ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་ཟབ་དོན་སྦྲང་རྩིའི་བུམ་བཟང།
༄༅། །ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་ཟབ་དོན་སྦྲང་རྩིའི་བུམ་བཟང་ཞེས་བྱ་བ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། དཔའ་བོ་གང་གི་ཐུགས་ནི་སྙིང་རྗེས་དབང་གྱུར་པས། །བསྐལ་པ་གྲངས་མེད་དུ་མར་གཞན་དོན་མཛད་པ་ཡིས། །རྩོད་པའི་དུས་འདིར་བདུད་བཅོམ་མངོན་པར་སངས་རྒྱས་ནས། །གདུལ་དཀའི་འགྲོ་བ་སྨིན་མཛད་ཐུབ་པ་མཆོག་དེར་འདུད། །རྒྱ ལ་ཀུན་ཡབ་གཅིག་རྒྱལ་སྲས་ཚུལ་བཟུང་འཇམ་པའི་དབྱངས། །རྒྱལ་ཚབ་མཚུངས་མེད་ས་བཅུའི་དབང་ཕྱུག་མ་ཕམ་པ། །རྒྱལ་སྲས་ཐུ་བོ་པད་དཀར་འཆང་དང་མཐུ་ཆེན་ཐོབ། །རྒྱལ་དང་དེ་སྲས་འཕགས་པའི་ཚོགས་ལ་ཕྱག་བགྱིའོ། །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་མཚོ་སྐྱེས་རྗེ། །གངས་ཅན་བསྟན་པའི་སྲོག་ཤིང་ཞི་བ་འཚོ། །ཐུགས་བསྐྱེད་དུས་བབས་འཇམ་མགོན་ཁྲི་ལྡེའི་ཞབས། །སྔ་འགྱུར་ལོ་པཎ་བརྒྱུད་པར་བཅས་ཀུན་རྒྱལ། །བྱང་ཆུབ་སེམས་ཀྱི་མངའ་བདག་མར་མེ་མཛད། །རྒྱལ་བའི་འབྱུང་གནས་སྐུ་མཆེད་རྣམ་གསུམ་སོགས། །བཀའ་གདམས་བསྟན་པ་རིན་ཆེན་གསལ་མཛད་པའི། །བཤེས་གཉེན་བརྒྱུད་པར་བཅས་ལའང་དྭངས་པས་བསྔགས། །ཁྱད་པར་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ལུང་རྟོགས་ཐེག་གསུམ་དམ་པའི་ཆོས་ཀྱི་མཛོད། །བསྟན་འཛིན་དགེ་འདུན་ཡོངས་ཀྱི་གཙུག་གི་རྒྱན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་བྱས་ནས། །ཐེག་མཆོག་པདྨའི་དགའ་ཚལ་ལས་འོངས་པའི། །བློ་སྦྱོང་མན་ངག་ཟབ་དོན་སྦྲང་རྩིའི་བཅུད། །སངས་རྒྱས་དངོས་བྱོན་དགེ་བའི་བཤེས་རྣམས་ཀྱི། །དྲིན་ལས་བདག་བློའི་བུམ་པར་བསྐྱིལ་འདིའོ། །དེ་ལ་འདིར་འོ་སྐོལ་གྱི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་གདུལ་བྱ་ཡོངས་སུ་སྨིན་པ་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདིར་མངོན་པར་རྫོགས་པར་སངས་རྒྱས་ནས། རིགས་ཅན་གསུམ་གྱི་གདུལ་བྱ་རྗེས་སུ་འཛིན་པའི་སླད་དུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་པ་དེ་ཐམས་ཅད་ཀྱང་། གནས་སྐབས་སུ་གདུལ་བྱའི་བློ་རིམ་དང་མཐུན་པར་འཁྲིད་པའི་ཐབས་ཙམ་ལས། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་བའི་ཐབས་འབའ་ཞིག་ཏུ་ཟད་ལ། དེ་ལྟ་བུའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་མེད་ཀ་མེད་ཀྱི་རྒྱུའི་གཙོ་བོ་ནི། བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ཀུན་རྫོབ་དང་དོན་དམ་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བློ་སྦྱོང་བ་ཁོ་ན་ཡིན་ཏེ། མདོ་ལས། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འདོད་པས་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བགྱིའོ། །ཞེས་དང་། འཕགས་པ་བྱམས་པས་ཞུས་པ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན། ངན་སོང་ཐམས་ཅད་ཡོངས་སུ་སྤངས་ཤིང་། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཏེ། བྱམས་པ་ཆོས་དེ་དང་ལྡན་ན། ངན་སོང་ཐམས་ཅད་སྤངས་ཤིང་སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོ་ལ། མྱུར་དུ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །ཞེས་གསུངས། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་མན་ངག་ཐུབ་དབང་སྲས་དང་བཅས་པའི་ཐུགས་ནས་ཐུགས་དང་ཞལ་ནས་ཞལ་དུ་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལས། སངས་རྒྱས་སྣང་བ་མཐའ་ཡས་དང་གཉིས་སུ་མེད་པའི་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དེ་ཉིད་བསམ་བཞིན་དུ་སྲིད་པ་ཉེ་བར་བཟུང་བ། མཁན་ཆེན་ཞི་བ་འཚོའི་རིགས་དབོན་དུ་གྱུར་ཅིང་ངོ་མཚར་བའི་རྣམ་ཐར་དང་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུར་གྱུར་པ། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། བླ་མ་ངྷརྨ་རཀྵི་ཏ་ཞེས་བྱ་བ་རང་གི་སྐུ་ལུས་ཀྱི་ཤ་བཅད་ནས་གཞན་ལ་བྱིན་ཅིང་། བྱམས་སྙིང་རྗེ་འབའ་ཞིག་བསྒོམས་པས་སྟོང་ཉིད་ཀྱི་རྟོགས་པ་ཐུགས་ལ་འཁྲུངས་པ་དང་། ཡང་བླ་མ་བྱམས་པའི་རྣལ་འབྱོར་ཞེས་བྱ་བ་གཞན་གྱི་སྡུག་བསྔལ་བདག་ལ་དངོས་སུ་ལེན་ནུས་པ་དང་། བྱང་ཆུབ་སེམས་ཀྱི་མངའ་བདག་མཉམ་མེད་གསེར་གླིང་པ་ཆེན་པོ་ཆོས་ཀྱི་གྲགས་པ་གསུམ་ལས་གསན་ཅིང་། ཁྱད་པར་དུ་བླ་མ་གསེར་གླིང་པ་དང་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ནས་གསན་པས་བདག་བས་གཞན་གཅེས་ཀྱི་ལྷག་བསམ་རྣམ་པར་དག་པ་འཁྲུངས་ཏེ། ཕྱིས་སུ་ཇོ་བོས་བླ་མ་གསེར་གླིང་པའི་མཚན་བརྗོད་པའམ་ཐོས་པ་ཙམ་ལའང་སྤྱན་ཆབ་འདོན། ཕྱག་ཐལ་མོ་སྦྱར། ཐུགས་དམ་གྱི་གཙོ་བོའང་གསེར་གླིང་པའི་གདུང་བཞུགས་པའི་དངུལ་གདུང་ཅན་ལ་བྱེད། བླ་མ་གཞན་ལ་དུས་མཆོད་ལས་མི་མཛད་པ་ལ་གསེར་གླིང་པ་ལ་ཟླ་མཆོད་ཀྱང་མཛད། ང་ལ་ཡོན་ཏན་དུ་བྱས་པ་སེམས་བཟང་པོའི་འཕྲིག་ཙམ་ཡོད་པ་འདི་ཇོ་བོ་གསེར་གླིང་པའི་བཀའ་དྲིན་ཡིན་གསུངས། དེ་ལྟ་བུའི་འགྲོ་བའི་མགོན་པོ་ཨ་ཏི་ཤ་དེ་ཉིད་སྔོན་གྱི་སྨོན་ལམ་དུས་སུ་བབས་པ་དང་ལྷག་པའི་ལྷས་ཀྱང་ལུང་བསྟན་ཅིང་། ལྷ་བཙུན་ཁུ་དབོན་གྱི་ཐུགས་བསྐྱེད་བརྩོན་པ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་བྱང་ཕྱོགས་ཁ་བ་ཅན་གྱི་གདུལ་བྱའི་མགོན་དུ་བྱོན་ནས། སློབ་མའི་གཙོ་བོ་ཁུ་རྔོག་འབྲོམ་གསུམ་སོགས་སྐལ་ལྡན་དཔག་ཏུ་མེད་པ་ཞིག་ལམ་འདི་ཉིད་ལ་བརྟེན་ནས་སྨིན་པར་མཛད་པ་ལས། དེ་ཐམས་ཅད་ཀྱི་ནང་ནས་ཀྱང་འགྲན་ཟླ་དང་བྲལ་བ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སམ་དགེ་བཤེས་སྟོན་པ་རིན་པོ་ཆེ་ཉིད་ལ་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་བསྩལ་ཏེ་བསྟན་པ་གཏད་ནས་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་དམ་པ་དེ་ཉིད་ཀྱིས་སྐལ་ལྡན་དཔག་ཏུ་མེད་པའི་དོན་མཛད་པ་ལས་གཙོ་བོ་པུ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་ཚུལ་ཁྲིམས་འབར། ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན་ཏེ། སྐུ་མཆེད་གསུམ་དང་། དེའི་ནང་ནས་ཁྱད་པར་འཕགས་པ་པུ་ཏོ་བ་རིན་ཆེན་གསལ། དེ་ལས་གླང་ཤར་ཉི་ཟླ་ཟུང་འབྲེལ་དང་། དགེ་བའི་བཤེས་གཉེན་བྱ་འཆད་ཁ་བ་སོགས་བདག་གཅེས་འཛིན་གྱི་འཁྲི་བ་རྩད་ནས་ཆོད་ཅིང་། འདིར་སྣང་ཆོས་བརྒྱད་ཀྱི་འཆིང་བ་མཆིལ་མའི་ཐལ་བ་བཞིན་དུ་བོར་བའི་སྐྱེས་ཆེན་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་མངའ་བདག་མཚན་ཐོས་པ་ཙམ་གྱིས་འགྲོ་བ་སྨིན་ནུས་པ་ཤ་སྟག་བར་མ་ཆད་པ་ལས་རིམ་པར་བརྒྱུད་དེ། མཚན་བརྗོད་པར་དཀའ་བ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་དགེ་བའི་བཤེས་ཀྱི་རྣམ་པར་སྣང་བ་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། ཇོ་བོའི་བྱང་ཆུབ་ལམ་སྒྲོན་དང་བློ་སྦྱོང་དོན་བདུན་མ། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱི་ཁྲིད་ཡིག་རྩ་བ་དང་། དེ་ཉིད་ཀྱི་གསུང་སྒྲོས་འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱི་ཟིན་བྲིས་སུ་གནང་བ་བློ་སྦྱོང་སྙན་བརྒྱུད་ཆེན་མོ་ཟུང་དུ་བསྡེབས་པའི་སྨིན་ཁྲིད་རྒྱས་པར་བཀའ་དྲིན་དུ་སྩལ་པ་ནི་བརྒྱུད་པའི་གཙོ་བོ་ཡིན་ལ། གཞན་ཡང་དམ་པ་དེ་ཉིད་ལས་མཉམ་མེད་དྭགས་པོ་རིན་པོ་ཆེའི་ལམ་མཆོག་ཐར་པའི་རྒྱན་དང་། རྗེ་རིན་པོ་ཆེའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་ཀྱང་ནོས་ཤིང་། རྒྱལ་བས་ལུང་བསྟན་མཛོད་ལྔའི་ཤིང་རྟ་བ་ཆེན་པོ་ངེས་པ་དོན་གྱི་རྡོ་རྗེ་འཆང་བཀའ་དྲིན་མཉམ་མེད་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེའི་ཞལ་སྔ་ནས། རྗེ་ཉིད་ཀྱིས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་དོན་བདུན་མའི་ཁྲིད་དང་། རྗེ་དེ་ཉིད་ཀྱིས་བཀའ་བསྡུ་གནང་བའི་གདམས་མཛོད་སྤྲུལ་པའི་གླེགས་བམ་དུ་བཞུགས་སོ་ཅོག་གི་བློ་སྦྱོང་བརྒྱ་རྩའི་གཞུང་སོགས་བཀའ་གདམས་གསར་རྙིང་སྐོར་ཡོངས་རྫོགས་རྒྱལ་སྲས་སེམས་དཔའ་ཆེན་པོ་ཡོངས་ཀྱི་འདྲེན་པ་ཀརྨ་བཀྲ་ཤིས་འོད་ཟེར་ཞི་བའི་སྙིང་པོ་ཐུགས་རྗེ་གཞན་ཕན་མཐའ་ཡས་ཀྱི་ཞལ་སྔ་ནས་ནོས་ཤིང་། དེ་དག་གི་རྒྱབ་ཆོས་སུ་གྱུར་པའི་བཀའ་གདམས་ཕ་ཆོས་བུ་ཆོས། ཆོས་ཆུང་བརྒྱ་རྩ། སྤྱོད་འཇུག བྱམས་ཆོས་མདོ་མང་བཅས་དང་བློ་སྦྱོང་ལེགས་བཤད་ཀུན་འདུས་དོལ་བའི་བེ་བུམ་སྔོན་པོ་སོགས་ཀྱི་ལུང་དང་སྲོལ་གཉིས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་བཅས་འཁོར་ལོའི་མགོན་པོ་ཞེ་ཆེན་རབ་འབྱམས་པ་ཆེན་པོ་ལྔ་པ་འགྱུར་མེད་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་སོགས་ཡོངས་འཛིན་སྐྱེས་ཆེན་དམ་པ་དུ་མའི་ཞལ་སྒོ་ནས་ཡང་དང་ཡང་དུ་བཀའ་དྲིན་དུ་ནོས་པ་ཡིན་ནོ། །དེ་ལས་བྱུང་བའི་གདམས་ངག་དངོས་འཆད་པ་ལ་གཉིས། ཉམས་ལེན་གྱི་སྒྲོམ་དུ་གཞུག་པ་དང་། ཉམས་སུ་ལེན་བྱའི་གདམས་པ་དངོས་བཤད་པའོ། །དང་པོ་ནི། བླ་མ་གསེར་གླིང་པའི་རྣམ་ཐར་ལྟར་ཕྱག་བཞེས་སུ་འདེབས་པ་ལ་སྦྱོར་དངོས་རྗེས་གསུམ་གྱི། སྦྱོར་བ་ལའང་བསམ་གཏན་དང་མཐུན་པའི་གནས་སུ། གནས་ཁང་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ་པ། མཆོད་པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་པ། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་ལ་འདྲེས་ངེས་སུ་བྱ་བ། ཚོགས་ཞིང་གསལ་གདབ་པ། བསགས་སྦྱང་གི་གནད་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱངས་པ། དམིགས་པ་གསལ་བར་བྱས་ཤིང་མཎྜལ་ཕུལ་ཏེ་དོན་ཆེན་པོ་གསུམ་གྱིས་གསོལ་བ་གདབ་པ་སྟེ་ས་བཅད་རྣམ་པ་དྲུག་གི་ཁོངས་སུ་བསྡུས་པ་དང་། དངོས་གཞི་ལ་དོན་བདུན་མ་གཞུང་གི་ས་བཅད་ལྟར་ལས། གཙོ་བོར་ས་ཁོང་དང་པོ་གཉིས་དམིགས་ཐུན་དུ་བཅད་ནས་མྱོང་བ་མཐར་མ་སྐྱོལ་གྱི་བར་དུ་བསྐྱང་བར་བྱ་བ་ཡིན་ལ། གཞན་རྣམས་དེ་དག་གི་གེགས་སེལ་དང་། བོགས་འདོན་དང་། བསླབ་བྱའི་ཚུལ་དུ་སྦྱར་བས་དོན་གྲུབ་ཀྱང་། ལས་དང་པོ་བས་དམིགས་ཐུན་ཅི་རིགས་པར་བསྐྱངས་ནས་གོམས་འདྲིས་བརྟན་པོས་ནམ་དགོས་པའི་དུས་ལག་ཏུ་ལོན་ངེས་པ་ཞིག་ཅི་ནས་ཀྱང་གལ་ཆེའོ། །རྗེས་ཐུན་ལས་ལྡང་བར་བརྩམས་པ་ན་སླར་ཡང་ཡན་ལག་བདུན་པ་དང་མཎྜལ་ཕུལ་ཞིང་གསོལ་བ་ཤུགས་དྲག་ཏུ་གདབ། ཚོགས་ཞིང་གཤེགས་བསྟིམ་གང་འོས་བྱས་ནས་དགེ་རྩ་བྱང་ཆུབ་ཀྱི་རྒྱུར་བསྔོ་ཞིང་སྨོན་ལམ་གྱིས་རྒྱས་གདབ། ཐུན་མཚམས་སུའང་ཐུན་གྱི་དངོས་གཞིའི་སྐབས་གང་བསྒོམས་པའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་དྲན་པ་དང་ཤེས་བཞིན་དང་། བག་ཡོད་པས་ཀུན་ནས་བསླངས་ཏེ་སྤྱོད་ལམ་ཐམས་ཅད་མི་དགེ་བ་དང་། ལུང་མ་བསྟན་གྱི་དབང་དུ་མ་སོང་བར་དགེ་བ་འབའ་ཞིག་གིས་དུས་འདའ་བར་བྱེད་པ་སྟེ། ཞིབ་པར་རྗེ་བླ་མ་ཀུན་མཁྱེན་བརྩེ་བ་ཆེན་པོའི་ཞལ་སྔ་ན ས་བསྩལ་པའི་བློ་སྦྱོང་དོན་བདུན་མའི་ཉམས་ལེན་བྱ་ཚུལ་སྙིང་པོ་དྲིལ་བ་ཕན་བདེའི་ས་བོན་ལས་ཇི་སྐད་གསུངས་པ་བཞིན་ལག་ཏུ་ལོངས་པར་བྱ་དགོས་ཤིང་། དེ་ཙམ་མི་ནུས་པའི་ཤར་སྒོམ་ཙམ་ལ་བསྡུ་ན་རྗེ་བླ་མ་གུ་ཎའི་ཞབས་ཀྱིས་བསྩལ་པའི་ཁྲིད་ཡིག་བྱང་ཆུབ་གཞུང་ལམ་ནས་ཇི་སྐད་བསྟན་པའི་ཐུན་གྱི་སྔོན་རྗེས་ཀྱི་རིམ་པ་རྣམས་བྱའོ། །གཉིས་པ་ལ། ཁྲིད་ཚུལ་མང་ཡང་དགེ་བའི་བཤེས་གཉེན་བྱ་འཆད་ཀ་བ་ཡེ་ཤེས་རྡོ་རྗེའི་ལུགས་ཀྱིས་དོན་བདུན་དུ་མཛད་པའི་རྗེས་སུ་འབྲངས་ནས་བརྒྱུད་པའི་མན་ངག་གཞན་ལས་བྱུང་བ་ཅི་རིགས་པས་ཀྱང་བརྒྱན་ཏེ་འཆད་པར་བྱ་བ་ལ་བདུན། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག བློ་སྦྱོང་གི་བསླབ་བྱ་བསྟན་པའོ། །དང་པོ་ནི། གཞུང་རྩ་བར། དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་གསུངས་ཏེ། འདི་ལ་ཅུང་ཟད་སྤྲོས་ཏེ་བཤད་པར་གསུམ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ། ལམ་གྱི་སྔོན་འགྲོ་དངོས་ཉིད་བཤད་པ། ཞར་བྱུང་དུ་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་ཡན་ལག་འགའ་ཞིག་བཤད་པའོ། །དང་པོ་ནི། ཆོས་རྗེ་དྭགས་པོ་ལྷ་རྗེའི་ཞལ་ནས། རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། །རྟེན་ནི་མི་ལུས་རིན་ཆེན་མཆོག །རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན། །ཐབས་ནི་དེ་ཡི་གདམས་ངག་སྟེ། །འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ། །ཕྲིན་ལས་རྟོག་མེད་འགྲོ་དོན་མཛད། །ཅེས་གསུངས་པ་ལྟར། རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་རྒྱུ་རྐྱེན་རྟེན་འབྲེལ་མང་དུ་ཚོགས་དགོས་ཤིང་། དེ་ལ་ཐོག་མར་སངས་རྒྱས་ཀྱི་རྒྱུ་ཆོས་ཀྱི་དབྱིངས་སམ་བདེ་བར་གཤེགས་པའི་སྙིང་པོ་ཉིད་རང་ལ་ཡོད་པར་ཤེས་དགོས་ཏེ། དེ་མ་ཤེས་ན་བྱང་ཆུབ་སྒྲུབ་འདོད་ཀྱི་བློ་དང་རྩོལ་བ་མི་འབྱུང་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པར། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། མྱང་འདས་ཆུང་བ་ལས། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །ཞེས་དང་། མྱ་ངན་འདས་ཆེན་ལས། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པར་གནས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོས་ཀྱང་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གནས་སོ། །ཞེས་དང་། མདོ་སྡེའི་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་གསུངས། རྒྱུ་མཚན་ཅིའི་ཕྱིར་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ཞེ་ན། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་ཏེ། དེ་ཡང་རྐང་པ་དང་པོས། མཐར་ཐུག་ཆོས་སྐུའི་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ། སྔོན་ཐ་མལ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་ལས་ཕྱིས་མངོན་དུ་གྱུར་པ་ཡོད་པའི་ཕྱིར་དང་། རིགས་མེད་ན་བརྩོན་ཀྱང་དེ་ལྟར་མི་འཐད་པའི་ཕྱིར་དང་། ཆོས་སྐུའི་ཡོན་ཏན་དེ་རང་བཞིན་འདུས་མ་བྱས་རྟག་པའི་ངོ་བོ་ཡིན་པའི་ཕྱིར་ཏེ་རྒྱུ་མཚན་གསུམ་གྱིས་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་ཡོད་པར་བསྟན། གཉིས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་སྟོང་ཆེན་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པའི་ཕྱིར། འཁྲུལ་བ་གློ་བུར་བས་སྤྲུལ་པའི་སེམས་ཅན་རྣམས་ཀྱང་གནས་ལུགས་དོན་དམ་པའི་ཆོས་ཉིད་ལས་མ་གཡོས་པར་བསྟན། གསུམ་པ་དང་བཞི་པས། དྲི་མ་གློ་བུར་བ་སྤང་རུང་དང་། ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་ཀུན་ལ་ཁྱད་མེད་ཡོད་པའི་ཕྱིར་རིགས་ཡོད་པར་གྲུབ་ལ། རིགས་ཡོད་ན་ལུས་ཅན་དེ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་པར་གསུངས་པ་ཡིན་ལ། དེ་ལྟ་བུའི་ཁམས་བདེ་བར་གཤེགས་པའི་སྙིང་པོ་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཚན་མ་མཐའ་དག་དང་བྲལ་བའི་ད་ལྟའི་སེམས་ཀྱི་ཆོས་ཉིད་གསལ་སྟོང་ཟུང་འཇུག་གཉུག་མའི་ཤེས་པ་འདི་ཉིད་ཡེ་ནས་རང་ལ་གནས་ཀྱང་། རང་ངོ་ རང་གིས་མ་རིག ་པའི་དབང་གིས་བདག་ཏུ་ལྟ་བ་དང་ཆགས་སོགས་ཉོན་མོངས་པའི་དྲི་མ་གློ་བུར་བས་བསྒྲིབས་ཏེ་མངོན་དུ་མ་གྱུར་པ་ནི། ཉི་ཟླ་སྤྲིན་དང་ཁུག་སྣ་སོགས་ཀྱིས་བསྒྲིབས་པའི་དཔེ་ཡིས་བསྟན་ཏེ། དབུ་མ་ཆོས་དབྱིངས་བསྟོད་པར། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་ཁུག་སྣ་དུ་བ་དང་། །སྒྲ་གཅན་གདོང་དང་རྡུལ་ལ་སོགས། །སྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་དང་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་ཡིས་བསྒྲིབས་པར་འགྱུར། །ཞེས་གསུངས། དེ་ལྟར་གློ་བུར་གྱི་དྲི་མས་བསྒྲིབས་ཏེ་གནས་པའི་སྐབས་ནའང་ཆོས་ཉིད་རང་གི་ངོ་བོ་ནི་དྲི་མ་མེད་པར་གནས་པ་ཡིན་ཏེ། དེ་ཉིད་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས། དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་དེ་དང་བྲལ་བ་ན་སངས་རྒྱས་ཞེས་བྱ་སྟེ། དེ་ཉིད་ལས། ཇི་ལྟར་སོ་གའི་དུས་སུ་ཆུ། །དྲོ་འོ་ཞེས་ནི་བརྗོད་པར་བྱེད། །དེ་བཞིན་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲྭ་བས་གཡོགས་པ་ལ། །སེམས་ཅན་ཞེས་ནི་བརྗོད་པ་སྟེ། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱེད། །ཅེས་གསུངས། གནས་སྐབས་ལམ་ལ་གོམས་པའི་སྐབས་སུའང་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་དངོས་པོའི་གནས་ཚུལ་ཇི་ལྟ་བ་བཞིན་དུ་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ནས་བསལ་བཞག་མེད་པའི་དོན་ལ་མཉམ་པར་བཞག་པ་དང་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཚོགས་བསགས་པ་སོགས་ཐབས་ཤེས་ཁྱད་པར་ཅན་ལ་གོམས་པར་བྱས་པས་སྦྱང་གཞི་ཁམས་ལ་སྒྲིབ་པའི་སྦྱང་བྱ་གློ་བུར་པའི་དྲི་མ་མ་ལུས་པ་ཇི་ལྟར་འགག་པར་བྱེད་པའི་ཚུལ་ཡང་། དེ་ཉིད་ལས། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་ཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལ་སོགས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་བསྲེགས། །དེ་ཉིད་འོད་གསལ་མ་ཡིན་ནོ། །སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྐད་གསུངས་པ་ཀུན། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས། དེ་ལྟར་ལམ་ལ་གོམས་པས་དྲི་མ་བྲལ་སྟོབས་ཀྱིས་ལམ་དང་འབྲས་བུའི་ཆོས་ཀུན་སྣང་ཡང་སྔར་མེད་གསར་བྱུང་དུ་འདོད་པ་ནི་མ་ཡིན་ཏེ། དེ་ཉིད་ལས། ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་སྣང་བར་མི་འགྱུར་བ། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཕྱོགས་ནི་གང་དང་གང་དག་ནས། །བུམ་པར་བུ་ག་བཏོད་གྱུར་པའི། །དེ་དང་དེ་ཡི་ཕྱོགས་ཉིད་ནས། །འོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། །ཅེས་གསུངས། མདོར་ན་དྲི་མ་མ་དག་པའི་སྐབས་སུ་གཞི་དང་། དེ་གཉེན་པོའི་སྟོབས་ཀྱིས་སྦྱང་བའི་གནས་སྐབས་སུ་ལམ་དང་། དག་པ་མཐར་ཐུག་པའི་སྐབས་སུ་འབྲས་བུར་བརྗོད་དེ་འདི་ནི་འཁོར་ལོ་ཐ་མའི་དགོངས་པ་མདོ་སྔགས་མཚམས་སྦྱོར་གྱི་ཚུལ་དུ་གསུངས་པ་ཤིང་རྟ་རྣམ་གཉིས་ཀྱི་དགོངས་པ་གནད་གཅིག་ཏུ་འབབས་པ་ཤིན་ཏུ་དོན་ཆེ་བས་པྲ་ཡས་པར་མི་བྱ་སྟེ། དེ་ཉིད་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཡིན་ནོ། །ཞེས་དང་། རྗེ་བཙུན་བྱམས་མགོན་གྱིས་རྒྱུད་བླ་མར། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་དངོས། །ཞེས་དང་། སྒྱུ་འཕྲུལ་རྩ་རྒྱུད་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་དང་། འཕགས་པ་འདའ་དཀའ་ཡེ་ཤེས་ལས། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་འཚོལ་བའི་འདུ་ཤེས་རབ་ཏུ་སྐྱེད་པར་བྱའོ། །ཞེས་གསུངས། དེ་ལྟ་བུའི་རིགས་དེ་ད་ལྟ་ཡོད་པར་གང་གིས་ཤེས་སྙམ་ན། དེ་མཚོན་པར་བྱེད་པའི་མཚན་མའི་རྟགས་ཀྱིས་ངེས་ནུས་ཏེ། ཆོས་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱལ་ལས་ནི་ཆུ་བཞིན་ནོ། །ཞེས་གསུངས། འོ་ན་ཐེག་ཆེན་གྱི་རིགས་སད་པའི་རྟགས་སམ་མཚན་མ་གང་སྙམ་ན། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་ཏེ། སྦྱོར་བ་ཅི་བྱེད་ཀྱི་སྔོན་རོལ་ནས། སེམས་ཅན་ལ་སྙིང་རྗེ་སྐྱེ་བ་དང་། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། དཀའ་བ་སྤྱོད་པ་ལ་ཇི་མི་སྙམ་དུ་བཟོད་པ་དང་། ཕ་རོལ་དུ་ཕྱིན་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཡང་དག་པ་སྤྱོད་པ་རྣམས་དང་། གཞན་ཡང་དབུ་མ་འཇུག་པ་ལས། སོ་སོ་སྐྱེ་བོ་ཉིད་ནའང་སྟོང་ཉིད་ཐོས། །ནང་དུ་དགའ་བ་ཡང་དང་ཡང་དུ་འབྱུང་། །དགའ་བ་ལས་བྱུང་མཆི་མས་མིག་གང་ཞིང་། །ལུས་ཀྱི་བ་སྤུ་ལྡང་འགྱུར་གང་ཡིན་པ། །དེ་ལ་རྫོགས་པའི་བྱང་ཆུབ་ས་བོན་ཡོད། །ཅེས་གསུངས་པ་ལྟ་བུའོ། །འོ་ན་སེམས་ཅན་རྣམས་འདི་ལྟར་འཁོར་བ་ཅིས་ལེན་སྙམ་ན། རང་བཞིན་གནས་རིགས་མེད་པ་མི་སྲིད་ཀྱང་རྒྱས་འགྱུར་གྱི་རིགས་མ་སད་པ་རྣམས་ལ་རིགས་ཡོད་ཀྱང་བྱ་བ་བྱེད་མི་ནུས་ཏེ། ཆོས་དབྱིངས་བསྟོད་པར། ཇི་ལྟར་རིན་ཆེན་བཻཌཱུཪྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་པ། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་གསུངས། དེ་ལྟ་བུའི་རིགས་དེ་སད་པར་བྱེད་པ་ལ་མཚན་ཉིད་དང་ལྡན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་ཉིད་གལ་ཆེ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་དག་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་དང་། འཕགས་པ་བརྒྱད་སྟོང་པ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་གསུངས་ཏེ། བདག་ཅག་རྫོགས་པའི་སངས་རྒྱས་ཐོབ་པར་བྱེད་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་བསྡུས་པའི་ཚོགས་ཐམས་ཅད་གསོག་དགོས་ཤིང་། དེ་གསོག་པའི་ཐབས་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་དང་། ཉོན་མོངས་པ་དང་། ཤེས་བྱས་བསྡུས་པའི་སྒྲིབ་པ་ཐམས་ཅད་སྤོང་དགོས་ལ། དེ་སྤོང་བའི་ཐབས་ཀྱང་དགེ་བའི་བཤེས་གཉེན་ལ་རག་ལས་པའི་ཕྱིར་ཏེ། དགེ་བའི་བཤེས་གཉེན་ནི་ལམ་རྒྱུས་མེད་ལ་འགྲོ་དུས་ཀྱི་ལམ་མཁན་ལྟ་བུ་སྟེ། ལམ་རྒྱུས་མེད་ལ་འགྲོ་བའི་ཚེ་ལམ་མཁན་མེད་ན། ལམ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་ཡོད་དོ། །ལམ་མཁན་དང་འགྲོགས་ན་ལམ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་མེད་དེ་གོམས་པ་ཆུད་མ་ཟོས་པར་འདོད་པའི་གནས་སུ་ཕྱིན་པར་འགྱུར་རོ། །དེ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་ཞུགས་ནས་རྫོགས་པའི་སངས་རྒྱས་ཀྱི་སར་འགྲོ་བ་ལ། ལམ་མཁན་དང་འདྲ་བའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མེད་ན། མུ་སྟེགས་པའི་ལམ་དུ་ནོར་དོགས་ཡོད། ཉན་ཐོས་ཀྱི་ལམ་དུ་གོལ་དོགས་ཡོད། རང་སངས་རྒྱས་ཀྱི་ལམ་དུ་འཁྱར་དོགས་ཡོད། ལམ་མཁན་དང་འདྲ་བའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་འགྲོགས་ན་ལམ་ལ་ནོར་དོགས་དང་། གོལ་དོགས་དང་། འཁྱར་དོགས་མེད་པར་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་ཉིད་དུ་ཕྱིན་པར་བྱེད་པ་ཡིན་ཏེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་ལ་རག་ལས་སོ། །སྨོན་ལམ་གྱི་སྒོ་ཐམས་ཅད་ཀྱང་དེ་ལས་འབྱུང་ངོ་། །དགེ་བའི་རྩ་བ་ཐམས་ཅད་ཀྱང་དེས་བསྐྱེད་དོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་ཀྱང་དེས་སྒྲུབ་བོ། །ཆོས་ཀྱི་སྒོ་ཐམས་ཅད་ཀྱང་དེས་སྣང་བར་བྱེད་དོ། །ལས་རྣམ་པར་དག་པ་ཐམས་ཅད་ཀྱང་དེ་ལས་འབྱུང་བའོ། །ལྷག་པའི་བསམ་པ་རྣམ་པར་དག་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །སེམས་བསྐྱེད་བསྟན་པ་ཐམས་ཅད་ཀྱང་དེ་ལས་སྐྱེད་དོ། །གཟུངས་དང་སྤོབས་པའི་སྣང་བ་ཐམས་ཅད་ཀྱང་དེ་ལས་སྟོན་པར་བྱེད་དོ། །རྣམ་པར་དག་པའི་སྒོའི་མཛོད་ཐམས་ཅད་ནི་དེས་ཡོངས་སུ་གཟུང་བའོ། །ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དེས་བསྐྱེད་པའོ། །སྨོན་ལམ་ཁྱད་པར་ཅན་ཐམས་ཅད་ནི་དེའི་ལག་ན་འདུག་པའོ། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞལ་ནས། འགྲོ་བའི་གཉེན་གྱུར་ཕྱོགས་ཙམ་རབ་བསྔགས་ན། །སྲིད་མཚོ་སྒྲོལ་བའི་གྲུ་ཆེན་མཉན་པ་སྟེ། །ལམ་ཞུགས་རྣམས་ཀྱི་དེད་དཔོན་བླ་ན་མེད། །རྒུད་པ་སེལ་བས་ཡིད་བཞིན་ནོར་བུ་སྟེ། །ལས་དང་ཉོན་མོངས་མེ་སེལ་བདུད་རྩིའི་ཆུ། །ཆོས་ཆར་བསིལ་བས་ཆར་སྤྲིན་བཟང་པོ་སྟེ། །འགྲོ་ཀུན་དགའ་སྐྱེད་ལྷ་ཡི་རྔ་བོ་ཆེ། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། །མ་རིག་མུན་སེལ་སྒྲོན་མ་འོད་པོ་ཆེ། །སྐྱེད་དགུ་བདེ་འབྱུང་དཔག་བསམ་ཤིང་ཆེན་ཏེ། །འདོད་དགུ་ལྷུན་གྲུབ་རིན་ཆེན་བུམ་པ་བཟང་། །བྱམས་ཆེན་ཉི་མ་འོད་ཟེར་དཔག་མེད་དེ། །གདུང་སེལ་ཟླ་བ་ཕན་བདེའི་འོད་དཀར་ཅན། །དགོངས་ཀློང་ཡངས་པས་དྲི་མེད་མཁའ་འདྲ་ལ། །ཏིང་འཛིན་འོད་གསལ་གཟའ་སྐར་ལྷུན་གྲུབ་འདྲ། །མཁྱེན་བརྩེའི་རང་བཞིན་དཔག་མེད་མཚོ་འདྲ་ཞིང་། །ཐུགས་རྗེའི་རླབས་ཆེན་གཡོ་བས་ཆུ་ཀླུང་འདྲ། །རྣམ་གཡེང་མི་བསྐྱོད་གངས་རིའི་དཔལ་འདྲ་ཞིང་། །མཆོག་ཏུ་མི་གཡོ་རི་རྒྱལ་ལྷུན་པོ་འདྲ། །སྲིད་གནས་མི་གོས་འདམ་སྐྱེས་པད་འདྲ་ཞིང་། །ཀུན་ལ་ཐུགས་སྙོམས་བྱམས་སྡུག་ཕ་མ་འདྲ། །ཡོན་ཏན་མཐའ་ཡས་རིན་ཆེན་གཏེར་འདྲ་ཞིང་། །འཇིག་རྟེན་འདྲེན་པས་རྒྱལ་བའི་དབང་པོ་འདྲ། །དེ་འདྲའི་བླ་མ་དཔལ་ལྡན་ཆོས་ཀྱི་རྗེ། །གང་ན་བཞུགས་རྣམས་སངས་རྒྱས་ཀུན་དང་མཉམ། །མཐོང་ཐོས་དྲན་རེག་འཁོར་བ་ཕྱིར་བསྙེལ་ཞིང་། རླབས་ཆེན་ཕྲིན་ལས་ཁུར་ཆེན་དཔག་ཏུ་མེད། །ས་ཆེན་འགྲོ་བ་ཀུན་གྱི་རྟེན་བཞིན་ནོ། །ཞེས་གསུངས། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དེ་ལ་དབྱེ་ན། དགེ་བའི་བཤེས་གཉེན་ལོངས་སྤྱོད་རྫོགས་སྐུ་དང་། མཆོག་གི་སྤྲུལ་པའི་སྐུ་དང་། བྱང་ཆུབ་སེམས་དཔའ་དང་། སོ་སོ་སྐྱེས་བོའི་ཚུལ་དུ་སྟོན་པའི་དགེ་བའི་བཤེས་གཉེན་ཏེ་བཞི་ཡོད་ཀྱང་། སྔ་མ་གསུམ་ནི་ཆོས་རྒྱུན་ཐོབ་པ་ཡན་གང་ཟག་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལས། རང་རེ་ལྟ་བུའི་ལས་དང་པོ་པས་བསྟེན་པའི་སྐལ་བ་མེད་པས། འདིར་གཙོ་བོ་ནི་དགེ་བའི་བཤེས་གཉེན་སོ་སོ་སྐྱེ་བོ་ལྟར་སྣང་བ་ལ་བསྟེན་དགོས་ཏེ། དེ་ཉིད་སངས་རྒྱས་དངོས་ཀྱི་སྤྲུལ་པ་ཡིན་པའང་། ཏིང་འཛིན་མཆོག་དམ་པའི་མདོ་ལས། རིགས་ཀྱི་བུ། ཕྱི་མའི་ཚེ་ཕྱི་མའི་དུས་ན་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་སྟོན་པར་འགྱུར་རོ། །དེའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཁྱོད་ཀྱི་སྟོན་པ་ཡིན་པས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བསྟེན་ཅིང་རིམ་འགྲོ་དང་བཀུར་སྟི་གྱིས་ཤིག ཅེས་གསུངས། དགེ་བའི་བཤེས་གཉེན་དེ་མཚན་ཉིད་ཇི་ལྟ་བུ་སྙམ་ན། བྱང་ཆུབ་སེམས་དཔའི་ས་ལས་རྣམ་པ་བརྒྱད་དུ་གསུངས་ཏེ། བརྒྱད་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་ལྡན་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་མང་དུ་ཐོས་པ་དང་། རྟོགས་པ་དང་ལྡན་པ་དང་། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་དང་། མི་འཇིགས་པ་དང་ལྡན་པ་དང་། བཟོད་པ་དང་ལྡན་པ་དང་། ཡིད་ཡོངས་སུ་མི་སྐྱོ་བ་ཡིན་པ་དང་། ཚིག་གི་བྱ་བ་དང་ལྡན་པའོ། །ཞེས་སོ། །མདོ་སྡེ་རྒྱན་ལས། མང་དུ་ཐོས་པས་སྟོན་པ་རྒྱ་ཆེ་བ་དང་། ཤེས་རབ་ཆེ་བས་གཞན་གྱི་ཐེ་ཚོམ་གཅོད་པ། སྐྱེས་བུ་དམ་པའི་ལས་བྱེད་པས་ཚིག་གཟུང་བར་འོས་པ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་ཀྱི་དེ་ཁོ་ན་ཉིད་སྟོན་པ་སྟེ་མཚན་ཉིད་བཞིར་གསུངས་ཏེ། རྒྱ་ཆེ་ཐེ་ཚོམ་སྤངས་པ་དང་། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཐེག་ཆེན་གྱི་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་གཉིས་སུ་གསུངས་ཏེ། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་སོ། །འདིར་ནི། བླ་མའི་མཚན་ཉིད་བརྒྱུད་པར་ལྡན། །རྟོགས་པ་ཡོད་ན་ཚད་ལྡན་ཡིན། །ཞེས་གསུངས་པས། རྫོགས་པའི་སངས་རྒྱས་ནས་བརྒྱུད་པ་བར་མ་ཆད་པའི་ཇོ་བོ་བཀའ་གདམས་པའི་བརྒྱུད་འཛིན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རྟོགས་པ་ཐུགས་རྒྱུད་ལ་བཞུགས་ངེས་པ་ཞིག་བཙལ་ནས་བསྟེན་དགོས་པར་གསུངས་སོ། །དེ་ལྟ་བུའི་དགེ་བའི་བཤེས་གཉེན་རྙེད་ནས་ཇི་ལྟར་བསྟེན་པའི་ཐབས་ལ་གསུམ་ལས། དང་པོ་བཀུར་སྟི་དང་རིམ་གྲོས་བསྟེན་པ་ནི། ཕྱག་འཚལ་བ་དང་། མྱུར་དུ་ལྡང་བ་དང་། ལུས་འདུད་པ་དང་། བསྐོར་བ་བྱ་བ་དང་། གདུང་སེམས་ཀྱིས་དུས་སུ་སྨྲ་བ་དང་། ངོམས་པ་མེད་པའི་སེམས་ཀྱིས་ཡང་ཡང་བལྟ་བ་སོགས་བཀུར་སྟི་དང་། ཆོས་དང་མཐུན་པའི་ཟས་གོས་གནས་མལ་སྨན་དང་འཚོ་ཆས་ནོར་དང་འབྲུ་ལ་སོགས་པ་རང་ལ་བདོག་པ་ཅི་ཡོད་ཀྱིས་བསྙེན་བཀུར་བའི་རིམ་གྲོས་བསྟེན་པར་བྱ་དགོས་ཏེ། འཕགས་པ་སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་བལྟ་བ་ལ་ངོམས་པ་མེད་པར་གྱིས་ཤིག དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་རྣམས་ནི་མཐོང་བར་དཀའོ། །འབྱུང་བར་དཀའོ། །མཇལ་བར་དཀའོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། སྙིང་པོ་མེད་པའི་ལུས་ལ་སྙིང་པོ་བླང་བར་བྱ་བའི་ཕྱིར་བླ་མ་མཉེས་པར་བྱ་སྟེ། ཐ་ན་ཅི་ཡང་མེད་ཀྱང་ཆུ་རྫ་གང་ཙམ་ཡང་འབུལ་ལོ། །དེས་དགེ་བའི་རྩ་བ་དཔག་ཏུ་མེད་པ་དག་ཀྱང་རྣམ་པར་འཕེལ་ལོ། །ཞེས་དང་། དཔལ་འབྱུང་གི་རྣམ་ཐར་ལས། སངས་རྒྱས་ཀྱི་བྱང་ཆུབ་ནི་དགེ་བའི་བཤེས་གཉེན་ལ་རིམ་གྲོ་བྱས་པས་ཐོབ་བོ། །ཞེས་གསུངས། གཉིས་པ་མོས་པ་དང་གུས་པའི་སྒོ་ནས་ཇི་ལྟར་བསྟེན་པ་ནི། དགེ་བའི་བཤེས་གཉེན་ལ་སངས་རྒྱས་ཀྱི་འདུ་ཤེས་བཞག་ལ། ཇི་སྐད་གསུངས་པའི་བཀའ་མི་གཅོག་པ་དང་། མོས་པ་དང་། གུས་པ་དང་། དད་པ་བསྐྱེད་པ་སྟེ། རྒྱལ་བའི་ཡུམ་ལས། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ནན་ཏན་དུ་གུས་པ་བསྐྱེད་པར་བྱའོ། །ཕངས་པར་བྱའོ། །རབ་ཏུ་དྭངས་པར་བྱའོ། །ཞེས་གསུངས་། དེ་ཡང་དགེ་བའི་བཤེས་གཉེན་དེ་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་ཡང་། རང་ལ་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ལྷག་པར་གཟུང་དགོས་ཏེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི་དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་། ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་ལས། དགེ་བའི་བཤེས་གཉེན་ལྷག་པར་ཡང་ཟུངས་ཤིག ཅེས་དང་། ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པས་སྲིད་མཐར་མིན། །ཞེས་དང་། ཕལ་པོ་ཆེ་ལས། དགེ་བའི་བཤེས་གཉེན་རྣམས་ནི། བདག་ངན་སོང་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་སྒྲུབ་པ་དང་ནན་ཏན་གྱི་སྒོ་ནས་ཇི་ལྟར་བསྟེན་པ་ནི། དགེ་བའི་བཤེས་གཉེན་དེ་ཉིད་ཀྱིས་བསྟན་པའི་ཐེག་པ་ཆེན་པོའི་ཆོས་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་གསུམ་གྱི་སྒོ་ནས་སྒྲུབ་པ་དང་། ནན་ཏན་ཏུ་བྱེད་པ་སྟེ། དགེ་བའི་བཤེས་གཉེན་མཆོག་ཏུ་མཉེས་པར་འདིས་འགྱུར་བ་ཡིན་ཏེ། མདོ་སྡེ་རྒྱན་ལས། བརྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས་ནི་ཡང་དག་མགུ་བར་བྱེད། །ཅེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས། མཉེས་པ་གསུམ་གྱི་ནང་ནས་སྒྲུབ་པ་མཆོག །ཅེས་གསུངས། དགེ་བའི་བཤེས་གཉེན་མགུ་ན་སངས་རྒྱས་ཐོབ་པར་འགྱུར་ཏེ། དཔལ་འབྱུང་གི་རྣམ་ཐར་ལས། དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་བོ། །ཞེས་གསུངས། དེ་ལྟར་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་གྱི་ཁྱད་པར་གཞན་ཡང་། དེ་ཉིད་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ངན་སོང་དུ་མི་ལྟུང་ངོ་། །དེ་བཞིན་དུ་སྦྱར་ཏེ། སྡིག་པའི་གྲོགས་པོའི་ལག་ཏུ་མི་འགྲོའོ། །ཐེག་པ་ཆེན་པོའི་ཆོས་ལས་མི་ལྡོག་གོ །སོ་སོ་སྐྱེ་བོའི་ས་ལས་ཡོངས་སུ་འདའ་འོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། རྒྱལ་བའི་ཡུམ་ལས་ཀྱང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་འཚང་རྒྱའོ། །ཞེས་སོགས་ལུང་མཐའ་ཡས་སོ། །དེའི་ཕྱིར་རྒྱལ་སྲས་དངུལ་ཆུ་རྫོང་པས། གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་། །ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི། །བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང་། །གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། དེ་ལྟར་ངེས་པར་བྱས་ནས་ཇི་ལྟར་གསོལ་བ་འདེབས་པའི་ཚུལ་བླ་མའི་རྣལ་འབྱོར་དངོས་ལ། སྦྱོར་བ་དངོས་གཞི་མཇུག་གསུམ་ལས། དང་པོ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྔོན་དུ་འགྲོ་བས། སྟོང་ར་བཅའ་བ་རང་ལུས་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་དང་། སྙིང་འོད་ཀྱི་གོང་བུ་ལྟ་བུར་བསམ། དངོས་གཞི་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་དེ་ཉིད་བཞུགས་པར་བསམས་ལ། དེ་ཡང་ཞལ་གྱི་དཀྱིལ་འཁོར། སྐུའི་བཞུགས་ཚུལ། གསུང་གི་ང་རོ། ཐུགས་ཀྱི་དགོངས་པ་ཐམས་ཅད་དྲན་པར་བྱ། བརྒྱུད་པའི་བླ་མ་སངས་རྒྱས་ལ་ཐུག་པ་མན་ཆད་ཆོས་འབྲེལ་ཡོད་པའི་བླ་མ་ཐམས་ཅད་དང་། ཡི་དམ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་བླ་མ་དེ་དང་ངོ་བོ་ཐ་མི་དད་པར་མོས་པར་བྱ། ཡན་ལག་བདུན་པ་སོགས་མཆོད་པ་ཅི་འབྱོར་འབུལ། དེ་ནས་ཐལ་མོ་སྦྱར་ལ་བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་འགྲོ་ཅི་ནུས་བྱ། དེའི་དོན་ཡང་སྐྱོན་ཐམས་ཅད་དང་བྲལ་བ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དོན་དམ་པར་རང་བཞིན་མེད་པ་ནམ་མཁའ་ལྟ་བུ་ཡིན་ཡང་བདག་ཅག་སེམས་ཅན་གྱི་དོན་དུ་སྣང་བ་ཡིན་སྙམ་དུ་བསམ། སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་བྱ། དེ་ནས་བླ་མ་དགེ་བའི་བཤེས་གཉེན་རིན་པོ་ཆེ་བརྒྱུད་པ་རྣམས་ཀྱི་ཐུགས་རྒྱུད་ལ་ཇི་ལྟར་འཁྲུངས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྒྱུད་ལ་ཇི་ལྟར་མངའ་བ། ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་བརྗོད་བྱའི་དོན་གྱི་མཐིལ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། འབྱོར་རྒུད་མཐོ་དམའ་བདེ་སྡུག་ན་འཆི་འཕོ་སྐྱེའི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་པར་བྱིན་གྱིས་བརླབ་ཏུ་གསོལ། རྐྱེན་དང་བར་ཆད་ཐམས་ཅད་ཆོས་འདིའི་གྲོགས་སུ་འཁྱེར་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་གདབ། དེ་ནས་མཉམ་བཞག་གི་ཕྱག་རྒྱ་བཅས་ལ་ཚངས་བུག་ཁ་ཕྱེ་བར་བསམ། དེའི་ནང་ན་མར་བླ་མའི་སྐུ་འོད་ཀྱི་རྣམ་པ་སྐར་མདའ་འཕོ་བའི་ཚུལ་དུ་བྱོན་ནས་སྙིང་དུ་ཞུགས་པར་བསམ། བླ་མ་སངས་རྒྱས་དངོས་རང་འདི་ཡིན་སྙམ་པའི་དད་གུས་སྐྱེས་ཚད་གཅིག་བསྒོམ། དེ་ནས་ཁོང་ཀློད་ལ་བླ་མའི་སྐུ་གསུང་ཐུགས་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་འོད་གསལ་ནམ་མཁའ་ལྟ་བུའི་ངང་དུ་གྱུར་པར་བསམས་ལ་གནས་ཚད་དུ་བཞག་གོ །གསུམ་པ་རྗེས་ནི། དེ་ལ་མི་གནས་ན་རང་གི་ལུས་དང་སྙིང་གའི་བླ་མ་སྔར་བཞིན་བསམ། ཡང་ན་སྤྱི་བོ་ནས་རང་བཞིན་གྱི་གནས་སུ་གཤེགས་པར་བསམ། དུས་གསུམ་གྱི་དགེ་བ་ཐམས་ཅད་བླ་མའི་ཐུགས་དགོངས་རྫོགས་པ་དང་། ཆོས་འདི་སྐྱེ་བའི་ཆེད་དུ་བསྔོ་བ་དང་སྨོན་ལམ་གདབ་བོ། །དེ་ལྟར་ཉམས་སུ་བླངས་པ་ལ་བརྟེན་ནས་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང་མདོར་བསྡུས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཕན་ཡོན་གཉིས་འབྱུང་། གནས་སྐབས་སུ་མི་དང་མི་མ་ཡིན་པའི་འཚེ་བ་ཐམས་ཅད་ཀྱིས་མི་ཚུགས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ། གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་། དམིགས་པ་གཉིས་ཀྱི་བྱེ་བྲག་གིས་འོད་གསལ་དང་འཕོ་བ་ཡིན་པས་འཆི་ཁ་མའི་གདམས་ངག་ཡིན་འདི་ལ་འབུངས་ན་རང་གང་འདོད་ཀྱི་རྟོགས་པ་འཆར་ནུས། མཐར་ཐུག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སྦྱོར། ཏིང་ངེ་འཛིན་གཞན་གང་ཡང་མི་དགོས་གསུངས། སེ་སྤྱིལ་བུ་པའི་ཞལ་ནས་ང་ཡི་སྙིང་ཕྱུང་ནས་བསྟན་ཀྱང་དམར་ལྷོག་ལྷོག་ཁམ་གཅིག་ལས་མི་གདའ། ཉམས་ལེན་གྱི་མཐིལ་ཕྱུང་བ་འདི་ཡིན་གསུངས། འདི་ཤིན་ཏུ་གལ་ཆེ་སྟེ། རྗེ་རྒོད་ཚང་པས། གསང་སྔགས་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་པ་འདི་ཡིན་བྱ་བ་མང་པོ་ཡོད་དེ། གཞན་གྱིས་ཁས་མི་ལོངས། མོས་གུས་ཀྱིས་ཁས་ལོངས་པ་ཡིན་གསུངས། སྔོན་ཇོ་བོ་ལ། སྟོན་པས་བོད་ན་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ། ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་ཆུང་ཐམས་ཅད་བླ་མ་ལ་བསྟེན་ནས་སྐྱེ་བ་ལ་ཁྱེད་བོད་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་ན་ག་ན་སྐྱེ་གསུངས་སྐད། འདི་དོན་བདུན་མའི་གཞུང་དངོས་ནས་འབྱུང་བ་མིན་ཡང་། ཇོ་བོ་གསེར་གླིང་པའི་མན་ངག་དགེ་བའི་བཤེས་གཉེན་སེ་སྤྱིལ་བུ་པ་ནས་བརྒྱུད་པ་ཡིན་ནོ། །གཉིས་པ་ལམ་གྱི་སྔོན་འགྲོ་དངོས་ཉིད་བཤད་པ་ལ། དལ་འབྱོར་རྙེད་པར་དཀའ་བ་དང་། ཚེ་མི་རྟག་པར་བསམ་པ་དང་། ལས་རྒྱུ་འབྲས་སྨིན་ཚུལ་དང་། འཁོར་བའི་ཉེས་དམིགས་བསམ་པ་དང་བཞི་ལས་། དང་པོ་དལ་འབྱོར་རྙེད་དཀའ་བར་བསམ་པ་ནི། རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་དང་། ཨོ་རྒྱན་ཆེན་པོས། ཡང་ཡང་རྙེད་དཀའ་ཨུ་དུམྦཱ་ར་འདྲ། །རྙེད་ལ་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམས་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས་ཏེ། དེ་ཡང་ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་ལུས་འདི་འགྲུབ་པ་ལ་རྒྱུ་དགེ་བ་ཕུན་སུམ་ཚོགས་པ་བསྒྲུབ་དགོས་ལ། སེམས་ཅན་གྱི་ནང་ན་དགེ་བ་རྣམ་དག་བསྒྲུབ་པ་ཉུང་བས་འབྲས་བུ་དལ་འབྱོར་ཐོབ་པར་དཀའ་ལ། དུད་འགྲོ་ལ་སོགས་འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཙམ་ཡང་རྙེད་པར་དཀའ། མི་ཕལ་པ་ལ་ལྟོས་ན་དལ་འབྱོར་ཐོབ་པ་སྲིད་པ་ཙམ་དུ་འདུག་པ་ལ་བདག་གིས་ད་རེས་དལ་འབྱོར་ཐོབ་པ་འདི་དོན་མེད་དུ་མི་འགྱུར་བར་ཆོས་རྣམ་དག་གཅིག་བྱེད་དགོས་སྙམ་དུ་བསྒོམ་པར་བྱ་སྟེ། འདི་ལ་རྒྱས་པར་དབྱེ་ན་བཞི། དལ་འབྱོར་ངོས་བཟུང་བ། དེ་རྙེད་པར་དཀའ་ཚུལ། རྙེད་ན་དོན་ཆེ་བའི་ཚུལ། རྙེད་དུས་ཕན་པ་སྒྲུབ་དགོས་པར་བསམ་པའོ། །དང་པོ་ལ། དལ་བ་ཞེས་བྱ་བ་ནི་མི་ཁོམ་པ་བརྒྱད་སྤངས་ལ་ཆོས་བྱར་ཁོམ་པ་སྟེ། དེ་ལ་མི་ཁོམ་པ་བརྒྱད་ནི། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་སྟེ་ང ན་སོང་གསུམ་པོ་ནི་རྟག་པར་སྡུག་བསྔལ་གྱིས་ཉམ་ཐག་པ་དང་ངོ་ཚ་དང་ཁྲེལ་མེད་པས་ཆོས་བྱེད་མི་ཁོམ། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ལྷ་སྟེ། འདུ་ཤེས་དང་ཚོར་བ་འགགས་པས་ཆོས་སྒྲུབ་པའི་འདུ་ཤེས་མི་འབྱུང་བ་དང་། ལྷ་གཞན་རྣམས་ཀྱང་འདོད་ཡོན་ལ་གཡེངས་པས་ངེས་འབྱུང་དང་སྐྱོ་ཤས་སྐྱེ་དཀའ་སྟེ་མི་མ་ཡིན་པའི་འགྲོ་བ་ཕྱིའི་མི་ཁོམ་པ་བཞི་དང་། གལ་ཏེ་མིར་སྐྱེས་ཀྱང་ཀླ་ཀློ་སོགས་ཡུལ་མཐའ་འཁོབ་པ་ནི་སྐྱེས་བུ་དམ་པ་དང་འཕྲད་དཀའ་བའི་ཕྱིར་དང་། ལོག་ལྟ་ཅན་ནི་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པའི་ཕྱིར་དང་། སངས་རྒྱས་ཀྱིས་སྟོང་པའི་མུན་བསྐལ་དུ་ནི་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མི་སྣང་བའི་ཕྱིར་དང་། ལྐུགས་པ་ནི་བརྡ་མི་འཕྲོད་ཅིང་བླང་དོར་གྱི་ཆོས་ཤེས་པར་མི་ནུས་པའི་ཕྱིར་ཏེ། དེ་བཞི་ནི་མིའི་འགྲོ་བས་བསྡུས་ པ་ནང་གི་མི་ཁོམ་པ་ཞེས་བྱ་སྟེ། དེ་བརྒྱད་པོ་དེར་མ་སྐྱེས་པ་ནི་དལ་བ་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་བ་གླེན་ཞིང་ལྐུག་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བ་ན། །སྐྱེ་བ་ཞེས་བགྱིས་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་པ་ནི། །སྐྱེ་བ་ཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས། འབྱོར་པ་ནི་ཆོས་བྱེད་པའི་མཐུན་རྐྱེན་ཚང་བ་སྟེ། རང་འབྱོར་ལྔ་དང་། གཞན་འབྱོར་ལྔའོ། །དེ་ལ་རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། རང་ཉིད་མིར་སྐྱེས་པ། དེ་ཡང་དམ་པའི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ། ཐོས་བསམ་གྱི་རྟེན་མིག་སོགས་དབང་པོ་ཚང་བ། ལས་མཐའ་མ་ལོག་པ་ཚེ་འདིར་མཚམས་མེད་སོགས་མ་བྱས་པ། དད་པའི་གནས་ཆོས་འདུལ་བ་སོགས་སངས་རྒྱས་ཀྱི་བསྟན་ལ་དད་པའོ། །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་ཞུགས། །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་པས། ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན། དེས་དམ་པའི་ཆོས་བསྟན། དེ་ད་ལྟ་མ་ནུབ་ཙམ་དུ་གནས། དེ་ལ་གསར་དུ་ཞུགས་པའི་གྲོགས་གཞན་ཡང་ཡོད། རང་ཉིད་ལ་ཆོས་སྟོན་པ་དང་ཟས་གོས་སོགས་མཐུན་རྐྱེན་སྦྱོར་བར་བྱེད་པའི་བརྩེ་ལྡན་གཞན་ཡོད་པའོ། །དེ་ལྟར་སྔ་མ་རྣམས་རང་ངོས་དང་ཕྱི་མ་རྣམས་གཞན་ངོས་ནས་ཚང་དགོས་པས་རང་གཞན་གྱི་འབྱོར་པ་སྟེ་བཅུ་པོ་དེ་དག་དང་ལྡན་པ་ནི་འབྱོར་པ་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། མགོན་པོ་ཨ་ཏི་ཤས། སངས་རྒྱས་འབྱུང་དང་དགེ་སློང་དང་། །མི་ལུས་རྙེད་དཀའ་རྙེད་གྱུར་ཅིང་། །དགེ་བཤེས་འཕྲད་དཀའ་འཕྲད་གྱུར་ནས། །དོན་མེད་པར་ནི་མ་བྱེད་ཅིག །ཅེས་གསུངས། ཁྱད་པར་དུའང་དམ་ཆོས་ཚུལ་བཞིན་སྒྲུབ་པའི་རྟེན་དུ་དད་པ་ཉིད་གལ་ཆེ་སྟེ། སློབ་དཔོན་དཔའ་བོས། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་སྣ་འདྲེན། །ཞེས་གསུངས། དད་པ་མེད་ན་དཀར་པོའི་ཆོས་ཐམས་ཅད་རྒྱུད་ལ་སྐྱེ་མི་སྲིད་དེ། མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་ཤིང་། དད་པ་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དེའི་དྲུང་དུ་བྱོན་ནས་ཆོས་སྟོན་པར་མཛད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལྟར་དད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྣོད་དུ་རིགས་ནས། དེའི་དྲུང་དུ་གཤེགས་ཏེ། བྱང་ཆུབ་སེམས་དཔའི་ལམ་ཡང་དག་པར་སྟོན་ཏོ། །ཞེས་དང་། གཞན་ཡང་། དཀོན་མཆོག་ཏ་ལ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དྭངས་བྱེད། །ང་རྒྱལ་སྤངས་ཤིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་བུ་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པ་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད། །དད་པ་ཡོན་ཏན་ཡེ་ཤེས་ཁྱད་པར་བྱེད། །སངས་རྒྱས་གོ་འཕང་སྟོན་ཅིང་ཐོབ་པར་བྱེད། །དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད། །དད་པའི་སྟོབས་ལ་གཞན་གྱིས་མི་རྫི་ཞིང་། །ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན། །ཞེས་སོགས་ཕན་ཡོན་གྱི་བསྔགས་པ་ཚད་མེད་པ་གསུངས་སོ། །དད་པའི་རང་བཞིན་ཇི་ལྟ་བུ་སྙམ་ན། ཆོས་མངོན་པ་ལས། དད་པ་གང་ཞེ་ན། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་། སེམས་དྭངས་པའོ། །ཞེས་གསུངས་པས། ལས་འབྲས་དང་བདེན་པ་སོགས་ལ་ཡིད་ཆེས་པ་དང་། བླ་མེད་བྱང་ཆུབ་ཀྱི་ཡོན་ཏན་མཐོང་ནས་ཐོབ་པར་འདོད་པ་དང་། ཡུལ་མཆོག་གསུམ་ལ་མོས་ཤིང་གུས་པས་སེམས་རབ་ཏུ་དྭངས་པ་སྟེ། དེ་ལྟ་བུའི་དད་པ་གསུམ་གྱི་སྒོ་ནས། འདོད་ཆགས་ཀྱི་ཕྱོགས་དང་། ཁོང་ཁྲོ་བའི་ཕྱོགས་དང་གཞན་ལ་སྐྲག་པའི་ཕྱོགས་དང་། རྨོངས་ཤིང་གཏི་མུག་པའི་ཕྱོགས་ནས་ཆོས་མི་གཏོང་བ་སྟེ། དེ་བཞི་དང་ལྡན་ན་དད་པ་ཅན་ཞེས་བྱ། ངེས་ལེགས་སྒྲུབ་པའི་སྣོད་ཀྱི་མཆོག་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ངེས་པར་ལེགས་པའི་སྣོད་མཆོག་ཡིན། །ཞེས་གསུངས། མདོར་ན་འཕགས་པ་རྒྱ་ཆེ་རོལ་པ་ལས། བཀའ་སྩལ་པ། ཀུན་དགའ་བོ། དད་པ་ལ་སྦྱོར་བར་གྱིས་ཤིག འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ། །ཞེས་འདོམས་པར་མཛད་པ་བཞིན་ནོ། །གཉིས་པ་རྙེད་དཀའ་བར་བསམ་པ་ནི། དེ་ལྟ་བུའི་སངས་རྒྱས་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ལུས་དལ་འབྱོར་བཅོ་བརྒྱད་དང་སེམས་དད་པ་གསུམ་གྱིས་བརྒྱན་པ་ནི་རྙེད་པར་ཤིན་ཏུ་དཀའ་སྟེ། དེའི་རྒྱུ་མཚན་ཡང་། སྡུད་པ་ལས། ཁྲིམས་ཀྱིས་ངན་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤོང་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་དང་། འཇུག་པ་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་གསུངས་པས། དེ་ཐོབ་པ་ལ་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་དང་རྐྱེན་སྦྱིན་སོགས་དགེ་བའི་དངོས་པོ་དང་གྲོགས་སྨོན་ལམ་གྱི་མཚམས་སྦྱོར་ལ་བརྟེན་དགོས་ན་དེ་ལྟ་བུ་སྒྲུབ་པ་དཀོན་པའི་ཕྱིར་དང་། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། འཁོར་བར་མི་ཉིད་དུ་སྐྱེ་བར་དཀའ་བའི་གང་ཟག་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་བསྐྱེད་པ་དང་། བསོད་ནམས་ཀྱི་ཚོགས་མི་གསོག་པ་དང་། སྡིག་པའི་གྲོགས་པོའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པས་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པ་དང་། ཉོན་མོངས་པས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེང་བས་ཆོས་ལ་རྟག་ཏུ་གཡེལ་བ་དང་། སངས་རྒྱས་ཀྱི་བཀའ་ལ་ཞུགས་ཀྱང་རྗེས་སུ་མི་སྤྱོད་པ་དང་། ལོག་པར་ལྟ་བའི་རྗེས་སུ་འཇུག་པ་དང་། ལོག་པར་ལྟ་བ་དམ་དུ་འཛིན་པའོ། །ཞེས་གསུངས་པས་མཚོན་མི་མཐུན་པའི་རྒྱུ་སྡིག་པ་མི་དགེ་བ་ལ་སྤྱོད་པ་ཆེས་མང་བས་འབྲས་བུ་དལ་འབྱོར་གྱི་རྟེན་ཐོབ་པར་དཀའ་སྟེ། འདུལ་བ་ལུང་ལས། མཐོ་རིས་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་ལ། མཐོ་རིས་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །ངན་སོང་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་ལ། ངན་སོང་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །ཞེས་གསུངས་ཤིང་། ཚུལ་དེ་ལ་དགོངས་ནས། བཞི་བརྒྱ་པ་ལས། ཕལ་མོ་ཆེ་ཡི་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། །ཞེས་དང་། སྤྱོད་འཇུག་ལས། དགེ་བ་དག་ཀྱང་མ་བྱས་ཤིང་། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས། མི་མང་པོ་འདུག་པ་ལ་དེ་ཙམ་ཐོབ་ཅི་དཀའ་སྙམ་ན། བརྟག་དཔྱད་མ་བྱས་པ་ཡིན། བྱས་ན་ངན་སོང་ནི་སའི་རྡུལ་དང་། མཐོ་རིས་ནི་སེན་མོའི་རྡུལ་ཙམ་ཡིན་ཏེ། བཀའ་གདམས་པའི་མན་ངག་འགའ་ཞིག་ཏུ། དུད་འགྲོ་ནི་ཆང་དར་བའི་སྦང་བ་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་པ་ཙམ། དམྱལ་བ་ནི་སའི་རྡུལ་ཙམ་ཡོད་པར་གསུངས་ཤིང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤིང་རྟའི་འཕང་ལོ་གཅིག་གི་ཁྱོན་ན་ཐམས་ཅད་མཁྱེན་པས་གཟིགས། གཞན་གྱིས་མི་མཐོང་བའི་སེམས་ཅན་ཙམ་སྟོང་གསུམ་གྱི་ལྷ་དང་མི་ལའང་མེད་པར་གསུངས། དེས་ན་འགྲོ་བ་གཞན་ལ་ལྟོས་ན། མི་ལུས་ཐོབ་པ་མེད་པའི་ཚོད་ཙམ་ཡིན། ཁ་འཐོར་དུད་འགྲོ་ཙམ་ལ་ལྟོས་ཀྱང་མི་ལུས་ཐོབ་མི་སྲིད་པའི་ཚོད་དུ་གདའ། དེ་ལྟར་བསམ་ན་སྤྱིར་མིའི་འགྲོ་བ་ཉུང་། དགོས་སུ་འཛམ་བུ་གླིང་པའི་མི་ཉུང་། ཡང་དགོས་དེང་སང་ཆོས་དར་བའི་ཡུལ་ནི་རྒྱ་ཆུང་། དེར་སྐྱེས་པ་ལའང་བསྟན་སྒོར་ཞུགས་པ་ནི་ཆེས་ཉུང་ཞིང་། དེའི་ཁྲོད་ནའང་དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པ་ནི་ཉིན་མོའི་སྐར་མ་དང་འདྲ་སྟེ་མི་སྲིད་པའི་ཚོད་ཙམ་དུ་འདུག་པས། ད་རེས་ཅི་ནས་ཀྱང་ཆོས་ལ་འབད་དགོས་ཏེ། འདུལ་བ་རྣམ་འབྱེད་ལས། དགེ་སློང་དག ངན་སོང་གི་འགྲོ་བ་ལ་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའ་འོ། །ལོག་པར་སྟོན་པའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེས་གཉེན་དང་འཕྲད་པར་རབ་ཏུ་དཀའོ། །ཚུལ་ཁྲིམས་དང་རྣམ་པར་གྲོལ་བ་ལས་ཉམས་པའི་ཚུལ་ལས་ཉམས་པ་འདི་དག་ལ་ལྟོས། སྦྱངས་པའི་ཡོན་ཏན་ལ་གནས་པ་གཅིག་ཏུ་དགེ་བའི་ཆོས་སྒྲུབ་ཅིང་ཤིང་དྲུང་ངམ་དགོན་པའི་གནས་སུ་སྤྲོ་བས་ཚེ་འདའ་བར་གྱིས་ཤིག ཅེས་གསུངས་ཤིང་། ཀུན་མཁྱེན་ཆོས་རྗེས་ཀྱང་། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོས་སྒྱུར་རྙེད་འདྲ། །མི་ལུས་ནང་ནས་དད་ལྡན་ཆོས་ཀྱི་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །དེ་བས་རྟག་ཏུ་དལ་འབྱོར་བསམ་འཚལ་ལོ། །ཞེས་གསུངས། དཔེ་ཡི་སྒོ་ནས་གཞལ་ནའང་། བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་པའི་དོན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བཤེས་པའི་སྤྲིང་ཡིག་ཏུ་བསྡེབས་པ། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་བུག་པ་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་བདེ་འབྲས་མཆིས་པར་མཛོད། །ཅེས་གསུངས་པ་དང་། དཔེ་ཆོས་སོགས་གཞན་ལས་ཀྱང་རྒྱ་ཆེར་གསུངས་པའི་དོན་མདོར་བསྡུས། ཀུན་མཁྱེན་བླ་མས། མཚོ་དབུས་གཡེངས་བའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མི་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ནའང་ཡུལ་དབུས་སྐྱེས་པ་དཀོན། །ཨུ་དུམྦཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་འཕྲད་དཀོན། །ཁབ་མིག་རས་ཡུག་ཆུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པ་དཀོན། །མཚོ་གླིང་དག་ནས་ནོར་བུ་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམ་ལ་བརྩོན་པས་སྒྲུབ་འཚལ་ལོ། །ཞེས་གསུངས། དེའི་ཕྱིར་འཕགས་པ་སྡོང་པོ་བཀོད་པ་ལས། མི་ཁོམ་པ་བརྒྱད་ལས་ལྡོག་པའང་རྙེད་པར་དཀའ། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ། སངས་རྒྱས་འབྱུང་བའང་རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པའང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཉན་པའང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པའང་རྙེད་པར་དཀའ། ཡང་དག་པའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་སྒྲུབ་པའང་རྙེད་པར་དཀའ། ཡང་དག་པའི་འཚོ་བའང་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་བྱེད་པའང་རྙེད་པར་དཀའ། ཞེས་སོགས་མདོ་སྡེ་རྣམས་ནས་རྒྱ་ཆེར་གསུངས་ཤིང་། མདོར་ན་ཨོ་རྒྱན་ཆེན་པོས། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟག་དཔྱད་ཀྱང་། །ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བསྟེན་འདུས། །དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ་ལ། །ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད། །ཉིན་མཚན་མི་དལ་དམ་ཆོས་བསྒྲུབ་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་རྙེད་ན་དོན་ཆེ་བའི་ཚུལ་ནི། གང་ཞིག་སྐྱེས་བུ་རྣམས་ཀྱི་དོན་དུ་གཉེར་བྱ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་གང་བསྒྲུབས་ཀྱང་རྟེན་འདི་ལ་བརྟེན་ནས་སྒྲུབ་ནུས་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་གང་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་དང་། སློབ་དཔོན་དཔའ་པོས། གང་ཞིག་ཐོབ་ནས་འཁོར་བ་ཡི། །ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག །ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱུན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། །ཅེས་གསུངས་ཏེ། དེ་ལ་སྤྱིར་དབྱེ་ན་སྐྱེས་བུ་རྣམས་ཀྱི་དོན་དུ་གཉེར་བྱ་ལ་ཚད་མེད་ཀྱང་། དེ་དག་བསྡུ་ན་གསུམ་དུ་འདུ་སྟེ། ཇོ་བོའི་བྱང་ཆུབ་ལམ་སྒྲོན་ལས། ཆུང་ངུ་འབྲིང་དང་མཆོག་གྱུར་པའི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་ཤིང་། དེའི་དབྱེ་བའང་། གང་ཞིག་ཐབས་ནི་གང་གང་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་བཤད། །ཅེས་རང་ཉིད་ངན་སོང་དུ་མི་ལྟུང་བར་ལྷ་མིའི་བདེ་བ་ཙམ་དོན་དུ་གཉེར་བ་སྐྱེས་བུ་ཆུང་ངུ་དང་། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ཟློག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་རང་ཉིད་གཅིག་པུ་འཁོར་བའི་འཇིགས་པ་མཐའ་དག་ལས་ཐར་བའི་གོ་འཕང་ཙམ་དོན་དུ་གཉེར་བ་སྐྱེས་བུ་འབྲིང་དང་། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་སེམས་ཅན་གཞན་གྱི་དོན་དུ་མི་གནས་པའི་མྱང་འདས་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་སྐྱེས་བུ་ཆེན་པོ་སྟེ། དེ་གསུམ་གྱི་འདོད་བྱ་གང་སྒྲུབ་ཀྱང་རྟེན་འདི་ལ་བརྟེན་ནས་སྒྲུབ་དགོས་པས་ལྷ་བས་ལྷག་པའི་རྟེན་ཞེས་བསྔགས་ཏེ། མངོན་པར་བྱང་ཆུབ་པའི་མདོ་ལས། ལྷའི་གནས་སུ་མངོན་པར་བྱང་མི་ཆུབ་པ་ནི། གནས་རིས་ལ་ང་རྒྱལ་དུ་བྱེད་པས་བདེན་པ་མངོན་པར་མི་རྟོགས་པའི་ཕྱིར་དང་། དལ་བ་དང་འབྱོར་པ་ཕུན་སུམ་ཚོགས་པ་མི་ཉིད་ཁོ་ནར་གཟིགས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ། ཞེས་དང་། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། གང་ལ་དལ་བ་དང་འབྱོར་པ་ཡོད་པ་དེ་ལ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པའི་ཆར་ཆེན་པོ་ཡང་འབབས་ཏེ། གཞན་ཡང་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ། །ཞེས་སོགས་རྒྱ་ཆེར་བསྔགས་པ་བཞིན་ནོ། །བཞི་པ་ཕན་པ་བསྒྲུབ་དགོས་པར་བསམ་པ་ནི། དེ་ལྟ་བུའི་རྙེད་དཀའ་ལ་ཕན་ཐོགས་ཆེ་བའི་དལ་འབྱོར་གྱི་རྟེན་ལན་གཅིག་ཐོབ་པའི་སྐབས་འདིར། རང་གཞན་ཀུན་གྱི་ཕན་བདེ་ཐམས་ཅད་ཀྱི་རྒྱུ་ཆོས་རྣམ་དག་ཅིག་ཅིས་ཀྱང་སྒྲུབ་དགོས། དེ་མ་འགྲུབ་ན་ཕྱིས་འདི་འདྲ་བའི་རྟེན་རྙེད་པའི་ངེས་པ་མེད་དེ། སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་འདི་ལྟ་བུ། །དཀོན་ན་ནམ་ཞིག་ཐོབ་པར་འགྱུར། །ཞེས་གསུངས། ཚེ་འདིའི་འདུན་མ་གྲུབ་ན་དེས་ཆོག་གམ་སྙམ་ན། དེ་ནི་ཁེ་ཆུང་ལ་ཉེན་ཆེ་ཞིང་སླར་དོན་མེད་དུ་སོང་སྟེ། དེ་ཉིད་ལས། འདོད་ལྡན་རྣམས་ལ་དེ་ལ་སོགས། །ཉེས་དམིགས་མང་ལ་མནོག་ཆུང་སྟེ། །ཤིང་རྟ་འདྲེན་པའི་ཕྱུགས་དག་གིས། །རྩྭ་ནི་ཁམ་འགའ་ཟོས་པ་བཞིན། །ཕྱུགས་ཀྱིས་བསྒྲུབས་ཀྱང་མི་དཀོན་པའི། །མནོག་ཆུང་གང་ལགས་དེ་དོན་དུ། །དལ་བ་ཕུན་ཚོགས་རྙེད་དཀའ་འདི། །ལས་ཀྱི་མནར་བ་རྣམས་ཀྱིས་བཅོམ། །ཞེས་གསུངས། ཚེ་འདིའི་དོན་སྒྲུབ་ཀྱང་འགྲུབ་པའི་ངེས་པ་མེད་དེ། དེ་ཉིད་ལས། བདེ་བའི་དོན་དུ་ལས་བྱས་ཀྱང་། །བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱི། །ཞེས་སོ། །ཆོས་རྣམ་དག་བྱས་ན་ཚེ་འདིའི་དོན་ཡང་ཞར་ལ་འབྱུང་སྟེ། ལུང་ལས། བསོད་ནམས་བྱེད་པ་འདིར་དགའ་ཕྱིར་མར་དགའ། །ཞེས་གསུངས། ཆོས་མ་བྱས་ན་ཚེ་འདིའི་དོན་ཙམ་ཡང་མི་འགྲུབ་སྟེ། སྔ་མ་ལས། གང་གི་ལས་ཉིད་བདེ་གྱུར་ན། །དེ་ལས་མི་བྱེད་ཇི་ལྟར་བདེ། །ཞེས་དང་། སློབ་སྤྲིང་ལས། གང་ཞིག་སྐྱེ་དང་རྒ་ཤི་སེལ་བའི་བདུད་རྩི་དེ་། །ཐོབ་པར་མི་བྱེད་མི་སྤྱོད་འཛིན་པར་མི་བྱེད་ན། །དེ་དག་ཉེས་མང་གཏི་མུག་ཐིབས་པོས་བསླད་པ་སྟེ། །ཡུན་རིང་ནད་ཀྱིས་ཐེབས་ལ་སྨན་ཆེན་མི་བསྟེན་བཞིན། །ཞེས་གསུངས། འདིར་ཆོས་རྣམ་དག་མ་གྲུབ་ཀྱང་སྡིག་པ་ཙམ་མ་བྱས་པས་ངན་འགྲོར་མི་སྐྱེ་ཞིང་། དགེ་བ་ཡང་ཅུང་ཟད་བྱས་པས་མི་ལུས་ཙམ་ཐོབ་སྟེ་ཡོང་། དེ་དུས་ཆོས་བྱས་པས་ཆོག་སྙམ་ན། ཚེ་འདིར་སྡིག་པ་རྔམས་ཆེན་མ་བྱས་ཀྱང་ཐོག་མེད་ནས་བྱས་པའི་ལས་ད་གདོད་དམྱལ་བ་སོགས་སུ་སྐྱེ་ངེས་ཀྱི་མྱོང་འགྱུར་གྱི་ལས་དཔག་ཏུ་མེད་པ་ཡོད་ན། ངན་སོང་དུ་མི་སྐྱེ་བའི་གདེང་ཇི་ལྟར་ཡོད་དེ་སྤྱོད་འཇུག་ལས། སྐད་ཅིག་གཅིག་བྱས་སྡིག་པས་ཀྱང་། །བསྐལ་པར་མནར་མེད་གནས་འགྱུར་ན། །ཐོག་མེད་འཁོར་བར་བསགས་སྡིག་གིས། །བདེ་འགྲོར་མི་འགྲོ་སྨོས་ཅི་དགོས། །ཞེས་གསུངས། ཆོས་རྣམ་དག་མ་བྱས་ན་ཚེ་འདི་ཁོང་དུ་བཅུག་པའི་ཁ་ཆོས་དང་གཟུགས་བརྙན་ཙམ་གྱིས་ནི་མི་ལུས་ཀྱང་ཐོབ་པའི་ངེས་པ་མེད་དེ། དེ་ཉིད་ལས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །ཞེས་གསུངས། འགྲོ་བ་གཞན་དུའང་ཆོས་བྱར་རུང་ངམ་སྙམ་ན། ཕལ་ཆེར་མི་རུང་སྟེ། སློབ་སྤྲིང་ལས། བདེ་གཤེགས་ལམ་བསྟན་འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་ཤིང་། ཁྱད་པར་ངན་སོང་དུ་སོང་ན། ཆོས་བྱེད་པའི་སྐབས་མེད་དེ། ཞི་བ་ལྷས། མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད་། །གང་ཚེ་དགེ་སྤྱོད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་གསུངས། དེ་ལས་ཐར་པའང་ཤིན་ཏུ་དཀའ་སྟེ། དེ་ཉིད་ལས། དེ་ཙམ་ཁོ་ན་མྱོང་གྱུར་ནས། །དེ་ནི་རྣམ་ཐར་མི་འགྱུར་ཏེ། །འདི་ལྟར་དེ་ནི་མྱོང་བཞིན་དུ། །སྡིག་པ་གཞན་དག་རབ་ཏུ་སྐྱེ། །ཞེས་དང་། མདོ་ལས། མི་ཁོམ་པར་གྱུར་ན། ཕྱིས་གསོར་མི་རུང་བར་འགྱུར་ཏ་རེ། །ཞེས་གསུངས། དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་རྗེས་བཟུང་ནས་མྱུར་དུ་ཐར་རོ་སྙམ་ན། རང་གི་ལས་ངན་གྱི་དབང་གིས་སྔར་ཡང་ཐུགས་རྗེས་བཟུང་བའི་ཡུལ་དུ་མ་གྱུར་ཅིང་། ད་དུང་ཡ ང་ལས་ངན་བར་མ་ཆད་དུ་གསོག་ན་མི་འགྱུར་ཏེ། སྤྱོད་འཇུག་ལས། སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་ཡིས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུ་དེ་བཞིན་ཏེ། །ངན་འགྲོར་ནད་དང་འཆིང་བ་དང་། །གཅད་དང་གཤགས་སོགས་མྱོང་བར་འགྱུར། །ཞེས་དང་། རྒྱན་ལས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །ས་བོན་མི་རུང་མི་འཁྲུང་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང་། །སྐལ་བ་མེད་པས་བཟང་མི་མྱོང་། །ཞེས་གསུངས། དེས་ན་དལ་འབྱོར་དོན་མེད་དུ་གཏོང་བ་རྣམས་ལས་བསླུས་དང་ཕུང་ཚབས་ཆེ་བ་གཞན་མེད་དེ་། བཤེས་སྤྲིང་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །མི་གཙང་འཕྱག་པར་བྱེད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བྱེད་པ་དེ་ནི་ཤེས་རབ་བླུན་པ་ལགས། །ཞེས་དང་། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་ཅིང་། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང་། ཤིན་ཏུ་རྙེད་དཀའ་ཕན་པའི་ས། །ཇི་ཞིག་ལྟར་སྟེས་རྙེད་གྱུར་ནས། །བདག་ཉིད་ཤེས་དང་ལྡན་བཞིན་དུ། །ཕྱིས་ཀྱང་དམྱལ་བ་དེར་ཁྲིད་ན། །སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། །བདག་ལ་འདིར་སེམས་མེད་དུ་ཟད། །ཅེས་གསུངས། དེས་ན་དལ་འབྱོར་འདི་ད་རེས་ཡོད་ན་ཀུན་ཏུ་ཡོད། ད་རེས་མེད་ན་ཀུན་ཏུ་མེད་པ་གཅིག་ཏུ་འདུག་པས་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་གཏོང་བར་ཉིན་མཚན་མེད་པར་ཆོས་ལ་འབད་དགོས་ཏེ། སྔ་མ་ལས། ཉིན་མཚན་ཕྱེད་པར་མ་འབད་ན། །བདག་གིས་སྡུག་བསྔལ་ནམ་མཐར་ཕྱིན། །ཞེས་གསུངས། རང་གིས་ཆོས་ལ་མ་འབད་ན་ཐར་པ་ཐོབ་པའི་ཐབས་གཞན་མེད་དེ། སློབ་དཔོན་ཨ་རོས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱི་གྲོགས་བགྱིར་ཅིར་ཡང་མ་མཆིས་ཏེ། །གྲོགས་བགྱིར་མཆིས་ན་ཐུགས་རྗེ་ཆེ་མངའ་བའི། །འཕགས་པས་འགྲོ་ཀུན་དུས་གཅིག་སྒྲོལ་བར་རིགས། །ཞེས་གསུངས། དེས་ན་ལུས་ལ་གྲུ་ཡི་འདུ་ཤེས་བཞག་སྟེ་འཁོར་བའི་མཚོ་ལས་སྒྲོལ་ཅི་ནུས་སུ་བྱ་དགོས་ཏེ། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་དང་ལུས་ལ་འོག་རྟའི་འདུ་ཤེས་བཞག་སྟེ་སྡུག་བསྔལ་གྱི་འཕྲང་ལས་ཅི་སྒྲོལ་བྱ་དགོས་ཏེ། མི་ལུས་གཙང་མའི་རྟ་ཞོན་ནས། །འཁོར་བའི་སྡུག་བསྔལ་འཕྲང་ལས་བྲོས། །ཞེས་སོ། །ལུས་ལ་གཡོག་གི་འདུ་ཤེས་བཞག་ནས་དགེ་བའི་ལས་ལ་ཅི་ནུས་སུ་བཀོལ་བར་བྱ་དགོས་ཏེ། མི་འོ་ཅོག་གི་ལུས་འདི་ནི། །བཀོལ་བར་བྱ་བ་ཉིད་དུ་ཟད། །ཞེས་གསུངས། གཞན་ཡང་དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། དཔལ་སྦས་འདི་ལ་མང་དུ་ཐོས་པ་ཐོས་པར་བྱེད། དེའི་དོན་སེམས་པར་བྱེད། ཉོན་མོངས་པ་མེད་པའི་སྒོམ་པ་ལ་རྣལ་འབྱོར་དུ་བྱེད། གཞན་དག་ཀྱང་དེ་ལ་བསྐུར་བར་བྱེད་ན། དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་མཆོག་ཏུ་མཛེས་པས་དལ་འབྱོར་སྙིང་པོར་བྱེད་པ་ཞེས་བྱའོ། །དལ་འབྱོར་རིན་པོ་ཆེ་ཞེས་བྱའོ། །ཞེས་དང་། ཡུམ་བར་མ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་གང་དག་བདག་ཀྱང་དགེ་བ་ལ་སྤྱོད་ཅིང་གཞན་ཡང་དགེ་བ་ལ་བསྐུལ་བ་ནི་དལ་འབྱོར་སྙིང་པོར་བྱེད་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་སོ། །བསྟོད་དོ། །བཀུར་རོ། །ཞེས་གསུངས་པས་སྙིང་ནས་བརྩོན་པ་གལ་ཆེ་སྟེ། སློབ་དཔོན་ཨ་རོས། དམ་ཆོས་སྒྲུབ་ལ་སྙིང་ནས་མ་འབད་ན། །དལ་འབྱོར་མི་ལུས་ཐོབ་པ་ཆུད་ཀྱང་ཟོས། །སླད་ནས་མི་ལུས་འདི་འདྲ་མི་ཐོབ་ན། །བླ་མེད་བྱང་ཆུབ་འབྲས་བུ་ག་ལ་ཐོབ། །ངན་སོང་སྐྱེས་ནས་སྡུག་བསྔལ་མྱོང་བའི་ཚེ། །ཚེ་འདིའི་བཙན་ཕྱུག་སྙན་གྲགས་དེས་ཅི་ཕན། །སྔར་འགྲངས་ད་ལྟ་བཀྲེས་ལ་མི་ཕན་བཞིན། །དམྱལ་བའི་སྡུག་བསྔལ་ཤེས་ཀྱང་མི་འཇིགས་པར། །མི་རྟག་ལུས་ལ་ཆགས་ནས་སྡིག་སྤྱོད་པ། །རང་གིས་རང་བརླག་ཀྱེ་མ་སྙིང་རེ་རྗེ། །ཞེས་དང་། ཕ་དམ་པས། སྙིང་རུས་མེད་པའི་མི་ལ་སངས་རྒྱས་དཀོན། །དཀའ་བ་དང་དུ་ལོངས་ཤིག་དིང་རི་བ། །ད་ལྟ་མི་ཁོམ་ཁོམ་དུས་ནམ་ཞིག་ཡོད། །དུས་བརྒྱ་ཟ་མ་གཅིག་ཡིན་དིང་རི་བ། །ཞེས་གསུངས། མདོར་ན་ཀུན་མཁྱེན་ཆོས་རྗེས། ཁོམ་ལྡན་མི་ཡི་འགྲོ་བ་རྙེད་གྱུར་ཅིང་། །ཡང་དག་དགེ་བའི་བཤེས་དང་མཇལ་དུས་འདིར། །བདེ་འགྲོ་ཐར་པའི་སྐས་ལ་མ་འཛེགས་ན། །ཕྱིས་ནས་དལ་འབྱོར་ལུས་རྙེད་ཤིན་ཏུ་དཀའ། །དལ་དང་འབྱོར་བའི་མི་ལུས་མ་ཐོབ་ན། །སྡིག་པ་འབའ་ཞིག་མངོན་པར་འཕེལ་བ་ལས། །དགེ་གོམས་ཆོས་ལ་སྤྱོད་པའི་སྐབས་མི་རྙེད། །དམ་པའི་ཆོས་ཞེས་སྒྲ་ཡང་ཐོས་མི་འགྱུར། །དམ་པའི་ཆོས་དང་འཕྲད་པར་མ་གྱུར་ན། །སྡིག་པའི་དབང་གིས་འོག་ནས་འོག་ཏུ་འགྲོ། །ངན་སོང་གནས་ནས་ཐོན་པར་མ་གྱུར་ན། །སྔ་མའི་སྡུག་བསྔལ་དྲག་པོས་མནར་བཞིན་དུ། །ཕྱི་མའི་ལས་ངན་དཔག་མེད་སོག་པས་ན། །མུ་མཐའ་མེད་པའི་འཁོར་བར་རྟག་ཏུ་འཁྱམས། །མཐའ་མེད་སྡིག་པའི་རྒྱ་མཚོར་འཁྱམས་དུས་འདིར། །རང་རང་ལས་ཀྱི་རྦ་ཀློང་དྲག་པོས་འཁྲུགས། །སྡུག་བསྔལ་གཏིང་མཐའ་དཔག་ཏུ་མེད་པ་ལས། །ལས་ཟད་བར་དུ་ཡང་ཡང་བརྣག་དགོས་སོ། །རང་གི་ལས་ངན་འཁྲུལ་པའི་མེ་ཚོགས་ལ། །རྒྱལ་བའི་ཐུགས་རྗེས་དངོས་སུ་གཞིལ་དཀའ་སྟེ། །སྔོན་འདས་སངས་རྒྱས་གྲངས་མེད་བྱོན་ན་ཡང་། །བདག་ཅག་ད་དུང་སྲིད་པར་འཁྱམས་ལ་ལྟོས། །དེ་བས་ད་ལྟ་དལ་འབྱོར་ཐོབ་དུས་འདིར། །འཁོར་བའི་སྡུག་བསྔལ་དཔག་མེད་བསམས་བྱས་ནས། །ཞི་བ་རབ་བཟང་ཐར་པའི་སྐྱེད་ཚལ་དུ། །དེ་རིང་ཉིད་ནས་མངོན་ཕྱོགས་འབད་པར་བྱ། །ད་རེས་ཟབ་མོའི་ཆོས་ལ་བརྩོན་བྱས་ན། །ཚེ་འདིར་ཐར་པའི་ལམ་སྣ་ཟིན་པར་ངེས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ལེགས་པར་བསྒོམས་པས་གོམས་པའི་ཚད་དགེ་བཤེས་སྤྱན་སྔ་ལྟ་བུ་རེ་ཡིན་ཏེ། ཁོང་མནལ་ཡེ་མི་ལོག་པར་ཐུགས་དམ་མཛད་པ་ལ། དགེ་བཤེས་རྣལ་འབྱོར་པས། བུ་སྐབས་སུ་ཁམས་བག་རེ་མ་གསེང་ན་ཁམས་ལོག་ཡོང་ཉེན་ཡོད་གསུངས་པས། དེ་ག་ལགས་ཏེ་དལ་འབྱོར་རྙེད་དཀའ་འདི་བསམ་ཙ་ན་གཉིད་ལོག་ལོང་རང་གདའ་ཡེ་གསུངས། ཁོང་གི་མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་གསུངས། སྐུ་ཚེ་ལ་མནལ་ཡེ་མ་ལོག་པ་ཡིན་ནོ། །གཉིས་པ་ཚེ་མི་རྟག་པར་བསྒོམ་པ་ནི། འཕགས་པ་རྒྱ་ཆེ་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་ཞིང་། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། ཨོ་རྒྱན་ཆེན་པོས། ཚེ་འདི་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །འཆི་བདག་བདུད་ནི་དགོངས་ཀའི་གྲིབ་སོ་འདྲ། །འཇིག་རྟེན་ཕྱི་མ་སོས་ཀའི་ཉ་རྡོས་འདྲ། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །དོན་མེད་བྱ་བ་ཆུ་ཡི་གཉེར་མ་འདྲ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་གསུངས་པ་ལྟར་ཚེ་ལ་ངེས་པ་མེད་ཅིང་འཆི་བའི་རྐྱེན་ཤིན་ཏུ་མང་བས། དེ་རིང་ཙམ་ཡང་མི་འཆི་བའི་གདེང་མི་འདུག་པས་ད་ལྟ་ཉིད་དུ་དམ་པའི་ཆོས་ལ་འབད་དགོས་སྙམ་དུ་བསམ་པར་བྱ་སྟེ། འདི་ལ་གཉིས། ཇི་ལྟར་བསྒོམ་པའི་ཚུལ་དང་། དེ་ལྟར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། འདུས་བྱས་ཀྱི་རང་བཞིན་སྤྱིར་བསམ་པ་དང་། འཆི་བ་མི་རྟག་པ་ཉིད་བྱེ་བྲག་ཏུ་བསྒོམ་པའོ། །དང་པོ་ནི། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་ལ་ལེགས་པར་བརྟགས་ན་རྟག་ཐུབ་པ་གཅིག་ཀྱང་མེད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཀྱང་མི་རྟག་སྟེ། ཏིང་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས། ནང་བཅུད་ཀྱི་སེམས་ཅན་ལ་བསམས་ཀྱང་མི་རྟག་སྟེ། མི་རྟག་པའི་ཚོམ་ལས། བྱུང་དང་འབྱུང་འགྱུར་གྱུར་པ་ཇི་སྙེད་པ། །ཀུན་གྱིས་ལུས་འདི་བཏང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱིས་ཏེ། །ཆོས་ལ་གནས་གྱིས་ངེས་པར་སྤྱད་པ་སྤྱོད། །ཅེས་གསུངས། དམ་པའི་སྐྱེས་བུ་ལ་བསམས་ཀྱང་མི་རྟག་སྟེ། དེ་ཉིད་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་དང་། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པའམ་མི་རྟག་ན། །ལྦུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བའི། །རང་གི་ལུས་འདི་ངེས་པར་ཅིས་མི་འཇིག །འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་དང་། །དམ་ཆོས་མཛོད་ཀྱི་ཟླ་བའང་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། །རྟག་པ་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་གསུངས། སྐྱེ་དགུའི་བདག་པོ་ལ་བསམས་ཀྱང་མི་རྟག་སྟེ། ལུང་ལས། ཚངས་པ་བརྒྱ་བྱིན་དྲག་པོ་མིག་སྟོང་ཅན། །སྲེད་མེད་གྱུར་ཀྱང་མི་རྟག་ཕ་རོལ་འགྲོ། །ཉི་མ་ཟླ་བ་ཡུད་ཙམ་རོལ་བ་དང་། །ས་ཆེན་གླིང་བཞིའི་འཇིག་རྟེན་སྟོང་ལ་ལྟོས། །ཞེས་དང་། བསམ་གཏན་གྲུབ་པའི་ལྷ་དང་མིའམ་ཅི། །ལྷ་མིན་དྲང་སྲོང་དཀའ་ཐུབ་དཔལ་འབར་བ། །རྒྱུན་རིང་བསྐལ་པར་གནས་པའང་མི་རྟག་ན། །མི་རྟག་ལྟོས་མེད་ལྦུ་བ་རྡོས་འདྲའི་ལུས། །སོ་སོར་འཇིག་ཅིང་འབྲལ་བ་སྨོས་ཅི་དགོས། །ཞེས་གསུངས། དཔེ་དོན་སྣ་ཚོགས་ཚུལ་གང་ལ་བསམས་ཀྱང་མི་རྟག་སྟེ། ཆེད་དུ་བརྗོད་པའི་ཚོམ་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །བསླངས་པའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བར་འགྱུར། །ཞེས་དང་། ཨོ་རྒྱན་ཆེན་པོས། མདོར་ན་སྐྱེས་པའི་ཐ་མ་འཆི་བ་སྟེ། །འ གྲོགས་པའི་ཐ་མ་དེ་བཞིན་འབྲལ་བ་ཡིན། །བསགས་པ་འཛད་ཅིང་འབྱོར་པ་རྒུད་པའི་རྒྱུ། །ཞེས་གསུངས། དེའི་ཚུལ་དཔེ་ཡི་སྒོ་ནས་ཡིད་བཞིན་རིན་པོ་ཆེའ་ིམཛོད་དུ་རྒྱས་པར་གསུངས་པ། འདི་ལྟར་གླིང་བཞིའི་འབྱོར་པས་རྒྱན་པ་ཡི། །སྣོད་ཀྱི་འཇིག་རྟེན་མི་རྟག་འཇིག་པའི་དཔེས། །དབུ་བ་རྡོས་འདྲའི་ལུས་ཀྱང་ཤེས་པར་གྱིས། །ད་ལྟའི་ས་སྟེང་འགྲོ་བ་འདི་དག་ཀུན། །ལོ་བརྒྱའི་ནང་དུ་ངེས་པར་མེད་པར་གྱུར། །སྐྱེས་པ་ཐམས་ཅད་རིམ་བཞིན་འཆི་བས་ཀྱང་། །བདག་གི་ཚེ་འགྲོ་འཆི་བར་འགྱུར་བ་སོམས། །ཚོང་དུས་བཞི་མདོ་མགྲོན་ཁང་གནས་རྣམས་སུ། །ཕྱོགས་ཀྱི་སྐྱེ་བོ་འདུས་ཤིང་འགྱེས་པའི་དཔེས། །འདུས་པ་འབྲལ་ཞེས་སྙིང་ནས་ངེས་པར་བསམ། །ལོངས་སྤྱོད་འབྱོར་པ་ཕུན་ཚོགས་དང་ལྡན་པའི། །གྲོང་རྣམས་སྟོངས་ཤིང་མེད་པར་གྱུར་པའི་དཔེས། །བསགས་པ་འཛད་ཅེས་ནོར་རྣམས་གང་ལ་ཡང་། །མི་རྟག་སྙིང་པོ་མེད་པས་མ་ཆགས་བྱ། །མཐོ་རིས་གྲོང་གི་འབྱོར་པས་མངོན་མཐོ་བ། །ཤི་བའི་འོག་ཏུ་ངན་འགྲོ་ལྟུང་བའི་དཔེས། །འབྱོར་ཚེ་དྲེགས་པས་སྙེམས་པ་མེད་པར་མཛོད། །ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ཀྱང་། མི་རྟག་འཆི་བར་ངེས་ཀྱི་རྟག་འཛིན་སྤོངས། །གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་པས། །མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས། འཆི་བ་དགུ་ཕྲུགས་སུ་བསྒོམ་པ་དང་། མན་ངག་ཚིག་ལྔ་ལ་བརྟེན་ནས་བློ་སྦྱོང་བའོ། །དང་པོ་ལ་གསུམ། བདག་ངེས་པར་འཆི། ནམ་འཆི་ཆ་མེད་པར་འཆི། ཅིས་ཀྱང་མི་སྟོངས་པར་འཆི་བར་བསམ་པའོ། །དེ་ཡང་ངེས་པར་འཆི་བ་ལ་རྒྱུ་མཚན་གསུམ་སྟེ། སྔར་མ་ཤི་བར་ལུས་པ་མེད་པའི་ཕྱིར་དང་། ལུས་འདུས་བྱས་ཡིན་པའི་ཕྱིར་དང་། ཚེ་སྐད་ཅིག་གིས་འཛད་པའི་ཕྱིར་ངེས་པར་འཆི་བའོ། །དང་པོ་ནི། སྔར་མ་ཤི་བར་ལུས་པ་མེད་པས་རང་ཡང་ངེས་པར་འཆི་སྟེ། སློབ་དཔོན་རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས། དེ་ཡང་ཕྱོགས་གང་དུ་བྲོས་ཀྱང་འཆི་བ་ལས་མི་ཐར་ཏེ། དེ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པའི། །ས་དེར་འགྲོ་བར་མི་ནུས་སོ། །ཞེས་གསུངས། གནས་གང་དུ་བསྡད་ཀྱང་འཆི་བས་མི་ཚུགས་པ་མི་སྲིད་དེ། ཚོམ་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་ཀུན་གྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་གསུངས། གྲོགས་སུ་དང་འགྲོགས་ཀྱང་འཆི་བ་ལས་ཐར་མི་ནུས་ཏེ། ལུང་ལས། འདི་ན་མཐུ་ཆེན་གནས་མཐོ་བར། །གནས་པའི་ལྷ་ཚེ་རིང་པོ་ཡང་། །ཚེ་ཟད་ཉམ་པར་འགྱུར་བས་ན། །འཆི་ལས་དེ་རིང་སུ་ཞིག་ཐར། །དཔའ་བརྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང། །ལས་དང་བརྩོན་འགྲུས་བརྟུལ་ཕོད་དང། །འཁོར་ཚོགས་རྒྱ་ཆེ་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་པར་ནུས། །ཞེས་དང་། མཐུ་ཆེན་ནུས་དང་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་སེལ་སྒྲ་ང ན་སྐྱ་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལ་སྨན་དག་དང་། །རིགས་སྔགས་ཀུན་ལས་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་གསུངས། འཇིགས་པ་ཆེན་པོ་དེ་ཐོག་བབ་ཏུ་བྱུང་བའི་ཚེ་སུས་ཀྱང་བཟློག་པར་མི་ནུས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། རྒ་བས་ནི་དར་ལ་བབ་པ་འཇོམས་ཤིང་འོང་། ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་། རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། འཆི་བས་ནི་སྲོག་འཇོམས་ཤིང་འོང་། དེ་དག་ལས་ནི་མགྱོགས་པར་བྲོས་པའམ་སྟོབས་ཀྱིས་བཟློག་པའམ་ནོར་གྱིས་བཟློག་པའམ་རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་མ་ཡིན་ནོ། །ཞེས་གསུངས་ཤིང་། ཨོ་རྒྱན་ཆེན་པོས་ཀྱང་། གཅེས་དགུ་བཞག་ནས་འགྲོ་ལ་ཐུག་ཙ་ན། །འཆི་བ་མ་བཤོལ་ཚེ་ལ་གདན་འདྲེན་བྱུང་། །སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས། །མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ། །ཞེས་གསུངས་སོ། །གཉིས་པ་ནི། ལུས་འདུས་བྱས་ཡིན་པའི་ཕྱིར་ངེས་པར་འཆི་སྟེ་གང་འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན་ལ། འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། ཆེད་དུ་བརྗོད་པའི་ཚོམ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །ཞེས་དང་། གྲུབ་ཆེན་ཁྱུང་པོ་རྣལ་འབྱོར་པས། ཀྱེ་མ་འདུས་བྱས་མི་རྟག་སྟེ། །ནམ་མཁའི་སྤྲིན་བཞིན་འདུས་ཤིང་གྱེས། །བདེན་མེད་སྒྱུ་མའི་ཆོས་རྣམས་ལ། །བདེན་པར་བཟུང་བས་བསླུས་པ་ཡིན། །ཞེས་གསུངས། གསུམ་པ་ནི། ཚེ་ལ་བསྣོན་པ་མེད་ཅིང་དུས་སྐད་ཅིག་སྐད་ཅིག་གིས་མཛད་པའི་ཕྱིར་ན་ཡང་ངེས་པར་འཆི་སྟེ། །སྔ་མ་ལས། གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོ་འཇུག་པའི་མི། །དེ་ནི་བསྣོན་མེད་གོད་གྱུར་ཅིང་། །སོང་བ་ལས་ཀྱང་ལྡོག་པ་མེད། །ཅེས་གསུངས། དེ་ཡང་ཚེ་སྐད་ཅིག་མ་རེ་རེ་འདས་ཤིང་འཆི་བའི་ཕྱོགས་སུ་ཉེར་སོང་བ་ཡིན་ཏེ། དེ་ཉིད་དཔེས་སྒོ་ནས་བསྟན་པ། དཔེར་ན་སྐྱེས་བུ་རྩལ་ཆེན་གྱིས། །རྒྱུད་ལ་སྤྲིངས་ནས་མདའ་བསྐུལ་བ། །མི་སྡོད་བསྡིས་སར་མྱུར་དུ་ཕྱིན། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་རྩལ་པོ་ཆེས་མདའ་འཕང་བའི་དཔེས་བསྟན་པ་དང་། འདུས་པ་རིན་པོ་ཆེའི་ཏོག་ལས། གྲོགས་དག་ཚེ་འདི་མྱུར་འགྲོ་སྟེ། །རི་གཟར་ཆུ་དྲག་མགྱོགས་ལྟ་ན། །བྱིས་པའི་སྐྱེ་བོས་མི་ཤེས་ཏེ། །མི་མཁས་ལོངས་སྤྱོད་དྲེགས་པས་མྱོས། །ཞེས་རི་གཟར་གྱི་འབབ་ཆུའི་དཔེས་བསྟན་པ་དང་། ཚོམ་ལས། དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་འོང་བ། །གསོད་པའི་དྲུང་དུ་བསྙེན་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཞེས་གསོད་སར་ཁྲིད་པའི་བཙོན་གྱི་དཔེས་བསྟན་པ་དང་། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་གོད་པ་དང་བཅས་པས། །བདག་གི་ཚེ་ནི་མི་ རྟག་གོ །ཞེས་ལྟག་ཆུ་བཅད་པའི་ཞབས་རྡོལ་གྱི་རྫིང་གི་དཔེས་བསྟན་པ་སྟེ། མདོར་ན་སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོད་མིན་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མིན་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནམ་འཆི་ཆ་མེད་པའི་ཚུལ་གྱིས་འཆི་བ་ལ་རྒྱུ་མཚན་གསུམ་སྟེ། ཚེ་ལ་ངེས་པ་མེད་པའི་ཕྱིར་དང་། ལུས་ལ་སྙིང་པོ་མེད་པའི་ཕྱིར་དང་། འཆི་བའི་རྐྱེན་མང་བའི་ཕྱིར་ནམ་འཆི་ཆ་མེད་པའོ། །དེ་ལས་དང་པོ་ནི། སྒྲ་མི་སྙན་སོགས་གླིང་གཞན་ན་ཚེ་ཚད་ལ་ངེས་པ་ཡོད་ཀྱང་། འོ་སྐོལ་འཛམ་བུ་གླིང་པ་ལ་ངེས་བཟུང་མེད་དེ། མཛོད་ལས། འདི་ན་མ་ངེས་ཐ་མ་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་གསུངས། ཇི་ལྟར་ངེས་པ་མེད་ན། ཚོམ་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱིར་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབས་པའམ་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །དེ་བཞིན་ཁ་ཅིག་གོག་ཙམ་ན། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ན། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ལུས་ཅན་རྣམས་ནི་འཆི་བར་འགྱུར། །ཞེས་དང་། ཕྱིན་ཅི་ལོག་བཞི་སྤངས་པའི་གཏམ་ལས། བྱིས་པ་རྣམས་ལ་བརྩེ་མེད་རྒན་ལ་གུས་པར་གྱུར་པ་ཅུང་ཟད་མེད། །གཞོན་ནུ་མ་ལ་ངོར་ལྟ་ཕྲ་མོ་མེད་ཅིང་ཉམ་ཐག་རྣམས་ལ་བརྩེ་མེད་པས། །དེ་ལྟར་གཞུངས་ལུགས་མེད་པའི་འཆི་བདག་གང་ཡིན་དེ་ནི་བདག་ལ་ནི། །དུས་ལ་སྡོད་ཅེས་གཞོན་ལུས་ཤ་རྒྱས་སྲ་བར་ཁྱེད་ཡིད་མ་སེམས་ཤིག །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ལུས་འདི་ལ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་མ་གཏོགས་པའི་སྙིང་པོ་སྲ་མཁྲེགས་ཀྱི་དངོས་པོ་ཅུང་ཟད་ཀྱང་མེད་པས་མྱུར་དུ་འཇིག་ངེས་ཏེ། སྤྱོད་འཇུག་ལས། ཐོག་མར་པགས་པའི་རིམ་པ་འདི། །རང་གི་བློ་ཡིས་ཐ་དད་ཕྱེ། །ཤ་ཡང་རུས་པའི་དྲྭ་བ་ལས། །ཤེས་རབ་མཚོན་གྱིས་གུད་དུ་ཕྱེ། །རུས་པ་རྣམས་ཀྱང་ཕྱེ་བྱས་ནས། །རྐང་གི་བར་དུ་བལྟ་བྱ་ཞིང་། །འདི་ལ་སྙིང་པོ་ཅི་ཡོད་ཅེས། །བདག་ཉིད་ཀྱིས་ནི་བལྟ་བར་གྱིས། །ཞེས་དང་། རྟ་དབྱངས་ཀྱིས། ཅི་སྟེ་བདེ་གཤེགས་རྣམས་ཀྱིས་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། ཀླུ་སྒྲུབ་ཀྱིས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀུན། །ཐལ་བར་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། འཆི་བའི་རྐྱེན་མང་བས་འཆི་རྐྱེན་དུ་མ་གྱུར་པ་ཅུང་ཟད་ཀྱང་མེད་པས་མྱུར་དུ་འཆི་ངེས་ཏེ། མདོ་ལས། སྲོག་ནི་དགྲ་དུ་མས་བསྐོར་ཏེ། སྐད་ཅིག་རེ་རེས་ཉམ་པར་བྱེད་ཀྱི་འཕེལ་བར་བྱེད་པ་ནི་གང་ཡང་མེད་དོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་ཡང་འཆི་བའི་རྒྱུ་བྱེད་པས། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་སོ། །གསུམ་པ་ཅིས་ཀྱང་མི་སྟོངས་པར་འཆི་བ་ལ་རྒྱུ་མཚན་གསུམ་སྟེ། ཟས་ནོར་གྱིས་མི་སྟོངས་པ་དང་། གཉེན་བཤེས་ཀྱིས་མི་སྟོངས་པ་དང་། རང་གི་ལུས་ཀྱིས་མི་སྟོངས་པའོ། །དང་པོ་ནི། སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་གསུངས་ཏེ། ནོར་གྱིས་འཆི་བ་ལ་མི་སྟོངས་པར་མ་ཟད་འདི་ཕྱི་གཉིས་ཀར་གནོད་དེ། ཚེ་འདིར་ནོར་རྫས་ཀྱི་ཕྱིར་འཐབ་ཅིང་རྩོད་པ་དང་བསྲུང་བསྲེལ་གྱིས་སྡུག་བསྔལ་ཞིང་། ཕྱི་མ་ངན་སོང་དུ་འཕེན་པར་བྱེད་དེ། དེ་ཉིད་ལས། བསགས་དང་སྲུང་དང་བརླགས་པས་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་བྱ་སྟེ། །ནོར་ལ་ཆགས་པས་གཡེངས་པར་གྱུར་པ་དག །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་གསུངས། གཉིས་པ་ནི། རྒྱ་ཆེར་རོལ་པ་ལས། འདི་ནས་གཞན་དུ་འཆི་འཕོའི་དུས་བྱེད་ཚེ། །ཕོངས་ཤིང་སྡུག་པའི་སྐྱེ་བོ་རྣམས་དང་འབྲལ། །ཤི་ནས་ཕྱིར་མི་འོང་ཞིང་འཕྲད་མི་འགྱུར། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཆུ་རྒྱུན་འདྲ། །ཞེས་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། གང་དག་འཆི་བའི་དུས་བྱེད་ཚེ། །བུ་དག་སྐྱབས་སུ་མི་འགྱུར་ཞིང་། །ཕ་མ་མ་ཡིན་གཉེན་འདུན་མིན། །ཞེས་གསུངས། གཉེན་འདུན་གྱིས་འཆི་བ་ལ་མི་ཕན་པར་མ་ཟད། ཚེ་འདིར་དེ་དག་ཤི་ཡིས་དོགས་ན་ཡིས་དོགས་ཕམ་གྱིས་དོགས་པས་སྡུག་བསྔལ་ལ་ཕྱི་མ་ངན་སོང་གི་རྒྱུ་བྱེད་དེ། སྤྱོད་འཇུག་ལས། བདག་ནི་རྙེད་མང་བཀུར་སྟི་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །དེ་བས་རྣམ་པར་རྨོངས་པའི་ཡིད། །གང་དང་གང་ལ་ཆགས་གྱུར་པ། །དེ་དང་དེ་བསྡོང་སྟོང་འགྱུར་དུ། །སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་། །ཞེས་གསུངས། གསུམ་པ་ལ། ལུས་ཀྱི་ཡོན་ཏན་གྱིས་མི་སྟོངས་པ་ནི། མདོ་ལས། འཆི་བའི་དུས་ལ་བབ་པ་ན། །ལང་ཚོས་མ་ཡིན་སྟོབས་ཀྱིས་མིན། །ཞེས་གསུངས། དཔའ་ཞིང་ཤེད་ཆེ་ཡང་མི་བཟློག གཟེ་ཞིང་བང་མགྱོགས་ཀྱང་མི་ཐར། མཛངས་ཤིང་སྨྲ་མཁས་ཀྱང་མི་ཕན། དཔེ་ཉི་མ་རིའི་ཕག་ཏུ་འགྲོ་བ་ལ་སུས་ཀྱང་བཤོལ་འདེབས་པའམ་བཟུང་མི་ནུས་པ་དང་འདྲའོ། །ལུས་རང་གི་ངོ་བོས་མི་སྟོངས་པ་ནི། བཤེས་སྤྲིང་ལས། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འགྲུལ་ཞིང་། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེང་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་འཚལ་ལོ། །ཞེས་དང་། སྤྱོད་འཇུག་ལས། ལུས་ནི་ཐང་ཅིག་བརྙན་པོ་བཞིན། །ཞེས་གསུངས། དེ་ལྟར་ལུས་འདིས་མི་ཕན་པར་མ་ཟད་འདི་ཕྱི་གཉིས་ཀར་གནོད་དེ། ཚེ་འདིར་ཡང་ལུས་འདི་ན་མི་བཟོད། ཚ་མི་བཟོད། གྲང་མི་བཟོད། བཀྲེས་མི་བཟོད། སྐོམ་མི་བཟོད། རྒྱབ་ཀྱིས་དོགས། བསད་ཀྱིས་དོགས། བཅིངས་ཀྱིས་དོགས་པ་སོགས་ཀྱིས་སྡུག་བསྔལ་ཆེ་ལ། ཕྱི་མ་ལུས་འདིའི་ལན་གྱིས་ངན་སོང་དུ་བསྐྱུར་བ་ཡིན་ཏེ། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། ལུས་ནི་ཆུ་འགྲམ་ཤིང་བཞིན་གཡོ་ཞིང་འགུལ། །ཁང་རྙིང་ལྟ་བུར་བཅོས་ཀྱིས་བརྟེན་དགོས་པ། །ཆུ་ཀླུང་ལྟ་བུར་འཆི་བའི་རྒྱ་མཚོ་སྙེགས། །ལྦུ་བ་ཆུ་བུར་ཆུ་ཤིང་སྨིག་རྒྱུ་འདྲ། །དེ་ལྟར་བརྟགས་པས་ཉེས་མང་ལུས་འདི་ལ། །ལུས་ལ་བདག་འཛིན་སྲེད་ཞེན་ཀུན་ལྡོག་ཅིང་། །སྲོག་ཏུ་འདུན་པ་ལ་སོགས་ཀུན་དོར་ནས། །དེ་ལ་མི་ལྟ་ཕ་རོལ་ཕྱིན་རྫོགས་སྤྱོད། །ཅེས་གསུངས་སོ། །དེའི་ཕྱིར་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲས་ཀྱང་། ལྷ་གཅིག་ཇི་ལྟར་ཁྱེད་འབྱོར་ཀྱང་། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ང ན་ཐང་ལ་དགྲས་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་ཡིན། །ན་བཟའ་མ་མཆིས་བཤོས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་དཔུང་མངའ་ལགས་ཀྱང་། །གཟིགས་སུ་མ་མཆིས་གསན་མ་མཆིས། །གཅིག་ཙམ་ཉིད་ཀྱང་ཕྱི་ཐག་གིས། །རྗེས་སུ་འབྲང་བའང་མི་མངའ་འོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང་། །དེ་ཚེ་མེད་ན་གཞན་ཅི་སྨོས། །ཞེས་དང་། རྒྱལ་པོ་ཀ་ནི་ཀ་ཡི་སྤྲིང་ཡིག་ལས། དགེ་དང་སྡིག་པ་མ་གཏོགས་པར། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །ཅེས་གསུངས། དེའི་ཚེ་གཏན་དུ་ཕན་པ་ནི་དམ་པའི་ཆོས་ཉག་གཅིག་ཡིན་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན་དམ་པའི་ཆོས་ནི་གླིང་དང་གནས་དང་མགོན་དང་རྟེན་དུ་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །མདོར་ན་ཨ་རོའི་ཐེག་ཆེན་རྣལ་འབྱོར་ལས། བཅུད་ཀྱི་འཇིག་རྟེན་སེམས་ཅན་ཚེ་འདི་ཡང་། །ཉིན་ཞག་ལོ་ཟླ་རིམ་གྱིས་གཅོད་བྱས་པས། །ཉིན་ཞག་འདས་ཤིང་ཤི་ལ་ཕར་ཕར་ཉེ། །མི་འཆི་འདོད་ཀྱང་བདག་ལ་རང་དབང་མེད། །སྐྱེ་རྒ་ན་འཆི་རང་འཐག་རེས་མོས་འདྲ། །འཆི་བདག་བདུད་ནི་སོ་བྱ་ཉ་སྡོད་འདྲ། །འཆི་བའི་རྐྱེན་ནི་བསམ་གྱིས་མི་ཁྱབ་སྟེ། །འཆི་རྐྱེན་མ་སོང་དངོས་པོ་གང་ཡང་མེད། །ལུས་ནི་ཟས་ཀྱིས་གསོས་ཀྱང་བརྣང་ནས་འཆི། །འཇིག་རྟེན་འདི་ན་ཆེ་ཆུང་ཕྱུག་དབུལ་ཀུན། །འཆི་བདག་དབང་དུ་མི་འགྱུར་གང་ཡང་མེད། །སྔ་མ་ཤི་བའི་མི་རྣམས་ཀུན་གྱིས་ཀྱང་། །རྟག་ཏུ་རེ་ནས་བུ་དང་ནོར་བསགས་ཀྱང་། །བུ་ནོར་ཕྱིར་ལུས་བདག་ལ་ཕན་པ་མེད། །རང་ཉིད་དགེ་སྡིག་གཉིས་དང་འགྲོགས་ནས་འགྲོ། །ད་ལྟ་རང་རེ་གནས་པའི་རིང་འདི་ལ། །དགེ་བཤེས་གཉེན་འདུན་མཛའ་དང་མི་མཛའ་དང་། །ན་ཚོད་མཐུན་དང་རྒན་གཞོན་ཇི་སྙེད་གཅིག །ཤི་བ་མཐོང་ཞིང་ཐོས་པ་མ་ལགས་སམ། །ད་ལྟའི་ས་སྟེང་སེམས་ཅན་འདི་ཀུན་ཀྱང་། །ལོ་བརྒྱ་ཚུན་ཆོད་གཅིག་ཀྱང་མི་ལུས་པས། །དེ་བས་རང་རེའང་འཆི་བའི་ཆོས་ཅན་ཡིན། །དེང་འཆི་སང་འཆི་སུས་ཀྱང་མི་ཤེས་ཏེ། །ཚོད་འཛིན་པའམ་མི་འཇིགས་སྦྱིན་མེད་པས། །སོང་ཕོད་དེང་སོང་བདག་ནི་ཇི་ལྟར་འགྱུར། །འཆི་བའི་ཚེ་ན་ཕ་མ་བུ་ཚ་དང་། །ཕུ་ནུ་མཛའ་བཤེས་བྲན་ཁོལ་ནོར་རྣམས་ཀྱང་། །བདག་ཉིད་འཆི་བའི་ཚེ་ནི་འོང་མེད་པས། །སྡུག་བསྔལ་སྐལ་ལེན་འགའ་ཡང་མ་མཆིས་ཏེ། །བདག་ཉིད་དགེ་སྡིག་གཉིས་དང་ཆས་ཏེ་འགྲོ། །དེ་བས་སྐྱེ་བའང་བདག་ཉིད་གཅིག་པུར་སྐྱེ། མཐའ་མ་འཆི་བའང་བདག་ཉིད་གཅིག་པུར་འཆི། །སྐབས་ཅིག་ཚེ་འདིར་ལས་མཐུན་ཉེ་བཞི་རྣམས། །མགྲོན་པོ་གནས་མཐུན་ཙམ་སྟེ་སོ་སོར་འགྲོ། །འོ་ན་བུ་ ཚ་ཉེ་གཞིའི་ཅི་ལ་ཕན། །སྐད་ཅིག་ཙམ་ཡང་འབྲལ་བར་མི་ཕོད་པའི། །བུ་དང་ཆུང་མ་ཉེ་གཞི་རྩ་ལག་དང་། །ཡུལ་འཁོར་ནོར་ཕྱུགས་ལོངས་སྤྱོད་ཀུན་བོར་ནས། །དེ་རིང་སང་ནི་བདག་ཉིད་གཅིག་པུར་འགྲོ། །ཇི་ཙམ་སྡིག་དང་བསྡོས་ནས་ནོར་བསགས་ཀྱང་། །སྡིག་པའི་རྣམ་སྨིན་རྨོངས་པ་བདག་ཉིད་ཁུར། །བསགས་པའི་ནོར་ནི་ཁོང་ཅག་བུ་ཚས་ཁྱེར། །དེ་ཕྱིར་བསགས་པའི་ནོར་གྱིས་ཅི་ཞིག་ཕན། །བདག་ལ་ཤིན་ཏུ་ཕོངས་པའི་ལུས་འདི་ཡང་། །དེ་རིང་སང་ནི་རྫ་ཆག་བཞིན་དུ་འདོར། །ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་དང་འབྲལ། །དབང་མེད་བདག་ནི་གཅིག་པུར་འཁྱམས་ནས་ནི། །ལས་ཀྱི་དབང་གིས་གང་དུ་སྐྱེ་འགྱུར་ཨང་། །དེ་བས་ལུས་ཀྱི་ཕྱིར་ན་སྡིག་མི་བྱ། །ལུས་འདི་ས་སྟེང་འདྲ་སྟེ་ཆོག་མི་ཤེས། །མི་གཙང་ལས་བྱུང་མི་གཙང་ཕུང་པོ་ཡིན། །རྒ་ན་འཆི་སོགས་སྡུག་བསྔལ་ཀུན་གྱི་གནས། །ཤི་ནས་ལུས་བོར་ས་ཡི་ཕྱོགས་ཙམ་གཙོག །བྱ་དང་ཁྱི་སྤྱང་ལ་སོགས་ཀུན་གྱི་ཟས། །བསྙེན་བཀུར་འབད་ཀྱང་འཆི་བདག་སྲིན་པོས་འཕྲོག །མཁས་པས་སྨོད་ཅིང་བླུན་པོ་ཆགས་པའི་གནས། །དེ་བས་ལུས་ལ་མཁས་པ་སུ་ཞིག་ཆགས། །ལུས་ཀྱི་ཕྱིར་ནི་རང་ཡང་སྡིག་མི་བྱ། །འདི་ལ་གླ་རྔན་གོས་ཟས་བྱིན་ནས་ཀྱང་། །ཡུན་གྱི་ཕན་ཕྱིར་དགེ་བ་བྱེད་དུ་ཆུག །ཅེས་གསུངས་པ་བཞིན་བསྒོམ་པར་བྱའོ། །གཉིས་པ་མན་ངག་ལ་བརྟེན་ནས་བློ་སྦྱོང་བ་ལའང་དོན་ལྔ་ལས། དང་པོ་ནི། དང་པོ་མི་སྡོད་འགྱུར་བ་བསམ། །ཞེས་པ་སྟེ། དེ་ཡང་ཕྱི་ནམ་ཟླ་དུས་བཞིའི་འགྱུར་བ་དང་། ནང་དགྲ་གཉེན་བར་མའི་འགྱུར་ལྡོག གསང་བར་རང་རེའི་ཕུང་པོའི་རྒྱུན་འདི་ཡང་། དང་པོ་བུ་ཆུང་གི་དུས། དེ་ནས་རིམ་པ་བྱིས་པ་དར་ལ་བབ་པ་དང་། ད་ལྟའི་དུས་ཀྱི་བར་དང་སྐྱིད་སྡུག་གི་འགྱུར་བ་སོགས་འདི་དང་འདི་འདྲ་སྟེ་འཆི་བ་ལ་ཇེ་ཉེར་འགྲོ་བར་འདུག ཅིས་ཀྱང་མ་ཕན་སྙམ་དུ་རིག་པ་གཅུན་ལ་སྐྱོ་ལྷང་ལྷང་སྒོམ་སྟེ། ཐེག་ཆེན་རྣལ་འབྱོར་ལས། གཞན་ཡང་དབྱར་དྲོད་སྐྱེ་ལ་དགུན་གྲང་སྐམ། །ལོ་ལེགས་ལོ་ཉེས་ཐན་ཞོད་ངེས་པ་མེད། །ལོ་ཟླ་འདས་ཤིང་འཇིག་པའི་དུས་དང་ཉེ། །དེ་ལ་སོགས་ཏེ་མི་རྟག་དགོངས་ཏེ་གདའ། །ཞེས་དང་། མ་ཤི་བར་དུའང་ལུས་འདི་མི་རྟག་སྟེ། །ཁུར་ཞོ་བྱིས་པ་གཞོན་ནུ་ཉིད་དུ་འགྱུར། །དེ་ནས་དར་ལ་བབས་དང་དར་ཡོལ་དང་། །རྒས་པར་འགྱུར་ཏེ་ལུས་འདི་རྟག་ན་ནི། །གནས་སྐབས་དེ་སྙེད་གཅིག་ཏུ་ཅི་སྟེ་འགྱུར། །ཞེས་དང་། རྒྱལ་སྲས་རིན་པོ་ཆེས། འབྲལ་ཐབས་མེད་པའི་ཕ་སྤད་{ཕད}གསོད་རེས་བྱེད། །ལེགས་པར་བསྐྱངས་པའི་འཁོར་གྱིས་དཔོན་པོ་གསོད། །གཉེན་དང་མཛའ་བོས་བློ་ལྟོས་མི་ཐུབ་པས། །བློ་ལྟོས་དམ་པའི་ཆོས་ལ་གཏོད་པར་རིགས། །ཞེས་གསུངས། གཉིས་པ་ནི། གཞན་དག་ཤི་བ་མ ང་དུ་བསམ། །ཞེས་པ་སྟེ། རང་རེས་དྲན་ནས་ད་ལྟ་ཡན་ཆད་ལ། ཡུལ་འདི་ན་མི་འདི་འདྲ་ཞིག་ཡོད་པ་ཡང་ཤི་འདུག དེ་ན་དེ་འདྲ་ཞིག་ཡོད་པ་ཡང་ཤི་འདུག་སྙམ་དུ་རེ་རེ་ནས་ཞིབ་ཏུ་བགྲང་། རང་བས་རྒན་པ་ཡང་ཇི་ཙམ་ཤི་འདུག མཉམ་དང་གཞོན་པ་ཡང་ཇི་ཙམ་ཤི་འདུག་བསམས་ན། ད་ལྟའི་ཡོད་པ་བས་ཤི་བ་མང་། དེ་དག་ཀྱང་ཚེ་ཚད་ཐུབ་ནས་ཤི་བ་ཙམ་ཆེར་མི་འདུག ཕལ་ཆེར་དུས་མིན་པར་བར་མ་དོར་ཤི། བདག་ཀྱང་དེ་ལྟ་བུའི་ཆོས་ཉིད་ཡིན། དེ་ལྟ་བུའི་རང་བཞིན་ལས་མ་འདས། སྔར་དེ་དག་གི་གསེབ་ཏུ་མ་སོང་བ་ཁ་རྗེ་ཆེ། མ་ཤིའི་གོང་དུ་ཆོས་གཤའ་མ་ཞིག་མི་བྱེད་པའི་ཐབས་མི་འདུག་སྙམ་དུ་བསམ། གཞན་མི་དང་དུད་འགྲོ་ཤི་བ་ཐོས་སམ། མཐོང་ངམ། བྱིས་པ་ནས་རྒན་པོའི་བར་དུ་ལང་ཚོའི་འགྱུར་བ་མཐོང་ངམ། མ་ཤི་བ་ཉིད་ལ་ཡང་ཁ་དྲག་པོ་ཞན་པོར་སོང་བ་དང་། ཞན་པོ་དྲག་པོར་སོང་བ་དང་། ཕྱུག་པོ་སྤྲང་པོར་སོང་བ་སོགས་གང་མཐོང་གང་ཐོས་ཀྱང་མི་རྟག་པ་ལྷང་གིས་དྲན་ཏེ། བདག་གམ་བདག་གི་ཕྱོགས་དང་། བདག་གི་ལོངས་སྤྱོད་སོགས་ཀྱང་འདི་ལྟ་བུའི་རང་བཞིན་ཡིན། འདི་ལྟ་བུའི་ཆོས་ཉིད་ཡིན་སྙམ་དུ་བསམ་དགོས་ཏེ། ཀ་ནི་ཀའི་སྤྲིང་ཡིག་ལས། འཆི་བདག་བརྩེ་བ་མེད་པ་ཅན། །སྐྱེས་ཙམ་དོན་མེད་གསོད་གྱུར་པ། །གསོད་པ་མངོན་དུ་འོང་བཞིན་དུ། །མཁས་པ་སུ་ཞིག་བདག་སྐྱོང་བྱེད། །ཅེས་དང་། མི་རྟག་པའི་གཏམ་ལས། བདག་བཞིན་ཁྱོད་ཀྱང་འཆི་འགྱུར་ཞེས། །མི་རྟག་གདམས་ངག་འདི་འདྲ་ལ། །ཐེ་ཚོམ་ཡང་ནི་མི་འཚལ་བ། །ཀྱི་ཧུད་བདག་ནི་བྱོལ་སོང་བཞིན། །ཞེས་གསུངས། གསུམ་པ་ནི། འཆི་རྐྱེན་མང་པོ་ཡང་ཡང་བསམ། །ཞེས་པ་སྟེ། ཕྱིའི་རྐྱེན་མི་དང་དུད་འགྲོ་དང་གདོན་ལ་སོགས་པ་སེམ ས་ཅན་དུ་གཏོགས་པ་དང་། གཡང་ས་དང་མེ་ཆུ་ལ་སོགས་པ་སྣོད་དང་འབྱུང་བར་གཏོགས་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་མདོར་ན་འཆི་རྐྱེན་འདིས་མི་བྱེད་བྱ་བ་མེད། མི་འཆི་བ་འཚོ་བའི་རྐྱེན་དུ་འདོད་པ་ཟས་གོས་གནས་མལ་སྨན་ལ་སོགས་པ་ཡིན་ན། ཁ་ཟས་མ་འཕྲོད་པ་དང་། སྨན་མ་ཞུ་བ་ལ་སོགས་པ་འཚོ་བའི་རྐྱེན་དེ་ཀུན་ཀྱང་ནམ་ཞིག་ན་འཆི་རྐྱེན་བྱེད་པ་མང་བས། རང་གི་གདོང་དུ་བྱུང་བའི་དངོས་པོ་ཐམས་ཅད་ལ་འདི་ཀུན་གྱིས་ཀྱང་བདག་འཆི་བའི་རྐྱེན་ཇི་ལྟར་བྱེད་མི་ཤེས། ད་ལྟ་རང་ཡང་ཇི་ལྟར་འགྱུར་མི་ཤེས་སྙམ་དུ་བསྒོམས་ཏེ། ལུང་ལས། ཁ་ཅིག་ཟས་ཀྱིས་བརྣང་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨོས། །ཞེས་དང་། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་གང་ལོག་པ། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས། བཞི་པ་ནི། འཆི་ཁར་ཇི་ལྟར་འགྱུར་སྙམ་བསྒོམ། །ཞེས་པ་སྟེ། འཆི་བའི་ཚེ་མི་དགེ་བའི་སེམས་ཀྱིས་འཆི་ན་ནི་གནད་གཅོད་ལ་སོགས་པ་སྡུག་བསྔལ་འཇིགས་སུ་རུང་བ་ཡོད། འཆི་བ་དེ་འདོད་བཞིན་དུ་དགའ་བཞིན་དུ་ཡོང་བ་མིན། མི་འདོད་བཞིན་དུ་ཐོག་ཏུ་འབབ་པ་ཡིན། དགའ་བཞིན་སྐྱིད་བཞིན་དུ་འཆི་བ་མ་ཡིན། སྡུག་བསྔལ་ཤུགས་དྲག་པོ་དང་བཅས་ཏེ་འཆི་བ་ཡིན། འཇིག་རྟེན་ཕ་རོལ་ཆ་རྒྱུས་ཡོད་ནས་མ་ཡིན། ཆ་མེད་ཀྱི་ཡུལ་དུ་རྒྱུས་མེད་འཁྱམས་པ་ཡིན་ཨང་སྙམ་དུ་བསྒོམ་སྟེ། ཞི་བ་ལྷས། སྐྱེ་བོ་ཡན་ལག་བཅད་པའི་སར། །དེ་རིང་ཁྲིད་པའང་བྲེད་འགྱུར་ཏེ། །ཁ་སྐམ་མིག་རྩ་ངན་ལ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། །གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབ་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །ཞེས་དང་། ཁྱོད་ནི་ཉ་གསོན་འདྲེ་བ་ལྟར། །ཚེ་འདིར་འཇིགས་དང་ལྡན་གྱུར་ན། །སྡིག་ཅན་དམྱལ་བ་མི་བཟད་པའི། །སྡུག་བསྔལ་རྣམ་མྱོང་སྨོས་ཅི་དགོས། །ཞེས་དང་། ཕྱིན་ཅི་ལོག་བཞི་སྤངས་པའི་གཏམ་ལས། གཤིན་རྗེས་ཟིན་པར་གྱུར་ཚེ་ལོངས་སྤྱོད་ཀྱིས་མིན་བཤེས་པ་དག་གིས་མིན། །སྐྱེས་བུའི་རྩོལ་བས་བཟློག་མི་བྱེད་ན་སུ་ལ་སྐྱབས་སུ་ཇི་ལྟར་འགྲོ། །བསྟན་བཅོས་ཀློག་དང་བཅས་ཤིང་རིག་དང་བཟོ་ཡི་བྱ་བ་དང་བཅས་དང་། །ཡིད་རྟེན་གྲོགས་བཅས་སྡུག་པའི་ཆུང་མ་དང་བཅས་གམ་གནས་འཁོར་བཅས་པའི། །མི་རྣམས་འཆི་བདག་སྙིང་རྗེ་མེད་པས་ས་སྟེང་འདིར་ནི་འཁྱམས་གྱུར་པས། །མེད་པར་བྱེད་ན་ཀུན་གྱིས་ཅི་བྱ་མ་ཡེངས་དགེ་བ་ལེགས་པར་གྱིས། །ཞེས་དང་། རྒྱ་ཆེ་རོལ་པ་ལས། འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། །འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན། །ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་དང་། །རྩྭ་རྩེའི་འབྱུང་པོའི་ཚོགས་ལ་མེ་དང་མཚུངས། །འཆི་བས་དབང་ཡོད་བདག་ལ་དབང་མེད་བྱེད། །འཆི་བས་སྲོག་ཕྲོགས་ཆུ་བོས་ཤིང་འདེད་འདྲ། །མི་ནི་གཅིག་མིན་གྲོགས་མེད་གཅིག་པུར་འགྲོ། །རང་ལས་འབྲས་བུ་སྨིན་པས་རང་དབང་མེད། །ཅེས་གསུངས། ལྔ་པ་ནི། ཤི་ནས་ཇི་ལྟར་འགྱུར་བ་བསམ། །ཞེས་པ་སྟེ། བདག་ཤི་ཟིན་པའི་གནས་སྐབས་ན། ལུས་སེམས་གཉིས་ནི་བྱེ་བྲལ་དུ་སོང་། ལུས་འདི་ནི་ཡང་ན་ས་ལ་སྐུང་ནས་འབུ་སྲིན་གྱི་ཕུང་པོ་གཅིག་གམ། ཡང་ན་ཆུ་ལ་སྐྱུར་ནས་ཉ་སྲམ་གྱི་ཟས་གཅིག་གམ། མེ་ལ་བསྲེགས་ནས་རུས་པ་སྤར་གང་ངམ། རིའམ་ཐང་ལ་བསྐྱལ་ནས་བྱ་ཁྱིའི་ཁ་ནས་ཕར་ཡེ་རེ་རེ་བ་གཅིག་གམ་མཐར་ཞག་ཤས་ནས་ཤུལ་ཙམ་ཡང་མི་ལུས། ད་ལྟ་གཅེས་གཅེས་མོར་བྱས་པའི་ལུས་ཀྱི་ཐ་མ་ནི་དེ་འདྲ། སེམས་ནི་ལས་ཀྱི་ཁུར་ཐོགས་ནས་གར་སྐྱེ་ངེས་པ་མེད་པའི་གནས་སུ་འགྲོ་དགོས་ཤིང་བར་དོའི་སྣང་བ་སོགས་འཇིགས་སྐྲག་གི་ཚོར་བ་བཟོད་མེད་དུ་མྱོང་དགོས་ན། ད་ལྟ་ནས་ཆོས་མི་བྱེད་པའི་ཐབས་རང་འདུག་གམ་སྙམ་དུ་བསྒོམས་ཏེ། སྤྱོད་འཇུག་ལས། དཀའ་བ་མང་པོས་སྒྲུབ་པ་ཡི། །ཟས་དང་གོས་ཀྱིས་བསྐྱང་བའི་ལུས། །ཁྱོད་དང་མི་འགྲོགས་བྱ་ཁྱིས་ཟ། །ཡང་ན་འབར་བའི་མེ་ཡིས་འཚིག །ཡང་ན་ཆུ་ཡི་ནང་དུ་འདྲུལ། །ཡང་ན་ས་ཡི་དོང་དུ་སྦ། །ཞེས་དང་། ཐེག་ཆེན་རྣལ་འབྱོར་ལས། གཉེན་བཤེས་ཀྱིས་བསྐོར་ཆོ་ངེ་འདེབས་བྱེད་ཀྱང་། །དེ་ལ་ཉན་ལྟ་བསམ་པའི་ཡུལ་མེད་དེ། །གནད་གཅོད་པ་ནི་མཚོན་ཆས་གཏུབ་པ་སྙམ། །མཛའ་དང་མི་མཛའི་དོན་དུ་འདི་བྱས་པའི། །དགེ་སྡིག་ལས་ནི་རྨི་ལམ་ཡུལ་བཞིན་སྣང་། །གཤིན་རྗེའི་ཕོ་ཉ་ཤིན་ཏུ་འཇིགས་པས་བསྐོར། །བྲེད་ཤ་ཐོན་ནས་ཀུན་ཏུ་བལྟས་བྱས་ཀྱང་། །མགོན་སྐྱབས་བྱེད་པ་སུ་ཡང་མ་མཐོང་ནས། །ཤིན་ཏུ་འཇིགས་ཤིང་ཀུན་ཏུ་ཡི་མུག་སྟེ། །བདག་ཉིད་གར་འགྲོ་རྟོལ་མེད་བར་དོར་འབྱུང་། །བར་མ་དོར་ཡང་གཡང་དུ་ལྷུང་སྙམ་འཇིགས། །དེ་ནས་གཤིན་རྗེའི་ཕོ་ཉས་ཁྲིད་ནས་ནི། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་ཕྱིན། །ཚེ་འདིར་དགེ་དང་མི་དགེའི་ལས་བྱས་པ། །ལྷན་ཅིག་སྐྱེས་པའི་ལྷས་ནི་དགེ་བ་ཟློས། །ལྷན་ཅིག་སྐྱེས་པའི་འདྲེས་ནི་མི་དགེ་བརྗོད། །གལ་ཏེ་མི་དགེའི་ལས་ཀྱི་དབང་དག་གིས། །ངན་སོང་སྐྱེ་མཐོང་ཆོས་རྒྱལ་འདི་སྐད་ཟེར། །ཁྱོད་ཀྱིས་མི་ཡི་ལུས་ནི་ཐོབ་པའི་ཚེ། །ཐོས་ནས་སྡིག་པ་སྤང་རྒྱུ་མ་སྤངས་པས། །ཀྱེ་མ་ཧོ་འདི་འདྲའི་སྡུག་བསྔལ་མི་བཟད་མྱོང་། །རང་གི་ལས་བྱས་རང་ལ་རྣམ་པར་སྨིན། །ངས་ནི་འདི་ལ་ཅི་ཡང་མ་ཉེས་ཟེར། །ཞེས་གསུངས། འོ་ན་ཆོས་བྱས་པས་མི་འཆིའམ་ཞེ་ན་འཆི་མོད་ཀྱི་འཆི་ལུགས་མི་གཅིག་སྟེ། ཀུན་མཁྱེན་བླ་མས། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། །རྒྱ་མཚོ་དོན་ཀུན་གྲུབ་པའི་ཚོང་པ་དང་། །བསམ་གཏན་གྲུབ་པའི་དགའ་བས་ཆེས་ལྷག་གོ །ཞེས་གསུངས་པ་ལྟར་ཆོས་པ་རབ་དེ་འཆི་བ་ལ་བྲོད་པ་ཡིན། འབྲིང་དེ་ཡང་། མདོ་སྡེ་རྒྱན་ལས། དེ་ཡིས་ཆོས་ཀུན་སྒྱུ་མ་ལྟ་བུ་དང་། །སྐྱེ་བ་སྐྱེད་མོས་ཚལ་འགྲོ་ལྟར་རྟོགས་ནས། །འབྱོར་པའི་དུས་དང་རྒུད་པའི་དུས་ན་ཡང་། །ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད། །ཅེས་གསུངས་པ་ལྟར་མི་འཚེར་བ་ཡིན། ཐ་མ་ཡང་འགྱོད་པ་མེད་པ་འོང་སྟེ། འདུལ་བ་ལུང་ལས། ཚངས་སྤྱོད་ལེགས་པར་སྤྱོད་པ་དང་། །ལམ་ནི་ལེགས་པར་གོམས་པ་དག །འཆི་བའི་ཚེ་ན་མྱ་ངན་མེད། །འབར་བའི་ཁྱིམ་ནས་ཐལ་བ་བཞིན། །ཞེས་གསུངས། གཞན་ཀུན་གྱིས་ཀྱང་ཁོང་ལ་ཆོས་གཤའ་མ་དེ་འདྲ་བྱུང་སྐྱབས་སུ་མཆི་ཟེར་ཞིང་སྨོན་པའི་གནས་སུ་བྱེད། ཕྱི་མ་ལའང་བདེ་ནས་བདེ་བར་འགྲོ་བ་ཡིན། མི་ཆོས་མེད་དེ་འཆི་ཙ་ན། སྤྱོད་འཇུག་ལས། རང་སྡིག་དྲན་པས་གདུང་བ་དང་། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་གོས་གྱུར་ཅིང་། །རབ་ཏུ་མྱོས་ཚེ་ཅི་བྱར་ཡོད། །ཅེས་གསུངས་པ་ལྟར། འཆི་ཁར་ཡང་རང་ཉིད་འགྱོད་པ་དང་མྱ་ངན་མི་བཟད་པའི་མེས་གདུངས་ཤིང་གདོང་མཆི་མས་གང་། བྲང་སེན་རྗེས་ཀྱིས་གང་། གཅིན་སྐྱག་མལ་དུ་ཤོར། གཞན་དག་གིས་ཀྱང་ཡི་མུག་དང་སྨད་སྒྲ་དི་རེ་བའི་ངང་དུ་འཆི། ཕྱི་མ་ཕན་ཆོད་དུའང་ངན་སོང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མུ་མཐའ་མེད་པ་མྱོང་དགོས་པ་ཡིན། དེ་བས་ད་ལྟ་རང་དབང་ཡོད་དུས་ཉི་མ་དེ་རིང་ནས་ཕྱི་བཤོལ་དུ་མ་སོང་བར་ཆོས་རྣམ་དག་ཞིག་ཅིས་ཀྱང་སྒྲུབ་དགོས་ཏེ། དེ་ཉིད་ལས། བདག་ལ་མི་འཇིགས་སུ་ཡིས་བྱིན། །འདི་ལས་ཇི་ལྟར་ངེས་ཐར་འགྱུར། །གདོན་མི་ཟ་བར་མེད་འགྱུར་ན། །ཅི་ཕྱིར་འདི་ལྟར་བདེ་བར་འདུག །ཅེས་དང་། སྐྱེས་རབས་ལས། ལམ་རྣམས་ཐམས་ཅད་འཆི་བདག་ཉིད་ཀྱིས་བཀག །དོགས་པ་མེད་པ་རབ་ཏུ་དགའ་ཞིང་སྤྱོད། །འགྲོ་བ་འདི་ལྟ་བུར་ནི་གནས་པ་ལ། །སྐྱེ་བོ་འཇིགས་པ་མེད་པ་རེ་མཚར་ཀྱེ། །ཞེས་གསུངས། དེས་ན་དེང་སང་རང་རེ་རྣམས་ཀྱིས། ཚེ་སྟོད་ལ་ཚེ་འདིའི་འདུན་མ་བྱས། ཚེ་གཞུག་ལ་ཆོས་གཅིག་བྱ། ད་ལོ་ཆོས་རྒྱགས་བསྒྲུབས་ནས་སང་ཕོད་ཆོས་བྱ་སྙམ་མོད། མངོན་ཤེས་བཟང་པོའམ། ཡི་དམ་ལྷ་ཡི་ལུང་བསྟན་ཟོལ་མེད་འདྲ་ཐོབ་ན་མ་གཏོགས། དེའི་ཐོག་ཏུ་ཁེལ་བའི་ངེས་པ་མེད་དེ། འོ་སྐོལ་གྱི་ཚེ་ཕྱི་མ་དང་། སང་ཕོད་། ཟླ་བ་ཕྱི་མ། སང་ཉིན་རྣམས་གང་སྔ་མི་ཤེས་ཏེ། སྤྱོད་འཇུག་ལས། འདི་ནི་མ་བྱས་བརྩམ་པ་དང་། །འདི་ཕྱེད་བྱས་པར་གནས་པ་ལ། །གློ་བུར་འཆི་བདག་འོངས་ནས་ནི། །ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། །ཞེས་དང་། ཀ་ནི་ཀའི་སྤྲིང་ཡིག་ལས། འཆི་བདག་སུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་པས། །སང་དག་བྱ་ཞེས་མ་གཞེས་པར། །དམ་པའི་ཆོས་ལ་བསྣུར་ཏེ་མཛོད། །འདི་སང་དེང་འདི་མི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་ཞིག་ཁྱོད་ནི་མེད་འགྱུར་བའི། །སང་དེ་གདོན་མི་ཟ་བར་འོང་། །ཞེས་གསུངས། གལ་ཏེ་རྒས་རྒས་སུ་ཐུབ་ནའང་ད་ལྟ་ལུས་སེམས་དར་ལ་བབ་ཅིང་འགལ་རྐྱེན་མེད་དུས་མ་འབད་ན་རྒ་ཤིས་ཐུག་ཙ་ན་ཆོས་མི་ཡོང་སྟེ། ཤྲཱི་ཛ་ག་ཏ་མི་ཏྲས། ས་བདག་ཇི་ལྟར་གཡར་པོའི་ལུས། །ནད་མེད་རྒུད་མེད་དེར་གནས་པ། །དེ་ཉིད་ཚེ་ན་སྙིང་པོ་བླང་། །ན་འཆི་རྒུད་པས་འཇིགས་མེད་བགྱིད། །གང་ཚེ་ན་རྒས་རྒུད་སོགས་ན། །དྲན་ཡང་དེ་ཚོ་ཅི་བགྱིར་མཆི། །ཞེས་དང་། སྤྱོད་འཇུག་ལས། དེ་ཚེ་ལེ་ལོ་སྤངས་ཀྱང་ནི། །དུས་མ་ཡིན་པས་ཅི་ཞིག་བྱ། །ཞེས་གསུངས། ཅུང་ཟད་གསོན་པའི་གནས་སྐབས་དེར་ཡང་མི་ཚེའི་ཕྱེད་ནི་གཉིད་ཀྱིས་འདའ། ཕྱེད་ཙམ་པོ་དེ་ལའང་རྣམ་གཡེང་དང་བྲེ་མོའི་གཏམ་ལ་སོགས་པ་དོན་མེད་པའི་བྱ་བ་འབའ་ཞིག་གི་དུས་འདའ་བས་ཚེ་ཡོངས་སུ་གཏུག་པར་འགྱུར་ཏེ། སློབ་དཔོན་ཆེན་པོས། ཡུན་ཐུང་ཚེ་ཡི་ཕྱེད་ཙམ་གཏི་མུག་གཉིད། །ཕྱེད་ཀྱང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ། །སུམ་ཆ་གཅིག་ལའང་བར་ཆད་རྐྱེན་དབང་མང་། །དེ་ཕྱིར་འདུ་བྱེད་སྟོན་ཀའི་སྤྲིན་བཞིན་གཡོ། །ཞེས་དང་། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས། འདི་ན་མི་རྣམས་ཚེ་འདི་མཆོག་ཏུ་རིང་ཡང་ལོ་བརྒྱ་ཁོ་ནར་ཟད། །དེ་ལས་ཀྱང་ནི་དང་པོ་བྱིས་པ་ཐ་མ་རྒས་པས་དོན་མེད་བྱེད། །གཉིད་དང་ནད་སོགས་དག་གིས་དེ་དུས་མེད་པར་ཀུན་ནས་རེ་བ་འཇོམས། །བདེ་བར་གནས་པའི་མི་ནང་འགྲོ་བའི་ཚེ་ནི་ལྷག་མ་ཇི་ཙམ་ཡོད། །ཅེས་གསུངས། འཆད་ཁ་བའི་ཞལ་ནས་ཀྱང་། ལོ་དྲུག་ཅུ་ལ་གཉིད་དང་ན་ཚས་བཅད་པའི་ཤུལ་ན་ཆོས་སུ་འགྲོ་བ་ལོ་ལྔ་ཡང་མེད་གསུངས། དེས་ན་ཆོས་ཕྱི་ཤོལ་དུ་མ་སོང་བར་དེ་རིང་ཉིད་ནས་བརྩོན་འགྲུས་བསྐྱེད་དགོས་ཏེ། ཁ་རག་སྒོམ་ཆུང་གི་ཐོ་ཡིག་ལས། འཆི་བདག་བདུད་ནི་མི་སྡོད་ཚུར་ཚུར་འོང་། །དེར་ལས་ཐར་པའི་ཐབས་ནི་ཅི་ཡང་མེད། །ད་ལྟ་གཉིད་དང་ལེ་ལོའི་དབང་སོང་ན། །ཅི་འདྲའི་དུས་ཤིག་བདག་ལ་ནམ་འོང་ཨང་། །ཞེས་དང་། དམ་པས། ཡེངས་པའི་བར་ན་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་གསུངས། མདོར་ན་རྒྱལ་སྲས་རིན་པོ་ཆེས། མི་བཟད་སྐྱེ་བའི་བརྩོན་རར་ཆུད་གྱུར་ཅིང་། །ན་དང་རྒས་པའིི་ལྕགས་སྒྲོག་གིས་བཅིངས་ཏེ། །འཆི་བདག་མཚོན་ཆ་འཕྱར་བའི་དྲུང་གནས་ན། །ཚེ་འདིར་རྟག་ཏུ་སྡོད་སྙམ་ཁྱོད་སེམས་སམ། །འཁོར་བའི་རྒྱ་མཚོ་གཏིང་མཐའ་དཔག་ཡས་འདིར། །ལས་དང་ཉོན་མོངས་རླུང་ཤུགས་དྲག་པོས་བསྐྱོད། །འཇིགས་རུང་ངན་འགྲོའི་ཀློང་འཁྱིལ་ཁར་གནས་ན། །རྙེད་བཀུར་གྲགས་པ་སྒྲུབ་པ་ཁྱོད་དྲན་ནམ། །ལང་ཚོའི་ཉིན་བྱེད་ལོ་ཟླའི་ནུབ་རིས་བསྒྲིབས། །ལུས་ཀྱི་རི་ཀླུང་རྒ་བའི་གྲིབ་མས་ནོན། །འཆི་བའི་མུན་ནག་མྱུར་དུ་འབྱུང་ངེས་ན། །སོས་དལ་སྐྱིད་ཆོས་བྱེད་པར་ཁྱོད་ཁོམ་མམ། །མགོ་ལ་སྐྲ་དཀར་ལྕགས་ཀྱུ་རྣོན་པོས་བཏབ། །ལུས་ནི་གཉེར་མའི་ཞགས་པ་དམ་པོས་བཅིངས། །བརྩེ་མེད་འཆི་བདག་སྦར་མོར་ཆུད་གྱུར་ན། །བག་མེད་གཉིད་ཀྱིས་ལོག་པར་ཁྱོད་ཁོམ་མམ། །རྒྱབ་ནས་ལོ་ཟླ་མང་པོའི་དམག་གིས་དེད། །མདུན་དུ་ཐར་མེད་འཆི་བའི་གཡང་སར་ཐུག །གང་དུ་བལྟས་ཀྱང་འགྲོ་ས་མི་འདུག་ན། །དོན་མེད་ལོང་གཏམ་སྨྲ་བར་ཁྱོད་ཁོམ་མམ། །ཤིན་ཏུ་ཉམ་ཆུང་ཆུ་བུར་ལྟ་བུའི་ལུས། །སྣ་ཚོགས་རྐྱེན་ངན་རླུང་གིས་རབ་བསྐྱོད་ནས། །སྐད་ཅིག་གནས་པའི་གདེང་ཡང་མི་འདུག་ན། །ཆོས་མིན་ཡིད་ལ་སེམས་པའི་ལོང་འདུག་གམ། །དེ་རིང་ཙམ་ཡང་མི་འཆིའི་གདེང་མེད་ཅིང་། །ཤི་ནས་གར་སྐྱེ་རང་དབང་མེད་བཞིན་དུ། །དོན་མེད་ཚེ་འདིའི་བྱ་བ་ལྷུར་བླངས་ན། །རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ། །ནོར་ལྡན་ལག་སྟོང་སྒྲེན་མོར་འགྲོ་འགྱུར་ཞིང་། །ཁ་དྲག་ཅན་ལ་ཡུད་ཙམ་བསྡད་དབང་མེད། །འཁོར་མང་ནང་ནས་གྲོགས་མེད་གཅིག་པུར་འགྲོ། །དེ་དུས་ཆོས་མིན་ཕན་པ་ཅི་འདུག་སོམས། །ཁྱོད་ཀྱིས་སྔོན་ཆད་ཚེ་འདིའི་འདུན་མ་སྒྲུབ། །ཡེངས་པའི་ལམ་ལ་མི་ཚེ་སྟོང་ཟད་བྱས། །ད་དུང་རྣམ་གཡེང་ལེ་ལོ་མ་སྤངས་ན། །འཆི་ཁར་འགྱོད་ཀྱང་འཕྱིས་པར་མི་འགྱུར་རམ། །གཞན་གྱིས་འཚེ་མེད་རང་སེམས་སོ་ན་གནས། །གསུང་རབ་བསྟན་བཅོས་མན་ངག་དྲན་དུས་འདིར། །ཆགས་སྡང་འཁྲུལ་རྟོག་གཞོམ་ཕྱིར་མ་འབད་ན། །བར་དོའི་འཁྲུལ་སྣང་ཤར་ཚེ་ཅི་འགྱུར་སོམས། །གདུལ་རྒྱུའི་དགྲ་མེད་བསྐྱང་རྒྱུའི་གཉེན་མེད་ཅིང་། །ཕར་ལྟོས་དཔོན་མེད་ཚུར་ལྟོས་གཡོག་མེད་པའི། །དབེན་པའི་གནས་འདིར་རང་སེམས་མ་འདུལ་ན། །ཁྱོད་ལ་བྱ་རྒྱུ་ཅི་འདུག་མ་ཎི་བ། །ཞེས་གསུངས་པ་བཞིན་ལེགས་པར་བསམས་ནས་དོན་མེད་འཇིག་རྟེན་ཚེ་འདིའི་བྱ་བ་ཐམས་ཅད་ལིང་གིས་བོར་ཏེ་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ཏེ། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་པོ་སྟོང་པ་ལ་གཏད་དེ་འཆི་དུས་ཕན་པའི་ཆོས་ཤིག་ཉི་མ་དེ་རིང་ནས་ཅི་འགྲུབ་བསྒྲུབ་པར་བྱ་བ་གལ་ཆེ་སྟེ། ཨོ་རྒྱན་ཆེན་པོས། སྙིང་ཐག་པ་ནས་ཆོས་བྱེད་ན། ཕ་ཡུལ་མ་སྤངས་ན་ང་རྒྱལ་གྱི་བདུད་མི་ཆོམས། ཁྱིམ་གྱི་བྱ་བ་མ་བཏང་ན་ཆོས་བྱ་བའི་སྐབས་མི་རྙེད། དད་པ་སྐྱེས་པའི་ཚེ་ན་ཆོས་ལ་མ་ཕྱིན་ན་ལས་ལ་ཟིན་པ་མི་འོང་། རང་ལ་དད་པ་མེད་པར་མི་གཞན་ལ་སྙད་མ་འདོགས། རང་གི་ཡོ་བྱད་རླུང་ལ་མ་བསྐུར་ན་མི་ཆོས་ལ་ཁོ་ཐག་མི་ཆོད། གཉེན་འབྲེལ་དང་རྒྱང་མ་བསྲིངས་ན་ཆགས་སྡང་རྒྱུན་མི་ཆོད། དུས་ད་རེས་ཆོས་མ་བྱས་ན་ཕྱིས་གང་དུ་སྐྱེ་ཆ་མེད། རང་ལ་རྫུན་མི་བྱེད་ན་ཞེ་འདོད་ཆོད་ལ་དམ་པའི་ཆོས་ཀྱིས། གཉེན་འདུན་བུད་མེད་ཡོ་བྱད་ཐམས་ཅད་དོར་ནས་འགྲོ་དགོས་པ་ལ། ད་ལྟ་དོར་ན་དོན་ཆེན་དུ་འགྲོ་བ་ཡིན། རང་ལ་མི་སྟོངས་ངེས་པའི་སྲིད་མ་བསྐྱངས་པར་དགོས་ངེས་པའི་དགེ་བ་སྐྱོངས། དགོས་སམ་མི་དགོས་མ་ངེས་པའི་སང་ཕོད་ཀྱི་བཙས་མ་བྱེད་པར། དགོས་པར་ངེས་པའི་དགེ་སྦྱོར་གྱིས་ཤིག་གསུངས། ཁ་རག་སྒོམ་ཆུང་གི་ཞལ་ནས། ཚེ་འདིའི་ལྟོ་གོས་ཇི་ལྟར་བྱས་ཀྱང་ཕྱིད། །ཤི་ནས་འབྲས་བུ་བྱང་ཆུབ་བཙལ་ཐབས་མེད། །དགྲ་གཉེན་སྡེ་རིས་ཀུན་ལ་མ་ཆགས་པར། །བསོད་ནམས་ཆེན་པོ་འཕྲལ་དུ་བསགས་པ་གཅེས། །ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་མེད། །དེ་བས་དམ་པའི་དགོངས་པ་ལོངས་མཛོད་ལ། །འདུ་འཛི་སྤངས་པའི་དགོན་པར་ཞི་གནས་བརྟེན། །བསེ་རུ་ལྟ་བུར་གཅིག་པུར་གནས་པར་བྱ། །ཞེས་དང་། རྗེ་མི་ལས། ང་ན་བ་གཉེན་གྱིས་མ་ཚོར་ཞིང་། །ཤི་བ་དགྲ་ཡིས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་དང་། དམ་པས། ཕོ་མོ་མདོ་དོན་ཆེ་ཆུང་ད་རེས་ཤེས། །ཚེ་ལ་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས། སྔོན་ཇོ་བོ་འདའ་ཁར་རྣལ་འབྱོར་པས། ཇོ་བོ་གཤེགས་པའི་འོག་ཏུ་བདག་གིས་སྒོམ་བྱེད་པར་ཞུ་ཞུས་པས། སྒོམ་ཀྱང་ཆོས་སུ་འགྲོ་ཡེ་གསུངས། འོ་ན་འཆད་པར་ཞུས་པས་ཀྱང་སྔར་བཞིན་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། ཁྱེད་ཐམས་ཅད་ཀྱིས་སྟོན་པ་ལ་བརྟེན་ལ་ཚེ་བློས་ཐོངས་གསུངས། བཙུན་པ་གཅིག་གིས་རྭ་སྒྲེང་ལ་ཕྱི་སྐོར་བྱེད་པ་དང་། དགེ་བཤེས་སྟོན་པ་དང་མཇལ་ནས། སྟོན་པའི་ཞལ་ནས། ཇོ་བོ་སྐོར་བ་བྱེད་པའང་གློ་བ་དགའ་སྟེ། དེ་བས་རང་ཆོས་ཤིག་བྱས་ན་མི་འཐད་དམ་གསུངས། ཁོས་བསམ་པ་ལ་དེ་བས་ཕྱག་བྱས་པ་དོན་ཆེ་བ་ཡིན་ནམ་སྙམ་ནས་ཕྱག་བྱས་པ་ཀྱང་སྔར་བཞིན་གསུངས། དེ་བཞིན་གསུང་རབ་བཀླག་པ་དང་། བསྒོམས་བྱས་པས་ཀྱང་སྔར་ལྟར་གསུངས། འོ་ན་ཇི་ལྟར་བགྱི་ཞུས་པས། ཚེ་འདི་ནི་བློས་ཐོངས་ལན་གསུམ་གསུངས་སྐད། མི་རྟག་པ་གཤའ་མ་གཅིག་སྐྱེས་ན་ཚེ་འདིའི་ཁོ་ཐག་ཆོད་པ་གཅིག་འོང་སྟེ། གྲུབ་ཐོབ་ཀུན་ལྡན་རས་པ་ཞིང་ལ་ཆུ་འཆུ་འགྲོ་བ་ལ་ཆོས་བྲོས་ལ་བྱོན་པ་དང་། ཚེ་བློས་བཏང་གི་བློ་སྣ་སྐྱེས་པ་ཙམ་གྱིས་ཀྱང་ལས་ངན་མང་པོ་འཛད་དེ། རྗེ་བཙུན་གྲགས་རྒྱལ་གྱི་སློབ་མ་ཁ་རག་པ་མོད་ལ་སྙུན་མཛེ་ལས་གྲོལ་བ་སོགས་ཀྱི་ལོ་རྒྱུས་མང་ངོ། །གཉིས་པ་དེ་ལྟར་བསྒོམས་པའི་ཕན་ཡོན་ནི། འདུལ་བ་ལུང་ལས། དགེ་སློང་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་ལས། འདུས་བྱས་མི་རྟག་པར་སེམས་པའི་སྐད་ཅིག་མ་མཆོག་ཏུ་གསུངས་པ་དང་། མྱང་འདས་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཐོག་རྙེད་པ་ཉིད་མཆོག རྗེས་རྣམས་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་མཆོག འདུ་ཤེས་རྣམས་ཀྱི་ནང་ནས་མི་རྟག་པ་དང་འཆི་བའི་འདུ་ཤེས་མཆོག་གོ །འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་ཟློག་པར་བྱེད་དོ། །ཞེས་པ་དང་། དྲན་པ་ཉེར་བཞག་ལས། གང་འདིར་འཆི་བ་འབྱུང་བ་ནི། །དྲན་པའི་མཆོག་ཏུ་རབ་ཏུ་བསྔགས། །དེ་བསྟེན་པ་ནི་ཞི་བའི་མཆོག །རྙོགས་དང་བྲལ་བར་འགྲོ་བ་ཡིན། །འཆི་བདག་འཇིགས་པ་དྲན་པ་ནི། །སྐྱོན་ལ་ཇི་ལྟར་ཡིད་རྒྱུག་འགྱུར། །སྐྱོན་མེད་པས་ཀྱང་དྲི་མ་རྣམས། །ཐམས་ཅད་རྟག་ཏུ་ཞི་བར་འགྱུར། །བག་ཡོད་གོ་འཕང་བདེ་མཆོག་ཏུ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །གང་ཡང་འཆི་བདག་རྟག་དྲན་དང་། མི་དགེ་རྣམས་ཀྱང་སྤོང་བར་གྱིས། །ཞེས་དང་། བཞི་བརྒྱ་པ་ལས། བདག་ནི་འཆིའོ་སྙམ་སེམས་པ། །གང་ལ་ངེས་པ་ཡོད་གྱུར་པ། །དེས་ནི་འཇིགས་པ་ཡོངས་བཏང་ཕྱིར། །འཆི་བདག་ལ་ཡང་ག་ལ་འཇིགས། །ཞེས་གསུངས། དགེ་བཤེས་པུ་ཏོ་བའི་ཞལ་ནས། ངའི་མི་རྟག་པ་བསྒོམ་པའི་གདམས་ངག་འདི་ལ་གཞན་གྱིས་ངན་ཤོས་སུ་བྱེད་དེ་ངན་ན་ཡང་ངན་འདི་རང་བློ་ལ་སྐྱེས་པར་མཛོད་དང་དེས་ཆོག དབུ་མའི་སྣང་སེལ་གྱི་སྣང་བ་སེལ་ལམ་མི་སེལ་ཆ་མེད། ངའི་ཆོས་མི་རྟག་པ་སྒོམ་པའི་གདམས་ངག་འདི་བློ་ལ་སྐྱེ་ན་ཚེ་འདིའི་སྣང་བ་སེལ་ངེས་ཏེ། འདི་སྐྱེས་ན་ཆོས་མིན་ཅི་ཡང་བྱེད་དུ་མི་ཁོམ་པ་གཅིག་ཡོང་། དེའི་རྗེས་ནས་སངས་རྒྱས་ཀྱི་བསྟན་པ་མཐའ་དག་སྤུངས་པ་བཞིན་དུ་འོང་། དཔེར་ན་ཁལ་མ་གཡོ་ཅན་ཅིག་ཡོད་ཀྱང་། བདག་པོས་ལྕག་ཚ་མོས་གཞུས་ན། དེ་མི་འགྲོ་བའི་དབང་མེད་པར་འགྲོ། འགྲོ་བ་དེ་ཡང་མགྱོགས་པར་འགྲོ། དེ་ཡང་ཕྱིར་མི་ལྡོག་པར་འགྲོ་བ་ཡིན། དེ་བཞིན་དུ་མི་རྟག་པ་འདི་རྒྱུན་དུ་གོམས་ན། བློ་ཆོས་ལ་མི་འགྲོ་བ་ཡང་འགྲོ། འགྲོ་བ་དེ་གོང་ནས་གོང་དུ་འགྲོ། དེ་ཡང་ཕྱིར་མི་ལྡོག་པར་འགྲོ་བ་ཡིན་གསུངས་ཡང་དེའི་ཞལ་ནས། མི་རྟག་པ་སྐྱེས་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་བྱེད། མཐའ་མར་ཆོས་ཉིད་རྟོགས་པའི་གྲོགས་བྱེད། ཡང་དང་པོར་ཆོས་ཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། མཐའ་མ་མཐར་ཕྱིིན་པའི་གྲོགས་བྱེད། ཡང་དང་པོ་ཚེ་འདི་ལ་བློ་ལྡོག་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་བློ་ལྡོག་པའི་རྐྱེན་བྱེད། མཐའ་མར་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད་གསུངས། དགེ་བཤེས་ཕག་མོ་གྲུབ་པའི་ཞལ་ནས་ཀྱང་། དབང་པོ་རབ་འབྲིང་རྒྱུད་ཚོད་མཐོ་དམན་གང་ཡིན་ཀྱང་རུང་། ལམ་གང་ཉམས་སུ་ལེན་ཀྱང་དུས་རྟག་ཏུ་མི་རྟག་པ་སྒོམ་པ་འདི་གལ་ཆེ་སྟེ། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་བསྒྲུབ་པ་ཉམས་སུ་ལེན་པའི་ལྕག་བྱེད། ཐ་མ་འོད་གསལ་ཆོས་སྐུ་ཐོབ་པར་བྱེད་པས་ཤིན་ཏུ་གལ་ཆེ་གསུངས། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམས་བསྒོམས་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ནས་ཐལ། །ཞེས་གསུངས། མདོར་ན་མཉམ་མེད་དྭགས་པོ་ལྷ་རྗེས། འདུས་བྱས་ཐམས་ཅད་མི་རྟག་པར་གོ་ན་ཚེ་འདི་ལ་མངོན་ཞེན་ལྡོག་པ་ཡིན། གཞན་ཡང་དད་པའི་གསོས་འདེབས། བརྩོན་འགྲུས་ཀྱི་གྲོགས་བྱེད། ཆགས་སྡང་དང་མྱུར་དུ་བྲལ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་རྟོགས་རྐྱེན་བྱེད་པ་ཡིན་ནོ། །ཞེས་གསུངས། འབྱོངས་པའི་ཚད་ཡེར་བའི་ཞང་བཙུན། བྲག་རྒྱབ་ཀྱི་གཉན་སྟོན། ཁ་རག་སྒོམ་ཆུང་ལྟ་བུ་ཡིན་ཏེ་ཞང་བཙུན་ལ་སྙུན་བག་ཙམ་རེ་བྱུང་ན་སྙད་འདོགས་ད་རེས་རང་ཆ་ཆ་གསུངས་ནས་ཀ་ཅ་ཕྲ་མོ་ཚུན་ཆ ད་གཞན་ལ་བསྔོས་ནས་ང་མ་ཤི་བར་ང་ལ་གཡར་དུ་ཐོངས་ཤིག ཤི་ནས་ཁྱེད་བསྣམས་གསུངས་ནས་ཞག་རེ་ཡང་མི་བཞུགས་པ་ལྟ་བུའི་སྤྱོད་པ་དུས་རྒྱུན་མཛད། བྲག་རྒྱབ་པ་ལ་ཉེ་གནས་ཀྱིས་དབྱར་ཤིང་གྲབ་བྱེད་ར ན་གདའ་ཞུ ས་པས། དབྱར་སྡོད་མི་སྡོད་ཆ་མེད་པའི་ཤིང་བུའི་གྲབ་ཀྱིས་ཅི་བྱེད། སྡོད་ན་ཚུར་སྟོན་ཅིང་འོང་གིས་གསུངས་ནས་བཞུགས་རྩིས་ཡེ་མི་མཛད། ཁ་རག་སྒོམ་ཆུང་ཁ་རག་གི་བྲག་ཁུང་ན་བཞུགས་ཙ་ན། བྲག་ཁུང་གི་སྒོ་ན་ཚེར་{སེ}ཕུང་ཞིག་ཡོད་པ་ལ། ཡར་འགྲོ་མར་འགྲོ་ནམ་བྱེད་ལ་ན་བཟའ་ཐོགས་པས། གཅད་དགོས་དགོངས་པར་རེ་བྱུང་ཙ་ན་དེ་མ་ཐག་མི་རྟག་པ་ཐུར་ཐུར་དྲན་ནས། འདི་བཅད་པས་ཅི་བྱེད་ཕྱིར་ནང་དུ་འགྲོ་འོང་བྱེད་པའི་ངེས་པ་མེད་སྙམ་ནས་སྐུ་ཚེ་དེར་གཅོད་རྒྱུ་མ་བྱུང་བར་གསུངས་སོ། །གསུམ་པ་ལས་འབྲས་སྨིན་ཚུལ་བསམ་པ་ནི། རྒྱལ་པོ་གསལ་རྒྱལ་ལ་གདམས་པ་ལས། དུས་ཀྱིས་བསྙེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་དང་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་རང་གི་བྱས་ཤིང་བསགས་པའི་ལས་ནི་ཤི་ནས་ཀྱང་མེད་དུ་མི་འགྲོ་བར་རྗེས་སུ་འབྲངས་ཏེ་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བར་གསུངས་པས། སྡིག་པ་ཐམས་ཅད་སྤངས་ཤིང་། དགེ་བ་ཐམས་ཅད་ཅི་ནུས་སུ་བསྒྲུབ་པར་བྱའོ་སྙམ་དུ་བསྒོམ་དགོས་ཏེ། རྒྱལ་སྲས་ཞི་བ་ལྷས། དགེ་བའི་ཕྱོགས་རྣམས་ཐམས་ཅད་ཀྱིས། །རྩ་བ་མོས་པར་ཐུབ་པས་གསུངས། །དེ་ཡི་རྩ་བ་རྟག་ཏུ་ནི། །རྣམ་སྨིན་འབྲས་བུ་བསྒོམ་པས་སོ། །ཞེས་གསུངས། དེ་ཡང་རྒྱུ་དགེ་བ་ཁོ་ན་བྱས་ན་འབྲས་བུ་བདེ་བ་འབའ་ཞིག་འབྱུང་ལ། རྒྱུ་སྡིག་པ་ཁོ་ན་སྤྱད་ན་འབྲས་བུ་སྡུག་བསྔལ་ཁོ་ན་འབྱུང་ཞིང་། རྒྱུ་དགེ་སྡིག་སྤེལ་མར་སྤྱད་ན་འབྲས་བུ་བདེ་སྡུག་སྤེལ་མར་འབྱུང་སྟེ། སྤྱོད་འཇུག་ལས། ཡིད་ལ་བསམ་པ་དགེ་བྱས་པས། །གང་དང་གང་དུ་འགྲོ་གྱུར་བ། །དེ་དང་དེར་ནི་བསོད་ནམས་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་དང་། སྡིག་པ་སྤྱད་པ་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་འགྱུར་པ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །ཞེས་དང་། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་གསུངས། འདི་ལ་དབྱེ་ན་གསུམ། སྤང་བྱ་མི་དགེ་བ་བཅུ་བསམ་པ། བླང་བྱ་དགེ་བ་བཅུ་བསམ་པ། ལས་ཀྱི་ཁྱད་པར་གཞན་བསམ་པའོ། །དང་པོ་ནི། ངོ་བོ་དུག་གསུམ་གྱི་ཀུན་ནས་བསླངས་པའི་ལས་ཀྱི་ཁྱད་པར་གང་ཞིག རྣམ་པ་དངོས་དང་བརྒྱུད་ནས་རང་འབྲས་སྡུག་བསྔལ་འབའ་ཞིག་བསྐྱེད་པར་བྱེད་པའི་ལས་ཅན་ཏེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས། དེ་ལས་ཆེ་ལོང་ཙམ་བསྡུས་ན་རྣམ་པ་བཅུ་སྟེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་གསུངས། དེ་ལས་མི་དགེ་བ་བཅུ་ནི། སློབ་དཔོན་རྟ་དབྱངས་ཀྱིས། ལུས་ཀྱི་དབྱེ་བ་རྣམ་པ་གསུམ། །ངག་གི་དབྱེ་བ་རྣམ་པ་བཞི། །ཡིད་ཀྱི་རབ་ཏུ་དབྱེ་བ་གསུམ། །མི་དགེ་བཅུ་རུ་དེ་དག་འདོད། །ཅེས་གསུངས་ཏེ། དེ་ལ་ལུས་ཀྱི་ལས་གསུམ་གྱི་དང་པོ་སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་བསམ་བཞིན་དུ་གསད་བྱ་མ་ནོར་བར་བསད་ལ། གསད་བྱ་དེ་མ་ཤི་བར་དུ་གསོད་སེམས་རྒྱུ ན་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པ་འཕྲོག་པའམ་བརྐུས་པ་སོགས་ཇི་ལྟར་ཡིན་ཡང་རུང་། རང་གིས་ཐོབ་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། རིགས་དང་ཆོས་ཀྱིས་བསྲུང་བ་སོགས་ཡུལ་མ་ཡིན་པ་དང་། སྦྲུམ་མ་དང་བསྙེན་གནས་ལ་གནས་པ་སོགས་དུས་མ་ཡིན་པ་དང་། མཁན་སློབ་དང་རྟེན་གྱི་དྲུང་སོགས་གནས་མ་ཡིན་པ་དང་། ཁ་དང་བཤང་ལམ་སོགས་བསྒྲོད་བྱ་མ་ཡིན་པ་སྟེ། དེ་བཞི་ནི་ཁྱིམ་པའི་དབང་དུ་བྱས་པ་ཡིན་ལ། རབ་ཏུ་བྱུང་བ་ལ་ནི་མི་ཚངས་པར་སྤྱོད་པ་འཁོར་དང་བཅས་པའོ། །ངག་གི་བཞི་ལས་རྫུན་དུ་སྨྲ་བ་ནི། འདུ་ཤེས་བསྒྱུར་ནས་ཤེས་བཞིན་དུ་མི་བདེན་པར་སྨྲས་ལ་སྨྲ་བའི་ཡུལ་མིའི་འགྲོ་བར་ངེས་པ་དེས་གོ་བ་ནའོ། །ཕྲ་མ་ནི། མི་མཐུན་པ་མེད་པའི་འགྲོ་བ་གཉིས་འཁོན་པར་བྱ་བའི་ཕྱིར་དུ་དཀྲུགས་ཚིག་སྨྲས་ཤིང་ཕ་རོལ་གྱིས་གོ་བ་ནའོ། །ཚིག་རྩུབ་ནི། དངོས་སུ་ཐོས་པར་དེའི་སྐྱོན་བརྗོད་པ་སོགས་ཞེ་ལ་ཕོག་པའི་ཚིག་སྨྲས་ཤིང་དེས་གོ་བའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པ་གཞན་ཉོན་མོངས་ཅན་གྱི་ཚིག་ཐམས་ཅད་དེ་ཁ་གསགས་དང་གཞོག་སློང་དང་གླུ་དང་ཟློས་གར་དང་དམག་གི་གཏམ་དང་སྨད་འཚོང་དང་ཆང་འཚོང་གི་གཏམ་སོགས་དང་། ལྟ་བ་ལོག་པའི་ཆོས་གཏམ་ལ་སོགས་པའོ། །ཡིད་ཀྱི་ལས་གསུམ་ལ་བརྣབ་སེམས་ནི། གཞན་གྱི་ནོར་དང་བུད་མེད་སོགས་རང་གི་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་དང་སྡུག་བསྔལ་འབྱུང་བར་གྱུར་ཅིག་པའི་བསམ་པ་གཏིང་ཚུགས་པའོ། །ལོག་ལྟ་ནི། ལས་འབྲས་དང་། ཚེ་སྔ་ཕྱི། དཀོན་མཆོག་སོགས་མེད་པར་འཛིན་པ་དམ་པོར་འཆང་བ་སྟེ་དེ་ལྟར་བཅུ་པོ་དངོས་དང་། དེའི་ཕྱོགས་སུ་གཏོགས་པ་ཐམས་ཅད་ཀྱང་སྤང་བར་བྱ་བའི་ཕྱོགས་སོ། །དེ་དག་ཀུན་སློང་ནི། དཔེར་ན་སྲོག་གཅོད་པ་ལ་མཚོན་ན། ཤ་དང་པགས་པ་སོགས་ཀྱི་ཕྱིར་རམ། བདག་གམ་མཛའ་བོ་བསྐྱང་བའི་ཕྱིར་གསོད་པ་ལྟ་བུ་འདོད་ཆགས་དང་། འཁོན་ཞུགས་པའམ་འགྲན་ཟླ་ལྟ་བུ་གསོད་པ་ཞེ་སྡང་དང་། མཆོད་སྦྱིན་སོགས་ཀྱི་ཆེད་དུ་གསོད་པ་གཏི་མུག་གིས་ཏེ། དེས་འགྲེས་དུག་གསུམ་གང་རུང་གིས་བསྐྱེད་ལ། མཐར་གང་གིས་རྫོགས་ན། མཛོད་ལས། གསོད་དང་གནོད་སེམས་ཚིག་རྩུབ་དག །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བ རྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་མཐར་ཕྱིན་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་ལྷག་མ་རྣམས་དུག་གསུམ་ཅི་རིགས་ཀྱིས་རྫོགས་པར་གསུངས་སོ། །དེའི་ནང་ནས་ཀྱང་། འཕགས་པ་དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། འོད་སྲུང་ཕ་ཡང་ཡིན་ལ་རང་སངས་རྒྱས་ཀྱང་ཡིན་པ་གསོད་པ་འདི་ནི་སྲོག་གཅོད་པའི་ནང་ནས་མ་རུངས་པའོ། །དེ་བཞིན་དུ་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་འདི་ནི་མ་བྱིན་པ་ལེན་པའི་ནང་ན་དང་། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་ཉལ་པོ་བྱས་པ་འདི་ནི་འདོད་པས་ལོག་པར་གཡེམ་པའི་དང་། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་འདི་ནི་རྫུན་དུ་སྨྲ་བའི་དང་། དགེ་འདུན་གྱི་དབྱེན་བྱེད་པ་འདི་ནི་ཕྲ་མའི་དང་། འཕགས་པ་རྣམས་ལ་མི་སྙན་པར་བརྗོད་པ་ནི་ངག་རྩུབ་མོ་རྣམས་ཀྱི་དང་། ཆོས་ཐོས་པར་འདོད་པ་རྣམས་རྣམ་པར་གཡེང་བར་འདོད་པ་འདི་ནི་ཚིག་འཁྱལ་བའི་དང་། ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ཀྱི་རྙེད་པ་འཕྲོག་པར་སེམས་པ་འདི་ནི་བརྣབ་སེམས་ཀྱི་དང་། མཚམས་མེད་པ་བྱེད་པར་འདོད་པ་ནི་གནོད་སེམས་ཀྱི་དང་། ལྟ་བ་མཆོག་ཏུ་འཛིན་པ་འདི་ནི་ལོག་པར་ལྟ་བའི་ནང་ནས་མ་རུངས་པ་ཡིན་ནོ། །ཞེས་གསུངས། གཞན་ཡང་ཡུལ་ལ་ལྟོས་ནས་སྟོབས་ཆེ་བ། ཕ་དང་། མ་དང་། དགྲ་བཅོམ་པ་བཀྲོངས་པ་གསུམ་དང་། འཁོར་ལོའི་དབྱེན་དང་། ཁྲག་འབྱིན་ཏེ་མཚམས་མེད་པ་ལྔ་དང་། མཆོད་རྟེན་བཤིག་པ། བྱང་སེམས་ངེས་གནས་བཀྲོངས་བ། དགྲ་བཅོམ་མའི་ལུས་བསླད་པ། འཕགས་པ་སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ་དེ་དང་ཉེ་བ་ལྔ། མཁས་པའི་གྲལ་གོང་། དགེ་སློང་གི་ཕྱག སྒྲུབ་པོའི་ཟས། སྔགས་པའི་རྫས་ཏེ་ལོག་པའི་ལྕི་བ་བཞི་དང་། མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་ཁྲིམས་ཉམས་པ། བྱང་སེམས་ཀྱི་བསླབ་བྱ་ཉམས་པ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་སྟེ་ཉམས་པའི་ལྕི་བ་བཞི་དང་། གཏི་མུག་གིས་སྟོན་པའི་སྐུ་ལ་སྨད་པ། ང་རྒྱལ་གྱིས་མཁས་པའི་ཡོན་ཏན་ལ་སྨོད་པ། ཕྲག་དོག་གིས་བདེན་པའི་ཚིག་ལ་སྨོད་པ། ཕྱོགས་རིས་ཀྱིས་ཆོས་ལ་དགག་སྒྲུབ་བགྱིས་པ་སྟེ་སྨད་པའི་ལྕི་བ་བཞི་དང་། མཚམས་མེད་ལྔའི་ནང་ནས་ཁྲག་འབྱིན་པ་དང་། མི་དགེ་བཅུའི་ནང་ནས་ལོག་ལྟ་དང་། མཉམ་པའི་ཆོས་ལ་ཁྱད་གསོད་དང་། རང་བཞིན་མེད་པ་ལ་གལ་འཛུགས་པ་སྟེ་སྐུར་བའི་ལྕི་བ་བཞི་བཅས་བཞི་ཚན་བཞི་དང་། དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་དང་། ཡི་དམ་དང་། མཆེད་ལྕམ་སྤངས་པ། དཀྱིལ་འཁོར་གཉེན་པོ་འདྲལ་བ་སྟེ་ལོག་པ་བརྒྱད་ལ་སོགས་ཏེ་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཇི་སྙེད་པ་ཐམས་ཅད་དེ། དེ་དག་ཀྱང་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་སྩལ་བ་དང་། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བར་བྱས་ནའང་དེའི་རྣམ་སྨིན་གྱི་འབྲས་བུ་མཉམ་དུ་འཐོབ་སྟེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཏེ། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས། འདི་ནི་དགེ་སྡིག་གང་ལ་ཡང་འདྲའོ། །གོང་དུ་སྨོས་པའི་མི་དགེ་བ་བཅུ་པོ་དེ་དག་རེ་རེ་ལ་ཡང་། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། དབང་གི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་སྟེ་བཞི་རེ་ཡོད་དེ། རྣམ་སྨིན་ནི། འཕགས་པ་སྡོང་པོ་བཀོད་པ་ལས། སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་འཁྲིད་དོ། །བྱོལ་སོང་གི་སྐྱེ་གནས་སུ་འཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་འཁྲིད་དོ། །ཞེས་སོགས་གཞན་དགུ་ལའང་བསྒྲེས་ཏེ་གསུངས་པ་བཞིན་ངན་སོང་གསུམ་སྟེ་དེ་ཡང་ཀུན་སློང་གི་སྒོ་ནས་བཞག་ན། ཞེ་སྡང་ལ་བརྟེན་པ་རྣམས་ཀྱིས་དམྱལ་བ། འདོད་ཆགས་ལ་བརྟེན་པ་རྣམས་ཀྱིས་ཡི་དྭགས། གཏི་མུག་ལ་བརྟེན་པ་རྣམས་ཀྱིས་དུད་འགྲོར་སྐྱེ་བ་དང་། ལས་སྟོབས་ཆེ་ཆུང་གིས་བཞག་ན། ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་བས་དུད་འགྲོའི་སྐྱེ་གནས་སུ་འཁྲིད་པར་བྱེད་དོ། །རྒྱུ་མཐུན་གྱི་འབྲས་བུ་ལས། བྱེད་པ་རྒྱུ་མཐུན་ནི། ལས་བརྒྱ་པ་ལས། དེ་མི་དགེ་བ་ཀུན་ཏུ་སྤྱོད་པ་ལ་གོམས་ཤིང་འདྲིས་པར་བྱས་པས་ཕྱིར་ཡང་མི་དགེ་བ་ལ་བརྟེན། མི་དགེ་བ་ལ་སྤྱོད། མི་དགེ་བ་ལ་རྗེས་སུ་འཇུག་པ་ཉིད་དུ་སྐྱེ་སྟེ་ཞེས་གསུངས། མྱོང་བ་རྒྱུ་མཐུན་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྲོག་བཅད་པས་ནི་ཚེ་ཐུང་ནད་མང་ཞིང་། །མ་བྱིན་ལེན་པས་དབུལ་ཞིང་ཕོངས་པར་འགྱུར། །ལོག་པར་གཡེམ་པས་ཁྱིམ་ཐབ་དགྲ་ཟླར་བཅས། །རྫུན་དུ་སྨྲས་པས་སྐུར་བ་མང་འགྱུར་ཞིང་། །ཕྲ་མས་བཤེས་འབྲལ་ཕན་ཚུན་མི་མཐུན་འགྱུར། །རྩུབ་མོས་མི་སྙན་འཁྱལ་བས་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་མི་འགྲུབ་ཅིང་། །གནོད་སེམས་འཇིགས་བཅས་ལོག་ལྟས་ལྟ་ངན་ཉིད། །ཅེས་གསུངས། བདག་འབྲས་སམ་དབང་གི་འབྲས་བུ་ནི་ཡུལ་ལ་སྨིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། དབང་གི་འབྲས་བུ་ཡུལ་དང་རྟེན་ཅིང་འབྲེལ། །སྲོག་གཅོད་སྡིག་ཏོའི་ཁུར་གྱིས་ནོན་པ་དེ། །ས་ཕྱོགས་བག་ཆུང་སྨན་ཤིང་མེ་ཏོག་ཉུང་། །ལོ་འབྲས་བཟའ་བཏུང་མཐུ་ཉམས་འཇུ་དཀའ་ཞིང་། །སྲོག་ལ་ཡ་ངའི་གནས་སུ་ཕྱིན་པར་འགྱུར། །མ་བྱིན་བླང་བས་མྱུ་གུ་འཇོམས་པ་སླ། །བཟའ་ཤིང་ཡོད་ཀྱང་འབྲས་བུས་རྣམ་པར་སྨད། །སད་ཀྱིས་གདུང་ཞིང་སེར་བས་རྣམ་པར་འཐག །མུ་གེའི་སྡུག་བསྔལ་སྙིང་ལ་འཕོ་བར་སྐྱེ། །ལོག་པར་གཡེམ་པས་བཤང་གཅི{གཤང་ལྕི}འི་འདམ་རྫབ་ཁྲོད། །དྲི་ངའི་ཚོར་བ་རྩུབ་མོའི་དབུགས་མི་ཕྱིན། །མི་གཙང་ལྗན་ལྗིན་དོག་ཅིང་ཉམས་མི་དགའི། །ཡུལ་དུ་སྐྱེ་བའི་འཁྲི་ཤིང་དབང་མེད་འཇུག །རྫུན་གྱིས་འབྱོར་བ་གཡོ་ཞིང་ཡུལ་མི་མཐུན། །གཞན་གྱིས་བསླུ་དང་འཇིགས་པའི་སྟབས་ཀྱིས་སྐྲག །ཕྲ་མས་ས་ཕྱོགས་ངམ་གྲོག་གཅོང་རོང་ཅན། །བགྲོད་དཀའ་མཐོ་དམན་ཅན་གྱི་ཡུལ་ལ་གནས། །བརྗོད་པ་རྩུབ་མོས་རྡོ་གསེག་ཚེར་མ་ཅན། །སྡོང་ལྡུམ་འབྲས་ངན་རྩུབ་དང་ཉམས་མི་བདེ། །ཚ་སྒོ་ཅན་དང་རྡུལ་མང་ཉལ་ཉིལ་ཁྲོད། །ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་། །དཔྱིད་ཀས་སོ་ནམ་ངལ་བ་འབྲས་མེད་ཅིང། །དུས་ཀྱི་རྗེས་སུ་མི་འགྲོ་མི་བརྟན་འགྱུར། །བརྣབ་སེམས་སྦུན་དང་འབྲས་བུ་གོ་ལྡོག་ཅིང་། །གནས་དུས་གདུག་པས་སྐབས་བཙལ་མཐོང་བར་སྐྱེ། །གནོད་སེམས་སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ཞིང་། །ཆོམ་རྐུན་སྦྲུལ་གདུག་མི་རྒོད་གཅན་གཟན་རྩུབ། །ལོ་ཏོག་འབྲས་བུའི་རོ་ཡང་ཚ་ཞིང་ཁ། །རང་བཞིན་གནོད་པས་བཀབ་པའི་ཡུལ་དུ་སྐྱེ། །ལོག་ལྟས་རིན་པོ་ཆེ་སོགས་ཕུན་ཚོགས་ཀྱི། །འབྱོར་པས་ཀུན་ནས་སྤོང་ཞིང་སྨན་ཤིང་ཉུང་། མེ་ཏོག་འབྲས་བུ་དག་ཀྱང་མཐུ་ཆུང་ལ། །སྐྱབས་དང་སྐྱོབ་པ་དཔུང་གཉེན་མེད་པར་སྐྱེ། །ཞེས་གསུངས། སྐྱེས་བུ་བྱེད་པའི་འབྲས་བུ་ནི། དྲན་པ་ཉེར་བཞག་ཆུང་ངུ་ལས། སྐྱེས་བུ་གཏི་མུག་ཅན་སྡིག་པ་བྱེད་པ་དེ་དག་ནི། ཡང་ཕྱིར་ཞིང་སྡིག་པ་འཕེལ་བས་རབ་ཏུ་སྡུག་བསྔལ་བར་འགྱུར་རོ། །ཞེས་གསུངས་ཏེ། འགྱོད་པ་དང་གཉེན་པོས་མ་ཟིན་ན་ཆེས་མང་དུ་འཕེལ་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་སྲོག་ལ་བབས་ཀྱང་ཉེས་སྤྱོད་སྡིག་པའི་ལས་བྱེད་རེ་ཤི་སྙམ་དུ་བསྒོམ་དགོས་ཏེ། སྒོ་གསུམ་གྱི་ཉེས་པར་སྤྱོད་པ་ཅུང་ཟད་རེས་ཀྱང་འཇིག་རྟེན་ཕྱི་མར་སྡུག་བསྔལ་མི་བཟད་པར་མྱོང་བ་ནི། དཔེར་ན། དགེ་འདུན་བཞུགས་པའི་རྩིག་ངོས་དང་ཀ་བ་ལ་ངར་སྣབ་བསྐུས་པ་དང་། གཙུག་ལག་ཁང་གི་ཕྱགས་མས་རང་གི་ཕྱག་དར་བྱས་པ་ཙམ་གྱིས་ཀྱང་། རྩིག་པ་ལྟ་བུ་དང་། ཀ་བ་ལྟ་བུ་དང་། ཕྱགས་མ་ལྟ་བུའི་དམྱལ་བར་སྐྱེས་པར་གསུངས་པ་དང་། དགེ་སློང་མ་གཅིག་གིས་རང་གི་གྲོགས་མོ་རྣམས་ལ་ཁྱི་མོ་ཁྱེད་ཚོ་བྱས་པས་སྐྱེ་བ་ལྔ་བརྒྱར་ཁྱི་མོར་སྐྱེས་པ་དང་། བྱང་ཆུབ་སེམས་དཔའ་ལ་ངན་སེམས་སྐད་ཅིག་མ་གཅིག་སྐྱེས་ནའང་བར་གྱི་བསྐལ་པ་གཅིག་ཏུ་དམྱལ་བར་གནས་པར་གསུངས་པ་ལྟ་བུ་སྟེ། དེས་ན་ཆེད་དུ་བརྗོད་པའི་ཚོམ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། །ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་དང་། མཛངས་བླུན་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་མདག་ཆུང་ངུ་དག་གིས་ཀྱང་། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད་། །ཅེས་གསུངས། དེས་ན་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོས་གཉེན་པོ་དགེ་བའི་ལས་ལ་འབད་པ་གལ་ཆེ་ཞིང་། དེ་ཡང་དུས་མྱུར་བ་ཉིད་དུ་ཉི་མ་དེ་རིང་ནས་བཟུང་སྟེ་འབད་པར་བྱ་སྟེ། རྒྱལ་སྲས་ཞི་བ་ལྷས། ཉོན་མོངས་རྒྱ་བས་བཤོར་ནས་ནི། །སྐྱེ་བའི་རྒྱར་ནི་ཆུད་གྱུར་ནས། །འཆི་བདག་ཁར་ནི་སོང་གྱུར་པ། །ཅི་སྟེ་ད་དུང་མི་ཤེས་སམ། །རང་སྡེ་རིམ་གྱིས་གསོད་པ་ཡང་། །ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། །འོན་ཀྱང་གཉིད་ལ་བརྟེན་པ་གང་། །གདོལ་པ་དང་ནི་མ་ཧེ་བཞིན། །ལམ་ནི་ཀུན་ནས་བཀག་ནས་སུ། །འཆི་བདག་གིས་ནི་བལྟས་བཞིན་དུ། །ཇི་ལྟར་ཁྱོད་ནི་ཟ་དགའ་ཞིང་། །འདི་ལྟར་གཉིད་ལོག་ཇི་ལྟར་དགའ། །མྱུར་བ་ཉིད་དུ་འཆི་འགྱུར་བས། །ཇི་སྲིད་དུ་ནི་ཚོགས་བསགས་བྱ། །དེ་ཚེ་ལེ་ལོ་སྤངས་ཀྱང་ནིི། །དུས་མ་ཡིན་པས་ཅི་ཞིག་བྱ། །འདི་ནི་མ་བྱས་བརྩམས་པ་དང་། །འདི་ཕྱེད་བྱས་པར་གནས་པ་ལ། གློ་བུར་འཆི་བདག་འོངས་ནས་ནི། །ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། །མྱ་ངན་ཤུགས་ཀྱིས་སྐྲང་བ་ཡི། །མིག་དམར་གདོང་ལ་མཆི་མ་འཛག །ཉེ་དུ་རེ་ཐག་ཆད་པ་དང་། །གཤིན་རྗེའི་ཕོ་ཉའི་བཞིན་ལ་ལྟ། །རང་སྡིག་དྲན་པས་གདུང་བ་དང། །དམྱལ་བའི་སྒྲ་ནི་ཐོས་པ་ཡི། །སྐྲག་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། །ཁྱོད་ནི་ཉ་གསོན་འགྲེ་བ་ལྟའི། །ཚེ་འདིར་འཇིགས་དང་ལྡན་གྱུར་ན། །སྡིག་བྱས་དམྱལ་བ་མི་བཟད་པའི། །སྡུག་བསྔལ་རྣམས་ནི་སྨོས་ཅི་དགོས། །ཆུ་ཚན་གྱིས་ནི་རེག་པ་ན། །གཞོན་ཤ་ཅན་ལ་རབ་ཚ་བའི། །དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདི་ལྟར་བདེ་བར་གནས། །ཞེས་དང་། །མི་དགེ་བ་ལས་སྡུག་བསྔལ་འབྱུང་། །དེ་ལས་ཇི་ལྟར་ངེས་ཐར་ཞེས། །ཉིན་མཚན་རྟག་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་བླང་བྱ་དགེ་བ་ལ་བསམ་པ་ནི། ངོ་བོ་དུག་གསུམ་མེད་པའི་སེམས་ཀྱིས་ཀུན་ནས་བསླངས་པའི་ལས་གང་ཞིག བྱེད་ལས་དངོས་དང་བརྒྱུད་ནས་རང་འབྲས་ཕན་པ་དང་བདེ་བ་འབའ་ཞིག་བསྐྱེད་པར་བྱེད་པ་སྟེ། རིན་ཆེན་ཕྲེང་བ་ལས། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་དང། ཨོ་རྒྱན་ཆེན་པོས། གང་ལེགས་པར་སྤྱད་པས་དངོས་སམ་བརྒྱུད་ནས་བདེ་བ་བསྐྱེད་པ་ནི་དགེ་བའོ། །ཞེས་གསུངས། དེ་ལ་ཇོ་བོས་མཛད་པའི་ལས་རྣམ་འབྱེད་ལས། མངོན་པར་མཐོ་བ་མཐོ་རིས་ལྷ་དང་མི། །ཐོབ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་ཡིན། །ཞེས་གསུངས་ཏེ། དེ་ཡང་རྣམ་སྣང་མངོན་བྱང་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེད་དུ་བསམ་ནས་སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ། །དབྱུག་པ་སྤངས་ཤིང་འཁོན་དུ་འཛིན་པ་སྤང་བར་བྱའོ། །ཞེས་སོགས་རྒྱ་ཆེེར་གསུངས་པ་ཇོ་བོས་ལས་རྣམ་འབྱེད་དུ་དྲང་བ་བཞིན། གོང་དུ་སྨོས་པའི་མི་དགེ་བ་བཅུ་པོ་དངོས་དང་དེའི་ཕྱོགས་གཏོགས་བཅས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་སྡོམ་པའི་ངོ་བོར་གྱུར་པ་སྟེ། ཞི་བ་ལྷས། སྤོང་པའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས། དེའི་སྟེང་དུ་དགེ་བ་ཆོས་སྡུད་ཀྱི་དབང་དུ་བྱས་ན། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ནས། དབྱེ་ན་མི་དགེ་བཅུ་ལས་ལོག་པའི་དགེ་བ་སྟེ། སྲོག་འདོན་བྱ་བ་དང་། སྦྱིན་པ་རྒྱ་ཆེན་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། བདེན་པར་སྨྲ་བ་དང་། འཐབ་པ་རྣམས་སྡུམ་པ་དང་། ཞི་ཞིང་དུལ་བར་སྨྲ་བ་དང་། གསོང་པོར་སྨྲ་བ་དང་། སེམས་ཅན་རྣམས་ལ་བྱམས་པར་བྱ་བ་དང་། ཆགས་པ་མེད་པར་བྱ་བ་དང་། ལས་འབྲས་དང་ཡང་དག་པའི་དོན་ལ་ཐེ་ཚོམ་དང་བྲལ་བར་བྱའོ། །དེ་དག་རྒྱུད་ལ་གནས་པར་བྱེད་པའི་གྲོགས་ལ་བཅུ་སྟེ། ཡང་དག་པའི་ཆོས་ལ་དད་པ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་པ་དང་། རྒྱན་པོ་མི་འགྱེད་པ་དང་། རྩོད་པ་མེད་པ་དང་། ཁྲོམ་འདུས་པ་ལ་མི་ལྟ་བ་དང་། རྟག་ཏུ་བག་ཡོད་པར་སྤྱད་པ་དང་། ལེ་ལོ་མེད་པ་དང་། སྡིག་པའི་གྲོགས་དང་མི་འགྲོགས་པ་དང་། ལུས་ངག་ཡིད་གསུམ་ཤིན་ཏུ་སྦྱངས་པ་དང། ཁྱད་པར་དུ་འཕགས་པའི་ཡིད་བྱེད་ལ་དམིགས་པའི་སྐྱེ་མཆེད་མུ་བཞི་བསྒོམ་པའོ། །ཞེས་སྤང་བྱ་སྤོང་ཚུལ་དང་བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་བཅུར་གསུངས་པ་དང་། གཞན་ཡང་བསླབ་བྱ་སློབ་ཚུལ་ལ་ལྟོས་ནས། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་ཆོས་སྤྱོད་བཅུར་གསུངས་པ་དང་། བཤེས་སྤྲིང་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོར་མཛོད། །ཅེས་གསུངས་པ་བཞིན། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུའི་བདག་ཉིད་དེ་ལེགས་སྤྱད་གཞི་དང་བཅས་པའོ། །དེ་ལས་དགེ་བ་བཅུའི་འབྲས་བུ་ནི་སྔར་ལྟར་བཞི་ལས། རྣམ་སྨིན་གྱི་འབྲས་བུ་ནི་ཐབས་ཤེས་ཁྱད་པར་ཅན་དང་བསམ་གཟུགས་ཀྱི་ཏིང་ངེ་འཛིན་གང་དང་ཡང་མ་འབྲེལ་ན་འདོད་པའི་ལྷ་མི་དང་། བསམ་གཟུགས་ཏིང་འཛིན་ཙམ་དང་འབྲེལ་ན་ཁམས་གོང་མའི་གནས་རིས་རྣམས་སུ་འཕེན་ཞིང་། ཐབས་ཤེས་ཕྱོགས་གཅིག་གིས་ཟིན་ན་དམན་པའི་མྱང་འདས་ཀྱི་རྒྱུ་བྱེད། ཐབས་ཤེས་བླ་ན་མེད་པས་ཟིན་ན་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྲོའོ། །བྱེད་པ་རྒྱུ་མཐུན་ནི་ཚེ་རབས་ཐམས་ཅད་དགེ་བ་ལ་ངང་གིས་སྤྲོ་ཞིང་འཇུག་པར་བྱེད་དོ། །མྱོང་བ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་པ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤངས་ཁྱིམ་ཐབ་དགྲ་ཟླ་མེད། །རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་དང་། །རྩུབ་མོ་རྣམས་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམ་སྤངས་མཐོང་ན་མི་མཐུན་མེད། །འཁྱལ་པ་སྤངས་པས་ཚིག་བཟུང་འོས་པར་འགྱུར། །བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་སྟེ། །མཐོ་རིས་བགྲོད་པའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་ལོངས། །ཞེས་གསུངས། དབང་གི་འབྲས་བུ་ནི་ཡུལ་ལ་སྨིན་ཏེ། གོ་རིམ་བཞིན། མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩྭ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཞེས་སོ། །སྐྱེས་བུ་བྱེད་པ་ནི་ཡུལ་དམ་པ་ལ་ཁོང་ཁྲོ་སོགས་ཟད་བྱེད་ཀྱི་གཉེན་པོ་མ་བྱུང་བར་གོང་ནས་གོང་དུ་འཕེལ་བར་བྱེད་དོ། །དེའི་ཕྱིར་དགེ་བ་ཆུང་ངུ་ནས་བརྩམས་ཏེ་འབད་པས་སྒྲུབ་དགོས་ཏེ། སྔོན་སངས་རྒྱས་བསོད་སྐྱབས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པ་ན། ཁྱེའུ་ཞིག་དད་ནས་སྲན་མ་སྤར་གང་སྐུ་ལ་གཏོར་བས་བཞི་ལྷུང་བཟེད་དུ་སོང་། གཅིག་ཐུགས་ཀར་ཕོག་པས་ཕྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ང་ལས་ནུར་གྱུར་ཏེ། གླིང་བཞི་དང་། རྒྱལ་ཆེན་རིགས་བཞིའི་བདག་པོ་ལོ་བརྒྱད་ཁྲི་རེར་བྱས། སུམ་ཅུ་རྩ་གསུམ་དུ་བརྒྱ་བྱིན་སུམ་ཅུ་རྩ་བདུན་བརྗེས་ཀྱི་བར་ལ་བརྒྱ་བྱིན་གྱི་རྒྱལ་སྲིད་ཕྱེད་ལ་དབང་བྱས་པར་གསུངས་པ་དང་། འཕགས་པ་ཀཱ་ཏྱ་ན་ལ་རྒན་མོ་གཅིག་གིས་ཆུ་ལྷུང་བཟེད་གང་ཕུལ་བས་ལྷར་སྐྱེས་པར་བཤད་པ་དང་། དམ་ཆོས་པད་དཀར་ལས། སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་གཏོར་ནའང་སྔོན་གྱི་མཐའ་མི་མངོན་པ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་དང་འཁོར་ལོས་སྒྱུར་བའི་བདེ་བ་ཐོབ་པ་དང་། མཐར་ཐུག་སངས་རྒྱས་ཀྱི་རྒྱུར་གསུངས་པ་ལྟ་བུ་སྟེ་ཞིབ་པར་གཞན་དུ་བརྗོད་ཟིན་པས་དེར་ཤེས་པར་བྱའོ། །དེས་ན་ཆེད་དུ་བརྗོད་པའི་ཚོམ་ལས། དགེ་བ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་བདེ་ཆེན་འདྲེན། །དོན་ཆེན་དག་ཀྱང་བྱེད་འགྱུར་ཏེ། །འབྲུ་རྣམས་ཕུན་ཚོགས་སྨིན་པ་བཞིན། །ཞེས་དང་། མཛངས་བླུན་ལས། དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། ཆུ་ཡི་ཐིགས་པ་བསགས་པ་ཡིས། །སྣོད་ཆེན་རིམ་གྱིས་གང་བར་འགྱུར། །ཞེས་གསུངས། དགེ་བ་དེ་ཉིད་གོང་དུ་སྤེལ་བའི་ཐབས་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་དོ། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་གསུངས་པས། སྦྱོར་དངོས་རྗེས་གསུམ་དུ་དམ་པ་གསུམ་གྱིས་རྩིས་ཟིན་པ་གལ་ཆེའོ། །གསུམ་པ་ལས་ཀྱི་ཁྱད་པར་གཞན་བསམ་པ་ནི། ཇི་སྐད་དུ། བསམ་བཞིན་པ་དང་རྫོགས་པ་དང་། །མི་འགྱོད་གཉེན་པོ་མེད་པ་དང་། །འཁོར་དང་རྣམ་པར་སྨིན་པ་ལས། །བསགས་པའི་ལས་ཞེས་བྱ་བ་ཡིན། །ཞེས་གསུངས་པ་བཞིན། ཀུན་སློང་དྲག་པོས་བསམ་བཞིན་དུ་བྱེད་པ། དངོས་གཞིའི་ལས་དེ་རྫོགས་པར་བྱས་པ། རྗེས་སུ་འགྱོད་པ་མེད་པ། སླར་ཡང་དེ་ལ་ཡི་རང་བ། དེ་འཇོམས་བྱེད་ཀྱི་གཉེན་པོ་གཞན་མེད་པ། ལས་དེའི་འབྲས་ བུ་སྨིན་ངེས་ཀྱི་ནུས་པ་ཡོད་པ་སྟེ་དེ་དྲུག་པོ་ཚང་བ་བྱས་ཤིང་བསགས་པའི་ལས་དང་། དེ་དྲུག་མ་ཚང་ན་བྱས་ལ་མ་བསགས་པའི་ལས་ཏེ་དེ་གཉིས་དང་། ཡང་། སེམས་པ་ཡིད་ཀྱི་ལས་དང་ནི། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་པས། ལས་དེ་དག་ལ་སྔོན་དུ་སེམས་ཀྱིས་བསམས་ཤིང་། དེ་ནས་ལུས་ངག་གིས་འཇུག་པའི་ཕྱིར་སེམས་པ་ཡིད་ཀྱི་ལས་དང་། དེས་བསྐྱེད་ལུས་ངག་གི་ལས་ཏེ་གཉིས་དང་། ཡང་དགེ་བས་མཐོ་རིས་དང་། མི་དགེ་བས་ངན་སོང་ལྟ་བུ་གནས་རིས་གང་དུ་སྐྱེ་བར་བྱེད་པ་འཕེན་བྱེད་ཀྱི་ལས་དང་། གང་དུ་འཕངས་པའི་རྟེན་དེ་ལ་བདེ་སྡུག་གི་ཁྱད་པར་ཅི་ཙམ་ཡོད་པ་བསྐྱེད་ཅིང་རྫོགས་པར་བྱེད་པ་རྫོགས་བྱེད་ཀྱི་ལས་དང་གཉིས། དེ་ཡང་འཕེན་བྱེད་དགེ་ལ་རྫོགས་བྱེད་མི་དགེ་བས་རྫོགས་པ་མི་དབུལ་པོ་ལྟ་བུ། འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་ལྷའི་གླང་པོ་ཆེ་རབ་བརྟན་ལྟ་བུ། གཉིས་ཀ་མི་དགེ་བས་འཕངས་པ་དམྱལ་བ་ལྟ་བུ། གཉིས་ཀ་དགེ་བ་འཁོར་ལོས་སྒྱུར་རྒྱལ་ལྟ་བུ་དང་། རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་ཕྱག་བྱས་པས་ལུས་འོག་ཏུ་ཆུད་པའི་རྡུལ་གྱི་གྲངས་སྙེད་ཀྱི་འཁོར་ལོས་སྒྱུར་རྒྱལ་ཐོབ་པར་གསུངས་པ་ལྟ་བུ་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་དང་། མཆོད་སྦྱིན་བརྒྱ་བྱས་པས་བརྒྱ་བྱིན་དུ་སྐྱེས་པ་ལྟ་བུ་དུ་མས་གཅིག་འཕེན་པ་དང་། སྙིང་རྗེའི་སེམས་གསལ་བ་གཅིག་གིས་ཚངས་གནས་སུ་སྐྱེས་པ་ལྟ་བུ་གཅིག་གིས་གཅིག་འཕེན་པ་དང་། ཚུལ་ཁྲིམས་དུ་མ་བསྲུང་བས་ལྷ་མིའི་རྟེན་དུ་མ་ཐོབ་པ་ལྟ་བུ་དུ་མས་དུ་མ་འཕེན་པ་སྟེ་མུ་བཞི། རྫོགས་བྱེད་ལའང་དེ་བཞིན་ཤེས་པར་བྱ་ཞིང་། འཕེན་རྫོགས་གཉིས་ཀ་བྱེད་པའི་ལས་ཀྱང་ཡོད་ལ་གང་རུང་རེ་བྱེད་པའི་ལས་ཀྱང་ཡོད། ཡང་འདོད་པའི་ཁམས་སུ་བདེ་བ་སྐྱེད་བྱེད་བསོད་ནམས་དང་། འདོད་པར་སྡུག་བསྔལ་སྐྱེད་བྱེད་བསོད་ནམས་མ་ཡིན་པ་དང་། ཁམས་གོང་མར་འཕེན་བྱེད་མི་གཡོ་བའི་ལས་ཏེ་གསུམ་དང་། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ཀྱི་རྣམ་པ་བཞི་ཡིན་ནོ། །མི་དགེ་གཟུགས་དང་འདོད་གཏོགས་པའི། །དགེ་བ་ཉིད་ནི་རིམ་བཞིན་དུ། །གནག་དང་དཀར་དང་གཉིས་ཀའི་ལས། །དེ་ཟད་བྱེད་པ་ཟག་མེད་ཡིན། །ཞེས་པ་ལྟར། ལས་དང་འབྲས་བུ་གཉིས་ཀ་གནག་པ་འདོད་པར་སྡུག་བསྔལ་མྱོང་བྱེད་དང་། གཉིས་ཀ་དཀར་བ་ཁམས་གོང་མ་མྱོང་བྱེད་ཀྱི་ལས་དང་། འདྲེས་མ་འདོད་པའི་རྟེན་ལ་བདེ་སྡུག་སྤེལ་མར་མྱོང་བྱེད་ཀྱི་ལས་ཏེ་ལས་ཀྱི་ངོ་བོ་དཀར་ནག་འདྲེས་པ་མིན་ཀྱང་བྱེད་ལས་ལས་དེ་ལྟར་བཞག་པ་དང་། ཟག་བཅས་ཀྱི་ལས་དཀར་ནག་དེ་དག་ཟད་པར་བྱེད་པ་ཟག་མེད་ཀྱི་ལས་ཏེ་བཞི་དང་། ཡང་། གཡུལ་ལས་རྒྱལ་བའི་ཕྱིར་མཆོད་སྦྱིན་བྱེད་པ་ལྟ་བུ་ལས་དཀར་རྣམ་སྨིན་གནག་པ། ཕན་སེམས་ཀྱིས་རྡུང་རྡེག་བྱེད་པ་ལྟ་བུ་ལས་ནག་རྣམ་སྨིན་དཀར་བ། བརྩེ་བས་སྲོག་སྐྱོབ་པ་ལྟ་བུ་གཉིས་ཀ་དཀར་བ། སྡང་སེམས་ཀྱིས་མཚོན་བསྣུན་པ་ལྟ་བུ་གཉིས་ཀ་ནག་པ་སྟེ་མུ་བཞི་དང་། གཞན་ཡང་ཞིང་དང་བསམ་པ་སོགས་ཀྱི་སྒོ་ནས་མཐོང་ཆོས་མྱོང་འགྱུར་སོགས་བཞིར་གསུངས་ཏེ། མཛོད་ལས། ཞིང་དང་བསམ་པའི་ཁྱད་པར་ལས། །ཞེས་དང་། གང་དག་འགོག་བྱམས་ཉོན་མོངས་མེད། །མཐོང་དང་དགྲ་བཅོམ་འབྲས་ལངས་པ། །དེ་ལ་ཕན་གནོད་བྱས་པ་ཡི། །འབྲས་བུ་འཕྲལ་དུ་མྱོང་བར་འགྱུར། །ཞེས་དང་། ཀུན་བཏུས་ལས། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལའང་དེ་བཞིན་ནོ། །ཞེས་གསུངས་པས། ཞིང་དང་བསམ་པ་དྲག་པོ་དང་ལས་སྟོབས་ཆེན་འགའ་ཞིག་མཐོང་བའི་ཆོས་ཚེ་འདིར་མྱོང་བ་ཡོད་དེ། དཔེར་ན། སྔོན་འཛམ་བུ་གླིང་ན་མུ་གེ་ཆེན་པོ་བྱུང་བའི་ཚེ་ན། རྒྱལ་པོ་གསེར་མདོག་གིས་རང་སངས་རྒྱས་ཤིག་ལ་རང་གི་འཚོ་ལྷག་གི་བཤོས་བྲེ་གང་ཡོད་པ་དེ་ཕུལ་བས་དེ་མ་ཐག་པར་འབྲུའི་བང་མཛོད་སྟོང་པ་རྣམས་གང་ཞིང་དབུལ་བ་རྒྱུན་ཆད་པ་དང་། བདག་ཅག་གི་སྟོན་པ་ལ་ཞིང་པ་བཀྲེན་པས་མཆོད་པ་ཕུལ་བས་དེའི་ལོ་ཐོག་རྣམས་གསེར་དུ་འཁྲུངས་པ་དང་། ལྷས་བྱིན་གྱིས་སངས་རྒྱས་ལ་ངན་སེམས་བྱས་པ་དང་། འབྲི་གུང་དཔལ་འཛིན་གྱིས་ཐེག་པ་བླ་ན་མེད་པ་ལ་སྨད་པའི་དབང་གིས་ལུས་མ་ཞིག་པར་དམྱལ་བར་ལྷུང་བ་ལྟ་བུ་དང་། མཚམས་མེད་པའི་ལས་དང་བསམ་གཟུགས་དངོས་གཞིའི་སེམས་གྲུབ་པ་ལྟ་བུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་སྐྱེ་བ་ཕྱི་མ་ཁོ་ན་ལ་སྨིན་ངེས་པ་སྐྱེས་ནས་མྱོང་འགྱུར་དང་། དེ་ཕན་ཆད་ཀྱི་སྐྱེ་བ་གཞན་ལ་མྱོང་བའི་ལས་ལན་གྲངས་གཞན་ལ་མྱོང་འགྱུར་དང་། ལས་བསགས་ཀྱང་སོ་སོའི་གཉེན་པོ་སོགས་ཀྱིས་བཅོམ་ནས་རྣམ་སྨིན་འབྱིན་མི་ནུས་པ་མྱོང་བར་མ་ངེས་པའི་ལས་ཏེ་བཞིའོ། །བྱེ་བྲག་དགེ་བའི་ལས་ལ། མཐོ་རིས་ལ་དམིགས་པ་བསོད་ནམས་ཆ་མཐུན། མྱང་འདས་ལ་དམིགས་པ་ཐར་པ་ཆ་མཐུན། སྦྱོར་ལམ་པའི་རྒྱུད་ཀྱི་དགེ་བ་ངེས་འབྱེད་ཆ་མཐུན་ཏེ་གསུམ་དང་། ཐར་པ་ཆ་མཐུན་ལའང་བློ་སྟོབས་ཀྱི་དབང་གིས་ཐེག་པ་ཆེ་ཆུང་སོགས་སུ་དབྱེར་ཡོད་དོ། །དེ་དག་གི་འབྲས་བུ་སྨིན་ཚུལ་གྱི་སྔ་ཕྱིའི་ཁྱད་པར་ཡང་། གནས་བརྟན་སྒྲ་གཅན་འཛིན་བཟང་པོས། ལས་ཀྱི་འབྲས་བུ་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔར་བྱས་གང་ཡིན་དེ་དག་ལས། །འབྲས་བུ་ཐོག་མར་སྨིན་པར་འགྱུར། །ཞེས་པས་ལྕི་བ་སྟེ་སྟོབས་གང་ཆེ་བ་དང་། དེ་མཉམ་ན་ཉེ་བ་སྟེ་འཆི་ཁའི་དགེ་སྡིག་གི་སེམས་གང་གསལ་བ་དང་། དེ་ཡང་མཉམ་ན་གོམས་ཤས་གང་ཆེ་བ་དང་། དེ་ཡང་མཉམ་ན་སྔར་གང་བྱས་བ་དེའི་འབྲས་བུ་ཐོག་མར་སྨིན་པར་གསུངས། འོན་ཀྱང་དེ་གཙོ་ཆེ་བར་དགོངས་ཀྱི་མཐའ་གཅིག་ཏུ་མ་ངེས་ཏེ་ཤེར་ཕྱིན་སོགས་ལས་གསུངས་པ་བཞིན། དགེ་བ་སྟོབས་ཆེན་པོས་ཕྱི་མ་ངན་སོང་སོགས་མྱོང་འགྱུར་གྱི་ལས་རྣམས་ད་ལྟའི་ཚེ་འདི་ལ་སྨིན་ནས་ནད་ལ་སོགས་པས་བྱང་བར་བྱེད་པའང་ཡོད་ལ། སྔོན་ཉི་འོག་གི་རྒྱལ་ཁམས་སུ་ཞག་བདུན་དུ་དང་པོར་ཟས་གོས་རིན་པོ་ཆེ་སོགས་ཀྱི་ཆར་པ་བབས་ཤིང་མཐར་ས་ཡི་ཆར་པ་བབས་པས་ཐམས་ཅད་ས་འོག་ཏུ་ཤི་ནས་དམྱལ་བར་སོང་བར་གསུངས་པ་ལྟ་བུ་སྡིག་པ་སྟོབས་ཆེན་པོས་ཕྱི་མ་བདེ་འགྲོ་སོགས་མྱོང་འགྱུར་ད་ལྟའི་ཚེ་འདིར་སྨིན་པའང་ཡོད་པས། ད་ལྟའི་དུས་སུ་ཆོས་བྱེད་ཁ་ཅིག་ལ་ནད་སོགས་འཚེ་བ་མང་བ་དང་། སྡིག་སྤྱོད་ཁ་ཅིག་ཁ་དྲག་དང་སྟོབས་འབྱོར་ལྡན་པ་ལྟར་སྣང་བ་ནི་དེ་ལྟར་ཡིན་པས། སྡིག་ཅན་དེ་དག་ཤི་ནས་ངན་སོང་དམྱལ་བར་ལྟུང་ངེས་པའི་རྟགས་སུ་ཤེས་པར་བྱ་སྟེ། བཤེས་སྤྲིང་ལས། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར། །ཞེས་དང་། འཆད་མོ་ནམ་མཁས། སྔ་མ་ཅི་བྱས་རང་གི་ལུས་ལ་ལྟོས། །ཕྱི་མ་གར་འགྲོ་རང་གི་སེམས་ལ་དྲིས། །ཅེས་གསུངས། ལས་དེ་དག་སྟོབས་ཆེ་ཆུང་ངམ་ལྕི་ཡང་གི་ཁྱད་པར་ཡང་། བཤེས་སྤྲིང་ལས། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་གསུངས་ཏེ། དུས་རྟག་ཏུ་བྱེད་པ་དང་། ལས་དེ་ལ་མངོན་པར་ཞེན་པ་དང་། དེ་ལ་འཇོམས་བྱེད་ཀྱི་གཉེན་པོ་གཞན་མེད་པ་དང་། ཡོན་ཏན་གྱི་ཞིང་མཁན་སློབ་སོགས་གོང་མ་གོང་མ་རྣམས་དང་། ཕན་འདོགས་གྱི་ཡུལ་ཕ་མ་སོགས་དྲིན་ཆེ་བ་དང་། སྙིང་རྗེའི་ཡུལ་འོག་མ་འོག་མ་དག་ལ་བརྟེན་པ་རྣམས་ལྕི་ཞིང་། དེ་ལས་ལྡོག་པ་རྣམས་ཡངས་པའོ། །འབྲས་བུ་མྱོང་ཚུལ་ལམ་ལས་བདག་གིར་བྱ་བའང་། ཀུན་བཏུས་ལས། ལས་བདག་གིར་བྱ་བ་ཇི་ལྟ་བུ་ཞེ་ན། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་ཕྱིར་ཏེ། གཞན་དང་ཐུན་མོང་མ་ཡིན་པ་དེ་ནི་བདག་གི་ཞེས་བྱའོ། །ཞེས་གསུངས་ཏེ་། དེ་ཡང་བདག་གིས་བྱས་པའི་ལས་གཞན་ལ་མི་སྨིན། གཞན་གྱིས་བྱས་པ་རང་ལ་མི་སྨིན། མ་བྱས་པའི་ལས་དང་མི་ཕྲད། བྱས་པའི་ལས་ནམ་ཡང་ཆུད་མི་ཟ་བར་རང་འབྲས་མ་འཆོལ་བར་སྨིན་པར་བྱེད་པ་ཡིན་ཏེ། ལས་བརྒྱ་བར་། ལས་ནི་ས་ལ་མི་སྨིན་རྡོ་ལ་མི་སྨིན། ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན་ནོ། །ཞེས་དང་། དེས་པས་ཞུས་པ་ལས། ས་བོན་ཚ་བ་རྣམས་ལ་ནི། །འབྲས་བུ་ཚ་བ་སྐྱེ་བར་འགྱུར། །ས་བོན་མངར་བ་རྣམས་ལ་ནི། །འབྲས་བུ་མངར་བ་སྐྱེ་བར་འགྱུར། །དཔེ་ཟླར་བྱ་བ་འདི་ཡིས་ནི། །སྡིག་པའི་རྣམ་སྨིན་ཚ་བ་དང་། །དཀར་པོའི་རྣམ་སྨིན་མང ར་བ་ཡང་། །མཁས་པ་ཡིས་ནི་ཤེས་པར་བྱ། །ཞེས་དང་། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་དག་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ཆུང་བ་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །ཅེས་གསུངས། དཔེར་ན་འཕགས་པ་མོའུ་འགལ་གྱི་བུའི་མས་བུ་དང་ཁྱོ་ཡི་དོན་དུ་སེར་སྣ་སོགས་བྱས་པས་ཁྱོ་བོ་ཚངས་པའི་གནས་སུ་སྐྱེས་ཤིང་། བུ་ཡིས་དགྲ་བཅོམ་པ་ཐོབ། མ་རང་ཉིད་ངན་སོང་དུ་སོང་བར་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར་བཤེས་སྤྲིང་ལས། ཁྱོད་ཀྱིས་བྲམ་ཟེ་དགེ་སྦྱོང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དང་ནི་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས། མདོར་ན་ཨོ་རྒྱན་ཆེན་པོས། ཚེ་རབས་མང་པོའི་སྡུག་བསྔལ་རྒྱུར་འགྱུར་བའི། །སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ། །ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན། །འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར། །སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང་། །བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ། །ཞེས་གསུངས་པ་བཞིན་ནོ། །འབྱོངས་པའི་ཚད་བྲམ་ཟེ་སྒྲ་མཁན་དང་། དགེ་བའི་བཤེས་གཉེན་འབན་གུང་རྒྱལ་ལྟ་བུ་དགོས་པར་གསུངས་སོ། །བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ། འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་དང་། རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་དང་གཉིས་ལས། དང་པོ་ནི། མདོ་དྲན་པ་ཉེར་བཞག་ལས། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ཤིག་དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་ན་འཁོར་བ་གང་གི་ཚེ། གྲོག་སྦུར་དུ་སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་ཆེས་མཐོ་ཞིང་། ངུས་པའི་མཆི་མའང་རྒྱ་མཚོ་བཞིའི་ཆུ་བས་ལྷག་གོ །དམྱལ་བ་དང་ཡི་དྭགས་སུ་གྱུར་པ་དེའི་ཚེ་ལན་གྲངས་དཔག་ཏུ་མེད་པ་ཞིག་འཐུང་བའི་ཟངས་ཞུ ན་ཁོལ་མ་དང་། ཁྲག་དང་། ཆུ་སེར་དང་། རྣག་དང་། ངར་སྣབས་ཀྱང་འདི་ལྟར་གླིང་བཞིའི་ནང་ནས་མཐའ་ཡི་མཚོར་འབབས་པའི་ཆུ་ཀླུང་ཆེན་པོ་བཞི་བས་མང་ཞིང་། འདོད་པའི་ཕྱིར་མགོ་དང་། མིག་དང་། ཡན་ལག་དང་ཉིང་ལག་བཅད་པའང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ཁམས་ན་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་པའི་གྲངས་དང་མཉམ་པར་གྱུར་ཏོ། །ཞེས་སོགས་གསུངས་པའི་དོན་ལ་དབྱེ་ན་རྣམ་གྲངས་ཚད་མེད་ཀྱང་མདོར་བསྡུ་ན་དྲུག་སྟེ། དང་པོ་དགྲ་གཉེན་གནས་ལུས་ལོངས་སྤྱོད་ཐམས་ཅད་ངེས་མེད་དུ་འགྱུར་བས་སྡུག་བསྔལ་བའི་ཉེས་དམིགས་ནི། སྔོན་འཕགས་པ་ཀཱ་ཏྱ་ན་ཁྱིམ་གཅིག་གི་སྒོར་བསོད་སྙོམས་ལ་བྱོན་པས། ཁྱིམ་བདག་མོ་དེས་བུ་ཆུང་གཅིག་པང་ན་བཟུང་། ཉ་ཤ་ཞིག་ཟ། ཁྱི་མོ་གཅིག་ཉའི་རུས་པ་འཆའ་ཞིང་འདུག་པ་ལ་རྡེག་པ་གཟིགས་པས། བུ་དེ་སྔ་མ་རང་གསོད་པའི་དགྲ་དང་། ཉ་དང་ཁྱི་མོ་ཚེ་འདིའི་ཕ་མར་འདུག་པས་ཐུགས་ཤིན་ཏུ་འབྱུང་སྟེ། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་དུ་བླངས། །ཆུང་མས་ཁྱོ་ཡི་རུས་པ་མུར། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་ལྟ་བུ་སྟེ། མདོར་ན་མྱ་ངན་བསལ་བ་ལས། ཁྱོད་ཀྱིས་ཇི་སྙེད་གཉེན་བཤེས་རྣམས། །འཁོར་བའི་ནང་དུ་བླང་བོར་བ། །གངྒཱའི་བྱེ་མ་རྣམས་ལ་ཡང་། །དེ་སྙེད་ཙམ་དུ་ཡོད་མ་ཡིན། །གང་ཉིད་ཁྱོད་ཀྱིས་རབ་བསྒྲིམས་ཏེ། །བརྩེ་བས་བུ་ཡི་འདུ་ཤེས་པ། །དེ་ཉིད་ཚེ་རབས་གཞན་དུ་ན། །རྡེག་པར་བྱེད་ཅིང་དགྲར་འདུ་ཤེས། །རང་གིས་བཞོས་པའི་ནུ་མ་ཡང་། །ཁྱོད་ཀྱིས་འཐུང་བ་སྲིད་གཞན་ན། །དེ་ཡི་ཁྲག་ཉིད་འཐུང་བ་དང་། །རྒྱབ་ནས་ཤ་ཡང་ཟོས་པ་ཡིན། །ཞེས་དང་། བཤེས་སྤྲིང་ལས། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་། །ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་གསུངས། དེར་མ་ཟད་ཚེ་འདི་ཉིད་དུའང་དགྲ་གཉེན་བར་མའི་འགྱུར་ལྡོག་སོགས་ངེས་པ་མེད་དེ། དཔུང་བཟང་གིས་ཞུས་པ་ལས། རེ་ཞིག་གཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་ཡང་ནི་དགྲར་ཡང་འགྱུར་བ་ཉིད། །དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར། །དེ་བཞིན་མཛའ་བཤེས་འགྱུར་བར་རིག་ནས་ནི། །བློ་གྲོས་ལྡན་པ་ནམ་ཡང་ཆགས་མི་བྱ་། །ཞེས་དང་། སྤྱོད་འཇུག་ལས། སྐད་ཅིག་གཅིག་གིས་མཛའ་འགྱུར་བས། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། །ཞེས་གསུངས། གཉིས་པ་མཐོ་རིས་དང་ངན་སོང་ལ་སོགས་པའི་བདེ་སྡུག་གི་རྣམ་པ་ཇི་ཙ མ་མྱོང་ཡང་ངོམས་པ་དང་སྐྱོ་སུན་མེད་པའི་ཉེས་པ་ནི། སློབ་སྤྲིང་ལས། འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །དེ་ནི་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །ཞེས་དང་། སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བར་གང་གིས་ཚིམས་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ན་ཆགས་བྲལ་མེད། །ཅེས་དང་། མྱ་ངན་བསལ་བ་ལས། ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོལ་བ་གང་འཐུངས་པ། །རྒྱ་མཚོ་ནང་གི་ཆུ་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཁྱི་དང་ཕག་ཏུ་གྱུར་པ་ན། །མི་གཙང་བ་ནི་གང་ཟོས་པ། རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཏུ་བྲལ་བ་ཡིས། །འཁོར་བའི་ནང་དུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་ཡི། །སྣོད་ནི་རྒྱ་མཚོ་རུང་མ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །སྲིན་བུར་གྱུར་ཅིང་རབ་བཀྲེས་པས། །ས་ལུད་ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ན་ཤིན་ཏུ་གང་། །ཡི་དྭགས་འཇིག་རྟེན་མི་བཟད་པར། །བཀྲེས་སྐོམ་སྡུག་བསྔལ་གང་མྱོང་བ། །དེ་ནི་དྲན་ཕྱིར་རང་གི་སྙིང་། །གང་གི་ཤ་ཡང་འདོར་མི་འགྱུར། །མི་ལ་དབུལ་བའི་ཉེས་པ་ཡིས། །ཐོ་བཙམས་པ་ནི་གང་མྱོང་དེ། །བརྗོད་པ་བདག་ལ་མཐུ་མེད་པ། །རང་གི་ལྕེ་ལ་ངོ་ཚ་བཞིན། །ཞེས་གསུངས། དེར་མ་ཟད་ཚེ་འདིར་ཡང་འདོད་པས་ཆོག་མི་ཤེས་པའི་ཉེས་པ་མང་སྟེ། རྒྱ་ཆེ་རོལ་པ་ལས། འདོད་པ་ཐམས་ཅད་མི་གཅིག་གིས་ཐོབ་ཀྱང་། །དེས་ཀྱང་ཆོག་པ་མེད་ཅིང་ད་དུང་ཚོལ། །འདོད་པའི་ཡོན་ཏན་ཆོག་པ་ཅི་ཡང་མེད། །ཇི་ལྟར་མི་དག་ལན་ཚྭའི་ཆུ་འཐུངས་བཞིན། །ཞེས་དང་། སྤྱོད་འཇུག་ལས། འདོད་པ་ས་འདི་ཐམས་ཅད་ཀྱིས། །རྫོགས་པར་ནུས་པ་ཡོད་མ་ཡིན། །ཞེས་དང་། དབྱིག་གཉེན་གྱིས། རི་དྭགས་ཉིད་ནི་སྒྲ་ཙམ་གྱིས། །རེག་པས་གླང་པོ་རླག་པར་བྱེད། །གཟུགས་ཉིད་ཀྱིས་ནི་ཕྱེ་ལེབ་{བྱེ་སླེབ} སྟེ། །རོ་ཡིས་ཉ་ནི་རྣམ་པར་བརླག །བུང་བ་དྲི་ལ་ཆགས་པས་ཏེ། །འདི་དག་རྒྱུ་ནི་རེ་རེས་སོ། །སྐྱེས་བུ་དག་ནི་གཅིག་ལ་ཡང་། །ལྔ་པོ་འདི་དག་རྟག་ལྡན་ཞིང་། །ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་གནས་ཐོབ་པར་ཇི་ལྟར་འགྱུར། །ཞེས་གསུངས། གཞན་ཡང་། སྤྱོད་འཇུག་ལས། འདོད་པའི་དོན་དུ་བསྲེག་ལ་སོགས། །དམྱལ་བ་སྟོང་ཕྲག་མྱོང་གྱུར་ཀྱང་། །བདག་གིས་རང་གི་དོན་དང་ནི། །གཞན་གྱི་དོན་ཡང་མ་བྱས་སོ། །ཞེས་གསུངས། གསུམ་པ་ལུས་ཡང་ཡང་འདོར་བའི་ཉེས་པ་ནི། བཤེས་སྤྲིང་ལས། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །ཞེས་སེམས་ཅན་རེ་རེས་ལུས་བླངས་ནས་བོར་བའི་རུས་པ་མ་གོད་ན་ལྷུན་པོ་ལས་ཀྱང་མང་བར་གསུངས་པ་བཞིན་ནོ། །བཞི་པ་ཡང་ཡང་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། དེ་ཉིད་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བསྒྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་ས་ཆེན་པོ་འདི་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུར་བྱས་ཏེ་བགྲངས་ཀྱང་སེམས་ཅན་རེ་རེས་རང་གི་མ་བྱས་པའི་གྲངས་མཐའ་མི་གཏུག་པར་གསུངས་ཤིང་ད་དུང་འཁོར་བ་ལ་མཐའ་མེད་པས་དེ་ལས་ཀྱང་མང་བར་ཉིང་མཚམས་སྦྱོར་དགོས་ཏེ། །རྒྱ་ཆེ་རོལ་པ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་གྱི་སྡུག་བསྔལ་འབར། །འདི་ན་འཆི་མེད་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་བའི་འགྲོ་བའི་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ཡང་དང་ཡང་དུ་མཐོན་དམན་དུ་འགྱུར་བའི་ཉེས་པ་ནི། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་མི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་སྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་འབད་པའི་འཁྲུལ་འཁོར་གྱིས། །རེག་ལ་ཤིན་ཏུ་མི་བཟད་བརྟེན་འཚལ་ལོ། །ཞེས་སོགས་གསུངས་པ་དང་། མྱ་ངན་བསལ་བ་ལས། གང་ཁྱོད་འདི་ལྟར་འཁོར་གྱུར་ཏེ། །མགོ་ལ་ལན་གྲངས་བརྒྱར་བརྗོད་པ། །དེ་ཉིད་བྲན་འགྱུར་ཁྱོད་ཡིན་ཏེ། །རྡོག་པས་ལན་གྲངས་བརྒྱར་ཡང་བཏགས། །འགྲོ་བ་རྒྱུ་ཡི་དངོས་པོ་ཡིས། །སྔོན་ཆད་གཞན་དུ་སྣང་གྱུར་པ། །སྨེ་བདུན་དྲང་སྲོང་བདུན་ཚོགས་བཞིན། །ཞེས་དང་། སྤྱོད་འཇུག་ལས། བདེ་འགྲོར་ཡང་དང་ཡང་འོངས་ཏེ། །བདེ་བ་མང་པོ་སྤྱད་སྤྱད་ནས། །ཤི་ནས་ངན་སོང་སྡུག་བསྔལ་ནི། །ཡུན་རིང་མི་བཟད་རྣམས་སུ་ལྷུང་། །ཞེས་གསུངས། དེར་མ་ཟད་ཚེ་འདི་ཉིད་ལ་འབྱོར་རྒུད་འདུ་འབྲལ་སྣ་ཚོགས་སུ་འགྱུར་ཏེ། འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །ཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། །ཞེས་གསུངས་སོ། །དྲུག་པ་གཅིག་པུ་གྲོགས་མེད་པས་སྡུག་བསྔལ་བའི་ཉེས་པ་ནི། སྤྱོད་འཇུག་ལས། ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་འགྱེས་འགྱུར་ན། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །སྐྱེ་བ་གཅིག་པུ་སྐྱེ་འགྱུར་ཞིང་། །འཆི་ནའང་དེ་ཉིད་གཅིག་འཆི་སྟེ། །སྡུག་བསྔལ་སྐལ་གཞན་མི་ལེན་ན། །གེགས་བྱེད་མཛའ་བས་ཅི་ཞིག་བྱ། །ཞེས་དང་། གསོན་ཚེ་འདི་དང་དེ་བཞིན་དུ། །གཉེན་དང་བཤེས་པ་རྣམས་སྤངས་ནས། །གཅིག་པུ་ག་ཤེད་འགྲོ་དགོས་ན། །མཛའ་དང་མི་མཛའ་ཀུན་ཅི་རུང་། །ཞེས་གསུངས་པ་བཞིན་ནོ། །མ དོར་ན་མ་དག་པའི་སྣོད་བཅུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་ཐམས་ཅད་སྡུག་བསྔལ་གསུམ་དང་འབྲེལ་ཞིང་སྡུག་བསྔལ་གསུམ་གྱི་རྟེན་དུ་གྱུར་པ་སྟེ། དེ་ཡང་འཁོར་བའི་བདེ་བ་ལྟར་སྣང་བ་འདི་ཐམས་ཅད་ལ་རྟག་ཐུབ་པ་གཅིག་ཀྱང་མེད་པས་མཐར་འགྱུར་ཞིང་འགག་པའི་ཚེ་སྡུག་བསྔལ་གྱི་རྒྱུ་བྱེད་པས་འགྱུར་བའི་སྡུག་བསྔལ་ལས་མ་འདས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་སྲིད་པ་འདི་ནི་འགྱུར་བ། སྲིད་པ་འདི་ནི་མི་རྟག་པ། སྲིད་པ་འདི་ནི་སྡུག་བསྔལ་བའོ། །ཞེས་དང་། སྙིང་རྗེ་པད་དཀར་ལས། ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །མི་རྣམས་ཀྱི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །ཞེས་གསུངས་ཏེ། དཔེ་འབྲས་ཆན་དུག་དང་འདྲེས་པ་ཟ་བ་དང་འདྲའོ། །སྐྱེ་རྒ་ན་འཆི་ཚ་གྲངས་བཀྲེས་སྐོམ་མི་སྡུག་པ་དང་འཕྲད་པ་སོགས་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། ལས་རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པས་མེ་ཡི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བས་གཅན་གཟན་ཁྲོ་བོ་དང་མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་པའི་གོ་སྐབས་དཀའ་བས་རྒྱལ་པོའི་ཁྲི་མུན་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བ་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པས་ཧ་ལ་ཧ་ལ་ལྟ་བུའོ། །ཞེས་གསུངས་ཏེ། དཔེ་འབྲས་ཀྱི་སྟེང་དུ་ཕོལ་བྱུང་བ་དང་འདྲའོ། །ཟག་བཅས་ཀྱི་ཕུང་པོ་མཐའ་དག་སྲིད་པ་ཉེ་བར་ལེན་པའི་རྒྱུ་ཡིན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དངོས་ཡིན་ཏེ་དཔེ་འབྲས་མ་སྨིན་པ་དང་འདྲའོ། །དེ་ཡང་སོ་སོ་སྐྱེ་བོ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་མི་ཚོར་ཏེ། དཔེར་ན་རིམས་ནད་དྲག་པོས་ཟིན་ཙ་ན་རྣ་བ་ལ་སོགས་པའི་ལུས་ཀྱི་ན་ཚ་ཁལ་ཁོལ་ཡོད་པ་མི་ཚོར་བ་བཞིན་ནོ། །རྒྱུན་ཞུགས་ལ་སོགས་པ་འཕགས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་གཟིགས་ཏེ། དཔེར་ན་རིམས་ནད་ཕལ་ཆེར་སོས་ཙ་ན་ལུས་ཀྱི་ན་ཚ་ཁ ལ་ཁོལ་ཡོད་པ་རྣམས་ཚོར་བ་བཞིན་ནོ། །དཔེ་གཞན་ཡང་། སྤུ་ཉག་མ་གཅིག་ལག་མཐིལ་ན་འདུག་ན་མི་བདེ་བ་དང་སྡུག་བསྔལ་མེད་དེ། དེ་ཉིད་མིག་དུ་སོང་ན་མི་བདེ་བ་དང་སྡུག་བསྔལ་སྐྱེད་དོ། །དེ་བཞིན་དུ་འདུ་བྱེད་ཀྱི་སྡུག་བསྔལ་འདི་སོ་སོ་སྐྱེ་བོ་ལ་ཡོད་ཀྱང་སྡུག་བསྔལ་དུ་མི་ཚོར་ཏེ། འཕགས་པ་རྣམས་ལ་སྡུག་བསྔལ་དུ་ཆེའོ། །དེ་ལྟར་ཡང་མཛོད་ཊཱིཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་སྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་གསུངས། དེས་ན་ཚོར་བ་བདེ་བ་ཐམས་ཅད་འགྱུར་བ་དང་། སྡུག་བསྔལ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་དང་། བཏང་སྙོམས་པ་རྣམས་འདུ་བྱེད་གྱི་སྡུག་བསྔལ་ལས་མ་འདས་པས་གཙོ་བོར་ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། མི་དང་ལྷ་མིན་འདོད་ཁམས་ཀྱི་ལྷ་རྣམས་གཙོ་བོར་འགྱུར་བའི་སྡུག་བསྔལ་དང་། གཟུགས་གཟུགས་མེད་ཀྱི་ཁམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་ཏེ། མདོ་ལས། འདོད་པའི་ཁམས་ནི་སྐྱོན་དང་བཅས་པ་སྟེ། །དེ་བཞིན་གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས། །གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས་པ་སྟེ། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང་། །ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། འཁོར་བ་ནི་ཁམས་གསུམ་གྱི་སེམས་ཅན་ཡིན་ལ། དེ་དག་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་ཡོ་ལང་ཡིན་ཏེ། རྩ་བའི་སྡུག་བསྔལ་བཞི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམས་ནས་གཅིག་འབྲེལ། ཡན་ལག་གི་སྡུག་བསྔལ་དྲུག་གི་རྒྱ་མཚོའི་རླབས་དང་འདྲ་སྟེ་བུ ད་པ་དང་སངས་པ་མེད། ཉིང་ལག་གི་སྡུག་བསྔལ་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད། དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང་། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས། གང་ཡིན་ཀྱང་སྡུག་བསྔལ་གྱི་སྣོན་མར་འདུག་སྟེ། ལོ་ཀའི་ཕུན་སུམ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ། མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ། མདོར་ན་འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་དུ་མ་གྱུར་པ་གཅིག་ཀྱང་མེད་དོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལས། དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ། ཚ་དམྱལ་བརྒྱད་ཀྱི་སྡོམ་ནི། ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེན་པོ་དང་། །ཚ་བ་རབ་ཚ་མན ར་མེད་པའོ། །ཞེས་པ་སྟེ། དེ་ལ་ཚ་དམྱལ་ནི། ཆོས་མངོན་པ་མཛོད་ལས། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །དེ་ཡི་སྟེང་ན་དམྱལ་བ་བདུན། །ཞེས་གསུངས་ཏེ། འཛམ་བུ་གླིང་གི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་དམྱལ་བ་མནར་མེད་དང་། དེ་ནས་རིམ་པར་བརྩེགས་མར་གནས་ཏེ། དེ་ཐམས་ཅད་ཀྱི་གནས་ལྕགས་སྲེག་གི་ས་གཞི་ངམ་གྲོག་ཅན། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་བ། ཟངས་ཞུན་ནམ་ཁྲོ་ཆུ་འགྱུར་བྱེད་ཀྱི་ཆུ་ཚན་འབབས་པ། ལྕགས་བསྲེགས་ཀྱི་ཤིང་ལ་གདུག་པའི་བྱ་དང་གཅན་གཟན་དང་། ལས་ཀྱི་སྲིན་པོ་དང་གཤིན་རྗེ་དུ་མས་གང་བར་ཡོད་ལ། དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་བདས་པ་སོགས་གྲང་བའི་རྣམ་པ་ཆེར་བྱུང་ནས། ལས་ཀྱི་དབང་གིས་ཚ་དམྱལ་གྱི་གནས་མཐོང་བས། དེར་དྲོ་བར་ཤེས་ནས་སྲེད་པས་རྒྱུགས་པ་ན་གནས་དེར་ཚུད་ནས་སྐྱེ་བ་ལེན་པར་བཤད། དེ་ཡང་མེ་ཕལ་པ་བས་ཙན་དན་གྱི་མེ་བདུན་འགྱུར་གྱིས་ཚ། དེ་བས་དུས་མཐའི་མེ་དང་། དེ་བས་རིམ་པར་ཡང་སོས་སོགས་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་ཚ་ཞིང་སྡུག་བསྔལ་བར་གསུངས་ཏེ། ལས་རྣམ་འབྱེད་ལས། ཐ་མལ་ཙན་དན་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་སོ། །དེར་སྐྱེས་པའི་སེམས་ཅན་རྣམས་སྐད་ཅིག་གིས་བརྫུས་ཏེ་སྐྱེ་ཞིང་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བས་ལྷག་པར་སྡུག་བསྔལ་ཆེ་བ་ཡིན། སྡུག་བསྔལ་མི་འདྲ་བ་སོ་སོའི་ཁྱད་པར་ནི། ཡང་སོས་ཀྱི་སེམས་ཅན་རྣམས་ཕན་ཚུན་དགྲ་མི་ཤ་བོ་ལྟ་བུར་མཐོང་སྟེ་མཚོན་བསྣུན་རེས་ཀྱིས་ཡང་ཤི་ཞིང་ཡང་སོས་པས་སྡུག་བསྔལ་བ་སྟེ། དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ཚིག་ལེའུར་བྱས་པ་ལས། ཆགས་དང་གཏི་མུག་འཇིགས་དང་ཁྲོ། །མི་གང་མི་ནི་གསོད་པ་དང་། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །གང་གི་ཕྱིར་ན་ལོ་སྟོང་ཕྲག །མང་པོར་ཡང་ནི་འདི་དག་ཏུ། །བཏགས་ཤིང་བཏགས་ཤིང་ཡང་འཚོ་བས། །དེ་བཞིན་ཡང་སོས་ཡིན་པར་བཤད། །ཅེས་གསུངས། ཐིག་ནག་ནི། ལུས་ལ་ཐིག་བཏབ་སྟེ་ལྕགས་ཀྱི་སོག་ལེ་མེ་འབར་བས་གཤོག་ཅིང་འབྱར་ལ་ཡང་གཤོག་པས་སྡུག་བསྔལ་ཏེ། ཕ་དང་མ་དང་གྲོགས་དང་གཉེན། །བཤེས་གཉེན་ལ་ནི་འཁུ་བྱེད་དང་། །ཕྲ་མའི་རྫུན་ནི་སྨྲ་བའི་མི། །ཐིག་ནག་ཏུ་ནི་སྐྱེ་བར་བཤད། །གང་ཕྱིར་དེ་ནི་ཤིང་བཞིན་དུ། །ཐིག་ནག་བཏབ་སྟེ་སོག་ལེ་དག །འབར་བ་ཡིས་ནི་གཤོག་བྱེད་དེ། །དེ་ཕྱིར་ཐིག་ནག་ཡིན་པར་བཤད། །ཅེས་གསུངས། བསྡུས་འཇོམས་ནི། ལྕགས་བསྲེགས་ཀྱི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་མར་འཚིར་བ་བཞིན་དམར་འདག་འདག་འཚིར་ཞིང་གྱེས་ནས་སོས་ཏེ་ཡང་འཚིར་བ་སྟེ། ར་དང་ལུག་དང་ཝ་དག་དང་། །རི་བོང་བྱི་བ་རི་དྭགས་ཕག །གཞན་ཡང་བསྐྱེད་ནས་བསད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །གང་ཕྱིར་བསྡུས་ནས་དེར་འདོར་དང་། །ཡང་དག་སྲེག་པར་བྱེད་པས་ན། །དེ་ཡི་ཕྱིར་ན་བསྡུས་འཇོམས་ཏེ། །དེ་ལྟར་མིང་ནི་དོན་མཐུན་གྲགས། །ཞེས་གསུངས། ངུ་འབོད་ནི། ཉམ་ཐག་ནས་ཡིབ་པའི་གནས་བཙལ་བ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་དེ་སྒོ་ཟུམ་ནས་སྲེག་པ་སྟེ། འདིར་ནི་ལུས་ཅན་གང་དག་གིས། །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །དེར་ནི་དྲག་པོའི་མེ་དག་གིས། །རྒྱུན་མི་འཆད་པར་བསྲེགས་པས་ན། །གང་ཞིག་སྐད་ནི་དྲག་འབྱིན་པ། །དེ་ཕྱིར་དེ་དག་ངུ་འབོད་ཡིན། །ཞེས་གསུངས། ངུ་འབོད་ཆེན་པོ་ནི། ལྕགས་ཁང་སྒོ་མེད་ཉིས་རིམ་མེ་འབར་བར་བསྲེག་ཅིང་ནང་མ་ནས་རྒྱ་ལ་ཐར་ཡང་ཕྱི་མ་ནས་ཡུན་རིང་མི་ཐར་བ་སྟེ། གང་གིས་ལྷ་དང་བྲམ་ཟེ་དང་། །བླ་མའི་རྫས་འཕྲོགས་སྡུག་བསྔལ་བྱས། །གང་དག་གཏམ་པ་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །མེས་བསྲེགས་པ་ནི་དྲག་ཕྱིར་དང་། །ངུ་འབོད་པ་ཡང་ཆེ་ཕྱིར་དང་། །ལྕི་ཞིང་ཆེ་བ་ཉིད་ཀྱི་ཕྱིར། །དེ་ཕྱིར་ངུ་འབོད་ཆེན་པོ་ཡིན། །ཞེས་གསུངས། ཚ་བ་ནི། ལྕགས་ཀྱི་ཕྲུ་བ་མེ་འབར་བའི་ནང་དུ་བསྲེག་ཅིང་མདུང་རྩེ་གསུམ་པས་བསྣུན་པ་དང་། མདག་མེ་འབར་བའི་ས་གཞི་ལ་པགས་པ་བཤུས་ཏེ་ཕུར་བུས་བརྒྱང་བ་སྟེ། ནགས་ལ་སོགས་པར་མེ་གཏོང་དང་། །ལས་དེ་དག་ལ་འཇུག་བྱེད་གང་། །སྐྱེས་བུ་དེ་ནི་མེ་འབར་བའི། །ཚ་བར་ངུ་ཞིང་སྲེག་པར་འགྱུར། །གང་ཞིག་རྟག་ཏུ་མེས་གདུང་བ། །དྲག་པོ་སྐྱེ་བ་དེ་ཡི་ཕྱིར། །འཇིག་རྟེན་དུ་ནི་ཚ་བའི་མིང་། །དོན་དང་མཐུན་པར་གྲགས་པ་ཡིན། །ཞེས་གསུངས། རབ་ཏུ་ཚ་བ་ནི། ལྕགས་ཟངས་ཁོལ་མར་བསྲེགས་ནས་ཁར་ལོང་གི་འོང་བ་ན་ཤ་སྐྱེ་ཞིང་། གཏིང་དུ་སོང་བ་ན་རུས་པར་འགྲོ་བ་དང་། གློ་སྙིང་ལ་སོགས་པ་ཕྱི་ནང་ཐམས་ཅད་མེས་སྲེག་ཅིང་ཟངས་ཞུན་སྐོལ་མ་བླུད་པས་ལུས་བུན་གྱིས་སྲེག་པ་སྟེ། མེད་པ་ལྟ་བ་གང་ཞིག་གིས། །ཆོས་དང་ཆོས་མིན་ལོག་སྟོན་ཅིང་། །གཞན་དག་ལ་ནི་ཉོན་མོངས་བྱེད། །དེ་ནི་རབ་ཏུ་ཚ་བར་སྲེག །མེ་ནི་རབ་ཏུ་དྲག་པོ་ཡིས། །དེར་འཁོད་སེམས་ཅན་རབ་ཚ་བྱེད། །ཚ་བ་ཕུལ་དུ་བྱུང་བ་སྟེ། །དེ་ཕྱིར་རབ་ཏུ་ཚ་བར་གསུངས། །ཞེས་གསུངས། མནར་མེད་ནི། ས་གཞི་ཆེན་པོ་མེ་འབར་བར་སོང་ནས་ལུས་མར་མེའི་སྡོང་བུ་ལྟར་སྲེག་པས་སྡུག་སྐད་ཐོས་པ་ཙམ་ལས་མེ་དང་སེམས་ཅན་སོ་སོར་མི་མཐོང་བ་དང་ཕྱེ་མར་འཐག་པ་ལ་སོགས་པའི་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ཏེ། ཡོན་ཏན་དག་གིས་ཆེ་བ་ལ། །གནོད་པ་དྲག་པོ་བྱས་པ་འམ། །བླ་མ་ཕ་མ་བསད་བྱས་ན། །ངེས་པར་བསྐལ་པར་མནར་མེད་འཚེད། །མེ་དྲག་དེས་ནི་ལུས་དག་གིས། །རུས་པ་དག་ཀྱང་ལྷག་པར་འགྱུར། །གང་ཕྱིར་བདེ་བའི་སྐབས་མེད་པ། །དེ་ཕྱིར་མནར་མེད་ཡིན་པར་བཤད། །ཅེས་གསུངས་ཤིང་། དེ་དག་བཤེས་སྤྲིང་ལས་ཀྱང་། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་ཉིད་དུ་ཕྱེ་མར་རློག །ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟད་རྣོན་པོ་རྣམས་ཀྱིས་བཤགས། །ཞེས་པ་ནས། སྡིག་ཅན་དབུགས་དབྱུང་འགགས་པ་ཙམ་ཞིག་གིས། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ལགས། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པ་སྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །བདེ་བ་ཀུན་གྱི་ནང་ནས་སྲེད་ཟད་པ། །བདེ་བའི་བདག་པོར་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། སློབ་སྤྲིང་ལས། དམྱལ་མེ་དུད་པ་ཆེ་དཀུ་མནམ་པ་མཐུལ་བས་གནམ་མདོག་འགྱུར། །མེ་ལྕེའི་ལག་མང་རྣམ་པར་འཕྲོས་པས་ཕྱོགས་ཀྱི་དཀྱིལ་འཁོར་ཁེབས། །རུས་གོང་རྐང་དུམ་ཕྲེང་བའི་རྒྱན་གྱིས་སྤུད་པ་སྐྱི་གཡའ་བ། །གླང་ཆེན་ལྤགས་གྱོན་སྡིགས་ཐབས་ཀྱེ་མ་ཀྱི་ཧུད་ཟེར་བ་བཞིན། །ལ་ལར་མེ་སྟག་ཆེར་འཕྲོ་འཁྲུགས་པ་འུར་སྒྲ་ཏོག་ཡར་ལ། །ཞག་གིས་བབས་ནས་སྐད་ངན་བདོ་བའི་རྩེ་ཞིལ་ཆིལ་ཆིལ་འབར། །བྲང་གི་རུས་པའི་ཁོག་དུ་ཐལ་ནས་ལྷག་ལྷག་སྒྲ་གྲགས་ལ། །བསྐལ་པའི་དུས་ཀྱི་མེ་ཡིས་བསྐྱེད་དུ་མེད་པའི་ནང་དུ་ལྷུང། །ཞེས་སོགས་གསུངས་པ་བཞིན། མདོར་ན། སྤྱོད་འཇུག་ལས། གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཉམ་ཐག་ཅིང་། །རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བྱུགས་གྱུར་ལ། །འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང་། །ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བ་མི་དགེ་མང་པོས་འགྱུར། །ཞེས་གསུངས། དེ་དག་གི་ཚེ་ཚད་ཀྱི་ཁྱད་པར་ཡང་། མཛོད་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་རྣམས་ཀྱི་ཉིན་ཞག་གཅིག །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་གསུངས་ཏེ། མི་ལོ་ལྔ་བཅུ་ལ་ལྷ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ་དེ་བཅུ་གཉིས་ལ་ལོར་བྱས་པའི་རང་ལོ་ལྔ་བརྒྱ་ནི་ལྷ་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་ཡིན་ལ། དེ་ཐམས་ཅད་དམྱལ་བ་ཡང་སོས་ཀྱི་ཞག་གཅིག དེ་ལྟར་བ རྩིས་པའི་རང་ལོ་ལྔ་བརྒྱ་ནི་ཡང་སོས་ཀྱི་ཚེ་ཚད་དོ། །དེ་བཞིན་དུ་མི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག དེའི་ལོ་སྟོང་ཐིག་ནག་པའི་ཞག་གཅིག་བྱས་པའི་རང་ལོ་སྟོང་དང་། མི་ལོ་ཉིས་བརྒྱ་འཐབ་བྲལ་གྱི་ཞག་གཅིག དེའི་ལོ་ཉིས་སྟོང་བསྡུས་འཇོམས་ཀྱི་ཞག་ཏུ་བྱས་པའི་རང་ལོ་ཉིས་སྟོང་དང་། མི་ལོ་བཞི་བརྒྱ་དགའ་ལྡན་གྱི་ཞག་གཅིག དེའི་ལོ་བཞི་སྟོང་ངུ་འབོད་ཀྱི་ཞག་ཏུ་བྱས་པའི་རང་ལོ་བཞི་སྟོང་དང་། མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག དེའི་ལོ་བརྒྱད་སྟོང་ངུ་འབོད་ཆེན་པོའི་ཞག་གཅིག་བྱས་པའི་རང་ལོ་བརྒྱད་སྟོང་དང་། མིའི་ལོ་སྟོང་དྲུག་བརྒྱ་ལ་གཞན་འཕྲུལ་བའི་ཞག་གཅིག དེའི་ལོ་ཁྲི་དྲུག་སྟོང་ལ་ཚ་བའི་ཞག་གཅིག་བྱས་པའི་རང་ལོ་ཁྲི་དྲུག་སྟོང་གི་བར་ཐུབ་ཅིང་། རབ་ཏུ་ཚ་བ་བར་བསྐལ་ཕྱེད་དང་། མནར་མེད་བར་གྱི་བསྐལ་པ་གཅིག་ཏུ་གནས་དགོས་པ་ཡིན་ཏེ། བཤེས་སྤྲིང་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱ་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །ཉེ་འཁོར་པ་ནི། ཆོས་མངོན་པ་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མར་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་གསུངས་པས་དམྱལ་བ་དེ་དག་གི་ཕྱོགས་བཞི་ན་ཡོད་དོ། །དམྱལ་བ་མནར་མེད་པ་དེ་དག་ལས་ཅུང་ཟད་སྲབ་སྟེ་དེ་ནས་ཐོན་ཏེ་བྲོས་པ་ན་ཕྱོགས་བཞིར་མདག་མེ་འབར་བའི་འོབས་པུས་ནུབ་ཙམ་ལ་ཚུད་དེ་རྐང་པ་བཞག་པ་ན་གཞོབ་ཐུལ་གྱིས་ཚིག་ཅིང་། བཏེགས་ན་སོས་པར་འགྱུར་བས་སྔར་ལྟར་སྡུག་བསྔལ་ཏེ། ཚིག་ལེ་ལས། གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུང་བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིག་པའི་མེ་མར་མུར་དུ་སྲེག །ཅེས་གསུངས། དེ་ལས་ཐར་ན་རོ་མྱགས་ཕྱི་སའི་འདམ་ལ་ཚུད་དེ་སྲིན་བུ་ལྕགས་ཟངས་ཀྱི་ཁབ་འདྲ་བས་རུས་པ་ལ་ཐུག་པའི་བར་འབིགས་པར་བྱེད་པ་སྟེ། གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཀྱིས་ཀྱང་འཚོ་བྱེད་པ། །དེ་ནི་སྐྱག་འཇིམ་ནུབ་གྱུར་ནས། །སྲིན་བུ་རྣམས་ཀྱིས་ཟ་བར་འགྱུར། །ཞེས་གསུངས། དེ་ལས་ཐར་ཀྱང་མཚོན་ཆའི་ཐང་ལ་རྐང་པ་བཞག་དུས་འབིགས་ཤིང་བཏེགས་ན་འཚོ་བ་དང་། ཤིང་ལོ་བབས་པ་རལ་གྲིར་གྱུར་ནས་གཅོད་པ་དང་། ཤལ་མ་ལི་ཡི་སྡོང་པོ་ལྕགས་ཀྱི་ཐུར་མ་གྱེན་མཐུར་དུ་ལྟ་བ་ལ་འབབ་འཛེགས་བྱས་པས་ཉམ་ཐག་ཅིང་བྱ་ཁྱིས་ཟ་བ་དང་བུད་མེད་འཇིགས་སུ་རུང་བས་འཁྱུད་པ་སོགས་ཀྱི་སྡུག་བསྔལ་ཏེ། བྱི་བོ་བྱེད་པ་ཤལ་མ་རི། །ལྕགས་ཀྱི་རྩེ་མོ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟའི། །མཆུ་རྣོན་ལུས་ཆེ་འབར་བ་ཡིས། །གཞན་གྱི་བུད་མེད་འཕྲོག་པ་ལ། །འཇུས་ནས་ཟ་བ་ཁོ་ནར་འགྱུར། །བག་ཕབ་པ་ལ་གནོད་བྱེད་མི། །ནགས་ཚལ་རལ་གྲི་འདབ་ཅན་དུ། །གཏུབ་བྱས་ངུ་ཞིང་བྱ་རྒོད་ཁྱི། །འུག་པ་བྱ་རོག་ཟ་བར་འགྱུར། །གང་ཞིག་ཆོས་ཀྱི་སྟེགས་འཇིག་ཅིང་། །ཡང་དག་མ་ཡིན་ལམ་སྨྲ་བའི། །མི་དེ་དག་ནི་སྤུ་གྲིའི་སོས། །གཏམ་པའི་ལམ་དུ་འགྲོ་བར་འགྱུར། །ཞེས་གསུངས། དེ་ལས་ཐར་ནས་སྐོམ་ནས་ཆུ་ཀླུང་གི་འགྲམ་དུ་རྒྱུག་པས་ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་ནང་དུ་ལྷུང་ཏེ་ཤ་རུས་ཚིག་པས་སྡུག་བསྔལ་ཏེ། ཆུ་སྐྱེས་ཉ་ལ་སོགས་བསད་ན། །ཆུ་བོ་རབ་མེད་འབར་བ་ཡིས། །ཟངས་ཀྱི་ཁུ་བའི་ཆུར་འགྲོ་ཞིང་། །མི་དེ་མེས་ཀྱང་བསྲེག་པར་འགྱུར། །ཞེས་གསུངས་ཤིང་། སློབ་སྤྲིང་ལས། རལ་པའི་ཚོགས་མང་སྤུངས་པས་བསྒྱིང་བའི་ཁྱི་དག་གིས། །མཆེ་བ་གཟོང་རིང་རྡོ་རྗེའི་རྩེ་མོས་ལུས་དབད་ཅིང་། །ཆུ་བོ་རབ་མེད་ཐལ་སྐྱོ་མེ་ལྕེས་གང་བའི་ངོགས། །རྡོ་བ་ཟུར་ངོམས་རྩེ་རྣོན་མི་བཟད་ཅན་དུ་དབད ། སྤུ་གྲི་རྣོ་གཏམས་ལྕུག་ཚལ་ལོ་མ་རལ་གྲི་ཡི། །ནང་དུ་ཐང་ཆད་རྒྱུགས་ནས་ལུས་རྨས་སྐྱབས་མེད་པ། །རྩེ་གསུམ་མདུང་ཐུང་མདུང་དང་རལ་གྲི་རྣོས་གང་བའི། །ཁྲོན་པ་གཤིན་རྗེའི་ཁ་བས་ཐུ་བའི་ནང་དུ་ལྷུང་། །ཉི་ཚན་གྱིས་གདུངས་བཟོད་དཀའ་བརྣག་པར་དཀའ་བའི་ལུས། །ལྗོན་ཤིང་ལོ་མ་སྔོ་གཏུག་མཐོང་ནས་སོང་བ་དང་། །དེ་ཡི་ལོ་མ་མཚོན་བརྒྱ་ལྷུང་བས་ལུས་དབད་ཅིང་། །དེ་ན་ཡུལ་རིང་ངུད་མོ་ལས་ཤེས་བརླག་པར་གནས། །བུད་མེད་ཀུན་ནས་མེ་ལྕེ་བརྒྱ་ཕྲག་འཐོན་པའི་མེ། །མེ་སྟག་ཕྲེང་བས་འཁྲིགས་པའི་རྒྱན་གྱི་ཞགས་གྱུར་ཅིང་། །སོག་ལེ་ལྟ་བུར་རྩུབ་པའི་ལུས་ཀྱིས་ཟོན་མེད་པར། །ཤིན་ཏུ་གདུག་པའི་ཚུལ་དུ་བཅུམ་ནས་འཁྱུད་པར་བྱེད། །ཅེས་གསུངས། དམྱལ་སྲུང་གི་སྐྱེས་བུ་ལ་སོགས་པ་དེ་དག་བྱེ་སྨྲ་བ་རྣམས་ཀྱིས་སེམས་ཅན་དངོས་ཡིན་པར་འདོད་ཅིང་། མདོ་སྡེ་བས་སེམས་ཅན་མ་ཡིན་པར་འདོད། རྣལ་འབྱོར་སྤྱོད་པ་བ་རྣམས་དང་དབུ་མ་པ་དག་རང་གི་སྡིག་སེམས་ཉིད་དེ་ལྟར་སྣང་བར་འདོད་དེ། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །ཉི་ཚེ་བ་རྣམས་ལ་གནས་དང་སྡུག་བསྔལ་སོགས་ལ་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱ་ངམ་གྱི་ཕྱོགས་དང་། ས་འོག་དང་། ཁ་ཅིག་མིའི་ཡུལ་སོགས་ནའང་གནས་ཏེ། མདོ་ལས། ཉིན་མོ་ལྷའི་བདེ་བ་མྱོང་མཚན་མོ་དམྱལ་བའི་སྡུག་བསྔལ་མྱོང་བ་སོགས་དང་། རྩིག་པ་དང་། གཏུན་བུ་དང། ཕྲུ་བ་དང་། ཕྱགས་ཤིང་འདྲ་བ་སོགས་ལུས་ཀྱི་རྣམ་པ་ཡང་མ་ངེས་པར་གསུངས་པ་ལྟ་བུ་སྟེ། ཚིག་ལེ་ལས། སེན་མོས་ཤིག་ལ་སོགས་བཅོམ་ནས། །དེ་དག་ལུས་ནི་ཆེར་འགྱུར་ལ། །སྟོན་བརྒྱར་ཡང་དང་ཡང་ངུ་ཞིང་། །བྲག་སྒོར་སོ་ཡིས་འཇོམས་པར་འགྱུར། །ཞེས་སོགས་གསུངས་པ་ལྟ་བུ་སྟེ། འདི་དག་ལ་ཚེ་ཚད་ཀྱང་ངེས་པ་མེད་དོ། །གྲང་དམྱལ་ཀྱི་སྡོམ་ནི། ཆུ་བུར་ཆུ་བུར་རྡོལ་བ་ཅན། །ཨ་ཆུ་ཀྱི་ཧུད་སོ་ཐམ་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་པ་སྟེ། དེ་དག་གི་གནས་ནི་འཛམ་བུ་གླིང་གི་འོག་ནས་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་གནས་པར་བཤད་དེ། ཐམས་ཅད་མཐུན་པར་ས་གཞི་རི་ཀླུང་ཐམས་ཅད་གངས་དང་ཆུ་འཁྱགས་ཀྱི་རང་བཞིན་སྐྱབས་སྐྱིབས་ས ལ་སུལ་ཉུང་བ། རླུང་དང་བུ་ཡུག་འདྲེས་པ་ཆེས་ཤིན་ཏུ་གྲང་བས་རྟག་ཏུ་ཁྱབ་པ། རླུང་གྲང་མོ་རྣམས་ཤ་ལྤགས་ཕུག་ནས་རུས་པའི་གཏིང་དུ་ཡང་འགྲོ་བ་ཡོད། བརྒྱད་པོ་ཡང་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་སེམས་ཅན་དེ་ཡང་བར་དོའི་སྐབས་སུ་ཐོག་མར་མེ་ནང་དུ་ཚིག་པ་ལྟ་བུའི་ཉམས་བྱུང་ནས་གྲང་བར་འདོད་པའི་སྐབས་སུ་གྲང་དམྱལ་གྱི་གནས་མཐོང་། དེ་ཕྱོགས་སུ་རྒྱུག་པས་དེར་ཚུད་ནས་སྐྱེ་བ་ལེན་པར་གསུངས། དེ་ལ་ཆུ་བུར་ཅན་ནི། ཆེས་གྲང་བས་ལུས་ཀྱི་ཕྱི་ནང་ཐམས་ཅད་ཆུ་བུར་གྱིས་གང་བའོ། །ཆུ་བུར་རྡོལ་བ་ཅན་ནི། དེ་བས་ཀྱང་གྲང་བས་ཆུ་བུར་བརྡོལ་ཏེ། ཆུ་སེར་གྱི་ལུས་ཡོག་པ་དང་། ཆུ་སེར་ལས་སྐྱེས་པའི་སྲོག་ཆགས་ཀྱིས་ལུས་འབིགས་ཤིང་ཟ་བར་བྱེད་པའོ། །ཨ་ཆུ་ཟེར་བ་ནི། སྐད་ཤིབ་ཤིབ་པོར་འབྲུ་དག་ཅན་ཅུང་ཟད་ཐོན་ཙམ་སྨྲེ་སྔགས་འདོན་པའོ། །ཀྱི་ཧུད་ཟེར་བ་ནི། དེ་བས་ཀྱང་གྲང་བས་ཚིག་འབྲུ་གསལ་བོར་མི་ཐོན་ཏེ། ཉེན་སྐད་ཕྲ་མོ་འབྱིན་པའོ། །སོ་ཐམ་ཐམ་པ་ནི། དེ་བས་ཀྱང་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་ཉམ་ཐག་ཅིང་སོ་བརྡར་བརྡེག་པའོ། །ཨུདྤལ་ལྟར་གས་པ་ནི། པགས་པ་སྔོ་ཞིང་ལུས་དུམ་བུ་བཞིའམ་དྲུག་ལ་སོགས་པར་གས་པའོ། །པདྨ་ལྟར་གས་པ་ནི། སྔོ་བ་ལས་ཐལ་ནས་དམར་ཞིང་ཁ་བཅུའམ་དེ་ལས་ལྷག་པར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི། ཤིན་ཏུ་དམར་བར་གྱུར་ནས་ཁ་བ རྒྱའམ་དེ་ལས་ལྷག་པར་གས་པས་སྡུག་བསྔལ་ཏེ། སྐྱེས་རབས་ལས། མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང་། །དེས་ནི་རུས་པའང་འཇིག་པའི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རྒྱུ་འཇུག །ཅེས་དང་། སློབ་སྤྲིང་ལས། ལྷག་པ་དཔེ་མེད་རུས་པ་ལ་ཡང་ཐིམ་པ་ཡིས། །ལུས་སྦྲེབས་འདར་ཞིང་བསྒྱུར་ནས་ཀུམ་ཀུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་རྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱིས། །ཟོས་ཤིང་དབད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །ཉམ་ཐག་སོ་ཐམ་སྐྲ་དང་སྤུ་རྣམས་གཡེངས་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཞིང་། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་ཀློང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་གསུངས། ཚེ་ཚད་ནི། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིག །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུས་འགྱུར། །ཞེས་གསུངས་ཤིང་། དེའི་དོན་འགྲེལ་བར་མདོའི་ལུང་དྲངས་པ། དགེ་སློང་དག་དཔེར་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱང་ཁལ་བརྒྱད་ཅུ་པ་ཞིག་ཏི ལ་དག་གིས་ཕྱུར་བུར་བཀང་སྟེ། དེ་ནས་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་འདས་ཤིང་ཏིལ་རེ་རེ་དོར་ན། དགེ་སློང་དག རིམ་པ་དེས་ན་ཡུལ་མ་ག་དྷའི་ཏིལ་གྱི་སྦྱངས་ཁལ་བརྒྱད་ཅུ་པ་དེ་མ་ལུས་པར་ཡོངས་སུ་ཟད་པར་འགྱུར་བ་ནི་ཆེས་མྱུར་གྱི་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེ་ཡོངས་སུ་གཏུགས་པ་ནི་ང་མི་སྨྲའོ། །དགེ་སློང་དག་ཆུ་བུར་ཅན་ཉི་ཤུ་ཇི་ལྟ་བ་དེ་བཞིན་དུ་ཆུ་བུར་རྡོལ་བ་གཅིག་ཡིན་ནོ། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་དམྱལ་བ་ན་སྡུག་བསྔལ་དོས་དྲག་ལ་ཡུན་རིང་། ད་ལྟ་མེ་སྟག་ཕྲ་མོ་ཙམ་ཕོག་པའམ་དགུན་གྲང་བའི་དུས་གོས་མེད་པར་གཅེར་བུར་ཡུད་ཙམ་ཡང་སྡོད་མི་བཟོད་ན། ནམ་ཞིག་དེ་ལྟ་བུ་རང་གི་ཐོག་ཏུ་བབས་ན་ཇི་ལྟར་བྱ། དེ་བས་ད་ལྟ་རང་དབང་ཡོད་དུས་དེར་སྐྱེ་བའི་རྒྱུ་སྡིག་པ་སྤངས་ཤིང་གཉེན་པོ་དགེ་བ་ལ་འབད་པར་བྱའོ་སྙམ་དུ་བསམ་ཞིང་ལག་ཏུ་ལོན་པར་བྱ་དགོས་ཏེ། བཤེས་སྤྲིང་ལས། མི་དགེ འི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱོད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། །ཅེས་གསུངས་སོ། །གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། བཤེས་སྤྲིང་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་གསུངས་ཏེ། དེ་ལ་ཡི་དྭགས་རྩ་བའི་གནས་ནི་ཏི་སེའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་པར་བཤད་ལ། ཁ་འཐོར་བ་ནི་མྱ་ང མ་གྱི་ཐང་སོགས་ངེས་པ་མེད་པར་གནས་སོ། །དེ་ཡང་དྲན་པ་ཉེར་བཞག་ལས། རིགས་མི་འདྲ་བ་སུམ་ཅུ་རྩ་དྲུག་ཏུ་གསུངས་ཀྱང་། བསྡུ་ན་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ནི། ལོ་མང་པོར་ཟས་སྐོམ་མི་རྙེད་ཅིང་། རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་མཐོང་ཡང་དྲུང་དུ་ཕྱིན་ན་ཤུལ་ཙམ་ཡང་མེད་འགྲོ་བ་དང་། ཆུ་ཀླུང་ཆེན་པོའི་འགྲམ་དུ་ཕྱིན་ན་གསེག་མ་དང་བྱེ་མའི་གྲོག་པོར་འགྲོ་བ་དང་། ལྗོན་ཤིང་འབྲས་བུ་རྒྱས་པའི་དྲུང་དུ་གཏུག་ནའང་ཤིང་སྐམ་པོར་འགྱུར་བ་སོགས་ཡོད་ཅིང་། འགའ་ཞིག་ལ་སྲིན་པོ་མང་པོས་བསྲུངས་ཏེ་མི་གཏོང་བའང་ཡོད་དེ། སློབ་སྤྲིང་ལས། མི་བཟད་སྐོམ་པ་རྒྱང་ནས་ཆུ་ཀླུང་དྲི་མེད་པ། །མཐོང་ནས་བཏུང་བར་འདོད་དེ་སོང་ནས་དེ་ཉིད་ཀྱང་། །སྐྲ་ཤད་ཉ་སྐྱིབ་ཚོགས་དང་རྣག་སུངས་འདྲེས་པ་དང་། །འདམ་རྫབ་ཁྲག་དང་ཕྱི་སས་གང་བའི་ཆུར་འགྱུར་རོ། །ཞེས་སོགས་གསུངས་པ་ལྟར་རོ། །ནང་གི་སྒྲིབ་པ་ཅན་ནི། ཁ་ཁབ་མིག་ཙམ་དུ་གྱུར་ནས་དང་པོ་བཟའ་བཏུང་ཁ་ལ་མི་ཆུད་། ཅུང་ཟད་ཆུད་ནའང་ཟས་རྣམས་འགྲམ་ཕུག་ཡངས་པོ་དེར་སྟོར། སྐོམ་རྣམས་ཁ་ཡི་དུག་གིས་སྐམ། གལ་ཏེ་ཅུང་ཟད་མིད་ཀྱང་མགྲིན་པ་རྟ་རྔ་ལྟར་ཕྲ་བ་ནས་མི་འགྲོ། སོང་ཡང་ལྟོ་བ་རི་རབ་ཙམ་མི་ཁེངས་པ་སོགས་ཀྱིས་ཉམ་ཐག་སྟེ། དེ་ཉིད་ལས། ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཆེ་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུག་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པར། །ཁ་ཡི་དུག་གིས་ཆུ་ཡི་ཐིགས་པའང་སྐམ་པར་འགྱུར། །ཞེས་གསུངས་། ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཟོས་ཚད་ཁོང་ནང་དུ་མེ་འབར་བར་སོང་ནས་འཚིག་པ་དང་། དང་པོ་ཉིད་ནས་མེ་མདག་དང་བཤང་གཅི་དང་རྣག་ཁྲག་ལ་སོགས་པ་ངན་པ་དང་སྡུག་བསྔལ་བསྐྱེད་པ་ཁོ་ན་ཟ་དགོས་ཀྱི། །དེ་ཡང་རྙེད་དཀའ་བས་སྡུག་བསྔལ་ཏེ། བཤེས་སྤྲིང་ལས། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས་ཕྱེ་མ་འཚལ། །སྨད་རིས་འགའ་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཞེས་གསུངས། སྤྱི་མཐུན་དུ་བཀྲེས་སྐོམ་དང་དུས་ཚིག་འགྱུར་བ་སོགས་འཁྲུལ་བའི་སྣང་བ་མུ་མེད་པས་སྡུག་བསྔལ་ཏེ། དེ་ཉིད་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ཞེས་དང་། སློབ་སྤྲིང་ལས། ཚ་བས་ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ། །ལྷག་པས་ཉམ་ཐག་པ་ལ་མེ་ཡང་གྲང་བྱེད་ཅིང་། །ཤིན་ཏུ་མི་བཟད་ཡོངས་སུ་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་། །ཞེས་གསུངས། མདོར་ན་འཕགས་པ་དབྱིག་གཉེན་གྱིས། ཡི་དྭགས་མེ་ལྕེའི་ཕྲེང་བ་ཡིས། །སྐོལ་ཞིང་སྐད་གསོང་མཐོན་པོར་སྒྲོགས། །ལ་ལ་ཁ་ནས་མེ་འབར་གཞན། །མགྲིན་པ་ཁབ་མིག་ལྟོ་རི་ཙམ། །རྟག་ཏུ་བཀྲེས་སྐོམ་ལ་སོགས་པས། །སྲེག་པའི་ལུས་ནི་སྐམ་པ་དང་། །ཁ་ཅིག་སྐྱུག་པ་ཟ་བ་སྟེ། །གཞན་དག་དེ་ཡང་རབ་རྙེད་དཀའ། །ཞེས་གསུངས་པ་བཞིན་ནོ། །ཚེ་ཚད་ཀྱང་། མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་དང་། བཤེས་སྤྲིང་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་གྱུར། །ཞེས་གསུངས་ཏེ། མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་སྟེ། དེ་ཉིད་མི་ལོར་གཞལ་ན་ཁྲི་ཁྲག་གཅིག་དང་སྟོང་ཕྲག་ལྔའོ། །དེར་སྐྱེ་བའི་རྒྱུའང་། བཤེས་སྤྲིང་ལས། དེ་ལྟར་ཡི་དྭགས་རྣམས་ཀྱི་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །ཞེས་དང་། ཚིག་ལེ་ལས། སྲེད་དང་སེར་སྣའི་སྐྱོན་གྱིས་ནི། །ཤི་ནས་ཡི་དྭགས་སྐྱེ་བར་འགྱུར། །ཉོན་མོངས་ཅན་དགོས་གནོད་སྦྱིན་སོགས། །དེ་ཕྱིར་དེ་ནི་སྤང་བར་བྱ། །ཞེས་གསུངས་པས། ད་ལྟ་ཉིན་གཅིག་གི་ལྟོ་ཙམ་ཡང་གཅག་མི་བཟོད་ན་དེར་སྐྱེས་ན་ཅི་ཙུག་བྱ། དེ་བས་ད་ལྟ་ནས་དེར་སྐྱེ་བའི་རྒྱུ་ལས་ལོག་པ་གལ་ཆེའོ། །གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། དུད་འགྲོ་བྱིང་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད། སྐྱོབ་པའི་གནས་མེད་རླབས་ཀྱིས་བདས་ཏེ་འགྲོ་བས་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ་རྟག་ཏུ་དགྲ་བྱུང་གིས་དོགས་པས་འཇིགས་ཤིང་གསོན་བཞིན་དུ་ཟ་བ་སོགས་ཀྱིས་སྡུག་བསྔལ་ལ་བཟོད་ཐབས་མེད། ཁ་འཐོར་བ་མི་དང་ལྷའི་ཡུལ་ན་ཡོད་པ་འདི་རྣམས་ཀྱང་། མིས་བདག་ཏུ་མ་བཟུང་བ་རྣམས་དགྲ་བྱུང་གིས་དོགས་པས་རྟག་ཏུ་སེམས་ལ་བདེ་བ་མེད། མིས་བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འདྲེག་པ་དང་། སྣ་འབིགས་པ་དང་། རྡེག་པ་དང་། ཁུར་ལྕི་བས་ངལ་བ་སོགས་དང་། ཤ་དང་ཁྲག་དང་ལྤགས་པ་དང་རུས་པ་སོགས་ཀྱི་ཕྱིར་གསོད་པ་སོགས་བཀོལ་སྤྱོད་ཀྱི་སྡུག་བསྔལ་མངོན་སུམ་དུ་མཐོང་བ་འདི་ཡིན་ལ། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་ལ་སོགས་པ་དམྱལ་བ་དང་། ཡི་དྭགས་རྣམས་དང་འདྲ་རུང་གིས་སྡུག་བསྔལ་ཡོད་ཅིང་ཤིན་ཏུ་རྨོངས་པས་གཅིག་ལ་གཅིག་ཟ་བ་སོགས་ཀྱིས་ཤིན་ཏུ་ཉམ་ཐག་སྟེ། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་གྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །ཞེས་དང་། འཕགས་པ་དབྱིག་གཉེན་གྱིས། དུད་འགྲོ་ཕན་ཚུན་སྡང་དང་སྲོག །རང་དབང་མེད་པར་བསད་སོགས་ཀྱིས། །རྟག་ཏུ་སྡུག་བསྔལ་གྱིས་གདུངས་པས། །ཕལ་ཆེར་དམྱལ་བ་དག་དང་མཚུངས། །ཞེས་གསུངས། ཚེ་ཚད་ལ་ངེས་པ་མེད་དེ་ཐུང་བ་རྣམས་ཡུད་ཙམ་དང་། རིང་ཤོས་བསྐལ་པའི་བར་དུ་གནས་པའང་ཡོད་དེ། མཛོད་ལས། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་གསུངས། དེས་ན་ད་ལྟ་རང་གི་ཁ་སྣ་སྤར་མོས་བསུམ་སྟེ་བསྡད་ན་ཡུད་ཙམ་ཡང་བཟོད་མི་ནུས་པ་འདི་འདྲ་ན། དེ་འདྲ་བའི་ལུས་ངན་བླངས་ན་ཇི་ལྟར་བྱ། དེ་བས་ད་ལྟ་ནས་འབད་དགོས་ཏེ། ཚིག་ལེ་ལས། རང་གི་ལུས་དང་ངག་ཡིད་ཀྱིས། །སྡིག་པའི་ལས་ནི་གང་བྱས་པ། །དེས་ནི་དུད་འགྲོར་སྐྱེ་བས་ན། །དེ་ནི་ཆུང་ཡང་མ་བྱེད་ཅིག །ཅེས་གསུངས་པ་བཞིན་ནོ། །བཞི་པ་མཐོ་རིས་མི་ཡི་སྡུག་བསྔལ་བསམ་པ་ནི། ངན་སོང་གསུམ་ནི་སྡུག་བསྔལ་གྱི་རང་བཞིན་དེ་ལྟ་ནའང་། མཐོ་རིས་ན་བདེ་བ་ཡོད་དོ་སྙམ་ན་མེད་དེ། དེ་ཡང་མི་ལ་སྡུག་བསྔལ་བརྒྱད་ཡོད་དེ། མངལ་འཇུག་གི་མདོ་ལས། དེ་བཞིན་དུ་སྐྱེ་བ་ཡང་སྡུག་བསྔལ་ལོ། །རྒ་བའང་སྡུག་བསྔལ་བ་ཡིན་ནོ། །ན་བ་ཡང་སྡུག་བསྔལ་བ་ཡིན་ནོ། །འཆི་བ་ཡང་སྡུག་བསྔལ་བ་ཡིན་ནོ། །སྡུག་པ་དང་བྲལ་བ་ཡང་སྡུག་བསྔལ་བ་ཡིན་ནོ། །མི་སྡུག་པ་དང་ཕྲད་པ་ཡང་སྡུག་བསྔལ་བ་ཡིན་ནོ། །གང་འདོད་པ་བཙལ་ཏེ་མ་རྙེད་པ་ཡང་སྡུག་བསྔལ་བ་ཡིན་ནོ། །ཡོད་པ་བསྲུང་དཀའ་བ་ཡང་སྡུག་བསྔལ་བ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལ་སྐྱེ་བའི་སྡུག་བསྔལ་ནི། སྤྱིར་སྐྱེ་གནས་བཞི་ཀ་ལས་སྐྱེ་བར་གསུངས་ཀྱང་གཙོ་བོར་རང་རེ་མངལ་སྐྱེས་ཀྱི་དབང་དུ་བྱས་ན། དང་པོ་ཕ་མའི་མངལ་དུ་འཇུག་པའི་སྐབས་སུ་ཟངས་ཚ་བའི་ནང་དུ་བཙོས་ཤིང་བརྔོས་པ་ལྟ་བུ་དང་། དེ་ནས་ཞག་བདུན་ཕྲག་བདུན་དུ་མེར་མེར་པོ་ལ་སོགས་པའི་གནས་སྐབས་ཀྱི་འགྱུར་བ་རྫོགས་ནས། རྐང་པ་དང་ལག་པ་སྐྱེ་བའི་སྐབས་སུ་སྐྱེས་བུ་སྟོབས་དང་ལྡན་པས་འཐེན་ནས་དབྱུག་པས་བརྡེག་པ་ལྟ་བུའི་སྡུག་བསྔལ་དང་ ། དབང་པོའི་སྒོ་རྣམས་དོད་པའི་ཚེ་རྨ་གས ར་པ་མཛུབ་མོས་སློང་བ་ཙམ་གྱི་སྡུག་བསྔལ་དང་། གཞན་ཡང་མངལ་གནས་དེ་ལ་དོག་པའི་སྡུག་བསྔལ་དང་། མུན་གནག་པ་དང་། དྲི་མི་ཞིམ་པའི་སྡུག་བསྔལ་དང་གསུམ་རྟག་ཏུ་ཡོད་ཅིང་། མ་དེ་བཀྲེས་པའི་ཚེ་གཡང་ལ་ལྷུང་བ་དང་། འགྲང་བའི་ཚེ་རིས་གནོན་པ་དང་། བཟའ་བཏུང་དྲོན་མོ་བྱས་ན་ཚུ་ཚན་དུ་བཙོས་པ་དང་། གྲང་མོ་བརྟེན་ན་འཁྱགས་རུམ་དུ་བསྒྱུར་བ་ལྟ་བུ་སོགས་ཀྱི་སྡུག་བསྔལ་ཡོད་ཅིང་། ནམ་ཞིག་ཕྱིར་བཙའ་བའི་ཚེ། ལྕགས་ཀྱི་འཁྲུལ་འཁོར་ལ་བསྐྱོན་ནས་ལྕགས་ཀྱི་འཇུར་མིག་ནས་འདྲེན་པ་ལྟ་བུའི་སྡུག་བསྔལ་ཞིང་ཁ་ཅིག་མངལ་དུ་ཤི་བ་དང་། ཁ་ཅིག་མ་བུ་གཉིས་ཀ་ཡང་འཆི་བ་ཡོད། དེར་མ་ཤི་ཡང་ས་ལ་ལྷུང་བའི་དུས་སུ་ཚེར་ཁུང་དུ་བསྐྱུར་བ་ལྟ་བུ་དང་། ལག་གིས་ཕྱིས་དུས་པགས་པ་བཤུས་པ་ལྟ་བུ་པང་དུ་བླང་བའི་ཚེ་བྱེའུ་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ་སོགས་མཐའ་ཡས་པ་ཡོད་དོ། །སློབ་སྤྲིང་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བས་འགགས། །རབ་ཏུ་དོག་པ་མུན་ནག་འཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེར་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །དེ་ནི་རིམ་གྱིས་ཏིལ་མར་བཙོས་སྦྱང་སྲ་བ་ཡིས། །བཙིར་བ་ལྟར་བྱས་དེ་ནས་ཇི་ཞིག་ལྟར་སྟེས་བཙས། །འོན་ཀྱང་མོད་ལ་དེ་སྲོག་མི་འདོར་གང་ཡིན་པ། །སྡུག་བསྔལ་ཉེ་བར་སྤྱད་པའི་རྣམ་པར་མཐོ་བཙམས་མོད། །ཅེས་གསུངས། རྒ་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། མདོར་བསྡུ་ན་བཅུ་སྟེ། གཟུགས་ཡོངས་སུ་འགྱུར་བ་དང་། སྐྲ་ཡོངས་སུ་འགྱུར་བ་དང་། པགས་པ་ཡོངས་སུ་འགྱུར་བ་དང་། ཁ་དོག་ཡོངས་སུ་འགྱུར་བ་དང་། མཐུ་སྟོབས་ཡོངས་སུ་འགྱུར་བ་དང་། གཟི་བརྗིད་ཡོངས་སུ་འགྱུར་བ་དང་། བསོད་ནམས་ཡོངས་སུ་འགྱུར་བ་དང་། ནད་མེད་པ་ཡོངས་སུ་འགྱུར་བ་དང་། སེམས་ཡོངས་སུ་འགྱུར་བ་དང་། གནས་སྐབས་འདས་ཤིང་ཚེའི་མཇུག་བརྟུལ་བའོ། །དེ་ལྟར་ཡང་འཕགས་པ་རྒྱ་ཆེར་རོལ་པ་ལས། རྒས་པ་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒས་པས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་ཉམས། །རྒས་པ་བདེ་བ་འཕྲོག་ཅིང་སྡུག་བསྔལ་བསྐྱེད། །རྒས་པས་འཆི་བྱེད་རྒས་པས་མདངས་ཀྱང་འཕྲོག །ཅེས་གསུངས། ན་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་མོད། བསྡུ་ན་བདུན་དུ་གསུངས་ཏེ། ཟུག་རྔུ་དྲག་པོས་བཏབ་པ་དང་། དཔྱད་རྩུབ་མོ་བྱེད་དགོས་པ་དང་། སྨན་ཚ་བ་བསྟེན་དགོས་པ་དང་། བཟའ་བཏུང་སྙིང་ལ་འདོད་པ་འགོག་པ་དང་། སྨན་པའི་ངོ་བསྲུང་དགོས་པ་དང་། ཡོ་བྱད་ཟད་པ་དང་། ཤི་ཡིས་དོགས་པའི་སྡུག་བསྔལ་རྣམས་ཏེ། སྔ་མ་ལས། ནད་བརྒྱ་མང་དང་ནད་འཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡི་ཡི་དྭགས་བཞིན། །ཞེས་གསུངས། འཆི་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཆི་བདག་གི་གསལ་ཤིང་ཟུག་སྟེ། རྒྱགས་པ་དང་ནི་བྲལ། སྐྱབས་ནི་མེད། མགོན་ནི་མེད། དཔུང་གཉེེན་ནི་མེད། ནད་ཀྱིས་ནི་གདུངས། ཁ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོབ། ལང་ནི་མི་ནུས། ཁ་ཆུ་དང་། སྣབས་དང་། གཅིན་དང་། ངན་སྐྱུགས་ཀྱིས་ལུས་ལ་གོས། སྒྲ་ངར་ངར་པོ་ནི་འདོན། སྨན་པས་ནི་བོར། མལ་གྱི་ཐ་མ་ལ་ནི་ཉལ། འཁོར་བའི་རྒྱུན་དུ་ནི་ནུབ། གཤིན་རྗེའི་མིས་ནི་འཇིགས་ཤིང་སྐྲག དབུགས་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱས་ཆེན་པོས་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྷུང་། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། ནོར་བགོ་བཤའ་བྱར་ནི་མེད། ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་བུ་ཞེས་ནི་ཟེར། དེའི་ཚེ་རྒྱལ་པོ་ཆེན་པོ། ཆོས་མ་གཏོགས་པ་སྐྱབས་དང་མགོན་དང་དཔུང་གཉེན་ནི་གཞན་མེད་དོ། །ཞེས་གསུངས། སྡུག་པ་དང་བྲལ་བ་ནི། རང་གི་སྙིང་ལྟར་གཅེས་པའི་ཕ་མ་བུ་ཚ་ལ་སོགས་པ་ཤི་བ་སོགས་ཀྱིས་སྡུག་བསྔལ་བའོ། །མི་སྡུག་པ་དང་འཕྲད་པ་ནི། དགྲ་དང་ཆོམ་རྐུན་དང་རྒྱལ་པོའི་ཆད་པ་དང་ནད་ལ་སོགས་པ་ཐོག་ཏུ་བབས་པས་སྡུག་བསྔལ་བའོ། །འདོད་པ་བཙལ་གྱིས་མི་རྙེད་པ་ནི། ནོར་རྫས་དང་མངའ་ཐང་གྲགས་པ་སོགས་ཀྱི་ཆེད་དུ་རང་གི་སྲོག་སྟོར་སྟོར་དུ་འབད་ཀྱང་འདོད་པའི་དོན་མི་འགྲུབ་པས་སྡུག་བསྔལ་བའོ། །ཡོད་པ་བསྲུང་དཀའ་བ་ནི། ཇི་ཙམ་འབྱོར་བཞིན་དེ་ཙམ་དུ་དགྲ་རྐུན་དང་འཚེ་བ་མང་བས་ཤིན་ཏུ་སྡུག་བསྔལ་བ་སྟེ། སློབ་དཔོན་དབྱིག་གཉེན་གྱིས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང་། །སྡུག་བསྔལ་གཟིར་བས་དམྱལ་བར་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །འདི་ཡི་དུད་འགྲོའི་སྡུག་བསྔལ་ཡང་། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོན་ཅིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་ཅིག་དབུལ་བ་ལས་གྱུར་དང་། །གཞན་དག་ཆོག་མི་ཤེས་ལས་བྱུང་། །ཡོངས་ཚོལ་སྡུག་བསྔལ་མི་ཟད་དང་། །ཐམས་ཅད་འཁུ་ཞིང་གསོད་པ་ཡིན། །ཞེས་དང་། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་བཞིན་དུ་འཇོམས་པར་བྱེད། །ཅེས་དང་། འཇམ་མགོན་ས་པཎ་གྱིས། རྩོད་དུས་བསོད་ནམས་ཕུན་ཚོགས་པ། །སྐྱེ་བོ་བརྒྱ་ཡི་ནང་ན་དཀོན། །རྫིང་ངན་ཆུ་ཡི་ཁེངས་པ་ན། །ཕྱོགས་གཅིག་ཅི་ནས་འཇིག་པ་ལྟར། །གང་ལ་ནོར་དང་ལྡན་གྱུར་པ། །དེ་ལ་རིགས་རྒྱུད་ཤིན་ཏུ་དཀོན། །བུ་དང་ལྡན་ན་ནོར་ཆེས་དཀོན། །དེ་དང་ལྡན་ན་དགྲ་བོ་འོང་། །ཐམས་ཅད་ཕུན་སུམ་ཚོགས་གྱུར་ན། །མི་དེ་མྱུར་དུ་འཆི་བ་མང་། །ཞེས་གསུངས། མདོར་ན་ཟག་བཅས་ཀྱི་ཕུང་པོ་ལྔ་པོ་འདི་གྲུབ་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། གཟུགས་ལ་རྟེན་བཅས་ཚོར་བས་རང་བཞིན་ཤེས། །འདུ་ཤེས་ལས་དེ་རྒྱུན་ཆགས་འདུ་བྱེད་ཀྱིས། །ཕྱིན་ཆད་ས་བོན་བསྐྲུན་དང་རྣམ་ཤེས་ཀྱི། །སྡུག་བསྔལ་ཉམས་སུ་མྱོང་བས་ཉེ་བར་ལེན། །ཕུང་པོ་ལྔ་པོ་འདི་དག་སྡུག་བསྔལ་རྣམས། །ཀུན་གྱི་འབྱུང་གནས་ཀུན་གྱི་རྟེན་དང་སྣོད། །ཀུན་གྱི་རྒྱུ་྄འབྲས་བདག་པོར་མཁྱེན་འཚལ་ནས། །ཀུན་འབྱུང་ལས་དང་ཉོན་མོངས་སྤོང་འཚལ་ལོ། །ཞེས་གསུངས་པ་བཞིན་ནོ། །ལྔ་པ་ལྷ་མ་ཡིན་གྱི་སྡུག་བསྔལ་བསམ་པ་ནི། རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་པས་སེམས་ལ་མི་བདེ་བ་ཆེན་པོ་རྟག་ཏུ་ཡོད། དུས་དང་དུས་ན་ལྷ་དང་འཐབ་པ་ལས་ལྷ་མིན་བསོད་ནམས་ཀྱི་སྟོབས་ཆུང་བས་གསོད་པ་དང་བརྡེག་པ་དང་ཡན་ལག་གཅོད་པ་དང་འདྲལ་བ་སོགས་ཀྱི་སྡུག་བསྔལ་ཤིན་ཏུ་མང་། ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཉན་རང་གི་མཐོང་ལམ་རྟོགས་པའི་སྐལ་བ་མེད་པར་གསུངས་ཏེ། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས། དྲུག་པ་ལྷ་ཡི་སྡུག་བསྔལ་བསམ་པ་ནི། འདོད་པའི་ལྷ་རྣམས་འདོད་ཡོན་ལ་བག་མེད་པར་སྤྱད་པས་ཚེ་ཟད་དུ་མ་ཚོར་བ་ལ་ཟད། གཞན་ཡང་ལྷ་དབང་ཆུང་བ་རྣམས་ཆེ་བས་གནས་ནས་བསྐྲད་པ་དང་། བསོད་ཆུང་འགའ་ཞིག་པི་ཝང་གོག་པོ་རེ་ཙམ་ལས་ཡོ་བྱད་གཞན་མེད་པས་ཕོངས་པ་དང་། གཞན་གྱི་འབྱོར་པ་མཐོང་ནས་རང་གི་བསོད་ནམས་ལ་ཡི་ཆད་པའི་སེམས་ངལ་དང་། རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པ་རྣམས་ལྷ་མིན་དང་འཐབ་ཅིང་རྨས་པ་སོགས་ཀྱིས་སྡུག་བསྔལ་ཞིང་། འདོད་ལྷ་སྤྱི་མཐུན་དུ་འཆི་འཕོ་དང་ལྟུང་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་དེ། ལྷ་རྣམས་འཆི་བའི་སྔོན་རོལ་ཞག་བདུན་ནས་འཆི་ལྟས་ལྔ་འབྱུང་སྟེ། ལུས་ཀྱི་མདོག་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་རྒྱན་རྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་། མཆན་ཁུང་སོགས་ལུས་ལས་རྔུལ་འབྱུང་བ་རྣམས་སོ། །དེ་རྣམས་འབྱུང་བ་ན་རང་གིས་གཡོག་དང་གྲོགས་པོ་རྣམས་ཀྱིས་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་འགྲོ། ལྷའི་འདོད་ཡོན་ལ་ནི་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། བཟློག་ཐབས་ནི་མེད། རྔ་མོ་རྔེའུ་སྟོར་བའམ་ཉ་བྱེ་ཚན་དུ་བསྒྲེས་པ་ལྟ་བའི་སྡུག་བསྔལ་འབྱུང་། དུས་རིང་ཐུང་ལྷའི་ཞག་བདུན་ཡིན་ན་ཐུང་ཤོས་རྒྱལ་ཆེན་རིས་ཀྱི་དབང་དུ་བྱས་ཀྱང་མི་ལོ་ཕྱེད་དང་བཞི་བརྒྱ་ཡིན་པས་ཡུན་རིང་ལ་དོས་དྲག ཤི་བའི་འོག་ཏུ་ལྷར་སྐྱེ་བ་ནི་སྲིད་མཐའ་ཙམ། མིར་སྐྱེ་བ་ཡང་ཤིན་ཏུ་ཉུང་། ཕལ་ཆེར་ངན་སོང་དུ་འགྲོ་བ་མང་བས་དེ་དག་རང་གི་མངོན་ཤེས་ཀྱིས་མཐོང་བས་ཤིན་ཏུ་སྡུག་བསྔལ་ཏེ། སྔ་མ་ལས། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོའི་སྡུག་བསྔལ་དག་ནི་དེ་བས་ཆེ། །དེ་ལྟར་བསམ་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བགྱིད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དང་། །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས། ཁམས་གོང་མའི་ལྷ་གཟུགས་དང་གཟུགས་མེད་གཉིས་སུ་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང། འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པས་རོ་མྱོང་ཅན་གྱི་ཏིང་འཛིན་བདེ་བ་དེ་འདྲ་བར་ཡུན་རིང་དུ་གནས་ཀྱང་ཡིད་བརྟན་མེད་པར། དཔེར་ན་མདའ་གནམ་དུ་འཕང་བ་ཕྱིར་མི་ལྷུང་མི་སྲིད་པ་བཞིན་དུ་ཟག་བཅས་ཀྱི་ལས་ཟད་ནས་ཡང་སྲིད་ཕྱི་མར་འདུ་བྱེད་པའི་ཕྱིར་སྡུག་བསྔལ་ལས་མ་འདས་ཏེ། འཕགས་པ་དབྱིག་གཉེན་གྱིས། གང་ཞིག་གཟུགས་དང་གཟུགས་མེད་པ། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང་། །ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་པར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ནས་སླར་ཡང་ལྷུང་བར་འགྱུར། །ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས། །འདས་པ་ལྟ་བུར་འབྱུང་འགྱུར་ལ། །འབ ད་ཀྱང་ཇི་ལྟར་རིང་མོར་གནས། །མཁའ་ལ་ལྡིང་བའི་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་མདའ་འཕང་ལྟར། །དེ་ནི་ལྷུང་བའི་མཐའ་ཅན་ཡིན། །མར་མེ་རིང་དུ་འབར་བ་དག །སྐད་ཅིག་རེ་རེར་འཇིག་པ་ལྟར། །འདུ་བྱེད་ཡོངས་གྱུར་ཞེས་པ་ཡི། །སྡུག་བསྔལ་དག་གིས་ཉེ་བར་གཙེས། །ཞེས་དང་། བཤེས་སྤྲིང་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེ་བ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཞེས་གསུངས། དེས་ན་སྲིད་པའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། མདོ་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བར་ཁབ་ཀྱི་རྩེ་ཙམ་ཡང་། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། མགོན་པོ་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ལ་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མེ་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་དང་། ཕ་དམ་པས། འཁོར་བའི་ཉེས་དམིགས་དྲན་ན་སྙིང་རླུང་ལྡང་། །འདི་ལ་གད་མོ་མི་འོང་དིང་རི་བ། །ཞེས་དང། རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོས། གནས་མཐའ་མེད་འཁོར་བའི་རྒྱ་མཚོ་ཆེར། །ལས་སྡུག་བསྔལ་རྦ་ཀློང་དྲག་པོ་འཁྲུགས། །དུས་ལན་གཅིག་ཚུད་ན་ཐར་བར་དཀའ། །ཚུལ་འདི་ལ་བསམ་བཞིན་ཡ་རེ་ང་། །ཞེས་གསུངས། འབྱོངས་པའི་ཚད་དགེ་བཤེས་གླང་རི་ཐང་པ་ལྟ་བུ་ཡིན་ཏེ། གླང་ཐང་བ་ལ་ཉེ་གནས་ཀྱིས་འོ་སྐོལ་ལ་གླང་རི་ཐང་པ་ངོ་ནག་པ་ཟེར་ཞིང་གདའ་ཞུས་པས། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ལ་བསམ་ན་ངོ་གདོང་ལ་དཀར་པོར་ཡོང་བར་འདུག་གེ་གསུངས་སྐད། དེས་ན་དེར་མི་སྐྱེ་བའི་ཐབས་ལ་ད་ལྟ་ཉིད་ནས་བརྩོན་དགོས་ཏེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་ལ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །གལ་ཏེ་བདག་གིས་དེ་རྟོགས་ནས། །རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན། །འཆི་བར་འགྱུར་བའི་དུས་ཀྱི་ཚེ། །མྱ་ངན་ཆེན་པོ་ལྡང་བར་འགྱུར། །དམྱལ་མེ་བཟོད་དཀས་ཡུན་རིང་དུ། །བདག་གི་ལུས་ལ་བསྲེགས་གྱུར་ན། །འགྱོད་པ་མི་བཟད་མེ་འབར་བས། །སེམས་གདུང་འགྱུར་བར་གདོན་མི་ཟ། །ཞེས་གསུངས། འོ་ན་སྡུག་བསྔལ་དེ་ལས་གཏན་དུ་ཐར་པར་བྱེད་པ་ལ་སྡིག་པ་སྤོང་བ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཙམ་གྱིས་མི་ཆོག་སྟེ། དཔེར་ན་ཤིང་གི་རྩ་བ་མ་བཏོན་ན། ཡལ་ག་བཅད་ཀྱང་སླར་སྐྱེ་བ་དང་འདྲ་བས་ཉོན་མོངས་པ་དང་བདག་འཛིན་སྤངས་དགོས་ཏེ། དེའི་ཉེས་པའང་། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང་། མདོ་རྒྱན་ལས། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་བསྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་པ་མི་སྙན་དེ་ནི་གཞན་དུ་མི་ཁོམ་གནས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཅེས་དང་། སྤྱོད་འཇུག་ལས། ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །དཔའ་མཛངས་མིན་ཡང་ཇི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། །བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་བདག་ལ་གནོད་བྱེད་པ། །དེ་ལའང་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས། །གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང་། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་འཕྲད་ན་རི་རབ་ཀྱང་། །ཐལ་བར་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །བདག་གི་ཉོན་མོངས་དགྲ་བོ་གང་། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །མཐུན་པར་རིམ་གྲོ་བརྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ན། །ཉོན་མོངས་རྣམས་ནི་བརྟེན་བྱས་ན། །ཕྱིར་ཡང་སྡུག་བསྔལ་གནོད་པར་བྱེད། །དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲ ར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །འཁོར་བར་འཇིགས་མེད་དགའ་བར་ཇི་ལྟར་འགྱུར། །འཁོར་བའི་བཙོན་རའི་སྲུང་མ་དམྱལ་སོགས་སུ། །གསོད་བྱེད་གཤེད་མར་གྱུར་པ་འདི་དག་ནི། །གལ་ཏེ་བློ་གནས་ཆགས་པའི་དྲྭ་བ་ན། །གནས་ན་བདག་ནི་བདེ་བ་ག་ལ་ཡོད། །ཅེས་གསུངས། དེས་ན་བདག་མེད་བསྒོམ་པ་སོགས། གཉེན་པོའི་ཕྱོགས་ལ་བརྩོན་པ་དྲག་པོས་འབད་དགོས་པའང་། དེ་ཉིད་ལས། དེ་ལྟར་ཇི་སྲིད་བདག་གི་དགྲ་འདི་མངོན་སུམ་དུ། །ངེས་པར་མ་བཅོམ་དེ་སྲིད་བདག་འདིར་བརྩོན་མི་འདོར། །རེ་ཞིག་གནོད་བྱེད་ཆུང་ངུ་ལ་ཡང་ཁྲོས་གྱུར་བ། །ང་རྒྱལ་བདོ་རྣམས་དེ་མ་བཅོམ་པར་གཉིས་མི་འོང་། །རང་བཞིན་འཆི་བས་སྡུག་བསྔལ་གྱུར་པའི་ཉོན་མོངས་དང་། །གཡུལ་ངོར་དངར་ཚེ་ནན་གྱིས་གཞོམ་པར་འདོད་པ་ཡང་། །མདའ་མདུང་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་གསོད་ནས། །དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱེད་པར་མི་བྱེད་ན། །རྟག་ཏུ་སྡུག་བསྔལ་ཀུན་གྱི་རྒྱུར་གྱུར་པ། །རང་བཞིན་དགྲར་ངེས་གཞོམ་བརྩོན་བདག་ལ་དེང་། །སྡུག་བསྔལ་བརྒྱ་ཕྲག་རྒྱུར་གྱུར་གང་གིས་ཀྱང་། །ཡིད་ཆད་སྒྱིད་ལུག་མི་འགྱུར་སྨོས་ཅི་དགོས། །དོན་མེད་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང་། །ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་སྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཇི་ལྟར་གནོད་བྱེད་ཡིན། །ཞེས་གསུངས། གཉེན་པོ་བསྐྱེད་ན་སྤོང་སླ་བའི་ཚུལ་ཡང་། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིག་ཡོངས་བཟུང་ནས། །ནུས་པ་བརྟན་ནས་དེ་ནས་ཕྱིར་ལྡོག་གི། །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང་། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང་། །བློ་ཞན་བདག་ལ་བརྩོན་པ་མེད་དུ་ཟད། །ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་ཚོགས་ལ་མིན་བར་ནའང་མིན། །དེ་ལས་གཞན་དུའང་མིན་ན་འདི་དག་གར་གནས་འགྲོ་བ་ཀུན་གནོད་བྱེད། །འདི་ནི་སྒྱུ་འདྲ་དེ་ཕྱིར་སྙིང་ལ་འཇིག་སྤོངས་ཤེས་ཕྱིར་བརྩོན་པ་བརྟེན། །དོན་མེད་ཉིད་དུ་བདག་ལ་དམྱལ་སོགས་རྣམས་སུ་ཅི་སྟེ་གནོད་པ་བྱེད། །ཅེས་གསུངས། དེས་ན་མྱུར་དུ་བརྩོན་པར་བསྐུལ་བའང་། བཤེས་སྤྲིང་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་དང་། ཨོ་རྒྱན་ཆེན་པོས། འཇིག་རྟེན་བྱ་བར་བརྩོན་ཀྱང་ཟིན་པ་མེད། །ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན། །འཁོར་བའི་བྱ་བ་ལེགས་ཀྱང་ཐ་མར་ཕུང་། །དམ་ཆོས་སྤྱད་པའི་འབྲས་བུ་ཉམས་མི་སྲིད། །ལས་ཉོན་བག་ཆགས་ཐོག་མ་མེད་དུས་ནས། །གོམས་ཤིང་རྒྱུད་ལ་བར་མེད་གསོག་པ་སྟེ། །དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས། །འདི་ཙམ་ཐར་ཞེས་དུས་ཉི་ཚད་བཟུང་མེད། །འཆི་བའི་ཚེ་ན་དྲན་ཡང་རབ་ཏུ་འཕྱིས། །མགོ་བོ་ཆད་ལ་སྨན་གྱི་ཕན་མེད་བཞིན། །དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ནས། །ཞི་བའི་ལམ་ལ་ཡང་དག་འཛེག་པའི་ཕྱིར། །བྱམས་དང་སྙིང་རྗེས་འགྲོ་ཀུན་རྗེས་སྐྱོང་ཞིང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་སྒོམ་པར་མཛོད། །ཅེས་གསུངས། མདོར་ན། ཀུན་མཁྱེན་བླ་མས། མདོར་ན་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །སྡུག་བསྔལ་ཉིད་གསུམ་བརྒྱད་ཀྱིས་སྡུག་བསྔལ་ཞིང་། །བདེ་བའི་སྐབས་མེད་མེ་ཡི་འོབས་དང་འདྲ། །ད་རེས་ཚེ་འདིར་སྲིད་མཚོ་མ་བརྒལ་ན། །ཕྱིས་ནས་ཅི་འགྱུར་བདག་གིས་ཇི་ལྟར་བྱ། །དེ་བས་འཁོར་བའི་རང་བཞིན་སྡུག་བསྔལ་ལ། །སྙིང་ནས་སྐྱོ་བས་རང་གཞན་ཐར་བྱའི་ཕྱིར། །དེ་རིང་ཉིད་ནས་ངེས་པར་འབད་པར་བྱ། །ད་ལྟའི་ཚ་གྲང་བཀྲེས་སྐོམ་ཅུང་ཟད་ལའང་། །བདག་གིས་མི་བཟོད་སྨྲེ་སྔགས་འབྱིན་བྱེད་ན། །འཁོར་བ་ངན་སོང་སྡུག་བསྔལ་མི་བཟད་པ། །དྲག་ལ་རྒྱུན་རིང་བདག་གིས་ཇི་ལྟར་བཟོད། །དེ་བས་ཆོས་ལ་དཀའ་ཐུབ་གུས་མཛོད་ལ། །དད་དང་ངོ་ཚ་ཁྲེལ་ཡོད་ཤེས་པ་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་ཆེན་པོས། །སྲིད་པའི་ཆུ་གཏེར་བརྒལ་ལ་བརྩོན་པར་མཛོད། །ཅེས་གསུངས་པ་བཞིན་ནོ། །གསུམ་པ་ཞར་བྱུང་དུ་ཇི་ལྟར་སྒྲུབ་པའི་ཐབས་ཀྱི་ཡན་ལག་འགའ་ཞིག་བཤད་པ་ནི། དེ་ལྟ་བུའི་འཇིགས་པ་ཆེན་པོ་ལས་སྐྱོབ་པའི་ཕྱིར་ཐོག་མར་སྐྱབས་སུ་འགྲོ་བ་ཉིད་གལ་ཆེ་སྟེ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་ར་བ་ལྗོན་ཤིང་དང་། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་ལ་ནི་བརྟེན་ནས་ནི། །སྡུག་བསྔལ་ཆེ་ལས་རབ་མི་ཐར། །གང་ཞིག་གང་ཚེ་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ནས། །འཕགས་པ་ཡི་ནི་བདེན་པ་བཞི། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། སྡུག་བསྔལ་ཡང་དག་འདས་པ་དང་། །མྱ་ངན་འདས་བདེར་འགྲོ་བ་ཡི། །འཕགས་པའི་ཡན་ལག་བརྒྱད་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་དག་ནི་གཙོ་ཡིན་ཞིང་། །སྐྱབས་དེ་དག་ནི་མཆོག་ཡིན་ནོ། །སྐྱབས་དེ་ལ་ནི་བསྟེན་ནས་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་ཐར། །ཞེས་དང་། འཇམ་དཔལ་རྣམ་རོལ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །འཇིགས་འགྱུར་འཇིགས་པ་སེལ་མཛད་ཅིང་། །སྐྱབས་མེད་སྐྱོབ་པའི་སངས་རྒྱས་དང་། །ཆོས་དང་ཚོགས་མཆོག་དགེ་འདུན་ལ། །དེ་རིང་སྐྱབས་སུ་འགྲོ་བར་གྱིས། །ལྷ་དང་དྲི་ཟ་མི་རྣམས་ལས། །གང་དག་དེ་ལ་སྐྱབས་སོང་བ། །འཇིགས་པ་ཀུན་ལས་ཐར་བར་འགྱུར། །བདེ་བ་རྙེད་པར་དཀའ་པ་མེད། །ཅེས་དང་། ཨོ་རྒྱན་ཆེན་པོས་ཀྱང་། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་གསུངས། དེས་ན་སངས་རྒྱས་ལ་སྟོན་པ་ཞུ། ཆོས་ལ་ནི་ཉམས་ལེན་ཞུ། དགེ་འདུན་ལ་ནི་དེ་སྒྲུབ་པའི་གྲོགས་ཞུ་བ་ཡིན་སྙམ་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་དགོས་ཏེ། ཇོ་བོས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་ཏེ། སྡོམ་པ་ཀུན་གྱི་རྟེན་གཞི་ཡིན། །ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་པ་ལྟར་འདི་མེད་ན་ནང་པའི་གྲལ་ཡང་མི་ཚུད། ཚུལ་བཞིན་དུ་སྐྱབས་སུ་སོང་ན་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད། ངན་འགྲོ་སོགས་ལོག་པར་ལྟུང་བར་མི་སྐྱེ་སྡོམ་པ་ཀུན་གྱི་རྟེན་དུ་འགྱུར། བར་ཆད་དང་ནད་ལ་སོགས་པའི་འཚེ་བ་ཞི། ཚེ་རིང་བ་སོགས་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ། མཐར་ཐུག་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ཏེ་སྐྱབས་ཡུལ་གྱི་ཡོན་ཏན་རང་ཉིད་ཀྱིས་ཐོབ་པ་སོགས་ཀྱི་ཕ ན་ཡོན་ཚད་མེད་དེ། སློབ་དཔོན་བི་མ་ལས། མུ་སྟེགས་སྤྱོད་ལས་ལོག་པ་ཡིན། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་པས་ནད་ཉུང་རིང་། །བྱང་ཞིང་སོག་པའི་ཕན་ཡོན་ནོ། །ཞེས་དང་། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཤིང་། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོགས་དང་། ཕག་གི་རྟོག་པ་བརྗོད་པ་ལས། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོ་མི་འགྲོ་སྟེ། །མི་ཡི་ལུས་ཀྱང་སྤངས་ནས་ནི། །ལྷ་ཡི་ཡུལ་དུ་སྐྱེ་བར་འགྱུར། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། མི་གང་གསུམ་ལ་སྐྱབས་སུ་འགྲོ། །དེ་ཡིས་ཚོགས་ཀྱང་རབ་རྫོགས་ཤིང་། །སངས་རྒྱས་ཉིད་ཀྱང་འགྲུབ་པ་དང་། །ཆོས་དང་དགེ་འདུན་ཐོབ་པར་འགྱུར། །ཞེས་གསུངས། མདོར་ན། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས། དེ་ཡང་སྐྱོབ་པ་སངས་རྒྱས་ལ་སྐྱབས་ཀྱང་། སྐྱོབ་པ་ཆོས་ཀྱིས་སྐྱོབ་བྱ་ཡིན་ཏེ། སངས་རྒྱས་ཀྱིས་མི་ཆུས་ཁྱེར་བའི་སྐྲ་ནས་འཛིན་པ་ལྟར་སྐྱོབ་ཏུ་མི་བཏུབ། ཆོས་བཤད་ཆོས་བཞིན་བྱེད་དུ་བཅུག་ནས་སྐྱོབ་པ་ཡིན་ཏེ། བཀའ་ལས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་དང་། དཔལ་མགོན་འཕགས་པ་ཀླུས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ཀྱང་། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ཞེས་གསུངས་དེས་ན་སངས་རྒྱས་ལ་དད་པ་བསྒོམས་ཏེ། དེས་གསུངས་པའི་ཆོས་ནས་ཇི་སྐད་བཤད་པ་བཞིན་དུ་བྱ། འཕགས་པའི་དགེ་འདུན་རྣམས་ཀྱིས་ཇི་འདྲ་མཛད་འདུག་པ་དེ་བཞིན་དུ་རང་རེ་ཡང་དེའི་ལད་མོའམ་རྗེས་སུ་སློབ་དགོས་ཏེ། དེ་ཡང་ཐེག་པ་ཆེན་པོའི་ལམ་སྒྲུབ་པར་འདོད་པས་ཐོག་མར་ཆགས་པ་དང་སྡང་བའི་ཡུལ་ལ་ཞེན་པ་སྤངས་དགོས་པས། མཛའ་བའི་བཤེས་དང་། བུད་མེད་དང་། འདོད་ཡོན་དང་། ལོག་འཚོ་དང་། ནོར་ལ་ཆགས་པའི་རྣམ་པར་རྟོག་པ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། མི་རྟག་སུ་ཞིག་མི་རྟག་ལ། །ཡང་དག་ཆགས་པར་བྱེད་པ་ཡོད། །དེས་ནི་ཚེ་རབས་སྟོང་དག་ཏུ། །སྡུག་པ་མཐོང་བར་ཡོང་མི་འགྱུར། །མ་མཐོང་ན་ནི་དགར་མི་འགྱུར། །ཡིད་ཀྱང་མཉམ་འཇོག་མི་འགྱུར་ལ། །མཐོང་ཡང་ངོམས་པར་མི་འགྱུར་བས། །སྔར་བཞིན་སྲེད་པས་གདུང་བར་འགྱུར། །སེམས་ཅན་རྣམས་ལ་ཆགས་བྱས་ན། །ཡང་དག་ཉིད་ལ་ཀུན་ནས་སྒྲིབ། །སྐྱོ་བའི་སེམས་ཀྱང་འཇིགས་པར་བྱེད། །ཐ་མ་མྱ་ངན་གདུང་བར་འགྱུར། །དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །རྟག་པ་མེད་པའི་མཛའ་བཤེས་ཀྱིས། །གཡུང་དྲུང་ཆོས་ཀྱང་འཇིག་པར་བྱེད། །བྱིས་དང་སྐལ་བ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་མི་མཉམ་པར་ཁྲིད་བྱེད་ན། །བྱིས་པ་བརྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གིས་མཛའ་འགྱུར་ཞིང་། །ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པས། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་ཟློག་པར་བྱེད། །དེ་དག་ངག་ནི་མ་ཉན་ན། །ཁྲོས་པས་ངན་འགྲོར་འགྲོ་བར་འགྱུར། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ། །ནམ་ཞིག་བྱིས་ལས་ཕན་པ་ཐོབ། །བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། །དེ་ལྟར་བདག་དང་གཞན་བརྟེན་པ། །དེས་ནི་ཕུང་བར་འགྱུར་བར་ཟད། །དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཕྲད་ན་དགའ་བས་མགུ་བྱས་ཏེ། །འདྲིས་ཆེན་ཉིད་དུ་མི་འགྱུར་བར། །ཐ་མལ་པ་ཙམ་ལེགས་པར་བྱ། །བུང་པས་མེ་ཏོག་སྦྲང་རྩི་བཞིན། །ཆོས་ཀྱི་དོན་ཙམ་བླངས་ནས་ནི། །ཀུན་ལ་སྔོན་ཆད་མ་མཐོང་བཞིན། །འདྲིས་པ་མེད་པར་གནས་པར་བྱ། །ཞེས་དང་། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང་། །སེམས་ཅན་རྙེད་པ་མེད་ལ་སྨོད། །རྙེད་པ་ཅན་ལ་མི་སྙན་བརྗོད། །རང་བཞིན་འགྲོགས་དཀའ་དེ་དག་གིས། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། །གང་ཕྱིར་བྱིས་པ་རང་དོན་ནི། །མེད་པར་དགའ་བ་མི་འབྱུང་བས། །བྱིས་པ་འགའ་ཡང་བཤེས་མིན་ཞེས། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་དང་། ཀུན་མཁྱེན་བླ་མས། ལྷག་བསམ་སྙིང་པོའི་བྱང་ཆུབ་སེམས་བསྐྱེད་ནས། །ཉེ་རིང་མེད་པའི་གདུལ་བྱ་སྣ་ཚོགས་ལ། །ཟོལ་མེད་ཕན་པ་སྒྲུབ་ལ་མགུ་དུས་མེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དང་པོ་ལྷར་མཐོང་གསར་ངས་ལྷག་པར་ཆེ། །བར་དུ་མིར་མཐོང་དཔོན་སློབ་འགྲོགས་ཤེས་ཙམ། །ཐ་མ་དགྲར་མཐོང་གནོད་པ་སྣ་ཚོགས་སྐྱེལ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཞེས་དང་། འདོད་པ་ཆུང་ལ་ཚིག་གིས་བསྟོད་ན་ཡང་། །ཕོངས་པར་གྱུར་ལ་ནན་གྱིས་བརྙས་པར་བྱེད། །ངོས་སུ་བསྟོད་ལ་ལྐོག་ཏུ་གཤེ་བསྐུར་འདེབས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་གི་བྱ་བྱེད་འདུན་མ་མི་ཤེས་པར། །གཞན་ལ་གྲོས་འདེབས་ཁ་ཏ་ཡས་ཀྱིས་འབུབས། །ཕྲ་མ་སྔ་བཙན་ཕྱོགས་གཏམ་བདེན་པར་འཛིན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཡུན་རིང་འགྲོགས་ཤིང་ཆོས་ཀྱི་འབྲེལ་ན་ཡང། །གཡོན་ཅན་སྡིག་པའི་གྲོགས་ཀྱི་ཕྱོགས་བཟུང་ནས། །འདི་ཕྱིའི་ཉེས་དམིགས་མི་སེམས་དམ་ཉམས་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཆོས་ཀྱིས་འབྲེལ་ཞིང་ཅི་འགྲུབ་ཕན་བཏགས་ཀྱང་། །ལྐོག་ཏུ་གནོད་སྐྱེལ་འཕྱར་ཀ་རྟག་ཏུ་གཏོང་། །དངོས་སུ་ཕྱེ་གཏོར་ཟུངས་མེད་ཁ་ཞེ་ཅན། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །འགྲོ་བར་ཆས་ན་བཟང་པོའི་ཚིག་གིས་འཆིང་། །བསྡད་པར་གྱུར་ན་ངན་པའི་གནོད་འཚེས་སྐྲོད། །ཟེར་སྤྱོད་འགལ་ལ་རང་བཞིན་མ་ངེས་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བསྡད་པའི་ཚེ་ན་འགྲོ་བའི་བློ་སྣ་འདོད། །ཕྱིན་པར་གྱུར་ན་བསྡད་པ་ལེགས་ཞེས་ཟེར། །ཅི་ཟེར་འདི་ཟེར་རང་བཞིན་ཆ་མེད་པས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གཞན་དུ་འགྲོ་ན་དེ་ལ་བཤོལ་འདེབས་བྱེད། །སྡོད་རྩིས་བྱས་ན་བྱ་བྱེད་མང་ཞེས་ཟེར་། །འཐད་འོས་བསྒྲུབས་ཀྱང་དེ་ལ་ཞད་རེ་འདོགས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཆོས་གཙོར་བྱས་ནས་བྱང་ལམ་བསྒྲུབས་ན་ཡང་། །འཇིག་རྟེན་མ་ཤེས་བྱ་བྱེད་ནོར་ཞེས་ཟེར། །ཅུང་ཟད་བསྟུན་ན་མཐུན་འཇུག་ཆེ་ཞེས་སྨྲ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཅུང་ཟད་བཟུང་ན་ཆགས་ཞེན་ཆེ་ཞེས་སྨྲ། །བཏང་བར་གྱུར་ན་མ་ཤེས་རྩིང་ཞེས་སྒྲོགས། །གང་ལྟར་བྱས་ཀྱང་ཡིན་པའི་སྐབས་མེད་པས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཕན་ཚུན་སྙོམ་པར་ལེགས་པར་བསྐྱངས་བྱས་ཀྱང་། །ལན་གཅིག་རྐྱེན་གྱིས་ཐམས་ཅད་ཆུ་རུ་འབོ། །བཟང་པོའི་དྲིན་ལན་ཐམས་ཅད་ཉེས་ཀྱིས་འཇལ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །མཉམ་གཉིས་ཞལ་ལྕེ་སྙོམས་པོར་བྱས་ན་ཡང་། །གཞན་ཕྱོགས་ཕུལ་ནས་རྟག་ཏུ་འཁང་ར་རྡུང་། །ཕམ་ཁ་བླངས་ཀྱང་ཕན་དུས་མེད་པ་ཡི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་གི་ལེ་ལན་སྐྱོན་ལ་མི་རྟོག་པར། །གཞན་གྱིས་ཚིག་ལ་ཀོ་ལོང་ཟུར་མགོ་སྡོམ། །ཁོང་ཁྲོའི་ཚིག་རྩུབ་ལུགས་དང་མི་མཐུན་པ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བྱས་ན་དགའ་བ་ཅུང་ཟད་མི་བྱེད་པར། །བཞག་ན་དགའ་བའི་ངན་སྤྱོད་སྣ་ཚོགས་བྱེད། །རང་གིས་མ་ལན་གཏམ་ངན་ལུང་པ་འགེངས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་སྐྱོན་མི་རྟོག་གཞན་སྐྱོན་འབའ་ཞིག་གླེང་། །གཅིག་སོང་རྗེས་ལ་དེ་ལ་འཕྱར་ཀ་གཏོང་། །མི་སྙན་ཟེར་མཆུ་ངོ་དགའི་སྐྱེལ་བསུ་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གང་དུ་གནས་ཀྱང་གཏམ་ངན་གཟེངས་རྩའི་གཞི། །མང་པོའི་ནང་དུ་འཐབ་རྩོད་འཁྲུག་ལོང་སྐྱེད། །གཅིག་པུར་བསྡད་ཀྱང་ཁོང་གཏུམ་མི་འཆམ་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཞེས་དང་། རང་བཞིན་གྱོང་ལ་འགྲོགས་པ་མི་བདེ་ཞིང་། །མཆོག་ཏུ་མགུ་དཀའ་འཁང་བ་ཤིན་ཏུ་རྐྱེན། །སྤྱོད་ལམ་མི་གཟོབ་རང་ག་ཚིག་ཙུག་ལ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དད་མེད་ཀུན་ཏུ་འཁྲུག་ཅིང་འགྲོགས་མི་བདེ། །སྒོ་གསུམ་མ་གུས་རྟག་ཏུ་སུན་རྣམས་འབྱིན། །ངོར་འཐབ་ལྐོག་སྨྲ་དོན་མེད་འཕྱར་ཀ་གཏོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །རང་འཁྲུག་གཞན་སྨད་དུག་ལྔ་སུ་བས་རགས། །ཁོང་ཁྲོ་འཁོན་ངན་ཕྲག་དོག་གདུག་རྩུབ་ཅན། །ཕར་ཟེར་ཚུར་ཟེར་ཕྱི་ནང་གཟིང་རྩ་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བསླབས་ན་ཚུར་འཐབ་མི་ཉན་གཅུ་གྱོང་ཆེ། །རྒྱུ་འབྲས་མི་འཛེམ་རྫུན་དང་དབྱེན་ལ་དགའ། །སྨྲ་མཆུ་མང་ཞིང་མི་སྙན་སྐྱེལ་བསུ་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །གཅིག་ལ་བཤད་ན་གཅིག་ཏུ་མི་དགའ་ཞིང་། །གཅིག་ལ་བྱིན་ན་གཅིག་ལ་འཕྲོག་པ་ཙམ། །སྤྱི་སྙོམས་བ སྐྱངས་ཀྱང་ཕྱོགས་འཕུལ་འཕྱར་ཀ་གཏོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །སུ་དང་འགྲོགས་ཀྱང་དེ་དང་མི་འཆམ་ཞིང་། །སྐྱོན་རྣམས་རྟོག་ཅིང་མི་སྙན་འབའ་ཞིག་བརྗོད། །ཐམས་ཅད་དགྲར་ལེན་མཐུན་པ་གཅིག་ཀྱང་མེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཞེས་དང་། རྟག་ཏུ་བཟང་སེམས་ཕན་པ་ཅི་བྱས་ཀྱང་། །བསྐྱངས་ཀྱིས་མི་ལང་ལྷ་ཁང་རྙིང་པ་བཞིན། །ཉིན་འབར་མཚན་འབར་ལ་ལས་སྲོད་ཐུབ་གཏོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ལེགས་པའི་ཁ་ཏས་ཟོལ་མའི་ཕྱེ་གཏོར་འགམ། །ཕུགས་ཀྱི་ཤ་ཚས་འཕྲལ་གྱི་བློ་བྲིད་དགའ། །ཟབ་མོའི་ཆོས་ལས་ཡོ་བྱད་དྲིན་གཟོ་ཆེ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཁ་རོག་བསྡད་ན་ཞལ་ཏ་ཞུ་ཞེས་ཟེར། །ཕན་པར་བསླབས་ན་བཀའ་བཀྱོན་གནང་བར་གོ །ཤ་ཚ་གྲོས་འདེབས་མཆོག་ཏུ་སྡང་བར་མཐོང་། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཕན་འདོགས་ཞུགས་ན་སྤྲོས་ལ་དགའ་ཞེས་ཟེར། །གཅིག་པུར་འདུག་ན་གདུལ་བྱ་སྐྱོང་དགོས་ཟེར། །ཇི་ལྟར་བསམས་ཀྱང་དེ་ལ་ཞད་རེ་འདོགས། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །བཤད་པའི་ཚེ་ན་བསྒོམ་པ་ལེགས་ཞེས་ཟེར། །སྒོམ་པའི་ཚེ་ན་ཡང་ཡང་ཤོད་ཅེས་ཟེར། །ལེགས་པར་བཤད་ན་ཉན་ཡང་མི་ནུས་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཞེས་དང་། བླ་མ་མཆོག་ལས་ཉེ་འབྲེལ་གཅེས་པར་འཛིན། །མཆེད་གྲོགས་མཆོག་ལས་སྡིག་པའི་གྲོགས་པོ་འདེམ། །དམ་ཆོས་མཆོག་ལས་ནོར་རྫས་སྙིང་པོར་བྱེད། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཇི་ཙམ་བསྟན་ཀྱང་དོན་དུ་མི་གཉེར་ལ། །ལེགས་པར་བཤད་ཀྱང་ཅུང་ཟད་མི་ཉན་ཞིང་། །སྙིང་པོའི་དོན་ལ་ནམ་ཡང་མི་སྒྲུབ་པའི། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །དེ་དག་ལ་སོགས་འཁོར་གྱི་ཉེས་པ་ཀུན། །ཇི་ཙམ་བརྗོད་ཀྱང་ཟད་པའི་དུས་མེད་ལ། །མེ་ཡི་འོབས་བཞིན་བཟོད་པའི་གླགས་མེད་པས། །གཅིག་པུར་དབེན་པར་སྒྲུབ་པའི་དུས་ལ་བབས། །ཇི་ལྟར་བསྐྱངས་ཀྱང་མགུ་བར་མི་ནུས་ལ། །གང་ལྟར་བསྟན་ཀྱང་ཕན་པའི་གོ་སྐབས་ཆུང་། །འདི་ལྟར་བཟོད་ཀྱང་སྙིང་པོ་ཅི་འདུག་ཀྱེ། །དེ་ལྟར་བསམས་ནས་མྱུར་དུ་འགྲོ་བར་རིགས། །ཞེས་དང་། མི་ཐེག་ཁུར་དང་མི་ལྕོགས་བྱ་བ་དང་། །དུས་ངན་དཔོན་དང་ཤུལ་ཁའི་འགྲོན་འགྱེད་དང་། །དུས་ལ་མ་བབས་གཞན་དོན་བྱེད་པ་རྣམས། །བཟང་སེམས་ཡོད་ཀྱང་ཕན་པ་འགྲུབ་པར་དཀའ། །དེ་བས་གཅིག་པུར་ཞི་བའི་ནགས་ཁྲོད་དུ། །སྙིང་པོའི་དེ་ཉིད་བསྒོམ་པའི་དུས་ལ་བབས། །ཞེས་གསུངས་པ་སོགས་ཀྱི་དོན་དྲན་པར་བྱ་ཞིང་། །ཁྱད་པར་བུད་མེད་ལ་ཆགས་པའི་ཉེས་པ་ནི། དྲན་པར་ཉེར་བཞག་ལས། རྣམ་པ་ཀུན་ཏུ་ནོར་འཇིག་དང་། །ངན་སོང་རྩ་བ་བུད་མེད་ཡིན། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བར་ག་ལ་འགྱུར། །ཞེས་དང་། བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཕུང་། །གལ་ཏེ་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྣམ་པར་སྤངས། །ཞེས་དང་། སྤྱོད་འཇུག་ལས། ཕོ་ཉ་ཕོ་ཉ་མོ་ཡི་སྔོན། །གང་ཕྱིར་དུ་མར་གསོལ་བཏབ་ཅིང་། །སྡིག་པ་རྣམས་སམ་གྲགས་མིན་ལའང་། །གང་གི་དོན་དུ་མ་འཛེམས་པར། །འཇིགས་པ་ལའང་བདག་ཞུགས་ཤིང་། །རྫས་ཀྱང་ཟད་པར་བྱས་གྱུར་ཏེ། །གང་ལ་ཡོངས་སུ་འཁྱུད་པས་ན། །མཆོག་ཏུ་དགའ་འགྱུར་དེ་དག་ནི། །ཀེང་རུས་ཉིད་ཡིན་གཞན་མིན་ན། །རང་དབང་དང་ནི་བདག་མིན་ལ། །རབ་ཏུ་འདོད་ཅིང་ཡོངས་ཞེན་ནས། །ཅི་ཕྱིར་མྱ་ངན་འདས་མི་འགྲོ། །ཞེས་པ་ལ་སོགས་པར་གསུངས་པའི་དོན་དྲན་པར་བྱ་ཞིང་། འདོད་ཡོན་ལ་རྣམ་པར་ཆགས་པའི་གཉེན་པོར། མདོ་ལས། དགེ་སློང་དག་འདོད་པ་ལས་སེམས་བཟློག་ཅིག ལམ་འདི་ནི་འཇིགས་པ་དང་བཅས་པའོ། །རབ་ཏུ་འཇིགས་པ་དང་བཅས་པའོ། །ཚེར་མ་དང་བཅས་པའོ། །ཐིབས་པོ་དང་བཅས་པའོ། །ལམ་གོལ་བའོ། །ལམ་ངན་པའོ། །ཞེས་དང་། སྤྱོད་འཇུག་ལས། འཇིག་རྟེན་འདི་དང་ཕ་རོལ་དུ། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད། །འདིར་ནི་གསོད་དང་འཆིང་དང་གཅོད། །ཕ་རོལ་དུ་ཡང་དམྱལ་སོགས་སྒྲུབ། །ཅེས་དང་། སློབ་སྤྲིང་ལས། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་པ་མི་བཟད་པ། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་འཐིབ་པར་བྱེད། །ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །དུག་དང་ཡུལ་རྣམས་བློ་ཡིས་ངེས་པར་བརྟགས་བྱས་ན། །གཉིས་ན་དུག་བླ་མི་བཟད་རང་བཞིན་ཡུལ་རྣམས་མིན། །དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་བར་ཟད། །ཡུལ་ནི་ཚེ་རབས་གཞན་ནའང་དུག་ཏུ་འགྱུར་བར་བྱེད། །དུག་ནི་དུག་དང་བསྲེས་ན་རབ་ཏུ་ཞི་བར་འགྱུར། །གསང་སྔགས་མཆོག་དང་དུག་སེལ་སྨན་གྱིས་གསོ་བར་རུང་། །དུག་ནི་ཐབས་ལྡན་སྤྱད་ན་མི་ལ་ཕན་པར་བྱེད་འགྱུར་གྱི། །དུག་ཆེན་ཡུལ་ནི་ནམ་ཡང་དེ་ལྟ་མ་ཡིན་ནོ། །ཞེས་གསུངས། ལོག་པའི་འཚོ་བ་ལ་ཆགས་པའི་གཉེན་པོ་ཡང་སྤྱིར་ལོག་པའི་འཚོ་བ་ནི། རིན་ཆེན་ཕྲེང་བ་ལས། ཚུལ་འཆོས་རྙེད་དང་བཀུར་སྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་བསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་འཇམ་སྔར་ནི་སྨྲ་བའོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་བྱེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོན་བྱེད་པའོ། །རྙེད་པས་རྙེད་པ་རྣམ་འདོད་ཕྱིར། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་དང་། རྒྱ་མཚོས་ཞུས་པའི་མདོ་ལས། མེ་དང་འདྲ་བར་བསྐོར་བ་ཡི། །རྩུབ་འགྱུར་ཆུ་ནི་འཐུང་བ་སླའི། །རབ་ཏུ་བྱུང་བས་གཡོ་སྒྱུ་ཡིས། །བཟའ་བཏུང་བླང་བར་མི་བྱའོ། །ཞེས་གསུངས། ཁྱད་པར་དུ་ཡང་། ཆོས་རྗེ་དྭགས་པོ་རིན་པོ་ཆེས། སྡིག་ཟས་ཁྲ་བོའི་ཤ་དང་གཅིག །མྱོས་བྱེད་སེར་མོའི་ཆང་དང་གཉིས། །བསླུ་བྱེད་ན་ཆུང་གཞོན་དང་གསུམ། །འདི་གསུམ་ཆོས་པའི་བཙན་དུག་ཡིན། །ཆོས་གཤའ་མ་ཞིག་བྱེད་ན་འདི་གསུམ་སྤོངས། །ཞེས་གསུངསཏེ། དེ་ལ་ཤ་ཡི་ཉེས་དམིགས་ནི། ལངྐར་གཤེགས་པ་ལས། དྲི་ང་འཕགས་པ་མིན་པས་བསྙེན། །མི་སྙན་པ་ཡང་བྱེད་པ་སྟེ། །ཤ་ནི་གཅན་གཟན་རྣམས་ཀྱི་ཟས། །བཟར་མི་རུང་བར་ཐུབ་ཆེན་གསུངས། །ཞེས་དང་། ཁེ་ཡི་ཕྱིར་དུ་སེམས་ཅན་གསོད། །ཤ་ཡི་ཆེད་དུ་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་པ་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །གང་གིས་ཐུབ་པའི་ཚིག་འདས་ཏེ། །བསམ་པ་ངན་པས་ཤ་བཟའ་ན། །འཇིག་རྟེན་གཉིས་ནི་གཞིག་པའི་ཕྱིར། །ཤཱཀྱའི་བསྟན་ལ་བརྟུལ་ཞུགས་བླངས། །ཤིན་ཏུ་མི་བཟད་དམྱལ་བ་ཡང་། །སྡིག་པའི་ལས་ཅན་དེ་དག་འདོངས། །མ་རུངས་འོ་དོད་འབོད་སོགས་སུ། །ཤ་ཟ་དེ་དག་བཙོ་བར་འགྱུར། །རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླད་དང་། །མ་བསྐུལ་བའང་ཡོད་མིན་པས། །དེ་བས་ཤ་ནི་མི་བཟའ་འོ། །ཞེས་དང་། མ་འོངས་པ་ཡི་དུས་ན་ནི། །ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པ་ཡང་། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱི་ཟས་ལ་སྤྱོད། །ཅེས་དང་། གལ་ཏེ་ཤ་རྣམས་ཟ་བྱེད་ན། །སེམས་ཅན་དག་ནི་སྐྲག་འགྱུར་བས། །དེ་ཕྱིར་རྣལ་འབྱོར་པ་དག་གིས། །སྙིང་རྗེའི་སེམས་ཀྱིས་ཤ་མི་བཟའ། །ཤ་ཟ་སྙིང་རྗེ་ཤེས་རབ་མེད། །རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས། །འཕགས་པའི་རྒྱལ་མཚན་དག་དང་འགལ། །དེ་ཡི་ཕྱིར་ན་བཟའ་མི་རིགས། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། འཇམ་དཔལ་གྱི་ལྟ་འདོད་མདོར་བསྟན་ལས་ཀྱང་། རྫས་ཐོབ་དོན་དུ་སྲོག་གཅོད་དང་། །བཟའ་བའི་དོན་དུ་རིན་འཇལ་བ། །གཉིས་པོ་དག་ཀྱང་གསོད་པ་སྟེ། །ངུ་འབོད་ལ་སོགས་རྣམས་སུ་འཚེད། །གང་ཕྱིར་རྫས་ཀྱི་ཤ་ཉོས་པ། །ཁྱིམ་པ་རྣམས་ལ་སྡིག་མེད་ན། །དེ་བཞིན་སྐུ་གཟུགས་ལ་སོགས་པ། །བྱས་ནའང་ཇི་ལྟར་བསོད་ནམས་འགྱུར། །གསོད་པོ་ནོར་ལ་སྲེད་པ་དག །བསྐལ་པ་འབུམ་དུ་འཚེད་པའོ། །ཟ་བོ་ཤ་ལ་སྲེད་པ་དག །བསྐལ་པ་བྱེ་བར་འཚེད་པའོ། །ཤ་བཟའ་བ་ཡི་མི་གང་ཞིག །དང་པོ་ཡི་དྭགས་འགྲོ་བ་སྟེ། །ཕྱི་མ་ངུ་འབོད་འགྲོ་བའོ། །ཞེས་དང་། གཞན་གྱིས་བསད་པ་བརྒྱ་ལས་ནི། །རང་གི་བསད་དམ་གསོད་བཅུག་པའི། །ཤ་ནི་ཉེས་པ་བརྒྱ་འགྱུར་ལྕི། །ཞེས་དང་། རྒྱལ་སྲས་རིན་པོ་ཆེས། ཐོག་མེད་དུས་ནས་གཉེན་འགྱུར་འགྲོ་བ་རྣམ ས། །ལས་ཀྱི་ཤི་ནའང་མཆི་མ་དབྱུང་རིགས་ན། །དེ་དག་ཤ་ཡི་ཆེད་དུ་བསད་པའི་ཤ། །བཟའ་བར་རིགས་པ་མིན་ནོ་ཤེས་རབ་གྲུབ། །ཅེས་གསུངས། ཆང་གི་ཉེས་པའང་། དྲན་པ་ཉེར་བཞག་ལས། ཆང་ལ་བརྟེན་པའི་མི་དག་ནི། །ཆོས་རྣམས་ཀུན་གྱི་སྟ་གྲི་ཡིན། །ངོ་ཚ་མེད་པར་བྱེད་པའི་མཆོག །ཕང་པ་དག་ཏུ་ཉེ་བར་གནས། །བློ་ནི་ཤིན་ཏུ་རྨོངས་བསྐྱེད་ཅིང་། །འཇིག་རྟེན་གཉིས་ནི་རྣམ་འཇིག་བྱེད། །ཐར་པའི་ཆོས་ལ་མེ་ལྟ་བུ། །སྲེག་བྱེད་དེ་ནི་ཆང་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ལས་རྣམ་འབྱེད་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པ་ནི་ཟངས་ཁུ་འཐུང་བའི་དམྱལ་བ་ལྟུང་ངོ་། །ཞེས་དང་། སེང་གེས་ཞུས་པ་ལས། གཞན་ལ་ཆང་སྦྱིན་ན་སྐྱེ་བ་ལྔ་བརྒྱར་ལག་སྡུམ་དུ་སྐྱེ་བར་གསུངས་པ་སོགས་མང་དུ་འབྱུང་སྟེ། རྒྱལ་སྲས་རིན་པོ་ཆེས། སྡིག་སྡུག་གཏམ་ངན་དུག་ཤིང་སྐྱེད་པའི་རླན། །ཐོས་བསམ་སྒོམ་པའི་སྨན་ཤིང་བསྲེགས་པའི་མེ། །དྲན་ལྡན་སྨྱོན་པར་བྱེད་པའི་མི་བཟད་གདོན། །མྱོས་འགྱུར་ཀུན་ཏུ་སྤོངས་ཤིག་ཤེས་རབ་གྲུབ། །ཅེས་གསུངས། དེ་དང་རྗེས་སུ་འབྲེལ་བའི་ཐ་མ་ཀའང་། མདོ་རྩ་བར། རྩ་བ་དང་། སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །ཞེས་གསུངས་པའི་བྱེ་བྲག་སྡོང་པོ་དང་འདབ་མ་འབྲས་བུ་ཅི་རིགས་ལས་བྱུང་བའི་མྱོས་འགྱུར་གྱི་རྫས་ཏེ། གུ་རུའི་གཏེར་ལུང་ལས། དུས་ཀྱི་ཐ་མར་དྲི་རྣམས་ཟ་བའི་ཟས། །དྲི་ངན་ཧ་སྐྱུག་ངན་པ་ཟས་སུ་ཟ། །དྲི་ཚོར་ཙམ་གྱིས་ངན་སོང་གསུམ་དུ་ལྷུང་། །ཞེས་གསུངས་པ་སོགས་མང་ངོ་། །དེས་ན་ཀུན་འདུས་ལས། ཁ་ན་མ་ཐོར་བཅས་པ་དང་། །ཉམས་པ་ལས་བྱུང་ཉེས་དང་བཅས། །མ་དག་པ་ཡི་ཡོ་བྱད་རྣམས། །གདུག་ཅན་འཕང་དུ་འོང་བ་ལྟར། །ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡིས། །བསྐལ་པར་བཤུངས་ཏེ་སྤང་བར་བྱ། །ཞེས་གསུངས། ནོར་ལ་ཆགས་པའི་ཉེས་དམིགས་ནི། བཤེས་སྤྲིང་ལས། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་ཇི་སྙེད་དོ། །ཞེས་དང་། ཀུན་མཁྱེན་བླ་མས། གང་ལ་ཡོད་པ་འཚོ་སྐྱོང་སྡུག་བསྔལ་མང་། །གང་དུ་བསྲུངས་ཀྱང་ཁེ་སྤོགས་ཚོལ་བ་དང་། །གང་གིས་འཚེ་དང་ཐ་མར་སྲོག་ལ་རྒོལ། །གང་དག་ནོར་གྱིས་ཉེས་པ་ཚད་མེད་དོ། །ནོར་ཞེས་བྱ་བ་ཀུན་ཏུ་ནོར་བས་ཏེ། །ཀུན་དང་རྩོད་ཅིང་ཆགས་དང་སེར་སྣ་འཕེལ། །ཆོས་ལས་ཉམས་ཤིང་ཆགས་སྡང་ཉོན་མོངས་སྐྱེ། །ནོར་ཞེས་མིང་ཡང་དོན་དང་མཐུན་པར་གྲགས། །ཅུང་ཟད་འབྱོར་ན་ཁེངས་ཤིང་ང་རྒྱལ་ལ། །རེ་ཞིག་རྒུད་ན་ཞུམ་ཞིང་མྱ་ངན་སྐྱེད། །ཆོས་དང་འགལ་ཞིང་དམ་པར་རྣམས་ཀྱིས་དམད། །འཁོར་བར་འཆིང་བའི་ཉེས་པ་མཐའ་ཡས་ལྡན། །ཞེས་པ་ནས། ནོར་ཞིང་ནོར་བའི་ནོར་གྱིས་འཁོར་བར་འཁྱམས། །སྲེད་ཅིང་སྲེད་པས་སྲེད་ལྡན་ཡི་དྭགས་སྐྱེ། །འབྱོར་ཞིང་འབྱོར་ཡང་འབྱོར་པའི་དོན་མེད་པས། །ཉེས་མང་ཉེས་འབྱུང་ཉེས་པའི་ནོར་ལ་གཟིགས། །དམ་པས་དམད་ཅིང་ཆོས་མིན་བག་མེད་གནས། །ཐར་ལམ་སྤངས་ཤིང་བག་མེད་འདུ་འཛིའི་གཞི། །ཟུག་རྔུ་མང་བས་གཟེ་རེ་རྒྱུན་མི་འཆད། །ཉེས་ཀུན་རང་བཞིན་ནོར་གྱི་སྡུག་བསྔལ་སོམས། །སེམས་ལ་ཆོག་ཤེས་ལེགས་པའི་བློ་མེད་ན། །སྒྱུ་མའི་ནོར་རྫས་ཡོད་ཀྱང་ཇེ་དགོས་ཏེ། །འདི་ཙམ་ཡིན་ཞེས་འབྱོར་པའི་གོ་སྐབས་མེད། །ཆགས་སྲེད་འཕེལ་བ་ནོར་གྱི་ཉེས་ཀུན་སོམས། །ནོར་ལ་གཡེང་བས་མཁས་པའི་འདུན་མ་འཇིག །ནོར་ལ་སྲེད་པས་བཙུན་པའི་འདུལ་ཁྲིམས་ཉམས། །ནོར་ལ་དགའ་བས་བཟང་པོའི་དམ་ཆོས་དམད། །ནོར་ལ་ཉེས་མང་མཐའ་ཡས་མཁྱེན་པར་མཛོད། །ཅེས་གསུངས་ཤིང་། དེ་ལྟར་འདོད་པའི་ཡུལ་རྣམས་ལ་ཞེན་པ་ལ་ཉེས་དམིགས་ཤིན་ཏུ་མང་སྟེ། སྤྱོད་འཇུག་ལས། འདོད་ལྡན་རྣམས་ལ་དེ་ལ་སོགས། །ཉེས་དམིགས་མང་ལ་མནོག་ཆུང་སྟེ། །ཤིང་རྟ་འདྲེན་པའི་ཕྱུགས་དག་གིས། །རྩྭ་ནི་ཁམ་གང་ཟོས་པ་བཞིན། །ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི། །མནོག་ཆུང་གང་ཡིན་དེ་དོན་དུ། །དལ་འབྱོར་ཕུན་ཚོགས་རྙེད་དཀའ་འདི། །ལས་ཀྱིས་མནར་བ་རྣམས་ཀྱིས་བཅོམ། །འདོད་པ་ངེས་པར་འཇིག་འགྱུར་ཞིང་། །དམྱལ་ལ་སོགས་པར་ལྟུང་བྱེད་པས། །ཆེན་པོ་མིན་ཕྱིར་དུས་ཀུན་ཏུ། །དུབ་པའི་ཚེགས་ཆུང་གང་ཡིན་པ། །དེ་ཡི་བྱེ་བའི་ཆ་ཙམ་གྱི། །ཚེགས་ཀྱིས་སངས་རྒྱས་མྱུར་འགྲུབ་ན། །འདོད་ལྡན་བྱང་ཆུབ་སྤྱོད་པ་ལས། །སྡུག་བསྔལ་ཆེ་ལ་བྱང་ཆུབ་མེད། །དམྱལ་སོགས་སྡུག་བསྔལ་བསམ་བྱས་ན། །འདོད་པ་རྣམས་ལ་མཚོན་དང་ནི། །དུག་དང་མེ་དང་གཡང་ས་དང་། །དགྲ་རྣམས་ཀྱིས་ཀྱང་ཆར་མི་ཕོད། །ཅེས་གསུངས། དགྲ་ལ་སྡང་བའི་སེམས་སྤང་བར་བྱ་སྟེ། རང་གི་ཁྲོ་བ་མ་ཐུལ་ན་ཕྱི་རོལ་གྱི་དགྲ་གཞོམ་གྱིས་མི་ལང་ཞིང་ཐུལ་ན་དགྲ་གཞོམ་མི་དགོས་ཏེ། སེམས་ཅན་མི་བསྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡང་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་ཆོམ་དང་འདྲ། །ས་སྟེང་ཐམས་ཅད་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །དེ་བཞིན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལང་གིས། །བདག་གིས་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་ཀོ་ཅི་ཞིག་དགོས། །ཞེས་གསུངས་ཏེ། ཞིབ་པར་ཁོང་ཁྲོའི་ཉེས་དམིགས་བཟོད་པའི་ཕན་ཡོན། ཇི་ལྟར་བསྒོམ་པའི་ཚུལ་རྣམས་གཞུང་དེ་ཉིད་ལས་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལྟར་ཆགས་པ་དང་སྡང་བའི་ཡུལ་ལ་ཞེན་པ་ཐམས་ཅད་སྤངས་ནས་དབེན་པའི་གནས་བསྟེན་པར་བྱ་སྟེ། དེ་ལྟར་འདོད་ལ་སྐྱོ་བྱས་ཏེ། །དབེན་པ་ལ་ནི་དགའ་བ་བསྐྱེད། །རྩོད་དང་ཉོན་མོངས་ཀྱིས་སྟོང་པའི། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙན་དན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་རླུང་གཡོབ་པ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང་། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བག་ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དང་ཡང་ནི་འབྲེལ་མེད་པའི། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །ཞེས་དང་། འཇིག་རྟེན་ཀུན་ནས་གདུང་བཞིན་དུ། །ཇི་སྲིད་སྐྱེས་བུ་བཞི་ཡིས་ནི། །དེ་ལུས་དེ་ནི་མ་བཏེགས་པར། །དེ་སྲིད་དུ་ནི་ནགས་སུ་སོང་། །བཤེས་མེད་འཁོན་པའང་མེད་བྱས་ནས། །ལུས་འདི་གཅིག་པུར་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་མེད། །དྲུང་ན་འཁོད་པ་སུ་དག་ཀྱང་། །མྱ་ངན་གནོད་པ་བྱེད་མེད་པས། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེང་བར་འགྱུར་བ་མེད། །དེ་བས་ཤིན་ཏུ་མདངས་དགའ་བའི། །ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང་། །གཡེང་བ་ཐམས་ཅད་ཞི་བྱེད་པར། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་གསུངས། དབེན་པའི་ས་ཕྱོགས་དེར་གནས་ཇི་ལྟ་བུ་བསྡད་སྙམ་ན། འཕགས་པ་དཀོན་མཆོག་སྤྲིན་ལས། གནས་གང་ན་བསོད་སྙོམས་བླངས་པའི་ཡུལ་དང་ཧ་ཅང་མི་ཉེ་ཧ་ཅང་མི་རིང་བ་དང་། གནས་གང་ན་ཆུ་དྭངས་ཤིང་རྙོག་པ་མེད་པ་གཙང་ཞིང་དྲི་མ་མེད་པ་ཚེགས་ཆུང་བ་ཡོད་པ་དང་། གནས་གང་ན་ཤིང་ཕུན་སུམ་ཚོགས་པ། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ། ལོ་མ་ཕུན་སུམ་ཚོགས་པ། གཅན་གཟན་ཁྲོ་བོ་མེད་པ། སྨན་ལྗོངས་དང་ལྡན་པ། ཐག་ཐུག་མེད་པ། འགྲོ་ན་བདེ་བ་ཞི་བ་གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ན་གནས་སོ་ཞེས་གསུངས་ཤིང་། མདོ་སྡེ་རྒྱན་ལས། བློ་ལྡན་གང་དུ་སྒྲུབ་པའི་ཡུལ། །ལེགས་པར་རྙེད་དང་གནས་བཟང་དང་། །ས་བཟང་བ་དང་གྲོགས་བཟང་དང་། །རྣལ་འབྱོར་བདེ་བའི་ཡོན་ཏན་ལྡན། །ཞེས་གསུངས་པས། བསོད་སྙོམས་ལ་སོགས་པ་མཐུན་རྐྱེན་རྙེད་སླ་བ་དང་། ཆོམ་རྐུན་ལ་སོགས་པ་མེད་པས་གནས་བཟང་བ་དང་། ས་དང་ཆུ་ངན་པ་ལ་སོགས་པའི་རྐྱེན་གྱིས་ནད་མི་འབྱུང་བས་ས་བཟང་བ་དང་། གྲོགས་ཆོས་ལྡན་རང་དང་ལྟ་སྤྱོད་མཐུན་པ་ཡོད་པས་གྲོགས་བཟང་བ་དང་། ཉིན་པར་སྐྱེ་བོ་འདུས་པའི་རྣམ་གཡེང་མེད་ཅིང་མཚན་མོ་སྒྲ་དྲག་པོ་མི་གྲགས་པས་རྣལ་འབྱོར་བདེ་བའི་ཡོན་ཏན་དང་ལྡན་པ་སྟེ། དེ་ལྟ་བུའི་གནས་སུ་སྡོད་པར་གསུངས་ཤིང་། ཇི་ལྟར་ཡང་གྲོགས་ཡོད་དམ་མེད་ཀྱང་རུང་སྟེ། རྣམ་གཡེང་མེད་ཅིང་དགེ་སྦྱོར་འཕེལ་བའི་གནས་སུ་བསྡད་པར་བྱའོ། །དེ་ལྟར་དགོན་པར་གནས་པ་ལ་ཡོན་ཏན་ཤིན་ཏུ་མང་པོ་ཡོད་དེ། ཟླ་བ་སྒྲོན་མའི་མདོ་ལས། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བ། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཁྱུ་མཆོག་རྒྱལ་བ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་པས་ཡིད་འབྱུང་སེམས་ཅན་གྱིས། །དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། ཡང་དེ་ཉིད་ལས། ཉེས་པའི་ཆོས་རྣམས་ཐམས་ཅད་སྤངས་ནས་སུ། །རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང་། རྣལ་འབྱོར་ཅན་བརྩོན་ནམ་ཡང་རྩོད་པ་མེད། །དགོན་པར་གནས་པ་དེ་ཡི་ཡོན་ཏན་འདི། །དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད། །ཟག་པ་རྣམས་ནི་རྣམ་པར་འཕེལ་མི་འགྱུར། །ནགས་ན་གནས་པ་དེ་ཡི་ཡོན་ཏན་འདི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །རྟག་ཏུ་ཞི་ཞིང་དགའ་བས་དབེན་པར་རྒྱུ། །ལུས་དང་ངག་དང་ཡིད་ཀྱང་རབ་བསྡོམ་འགྱུར། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང་། །ཞེས་སོགས་དང་། དཀོན་བརྩེགས་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། །གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱི་དགོན་པ་རབ་དགོན་དུ། །བླ་མེད་བྱང་ཆུབ་བརྙེས་པར་འགྱུར། །མྱུར་དུ་དགོན་པར་གནས་བྱེད་ན། །འདོད་པའི་སྲེད་པ་སྤོང་འགྱུར་ཞིང་། །ཉེས་པ་ཇི་བཞིན་རྣམ་རིག་ནས། །དེ་དག་ལས་ནི་སེམས་རྟོག་འགྱུར། །ཁྱིམ་ནི་མྱུར་དུ་སྤངས་ནས་སུ། །དགོན་པ་ལ་ནི་གནས་འགྱུར་བ། །མཁས་པ་ཡང་དག་མཐོང་བ་རྣམས། །སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ། །གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་དག་དབེན་པ་བརྟེན་བྱེད་ཅིང་། །དེ་དག་དགོན་པར་དགའ་འགྱུར་གྱི། །དེ་དག་ཁྱིམ་ལ་དགའ་མི་འགྱུར། །དེ་དག་སངས་རྒྱས་རྣམ་དག་གི། །སྤྱོད་ཡུལ་རྣམས་དང་སྤྱོད་པ་སྟེ། །གང་ཞིག་ལམ་འདི་འཇུག་འགྱུར་བ། །དེ་ལ་བྱང་ཆུབ་རྙེད་དཀའ་མིན། །ཞེས་གསུངས་པ་སོགས་ཡོན་ཏན་ཚད་མེད་དེ་ཞིབ་པར་མདོ་རྣམས་དང་སློབ་དཔོན་བི་མ་ལས་མཛད་པའི་སྒོམ་རིམ་སོགས་ལས་ཤེས་པར་བྱའོ། །དགོན་པ་དེར་ཡང་དགེ་བའི་ཆོས་ལ་ཤིན་ཏུ་བརྩོན་པར་བྱེད་དགོས་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པར་གནས། དགོན་པ་ན་གནས་པ་འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ། འདི་ན་མ་སྦྱངས་པ། མ་བསླབས་པ། མ་ཞི་བ། མ་ཐུལ་བ། རབ་ཏུ་མི་བརྩོན་པ། འདི་ལྟ་སྟེ། རི་དྭགས་དང་། སྤྲེའུ་དང་། བྱ་མང་པོ་དང་། ཆོམ་རྐུན་དང་གདོོལ་པ་དག་ཀྱང་མང་དུ་གནས་ཏེ། དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན་ཏེ། གང་གི་ཕྱིར་བདག་དགོན་པ་ན་གནས་པ་འདི་ལྟ་སྟེ། དགེ་སྦྱོང་གི་དོན་དེ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་བརྟག་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན། ཐོག་མར་བདག་དགོན་པར་འོང་བ་འདི་ཅིའི་ཕྱིར་འོང་སྙམ་དུ་བསམ་པར་བྱ་སྟེ། དེ་ལ་བདག་དགོན་པར་འོང་བ་ནི། གྲོང་དང་གྲོང་ཁྱེར་ལ་སོགས་པ་གཡེང་བའི་ས་ཕྱོགས་ནས་འཇིགས་ཤིང་སྐྲག་ནས་བྲོས་ཏེ་དགོན་པར་འོང་བ་ཡིན་ཏེ། དེ་ཡང་ཅིའི་འཇིགས་ན། འདུ་འཛི་དང་། རྙེད་པ་དང་། བཀུར་སྟི་དང་། སྡིག་པའི་གྲོགས་པོ་དང་། མི་དགེ་བའི་བཤེས་དང་། ཉོན་མོངས་པ་དང་། བདུད་བཞི་དང་། ངན་སོང་གསུམ་ལ་སོགས་པས་འཇིགས་ཤིང་སྐྲག་ནས་འོངས་པ་ཡིན་ན། ད་ལྟ་བདག་དགོན་པ་ན་ལུས་ངག་ཡིད་གསུམ་ཅི་བྱེད་ཅིང་འདུག་སྙམ་དུ་བརྟག་པར་བྱ་སྟེ། དེའི་ཚེ་ལུས་ངག་ཡིད་གསུམ་མི་དགེ་བ་སོགས་ལ་འཇུག་སྟེ་བག་མེད་པར་འདུག་ན། ཀྱེ་མ་བདག་ནི་ནགས་སུ་གནས་པའི་གཅན་གཟན་དང་འདབ་ཆག་དང་རི་དྭགས་སོགས་དང་ཁྱད་མེད་ན། དེའི་དབེན་པ་བརྟེན་པའི་འདོད་པའི་དོན་ཅང་འགྲུབ་བམ་སྙམ་དུ་བསམས་ལ་དེ་ལས་བཟློག་སྟེ་དགེ་བ་ལ་བརྩོན་པར་བྱའོ། །གཞན་ཡང་རིན་ཆེན་ཕུང་པོའི་མདོ་ལས། དགོན་པའི་གནས་དེ་ན་གནས་པ་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར་བདག་གི་ནི་ལམ་རིང་པོ་ནས་འདིར་འོངས་པ་གཅིག་པུ་གཉིས་སུ་མེད་དེ། ལེགས་པར་བྱས་པའམ། ཉེས་པར་བྱས་པ་བསྐུལ་བའི་གྲོགས་ནི་འགའ་ཡང་མེད་ཀྱི། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སངས་རྒྱས་བཅོམ་ལྡན་འདས་གང་བདག་གི་སེམས་ཤེས་པ་དག་ཡོད་དེ། བདག་དགོན་པའི་གནས་ན་འདུག་པ་ལ་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དབང་དུ་འགྱུར་རོ། །ཞེས་དང་། ཅི་ནས་ཀྱང་བདག་ལ་ལྷ་རྣམས་འཕྱ་བར་མི་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགེས་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པའང་དྲན་པར་བྱའོ། །དགོན་པའི་གནས་དེར་ཅི་ཞིག་ཉམས་སུ་བླང་བར་བྱ་སྙམ་ན། ཨོ་རྒྱན་ཆེན་པོས་མངའ་བདག་ཁྲི་སྲོང་ལ་གདམས་པ་ལས། ཆོས་སྒོར་ཞུགས་ཀྱང་ཆོས་སུ་མ་སོང་བ་མང་དུ་ཡོད་པས་དེར་མ་སོང་བར་བྱ་དགོས། དེ་ཡང་རབ་ཏུ་བྱུང་བ་བྱས་ཀྱང་འཚོ་སྐྱོང་དང་ཡོ་བྱད་ཁྱིམ་པ་དང་མཉམ་ན་ཆོས་པ་མ་ཡིན། མི་ཆོས་ཀྱི་བྱ་བ་བཞག་ཀྱང་ཐ་མལ་གྱི་ལོང་གཏམ་མ་སྤངས་ན་ཆོས་པ་མ་ཡིན། དགོན་པར་གནས་ཀྱང་བྱ་བ་འཇིག་རྟེན་པ་དང་མཉམ་ན་ཆོས་པ་མ་ཡིན། རང་ཡུལ་བོར་ཡང་འཇིག་རྟེན་པ་དང་འབྲེལ་འདྲིས་མ་སྤངས་ན་ཆོས་པ་མ་ཡིན། ཉམས་ལེན་བྱས་ཀྱང་འདོད་པ་ལས་བློ་མ་བཟློགས་ན་ཆོས་པ་མ་ཡིན། དཀའ་ཐུབ་སྣ་ཚོགས་བྱེད་ཀྱང་གཞན་གྱི་གནོད་པ་མ་བཟོད་ན་ཆོས་པ་མ་ཡིན། བསྐྱེད་རྫོགས་སྒོམ་ཡང་དམ་ཚིག་མ་བསྲུངས་ན་ཆོས་པ་མ་ཡིན། གཉིས་མེད་བསྒོམས་ཀྱང་ལྷ་འདྲེ་ལ་ཕན་གནོད་རེ་ན་ཆོས་པ་མ་ཡིན། ཐེག་ཆེན་ལ་ཞུགས་ཀྱང་སེམས་ཅན་ལ་ཕན་པ་མི་བསྒྲུབ་ན་ཆོས་པ་མ་ཡིན། འགྲོ་དོན་བྱེད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པར་ཞེ་འདོད་དང་མ་བྲལ་ན་ཆོས་པ་མ་ཡིན། ལྟ་བ་རྟོགས་ཀྱང་རྣམ་སྨིན་ལ་མི་འཛེམ་ན་ཆོས་པ་མ་ཡིན། ཐེག་པ་རིམ་དགུ་ཤེས་ཀྱང་རང་རྒྱུད་ཆོས་དང་མ་འདྲེས་ན་ཆོས་པ་མ་ཡིན། རྟག་ཏུ་རྩེ་གཅིག་བསྒོམས་ཀྱང་སྣང་བའི་དངོས་འཛིན་མ་ཞིག་ན་ཆོས་པ་མ་ཡིན། བསླབ་པ་གསུམ་དང་ལྡན་ཡང་རློམ་སེམས་ཀྱི་དམིགས་པས་བསྐྱེད་ན་ཆོས་པ་མ་ཡིན། དགེ་སྦྱོར་ཅི་བྱེད་ཀྱང་སྦྱོར་དངོས་མཇུག་གསུམ་གྱིས་མ་ཟིན་ན་ཆོས་པ་མ་ཡིན། ལུས་ངག་གི་སྤྱོད་ལམ་བཟང་བ་རང་བཞིན་བྱེད་ཀྱང་སེམས་ལ་ཉོན་མོངས་པ་རང་རྒྱུད་པར་ཤོར་ན་ཆོས་པ་མ་ཡིན། ད་ལྟ་སྒྲུབ་པར་ནུས་པའི་བྱ་བ་རྣམས་བཞག་ནས་སྨོན་ལམ་ལ་རེ་བ་རྣམས་ཆོས་པ་མ་ཡིན། སེམས་ཉིད་རང་ངོ་མ་ཤེས་པར་འབྲས་བུ་ཕྱིས་དུས་ལ་རེ་ན་ཆོས་པ་མ་ཡིན། ལས་སུ་དགེ་བའི་རྩ་བ་བྱས་ཀྱང་འཇིག་རྟེན་གྱི་ཆོས་བརྒྱད་དང་མ་བྲལ་ན་ཆོས་པ་མ་ཡིན། མངའ་བདག་རྒྱལ་པོ་འཇིག་རྟེན་ཆོས་བརྒྱད་ཀྱང་། བདག་ལ་བསྟོད་ན་དགའ་བ། སྨད་ན་མི་དགའ་བ་དང་། གྲགས་ན་དགའ་བ་དང་། མ་གྲགས་ན་མི་དགའ་བ་དང་། སྙན་ན་དགའ་བ་དང་། མ་སྙན་ན་མི་དགའ་བ་དང་། རྙེད་ན་དགའ་བ་དང་། མ་རྙེད་ན་མི་དགའ་བ་རྣམས་ལགས་ཏེ། དེ་ཡང་བདག་གི་ལུས་ངག་ཡིད་གསུམ་གྱི་དགེ་བའི་རྩ་བ་གང་ཡང་སྔར་དེ་རྣམས་ཀྱི་བསམ་པ་དང་བཅས་པས་བྱས་སམ། ད་ལྟ་བྱེད་ཅིང་འདུག་གམ་མི་འདུག མ་འོངས་པ་ན་དེ་བརྒྱད་དང་ལྡན་པས་བྱེད་དམ་མི་བྱེད་བརྟགས་ཏེ། དེ་དང་མ་འབྲེལ་བ་གལ་ཆེ། མངའ་བདག་ཆེན་པོ། པདྨ་བདག་གི་རྗེས་སུ་འབྲངས་ན། ཆོས་གང་ལ་འཇུག་ཀྱང་སངས་རྒྱས་ཀྱི་བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་བྱེད་པའི་ལམ་ཕྱིན་ཅི་མ་ལོག་པ་ལ་སྤྱོད་ཅིག དོན་རྒྱ་ཆེ་ལ་ཟབ་པ་དང་ལྡན་པར་སྤྱོད་ཅིག ཡང་དག་པར་རྫོག་པའི་སངས་རྒྱས་ཀྱི་བཀའ་མཐའ་དག་དང་ལྡན་པར་སྤྱོད་ཅིགཐེག་པ་རིམ་དགུའི་དོན་གང་ཟག་གཅིག་གི་རྒྱུད་ལ་ཡར་ལྡན་དུ་རྫོགས་པར་སྤྱོད་ཅིག སྤྱད་བྱ་སྤྱོད་བྱེད་གང་ཡང་མ་གྲུབ་པར་ཤེས་པའི་ཚུལ་གྱིས་སྤྱོད་ཅིག འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ངང་དུ་སྤྱོད་ཅིག བདག་གི་གདམས་པ་འདི་ཁོ་ན་ལྟར་སྤྱོད་ཅིག བྱང་ཆུབ་ཀྱི་འབྲས་བུ་ལ་ཐེ་ཚོམ་མེད་ཀྱིས་གསུངས། མདོ་སྡེ་དཀོན་མཆོག་སྤྲིན་ལས། དེ་ནས་གནས་དེ་དག་ན་གནས་ཤིང་གང་སྔོན་བཀླགས་པ་དང་སྔོན་ཐོས་པ་དེ་ཉིད་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཧ་ཅང་མི་ཆེ་ཧ་ཅང་མི་ཆུང་བ་དང་དབང་པོ་མི་རྒོད་ཅིང་ཕྱི་རོལ་དུ་མ་སོང་བའི་སེམས་དང་ལྡན་པས་ཉེ་བར་འཚོ་ཞིང་ཚིག་ཉེ་བར་བཟུང་སྟེ་མཚན་མར་འཛིན་ཅིང་གཉིད་ཀྱིས་མ་ལོག་པ་ཁ་ཏོན་བྱེད་དོ། །ཞེས་གསུངས་ཤིང་། བསླབ་བཏུས་ལས། དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང་། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་གསུངས་པ་དང་ཁྱད་པར་དུ་སྤྱོད་འཇུག་ལས། དེ་ལ་སོགས་པའི་རྣམ་པ་ཡིས། །དབེན་པའི་ཡོན་ཏན་བསམ་བྱས་ན། །རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཞེས་གསུངས། དེ་ལྟར་ཉམས་སུ་ལེན་པ་ལ་བརྩོན་འགྲུས་ཤིན་ཏུ་གལ་ཆེ་སྟེ། དེ་ཉིད་ལས། དེ་ལྟར་བཟོད་པས་བརྩོན་འགྲུས་བརྩམ། །འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་ཤིང་། དེ་ཡི་མི་མཐུན་ཕྱོགས་བཤད་བྱ། །ལེ་ལོ་ངན་ལ་ཞེན་པ་དང་། །སྒྱིད་ལུག་བདག་ཉིད་བརྙས་པའོ། །སྙོམས་ལས་བདེ་བའི་རོ་མྱོང་དང་། །གཉིད་ལ་བརྟེན་པའི་སྲེད་པ་དང་། །འཁོར་བའི་སྡུག་བསྔལ་མི་སྐྱོ་ལས། །ལེ་ལོ་ཉེ་བར་སྐྱེ་བར་འགྱུར། །ཞེས་གསུངས་པས། ལེ་ལོ་སྐྱེས་ན་དལ་འབྱོར་རྙེད་པར་དཀའ་བ་བསམས་ཏེ་རྙེད་པའི་དུས་འདིར་ལེ་ལོ་སྤངས་ལ་དགེ་བ་ལ་བརྩོན་པར་བྱེད་དགོས་ཏེ། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་བརྒལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས། དགེ་བ་ཕྱིས་བྱས་པས་ཆོག་སྙམ་ན། མདོ་ལས། སང་ཙམ་འཆི་འམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བསྟུན་ཏེ་སྒྲུབས། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་དང་། སློབ་དཔོན་ངག་དབང་གྲགས་པས། འདི་བྱ་སླར་ཡང་ནངས་པར་འདི་བྱ་དེ་ནས་གཞན་ཡང་འདི་བྱ་ཞེས། །སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་བརྟན་ཚོལ་བྱེད་པའི། །སྐྱེ་དགུ་འཆི་བདག་ཁར་ནི་ཆུ་སྲིན་ཁ་རུ་གྲུ་ནི་ཞུགས་པ་ལྟར། །བྱ་བ་མཐར་མ་ཕྱིན་པར་ཡུལ་གྱི་ཆུ་ཡི་རྦ་ཀློང་ནང་དུ་ལྷུང་། །ཞེས་གསུངས། ཞིབ་པར་གོང་དུ་བསྟན་པ་ལྟར་འཆི་བ་དྲན་པར་བྱ་སྟེ། འདི་ནི་དགྲ་ལ་གནོད་པར་བྱའོ་སྙམ་པ་དང་། གཉེན་བཤེས་དང་ནོར་རྫས་རྙེད་བཀུར་དང་སྙན་གྲགས་ལ་སོགས་པ་ལ་ཆགས་པ་དང་། སྙོམས་ལས་ལ་སོགས་པ་མང་པོའི་གཉེན་པོར་འགྱུར་བ་ཡིན་པས་ཡང་ཡང་དུ་བསམ་མོ། །དེ་ལྟར་འབད་ཀྱང་བདག་ལྟ་བུའི་ཤེས་རབ་ཆུང་བ་དང་ན་སོ་རྒས་པ་སོགས་ཀྱིས་མི་ནུས་སྙམ་ན་མ་ཡིན་ཏེ། སྤྱོད་འཇུག་ལས། བདག་གིས་བྱང་ཆུབ་ག་ལ་ཞེས། །སྒྱིད་ལུག་པར་ནི་མི་བྱ་སྟེ། །འདི་ལྟར་དེ་བཞིན་གཤེགས་པ་ནི། །བདེན་པར་གསུངས་པས་བདེན་འདི་གསུངས། །སྦྲང་བུ་ཤ་སྦྲང་བུང་བ་དང་། །དེ་བཞིན་སྲིན་བུར་གང་གྱུར་པ། །དེས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། །བྱང་ཆུབ་ཐོབ་དཀའ་བླ་མེད་ཐོབ། །བདག་ལྟ་རིགས་ཀྱི་མིར་སྐྱེས་ལ། །ཕན་དང་གནོད་པ་ངོ་ཤེས་ནས། །བྱང་ཆུབ་སྤྱོད་པ་མ་བཏང་ན། །བདག་གིས་བྱང་ཆུབ་ཅིས་མི་ཐོབ། །ཅེས་དང་། མདོ་སྡེ་རྒྱན་ལས། གལ་ཏེ་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་གསུངས། དེས་ན་ཞུམ་པ་སྤངས་ལ་བརྩོན་པར་བྱ་སྟེ། སྤྱོད་འཇུག་ལས། འདི་ལྟར་བརྩོན་ལ་བྱང་ཆུབ་གནས། །རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །ཞེས་གསུངས། ཡང་སྔོན་ཆད་ཚེ་སྟོད་སོགས་སུ་དགེ་སྦྱོར་ལེགས་པོ་བྱས་ཡོད་པས་ད་དེ་ཙམ་གྱིས་ཆོག་སྙམ་ན། འཕྲལ་བདེ་ལ་ཕུག་སྡུག་པའི་འདོད་པས་ཀྱང་མི་ངོམས་ན། ཐམས་ཅད་དུ་བདེ་བའི་བསོད་ནམས་ཀྱིས་ཅི་སྟེ་ངོམས་ཏེ། དེ་ཉིད་ལས། སྤྲུ་གྲིའི་སོར་ཆགས་སྦྲང་རྩི་ལྟའི། །འདོད་པ་རྣམས་ཀྱིས་མི་ངོམས་ན། །རྣམ་སྨིན་བདེ་ལ་ཞི་བ་ཡི། །བསོད་ནམས་ཀྱིས་ལྟ་ཅིས་ཏེ་ངོམས། །ཞེས་དང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་རྩ་བ་གཅིག་ལ་ཆགས་པར་མ་བྱེད་ཅིག ཆོས་ཀྱི་སྒོ་གཅིག་དང་སྤྱོད་པ་གཅིག་ཡོངས་སུ་རྫོགས་པས་ཆོག་པར་མ་འཛིན་ཅིགདེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་ཚད་མེད་པ་བསྡུ་བར་བྱ་དགོས་སོ། །ཞེས་དང་། མདོ་སྡེ་རྒྱན་ལས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡི། །བློ་ལྡན་མཆོག་དེ་དལ་གྱིས་འགྲོ་མི་མཛེས་། །བདག་གཞན་སྣ་ཚོགས་འཆིང་བས་རབ་བཅིངས་ན། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བར་རིགས། །ཞེས་གསུངས། དེ་ལྟར་བརྩོན་འགྲུས་རྩོམ་པའི་དུས་སུ་ཚ་གྲང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་བྱུང་ན། བདག་དོན་ཆེན་པོ་སྒྲུབ་པ་ལ་སྡུག་བསྔལ་འདི་ཙམ་བཟོད་པར་བྱ་དགོས་སྙམ་དུ་བསམས་ནས་བཟོད་སྲན་སྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། ཉ་བ་གདོལ་པ་ཞིང་པ་ལ་སོགས་པ། །རང་གི་འཚོ་བ་ཙམ་ཞིག་སེམས་པ་ཡང་། །གྲང་དང་ཚ་ལ་སོགས་པའི་གནོད་བཟོད་ན། །འགྲོ་བའི་དོན་དུ་བདག་ལྟས་ཅིས་མི་བཟོད། །ཅེས་པ་དང་། བདག་གི་བྱང་ཆུབ་སྒྲུབ་པ་ཡི། །སྡུག་བསྔལ་འདི་ནི་ཚོད་ཡོད་དེ། །ཟུག་རྔུ་ཁོང་བརླག་གནོད་བསལ་ཕྱིར། །ལུས་རྨ་གཏོད་པའི་སྡུག་བསྔལ་བཞིན། །སྨན་པ་ཀུན་ཀྱང་གསོ་སྤྱད་ཀྱིས། །མི་བདེ་བ་ཡི་ནད་མེད་བྱེད། །དེ་བས་སྡུག་བསྔལ་མང་པོ་དག །གཞོམ་ཕྱིར་མི་བདེ་ཆུང་བཟོད་བྱ། །ཞེས་གསུངས། ཡང་དབེན་པར་གནས་པ་ལ་ཆོག་ཤེས་པ་གལ་ཆེ་སྟེ། སྐྱེས་རབས་ལས། མང་དུ་ཐོས་ལ་སྙེམས་པ་མེད། །འབྱོར་པ་རྣམས་ལ་སེར་སྣ་མེད། །ནགས་ཚལ་གནས་ལ་ཆོག་ཤེས་པ། །ཡོན་ཏན་རྒྱན་གྱི་མཆོག་ཡིན་ནོ། །ཞེས་པ་དང་། ཆོག་ཤེས་ངེས་པའི་བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་བྱ། །རྩྭ་དང་ལོ་མ་ཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། བཤེས་སྤྲིང་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་མཁྱེན་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་ལྡན་ལགས། །ཞེས་གསུངས་ཤིང་། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས། སེམས་ཅན་གང་དག་ཁ་ཅིག་རྩོད་གྱུར་པ། །དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོངས། །སྲེད་པ་སྤངས་བར་བྱས་ན་གཟུངས་སུ་འགྱུར། །ཞེས་གསུངས། དེས་ན་རྒྱལ་སྲས་ཞི་བ་ལྷས། ཕུག་གམ་ལྷ་ཁང་སྟོང་པའམ། །ལྗོན་ཤིང་དྲུང་ན་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང་། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིག་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་འགྱུར། །ལྷུང་བཟེད་ལ་སོགས་ཉི་ཚེ་དང་། །ཀུན་ལ་མི་འཁོའི་གོས་འཆང་ཞིང་། །ལུས་འདི་སྦ་བར་མ་བྱས་ཀྱང་། །འཇིགས་མེད་གནས་པར་ནམ་ཞིག་འགྱུར། །དུར་ཁྲོད་སོང་ནས་གཞན་དག་གི། །རུས་གོང་དང་ནི་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །ཞེས་དམ་པ་རྣམས་ཀྱིས་སྨོན་བྱར་མཛད་དོ། །ཡང་ལྷག་བསམ་བསྐུལ་བའི་མདོ་ལས་བྱུང་བའི་དོན་འདི་དག་ཉམས་སུ་བླང་བར་བྱ་སྟེ། མདོ་སྡེ་ལས། བྱམས་པ། བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་ཆོས་བཞི་དང་ལྡན་ན་ཕྱི་མ་ལྔ་བརྒྱ་ཐ་མ་ལ། དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། མ་སྣད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བཞི་གང་ཞེ་ན། བདག་གི་འཁྲུལ་པ་ལ་སོ་སོར་རྟོག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཟག་གཞན་གྱི་ཉེས་པ་མི་གླེང་བ་དང་། མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་ལ་མི་བལྟ་བ་དང་། ཡིད་དུ་མི་འོང་བའི་ཚིག་སྤོང་བ་སྟེ། ཞེས་གསུངས། རྙེད་པ་དང་བཀུར་སྟིའི་ཉེས་དམིགས་ཤེས་པར་བྱ་སྟེ། མདོ་དེ་ཉིད་ལས། བྱམས་པ་འདི་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དག་བཀུར་བསྟི་ནི། འདོད་ཆགས་སྐྱེད་པ་ཡིན་པར་རིག་པར་བྱའོ། །རྙེད་པ་དང་བཀུར་སྟི་ནི་དྲན་པ་འཇོམས་པར་བྱེད་པས་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། བསམ་གཏན་དང་ཚད་མེད་པ་ཡོངས་སུ་སྤོང་བ་དང་། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་བྱེད་པ་དང་། ཞེས་སོགས་མང་དུ་གསུངས་པས། རྙེད་པ་དང་བཀུར་སྟི་ལ་ཆགས་པ་སྤངས་ནས་འདོད་པ་ཆུང་བར་བྱ་སྟེ། མདོ་དེ་ལས། བརྟགས་ནས་ཀྱང་འདོད་པ་ཆུང་བར་བྱའོ། །ཡོངས་སུ་གདུང་བར་ནི་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ། འདོད་པ་ཆུང་བ་ལ་ཆོས་འདི་ལྟ་བུ་ཡོད་པའི་ཕྱིར་ཏེ། དེའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན། ཞེས་པ་དང་། བྱམས་པ། ཕན་ཡོན་འདི་ལྟ་བུ་འདི་དག་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པ་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར་ལྷག་པའི་བསམ་པ་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང་འདོད་པ་ཆུང་བ་ལ་བརྟེན་པར་བྱའོ། །ཞེས་གསུངས། འདུ་འཛི་ལ་དགའ་བ་སྤང་བར་བྱ་སྟེ། མདོ་དེ་ཉིད་ལས། འདོད་ཆགས་སྤངས་ཤིང་ཞེ་སྡང་རབ་སྤངས་ནས། །རྣལ་འབྱོར་ཅན་ནི་འདུ་འཛིར་མི་གནས་ཏེ། །དེ་ནི་དེ་ལ་གཞོལ་ཞིང་དེ་ལ་འབབ། །ཉེས་པ་དེ་ནི་དགའ་བར་བྱེད་མི་འགྱུར། །རྒོད་དང་དེ་བཞིན་བཞད་གད་རྣམ་རྟོག་པ། །འདི་དག་ཐམས་ཅད་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་གསུངས། དུས་དང་དུས་ཚོད་མ་ཡིན་པའི་གཉིད་ལ་དགའ་བ་སྤང་བར་བྱ་སྟེ། མདོ་དེ་ཉིད་ལས། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་གཏི་མུག་དྲྭ་བ་ཆེན་པོ་འཕེལ། །དེ་ནི་ལྟ་བ་རྙེད་ནས་ཐེ་ཚོམ་འགྱུར། །དེ་ལ་ལྟར་གྱུར་གཞན་ཡང་མང་པོ་འབྱུང་། །ཞེས་དང་། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །མི་ཤེས་ལེ་ལོ་སྙོམས་ལས་ཤེས་རབ་འཆལ། །དེ་ལ་མི་མ་ཡིན་པས་གླགས་རྙེད་དེ། །ནགས་ན་གནས་པའི་ཚེ་ན་འཚེ་བར་འགྱུར། །ཞེས་གསུངས། ཞིང་ལས་ལ་སོགས་བྱ་བ་ངན་པ་སྤང་བར་བྱ་སྟེ། མདོ་དེ་ཉིད་ལས། བླ་མས་བསྐུལ་ན་བཀའ་བློ་མི་བདེ་ཞིང་། །རྗེས་སུ་བསྟན་ན་མཐུན་པར་འཛིན་མི་བྱེད། །དེ་ནི་མྱུར་དུ་ཚུལ་ཁྲིམས་ཉམས་པར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བས་ཡིན། །ཁྱིམ་ན་གནས་པའི་ལས་རྣམས་རྟག་སེམས་པས། །དེ་ནི་རྟག་ཏུ་གདུང་བར་འགྱུར་བ་སྟེ། །བསམ་གཏན་དང་ནི་སྤོང་བ་དེ་མི་བྱེད། །ཉེས་པ་འདི་དག་ལས་ལ་དགའ་བས་ཡིན། །དེ་ནི་འདོད་ཆགས་ཤས་ནི་ཆེ་བར་སྐྱེ། །དེ་ནི་བྲོ་བ་རྣམས་ལ་ཆགས་ཞིང་ཞེན། །དེ་ནི་ངན་ངོན་ཙམ་གྱིས་དགའ་མི་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བས་ཡིན། །དེ་ནི་འཁོར་མང་པོ་ལ་དགའ་འགྱུར་ཏོ། །དེ་ཉམས་ན་ནི་ཤིན་ཏུ་སྡུག་བསྔལ་འགྱུར། །དེ་ནི་བོང་བུ་བཞིན་དུ་འདྲེ་བར་འགྱུར། །ཉེས་པ་འདི་དག་ལས་ལ་དགའ་བས་ཡིན། །ཞེས་དང་། ཉིན་དང་མཚན་དུ་སེམས་གཞན་མེད་པ་ནི། །ཟས་དང་སྐོམ་ལ་རྒྱུན་དུ་སེམས་པར་བྱེད། །དེ་ནི་རྟག་ཏུ་ཡོན་ཏན་འདོད་མ་ཡིན། །ཉེས་པ་འདི་དག་ལས་ལ་དགའ་བས་ཡིན། །ཞེས་གསུངས། སྤྲོས་པ་སྟེ་འཐབ་མོ་ལ་དགའ་བ་སྤང་བར་བྱ་སྟེ། མདོ་དེ་ཉིད་ལས། གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས། །སྡང་བའི་སེམས་ཀྱིས་རྩོད་པ་མ་བྱེད་ཅིག །ཁྱེད་ལ་ཞིང་མེད་ཞིང་ལས་ཚོང་བྱ་མེད། །གང་ལ་ནོར་ཕྱིར་འདི་དག་འབྱུང་བས་སྤྲོས། །ཞེས་པ་དང་། ཞི་ཞིང་རབ་ཏུ་ཞི་བ་བརྟེན་པ་ཡིས། ངུར་སྨྲིག་གོས་དག་དད་པས་བླངས་ནས་ནི། །ཞི་ཞིང་རབ་ཞི་ཉེ་བར་ཞི་བར་བྱོས། །སྤྲོས་པ་རྣམས་པར་སྤངས་ལ་བཟོད་པ་བསྐྱེད། །ཅེས་གསུངས་ཤིང་། ཡང་མདོ་དེ་ཉིད་ལས། བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་མ་སྣད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་བར་འདོད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འདོད་པས་འདུ་འཛི་མེད་པ་ལ་དགའ་བ་དང་། དགོན་པ་དང་ནགས་དང་བས་མཐའ་ལ་གནས་པ་ལ་བརྩོན་པར་བྱ་ཞིང་། མངོན་པར་མི་བརྩོན་པའི་སེམས་ཡོངས་སུ་སྤོང་བ་དང་། བདག་གི་འཁྲུལ་པ་ལ་ལྟ་བ་དང་། ཅི་ཡང་མི་སྨྲ་བ་ལ་དགའ་བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པར་བརྩོན་པར་བྱའོ། །ཞེས་གསུངས་སོ། །འོད་སྲུང་གི་ལེའུ་ལས། ལྟ་འགྱུར་འཆིང་དང་རྙེད་དང་བཀུར་སྟི་དང་། །གྲགས་པའི་འཆིང་བ་རབ་ཏུ་བྱུང་བ་ཡི། །འཆིང་བ་དམ་ཞེས་འཕགས་པ་རྣམས་ཀྱིས་གསུངས། །དེ་དག་རྟག་ཏུ་རབ་ཏུ་བྱུང་བས་སྤང་། །ཞེས་གསུངས་པས་དེ་རྣམས་ཀྱང་སྤང་བར་བྱའོ། །གཞན་ཡང་སློབ་དབོན་ཨ་བ་དྷཱུ་ཏི་བས་བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པ་ལས། སེར་སྐྱ་མོ་དང་ཆུ་སྐྱར་སྦྲུལ། །ནགས་ན་རི་དྭགས་འཚོལ་བ་དང་། །མདའ་མཁན་དང་ནི་གཞོན་ནུ་མ། །འདི་དྲུག་ང་ཡི་སློབ་དཔོན་ཡིན། །ཞེས་དང་། རེ་བ་ཟང་ཟིང་ཁྱིམ་སྤང་དང་། །དེ་བཞིན་གཞན་ཡང་ནགས་གནས་དང་། །དམིགས་པ་བརྟན་དང་གཅིག་པུ་ཉིད། །བདག་གིས་བླ་མ་ལས་འདི་རྙེད། །ཅེས་རང་གི་བླ་མ་སངས་རྒྱས་ཞི་བ་ལས་རྙེད་པར་གསུངས་པའི་དོན། དང་པོ་རྙེད་བཀུར་སྙན་གྲགས་སོགས་ལ་རེ་བ་ཆེ་བ་སྡུག་བསྔལ་གྱི་རྒྱུ་ཡིན་པས། དེ་སྤང་བ་བདེ་བའི་མཆོག་ཏུ་བསྟན་པ། རེ་བ་སྟོབས་ལྡན་ཉོན་མོངས་ཏེ། །རེ་བ་མེད་པ་བདེ་བའི་མཆོག །རེ་བ་རེ་བ་མེད་བྱེད་པ། །བདེ་བར་གཉིད་ལོག་སེར་སྐྱ་མོ། །ཞེས་སེར་སྐྱ་མོ་སྐྱེས་པ་དང་དུས་བསྟབས་པས་ནམ་སྟོད་འོང་དུ་རེ་ནས་ཡིད་གདུང་བ་ལ། ནམ་སྨད་རེ་ཐག་ཆད་པས་བདེ་བར་གཉིད་ལོག་པ་དཔེར་མཛད་པ་དང་། ཟང་ཟིང་ཇི་ཙམ་ཡོད་པ་དེ་ཙམ་འཐབ་རྩོད་ཀྱི་རྒྱུ་ཡིན་པས། དེ་སྤངས་ན་བདེ་བར་བསྟན་པ། ཟང་ཟིང་ཕྱིར་ན་རྩོད་འགྱུར་ཏེ། །ཟང་ཟིང་མེད་ལ་རྩོད་པ་མེད། །ཟང་ཟིང་ཡོངས་སུ་སྤངས་པ་ལས། །ཆུ་སྐྱར་བདེ་བ་འཕེལ་བར་འགྱུར། །ཞེས་ཆུ་སྐྱར་ཞིག་གིས་ཉ་གཅིག་བཟུང་བ་ལ། དེ་མ་བོར་བར་དུ་ཆུ་སྐྱར་གཞན་གྱིས་བསྙེགས་ཏེ་རྩོད་པ་ལ། དེ་བོར་མ་ཐག་ཏུ་བདེ་བར་གནས་པར་གྱུར་པ་དཔེར་མཛད་པ་དང་། ཁྱིམ་གྱི་གནས་ནི་སོ་ནམ་ལ་སོགས་པའི་ལས་ཀྱིས་ཤིན་ཏུ་ཉོན་མོངས་པ་ལ་ནམ་ཁྱིམ་སྤངས་པ་ན་བདེ་བར་འགྱུར་བ། ཁྱིམ་གྱི་རྩོད་པ་སྡུག་བསྔལ་ཏེ། །ནམ་ཡང་བདེ་བར་འགྱུར་མ་ཡིན། །སྦྲུལ་གྱིས་གཞན་གྱི་གནས་མཐོང་ནས། །ཞུགས་པ་བདེ་བ་འཕེལ་བར་འགྱུར། །ཞེས་སྦྲུལ་ཞིག་རང་གི་ཚང་ན་གནས་པ་ལས་ཕྲུ་གུ་མང་པོས་གཙེས་པས་མ་བཟོད་དེ། ཚང་དེ་ནས་བྱུང་ནས་ཕུག་གཞན་ཞིག་ཏུ་ཞུགས་པས་བདེ་བ་ཐོབ་པ་དཔེར་མཛད་པ་སྟེ་རྙེད་སོགས་སྤང་བར་བྱ་བ་གསུམ་དང་། རྟག་ཏུ་དགོན་པར་གནས་ན་ལུས་སེམས་ལས་སུ་རུང་ཞིང་མཆོག་ཏུ་བདེ་བ་ཐོབ་པ། རྔོན་པ་ནགས་སུ་སོང་གྱུར་ཏེ། །རི་དྭགས་ཚོལ་བར་རྩོམ་པ་ན། །འཚེ་བ་ཐམས་ཅད་སྤངས་ནས་ནི། །དེ་ཉིད་དུ་ནི་གནས་པར་གྱུར། །ཞེས་རྔོན་པ་ཞིག་ནགས་སུ་རི་དྭགས་ཚོལ་དུ་སོང་བ་དང་། ཁྱིམ་གྱི་སྡུག་བསྔལ་དང་དབེན་པའི་ཡོན་ཏན་མཐོང་ནས་གསོད་པའི་ལས་སྤངས་ཏེ། དགོན་པར་གནས་པས་སེམས་དབེན་གྱི་བདེ་བ་ཐོབ་པ་དཔེར་མཛད་པ་དང་། དགེ་བའི་དམིགས་པ་ལ་སེམས་ཡུན་རིང་གཏད་པ་གོམས་པས་ཡུལ་གྱིས་སེམས་མི་འཕྲོག་པའི་ཏིང་ངེ་འཛིན་རྙེད་པར་འགྱུར་བའང་། འདིར་ནི་རྒྱལ་པོ་ཡན་ལག་བཞིའི། །དཔུང་ཚོགས་ཆེན་པོས་བསྐོར་བ་དག །དམིགས་པ་ཡུན་རིང་གཏོད་པས་ན། །མདའ་མཁན་གྱིས་ནི་མ་མཐོང་བཞིན། །ཞེས་མདའ་མཁན་ཞིག་གིས་སྙུག་མ་སྲོང་བ་ལ་ཡིད་གཏད་པས། རྒྱལ་པོ་ཞིག་དཔུང་གི་ཚོགས་བཞི་དང་བཅས་པ་ཕྱོགས་དེར་འགྲོ་བ་དེ་ཉིད་ཀྱིས་མ་མཐོང་བ་དཔེར་མཛད་པ་དང་། དབེན་པར་གྲོགས་མང་པོ་འཚོགས་ན་རྩོད་པར་འགྱུར་ཞིང་གཉིས་ཀྱང་འགྲན་ཟླར་འགྱུར་བས། རང་གཅིག་པུར་འདུག་དགོས་པར་བསྟན་པ། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །གཅིག་པུར་རྣམ་པར་རྒྱུ་བར་བྱ། །ཞེས་བུ་མོ་ཞིག་གིས་ཙན་དན་བརྡར་བ་ན་ལག་པའི་སོར་གདུབ་མང་པོ་འཁྲིལ་བ་མ་བདེ་ནས་རིམ་གྱིས་ཕྱུང་སྟེ་གདུ་བུ་གཉིས་ཤིག་བཞག་པ་ལས། དེ་ཡང་འཐབ་ནས་མ་བདེ་སྟེ། གཅིག་བཞག་པ་ལས་བདེ་བར་གྱུར་པ་དཔེར་མཛད་ནས་གསུངས་ཏེ། དགོན་པ་སོགས་བླང་བར་བྱ་བ་གསུམ་བཅས་དྲུག་པོ་དེ་དག་ཀྱང་དྲན་པར་བྱའོ། །ཡང་དབེན་པའི་གནས་སུ་ཟས་གོས་གནས་མལ་སྨན་ལ་སོགས་པ་ངན་ངོན་ཙམ་གྱིས་སྲོག་འཛིན་ནུས་ཤིང་། དགེ་བ་ལ་སྦྱོར་བཟོད་ན་དེ་ཙམ་གྱིས་ཆོག་ཤེས་པ་གལ་ཆེ་ཞིང་། དེ་མི་ནུས་མི་བཟོད་ཅིང་། ཚེགས་ཆེན་པོ་དང་ཆོས་དང་མི་མཐུན་པས་སྒྲུབ་མི་དགོས་ཤིང་དེ་དག་ལ་ཞེན་པ་ཆེར་མི་སྐྱེ་ལ་དེ་དག་བརྟེན་པས་སྲོག་གི་བར་ཆད་དུ་མི་འགྱུར་ཞིང་། དེ་དག་བརྟེན་པས་དགེ་བ་འཕེལ་བའི་གྲོགས་སུ་འགྱུར་ན་དེ་ཡང་ལོངས་སྤྱད་པས་ཆོག་སྟེ། འདུལ་བ་ལས། འདོད་པའི་མཐའ་དང་དུབ་བའི་མཐའ་གཉིས་ཀ་སྤང་བར་བྱའོ་གསུངས་སོ། །ཡང་ནད་དང་གདོན་ལ་སོགས་པའི་འགལ་རྐྱེན་བྱུང་ན་གང་བྱུང་རང་བཞིན་མེད་པར་ཤེས་པའམ། གཞན་གྱིས་འགལ་རྐྱེན་ཐམས་ཅད་རང་ལ་ལེན་པ་དང་། དཀོན་མཆོག་གསུམ་ལ་བློ་གཏད་ནས་གསོལ་བ་འདེབས་པ་ནི་འགལ་རྐྱེན་ཐམས་ཅད་ཀྱི་གཉེན་པོར་འགྱུར་པ་ཡིན་ལ། དམིགས་པ་དང་རླུང་སྦྱོར་འཁྲུལ་འཁོར་སོགས་དང་གཞུང་འདི་ཉིད་ནས་བཤད་པའི་བློ་སྦྱོང་གི་མན་ངག་ཟབ་མོ་རྣམས་ཀྱིས་དེ་དག་ལམ་དུ་བསླངས་ན་ཤིན་ཏུ་ལེགས་པས་དེ་རྣམས་ལ་འབད་ལ་རྩལ་དུ་གདོན་པར་བྱའོ། །གལ་ཏེ་བདག་གིས་ལམ་དུ་མི་བསླང་ཞིང་སྲོག་དང་དགེ་སྦྱོར་གྱི་བར་ཆད་དུ་འགྱུར་ལ། སྨན་སོགས་བསྟེན་པས་དེ་དག་གི་བར་ཆད་དུ་མི་འགྱུར་བར་ཤེས་ན། སྨན་པ་དང་སྔགས་ལ་སོགས་པ་ཡང་བརྟེན་པར་བྱ་སྟེ། དགེ་སློང་སྨན་དང་སྨན་པ་མ་བསྟེན་པས་སྲོག་དང་དགེ་བའི་བར་ཆད་དུ་འགྱུར་བ་རྣམས་སྤང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྨན་དང་སྨན་པ་བསྟེན་པའི་ཚུལ་བསྟན་པ་ཡིན་ཏེ། །བསླབ་བཏུས་ལས། དགེ་སློང་དགོན་པ་བས་སྦྲུལ་དང་ཆོམ་རྐུན་ལ་སོགས་པ་བསྲུང་བའི་སྔགས་ཟློས་པར་གསུངས་སོ། །བསམ་གཏན་བསྒོམས་པས་སངས་རྒྱས་ཀྱི་སྐུ་མཐོང་བ་དང་ལུང་བསྟན་པ་སོགས་བྱུང་ན། དེ་དག་ལ་བསྟེན་ནས་བྱང་ཆུབ་ཀྱི་སེམས་གཉིས་ལྷག་པར་འཕེལ་ཞིང་། ཀུན་རྫོབ་ཏུ་དགེ་སྡིག་གི་སྤང་བླང་ལ་བརྩོན་པར་གྱུར་ན་དེ་དག་ཡོན་ཏན་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་གཉིས་ཀའམ་གང་རུང་ལས་ཉམས་པར་འགྱུར་ཞིང་ཀུན་རྫོབ་ཏུ་རྒྱུ་འབྲས་ཁྱད་དུ་གསོད་ན་སྐྱོན་ཡིན་ཞིང་གཞན་ཡང་དེ་དག་གང་ཡིན་བརྟག་པའི་མན་ངག་གིས་ཀྱང་བརྟགས་ལ། དེ་དག་སྤང་བའི་ཐབས་མན་ངག་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླང་ངོ་། །སྤྱིར་བརྟག་ཐབས་ཀྱང་གོང་མ་གསུམ་དུ་འདུས་ཤིང་། ཉེས་པ་སྤོང་བའི་ཐབས་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་དང་། རྒྱུ་འབྲས་ཁྱད་དུ་མི་གསོད་པ་དང་། དུས་རྟག་ཏུ་བླ་མ་དང་དཀོན་མཆོག་ལ་བློ་ལྟོས་གཏོད་པ་ཡིན་ནོ། །རང་འདུ་འཛི་ཉུང་ཞིང་དབེན་པར་གནས་པས་ང་རྒྱལ་བྱེད་ཅིང་གཞན་དེ་དང་མི་ལྡན་པ་རྣམས་ལ་བརྙས་ཤིང་དེ་དག་ལ་སྨོད་པ་སྤང་བར་བྱ་སྟེ། སྡུད་པ་ལས། རབ་ཏུ་དབེན་པའི་གྲོང་དང་གྲོང་ཁྱེར་རི་སུལ་དང་། །དགོན་པ་དབེན་པ་ནགས་ཁྲོད་རབ་ཏུ་བརྟེན་བྱེད་ཅིང་། །བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། །བདུད་ཀྱིས་ཡོངས་སུ་བཟུང་ཞིང་བློ་ཆུང་རིག་པར་བྱ། །རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་རྡལ་གནས་བྱེད་ཅིང་། །སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས་པ། །དེ་ནི་དགྲ་བཅོམ་རང་རྒྱལ་འདོད་པ་གཞན་མི་སྐྱེད། །འདི་ནི་བདེ་བར་གཤེགས་ཀྱིས་སྲས་ཀྱི་དབེན་པར་གསུངས། །གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ། །སྦྲུལ་གྱིས་གང་བར་ལོ་མང་བྱེ་བར་གནས་བྱེད་ཀྱང་། །དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་དེ། །ལྷག་པའི་ང་རྒྱལ་རྙེད་ནས་འདྲེ་བར་གནས་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་སྐྱོན་གྱི་ཆོས་རྣམས་སྤངས་ནས་སངས་རྒྱས་ཀྱི་ལམ་དུ་འགྱུར་བའི་ཆོས་ཉམས་སུ་ལེན་དགོས་ཏེ། དེ་ཡང་རང་ཉིད་གཅིག་པུ་འཁོར་བའི་འཇིགས་པ་ཙམ་ལས་གྲོལ་བའི་དམན་པའི་མྱང་འདས་ཙམ་ཐོབ་པས་ཆོག་གམ་སྙམ་ན་མི་ཆོག་སྟེ། ཉན་རང་གི་འཕགས་པ་དེ་དག་འཁོར་བར་མི་ལྡོག་ཅིང་། རང་ལམ་གྱི་སྤངས་རྟོགས་ཅི་རིགས་དང་ལྡན་པས་རང་རེ་སོ་སྐྱེ་ལ་ལྟོས་ནས་ངོ་མཚར་ཆེ་མོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲིབ་གཉིས་སྤང་ཚུལ་དང་། ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པའི་ཡེ་ཤེས་རྒྱས་ཚུལ་དང་། ཡོན་ཏན་དང་ཕྲིན་ལས་བསམ་མི་ཁྱབ་པའི་ཚུལ་ལ་ལྟོས་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོའི་གམ་དུ་མུ་ལྟོ་བ་འཁོད་པ་དང་འདྲ་སྟེ། དཔལ་ལྡན་ཟླ་བས་སྐྱབས་འགྲོ་བདུན་ཅུ་པར། རང་དོན་ལ་གཞོལ་འདི་དག་ནི། །སྙིང་རྗེ་ཆེན་པོ་དང་བྲལ་བས། །རང་རྒྱལ་རྒྱལ་བའི་གསུངས་ལས་སྐྱེས། །ཐེག་པ་ཆེན་པོས་མི་བསྔགས་སོ། །རྒྱལ་བའི་ཡོན་ཏན་མཐའ་ཡས་པ། །ཐེག་པ་ཆེ་ལས་གསུངས་པ་དང་། །བྱང་ཆུབ་སེམས་དཔའི་མཐུ་ཐོས་ནས། །དེ་ནི་སྣོད་ཉིད་གྱུར་པ་ཡིན། །དེས་ནི་ཐེག་པ་ཆེན་པོའི་ཤིང་། །མ་ལུས་རང་གི་ལམ་གྱིས་བསྲེགས། །བྱང་ཆུབ་སེམས་དཔའི་ནང་དུ་ནི། །སྐྱེས་བུ་དབུལ་པོ་ལྟ་བུར་གནས། །ཞེས་གསུངས། དེའི་རྒྱུ་མཚན་ཡང་། གང་ཟག་དབང་པོ་རྟུལ་པོ་རིགས་ཁམས་དང་མོས་པ་རྒྱ་ཆུང་ཞིང་ཤེས་རབ་བུལ་བས་ཕུང་པོ་རང་བཞིན་མེད་པ་དང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མ་རྟོགས་པའི་དབང་གིས་སྲིད་ཞི་མངོན་ཞེན་མི་ཁེགས་ལ། དེ་མ་ཁེགས་པས་གཙོ་བོར་རང་ཉིད་ཞི་བདེ་ལ་སྲེད་པས་སེམས་ཅན་ལ་ཕན་འདོགས་ཀྱི་བསམ་པ་རྒྱ་ཆེན་པོ་དང་བྲལ་བས་ཏེ། སྡུད་པ་ལས། ཐབས་མེད་ཤེས་རབ་བྲལ་བ་ཉན་ཐོས་ཉིད་དུ་ལྷུང་། །ཞེས་གསུངས། དེའི་ཕྱིར་དམིགས་པ་མེད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་སོགས་ཚད་མེད་པ་དང་། འཁོར་གསུམ་རྣམ་པར་མི་རྟོག་པའི་སྦྱིན་སོགས་ཕར་ཕྱིན་དང་། འཁོར་གསུམ་ཡོངས་དག་གི་བསྔོ་བ་སོགས་ཐབས་མཁས་ཀྱི་སྒོ་མ་ཚང་སྟེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔའ་ག་ལ་འགྱུར། །ཞེས་གསུངས། དེ་ལྟར་ཐབས་ཤེས་གཉིས་ཀ་ལ་རྨོངས་པའི་ཆ་ཡོད་པས་རྒྱུ་དེ་ལ་བརྟེན་ནས་སྤངས་པའི་ཁྱད་པར་མ་རྫོགས་ཏེ་ཉོན་མོངས་པའི་སྒྲིབ་པ་ཁོ་ན་སྤངས་ཀྱི་ཤེས་བྱའི་སྒྲིབ་པ་མ་སྤངས་ཏེ། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང་ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར། ཆོས་ཀྱི་བདག་མེད་པ་མ་རྟོགས་ཤིང་བསམ་གྱིས་མི་ཁྱབ་པར་གྱུར་པའི་ཤི་འཕོ་བ་མ་ཐོབ་པས་ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ་ཐེག་པ་གཅིག་ཏུ་མ་ཡིན་ནོ། །ཞེས་གསུངས་རྟོགས་པའི་ཁྱད་པར་ཡང་མ་རྫོགས་ཏེ་གང་ཟག་གི་བདག་མེད་དང་གནས་སྐབས་ཀྱི་རྟེན་འབྲེལ་ཉི་ཚེ་ཙམ་མ་གཏོགས་ཆོས་ཀྱི་བདག་མེད་དང་རྟེན་འབྲེལ་མཐར་ཐུག་མ་རྟོགས་ཏེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཆོས་ལ་བདག་མེད་མཁས་པ་ཡི། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བདེ་བར་གཤེགས་པའི་གནས་ཐོབ་སྟེ། །མངོན་སངས་རྒྱས་ཤིང་ཆོས་སྟོན་ཏོ། །ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང་། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་འགྱུར། །ཞེས་དང་། ཇོ་བོའི་ཆོས་ཀྱི་དབྱིངས་ལ་ལྟ་བའི་གླུ་ལས། རང་རྒྱལ་བྱང་ཆུབ་དོན་གཉེར་བས། །གཟུང་བའི་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་སྤང་ཕྱིར་ན་དེ། །རྟེན་གྱི་བསེ་རུ་ལྟ་བུ འི་ལམ། །བསྐལ་པ་བརྒྱ་ཡི་མཐར་ཐུག་པར། །བསྒོམས་པས་བྱང་ཆུབ་རེག་པར་འགྱུར། །ཞེས་གསུངས། ཡོན་ཏན་གྱི་ཁྱད་པར་ཡང་ཐར་བུ་ཐོར་བུ་མ་གཏོགས་སྟོབས་དང་མི་འཇིགས་པ་ལ་སོགས་པ་དེ་དག་ལ་མེད་ཅིང་མྱང་འདས་མཐར་ཐུག་པའང་མིན་ཏེ། རྒྱུད་བླ་མ་ལས། སངས་རྒྱས་མྱ་ངན་འདས་པ་ནི། །དམ་པའི་དོན་དུ་གཉིས་མེད་ཉིད། །ཅེས་དང་། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས། ཕུང་པོ་ཕྲ་བའང་རྒྱུན་མི་ཆད་པར་གདོད་ཐེག་ཆེན་ལ་ཞུགས་དགོས་ཏེ། དགྲ་བཅོམ་པ་དེ་དག་ཞི་བའི་དབྱིངས་སུ་སྔར་སློབ་ལམ་དུ་ཚོགས་གསོག་པའི་ཡུན་ཇི་ཙམ་དུ་གནས་ཤིང་མཐར་སངས་རྒྱས་ཀྱི་ཐུགས་རྗེས་བསྐུལ་ནས་འགོག་པའི་དབྱིངས་ལས་སད་དེ་དག་པའི་ཞིང་དུ་བརྫུས་ཏེ་སྐྱེས་ནས་གདོད་ཐེག་ཆེན་ལ་ཞུགས་པ་ཡིན་ཏེ། དཔལ་ལྡན་ཟླ་བས། འདི་དག་སྲིད་པས་སྐྲག་པ་ཡིས། །ཡིད་ཀྱིས་བྱང་ཆུབ་གཉིས་ཐོབ་པ། །ཚེ་ཟད་པར་ནི་དགའ་འགྱུར་ཞིང་། །མྱ་ང ན་འདས་ཐོབ་འདུ་ཤེས་ཅན། །དེ་དག་མྱ་ངན་འདས་ཡོད་མིན། །ཞེས་དང་། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་བས། །བྱང་ཆུབ་ཀྱི་ནི་ཚོགས་བས གས་ནས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་གསུངས། དེ་ཡང་སྔར་གང་ཟག་བདག་མེད་ཕྲ་བ་ཙམ་ལས་ཆོས་བདག་མེད་རྫོགས་པར་མ་རྟོགས་པའི་རྒྱུས་ཤེས་སྒྲིབ་སྤོང་བྱེད་ཀྱི་གཉེན་པོའི་ལམ་མེད་པའི་ཕྱིར་ཚོགས་ལམ་ཆུང་ངུ་ནས་གདོད་ཞུགས་དགོས་ཤིང་། དེ་ལྟར་ཞུགས་ཀྱང་ལམ་བགྲོད་པ་ལ་ཤིན་ཏུ་བུལ་བ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱིས་བླ་ན་མེད་པའི་འབྲས་བུ་ལས་བསྐལ་པ་ཆེན་པོ་བརྒྱད་ཁྲིས་རིང་སྟེ། ཞེས་གསུངས། གཞན་ཡང་ཐོག་མེད་ནས་དྲིན་གྱིས་བསྐྱངས་པའི་མ་རྣམས་སྡུག་བསྔལ་འཁོར་བའི་ཀློང་སྒོར་བོར་ནས་རང་ཉིད་གཅིག་པུར་ཞི་བདེར་གཉེར་བ་ནི་འཇིག་རྟེན་ན་ཁྲེལ་མེད་པའི་ངང་ཚུལ་སྨད་པར་བྱ་བའི་གནས་ཏེ། སློབ་སྤྲིང་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་གནས་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས། ཁྱད་པར་དུའང་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཟིན་ནས་ནི་དམན་པའི་འབྲས་བུ་དེར་སྨོན་པར་བྱེད་ན་དེ་ནི་ཕས་ཕམ་ལས་ཀྱང་ཉེས་པ་ལྕི་སྟེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་དང་། སྤྱོད་འཇུག་ལས། དེ་ནི་བྱང་ཆུབ་སེམས་དཔའ་ལ། །ལྟུང་བའི་ནང་ནས་ལྕི་བ་སྟེ། །འདི་ལྟར་དེ་ནི་བྱུང་གྱུར་ན། །སེམས་ཅན་ཀུན་གྱི་དོན་ལས་དམན། །ཞེས་དང་། དེ་ལྟར་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེ་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་གསུངས། དེའི་ཕྱིར་མདོ་སྡེ་རྒྱན་ལས། ཇི་ལྟར་བདག་ལ་ཕན་འདོད་དུག་དང་མཚོན་དང་ནི། །གནམ་ལྕགས་ལྕེ་དང་དགྲ་ལས་རང་གི་ལུས་ཟློག་པ། །དེ་བཞིན་རྒྱལ་སྲས་ཐེག་པ་དམན་པ་རྣམ་གཉིས་ལས། །ལས་རྣམས་གསུམ་གྱིས་བདག་ཉིད་ཟློག་པར་བྱེད་པ་ཡིན། །ཞེས་གསུངས། དེ་ལྟར་ནའང་བསྐལ་པ་གྲངས་མེད་གསུམ་སོགས་དུས་རིང་བ་དང་མགོ་དང་ཡན་ལག་སྦྱིན་པ་སོགས་བྱ་དཀའ་བས་འཇིགས་སོ་སྙམ་ན་མ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ལུས་ཅན་དཔག་ཏུ་མེད་དོན་དུ། །བྱང་ཆུབ་དཔག་ཏུ་མེད་འདོད་ཅིང་། །དགེ་བ་དཔག་ཏུ་མེད་བྱེད་པ། །དེ་ཀོ་བྱང་ཆུབ་དཔག་མེད་ཀྱང་། །དཔག་ཏུ་མེད་པ་རྣམ་པ་བཞིའི། །ཚོགས་ཀྱིས་རིང་པོར་མི་ཐོགས་པར། །ཇི་ལྟ་བུར་ནི་ཐོབ་མི་འགྱུར། །བསོད་ནམས་མཐའ་ཡས་ཞེས་པ་དང་། །ཡེ་ཤེས་མཐའ་ཡས་ཞེས་པ་དེས། །ལུས་དང་སེམས་ཀྱི་སྡུག་བསྔལ་དག །མྱུར་བ་ཉིད་དུ་སེལ་བར་བྱེད། །སྡིག་པས་ངན་འགྲོར་ལུས་ཀྱི་ནི། །སྡུག་བསྔལ་བཀྲེས་སྐོམ་ལ་སོགས་འབྱུང་། །དེས་སྡིག་མ་བྱས་བསོད་ནམས་ཀྱིས། །སྲིད་པ་གཞན་ན་དེ་མེད་དོ། །རྨོངས་པས་ཡིད་ཀྱི་སྡུག་བསྔལ་ནི། །ཆགས་དང་འཇིགས་དང་འདོད་ལ་སོགས། །དེ་རྟེན་མེད་པའི་ཡེ་ཤེས་ཀྱིས། །དེ་ནི་མྱུར་བ་ཉིད་དུ་སྤོངས། །ལུས་དང་ཡིད་ཀྱི་སྡུག་བསྔལ་གྱིས། །དེ་ལྟར་ཤིན་ཏུ་མ་སྨས་ན། །གལ་ཏེ་འཇིག་རྟེན་མཐར་ཐུག་པར། །འཇིག་རྟེན་འདྲེན་ཀྱང་ཅི་སྟེ་སྐྱོ། །སྡུག་བསྔལ་བ་ལ་དུས་ཐུང་ཡང་། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །སྡུག་བསྔལ་མེད་ཅིང་བདེ་བ་ལ། །མཐའ་ཡས་དུས་ཀྱང་ཅི་ཞིག་གནོད། །དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་ན། །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །དེ་བས་སངས་རྒྱས་རིང་ཐོགས་ཞེས། །བློ་དང་ལྡན་པ་སྒྱིད་མི་ལུག །ཉེས་ཟད་ཡོན་ཏན་དོན་དུ་ནི། །འདི་ལ་རྟག་ཏུ་འབད་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །མཁས་པ་ཡིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། །སྔོན་གྱི་སྡིག་པ་ཟད་བྱེད་ཅིང་། །བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར། །ཉན་ཐོས་རྣམས་ལས་མཆོག་ཏུ་བཤད། །དེ་བས་སྐྱོ་ངལ་ཀུན་སེལ་བའི། །བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས། གཞན་ཡང་ཀུན་མཁྱེན་བླ་མས། ཐེག་པ་ཆེན་པོའི་མན་ངག་ལས་འབྱུང་བ་ལྟར་བསམས་ཏེ། རྣམ་པ་བཅུ་གསུམ་གྱིས་ཕན་པ་སྒྲུབ་དགོས་སོ། །དེ་གང་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གིས་ཕ་མ་ཡང་དང་ཡང་དུ་བྱས་པར་མཉམ་ལ། དེའི་དུས་སུ་བརྩེ་བས་ཕན་བཏགས་པ་ཤ་སྟག་ཡིན་པས་དྲིན་ལན་དུ་བྱ་བས་ཀྱང་སེམས་ཅན་གྱི་དོན་བྱ་དགོས་སོ། །གཞན་ཡང་སེམས་ཅན་ཕན་བཏགས་པ་དག་གི་ལན་མ་གཞལ་ན་བྱས་པ་མི་གཟོ་བའི་ཁུར་ཆེན་པོས་ནོན་པར་འགྱུར་བས་དེ་བསལ་བའི་ཕྱིར་ཡང་སེམས་ཅན་ལ་ཕན་པ་སྒྲུབ་དགོས་ཏེ། ལུང་རྣམ་འབྱེད་ལས། ས་རྣམས་དང་ནི་རི་རྣམས་དང་། །རྒྱ་མཚོ་བདག་གི་ཁུར་མིན་ཏེ། །བྱས་པ་མི་བཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་སོ། །གཞན་ཡང་སེམས་ཅན་རྣམས་བདེ་ཞིང་སྐྱིད་ན་བདག་གིས་ཕན་བཏགས་མི་དགོས་ཀྱང་། བདག་ཅག་གི་ཕྱིར་སྔོན་སྡིག་པ་བྱས་པས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་ནོན་པས། བདག་གིས་ལན་པའི་ཉེས་པ་བསལ་བའི་ཕྱིར་ཡང་སེམས་ཅན་གྱི་དོན་བྱ་དགོས་སོ། །གཞན་ཡང་སེམས་ཅན་རྣམས་བདེ་བ་འདོད་སྡུག་བསྔལ་མི་འདོད་པར་གཅིག་ཀྱང་། དེའི་ཐབས་ལ་རྨོངས་པས་སྡུག་བསྔལ་འབའ་ཞིག་གིས་གདུང་བ་རྣམས་དེ་ལས་བཟློག་པའི་ཕྱིར་ཡང་སེམས་ཅན་ལ་ཕན་པ་སྒྲུབ་དགོས་སོ། །གཞན་ཡང་སེམས་ཅན་དཔག་ཏུ་མེད་པས། སྔར་འདས་པའི་སངས་རྒྱས་རྣམས་ཀྱིས་དྲངས་ཀྱིས་མ་ལང་ཞིང་འདུལ་བར་མ་ནུས་པ་འདི་རྣམས་བདག་གིས་མ་དྲངས་ན་ཐེག་པ་ཆེན་པོའི་རིགས་ཆད་པ་དང་། སེམས་ཅན་གྱིི་མགོན་སྐྱབས་མེད་པར་འགྱུར་བས་ཀྱང་ཕན་པ་སྒྲུབ་དགོས་སོ། །གཞན་ཡང་ང་དང་བདག་ཏུ་འཛིན་པའི་དབང་གིས་ཉོན་མོངས་པའི་རླུང་གིས་དཀྲུགས་ཏེ་ཕྱིན་ཅི་ལོག་པས་ཀྱང་། གདུལ་བའི་ཕྱིར་འབད་པས་སྨོན་ལམ་འདེབས་པར་གསུངས་ན་ཅི་ཕན་དུ་གཞན་དོན་བྱ་དགོས་པ་ཡིན་ནོ། །གཞན་ཡང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་། དེ་མ་རྟོགས་པའི་སེམས་ཅན་རྨི་ལམ་དང་འདྲ་བ་རྣམས་སྙིང་རྗེས་དྲངས་དགོས་ཏེ། མ་དྲངས་ན་སྙིང་རྗེ་ཁྱད་དུ་གསོད་པར་འགྱུར་བས་ཀྱང་ཕན་པ་སྒྲུབ་དགོས་སོ། །གཞན་ཡང་བདག་གིས་སེམས་ཅན་གྱི་དོན་བྱེད་པར་སེམས་བསྐྱེད་པའི་ཕྱིར་དོན་མ་བྱས་ན་རང་གི་བསླབ་པ་དང་འགལ་བར་འགྱུར་བས་ཀྱང་ཕན་པ་སྒྲུབ་དགོས་སོ། །གཞན་ཡང་བདག་འཁོར་བར་འཁྱམས་པ་འདི་ཡང་སེམས་ཅན་ལ་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་པ་སྐྱེས་པས་ལན། ད་ནི་རང་གི་བྱང་ཆུབ་སྒྲུབ་པའི་ཡུལ་སེམས་ཅན་མཆོག་ཏུ་གྱུར་པས་ན་ཕན་པ་སྒྲུབ་དགོས་ཏེ། སྤྱོད་འཇུག་ལས། འདི་དག་མགུ་བྱས་མང་པོ་ཞིག །འདི་ལྟར་ཕུན་ཚོགས་ཕ་རོལ་ཕྱིན། །ཞེས་སོ། །གཞན་ཡང་གཞན་དོན་དངོས་སུ་བྱས་པར་རང་དོན་ཤུགས་ལ་འགྲུབ་པའི་ཕྱིར་ཡང་ཕན་པ་བྱ་དགོས་ཏེ། རང་དོན་ཡང་དག་སྒྲུབ་པའང་དེ་ཉིད་དོ། །ཞེས་སོ། །གཞན་ཡང་སེམས་ཅན་གྱི་དོན་བྱས་ན་སངས་རྒྱས་མཉེས་པའི་ཕྱིར་ཡང་ཕན་པ་སྒྲུབ་དགོས་ཏེ། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་པས་སོ། །གཞན་ཡང་སེམས་བསྐྱེད་ཀྱང་སེམས་ཅན་ལ་ཕན་པ་མ་བསྒྲུབས་ན། ཉན་རང་དུ་ལྷུང་བར་འགྱུར་བས་ཀྱང་སེམས་ཅན་གྱི་དོན་བྱ་དགོས། གཞན་ཡང་དོན་དམ་པར་བདག་དང་སེམས་ཅན་དམིགས་སུ་མེད་པ་ནམ་མཁའ་ལྟ་བུའི་ངང་ནས། ཀུན་རྫོབ་སྒྱུ་མ་ལྟ་བུའི་སེམས་ཅན་གྱི་དོན་དཀའ་བ་མེད་པའི་ཕྱིར་ཡང་སེམས་ཅན་ལ་ཕན་པ་སྒྲུབ་དགོས་སོ། །མདོར་ན་སེམས་ཅན་གཅིག་ཙམ་འཁོར་བ་ནས་མ་ཐར་དེའི་བར་དུ་བདག་འཁོར་བར་གནས་ལ་སེམས་ཅན་གྱི་དོན་བྱ། བདག་གིས་ཉིན་མཚན་དུ་སྐྱོ་དུབ་མེད་པས་བརྩོན་པ་བསྐལ་པ་བྱེ་བ་བརྒྱར་བྱས་ན་སེམས་ཅན་གཅིག་གི་རྒྱུད་ལ་སེམས་དགེ་བ་སྐད་ཅིག་མ་ཙམ་སྐྱེ་བར་ཤེས་ནའང་སེམས་སྟོབས་ཆེན་པོས་བརྩོན་དགོས་ཏེ། མདོ་རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར། །ཞེས་པའི་ཚུལ་གྱིས་དོན་བྱ་བ་ཡིན་ནོ། །ཞེས་གསུངས་པའི་དོན་རྣམས་དྲན་པར་བྱ་སྟེ། མདོར་ན་འཕགས་པ་ཀླུ་སྒྲུབ་ཀྱིས། བདག་དང་སེམས་ཅན་ཐམས་ཅད་བདེ་སྡུག་མཚུངས། །བདེ་སྡུག་མཚུངས་པ་ཅན་ནི་གཉེན་ཡིན་ན། །བདག་གིས་དེ་དག་རབ་ཏུ་སྤངས་ནས་ཀྱང་། །མྱ་ངན་འདས་པར་འཇུག་པར་མི་རིགས་སོ། །ཞེས་གསུངས། དེ་ལྟར་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པར་བྱེད་པ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་མེད་ཀ་མེད་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་སྐྱེས་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ལ་ཕན་ཡོན་ཚད་མེད་དེ། བྱམས་སྨོན་ལས། ངན་འགྲོ་ཐམས་ཅད་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། དཔས་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་བཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །དེ་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་དང་། སྡོང་པོ་བཀོད་པ་ལས། མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་པ་ཡོད་པ་བྱང་ཆུབ་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་ཡང་དེ་སྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཐམས་ཅད་འདི་ལས་བྱུང་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་འདི་ལས་སྐྱེས་སོ། །ཞེས་གསུངས་ཏེ། ཞིབ་པར་མདོ་འདི་ཉིད་དང་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་སོགས་ལས་ཤེས་པར་བྱའོ། །ཕན་ཡོན་དེ་ལྡན་གྱི་བྱང་ཆུབ་སེམས་ཀྱི། ངོ་བོ། ངེས་ཚིག དབྱེ་བ། ས་མཚམས། ལེན་ཚུལ། བསླབ་བྱ། འབྲས་བུ་དང་བཅས་པ་ཤེས་པ་ཤིན་ཏུ་གལ་ཆེ་མོད་དེ་དག་འདིར་ཡི་གེ་འཇིགས་ཏེ་མ་བཀོད་ལ། ཆོས་རྗེ་དྭགས་པོ་རིན་པོ་ཆེའི་གསུངས་ལམ་མཆོག་ཐར་པའི་རྒྱན་དང་ཀུན་མཁྱེན་བླ་མའི་གསུང་རབ་སོགས་ལས་ཤེས་པར་བྱའོ། །འོད་གསལ་རང་བཞིན་བདེ་གཤེགས་སྙིང་པོའི་ཁམས། །ཡེ་ནས་རྣམ་དག་རྟག་ཆད་མཐར་མི་གནས། །འགྲོ་བ་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ། །འདི་ཡོད་འགྲོ་ཀུན་མྱ་ངན་འདའ་བར་བྱེད། །དེ་ལྟ་ནའང་ཐོག་མེད་སྒྲིབ་པའི་སྤྲིན། །མ་རིག་གཟུང་འཛིན་འཁྲུལ་རྟོག་བསམ་མི་ཁྱབ། །དེ་བསལ་སླད་དུ་ལམ་སྟོན་དགེ་བའི་བཤེས། །མཉེས་པ་གསུམ་གྱིས་བསྟེན་འདི་མེད་ཐབས་མེད། །ཇི་ལྟར་དེད་དཔོན་མཆོག་ལ་བརྟེན་པ་རྣམས། །འཇིགས་པ་མེད་པར་རིན་ཆེན་གླིང་དུ་བགྲོད། །དེ་བཞིན་དགེ་བའི་བཤེས་ཀྱིས་ཟིན་པ་དག །ཡང་དག་ལམ་ལས་ནམ་ཡང་ཕྱིར་ལྡོག་མིན། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རིན་པོ་ཆེ། །སྔོན་བསགས་མཐུ་ཡིས་ལན་གཅིག་རྙེད་དུས་འདིར། །སྙིང་ནས་བརྩོན་པས་དམ་ཆོས་མ་བསྒྲུབས་ན། །འདི་ལས་བསླུས་པ་མེད་དོ་གྲོགས་པོ་དག །ད་རེས་རྟེན་འདིར་སྲིད་མཚོ་མ་བརྒལ་ན། །ཕྱིས་ནས་འདི་འདྲའི་འབྱོར་པ་རྙེད་པར་དཀའ། །ལོག་པར་ལྷུང་ཚེ་བཅོས་སུ་མ་མཆིས་པས། །ད་ལྟ་ཉིད་དུ་བརྩོན་པའི་གོ་བགོས་འཚལ། །འདུས་བྱས་ཆོས་ཀུན་སྒྱུ་མའི་གར་མཁན་འདྲ། །ཁྱད་པར་སྐྱེས་བུའི་ཚེ་སྲོག་མི་བརྟན་གཡོ། །དོ་ནུབ་ཙམ་ཡང་སྡོད་པའི་ངེས་བཟུང་ཅི། །ལེགས་པར་སོམས་དང་དོན་མཐུན་གྲོགས་པོ་རྣམས། །ཚེ་འདི་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །འཆི་བདག་དགོང་ཀའི་གྲིབ་བཞིན་ཚུར་ཚུར་འོང་། །འཆི་རྐྱེན་ངེས་མེད་རླུང་གསེབ་མར་མེ་འདྲ། །འདི་ལ་ཡིད་བརྟན་མི་རུང་ཤེས་ལྡན་དག །སྔོན་རབས་སྐྱེས་པའི་སྐྱེ་བོའི་ཚོགས་རྣམས་ཀྱིས། །ཡུན་རིང་སྡོད་སྙམ་བུ་ནོར་རྫས་བསགས་ཀྱང་། །ཐམས་ཅད་བོར་ནས་དབང་མེད་གཅིག་པུར་སོང་། །ད་ལྟ་མ་འོངས་རྣམས་ཀྱང་དེའི་རང་བཞིན། །བཟུར་མེད་འཆི་བདག་ཕོ་ཉས་ཟིན་པའི་ཚེ། །འབྱོར་པས་མ་ཡིན་སྟོབས་དང་དཔུང་གིས་མིན། །མར་གྱི་དཀྱིལ་ནས་སྤུ་བཏོན་ཇི་བཞིན་དུ། །རང་ཉིད་དགེ་སྡིག་གཉིས་དང་འགྲོགས་ནས་འགྲོ། །དེ་དུས་ཕན་པ་དམ་པའི་ཆོས་ཡིན་ཀྱང་། །རང་གིས་མ་བསྒྲུབས་གཞན་གྱིས་བསྐུར་དུ་མེད། །སྡིག་པས་གནོད་ཀྱང་བྱས་ཟིན་བསྐྱུར་མི་བཏུབ། །མྱོང་འགྱུར་ཐམས་ཅད་རང་གི་ཐོག་ཏུ་སྨིན། །ལས་འབྲས་མི་བསླུ་དཔྱིད་བཏབ་ས་བོན་འདྲ། །དཀར་ནག་མི་འགྱུར་ཨུདྤལ་པདྨ་བཞིན། །ནམ་ཡང་རྗེས་འབྲང་ལུས་དང་གྲིབ་མར་མཚུངས། །བཟློག་དཀའ་སྟོབས་ཆེ་ཆུ་ཀླུང་ཆེན་པོར་མཐུན། །སྐད་ཅིག་གཅིག་བྱས་སྡིག་པའི་འབྲས་བུས་ཀྱང་། །བསྐལ་པ་དུ་མར་དམྱལ་སོགས་མྱོང་དགོས་ན། །སེམས་ཤེས་སུ་ཞིག་འདི་ལ་འཇིགས་མི་བྱེད། །གར་འགྲོ་ཤེས་དུས་གཡང་ལ་མ་འཆོང་ཞིག །བརྩོན་པས་བསྒྲུབས་ན་རྫོགས་པའི་བྱང་ཆུབ་ཀྱང་། །དཀའ་བ་མིན་ན་གཞན་ལྟ་སྨོས་ཅི་འཚལ། །བདེ་བའི་ལམ་ནས་བདེ་བར་བགྲོད་པའི་རྒྱུ། །རང་ལག་ཡོད་དུས་མི་སྒྲིབ་མྱོས་སམ་ཅི། །འཇིག་རྟེན་འཁྲུལ་པའི་ལས་ལ་ཟིན་དུས་མེད། །ཟིན་ཀྱང་དོན་ཆུང་མདང་གི་རྨི་ལམ་འདྲ། །དམ་ཆོས་བྱ་སྙམ་ངང་དུ་ལུས་པ་མང་། །དེ་བས་ལོང་མེད་བློ་སྣ་བསྟུང་བ་གཅེས། །ངན་སོང་འཁོར་བའི་སྡུག་བསྔལ་མུ་མཐའ་མེད། །བདེ་བར་སྣང་ཡང་སྡུག་བསྔལ་འགྱུར་བ་ཅན། །ཇི་ལྟར་མེ་འོབས་སྲིན་མོའི་གླིང་དང་འདྲ། །འདི་ལ་སྐྱོ་བར་གྱིས་ཤིག་དཔྱོད་ལྡན་རྣམས། །ལན་གཅིག་ཚུད་ནས་ཕྱིན་ཆད་ཐར་བར་དཀའ། །སྔ་མའི་རྒྱུ་ལས་ཕྱི་མ་ཉེ་བར་ལེན། །ཡང་སྐྱེ་ཡང་འཁོར་ཟོ་ཆུའི་འཁྱུད་མོ་འདྲ། །རང་གི་ཉེས་པས་རྒྱལ་རྣམས་སྐྱོབ་པར་དཀའ། །ད་ལྟའི་སྡུག་བསྔལ་ཡུད་ཙམ་མི་བཟོད་ན། །འཐའ་མེད་འཁོར་བའི་སྡུག་བསྔལ་ག་ལ་བཟོད། །དེ་རྒྱུ་བ ཟློག་ན་དེ་འབྲས་ཤུགས་ཀྱིས་ཁེགས། །དེ་བས་ད་ལྟ་རང་དབང་རང་ལ་ཡོད། །འདུ་འཛིའི་གནས་ནི་རྩོད་དང་ཉོན་མོངས་རྒྱུ། །དེ་ལ་ཞེན་པས་འཁོར་བར་ཡང་སྲིད་འབྲེལ། །ཡུལ་དང་དུག་མཚུངས་ཐར་པའི་སྲོག་རྩ་གཅོད། །ཉེས་མང་འགྱུར་གནས་ཁྱིམ་གྱི་བྱ་བ་ཐོངས། །འཁོར་བའི་དཔོན་ནི་བཟང་ཡང་ངེས་པར་བསླུ། །དཀོན་མཆོག་གསུམ་གྱིས་ནམ་ཡང་བསླུ་མི་སྲིད། །ཡིད་ཆེེས་དད་རྣམས་འཕྲལ་ཡུན་ཀུན་ཏུ་འཚེངས། །དེ་ཕྱིར་དེ་ལ་བློ་གཏད་འཆའ་བར་རིགས། །ཁམས་གསུམ་འགྲོ་བ་ཕ་མའི་རང་བཞིན་ལ། །བྱས་པ་མི་དྲན་ཁྲེལ་ཆུང་སྨད་པའི་གནས། །ཉི་ཚེའི་ལམ་གྱི་འབྲས་བུས་ཅི་ཞིག་བྱ། །དེ་བས་ཐེག་མཆོག་སྙིང་པོའི་ལམ་བགྲོད་འཚལ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་སྔོན་འགྲོའི་རིམ་པ་བཤད་ཟིན་ཏོ། །། །
༈ གང་གིས་ཆོས་ཀུན་འགྲོ་འོང་མེད་གཟིགས་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པ་ཉེར་བཟུང་ནས། །འཁོར་བ་དོང་སྤྲུགས་མཛད་པའི་ཕྲིན་ལས་ཅན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ད་ནི་རྩ་བའི་ས་བཅད་གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་ལ་བློ་སྦྱོོང་བ་ནི། འདི་ཉིད་བློ་སྦྱོང་གི་དངོས་གཞིར་མ་ཟད་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་དངོས་གཞི་ཡིན་ཏེ། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཇི་སྙེད་གཅིག་བཞུགས་པ་དེ་ཐམས་ཅད། ཁ་ཅིག་ནི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེས་པར་བྱེད་པའི་རྒྱུ། ཁ་ཅིག་ནི་སྐྱེས་ཟིན་དེ་ཉིད་མི་ཉམས་ཤིང་གོང་དུ་འཕེལ་བར་བྱེད་པའི་ཐབས་སམ་ལམ། ཁ་ཅིག་ནི་བསླབ་བྱ་དང་གེགས་སེལ་བོགས་འདོན་གྱི་ཚུལ། ཁ་ཅིག་ནི་མཐར་ཕྱིན་འབྲས་བུའི་དབང་དུ་བཞག་པ་ཡིན་པས་ཐམས་ཅད་ཀྱི་རྩ་བ་འདི་ལ་ཐུག་པ་ཡིན། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པར་མི་འདོད་ན་ཕར་ཞོག འདོད་ཕྱིན་ལམ་འདི་ཉིད་ལ་མ་བརྟེན་པར་ཐོབ་པར་མི་འགྱུར་ཏེ། སྡུད་པ་ལས། བྱང་ཆུབ་སེམས་མེད་འཇིག་རྟེན་རྒྱལ་འབྱུང་ཡོད་མིན་ན། །འབྲས་བུ་བརྒྱ་བྱིན་ཚངས་པ་ཉན་ཐོས་ག་ལ་འགྱུར། །ཞེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས། བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། གང་ལ་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ། །བཅོམ་ལྡན་འདས། བསམ་པ་ཕུན་སུམ་ཚོགས་པ་ལ་ནི་གལ་ཏེ་སངས་རྒྱས་མི་བཞུགས་ནའང་། ནམ་མཁའི་དཀྱིལ་དང་། རྩིག་པ་དང་། ཤིང་རྣམས་ལས་ཆོས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ནི་རང་གི་དཔྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །དེ་བས་ན་བྱང་ཆུབ་སེམས་དཔའི་བསམ་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གང་ལ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིས་སོ། །དེ་བཞིན་དུ། གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཡན་ལག་གི་དམ་པ་མགོ་བོ་མཆིས་པ་དེ་ལ་འཚོ་བ་མཆིས་སོ། །དེ་བཞིན་དུ། གང་ལ་བསམ་པ་མཆིས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ། །ཞེས་དང་། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་སངས་རྒྱས་ཀྱི་ཆོས་འདི་དག་དང་གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏེ། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བསམ་པ་ཕུན་སུམ་ཚོགས་པ་བྱང་ཆུབ་ཀྱི་སེམས་ཏེ། ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་ཆོས་གཅིག་པོ་དེ་དང་ལྡན་ན། སངས་རྒྱས་ཀྱི་ཆོས་འདི་དག་དང་། གཞན་ཡང་དཔག་ཏུ་མེད་པ་དག་ཡོངས་སུ་འཛིན་ཏོ། །ཞེས་དང་། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཞལ་ནས། སངས་རྒྱས་ཐོབ་པ་ལ་དོན་དམ་སེམས་བསྐྱེད་དགོས། དོན་དམ་བྱང་སེམས་སྐྱེ་བ་ལ་ཀུན་རྫོབ་བྱང་ཆུབ་སེམས་དགོས། དེ་ལ་སྙིང་རྗེ་དགོས། སྙིང་རྗེ་སྐྱེ་བ་ལ་བྱམས་པ། བྱམས་པ་སེམས་ཅན་ཕ་མར་ཤེས་པ་ལས་སྐྱེ་བའོ། །དེས་ན་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡིན་པས་མེད་ཀ་མེད་ཡིན་ནོ། །ཞེས་གསུངས། གཞན་ཡང་སྤྱོད་འཇུག་ལས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་མཆོག་རྟག་ཏུ་གཏོང་མི་བྱ། །ཞེས་དང་། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡིན། །མི་ཟད་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཞི་བྱེད་པའི། །སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་ལམ་འཁྱམས་ཤིང་དུབ་པ་ཡི། །མགྲོན་པོ་ངལ་གསོའི་ལྗོན་ཤིང་ཡིན། །འགྲོ་བ་ཐམས་ཅད་ངན་འགྲོ་ལས། །སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན། །འགྲོ་བ་ཉོན་མོངས་གདུང་སེལ་བའི། །སེམས་ཀྱི་ཟླ་བ་ཤར་བ་ཡིན། །འགྲོ་བའི་མི་ཤེས་རབ་རིབ་དག །དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །འགྲོ་བའི་འགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །ཞེས་གསུངས་པས་རང་དང་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་བདེ་བ་མཐའ་དག་འདི་ཁོ་ན་ལ་རག་ལས་པ་ཡིན། འདི་མེད་ན་ཐེག་པ་རིམ་དགུའི་ཆོས་ཤེས་ཀྱང་མི་ཕན། ཐོས་བསམ་སྒོམ་གསུམ་བསྐྱེད་རྫོགས་བཟླས་བརྗོད་སོགས་ཅི་འདྲ་ཞིག་བྱས་ཀྱང་ཡང་དག་པའི་ལམ་དུ་མི་འགྲོ། དེས་ན་མཐོ་མཐོ་ཟབ་ཟབ་མང་པོ་ལ་འགྲམ་ཆུ་མི་ལྡང་བར་འདི་ཁོ་ན་ལ་བརྩོན་པ་བྱ་བ་གལ་ཆེའོ། །དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་གང་སྙམ་ན། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཡིན། འདི་ལ་དོན་དམ་དང་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱ། ཐབས་དང་ཤེས་རབ་ཞེས་ཀྱང་བྱ་སྟེ། བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་སྙོམས་པར་འཇུག་པ་ན་སེམས་ཅན་ཐམས་ཅད་ལ་ལྟ་བ་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་འཇོག་པ་ནི་དེའི་ཐབས་སོ། །གང་ཞི་ཞིང་རབ་ཏུ་ཞི་བ་ལ་སྙོམས་པར་འཇུག་པ་ནི་དེའི་ཤེས་རབ་བོ། །ཞེས་དང་། ཐབས་ནི་སྙིང་རྗེ་ཆེན་པོ་སྟེ། །དེ་ཡི་སྐྱེ་མེད་ཤེས་རབ་བོ། །དུས་ཀུན་དུ་ནི་ཐབས་དག་དང་། །ཤེས་རབ་ཕ་རོལ་ཕྱིན་བདག་ཅན། །ཞེས་སོ། །དེ་གཉིས་ཟུང་དུ་འབྲེལ་བ་གཅིག་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །ཅེས་སོ། །དེ་ཉིད་ཉམས་སུ་ལེན་བྱའི་མཆོག་ཡིན་ཏེ། བསྟེན་བྱ་གང་ཡིན་དེ་ཡིན་ཏེ། །མི་གནས་མྱ་ངན་འདས་པར་འགྱུར། །ཞེས་སོ། །དེས་ན་དེ་གཉིས་ནམ་དུའང་ཡ་བྲལ་དུ་ཉམས་སུ་བླང་བར་བྱ་བ་མ་ཡིན་ཏེ། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ། །ཤེས་རབ་དང་བྲལ་བའི་ཐབས་ནི་འཆིང་བའོ། །ཞེས་དང་། འཇམ་དཔལ་རྣམ་པར་འཕྲུལ་བ་ལས། སྟོང་པ་ཉིད་ལ་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་ནི་བདུད་ཀྱི་ལས་སོ། །ཤེས་རབ་ཀྱིས་རྣམ་པར་མི་དཔྱོད་ཅིང་སྙིང་རྗེ་ཆེན་པོ་ལ་དམིགས་པར་འཛིན་པ་ཡང་བདུད་ཀྱི་ལས་སོ། །ཞེས་གསུངས་། བསྟན་བཅོས་ལས་ཀྱང་མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་པར། །ཞེས་དང་། རྒྱུད་བླ་མར། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་ཅིང་། །སེམས་ཅན་སྲེད་ཕྱིར་བློ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་བརྩེ་བྱང་ཆུབ་སེམས་བརྟེན་ན། །འཕགས་པ་འཁོར་བའམ་མྱ་ངན་འདའ་མི་འགྱུར། །ཞེས་དང་། ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་དང་། དོ་ཧ་ལས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང་། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ནོ། །འོན་ཀྱང་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་པ་ཐོབ་མི་འགྱུར། །གང་ལ་གཉིས་པོ་སྦྱོར་བར་ནུས་པ་དེ། །འཁོར་བར་མི་གནས་མྱ་ངན་འདའ་མི་གནས། །ཞེས་གསུངས། མན་ངག་ལས་ཀྱང་གསུངས་ཏེ། ལམ་སྒྲོན་ལས། ཐབས་གོམས་དབང་གི་བདག་ཉིད་ཀྱིས། །གང་གིས་ཤེས་རབ་རྣམ་བསྒོམ་པ། །དེས་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པུ་བསྒོམ་པས་མིན། །ཞེས་སོ། །རིགས་པས་ཀྱང་འགྲུབ་སྟེ། བྱ་ནམ་མཁའ་ལ་འཕུར་བ་ལ་གཤོག་པ་གཉིས་ཀ་དགོས་པ་བཞིན་མི་གནས་པའི་མྱང་འདས་ཐོབ་པ་ལ་སྟོང་ཉིད་སྙིང་རྗེ་གཉིས་ཀ་དགོས། དེ་གཉིས་གང་རུང་རེ་མེད་ན་སྐྱེས་བུ་ལམ་དུ་འགྲོ་བ་ལ་རྐང་པ་ཡ་གཅིག་གིས་འགྲོ་མི་ཤེས་པ་དང་འདྲ་སྟེ། ཨོ་རྒྱན་ཆེན་པོས། ཐབས་ཤེས་རབ་ཟུང་དུ་འཇུག་མ་ཤེས་ན། རྐང་པ་གཅིག་གིས་འགྲོ་མི་ཤེས་པ་དང་འདྲ་གསུངས། དེས་ན་བྱང་ཆུབ་ཀྱི་སེམས་གཉིས་ཉམས་སུ་ལེན་པ་འདི། ཚེགས་ཆུང་ལ་དོན་ཆེ་ཞིང་ནོར་འཕྱུག་མེད་པའི་ལམ་ཡིན། ཚུལ་ཇི་ལྟར་ཉམས་སུ་ལེན་ན། ཆོས་འདི་གཞན་གྱི་གྲོགས་སུ་འགྲོ་ལ་གཞན་ཡང་འདིའི་གྲོགས་སུ་འགྲོ་བར་བྱས་ལ་ཉམས་སུ་བླང་དགོས། འདི་ཉམས་སུ་ལེན་པའི་གང་ཟག་ནི། རང་དམན་ས་བཟུང་ནས་མཐོ་དམའ་འབྲིང་གསུམ་སྤྱི་བོར་འཁུར་ནུས་པ་གཅིག་དགོས་ཏེ། ཆོས་འདིའི་ལུགས་ལ་ཁེ་དང་རྒྱལ་ཁ་གཞན་ལ་གཏོད་ཅིང་གྱོང་དང་བུབ་ཁ་རང་གིས་ལེན་དགོས་པའི་ཕྱིར་གསུངས། དོན་དམ་བྱང་སེམས་མ་བསྐྱེད་པ་སྐྱེད་པ་དང་། སྐྱེས་པ་མི་ཉམས་ཤིང་འཕེལ་བའི་ཐབས་ཕྱག་རྫོགས་སོགས་ངེས་དོན་གྱི་ཁྲིད་གཞན་ཐོས་ཤིང་མྱོང་བ་སྐྱེས་ཟིན་ཡིན་ན། འདིར་ཡང་དེ་ལས་ལྷག་པ་བསྟན་རྒྱུ་གཞན་མེད་པས་ཞར་བྱུང་དུ་ལུང་ཙམ་བྱས་པས་འཐུས་ཤིང་། གཞན་དུ་བློ་གསར་བུ་པ་ལས་དང་པོ་བའི་རིགས་ཅན་ཡིན་ན་མྱོང་བ་སྐྱེས་སྐྱེས་སུ་བསྒོམ་པ་གལ་ཆེ་བས་དེའི་ཚུལ་བཤད་པ་ལ་གཉིས། དོན་དམ་སེམས་བསྐྱེད་བསྒོམ་པ་དང་། ཀུན་རྫོབ་བྱང་སེམས་ལ་བློ་སྦྱོང་བའོ། །དང་པོ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཞི་གནས་བསྐྱེད་པའི་དོན་དུ་རྟོག་པའི་གཉེན་པོར་བསྒོམ་པ་སྟེ། དེ་ཡང་། རྟོག་ལ་དབུགས་ནི་བསྒྲང་བ་དང་། །ཞེས་གསུངས་པས། སྦྱོར་ཆོས་རྣམས་ཟིན་རྗེས་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་ལུས་དྲང་པོར་བསྲང་སྟེ་དབུགས་ཕྱིར་འགྲོ་ནང་འགྲོ་ཁུག་པ་རེ་ལ་གྲངས་རེ་རེར་བསྒྲང་བའི་ཉེར་གཅིག་ལ་སོགས་པ་ཐུན་དུ་བཅད་ནས་ཞག་འགའ་བསླབ་ཅིང་ཉམས་མྱོང་སྐྱེ་ངེས་བྱ། འདིས་བསམ་གཏན་གྱི་སྣོད་རུང་དུ་འགྱུར་རོ། །གཉིས་པ་དངོས་གཞི་ལ། ལྷག་མཐོང་བསྐྱེད་པའི་དོན་དུ་གནས་ལུགས་གཏན་ལ་དབབ་པ་དང་། ཞི་ལྷག་ཟུང་འབྲེལ་བསྐྱེད་པའི་དོན་དུ་སྤྲོས་མེད་ལ་འཛིན་མེད་དུ་བཞག་པ་གཉིས་ལས། དང་པོ་ལ། སྤང་བྱ་དང་། གཉེན་པོ་གཏན་ལ་དབབ་པ་གཉིས། དེའི་དང་པོ་ལའང་། གཟུང་བའི་ཡུལ་དང་། འཛིན་པའི་སེམས་གཏན་ལ་དབབ་པ་གཉིས་ལས། དང་པོ་གཟུང་ཡུལ་གཏན་ལ་དབབ་པ་ནི། འདི་ལྟར་གཟུང་བའི་ཡུལ་དུ་སྣང་བའི་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་ནི་ཕྱི་རོལ་གྱི་དོན་དུ་བདེན་པར་གྲུབ་པ་མེད་དེ། དེའི་རྒྱུ་མཚན། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་གསུངས་པས། རྨི་ལམ་གྱི་སྣང་བ་སྣ་ཚོགས་དེ་ཉིད། གཉིད་ཀྱིས་བསླད་པའི་སེམས་སྣང་ཡིན་པ་བཞིན་དུ། ད་ལྟར་གྱི་ཡུལ་སྣང་སྣ་ཚོགས་པ་འདི་ཡང་འཁྲུལ་པའི་བག་ཆགས་ཀྱིས་བསླད་པའི་སེམས་སྣང་ཡིན་ཏེ། ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། ཞི་བ་ལྷས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་དང་། ས་བཅུ་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །སྐྱེས་ན་དགའ་ཞིང་ཤི་ན་མི་དགའ་བ། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། རིགས་པས་ཀྱང་གྲུབ་སྟེ། གཞི་གཅིག་ལ་ལས་ཐ་དད་བསགས་པའི་སེམས་ཅན་རྣམས་ལ་དངོས་པོ་ཐ་དད་དུ་སྣང་བའི་ཕྱིར་ན་སེམས་སྣང་ཡིན་ཏེ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་སོ་སོའི་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་སོ། །ཡང་ཟད་པར་དང་ཟིལ་གནོན་སོགས་ལ་གོམས་པས་དངོས་པོ་རྣམས་གཞན་དུ་བསྒྱུར་ནུས་པས་ཀྱང་སེམས་སྣང་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་དབང་ཐོབ་དང་། །རྣལ་འབྱོར་པ་ལ་ཇི་ལྟར་ཡང་། །ས་ལ་སོགས་པའི་དངོས་པོ་རྣམས། །གང་ལྟར་མོས་པ་དེ་བཞིན་སྣང་། །ཞེས་སོ། །ཡང་མྱོང་བས་ཀྱང་འགྲུབ་སྟེ། ལམ་འབྲས་པའི་སྒོམ་ཆེན་པ་གཅིག་ལ་རྩ་རླུང་གི་བྱེད་པས་སྐོམ་པའི་ཉམས་ཤིག་བྱུང་སྟེ། ཆུ་འཐུང་འདོད་ནས། ཆུ་ར། ཆུ་མིག གཙང་པོ་རྣམས་ལ་ཆུ་འཐུང་དུ་ཕྱིན་པས་ཆུ་མི་འདུག དེར་ཐེ་ཚོམ་སྐྱེས་ནས་ཆོས་གོས་ཕ་རིའི་བྲག་བར་ཞིག་ཏུ་བཞག་ནས་ཕྱིར་ལོག་ནས་ཉལ་བསྡད། གཉིད་སད་པ་དང་། སྐོམ་ཉམས་ཀྱང་ཡལ་འདུག ཆུ་ར་སོགས་ནའང་ཆུ་འདུག ཆོས་གོས་ཀྱང་ཕར་ཀ་ན་འདུག་པས་ལེན་པ་ལ་ཀོ་བ་བཏང་དགོས་བྱུང་ཟེར། དེ་ལྟར་ཆུ་ཡོད་དུ་སྣང་བ་བདེན་རྒྱུ་མེད། ཆུ་མེད་དུ་སྣང་བ་རྫུན་རྒྱུ་མེད་པ་ན། ཅིར་སྣང་རང་སེམས་སུ་ཐག་བཅད་དོ། །སྣང་བ་འདི་ཕྱི་རོལ་གྱི་དོན་མིན་ན། སྲ་ཞིང་འཐས་པ་སོགས་སུ་སྣང་བ་མི་རིགས་སྙམ་ན་ཐོག་མེད་ནས་བག་ཆགས་གོམས་པའི་ཕྱིར་རིགས་ཏེ། འཇམ་དཔལ་རྣམ་པར་རོལ་པ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས་འཇམ་དཔལ་ལ་སྨྲས་པ། འཇམ་དཔལ། ཕྱི་རོལ་གྱི་ཡུལ་འདི་ཇི་ལྟར་བལྟ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ཕྱི་རོལ་གྱི་ཡུལ་འདི་རྣམས་སེམས་རྟོག་པའི་བག་ཆགས་བལྟས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་{བལྟས}ཀྱང་སྲ་ཞིང་འཐས་པ་འདི་ལྟར་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ་དེ་ལྟར་དུ་སྣང་སྟེ། དཔེར་ན། གྲོང་ཁྱེར་ཝཱ་རཱ་ཎ་སཱིར་བྲམ་ཟེ་མོ་གཅིག་གིས་རང་ལུས་སྟག་ཏུ་བསྒོམས་པས་ཐམས་ཅད་ཀྱིས་སྟག་ཏུ་དངོས་སུ་མཐོང་ནས་མི་ཐམས་ཅད་བྲོས་ཏེ། གྲོང་ཁྱེར་སྟོང་པ་བྱུང་ངོ་། ཡང་དགེ་སློང་གཅིག་གིས་རང་ལུས་མི་གཙང་བར་བསྒོམས་པས་ཐམས་ཅད་ཀེང་རུས་སུ་མཐོང་བ་བྱུང་ངོ་། །དེ་ལྟར་ཡུན་ཐུང་ངུས་ཀྱང་དེ་ལྟར་སྣང་ན། ཐོག་མ་མེད་པའི་དུས་ནས་བག་ཆགས་བརྟས་{བལྟས} པས་ཅི་སྟེ་མི་སྣང་། ཞེས་སོ། །དེས་ན། སེམས་ནི་སྣ་ཚོགས་སྣང་བ་ཅན། །ཞེས་དང་། མདོ་རྒྱན་ལས། སེམས་ལས་གཞན་མེད་པར་ཡང་བློས་ རིག་ནས། །ཞེས་གསུངས་པས། ཅིར་སྣང་ཐམས་ཅད་རང ་སེམས་འཁྲུལ་པའི་སྣང་བ་ཡིན་གྱི། སེམས་ལས་ལོགས་སུ་གྱུར་པ་ཅུང་ཟད་ཀྱང་མེད་པར་སྒྲོ་འདོགས་གཅད་དོ། །གཉིས་པ་འཛིན་པའི་སེམས་གཏན་ལ་དབབ་པ་ནི། ཕྱིའི་སྣང་བ་ རང་སྣང་ཡིན་ན། སེམས་ཀྱི་གནས་ལུགས་ཉིད་བདེན་ནམ་སྙམ་ན། མ་སྐྱེས་རིག ་པའི་གཤིས་ལ་དཔྱད། །ཅེས་གསུངས་པས། སེམས་ཀྱི་ངོ་བོ་ལ་དཔྱད་ན། སེམས་ཉིད་སྐྱེ་འགག་གནས་གསུམ་གྱིས་སྟོང་ཞིང་། ཁ་དོག་དང་དབྱིབས་ལ་སོགས་པར་གྲུབ་པ་མེད་ལ། ལུས་ཀྱི་ཕྱི་ནང་གང་ན་ཡང་མི་གནས་ཤིང་། གཤིས་ཅིར་ཡང་གྲུབ་པ་མེད་པས། དེ་ཉིད་གཞི་གདོད་མ་ནས་གྲུབ་པའི་ཆོས་སྐུ་ཡིན་ཏེ། མདོ་རྒྱན་ལས། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རིག །ཅེས་དང་། དཀོན་བརྩེགས་ལས། འོད་སྲུང་སེམས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་ན་ཡང་མེད་ཅིང་མི་དམིགས་སོ། །སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པའོ། །སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་དང་། ཞི་བ་ལྷས། ཡིད་ནི་དབང་སོགས་ལ་མི་གནས། །གཟུགས་སོགས་ལ་མིན་བར་ནའང་མིན། །ནང་ན་མ་ཡིན་ཕྱི་ནའང་མིན། །གཞན་དུ་ཡང་ནི་རྙེད་མ་ཡིན། །གང་ཞིག་ལུས་མིན་གཞན་དུ་མིན། །འདྲེས་མིན་ལོགས་སུའང་གར་མེད་དེ། །འདི་ནི་ཅུང་ཟད་མེད་དེའི་ཕྱིར། །སེམས་ཅན་རང་བཞིན་མྱ་ངན་འདས། །ཞེས་དང་། འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགགས་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །ཞེས་དང་། མདོ་རྒྱན་ལས། སྐྱེ་མེད་འགག་མེད་བཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པར་གྲུབ། །ཅེས་དང་། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། འདའ་ཀ་ཡེ་ཤེས་ལས། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་སྒོམས། །རང་བཞིན་གྱིས་ནི་འོད་གསལ་བས། །མི་དམིགས་པ་ཡི་འདུ་ཤེས་སྒོམས། །སེམས་ཉིད་སངས་རྒྱས་ཡིན་པས་ན། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་སོ། །དེ་ལྟ་བུའི་སེམས་ཀྱི་གནས་ལུགས་ཉིད་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་ནས་ཐེ་ཚོམ་དང་བྲལ་བའི་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་འབད་པ་བསྐྱེད་པ་ནི་ཅིས་ཀྱང་གལ་ཆེ་སྟེ། ཞི་བ་ལྷས། དེ་བས་ཆོས་ཀྱི་དོན་པོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །ཞེས་སོ། །འདི་ཤེས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ཤེས་ཏེ། ཕར་ཕྱིན་ལས། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་དང་། དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ། །ཞེས་དང་། སྡུད་པ་ལས། བདག་ཅི་འདྲ་བར་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅན་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས། །སྐྱེ་བ་མེད་དང་སྐྱེ་བ་གཉི་གར་མི་རྟོག་པ། །འདི་ནི་ཤེས་ར བ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་གཉེན་པོ་ཉིད་གཏན་ལ་དབབ་པ་ནི། གཟུང་འཛིན་སྐྱེ་མེད་དུ་ཤེས་པའི་བློའམ་ཡེ་ཤེས་དེ་གྲུབ་བ མ་སྙམ་ན་མ་གྲུབ་སྟེ། གཉེན་པོ་ཉིད་ཀྱང་རང་སར་གྲོལ། །ཞེས་གསུངས་པས། དེའི་ཚེ་ཡུལ་སེམས་སྟོང་པའོ་སྙམ་པའི་གཉེན་པོའི་རྣམ་རྟོག་བྱུང་ན། གཉེན་པོ་དེ་ཉིད་ཀྱི་ངོ་བོ་ལ་བལྟས་ཏེ། མཐར་གཉེན་པོ་ཉིད་ཀྱང་རང་བཞིན་མེད་པར་ཤེས་པར་བྱས་ནས་དེའི་ངང་ལ་བཞག་སྟེ། ཞི་བ་ལྷས། མྱ་ངན་འདས་དང་མ་འདས་པའང་། །དེ་ཉིད་དུ་ནི་ཁྱད་པར་མེད། །ཅེས་དང་། ཐམས་ཅད་ནམ་མཁའ་འདྲ་བར་ནི། །བདག་འདྲས་ཡོངས་སུ་ཤེས་པར་གྱིས། །ཞེས་དང་། མདོ་རྒྱན་ལས། འདི་ལ་དོན་དམ་ཚུལ་གྱིས་ཞི་བ་དང་། །སྐྱེ་བ་དེ་གཉིས་ཁྱད་པར་ཅི་ཡང་མེད། །ཅེས་དང་། ཡུམ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཞེས་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་དེ། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཞེས་སོ། །ཆོས་ཐམས་ཅད་སྟོང་པར་རྟོགས་ན་ཡང་དག་པའི་དོན་རྟོགས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཅེས་དང་། སྡུད་པ་ལས། གཟུགས་རྣམས་མི་མཐོང་ཚོར་བ་དག་ཀྱང་མི་མཐོང་ཞིང་། །འདུ་ཤེས་མཐོང་བ་མེད་ལ་སེམས་ཡིད་མཐོང་མེད་པ། །འདི་ནི་ཆོས་མཐོང་ཡིན་ཞེས་དེ་བཞིན་གཤེགས་པས་གསུངས་། །ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་འདི་བརྟག་པར་གྱིས། །དེ་བཞིན་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྟན་པར་ནུས་མ་ཡིན། །ཞེས་དང་། ཆོས་ཀུན་སྐྱེ་མེད་སྟོང་པའི་ཚུལ་དུ་རབ་ཤེས་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། འགྱོད་བསལ་ལས། རྒྱལ་པོ་ཆེན་པོ་ཅི་ཡང་མི་མཐོང་བ་ནི་ཡང་དག་པའི་དོན་མཐོང་བའོ། །ཞེས་དང་། ཇོ་བོས། རྟོགས་མེད་ཚུལ་གྱིས་རྟོགས་པ་ལ། །དོན་དམ་རྟོགས་ཞེས་ཐ་སྙད་བཏགས། །ཞེས་གསུངས་སོ། །གཉིས་པ་ཞི་ལྷག་ཟུང་འབྲེལ་གྱི་དོན་དུ་འཇོག་ཚུལ་དངོས་བསྟན་པ་ནི། དེ་ལྟར་གནས་ལུགས་ཅིར་ཡང་མ་གྲུབ་པ་དེ་མངོན་དུ་གྱུར་པར་བྱེད་པ་ལ་གོམས་འདྲིས་བྱེད་དགོས་པས་ཇི་ལྟར་བ སྒོམ་སྙམ་ན། གང་དུའང་མ་གྲུབ་པ་ལ་ཅིང་ཡར་མི་འཛིན་པ་ཐོག་ཏུ་འབབ་པར་དེའི་སྒོམ་ཚུལ་བསྟན་པའི་ཕྱིར། ངོ་བོ་ཀུན་གཞིའི་ངང་ལ་བཞག །ཅེས་གསུངས་པས། རྣམ་ཤེས་ཚོགས་བདུན་གྱི་སྤྲོ་བསྡུ་དང་བྲལ་ནས་གཤིས་ཅིར་ཡང་མ་གྲུབ་པ་ལ་བློས་ཅིར་ཡང་མི་འཛིན་པར་རྟོག་མེད་ཀྱི་ངང་ལ་གསལ་སིང་ངེ་བཞག་པ་སྟེ། དེ་ལ་སྤྱིར་ཀུན་གཞིའི་ངོས་འཛིན་ཤིན་ཏུ་དཀའ་ནའང་ད་རེས་ཀྱི་འདི། ལང་ཀར་གཤེགས་པ་ལས། ཀུན་གཞི་རྒྱ་མཚོ་དེ་བཞིན་དུ། །རྟག་ཏུ་ཡུལ་གྱི་རླུང་གིས་བསྐྱོད། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གར་ཞི་ངེས་པར་འབྱུང་བར་འགྱུར། །ཞེས་པས། སེམས་མ་བཅོས་པ་ལ་ཀུན་གཞིར་བྱས་པ་དེ་ཡིན། དེའི་ངང་དུ་འཇོག་པ་ཙམ་ལས་ཀུན་གཞི་ཅིར་ཡང་གྲུབ་པ་མེད་དེ། ཇོ་བོས། ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པའ ང་སྤྲོས་དང་བྲལ་བར་བཞག །ཅེས་སོ། །དེ་ཉིད་སྒོམ་པའི་མཆོག་ཡིན་ཏེ། མདོ་སྡེ་རྒྱན་ལས། སྒོམ་པ་རྣམ་པར་མི་བལྟ་བ་། །སྒོམ་པའི་དམ་པར་འདོད་པ་སྟེ། །ཞེས་དང་། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། སྡུད་པ་ལས། འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་རབ་ཏུ་བསྒྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཞེས་དང་། ཡུམ་ལས། ཡིད་ལ་མི་བྱེད་པ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་རྗེས་སུ་དྲན་པ་ཡིན་ནོ་ཞེས་པས། ཅིར་ཡང་མི་སྒོམ། ཅིར་ཡང་མི་རྟོག ཅིར་ཡང་ཡིད་ལ་མི་བྱེད་པའི་ངང་ལ་གསལ་ལེ་ཧྲིག་གེ་རྗེན་ནེ་བཞག་ཅིང་། དེ་ཉིད་ཀྱིས་དེ་ཉིད་ལ་བལྟས་ན་དེ་ཉིད་གནས་ལུགས་ཇི་བཞིན་པར་གསལ་ཏེ། ཆུ་མ་བརྙོགས་ན་དྭངས། སེམས་མ་བཅོས་ན་བདེ། ནམ་མཁའ་མ་བསྒྲིབས་ན་གསལ་ཞེས་དང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་བྱེད་པ་མེད་པར་མངོན། །ཞེས་སོ། །དེའི་ངང་ལ་མ་ཡེངས་པ་གལ་ཆེ་སྟེ། ཡུམ་ལས། སེམས་ཡེངས་པས་ནི་རང་གི་དོན་ཡང་མི་འགྲུབ་ན་གཞན་གྱི་དོན་ལྟ་ཅི་སྨོས། ཞེས་དང་། ཞི་བ་ལྷས། སེམས་ནི་རྣམ་པར་ཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །དེ་བས་འཇིག་རྟེན་སྤང་བྱ་ཞིང་། །རྣམ་པར་རྟོག་པ་ཡོངས་སུ་དོར། །ཞེས་དང་། དཀའ་ཐུབ་དང་ནི་བཟླས་བརྗོད་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང་། །སེམས་གཞན་གཡེངས་པས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །དེ་བས་སེམས་ཀྱི་དོན་པོ་མཆོག །ཅེས་དང་། བསམ་པ་གཞན་ནི་ཀུན་བཏང་སྟེ། །བདག་ལ་སེམས་པ་གཅིག་པུ་ཡིས། །ཡིད་ནི་མཉམ་པར་བཞག་ཕྱིར་དང་། །དུལ་བར་བྱ་ཕྱིར་བརྩོན་ཏེ་བྱ། །ཞེས་དང་། བཤེས་སྤྲིང་ལས། ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་དང་། སེམས་མ་ཡེངས་པ་ནི་དུས་གསུམ་སངས་རྒྱས་ཀྱི་ལམ་ཡིན་ནོ་གསུངས་པས། དེ་ལྟར་བསྒོམ་མེད་ལ་ཡེངས་མེད་དུ་གནས་ན་ཤིན་ཏུ་ལེགས། མི་གནས་ན་དྲན་ཤེས་ཀྱིས་ཟིན་པར་བྱས་ནས་ཡང་ཡང་བསྐྱར་གྱིན་འཇོག་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་དེ། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ཡང་བླན་པར་བྱ། །ཞེས་སོ། །དེ་ལྟར་བསྒོམ་པའི་ཚེ་ཏིང་ངེ་འཛིན་གྱི་སྐྱོན་སྒྲིབ་པ་ལྔ་བྱུང་ན་དེའི་གཉེན་པོར་འདུ་བྱེད་བརྒྱད་བསྒོམ་པའམ། ལྔ་པོ་དེའང་བྱིང་རྒོད་གཉིས་སུ་འདུ་བས། བྱིང་ན་ལུས་བཅུན་ཏེ་བསྒུལ་བསྐྱོད་བྱ། ངག་གིས་སྐད་གསོང་མཐོན་པོས་གསོལ་བ་འདེབས་པ་སོགས་དང་ཡིད་ཀྱིས་དྲག་ཏུ་བསྒྲིམས་ཤིང་གཟེངས་བསྟོད་པ། སངས་རྒྱས་དང་བྱང་སེམས་རྣམས་ལ་གསོལ་བ་འདེབས་པ་སོགས་ཀྱིས་བསལ། རྒོད་ན་ལུས་དལ། ངག་བསྡམ། ཡིད་གློད་པ་དང་། སྐྱོ་བ་སྐྱེད་པ་སོགས་ཀྱིས་བསལ་བའམ། གཉིས་ཀའང་ངོས་བཟུང་ཞིང་ལྟ་བ་ཡང་གཉེན་པོའི་མཆོག་ཡིན་ལ། གཞན་ཡང་ཁ་ཟས་སོགས་ཀྱིས་ཀྱང་བཅོས་པར་བྱ་སྟེ། མདོ་སྡེ་རྒྱན་ལས། ཞུམ་པའི་སེམས་ནི་རབ་བཟུང་སྟེ། །རྒོད་པ་ཡང་ནི་ཞི་བར་བྱ། །ཞེས་སོ། །བྱིང་རྒོད་མེད་ན་རང་སོར་བཞག་སྟེ། མདོ་རྒྱན་ལས། མཉམ་པར་གྱུར་ན་བཏང་སྙོམས་བཞག །ཅེས་སོ། །དེ་ལྟར་འཇོག་པ་ལ་གྲིམ་ལྷོད་གཉིས་ལས་མེད་དེ། ས་ར་ཧས། གྲིམ་གྱིས་བསྒྲིམས་ལ་ལྷོད་ཀྱིས་ལྷོད། །སེམས་ཀྱི་བཞག་ས་དེ་ན་གདའ། །ཞེས་པས་བསྒོམ་མ་སྐྱེས་པ་སྐྱེ་བ་ལ་གློད་པ་དང་། སྐྱེས་པ་བོགས་དབྱུང་བ་ལ་སྒྲིམ་པ་གལ་ཆེའོ། །ཡང་ན་བློ་རིགས། ཁམས་རིགས། དུས་ཚོད། བྱིང་རྒོད་ཤས་ཆེ་ཆུང་ལ་སྦྱར་ལ། རེས་མོས་སམ། རེ་རེ་ལ་ཡུན་རིང་དུ་བཞག་གོ །དེ་ལྟར་བཞག་པས་དམིགས་པ་ལ་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་སེམས་གནས་པ་ནི་ཞི་གནས་ཏེ། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ཞེས་དང་། མདོ་རྒྱན་ལས། ཆོས་ཀྱི་མིང་ནི་སྡོམ་པ་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ཞེས་སོ། །དེ་ལྟར་མཉམ་པར་བཞག་པའི་མཐུས་བདེན་པ་གཉིས་སམ། སེམས་ཀྱི་གནས་ལུགས་ཇི་བཞིན་པར་མཐོང་བའམ་རྟོགས་པ་ནི་ལྷག་མཐོང་ཡིན་ཏེ། དཀོན་མཆོག་སྤྲིན་ལས། ལྷག་མཐོང་གང་ཞེ་ན་ཡང་དག་པར་སོ་སོར་རྟོགས་པའོ། །ཞེས་དང་། མདོ་རྒྱན་ལས། ལྷག་མཐོང་ལ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་དང་། སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་སོ། །དེ་གཉིས་ཆ་མཉམ་ན་ཟུང་འབྲེལ་ཡིན་ཏེ། མདོ་རྒྱན་ལས། ཟུང་དུ་འབྲེལ་བའི་ལམ་དེ་ནི། །སྡོམ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས། དེ་ཉིད་ཏིང་ངེ་འཛིན་གྱི་མཆོག་ཡིན་ཏེ། སྤྱོད་འཇུག་ལས། ཞི་ག ནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་སོ། །དེ་ལ་གུས་སྦྱོར་དང་རྒྱུན་སྦྱོར་གལ་ཆེ་སྟེ། མདོ་རྒྱན་ལས། དེ་ལ་རྟག་ཏུ་བྱ་བ་དང་། །གུས་པར་བྱས་ཏེ་སྦྱོར་བར་བྱ། །ཞེས་གསུངས། དཔེར་ན་གཙུབ་ཤིང་གི་མེ་འདོན་པ་དང་འདྲ་སྟེ། རྗེ་བཙུན་མི་ལའི་འཕོང་བསྟན་པའི་ལོ་རྒྱུས་བཞིན་ནོ། །དེ་ལྟར་བྱས་ཏེ་ཉམས་སུ་བླངས་ན་ཉམས་རྟོགས་ལ་སོགས་ཡོན་ཏན་འབད་མེད་དུ་སྐྱེ་ཞིང་། མཆོག་གི་དངོས་གྲུབ་ཀྱང་མྱུར་དུ་ཐོབ་སྟེ། མདོ་དགོངས་འགྲེལ་ལས། བྱམས་པ། གང་ཡང་ཉན་ཐོས་ཀྱིའམ། བྱང་ཆུབ་སེམས་དཔའམ། སངས་རྒྱས་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་ཤེས་པར་བྱའོ། །ཞེས་དང་། ཇོ་བོས། དེ་ལྟར་དེ་ཉིད་གོམས་བྱས་ན། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །ཞེས་དང་། ཞི་བ་ལྷས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །མྱུར་དུ་ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཅི་ཕྱིར་སྒོམ་མི་བྱེད། །ཅེས་དང་། སྡུད་པ་ལས། ཤེས་རབ་ཕ་རོལ་ཕྱིན་འདི་སུ་ཡི་ལག་ཐོབ་པ། །རིང་པོར་མི་ཐོགས་རྒྱལ་བའི་བྱང་ཆུབ་རེག་པར་འགྱུར། །ཞེས་གསུངས་སོ། །གསུམ་པ་རྗེས་ནི། མཉམ་བཞག་གི་ཉམས་ཀྱི་རྗེས་སུ་འབྲངས་ནས་བསྒོམ་པ་ཡིན་པས། དེ་ཡི་བསྒོམ་ཚུལ་བསྟན་པའི་ཕྱིར། ཐུན་མཚམས་སྒྱུ་མའི་སྐྱེས་བུར་བྱ། །ཞེས་གསུངས་པས། རང་གཞན་སྣོད་བཅུད་ཅིར་སྣང་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་ཡིན་ཏེ། དེ་ཡང་མཉམ་བཞག་གི་ཉམས་བཟང་ན་སྣང་བ་བཀྲག་མེད་སྒྱུ་མ་ལྟ་བུ་བུན་ལོང་འགྲོ་བ་གཅིག་ཤུགས་ཀྱིས་འོང་། ངན་ན་དྲན་འཛིན་ཁོ་ན་གལ་ཆེ་བས་སྣང་བ་ཐམས་ཅད་སྣང་ཡང་བདེན་མེད་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བསྒོམས་ཏེ། དེ་ཡང་མ་ཡིན་པ་ལ་ཡིན་པར་བསྒོམ་པ་མིན། ཡིན་པ་ལ་ཡིན་པར་ངེས་ཤེས་བསྐྱེད་ནས་བསྒོམ་པ་ཡིན་པས། དེ་ལྟར་གསལ་བཏབ་ཅིང་བསྒོམ་པར་བྱ་སྟེ། དཀོན་མཆོག་བརྩེགས་པར། སྒྱུ་མ་མཁན་བཟང་པོས་བཅོམ་ལྡན་འདས་ལ་བགམ་པའི་ཕྱིར་སང་གདུགས་ཚོད་ལ་འབྱོན་པར་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཞལ་གྱིས་བཞེས་སོ། །དེར་བཟང་པོས་རྒྱལ་པོའི་ཁབ་ཀྱི་གཙོ་དགུ་ཐམས་ཅད་འདུས་པའི་གནས་དེར། ཁྱམས་དང་། ཁྲི་དང་། གདན་དང་། གསོལ་ཟས་དང་། རིམ་གྲོ་བ་ལ་སོགས་པ་བཀོད་པ་ཕུན་ཚོགས་ཞིག་སྤྲུལ་ལོ། །དེའི་ཚེ་རྒྱལ་པོ་བཞི་དང་བརྒྱ་བྱིན་འཁོར་སུམ་ཁྲི་བཅས་པ་བཟང་པོ་གན་དུ་ཕྱིན་ཏེ། ཁྱོད་ཀྱིས་སངས་རྒྱས་ཀྱི་ཕྱིར་བཀོད་པ་བཤམས་པ་ནི་རྙེད་པ་ལེགས་པར་རྙེད་དོ། །ཁོ་བོ་ཅག་ཀྱང་སངས་རྒྱས་མཆོད་པའི་ཕྱིར་བཀོད་པ་ཆུང་ངུ་ཞིག་བྱེད་ཀྱིས་གནང་བར་མཛོད་ཅིག་ཅེས་སྨྲས་ནས་སོ་སོར་བཀོད་པ་བཤམས་པས་བརྒྱ་བྱིན་གྱི་བཀོད་པས་སྔ་མ་གཉིས་མོག་མོག་པོར་བྱས་སོ། །དེར་བཟང་པོ་ངོ་མཚར་ནས་རང་གིས་སྤྲུལ་པ་དེ་བཤིག་པར་བརྩམས་པ་ན་བཤིག་མ་ནུས་སོ། །དེའི་བསམ་པ་བརྒྱ་བྱིན་གྱིས་ཤེས་ནས། ཁྱོད་ཀྱི་བཀོད་པ་མི་འཇིག་པ་བཞིན་དུ་སངས་རྒྱས་ལ་དམིགས་ནས་སེམས་བསྐྱེད་པ་ཆུང་ངུ་རྣམས་ཀྱང་མི་འཇིག་སྟེ། བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །ཞེས་སྨྲས་པས། བཟང་པོ་དགའ་སྟེ་གདུགས་ཚོད་ལ་འབྱོན་པར་ཞུས་པས། བཅོམ་ལྡན་འདས་འཁོར་དང་བཅས་པ་དེར་བྱོན་ཏོ། །དེར་བཟང་པོས་རང་གི་ནོངས་པ་བཤགས་ནས། འདི་བདག་གིས་བཤིག་པར་འདོད་ཀྱང་མ་ནུས་ལགས་ཞུས་པས། ཁྱོད་ཀྱི་འདི་སྒྱུ་མས་སྤྲུལ་པ་ཡིན། སེམས་ཅན་རྣམས་ལས་ཀྱིས་དང་། དགེ་འདུན་རྣམས་ཆོས་ཀྱིས་དང་། ང་ནི་ཡེ་ཤེས་ཀྱི་སྒྱུ་མས་སྤྲུལ་པ་ཡིན་ནོ། །དེ་ལྟར་ཤེས་ན་དེ་དག་དྲོངས་ཤིག་གསུངས་པས་ཁོས་ཀྱང་དྲངས་སོ། །སངས་རྒྱས་འཁོར་དང་བཅས་པས་བཞེས་ཏེ། འཁོར་རེ་རེས་ཀྱང་། ཇི་ལྟར་དེ་ནི་སྒྱུ་མ་མཁན། །བཟང་པོས་སྤྲུལ་པ་བྱས་པ་ལྟར། །འཇིག་རྟེན་ཆོས་རྣམས་དེ་འདྲ་སྟེ། །བྱིས་པ་རྣམས་ཀྱིས་མི་ཤེས་སོ། །ཞེས་སོགས་ཚིགས་བཅད་རེ་རེ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གསུམ་དང་། བརྒྱ་བྱིན་རིམ་གྱིས་སྤྲུལ་ཏེ། བཟང་པོའི་ཐད་དུ་འོངས་ནས། བཟང་པོ་ཅི་བྱེད་ཅེས་སྨྲས་པས། བཟང་པོ་ན་རེ། བཅོམ་ལྡན་འདས་ལ་གདུགས་ཚོད་གསོལ་བར་བྱེད་དེ། བཟང་པོ་ཐོངས་ཤིག དེ་སྐད་མ་ཟེར། བཅོམ་ལྡན་འདས་ནི་མ་སྐྱེས་དགྲའི་ཁྱིམ་ནས་ཆོས་སྟོན་གསོལ་ལོ། །ཀུན་ཏུ་རྒྱུའི་སྲང་ན་བསོད་སྙོམས་བྱེད་དོ། །འཚོ་བྱེད་ཀྱི་ཚལ་ན་འཁོར་རྣམས་ལ་ཆོས་སྟོན་ཏོ། །སུམ་ཅུ་རྩ་གསུམ་གྱི་ཤིང་ཡོངས་འདུ་ས་བརྟོལ་ན་ལྷ་རྣམས་ལ་ཆོས་སྟོན་ཏོ་ཞེས་སྨྲས་པས། བཟང་པོས་ཀྱང་དེ་བཞིན་དུ་མཐོང་ངོ་། །གཞན་ཡང་རྒྱལ་པོའི་ཁབ་ཀྱི་ཁྱིམ་དང་རྩིག་པ་དང་། ལོགས་དང་སྲང་དང་། བཀོད་པ་གསུམ་པོའི་ཁྲི་དང་། ཤིང་ལྗོན་པ་རྣམས་དང་། མེ་ཏོག་ལ་སོགས་ཅི་སྣང་བ་ཐམས་ཅད་ན་སངས་རྒྱས་འཁོར་བཅས་སྣང་ངོ་། །དེ་ལྟར་རེ་རེའི་མདུན་ན་ཁོ་རང་ཡང་རེ་རེ་ནོངས་པ་འཆགས་པ་མཐོང་ངོ་། །དེ་ནས་བཟང་པོས། བདག་གིས་ཤ་ཡི་མིག་གིས་གང་མཐོང་བ། །དེ་དག་ཐམས་ཅད་མཚན་གྱི་བརྒྱན་པའི་སྐུ། །ཞེས་པ་ལ་སོགས་པ་ཞུས་ཏེ། སངས་རྒྱས་ཉིད་གང་ཡིན། གང་ལ་ཕུལ་བ་དོན་ཆེ་སོགས་ཞུས་པས། ཀུན་ཀྱང་སྒྱུ་མའི་ཆོས་ཉིད་རྣམ་པར་གྲོལ། །ཐ་དད་མེད་ཅིང་བྱེ་བྲག་ཡོད་མ་ཡིན། །ཞེས་སོགས་དང་། གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་རྟོག་པ། །སྤྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་གསུངས་པས་བཟང་པོ་རབ་ཏུ་དད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། གང་ལ་བསླབ་ན་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལགས་ཞེས་སོགས་ཞུས་པས། ཆོས་བཞི་ལ་བསླབ་ན་བྱང་ཆུབ་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་འདོར་བ་དང་། སེམས་ཅན་བློས་མི་སྤོང་བ་དང་། དགེ་བའི་རྩ་བས་མི་ངོམས་པ་དང་། ཆོས་བསྲུང་བའི་ཕྱིར་རབ་ཏུ་བརྩོན་པའོ། །ཞེས་སོགས་གསུངས་པས་བཟང་པོས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བསྐལ་པ་དགུ་ཁྲི་དགུ་སྟོང་འདས་པ་ན་འཇིག་རྟེན་གྱི་ཁམས་བ ཀོད་པའི་རྒྱལ་པོ་ཞེས་བྱ་བར་སངས་རྒྱས་རྣམ་པར་འཕྲུལ་བའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པས་གསུངས་པ་དང་། ཏིང་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། ཞི་བ་ལྷས། སྒྱུ་མས་སྤྲུལ་པ་གང་ཡིན་དང་། །རྒྱུ་རྣམས་ཀྱིས་ནི་གང་སྤྲུལ་པ། །དེ་ནི་གང་ནས་འོང་འགྱུར་ཞིང་། །གང་དུ་འགྲོ་བའང་བརྟག་པར་གྱིས། །ཞེས་དང་། རྨོངས་པས་བདེན་པར་གང་བྱས་འདི། །སྒྱུ་མ་ལས་འདི་ཁྱད་ཅི་ཡོད། །ཅེས་སོགས་གསུངས་པས། དེ་སོགས་ཀྱིས་གསལ་གདབ་ཅིང་བསྒོམ་པར་བྱའོ། །དེ་ལྟར་སྣང་ཡང་བདེན་པར་མ་གྲུབ་པ་སྒྱུ་མ་ལྟར་རྟོགས་ཤིང་བསྒོམས་ན་ཚེ་རབས་མང་པོར་ཚོགས་བསགས་པ་ཡིན་ཏེ། སྡུད་པ་ལས། གང་ཞིག་ཆོས་འདི་སྤྲུལ་དང་སྒྱུ་མ་འདྲར་ཐོས་ནས། །སོམ་ཉི་མེད་ཅིང་སློབ་ལ་ཕྱིར་ཞིང་སྦྱོར་བྱེད་པ། །སེམས་ཅན་དེ་ནི་རིང་ནས་ཐེག་ཆེན་ཞུགས་རིགས་བྱ། །སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་ལ་ལྷག་བྱས་ཡིན། །ཞེས་སོ། །གང་ཤར་ངོས་འཛིན་གྱི་ལྟ་བ། །གསལ་སྟོང་བློ་བྲལ་གྱི་སྒོམ་པ། །ཐུག་ཕྲད་ལམ་ཁྱེར་གྱི་སྤྱོད་པས། །དོན་དམ་བྱང་སེམས་ཉམས་སུ་བླང་ངོ་། །དེ་ལྟར་གོང་དུ་བསྟན་པའི་དོན་དམ་སེམས་བསྐྱེད་ཀྱི་བསྒོམ་རིམ་འདི་ནི། བརྒྱུད་པ་རིན་པོ་ཆེ་འདི་ཉིད་ལས་བྱུང་བའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པའི་རྒྱལ་སྲས་རིན་པོ་ཆེ་དངུལ་ཆུ་ཐོགས་མེད་ཀྱི་ཞལ་རྒྱུན་ཉམས་ཁྲིད་ཇི་ལྟ་བར་འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱིས་ཟིན་བྲིས་སུ་བཏབ་པ་སྟེ། རྟོག་གེའི་རླུང་གིས་མ་དཀྲུགས་པའི་བརྒྱུད་པའི་མན་ངག་བྱིན་རླབས་ཀྱི་གཟི་བྱིན་འབར་བ་གཞན་ལས་ཁྱད་དུ་འཕགས་པས་ན་ཟུར་ཙམ་ཡང་མ་བཅོས་པར་ཇི་ལྟ་བ་བཞིན་དུ་བྲིས་པ་ཡིན་ལ། གཞན་དུ་སྤྲོས་པ་ལ་དགའ་ན་དབུ་མའི་གཞུང་དང་སྒོམ་རིམ་སྤྱི་ནས་འབྱུང་བ་ལྟར། གཟུང་བ་རྡུལ་ཕྲན་དང། ཤེས་པ་སྐད་ཅིག་ཆ་མེད་དུ་གཏན་ལ་ཕབ་སྟེ་གང་ཟག་གི་བདག་མེད་བསྒོམ་ཚུལ་དང་། རྡུལ་ཕྱོགས་ཆ་དང་། ཤེས་པ་སྐད་ཅིག་མ་ལ་དུས་གསུམ་གྱི་ཆས་དབྱེ་བ་སོགས་རིགས་པའི་སྒོ་དུ་མ་ལ་བརྟེན་ནས་ཆོས་ཀྱི་བདག་མེད་པ་གཏན་ལ་ཕབ་ནས། མཐར་སྟོང་དང་རྟེན་འབྱུང་གི་སྣང་བ་ཟུང་དུ་འཇུག་པའི་གཤིས་ལུགས་སྨྲ་བསམ་བརྗོད་བྲལ་དབུ་མ་ཆེན་པོའི་ལྟ་བ་ཁས་ལེན་དང་བྲལ་བ་ཉིད་ལུང་རིགས་དང་འབྲེལ་བར་གཏན་ལ་ཕབ་སྟེ། དེའི་ངང་དུ་བསྒོམ་པ་ཉམས་མྱོང་དང་འབྲེལ་བ་གསལ་སྟོང་འགག་མེད་ཀྱི་ཡེ་ཤེས་ཉིད་བསལ་བཞག་སྤང་ལེན་དང་བྲལ་བར་ཉམས་སུ་ལེན་ཚུལ་དང་། རྗེས་སྒྱུ་མ་ལྟ་བུའི་ལམ་ཁྱེར་དང་མ་བྲལ་བར་སྤྱོད་པ་དུས་ཚོད་དང་འབྲེལ་བར་ཚོགས་གཉིས་ཟུང་འབྲེལ་གྱི་ལམ་ལ་སློབ་ཚུལ་སོགས་གཞུང་དང་བླ་མའི་མན་ངག་བཞིན་ཤེས་པར་བྱའོ། །དེ་དག་གི་སྐབས་སུ་གཙོ་བོར་བླ་མའི་མོས་གུས་དང་། ཐུན་མཚམས་སུ་མཎྜལ་འབུལ་བ་སོགས་བསགས་སྦྱང་གི་སྒོ་དུ་མ་ལ་འབད་པ་ནི་ཤིན་ཏུ་གལ་ཆེ་སྟེ། རྒྱལ་བའི་ཡུམ་ལས། དོན་དམ་པ་ནི་དད་པས་རྟོགས་པར་བྱའོ། །ཞེས་དང་། མགོན་པོ་བྱམས་པས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་དང་། ཞི་བྱེད་ཆུ་ཀླུང་རོལ་པའི་མདོ་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བཙལ་བ་རྨོངས་པར་ཤེས་པར་བྱ། །ཞེས་དང་། དོ་ཧ་ལས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་རྙེད་འདྲ། །ཞེས་དང་། ལྕེ་བཙུན་ཆེན་པོས། བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉམས་དང་རྟོགས་པ་འབར་བར་ངེས། །ཞེས་གསུངས། དེས་ན་ཐུན་མཚམས་སུའང་ཐེག་པ་ཆེན་པོའི་ཆོས་ལ་ཁ་ཏོན་བྱེད་པ་དང་། གཞན་ལ་འཆད་པ་སོགས་ཆོས་སྤྱོད་བཅུའི་བྱ་བ་ལ་བར་མེད་དུ་སློབ་ཅིང་དེ་དག་གི་དགེ་བའང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བས་རྒྱས་ཐེབ་པར་བྱ་སྟེ། སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོག་བསྒོམས་ཏེ། །དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་། །དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན། །དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་ཀུན་རྫོབ་བྱང་སེམས་བདག་གཞན་བརྗེ་བ་བསྒོམ་པ་ནི། སྔོན་རབས་པའི་གསུངས་ལས། མཛའ་བོའི་བུ་མོའི་གཏམ་རྒྱུད་སོགས། །མན་ངག་འདི་ཡི་གླེང་གཞི་ཡིན། །ཞེས་གསུངས་པས། དེ་ནི་ཁྱིམ་བདག་མཛའ་བོ་ཞེས་པ་ཞིག་གི་བུ་སྐྱེས་ཚད་ཤི་བས། ཐེངས་གཅིག་བུ་ཞིག་སྐྱེས་པས་སོས་སུ་རེ་ནས་མིང་བུ་མོར་བཏགས། ཁྱིམ་བདག་རྒྱ་མཚོར་ཕྱིན་པས་ཤིའོ། །བུ་དེ་ཆེར་སྐྱེས་པ་ན་རང་གི་མ་ལ་ཕ་ཡི་རིགས་དྲིས་པས། དྲང་པོར་བཤད་ན་རྒྱ་མཚོར་སོང་ནས་ཤི་ཡིས་དོགས་ནས་རྫུན་བྱས་ཏེ། རིམ་པར་འབྲུ་འཚོང་བ་དང་། སྤོས་འཚོང་བ་དང་། གོས་འཚོང་བ་དང་། རིན་པོ་ཆེ་འཚོང་བའི་བར་བཤད་པས། དེ་དག་བཙོང་བ་ན། རིམ་པར་ཉི་མ་རེ་རེ་བཞིན་ཀཱ་ཥ་པ་ཎི་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་རེ་རྙེད་པ་དེས་མ་ལ་བསྙེན་བཀུར་བྱས་སོ། །མཐར་དེ་དག་གིས་རིམ་པར་བཀག་ནས་ཁྱོད་རྒྱ་མཚོ་ནས་ནོར་བུ་ལེན་པའི་རིགས་ཡིན་པས་རང་གི་ལས་གྱིས་ཤིག་ཟེར་བ་ན། ཁོ་ནོར་བུ་ལེན་དུ་འགྲོ་བར་བརྩམས་པའི་ཚེ། མ་དེས་རྒྱུ་མཚན་བཤད་ནས་ཡང་ཡང་བཟློག་ཀྱང་མ་ཉན་ནས། འགྲོ་བར་ཆས་པའི་ཚེ་མ་རང་ཉིད་ཀྱིས་སྒོ་བཀག་སྟེ་ཉལ་བ་ན། ཁོས་མ་གཉིད་དུ་སོང་བའི་མགོ་ལ་བགོམ་སྟེ་སོང་བ་ན། རྒྱ་མཚོར་གྲུ་ཞིག་ནས་ཕལ་ཆེར་ཤི་ཁོས་ཤིང་ལེབ་གཅིག་ལ་འཇུས་པས་མཚོ་གླིང་ཞིག་ཏུ་ཐོན། དེར་ཕྱིན་པས་རིན་པོ་ཆེའི་ཁང་པ་གཅིག་འདུག་པས། དེའི་ནང་ནས་མཛེས་སྡུག་གི་བུ་མོ་བཞི་བྱུང་ནས། ནང་དུ་བོས་ཏེ་ལྷའི་ལོངས་སྤྱོད་ཀྱིས་བསྙེན་བཀུར་བྱས། དེ་ལས་གཞན་དུ་ཕྱིན་པས། རིམ་པར་རིན་པོ་ཆེའི་མཁར་སྔར་བས་ཆེས་ལྷག་པའི་ནང་ན་བུད་མེད་བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་རྣམས་ཀྱིས་སྔ་མ་སྔ་མ་བས་བལྡབ་འགྱུར་གྱིས་ཞབས་ཏོག་བྱས་ཏེ། དེ་ནི་སྔར་མ་ལ་ཞབས་ཏོག་བགྱིས་པའི་འབྲས་བུའོ། དེ་ནས་དེ་དག་གིས་བཟློག་ཀྱང་མ་ཉན་པར་ལྷོ་ཕྱོགས་སུ་ཕྱིན་པས། ལྕགས་ཁང་འཇིགས་སུ་རུང་བ་ཞིག་འདུག་དེར་ཕྱིན་པས་མི་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་བསྐོར་ནས། ཀླད་པའི་དཀྱིལ་དུ་དབུག་ཀྱིན་འདུག འདིས་ཅི་བྱས་པ་ཡིན་དྲིས་པས། མའི་མགོ་ལ་བགོམ་པའི་རྣམ་སྨིན་ཡིན་ཟེར། འོ་ན་ང་ཡང་ལས་ཀྱིས་ཁྲིད་པ་ཡིན་ནམ་སྙམ་པ་དང་། དེ་མ་ཐག་པར་གང་བཅིངས་པ་གྲོལ་བར་འགྱུར་རོ། །གྲོལ་བ་བཅིངས་པར་འགྱུར་རོ་ཟེར་བའི་སྒྲ་བྱུང་མ་ཐག འཁོར་ལོ་དེ་ཁོ་རང་གི་མགོ་ཐོག་ཏུ་བྱུང་ནས་བསྐོར་བས་བཟོད་ཐབས་མེད་པའི་སྡུག་བསྔལ་བྱུང་། དེའི་རྐྱེན་གྱིས་རང་འདྲའི་སེམས་ཅན་ལ་སྙིང་རྗེ་དྲག་པོ་སྐྱེས་ཏེ། སེམས་ཅན་གྱི་ཁམས་ན་འདི་འདྲ་བ་མང་པོ་ཡོད་པས་དེ་དག་གི་སྡིག་སྡུག་བདག་ལ་འབྱུང་བར་གྱུར་ཅིག་སྙམ་དུ་དགོངས་པ་དང་། དེ་མ་ཐག་འཁོར་ལོ་ནམ་མཁའ་ལ་འཕགས་ཏེ་སྡུག་བསྔལ་ལས་གྲོལ། དེ་ཡང་ཐུབ་པ་ཉིད་ཡིན་པར་གསུངས། ཡང་ཐུབ་པ་འདི་ཉིད་ཤིང་རྟ་འདྲེན་པའི་དམྱལ་བར་སྐྱེས་པའི་ཚེ། ཁོ་དང་དམྱལ་བ་པ་གཞན་ཞིག་གིས་ཨ་བ་གླང་མགོའི་ཤིང་རྟ་ལྕགས་ཀྱི་ས་གཞི་མེ་རབ་ཏུ་འབར་བའི་ཐང་ལ་དྲང་བ་ལས། ཁོང་གཉིས་སྟོབས་ཆུང་སྟེ་མ་དྲངས་པས་དམྱལ་སྲུང་རྣམས་ཀྱིས་མཚོན་ཆ་རབ་ཏུ་འབར་བས་བསྣུན་ཅིང་འཚོག་པས་ཤིན་ཏུ་སྡུག་བསྔལ་བས་ཁོང་གི་ཐུགས་དགོངས་ལ། གཉིས་ཀས་དྲངས་ཀྱང་མི་དྲང་བར་སྡུག་བསྔལ་བར་མཚུངས་པ་འདུག་པས། བདག་གཅིག་པུས་དྲངས་ཏེ་འདི་ཐར་བར་བྱའོ་དགོངས་ཏེ། དེ་ལྟར་བྱས་པས་དམྱལ་སྲུང་ན་རེ། ཁྱོད་སྙིང་རྗེ་ཆེ་བ་གཅིག་ཡོད་ཟེར་ནས། ལྕགས་ཀྱི་ཐོ་བས་དབུ་ལ་བསྣུན་པས། ཁོང་ཚེ་འཕོས་ཏེ་ལྷ་ཡུལ་དུ་སྐྱེས། འདི་ཐུབ་པ་ཉིད་ཀྱི་གཞན་ཕན་གྱི་ཐོག་མ་ཡིན་པར་གསུངས་སོ། །དེ་ལ་ཇོ་བོ་རྗེ་ལྷ་གཅིག་ལ་གོང་དུ་སྨོས་པ་ལྟར་བརྒྱུད་པའི་བཀའ་སྲོལ་གསུམ་ཡོད་པ་ལས། དང་པོ་བླ་མ་དྷ རྨ་ར ཀྵི་ཏ་ལས་གསན་པ་ནི། ལྟ་བ་ཉན་ཐོས་བྱེ་བྲག་སྨྲ་བ། ལུང་དབྱུག་པ་གསུམ་གྱི་ཕྲེང་བ། འདི་བོད་དུ་མ་འགྱུར་བ་གསུངས། མཆན། རིགས་པ་རྟ་དབྱངས་ཀྱི་མདོ་སྡེ་སྐྱེས་རབས་དང་མཐུན། གཉིས་པ་བྱམས་པའི་རྣམ་འབྱོར་རམ་ཀུ་སཱ་ལི་{སུ་ལུ}ཆུང་བ་ལས་གསན་པ་ནི། ལྟ་བ་མི་གནས་པ། ལུང་ནམ་མཁའི་སྙིང་པོ་རིགས་པ་ཞི་བ་ལྷའི་བསླབ་བཏུས་ཀྱི་རྗེས་སུ་འབྲང་། གསུམ་པ་བླ་མ་གསེར་གླིང་པ་ལས་གསན་པའི། ལྟ་བ་མུ་སྟེགས་པ་དང་། ལུང་དྲི་མ་མེད་པར་གྲགས་པས་ཞུས་པ། རིགས་པ་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གི་རྗེས་སུ་འབྲང་བར་གསུངས་ཏེ། དེ་ལས་འདིར་སྟོན་པ་ནི་ལུགས་ཕྱི་མ་ཉིད་ཡིན། དེ་ལ་ལྟ་བ་མུ་སྟེགས་པ་དང་མཐུན་བྱ་བ་དེ། མུ་སྟེགས་ལྟར་རྟག་གཅིག་རང་དབང་ཅན་དུ་སྒྲོ་མི་འདོགས་ཀྱང་སོ་སྐྱེ་ལ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་ང་དང་ང་ཡིར་འཛིན་པ་གཅིག་རང་ཆས་སུ་ཡོད་པས་དེ་རང་སོར་བཞག་སྟེ། བདག་གཞན་བདེ་སྡུག་རྣམས་བདེན་བདེན་པོར་བྱས་ནས་བསྒོམ་པའི་དབང་དུ་བྱས་པ་ཡིན་གསུངས། ལུང་དྲི་མ་མེད་པའི་མདོ་སོགས་ལ་བརྟེན་ཞེས་པ་ནི། དྲི་མ་མེད་པར་ཞུས་པའི་མདོ་ལས། བདག་དང་བདག་གིར་འཛིན་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ཀྱི་ཞིང་ལ་ཕན། །ཞེས་དང་། འོད་སྲུང་གི་ལེའུ་ལས། ཇི་ལྟར་ལུད་བཅས་འདམ་རྫབ་ཆུ་ལས་ནི། །པདྨ་སྐྱེ་ཡི་ཐང་ལས་ནམ་ཡང་མིན། །དེ་བཞིན་ཉོན་མོངས་ལོག་ལྟ་སྐྱེ་བོ་ལ། །རྒྱལ་བ་རྣམས་སྐྱེ་རྒྱལ་བའི་མྱུ་གུ་སྐྱེ། །ཞེས་གསུངས་པས། དཔེར་ན་མེ་ཏོག་པདྨ་ས་གཞི་དགོན་དུང་ལ་མི་སྐྱེ་འདམ་རྫབ་དང་བཅས་པའི་ཆུ་ལས་སྐྱེ་བ་བཞིན་དུ་སྲེད་པའི་རླན་དང་བྲལ་བའི་ཉན་རང་གི་རྒྱུད་ལ་མི་སྐྱེ་ཡི། སོ་སོའི་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། དེའི་རྒྱུ་མཚན་བདག་ཏུ་འཛིན་པ་འདི་ལ་བརྟེན་ནས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་ཉམས་སུ་མྱོང་ཞིང་། རང་རྒྱུད་ཀྱི་སྡུག་བསྔལ་དེ་ལ་དཔགས་ནས་སེམས་ཅན་གཞན་ལ་སྙིང་རྗེ་སྐྱེ། དེ་ཉིད་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་ཞིང་། དེ་ལ་བརྟེན་ནས་ཀྱང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་སྤྱོད་དུ་ཡོད་པས་ན་སངས་རྒྱས་ཀྱི་གདུང་ཡིན་ནོ། །རིགས་པ་སྤྱོད་འཇུག་གི་རྗེས་སུ་འབྲང་ཞེས་པ་ནི། དེ་ཉིད་ལས། བདག་ཕྱིར་གཞན་ལ་གནོད་བྱས་ན། །དམྱལ་སོགས་སྡུག་བསྔལ་མྱོང་བར་འགྱུར། །གཞན་ཕྱིར་བདག་ལ་གནོད་བྱས་ན། །ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ། །བདག་ཉིད་བདེ་བར་འདོད་པ་ཡིས། །ངན་འགྲོ་ངན་དང་གླེན་པར་འགྱུར། །དེ་ཉིད་གཞན་ལ་སྤོ་བྱས་ན། །བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར། །བདག་གི་དོན་དུ་གཞན་བཀོལ་ན། །བྲན་ལ་སོགས་པ་མྱོང་བར་འགྱུར། །གཞན་གྱི་དོན་དུ་བདག་བཀོལ་ན། །རྗེ་དཔོན་ཉིད་སོགས་ཐོབ་པར་འགྱུར། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་བདག་བདེ་འདོད་ལས་བྱུང་། །མང་དུ་སྨོས་ཀྱང་ཅི་ཞིག་དགོས། །བྱིས་པས་རང་དོན་བྱེད་པ་དང་། །ཐུབ་པས་གཞན་གྱི་དོན་མཛད་པ། །འདི་ཉིད་ཀྱི་ནི་ཁྱད་པར་ལྟོས། །བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་སོགས་རིགས་པ་མང་པོ་གསུངས་པའི་རྗེས་སུ་འབྲངས་ནས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་འདིར་བསྟན་བྱའི་སྙིང་པོ་དངོས་ཡིན་ནོ། །དེ་ལ་གསུམ། སྔོན་འགྲོ་བྱམས་སྙིང་རྗེ་བསྒོམ་པ། དངོས་གཞི་བདག་གཞན་བརྗེ་བ་བསྒོམ་པ། རྗེས་དུག་གསུམ་དགེ་རྩར་བསྒྱུར་བའོ། །དང་པོ་ནི། གོང་དུ་སྨོས་པ་བཞིན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཐེག་ཆེན་གྱི་ལམ་ཐམས་ཅད་གྱི་ངོ་བོ་ཡིན་པས་མེད་ཀ་མེད་དེ། ཨོ་རྒྱན་ཆེན་པོས། དེས་ན་བྱམས་པ་དང་སྙིང་རྗེ་བྱང་སེམས་གསུམ་པོ་འདི་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ཡིན་པས་མེད་ཀ་མེད་དོ། །ཞེས་གསུངས་ཤིང་། སློབ་དཔོན་འཇམ་དཔལ་གྲགས་པས་ཀྱང་། ཐེག་པ་ཆེན་པོ་བས་བྱམས་པ་དང་སྙིང་རྗེ་དང་སྐད་ཅིག་ཀྱང་འབྲལ་བར་མི་བྱ་སྟེ། ཞེས་དང་། གཞན་གྱི་དོན་ནི་བྱམས་པ་དང་སྙིང་རྗེས་རྗེས་སུ་བཟུང་གི། ཞེ་སྡང་གིས་ནི་མ་ཡིན་ནོ། །ཞེས་གསུངས། དེ་གསུམ་གྱི་ངོ་བོའམ་ཁྱད་པར་གང་སྙམ་ན། བྱམས་པའི་ངོ་བོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་བསམ་པའམ་བདེ་བ་དང་ཕྲད་པར་འདོད་པ་ཡིན། སྙིང་རྗེའི་ངོ་བོ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་བར་འདོད་པ་ཡིན། བྱང་ཆུབ་ཀྱི་སེམས་ནི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་ལས་བསྒྲལ་བའི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་སྟེ། ཨོ་རྒྱན་ཆེན་པོས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་ཡིན་ཞིང་དྲིན་བསམ་གྱིས་མི་ཁྱབ་པ་ཡོད་པས། བདེ་བ་དང་ལྡན་པར་བྱའོ་སྙམ་དུ་བསྒོམ་པ་ནི་བྱམས་པའི་སེམས། མ་འདི་རྣམས་དུཿཁ་སྣ་ཚོགས་ལ་སྤྱོད་པ་སྙིང་རེ་རྗེ། དུཿཁ་དེ་དག་དང་བྲལ་བར་བྱའོ་སྙམ་དུ་བསྒོམ་པ་ནི་སྙིང་རྗེའི་སེམས། མ་འདི་རྣམས་བདེ་བ་དང་ལྡན། དུཿཁ་དང་བྲལ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱའོ་སྙམ་དུ་བསྒོམ་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཐམས་ཅད་ལ་ཀུན་ཏུ་སྙོམས་ཤིང་རྒྱུན་ཆད་མེད་པར་བསྒོམ་མོ། །དེ་ལ་བྱམས་པ་ནི་ཞེ་སྡང་མེད་པའི་སེམས། སྙིང་རྗེ་ནི་འདོད་ཆགས་མེད་པའི་སེམས། བྱང་སེམས་ནི་གཏི་མུག་མེད་པའི་སེམས་སོ། །ཞེས་གསུངས། དེ་ཡང་ཐོག་མར་བྱམས་སྙིང་རྗེ་ལ་བློ་མ་འབྱོངས་ན། དངོས་གཞི་བྱང་ཆུབ་ཀྱི་སེམས་མི་སྐྱེ་བས། དང་པོ་བྱམས་སྙིང་རྗེ་ལ་བློ་སྦྱོང་བ་གལ་ཆེ། དེ་བསྒོམ་ཚུལ་ལ་དབྱེ་ན་གསུམ་ཡོད་དེ། སེམས་ཅན་ལ་དམིགས་པ། ཆོས་ལ་དམིགས་པ། དམིགས་པ་མེད་པའི་བྱམས་པ་ལ་སོགས་པའོ། །དེ་དག་ཀྱང་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཅན་ལ་དམིགས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཞེས་གསུངས། དེ་གསུམ་གྱི་མཚན་ཉིད་ཀྱང་། ཨོ་རྒྱན་ཆེན་པོས། སེམས་ཅན་ལ་དམིགས་པའི་བྱམས་པ་ནི། སེམས་ཅན་ཐམས་ཅད་ཕ་མར་ཤེས་ཤིང་དེ་དག་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློ་སྐྱེས་པའོ། །ཆོས་ལ་དམིགས་པའི་བྱམས་པ་ནི། དོན་དམ་པར་ཅིར་ཡང་མ་གྲུབ་པ་ཡིན་ཡང་ཀུན་རྫོབ་རྨི་ལམ་སྒྱུ་མ་ཙམ་གྱི་ངོར་མ་འདི་རྣམས་བདེ་བ་དང་ལྡན་པར་བྱ་སྙམ་པའི་བློའོ། །དམིགས་པ་མེད་པའི་བྱམས་པ་ནི། དེ་ལྟར་བསྒོམ་པའི་དུས་ཉིད་ན། རང་གཞན་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་སྤྲོས་བྲལ་ནམ་མཁའ་ལྟར་ཤེས་པས། གདངས་མ་འགགས་པར་བྱམས་པར་དུང་ངེ། གཤིས་མ་གྲུབ་པར་སྟོང་པར་ལྷག་གེ། ངོ་བོ་མི་རྟོག་མི་དམིགས་ཤིང་འཁོར་གསུམ་ཡོངས་སུ་དག་པའོ། །ཞེས་སྙིང་རྗེ་ལའང་བསྒྱུར་ནས་གསུངས་སོ། །དེ་ལས་གོང་དུ་དོན་དམ་བྱང་སེམས་ལ་མྱོང་བ་ཐོན་ན་ཕྱི་མ་གཉིས་ཅི་རིགས་པར་ཤུགས་ལས་འབྱུང་མོད། འདིར་བསྟན་པར་བྱ་བ་ནི་དང་པོ་དེའོ། །དེ་བསྒོམ་ཚུལ་ལ་ཁྲིད་ཚུལ་མང་ཡང་དོན་བདུན་མའི་གཞུང་འདི་ཉིད་ཀྱི་བཀའ་སྲོལ་སྙན་བརྒྱུད་ཆེན་མོ་ལས་འབྱུང་བ་ལྟར་ན། སྐྱེ་སླ་བ་ལ་བསྒོམ་པ། སྐྱེ་དཀའ་བ་ལ་བསྒོམ་པ། ཐམས་ཅད་ལ་བསྒོམ་པ་དང་གསུམ་ལས། དང་པོ་ལ། དྲིན་ཆེ་བ། སྡུག་བསྔལ་ཆེ་བ། སྡིག་པ་ཆེ་བ་ལ་བསྒོམ་པ་གསུམ་ལས། དང་པོ་ནི། ཚེ་འདི་དྲིན་ཆེ་ཤོས་ད་ལྟའི་རྩ་བའི་མ་འདི་ཉིད་ཡིན་པས། དེ་ཐོག་མར་མདུན་དུ་བསྒོམས་ཏེ། འདི་བདག་ལ་དྲིན་ཆེ་བར་འདུག དྲིན་དེ་ཅི་ཙམ་སྙམ་ན། ལུས་བསྐྱེད་པའི་དྲིན་དང་། དཀའ་བ་སྤྱད་པའི་དྲིན་དང་། སྲོག་བྱིན་པའི་དྲིན་དང་། འཇིག་རྟེན་བསྟན་པའི་དྲིན་བཞི་ཡོད་དེ། འཕགས་པ་བརྒྱད་སྟོང་པ་ལས། ཅིའི་ཕྱིར་ཞེ་ན། མ་འདིས་བདག་བསྐྱེད་པ། འདིས་ནི་དཀའ་བ་བྱེད་པ། བདག་ཅག་གི་སྲོག་བྱིན་པ། འཇིག་རྟེན་སྟོན་པ་ཡིན་ནོ། །ཞེས་གསུངས། དེ་ལ་ལུས་བསྐྱེད་པའི་དྲིན་ནི། དང་པོ་ཟླ་བ་དགུའམ་བཅུའི་བར་དུ་ཁོང་དུ་བཟུང་སྟེ། དེ་ཡང་བདག་གི་ལུས་འདི་མའི་ཤ་ཁྲག་གི་བཅུད་ཀྱིས་བསྐྱེད། ཟས་ཀྱི་དྭངས་མས་སྤེལ། ངོ་ཚ་དང་ན་ཚ་དང་སྡུག་བསྔལ་ཐམས་ཅད་བཟོད་པར་བྱས་པ་ལས་གྲུབ་པ་ཡིན། ཕྱིར་སྐྱེས་ནས་ཀྱང་། ཆུང་ཕུད་བུ་ཙམ་ནས་གསོ་སྦྱོང་བྱས་ནས་ཆེ་གཡག་པོ་ཙམ་དུ་བསྐྱེད་པ་ཡིན་ནོ། །དཀའ་བ་སྤྱད་པའི་དྲིན་ནི། བདག་དང་པོར་ཁ་དྲོད་ཟུང་གཅིག་མ་གཏོགས་ནོར་རྫས་ཀྱི་དངོས་པོ་ཁ བ་ཙམ་ཡང་མེད་པར་གཅེར་བུ་ལག་སྟོང་འདྲིས་མེད་བཤེས་མེད་ཀྱི་ལུས་འདིར་གཅིག་པུར་འོང་བའི་ཚེ། མས་ལྟོགས་སུ་མ་བཅུག་པར་ཟས་བྱིན། སྐོམ་དུ་མ་བཅུག་པར་བཏུང་བ་བླུད། འཁྱགས་སུ་མ་བཅུག་པར་གོས་བསྐོན། སྤྲང་པོར་མ་བཞག་པར་ནོར་བྱིན། དེ་ཡང་རང་ལ་མ་མཁོ་ནས་བྱིན་པ་མིན། རང་གིས་ཚེ་འདིར་ཕན་པའི་ཟ་མ་བྲ། འཐུང་མ་བྲ། གྱོན་མ་བྲ། སྤྱོད་མ་བྲ། ཕྱི་མར་ཕན་པའི་མཆོད་སྦྱིན་དང་ཚོགས་གསོག་གང་དུ་ཡང་གཏོང་མ་ཕོད་པའི་དངོས་པོ་སྟེ། དོན་དུ་རང་གི་ཚེ་འདི་ཕྱི་གཉིས་ཀ་ལ་མ་བལྟས་པར་བུ་ལ་བྱིན་པ་ཡིན། དེ་ཡང་བདེ་དལ་གྱིས་རྙེད་པ་མིན་ཏེ། སྡིག་སྡུག་དཀའ་ལས་བརྒྱ་ཕྲག་གིས་སྒྲུབ་པའི་ནོར་ཡིན། སྡིག་པ་ལ་སོང་ན་སྲོག་གཅོད་རྐུ་འཕྲོག་སོགས་རང་ཉིད་སྐྱེ་བ་ཕྱི་མར་ངན་སོང་དམྱལ་བ་སོགས་སུ་ལྷུང་ངེས་ཀྱི་ལས་སྣ་ཚོགས་པ་ལ་བརྟེན་ནས་བུ་གསོས། དཀའ་ལས་ལ་སོང་ན། ཚོང་སོ་ནམ་འཚོ་སྐྱོང་སོགས་ཉིན་མཚན་དུ། སྐར་མ་ཞྭ། བ་མོ་ལྷྭམ། བྱིན་པ་རྟ། སྣ ལ་མ་ལྕགས། བྱིན་ཤ་ཁྱི། གདོང་ཤ་མི་ལ་བྱིན་ཏེ་མདོར་ན་ཚེ་འདིར་ཉིན་གཅིག་ཀྱང་བདེ་དལ་དུ་སྡོད་པའི་སྐབས་མེད་པར་བྱས་ནས་སྒྲུབ་པའི་ནོར་དེ། རང་ལ་ཚེ་འདིར་དྲིན་ཆེ་བའི་ཕ་མ་དང་། ཕྱི་མའི་ལམ་སྟོན་བླ་མ་སོགས་དྲིན་ཆེ་བ་སུ་ལའང་བཏང་མ་བྲ་བར་དེ་གང་ནས་འོང་དང་སུ་ཡིན་ཆ་མེད་པའི་བུ་དེ་ལ་བྱིན། བྱམས་པའི་མིག་གིས་བལྟས། འཇམ་པའི་དྲོད་ཀྱིས་བསྲོས། མི་གཙང་བ་ལག་པས་ཕྱིས། སོར་བཅུའི་ཁ་ལ་གཡེངས། ལུས་ཟུངས་ནུ་ཞོ་སྟེར། དགའ་བའི་ཚིེག་གིས་བསུས་ཏེ་དཀའ་ལས་དུ་མའི་སྒོ་ནས་བསྐྱངས་པ་ཡིན་ནོ། །སྲོག་བྱིན་པའི་དྲིན་ནི། བདག་དང་པོར་སྐྱེས་ཙ་ན་ཉམ་ཆུང་སྲིན་བུ་འདྲ་བའི་འཁོས་མེད་བསམ་བརླག་པོ་དེ། མས་མ་བོར་བར་ཞབས་ཏོག་བྱས། པང་དུ་བླང་། མེ་ཆུ་གཡང་ས་སོགས་ལས་བསྐྱབས། ན་བ་དང་ཤི་ཡིས་དོགས་ནས་མོ་རྩིས་དང་གཏོ་བཅོས་རིམ་གྲོ་སོགས་དཔག་ཏུ་མེད་པ་བྱས་ཏེ། མདོར་ན་བུ་ན་བ་དང་ཤི་བ་ལས་རང་ན་བ་དང་ཤི་བ་འདོམས་པ་ཙམ་གྱི་སེམས་ངལ་དང་དཀའ་ལས་བྱས་ནས་སྲོག་བཏོན་པ་ཡིན་ནོ། །འཇིག་རྟེན་བསྟན་པའི་དྲིན་ནི། བདག་དང་པོ་ནས་མི་ཤེས་དགུ་ཤེས་མཐོང་གོམས་ཅན་ཞིག་འདིར་ཡོང་བ་མིན། གཉེན་བཤེས་ལ་ཆོ་ངེས་འབོད་པ་དང་རྐང་ལག་གཡོབ་པ་ཙམ་ལས་ཅི་ཡང་མི་ཤེས་པ་ལ། མ་འདིས་ཟ་མི་ཤེས་པའི་དུས་སུ་ཟ་བ་བསླབས། གོན་མི་ཤེས་པའི་དུས་སུ་གོན་པ་བསླབས། འགྲོ་མི་ཤེས་པའི་དུས་སུ་འགྲོ་བ་བསླབས། གཏམ་སྨྲ་མི་ཤེས་པའི་དུས་སུ་སྨྲ་བ་བསླབས། བཟོ་རིགས་སོགས་ཡོན་ཏན་སྣ་ཚོགས་རང་གིས་ཤེས་པ་རང་གིས་བསླབས། མ་ཤེས་པ་གཞན་ལ་བསླབ་བཅོལ་ནས། མི་མཉམ་པ་དང་མཉམ་དུ་བཅུག མི་མཚུངས་པ་དང་མཚུངས་པར་བྱས། གོག་ཐུབ་པ་ཙམ་མམ། གཏམ་ཚིག་རེ་ཙམ་སྨྲ་ཤེས་པ་ལའང་དགའ་བ་དཔག་ཏུ་མེད་པ་བྱས། བསྟོད་རྒྱུ་མེད་ཀྱང་བསྟོད་ར་གཏོང་། ཡོན་ཏན་མེད་ཀྱང་ཡོན་ཏན་བརྗོད། ཐབས་ག་འདྲ་ཞིག་བྱས་ན་ངའི་བུ་འདི་མིའི་ཕུད་དུ་འཁུར་བ་ཞིག་འོང་སྙམ་དུ། བསམ་རྒྱུ་དང་དྲན་རྒྱུ་བདག་ལས་མེད་པ་ཞིག་བྱས་པའི་དྲིན་ཆེན་མོ་དེ་ཡིན་ནོ། །དེ་ཡང་ད་རེས་གཅིག་པུ་ཙམ་དུ་བྱས་པ་མ་ཡིན་གྱི། འཁོར་བ་ཐོག་མ་མེད་པ་ནས་ལན་གྲངས་དཔག་ཏུ་མེད་པར་བསྐྱངས་པའི་དྲིན་ཆེན་མོ་དེ་ཡིན་ཏེ། མདོ་ལས། འཇིག་རྟེན་ཁམས་ཀྱི་ས་རྡོ་དང་། རྩི་ཤིང་དང་ནགས་ཚལ་ཐམས་ཅད་རྒྱ་ཤུག་གི་ཚིག་གུ་ཙམ་དུ་སྐྱེས་བུ་གཅིག་གིས་བྱས་ལ། དེ་སྐྱེས་བུ་གཉིས་པས་དེ་རྣམ་གྲངས་སུ་བགྲང་བས་ཟད་པའི་དུས་སྲིད་ཀྱི། སེམས་ཅན་གཅིག་གིས་བདག་གི་མ་བྱས་པ་ནི་བགྲང་བར་མི་ནུས་སོ་གསུངས། དེ་ལྟར་མ་བྱས་རེས་ཀྱིས་དྲིན་སྔ་མ་ལྟར་བཞག་པ་ཡིན། དེས་ན་མ་དེའི་དྲིན་ལ་ཚད་བཟུང་དུ་མེད་པས། འདི་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ན་ཅི་མ་རུང་། དེ་ལྟར་འགྱུར་བར་བདག་གིས་ཅི་ནས་ཀྱང་བྱའོ་སྙམ་དུ་བསམས་ཤིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དྲག་ཏུ་བསྒོམ། དེའི་དུས་སུ་བླ་མ་དཀོན་མཆོག་ལ་གསོལ་འདེབས་དང་། སྐྱབས་འགྲོ་བྱེད་ཅིང་བསྒོམས་ན་སྐྱེ་སླ་ཞིང་འཆུན་ཆེ། སྐྱབས་གསོལ་བྱེད་པའི་དུས་སུ་རང་བཏང་སྙོམས་སུ་བཞག མ་དེ་དམིགས་ཡུལ་དུ་བྱས་ཏེ་དེའི་སྡིག་སྡུག་རྣམས་བསམས་ལ། སྐྱབས་གསོལ་སྙིང་ཐག་པ་ནས་བྱ། གཞན་ལ་མི་གནོད་ན་སྐད་གསོང་མཐོན་པོས་བྱ། བྱམས་པ་དང་སྙིང་རྗེ་སྐྱེས་ན་ཉམས་བྱུང་རྒྱལ་དུ་བསྐྱངས་ཤིང་སྣ་མི་བསྐྱིལ། མ་དེའི་སྡིག་སྡུག་བསལ་བ་དང་། བདེ་དགེ་བསྐྱེད་པར་འདོད་ཀྱང་དེའི་ནུས་པ་བདག་ལ་མེད། གཞན་ཚངས་པ་དང་བརྒྱ་བྱིན་སོགས་འཇིག་རྟེན་སྐྱོང་བ་རྣམས་ལའང་མིན། དེ་གང་ལ་ཡ ོད་ན་བླ་མ་དཀོན་མཆོག་གསུམ་ཁོ་ན་ལ་ཡོད་པས། དཔེར་ན་མ་ལག་ཞ་མའི་བུ་ཆུས་ཁྱེར་བའམ་མེས་ཚིག་ན་གཞན་ལག་པ་ཡོད་པ་ལ་འདོན་རོགས་འཚོལ་བ་བཞིན་དུ་བླ་མ་དཀོན་མཆོག་ལ་སྐྱབས་འགྲོ་དང་གསོལ་འདེབས་དྲག་ཏུ་བྱའོ། །དེ་ལྟར་མས་མཚོན་ཏེ། ཕ་དང་ཨ་ཁུ་ཞང་པོ་ལ་སོགས་པ་གང་སྙིང་རྗེ་བ་དང་དྲིན་ཆེ་བ་རྣམས་བློ་ཡུལ་དུ་བྱས་ཏེ་བསྒོམ་པར་བྱའོ། །གཉིས་པ་སྡུག་བསྔལ་ཆེ་བ་ལ་བསྒོམ་པ་ནི། སེམས་ཅན་འདི་དག་འདོད་པ་ནི་བདེ་བ་འདོད། སྡུག་བསྔལ་མི་འདོད་ཀྱང་ཐབས་ལ་རྨོངས་པའི་དབང་གིས་བདེ་བའི་རྒྱུ་ནི་མི་བསྒྲུབ། སྡུག་བསྔལ་གྱི་རྒྱུ་འབའ་ཞིག་ལ་བརྩོན་པས། ཡོང་བ་ནི་བདེ་བ་མི་འབྱུང་སྡུག་བསྔལ་ཁོ་ན་འབྱུང་སྟེ། དམྱལ་བ་ན་ཚ་གྲང་། ཡི་དྭགས་ན་བཀྲེས་སྐོམ། དུད་འགྲོ་ན་གཅིག་ལ་གཅིག་ཟ། མཐོ་རིས་ན་ཡང་ཚེ་ཐུང་བ། ནད་མང་བ། དབང་ཆུང་བ། བཀྲེན་ཅིང་ཕོངས་པ། ལས་ལ་འཁོལ་བ། ཆད་པས་བཅད་པ་སོགས་སྡུག་བསྔལ་འདི་མི་མྱོང་བྱ་བ་མེད་པས་དེ་ཀུན་གྱི་སྡུག་བསྔལ་ལ་བསམས་ནས་བསྒོམ་པ་སྟེ། དེ་ཡང་དང་པོར་སྐྱེ་སླ་བའི་ཆེད་དུ། འདི་ལྟར་མངོན་སུམ་གྱི་ཡུལ་དུ་འགྱུར་བའི་དབུལ་ཕོངས་རྒན་འཁོགས་ན ད་སོགས་ཀྱིས་མནར་ཞིང་མགོན་མེད་པར་གྱུར་པས་ཤིན་ཏུ་ཉམ་ཐག་པའམ། བཤན་པའི་མདུན་སར་བཅིངས་པའི་དུད་འགྲོ་ལྟ་བུ་བློ་ཡུལ་དུ་བྱས་ཏེ། དེ་སེམས་ཅན་དེ་ཉིད་ཡིན་པའི་བློ་བོར་ཏེ། རང་ངམ་རང་གི་རྩ་བའི་མ་དེ་ཡིན་པར་བསྒོམས་ན་བཟོད་ཐབས་མེད་པའི་ཉམས་སྐྱེ། དེ་སྐྱེས་པ་ན་ད་ལྟ་བདག་ལ་དངོས་སུ་འབབ་པ་མེད་ཀྱང་ཡིད་ཡུལ་དུ་བསམ་པ་ཙམ་ལ་འདི་འདྲ་བའི་འཇིགས་སྐྲག་དང་སྡུག་བསྔལ་འབྱུང་འདུག་ན་འདི་དངོས་སུ་མྱོང་བའི་སེམས་ཅན་འདིས་ཇི་ལྟར་བཟོད། འདི་ད་ལྟའི་རྩ་བའི་མ་དངོས་མིན་ཀྱང་། ཚེ་སྔ་མའི་མ་ཡིན་པས་ད་ལྟའི་མ་དང་ཁྱད་ཅི་ཡོད་དེ། འདི་རྣམས་ཀྱིས་ཀྱང་། བདག་ཚ་བས་ཅུང་ཟད་གདུངས་པའང་མ་བཟོད་ནས་བསིལ་བའི་ཐབས་བྱེད་པ་དང་། ཐ་ན་ཁ་ཙམ་ཡང་ཚིག་གིས་དོགས་ནས་ཚོད་མ་ལ་ཕུས་འདེབས། འཁྱགས་ཀྱིས་དོགས་ནས་ལུས་ཀྱི་དྲོད་ཀྱིས་བསྲོས། བཀྲེས་སྐོམ་གྱིས་དོགས་ནས་ནུ་མ་བསྣུན་པ་སོགས་ད་ལྟའི་རྩ་བའི་མ་དང་འདྲ་བ་ཡིན་ན། ད་ལྟ་འདི་འདྲ་བའི་སྡུག་བསྔལ་གྱིས་ཉམ་ཐག་པར་འདུག་ན་ཇི་ཚུག་དྲག་སྙམ་དུ་སྙིང་རྗེ་དྲག་ཏུ་བསྒོམས། དེ་གོམས་པ་དང་དམྱལ་བ་སོགས་སྡུག་བསྔལ་ཅན་གྱི་སེམས་ཅན་ཐམས་ཅད་ལ་བསྒོམས། སྙིང་རྗེ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་ནས་དེ་དག་སྡུག་བསྔལ་དང་བྲལ་བ་དང་། བདེ་བ་ལ་འགོད་པའི་དོན་དུ་སྔར་བཞིན་གསོལ་བ་གདབ་བོ། །གསུམ་པ་སྡིག་པ་ཆེ་བ་ལ་བསྒོམ་པ་ནི། རྒྱལ་སྲས་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་ག ཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར། ཁེ་ཆུང་ལ་ཉེན་ཆེ་བའི་ཚེ་འདིའི་འདོད་པ་ཅུང་ཟད་ཀྱི་ཕྱིར་དུ། ཕ་མ་གསོད་པ་དང་། ཆོས་འཁོར་གཉན་པོ་འཇོམས་པ། འཕགས་པའི་གང་ཟག་བཀྲོངས་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སོགས་མཚམས་མེད་དང་ཉེ་བའི་མཚམས་མེད་པ་སོགས་ཀྱི་སྡིག་པ་རྔམ་པོ་ཆེ་བསགས་ཏེ་དབུགས་ཆད་མ་ཐག་པར་ངན་སོང་དམྱལ་བ་མནར་མེད་པ་སོགས་སུ་ལྷུང་ངེས་པ། ད་ལྟའི་དུས་ཀྱི་མཐའ་ཡི་མི་དཔོན་དམག་སྡེ་དང་དེ་དང་ཕྱོགས་མཐུན་ཞིང་དེའི་ཕྱོགས་ལ་བློ་ལྟོས་འཆའ་བའི་ཁ་དྲག་པོ་སྟོབས་འབྱོར་དང་ལྡན་པ་ལྟར་སྣང་བ་རྣམས་ནི་ངན་སོང་བས་ཀྱང་ཆེས་སྙིང་རྗེ་བར་འདུག་པ་ལ། འདི་དག་ལ་སྙིང་རྗེ་མི་སྐྱེ་བ་ནི་རང་གི་བློ་ཕུག་ན་ཚེ་འདིའི་ཕུན་ཚོགས་ཐོབ་འདོད་ཀྱི་བློ་ངན་འགོང་པོ་དེ་ཞུགས་ཡོད་པའི་རྟགས་སུ་གདའ། འདི་རྣམས་རང་གཞན་ལ་གང་ཕན་བྱས་པས་ཆོག་པ་ལ། ཚེ་འདིའི་བྱ་བ་ཅུང་ཟད་རེའི་ཕྱིར་འདི་ཙམ་གྱི་སྡིག་པ་བྱེད་བྱེད་ནས། དངོས་སུ་རང་གཞན་གཉིས་ཀ་ཕུང་ལ་སྦྱོར་ཞིང་། ཕུགས་སུ་རང་གི་འདུན་མ་གཏན་བརླག་ཏུ་གཏོང་བ་འདི་སྨྱོན་པ་བཙན་དུག་ཟ་བ་ལས་ཀྱང་ཐུ་སྟེ། དུག་ཟོས་པས་ཚེ་འདི་ཉིད་ཀྱི་སྲོག་དང་བྲལ་བ་ཙམ་དུ་ཟད་ལ། འདིས་ནི་སྐྱེ་བ་དཔག་ཏུ་མེད་པའི་བདེ་བའི་སྲོག་འཕྲོག་ཅིང་བསྐལ་པ་ཆེན་པོ་འདི་ཞིག་ཀྱང་ཐར་དུས་མེད་པའི་དམྱལ་བའི་སྡུག་བསྔལ་ཆེན་པོ་མྱོང་དགོས་པར་འདུག་ཅིང་འདི་ཡང་སྐྱེ་བ་སྔོན་གྱི་ཕ་མ་བྱས་པའི་དྲིན་ཆེན་ཡིན་ནོ་སྙམ་དུ་སྙིང་རྗེ་དྲག་ཏུ་བསྒོམས་ཤིང་གཞན་ཡང་ཉ་པ་དང་ཤན་པ་སོགས་སྡིག་པ་གང་ཆེ་ཆེ་བློ་ཡུལ་དུ་བྱས་ཏེ། མཐར་ཐམས་ཅད་ལ་སྔར་ལྟར་བསྒོམ་མོ། །གཉིས་པ་སྐྱེ་དཀའ་བ་ལ་བསྒོམ་པ་ནི། ད་ལྟའི་དུས་སུ་རང་གི་ཉེས་པ་ཅུང་ཟད་ཀྱང་མ་བྱས་ཤིང་ཕར་ལ་ཕན་ཆེན་པོ་བཏགས་ཀྱང་ལན་དུ་འོས་མེད་ཀྱི་གནོད་པ་ཆེན་པོ་ཚུར་ལ་བྱེད་པ་ལྟ་བུ་ལ་བསྒོམ་ཏེ། འདིས་ཐོག་མེད་ནས་ལས་འདི་ལྟ་བུ་བགྱིས་པས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ཞིང་། ད་དུང་ཡང་བདག་ལ་ཕན་ལན་གནོད་ཀྱིས་འཇལ་བ་སོགས་འདི་ལྟ་བུའི་ལས་ངན་མང་པོ་བསགས་པས་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་ན། འདི་དག་ཀྱང་བདག་གི་སྐྱེ་བ་སྔ་མའི་མ་དྲིན་མོ་ཆེ་ཡིན་པས་མ་རིག་པ་དང་ཉོན་མོངས་པའི་དབང་གིས་འདི་ལྟར་གྱུར་པ་སྙིང་རེ་རྗེ་སྙམ་དུ་སྔར་ལྟར་བསྒོམ་མོ། །ཡང་གནོད་བྱེད་མི་དང་མི་མ་ཡིན་གྱིས་འཚེ་བ་གང་བྱུང་ཡང་། འདིས་སྔར་ཕན་བཏགས་པར་མ་ཟད་ད་ལྟའང་འདིས་སྔར་བས་ཆེས་ཆེ་བའི་ཕན་བཏགས་ཏེ། ཁོའི་གནོད་པ་འདི་མིན་ན་བདག་ལ་བཟོད་པ་བསྒོམས་པའི་བསོད་ནམས་འདི་མི་འབྱུང་བ་ལ། འདི་ལ་བརྟེན་ནས་བཟོད་པ་འབྱུང་བས་འདི་ཕ་མའམ། མཁན་སློབ་བས་ཀྱང་སྐུ་དྲིན་ཆེ་བས་མཆོད་པར་འོས་ཤིང་དེ་ལ་དགའ་བར་བྱ་སྟེ། ཞི་བ་ལྷས། དུས་སུ་འོང་བའི་སློང་མོ་བས། །སྦྱིན་པའི་གེགས་བྱས་ཡོད་མ་ཡིན། །རབ་ཏུ་འབྱིན་པར་བྱེད་པ་ནི། །ཚུལ་ཁྲིམས་གེགས་བྱས་བྱ་མི་རུང་། །སྨན་པ་བཞིན་དུ་ཕན་བརྩོན་ན། །བདག་གིས་བཟོད་པའང་ཇི་ལྟར་འགྲུབ། །དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དམ་པའི་ཆོས་ལྟར་མཆོད་པར་འོས། །ཞེས་དང་། བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་དང་། དེ་བས་ངལ་བས་མ་བསྒྲུབས་པར། །ཁྱིམ་དུ་གཏེར་ནི་བྱང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པའི། །དགྲ་ལ་བདག་གིས་དགའ་བར་བྱ། །ཞེས་སོ། །དེ་ལྟར་ན་དྲིན་ཆེན་འདི་སྡུག་བསྔལ་མང་པོ་མྱོང་བར་འདུག་པས་རེ་སྙིང་རྗེ་སྙམ་དུ་སྔར་བཞིན་བསྒོམ་མོ། །ཡང་ན ། ཞི་བ་ལྷས། བདག་གིས་སྔོན་ཆད་སེམས་ཅན་ལ། །འདི་འདྲ་བ་ཡི་གནོད་པ་བྱས། །དེ་བས་སེམས་ཅན་འཚེ་བྱེད་པ། །བདག་ལ་གནོད་པ་འདི་འབྱུང་རིགས། །བདག་གི་ལས་ཀྱིས་བསྐུལ་བྱས་ནས། །བདག་ལ་གནོད་པ་རྣམས་བྱུང་སྟེ། །དེ་ཡིས་སེམས་ཅན་དམྱལ་འདོང་ན། །བདག་གིས་དེ་དག་མ་བརླག་གམ། །འདི་དག་ཉིད་ལ་བརྟེན་ནས་ནི། །བཟོད་པས་བདག་སྡིག་མང་དུ་འབྱུང་། །བདག་ལ་བརྟེན་ནས་འདི་དག་ནི། །ཡུན་རིང་སེམས་ཅན་དམྱལ་བར་འདོངས། །བདག་གིས་དེ་ལ་གནོད་བྱེད་ལ། །དེ་དག་བདག་ལ་ཕན་འདོགས་ན། །ཕྱིན་ཅི་ལོག་ཏུ་ཅི་ཡི་ཕྱིར། །མ་རུངས་སེམས་ཁྱོད་ཁྲོ་བར་བྱེད། །ཅེས་གསུངས་པས། བདག་གིས་སེམས་ཅན་ཀུན་དང་ཁྱད་པར་དུ་འདི་ལ་སྔོན་གནོད་པ་མང་པོ་བྱས་པའི་ལན་ཆགས་སམ་རྣམ་སྨིན་ངན་སོང་གི་སྡུག་བསྔལ་མང་པོ་མྱོང་འགྱུར་ཡོད་པ་ལ། འདིས་ལན་ཆགས་སྙག་ཏུ་བྱུང་བས་གོ་བཅད། ཕྱིན་ཆད་ལན་ཆགས་ཀྱིི་ཁུར་མེད་པས་ཨ་རེ་དགའ། སྐུ་དྲིན་ཆེ། འདིས་བདག་ལ་ཕན་པ་འབའ་ཞིག་བཏགས་འདུག་ཀྱང་། བདག་གིས་འདི་ལ་གནོད་པ་འབའ་ཞིག་བྱས་ཏེ། བདག་གི་ལས་ངན་གྱིས་བསྐུལ་ནས། འདིས་བདག་ལ་གནོད་པའི་ལས་བྱས་པས་ཡུན་རིང་པོར་འདིས་སྡུག་བསྔལ་མྱོང་ཞིང་མྱོང་བར་འདུག་པས་རེ་སྙིང་རྗེ་སྙམ་དུ་དྲག་ཏུ་བསྒོམ་མོ། །གསུམ་པ་ཐམས་ཅད་ལ་བསྒོམ་པ་ནི། འདི་ལྟར་ནམ་མཁའ་ལ་མཐའ་དང་མུའི་ཚད་བཟུང་དུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལ་ཚད་བཟུང་དུ་མེད་དེ། བརྟག་པ་མཐའ་བཟུང་གི་དཔེར་བྱས་ན། འདི་ལྟར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་འཁོར་ཡུག་དང་བཅས་པ་འདི་གཅིག་ཏུ་བརྩིས་པའི་དེ་འདྲ་བ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་དང་། དེ་འདྲ་བ་སྟོང་ལ་སྟོང་བར་མའི་འཇིག་རྟེན་དང་། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱ་སྟེ་དོན་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་འདྲ་བ་བྱེ་བ་ཕྲག་བརྒྱ་ཡོད་པ་ཡིན། དེ་ཐམས་ཅད་ཡུངས་དཀར་གྱི་འབྲས་བུས་ཕྱུར་བུར་བཀང་སྟེ། དེ་ལས་ཡུངས་འབྲུ་གཅིག་བླངས་ཏེ་ཤར་ཕྱོགས་ཀྱི་སྟོང་གསུམ་གཅིག་ལ་བཞག དེ་བཞིན་དུ་སྟོང་གསུམ་རེ་རེ་ལ་ཡུངས་འབྲུ་རེ་རེ་བཞག་ན་མཐར་ཡུངས་འབྲུ་དེ་ཟད་ཀྱང་ཤར་ཕྱོགས་ཀྱི་སྟོང་གསུམ་ལ་ཟད་པ་མེད། ཡང་དེ་ཀ་བཞིན་བྱས་ཀྱང་ཡུངས་འབྲུ་འཛད་སྟོང་གསུམ་མི་ཟད ། ཡང་བསྐྱར་བྱས་ཀྱང་དེ་དང་འདྲ་སྟེ་འཛད་པའི་མཐའ་མི་མངོན། སྟེང་འོག་ལ་སོགས་པའི་ཕྱོགས་གཞན་རྣམས་ཀྱང་དེ་དང་འདྲ་སྟེ་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་སེམས་ཅན་གྱིས་གང་ཡོད། དེ་ཐམས་ཅད་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་སྟེ་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མི་སྲིད། དེ་ཡང་ལན་གྲངས་དཔག་ཏུ་མེད་པར་བྱས་པ་ཤ་སྟག་ཡིན་ཞིང་། དེའི་ཚེ་རང་རང་གིས་ཕན་བཏགས་ནུས་ཚད་ཀྱིས་བཏགས། གནོད་པ་ལས་བསྐྱབ་ནུས་ཚད་ཀྱིས་བསྐྱབས་པའི་དྲིན་ཆེན་ཤ་སྟག་སྟེ། ཀླུ་སྒྲུབ་ཀྱིས། རྨི་ལམ་ཡིད་བཞིན་ནོར་བུ་ལྟ་བུའི་གཏམ་ལས། གང་གི་མངལ་དུ་ལ ན་གཅིག་མིན་པར་བདག །མ་གནས་པའམ་གང་ལ་བདག་མ་གནས། །སེམས་ཅན་དེ་ནི་འདི་ན་གང་ཡང་མེད། །དེ་ཕྱིར་ཐམས་ཅད་གཉེན་དུ་གྱུར་པ་ཡིན། །ཞེས་དང་། བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་དང་། རྟ་དབྱངས་ཀྱིས། ཁྱོད་ཀྱིས་ཇི་སྙེད་གཉེན་བཤེས་རྣམས། །འཁོར་བའི་ནང་དུ་བླང་བོར་བ། །གདྒཱའི་བྱེ་མ་སྙེད་ལ་ཡང་། །དེ་སྙེད་ཙམ་དུ་ཡོད་མ་ཡིན། །ཞེས་དང་། སློབ་དཔོན་ཙཎྜ་གོ་མིས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུང་བ། །ངལ་བ་མང་བརྟེན་བྱམས་ལ་རྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་གནས་ཤིང་། །གང་གིས་བརྩེ་བའི་སེམས་ཀྱིས་ཟོན་བཅས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདི་བོར་ནས། །འགྲོ་བ་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་དང་། གཞན་ཡང་། གང་གིས་བདག་གི་མ་བྱས་ཤིང་། །མ་ཡི་ནུ་ཞོ་འཐུང་བ་ཙམ། །རྒྱ་མཚོ་བཞི་ཡི་ཆུ་ལའང་མེད། །གང་གིས་བདག་གི་ཕ་བྱས་ཤིང་། །རྟ་དང་གླང་པོ་བྱིན་པ་ཡང་། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །ཞེས་གསུངས་ཏེ། ཕ་ལ་སོགས་པར་བྱས་ཏེ་ཕན་བཏགས་པའང་གྲངས་ཀྱིས་མི་ལངས་ཤིང་། དེ་དག་གཉེན་དུ་བྱས་ཏེ་རང་སྡུག་པ་དང་བྲལ་བའི་མྱ་ངན་གྱི་མཆི་མ་དབྱུང་བ་ཁོ་ནའང་མཐའི་རྒྱ་མཚོའི་ཚད་ཙམ་དུ་སོང་བར་འདུག དེས་ན་དེ་དག་གི་བྱས་པ་ཤེས་ཤིང་དྲིན་གཟོ་དགོས་ཏེ། ལུགས་ཀྱི་བསྟན་བཅོས་ལས། བཀུར་བར་འོས་པ་ལེགས་ཁུར་ཞིང་། །མགོན་མེད་རྣམས་ལ་ལྷག་པར་བྱམས། །བྱས་ལ་དྲིན་ལན་མི་བརྗེད་པ། །དམ་པ་རྣམས་ཀྱི་མཛད་སྤྱོད་ཡིན། །ཞེས་དང་། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་ཟོས་མི་བྱེད་པའི། །མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་གསུངས། དེ་ལྟ་བུའི་དྲིན་ཆེན་དེ་རྣམས་སྔོན་འཁོར་བ་ཐོག་མ་མེད་པ་ནས། གནས་མཐོ་དམན་འདི་རུ་མ་འཁྱམས་བྱ་བ་མེད་དེ། སློབ་སྤྲིང་ལས། འགྲོ་བར་ལན་བརྒྱ་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །ཞེས་གསུངས་པས། མནར་མེད་དུ་སྐྱེས་པའི་གྲངས་ཀྱང་བགྲང་གིས་མི་ལང་། ལས་འདི་མ་བྱས་བྱ་བ་མེད་དེ། ཕ་མ་བསད་པའི་གྲངས་ཀྱང་མི་ཆོད། ཟས་འདི་མ་ཟོས་དང་གོས་འདི་མ་གྱོན་བྱ་བ་མེད་དེ། མི་གཙང་བ་ཟོས་འཐུང་བྱས་པ་དང་། ལྕགས་ཀྱི་གོས་མེ་འབར་བ་གྱོན་པ་བསགས་ཀྱང་འཇིག་རྟེན་དུ་མི་ཤོང་བ་ཙམ་ཡོད་ཀྱང་། དེས་སུན་པའམ་ངོམས་པ་མེད་དེ། འགྲོ་བ་གང་གིས་ཚིམ་འགྱུར་འདོད་པ་དེ་དག་མེད། །ཅེས་གསུངས། སྔར་ཡང་དེ་ལྟར་སོང་མོད། ད་ཡང་ལམ་མི་བསྒྲུབ་པ་རྣམས་ལ་ཐར་པའི་དུས་མེད་དེ་སྔར་བས་ཀྱང་ཆེས་མང་བའི་ལུས་བླང་དགོས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས། འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་དད་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམས་ལ་སངས་རྒྱས་སྐལ་བ་མེད། །ཅེས་གསུངས་པས་ཡ་རེ་ཆ་ན། བདག་གི་མ་རྒན་སེམས་ཅན་དྲིན་མོ་ཆེ་འདི་རྣམས་མ་རིག་པའི་ལིང་ཐོག་གིས་ནི་སྒྲིབ། བླང་དོར་འབྱེད་པའི་མིག་ནི་མེད། དགེ་བའི་བཤེས་གཉེན་གྱི་ལོང་ཁྲིད་དང་ནི་བྲལ། གྲོགས་བཟང་པོའི་འཁར་བ་ནི་མེད། ཐབས་དང་ཤེས་རབ་གཉིས་ཀྱི་རྐང་པ་ནི་ཆག འཁོར་བའི་འབྲོག་དགོན་པར་ནི་འཁྱམས། ཐར་པའི་ལམ་རྒྱུས་ནི་མེད། ཉོན་མོངས་པའི་ནད་ཀྱིས་ནི་གཟིར། ལས་ངན་པའི་ཁུར་གྱིས་ནི་ནོན། སྡུག་བསྔལ་གྱི་ཚད་པས་ནི་བསྲེགས། འདོད་པའི་སྐོམ་གྱིས་ནི་གདུང་། གར་འགྲོའི་ཕྱོགས་ནི་བསླད། ཅི་བྱའི་གཏོལ་ནི་མེད། མགོན་སྐྱབས་དང་དཔུང་གཉེན་དང་ནི་བྲལ། གནོད་པ་དང་འཇིགས་པ་དུ་མས་ནི་གཙེས། མཐོ་རིས་ནས་ངན་སོང་དུ་བརྡེག་འཆོས་ཤིང་འགྲོ་བ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བྱམས་སྙིང་རྗེ་སྔར་ལྟར་དྲག་ཏུ་བསྒོམ་པར་བྱའོ། །འདི་སྐྱེ་བའང་སླ་ཞིང་བསོད་ནམས་ཀྱང་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས། བྱམས་སྙིང་རྗེ་བསྒོམ་པ་འདི་ཤིན་ཏུ་ག ལ་ཆེ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྤྱན་རས་གཟིགས་ཀྱིས་གསོལ་བ། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་ལ་བསླབ་པར་བགྱིའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་མ ཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སངས་རྒྱས་ཐོབ་པར་བྱེད་པའི་ཆོས་ནི་གཅིག་སྟེ། བདག་གི་བདེ་བ་ལ་མ་ཆགས་པའི་སྙིང་རྗེ་ཆེན་པོའོ། །ཞེས་དང་། སྡུད་པ་ལས། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང་། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང་། །ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱིས་བརྟུལ་བྱ་ཞིང་། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །ཞེས་དང་། སྡོང་པོ་བཀོད་པ་ལས། མཚན་གྱི་ལྷ་མོ་དཔྱིད་ལྡན་ནོར་བཟང་མས། །ཁོ་མོའི་སྙིང་རྗེའི་རྒྱ་མཚོ་ཚད་མེད་དེ། །འདི་ལས་དུས་གསུམ་རྒྱལ་བ་འཇིག་རྟེན་འབྱུང་། །དེས་ནི་འགྲོ་བའི་སྡུག་བསྔལ་སེལ་བར་བྱེད། །ནོར་བཟང་བརྟེན་པས་ཚུལ་འདི་ཤེས་པར་གྱིས། །ཞེས་སོ། །བསོད་ནམས་ཀྱང་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། རྗེ་ཚོད་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་བྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་ཅིག་གི། །བསོད་ནམས་དག་ལ་ཆར་མི་ཕོད། །ཅེས་གསུངས་ཤིང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡང་ཕན་ཡོན་ཆེན་པོ་བརྒྱད་ཐོབ་སྟེ། ལུང་སྔ་མའི་འཕྲོར། ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་གིས་ཀྱང་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་ཐོབ་བོ། །ཞེས་གསུངས་ཏེ་རང་གཞན་གྱི་སྲུང་བའི་མཆོག་ཏུའང་འགྱུར་རོ། །སངས་རྒྱས་རྣམས་ལ་མཆོད་པའི་མཆོག་ཀྱང་འདི་ཡིན་ཏེ། མདོ་ལས། མཆོད་པ་བླ་ན་མེད་པ་གསུམ་སྟེ། སེམས་བསྐྱེད་པ་དང་། ཆོས་འཛིན་པ་དང་། སྙིང་རྗེ་བསྒོམ་པའོ། །ཞེས་དང་། ཟླ་བ་སྒྲོན་མའི་མདོ་ལས། མཆོད་པ་ཚད་མེད་རྣམ་མང་ཇི་སྙེད་པ། །ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམ་སྙེད་དུ། །སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས། །བྱམས་པའི་སེམས་དང་གྲངས་ལ་ཆར་མི་ཕོད། །ཅེས་དང་། དཔས་བྱིན་གྱིས་ཞུས་པའི་མདོ་ལས། གདྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་སྟེ། །སངས་རྒྱས་རྣམས་ལ་ཕུལ་བ་བས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །མཆོད་པ་འདི་ནི་ཁྱད་པར་འཕགས། །འདི་ལ་མཐའ་ནི་མ་མཆིས་སོ། །ཞེས་གསུངས། མདོར་ན་ཕན་ཡོན་ཚད་མེད་པ་དང་ལྡན་ཏེ། གཏམ་བྱར། སྐྱེས་བུ་གང་ཞིག་བྱང་ཆུབ་སེམས། །སྐད་ཅིག་ཙམ་ཞིག་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་གསུངས། འདི་གལ་ཆེ་བའི་རྒྱུ་མཚན་མང་པོ་སྤྱན་སྔ་བས་གསུངས་པས། གླང་ཐང་པས་ཕྱག་མཛད་དེ། བདག་དུས་འདི་ནས་བཟུང་སྟེ། བྱམས་སྙིང་རྗེ་འབའ་ཞིག་བསྒོམ་པར་ཞུ་ཞུས་པས། དགེ་བའི་བཤེས་གཉེན་པ་དབུ་ཞྭ་ཕུད་ཐལ་མོ་སྤྱི་བོར་སྦྱར་ནས། ཤིན་ཏུ་ཆ་ཡང་བཟང་ལགས་ཞེས་ལན་གསུམ་གསུངས། དགེ་བཤེས་སྟོན་པའི་དྲུང་དུ་སྐུ་མཆེད་གསུམ་དང་ཁམ་པ་ལུང་པའི་སློབ་མ་ཡིན་པའི་བཙུན་པ་ཞིག་མཇལ་དུ་བྱུང་བ་ལ། སྟོན་པས་པུ་ཏོ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། དེ་ན་རེ། ཁོང་པ་དགེ་སློང་བརྒྱ་ཕྲག་མང་པོ་ལ་ཆོས་གསུང་གིན་གདའ་ཞུས་པས། ངོ་མཚར་ཆེ་དེ་ཡང་གཅིག་ཡིན་གསུངས། དགེ་བཤེས་ཕོ་ཆུང་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། རང་གཞན་གྱི་ཡོ་བྱད་མང་པོས་རྟེན་གསུམ་འབའ་ཞིག་བཞེངས་ཀྱིན་གདའ་ཞུས་པས། སྔར་བཞིན་གསུངས། དགོན་པ་བ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་སྒོམ་འབའ་ཞིག་མཛད་ཀྱིན་གདའ་ཞུས་པས། སྔར་བཞིན་གསུངས། ཁམ་པ་ལུང་པ་ཁོང་ཅི་མཛད་ཀྱིན་གདའ་གསུངས་པས། ཁོང་པ་གྲོག་ཁ་དེ་རུ་བཞུགས། དབུ་གཏུམས་ཏེ་བཤུམས་པ་འབའ་ཞིག་མཛད་ཅིང་གདའ་ཞུས་པས། སྟོན་པས་དབུ་ཞྭ་ཕུད། ཐུགས་ཀར་ཐལ་མོ་སྦྱར། སྤྱན་ཆབ་མང་པོ་བྱུང་ནས་ཤིན་ཏུ་ངོ་མཚར་ཆེ། ཆོས་བྱ་བ་ཁོང་གིས་བྱས་པ་ཡིན། འདིའི་ཡོན་ཏན་མང་པོ་བཤད་རྒྱུ་ཡོད་དེ། ད་ལྟ་བཤད་ན་ཁོང་མི་མཉེས་པར་འདུག་གསུངས་པར་གདའ། དེས་ན་ཇོ་བོའི་བཀའ་བརྒྱུད་རྣམས་ཀྱང་ཐུགས་དམ་གྱི་གཙོ་བོ་འདི་ལ་མཛད། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། དེ་ཀ་སྡེ་སྣོད་གསུམ་ཡང་ཡིན་ཏེ། སྙིང་རྗེ་འདུལ་བ། བྱམས་པ་མདོ་སྡེ། བྱང་སེམས་མངོན་པའི་སྡེ་སྣོད་དོ། །དེ་ཀ་བསླབ་པ་གསུམ་ཡང་ཡིན་ཏེ། འདོད་ཆགས་མེད་པའི་སྙིང་རྗེ་ཚུལ་ཁྲིམས། ཞེ་སྡང་མེད་པའི་བྱམས་པ་ཏིང་ངེ་འཛིན། གཏི་མུག་མེད་པའི་བྱང་སེམས་དེ་ཤེས་རབ་ཀྱི་བསླབ་པའོ། །དེ་ཀ་ཉམས་གསུམ་ཡང་ཡིན་ཏེ། འདོད་ཆགས་དང་བྲལ་བའི་སྙིང་རྗེ་དེ་བདེ་བའི་ཉམས། ཞེ་སྡང་དང་བྲལ་བའི་བྱམས་པ་དེ་གསལ་བའི་ཉམས། གཏི་མུག་དང་བྲལ་བའི་བྱང་སེམས་དེ་མི་རྟོག་པའི་ཉམས་སོ། །དེ་ལྟར་དུག་གསུམ་གང་ཡང་མེད་པ་དེ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པ་ཡིན་པས་ཐུགས་ཞེས་བྱའོ། །དེས་ན་བྱམས་སྙིང་རྗེ་བྱང་སེམས་གསུམ་པོ་དེ་ཐེག་པ་ཆེན་པོའི་ལམ་གྱི་ངོ་བོ་ཡིན་པས་མེད་ཀ་མེད་དོ། །ཞེས་གསུངས། བྱམས་སྙིང་རྗེ་བཅོས་མིན་རེ་ཡོད་ན། བདག་གཞན་བརྗེ་བའམ། གཞན་དོན་ལ་ལུས་སྲོག་ལའང་མི་ལྟ་བར་འབྱུང་སྟེ། སྔོན་བདག་ཅག་གི་སྟོན་པ་རྒྱལ་པོ་པདྨར་འཁྲུངས་པའི་ཚེ། མངའ་རིས་ཀྱི་སྐྱེ་བོ་ནད་ཡམས་ཀྱིས་གཙེས་པ་ལ་བརྩེ་བས་རང་གི་སྐུ་སྲོག་བཏང་སྟེ། སྨོན་ལམ་གྱི་དབང་གིས་ཆུ་ཀླུང་ཟློག་བྱེད་དུ་ཉ་རོ་ཧིི་ཏའི་སྐྱེ་བ་བཞེས་ཏེ། རང་གི་ཤ་ཡིས་ནད་ཐམས་ཅད་ཞི་བར་བྱས་ནས། མཐར་ཐར་པའི་ལམ་ལ་འགོད་པར་མཛད་པ་དང་། རུས་སྦལ་དུ་སྐྱེ་བ་བཞེས་པའི་དུས་ཚོང་པ་ལྔ་བརྒྱ་རྒྱ་མཚོར་གྲུར་བྱིང་བ་ལས་བསྒྲལ་ནས། མཐར་སྦྲང་བུ་ཀྲེ་མ་བརྒྱད་ཁྲི་ལ་སྐུ་ལུས་ཡོངས་སུ་གཏོང་ཞིང་། ཕྱིས་སངས་རྒྱས་ཀྱི་སྐབས་སྦྲང་བུ་རྣམས་ལྷ་བརྒྱད་ཁྲིར་གྱུར་པ་ལ་ཆོས་བསྟན་ནས་བདེན་མཐོང་ལ་བཀོད་པ་དང་། རྒྱལ་པོ་གཙུག་ན་རིན་ཆེན་དུ་གྱུར་པའི་སྐབས་སུ་རང་གི་གཙུག་གི་ནོར་བུ་བཅད་ནས་དགྲ་སྡེེའི་ཡུལ་གྱི་ནད་དང་མུ་གེ་སོགས་ཀྱི་རྒྱུན་གཅོད་པར་མཛད་པ་སོགས་སྐྱེས་རབས་རྣམས་ནས་རྒྱ་ཆེར་གསུངས་པ་དང་། ཇོ་བོའི་བླ་མ་དྷ རྨ་རཀྵི་ཏས་ཀྱང་། སྐུ་ཚེ་འདིར་ཐེག་པ་ཆེན་པོའི་ཆོས་མ་གསན་ཀྱང་། སྔོན་གོམས་ཀྱི་སྙིང་རྗེ་ཆེན་པོ་ཐུགས་རྒྱུད་ལ་མངའ་བས། ཉེ་འཁོར་ན་མི་ཞིག་ནད་ཚབས་པོ་ཆེས་ཟིན་པ་ལ། སྨན་པ་རྣམས་ཀྱིས་མི་གསོན་མའི་ཤ་རྙེད་ན་འཚོ་ཡི། གཞན་གང་གིས་ཀྱང་མི་ཕན་པར་བཤད་པ་ལ། རང་གི་སྐུ་ལུས་ཀྱི་ཤ་བཅད་ནས་གསོས་པས། སྟོང་ཉིད་ཀྱི་རྟོགས་པ་ཐུགས་ལ་མ་འཁྲུངས་པས་ཟུག་རྔུ་བཟོད་དུ་མེད་པ་བྱུང་ཡང་མི་དེ་ལ་ཕན་ན་བདག་ཤི་ན་ཡང་བཟོད་དགོངས་ཏེ་བཞུགས་པ་ན། རྨ་ཡི་གནད་ཀྱིས་མནལ་ཡེ་མ་བྱུང་། ཐོ་རེངས་ཤིག་ལ་མནལ་ཟིམ་ཙམ་ཞིག་བྱུང་བར་མནལ་ལམ་དུ། མི་དཀར་པོ་ཞིག་བྱུང་ནས་བྱང་ཆུབ་ཐོབ་པར་འདོད་པས་འདི་ལྟ་བུའི་དཀའ་བ་སྤྱད་དགོས། ལེགས་སོ་ལེགས་སོ་གསུངས་ནས་རྨ་ལ་ལྗགས་མཆིལ་བཏབ་ནས་ཕྱག་གིས་བྱབ་པས་རྨ་ན་བའང་མེད་པར་སོང་བ་རྨིས། མནལ་སད་པ་ན་དེ་བཞིན་སོང་འདུག མི་དེ་ཐུགས་རྗེ་ཆེན་པོ་ཡིན་པ་གསུངས། དེ་ནས་བཟུང་གནས་ལུགས་ཀྱི་རྟོགས་པ་ཡང་ཐུགས་ལ་འཁྲུངས་ཏེ། ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་རྣམས་ཞལ་ནས་ཤ་ར་ར་འདོད་པ་གཅིག་བྱུང་བར་གདའ། དེ་ལྟ་ན་བདག་བས་གཞན་གཅེས་ཀྱི་སྙིང་རྗེའི་བློ་བཅོས་མེད་རེ་སྐྱེ་ན་གནས་ལུགས་ཀྱང་རང་ཤུགས་ཀྱིས་རྟོགས་པར་གདའ། ཡང་ཇོ་བོའི་བླ་མ་དབུ་མ་པས་ཆོས་གསུངས་པའི་རྩ་རུ་མི་ཞིག་གིས་ཁྱི་ལ་དབྱུག་པ་བརྒྱབ་པས། བླ་མས་ཨ་ན་ན་གསུངས་ནས་ཁྲིའི་སྟེང་ནས་འགྱེལ་བ་ལ། གཞན་རྣམས་ཀྱིས་ཁྱི་ལ་ཅི་ཡང་མ་གནོད་པ་ལ་ཚུལ་འཆོས་རེ་ཆེ་སྙམ་པ་ན། བླ་མས་དེ་མཁྱེན་ནས་སྐུ་རྒྱབ་བསྟན་པས། ཁྱི་ལ་བརྒྱབ་པའི་ཐད་ན་ཁྱུ་རེ་སྐྲང་འདུག་པས་ཐམས་ཅད་ཡིད་ཆེས་སྐད། གཞན་ཡང་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་མནལ་ལྟས་ལེགས་པོ་ཙམ་ཡང་མ་བྱུང་བས་ཐུགས་སུན་ནས་བྱོན་པ་ན། ལམ་ཀ་ཞིག་ཏུ་ཁྱི་མོ་ཁོག་སྨད་རུལ་བ་འབུས་གཡེངས་པ་ཞིག་གཟིགས་ཏེ། བཟོད་མེད་ཀྱི་སྙིང་རྗེ་ཆེན་པོ་ཐུགས་ལ་འཁྲུངས་ནས། རང་གི་སྐུ་ལུས་ཀྱི་ཤ་བཅད་ནས་བྱིན་པས། དེའི་མོད་ལ་སྒྲིབ་པ་ཐམས་ཅད་ལྷག་མེད་དུ་བྱང་། རྗེ་བཙུན་བྱམས་པ་མགོན་པོ་སྐུ་དངོས་དང་མཇལ་ཏེ། དགའ་ལྡན་དུ་ཁྲིད་ནས་བྱམས་པའི་ཆོས་ལྔ་གསུངས། འཕགས་པ་ས་གསུམ་པའི་རྟོགས་པ་མངོན་དུ་མཛད་པ་སོགས་ལོ་རྒྱུས་མཐའ་ཡས་སོ། །གཞན་ཡང་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ཀྱང་བསྒོམ་པར་བྱ་སྟེ། དེ་གང་ཞེ་ན། བདག་གིས་དུས་ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་བར་ནུས་སྙམ་པ་དང་། ནམ་ཞིག་དབུལ་བས་ཉེན་པའི་སེམས་ཅན་རྣམས་འབྱོར་པ་ཆེན་པོ་ལ་འགོད་ནུས་སྙམ་པ་དང་། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱིས་སེམས་ཅན་གྱི་དོན་ནུས་སྙམ་པ་དང་། ནམ་ཞིག་དམྱལ་བར་ཡུན་རིང་དུ་གནས་ནས་ཀྱང་སེམས་ཅན་ལ་ཕན་འདོགས་ནུས་སྙམ་པ་དང་། ནམ་ཞིག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཆེན་པོས་སེམས་ཅན་གྱི་བསམ་པ་རྫོགས་པར་བྱེད་ནུས་སྙམ་པ་དང་། ནམ་ཞིག་སངས་རྒྱས་སུ་གྱུར་ནས་སེམས་ཅན་གྱི་སྡུག་བསྔལ་ངེས་པར་འབྱིན་ནུས་སྙམ་པ་དང་། སེམས་ཅན་ལ་མི་ཕན་པའི་སྐྱེ་བ་དང་། དོན་དམ་པའི་རོ་ལ་གཅིག་ཏུ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་སིམ་པར་མི་བྱེད་པའི་ཚིག་དང་། གཞན་ལ་མི་ཕན་པའི་འཚོ་བ་དང་། ལུས་དང་། བཤེས་དང་། ནོར་དང་། དབང་ཕྱུག་དང་ལྡན་པ་དང་གཞན་ལ་གནོད་པ་བྱེད་པ་ལ་དགའ་བར་ཚེ་རབས་ཐམས་ཅད་དུ་མ་གྱུར་ཅིག་སྙམ་པ་དང་། སེམས་ཅན་གྱི་སྡིག་པའི་འབྲས་བུ་བདག་ལ་སྨིན་ཞིང་། བདག་གི་དགེ་བའི་འབྲས་བུ་དེ་དག་ལ་སྨིན་པར་གྱུར་ཅིག་སྙམ་པ་རྣམས་སོ། །དེ་དག་ངོ་བོ་རྣམ་རྟོག་ཡིན་ཡང་ངོ་མཚར་ཅན་ཡིན་པས་སྐྱེས་བུ་ཆེན་པོ་རྣམས་ཀྱིས་ཀྱང་སྒོམ་པར་གསུངས་ན་འོ་སྐོལ་ལས་དང་པོ་བས་ལྟ་ཅི་སྨོས་ཏེ་དེས་ན་རྟག་ཏུ་བསྒོམ་པར་བྱའོ། །དེ་ལྟར་སྔོན་འགྲོ་བྱམས་སྙིང་རྗེ་འདི་བསྒོམ་པ་མེད་ན། དངོས་གཞི་བདག་གཞན་བརྗེ་བའང་ཁ་ཙམ་དུ་འགྲོ་བས་བྱམས་སྙིང་རྗེ་འདི་ལ་ནན་ཏན་བསྐྱེད་ནས། རྒྱུད་ལ་སྐྱེ་ངེས་རེ་བྱེད་པ་གལ་ཆེ་སྟེ། རྒྱལ་སྲས་ཞི་བ་ལྷས། བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །ཞེས་དང་། དེ་ལྟར་རྒྱུད་ནི་གོམས་གྱུར་པ། །གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པདྨའི་མཚོ་རུ་ངང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །སེམས་ཅན་རྣམས་ནི་གྲོལ་བ་ན། །དགའ་བའི་རྒྱ་མཚོ་གང་ཡིན་པ། །དེ་ཉིད་ཀྱིས་ནི་ཆོག་མིན་ནམ། །ཐར་པ་འདོད་པས་ཅི་ཞིག་བྱ། །དེ་ལྟས་གཞན་གྱིས་དོན་བྱས་ཀྱང་། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་ཏུ་གཞན་དོན་ལ་དགའ་བས། །རྣམ་སྨིན་འབྲས་བུའི་རེ་བའང་མེད། །དེ་བས་ཇི་ལྟར་ཆུང་ངུ་ན། །མི་སྙན་ལས་ཀྱང་བདག་བསྲུང་བ། །དེ་བཞིན་གཞན་ལ་བསྲུང་སེམས་དང་། །སྙིང་རྗེའི་སེམས་ནི་དེ་ལྟར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དངོས་གཞི་བདག་གཞན་བརྗེ་བ་ནི། གཏོང་ལེན་གཉིས་པོ་སྤེལ་མར་སྦྱངས། །ཞེས་གསུངས་ཏེ། འདི་ནི་ལམ་གྱི་དངོས་གཞི་ཡིན་པས་ཤིན་ཏུ་གལ་ཆེ་སྟེ། རྒྱལ་སྲས་ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་དང་། དེ་ལྟར་བདག་གནོད་ཞི་བ་དང་། །གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ཉིད་གཞན་ལ་བཏང་བ་དང་། །གཞན་རྣམས་བདག་བཞིན་གཟུང་བར་བྱ། །ཞེས་དང་། བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། །ཞེས་གསུངས་པ་དང་། གཞན་ཡང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། བདག་ལ་དེ་དག་སྡིག་སྨིན་ཞིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་དང་། སྨོན་ལམ་བདུན་ཅུ་པ་ལས། སྐྱེ་བོ་ཉོན་མོངས་དུག་གི་མགོ་རྨོངས་པ། །དེ་དག་རྣམས་ལ་མི་དགེ་གང་མཆིས་པ། །དེས་ནི་བདག་ཉིད་ཁོ་ན་དགའ་བཞིན་དུ། །ཅི་ནས་དམྱལ་བ་རྣམས་སུ་གཞོལ་བར་བགྱི། །འཇིག་རྟེན་རབ་ཞི་བདེ་བའི་བདུད་རྩི་ཡིས། །ཚིམས་ནས་ཡིད་ནི་དགའ་བ་བགྱིད་གྱུར་ཅིག །འགྲོ་བ་དག་གི་སྡུག་བསྔལ་ཇི་སྙེད་པ། །དེ་ནི་བདག་གིས་དང་དུ་ལེན་པར་ཤོག །ཅེས་དང་། སློབ་དཔོན་དབྱིག་གཉེན་གྱི་ཚོགས་ཀྱི་གཏམ་ལས། རང་གི་ལུས་དང་སྲོག་དག་ནི། །སེམས་ཅན་ཀུན་ལ་གཏང་བར་བྱ། །ཞེས་དང་། སྲོག་ཆགས་ཀུན་གྱི་སྡིག་པ་རྣམས། །ཐམས་ཅད་བདག་ལ་སྨིན་པར་ནི། །དེ་དག་སྡིག་པ་ལེན་བྱེད་ཅིང་། །འགྲོ་བ་ཕོངས་པའི་སྡིག་པ་བླང་། །ཞེས་དང་། ཇོ་བོའི་བླ་མ་གསེར་གླིང་པ་ཆེན་པོས་བློ་སྦྱོང་སེམས་པའི་རིམ་པ་ལས། བདེ་གཤེགས་ལམ་སྲོལ་སྐྱོང་བའི་ཕྱིར། །རྒྱལ་པོ་སྙིང་སྟོབས་ཆེན་པོ་ལྟར། །གཞན་དོན་འབའ་ཞིག་རབ་བསམ་ནས། །བདག་གཞན་ངེས་པར་བརྗེ་བར་བྱ། །ཞེས་དང་། སློབ་དཔོན་དྷརྨ་རཀྵི་ཏས་བློ་སྦྱོང་རྨ་བྱ་དུག་འཇོམས་ལས། རྒྱལ་བུ་ཐམས་ཅད་སྒྲོལ་དུ་གྱུར་པ་ན། །བུ་དང་བུ་མོ་རྒྱལ་སྲིད་བྱིན་པ་ལྟར། །ཤིན་ཏུ་འཕྲེང་{འཁྲེང} བའི་ནོར་དང་འཁོར་ལ་སོགས། །ཕངས་པ་མེད་པར་ཡོངས་སུ་གཏང་བར་བྱ། །རྒྱལ་བུ་སྙིང་སྟོབས་ཆེན་པོར་གྱུར་པ་ན། །སྟག་མོ་རང་གི་ཤ་ཡིས་གསོས་པ་ལྟར། །ཤིན་ཏུ་གཅེས་པའི་སྒྱུ་ལུས་ཕུང་པོ་འདི། །ཤ་ཟའི་ཚོགས་ལ་དགའ་བས་སྦྱིན་པར་བྱ། །རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་པ་ན། །གནོད་སྦྱིན་རང་གི་ཁྲག་གིས་གསོས་པ་ལྟར། །བཅད་པར་དཀའ་བའི་སྙིང་ཁྲག་དྲོན་མོ་འདི། །ཁྲག་འཐུང་དག་ལ་བརྩེ་བས་སྦྱིན་པར་བྱ། །ཚོང་དཔོན་ཁྱེའུ་ཆུ་འབེབས་གྱུར་པ་ན། །བདེ་གཤེགས་མཚན་བརྗོད་ཉ་རྣམས་དྲངས་པ་ལྟར། །ཆོས་ཀྱི་ཕོངས་པའི་སྐྱེ་བོ་ཐམས་ཅད་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་གཏང་བར་བྱ། །རྒྱལ་བུ་དགེ་དོན་ཆེན་པོ་གྱུར་པ་ན། །སྡིག་དོན་ལོག་སྒྲུབ་ཐུགས་རྗེས་བཟོད་པ་ལྟར། །འཁོར་གྱི་ལོག་སྒྲུབ་གཤིས་ངན་འཁྲུགས་པ་ལ། །སྙིང་རྗེ་ཆེན་པོས་ལྷག་པར་བརྩེ་བར་བྱ། །བྱང་ཆུབ་སེམས་དཔའ་སྤྲེའུ་གྱུར་པ་ན། །སྡིག་ཅན་ཁྲོན་པའི་གནས་ནས་དྲངས་པ་ལྟར། །ངན་པ་དག་ལ་ཕན་གདགས་མི་ཤོང་ཡང་། །བཟང་ལན་མི་འདོད་ཐུགས་རྗེས་དྲང་བར་བྱ། །ཞེས་དང་། ཉེ་བར་འཁོར་བཞིན་བཙུན་པའི་མཐར་ཐུག་ཅིང་། །རྟ་ཐུབ་བཞིན་དུ་བག་ཡོད་མཛེས་གྱུར་ཀྱང་། །བྱང་ཆུབ་ལམ་ལ་ཕ་མ་མི་འདྲེན་ན། ། རང་བདེའི་ཐར་པ་རྡོག་པས་བརྫི་རྒྱུ་ཡིན། །རིག ་པའི་གནས་ལ་མཁས་པའི་མཐུ་ཐོབ་ཅིང་། །སྙན་པའི་གྲགས་པས་བླུན་པོ་ཀུན་དགའ་ཡང་། བསྟན་པའི་ཁུར་ཆེན་སྤྱི་བོས་མི་ལེན་ན། །སྨྱོན་པའི་བྲོ་བརྡུང་བཞིན་དུ་འདོར་བྱ་ཡིན། །བླ་མ་ལྟ་བུར་ཀུན་གྱིས་འཁུར་ན་ཡང་། །བསྟན་པ་སྤྱི་ཡི་ཁུར་ཆེན་མི་འཁུར་ཞིང་། །རང་གི་འདོད་པ་དང་དུ་ལེན་བྱེད་ན། །འཕགས་པ་རྣམས་ཀྱི་ཐེ་ལེ་བཏབ་བྱ་ཡིན། །ཞེས་དང་། འཇིག་རྟེན་དག་ན་ཤིན་ཏུ་མི་འདོད་པའི། །ལྟས་ངན་སྣ་ཚོགས་དམག་ཏུ་འཐིབ་པ་རྣམས། །དགྲ་བདག་གཤིས་ངན་རང་ཉིད་གཞོམ་པའི་ཕྱིར། །གཡང་དུ་ལེན་པའི་གོ་ཆ་བགོ་བར་བྱ། །འཇིག་རྟེན་དག་ན་ཤིན་ཏུ་མི་མཁོ་བའི། །ལས་དང་ཉོན་མོངས་སྒྱུ་མ་འཁྲུགས་པ་རྣམས། །བདག་ཏུ་འཛིན་པའི་སྲོག་དང་བྲལ་བའི་ཕྱིར། །དང་དུ་ལེན་པའི་གོ་ཆ་བགོ་བར་བྱ། །ཞེས་དང་། མཚོན་ཆ་འཁོར་ལོ་ལས། ད་ནི་ལེ་ལན་ཐམས་ཅད་གཅིག་ལ་བདའ། །སྐྱེ་བོ་ཡོངས་ལ་བཀའ་དྲིན་ཆེ་བར་བསྒོམ། །གཞན་གྱི་མི་འདོད་བདག་གི་རྒྱུད་ལ་བླང་། །བདག་གི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ། །དེ་ལྟར་འགྲོ་བ་གཞན་གྱི་སྒོ་གསུམ་གྱིས། །དུག་གསུམ་བགྱིས་པ་བདག་གིས་བླངས་པ་ཡིས། །རྨ་བྱ་དུག་གི་མདོངས་དང་ལྡན་པ་ལྟར། །ཉོན་མོངས་བྱང་ཆུབ་གྲོགས་སུ་འགྲོ་བར་ཤོག །བདག་གི་དགེ་རྩ་འགྲོ་ལ་བྱིན་པ་ཡིས། །བྱ་རོག་དུག་ཟོས་སྨན་གྱིས་སོས་པ་ལྟར། །སྐྱེ་བོ་ཡོངས་ཀྱི་ཐར་པའི་སྲོག་བཟུང་ནས། །བདེ་གཤེགས་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །ཅེས་དང་། བྱམས་པའི་རྣམ་འབྱོར་གྱི་གྱེར་སྒོམ་རྡོ་རྗེའི་གླུ་ལས། ཀ་ཡེ་ཕ་མར་གྱུར་པའི་འགྲོ་བ་མ་ལུས་དྲང་བའི་ཕྱིར། །བདག་ལ་ཡོད་པའི་ཉོན་མོངས་དུག་ལྔ་གང་དག་གིས། །སེམས་ཅན་རྣམས་ཀྱི་དུག་ལྔ་མ་ལུས་དྲང་བར་བྱ། །འདོད་ཆགས་ལ་སོགས་མེད་པའི་དགེ་བ་གང་ཡོད་རྣམས། །འགྲོ་དྲུག་སེམས་ཅན་རྣམས་ལ་སྙོམས་པར་བྲིམ་པར་བྱ། །ན་ཚ་ལ་སོགས་འབྲས་བུར་གྱུར་པའི་སྡུག་བསྔལ་གྱིས། །དེ་དང་རིགས་མཐུན་སྡུག་བསྔལ་མ་ལུས་དྲང་བར་བྱ། །ན་ཚ་ལ་སོགས་མེད་པའི་ཕན་བདེ་གང་ཡིན་དེ། །འགྲོ་དྲུག་སེམས་ཅན་རྣམས་ལ་རྟག་ཏུ་བྲིམ་པར་བྱ། །དེ་ལྟར་བྱས་ན་རང་ཉིད་འཁོར་བའི་རྒྱ་མཚོ་འདིར། །སྐད་ཅིག་ཙམ་ཡང་འཁྱམས་པའི་གོ་སྐབས་ག་ལ་སྲིད། །འོན་ཀྱང་ཇི་སྲིད་བྱང་ཆུབ་མ་ཐོབ་བར། །མྱོང་རྒྱུར་ཉོན་མོངས་རྒྱུ་འབྲས་ཇི་སྙེད་པ། །ཐམས་ཅད་སྐྱེ་བ་འདི་ལ་ཡོངས་སུ་རྫོགས་པར་བྱ། །དེ་ཡང་ད་ལོའི་ཟླ་བ་འདི་ལ་དྲང་བར་བྱ། །དེ་ཡང་དེ་རིང་ད་ལྟ་ཉིད་དུ་རྫོགས་བྱས་ནས། །སྡུག་བསྔལ་བྲང་བྲིང་རབ་ཆད་ཙམ་ཞིག་ཐབས་སུ་བསྟེན། །བློ་འདི་འབྱོང་བར་གྱུར་ཅིག་བྱམས་པའི་རྣལ་འབྱོར་པ། །ཞེས་དང་ཇོ་བོས། བདག་ནི་ལས་ངན་གྱི་རྩ་བ་སྟེ། །རྒྱངས་ཀྱིས་བསྐྱུར་བའི་ཆོས་ཤིག་ཡིན། །གཞན་ནི་བྱང་ཆུབ་ཀྱི་འབྱུང་ཁུངས་ཏེ། །ཅངས་ཀྱིས་བླང་བའི་ཆོས་ཤིག་ཡིན། །ཞེས་དང་། ཀུན་མཁྱེན་བླ་མས། འདི་ལྟར་འགྲོ་ཀུན་བདག་གི་ཕ་དང་མ། །གཉེན་དང་རྩ་ལག་ཕན་གདགས་ཞིང་ཡིན་ལ། །བདག་ཀྱང་གཞན་དོན་བྱང་ཆུབ་སེམས་བསྐྱེད་པས། །འགྲོ་བའི་དོན་དུ་དགེ་བ་བསྒྲུབ་པར་བྱ། །བདག་གི་དགེ་བས་འགྲོ་བ་བདེ་བར་འགྱུར། །དེ་ཀུན་སྡུག་བསྔལ་བདག་ལ་སྨིན་པ་དང་། །བདག་གི་དགེ་བ་འགྲོ་ལ་སྨིན་གྱུར་ཏེ། །ལུས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་ཤོག །སྙམ་དུ་ཚད་མེད་བཞི་ལ་སེམས་བསྐྱེད་སྦྱངས། །ཞེས་དང་། རྒྱལ་སྲས་རིན་པོ་ཆེས། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལ་འཁྲུངས། །དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས ། དེ་ལྟར་ལེགས་པར་བསྒོམས་པའི་ཕན་ཡོན་ཡང་ཚད་མེད་པ་གསུངས་ཏེ། སྤྱོད་འཇུག་ལས། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམ་ན་ཡང་། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་འགྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང་། །རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཕའམ་ཡང་ན་མ་ཡང་རུང་། །སུ་ལ་འདི་འདྲའི་ཕན་སེམས་ཡོད། །ལྷ་དང་དྲང་སྲོང་རྣམས་ཀྱང་རུང་། །ཚངས་པ་ལ་ཡང་འདི་ཡོད་དམ། །སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུའང་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མ་རྨིས་ནས། །གཞན་གྱི་དོན་དུ་ག་ལ་སྐྱེ། །གཞན་དག་རང་གི་དོན་དུ་ཡང་། །མི་འབྱུང་སེམས་ཅན་དོན་སེམས་གང་། །སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག་འཁྲུངས། །ཞེས་དང་། གང་ཞིག་བདེ་བས་ཕོངས་པ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམས་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲའང་ག་ལ་ཡོད། །ཅེས་སོ། །དེའི་ཕྱིར་དེ་ལྟ་བུའི་བདག་བས་གཞན་གཅེས་ཀྱི་སེམས་རིན་པོ་ཆེ་དེ་གང་གི་རྒྱུད་ལ་བཞུགས་པ་དེ་ཕྱག་གི་གནས་སུ་དགོངས་ཏེ། དེ་ཉིད་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་གསུངས་སོ། །དེ་ལྟ་བུའི་བདག་གཞན་བརྗེ་བའི་དམིགས་པ་དངོས་བསྒོམ་པ་ལ། ལེན་པ་མེད་ན་བརྗེ་བར་མི་འགྲོ། གཏོང་བ་མེད་ན་ཚོགས་མི་རྫོགས་པས་གཏོང་ལེན་གཉིས་ཡིན། དེ་ལ་སྔོན་དུ་ལེན་པ་བསྒོམ་པ་ནི། སྤྱོད་འཇུག་ལས། འགྲོ་ཀུན་སྡུག་བསྔལ་གང་ཅིའང་རུང་། །དེ་ཀུན་བདག་ལ་སྨིན་གྱུར་ཅིག །ཅེས་གསུངས་ཏེ། དེ་ལ་ཐོག་མར་རང་གི་ད་ལྟའི་རྩ་བའི་མ་དེ་གསལ་བར་དམིགས་ནས། འདིས་བདག་ལྟོ་ན་གནས་པ་ནས་བཟུང་སྟེ། ཆུད་མ་ཟོས་པར་བསྐྱངས་པས། ད་ལྟ་སངས་རྒྱས་ཀྱི་བསྟན་དང་མཇལ་ཞིང་། ཆོས་ཟབ་མོ་འདི་ལྟ་བུ་ཉམས་སུ་ལེན་རྒྱུ་བྱུང་བས་བཀའ་དྲིན་རེ་ཆེ། ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་ཐོག་མ་མེད་པ་ནས། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བཟུང་། གནོད་པ་ལས་བསྐྱབས། ཕན་བདེ་བསྒྲུབས་པས་ཤིན་ཏུ་དྲིན་ཆེ་སྟེ་ཞིབ་པར་གོང་དུ་བསྟན་པ་ལྟར་བསྒོམས་ཤིང་། སྔོན་ཆད་མ་འདིས་བདག་གི་དོན་བྱེད་བྱེད་ནས། ད་ལྟར་འདི་ལྟར་དུ་འཁོར་བར་འཁོར་ཞིང་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བ་འདི་སྙིང་རེ་རྗེ་སྙམ་དུ་སྙིང་ཁུང་རུས་པའི་གཏིང་ནས་མཆི་མ་འཁྲུག་འཁྲུག་དུ་བསྒོམས། ད་ནི་འདི་ལ་ངས་ཀྱང་ལན་དུ་ཕན་བཏགས། གནོད་པ་བསལ་བར་བྱའོ། །མ་འདི་ལ་གང་གིས་གནོད་ན། སྡུག་བསྔལ་དང་ཀུན་འབྱུང་གཉིས་ཀྱིས་གནོད་དེ། སྡུག་བསྔལ་གྱིས་དངོས་སུ་གནོད་ཅིང་། ཀུན་འབྱུང་གི་བརྒྱུད་ནས་གནོད་པས་དེ་གཉིས་བདག་གིས་བླང་བར་བྱའོ་སྙམ་དུ་བསམ་སྟེ། དེ་ལ་སྡུག་བསྔལ་ལ་དབྱེ་ན། ཚ་གྲང་བཀྲེས་སྐོམ་བཀོལ་སྤྱོད་སོགས་སྤྱིར་སེམས་ཅན་གྱི་ཁམས་ལ་ཚད་མེད་ལ། བྲེ་བྲག་ད་ལྟའི་མ་ཡི་རྟེན་མིའི་འགྲོ་བ་འདི་ལའང་། སྐྱེ་རྒ་ན་འཆི་དགྲ་སྡང་བ་དང་འཕྲད་པ། གཉེན་བྱམས་པ་དང་བྲལ་བ། འདོད་པ་བཙལ་གྱིས་མི་རྙེད་པ་སོགས་ཀྱི་སྡུག་བསྔལ་མཐའ་ཡས་ཤིང་། དེའི་ནང་གི་ནད་ལྟ་བུ་གཅིག་ལ་བསམ་ནའང་། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་བཞི་བརྒྱ་རྩ་བཞི་གློ་བུར་ཡེ་འདྲོག་གི་ཚོགས་དང་། རྣམ་པ་ལ་ལྟོས་ནས་ཁ་ན་བ། མིག་ན་བ། རྣ་བ་ན་བ་སོགས་སུ་དབྱེ་ན་དཔག་ཏུ་མེད་དེ། མདོར་ན་ཟག་བཅས་ཀྱི་ལུས་འདི་གྲུབ་ཕྱིན་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་ནམ་ཡང་མ་འདས། དེའི་རྒྱུ་ཀུན་འབྱུང་ལའང་ལས་དང་ཉོན་མོངས་པ་གཉིས་ལས། ལས་ཀྱི་ཀུན་འབྱུང་། སྲོག་གཅོད་པ་སོགས་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཁས་བླངས་ཀྱི་སྡོམ་པ་དང་འགལ་བ་སོགས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་བསམ་གྱིས་མི་ཁྱབ། ཉོན་མོངས་པའི་ཀུན་འབྱུང་ལའང་། རྩ་བ་བདག་ཏུ་འཛིན་པ་ལས་བྱུང་བའི། ཆགས་སྡང་རྨོངས་གསུམ་མམ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། དེ་ལས་གྱེས་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། མཐོང་སྤང་དང་སྒོམ་སྤང་གིས་བསྡུས་པ་སོགས་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ་བགྲང་གིས་མི་ལང་ཞིང་བློས་གཞལ་དུ་མི་གཏུབ་པ་ཡོད་པས། དེ་ལྟ་བུའི་མ་རྒན་གྱི་རྒྱུད་ལ་ཡོད་པའི་སྡུག་བསྔལ་དང་ཀུན་འབྱུང་གི་ཚོགས་ཕྲ་བ་བག་ཆགས་དང་བཅས་པ་ཐམས་ཅད་སྐྱི་གྲིས་བཞར་བ་བཞིན་དུ་མ་རྒན་གྱི་རྒྱུད་ལས་སངས་རྒྱས་ཀྱིས་བླངས་ནས་རང་གི་སྙིང་གི་དཀྱིལ་དུ་ལེན། དེ་ཡང་རང་ལ་མི་འབྱུང་བར་བྱེད་པའམ། བླངས་ནས་རྩར་འཇོག་པ་ལྟ་བུ་དང་། དེ་ལ་བརྟེན་ནས་རང་ལ་ཕན་དུ་རེ་བ་ལྟ་བུ་སོགས་གང་ཡང་མི་བྱ་བར། མ་དེ་ཉིད་ལ་བརྩེ་བའི་བསམ་པ་ཁོ་ནས་རང་གི་སྙིང་ནང་དུ་ལེན་ཞིང་དེ་ཡང་དངོས་སུ་བྱུང་བར་བསམ། དེ་ལ་བརྟེན་ནས་མ་རྒན་གྱི་སྡུག་ཀུན་བག་ཆགས་དང་བཅས་པ་ལྷག་མེད་དུ་སངས་པར་བསམ་ཞིང་། དེ་ལྟར་བྱུང་བ་ལ་དགའ་བའི་འདུན་པ་དྲག་ཏུ་བྱ་སྟེ། འདི་ནི་ཀུན་སློང་སྙིང་རྗེ་ལ་བརྟེན་པའོ། །དེ་ནས་གཏོང་བ་བསྒོམ་པ་ནི། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་སྒྲུབ་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཐམས་ཅད་བཏང་བས་མྱ་ངན་འདས། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །ཞེས་གསུངས་ཏེ། དེ་ཡང་མ་འདི་ལ་ཅིས་ཕན་ན་བདེ་བ་དང་དགེ་བས་ཕན་པས། བདག་གི་བདེ་དགེ་ཐམས་ཅད་རང་འདོད་ལ་ལྟོས་པ་མེད་པར་མ་ལ་བཏང་བས། མ་དེ་འཕྲལ་དུ་བདེ་ཞིང་ཆོས་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་འཛོམས་ནས་འཕྲལ་ལ་འཚང་རྒྱ་ནུས་པ་ཙམ་དུ་གྱུར་པར་བསྒོམ་པ་སྟེ། དེ་ཡང་གཏོང་རྒྱུའི་དངོས་པོ་ནི་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཡིན་ཏེ། ལུས་ནི་ད་ལྟ་དང་མ་འོངས་པའི་ལུས་ཐམས་ཅད་དོ། །ལོངས་སྤྱོད་ནི་རང་ལ་ཡོད་པའི་དངོས་པོ་སྟེ་ད་ལྟ་བ་དང་མ་འོངས་པ་ཐམས་ཅད་དོ། །དགེ་བ་ནི་འདས་མ་འོངས་ད་ལྟ་དུས་གསུམ་དུ་བསགས་ཤིང་ཡོད་པའི་དགེ་བ་ཐམས་ཅད་དོ། །ལུས་ལོངས་སྤྱོད་སོགས་མ་འོངས་པ་ད་ལྟ་དངོས་སུ་མེད་ཀྱང་ཕྱིས་ཀྱི་ལུས་སོགས་གཏོང་ནུས་པར་ད་ལྟ་ནས་གོམས་པ་སྟེ། འདི་ལ་བརྟེན་ནས་མ་འོངས་པ་ན་འཕགས་པའི་ཆོས་ཐོབ་སྟེ་དབུ་སོགས་དངོས་སུ་གཏོང་ནུས་པའི་རྒྱུ་བྱེད་པས་ཤིན་ཏུ་གལ་ཆེའོ། །དེ་ཡང་རང་གི་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཐམས་ཅད་སྩོལ་ནུས་པའི་དངོས་པོ་དང་། ལོངས་སྤྱོད་རྣམས་ལྷ་དང་མི་ཡི་ཡོ་བྱད་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་བ་སོགས་ཕུན་སུམ་ཚོགས་པའི་དངོས་པོ་ནམ་མཁའ་དང་མཉམ་པར་སྤྲུལ་ཞིང་། དགེ་བ་རང་གིས་དུས་གསུམ་དུ་བསགས་པ་དང་གཞན་གྱིས་བྱས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱས་ཏེ་ཕངས་པ་མེད་པར་མ་དྲིན་མོ་ཆེ་དེ་ལ་གོས་བཀོན་པ་བཞིན་དུ་བྱིན་པས། ཆོས་བྱེད་པའི་མཐུན་རྐྱེན་གནས་མལ་འཚོ་བ་ཡོ་བྱད་སོགས་དང་། དད་པ་དང་ངེས་འབྱུང་ཤེས་རབ་ལ་སོགས་པ་དཀར་པོའི་རིགས་ཀྱི་ཡོན་ཏན་ཐམས་ཅད་དང་། དེ་སད་བྱེད་བདག་རྐྱེན་ཐེག་པ་ཆེན་པོའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དང་། ཐེག་པ་ཆེན་པོའི་ཆོས་དང་། དེ་ཚུལ་བཞིན་དུ་སྒྲུབ་པའི་ལམ་དང་འབྲས་བུའི་ཡོན་ཏན་སོགས་ཏེ། མདོར་ན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ཡི་བར་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཚད་མེད་པས་མངོན་པར་ཕྱུག་པར་མོས་ལ། དེ་ལྟར་གྱུར་པ་ལ་དགའ་བའི་འདུན་པ་དྲག་ཏུ་བསྐྱེད་དེ། འདི་ནི་ཀུན་སློང་གཙོ་བོར་བྱམས་པ་ལ་བརྟེན་པ་ཡིན་ནོ། །དེ་བཞིན་ཕ་ལ་སོགས་པར་རིམ་གྱིས་གོང་དུ་སྨོས་པ་ལྟར་བསྒོམ་ཞིང་། མཐར་སེམས་ཅན་ཐམས་ཅད་ལ་མཉམ་པོར་བསྒོམ་པར་བྱ་དགོས་ཏེ། དེ་ཡང་དམིགས་པ་གསལ་བའི་སླད་དུ་དང་པོར་ཕ་མ་སྤུན་ཟླ་སོགས་ཉུང་ངུ་དང་དེ་ནས་རིམ་པར་རྒྱ་བསྐྱེད་དེ་ཡུལ་མི་ཁྱིམ་མཚེས་སོགས་ནས་རིམ་པར་འཛམ་བུ་གླིང་ཙམ་དང་། དེ་ནས་རིམ་པར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས། སྟོང་དང་པོ་དང་། གཉིས་པ་དང་། གསུམ་པ་སོགས་ནས་མཐར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྒོམ་སྟེ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས། དེ་ཡང་འདི་ལྟར་སེམས་ཅན་ཐམས་ཅད་ཀྱང་ཐོག་མ་མེད་ནས་བདག་གི་ཕ་མར་གྱུར་ཏེ། ཕན་དཔག་ཏུ་མེད་པ་བཏགས་པས་ཤིན་ཏུ་དྲིན་ཆེ་ལ། དྲིན་ཅན་དེ་རྣམས་འཁོར་བར་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ་ལ། སྡུག་བསྔལ་དེ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དྲག་ཏུ་བསྒོམས་ལ་གཏོང་ལེན་གྱི་དམིགས་པ་བྱ་སྟེ། ངན་སོང་དམྱལ་བ་ལ། སྡུག་བསྔལ་མེ་ལས་གྱུར་པ་དང་། མཚོན་ལས་གྱུར་པ་དང་། ནད་ལས་གྱུར་པ་དང་། སེམས་ཅན་ལས་གྱུར་པ་དང་། ཆུ་བུར་ཅན་ནས་པདྨ་ལྟར་ཆེར་གས་པའི་བར་དང་། རྒྱུ་ཀུན་འབྱུང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་དང་། སྲོག་གཅོད་སོགས་མི་དགེ་བ་ཆེར་སྤྱད་པ་ཐམས་ཅད་ལེན། ཡི་དྭགས་ཀྱི་ཡང་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། རྐུ་འཕྲོག་སོགས་མི་དགེ་བ་འབྲིང་དུ་སྤྱད་པ་ཐམས་ཅད་ལེན། དུད་འགྲོའི་གཅིག་ལ་གཅིག་ཟ་སོགས་ཀྱི་སྡུག་བསྔལ་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་དང་། མི་དགེ་བ་ཆུང་ངུ་སྤྱད་པ་ཐམས་ཅད་ལེན། མཐོ་རིས་ཀྱི་མིའི་སྐྱེ་རྒ་ན་འཆི། ལྷ་མིན་གྱི་འཐབ་རྩོད། འདོད་ལྷའི་འཆི་ལྟས་སོགས་ཁམས་གོང་མ་གཉིས་ཀྱི་འཆི་འཕོ་དང་ལྟུང་བའི་སྡུག་བསྔལ་དང་། ང་རྒྱལ་དང་ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་དང་། དེས་ཀུན་ནས་བསླངས་པའི་ལས་སོགས་ཐམས་ཅད་ལེན། དེ་དག་ཀྱང་དམིགས་པ་འབྱོང་བའི་སླད་དུ་གོ་རིམ་ངེས་ཅན་ངེས་མེད་སྣ་ཚོགས་ཀྱིས་བསླབ། གཞན་ཡང་རང་གི་དགྲ་ལ་སོགས་པ་ཡིད་དུ་མི་འོང་བའི་རིགས་སྐྱེ་དཀའ་བ་རྣམས་དང་། མཆེད་གྲོགས་ཆོས་མཛད་དམ་པ་རྣམས་ཀྱི་ཐུགས་རྒྱུད་དང་། ཉན་རང་འཕགས་པ་དང་། ཐེག་ཆེན་སློབ་པ་རྣམས་ཀྱི་ས་ལམ་ལ་བར་དུ་གཅོད་པའི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་དང་། སྐུ་ཚེ་དང་མཛད་ཕྲིན་སོགས་ལ་བར་དུ་གཅོད་པའི་གློ་བུར་གྱི་ཉེ་བར་འཚེ་བ་སོགས་ཐམས་ཅད་རང་གིས་ལེན་པ་སྟེ་སྤྱི་བྱེ་བྲག་ཐམས་ཅད་ལ་བློ་སྦྱོང་ཞིང་མཐར་ཐམས་ཅད་ལ་མཉམ་པོར་བྱའོ། །གཏོང་བའི་ཁྱད་པར་ཡང་། རང་གི་ལུས། ཤ་འདོད་པ་ལ་ཤ ཁྲག་འདོད་པ་ལ་ཁྲག རྐང་འདོད་པ་ལ་རྐང་། མིག་འདོད་པ་ལ་མིག་སོགས་དང་། བྲན་འདོད་པ་ལ་བྲན་སོགས་གང་འདོད་འདོད་དང་། ལོངས་སྤྱོད་ཀྱང་ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། བཞོན་པ་འདོད་པ་ལ་བཞོན་པ་སོགས་གང་ལ་ཅིི་འདོད་པ་དང་། དགེ་བའང་། རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་སོགས་ཏེ་འཁོར་འདས་ལམ་གསུམ་གྱི་དགེ་བའི་རྩ་བ་ཇི་སྙེད་པ་ཡོངས་སུ་བཏང་ཤིང་། གཏོང་བ་དེ་ཡང་སེམས་ཅན་ཐམས་ཅད་རེ་རེ་བཞིན་དུ་ཡོངས་སུ་རྫོགས་པ་རེ་ཐོབ་པར་མོས་པ་དང་། དམིགས་པའི་བསྒྱུར་སོའི་ཁྱད་པར་གྱིས་རང་གི་ལུས་ལོངས་སྤྱོད་ཀྱང་ཞིང་གི་རྡུལ་རྙེད་དུ་དམིགས་ཏེ་སྤྲུལ་པ་དང་། གཞན་ཡང་ཡིད་བཞིན་གྱི་ནོར་བུ། དཔག་བསམ་གྱི་ཤིང་། བདུད་རྩིའི་ཆུ་བོ། མ་རྨོས་པའི་ལོ་ཏོག འདོད་འཇོའི་བ་ལ་སོགས་པ་དང་། རྒྱལ་སྲིད་རིན་ཆེན་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད། ཉེ་བའི་རིན་པོ་ཆེ་དང་། ཉེར་སྤྱོད་ལ་སོགས་པའི་མཆོད་རྫས་ས་དང་ནམ་མཁའ་གང་བར་སྤྲུལ་ཏེ། སྐྱབས་ཀྱི་དམ་པ་བླ་མ་མཆོག་གསུམ་རྒྱལ་བ་སྲས་དང་བཅས་པ་ལ་འབུལ་བ་དང་། མཐའ་ཡས་པའི་སེམས་ཅན་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཡོངས་སུ་ཚིམ་པར་བྱ་བ་དང་། དེ་ལྟ་བུའི་དགེ་བའི་རྩ་བའི་རྒྱུན་ཕངས་པ་མེད་པར་གཏོང་བ་སོགས་ཇི་ལྟར་འདོད་པ་བཞིན་དུ་སྦྱར་ཏེ། རྒྱལ་སྲས་ཞི་བ་ལྷས། འ གྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཟས་དང་སྐོམ་གྱིས་ཆར་ཕབ་སྟེ། །བཀྲེས་དང་སྐོམ་པའི་གནོད་པ་བསལ། །མུ་གེའི་བསྐལ་པ་བར་མའི་ཚེ། །བདག་ནི་ཟས་དང་སྐོམ་དུ་གྱུར། །སེམས་ཅན་ཕོངས་ཤིང་དབུལ་བ་ལ། །བདག་ནི་མི་ཟད་གཏེར་གྱུར་ཏེ། །ཡོ་བྱད་མཁོ་དགུ་སྣ་ཚོགས་སུ། །མདུན་ན་ཉེ་བར་གནས་གྱུར་ཅིག །ཅེས་དང་། བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པའམ། །བརྡེགས་སོགས་ཅི་དགར་བྱས་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲའི་ག་ཞའི་རྒྱུ་བྱེད་ཀྱང་། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁ་ཏས་ཅི་ཞིག་བྱ། །ཞེས་དང་། བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེར་ལ་གླིང་དང་ནི། །མར་མེ་འདོད་ལ་མར་མེ་དང་། །གནས་མལ་འདོད་ལ་གནས་ལམ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཡིད་བཞིན་ནོར་དང་བུམ་པ་བཟང་། །རིགས་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡིན། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདའ་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་གསུངས། གཞན་ཡང་ས་སོགས་འབྱུང་བ་ལ་བརྟེན་ནས་བློ་སྦྱོང་བའི་ཚུལ་སོགས་ཐོར་བུ་གཞན་ནས་འབྱུང་བ་ལྟར་ཡང་སྤྲོ་ན་བསྒོམ་མོ། །དེ་ལྟར་བསྒོམས་པས་མཐར་དམྱལ་བ་ཚ་གྲང་སོགས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་ཞིང་། དག་པའི་ཞིང་གི་སྣོད་བཅུད་ཀྱི་བཀོད་པ་ལྟར་ཚད་མེད་པའི་འབྱོར་པས་ཕྱུག་ཅིང་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ལམ་ལ་བསླབས་པས། ཚོགས་རྣམ་པ་གཉིས་རྫོགས། སྒྲིབ་པ་གཉིས་བྱང་། ལམ་ལྔའི་ཡོན་ཏན་མངོན་དུ་བྱས་ཏེ་མཐར་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་ནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ཡོངས་སུ་སྟོང་པར་མོས་པ་སྟེ། ཞིབ་པར་སྤྱོད་འཇུག་བསྔོ་བའི་ལེའུ་སོགས་ལས་གསུངས་པ་བཞིན་བསྒོམས་ཤིང་། དེ་ལྟར་གྱུར་པ་ལ་དགའ་བའི་འདུན་པ་དྲག་ཏུ་བྱའོ། །བདག་གཞན་བརྗེ་བའི་བློ་དེ་སྐྱེ་སླ་བ འི་ཕྱིར། དེ་གཉིས་རླུང་ལ་བསྐྱོན་པར་བྱ། །ཞེས་གསུངས་ཏེ། རླུང་ཕར་འགྲོ་བ་ན་དེ་དང་འགྲོགས་ནས་བདག་གི་བདེ་བ་དང་དགེ་བ་ཐམས་ཅད་གཞན་ལ་སོང་ཞིང་གཞན་རྣམས་བདེ་བ་དང་ལྡན་པར་བསམས། ཚུར་འོང་བ་ན་གཞན་གྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་འུབ་ཀྱིས་འདུས་ནས་རང་ལ་ཐིམ། སེམས་ཅན་རྣམས་སྡུག་བསྔལ་རྒྱུ་འབྲས་དང་བྲལ་བར་བསམས་ལ་བསྒོམ་མོ། །འདི་ནི་སེམས་གཟུང་སླ་བ་དང་། བློ་འབྱོང་རྐྱེན་པ་དང་། རྣམ་རྟོག་མང་པོ་གཅུན་པའི་ཆེད་དུ་མཛད་པ་ཡིན་ལ། འདི་བསྒོམ་པའི་ཚེ་སྙིང་རླུང་སོགས་ཀྱི་གེགས་ཅུང་ཟད་ཡོང་སྲིད་པས་རླུང་ཕྱི་ནང་དུ་ཡུན་རིང་མནན་ན་འཆུན་ཆེ་བར་འདུག་གསུངས། གསུམ་པ་རྗེས་དུག་གསུམ་དགེ་རྩར་བསྒྱུར་བ་ནི། ཡུལ་གསུམ་དུག་གསུམ་དགེ་རྩ་གསུམ། །ཞེས་གསུངས་ཏེ། ད་ལྟ་རང་རེ་རྣམས་གཉེན་ལྟ་བུའི་ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་དེ་ལ་ཆགས་པ་སྐྱེ། དགྲ་ལྟ་བུའི་ཡིད་དུ་མི་འོང་བ་ལ་བརྟེན་ནས་ཞེ་སྡང་སྐྱེ། ཡུལ་བར་མ་ལ་ལྟོས་ནས་བླང་དོར་ལ་རྨོངས་པའི་གཏི་མུག་སྐྱེ། དེ་གསུམ་གྱི་དབང་གིས་ལས་བསགས་ཏེ། འབྲས་བུ་འཁོར་བར་འཕེན་པར་བྱེད་པས་ན། བདག་ལྟ་བུའི་ཡུལ་གསུམ་པོ་དེ་ལ་བརྟེན་ནས་ཉོན་མོངས་པ་དུག་གསུམ་སྐྱེས་པའི་སེམས་ཅན་མང་པོ་ཡོད་པས། དེ་རྣམས་ཀྱི་དུག་གསུམ་ཐམས་ཅད་བདག་ལ་འདུས་ནས་དེ་རྣམས་ཆགས་སྡང་གཏི་མུག་མེད་པའི་དགེ་བ་གསུམ་དང་ལྡན་པར་གྱུར་ཅིག་སྙམ་དུ་བསྒོམ་མོ། །འདི་ལ་རིན་པོ་ཆེ་བསོད་ནམས་གྲགས་པས། བློ་འདི་བཟོ་རྒྱ་གཅིག་ལེགས་ན། ཉོན་མོངས་པ་དང་མི་དགེ་བའང་དགེ་བར་འགྱུར་ན་ལུང་མ་བསྟན་ལྟ་ཅི་སྨོས་ཏེ། བཟོ་རྒྱ་གཅིག་ཉེས་ན་དགེ་སྦྱོར་འཕེལ་བ་གཅིག་བྱས་པར་འདོད་ཀྱང་དགེ་སྦྱོར་དུ་འགྲོ་བ་དཀའ་བར་འདུག་གསུངས་ཏེ། མད་པར་གདའ། རང་རེས་དགེ་སྦྱོར་མ་བྱུང་ཡང་གཞན་དགེ་སྦྱོར་འཕེལ་ན་དགའ་བའི་བློ་གཅིག་བྱུང་ན་དགེ་སྦྱོར་མ་འཕེལ་བ་དེ་ཉིད་འཕེལ་པོར་འདུག གཞན་པས་རང་འཕེལ་བ་ཞིག་བྱ་སྙམ་ན། རང་འཕེལ་ན་གཞན་མ་འཕེལ་ཡང་ཆོག་པ་ཞིག་དངོས་ཤུགས་ཀྱིས་ཡོང་། དེ་ཙ་ན་རང་འཕེལ་ཡང་དགེ་སྦྱོར་དུ་འགྲོ་བའི་ངེས་པ་མི་འདུག་གསུངས ། དེ་ལ་དྲན་པ་བསྐུལ་བའི་ཕྱིར། །སྤྱོད་ལམ་ཀུན་ཏུ་ཚིག་གིས་སྦྱངས། །ཞེས་གསུངས་ཏེ། དུས་ཐམས་ཅད་དུ། བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་འཕགས་པའི་གསུངས་དང་། ཁེ་དང་རྒྱལ་ཁ་ཐམས་ཅད་ཇོ་བོ་སེམས་ཅན་པ་རྣམས་ལ་འབུལ་ལོ། །གྱོང་དང་བུབ་ཁ་ཐམས་ཅད་བདག་གིས་བླང་བར་བགྱིའོ། །ཞེས་བཀའ་གདམས་པའི་གསུང་སྒྲོས་ལས་འབྱུང་བ་དང་། རྒྱལ་སྲས་ཐོགས་མེད་རིན་པོ་ཆེའི་གསུངས། སེམས་ཅན་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་ཅིང་། བདག་གི་དགེ་བ་དང་བདེ་བ་ཐམས་ཅད་སེམས་ཅན་རྣམས་ལ་སྨིན་པར་གྱུར་ཅིག ཅེས་བརྗོད་ཅིང་འདུན་པ་དྲག་ཏུ་བྱའོ། །ཆོས་རྗེ་ཤཱཀྱ་ཤྲཱིས། གཞན་སྡུག་རི་བོར་གྱུར་ཀྱང་བདག་གིས་བླང་། །བདག་བདེ་ཏིལ་འབྲུ་ཙམ་ཡང་གཞན་ལ་བསྔོ། །ཞེས་གསུངས། འདི་དང་པོར་ཁར་འདོན་མི་ཕོད་ཙམ་འབྱུང་ཡང་། གོམས་ཙ་ན། གླང་ཐང་པ་སྐུ་འདའ་ཁར། ང་དམྱལ་བར་སྐྱེ་བར་འདོད་ནས་ཞེ་ཐག་པ་ནས་སྨོན་ལམ་བཏབ་པ་ཡིན་ཏེ། ད་འགྲུབ་འགྲུབ་མི་འདྲ། ད་ལྟ་ང་ལ་དག་པའི་སྣང་བ་འབའ་ཞིག་ལས། ཐ་མལ་གྱི་སྣང་བ་ཙམ་ཡང་མི་འདུག་གསུངས། འོ་ན་རང་གིས་དེ་ལྟར་བསམས་ཀྱང་གཞན་ལ་དེ་ལྟར་མི་འབྱུང་བས་དོན་མེད་དམ་སྙམ་ན་མ་ཡིན་ཏེ། ཐེག་བསྡུས་བཤད་སྦྱར་ལས། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་ན། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས། གཞན་གྱི་སྡུག་བསྔལ་ལེན་ནུས་པར་བྱ་བའི་ཕྱིར། ལེན་པའི་གོ་རིམ་རང་ནས་བརྩམ། །ཞེས་གསུངས་ཏེ། ཐོས་བསམ་གྱིས་བློ་མ་སྦྱངས་པར་རང་ལ་གཅེས་པར་འཛིན་པ་འགའ་ཞིག་གཞན་གྱི་སྡུག་བསྔལ་ལེན་པ་ལ་སྐྲག་ན། དང་པོ་རང་གི་སྡུག་བསྔལ་ལེན་པ་ལ་སློབ་པ་སྟེ། བདག་གི་སྐྱེ་བ་ཕྱི་མ་ཕན་ཆད་དུ་སྨིན་རྒྱུའི་ཀུན་འབྱུང་ལས་དང་ཉོན་མོངས་པ། འབྲས་བུ་སྡུག་བསྔལ་དང་བཅས་པ། སྐྱེ་བ་འདི་ཡི་ལུས་སེམས་ཀྱི་སྟེང་དུ་སྨིན་ནས་ཕྱི་མ་ཕན་ཆད་དུ་མྱོང་བར་མ་གྱུར་ཅིག་སྙམ་དུ་བསམ། དེ་བཞིན་དུ་ཚེ་འདིར་སྨིན་རྒྱུ་རྣམས་ལོ་འདིར་དང་། ལོ་འདིར་སྨིན་རྒྱུ་ཟླ་བ་འདི་དང་། ཟླ་བ་འདིར་སྨིན་རྒྱུ་ཉི་མ་དེ་རིང་དང་། དེ་རིང་སྨིན་རྒྱུ་ད་ལྟའི་སྐད་ཅིག་མ་འདི་ལ་སྨིན་ནས་དེ་ཕན་ཆད་གཏན་མི་མྱོང་བར་གྱུར་ཅིག ཅེས་བརྗོད་ཅིང་བསྒོམས་པས་རིམ་གྱིས་གོམས་པ་ན་གཞན་གྱི་སྡུག་བསྔལ་ཡང་དངོས་སུ་ལེན་ནུས་པར་འགྱུར་ཏེ། སྤྱོད་འཇུག་ལས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་འགའ་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོའང་བཟོད་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ལེགས་པར་གོམས་ནས་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་དུ་ཤེས་པར་བྱ་སྟེ། ཇོ་བོས་རྣམ་དག་གཙུག་གི་ནོར་བུ་ལ་གནང་བའི་བློ་སྦྱོང་ལས། ཡེ་ནས་སྟོང་པ་ཆོས་ཀྱི་གནས་ལུགས་ལ། །འགྲོ་ལ་བཟོད་གླགས་མེད་པའི་སྙིང་རྗེ་འཁྲིགས། །སྙིང་རྗེ་བྱུང་ཡང་ཆོས་ཀྱི་དབྱིངས་ནས་བྱུང་། །ཐིམ་ཡང་ཆོས་ཀྱི་དབྱིངས་སུ་ཐིམ་མོ་བུ། །འཁོར་འདས་ཐམས་ཅད་རང་གི་སེམས་ཉིད་དེ། །དེ་ལ་རྒྱུ་རྐྱེན་ཡོད་པ་སུས་མ་མཐོང་། །བརྟགས་ཤིང་དཔྱད་ན་ནམ་མཁའི་འཇའ་བཞིན་གདའ། །དེས་ན་ནམ་མཁའ་འཇའ་ཚོན་ཇི་ལྟ་བུར། །སྟོང་ཉིད་སྙིང་རྗེ་ཤེས་པར་མཛོད་ཅིག་བུ། །གང་ཡང་རྒྱ་མཚོའི་གཏིང་མཐའ་ཟབ་པ་ལས། །སྟེང་ནས་གཡོ་བའི་རྦ་རླབས་འཁྲུགས་པ་མཐོང་། །རྦ་རླབས་བྱུང་ཡང་རྒྱ་མཚོ་ཉིད་ལས་བྱུང་། །ཐིམ་ཡང་རྒྱ་མཚོ་ཉིད་ལ་ཐིམ་མོ་བུ། །གཡོ་བའི་རླབས་དང་ཟབ་པའི་རྒྱ་མཚོ་ལ། ཐ་དད་རྣམ་དབྱེ་ཡོད་པ་སུས་མ་མཐོང་། དེ་བཞིན་ལྷུན་གྱིས་གྲུབ་པའི་སྟོང་ཉིད་ལས། །འགྲོ་བ་གཡོ་ཞིང་འཁྲུལ་པའི་སྙིང་རྗེ་བྱུང་། །སྙིང་རྗེ་བྱུང་ཡང་སྟོང་ཉིད་ངང་ལས་བྱུང་། །ཐིམ་ཡང་སྟོང་པ་ཉིད་ལ་ཐིམ་མོ་བུ། །ཞེས་དང་། རྙོག་མེད་ཉི་མའི་དཀྱིལ་འཁོར་དྭངས་པ་ལ། །འགྲོ་ལ་དངོས་སུ་སྣང་བའི་འོད་འབྱུང་མོད། །ཉི་འོད་ཐ་དད་ཉིད་དུ་སུས་མ་མཐོང་། །སྟོང་ཉིད་སྙིང་རྗེ་ཆེན་པོའི་གཟུགས་སུ་ཤར། །སྙིང་རྗེ་དེ་ཡང་སྟོང་པ་འབའ་ཞིག་སྟེ། །སྟོང་པ་ཉིད་ལས་སྙིང་རྗེ་གཞན་ཡོད་པར། །མགོན་པོ་གང་གིས་མ་བཤད་མཁས་པའི་བུ། །ཞེས་དང་། སྟོང་ཉིད་སྙིང་རྗེར་ལྟོས་དང་ཅང་འཁྲུལ་ལམ། །སྙིང་རྗེ་སྟོང་པར་འདུག་གམ་མཁས་པའི་བུ། །སྟོང་ཉིད་སྙིང་རྗེས་ཤར་རམ་རྟོག་དཔྱོད་ཅན། །སྟོང་དང་སྙིང་རྗེ་རྣམ་དབྱེར་འདུག་གམ་ཨ། །ཞེས་དང་། ཀྱེ་ཧོ་ད་ནི་འགྲོའམ་འདུག་ན་ཡང་། །གནས་དེ་དགོན་པ་ཡིན་ནོ་མཁས་པའི་བུ། །དབུ་མའི་ནང་དུ་སེམས་ཉིད་གནས་པ་དེ། །སྟོང་པའི་གནས་ལུགས་ཡིན་ནོ་མཁས་པའི་བུ། །དེ་ཡི་ངང་དུ་སྙིང་རྗེ་བསྒོམ་པ་དེ། །དབྱེ་བ་མེད་པའི་རྣམ་འབྱོར་ཡིན་ནོ་བུ། །དེ་ལྟར་ཤེས་པའི་སྙིང་རྗེ་བསྒོམ་པ་ན། །ཤིན་ཏུ་བརྩེ་ཡང་སྟོང་ཉིད་འབའ་ཞིག་ཡིན། །སྟོང་ཉིད་བསྒོམས་པ་སྙིང་རྗེས་མ་ཁྱབ་མེད། །སྙིང་རྗེ་བསྒོམ་པ་སྟོང་ཉིད་ཁོ་ན་ཡིན། །སྟོང་པ་ཙམ་ཞིག་ཞི་གནས་འཚོལ་བའང་བསྒོམ། །ཐེག་པ་འདི་ཡི་སྟོང་ཉིད་སྙིང་རྗེ་ཡིན། །སྙིང་རྗེ་འདི་ཡི་རང་མཚན་སྟོང་ཉིད་ཡིན། །དེས་ན་གནད་དོན་སྙིང་རྗེར་ཤེས་པར་མཛོད། །ཅེས་གསུངས་པ་བཞིན་ཤེས་པར་བྱའོ། །དོན་གཉིས་མཐར་ཕྱིན་སྐྱོབ་པ་སྲས་དང་བཅས། །གང་ལས་གཤེགས་པའི་ལམ་མཆོག་ཟླ་མེད་པ། །སྟོང་དང་སྙིང་རྗེ་ཐབས་ཤེས་ཟུང་དུ་འབྲེལ། །འདི་མེད་རྣམ་མཁྱེན་བགྲོད་པར་གང་གིས་ནུས། །སྙིང་རྗེའི་ངོ་བོ་སྟོང་ལ་རང་བཞིན་མེད། །སྟོང་པའི་རང་རྩལ་མ་འགགས་སྙིང་རྗེར་ཤར། །དོན་ལ་དབྱེར་མེད་ཆུ་ཟླ་འཇའ་ཚོན་བཞིན། །ལེགས་པར་རྟོགས་རྣམས་སྲིད་ཞིའི་ཕ་རོལ་འགྲོ། །སྣང་བརྟག་ཆོས་ཀུན་མ དང་གི་རྨི་ལམ་འདྲ། །བག་ཆགས་དབང་གིས་མི་བདེན་སོ་སོར་སྣང་། །དོན་ལ་མེད་དེ་རང་རང་ངོ་བོས་སྟོང་། །འདི་ལ་བདེན་པར་མ་འཛིན་ཤེས་ལྡན་དག །འཛིན་པའི་སེམས་ཉིད་བར་སྣང་བསིལ་བུ་བཞིན། །ཡོད་ཡོད་འདྲ་ཡང་བརྟགས་ན་ངོས་བཟུང་བྲལ། །སྐྱེ་འགག་གནས་མེད་འགྲོ་འོང་མཐའ་ལས་འདས། །འདི་ལ་མཚན་མར་བཟུང་བས་བྱིས་པ་འཁྲུལ། །གང་ལ་ཡོད་པར་ལྟ་བ་རྟག་པའི་མཐའ། །དེ་དག་མེད་པར་ཞེན་པ་ཆད་པའི་མུ། །གཉིས་དང་གཉིས་མིན་འཛིན་པའང་རིགས་མིན་པར། གཉིས་མེད་མཉམ་པའི་ངང་དུ་ངལ་སོས་ཤིག །རྗེས་ཐོབ་ཆོས་ཀུན་སྒྱུ་མ་ལྟ་བུ་སྟེ། །དོན་ལ་མེད་ཀྱང་འཁྲུལ་ངོར་བདེ་སྡུག་སྣང་། །དེ་ཕྱིར་འཁྲུལ་རྟོག་དབྱིངས་སུ་མ་དག་པར། །ལས་འབྲས་བླང་དོར་ཕྲ་ཞིབ་བྱེད་པ་གཅེས། །དེ་ལྟར་མ་རྟོགས་རྨོངས་པའི་འགྲོ་བ་རྣམས། །འཁྲུལ་སྣང་བདེན་པར་བཟུང་བས་སྲིད་པར་བཅིངས། །རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་འདྲ། །ཡང་སྐྱེ་ཡང་འཁོར་ཀྱེ་མ་སྙིང་རེ་རྗེ། །ཐོག་མ་མེད་ནས་སྲིད་པ་འདིར་འཁྱམས་པས། །སེམས་ཅན་རེ་རེས་བདག་གི་མ་བྱས་ཏེ། །ལུས་བཅུད་ནུ་ཞོ་འཐུང་བ་ཁོ་ན་ཡང་། །ཕྱོགས་གཅིག་བསྡོམས་ན་རྒྱ་མཚོ་ཆེ་ལས་མང་། །དེ་བཞིན་ཕ་རུ་བྱས་ནས་ནོར་བྱིན་པ། །ཚངས་པའི་འཇིག་རྟེན་ལས་ཀྱང་ཆེས་བརྒལ་ཞིང་། །གཉེན་དུ་གྱུར་ནས་དེ་བཞིན་ཕན་བཏགས་གྲངས་། །གདྒཱའི་ཀླུང་གི་བྱེ་མས་དཔེར་འོས་མིན། །དེ་ཕྱིར་ཐམས་ཅད་བདག་གི་གཉེན་ཡིན་པས། །འདི་ལ་དགྲ་ཟུན་ལྟ་བ་ཀྱེ་མ་འཁྲུལ། །མ་རྣམས་འཁོར་བའི་ཀློང་སྒོར་ཡར་བོར་ནས། །རང་ཉིད་གཅིག་པུ་བདེ་བས་ཅི་ཞིག་བྱ། །ཤེས་རབ་མིག་ཟུམ་ཐབས་ཀྱི་རྐང་པ་ཆག །ལམ་སྟོན་བཤེས་བྲལ་འཁོར་བའི་འབྲོག་དགོན་དུ། །དགེ་བའི་རྒྱགས་མེད་སྡུག་བསྔལ་ནད་ཀྱིས་གཟིར། །ཀྱི་ཧུད་བདག་གི་མ་རྣམས་སྙིང་རེ་རྗེ། །བདག་བདེ་འདོད་ལ་ཉེས་པ་ཀུན་བརྟེན་ཞིང་། །གཞན་ཕན་སེམས་ལས་རྒྱལ་བ་རྣམས་འཁྲུངས་ཕྱིར། །བདག་བདེ་གཞན་གྱི་སྡུག་བསྔལ་མ་བརྗེས་ན། །རྣམ་མཁྱེན་གོ་འཕང་ཐོབ་དུས་ནམ་ཞིག་ཡོད། །རང་ཉིད་རྣམ་གྲོལ་འབྲས་བུ་མ་ཐོབ་བར། །ཉམ་ཐག་མ་རྣམས་གྲོལ་བར་ཇི་ལྟར་ནུས། །འགྲོ་སྒྲོལ་སླད་དུ་སངས་རྒྱས་ཐོབ་འདོད་བློས། །བྱང་ཆུབ་སེམས་ནི་རྟག་ཏུ་བསྒོམ་པར་བྱ། །མ་རྣམས་ཐོག་མེད་དུས་ནས་སྲིད་པ་འདིར། །འཆིང་བྱེད་བདག་འཛིན་ཉོན་མོངས་རྒྱུ་དང་བཅས། །དེས་བསྐྱེད་ལས་དང་འབྲས་བུ་སྡུག་བསྔལ་ཚོགས། །མ་ལུས་དེ་རིང་ཉིད་ནས་བདག་གིས་ལེན། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་རྩར་བཅས། །ཕངས་པ་མེད་པར་འགྲོ་བ་ཡོངས་ལ་སྦྱིིན། །མ་རྣམས་འབད་པ་ཅུང་ཟད་མ་བྱས་པར། །ཚོགས་རྫོགས་སྒྲིབ་བྱང་རྣམ་མཁྱེན་ཐོབ་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་རྩ་བ་ཡང་། །སེམས་ཅན་དོན་དུ་སྐྱབས་མཆོག་ཡོངས་ལ་འབུལ། །ཐུགས་རྗེ་ཆེན་པོས་སྲིད་པར་རྗེས་དགོངས་ཏེ། །བདག་གི་མ་རྣམས་མྱུར་བར་འདྲེན་དུ་གསོལ། །ཇི་སྲིད་ནམ་མཁའ་སྲིད་པ་གནས་ཇི་སྲིད། །དེ་སྲིད་མི་སྐྱོ་འགྲོ་ལ་ཕན་པར་བགྱི། །ས་སོགས་འབྱུང་བ་ཆེན་པོ་ཇི་བཞིན་དུ། །བདག་ནི་ལུས་ཅན་ཀུན་གྱི་ཉེར་འཚོར་ཤོག །བདག་ལ་བརྟེན་ནས་ཁྲོའམ་དད་གྱུར་ཀྱང་། །དེ་དག་སྡིག་ཟད་སྲིད་ལས་མྱུར་འདའ་ཞིང་། །བྱང་ཆུབ་དགེ་བའི་ལྗོན་ཤིང་གསོས་ཐེབས་ནས། །སྐུ་དང་ཡེ་ཤེས་མེ་འབྲས་སྨིན་གྱུར་ཅིག །གང་དག་བདག་གི་མིང་ཙམ་དྲན་པས་ཀྱང་། །འཇིགས་དང་སྡུག་བསྔལ་གནོད་པ་ཀུན་ཞི་ཞིང་། །སྡིག་སེམས་བསམ་པ་ཡིད་ལ་མི་འགྱུ་བར། །བྱང་ཆུབ་སེམས་གཉིས་རྟག་ཏུ་གོམས་པར་ཤོག །བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །མྱོང་འགྱུར་ཐམས་ཅད་ཚེ་འདི་ཉིད་ལ་སྨིན། །དེ་ཡང་དེ་རིང་སྟན་ཐོག་འདིར་སྨིན་ཏེ། །ཕྱིན་ཆད་ཐར་ལམ་བར་གཅོད་མ་གྱུར་ཅིག །གང་དུ་སྐྱེས་ཀྱང་བྱང་ཆུབ་སེམས་མི་བརྗེད། །དེ་ཉིད་སྟོན་པའི་དགེ་བའི་བཤེས་དང་མཇལ། །ལུས་དང་སྲོག་ལ་མི་ལྟའི་བརྩོན་འགྲུས་ཀྱིས། །རྟག་པར་གཞན་ལ་ཕན་པ་སྒྲུབ་བྱེད་ཤོག །ཀ་ཡེ་བདག་ལ་ལྟོས་པའི་གྲོགས་པོ་དག །འདི་འདྲའི་ཐེག་མཆོག་ལམ་བཟང་རྙེད་དཀའ་ཞིང་། །ཚུལ་བཞིན་ཉམས་སུ་ལེན་པའང་ཆེས་དཀའ་བས། །ཉིན་མཚན་མི་དལ་བརྩོན་པའི་དཔུང་བསྐྱེད་འཚལ། །འདི་ནི་ཐེག་ཆེན་ལམ་གྱི་གཅེས་གནད་དེ། །འདི་ཡོད་ཅི་བྱེད་ཡང་དག་ལམ་དུ་འགྲོ། །འདི་མེད་ཇི་ལྟར་བརྩོན་ཀྱང་དམན་པའི་ལམ། །འདི་དོན་ཉམས་སུ་ལོངས་ཤིག་དཔྱོད་ལྡན་རྣམས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་དངོས་གཞི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་རིམ་པ་བཤད་ཟིན་ཏོ། །། །༈ རྨད་བྱུང་བྱང་ཆུབ་སེམས་ཀྱི་སྨན་ཆེན་གྱིས། །བདག་འཛིན་ཉོན་མོངས་གཅོང་ནད་ཀུན་གཞིལ་ཞིང་། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་མཛད་པའི། །ཐབས་མཁས་སྨན་པའི་རྒྱལ་པོར་ཕྱག་འཚལ་ལོ། །རྩ་བའི་ས་བཅད་གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པས་གང་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར། །ཞེས་གསུངས་ཏེ། དེ་ཡང་སློབ་དཔོན་མ་ཏི་ཙི་ཏྲས། ཚུལ་ཁྲིམས་ལས་ཉམས་ཐོས་པའི་ནོར་བྲལ་འདོད་པས་འདི་ཉིད་ཅུང་ཟད་མཆོད་པར་བྱེད། །ཉེས་མེད་ཚུལ་ཁྲིམས་ལྡན་ལ་ཡོན་ཏན་རོ་ལ་རྒྱབ་ཕྱོགས་ཞེ་སྡང་ཉེས་པ་སྙེད། །རབ་བྱུང་རྣམས་ལ་ཁྱིམ་པས་ལས་བསྒོ་དེ་ནས་རབ་བྱུང་དེས་ཀྱང་ཁྱིམ་པ་མགུ་བར་བྱེད། །ཅི་སྤྱད་འདི་ནི་འགྲོ་བའི་ཁྱིམ་དུ་མ་ལུས་དུས་ཀྱི་སྙིགས་མ་ཞུགས་པ་ཡིན། །ཞེས་དང་། ཡོན་ཏན་མཁས་ལ་མི་བཀུར་ནོར་ལྡན་རྣམས་ནི་མཆོད་བྱ་མིན་པར་མཆོད། །སྐྱེ་རྨོངས་མཆོད་བྱེད་གཤིན་རྗེས་འཇིག་རྟེན་སྡུག་བསྔལ་ངེས་ཁྲིད་གང་གིས་བཟློག །ཚུལ་ཁྲིམས་འཆལ་བ་སྟོབས་ལྡན་ཚུལ་ཁྲིམས་ལྡན་པ་སྡིགས་ཤིང་ཚར་གཅོད་བྱེད། །སྡིག་ལ་དགའ་བ་སྟོབས་ལྡན་གཡོ་ཅན་རྣམས་ཀྱིས་དམ་ཆོས་བསྣུབས་པར་གྱུར། །གང་ཞིག་སྡོམ་པ་ལ་གནས་བསྟན་པའི་མཆོག་ལ་འཇུག་པར་བྱེད་པ་ཉུང་། །ཐེ་ཚོམ་ཡོད་མིན་དྲང་སྲོང་བསྟན་པ་རིང་པོར་མི་ཐོགས་ནུབ་པར་འགྱུར། །གཡུལ་འགྱེད་རྩོད་པ་དུ་མས་གོས་ལྟར་ས་གཡོགས་ལོ་ཏོག་སྐྱེས་ལ་འདོད་མི་འབྱུང་། །རླུང་རྣམས་མི་བཟད་སྡང་ཞིང་དེ་བཞིན་སྐྱེ་བོ་དམ་པ་ཡང་དག་མཆོད་མི་བྱེད། །རྒྱལ་པོ་དགྲ་དང་རྐུན་མའི་འཇིགས་པས་མི་དག་བག་ཕེབས་ནོར་རྣམས་ལོངས་མི་སྤྱོད། །དེ་ལྟར་སྐྱེ་བོ་སྡུག་བསྔལ་བཅས་འཚོ་འགྲོ་བ་རྣམས་ལ་འཇིགས་པ་འབྱུང་། །གང་ཞིག་དུས་སུ་ཆར་མེད་གང་དུ་ལམ་ཞུགས་སེར་བ་མི་མཐུན་དུ་མ་འབབ། །གང་ཞིག་བ་རྣམས་འོ་མ་མི་འབྱུང་དུས་རྣམས་འཁྲུགས་ཤིང་ས་ལས་འབྲུ་མི་སྐྱེ། །སྨན་རྣམས་གང་ཡིན་ནུས་མེད་དེ་བཞིན་ཁྱད་པར་རྣམས་ནི་རབ་ཏུ་ཉམས། །ཡིད་ནི་ངེས་བཅོམ་ཆོས་མིན་རྩོད་པས་དངོས་པོ་འདི་ཀུན་ཉེས་དང་བཅས། །ཞེས་དང་། དུས་རྣམས་འཁྲུལ་ཞིང་ས་ལ་བཅུད་རྣམས་ནུབ་གྱུར་ཉི་ཟླ་ལོག་པར་རྒྱུ། །ཆུང་མ་ཁྱོ་ལ་གཟུགས་པས་འབྲེལ་བའི་སེམས་མེད་དམན་པ་རྣམས་ནི་མཐོན་པོར་འགྱུར། །རྒྱལ་པོ་ཆོས་སྤོང་ནོར་རྣམས་མཆོག་ཏུ་དོན་གཉེར་བུ་རྣམས་ཕ་ལ་སྡང་། །ཀྱི་ཧུད་སྡུག་བསྔལ་རྩོད་པའི་དུས་ནི་ཉེར་གནས་བསོད་ནམས་གཉེར་བ་ནགས་སུ་སོངས། །ཞེས་སོགས་གསུངས་པ་དང་། ཁྱད་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་དུས་ལ་མངོན་པར་སྐྱོ་བའི་རབས་སོགས་ལས་རྒྱ་ཆེར་གསུངས་པ་ལྟར། སྙིགས་མར་གྱུར་བའི་དབང་གིས། སྐྱེ་བོ་རྣམས་ཀྱི་ཆོས་མིན་འབའ་ཞིག་སྤྱད་པའི་བདག་འབྲས་ཡུལ་ལ་སྨིན་ཏེ་སྣོད་ཀྱི་འབྱོར་པ་ཉམས་ཤིང་། བཅུད་ཀྱི་སེམས་ཅན་རྣམས་ཀྱང་ཉོན་མོངས་དུག་ལྔ་སྟོབས་རྒྱས་པས་མིི་རུང་བའི་ངན་སྤྱོད་སྣ་དགུ་ལ་ཞུགས་ཤིང་འགྲོགས་ན་མི་བདེ་བ་ནགས་མཐའི་མི་རྒོད་ལྟར་གྱུར་བས། འཕྲལ་དང་འཕྲལ་དུ་གནོད་པ་དང་སྡུག་བསྔལ་མང་པོ་བརྒྱུད་མར་འབྱུང་བ་དེང་སང་གི་དུས་ལྟ་བུར། རྐྱེན་ངན་ལམ་དུ་ཁྱེར་མ་ཤེས་ན་ཆོས་བྱས་པའི་དགོས་པ་སྟོར་བས་དེ་ཉིད་ལམ་དུ་ཁྱེར་བའི་ཚུལ་གསར་རྙིང་གི་གདམས་པ་མཐའ་ཡས་པར་འབྱུང་སྟེ། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་མངའ་བདག་རྒྱལ་པོ་ལ་གདམས་པ་ཉང་གཏེར་སྨར་ཁྲིད་ལས་ཀྱང་། ཆོས་ཐམས་ཅད་གཉེན་པོ་དགོས་དུས་ན་སྟོངས་པ་ཞིག་དགོས་པས། འཇིགས་པའི་རྣམ་པ་ཅི་བྱུང་ཡང་སྐྱབས་གནས་དཀོན་མཆོག་གསུམ་ཡིད་ལ་དྲན་པར་གྱིས། སྤྱོད་ལམ་གང་གི་དུས་སུ་སློབ་དཔོན་སྤྱི་བོར་དྲན་པར་གྱིས། བཟོད་པ་བྱང་ཆུབ་ཀྱི་སེམས་མེད་ན་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་རུལ་བ་ཡིད་ལ་དྲན་པར་གྱིས། ཞེས་པ་ནས། རྐྱེན་ངན་ལ་མོ་བོན་གྱི་རིམ་གྲོ་དགོས་ན། རྗོགས་པ་ཆེན་པོ་ལ་ལོག་ལྟ་སྐྱེ་བ་ཡིད་ལ་དྲན་པར་གྱིས། སྡུག་བསྔལ་ཅི་བྱུང་ཡང་ལན་ཆགས་འཁོར་བ་ཡིན་པས་དགའ་བར་ཡིད་ལ་དྲན་པར་གྱིས། བདེ་བ་ཅི་བྱུང་ཡང་དཀོན་མཆོག་གི་བྱིན་རླབས་ཡིན་པར་ཡིད་ལ་དྲན་པར་གྱིས། དགྲ་སྡང་བྱུང་དུས་བདག་བཟོད་པ་སྐྱེ་བའི་གྲོགས་ཡིན་པར་ཡིད་ལ་དྲན་པར་གྱིས། གྲོགས་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཏང་བར༴ གཉེན་བྱམས་པ་ལ་བརྩེ་གདུང་བྱེད་པའི་དུས་སུ་འཁོར་བའི་གདོས་ཐག་ཏུ་བཏང་བར༴ གདོས་ཐག་དེ་བདུད་ཀྱི་བར་ཆད་བཏང་བར༴ ཁམས་གསུམ་གྱི་སེམས་ཅན་གང་མཐོང་ཡང་ཕ་མར༴ ཕ་མ་འཁོར་བར་འཁྱམས་པ་ལ་ཚད་མེད་པ་བཞི་ཡིད་ལ་དྲན་པར་གྱིས་ཤིག་སོགས་དང་། བར་ཆོད་ཀྱི་བགེགས་བྱུང་བའི་དུས་དགེ་བསྐུལ་གྱི་སློབ་དཔོན་དུ་ཡིད་ལ་དྲན་པར་གྱིས་ཤིག སློབ་དཔོན་དེ་དྲིན་ཆེ་བས་མི་འབྲལ་བར་གཅེས་སྤྲས་ཀྱིས་བརྟེན་དགོས་པར་ཡིད་ལ་དྲན་པར་གྱིས་ཤིག ལུས་ལ་ན་ཚ་བྱུང་བའི་ཚེ་བྱང་ཆུབ་ཀྱི་ལམ་ལ་འདྲེན་པའི་སྐྱབས་གནས་སུ་ཡིད་ལ་དྲན་པར་གྱིས་ཤིག སྐྱབས་གནས་དེ་ཐ་མལ་དུ་ནམ་ལུས་པའི་དུས་ཐམས་ཅད་ན་མེད་ཐབས་མེད་པར་ཡིད་ལ་དྲན་པར་གྱིས་ཤིག ལུས་ཤ་ཁྲག་གི་ཕུང་པོ་ལ་བདག་ཏུ་འཛིན་པའི་ཚེ་འགོང་པོ་སྙིང་དུ་ཞུགས་པར་ཡིད་ལ་དྲན་པར་གྱིས་ཤིག སྙིང་ལ་ཞུགས་པ་དེ་མ་ཡེངས་པར་སྒོར་འདོན་དགོས་པར་ཡིད་ལ་དྲན་པར་གྱིས་ཤིག སྣང་བ་འདི་རྨི་ལམ་སྒྱུ་མ་ཙམ་རང་བཞིན་མེད་པར་ཡིད་ལ་དྲན་པར་གྱིས་ཤིག རང་བཞིན་མེད་པ་ལ་མེད་པར་མ་ཤེས་པས་བདག་གཞན་ཐམས་ཅད་འཁྲུལ་པར་ཡིད་ལ་དྲན་པར་གྱིས་ཤིག འཁྲུལ་པ་དེ་ད་རེས་ཀྱི་དུས་འདིར་ཆོས་ཉིད་དུ་ཟློག་དགོས་པར་ཡིད་ལ་དྲན་པར་གྱིས་ཤིག ད་རེས་མ་ཟློག་ན་ཕྱིས་འཁོར་བ་མཐའ་མེད་དུ་འཁྱམས་དགོས་པར་ཡིད་ལ་དྲན་པར་གྱིས་ཤིག དེ་ཡིས་འཁོར་བ་ན་སྡུག་བསྔལ་བཟོད་དཀའ་བ་ཉམས་སུ་མྱོང་བར་ཡིད་ལ་དྲན་པར་གྱིས་ཤིག དེས་ན་བྱ་བ་གཞན་ཐམས་ཅད་བཏང་ལ་ཆོས་ཁོ་ན་བྱེད་དགོས་པར་ཡིད་ལ་དྲན་པར་གྱིས་ཤིག དེ་ལྟར་བྱས་ན་འཁོར་བ་རུ་ལོག་པར་ཡིད་ལ་དྲན་པར་གྱིས་ཤིག དེ་ལོག་ན་བདེ་ཆེན་རང་ལ་རྒྱུན་ཆད་མེད་པར་འབྱུང་བ་ཡིད་ལ་དྲན་པར་གྱིས་ཤིག ཅེས་དང་། ཆོས་ཚུལ་བཞིན་སྤྱད་ན་བྱིན་རླབས་ཤུགས་ཀྱིས་འབྱུང་བ་ཆོས་ཉིད་ཡིན་ཏེ། དེ་ཡང་བྱམས་པ་རྒྱུད་ལ་བརྟེན་ན་འགྲོ་བ་ཀུན་གྱིས་ཡིད་དུ་འོང་བ་ཆོས་ཉིད་ཡིན། སྙིང་རྗེ་རྒྱུད་ལ་བརྟེན་ན་ཀུན་གྱིས་བུ་བཞིན་བརྩེ་བ་ཆོས་ཉིད་ཡིན། བཏང་སྙོམས་རྒྱུད་ལ་བརྟེན་ན་དགྲ་ཟུན་{ཟིན}ཕྱོགས་རིས་མི་འོང་བ་ཆོས་ཉིད་ཡིན། དགའ་བ་རྒྱུད་ལ་བརྟེན་ན་སྤྱོད་ལམ་ཀུན་དང་མཐུན་པ་ཆོས་ཉིད་ཡིན། གཞན་ལ་གནོད་སེམས་སྤངས་ན་བདག་ལ་འཚེ་བ་ཉུང་བ་ཆོས་ཉིད་ཡིན་སོགས་དང་། མི་ཆོས་ཐ་མལ་དང་སྣང་བ་མ་བསྟུན་ན་སྒྲོ་སྐུར་ཉུང་བ་ཆོས་ཉིད་ཡིན། ཆགས་ཞེན་འཛིན་པ་བཏང་ན་ལུས་སེམས་གཅིག་ཅར་བདེ་བ་ཆོས་ཉིད་ཡིན། རི་ཁྲོད་དགོན་པར་གནས་ན་ཉམས་མྱོང་སེམས་ལ་འཆར་བ་ཆོས་ཉིད་ཡིན། བདག་འཛིན་གཅེས་སྤྲས་བོར་ན་བར་ཆད་བདུད་ཀྱིས་མི་ཚུགས་པ་ཆོས་ཉིད་ཡིན། སེམས་ཀྱིས་སེམས་ལ་བལྟས་ན་ཆོས་ཉིད་རང་ལ་འཆར་བ་ཆོས་ཉིད་ཡིན། རྟག་ཏུ་སྒྲུབ་པ་ལ་བརྩོན་ན་ཡོན་ཏན་ཕྱོགས་མེད་འཆར་བ་ཆོས་ཉིད་ཡིན། སེམས་ཉིད་རང་ངོ་ཤེས་ན་རྩོལ་སྒྲུབ་རང་སར་གྲོལ་བ་ཆོས་ཉིད་ཡིན། འཁོར་འདས་ཆོས་སྐུར་རྟོགས་ན་སྒོམ་ལ་རྩོལ་བ་མི་དགོས་པ་ཆོས་ཉིད་ཡིན། ཉམས་ལེན་ལེ་ལོར་མ་ཤོར་ན་འཆི་ཁར་འགྱོད་པ་མེད་པ་ཆོས་ཉིད་ཡིན། ཞེས་དང་། ཉོན་མོངས་པ་མ་བཏུལ་ན་དགྲ་སྡང་བ་བཏུལ་ཞིང་མང་བས་དོན་མེད་རང་སེམས་སྡུག་པར་ཡིད་ཆེས། ཆོས་སྤྱོད་ཀྱི་དགེ་སྦྱོར་མ་བསྐྱངས་ན་གཉེན་བྱམས་པ་ལ་མི་ཚེ་བསྐྱངས་ཀྱང་འཆི་བའི་དུས་སུ་མི་སྟོངས་པར་ཡིད་ཆེས། ཐུབ་པའི་བསྟན་པ་མ་བཟུང་ན་འཇིག་རྟེན་གྱི་ཁེ་གྲགས་བཟུང་བས་སླར་འཁོར་བར་བསྐྱུར་བར་ཡིད་ཆེས། ཞེས་སོགས་དང་། ཡང་འཁོར་བའི་རྒྱུ་ང་བདག་གཟུང་འཛིན་གྱི་རྣམ་རྟོག་མ་སྤངས་པ་ལས་བྱུང་སྟེ། བདག་དང་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་གཅིག་པ་ལ་བདག་གཞན་རིས་སུ་འབྱེད་པ་སྙིང་མེད་པ་ཡིན། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚེ་སྔ་མ་ཡང་སྔ་མ་ལ་སོགས་པའི་ཕ་མ་ཡིན་པ་ལ་དགྲ་གཉེན་དུ་འཛིན་པ་སྙིང་མེད་པ་ཡིན། འཁོར་འདས་གཉིས་ཤན་འབྱེད་པའི་དུས་འདིར་འཇིག་རྟེན་གྱི་ཆོས་བརྒྱད་སྐྱོང་ཁོམ་པ་སྙིང་མེད་པ་ཡིན། སོགས་དང་། དད་པ་བརྟན་པོ་ཆུ་བོའི་རྒྱུན་ལྟ་བུས་བླ་མ་དང་དཀོན་མཆོག་བསྟེན། བྱམས་པ་སྙིང་རྗེ་མ་བུ་ལྟར་བརྩེ་བས་འཁོར་དང་འགྲོ་ཀུན་ཐུལ། ལེ་ལོ་མེད་པའི་བརྩོན་འགྲུས་སྐྲ་ལ་མེ་ཤོར་བ་ལྟ་བུས་ལུས་ངག་གི་དགེ་སྦྱོར་སྐྱོངས། ལས་འབྲས་ཀྱི་སྤྱོད་པ་ཕྱེ་བས་ཞིབ་པས་མི་དགེ་བ་སྤོངས། མཐོན་པོ་ལ་འགྲན་ཟླའི་སེམས་བསྐྱེད་ལ་དམ་པ་རྣམས་ཀྱི་ཟླ་སྲོང་། སྲུང་སྡོམ་གྱི་སྤྱན་པོ་ལྷ་དང་བླ་མ་ལ་ཆོལ་ལ་ཁྲེལ་དང་ངོ་ཚས་སྲུངས། བཟོད་པའི་ཚད་རང་ལ་ཚུགས་ལ་གཞན་ལ་གནོད་པ་མ་བྱེད། སྤྱོད་ལམ་ཇི་ལྟར་སྤྱོད་ཀྱང་དོན་མ་བྲལ་བར་ལུས་ངག་ཆོས་སུ་བསྒྱུར། རྟག་ཏུ་གཞན་ལ་རྔན་མ་བགྲང་བར་རང་སྐྱོན་ཡུལ་ཐོན། ཞེས་སོགས་གསུངས་པས་མཚོན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་ཁྱེར་གྱི་གནད་མཐའ་ཡས་པ་གསུངས་པ་ཡིན་ནོ། །དེས་ན་སྡིག་པའི་འབྲས་བུས་སྣོད་ཀྱི་འབྱོར་པ་ཉམས་པ་དང་སེམས་ཅན་མ་རུངས་པ་ལ་སོགས་པས། སྡུག་བསྔལ་མང་པོ་བྱུང་བ་ན། དེ་ཉིད་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ལ། བསམ་སྦྱོར་གཉིས་ལས། དང་པོ་བསམ་པ་ལ་ཡང་ཀུན་རྫོབ་དང་། དོན་དམ་བྱང་ཆུབ་སེམས་ཀྱིས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་ལ་བསྒྱུར་བའོ། །དང་པོ་ནི། སྡུག་བསྔལ་བྱུང་བ་ཐམས་ཅད་སྔར་བདག་འཛིན་ལ་དགྲར་མ་ཤེས་ཤིང་། སེམས་ཅན་རྣམས་དྲིན་ཆེ་བར་མ་ཤེས་པས་ལན་པས། ད་སྡུག་བསྔལ་ཐམས་ཅད་བདག་འཛིན་གྱི་ཉེས་པར་བསྟན་པའི་ཕྱིར། ལེ་ལན་ཐམས་ཅད་གཅིག་ལ་གདའ། ཞེས་གསུངས་ཏེ། བདག་ལ་སྡུག་བསྔལ་ཅི་བྱུང་ཡང་རང་ཉིད་ཀྱིས་རང་ལ་བདག་ཏུ་བཟུང་བས་ལན་པ་ཡིན་པས། གཞན་ལ་ཁག་མི་བསྐུར་ཏེ། སྤྱོད་འཇུག་ལས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་གསུངས་པས། ཐོག་མ་མེད་པ་ནས་བདག་མེད་པ་ལ་བདག་ཏུ་བཟུང་ནས་དེའི་གཅེས་སྤྲས་ཀྱི་ཕྱིར་གཞན་ལ་གནོད་པ་ལ་སོགས་པའི་ལས་བསགས་པས། འཁོར་བ་ངན་སོང་ལ་སོགས་པའི་སྡུག་བསྔལ་ཐམས་ཅད་བྱུང་བ་ཡིན་ཏེ། དེ་ཉིད་ལས། ཡིད་ཁྱོོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང་། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་གསུངས་སོ། །དེ་ལྟར་སྡུག་བསྔལ་བདག་འཛིན་གྱིས་བསྐྱེད་པས་བདག་འཛིན་དེ་ལ་དགྲར་བལྟས་ཏེ། བདག་མེད་པ་ལ་བདག་ཏུ་འཛིན་པའི་བློ་འདིས། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་ཐམས་ཅད་སྐྱེད་ཅིང་མཐོ་བ་ལ་ཕྲག་དོག དམའ་བ་ལ་བརྙས་བཅོས། མཉམ་པ་ལ་འགྲན་སེམས་ཐམས་ཅད་འདི་ལས་བྱུང་ཞིང་། བདག་འཁོར་བ་ལས་མི་ཐར་བ་དང་། མི་དང་མི་མ་ཡིན་པའི་གནོད་པ་ལ་སོགས་པ་སྡུག་བསྔལ་ཐམས་ཅད་འདིས་བྱས་པ་ཡིན་ཏེ། སྔ་མ་ལས། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ད་ནི་འཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱིས་རང་དོན་སེམས་ལ་གཞོམ། །ཞེས་གསུངས་པས། བདག་འཛིན་ནམ་བྱུང་ཙ་ན་བརྟགས་ཏེ། དཔེར་ན་ཐག་པ་ཁྲ་བོ་ལ་སྦྲུལ་དུ་འཁྲུལ་པ་བཞིན། ཟག་བཅས་ཕུང་ལྔའི་ཚོགས་པ་འདི་ལ་བརྟེན་ནས་ཕྱིན་ཅི་ལོག་གི་བློ་འཁྲུལ་པས་བརྟགས་པ་ཙམ་ལས་ཕྱི་ནང་གང་དུའང་ང་བདག་ཏུ་གྲུབ་པར་མི་འདུག་པས། ཅིའི་ཕྱིར་བདག་ཏུ་འཛིན་ཞེས་བདག་འཛིན་ནམ་སྐྱེས་དུས་འཕྲལ་ལ་སྤངས་ལ། ཕྱིན་ཆད་བདག་གཅེས་འཛིན་མི་སྐྱེ་བའི་ཕྱིར་འབད་པར་བྱ་སྟེ། དེ་ཉིད་ལས། ཁྱོད་ཀྱིས་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་གྱིས། །ངས་མཐོང་ད་ཁྱོད་གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་གསུངས་སོ། །དེས་ན་གནོད་པ་ཅི་བྱུང་ཡང་བདག་འཛིན་གྱི་འགོང་པོ་འདིས་ལན་པ་ཡིན་པས་འདི་ཅི་ཐུལ་ལ་འབད་པར་བྱ་སྟེ། དེ་ལ་ཅུང་ཟད་དམིགས་པ་སྤྲོ་བར་འདོད་ན། སྔར་ཐོག་མ་མེད་པ་ནས་དགྲ་ཟུན་ངོས་མ་ཟིན། སྤང་བླང་དམིགས་མ་ཕྱེད་པས་ཆོས་ཐམས་ཅད་བདག་འཛིན་གྱི་གཉེན་པོར་མ་སོང་བར་མ་ཟད་གྲོགས་སུ་སོང་བས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྔ་འདྲིས་གཅིག་གི་ཉེར་མ་སོང་། དེས་ན་ད་རེས་དགྲ་ཟུན་ངོས་ཟིན་པར་བྱ་དགོས། དེ་ལ་ཡང་བདག་འཛིན་ལ་དགྲར་བལྟས་ཏེ་སྤང་བ་དང་། སེམས་ཅན་ལ་ཟུན་དུ་བལྟས་ནས་གཅེས་པར་བྱ་བ་གཉིས་ལས་མེད། དེའི་ཕྱིར་བདག་འཛིན་ལ་དགྲར་བལྟ་བ་ནི། བདག་གཅེས་པར་འཛིན་པའི་བློ་ངན་འདིས་རང་དང་རང་གི་ཕྱོགས་ལ་ཆགས། གཞན་དང་གཞན་གྱི་ཕྱོགས་ལ་སྡང་བའི་དབང་གིས་སེམས་ཅན་ལ་གནོད་པ་སྣ་ཚོགས་པ་བགྱིས་པས་འཁོར་བའི་བཙོན་ར་འདིར་བཅིངས་ཏེ་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་བ་ཁོ་ནའང་བགྲང་གིས་མི་ལང་ཞིང་། འདོད་པའི་ཕྱིར་དུ་མགོ་དང་ཡན་ལག་བཅད་པ་སོགས་ཀྱང་སྤུངས་ན་ལྷུན་པོའི་གཏོས་ལས་ཀྱང་ཐལ། ད་དུང་ཡང་དེའི་དབང་དུ་བཏང་ན་ནམ་ཡང་འཁོར་བ་ལས་ཐར་དུས་མེད་པས་དེ་ལས་ཀྱང་མང་བའི་སྡུག་བསྔལ་མྱོང་དགོས། ད་ལྟའི་དུས་སུའང་རང་གི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། མི་ཁ་སྐུར་འདེབས་དགྲ་གྱོད་ཁ་མཆུ་སོགས་མདོར་ན་རང་དང་རང་གི་ཕྱོགས་ལ་མི་འདོད་པ་ཕྱི་སྣོད་ལ་བརྟེན་ནས་བྱུང་ཡང་རུང་། ནང་བཅུད་ལ་བརྟེན་ནས་བྱུང་ཡང་རུང་། མཐོ་བ་ཆོས་སྐྱོང་གི་བཀའ་ཆད་བྱུང་ཡང་རུང་། དམའ་བ་སེམས་ཅན་གྱི་ངན་སྨྲས་བྱུང་ཡང་རུང་། ངན་པ་འབུ་སྦྲང་ལྗི་ཤིག་གིས་ཟོས་ཀྱང་རུང་དེ་ཐམས་ཅད་རྩ་བ་བདག་འཛིན་གྱིས་ལན་ཅིང་། ཁྱད་པར་སྔོན་སེམས་ཅན་ལ་གནོད་པ་སོགས་ལས་དེ་ལྟ་བུ་བགྱིས་པ་ལས་བྱུང་བ་ཡིན་ཏེ། འཕགས་པ་ཀླུས་བྱང་ཆུབ་སེམས་འགྲེལ་ལས། སེམས་ཅན་གནོད་པ་བྱས་པ་ལས། །སེམས་དམྱལ་དུད་འགྲོ་ཡི་དྭགས་སུ། །སྡུག་བསྔལ་རྣམ་པ་དུ་མའི་དངོས། །ལུས་ཅན་རྣམས་ཀྱིས་མྱོང་བ་ཡིན། །བཀྲེས་དང་སྐོམ་དང་ཕན་ཚུན་དུ། །གཅོད་དང་འཇོམས་པའི་སྡུག་བསྔལ་གང་། །མི་བཟོད་བཟློག་པར་དཀའ་བ་སྟེ། །སེམས་ཅན་གནོད་པའི་འབྲས་བུ་ཡིན། །ཞེས་དང་། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་ལས། འདི་ཉིད་ལ་ནི་གསོད་དང་འཆིང་བ་དང་། །བརྡེག་དང་བསྡིགས་སོགས་སྡུག་བསྔལ་མྱོང་བ་གང་། །དེ་ནི་སེམས་ཅན་འཚེ་བའི་འབྲས་བུ་ཞེས། །བདེ་བར་གཤེགས་པ་རྣམས་ཀྱིས་བཀའ་སྩལ་ཏོ། །གཟུགས་དང་ནད་མེད་དག་གིས་གནོད་པ་དང་། །ཕོངས་དང་རིགས་ངན་ཚེ་ནི་ཐུང་བ་དང་། །ཆུང་མ་ཤི་དང་ལོང་པར་གྱུར་བ་ཉིད། །སེམས་ཅན་གནོད་པར་བྱས་པའི་འབྲས་བུ་ཡིན། །མནར་མེད་པ་ཡི་བར་གྱི་ངན་སོང་གི། །གནས་སུ་སྡུག་བསྔལ་སྣ་ཚོགས་མྱོང་བ་ན། །དེ་དག་ཐམས་ཅད་རང་ཉིད་ཉེས་པ་ཡིས། །སེམས་ཅན་རྣམས་ལ་གནོད་པ་བྱས་པས་ཡིན། །ཞེས་དང་། ཁྱད་པར་བློ་སྦྱོང་མཚོན་ཆའི་འཁོར་ལོ་ལས། །ཇི་ལྟར་བདག་ལ་འཁོར་གྱིས་ལོག་སྒྲུབ་ཚེ། །རང་གི་གཡེང་བས་ལན་ཞེས་སྙིང་ཚིམ་བགྲངས། །ལུས་ལ་མི་བཟད་ན་ཚ་བྱུང་བའི་ཚེ། །འགྲོ་བའི་ལུས་ལ་གནོད་པ་བསྐྱལ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ན་ཚ་མ་ལུས་རང་ལ་བླང་། །རང་གི་སེམས་ལ་སྡུག་བསྔལ་བྱུང་བའི་ཚེ། །ངེས་པར་གཞན་གྱི་སེམས་རྒྱུད་དཀྲུགས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་སྡུག་བསྔལ་མ་ལུས་རང་ལ་བླང་། །རང་ཉིད་བཀྲེས་སྐོམ་དྲག་པོས་གཟིར་བ་ན། །ཁྲོམ་དང་རྐུ་འཕྲོག་སེར་སྣ་བྱས་པ་ཡི། །ལས་ངན་མཚོན་ཆ་༴ ད་ནི་བཀྲེས་སྐོམ་མ་ལུས་རང་ལ་བླང་། །དབང་མེད་གཞན་གྱི་འཁོལ་ཞིང་མནར་བའི་ཚེ། །དམན་ལ་སྡང་ཞིང་བྲན་དུ་བཀོལ་བ་ཡི། །ལས་ངན་མཚོན་ཆ༴ ད་ནི་ལུས་སྲོག་གཞན་གྱི་དོན་དུ་བཀོལ། །མི་སྙན་ཚིག་རྣམས་རྣ་བར་བྱུང་བ་ན། །ཕྲ་མ་ལ་སོགས་ངག་གི་ནོངས་པ་ཡི། །ལས་༴ ད་ནི་ངག་གི་སྐྱོན་ལ་སྨད་པར་བྱ། །གང་ཡང་མ་དག་ཡུལ་དུ་སྐྱེས་པ་ན། །མ་དག་སྣང་བ་རྟག་པར་བསྒོམས་པ་ཡི། །ལས༴ ད་ནི་དག་སྣང་འབའ་ཞིག་བསྒོམ་པར་བྱ། །ཕན་ཞིང་མཛའ་བའི་གྲོགས་དང་བྲལ་བའི་ཚེ། །གཞན་གྱི་འཁོར་རྣམས་བདག་གིས་ཁ་དྲངས་པའི་། །ལས༴ ད་ནི་གཞན་དག་འཁོར་དང་ཕྲལ་མི་བྱ། །དམ་པ་ཐམས་ཅད་བདག་ལ་མི་དགའ་བར། །དམ་པ་བོར་ནས་འཁོར་ངན་བསྟེན་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངན་པའི་གྲོགས་རྣམས་སྤང་བར་བྱ། །སྒྲོ་སྐུར་གཞན་གྱིས་སྡིག་བསོག་བྱུང་བའི་ཚེ། །རང་གི་དམ་པ་རྣམས་ལ་སྨད་པ་ཡི། །ལས༴ ད་ནི་སྒྲོ་སྐུར་གཞན་ལ་སྨད་མི་བྱ། །མཁོ་བའི་རྫས་ལ་ཆུད་ཟོས་བྱུང་བའི་ཚེ། །གཞན་གྱི་མཁོ་བ་ཁྱད་དུ་བས ད་པ་ཡི། །ལས༴ ད་ནི་གཞན་གྱི་མཁོ་བ་བསྒྲུབ་པར་བྱ། །སེམས་མི་གསལ་ཞིང་སྙིང་མི་དགའ་བའི་ཚེ། །སྐྱེ་བོ་གཞན་ལ་སྡིག་པ་བསགས་པ་ཡི། །ལས་༴ ད་ནི་གཞན་གྱི་སྡིག་རྐྱེན་སྤང་བར་བྱ། །བྱ་བ་མ་གྲུབ་སེམས་རྩ་འཁྲུགས་པའི་ཚེ། །དམ་པའི་ལས་ལ་བར་ཆད་བྱས་པ་ཡི། །ལས་༴ ད་ནི་བར་ཆད་ཐམས་ཅད་སྤང་བར་བྱ། །གང་ལྟར་བྱས་ཀྱང་བླ་མ་མ་མཉེས་ཚེ། དམ་པའི་ཆོས་ལ་ངོ་ལྐོག་བྱས་པ་ཡི། །ལས༴ ད་ནི་ཆོས་ལ་ངོ་ལྐོོག་ཆུང་བར་བྱ། །སྐྱེ་བོ་ཡོངས་ཀྱི་ཁ་ལོག་བྱུང་བའི་ཚེ། །ངོ་ཚ་ཁྲེལ་ཡོད་ཁྱད་དུ་གསོ ད་པ་ཡི། །ལས༴ ད་ནི་མི་བསྲུང་བ་ལ་འཛེམ་པར་བྱ། །འཁོར་རྣམས་འདུས་མ་ཐག་ཏུ་འགྲས་པའི་ཚེ། །སྡུག་གཤིས་ངན་པ་ཕྱོགས་སུ་བཙངས་པ་ཡི། །ལས་༴ ད་ནི་གང་ལའང་མི་གཤིས་ལེགས་པར་བྱ། །ཉེ་ཚད་ཐམས་ཅད་དགྲ་བོར་ལངས་པའི་ཚེ། །བསམ་པ་ངན་པ་ནང་དུ་བཅུག་པ་ཡི། །ལས་༴ ད་ནི་མུག་སྐྱོ་རྒྱུན་མ་ཆུང་བར་བྱ། །བདག་གཅོང་སྐྲན་དང་རྨུ་ཆུས་ན་བའི་ཚེ། །ཁྲིམས་མེད་དཀོར་ལ་བག་མེད་འབགས་པ་ཡི། །ལས་༴ ད་ནི་དཀོར་འཕྲོག་ལ་སོགས་སྤང་བར་བྱ། །གློ་བུར་མགོ་ནད་ལུས་ལ་ཐེབས་པའི་ཚེ། །དམ་ཚིག་ཉམས་པའི་བྱ་བ་བྱས་པ་ཡི། །ལས་༴ ད་ནི་མི་དགེའི་ལས་རྣམས་སྤང་བར་བྱ། །ཤེས་བྱ་ཀུན་ལ་བློ་གྲོས་རྨོངས་པའི་ཚེ། །བཞག་ཏུ་འོས་པ་ཆོས་ལ་བྱས་པ་ཡི། །ལས༴ ད་ནི་ཐོས་སོགས་ཤེས་རབ་གོམས་པར་བྱ། །ཆོས་ལ་སྤྱོད་ཚེ་གཉིད་ཀྱིས་ལོག་པའི་ཚེ། །དམ་པའི་ཆོས་ལ་སྒྲིབ་པ་བསགས་པ་ཡི། །ལས་༴ད་ནི་ཆོས་ཕྱིར་དཀའ་བ་སྤྱད་པར་བྱ། །ཉོན་མོངས་ལ་དགའ་རྣམ་གཡེང་ཆེས་པའི་ཚེ། །མི་རྟག་འཁོར་བའི་ཉེས་དམིགས་མ་སྒོམ་པའི། །ལས་༴ ད་ནི་འཁོར་བར་ཡིད་འབྱུང་ཆེ་བར་བྱ། །ཅི་ཙུག་བྱས་ཀྱང་མར་འགྲོ་ཤར་བའི་ཚེ། །ལས་དང་རྒྱུ་འབྲས་ཁྱད་དུ་གསོད་པ་ཡི། །ལས་༴ ད་ནི་བསོད་ནམས་བསགས་ལ་འབད་པར་བྱ། །རིམ་གྲོ་བྱས་ཚད་ལོག་པར་སོང་བའི་ཚེ། །ནག་པོའི་ཕྱོགས་ལ་རེ་ལྟོས་བྱས་པ་ཡི། །ལས༴ ད་ནི་ནག་པོའི་ཕྱོགས་ལས་བཟློག་པར་བྱ། །དཀོན་མཆོག་གསུམ་ལ་གསོལ་བ་མ་ཐེབ་ཚེ། །སངས་རྒྱས་པ་ལ་ཡིད་ཆེས་མ་བྱས་པའི། །ལས་༴ ད་ནི་དཀོན་མཆོག་ཁོ་ན་བསྟེན་པར་བྱ། །རྣམ་རྟོག་གྲིབ་དང་གདོན་དུ་ལང་བའི་ཚེ། ལྷ་དང་སྔགས་ལ་སྡིག་པ་བསགས་པ་ཡི། །ལས་༴ ད་ནི་ངན་རྟོག་ཐམས་ཅད་གཞོམ་པར་བྱ། །དབང་མེད་དོམ་ལྟར་བྱེས་སུ་འཁྱམས་པའི་ཚེ། །བླ་མ་ལ་སོགས་གནས་ནས་བསྐྲད་པ་ཡི། །ལས་༴ ད་ནི་གང་ཡང་ཡུལ་ནས་དབྱུང་མི་བྱ། །སད་སེར་ལ་སོགས་མི་འདོད་འབྱུང་བའི་ཚེ། །དམ་ཚིག་ཁྲིམས་རྣམས་ཚུལ་བཞིན་མ་བསྲུངས་པའི། །ལས་༴ ད་ནི་དམ་ཚིག་ལ་སོགས་གཙང་བར་བྱ། །འདོད་པ་ཆེ་ལ་འབྱོར་པས་ཕོངས་པའི་ཚེ། །སྦྱིན་དང་དཀོན་མཆོག་མཆོད་པ་མ་བྱས་པའི། །ལས་༴ ད་ནི་མཆོད་སྦྱིན་དག་ལ་བརྩོན་པར་བྱ། །སྐྱེ་གཟུགས་ངན་ཏེ་འཁོར་གྱིས་བརྙས་པའི་ཚེ། །སྐུ་གཟུགས་མ་བཞེངས་ཁོང་ཁྲོས་དཀྲུགས་པ་ཡི། །ལས་༴ ད་ནི་ལྷ་བཞེངས་ངང་རྒྱུད་རིང་བར་བྱ། །གང་ལྟར་བྱས་ཀྱང་ཆགས་དང་འཁྲུགས་པའི་ཚེ། །མ་རུངས་རྒྱུད་ང ན་རེངས་སུ་བཅུག་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ང་ཁྱོད་དྲུང་ནས་དབྱུང་བར་བྱ། །སྒྲུབ་པ་གང་བྱས་དམིགས་སུ་མ་སོང་ཚེ། །ལྟ་བ་ངན་པ་ཁོང་དུ་ཞུགས་པ་ཡི། །ལས༴ ད་ནི་ཅི་བྱེད་གཞན་དོན་ཉིད་དུ་བྱ། །དགེ་སྦྱོར་བྱས་ཀྱང་རང་རྒྱུད་མ་ཐུལ་ཚེ། །ཚེ་འདིའི་ཆེ་ཐབས་དང་དུ་བླང་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཐར་པ་འདོད་ལ་བསྒྲིམ་པར་བྱ། །འདོད་པ་དག་ལ་བརྟགས་ཤིང་འགྱོད་པའི་ཚེ། །ཁྲེལ་མེད་གསར་འགྲོགས་མཐོ་ཁ་འགྲིམ་པ་ཡི། །ལས༴ ད་ནི་གང་ལའང་འགྲོགས་ལུགས་གཟབ་པར་བྱ། །གཞན་གྱི་མུག་{རྨུག} སྐྱོས་རང་ཉིད་བསླུས་པའི་ཚེ། །རང་རྒྱུད་ང་རྒྱལ་རྟོག་འདོད་ཆེ་བ་ཡི། །ལས༴ ད་ནི་གང་ལའང་མངོན་ཚན་ཆུང་བར་བྱ། །ཉན་བཤད་ཆགས་སྡང་གཡོས་སུ་སོང་བའི་ཚེ། །བདུད་ཀྱི་སྐྱོན་རྣམས་སྙིང་ལ་མ་བསམ་པའི། ལས༴ ད་ནི་འགལ་རྐྱེན་བརྟགས་ནས་སྤང་བར་བྱ། །བཟང་བྱས་ཐམས་ཅད་ངན་དུ་སོང་བའི་ཚེ། །དྲིན་ལན་ཐམས་ཅད་ལོག་པར་གཞལ་བ་ཡི། །ལས་ངན་༴ད་ནི་དྲིན་ལན་སྤྱི་བོས་བླང་བར་བྱ། །མདོར་ན་མི་འདོད་ཐོག་ཏུ་བབ་པ་རྣམས། །མགར་བ་ རང་གི་རལ་གྲིས་བསད་པ་ལྟར། །ལས་༴ ད་ནི་སྡིག་པའི་ལས་ལ་བག་ཡོད་བྱ། །ངན་སོང་གནས་སུ་སྡུག་བསྔལ་མྱོང་ན་ཡང་། །མདའ་མཁན་རང་གི་མདའ་ཡིས་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །དེ་བས་སྡིག་པའི་ལས་ལ་བག་ཡོད་བྱ། །ཁྱིམ་གྱི་སྡུག་བསྔལ་ཐོག་ཏུ་བབས་པ་ཡང་། །བསྐྱངས་པའི་བུ་ཚས་ཕ་མ་བསད་པ་ལྟར། །ལས་༴ ད་ནི་རྟག་པར་རབ་ཏུ་བྱུང་བར་རིགས། །དེ་ལྟར་ལགས་པས་དགྲ་བོ་ལག་གིས་ཟིན། །འཇབ་ནས་བསླུས་པའི་ཆོམ་རྐུན་བདག་གིས་ཟིན། །ད་དུང་བརྫུ་ནས་བསླུ་བའི་ཟོག་པོ་ནི། །ཨེ་མ་བདག་འཛིན་འདི་ཡིན་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་སྐྱོན་རྣམས་ངོས་བཟུང་ཞིང་འཕྲལ་དུ་གཉེན་པོ་ལ་བསླབ་པར་བྱ་ཞིང་སྐྱོན་གཞན་ཡང་། དེ་ཉིད་ལས། ངན་སོང་གསུམ་དུ་སྡུག་ལ་བསྐྱལ་གྱུར་ཀྱང་། །བྲེད་མི་ཤེས་པའི་རྒྱུ་ལ་རྒྱུགས་པ་ཡི། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཚིག་ཕྱི་མ་གཉིས་ཀུན་ལ་དེས་འགྲེས་ཏེ། སྐྱིད་འདོད་ཆིལ་ལ་དེ་རྒྱུ་ཚོགས་མི་གསོག །སྡུག་བསྲན་ཆུང་ལ་འདོད་ནག་རྔམས་སེམས་ཆེ། །འདོད་ཐག་ཉེ་ལ་སྒྲུབ་ལ་བརྩོན་འགྲུས་ཆུང་། །བྱ་བྱེད་མང་ལ་གང་ཡང་མཐར་མི་འཁྱོལ། །གསར་འགྲོགས་ཆེ་ལ་ཁྲེལ་གཞུངས་ཕྱི་ཐག་ཆུང་། །ལྟོ་འདུན་ཆེ་ལ་རྐུ་འཕྲོག་ཚོལ་ཁྲོ་རེམ། །ཁ་གསགས་གཞོག་སློང་མཁས་ལ་ཞེ་མུག་ཆེ། །སྡུག་སོག་རེམ་ལ་ཡོད་ཀྱང་སེར་སྣས་བཅིངས། །ཀུན་ལ་བྱས་པ་ཆུང་ལ་སྡུག་ཡུས་ཆེ། །རང་ལ་ཁྱེར་ཁ་མེད་ལ་རྔམ་པོ་ཆེ། །སློབ་དཔོན་མང་ལ་དམ་ཚིག་ཁུར་ཤེད་ཆུང་། །སློབ་མ་མང་ལ་ཕན་འདོགས་སྐྱོང་རན་ཆུང་། །ཁས་བླངས་ཆེ་ལ་ཕན་པའི་ཉམས་ལེན་ཆུང་། །སྙན་པ་ཆེ་ལ་བརྟགས་ན་ལྷ་འདྲེས་ཁྲེལ། །ཐོས་རྒྱ་ཆུང་ལ་སྟོང་སྐད་རྦད་ཁམ་ཆེ། །ལུང་རྒྱ་ཆུང་ལ་མི་རྟོག་དགུ་ལ་རྟོག །འཁོར་གཡོག་མང་ལ་འཁུར་མཁན་སུ་ཡང་མེད། །དཔོན་པོ་མང་ལ་རྒྱབ་རྟེན་མགོན་དང་བྲལ། །གོ་ས་མཐོ་ལ་ཡོན་ཏན་འདྲེ་བས་ཆུང་། །བླ་མ་ཆེ་ལ་ཆགས་སྡང་བདུད་བས་རྩུབ། །ལྟ་བ་མཐོ་ལ་སྤྱོད་པ་ཁྱི་བས་ངན། །ཡོན་ཏན་མང་ལ་གཞི་མ་རླུང་ལ་ཤོར། །ཞེ་འདོད་ཐམས་ཅད་རང་གི་ཕུགས་སུ་ཞུགས། །གྱམ་སྐོར་ཐམས་ཅད་དོན་མེད་བཞད་གད་བྱེད། །ངུར་སྨྲིག་གྱོན་ནས་སྲུང་སྐྱོབ་འདྲེ་ལ་ཞུ། །སྡོམ་པར་བླངས་ནས་སྤྱོད་ལམ་བདུད་དང་བསྟུན། །བདེ་སྐྱིད་ལྷ་ཡིས་བྱིན་ནས་སྡུག་འདྲེ་མཆོད། །འདྲེན་པ་ཆོས་ཀྱིས་བྱས་ནས་དཀོན་མཆོག་བསླུ། །རྟག་ཏུ་དགོན་པ་བརྟེན་ནས་གཡེང་བས་ཁྱེར། །དམ་ཆོས་གཙུག་ལག་ཞུས་ནས་མོ་བོན་སྐྱོང་། །ཚུལ་ཁྲིམས་ཐར་ལམ་བོར་ནས་ཕ་ཁྱིམ་འཛིན། །བདེ་སྐྱིད་ཆུ་ལ་ཕོ་ནས་སྡུག་བསྔལ་བསྙེན། །ཐར་པའི་ལམ་བཟང་བོར་ནས་བས་མཐའ་འགྲིམ། །མི་ལུས་རིན་ཆེན་རྙེད་ནས་དམྱལ་ཁམས་སྒྲུབ། ཆོས་ཀྱི་འགྱུར་ཁྱད་བཞག་ནས་ཚོང་ཁེ་སྒྲུབ། །བླ་མའི་ཆོས་གྲྭ་བཞག་ནས་གྲོང་ཡུལ་འགྲིམ། །རང་གི་འཚོ་བ་བཞག་ནས་འདུ་སྒོོ་འཕྲོག །རང་གི་ཕ་ཟས་བཞག་ནས་གཞན་ལ་རྐུ། །ཨེ་མ་སྒོམ་སྲན་ཆུང་ལ་མངོན་ཤེས་རྣོ། །ལམ་སྣ་མ་ཟིན་དོན་མེད་རྐང་པ་མགྱོགས། །ཕན་པར་བསླབས་ན་སྡང་སེམས་དགྲ་རུ་འཛིན། །མགོ་བསྐོར་བསླུས་ནས་སྙིང་མེད་དྲིན་དུ་གཟོ། །ནང་མིར་བརྟེན་ན་སྙིང་གཏམ་དགྲ་ལ་འཆད། །ཕེབས་པར་འགྲོགས་ན་ཁྲེལ་མེད་བློ་སྙིང་རྐུ། །ཀོ་ལོང་དམ་ལ་རྣམ་རྟོག་ཟུར་མགོ་རགས། །འགྲོགས་པར་དཀའ་ལ་གཤིས་ངན་རྒྱུན་དུ་བླང་། །བཅོལ་ན་མི་ཉན་བཀོལ་ན་གནོད་པ་སྐྱེལ། །བསྟན་ན་མི་འདུད་རྒྱང་ན་རྩོད་པ་འཆང་། །བཀའ་བློ་མི་བདེ་རྟག་པར་འགྲོགས་པར་དཀའ། །ཕོག་ཐུག་མང་ལ་རྟག་ཏུ་འཛིན་པ་དམ། །མཐོང་དམན་ཆེ་ཞིག་དམ་པ་དགྲ་རུ་འཛིན། །འདོད་ཆགས་ཆེ་བས་གཞོན་ནུ་དང་དུ་ལེན། །ཕྱི་ཐག་ཐུང་བས་སྔར་འགྲོགས་རྒྱང་དུ་འཕེན། །གསར་འགྲོགས་ཆེ་བས་ཀུན་ལ་ཁ་བྲོད་གཏིང་། །མངོན་ཤེས་མེད་པས་བརྫུན་སྐྱོན་དང་དུ་ལེན། །སྙིང་རྗེ་མེད་པས་བློ་གཏད་སྙིང་ལ་འབྲབ། །ཐོས་པ་ཆུང་བས་ཀུན་ལ་སྤར་ཚོད་བྱེད། །ལུང་རྒྱ་ཆུང་བས་ཡོངས་ལ་ལོག་ལྟ་སྐྱེ། །ཆགས་སྡང་གོམས་པས་གཞན་ཕྱོགས་ཡོངས་ལ་སྨོད། །ཕྲག་དོག་གོམས་པ་གཞན་ལ་སྒྲོ་སྐུར་འདེབས། །སློབ་གཉེར་མ་བྱས་རྒྱ་ཆེར་ཁྱད་དུ་གསོད། །བླ་མ་མ་བསྟེན་ལུང་ལ་སྨོོད་པར་བྱེད། །སྡེ་སྣོད་མི་འཆད་རང་བཟོ་རྫུན་དུ་བསྒྲིགས། །དག་སྣང་མ་འབྱོར་ལབ་ཚད་འབར་ཤར་སྨྲ། །ཆོས་མིན་ལས་ལ་སྨོད་པར་མི་བྱེད་པར། །ལེགས་བཤད་ཡོངས་ལ་སུན་འབྱིན་སྣ་ཚོགས་གཏོང་། །ངོ་ཚའི་གནས་ལ་ངོ་ཚར་མི་འཛིན་པར། །ངོ་མི་ཚ་ལ་ངོ་ཚའི་ཆོས་ལོག་འཛིན། །བྱས་ན་རུང་བ་གཅིག་ཀྱང་མི་བྱེད་པར། །མི་རིགས་བྱ་བ་ཐམས་ཅད་བྱེད་པ་ཡི། །ཕུང་བྱེད་རྟོགས་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །ཞེས་དང་། བློ་སྦྱོང་སེམས་དཔའི་རིམ་པ་ལས། །རྣམ་རྟོག་བདུད་ཀྱི་རྒྱལ་པོ་ཡིན། །གཤིས་ངན་ལས་ཀྱི་གཤིན་རྗེ་ཡིན། །རང་འདོད་དུག་གི་སྡོང་པོ་ཡིན། །སྐྱོན་རྣམས་སེམས་དང་ལེ་ལོ་ཅན། །ཚེ་འདིའི་ཆེ་ཐབས་བསླུ་བྲིད་ཡིན། །སྲུང་སྐྱོབ་མང་པོ་མགོ་བསྐོར་ཡིན། །ལྷ་འདྲེ་མང་པོ་རྫུན་བྲིད་ཡིན། །རྣམ་རྟོག་དགྲ་རུ་མ་ལངས་ཤིག །བྱས་པའི་ལས་ལ་ཟིན་པ་མེད། །སྐྱོང་བའི་འཁོར་ལ་ཁྲེལ་གཞུངས་མེད། །བསགས་པའི་ནོར་ལ་སྙིང་པོ་མེད། །ཕུང་ཤིག་གཞལ་གྱིས་ཐོབ་ཅིག་ཨ། །འཆི་བདག་རང་གི་སྙིང་ལ་གནས། །སྲོག་ནི་རང་གིས་གཅོད་པར་བྱེད། །དུག་ཆུ་རང་གིས་འཐུང་བར་བྱེད། །ངེས་པར་བདུད་འདི་སོམས་ཤིག་ཨ། །ཞེས་དང་། ཚེ་འདིའི་ཁ་འཛིན་ཤགས་འདེབས་ཀྱིས། །འདྲེ་རྟོག་ཟུར་མགོ་སུ་བས་རགས། །ན་ཚ་སྡུག་བསྔལ་སུ་བས་མང་། །གཟེར་ཟུགས་སྡུག་བསྔལ་ནད་དུ་ཆེ། །ཚ་གྲང་སྡུག་བསྔལ་དམྱལ་བ་འདྲ། །དབུལ་ཕོངས་སྡུག་བསྔལ་སུ་བས་ཆེ། །བཀྲེས་སྐོམ་འཇིགས་སྐྲག་ཡི་དྭགས་འདྲ། །དུག་སྦྲུལ་ཁྱི་སྨྱོན་ཉིད་དང་མཚུངས། །ཡོད་ན་ཡོད་པ་སྐྱོང་ཕྱིར་སྡུག །མེད་ན་མེད་པ་འཚོལ་ཕྱིར་འཁྱམས། །གང་ལྟར་བྱས་ཀྱང་སྡུག་བསྔལ་གསོས། །ཅི་ལྟར་བྱས་ཀྱང་སྐབས་དོན་སྟོར། །རྩ་བ་བདག་འཛིན་ཆེས་པས་ལན། །སྡུག་བསྲན་སྙིང་རུས་ཆུང་བས་ལན། །བྱམས་པའི་ཞིང་ས་རལ་བས་ལན། །སྙིང་རྗེའི་རྩ་བ་ཆད་པས་ལན། །སེམས་བསྐྱེད་དགེ་བ་སྟོར་བས་ལན། །མ་རབས་གྲོགས་ལ་བརྟེན་པས་ལན། །ཞེས་གསུངས། དེ་ལྟ་བུའི་གཤིས་ངན་བདག་ཏུ་འཛིན་པའི་རྣམ་རྟོག་གི་སྐྱོན་ནམ་ཉེས་དམིགས་རྣམས་ངོས་ཟིན་པར་བྱས་ནས་གཉེན་པོ་འཕྲལ་དུ་བརྟེན་དགོས་ཏེ། དེ་ལྟར་མ་བརྟེན་ན་སྔར་ཡང་ཕུང་མོད་ད་དུང་ཡང་ཕུང་ཚབས་དེ་བས་ཀྱང་ཆེ་བ་འབྱུང་སྟེ། དེ་ཉིད་ལས། ཀ་ཡེ་ཐོག་མ་མེད་དུས་ནས། །ད་དུང་བདག་རྒྱུད་མ་ཐུལ་བས། །གཤིས་ངན་བདུད་ཀྱི་ཁང་པ་ན། །ཉོན་མོངས་ལས་ཀྱི་ཕོ་ཉ་འཁོར། །ཁྱོད་ཀྱིས་ཕ་མ་མ་བསམས་པས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ཀྱང་། །ད་དུང་བག་ཕེབས་བདེ་གྱུར་ཏེ། །གཉེན་པོའི་གོ་ཆ་མི་གོན་ཨ། །དེ་ནི་གྱོད་བརྡལ་ཆེན་པོ་ཡིན། །ཕྱིན་ཆད་བཟློག་པའི་གོ་བ་ལོངས། །བདག་འཛིན་འགོང་པོ་མ་ཐུལ་ན། །ཕ་མའི་སྲོག་ལ་གྲབ་པོ་ཨ། །རང་གི་བདེ་སྐྱིད་འཇོམས་ངེས་ཨ། །འཁོར་བའི་གཏིང་རྡོ་མཆིའོ་ཨ། །གཤིས་ངན་རང་མགོ་མ་འཆིང་ན། །ཐམས་ཅད་དགྲ་བོར་ལངས་གྱུར་ཏེ། །དུག་མདའ་སྙིང་ལ་ཟུག་པའི་ཚེ། །ངེས་པར་ཕུང་བར་མཆིའོ་ཨ། །རང་འདོད་ཁྱི་རྐུན་མ་ཕྱུང་བར། །གཉེན་པོའི་སྒོ་ཆ་དམ་གྱུར་ཀྱང་། །ནང་དུ་ཕུང་ཁྲོལ་བྱུང་བའི་ཚེ། །སྨན་ཆང་དུག་དུ་འཆོར་རོ་ཨ། །དུག་ལྔའི་སྲོག་རྩ་མ་ཆོད་པར། །ལེ་ལོ་བློ་རྒྱ་བསྐྱེད་གྱུར་ཀྱང་། །ཚེ་ཐུང་རླུང་གིས་ཁྱེར་བའི་ཚེ། །སྙིང་ནས་འགྱོད་པ་མཆིས་སོ་ཨ། །དེ་ནི་བསླབ་བྱ་ཆེན་པོ་ཡིན། །ཞེས་དང་། སྐྱེ་བ་གཏན་གྱི་ས་བོན་དེ། །ཚེ་ཐུང་འདི་ལ་སྒྲུབ་དགོས་ན། །ལོང་ཡོད་བརྟེན་པའི་སྙིང་མེད་པ། །གདོན་འདི་གང་གིས་བསླད་པ་ཡིན། །སྔར་ཡང་སྐྱིད་འདོད་ཆེས་པས་ཕུང་། །ད་ལྟར་ཡིན་མོད་ཟུར་མགོ་རག །ད་དུང་གཤིས་ངན་མ་སྤངས་ན། །རྒྱུད་འདིས་ཤིན་ཏུ་ཕུང་བ་ཡིན། །ད་དུང་གཞན་དོན་མ་བསམས་པར། །ང་དགོས་འབའ་ཞིག་བརྟེན་བྱས་ན། །རང་གཞན་ཐམས་ཅད་མགོ་བསྐོར་ནས། །མནར་མེད་གནས་སུ་ངེས་པར་འཇུག །ཅེས་གསུངས། གཉེན་པོ་ཇི་ལྟར་བརྟེན་པའི་ཚུལ་ཡང་། དེ་ཉིད་ལས། ཉོན་མོངས་རྣམ་རྟོག་སྐྱེས་པའི་ཚེ། །རྒྱ་ཁྲས་བྱེའུ་དེད་པ་ལྟར། །དམིགས་སུ་བཀོད་ལ་བཀར་དེད་གྱིས། །ལག་ཏུ་ཟིན་ཏེ་བརླག་པར་གྱིས། །ངན་རྟོག་སྙིང་ལ་ཞེན་པའི་ཚེ། །དགྲ་རྐུན་ངོས་འཛིན་བྱེད་པ་ལྟར། །དབྱིབས་དང་སྤུ་རིས་ཕྱེ་མཛོད་ལ། །ཕྱིན་ཆད་རྟོག་པ་མེད་པར་གྱིས། །བཟང་རྟོག་དགྲ་རུ་ལངས་པའི་ཚེ། །གཤེད་མ་བུར་བརྫུས་ཟིན་པ་ལྟར། །ཟིན་མ་ཐག་ཏུ་མགོ་གནོན་ལ། །སྲོག་གཅོད་རྟོག་པ་མེད་པར་གྱིས། །སྐྱིད་འདོད་ལེ་ལོ་བྱུང་བའི་ཚེ། །སྟོན་གཡོག་གཉིད་ལོག་བསླངས་པ་ལྟར། །བསྡད་པའི་སྐབས་མེད་དྲག་འཆུན་གྱིས། །རྣམ་གྲོལ་ལས་ལ་འདའ་བར་བྱ། །ཚེ་འདིའི་ཆེ་ཐབས་སྒྲུབ་པའི་ཚེ། །སྲིན་པོ་མི་ཟན་མཐོང་བ་ལྟར། །ལྡང་ཞིང་ལས་དེའི་འཕྲོ་བཞག་ལ། མི་ཁོམ་བརྒྱད་ལས་རྒྱང་རིང་བྲོས། །ཟླ་དང་གཡེང་བས་ཁྱེར་བའི་ཚེ། །གཡུལ་ངོར་མི་རོ་མཐོང་བ་ལྟར། །གྲོགས་དང་བཅས་ལ་རབ་སྤང་ཞིང་། དབེན་པའི་ནགས་ཁྲོད་བརྟེན་པར་བྱ། །ཆགས་སྡང་བདུད་ཀྱིས་གཡེངས་པའི་ཚེ། །ཁྱི་སྨྱོན་དུག་སྦྲུལ་མཐོང་བ་ལྟར། །འཁོར་བའི་བདེ་ལ་རྒྱབ་ཕྱོགས་གྱིས། །བཙན་ས་མྱང་འདས་དབྱིངས་སུ་བྲོས། །རྟག་འཛིན་བཙོན་རར་བསྡམས་པའི་ཚེ། །རྒྱལ་པོས་དོང་དུ་མནར་བ་ལྟར། །ནམ་འཆི་ཆ་མེད་རབ་བསམས་ལ། །ཡིད་འབྱུང་སྐྱོ་ཤས་དྲག་པོ་བརྟེན། །ཐོས་བསམ་ལོ་འདོད་ཤོར་བའི་ཚེ། །ཟློས་གར་མཁན་གྱིས་བཤད་པ་ལྟར། །ལག་ལེན་མེད་པར་རབ་བསམས་ནས། །རང་ལ་ཁྲེལ་བདས་ཆེན་པོ་བྱ། །ཉིན་མཚན་ཆོས་ལ་འབད་གྱུར་ཀྱང་། །ད་དུང་སྐྱ་དྲི་མ་ཡལ་ན། །བདུད་ཀྱིས་ཁྱེར་བར་རབ་བསམས་ལ། །བཟློག་སྟེ་གཉེན་པོ་བརྟེན་པར་བྱ། །བྱས་པ་ཆོས་ལ་བསམ་གྱུར་ཀྱང་། །ཅི་བྱས་ལོག་པར་སོང་གྱུར་ན། འགོང་པོས་ཁྱེར་བར་རབ་བསམ་ལ། །ངེས་པར་དཀོན་མཆོག་ར་མདའ་སྦྲན། །བླ་མའི་གྲྭ་སར་བསྡད་གྱུར་ཀྱང་། །མཁན་སློབ་གྲོགས་པོ་ལྟར་བཅོས་པའི། །ཆོས་པ་ཆགས་སྡང་གསོག་གྱུར་ན། །བདུད་ལས་བསམས་ལ་ནགས་ཁྲོད་བརྟེན། །རྩེ་གཅིག་སྒོམ་སྒྲུབ་བྱས་གྱུར་ཀྱང་། །ད་དུང་གྲོལ་ཆ་མ་རྙེད་ན། །ཐོས་པས་གྲོལ་ས་མ་རྙེད་སྐྱོན། །བསམས་ལ་བཟློག་སྟེ་ཟབ་མོ་བལྟ། །ཞེས་དང་། མཁས་པས་དགྲ་བོ་འཇོམས་འདོད་ན། །དང་པོ་ང་བདག་ཁྱད་དུ་གསོད། །གང་གིས་སྐུར་བ་བཏབ་གྱུར་ཀྱང་། །དེ་ལ་དག་ཚངས་རྣམ་མི་བྱེད། །གང་གིས་གནོད་པ་བསྐྱལ་གྱུར་ཀྱང་། །ཁ་འཛིན་ཤགས་འདེབས་ཡང་མི་བྱེད། །ལུས་སྲོག་ལོངས་སྤྱོད་བྲལ་གྱུར་ཀྱང་། །རང་གི་བསགས་པས་ལན་ནོ་ཞེས། །ལྷག་པར་རང་ལ་སྙིང་ཚིམ་བགྲངས། །གང་གིས་འདྲེ་གདོན་རྦད་གྱུར་ཀྱང་། །དེ་ལ་འཁུ་འཕྲིག་མི་བྱ་སྟེ། །གཞན་གྱི་བསམ་པ་ཚིམ་པར་བྱ། །མི་ཕོད་བསམ་པ་བརྫི་བ་སྟེ། །སྲིང་དང་འདྲ་བའི་འཁོར་ལ་སོགས། །ཤ་ལ་བརྩེ་བ་འཕྲོག་གྱུར་ཀྱང་། །རང་ལ་འགལ་མེད་སྙིང་ཚིམ་བགྲངས། །ཡོན་བདག་དྲིན་ལན་ལོག་འཇལ་ཚེ། །སྐད་ཅིག་ཙམ་ཡང་མི་འཁྲུགས་པར། །བཟོད་བསྐུལ་བཀའ་དྲིན་དྲན་པར་བྱ། །ད་ནི་སྡིག་པ་སྤོང་བའི་ཐབས། །ཞེ་སྡང་མེད་པར་དགྱེ་པར་བྱ། །དེ་ལྟར་བཀར་གྱིན་བྱམས་པ་བསྒོམས། །རང་ལ་སྙིང་ཚིམ་ཐེ་ལེས་བཏབ། །དེ་ལྟར་བཟོད་པ་མ་ཐོབ་བར། །གྲོགས་ནི་གཤིས་ངན་དག་དང་འགྲོགས། །དེ་ལ་དམིགས་རྐྱེན་རབ་བྱས་ནས། །འཁོར་བ་ལ་ནི་སྐྱོན་བསམ་ཞིང་། །སྙིང་རྗེ་ཆེན་པོ་ལྷག་པར་བསྒོམས། །གནས་མལ་ས་ཕུག་གད་སྐྱིབས་དང་། །ཁང་ཧྲུལ་ཐིགས་པ་འཛག་པ་དང་། །ལྷ་ཁང་ཕྱུགས་ལྷས་འབྲོག་སྟོང་དང་། །གཅོང་རོང་ཡིད་མི་བདེ་བར་བསྡད། །དེ་ཚེ་ཤེས་པ་མི་དགའ་ཞིང་། །ཀླུང་དུ་བསྡད་ན་རི་ལ་འགྲོ། །དེར་ནི་སྡོད་སྙིང་མི་འདོད་དེ། །བསེ་དང་སྐྱིབས་དང་བཟུར་ལ་སྙེགས། །ཡང་ཡང་སྡོད་ས་རབ་སྤོ་ཞིང་། །ཤེས་པ་མི་དགའ་སྐྱེ་བ་ན། །རང་ལ་ཤགས་འདེབས་འདི་ལྟར་བྱ། །ཁྱོད་ཀྱི་ཤེས་སྤྱོད་འདི་འདྲ་ན། །གནས་མལ་འདི་ཡང་ཡང་རབ་ཡིན། །བློ་སེམས་འདི་ཀུན་བདེ་མོ་ཡིན། །གཞན་དུ་ཁྱོད་ཀྱི་སྡུག་བསྲན་འདིས། །དམྱལ་བར་མ་སྐྱེས་ཁར་རྗེ་ཆེ། །བཙོ་བ སྲེགས་མ་མྱོང་ཁར་རྗེ་ཆེ། །ཡི་དྭགས་བཀྲེས་སྐོམ་གྲོང་ཁྱེར་དུ། །བསྐལ་པར་མ་སྐྱེས་ཁ་རྗེ་ཆེ། །མི་གཙང་སྲིན་བུའི་གྲོང་ཁྱེར་དུ། །འདམ་རྫབ་ཆེན་པོར་རབ་འཕྱོ་ཞིང་། །བསྐལ་པར་མ་སྐྱེས་ཁ་རྗེ་ཆེ། །གཞན་ཡང་འཇིགས་པ་རབ་བསམ་ཞིང་། །བདག་ལ་ཁྲེལ་བདས་ཆེན་པོ་བྱ། །ལྟོ་ལ་གྱོང་བསྐུར་དཀའ་ཐུབ་བྱ། །གོས་ལ་གྱོང་བསྐུར་དམའ་ཆ་བཟུང་། །བདེ་སྐྱིད་ཁྱད་གསོད་གཉེན་པོ་བསྒོམ། །བྱ་བྱེད་ལིང་བསྐྱུར་བྱར་མེད་བརྟེན། །ཅི་བྱེད་བྱང་ཆུབ་གྲོགས་སུ་བསྒྱུར། །ཞེས་དང་། ད་ནི་སུ་ལའང་རེ་མ་ཆེ། །ཕྱི་ནང་གང་ལའང་དོགས་མ་འཆའ། །དོན་མེད་རྟོག་པའི་སྔོན་མ་བསུ། །སྔར་བྱས་ངན་པའི་རྗེས་མ་བཅད། །བདག་འཛིན་བྱེད་རེ་ཞེ་མནའ་སྐྱོལ། །ངན་ཤགས་བྱེད་རེ་ཞེ་མནའ་སྐྱོལ། །མི་ལ་འཇུག་རེ་ཞེ་མནའ་སྐྱོལ། །འདོད་དོན་སེམས་རེ་ཞེ་མནའ་སྐྱོལ། །ཇོ་བོ་སེམས་ཅན་མང་བསམས་ལ། །སྡུག་བྱུར་ཐམས་ཅད་རང་གིས་ཁུར། །དུཿཁ་ཐམས་ཅད་རང་གིས་ལོངས། །ཁྲེལ་བདས་ཆེན་པོ་རང་ལ་གྱིས། །སོམས་ཤིག་སོམས་ཤིག་འཇིགས་པ་སོམས། །བཟློག་ཅིག་སྔར་བྱས་ལས་ངན་ཟློག །དེ་ལྟར་ཉོན་མོངས་རབ་ཆོད་ལ། །ཕྱི་ནང་དུས་སྐབས་ཐམས་ཅད་དུ། །བདག་འཛིན་དུཿཁ་མ་བཟུང་ཞིག །ལས་ངན་གསོག་ན་ཁྲིམ་དུ་སྒྲོགས། །ངོ་ལྐོག་བྱས་ན་ཁ་དམན་ཕོབ། །ནང་དབྱེན་བྱས་ལ་ནང་མཚང་ཤིག །སྤྱོད་ངན་དགུགས་ལ་ཐེ་ལེས་ཐོབ། །གཙང་རྟོག་སྐྱེས་ཚེ་མཛེ་རོས་འདུལ། །གདོན་རྟོག་སྐྱེས་ཚེ་གཉེན་དགུ་འགྲིམ། །སྐྱུག་བྲོ་སྐྱེས་ཚེ་རྣག་ཁྲག་འཇིབ། །ཁ་རྒྱང་མ་ཆེ་བདག་འཛིན་འདུལ། །བྱིན་རླབས་མ་ཞུ་འདྲེ་ལ་བྱིན། །མཐུ་བོ་ཆེ་ལ་བློ་མ་གཏད། །མོ་བོན་དག་ལ་བློ་མ་དབབ། །དྲག་སྔགས་དག་ལ་སེམས་མ་གཏད། །རྫས་དང་ལིང་ག་རང་ལ་བྱོས། །ཞེས་གསུངས། ཁྱད་པར་དུའང་ཉེས་པ་དེ་དག་ཐོག་མེད་ནས་ལུས་ལ་བདག་འཛིན་ཞུགས་པས་ལན་ཏེ། སྡུག་བསྔལ་དང་འཇིགས་པ་ཐམས་ཅད་ཀྱི་འབྱུང་གནས་རྣག་ཁྲག་ཆུ་སེར་སོགས་མི་གཙང་བའི་སྐྱལ་བ། བཟོད་སྲན་ཅུང་ཟད་མེད་པའི་ཉམ་ཆུང་ཆུ་བུར་ལྟ་བུའི་ལུས་འདི་ལ་གཅེས་པར་བཟུང་ཞིང་ཇི་ཙམ་དུ་བསྲུང་བ་དེ་ཙམ་གྱི་གནོད་པ་དང་སྡུག་བསྔལ་འབྱུང་བ་ཡིན་ཏེ། །སྤྱོད་འཇུག་ལས། ཇི་ལྟ་ཇི་ལྟར་ལུས་འདི་ནི། །ཡོངས་སུ་སྐྱོང་བར་བྱེད་གྱུར་པ། །དེ་ལྟ་དེ་ལྟར་ཤིན་ཏུ་ནི། །བཟེ་རེ་ཅན་གྱུར་ཉིད་དུ་ལྷུང་། །ཞེས་དང་། ཤུ་བ་མི་ཡི་གཟུགས་འདྲ་བ། །རེག་ཏུ་མི་བཟོད་སྡུག་བསྔལ་ཅན། །སྲེད་ལྡོངས་བདག་གིས་བཟུང་གྱུར་ན། །དེ་ལ་གནོད་པ་སུ་ལ་ཁྲོ། །བྱིས་པ་སྡུག་བསྔལ་མི་འདོད་ཅིང་། །སྡུག་བསྔལ་རྒྱུ་ལ་བརྐམས་པས་ན། །རང་གི་ཉེས་པས་གནོད་གྱུར་པ། །གཞན་ལ་བཀོན་དུ་ཅི་ཞིག་ཡོད། །ཅེས་གསུངས། དེ་ལྟར་ཤེས་ནས་ལུས་ལ་དགྲར་བལྟས་ཏེ་ལུས་ཀྱི་བདག་འཛིན་གཞོམ་དགོས་པར་བསྟན་པའང་། དེ་ཉིད་ལས། བདག་ལུས་གང་ལ་ཆགས་པ་ཡི། །འཇིགས་གནས་ཆུང་ལ་འཇིགས་སྐྱེ་བ། །འཇིགས་པ་སྐྱེ་བའི་ལུས་འདི་ལ། །སུ་ཞིག་དགྲ་བཞིན་སྡང་མི་བྱེད། །ལུས་གང་བཀྲེས་དང་སྐོམ་སོགས་ནད། །གསོ་བའི་ཆོ་ག་བྱེད་འདོད་པས། །བྱ་དང་ཉ་དང་རི་དྭགས་སོགས། །གསོད་པར་བྱེད་ཅིང་ལམ་སྒུག་བྱེད། །གང་ཞིག་ཁེ་དང་རི མ་གྲོའི་ཕྱིར། །ཕ་དང་མ་ཡང་གསོད་བྱེད་ཅིང་། །དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས། །དེས་ནི་མནར་མེད་བསྲེག་འགྱུར་ན། །མཁས་པ་སུ་ཞིག་ལུས་དེ་ལ། །འདོད་ཅིང་བསྲུང་དང་མཆོད་བྱེད་ཀྱི། །འདི་ལ་སུ་ཞིག་དགྲ་བཞིན་དུ། །ལྟ་བར་མི་བྱེད་བརྙས་མི་བྱེད། །ཅེས་གསུངས། དེས་ན་ཐོག་མ་མེད་པ་ནས་ལུས་འདིའི་དོན་དུ་དེ་ཙམ་དུ་འབད་ཀྱང་དོན་མེད་འབའ་ཞིག་ཏུ་ཟད་དེ། ལེགས་པར་བརྟགས་ན་ལུས་རང་གི་ངོ་བོ་ནི་བེམ་པོར་འདུག་པས་ཕན་གནོད་ཅི་བྱས་ཀྱང་དགའ་སྡུག་མི་འདུག །སེམས་ནི་དངོས་མེད་སྟོང་པར་འདུག་པས་ནམ་མཁའ་བཞིན་དུ་བདེ་སྡུག་གི་རྟེན་དུ་མི་རུང་། དེས་ན་ད་ལྟར་ཀུན་རྫོབ་ཏུ་སྣང་བ་འདི་ཀུན་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་ཙམ་སྟེ། དོན་ལ་མེད་ཅིང་སྐད་ཅིག་གི་སྐྱེ་འགག་བྱེད་པ་རྨི་ལམ་དང་སྒྱུ་མ་ལྟ་བུ་ལ། དེ་ལྟར་མ་ཤེས་པས་དེ་སྔོན་དོན་མེད་ཀྱི་ངལ་བ་དེ་ཙམ་བྱས་འདུག་སྙམ་དུ་རང་ལ་རྔན་བགྲང་ནས། གཉེན་པོ་སྤྱི་དང་ཁྱད་པར་གཏོང་ལེན་གྱི་དམིགས་པ་གནད་དུ་གང་འགྲོ་བྱས་ཏེ་བདག་གཅེས་འཛིན་གྱི་འགོང་པོ་འདི་ད་རེས་ཅི་ཐུལ་བྱ་དགོས་ཏེ། ཞི་བ་ལྷས། ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ན། །རྣམ་པ་སྟོང་དུ་སྲན་གཟུག་སྟེ། །ཝ་ལ་སོགས་པས་སེང་གེ་བཞིན། །ཉོན་མོངས་ཚོགས་ཀྱིས་མི་ཚུགས་བྱ། །ཉམ་ང་ཆེ་ཐང་བྱུང་གྱུར་ཀྱང་། །མི་ཡི་མིག་ནི་སྲུང་བ་ལྟར། །དེ་བཞིན་ཉམ་ང་བྱུང་གྱུར་ཀྱང་། །ཉོན་མོངས་དབང་དུ་མི་འགྱུར་བྱ། །ཞེས་དང་། བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་སླའི། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱའོ། །ཞེས་གསུངས། ཤ་བོ་བའི་ཞལ་ནས་ཀྱང་། ད་རེས་ཀྱི་ཚེ་ཐུང་འདི་ལ། འགོང་པོ་འདི་ཅི་ཐུལ་བྱ་འཚལ་གསུངས། ཡང་རང་དོན་བསྒྲུབ་པའི་བསམ་སྦྱོར་ལ་མི་སྐྱའི་མིང་དང་། གཞན་དོན་བསྒྲུབ་པའི་བསམ་སྦྱོར་ལ་ཆོས་པའི་མིང་གིས་བཏགས་ལ། དགེ་བའི་བཤེས་གཉེན་འབན་གྱི་ཕྱག་ལེན་ལྟར་སྤང་བླང་བྱ་དགོས་ཏེ། དེ་ཡང་། དགེ་བཤེས་འབན་གྱི་ཞལ་ནས། ང་ནི་སེམས་ཀྱི་མཁར་སྒོར་གཉེན་པོའི་མདུང་ཐུང་གཅིག་མནན་ལ་བསྡད་པ་མིན་པ་གཞན་བྱ་རྒྱུ་མེད། ཁོ་སྒྲིམ་ན་ང་ཡང་བསྒྲིམ། ཁོ་གློད་ན་ང་ཡང་གློད་གསུངས། བདག་འཛིན་ལ་དགྲར་བལྟས་ནས་སྤོང་བ་འདི་ལ། ཤ་བོ་བའི་ཞལ་ནས། འགོང་པོ་འགོང་རྫོངས་ཀྱི་ཆོས་ཞེས་གསུང་ངོ་། །དེ་ལྟར་བདག་འཛིན་ལ་དགྲར་བལྟས་ནས། གཞན་སེམས་ཅན་རྣམས་ཟུན་དུ་བལྟས་ནས་གཅེས་པར་བཟུང་བའི་ཕྱིར། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམས། ཞེས་གསུངས་ཏེ། སྤྱིར་སེམས་ཅན་ཐམས་ཅད་ཐོག་མ་མེད་ནས་ལན་གྲངས་དཔག་ཏུ་མེད་པར་ཕ་མ་བྱས་པའི་དྲིན་ཆེན་ཤ་སྟག་ཡིན་པས་སྔར་ཡང་དྲིན་ཆེ་སྟེ། སེམས་འགྲེལ་ལས། གང་དག་སྔོན་ཆད་ཕ་མ་དང་། །གཉེན་བཤེས་གྱུར་ཅིང་ཕན་བཏགས་པའི། །སེམས་ཅན་དེ་དག་རྣམས་ལ་ནི། །བྱས་པ་གཟོ་བ་ཉིད་དུ་བྱ། །ཞེས་གསུངས། ད་ལྟར་ཡང་དྲིན་ཆེ་སྟེ། རྟེན་འདིར་ཚེ་རིང་བ་དང་། ནད་མེད་པ་དང་ཆོས་དང་མཇལ་བ་སོགས་ལེགས་ཚོགས་ཅུང་ཟད་མཆིས་པ་འདི་ཐམས་ཅད་སྔོན་སེམས་ཅན་མགུ་བར་བྱས་པ་ལས་བྱུང་བ་ཡིན་ཏེ། རྨི་ལམ་ཡིད་བཞིན་ནོར་བུ་ལས། འདི་ལྟར་ཕན་དང་གནོད་པ་བྱུང་བ་ལས། །བདེ་བ་དང་ནི་སྡུག་བསྔལ་ཚད་མེད་པ། །གཉིས་ཀའི་རྒྱུ་རུ་འགྱུར་བ་དེ་ཕྱིར་ཡང་། །སེམས་ཅན་རྣམས་ནི་བདག་གི་བླ་མ་ཡིན། །ཞེས་དང་། ནད་མེད་པ་དང་རིགས་ནི་ཕུན་སུམ་ཚོགས། །གཟུགས་མཛེས་པ་དང་ཚེ་རིང་དབང་ཕྱུག་དང་། ནོར་ལ་སོགས་དང་ཆུང་མ་སྦས་པ་ནི། །སེམས་ཅན་ཕན་པ་བྱས་པའི་འབྲས་བུ་ཡིན། །ཞེས་དང་། སེམས་འགྲེལ་ལས། འཇིག་རྟེན་བདེ་འགྲོ་ངན་འགྲོ་དང་། །འདོད་དང་མི་འདོད་འབྲས་བུ་དག །སེམས་ཅན་རྣམས་ལ་ཕན་པ་དང་། །གནོད་པ་བྱས་ལས་འབྱུང་བར་འགྱུར། །ཞེས་གསུངས། མ་འོངས་ནའང་དྲིན་ཆེ་སྟེ། མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མཐའ་དག་སེམས་ཅན་ལ་བརྟེན་ནས་འབྱུང་སྟེ། ཀླུ་སྒྲུབ་ཀྱིས། སེམས་ཅན་རྣམས་ལ་དགའ་བར་བྱེད་པ་ཡིས། །རྒྱལ་སྲིད་རྒྱལ་སྲིད་ཆེ་དང་ཡང་དག་གོ །རྒྱལ་སྲིད་འཁོར་ལོས་སྒྱུར་བ་མཆོག་ཉིད་དང་། །དབང་པོའི་གནས་ནི་ཐོབ་པར་འགྱུར་བ་ཡིན། །སྐྱེས་བུ་སེམས་ཅན་ཕན་པར་བྱེད་པ་ཡིས། །སངས་རྒྱས་གོ་འཕང་ཡང་ནི་ཐོབ་འགྱུར་ན། །གང་ཞིག་སྙིང་པོ་མེད་པ་དམན་པའི་ལྷ། །ཐོབ་པ་འདི་ལ་ངོ་མཚར་ཅི་ཞིག་ཡོད། །ཅེས་དང་། སེམས་ཅན་བརྟེན་ན་བླ་མེད་པའི། །སངས་རྒྱས་གོ་འཕང་ཉིད་ཐོབ་ན། །ཚངས་དབང་དྲག་པོ་འཇིག་རྟེན་སྐྱོང་། །ལ་སོགས་ཐོབ་ལ་མཚར་ཅི་ཞིག་ཡོད། །ཅེས་གསུངས། དེར་མ་ཟད་འདི་དག་མགུ་བར་བྱས་པས་སྐྱབས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱང་མཉེས་པར་འགྱུར་བས་དྲིན་ཆེ་སྟེ། མདོ་ལས། སེམས་ཅན་དོན་ཉིད་ང་ལ་གུས་ཡིན་གཞན་ལ་གུས་པས་མིན། །གུས་པའི་ཡང་ང་ཡི་དེ་ལ་སྙིང་རྗེ་མི་སྤོང་བ་ཡིན་ཏེ། །སྙིང་རྗེ་སྤངས་པའི་སྤྱོད་པས་དམན་པར་གྱུར་པ་གང་ཡིན་ལ། སྙིང་རྗེ་ཉིད་ཀྱིས་གནོད་པར་རིགས་ཀྱི་གཞན་གྱིས་མིན། །གང་ཞིག་སེམས་ཅན་རྣམས་ལ་སྙིང་རྗེ་ལྡན་པས་རབ་འཇུག་ན། །དེས་ནི་ང་ལ་མཆོད་ཅིང་བསྟན་པ་གཅེས་པར་རབ་ཏུ་བཟུང་། །ཞེས་དང་། སེམས་ཅན་རྣམས་ལ་མཆོག་ཏུ་ཕན་ན་ང་ལ་མཆོད་མཆོག་ཡིན། །སེམས་ཅན་རྣམས་ལ་གནོད་པའི་མཆོག་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་དག་ནི་བདེ་དང་སྡུག་བསྔལ་མཚུངས་འདོད་པས། །གང་ཞིག་སེམས་ཅན་གནོད་བྱེད་དེ་ནི་ང་ལ་ཇི་ལྟར་མོས། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཀླུ་སྒྲུབ་ཀྱིས། གཞན་ཡང་བཅོམ་ལྡན་འདས་ལ་བདག་དགའ་སྟེ། །གང་ཕྱིར་འདི་དག་ཆེད་དུ་བཅོམ་ལྡན་འདས། །ཤིན་ཏུ་ཡུན་རིང་པོར་ནི་སྐྱོ་གྱུར་པ། །དེས་ཀྱང་བདག་ནི་སེམས་ཅན་རྣམས་ལ་དགའ། །ཞེས་དང་། ཞི་བ་ལྷས། གཞན་ཡང་གཡོ་མེད་གཉེན་གྱུར་ཅིང་། །ཕན་པ་དཔག་མེད་མཛད་རྣམས་ལ། །སེམས་ཅན་མགུ་བྱ་མ་གཏོགས་པ། །གཞན་གང་གིས་ནི་ལན་ལོན་འགྱུར། །ཞེས་དང་། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང། །གང་དག་གནོད་པས་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱི་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་དང་། སེམས་ཅན་མགུ་བྱ་མ་གཏོགས་པ། །རྒྱལ་བ་མཉེས་པའི་ཐབས་གཞན་མེད། །ཅེས་གསུངས། རང་གི་ཚོགས་རྫོགས་པ་དང་སྒྲིབ་པ་སྦྱང་བའི་ཡུལ་ཡང་སེམས་ཅན་ལས་ལྷག་པ་གཞན་མེད་པས་དྲིན་ཆེ་སྟེ། སྤྱོད་འཇུག་ལས། ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། །ཞེས་དང་། དེ་ཕྱིར་སེམས་ཅན་ཞིང་དང་ནི། །རྒྱལ་བའི་ཞིང་ཞེས་ཐུབ་པས་གསུངས། །འདི་དག་མགུ་བྱ་མང་པོ་ཞིག །འདི་ལྟར་ཕུན་ཚོགས་ཕ་རོལ་ཕྱིན། །ཞེས་དང་། བྱམས་སེམས་ལྡན་ལ་མཆོད་པ་གང་། །དེ་ནི་སེམས་ཅན་ཆེ་བ་ཉིད། །སངས་རྒྱས་དད་པའི་བསོད་ནམས་གང་། དེ་ཡང་སངས་རྒྱས་ཆེ་བ་ཉིད། །སངས་རྒྱས་ཆོས་འགྲུབ་ཆ་ཡོད་པས། །དེས་ན་དེ་དག་མཉམ་པར་འདོད། །ཅེས་གསུངས། ཁྱད་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་གྲོགས་སུ་མེད་ཀ་མེད་ཡིན་པས་ཤིན་ཏུ་དྲིན་ཆེ་སྟེ། འཕགས་པ་ཀླུས། གལ་ཏེ་སེམས་ཅན་དེ་དག་མེད་གྱུར་ན། །འདི་ནི་གང་གི་ཆེད་དུ་སྦྱིིན་པ་གཏོང་། །གལ་ཏེ་ལུས་ཅན་རྣམས་ནི་མེད་གྱུར་ན། །གང་ལས་འདུལ་བའི་ཚུལ་ཁྲིམས་ཐོབ་པར་འགྱུར། །ཉེས་པ་བྱེད་པ་ཡང་ནི་གང་ཞིག་ཡིན། །གང་གི་ཆེད་དུ་དཔའ་བོ་བཟོད་པ་བསྒོམས། །གང་ཞིག་མངོན་པར་འདོད་པ་ཐོབ་བྱའི་ཕྱིར། །སུ་ཡི་ཆེད་དུ་བརྩོན་འགྲུས་དེ་དེ་བྱེད། །གལ་ཏེ་ལུས་ཅན་རྣམས་ནི་མེད་གྱུར་ན། །ཇི་ལྟར་བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་དག་ལ་ཡང་དག་བརྟེན་ནས་ནི། །བསམ་གཏན་སྙོམས་འཇུག་བདེ་བ་ཐོབ་པར་འགྱུར། །ཐར་པའི་བདེ་བ་དངོས་དང་དངོས་མེད་ཤེས། །ཁམས་དང་བསམ་པ་བག་ལ་ཉལ་དུ་བརྗོད། །ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་དག །གལ་ཏེ་དེ་དག་མེད་ན་ཇི་ལྟར་ཤེས། །བྱང་ཆུབ་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱིས། །རྒྱུ་ནི་འདི་ལྟར་སེམས་ཅན་རྣམས་ཡིན་པར། །དེ་ཕྱིར་རྫོགས་པའི་བྱང་ཆུབ་འདོད་པ་ཡིས། །སེམས་ཅན་རྣམས་ནི་བླ་མ་བཞིན་དུ་བལྟ། །ཞེས་གསུངས། མདོར་ན། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་ལ་མིན་ཅི་ཡི་ཚུལ། །ཞེས་གསུངས་པ་ལྟར། སངས་རྒྱས་སྒྲུབ་པའི་གང་ཟག་ལ་སངས་རྒྱས་དང་སེམས་ཅན་དྲིན་མཉམ་པའི་ཚོད་ཡིན་པས། དེ་ལྟར་དྲིན་ཆེ་བའི་སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམས་ནས། དེ་དག་གི་སྡིག་སྡུག་བདག་ལ་བླང་ཞིང་། བདག་གི་བདེ་དགེ་དེ་རྣམས་ལ་སྦྱིན་པར་བྱའོ། །ཁྱད་པར་དུ་བདག་ལ་གནོད་པ་བྱེད་པའི་མིའམ་མི་མ་ཡིན་པ་བྱུང་ན། གནོད་བྱེད་འདིས་ཐོག་མ་མེད་པ་ནས་བདག་གི་ཕ་མ་ཉེ་དུ་དཔག་ཏུ་མེད་པར་བྱས་ནས། དེའི་ཚེ་རང་གི་སྡིག་སྡུག་གཏམ་ངན་ལ་མ་འཛེམས་པར་བདག་གི་དོན་བྱེད་བྱེད་པས། ད་ལྟར་འཁོར་བར་འཁོར་ཞིང་སྡུག་བསྔལ་སྣ་ཚོགས་པ་མྱོང་ཞིང་། རང་སྣང་འཁྲུལ་པའི་སྟོབས་ཀྱིས་སྔོན་གྱི་ཉེ་དུ་ཡིན་པར་ངོ་མ་ཤེས་པ་དང་། བདག་གི་ལས་ངན་གྱིས་བསྐུལ་ནས་འདིས་ད་ལྟ་བདག་ལ་གནོད་པའི་སྡིག་པ་བྱས་པས། དེའི་འབྲས་བུས་མ་འོངས་པ་ན་ཡང་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བས་བདག་ལ་བརྟེན་ནས་འདིས་དུས་རིང་པོར་སྡུག་བསྔལ་མྱོང་ཞིང་མྱོང་བར་འདུག་པས་རེ་སྙིང་རྗེ་སྙམ་དུ་བཟོད་གླགས་མེད་པའི་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམ། དེ་ལྟར་བསྒོམས་པས་མི་མ་ཡིན་ལ་ལས་ཀྱིས་བྱས་པའི་མངོན་ཤེས་ཕྲ་མོ་ཡོད་པས་འོ་ཅག་གིས་མར་ཤེས་པ་ཙམ་གྱིས་ཁོས་ཀྱང་བུར་ཤེས་ནས་འོང་། དེ་ལྟར་མ་སྨད་ཀྱི་བསམ་པ་བྱུང་ཙ་ན་གནོད་པ་བྱེད་པ་ག་ལ་འོང་སྟེ། བདག་གིས་ཀུན་ལ་མ་བཞིན་བྱས་ན་ཀུན་གྱིས་བདག་ལ་བུ་བཞིན་བྱེད་པ་ཆོས་ཉིད་ཡིན་པས་དེ་ཙམ་ནས་སྡུག་བསྔལ་ལས་གྲོལ་བར་འགྱུར་ཏེ། སྡུད་པ་ལས། མི་ཡི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པས་བདེན་པའི་བྱིན་གྱིས་ཞི། །ཞེས་གསུངས། དེས་ན་སྔར་ནི་ངས་འདི་ལ་གནོད་པ་འབའ་ཞིག་བྱས་འདུག ད་ནི་འདིའི་གནོད་པ་བསལ་ཞིང་ཕན་པ་བསྒྲུབ་པར་བྱ་སྙམ་དུ་བསམས་ལ་གཏོང་ལེན་དྲག་ཏུ་བསྒོམ། ཁྱད་པར་མིའམ་ཁྱི་ལྟ་བུ་ཡིན་ན། དེ་ལ་དངོས་སུ་ཕན་ཅི་ཐོགས་ལ་འབད་ཅིང་། གང་ལྟར་བྱས་ཀྱང་དངོས་སུ་ཕན་གདགས་མ་ནུས་ན། བསམ་པས་གནོད་བྱེད་འདི་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། སངས་རྒྱས་མྱུར་དུ་ཐོབ་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་ངག་ཏུའང་བརྗོད་པར་བྱའོ། །ཡང་ད་ཕྱིན་ཆད་བདག་གིས་དགེ་བ་ཅི་བྱེད་རྣམས་འདིའི་དོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་བྱ། འདི་གལ་ཆེ་སྟེ། པཎ་ཆེན་ཤཱཀྱ་ཤྲཱིའི་རྣམ་ཐར་བཞིའི་ནང་ནས་ཀྱང་གཙོ་བོ་ཡིན་ཏེ། རྣམ་པར་བཞི་ནི། ཉིན་གཅིག་གི་འཚོ་བ་ལས་ལྷག་པ་བྲེ་གང་ཡང་རང་དོན་དུ་མི་འཛིན་པ་དང་། ཉིན་ཞག་ཕྲུགས་རེ་ལ་ཆོས་སྤྱོད་བཅུ་ཁ་ཚང་རེ་མཛད་པ་དང་། རྐྱེན་ཅི་བྱུང་ཡང་སྟོང་པ་ཉིད་བསྒོམ་པ་མ་གཏོགས་བསྲུང་པ་གཞན་མི་བྱེད་པ་དང་། གནོད་པ་བྱེད་པའི་ལན་དུ་ཕན་འདོགས་པ་དང་བཞིའོ། །ཕྱི་མ་འདི་དང་ཆོས་རྗེ་རྒོད་ཚང་པའི་ཐུགས་དམ་བཅུ་གཉིས་ཀྱི་ཡ་གྱལ་གྱི་གནོད་བྱེད་ལ་ལན་དུ་ཕན་འདོགས་པའི་དམ་བཅའ་མཛད་པ་སོགས་སྐྱེས་བུ་དམ་པ་རྣམས་ཀྱིས་གནོད་ལན་དུ་ཕན་འདོགས་པ་ཕལ་ཆེ་བ་བསམ་པའི་སྒོ་ནས་ཕན་འདོགས་པ་ཡིན། དེ་ཡོད་ན་སྦྱོར་བའི་ཕན་འདོགས་འབད་མེད་དུ་འབྱུང་སྟེ། གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས། དེའི་ཕྱིར་གནོད་བྱེད་ལ་ཕན་སེམས་དྲག་ཏུ་བྱའོ། །འདི་ཡོད་ན་བློ་སྦྱོང་གི་བསླབ་བྱ་དམ་ཚིག་རྣམས་ཀྱང་ཕལ་ཆེར་འདིར་འདུ་བས་གནོད་བྱེད་ལ་ཕན་འདོགས་པའི་དམ་བཅའ་དང་སྨོན་ལམ་རྒྱས་པར་བྱ་སྟེ། རྒྱལ་སྲས་རིན་པོ་ཆེས། སུ་དག་འདོད་ཆེན་དབང་གིས་བདག་གི་ནོར། །ཐམས་ཅད་འཕྲོག་གམ་འཕྲོག་ཏུ་འཇུག་ན་ཡང་། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བ་རྣམས། །དེ་ལ་བསྔོ་བ་རྒྱལ་སྲས་ལག་ལེན་ཡིན། །བདག་ལ་ཉེས་པ་ཅུང་ཟད་མེད་བཞིན་དུ། །གང་དག་བདག་གི་མགོ་བོ་གཅོད་བྱེད་ན། །སྙིང་རྗེའི་དབང་གིས་དེ་ཡི་སྡིག་པ་རྣམས། །བདག་ལ་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །འགའ་ཞིག་བདག་ལ་མི་སྙན་སྣ་ཚོགས་པ། །སྟོང་གསུམ་ཁྱབ་པར་སྒྲོགས་པར་བྱེད་ན་ཡང་། །བྱམས་པའི་སེམས་ཀྱིས་སླར་ཡང་དེ་ཉིད་ཀྱི། །ཡོན་ཏན་བརྗོད་པ་རྒྱལ་སྲས་ལག་ལེན་ཡིན། །འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་འབྲུས་ཤིང་ཚིག་ངན་སྨྲ་ནའང་། དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །བདག་གི་བུ་བཞིན་གཅེས་པར་བསྐྱངས་པའི་མིས། །བདག་ལ་དགྲ་བཞིན་ལྟ་བར་བྱེད་ནའང་། །ནད་ཀྱིས་བཏབ་པའི་བུ་ལ་མ་བཞིན་དུ། །ལྷག་པར་བརྩེ་བ་རྒྱལ་སྲས་ལག་ལེན་ཡིན། །རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡིས། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ན་ཡང་། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། དེས་ན་རེ་ཆེ་ས་ནས་བསླུས་པ་དང་། གནོད་པ་ཆེན་པོ་བྱེད་པ་ལ་སྙིང་རྗེ་དང་ཕན་སེམས་མི་སྐྱེ་ན་བློ་འབྱོང་བ་མ་ཡིན་ཏེ། གླང་ཐང་བའི་ཞལ་ནས། ངའི་བློ་འབྱོངས་མ་འབྱོངས་ཁམས་སུ་སྟོན་པ་ཤེར་འབུམ་ཅན་ཕྱིན་ན་ཤེས། ཁོང་སྙིང་དང་འདྲ་བའི་མཆེད་གྲོགས་ཡིན་པས། ང་བྱུང་བ་ལ་རབ་ཏུ་དགའ་ནས་བསྙེན་བཀུར་ཕུན་ཚོགས་ཡོང་དུ་རེ་བ་ལ། དེ་ལྟར་མི་བྱེད་པར་སླར་བརྡུངས་བརྡེགས་བྱས། ཅི་ཡོད་ཕྲོགས་ཀྱང་དེ་ལ་ཁོང་ཁྲོ་མི་སྐྱེ་ཞིང་སྔར་གྱི་བརྩེ་བ་དེ་མི་འགྱུར་ན་འབྱོང་བ་ཡིན་གསུངས། དེས་ན་དངོས་སུ་གྲགས་ངན་དང་སྐུར་བ་བཏབ་ཀྱང་མི་ཁྲོ་བ་གླང་ཐང་བ་ལྟ་བུ་རེ་བྱེད་དགོས་ཏེ། ཁོང་ལ་ཁྱིམ་བདག་ཕྱུག་པོ་གཅིག་གི་བུ་མ་བསོས་པ་ལ། ཐེངས་གཅིག་བུ་སྐྱེས་པ་ལ་མོ་རྩིས་བྱས་པས་དགེ་བཤེས་བཟང་པོ་གཅིག་གི་བུ་ཡིན་བྱས་ན་བསོས་པར་འདུག་ཟེར་བས། ཁོའི་ཆུང་མས་བུ་དེ་ཁོང་གི་དྲུང་དུ་བཞག་སྟེ། ཁྱེད་རང་གི་བུ་དེ་ན་ཡོད་དོ་བྱས་ནས་འབྲོས་ཐབས་སུ་བྱས་སོང་བས། ཁོང་ཅི་ཡང་མི་གསུང་བར་བུད་མེད་གཞན་ཞིག་ལ་བཅོལ་ནས་བསོས་པས་ཐམས་ཅད་ཐེ་ཚོམ་དུ་གྱུར། ལོ་འགའ་སོང་ཙ་ན་ཕ་མ་གཉིས་འོངས་ནས་བསྙེན་བཀུར་དང་འབུལ་བ་ཆེན་པོ་བྱས་ནས་བུ་བླངས་ཟེར། དགེ་བཤེས་སྣེ་ཟུར་བ་ལའང་ཕྲག་དོག་གིས་དེ་འདྲ་བྱུང་བའི་ལོ་རྒྱུས་ཡོད། མ་ཉེས་ཀྱང་ཉེས་པར་ཁས་བླངས་ན་སྡིག་པ་འཛད་དེ། རྭ་སྒྲེང་དུ་དགེ་སློང་བཟང་པོ་ཞིག་གཅིག་གི་ཇ་བརྡུང་བའི་རྩ་རུ་ཕྱིན་པས། སྡེར་མ་བོར་བའི་ཁག་བྱུང་བས་མཁན་པོ་ལ་བདག་ལ་ཉེས་པ་མེད་པས་གང་དྲག་ཞུས་པས་ཁས་ལོང་ལ་མང་ཇ་སྐོལ་འཇལ་གྱིས་དང་། ད་གཟོད་གཙང་སར་ཡང་ཐོན་པར་འདུག་གིས་གསུངས་པས། ཁོང་གིས་ཀྱང་དེ་ལྟར་བྱས་པས་དེའི་ནུབ་མོ་སྡིག་པ་མང་པོ་དག་པའི་རྟགས་བྱུང་། ཕྱིས་གཞན་ནས་སྡེར་མའི་རྩད་བྱུང་སྟེ་ཁོང་གཙང་སར་ཡང་ཐོན་པས་མཁན་པོ་ལའང་མོས་སུ་སོང་། དེ་ལྟར་བྱས་པ་ལ་དགའ་བ་སྐྱེས་གསུངས། ཡང་གནོད་བྱེད་ལྷ་འདྲེ་ཡིན་ན་ངས་ཐོག་མ་མེད་པ་ནས་ཁྱོད་ཀྱི་ཤ་ཟོས་པ་དང་། ཁྲག་འཐུང་བ་དང་། རུས་པ་མུར་བ་དང་། པགས་པ་གྱོན་པ་སོགས་ཕྱོགས་གཅིག་སྤུངས་ན་སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། གསོད་པ་དང་བརྒྱབ་པ་དང་འཕྲོག་པ་ཡང་གྲངས་ཀྱིས་མི་ཆོད་པ་བྱས་པས་དེའི་ལན་ཆགས་སྙག་ཏུ་བྱུང་བ་བཀའ་དྲིན་ཆེ། ད་ངས་ཀྱང་དེའི་ལན་དུ་བདག་གི་ཤ་ཁྲག་ལ་སོགས་པ་གང་འདོད་ཕངས་པ་མེད་པར་ཁྱེད་ལ་སྦྱིན་པར་བྱའོ་སྙམ་དུ་བ སམས་ལ། གནོད་བྱེད་དེའི་མདུན་དུ་རང་གི་ལུས་བློས་ཁ་ཕྱེ་སྟེ། བདག་གི་ཤ་ཁྲག་རུས་པ་གང་འདོད་པ་ཟོ་ཞིག་སྙམ་དུ་བློས་ལིང་བསྐྱུར་ནས་ངག་ཏུའང་བརྗོད་པར་བྱ་སྟེ། བདག་གི་ཤ་ལ་དགའ་ན་ཤ་ཟོ། ཁྲག་ལ་དགའ་ན་ཁྲག་འཐུང་། རུས་ལ་དགའ་ན་རུས་པ་མུར། པགས་པ་ལ་དགའ་ན་པགས་པ་གྱོན། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། གྲེ་བ་ཡངས་ན་ཁྱུར་མིད་ཀྱིས། གང་འདོད་ཁྱེར། ནམ་དགོས་ལོངས། ཅི་བདེར་སྤྱོད། ཅེས་བརྗོད་ཅིང་སྙིང་ཐག་པ་ནས་དེ་ལྟར་བསམ་པར་བྱ་སྟེ། བློ་སྦྱོང་སེམས་དཔའི་རིམ་པ་ལས། འདྲེ་གདོན་ནད་ཀྱིས་བཏབ་པ་ན། །རྡོ་རྗེ་འཛིན་པ་ལ་སོགས་པའི། །ཁྲོ་བོ་ཐམས་ཅད་ཕྱིར་ལ་ཁྱེད། །མ་ཧཱ་ཀཱ་ལ་ལ་སོགས་པའི། །གཏུམ་པོ་ཐམས་ཅད་ཕ་ཚད་ཁྱེད། །ང་ནི་དེ་རིང་ལན་ཆགས་འཇལ། །སྲུང་སྐྱོབ་ར་མདའ་སྦྲན་རེ་ཤི། །དེ་རིང་འཁོར་འདས་ཤན་ཤུན་འབྱེད། །འདུས་ཤིག་འདུས་ཤིག་ཤ་ཟ་དང་། །དབུགས་ལེན་ཐམས་ཅད་རྩ་འདིར་འདུས། །ཤ་བཤུས་རོགས་ལ་སླེབས་པར་ཤོག །ཤ་བགོས་གྲོགས་ལ་སླེབས་པར་ཤོག །ཁྱེད་རྣམས་ང་ཡི་ཕ་མ་ཡིན། །བུ་ཡི་ཤ་ཁྲག་རོལ་དུ་ཤོག །ཁྱོད་ནི་དྲིན་ཆེན་ཕ་མ་ཡིན། །དེ་རིང་བཟང་ལན་ལེན་དུ་ཤོག །སྔོན་ཆེད་ལུས་སེམས་གཅེས་པར་བཟུང་། །རྒྱུ་དེས་ད་རུང་འཁོར་བར་འཁྱམས། །སྔོན་ཆད་བྱ་དགའ་རང་གིས་ཁྱེར། །རྒྱུ་དེས་ད་རུང་ན་ཚས་བཏབ། །སྔོན་ཆད་གནོད་པ་གཞན་ལ་བསྐྱལ། །རྒྱུ་དེས་ཁུར་པོ་རི་བས་ལྕི། །སྔོན་ཆད་བྱས་པ་འགྱོད་ལུགས་ལ། །ད་ནི་འཁུ་འཕྲིག་བྱེད་རེ་ཤི། །སྔོན་ནི་བདག་འཛིན་བསྲུངས་བསྲུངས་ནས། །ཁ་ཙམ་ཚིག་གི་སྐྱབས་འགྲོ་དྲན། །ད་ནི་སྐྱབས་གསུམ་མཐུ་ཆེ་ཡང་། །ད་ནི་བདག་འདིའི་རྒྱབ་མི་བྱེད། །ཕུང་བྱེད་འདི་ཡི་གཏིང་མ་རྫི། །གལ་ཏེ་ཐུགས་རྗེས་སྐྱབས་བྱེད་ན། །འཛིན་པ་ནང་དུ་བརླག་པར་གྱིས། །གཟུང་བ་ཕྱི་རུ་བརླག་པར་གྱིས། །ཆགས་སྡང་རང་སར་བརླག་པར་གྱིས། །ཕྱིས་ནས་སྡང་བ་མེད་པར་གྱིས། །ད་ནི་ལན་ཆགས་སྟོན་མོ་འགྱེད། །མགྲོན་རིས་སྲིད་རྩེ་མན་ཆད་ནས། །དམྱལ་ཁམས་བཅོ་བརྒྱད་ཡན་ཆད་ན། །ལུས་དང་ལོངས་སྤྱོད་བྱ་དགའ་དང་། །དབུགས་དང་མདངས་དང་གཟི་བརྗིད་རྣམས། །གང་ལ་དགོས་པ་ཐམས་ཅད་འདུས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །ཐོག་མེད་དུས་ནས་གཅེས་བཟུང་བའི། །ཤ་ཁྲག་འདི་ལ་དགའ་བར་རོལ། །ལན་ཆགས་ཟོ་ལ་ཕྱིས་མི་སྙེགས། །མགྲོན་རིགས་སྟོང་ཕྲག་བརྒྱད་ཅུ་ཤོག །བྱིས་པའི་གདོན་ཆེན་བཅོ་ལྔ་ཤོག །གནོད་སྦྱིན་ཤ་ཟ་འབྱུང་པོ་ཤོག །ཕོ་བདུད་བདུད་ཀྱི་ཕོ་ཉ་ཤོག །མོ་བདུད་ལས་ཀྱི་སྲིན་མོ་ཤོག །ཕོ་བདུད་རྒྱལ་འགོང་ས་བདག་ཤོག །ཐམས་ཅད་འདིར་ཤོག་ཤ་ཁྲག་རོལ། །སྤྱི་བོ་ཚངས་པའི་བུ་ག་ནས། །རྐང་མཐིལ་སོར་མོ་ཡན་ཆད་ལ། །ཁོ་བོ་ཞེན་ཆགས་མི་བྱེད་ཀྱིས། །ཐམས་ཅད་བག་ཕོབ་ཚིམ་པར་ཟོ། །ཤ་ཁྱེར་ཁྲག་འཐུང་རུས་པ་མུར། །མགོ་བོ་ཡན་ལག་དོན་སྙིང་ཁྱེར། །ལྷུ་ཚིགས་ནང་ཁྲོལ་ཆུ་སེར་ཁྱེར། །མདོར་ན་ཀླད་པགས་ལ་སོགས་པའི། །ལུས་འདི་ཕྱི་ནང་ཐམས་ཅད་ཀྱི། །བཟའ་ཉན་བཅའ་ཉན་ཐམས་ཅད་ལ། །ཁུ་འཕྲིག་མ་བྱེད་ཚིམས་པར་རོལ། །ཞི་བར་གྱིས་ལ་བརླག་པར་གྱིས། །ཕུང་བར་གྱིས་ལ་རྩ་བ་ཆོད། །ཆོམ་ཆོམ་མྱོག་མྱོག་བདག་ལ་ཡ། །རྦད་རྦད་ཐུམ་ཐུམ་བདག་ལ་ཡ། །ཧཱུྃ་ཛཿཕྱིས་འདི་མེད་པར་གྱིས། །འཁོར་བའི་འཁོར་ལོ་རྒྱུན་ཆོད་ཅིག །ལས་ངན་ཕུང་པོ་རབ་ཆོད་ཅིག །སྔོན་ཆད་ལུས་འདི་གཅེས་པར་བཟུང་། །ད་ནི་བདག་ཉིད་བརླག་པར་མཛོད། །མ་རུངས་བརླག་པའི་མཐུ་སྟོབས་ཅན། །ཤ་ཁྲག་རོལ་པའི་གདུག་པ་ཅན། །དབུགས་ལེན་གཤེད་པོ་ས་མ་ཡ། །ཁྱོད་ཀྱིས་བདག་འདི་ཆོམ་པར་གྱིས། །དུས་གསུམ་སངས་རྒྱས་རྣམས་ལས་ལྷག །ཁྱོད་ཀྱིས་བདག་འདི་མ་ཆོམ་ན། །རང་རང་ལས་ཀྱིས་བརླག་པར་འགྱུར། །ད་ནི་ཤེས་ནས་འཇིགས་པ་ཡིས། །ཚོགས་རྫོགས་བཅིང་བ་གྲོལ་བར་འདོད། །དེ་ལས་གྲོལ་བར་མ་གྱུར་ན། །འདིར་ཚོགས་གཤེད་མ་ཐམས་ཅད་ཀྱིས། །རླུང་དང་མཁྲིས་པ་བད་ཀ ན་དང་། །འདུས་པ་ནད་ཀྱི་ཕུང་པོ་དང་། །མི་བཟོད་སྡུག་བསྔལ་དྲག་པོ་ཐོངས། །སྣང་ཡུལ་སྲིད་པའི་འཁོར་འདས་ནི། །མི་འདོད་ཇི་སྙེད་ཡོད་པ་རྣམས། །ཐམས་ཅད་བདག་གི་སྟེང་དུ་ཐོངས། །འགྲོ་ཀུན་ཉོན་མོངས་ལས་དང་ནི། །སྡུག་བསྔལ་སྲིད་པ་ཁེག་པར་གྱིས། །ངེས་པར་སེམས་ཅན་ཐམས་ཅད་ཀྱིས། །སྡུག་བསྔལ་རང་གི་སྙིང་ནང་དུ། །ད་ལྟ་ཉིད་དུ་སྨིན་པར་ཤོག །རྒྱུ་དེས་འགྲོ་བ་མ་ལུས་པ། །ལས་ངན་རྒྱུ་འབྲས་དྲུང་ཕྱུང་ནས། །སྤངས་རྟོགས་ཕུན་སུམ་ཚོགས་པར་ཤོག །བདག་ལ་ཡོད་པའི་དགེ་བ་རྣམས། །ཐམས་ཅད་འགྲོ་བ་ཡོངས་ལ་བསྔོ། །རྒྱུ་དེས་འགྲོ་བ་མ་ལུས་པ། །རྟོགས་པ་ཕུན་སུམ་ཚོགས་པར་ཤོག །དེ་ལྟར་འགྲོ་བ་ཐམས་ཅད་ཀྱི། །སྤངས་རྟོགས་ཕུན་ཚོགས་ཐོབ་གྱུར་ཏེ། །བྱམས་དང་སྙིང་རྗེ་ཆེན་པོའི་དཔལ། །ཆོས་སྐུ་ཉག་གཅིག་ཐོབ་པ་ན། །དེ་ལས་བྱུང་བའི་ཚོགས་གཉིས་ཀྱིས། །བདག་ཉིད་འཁོར་བར་ག་ལ་ལུས། །གང་ཡང་བྱང་ཆུབ་མ་ཐོབ་པར། །མྱོང་འགྱུར་ཉོན་མོངས་རྒྱུ་འབྲས་རྣམས། །ཚེ་འདིར་རྒྱུད་ལ་སྨིན་པར་ཤོག །ཚེ་འདིའི་ཉོན་མོངས་རྒྱུ་འབྲས་རྣམས། །ད་ལོ་ཉིད་ལ་སྨིན་པར་ཤོག །དེ་ཡང་ཟླ་བ་འདི་ལ་ཤོག །དེ་ཡང་དེ་རིང་ཉིད་ལ་ཤོག །དེ་ཡང་སྐད་ཅིག་འདི་ལ་ཤོག །དེ་རིང་གཟེར་ཐུང་ལ་སོགས་པའི། །ཟུག་གཟེར་དྲག་པོ་མྱོང་བའི་ཚེ། །ནད་འདི་འགྲོ་བ་ཡོངས་ཀྱི་ནད། །སྒོས་ཁུར་ཉིད་དུ་བླང་བ་ཡིན། །ད་ནི་ཐོག་ཏུ་ཕེབས་པ་ཡིན། །གཏོང་ལེན་གནད་དུ་སོང་བ་ཡིན། །ཨ་ལ་ལ་ཧོ་ང་རེ་དགའ། །ངེས་པར་སེམས་ཅན་བདེ་སྟེ་མཆི། །སྡུག་བསྔལ་བདག་གིས་ལོན་པ་ཡིན། །ད་ནི་གོ་རེ་བཅད་དོ་ཞེས། །ན་ཚ་སྐྱེས་པ་ཙམ་གྱིས་ཀྱང་། །འོས་མེད་ན་ཚ་འདུས་པ་ཡིན། །ན་གོ་བདག་གིས་ཆོད་པ་ཡིན། །ཚ་གོ་བདག་གིས་ཆོད་པ་ཡིན། །བཀྲེས་སྐོམ་འཁྱག་གོ་ཆོད་པ་ཡིན། །ལུས་ལ་ན་ཚ་སྐྱེས་གྱུར་ཀྱང་། །སེམས་ཀྱི་དགའ་བ་འཕེལ་བར་བྱ། །ཞེས་གསུངས། དེ་ལྟར་བྱིན་པས་གནོད་བྱེད་དེ་དག་གིས་ཀྱང་བདག་གི་ཤ་ཟོས་ཁྲག་འཐུང་རུས་པ་མུར་རྐང་ཀླད་གཞིབ་པས་བཀྲེས་སྐོམ་མ་ལུས་པ་ཞི་ནས་ལུས་སེམས་ཟག་མེད་ཀྱི་བདེ་བས་འཕྲལ་དུ་གང་ཞིང་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེས་པར་བསམ། ཡང་དེ་བཞིན་དུ་ལུས་སྔར་ལྟར་སྤྲུལ་ནས་ཤ་ཁྲག་ཟ་བའི་ལྷ་འདྲེ་འབྱུང་པོའི་རིགས་སོགས་ཇི་སྙེད་ཡོད་པ་ཐམས་ཅད་ལ་བདག་གི་ལུས་རིལ་པོ་རེ་སྔར་ལྟར་བྱིན་པས་ཐམས་ཅད་ཚིམས་ནས་བདེ་ཞིང་དགེ་བར་གྱུར་པར་བསམ་མོ། །དེས་ན་ཉེས་པ་ཐམས་ཅད་བདག་གཅེས་འཛིན་ལས་བྱུང་འདུག་པས་དེ་ལ་དགྲར་བལྟས་ལ་གནོད་པ་ཅི་འཁྱོལ་བྱ་ཞིང་། ཕན་བདེ་ཐམས་ཅད་སེམས་ཅན་ལས་བྱུང་འདུག་པས་དེ་དག་ལ་གཉེན་དུ་བལྟས་ལ་ཕན་ཅི་ཐོགས་བྱ་སྟེ། གླང་རི་ཐང་བའི་ཞལ་ནས། ངས་ཅི་ཙམ་པའི་ཆོས་ཟབ་མོ་ཞིག་ཞལ་ཕྱེ་ནས་བལྟས་ཀྱང་། སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་ཚོའི་ཡིན་པར་འདུག དེའི་གནད་ཀས། ཁེ་དང་རྒྱལ་ཁ་གཞན་ལ་འབུལ། གྱོང་དང་བུབ་ཁ་རང་གིས་ལེན་པ་འདི་མིན་པ་གོ་རྒྱུ་མེད་གསུངས། མདོར་ན། སྤྱོད་འཇུག་ལས། དེ་ལྟར་ངེས་པར་གཞན་དག་གི། །དོན་ལ་རབ་ཏུ་འཇུག་གྱིས་དང་། །ཐུབ་པའི་བཀའ་ནི་མི་བསླུ་བས། །དེ་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། །གལ་ཏེ་ཁྱོད་ཀྱི་སྔ་དུས་སུ། །ལས་འདི་བྱེད་པར་གྱུར་ན་ནི། །སངས་རྒྱས་ཕུན་ཚོགས་བདེ་མིན་པ། །གནས་སྐབས་འདི་འདྲར་འགྱུར་མི་སྲིད། །དེ་བས་འདི་ལྟར་གཞན་དག་གིས ། ཁུ་བ་ཁྲག་གི་ཐིགས་པ་ལ། །ཁྱོད་ཀྱི་ངར་འཛིན་བྱས་པ་ལྟར། །དེ་བཞིན་གཞན་ལའང་གོམས་པར་གྱིས། །གཞན་གྱི་རྟོག་ཆེན་བྱས་ནས་ནི། །བདག་གི་ལུས་ལ་ཅི་སྣང་བ། །དེ་དང་དེ་ཉིད་ཕྲོགས་བྱས་ནས། །ཁྱོད་ཀྱིས་གཞན་ལ་ཕན་པར་སྤྱོད། །བདག་སྐྱིད་གཞན་ནི་མི་སྐྱིད་ལ། །བདག་མཐོ་གཞན་ནི་དམའ་བ་དང་། །བདག་ནི་ཕན་བྱེད་གཞན་མིན་ཞེས། །བདག་ལ་ཕྲག་དོག་ཅིས་མི་བྱེད། །བདག་ནི་བདེ་དང་བྲལ་གྱིས་ཏེ། །གཞན་གྱི་སྡུག་བསྔལ་བདག་ལ་སྤྱོད། །གང་ཚེ་འདི་ནི་ཅི་བྱེད་ཅེས། །བདག་གི་སྐྱོན་ལ་བརྟག་པར་གྱིས། །གཞན་གྱིས་ཉེས་པ་བྱས་པ་ཡང་། །རང་གི་སྐྱོན་དུ་བསྒྱུར་བྱོས་ལ། །བདག་གི་ཉེས་པ་ཆུང་བྱས་ཀྱང་། །སྐྱེ་བོ་མང་ལ་རབ་ཏུ་ཤོད། །གཞན་གྱི་གྲགས་པ་ལྷག་བརྗོད་པས། །རང་གི་གྲགས་པ་ཟིལ་གྱིས་ནོན། །བདག་ནི་བྲན་གྱི་ཐ་མ་ལྟར། །དོན་རྣམས་ཀུན་ལ་བཀོལ་བར་གྱིས། །འདི་ནི་སྐྱོན་ཅན་རང་བཞིན་ཏེ། །གློ་བུར་ཡོན་ཏན་ཆས་མི་བསྟོད། །འདི་ཡི་ཡོན་ཏན་ཅི་ནས་ཀྱང་། །འགས་ཀྱང་མི་ཤེས་དེ་ལྟར་གྱིས། །མདོར་ན་བདག་གི་དོན་གྱི་ཕྱིར། །ཁྱོད་ཀྱིས་གཞན་ལ་གནོད་བྱས་གང་། །གནོད་དེ་སེམས་ཅན་དོན་གྱི་ཕྱིར། །བདག་ཉིད་ལ་ནི་འབབ་པར་བྱ། །འདི་ནི་གཉའ་དྲག་འགྱུར་ཚུལ་དུ། །ཤེད་བསྐྱེད་པར་ནི་མི་བྱ་སྟེ། །བག་མ་གསར་པའི་ཚུལ་བཞིན་དུ། །ངོ་ཚ་འཇིགས་དང་བསྡམས་ཏེ་བཞག །དེ་བྱ་དེ་ལྟར་གནས་བྱ་ཞིང་། །དེ་ལྟར་ཁྱོད་ཀྱིས་མི་བྱ་བར། །དེ་ལྟར་འདིར་ནི་དབང་བྱ་སྟེ། །དེ་ལས་འདས་ན་ཚར་གཅད་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱངས་པ་ལ་བརྟེན་ནས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། འཁྲུལ་སྣང་སྐུ་བཞིར་བལྟ་བ་ཡི། །སྟོང་ཉིད་སྲུང་བ་བླ་ན་མེད། །ཅེས་གསུངས་ཏེ། རྒྱུ་ཉོན་མོངས་པ་དང་། རྐྱེན་ཕྱི་ནང་སྣོད་བཅུད་གཟུགས་ཅན་དང་གཟུགས་མེད་ཀྱི་གནོད་པ་ལ་བརྟེན་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་གང་ལ་ཡང་། ཉོན་མོངས་པ་དང་སྡུག་བསྔལ་འདི་དག་ཐམས་ཅད་རང་གི་སེམས་འཁྲུལ་བའི་སྣང་བ་ཡིན་པས་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད། ཀུན་རྫོབ་ཏུ་དེ་ལྟར་སྣང་བ་ནི་རྨི་ལམ་དུ་མེས་ཚིག་པའམ་ཆུས་ཁྱེར་ནས་ཉམ་ཐག་པ་ལྟར། མི་བདེན་པ་ལ་བདེན་པར་བཟུང་བས་ལན་པ་ཡིན། དོན་དམ་པར་ནི་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་པས། ཉོན་མོངས་སམ་སྡུག་བསྔལ་དེའི་ངོ་བོ་ལ་བལྟས་ན། དེ་དང་པོ་གང་ནས་ཀྱང་མ་སྐྱེས་པས་སྐྱེ་མེད་ཆོས་སྐུ་ཡིན། མ་སྐྱེས་པ་ལ་མཐར་འགག་རྒྱུ་མེད་པས་འགག་མེད་ལོངས་སྐུ་ཡིན། སྐྱེ་འགག་མེད་པ་ལ་བར་དུ་གནས་པ་མེད་པས་གནས་མེད་སྤྲུལ་སྐུ་ཡིན། དེ་རྣམས་ངོ་བོ་དབྱེར་མེད་པ་ངོ་བོ་ཉིད་སྐུ་ཡིན་པས། འཁྲུལ་སྣང་སྐུ་བཞིར་བལྟ་བ་འདི། སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག་བྱ་བ་ཡིན། པཎ་ཆེན་ཤཱཀྱ་ཤྲཱིའི་རྣམ་ཐར་བཞིའི་ནང་ནས་རྐྱེན་ཅི་བྱུང་ཡང་སྟོང་པ་ཉིད་བསྒོམ་པ་ལྟར། འོ་སྐོལ་གྱིས་ཀྱང་རྐྱེན་ཅི་བྱུང་ཡང་སྲུང་བའི་མཆོག་ཡིན་པས་སྟོང་པ་ཉིད་བསྒོམ་པ་ཤིན་ཏུ་གལ་ཆེ་སྟེ། འདི་ནི་དོན་དམ་བདེན་པ་སྲུང་བའི་མཆོག །སྲུང་བའི་ཆོ་ག་མང་པོ་འདིར་མི་དགོས། །ཞེས་དང་། ཨཱཪྱ་དེ་ཝས། སྟོང་པ་ཉིད་ནི་བསྒོམས་བྱས་ན། །འཆི་བདག་གིས་ཀྱང་མི་ཚུགས་ཏེ། །བདུད་རྣམས་བྱེ་བ་དག་གིས་ཀྱང་། །གནོད་པར་འགྱུར་བ་ག་ལ་སྲིད། །ཅེས་དང་། སྡུད་པ་ལས། གངྒཱའི་ཀླུང་མཉམ་ཞིང་ན་སེམས་ཅན་མ་ལུས་པ། །དེ་ཀུན་ཡོངས་སུ་བརྟག་པ་བཟུང་སྟེ་བདུད་གྱུར་པ། །བ་སྤུ་ཉག་རེ་ལས་ནི་དེ་སྙེད་སྤྲུལ་བྱས་ཀྱང་། །དེ་དག་ཀུན་གྱིས་མཁས་ལ་བར་ཆད་བྱ་མི་ནུས། །རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིའི་ཐུབ་པར་དཀའ་ཞིང་བསྐྱོོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་དང་། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མངོན་སྤྱོད་པ། །དེ་ལ་གང་ཞིག་གུས་བཅས་འཛིན་དང་ཆུབ་བྱེད་ན། །དེ་ལ་དུག་དང་མཚོན་དང་མེ་དང་ཆུས་མི་ཚུགས། །བདུད་དང་བདུད་གྱི་རིགས་ཀྱིས་གླགས་ཀྱང་རྙེད་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པའི་རྗེས་སམ་ཤུགས་ལ་རེ་དོགས་གཅོད་པའི་ལྟ་བ་འདི་ལྟར་བསམ་པར་བྱ་སྟེ། གཞན་ཡང་གནོད་བྱེད་འདིས་བདག་གི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་བསྐུལ་མ་བྱས་པས་བཀའ་དྲིན་ཆེ་སྟེ། སྤྱོད་འཇུག་ལས། དེ་བས་ངལ་བས་མ་སྒྲུབ་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །འདི་དང་བདག་གིས་བསྒྲུབས་པས་ན། །དེ་ཕྱིར་བཟོད་པའི་འབྲས་བུ་ནི། །འདི་ལ་ཐོག་མར་བརྡར་འོས་ཏེ། །འདི་ལྟར་དེ་ནི་བཟོད་པའི་རྒྱུ། །སྨན་པ་བཞིན་དུ་ཕན་བརྩོན་ན། །བདག་གིས་བཟོད་པ་ཇི་ལྟར་འགྲུབ། །དེ་བས་རབ་ཏུ་སྡང་སེམས་ལ། །བརྟེན་ནས་བཟོད་པ་སྐྱེ་བས་ན། །དམ་པའི་ཆོས་བཞིན་མཆོད་པར་འོས། །ཞེས་གསུངས། བདག་འདོད་ཡོན་སོགས་ལ་གཡེངས་པས་གཉེན་པོ་དང་བྲལ་ནས་ཉོན་མོངས་པ་སྐྱེ་བ་མ་ཚོར་བ་ལ་འདིས་སྦྲན་པས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་སྙམ་དུ་བསམ་དགོས་ཏེ། དེ་ཉིད་ལས། བསྟོད་སོགས་བདག་ནི་གཡེང་བར་བྱེད། །དེས་ནི་སྐྱོ་བའང་འཇིག་པར་བྱེད། །ཡོན་ཏན་ལྡན་ལ་ཕྲག་དོག་དང་། །ཕུན་སུམ་ཚོགས་པའང་འཇིགས་པར་བྱེད། །དེ་ཕྱིར་བདག་གི་བསྟོད་སོགས་ནི། །གཞིག་ཕྱིར་གང་དག་ཉེར་གནས་པ། །དེ་དག་བདག་ནི་ངན་སོང་དུ། །ལྟུང་བ་བསྲུང་ཕྱིར་ཞུགས་མིན་ནམ། །བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིས་འཆིང་མི་དགོས། །གང་དག་བདག་བཅིངས་གྲོལ་བྱེད་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །བདག་ནི་སྡུག་བསྔལ་འཇུག་འདོད་ལ། །སངས་རྒྱས་རྣམས་ཀྱི་བྱིན་རླབས་བཞིན། །མི་གཏོང་སྒོ་འཕར་ཉིད་གྱུར་པ། །དེ་ལ་བདག་ནི་ཇི་ལྟར་ཁྲོ། །ཞེས་གསུངས། གཞན་ཡང་རྒྱུ་སྡིག་པ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འདི་ལྟ་བུ་འབྱུང་བས། ཁྱོད་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་སྡིག་པ་སྤོངས་ཤིག་པའི་བྱ་གཏོང་ཞིང་བསྐུལ་མར་འདུག་པས་ཀྱང་བཀའ་དྲིན་ཆེ། གནོད་བྱེད་འདིས་བདག་སྐྱེ་བ་སྔ་མའི་ལས་ཀྱིས་ཕྱི་མ་ངན་སོང་དུ་སྐྱེ་ངེས་པ་གཅིག་གི་སྡུག་བསྔལ་འདིར་དྲངས་པས་ངན་སོང་གི་གཡང་ཁ་ནས་བཟུང་འདུག་པས་དྲིན་ཆེ་སྟེ། བདག་ལ་འདི་ཙམ་དུ་ཕན་པ་བསྒྲུབ་པར་འདུག་པས་འདི་ནི་བླ་མ་རིན་པོ་ཆེའི་ཕྲིན་ལས་ཞིག་ངེས་པར་ཡིན་སྙམ་དུ་བསམ་དགོས་ཏེ། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་མགུར་ལས་ཀྱང་། སྣང་སྲིད་ཀུན་ཀྱང་བླ་མའི་དཀྱིལ་འཁོར་ཡིན། །དག་སྣང་འབྱོང་ན་ཐུགས་རྗེ་ཀུན་ལ་ཡོད། །ཕྱི་རོལ་འབྱུང་བ་ཐམས་ཅད་བླ་མའི་སྤྲུལ། །གང་ལ་གང་མཁོའི་འགྲོ་དོན་མཛད་པ་ཡིན། །ནང་བཅུད་སྐྱེ་འགྲོ་ཐམས་ཅད་བླ་མའི་སྤྲུལ། །ཆོས་སྐུ་བདེ་གཤེགས་སྙིང་པོས་མ་ཁྱབ་མེད། །བདེ་སྐྱིད་ལོངས་སྤྱོད་ཐམས་ཅད་བླ་མའི་སྤྲུལ། །གང་བསམ་ཡིད་བཞིན་དངོས་གྲུབ་བསྩལ་བ་ཡིན། །ན་ཚ་རྐྱེན་ངན་ཀུན་ཀྱང་བླ་མའི་སྤྲུལ། །སྡུག་བསྔལ་མྱོང་བས་སྡིག་སྒྲིབ་དག་པར་བྱེད། །ཅེས་དང་། བཟང་ངན་ཐམས་ཅད་བླ་མར་མ་རྟོགས་ན། །དག་སྣང་ཕྱོགས་མེད་འཆར་བའི་ཐབས་གཞན་མེད། །དག་སྣང་མ་འབྱོང་སྣང་སྲིད་དགྲ་རུ་ལྡང་། །དེ་བས་གང་འདུལ་སྤྲུལ་པར་ཤེས་པ་གནད། །དགྲ་འདྲེ་རྐྱེན་ངན་བླ་མར་མ་ཤེས་ན། །བར་ཆད་གཅིག་ལ་བཟུར་ཡང་གཅིག་དང་འཕྲད། །བདག་འཛིན་བློ་ཡིས་མ་ཐོངས་དེ་ཀས་ལན། །གང་བྱུང་བླ་མའི་ཐུགས་རྗེར་ཤེས་པ་གནད། །ཅེས་གསུངས། མདོར་ན་ཞི་བ་ལྷས། དེ་བཞིན་གཤེགས་རྣམས་དགྱེས་པར་བགྱིད་སླད་དུ། །དེང་ནས་ངེས་བརྟུལ་འཇིག་རྟེན་བྲན་དུ་མཆི། །འགྲོ་མང་རྡོག་པས་བདག་གི་སྤྱིར་འཚོག་གམ། །འགུམས་ཀྱང་མི་བསྡོ་འཇིག་རྟེན་མགོན་དགྱེས་མཛོད། །འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཉིད་དེས། །བདག་ཏུ་མཛད་པ་འདི་ལ་ཐེ་ཚོམ་མེད། །སེམས་ཅན་ངོ་བོར་མཐོང་བ་འདི་དག་ཉིད། །མགོན་དེའི་བདག་ཉིད་ཅི་ཕྱིར་གུས་མི་བྱེད། །འདི་ཉིད་དེ་བཞིན་གཤེགས་པ་མཉེས་བྱེད་ཡིན། །རང་དོན་ཡང་དག་སྒྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །དེ་ལྟས་བདག་གིས་རྟག་ཏུ་འདི་ཉིད་བྱ། །ཞེས་གསུངས་པ་ལྟར་གནོད་བྱེད་རྣམས་འདོད་པ་ཡིད་དུ་འོང་བ་སྙིང་དུ་སྡུག་པའི་དངོས་པོར་ལྟའོ། །ཡང་མཛེ་སོགས་ནད་དྲག་པོ་བྱུང་ན། སྡུག་བསྔལ་འདི་མེད་ན་བདག་ཚེ་འདིའི་ཤོམ་ར་ལ་སོང་ནས་ཆོས་མི་དྲན་པར་འདུག་པས་འདིས་ཆོས་དྲན་དུ་བཅུག་པས་འདི་བླ་མ་དཀོན་མཆོག་གི་ཕྲིན་ལས་ཡིན་སྙམ་དུ་བསམ་སྟེ། ཇོ་བོས། རྐྱེན་ངན་དགེ་བའི་བཤེས་གཉེན་ཏེ། །འདྲེ་གདོན་རྒྱལ་བའི་སྤྲུལ་པ་ཡིན། །ན་ཚ་སྡིག་སྒྲིབ་ཕྱག་མ་སྟེ། །སྡུག་བསྔལ་ཆོས་ཉིད་ཡོ་ལང་ཡིན། །ཞེས་གསུངས། གཞན་ཡང་ན་ཚ་དང་སྡུག་བསྔལ་འདིས་བདག་ལ་ངེས་འབྱུང་གི་བློ་སྐྱེད་པར་འདུག་སྟེ། སྤྱོད་འཇུག་ལས། སྡུག་བསྔལ་མེད་པར་ངེས་འབྱུང་མེད། །དེ་བས་སེམས་ཁྱོད་བརྟན་པར་མནོས། །ཞེས་གསུངས། དེ་བཞིན་དུ་རང་རྒྱུད་ཀྱི་སྡུག་བསྔལ་ལ་དཔགས་ནས་སྐྱོ་ཤས་དང་ངེས་འབྱུང་སྐྱེ་ཞིང་། དེས་དྲེགས་སོགས་ཉོན་མོངས་པ་སེལ་བར་བྱེད་པ་དང་། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་སེམས་ཅན་ལ་སྙིང་རྗེ་འདྲེན་པར་བྱེད་པ་དང་། ལས་རྒྱུ་འབྲས་ལ་བླང་དོར་ཚུལ་བཞིན་བྱེད་པ་སོགས་ཡོན་ཏན་མང་པོ་དང་ལྡན་ཏེ། དེ་ཉིད་ལས། གཞན་ཡང་སྡུག་བསྔལ་ཡོན་ཏན་ནི། །སྐྱོ་བས་དྲེགས་པ་སེལ་བར་བྱེད། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །སྡིག་ལ་འཛེམ་ཞིང་དགེ་ལ་དགའ། །ཞེས་གསུངས། མདོར་ན་བླ་མ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བ་ལྟར། གནོད་བྱེད་དམ་སྡུག་བསྔལ་འདི་དག་ལ་བརྟེན་ནས་བདག་ལ་བྱང་ཆུབ་ཀྱི་སེམས་གཉིས་སྐྱེ་བར་འདུག་པས་འདིས་གོ་བཅད་སྙམ་དུ་ཞེ་ཐག་པ་ནས་བསམ་པར་བྱའོ། །གཉིས་པ་སྦྱོར་བ་ཁྱད་པར་ཅན་བསགས་སྦྱང་གཉིས་ཀྱིས་རྐྱེན་ངན་ལམ་དུ་བསྒྱུར་བ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་གསུངས་ཏེ། དེའང་ཚོགས་བསགས་པའི་སྦྱོར་བ་དང་། སྡིག་པ་བཤགས་པའི་སྦྱོར་བ་དང་། ལྷ་འདྲེ་ལ་གཏོར་མ་སྦྱིན་པ། མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་འབུལ་བའི་སྦྱོར་བ་བཞི་དང་ལྡན་པ་ནི། རྐྱེན་ངན་ལམ་དུ་བྱེད་པའི་ཐབས་རྣམས་ཀྱིས་མཆོག་ཡིན། དེ་ལ་དང་པོ་ཚོགས་བསགས་པའི་སྦྱོར་བ་ནི། བདག་ལ་སྡུག་བསྔལ་བྱུང་བ་ན། སྡུག་བསྔལ་འདི་མེད་ན་དགའ་སྟེ་སྙམ་པའི་བསམ་པ་འབྱུང་བས། དེའི་ཚེ་བདག་འདོད་པ་བདེ་བ་འདོད་ཀྱང་། འོང་བ་སྡུག་བསྔལ་ཁོ་ན་འོང་བ་འདི་སྔར་བདེ་སྐྱིད་ཀྱི་རྒྱུ་ཚོགས་མ་བསགས་པས་ལན། ད་ཁྱོད་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་ན་བདེ་བའི་རྒྱུ་བསོད་ནམས་ཀྱི་ཚོགས་སོགས་ཤིག་པའི་བརྡ་ཡིན་སྙམ་དུ་བསམ་པར་བྱ་སྟེ། སློབ་དཔོན་དཔའ་བོས། བསོད་ནམས་མཆོག་ནི་གང་ཡིན་པ། །དེ་ནི་བདེ་བའི་རྒྱུ་ཡིན་ཏེ། །གཟུགས་དང་གཏོང་བ་རིགས་མཐོ་སོགས། །ཡོན་ཏན་སྣ་ཚོགས་ལྡན་པར་འགྱུར། །བསོད་ནམས་དེ་ཉིད་མཛའ་བོ་གཅིག །འཁོར་བ་ཀུན་ཏུ་འགྲོ་བའི་གཉེན། །དེ་ལྟར་འདིར་ནི་བསོད་ནམས་ཀྱིས། །ཕྱིར་ཕྱིར་ཡོན་ཏན་ཕུན་སུམ་ཚོགས། །གང་ཚེ་དཔལ་གནས་ཐོབ་བརྟན་པས། །དེ་བསྔགས་འཇིག་རྟེན་བདག་པོ་ཉིད། །ཕན་པའི་ཕྱོགས་སུ་འདྲེན་བྱེད་པ། །བསོད་ནམས་དེ་ཉིད་སྤེལ་བར་གྱིས། །བསོད་ནམས་ཆེ་གྱིས་སྡིག་དགའ་སྤོངས། །ཞེས་སོགས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་ལྟ་བུའི་གཏམ་ལས་རྒྱ་ཆེར་གསུངས་པ་ལྟར་ཤེས་པར་བྱ་ཞིང་། ཁྱད་པར་བླ་མ་དཀོན་མཆོག་ལ་དད་གུས་སྒོམས་ཤིག་པའི་བརྡར་འདུག་པས་དེ་བཞིན་དུ་བྱའོ་སྙམ་པས། བླ་མ་དཀོན་མཆོག་ལ་མཆོད་པ ། དགེ་འདུན་ལ་བསྙེན་བཀུར། འབྱུང་པོའི་གཏོར་མ་ལོང་སྤྲང་ལ་སྦྱིན་གཏོང་། མར་མེ་སཱཙྪ་ཕྱག་སྐོར་སོགས་མདོར་ན་ལུས་ངག་ཡིད་གསུམ་གྱ་ིཚོགས་གསོག་ཅི་འགྲུབ་དང་། སྐྱབས་འགྲོ་སེམས་བསྐྱེད་ཁྱད་པར་ཡན་ལག་བདུན་པ་དང་མཎྜལ་ལ་འབད། བདག་ན་བ་ལེགས་ན་ན་བར་བྱིན་གྱིས་བརླབ་ཏུ་གསོལ། སོས་པ་ལེགས་ན་སོས་པར་བྱིན་གྱིས་བརླབ་ཏུ་གསོལ། ཤི་བ་ལེགས་ན་ཤི་བར་བྱིན་གྱིས་བརླབ་དུ་གསོལ། ཞེས་རེ་དོགས་འགོག་པའི་གསོལ་བ་དྲག་ཏུ་གདབ་པར་བྱ་སྟེ། ཨོ་རྒྱན་དུས་གསུམ་མཁྱེན་པས་ཀྱང་། ཆོས་དགེ་བ་བཅུ་ཉམས་སུ་བླང་ཞིང་ལས་འབྲས་ལ་ཡིད་ཆེས་པར་བྱ། ལས་ལས་མཐུ་འབྱུང་ཞིང་བདེན་པ་མཐུ་ཆེ་བས་སྡིག་པ་སྤང་ཞིང་ཉོན་མོངས་པའི་གཉེན་པོ་བརྟེན། བསོད་ནམས་ཀྱི་ལས་ལ་འབད་པ་དྲག་ཏུ་བྱ། བསོད་ནམས་མ་བསགས་པ་ལ་སེམས་བཟང་པོ་མི་འོང་། བསོད་ནམས་བསགས་པ་ལས་སེམས་བཟང་པོ་འབྱུང་། སེམས་བཟང་པོ་ཞིག་ཡོད་ཕན་ཆད་དགེ་བ་ལ་བརྩོན་ཞིང་སྡིག་པ་ལ་འཛེམ་པར་འགྱུར་བ་ཡིན། ཞེས་དང་། རང་ལ་ན་ཚ་དང་དཀའ་སླ་དང་སྐྱིད་སྡུག་ཅི་བྱུང་ཡང་། མཎྜལ་དང་མཆོད་པ་རྣམ་ལྔ་བཤམས་ལ་དཀོན་མཆོག་ལ་ཕུལ་ཏེ། དེ་ནས་སྐྱབས་འགྲོ་བྱ། གཞན་ཡང་ཚོགས་བསགས་ཀློག་འདོན་དང་གཏོར་མ་ལ་སོགས་པ་ནི་སྐྱབས་འགྲོའི་རྒྱུར་འགྲོ་བར་བྱ། དེས་ཀྱང་མ་ཕན་ན་དཀོན་མཆོག་ལ་བྱིན་རླབས་མི་འདུག་ཆོས་མི་བདེན་སྙམ་པའི་ལོག་ལྟ་སྐྱེར་མི་རུང་། བདག་རང་གི་ལས་ངན་ཟད་པའི་དུས་ན་སོས་ཏེ་འོང་སྙམ་དུ་བསམ། མོ་བོན་ལ་སོགས་པ་གཞན་ཐམས་ཅད་མི་བཙལ་བར་སྐྱབས་འགྲོ་འབའ་ཞིག་བྱ་གསུངས། གཉིས་པ་སྡིག་པ་སྦྱོང་བ་ནི། བདག་ལ་སྡུག་བསྔལ་བྱུང་བ་ན་སྡུག་བསྔལ་འདི་མེད་ན་དགའ་སྟེ་སྙམ་པའི་བསམ་པ་འབྱུང་བས། དེའི་ཚེ་ཁྱོད་སྡུག་བསྔལ་མི་འདོད་ན་སྡུག་བསྔལ་གྱི་རྒྱུ་སྡིག་པ་སྤོངས་ཤིག་པའི་བརྡ་ཡིན་སྙམ་པ་བྱས་ལ། ༡ སྔར་བྱས་ཀྱི་ཉེས་པ་རྣམས་ལ་འགྱོད་པ་རྣམ་པར་སུན་འབྱིན་པའི་སྟོབས་དང་། ༢ ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པ་ཉེས་པ་ལས་ལྡོག་པའི་སྟོབས་དང་། ༣དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སོགས་རྟེན་གྱི་སྟོབས་དང་། ༡ སྟོང་པ་ཉིད་བསྒོམ་པ། ༢ གཟུང་སྔགས་ཁྱད་པར་ཅན་བཟློས་པ། ༣ སངས་རྒྱས་དང་བྱང་སེམས་ཀྱི་མཚན་བཟུང་བ། ༤དཀོན་མཆོག་གསུམ་ཀྱི་རྟེན་གསར་དུ་བཞེངས་པའམ་རྙིང་པ་གསོ་བ། ༥ རྟེན་ལ་ཕྱག་སྐོར། ༦ མདོ་རྒྱུད་ཟབ་མོ་ཁ་ཏོན་དུ་བཀླག་པ་སྟེ་གཉེན་པོ་སྒོ་དྲུག་ཏུ་གྲགས་པས་མཚོན་སྡིག་པའི་གཉེན་པོར་དགེ་བ་བྱེད་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྟོབས་བཞི་ཚངས་པའི་སྒོ་ནས་སྡིག་པ་བཤགས་པ་ལ་འབད་པར་བྱ་སྟེ། ཆོས་བཞི་བསྟན་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་བྱང་ཞིང་ཡོངས་སུ་དག་པར་འགྱུར་རོ། །བཞི་གང་ཞེ་ན། སུན་འབྱིན་པའི་སྟོབས་དང་། རྟེན་གྱི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། སླན་ཆད་སྡོམ་པའི་སྟོབས་སོ། །ཞེས་གསུངས་ཤིང་ཞིབ་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱུང་བ་ལྟར་བྱ་ཞིང་། དེ་ལྟར་བྱས་པས་སྡིག་པ་དག་ངེས་པའང་། གསེར་འོད་དམ་པའི་མདོ་ལས། གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་གསུངས་ཤིང་། བཤེས་སྤྲིང་ལས་ཀྱང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་ཏེ། སྔོན་གཅུང་དགའ་བོ་རང་གི་ཆུང་མ་ལ་ཆགས་པ་དང་། སོར་ཕྲེང་ཅན་སྡིག་པའི་བཤེས་ཀྱིས་ཟིན་ཏེ་མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་པ་དང་། རྒྱལ་བུ་མཐོང་ལྡན་གྱིས་རང་གི་ཕ་བསད་པ་དང་། ཁྱེའུ་བདེ་བྱེད་ཀྱིས་རང་གི་མ་བསད་པའི་སྡིག་ཅན་དེ་རྣམས་ཀྱིས་ཀྱང་སྟོབས་བཞིའི་སྒོ་ནས་བཤགས་པས་སྡིག་པ་བྱང་སྟེ། སྔ་མ་གཉིས་ཀྱིས་ཚེ་འདིར་དགྲ་བཅོམ་པའི་གོ་འཕང་ཐོབ། བར་བ་བྱང་ཆུབ་སེམས་དཔར་གྱུར། ཕྱི་མ་ལྷར་སྐྱེས་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་མདོ་ལས་གསུངས་པ་བཞིན་ནོ། །གསུམ་པ་གདོན་ལ་མཆོད་པ་ནི། གནོད་བྱེད་དེ་ཕ་མར་ཤེས་པར་བྱས་ཏེ་མདུན་དུ་བཀུག་ལ་གཏོར་མ་ཕུལ་ཏེ། ཁྱོད་ཀྱིས་སྔོན་གྱི་ལན་ཆགས་སྙོག་པ་དང་བདག་གི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བའི་གྲོགས་བྱས་པས་བཀའ་དྲིན་ཆེ། ད་དུང་ཡང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་སྨིན་པར་མཛད་དུ་གསོལ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་མཛད་དུ་གསོལ། ཞེས་ཞེ་ཐག་པ་ནས་གསོལ་བ་གདབ། ལུས་སེམས་བདེ་འབོལ་བཏང་ལ་རེ་དོགས་དང་བདེ་འདོད་ཀྱི་རྟོག་པ་རྦད་ཀྱིས་བཅད་ལ་བཞག་གོ །དེ་ལྟར་མི་ནུས་ན་གཏོར་མ་བྱིན་ནས། གནོད་བྱེད་དེ་ལ་བྱམས་སྙིང་རྗེ་དྲག་ཏུ་བསྒོམས་ལ། བདག་སེམས་ཅན་གྱི་དོན་བྱེད་པ་ལ་ཁྱོད་ཀྱི་བར་ཆད་བྱས་ན་ཁྱོད་ཕྱི་མ་ལ་དམྱལ་བར་སྐྱེ་བར་འགྱུར་བ་ཡིན། དེ་བས་ངས་ཁྱོད་ལ་ཟང་ཟིང་དང་ཆོས་ཀྱིས་འཕྲལ་དང་ཡུན་དུ་གང་ཕན་བྱ་ཡིས་ངའི་ཆོས་ཀྱི་བར་ཆད་མ་བྱེད་ཅིག་ཅེས་བསྒོ་བར་བྱའོ། །བཞི་པ་ཆོས་སྐྱོང་ལ་མཆོད་པ་ནི། ཆོས་སྲུང་ཐམས་ཅད་བླ་མ་དང་ཡི་དམ་གྱི་ཕྲིན་ལས་ཀྱི་རང་རྩལ་དུ་ཤེས་པར་བྱས་ཏེ་མཆོད་གཏོར་ཕུལ་ལ། བདག་གི་ཆོས་ཀྱི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་འགྲུབ་པར་གསོལ་བ་གདབ། ཡང་ན་གང་བྱུང་ལམ་དུ་སློང་བར་མཛད་དུ་གསོལ་བྱ་ཡི། བདེ་ཞིང་སྐྱིད་པ་དང་ནད་ཞི་བ་དང་གདོན་ཞི་བར་མཛད་དུ་གསོལ་མི་ཟེར་ཏེ། ནད་གདོན་ཡོད་མེད་དང་སྐྱིད་སྡུག་རྣམས་ཆོས་ཀྱི་འགལ་རྐྱེན་དང་མཐུན་རྐྱེན་ག ང་ཡིན་མི་ཤེས་གསུངས། ཆོས་སྤྱོད་དང་གཏོར་མའི་ལམ་ཁྱེར་གསར་རྙིང་ཐམས་ཅད་ན་མང་ཞིང་། ཨོ་རྒྱན་དུས་གསུམ་མཁྱེན་པས་བླ་མའི་དམར་ཁྲིད་ལས་ཀྱང་རྒྱ་ཆེར་འབྱུང་བ་ཡིན་ནོ། །ཐུན་མཚམས་སོགས་སུ་རྐྱེན་ངན་གློ་བུར་བ་བྱུང་ན་དེ་ཉིད་ལམ་དུ་བསླང་བའི་ཕྱིར། འཕྲལ་ལ་གང་ཐུབ་སྒོམ་དུ་སྦྱར། ཞེས་གསུངས་ཏེ། ནད་གདོན་དང་དགྲ་ལ་སོགས་པ་གློ་བུར་དུ་བྱུང་ནས་སྡུག་བསྔལ་དྲག་པོ་བྱུང་བ་ན། འཇིག་རྟེན་གྱི་ཁམས་ན་འདི་ལྟ་བུ་བྱུང་བ་དཔག་ཏུ་མེད་པ་ཡོད་པས་དེ་རྣམས་རེ་སྙིང་རྗེ་སྙམ་དུ་བསམས་ལ། དེ་དག་གི་སྡུག་བསྔལ་ཐམས་ཅད་བདག་ལ་འུབ་གྱིས་བསྡུ། གཞན་ཡང་མདོ་སྡེ་རྒྱན་ལས། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར། །དབང་པོའི་སྤྱོད་པ་སྣ་ཚོགས་འཇུག་གྱུར་པ། །དེ་ལྟ་དེ་ལྟར་རིགས་པ་མཐུན་ཚིག་གིས། །སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ། །ཞེས་པ་སོགས་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གསུངས་པ་ལྟར་དབང་པོ་རྣམས་ཡུལ་སྣ་ཚོགས་ལ་འཇུག་པ་དང་། སྒོ་གསུམ་གྱིས་ཅི་བྱེད་ཐམས་ཅད་དེ་དང་མཐུན་པའི་ཚིག་གིས་སེམས་ཅན་ལ་ཕན་པའི་ཐབས་སུ་བསྔོ་བ་སྟེ། ཕྱོགས་ཙམ་མཚོན་ན་ཁང་པའི་ནང་དུ་འཇུག་པའི་ཚེ་སེམས་ཅན་ཐམས་ཅད་ཀྱིས་ཐར་པའི་གྲོང་ཁྱེར་ཐོབ་པར་གྱུར་ཅིགདེ་བཞིན་དུ་ཉལ་བའི་ཚེ་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར། རྨི་ལམ་རྨིས་ན་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར། གཉིད་སད་པ་ན་མ་རིག་པ་ལས་སད་པར། ལྡང་བ་ན་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར། གོས་གྱོན་པ་ན་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པར། སྐ་རགས་འཆིང་བ་དང་དགེ་བའི་རྩ་བ་དང་འབྲེལ་བར། སྟན་ལ་འདུག་པ་ན་རྡོ་རྗེའི་གདན་ཐོབ་པར། རྒྱབ་བརྟེན་པ་ན་བྱང་ཆུབ་ཀྱི་ཤིང་ཐོབ་པར། མེ་བཏང་བ་ན་ཉོན་མོངས་པའི་བུད་ཤིང་བསྲེག་པར། འབར་བ་ན་ཡེ་ཤེས་ཀྱི་མེ་འབར་བར། གཡོས་ཟིན་པ་ན་ཡེ་ཤེས་ཀྱི་བདུད་རྩི་ཐོབ་པར། ཟས་ཟ་བ་ན་བསམ་གཏན་གྱི་ཟས་ཐོབ་པར། ཕྱིར་འགྲོ་བ་ན་འཁོར་བའི་གྲོང་ལས་ཐར་པར། སྐས་ལས་འབབ་པ་ན་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་པར། སྒོ་འབྱེད་པ་ན་ཐར་པའི་གྲོང་གི་སྒོ་འབྱེད་པར། སྒོ་གཅོད་པ་ན་ང ན་སོང་གི་སྒོ་གཅོད་པར། ལམ་དུ་འཇུག་པ་ན་འཕགས་པའི་ལམ་དུ་འཇུག་པར། གྱེན་ལ་འགྲོ་ན་སེམས་ཅན་ཐམས་ཅད་མཐོ་རིས་ཀྱི་བདེ་བ་ལ་འགོད་པར། ཐུར་དུ་འབབ་པ་ན་ངན་སོང་གསུམ་རྒྱུན་གཅོད་པར། སེམས་ཅན་དང་ཕྲད་ན་སངས་རྒྱས་དང་མཇལ་བར། རྐང་པ་འཇོག་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལ་འགྲོ་བར། རྐང་པ་འདེགས་པ་ན་འཁོར་བ་ནས་འདོན་པར། རྒྱན་དང་ལྡན་པ་མཐོང་ན་མཚན་དང་དཔེ་བྱད་ཀྱི་རྒྱན་ཐོབ་པར། རྒྱན་མེད་པ་མཐོང་ན་སྦྱངས་པའི་ཡོན་ཏན་དང་ལྡན་པར། སྣོད་གང་བ་མཐོང་ན་ཡོན་ཏན་གྱིས་གང་བར། སྣོད་སྟོང་པ་མཐོང་ན་སྐྱོན་གྱིས་སྟོང་པར། སེམས་ཅན་དགའ་བ་མཐོང་ན་ཆོས་ལ་དགའ་བར། མི་དགའ་བར་མཐོང་ན་འདུས་བྱས་ཀྱི་དངོས་པོ་ལ་མི་དགའ་བར། སེམས་ཅན་བདེ་བར་མཐོང་ན་སངས་རྒྱས་ཀྱི་བདེ་བ་ཐོབ་པར། སྡུག་བསྔལ་བ་མཐོང་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར། ནད་པ་མཐོང་ན་ཉོན་མོངས་པའི་ནད་ལས་གྲོལ་བར། དྲིན་གཟོ་བ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དྲིན་ལན་ལྡོན་པར། དྲིན་དུ་མི་གཟོ་བར་མཐོང་ན་ལྟ་བ་ལོག་པ་ལ་དྲིན་དུ་མི་གཟོ་བར། རྒོལ་བ་མཐོང་ན་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་ནུས་པར། བསྟོད་པ་མཐོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར། ཆོས་ཀྱི་གཏམ་བྱེད་པ་མཐོང་ན་སངས་རྒྱས་ཀྱི་སྤོབས་པ་ཐོབ་པར། སྐུ་གཟུགས་མཐོང་ན་སངས་རྒྱས་ཐམས་ཅད་མཐོང་བ་ལ་སྒྲིབ་པ་མེད་པར། མཆོད་རྟེན་མཐོང་ན་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་འགྱུར་བར། ཚོང་བྱེད་པ་མཐོང་ན་འཕགས་པའི་ནོར་བདུན་ཐོབ་པར། ཕྱག་འཚལ་བ་མཐོང་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྤྱི་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག ཅེས་སོགས་རིགས་པས་དཔྱད་དོ། །ཡང་གནོད་བྱེད་འདིས་བདག་གི་བྱང་ཆུབ་ཀྱི་སེམས་གཉིས་སྦྱོར་པའི་གྲོགས་བྱས་པས་བཀའ་དྲིན་ཆེ་སྙམ་དུ་བསམ། ཡང་གཞན་སྡུག་བསྔལ་བ་མཐོང་ན་དེ་མ་ཐག་ཏུ་བླང་ཞིང་། རང་ངམ་གཞན་ལ་ཉོན་མོངས་པ་དྲག་པོ་སྐྱེས་པ་ན་གཞན་གྱི་ཉོན་མོངས་པ་ཐམས་ཅད་བདག་ལ་འདུས་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། །མདོར་ན་ཨོ་རྒྱན་ཆེན་པོས། ཆོས་ཐམས་ཅད་ཀྱི་སྔོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གལ་ཆེ། སེམས་བསྐྱེད་པའི་གང་ཟག་གིས་སེམས་ཅན་བསྙེན་བཀུར་བྱ་བའི་ཕྱིར་ཆོས་ལ་འབད་པའི་ཕྱིར་སེམས་ཅན་ཐམས་ཅད་མར་མཉམ་པ་ཉིད་དུ་བསྒོམ། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པ་ལ་ཞུགས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བསྒོམ། བྱང་ཆུབ་ཀྱི་སེམས་རྟག་ཏུ་སྦྱོང་བར་བྱ། བྱ་བ་ཅི་དང་ཅི་བྱེད་ཀྱང་སེམས་ཅན་གྱི་དོན་ལ་བསླབ། རང་བས་གཞན་ལ་གཅེས་པར་བསླབ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་འདི་ཀ་{ ཀོ}ཆོས་ཀྱི་རྩ་བ་ཡིན། ཐམས་ཅད་མཁྱེན་པའི་སངས་རྒྱས་ཐོབ་པར་འདོད་པས་བདག་ཏུ་འཛིན་པ་དང་། ཆོས་སུ་འཛིན་པ་རྣམས་རང་བཞིན་མེད་པར་བསླབ། བསོད་ནམས་ཀྱི་ལས་ཅི་བྱེད་ཀྱང་། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པར་བྱའོ། །མན་ངག་ཏུ་ཕ་རོལ་དུ་ཕྱིན་པ་དྲུག་དང་། སྙིང་རྗེ་ཆེན་པོ་ལ་མ་ཞེན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ། སྟོང་པ་ཉིད་བསྒོམས་པའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྙིང་རྗེ་ཆེན་པོ་སྐྱེས་ཀྱང་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །སྟོང་པ་ཉིད་བསྒོམས་པས་ཀྱང་དཀར་པོའི་ཆོས་ཐམས་ཀྱི་གྲོགས་སུ་འགྲོ་བ་དང་། ཉོན་མོངས་པའི་གཉེན་པོར་འགྲོ་བར་བྱ། དགེ་བའི་རྩ་བ་ཅི་བྱེད་ཀྱང་བྱང་ཆུབ་སེམས་ཀྱིས་འཕངས་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བར་བྱ། ཇི་ལྟར་བྱས་ན་དགེ་བ་འཕེལ་བ་དང་། ཇི་ལྟར་བྱས་ན་མི་དགེ་བའི་རྒྱུན་འགྲིབ་པར་བསམ། ལུས་ཀྱི་བྱ་བ་ཅི་བྱེད་དགེ་བར་འགྲོ་བར་བྱ། ངག་གིས་ཅི་སྨྲས་དགེ་བར་འགྲོ་བར་བརྗོད། ཡིད་ཀྱིས་ཅི་བསམ་དགེ་བར་འགྲོ་བར་བྱ། མི་དགེ་བར་འགྲོ་བའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཆུང་ཡང་བསྡམས། ལར་དྲན་པ་དང་ཤེས་བཞིན་གྱི་གོ་ཆས་རང་མ་བསྲུངས་ན། ཉོན་མོངས་པའི་མཚོན་གྱིས་མཐོ་རིས་ཐར་པའི་སྲོག་འཆད་པས། སྤྱོད་ལམ་རྣམ་བཞིར་དྲན་པ་དང་ཤེས་བཞིན་གྱིས་བསྲུངས་བ་གལ་ཆེ། ཞེས་སོགས་ནས། ཐེག་པ་ཆེ་ཆུང་གི་ཁྱད་པར་ཡང་ལྟ་བས་ཕྱེ་བ་མིན། སྙིང་རྗེས་ཕྱེ་བ་ཡིན། དེ་བས་སྙིང་རྗེ་ཆེན་པོ་ལ་གོམས་པར་བྱ། བདག་དང་གཞན་གྱི་དོན་དུ་འཁོར་བའི་སྡུག་བསྔལ་སྤང་བར་བྱ་བ་ལས་མི་ལྡོག་པར་བྱ། འཁོར་བ་ལས་ཡིད་འབྱུང་བ་ལ་གོམས་པར་བྱ། གཞན་དོན་དུ་སྙིང་རྗེ་གོམས་པར་བྱ། དང་པོ་སེམས་ཅན་ཐམས་ཅད་རང་དང་འདྲ་བ་ལ་གོམས་པར་བྱ། གཞན་སྡུག་བསྔལ་བས་རང་སྡུག་བསྔལ་དུ་འགྱུར་བ་ལ་གོམས་པར་བྱ། དེ་ནས་རང་བས་སེམས་ཅན་ཐམས་ཅད་གཅེས་པ་ལ་གོམས་པར་བྱ། གཞན་དོན་དུ་རང་དབང་མེད་པར་འཇུག་པའི་སྙིང་རྗེ་ཆེན་པོ་ལ་གོམས་པར་བྱ། ལར་རང་བས་སེམས་ཅན་གཅེས་པར་འཛིན་ཙ་ན་ཐེག་པ་ཆེན་པོའི་མིང་ཐོབ་པ་ཡིན་ཏེ། སེམས་ཅན་གྱི་སྡུག་བསྔལ་མ་དྲན་པར་རང་ཉིད་བདེ་བ་འཚོལ་ཞིང་རང་གཅེས་པར་འཛིན་པ་ལ་ཐེག་པ་ཆེན་པོ་མི་འོང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་གོམས་པར་བྱས་ན་ངན་སོང་གསུམ་ལ་མི་སྐྱེ་ཞིང་ད་ལྟ་ནས་ཕྱིར་མི་ལྡོག་པ་ཡིན་པས་འདི་ཁོ་ན་མན་ངག་ཡིན། ས་ཕྱོགས་གང་དུ་འགྲོ་ཡང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ་བ་དང་མི་འབྲལ་བར་འགྲོགས་པར་བྱ། བྱ་བ་ཅི་དང་ཅི་བྱེད་ཀྱང་སེམས་ཅན་གྱི་དོན་དུ་བསླབ། རང་བས་གཞན་གཅེས་པ་ལ་བསླབ། དམ་ཚིག་བསྲུང་སྡོམ་དང་སྦྱངས་པའི་ཡོན་ཏན་མང་པོ་དང་ལྡན། སྔགས་ཀྱི་ནུས་པ་བྱུང་ནས་མཐུ་ཆེ་བ་ཡིན་ཀྱང་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན་སངས་མི་རྒྱ། ལར་བྱང་ཆུབ་སེམས་ཤིག་རྒྱུད་ལ་སྐྱེས་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐམས་ཅད་འདི་ལས་འབྱུང་བས་འདི་ཁོ་ན་མན་ངག་ཡིན། སྟོང་ཉིད་བསྒོམ་པའམ་གང་བསྒོམ་ཡང་ཉོན་མོངས་པ་དང་ཐ་མལ་པའི་གཉེན་པོར་མི་འགྲོ་ན་སྒོམ་པ་མ་ཡིན། ཉོན་མོངས་པའི་གཉེན་པོར་མ་སོང་ན་འཁོར་བར་ལྟུང་བའི་རྒྱུར་འགྲོ། ཆོས་ཐོས་བསམ་བཤད་པ་ཐམས་ཅད་ཉོན་མོངས་པའི་གཉེན་པོར་འགྲོ་ཞིང་རྣམ་པར་དག་པའི་ཆོས་རྒྱུད་ལ་སྐྱེ་བའི་གྲོགས་སུ་སོང་ན་ཐེག་པ་ཆེན་པོའི་བསྟན་པ་བྱ་བ་ཡིན་ཏེ་མ་ནོར། ཉན་བཤད་འགྲོ་དོན་སྒོམ་པ་ཇི་ལྟར་མཁས་ཟེར་ཡང་། འཇིག་རྟེན་ཆོས་བརྒྱད་ཀྱི་ཆེད་དུ་སོང་ན་ནག་པོའི་བསྟན་པ་བྱ་བ་ཡིན། ལར་སྣང་སྲིད་སྒྱུ་མར་བསྒོམས་ནས་ཞེན་ཆགས་ཇེ་ཆེ་ཇེ་ཆེ་ལ་མི་གཏོང་བ་གལ་ཆེ། ཞེན་ཆགས་དང་བྲལ་ཙམ་ན་རྣལ་འབྱོར་པ་ཆེན་པོ་ཟེར་བ་ཡིན། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བ་སངས་རྒྱས་ཀྱི་བསྟན་པ་ལས་འབྱུང་བས་རྒྱུད་ལུང་མདོ་སྡེ་ལ་ལྟ་རྟོག་ཉན་པར་བྱ། ལས་དང་འབྲས་བུ་བདེ་སྡུག་ས་བོན་ལྟར་འབྱིན་པས་དགེ་སྡིག་ལ་ཤན་དབྱེ། སྲུང་སྡོམ་མེད་ན་ཆོས་ཀྱི་རྩ་བ་རུལ་བས་དམ་ཚིག་སྲུང་སྡོམ་མིག་གི་འབྲས་བུ་བཞིན་དུ་བསྲུང་། ལར་ཆོས་བྱེད་པ་ལ་ཡིད་མ་ཆེས་ན་ཆུད་ཟོས་པ་ཡིན། ཅི་བྱས་ཀྱང་དོན་མེད། གང་བྱེད་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པ་གལ་ཆེ། ཁ་ཅིག་གསང་སྔགས་པ་ཡིན་པར་གསོལ་ནས་སྤྱོད་པ་རྩིང་པོར་སྤྱོད་པ་འདི་གསང་སྔགས་པ་མིན། ཐེག་པ་ཆེན་པོ་བྱ་བ་སེམས་ཅན་ཐམས་ཅད་ལ་གཅེས་པར་འཛིན་པ། སྙིང་རྗེ་ཕྱོགས་རིས་མེད་པ་ལ་ཟེར་བ་ཡིན། གསང་སྔགས་པར་ཁས་བླངས་ནས། ལས་མི་དགེ་བ་ལ་མི་འཛེམ་པ་འདིས་ནི་མི་གཏུབ་པས། གསང་སྔགས་པ་ལ་སྙིང་རྗེ་ཆེན་པོ་རྒྱུད་ལ་སྤྱོད་པ་གལ་ཆེ། སྙིང་རྗེ་རྒྱུད་ལ་མ་སྐྱེས་ན། གསང་སྔགས་པར་ཁས་བླངས་ཀྱང་མུ་སྟེགས་ལོག་ལྟར་འགྲོ། གསང་སྔགས་བྱ་བ་ཐེག་པ་ཆེན་པོ་ཡིན། ཐེག་པ་ཆེན་པོ་བྱ་བ་གཞན་དོན་བྱེད་པ་ཡིན། གཞན་དོན་བྱེད་པ་ལ་འབྲས་བུ་སྐུ་གསུམ་ཐོབ་དགོས། སྐུ་གསུམ་ཐོབ་པ་ལ་ཚོགས་གཉིས་གསོག་དགོས། ཚོགས་གཉིས་གསོག་པ་ལ་བྱང་ཆུབ་ཀྱི་སེམས་སྦྱོང་དགོས། ལམ་བསྐྱེད་རྫོགས་ཟུང་འཇུག་བསྒོམ་དགོས། ལར་བྱང་ཆུབ་ཀྱི་སེམས་མེད་པའི་གསང་སྔགས་འདིས་ཅི་ཡང་མི་རུང་། ཐེག་པ་ཆེན་པོ་མི་རུང་། སྔགས་མཚན་ཉིད་གཉིས་ཟེར་ཡང་ཕུག་གཅིག ལྟ་སྤྱོད་གཉིས་མེད་ན་ཉན་ཐོས་སུ་འགྲོ་བས། ལྟ་བ་ཡས་འབུབ་ལ་སྤྱོད་པ་མས་འཇུག་འདི་ངའི་གདམས་ངག་ཡིན་ནོ་ཞེས་གསུངས་པ་བཞིན་བྱང་ཆུབ་སེམས་ཀྱི་བསམ་སྦྱོར་གྱིས་གང་བྱེད་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་གལ་ཆེ་ཞིང་། གཞན་ཡང་མཁས་པ་ཤྲཱི་རྒྱལ་པོས། སྐྱིད་ན་མི་དགའ་སྡུག་ན་དགའ། །སྐྱིད་ན་ཉོན་མོངས་དུག་ལྔ་འབར། །སྡུག་ན་སྔོན་བསགས་ལས་ངན་འཛད། །སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན། །བསྟོད་ན་མི་དགའ་སྨད་ན་དགའ། །བསྟོད་ན་ང་རྒྱལ་ཁེངས་སེམས་སྐྱེ། །སྨད་ན་རང་སྐྱོན་ཐེར་ལ་བུད། །མི་ཁ་ལྷ་ཡི་ཕ་འབབ་ཡིན། །མཐོ་ན་མི་དགའ་དམའ་ན་དགའ། །མཐོ་ན་ཕྲག་དོག་ང་རྒྱལ་སྐྱེ། །དམའ་ན་བག་ཡངས་དགེ་སྦྱོར་འཕེལ། །དམན་ས་གོང་མའི་གདན་ས་ཡིན། །འབྱོར་ན་མི་དགའ་རྒུད་ན་དགའ། །འབྱོར་ན་བསོགས་བསྲུང་སྡུག་བསྔལ་རྒྱུ། །རྒུད་ན་དཀའ་སྤྱད་ལྷ་ཆོས་འགྲུབ། །སྤྲང་ལུས་ཆོས་པའི་གཏད་ས་ཡིན། །བྱིན་ན་མི་དགའ་འཕྲོག་ན་དགའ། །བྱིན་ན་ལན་ཆགས་ཁུར་བོ་འཕེལ། །འཕྲོག་ན་ཚེ་རབས་བུ་ལོན་སོད་། །ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན། །གཉེན་ལ་མི་དགའ་དགྲ་ལ་དགའ། གཉེན་གྱིས་ཐར་ལམ་བར་དུ་གཅོད། །དགྲ་བོ་བཟོད་པའི་ཡུལ་དུ་བྱེད། །རོ་སྙོམས་ལག་ལེན་གནད་འགག་ཡིན། །ཞེས་གསུངས་པ་དང་། དམ་པ་རྒྱ་གར་ལ་བྱང་སེམས་ཀུན་དགས་དངོས་གྲུབ་རྣམ་པ་ལྔ་བླངས་ཏེ། བདག་ཡུལ་མེད་ཐབས་མེད་དུ་བྱིན་གྱིས་བརླབ་ཏུ་གསོལ། བཟར་མེད་བཅར་མེད་དུ་བྱིན་གྱིས་བརླབ་ཏུ་གསོལ། འདྲིས་མེད་བཤེས་མེད་དུ་བྱིན་གྱིས་བརླབ་ཏུ་གསོལ། མིས་ཅིར་ཡང་མི་མཐོང་བར་བྱིན་གྱིས་བརླབ་ཏུ་གསོལ། བསོད་ནམས་ཏིལ་འབྲུ་ཙམ་ཡང་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུས་ནས་བསྒོམ་པར་གྲུབ་པ་ཐོབ་པར་གསུངས་པ་དང་། དཔལ་ལྡན་འབྲུག་པའི་བཟློག་སྒོམ་སོགས་ནས་ཇི་སྐད་གསུངས་པ་ལྟར་ཐབས་དུ་མའི་སྒོ་ནས་རང་རྒྱུད་འདུལ་ཞིང་ཡང་དག་པའི་ལམ་ལ་ཅི་འགྲོ་བྱ་སྟེ། དམ་པ་རྒྱ་གར་གྱི་ཞལ་ནས། བསོད་ནམས་བདུད་དུ་མ་ཤེས་ན་སྡུག་བསྔལ་དང་མི་འབྲལ། ཕ་ཡུལ་རྒྱབ་ཏུ་མ་བོར་ན་མི་ཆོས་དང་འབྲེལ་མི་ཆོད། ཆོས་བརྒྱད་ཆུ་ལ་སྐུར་མ་ནུས་ན་འཁོར་བའི་རྒྱུ་མི་སྟོང་། མི་ཆོས་དགོས་མེད་དུ་མ་ཤེས་ན་ཆགས་ཞེན་གྱི་བློ་མི་འབྲལ། ཟང་ཟིང་གི་འདུ་བ་བར་ཆད་དུ་མ་ཤེས་ན་འདོད་པ་ལས་བློ་མི་ལྡོག ལྟོ་རྒྱབ་ཀྱི་ཁོལ་འཕྲོ་མ་བཅད་ན་དགེ་སྦྱོར་ཉམས་སུ་མི་ལེན། ཁྱིམ་གྱི་བྱ་བ་མ་བཏང་ན་ཆོས་ལ་འགྲུབ་པའི་སྐབས་མི་རྙེད། དུས་ད་རེས་ལམ་སྣ་ཞིག་མ་ཟིན་ན་མི་ཚེ་ལ་རེ་ཐག་ཆད། ཁྱིམ་ཐབས་ལ་ཆགས་ན་དམ་པའི་ཆོས་ཡིད་སྨོན་དུ་ཆ། རང་གཅིག་པུར་སྡོད་མ་ནུས་ན་དཀའ་ཐུབ་བར་ཆད་ཀྱིས་ཁྱེར། མི་ཚེ་ཡི་བྱ་བ་མ་བཞག་ན་ཆོས་དེ་སུས་ཀྱང་མ་བྱུང་བ་ཞིག་ཡིན་གསུངས། གྲུབ་ཆེན་ཨོ་རྒྱན་པས། གཞན་སེར་སྣ་ཅན་མཐོང་ཙ་ན་རང་གཏོང་ཕོད་ཆེར་འགྲོ་བ་ཞིག་དགོས་པ་ཡིན། གཞན་ལེ་ལོ་ཅན་མཐོང་ཙ་ན་རང་བརྩོན་འགྲུས་ཆེར་འགྲོ་བ་ཞིག་དགོས་པ་ཡིན། གཞན་འདོད་ཆགས་ཅན་མཐོང་ཙ་ན་རང་གཉེན་པོ་ཆེར་འགྲོ་བ་ཞིག་དགོས་པ་ཡིན། གཞན་ཞེ་སྡང་ཅན་མཐོང་ཙ་ན་རང་བཟོད་པ་ཆེར་འགྲོ་བ་ཞིག་དགོས་པ་ཡིན། གཞན་གཏི་མུག་ཅན་མཐོང་ཙ་ན་རང་ཤེས་རབ་ཆེར་འགྲོ་བ་ཞིག་དགོས་པ་ཡིན། གཞན་ལོག་ལྟ་ཅན་མཐོང་ཙ་ན་རང་དག་སྣང་ཆེར་འགྲོ་བ་ཞིག་དགོས་པ་ཡིན། གཞན་བློ་སྣ་མང་པོ་ཅན་མཐོང་ཙ་ན་རང་བརྟན་དུ་འགྲོ་བ་ཞིག་དགོས་པ་ཡིན། གཞན་བློ་སྣ་དྲེད་པ་མཐོང་ཙ་ན་རང་ངེས་འབྱུང་ཆེར་འགྲོ་བ་ཞིག་དགོས་པ་ཡིན། གཞན་སྡུག་བསྔལ་ཅན་མཐོང་ཙ་ན་རང་བྱང་སེམས་ཆེར་འགྲོ་བ་ཞིག་དགོས་པ་ཡིན་གསུངས། རྐྱེན་ངན་ལམ་དུ་བྱེད་པ་འདི་ཐམས་ཅད་ཀྱིས་རེ་དོགས་གཉིས་འགོག་པ་ཡིན། མཐར་ཐུག་རེ་དོགས་གཉིས་དང་བྲལ་བའི་ལམ་ལ་སྐྱེལ་ཡང་། ད་ལྟའི་དུས་སུ་དགྲ་ཟུན་གཉིས་སུ་བྱས་ནས་སྦྱང་བ་ནི་ཤིང་འཁྱོག་པོ་སྲོང་བ་དང་འདྲའོ་ཞེས་གླང་རི་ཐང་པས་གསུངས་སོ། །ཀྱེ་མ་དེང་སང་སྣོད་བཅུད་སྡིག་པས་གང་། །སྣོད་ཀྱི་དཔལ་ཉམས་སད་སེར་ཤྭ་འུད་ལྡང་། །ཆར་ཆུ་མི་སྙོམས་དུས་མིན་ཐན་སྤྲིན་འཁྲིགས། །རྩི་སྨན་མི་སྨིན་ནད་མུག་ཆུ་ལྟར་ཁོལ། །ནང་བཅུད་འགྲོ་བ་ཉོན་མོངས་དུག་ལྔ་རག །ལེགས་སྣ་མི་འདྲེན་ཉེས་སྣ་འབའ་ཞིག་འདྲེན། །གང་དང་སུ་འགྲོགས་ཆགས་སྡང་གཟིང་རྩའི་རྐྱེན། །རང་བསྲེགས་གཞན་བསྲེགས་ནགས་ལ་མེ་མཆེད་བཞིན། །འདི་འདྲའི་དུས་སུ་གཉེན་པོའི་སྟོབས་བསྐྱེད་ནས། །རྐྱེན་ངན་བྱང་ཆུབ་ལམ་དུ་མ་ཁྱེར་ན། །བདག་འཛིན་རྟོག་པའི་དུག་རོ་ལྡང་བ་འདིས། །ཡང་དག་ཐར་པའི་སྲོག་རྩ་གཅོད་པར་ངེས། །དེ་སླད་རྩ་བ་བདག་འཛིན་མ་ཐུལ་ན། །ཇི་ལྟར་བྱས་ཀྱང་བདེ་བའི་གོ་སྐབས་ཅི། །འདྲེ་ཆེན་འདི་ཀོ་ཐོག་མ་མེད་པ་ནས། །བདག་སྙིང་ལ་གནས་བརྒྱ་ཕྲག་གནོད་པ་བསྐྱལ། །ད་ནི་དེ་ཡི་འཁོན་རྣམས་དྲན་བ གྱིས་ནས། །སྟོང་ཉིད་སྙིང་རྗེའི་དམག་ཚོགས་ལེགས་བསྐུལ་ཏེ། །ཕུང་བྱེད་བདག་འཛིན་རྣམ་རྟོག་སྡེ་དང་བཅས། །ད་ལྟ་ཉིད་དུ་རྩད་ནས་གཞོམ་པར་བྱ། །བློ་ངན་འདི་ཡིས་རང་དོན་བསྒྲུབས་བསྒྲུབས་ནས། །ཐོག་མེད་དུས་ནས་འགྲོ་ལ་གནོད་པ་བསྐྱལ། །དེ་ཡི་ལེ་ལན་སྲིད་པའི་བཙོན་རར་བཅིངས། །ད་ལྟའི་དུས་ཀྱང་མི་འདོད་ཆར་བཞིན་འབབ། །ཇི་ཙམ་འབྱོར་ཡང་ངོམས་པའི་དུས་མེད་ཅིང་། །སྡུག་བསྔལ་བ རྒྱ་ཕྲག་མྱོང་ཡང་བྲེད་མི་ཤེས། །རང་གིས་མི་བཟོད་གཞན་ལ་རྩོལ་ཕོད་ཅན། །ཕུང་བྱེད་རྟོག་པའི་བློ་ངན་འདི་ལ་ལྟོས། །ཚེ་འདིར་ན་ཚ་བཀྲེས་སྐོམ་བརྡེག་བརྡུང་དང་། །གཏམ་ངན་ལ་སོགས་མི་འདོད་ཇི་སྙེད་ཀུན། །རྩ་བ་ལུས་སེམས་བདག་ཏུ་བཟུང་བས་ལན། །རང་གི་ཉེས་པ་གཞན་ལ་བཀོན་དུ་ཅི། །ད་དུང་འདི་ཡི་དབང་སོང་སྲིད་པ་ན། །དཔག་མེད་སྡུག་བསྔལ་མཚོན་གྱིས་གཅོད་པར་ངེས། །དེ་ཕྱིར་སྲིད་ན་མི་འདོད་མཆིས་དེ་ཀུན། །ཕུང་བྱེད་བདག་འཛིན་འགོང་པོའི་ཐོག་ཏུ་སྤུངས། །སྔོན་ཆད་དགྲ་ཟུན་མ་འབྱེད་ཀྱེ་མ་འཁྲུལ། །དེང་ནས་ངས་མཐོང་ད་ཁྱོད་གང་དུ་འགྲོ། །མེད་བཞིན་འཁྲུལ་པའི་བློ་ངན་དུག་ཤིང་འདི། །གཉེན་པོའི་མཚོན་གྱིས་དེང་ནས་གཅད་པར་བྱ། །འགྲོ་བ་འདི་ཀུན་ཕ་མའི་རང་བཞིན་ཏེ། །ཐོག་མ་མེད་ནས་དྲིན་ལན་འཁོར་མཐའ་བྲལ། །ད་ལྟའི་དུས་ཀྱང་བྱང་ཆུབ་སྒྲུབ་པའི་གྲོགས། །སྒྲིབ་གཉིས་སྦྱོང་བྱེད་དགེ་བའི་བཤེས་གཉེན་དངོས། །འདི་ལ་ཕན་བཏགས་རྒྱལ་རྣམས་དགྱེས་འགྱུར་ཞིང་། །འདི་ཡི་གནོད་བཟོད་དཀའ་ཐུབ་སྡོམ་པའི་མཆོག །འདི་དག་མགུ་བྱས་སྲིད་ཞིའི་ཕ་རོལ་འགྲོ། །འདི་ནི་བསོད་ནམས་ཞིང་དུ་རྒྱལ་དང་མཉམ། །ཁྱད་པར་རྙེད་སོགས་འཆིང་བ་དམ་བཅིངས་ཤིང་། །ལས་ངན་དབང་གིས་ངན་འགྲོར་ལྟུང་ཉེ་བར། །མི་གཏོང་སྒོ་འཕར་གཅོད་ལ་བརྩོན་བྱེད་པ། །གནོད་བྱེད་དགྲ་སོགས་སངས་རྒྱས་སྤྲུལ་པར་མཚུངས། །སྡུག་བསྔལ་རྐྱེན་གྱིས་དྲེགས་སོགས་བག་མེད་གཞིལ། །སྐྱོ་ཤས་ངེས་འབྱུང་འགྲོ་ལ་སྙིང་རྗེ་བསྐྱེད། །སྡིག་ལས་བཟློག་ཅིང་དགེ་ལ་བསྐུལ་མ་འདེབས། །སྒྲིབ་སྦྱོང་དམ་པའི་ཆོས་ལྟར་མཆོད་པར་འོས། །དེ་བས་ཀུན་ལ་བཀའ་དྲིན་ཆེ་བར་བསྒོམས། །དྲིན་ལན་བྱམས་དང་སྙིང་རྗེའི་སྟོབས་བསྐྱེད་ནས། །དེ་དག་སྡིག་སྡུག་ཉོན་མོངས་རང་གིས་ལེན། །བདག་གི་དུས་གསུམ་དགེ་རྩ་ཡོངས་ལ་བསྔོ། །ཁྱད་པར་སྔོན་ཆད་གཞན་ལ་གནོད་བགྱིས་པའི། །ལན་ཆགས་ཤ་འཁོན་མཐའ་དག་འབྱོང་བའི་ཕྱིར། །སྒྱུ་ལུས་ཤ་ཁྲག་ཕུང་པོ་ཁྱོད་ལ་སྦྱིན། །དེང་ནས་ལྷག་མེད་རོལ་ལ་ཚིམ་པར་བྱོས། །ཀུན་ཀྱང་མི་བདེན་རྨི་ལམ་སྒྱུ་མ་བཞིན། །སྐྱེ་འགག་གནས་མེད་དོན་ལ་མཉམ་པ་ཉིད། །འཁྲུལ་སྣང་མཐའ་དག་སྐུ་བཞིར་རྒྱས་ཐེབས་པའི། །ལྟ་བའི་གོ་ཆ་འདི་མཚུངས་གཞན་ཡོད་མིན། །སྟོང་ཉིད་རྟེན་འབྱུང་ཤར་བའི་ཉམས་ལེན་མཆོག །སྦྱོར་བ་བཞི་ལྡན་ཐབས་མཁས་གསེར་འགྱུར་རྩིས། །རྐྱེན་ངན་མཐའ་དག་ཡང་དག་བྱང་ཆུབ་ལམ། །རྣམ་དག་བུམ་བརྒྱ་སྐྱེས་སུ་བསྒྱུར་མཛོད་ཀྱེ། །མདོར་ན་གློ་བུར་རྐྱེན་ངན་གང་བྱུང་ཡང་། །འཕྲལ་དུ་དྲན་ཤེས་གཉེན་པོས་ལེགས་སྦྱངས་ནས། །བསམ་སྦྱོར་མཐའ་དག་སྟོང་ཉིད་སྙིང་རྗེ་ཡིས། །བྱང་ཆུབ་ལམ་དུ་བསྒྱུར་མཛོད་གྲོགས་པོ་དག །ཅེས་པ་ནི་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བའི་ཐབས་བཤད་ཟིན་ཏོ། །། །༈ ཟབ་དང་རྒྱ་ཆེའི་ཐེག་མཆོག་སྙིང་པོའི་བཅུད། །ཚང་ལ་མ་ནོར་རྒྱལ་སྲས་འཇུག་པའི་ལམ། །ཇི་བཞིན་གནད་དུ་དྲིལ་ནས་སྟོན་མཛད་པའི། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ད་ནི་རྩ་བའི་ས་བཅད་བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ལ་གཉིས། ཚེ་འདིར་ཇི་ལྟར་བྱ་བ་དང་། འཆི་ཁར་ཇི་ལྟར་བྱ་བའོ། །དང་པོ་ནི། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་པ་སྟེ། དམ་པའི་ཆོས་ཉམས་སུ་ལེན་པའི་མན་ངག་ཟབ་དགུ་གཅིག་ཏུ་དྲིལ་བའི་ཉམས་ལེན་གྱི་གནད་འགག་མདོར་བསྡུ་ན་སྟོབས་ལྔ་སྟེ། དང་པོ་འཕེེན་པའི་སྟོབས་ནི། དུས་འདི་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དང་། ཁྱད་པར་མ་ཤིའི་བར་དང་། སྒོས་སུ་ལོ་འདི་དང་ཟླ་བ་འདི། ཡང་སྒོས་དེ་རིང་ནས་སང་གི་བར་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་གཏན་ནས་མི་འབྲལ་བར་བྱའོ། །ཞེས་བློའི་འཕེན་པ་དྲག་པོ་ཡང་ཡང་གཏོང་། བྱེ་བྲག་ཉི་མ་དེ་རིང་བདག་ལ་ཁ་ཟེར་བ་དང་། འཕྱར་ཁ་གཏོང་བ་དང་། བརྡེག་བརྡུང་སོགས་གནོད་པ་བྱེད་པ་ཅི་བྱུང་ཡང་དེའི་དབང་དུ་གཏོང་རེ་ཤི་སྙམ་དུ་བསམ་ཞིང་དམ་བཅའི་འཕེན་པ་གཏོང་སྟེ། དཔེར་ན་ནམ་མ་ལངས་པར་ཤིང་འཐུ་རུ་འགྲོ་སྙམ་ཙ་ན་གཉིད་སྔར་སད་ཡོང་བ་དང་འདྲ་བར། འཕེན་པའི་སྟོབས་ཀྱིས་ནམ་རྐྱེན་ངན་དང་ཕྲད་པའི་ཚེ་གཉེན་པོ་དྲན་ནས་ཡོངས་པ་ཡིན། དེས་ན་ཆོས་རྣམ་དག་རེ་བྱ་སྙམ་པའི་འཕེན་པ་དྲག་པོ་རེ་ཡོད་ན་སྒོ་གསུམ་ཆོས་དང་ངང་གིས་མཐུན་ཏེ། སྔོན་སྐྱོར་མོ་ལུང་ན་ཇོ་གདན་བཟང་པོ་གཅིག་ཡོད་པ་དུས་མི་བདེ་བ་གཅིག་གི་དུས་སུ་ཉིན་གཅིག་རྒྱུ་འགྲུལ་ལ་འགྲོ་དགོས་བྱུང་པས་ཁོང་གི་ཐུགས་དགོངས་ལ། དེང་སང་གི་དུས་མི་བདེ་ལུགས་ཀྱི་དེ་རིང་ཡང་ཅི་ཡོང་མི་ཤེས་ཏེ། མི་འདོད་པའི་རྐྱེན་ཅི་བྱུང་ཡང་ཆོས་མ་ཤོར་བ་ཞིག་བྱེད་དགོས་སྙམ་པའི་འཕེན་པ་གཅིག་བཏང་ནས་ཕྱིན་པས། འཇིགས་སར་མི་ངན་མང་པོ་རོང་གིས་བྱུང་བས། དང་པོ་སྙིང་ཧད་པ་གཅིག་བྱུང་། དེའི་རྗེས་ལ་ད་ནང་གི་དམ་བཅའ་དྲན་པས་ཁྱེད་རང་ཁྱེར་རྒྱུ་གང་འདུག་ཁྱེར་ཅིག་བྱས་ནས་ཁོང་ཚོའི་གསེབ་ཏུ་ཕྱིན་པས་ཐུགས་བདེ་འབོལ་གྱིས་སོང་གསུངས། དེས་ན་འཕེན་པ་གལ་ཆེ་སྟེ། སྤྱོད་འཇུག་ལས། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་སོ། །གཉིས་པ་གོམས་པའི་སྟོབས་ནི། སྤྱོད་ལམ་མམ། དགེ་སྡིག་ལུང་མ་བསྟན་གྱི་བྱ་བ་ཅི་ཞིག་ལ་འཇུག་གི་འདུག་ཀྱང་དྲན་པ་དང་ཤེས་བཞིན་གྱིས་ཀྲིག་གིས་བཟུང་ནས། མི་དགེ་བ་དང་ལུང་མ་བསྟན་ལྟ་ཅི་རང་དོན་ཡིད་བྱེད་ཀྱི་དགེ་སྦྱོར་ལྟར་སྣང་བའི་དབང་དུའང་མི་གཏོང་ཞིང་། བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བར་ཡང་དང་ཡང་དུ་སྦྱང་བ་སྟེ། མདོར་ན་དགེ་སྦྱོར་གྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱ་དགོས་ཏེ། ཞི་བ་ལྷས། གང་གིས་ཆོས་ཀྱི་གཙོ་བོ་མཆོག །སེམས་ཀྱི་གསང་འདི་མ་ཤེས་ན། །བདེ་ཐོབ་སྡུག་བསྔལ་གཞོམ་འདོད་ཀྱང་། །དེ་དག་དོན་མེད་གྱི་ནར་འཁྱམས། །དེ་ལྟར་བདག་གི་སེམས་འདི་ནི། །ལེགས་བཟུང་ལེགས་པར་བསྲུང་བར་བྱ། །སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །མ་གྲངས་གྲོལ་བའི་ཁྲོད་གནས་ན། །བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན། །སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་། །སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། །རྨ་ཡི་སྡུག་བསྔལ་ཆུང་ངུ་ཡིས། །སྐྲག་པའང་རྨ་ཡི་བག་བྱེད་ན། །བསྡུས་འཇོམས་རིས་འཇོམས་སྐྲག་པ་དག །སེམས་ཀྱི་རྨ་ལྟར་ཅིས་མི་སྲུང་། །སྤྱོད་པ་འདི་འདྲས་གནས་བྱེད་ན། །སྐྱེ་བོ་ངན་པའི་ཁྲོད་གནས་སམ། །བུད་མེད་ཁྲོད་ན་གནས་ཀྱང་རུང་། །སྡོམ་བརྩོན་བརྟན་པ་ཉམས་མི་འགྱུར། །བདག་གི་རྙེད་དང་བཀུར་སྟི་དང་། ལུས་དང་འཚོ་བ་མེད་བླ་ཞིང་། །དགེ་བ་གཞན་ཡང་ཉམས་བླ་ཡིས། །སེམས་ནི་ནམ་ཡང་ཉམས་མི་བྱ། །སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་དང་། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས། གསུམ་པ་དཀར་པོའི་ས་བོན་གྱི་སྟོབས་ནི། ཐུན་མཚམས་སོགས་སུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་དེ་ཉིད་གོང་འཕེལ་དུ་བྱ་བའི་ཕྱིར། དཀོན་མཆོག་གི་རྟེན་ལ་མཎྜལ་དང་མཆོད་པ་འབུལ་བ་སོགས་ཚོགས་གསོག་དང་སྒྲིབ་སྦྱོང་ཅི་ནུས་བྱ། བླ་མ་ལ་གསོལ་བ་འདེབས། ཆོས་སྐྱོང་ལ་ཕྲིན་ལས་ཞུ། ཐོས་བསམ་སྒོམ་གསུམ་ཆོས་སྤྱོད་བཅུ་སོགས་མདོར་ན་དགེ་བ་ལ་ཆོག་ཤེས་མེད་པར་ལུས་ངག་ཡིད་གསུམ་གྱིས་རྟག་ཏུ་འབུངས་པར་བྱ་སྟེ། སྡུད་པ་ལས། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་འགྱུར། །ཞེས་དང་། དམ་པའི་ཞལ་ནས། བསོད་ནམས་བསགས་པ་ལ་སྒོམ་གཏད་མེད་དུ་སྐྱེ་གསུངས། བྱང་ཆུབ་ཀྱི་སེམས་གཉིས་པོའང་ཕན་ཚུན་རྒྱུར་འགྱུར་ཏེ། སྟོང་ཉིད་རྟོགས་ན་སྙིང་རྗེ་ཤུགས་ལས་འབྱུང་བའང་། བྱང་ཆུབ་སེམས་འགྲེལ་ལས། དེ་ལྟར་རྣལ་འབྱོར་པ་ཡིས་ནི། །སྟོང་པ་ཉིད་ལ་གོམས་བྱས་ན། །བློ་ནི་གཞན་དོན་ལ་དགའ་བར། །འགྱུར་བ་དག་ཏུ་ཐེ་ཚོམ་མེད། །ཅེས་དང་། ཕ་དམ་པ་ལ། སྟོང་ཉིད་རྟོགས་ན་སྡིག་པ་བྱས་ན་སྟོའམ་མི་སྟོ་ཞུས་པས། དམ་པས། སྟོང་ཉིད་རྟོགས་ན་སྡིག་པ་བྱེད་དོན་མེད། སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ་གསུངས། སྙིང་རྗེའང་དེ་དང་མཚུངས་ཏེ། ཇོ་བོའི་བླ་མ་དྷརྨ་རཀྵི་ཏ་བཞིན་ནོ། །བཞི་པ་སུན་འབྱིན་པའི་སྟོབས་ནི། བདག་གཅེས་འཛིན་གྱི་རྣམ་རྟོག་དང་། ཉོན་མོངས་དྲག་པོ་ནམ་སྐྱེས་པའི་ཚེ། བདག་སྔར་ཡང་ཐོག་མ་མེད་པ་ནས་འཁོར་བར་འཁྱམས། སྡུག་བསྔལ་སྣ་ཚོགས་པ་མྱོང་བ་འདི་རྟོག་ངན་ཁྱོད་ཀྱིས་ལན། ཚེ་འདིར་སྡིག་པ་དང་སྡུག་བསྔལ་ཇི་སྙེད་བྱུང་བ་དང་། ཆོས་རྣམ་དག་འདོད་པ་བཞིན་རྒྱུད་ལ་མི་སྐྱེ་བ་དང་། སྡོམ་པ་གསུམ་གྱི་བཅས་འགལ་སོགས་ཇི་སྙེད་བྱུང་བ་དེ་ཐམས་ཅད་འདི་ཁོ་ནས་ལན། ད་ཡང་ཁྱོད་དང་འགྲོགས་ན་སྐྱིད་མེད། ད་རེས་འདི་ཅི་བརླག་ཅི་ཐུལ་བྱ་དགོས་སྙམ་པས་བདག་འཛིན་རྣམ་རྟོག་རྒྱངས་ཀྱིས་སྤང་བ་སྟེ། ཞི་བ་ལྷས། དེ་ལྟས་ཉོན་མོངས་གཞོམ་པ་ལ་། །རྟག་ཏུ་ཕྱིར་མི་ལྡོག་པར་བྱ། །འདི་ལ་བདག་གིས་ཞེན་བྱ་ཞིང་། ཁོན་དུ་བཟུང་ནས་གཡུལ་སྤྲད་དེ། །རྣམ་པ་དེ་འདྲའི་ཉོན་མོངས་པ། །ཉོན་མོངས་འཇོམས་བྱེད་མ་གཏོགས་སོ། །ཞེས་དང་། བདག་ནི་ཡོངས་སུ་མ་བཏང་ན། །སྡུག་བསྔལ་སྤང་བར་མི་ནུས་ཏེ། །ཇི་ལྟར་མེ་ནི་མ་བཏང་ན། །སྲེག་པ་སྤོང་བར་མི་ནུས་བཞིན། །ཞེས་གསུངས། ལྔ་པ་སྨོན་ལམ་གྱི་སྟོབས་ནི། དགེ་སྦྱོར་གང་བྱེད་ཀྱི་གཤམ་དུ། སྤྱིར་སེམས་ཅན་ཐམས་ཅད་བདག་ཁོ་ནས་སངས་རྒྱས་ཀྱི་ས་ལ་འདྲེན་ནུས་པར་གྱུར་ཅིག ཁྱད་པར་དུས་འདི་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་རྨི་ལམ་དུའང་མི་བརྗེད་ཅིང་གོང་ནས་གོང་དུ་འཕེལ་བར་ཤོག་ཅིགརྐྱེན་ངན་ཅི་བྱུང་ཡང་བྱང་ཆུབ་སེམས་ཀྱི་གྲོགས་སུ་ཁྱེར་ནུས་པར་གྱུར་ཅིག ཅེས་ཞེ་ཐག་པ་ནས་གདབ་ཅིང་། བླ་མ་དང་དཀོན་མཆོག་དང་ཆོས་སྐྱོང་ལ་གཏོར་མ་ཕུལ་ནས་དེ་ལྟར་གསོལ་བ་གདབ། དགེ་བ་ཐམས་ཅད་དེའི་དོན་དུ་བསྔོ་བར་བྱ་སྟེ། དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །འབྲས་བུའང་དེ་འདྲ་ཉིད་དུ་འགྱུར། །ཞེས་དང་། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང་། མདོ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པའོ། །ཞེས་གསུངས་པས་བསམ་པ་ཐག་པ་ནས་གདབ་པར་བྱའོ། །སྟོབས་ལྔ་པོ་འདི་ཆོས་ཐམས་ཅད་ཧཱུྃ་གཅིག་ཏུ་དྲིལ་བའི་ཆོས་ཡིན་གསུངས། གཉིས་པ་ཆོས་འདིའི་ལུགས་ཀྱི་འདའ་ཁ་མའི་གདམས་ངག་ཇི་ལྟར་བྱེད་ཅེ་ན། ཐེག་ཆེན་འཕོ་བའི་གདམས་ངག་ནི། །སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་པ་སྟེ། ཆོས་འདི་ལ་སྦྱངས་པའི་གང་ཟག་དེ་འཆི་ངེས་པའི་ནད་ཀྱིས་ཐེབས་པའི་ཚེ། དང་པོར་ཡོ་བྱད་ཅི་ཡོད་པ་ཐམས་ཅད་སྤྱིར་བླ་མ་དཀོན་མཆོག་སྒོས་རང་ཉིད་ཕན་ཡོན་འདི་རང་ཆེ་སྙམ་པའི་ཕྱོགས་སུ་བཏང་ནས་ཆགས་ཞེན་གྱི་འཁྲི་བ་སྤུ་རྩེ་ཙམ་མེད་པར་བྱེད་པ་དཀར་པོ་ས་བོན་གྱི་སྟོབས། འདི་ཤིན་ཏུ་གལ་ཆེ་སྟེ། འཆི་ཁར་ཆགས་སེམས་ཕྲ་མོ་རེས་ཀྱང་ངན་སོང་དུ་འཕེན་པར་བྱེད་དེ། སྔོན་དགེ་སློང་ཞིག་ལྷུང་བཟེད་ལ་ཆགས་པས་དེ་མ་ཐག་པར་ལྷུང་བཟེད་ཀྱི་ནང་དུ་སྦྲུལ་ཞིག་ཏུ་བརྫུས་ཏེ་སྐྱེས་ནས་འདུག་པ་ན། དགེ་སློང་གི་ཕུང་པོ་དུར་ཁྲོད་དུ་བསྲེགས་པའི་སྐབས་ཁོའི་གཡོག་ནང་དུ་ཕྱིན་ནས་ལྷུང་བཟེད་བླང་བ་ན་དེའི་ནང་དུ་སྦྲུལ་ཞིག་འདུག་པ་ཁོས་ཕྱིར་དོར་བས། དེ་ཁྲོས་ཏེ་ཁ་ནས་མེ་འབར་བས་བསིལ་ཁང་ཚིག་སྟེ་ཤི་ནས་དམྱལ་བར་སྐྱེས་ཏེ། དམྱལ་བར་ལས་ཀྱི་མེ་འབར་བ་དང་། སྦྲུལ་གྱི་ལུས་ལ་རྩྭ་སྤྱིལ་གྱི་མེ་འབར་བ་དང་། དགེ་སློང་གི་ལུས་ལ་གདུང་ཁང་གི་མེ་འབར་བ་གསུམ་དུས་གཅིག་ལ་བྱུང་བར་གསུངས་པ་དང་། གཞན་ཡང་དགེ་སློང་ཆོས་གོས་ལ་ཆགས་པ་སྦྲུལ་དུ་སྐྱེས་པ་དང་། མངའ་རིས་གློ་མོན་གྱི་བྱིས་པ་འུར་རྡོ་ལ་ཆགས་པ་སྦྲུལ་དུ་སྐྱེ་བ་དང་། དབུས་ཀྱི་བཙུན་མ་ཞིག་གཡུ་ལ་ཆགས་པས་དེར་སྦལ་བར་སྐྱེས་པ་སོགས་ལོ་རྒྱུས་མང་། དེས་ན། ཨོ་རྒྱན་ཆེན་པོས། ཀྱེ་མ་བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར། །ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས། །གདམས་ངག་གསལ་བའི་ངག་དུ་མ་ཡེངས་འཇུག ། རང་རིག ་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ། །འདུས་བྱས་ཤ་ཁྲག་ལུས་དང་བྲལ་ལ་ཁད། །མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ། །ཞེས་གསུངས། དེ་ནས་ནུས་ན་ཡན་ལག་བདུན་པ་འབུལ། མི་ནུས་ནའང་བདག་གི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་ཡོད་པའི་མཐུས། བདག་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་བརྗེད་ཅིང་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག ཆོས་འདི་སྟོན་པའི་བླ་མ་ཡང་དག་པ་དང་མཇལ་བར་གྱུར་ཅིག དེ་ལྟར་འགྲུབ་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཡིད་རྩེ་གཅིག་པས་སྨོན་པ་སྨོན་ལམ་གྱི་སྟོབས་དང་། བདག་གཅེས་འཛིན་འདིས་སྐྱེ་བ་གྲངས་མེད་པར་སྡུག་ཏུ་བཅུག ད་རེས་ཀྱང་འཆི་བའི་སྡུག་བསྔལ་མྱོང་། དོན་དམ་པར་བདག་དང་སེམས་མ་གྲུབ་པས་འཆི་རྒྱུ་མེད། ནའོ་འཆིའོ་བསམ་པའི་བདག་འཛིན་གྱི་བློ་ངན་ཁྱོད་ཅི་ནས་བརླག་པར་བྱའོ་སྙམ་པ་སོགས་སུན་འབྱིན་པའི་སྟོབས་དང་། འཆི་ཁ་དང་བར་དོ་དང་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་དང་མི་བྲལ་བར་བྱའོ་སྙམ་པ་འཕེན་པའི་སྟོབས་དང་། སྔར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་གཉིས་གསལ་འདེབས་པ་ནི་གོམས་པའི་སྟོབས་ཡིན་པས། གཙོ་བོར་དེ་དག་ལ་རྩེ་གཅིག་ཏུ་བྱ་ཞིང་། གྲོགས་སུ་སྤྱོད་ལམ་ཡང་གཅེས་ཏེ་ལུས་གནད་ཆོས་བདུན་ནམ། མི་ནུས་ན་གཞོག་གཡས་འོག་ཏུ་བཅུག ལག་པ་གཡས་པས་འགྲམ་པ་བརྟེན་པའི་མཐེའུ་ཆུང་གིས་སྣ་བུག་གཡས་བཀག་རླུང་གཡོན་ནས་རྒྱུ་བར་བྱས་ལ་བྱམས་སྙིང་རྗེ་སྔོན་དུ་འགྲོ་བས་རླུང་འགྲོ་འོང་དང་སྦྱར་ཏེ་གཏོང་ལེན་སྦྱང་། དེའི་རྗེས་ལ་འཁོར་འདས་སྐྱེ་འཆི་ལ་སོགས་པ་ཐམས་ཅད་སེམས་སྣང་ཡིན། སེམས་ཉིད་ཅིར་ཡང་མ་གྲུབ་པར་ཤེས་པའི་ངང་ལ་བློས་ཅིར་ཡང་མི་འཛིན་པར་བཞག དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་པོ་དེ་སྤེལ་ཞིང་བསྒོམ་པའི་ངང་ལ་དབུགས་འགྲོ་ནུས་པར་བྱའོ། །འཆི་ཁའི་གདམས་ངག་འུད་ཆེ་བ་མང་སྟེ་འདི་ལས་ངོ་མཚར་བ་མེད་གསུངས། དེ་གཉིས་གང་གིས་འཕོ་ནའང་འཕོ་བ་མཆོག་ཡིན་ཏེ། འཕོ་བྱ་འཕོ་བྱེད་དང་བྲལ་བ་ནི་འཕོ་བའི་མཆོག་ཡིན་ཞིང་། བདག་བས་གཞན་གཅེས་ཀྱིས་འཕོ་ནའང་མཆོག་ཡིན་ཏེ། མ་སྨད་གཉིས་ཆུས་ཁྱེར་ནས་མ་ལ་བུ་མོ་འདི་མ་ཤི་ན། བུ་མོ་ལ་མ་འདི་མ་ཤི་ན་སྙམ་པའི་བསམ་པ་བྱུང་བས་གཉིས་ཀ་ཚངས་གནས་སུ་སྐྱེས་པར་གསུངས། གཞན་ཡང་དམྱལ་བར་གྱད་ཀྱི་ཤིང་རྟ་འདྲེན་པ་དང་མཛའ་བོའི་བུ་མོའི་ལོ་རྒྱུས་སོགས་ཀྱིས་ཀྱང་ཤེས། དེར་མ་ཟད་བདག་བས་གཞན་གཅེས་ཀྱི་བློ་བཅོས་མིན་རེ་སྐྱེས་ན་ཚེ་འདི་ཡང་ངོ་མཚར་བའི་ལྟས་དུ་མ་འབྱུང་སྟེ། སྔོན་བྱ་ས་ཀོ་ཁར། ཀོ་བ་གཅིག་གི་ནང་བཙུན་པ་དྲུག་དང་། བང་ཕྱིན་པ་གཅིག་བཅས་ཞུགས་ནས་ཀོ་བ་བཏང་བས་ཆུའི་བཞི་ཆ་ཙམ་སོང་བ་དང་། ཀོ་མཁན་ན་རེ། གྲུ་ལྕི་འདུག་པས་རྐྱལ་ཤེས་པ་ཡོད་ན་གཅིག་ཙམ་ཐོན་རོགས་གྱིས། ཡང་ན་ང་རང་འཐོན་གྱིས་ཁྱེད་རང་གཅིག་གིས་རྐྱ་བ་ཟུངས་ཟེར་བ་ལ། ཐམས་ཅད་ཀྱིས་གཉིས་ཀ་མི་ཤེས་པར་འདུག བང་ཕྱིན་པ་དེ་ན་རེ། ཐམས་ཅད་ཤི་བ་བས་ང་གཅིག་པུ་ཤི་བ་དྲག་ཟེར་ནས་ཆུ་ལ་མཆོངས་པས། དེ་མ་ཐག་འཇའ་ཟུག མེ་ཏོག་གི་ཆར་བབས། རྐྱལ་མི་ཤེས་ཀྱང་ཇི་ཞིག་ལྟར་ཆུ་མཐར་ཐོན་ནས་མ་ཤི་ཟེར། དེས་སྔར་ཆོས་ཙམ་བྱས་པའི་རིགས་སུ་མི་འདུག་ཟེར་ཏེ། བློ་རྣམ་དག་ལན་རེ་རེ་ལའང་དེ་འདྲ་འབྱུང་ན། འཆི་ཁར་མང་དུ་བསྒོམ་པ་འཕོ་བའི་མཆོག་ཡིན་པ་ལྟ་ཅི་སྨོས་གསུངས། དེའི་ངང་དུ་མ་འཕོས་ན་བྱང་ཆུབ་སེམས་ཀྱི་ཀུན་སློང་དེ་དང་མ་བྲལ་བར་གཞན་དམིགས་པ་དང་རླུང་སྦྱོར་སོགས་ཀྱི་གདམས་པ་དང་འབྲེལ་བར་འཕོ་ནའང་ཤིན་ཏུ་ཟབ། འགྲོན་བུ་མ་ཉམས་པའི་བསྲེགས་ཐལ། རྡོ་ཁབ་ལེན་གྱི་ཕྱེ་མ་གཉིས་སྦྲང་སྨྱོན་ལ་སྦྱར་བ་སྤྱི་བོར་བྱུག་པའང་རྫས་ཀྱི་འཕོ་བའི་མན་ངག་སྟེ། འདི་ལ་སངས་རྒྱས་ཀྱི་རིང་བསྲེལ་དང་གྲུབ་ཐོབ་གོང་མ་རྣམས་ཀྱི་གདུང་རིང་བསྲེལ་སྒྲུབ་རྫས་སོགས་སེལ་མེད་ཀྱི་དམ་རྫས་རིགས་བསྲེ་བ་དང་། རྒྱུད་སྡེ་ནས་འབྱུང་བ་ལྟར་གྱི་ཚད་ལྡན་དུ་སྒྲུབ་ཐུབ་ན་ཤིན་ཏུ་ཡང་ལེགས་སོ། །ཐེག་ཆེན་ལམ་བཟང་འོ་མའི་ཆུ་གཏེར་ཆེ། །བླ་མའི་མན་ངག་རྐྱལ་གྱིས་བསྲུབས་པ་ལས། །ཉེར་ཐོབ་ཚེ་གཅིག་ཉམས་ལེན་མར་ཞུན་མཆོག །སྟོབས་ལྔའི་ཉམས་ལེན་འདི་ཡིན་གཞན་ཡོད་མིན། །སྲིད་མཐའི་བར་དུ་མི་གཏོང་འཕེན་པའི་ཤུགས། །ཅིས་ཀྱང་མི་བཟློག་གོ་ལའི་རླུང་ཤུགས་ཀྱིས། །རླབས་ཆེན་བྱང་ཆུབ་སེམས་གཉིས་ཉི་ཟླའི་འགྲོས། བསྐུལ་ན་འཕྲལ་ཡུན་རྒུད་མུན་རིང་དུ་བྱེད། །བྱང་ཆུབ་སེམས་གཉིས་ལྷ་ཡི་གདྒཱའི་རྒྱུན། །ཡང་ཡང་གོམས་པའི་རྒྱུན་ཕྱོགས་ལ་གཞོལ་ན། །རིང་མིན་བྱང་ཆེན་རྒྱ་མཚོར་ཉེར་ཞུགས་ནས། །དོན་གཉིས་རླབས་ཕྲེང་འཛུམ་དཀར་ཅིས་མི་རྒོད། །རླབས་ཆེན་ཚོགས་གཉིས་ཆུ་ལུད་དྲོད་གཤེར་གྱིས། །རིགས་ཁམས་དགེ་བའི་ས་བོན་གསོས་ཐེབས་ན། །རྨད་བྱུང་ལམ་ལྔའི་མྱུ་གུའི་ཡལ་འདབ་རྩེར། །སྐུ་གཉིས་གསེར་གྱི་སྙེ་མ་མྱུར་འཁྲུང་ངེས། །ཡང་ཡང་སྲིད་པའི་བཙོན་རར་དམ་བཅིངས་ཤིང་། །མང་མང་སྡུག་བསྔལ་ཆད་པས་མནར་བའི་རྒྱུ། །འཇིགས་འཇིགས་བདག་ཏུ་འཛིན་པའི་ཕུང་རྒན་འདི། །མྱུར་མྱུར་གཉེན་པོའི་སྟོབས་ཀྱིས་གཞོམ་པར་འོས། །རྣམ་དག་སྨོན་པའི་ཁ་ལོ་བསྒྱུར་མཁས་ན། །རྣམ་མང་དགེ་ཚོགས་རིན་ཆེན་ཤིང་རྟ་མཆོག །རྣམ་མཁྱེན་གྲོང་དུ་ཞུགས་ལ་དཀའ་བ་མེད། །རྣམ་ཀུན་འགྲོ་བའི་ངལ་འཚོར་ཅིས་མི་འགྱུར། །ནམ་ཞིག་མི་རྟག་སྒྱུ་མའི་འཁྲུལ་འཁོར་འདི། །འདོར་ཚེ་སྟོབས་ལྔའི་གཤོག་ཡངས་ལེགས་བརྐྱངས་ནས། །ཆོས་དབྱིངས་མཁའ་ལ་བསྒྲོད་པའི་རླུང་ཤུགས་ཀྱིས། །འགྲོ་དྲུག་གཡང་ས་གཅོད་ལ་དཀའ་བ་ཅི། །ཨ་ཧོ་ཟབ་དགུའི་གདམས་ངག་ནོར་བུའི་སྒྲོམ། །ཨེ་མ་བསོད་ནམས་སུ ག་པར་སོ ན་པའི་ཚེ། །མནོག་ཆུང་ཚེ་འདིའི་བྱ་བས་མ་བྲེལ་བར། །སྙིང་ནས་བརྩོན་པས་ཉམས་སུ་ལོངས་ཤིག་ཀྱེ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པའི་སྐབས་བཤད་ཟིན་ཏོ། །། །༈ གང་ཐུགས་ཤེས་རབ་སྙིང་རྗེས་དབང་གྱུར་ཕྱིར། །གཞན་གྱི་དོན་དུ་མནར་མེད་མེ་ལའང་། །པདྨའི་མཚོ་ལྟར་དགའ་བས་ཞུགས་མཛད་པའི། །རྒྱལ་དང་དེ་སྲས་བླ་མར་ཕྱག་བགྱིའོ། །ད་ནི་རྩ་བའི་ས་བཅད་ལྔ་པ་བློ་འབྱོངས་པའི་ཚད་བསྟན་པ་ནི། ཆོས་རྣམས་དགོས་པ་གཅིག་ཏུ་འདུས། །ཞེས་སོགས་གསུངས་ཏེ། ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པ་ནི། རྩ་བ་བདག་འཛིན་འདུལ་བ་གཅིག་པུར་འདུས་པས། ཆོས་བྱས་བཞིན་བློ་སྦྱོང་བསྒོམ་བཞིན་བདག་གཅེས་འཛིན་ཇེ་ཆུང་དུ་འགྲོ་དགོས། བདག་འཛིན་གྱི་གཉེན་པོར་མ་སོང་བར་ཆོས་བརྒྱད་དང་ཚེ་འདི འི་ཆེ་ཐབས་ཀྱི་འདོད་པ་སྒྲུབ་པར་འདུག་ན་ཚུལ་ཁྲིམས་བསྲུང་བ་དང་། ཐོས་བསམ་སྒོམ་གསུམ་སོགས་ཇི་ལྟར་བྱས་ཀྱང་བྱས་ཚད་དོན་མེད་དུ་སོང་བ་ཡིན། ཆོས་བྱས་ཚད་བདག་འཛིན་གྱ་ིགཉེན་པོར་སོང་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན་ཏེ། ཨོ་རྒྱན་ཆེན་པོས་ཀྱང་། འཛིན་པ་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན། ཉོན་མོངས་པ་ཆུང་ན་དུག་ལྔ་ཁོང་དུ་སོད་པའི་རྟགས་ཡིན། ང་བདག་ཆུང་ན་འགོང་པོ་སྒོར་ཐོན་པའི་རྟགས་ཡིན། ཞེས་དང་། མདོར་ན་རང་གི་ལུས་ལ་ཡང་ཞེན་པ་མེད་ན་འདོད་པ་གཏིང་ནས་བྲལ་བའི་རྟགས་ཡིན། སྡུག་བསྔལ་ཀྱི་རྐྱེན་གྱིས་མི་གནོད་ན་སྣང་བ་སྒྱུ་མར་ཤེས་པའི་རྟགས་ཡིན། ཆོས་བརྒྱད་ཤས་ཆུང་ན་སེམས་ཉིད་ངོ་ཤེས་པའི་རྟགས་ཡིན། ལར་ནང་རྟགས་ཕྱིར་འཆར་བ་ཤིང་ལ་ལོ་མ་སྐྱེས་པ་དང་འདྲ། ཕྱི་རྟགས་གཞན་ལ་འཆར་བ་ཤིང་ཐོག་གི་འབྲས་བུ་སྨིན་ནས་ཟས་སུ་རུང་བ་དང་འདྲ་སྟེ། ནང་ན་ཡོན་ཏན་སྣ་གཅིག་ཀྱང་མེད་པའི་ཆོས་པ་མང་། རྟོགས་པ་དང་ལྡན་པ་ཤིན་ཏུ་དཀོན་པས་སྒོམ་པ་ལ་འབད་རྩོལ་སྐྱེད་པ་གལ་ཆེ་གསུངས། དེས་ན་བཀའ་གདམས་གོང་མ་རྣམས་ཀྱིས། ཆོས་ཆོས་སུ་སོང་མ་སོང་གི་ཁྱད་པར་འདི་ནི་ཡོད་པས་འ དི་ཆོས་པ་སྲང་ལ་འཇལ་བའི་རྒྱ་མ་ཡིན་གསུངས། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །ཞེས་པ་ནི། གཞན་དག་ན་རེ། ཇོ་བོ་དེ་ཀུན་གྱི་རྒྱུད་ལ་ཆོས་སྐྱེས་འདུག ཆོས་པ་བཟང་པོ་བྱ་བ་དེ་ལ་ཟེར་བ་ཡིན་ཞེས་གཞན་གྱིས་མ་ཁྲེལ་བའང་དཔང་པོ་གཅིག་ཡིན་མོད་ཀྱི། འོན་ཀྱང་དེ་ལ་གཙོ་བོར་མི་བཟུང་སྟེ། འཇིག་རྟེན་ཕལ་པ་རྣམས་ཀྱིས་བདག་གི་སེམས་མི་རྟོགས་པས། ཕྱིའི་ལུས་ངག་གི་སྤྱོད་ལམ་ལེགས་པ་སྣ་རེ་ཙམ་མཐོང་བས་ཀྱང་མགུ་སྲིད་ལ་ཁ་ཅིག་ནི་རྒྱུ་མཚན་གང་ཡང་མེད་པར་རང་རང་གི་མོས་ཕྱོགས་ཀྱིས་བརྗོད་པའང་སྲིད་པས་སོ། །དེས་ན་རང་གི་རྒྱུད་ལ་བརྟགས་པས་དད་པ་དང་ངེས་འབྱུང་དང་ཤེས་རབ་དང་སྙིང་རྗེ་དང་བརྩོན་འགྲུས་སོགས་དཀར་ཆོས་ཀྱི་ནུས་པ་ཡོད་ཚོད་ཀྱིས་འབད་པས་ད་ནི་དོ་ནུབ་རང་འཆི་ནའང་འདི་ལས་ཡར་སྐྱེད་འདོན་རྒྱུ་མེད་སྙམ་པ་གཅིག་བྱུང་འདུག་ན་སྒྲུབ་པ་ཉམས་ལེན་གྱི་ཚད་ལོངས་པ་ཡིན་པས་རང་གིས་སེམས་ཀྱིས་མ་ཁྲེལ་བ་ཞིག་དཔང་པོའི་གཙོ་བོ་ཡིན་པས། བློ་གཟུ་བོས་བརྟགས་དེ་གཞན་གྱི་དཔང་པོ་ལ་ཆགས་མི་འཇོག་པར་རང་སེམས་ཀྱི་དཔང་པོ་གཙོ་བོར་བཟུང་སྟེ་རང་ལ་རང་གིས་མ་ཁྲེལ་བ་ལ་འབད་དགོས་ཏེ། ཨོ་རྒྱན་ཆེན་པོས། ཆོས་སྒོར་ཞུགས་པ་འདི་དག་ལ་ནོར་ས་མང་པོ་ཡོད། ཐོས་བསམ་གྱིས་རྒྱུད་གྲོལ་བའི་དགེ་བཤེས་དང་། ཤེས་རབ་ཀྱིས་ལྟ་རྟོག་བྱས་པའི་སྟོན་པ་ནོར་ར་རེ། རང་གིས་ཉམས་སུ་བླང་བའི་ཉམས་མྱོང་ཅན་དང་། ཉམས་སུ་མ་བླངས་པའི་དྲེད་པོ་ཆོས་རྒྱུས་ཅན་ནོར་ར་རེ། རང་རྒྱུད་ཆོས་ཀྱིས་ཐུལ་བའི་བཟང་པོ་དང་། བཟང་བརྫིའི་བསླུ་བྲིད་ཚུལ་འཆོས་ནོར་ར་རེ། གདམས་པ་ཅན་གྱི་ལྟ་བ་དང་། ཁ་ཆོས་མཁན་གྱི་ལྟ་ཁམས་ཀྱི་ཚིག་ནོར་ར་རེ། དད་པ་ཅན་གྱི་ཆོས་ལ་མོས་པ་དང་ཁ་ཆོས་མཁན་གྱི་ཆོས་སྐད་ནོར་ར་རེ། ལར་ཆོས་དང་རང་རྒྱུད་འདྲེས་པ་ཞིག་དགོས་པ་ཡིན་ཏེ། ཆོས་ཕ་རོལ་དུ་བཞག་ནས་རང་ཚུར་རོལ་དུ་འདུག་པའི་ཆོས་པར་ཁས་བླངས་པ་ཁ་སྦྱང་མཁན་འདི་རྣམས་ལ་ཆོས་མི་མཆི། ཆོས་ཆོས་སུ་འགྲོ་བ་ཞིག་དགོས། ཆོས་ལམ་དུ་འགྲོ་བ་ཞིག་དགོས། ལམ་གྱིས་འཁྲུལ་བ་སེལ་བ་ཞིག་དགོས། འཁྲུལ་བ་ཡེ་ཤེས་སུ་འཆར་བ་ཞིག་དགོས། ཆོས་ཐམས་ཅད་ཐེག་པ་གཅིག་ཏུ་འདུས་པར་ཤེས་ནས་སྤང་བླང་མེད་པར་རྟོགས་ན་ཆོས་ཆོས་སུ་འགྲོ་བ་ཡིན། ཆོས་གང་ལ་ཡང་སྐྱབས་འགྲོ་སེམས་བསྐྱེད། བསྐྱེད་རིམ་རྫོགས་རིམ། ཐབས་ཤེས་རབ་ཟུང་དུ་འབྲེལ་ན་ཆོས་ལམ་དུ་སོང་བ་ཡིན། ལམ་ལྟ་སྒོམ་སྤྱོད་པ་འབྲས་བུ་དང་འབྲེལ་ན་ལམ་གྱིས་འཁྲུལ་བ་སེལ་བ་ཡིན། ལྟ་སྒོམ་གྱི་ཕུགས་འཁྲུས་ནས་ཉམས་ལེན་ལ་བརྩོན་ན་འཁྲུལ་པ་ཡེ་ཤེས་སུ་འཆར་བ་ཡིན། ཞེས་སོགས་རྒྱ་ཆེར་གསུངས། འོན་ཀྱང་འཕགས་པ་རྣམས་ཀྱི་ཐུགས་ཀྱིས་མ་ཁྲེལ་ཞིང་བསྟོད་བཀུར་བསྔགས་གསུམ་བྱེད་པ་ནི་དཔང་པོ་ཤིན་ཏུའང་ཆེ་ལ། རང་གིའང་བླང་དོར་ཀྱི་གནས་རྣམས་མི་ཤེས་པའམ། ཤེས་ཀྱང་བློ་གཟུ་བོར་མི་གནས་པ་རང་མཐོང་ཅན་རྣམས་ནི་དཔང་པོར་རུང་བ་མ་ཡིན་ནོ། །ཡིད་བདེ་འབའ་ཞིག་རྒྱུན་ཏུ་བསྟེན། །ཞེས་པ་ནི། རྐྱེན་ངན་སྡུག་བསྔལ་ཅི་བྱུང་ཡང་འཇིགས་སྐྲག་ཡི་མུག་ནམ་ཡང་མི་སྐྱེ་བར། བཟང་ངན་ཐམས་ཅད་བློ་སྦྱོང་གི་གྲོགས་སུ་སོང་ནས་ཡིད་བདེ་འབའ་ཞིག་དང་རྒྱུན་དུ་འགྲོགས་པ་ནི་བློ་འབྱོངས་པའི་ཚད་ཡིན་ཏེ། གཞུང་འདི་ཉིད་ལས་ཀྱང་། སྔོན་སྦྱང་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་གསོད་ནས། །བདག་འཛིན་འདུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་གསུངས་པ་ལྟ་བུའོ། །གཞན་ཡང་ཀླུ་སྒྲུབ་ཀྱིས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་པ་བཞིན། འཇིག་རྟེན་ན་འདོད་པ་དང་མི་འདོད་པའི་ཆོས་བཞི་བཞི་ཡོད་པ་ལས། མི་འདོད་པའི་ཆོས་མ་རྙེད་པ་དང་། མ་བདེ་བ་དང་། མི་སྙན་པ་དང་། སྨད་པ་སྟེ་དེ་བཞི་པོ་འདོད་ཐོག་ཏུ་བློ་སྦྱངས་པས་ཐམས་ཅད་འདོད་པའི་ཆོས་ཤ་སྟག་ཏུ་སོང་བས་གང་ལའང་ཡིད་བདེ་འབའ་ཞིག་འབྱུང་བ་སྟེ། རྐྱེན་ངན་གང་བྱུང་ཡང་དེ་ལ་དགའ་བ་བསྒོམས་ནས་དེའི་སྟེང་དུ་གཞན་གྱི་རྐྱེན་ངན་ཐམས་ཅད་ཀྱང་དགའ་བཞིན་དུ་ལེན་པ་ལ་བསླབ་པར་བྱའོ། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་པ་ནི། དཔེར་ན་མི་རྟ་རྩལ་ཅན་དེ་ཡེངས་ཀྱང་རྟ་ལས་མི་ལྷུང་བ་ལྟར། མ་བརྟགས་པར་གློ་བུར་དུ་གཞན་གྱིས་བརྙས་ཐབས་དང་སྐུར་འདེབས་བརྡེག་བརྡུང་གནོད་པ་སོགས་རྐྱེན་ངན་གང་བྱུང་ཡང་། ཆེད་གཏད་དུ་དྲན་པས་བཟུང་མ་དགོས་པར་ཞེ་སྡང་སོགས་མི་སྐྱེ་ཞིང་རྐྱེན་ངན་དེ་ཉིད་བློ་སྦྱོང་གི་གྲོགས་སུ་ཁད་ཀྱིས་འགྲོ་བར་འདུག་ན་བློ་འབྱོངས་པའི་ཚད་ཡིན་པས་དེ་ལྟར་འགྱུར་བ་ལ་འབད་པར་བྱ་སྟེ། མདོར་ན་དགྲ་གཉེན་བདེ་སྡུག་གནོད་བྱེད་སོགས་ཅིར་སྣང་ཐམས་ཅད་ཀྱི་སྟེང་དུ་བྱང་ཆུབ་ཀྱི་སེམས་གཉིས་རྩོལ་མེད་དུ་ལྷང་ལྷང་སྐྱེ་བ་ན་བློ་འབྱོངས་པ་ཡིན་ནོ། །དེ་ལྟར་བཞི་པོ་དེ་བྱང་སེམས་འབྱོངས་ཤིང་གནད་དུ་སོང་བའི་རྟགས་ཡིན་གྱི། སྦྱོང་མི་དགོས་པའི་རྟགས་ཡིན་ཟེར་བ་མིན་པས། སངས་རྒྱས་མ་ཐོབ་ཀྱི་བར་དུ་གོང་འཕེལ་ལ་བསླབ་པར་བྱའོ། །གདམས་ཟབ་ཐོང་གཤོལ་སྟོང་གི་རྣོ་སོ་ཡིས། །བདག་འཛིན་ཉོན་མོངས་ཐ་རེངས་ཡོངས་དུལ་རྒྱུས། །བྱང་ཆུབ་སེམས་ཀྱི་མྱུ་གུ་ལེགས་འཁྲུངས་ཏེ། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །མང་པོའི་ཚོགས་སུ་གྲོགས་ཀྱིས་མི་ཁྲེལ་ཞིང་། །གཅིག་པུར་འདུག་ཚེ་ལྷ་ཡིས་མི་ཁྲེལ་བར། །ལེགས་པར་བརྟགས་ན་རང་ཡིད་རང་ལ་ཆེས། །ཆོས་ལམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །རྐྱེན་སྣང་གང་ཤར་མེ་དང་བུད་ཤིང་བཞིན། །བྱང་ཆུབ་ལམ་གྱི་གྲོགས་སུ་ལེགས་འཆར་བས། །ཇི་ལྟར་བྱས་ཀྱང་ཡིད་བདེ་རྒྱུན་མི་འཆད། །བློ་སྦྱོང་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །མདོར་ན་གློ་བུར་རྐྱེན་རྟོག་གང་གིས་ཀྱང་། ནམ་ཡང་མི་གཡོ་རི་རབ་ལྟ་བུ་ཡི། །བྱང་ཆུབ་སེམས་གཉིས་རྒྱུད་ལ་ལེགས་གོམས་པའི། །དྲོད་རྟགས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཞེས་པ་ནི་བར་སྐབས་སུ་འདོད་པའི་དོན་ལ་གསོལ་བའི་ཚིགས་སུ་བཅད་པ་སྟེ་རྟགས་ཚད་བསྟན་པའི་སྐབས་བཤད་ཟིན་ཏོ། །། །༈ རྣམ་དག་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། །གཟུངས་དང་ཏིང་འཛིན་རི་གླིང་བཀོད་ལེགས་ཤིང་། །མཁྱེན་བརྩེའི་ཡེ་ཤེས་ཉི་ཟླའི་རྣ་ཆ་ཅན། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ད་ནི་རྩ་བའི་ས་བཅད་དྲུག་པ་བློ་སྦྱོང་གི་དམ་ཚིག་བསྟན་པ་ནི། སྤྱི་དོན་གསུམ་ལ་རྟག་ཏུ་བསླབ། །ཅེས་སོགས་གསུངས་ཏེ། སྤྱི་དོན་གསུམ་ནི། བློ་སྦྱོང་ཁས་བླངས་དང་མ་འགལ་བ། ཐོ་ཅོར་མ་ཤོར་བ། ཕྱོགས་རེར་མ་ལྷུང་བའོ། །དང་པོ་ནི། ང་བློ་སྦྱོང་བ་ཡིན་ཟེར་ནས་བསླབ་པ་ཕྲ་མོ་ཁྱད་དུ་གསོད་པ་སྤངས་ཏེ། བསམ་པ་བློ་སྦྱོང་དང་ལྡན་པའི་སྒོ་ནས་སོ་སོ་ཐར་པ་ནས་རྡོ་རྗེ་ཐེག་པའི་བར་རང་གིས་ཇི་ལྟར་ཁས་བླངས་པའི་བསླབ་པ་རྣམས་མ་ཉམས་པར་བསྲུང་བར་བྱ་བ་སྟེ། ཨོ་རྒྱན་ཆེན་པོས། གཞི་དམ་ཚིག་གིས་བཟུང་བ་ཞིང་ས་གཤིན་པོ་ལྟ་བུ་ཅི་བྱས་ཆུད་མ་ཟོས་པ་ཞིག་དགོས་གསུངས་དེའི་རྒྱུ་མཚན་ཡང་། ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་མ་དག་ན། གནས་སྐབས་སུ་ལམ་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ཡང་རྙེད་པར་མི་འགྱུར་ཏེ། དབུ་མ་འཇུག་པར། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྷུང་། །ཞེས་གསུངས། ལམ་གྱི་ངོ་བོ་ཚུལ་བཞིན་སྟོན་པའི་དམ་པའི་ཆོས་དང་ཡང་འཕྲད་པར་མི་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན་པའི་མདོ་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་བ། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། །ཞེས་གསུངས། ལམ་སྒྲུབ་པའི་འབྲས་བུ་སྲིད་པ་ལས་འདའ་བར་མི་ནུས་ཏེ། དེ་ཉིད་ལས། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །ཞེས་གསུངས། ཚུལ་ཁྲིམས་དང་ལྡན་ན་ལམ་སྒྲུབ་པའི་མཐུན་རྐྱེན་མཐའ་དག་ཚང་བར་འགྱུར་ཏེ། སྡུད་པ་ལས། ཁྲིམས་ཀྱིས་ངན་འགྲོའི་འགྲོ་བ་དུ་མའི་ངོ་བོ་དང་། །མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས། དཀར་པོའི་རིགས་ཀྱི་ཡོན་ཏན་མཐའ་དག་གི་རྟེན་དུ་འགྱུར་ཏེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས། ལེགས་ཚོགས་མཐའ་དག་དེ་ལ་བརྟེན་ནས་འཕེལ་བ་འགྱུར་བའང། འཇུག་པར། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ནས། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཞེས་གསུངས། དེ་ལས་ཏིང་ངེ་འཛིན་གྱི་སྒོ་དུ་མ་འབྱུང་བའང་། ཟླ་བ་སྒྲོན་མའི་མདོ་ལས། ཉོན་མོངས་མེད་པའི་ཏིང་འཛིན་མྱུར་ཐོབ་སྟེ། །འདི་ནི་ཚུལ་ཁྲིམས་རྣམ་དག་ཕན་ཡོན་ནོ། །ཞེས་གསུངས། དེ་ལས་ཇི་ལྟར་སྨོན་པའི་འབྲས་བུ་འབྱུང་བའང་། ཡབ་སྲས་མཇལ་བའི་མདོ་ལས། ཚུལ་ཁྲིམས་རྣམ་དག་གང་བསྲུང་བས། །སྨོན་ལམ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་གསུངས། མཐར་ཐུག་རྫོགས་པའི་བྱང་ཆུབ་དཀའ་བ་མེད་པར་འགྲུབ་པའང་། མདོ་དེ་ཉིད་ལས། ཁྲིམས་གཙང་ས་བོན་མང་བས་ན། །བྱང་ཆུབ་འགྲུབ་པ་ཡོངས་མི་དཀའ། །ཞེས་དང་། བྱང་ས་ལས། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚར་རྒྱ་བར་འགྱུར་རོ། །ཞེས་གསུངས། དེ་ལ་སོགས་པའི་ཡོན་ཏན་ཚད་མེད་པ་དང་ལྡན་ཏེ། ཚུལ་མདོ་ལས། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཅེས་སོགས་མང་དུ་གསུངས་པ་བཞིན་ནོ། །དེ་ལ་ཚུལ་ཁྲིམས་རང་གི་ངོ་བོ་ནི། གྲུབ་མཐའི་དབང་གིས་འདོད་ཚུལ་མང་ཡང་ཐེག་པ་ཆེན་པོའི་ལུགས་ལྟར་ན་སྤོང་སེམས་དགེ་བ་སེམས་པ་ས་བོན་དང་བཅས་སྡོམ་པའི་ངོ་བོར་གྱུར་པ་སྟེ། ཞི་བ་ལྷས། སྤོོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད། །ཅེས་གསུངས། དེ་ལ་དབྱེ་ན་སོ་བྱང་སྔགས་གསུམ་སྟེ། དེ་གསུམ་གྱི་ངོ་བོ་ནི། པདྨའི་ལམ་རིམ་ཆེན་མོ་ལས། གནོད་སྦྱོར་ལོག་ཞུགས་ཁྱད་པར་ཐབས་ཀྱིས་ཟིན། །ཞེས་པས་སེམས་ཅན་ཀུན་ལ་གནོད་པའི་སྦྱོར་བ་ལས་ལོག་པ་སོ་ཐར་གྱི་ཚུལ་ཁྲིམས། གནོད་པ་ལས་ལོག་པའི་སྟེང་དུ་གཞན་ལ་ཕན་འདོགས་ཀྱི་བྱ་བ་ལ་ཞུགས་པ་བྱང་སེམས་ཀྱི་སྡོམ་པ། གནོད་སྦྱོར་ལས་ཀྱང་ལོག ཕན་འདོགས་བྱ་བ་ལའང་ཞུགས། དེ་ཡང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་ནི་གསང་སྔགས་ཀྱི་སྡོམ་པའོ། །ཞེས་གསུངས། འདིའི་ཐབས་ཤེས་ཁྱད་པར་ཅན་ནི་ཨེ་ཝཾ་ཟུང་འཇུག་དོན་གྱི་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ཆེན་པོ་ལ་སྔགས་ཀྱི་སྡོམ་པར་རྒྱལ་བ་སྲས་དང་བཅས་པས་མགྲིན་གཅིག་ཏུ་བསྔགས་པར་མཛད་པ་དེ་ཡིན་ནོ། །དེ་གསུམ་གང་ཟག་གཅིག་གིས་ཉམས་སུ་ཇི་ལྟར་ལེན་སྙམ་ན། གཞུང་དེ་ཉིད་ལས། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ཡོན་ཏན་ཡར་ལྡན། གནད་ཀྱིས་མི་འགལ་བའོ། དེ་ཡང་སོ་ཐར་ཀྱིས་ཉོན་མོངས་སྤངས། བྱང་སེམས་ཀྱིས་སྦྱོང་། གསང་སྔགས་པས་ལམ་དུ་བྱེད་པས་ན་རང་ལྡོག་མ་འདྲེས་ལ་ཉོན་མོངས་པ་རང་རྒྱུད་པ་སྡོམ་པར་གཅིག་པས་ན་དགག་དགོས་ཡོངས་རྫོགས། ཉོན་མོངས་པས་མི་གནོད་ལ་སླར་གྲོགས་སུ་འགྲོ་བས་ཡོན་ཏན་ཡར་ལྡན། སྡོམ་ལུགས་དང་སྲུང་ལུགས་ཐ་དད་ཀྱང་ཉོན་མོངས་པ་མི་དགེ་བ་ཐམས་ཅད་སྡོམ་པར་གཅིག་པས་ན་སྡོམ་གསུམ་གནད་ཀྱིས་མི་འགལ་བས་ཏེ། སྤྱི་ལོགས་ནས་མཁར་བརྩིགས་པ་བཞིན་ནོ། །ཞེས་གསུངས། དེ་ལྟར་ལེགས་པར་ཤེས་པར་བྱས་ནས་བསླབ་བྱ་ཕྲ་མོ་ཚུན་ཆད་མ་ཉམས་པར་སྲུང་བ་གལ་ཆེ་ཞིང་། ཁྱད་དུ་གསོད་ན་ཉེས་པ་ཆེ་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་གསུང་བ་ལ། བཙུན་ཆུང་ཞིག་ཆོས་ཉན་དུ་བྱུང་བས། ཁྱོད་འོད་སྲུང་གི་བསྟན་པ་ལ་རྨ་འབྱིན་པར་མ་ཟད། ངའི་བསྟན་པ་ལའང་རྨ་འབྱིན་པར་བྱེད་དམ། རང་གི་གཟུགས་ཀྱིས་ཆོས་ཉོན་གསུངས་པས། བཙུན་ཆུང་དེ་ལོག་སོང་། ཕྱིར་ཉིན་སྦྲུལ་ཆེན་པོ་གཅིག་གི་མགོ་ལ་ཤིང་ཨེ་ལེའི་འདབ་ཀྱི་སྡོང་པོ་ཆེན་པོ་སྐྱེས་པ་གཅིག་བྱུང་བས། མི་ཐམས་ཅད་སྐྲག་ནས་བྲོས་པས། མ་འཇིགས་ཤིག་ཁར་སང་གི་བཙུན་ཆུང་དེ་ཡིན་གསུང་། འོ་ན་དེའི་རྒྱུ་ཅི་ཡིན་ཞུས་པས། འདི་འོད་སྲུང་གི་དགེ་སློང་ཡིན་པ་ལ། ཁོ་བྲེལ་བ་ཞིག་གི་དུས་སུ་ལམ་ག་གཅིག་ཏུ་ཨེ་ལེའི་འདབ་ཀྱི་ཡལ་ག་ལ་གོས་འཐོགས་པས། དགེ་སློང་ཁྲོས་ཏེ་བསླབ་པ་ཁྱད་དུ་གསོད་ནས་ཤིང་བཅད་པས་འདི་ལྟར་གྱུར་པ་ཡིན་གསུངས། དེས་ན་བསླབ་པ་ཕྲ་མོ་ཙམ་ཡང་མ་ཉམས་པར་བསྲུང་བར་བྱ་སྟེ། སྤྱོད་འཇུག་ལས། དེ་བས་ཇི་ལྟར་དམ་བཅས་བཞིན། །བདག་གིས་གུས་པས་བ སྒྲུབ་པར་བྱ། །ཞེས་དང་། རྒྱལ་སྲས་རིན་པོ་ཆེས། ཚུལ་ཁྲིམས་མེད་པར་རང་དོན་མི་འགྲུབ་ན། །གཞན་དོན་སྒྲུབ་པར་འདོད་པ་གད་མོའི་གནས། །དེ་ཕྱིར་སྲིད་པའི་འདུན་པ་མེད་པ་ཡི། །ཚུལ་ཁྲིམས་སྲུང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་སོ། །གཉིས་པ་ནི། རང་ལ་བདག་གཅེས་འཛིན་མེད་པ་གཞན་གྱིས་གོ་རུ་རེ་བས། ལྷ་རྟེན་བཤིག་པ། ཤིང་གཉན་གཅོད་པ། ཆུ་གཉན་དཀྲུགས་པ། མཛེ་སྤྲང་སྡོམ་ཤོར་རྣམས་དང་འགྲོགས་པ་སོགས་ཐོ་ཅོའི་སྤྱོད་པ་རྣམས་སྤངས་ནས། དགེ་བཤེས་སྟོན་པས་རྭ་སྒྲེང་དུ་བསྟན་པའི་སྲོལ་བཙུགས་པའི་བཀའ་གདམས་ཀྱི་རྣམ་ཐར་དང་མི་འགལ་བར་གཙང་སིང་{སེང}ངེ་བར་བྱ་དགོས་ཏེ། ཀུན་སྤངས་ལྷ་བཙུན་ཆེན་པོའི་མགུར་ལས་ཀྱང་། མི་མཇེད་ཀྱི་སྟོན་པ་ཤཱཀྱ་ཐུབ། །ཁམས་གསུམ་གྱི་འདུ་ཚོགས་སྡུད་པ་དེ། །གཞན་སེམས་ཀྱི་བསམ་པ་མཁྱེན་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་མཁྱེན་ནུས་སམ། །ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་། །གནོད་བྱེད་ཀྱི་དགྲ་བགེགས་སྒྲོལ་བ་དེ། །དག་ཞིང་དུ་རྣམ་ཤེས་སྐྱེལ་བའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་སྐྱེལ་ནུས་སམ། །གྲུབ་ཐོབ་ཀྱི་རྒྱལ་པོ་ཤ་བ་རིས། །གཏི་མུག་གི་ཕག་རྒོད་གསོད་པ་དེ། །འཁོར་བ་ཡི་རྩ་བ་གཅོད་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་གཅོད་ནུས་སམ། །གསང་སྔགས་ཀྱི་རྒྱལ་པོ་ཨིནྡྲ་བྷོར། །ཉིན་མཚན་མེད་བཙུན་མོའི་འཁོར་གྱིས་བསྐོར། །བདེ་སྟོང་དུ་འདོད་ཆགས་འཆིང་བའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་འཆིང་ནུས་སམ། །རྣལ་འབྱོར་གྱི་དབང་ཕྱུག་ལྭ་བ་པ། །ཉིན་མཚན་ཀུན་གཟིམས་མནལ་མཛད་པ་དེ། །འོད་གསལ་ལ་རྒྱུན་ཆད་མེད་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་གཟིམས་ནུས་སམ། །གྲུབ་ཆེན་གྱི་རྣམ་འབྱོར་བིར་ཝ་པ། །རྒྱལ་ཁམས་ཀྱི་ཆང་འཐུང་མཛད་པ་དེ། །ཟག་མེད་ཀྱི་བདུད་རྩིར་རོལ་བའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་རོལ་ནུས་སམ། །ལྷོ་བྲག་གི་མར་བ་ལོ་ཙཱ་བ། ཁྱིམ་ཐབས་ཀྱི་ལོངས་སྤྱོད་བསོགས་པ་དེ། །འདོད་ཡོན་ཀུན་ལམ་དུ་ལོངས་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་ལོངས་ནུས་སམ། །མཁའ་འགྲོ་ཡི་དབང་ཕྱུག་མེ་ལོང་པ། །མང་གསེབ་ཏུ་གཅེར་རྒྱུག་མཛད་པ་དེ། །ཨ་འཐས་ཀྱི་ངོ་ཚ་ཞིག་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་ཞིག་ནུས་སམ། །རང་གྲོལ་གྱི་འབྲུག་པ་ཀུན་ལེགས་པ། །ཆ་ལུགས་ལ་ངེས་མེད་མཛད་པ་དེ། །གཟུང་འཛིན་གྱི་འཁྲུལ་པ་ཞིག་པའི་རྟགས། །མི་ཁྱོད་ཀྱིས་དེ་ལྟར་ཞིག་ནུས་སམ། ཉམས་མྱོང་ལ་བརྟན་པ་མ་ཐོབ་བར། །རྒྱུ་འབྲས་ལ་ཁྱད་གསོད་མ་བྱེད་ཅིག །ཅེས་དང་། ཀུན་མཁྱེན་བླ་མས། སྐྱེ་བོའི་དབུས་སུ་གཅེར་རྒྱུག་བྱེད་ལ་སོགས། །ཐོ་ཅོའི་སྤྱོད་པ་བརྟུལ་ཞུགས་ཡིན་སྙམ་ཡང་། །འཇིག་རྟེན་པ་དག་མ་དད་སྐྱེ་བའི་རྒྱུ། །བག་ཡོད་བསྟེན་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་གསུངས་དེ་ཡང་རང་བཟང་པོར་མཚོན་པའི་ཕྱིར་ནད་གཡོག་བྱེད་པ་སོགས་ནི་སྐྱོན་ཅན་ཡིན་གྱི་རང་འདོད་མེད་པས་འགོ་ནད་ཀྱི་གཡོག་བྱེད་པ་སོགས་ནི་ཤིན་ཏུ་ངོ་མཚར་ཆེའོ། །འོན་ཀྱང་མ་དད་པའི་སྤྱོད་པ་རྣམས་བསྡམ་པར་བྱ་སྟེ། སྤྱོད་འཇུག་ལས། བྲེ་མོའི་གཏམ་ནི་སྣ་ཚོགས་དང་། །ངོ་མཚར་ལྟད་མོ་རྣམ་མང་པོ། །ཀུན་ལ་འཇུག་པར་གྱུར་པ་ན། །དེ་ལ་ཆགས་པ་སྤང་བར་བྱ། །དོན་མེད་ས་རྐོ་རྩྭ་གཅོད་དང་། །ས་རིས་འདྲི་སོགས་བྱེད་གྱུར་ན། །བདེ་གཤེགས་བསླབ་པ་དྲན་བྱས་ནས། །སྐྲག་པས་དེ་ཡི་མོད་ལ་དོར། །གང་ཚེ་བསྐྱོད་པར་འདོད་གྱུར་ཏམ། །སྨྲ་བར་འདོད་པར་གྱུར་པ་ན། །དང་པོར་རང་གི་སེམས་བརྟགས་ནས། །བརྟན་པས་རིགས་པ་ལྡན་པར་བྱ། །གང་ཚེ་རང་ཡིད་ཆགས་པ་དང་། །ཁྲོ་བར་འདོད་པ་དེ་ཡི་ཚེ། །ལས་སུ་མི་བྱ་སྨྲ་མི་བྱ། །ཤིང་བཞིན་དུ་ནི་གནས་པར་བྱ། །རྒོད་དང་ག་ཞར་བཅས་པའམ། །གལ་ཏེ་ང་རྒྱལ་རྒྱགས་ལྡན་པ། །མཚང་འབྲུ་བ་ཡི་བསམ་པ་དང་། །གལ་ཏེ་སྐྱོར་འབྱིན་བསླུ་སེམས་སམ། །གང་ཚེ་བདག་བསྟོད་ལྷུར་ལེན་པའམ། །གཞན་ལ་སྨོད་པ་ཉིད་དང་ནི། །གཤེ་བཅས་འགྱེད་དང་བཅས་གྱུར་པ། །དེ་ཚེ་ཤིང་བཞིན་གནས་པར་བྱ། །རྙེད་དང་བཀུར་སྟི་གྲགས་འདོད་པའམ། །གཡོག་འཁོར་དོན་དུ་གཉེར་འདོད་པའམ། །བདག་སེམས་རིམ་གྲོ་འདོད་གྱུར་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །གཞན་དོན་ཡལ་བར་འདོད་པ་དང་། །རང་དོན་གཉེར་བར་འདོད་པ་དང་། །སྨྲ་བར་འདོད་པའི་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །མི་བཟོད་ལེ་ལོ་འཇིགས་པ་དང་། །དེ་བཞིན་སྤྱི་བརྟོལ་མུ་ཅོར་དང་། །རང་གི་ཕྱོགས་ཞེན་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །དེ་ལྟར་ཀུན་ནས་ཉོན་མོངས་དང་། །དོན་མེད་བརྩོན་པའི་ཡིད་བརྟགས་ནས། །དེ་ཚེ་དཔའ་བོས་གཉེན་པོ་ཡིས། །དེ་ནི་བརྟན་པོར་བཟུང་བར་བྱ། །ཞེས་སོགས་དང་། བཞོན་པ་མལ་སྟན་གནས་དག་ཏུ། །བུད་མེད་གཞན་དང་གཅིག་མི་བྱ། །འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་དང་། གང་ལས་གང་ནི་མ་བཀག་པ། །དེ་ཉིད་སྤྱད་པར་བྱ་བ་སྟེ། །འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར། །བསླབ་པ་མཐོང་ནས་ཡང་དག་སྤྱད། །ཅེས་གསུངས། དེ་ལྟར་མ་བསླབས་ན་བྱང་ཆུབ་སེམས་དཔར་ཉེས་པར་འགྱུར་ཏེ། སྡོམ་པ་ཉི་ཤུ་པ་ལས། ཕ་རོལ་དད་ཕྱིར་སློབ་མི་བྱེད། །ཅེས་གསུངས། མདོར་ན་མཁན་ཆེན་བྷོ་དྷི་ས་ཏྭས། ཕྱིས་ཀྱི་རབ་བྱུང་རྣམས་ལ་ཞལ་ཐེམས་སུ་སྩལ་པ་ལས། ཀྱེ་ཚེ་དང་ལྡན་པ་ཀུན་ཉོན་ཅིག །སྟོན་པའི་སོ་སོ་ཐར་འདི་ནི། །འགྲོ་བ་རྣམས་ཀྱི་མགོན་དང་སྐྱབས། །སྟོན་པའི་འདུལ་བ་འཛིན་པ་རྣམས། །འགྲོ་བ་རྣམས་ཀྱི་མཆོད་པའི་གནས། །ཚེ་དང་ལྡན་པ་ཉམས་གྱུར་ན། །སྟོན་པའི་བསྟན་པ་ཉམས་པར་འགྱུར། །འགྲོ་བ་རྣམས་ནི་བསླུ་བར་འགྱུར། །ཉམས་པ་དེ་དག་ངན་འགྲོར་འགྲོ། །འཁོར་ལོའི་མདོ་ལས་བསྟན་པ་ལྟར། །བདུད་ཀྱི་ལས་ནི་འདིར་འབྱུང་བས། །དེ་ནི་ཀུན་གྱིས་སྤང་བྱ་སྟེ། །རྒྱལ་སྲིད་དག་ལ་དགའ་བ་མེད། །དགེ་སློང་རྒྱལ་པོ་བྱེད་གྱུར་ན། །དེ་ནི་བདུད་ཀྱི་ལས་ཡིན་པས། །རྒྱལ་བའི་བསྟན་པ་འཇིགས་པའི་རྐྱེན། །ལོངས་སྤྱོད་རྣམས་ལ་རུང་བ་མེད། །ཞལ་ལྕེ་བྱེད་རྣམས་ཕུང་བར་འགྱུར། །འདུན་ན་འདོད་པ་བྱེད་གྱུར་ན། །དགེ་སློང་ཕམ་ཞིང་རྒྱལ་ཁྲིམས་ཉམས། །སྟོན་པའི་བསྟན་པ་རྨ་འབྱིན་པའི། །བདུད་ཀྱི་ལས་ཏེ་སྤོང་བར་རིགས། །བུད་མེད་དག་ལ་རུང་བ་མེད། །དགེ་སློང་ཁྱིམ་ན་གནས་གྱུར་ན། །ཁྱིམ་པ་ཐམས་ཅད་སུན་འབྱིན་ཅིང་། དགེ་སློང་དེ་ནི་ཉེས་པར་སྤྱོད། །བདུད་ཀྱི་ལས་ཏེ་སྤང་བར་རིགས། །སོ་སོ་ཐར་པའི་མདོ་འདི་ནི། །སྟོན་པ་མྱ་ངན་འདས་འོག་ཏུ། །དགེ་འདུན་རྣམས་ཀྱི་སྟོན་པར་གསུངས། །འདི་ལ་ཤིན་ཏུ་གུས་པར་གྱིས། །བྱ་བ་ཉུང་ལ་དོན་ཉུང་བས། །སྟོན་པའི་དམ་ཆོས་སྐྱོང་བར་གྱིས། །ཞེས་དང་། མ་འོངས་དུས་སུ་དགེ་སྦྱོང་རྣམས། །དགེ་སྦྱོང་ཆོས་བཞི་མི་ལྡན་པས། །ཁྲོ་བ་རྣམས་ལ་སླར་ཁྲོ་བས། །དགེ་སློང་ཕམ་པའི་རྒྱུ་རུ་བྱེད། །གཤེ་བ་རྣམས་ལ་སླར་གཤེ་བས། །རྒྱལ་བའི་བསྟན་པ་རིས་སུ་ཆད། །རྡེག་པ་རྣམས་ལ་སླར་རྡེག་པས། །དགེ་སློང་གཡུལ་དུ་ཆས་ནས་སུ། །སྟོན་པའི་བསྟན་པ་མྱུར་དུ་བཤིག །དེ་ནི་བདུད་ཀྱི་དགེ་སྦྱོང་ཡིན། །བདུད་ལས་རང་གི་མི་ཤེས་པས། །ཞལ་ཆེམས་སྒྲོགས་ཤིང་བག་ཡོད་ཀྱིས། །བཟོད་པ་དམ་པ་བསྟེན་པ་དང་། དཀའ་ཐུབ་སྤོང་པའི་བརྟུལ་ཞུགས་ཀྱིས། །རྟག་ཏུ་དགོན་དུ་གནས་པར་གྱིས། །མ་འོངས་ཚེ་དང་ལྡན་པ་ལ། །བར་ཆད་ཁོང་ཁྲོ་འདི་འབྱུང་བས། །སྤྱོད་ལམ་ཞི་ཞིང་དུལ་བར་གྱིས། །སྟོན་པའི་བསྟན་པ་རིན་ཆེན་འདི། །གངས་ཅན་ལྗོངས་སུ་ངས་གསལ་བས། །བདག་གི་རྗེས་སུ་ཞུགས་ནས་ཀྱང་། །སྟོན་པའི་བསྟན་པ་མཆོག་ཏུ་ཟུངས། །ཞེས་དང་། བདག་གིས་བསླབ་པ་དེ་བཞིན་དུ། །ཕྱི་ལྟར་འདུལ་ཁྲིམས་མ་ཉམས་ཤིང་། །ནང་ལྟར་བྱང་ཆུབ་སེམས་སྦྱོངས་ལ། །གསང་བ་སྔགས་ཀྱི་རིམ་གཉིས་བསྒོམ། །ཞེས་གསུངས་པ་བཞིན་བརྩོན་པར་བྱའོ། །གསུམ་པ་ནི། མིའི་གནོད་པ་བཟོད་ལ་ལྷ་འདྲེའི་གནོད་པ་མི་བཟོད་པ་དང་། དེ་ལས་གོ་ལྡོག་པ་དང་། གཉེན་ལ་བཟོད་ལ་དགྲ་ལ་མི་བཟོད་པ་དང་། དེ་རྣམས་ལ་བཟོད་ཀྱང་ན་ཚ་སོགས་སྡུག་བསྔལ་ལ་མི་བཟོད་པ་དང་། དེ་ཐམས་ཅད་བཟོད་ཀྱང་སྐྱིད་ཐོག་ཏུ་ཆོས་འཆོར་བ་སོགས་བློ་སྦྱོང་ཕྱོགས་རེ་བ་སྤང་ལ་ཐམས་ཅད་ལ་བློ་འབྱོང་བར་བསླབ་པར་བྱ་སྟེ། ཨོ་རྒྱན་ཆེན་པོས། དད་པའི་མདོ་འཕེལ་འགྲིབ་མེད་པ་ཆུ་བོ་ལྟ་བུ་ཞིག་དགོས། སྙིང་རྗེའི་མདོ་དགྲ་ཟུན་མེད་པ་ཉི་མ་ལྟ་བུ་ཞིག་དགོས། སྦྱིན་པའི་མདོ་ཕྱོགས་རིས་མེད་པ་བཏུང་ཆུ་ལྟ་བུ་ཞིག་དགོས། དམ་ཚིག་གི་མདོ་དྲི་མ་མེད་པ་ཤེལ་གོང་ལྟ་བུ་ཞིག་དགོས། ཞེས་སོགས་གསུངས་པ་བཞིན་ནོ། །འདུན་པ་བསྒྱུར་ལ་རང་སོར་བཞག །ཅེས་པ་ནི། བསམ་པ་སྔར་གཞན་པས་བདག་གཅེས་པར་འཛིན་པ་དེ་གོ་ལྡོག་ཏུ་བསྒྱུར་ལ་གཞན་དོན་ཁོ་ནར་གཅེས་པར་བཟུང་། བློ་སྦྱོང་ཐམས་ཅད་མངོན་མཚན་ཆུང་ལ་ཆོད་ཆེ་བ་ཞིག་བྱ་དགོས་པས། ཕྱིའི་སྤྱོད་ལམ་ཆོས་མཐུན་གྱི་གྲོགས་པོ་གཞན་རྣམས་དང་འདྲ་བར་རང་སོ་ཐུབ་པར་བཞག་ལ། གཞན་གྱིས་མ་ཚོར་བར་རྒྱུད་སྨིན་པ་ཞིག་བྱ་སྟེ། སྤྱོད་འཇུག་ལས། བདག་ནི་གཞན་གྱི་དབང་གྱུར་ཞེས། །ཡིད་ཁྱོད་དེ་ལྟར་ཤེས་གྱིས་ལ། །སེམས་ཅན་ཀུན་དོན་མ་གཏོགས་པ། །ད་ནི་ཁྱོད་ཀྱིས་གཞན་མི་བསམ། །ཞེས་དང་། ཟུངས་ཐུབ་པར་ནི་གནས་པར་བྱ། །ཞེས་དང་། དམ་པས། མངོན་མཚན་ཅན་ལ་བར་ཆད་འཇུག་པ་མང་། །གསང་སྤྱོད་ཉམས་སུ་ལོངས་ཤིག་དིང་རི་བ། ཞེས་དང་། ཨོ་རྒྱན་ཆེན་པོས། ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་གསང་ཞིང་འཆད་པ་སྤང་། སྐྱེ་བ་འདི་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད། ཅེས་གསུངས། ཡན་ལག་ཉམས་པ་རྣམས་མི་བརྗོད། །ཅེས་པ་ནི། གཞན་ལ་འཇིག་རྟེན་གྱི་སྐྱོན་ཞར་བ་གླེན་པ་ལ་སོགས་པ་དང་། ཆོས་ཀྱི་སྐྱོན་ཚུལ་ཁྲིམས་འཆལ་བ་སོགས་མི་སྙན་པའི་ཚིག་མི་བརྗོད་པར་ཞི་དལ་འཛུམ་དང་བཅས་པས་འཐད་ཅིང་ཡིད་ལ་འབབ་པའི་ཚིག་བརྗོད་པར་བྱ་སྟེ། སྤྱོད་འཇུག་ལས། སྨྲ་ན་ཡིད་ཕེབས་འབྲེལ་བ་དང་། །དོན་གསལ་ཡིད་དུ་འོང་བ་དང་། །ཆགས་དང་ཞེ་སྡང་སྤང་བ་དང་། །འཇམ་ཞིང་རན་པར་སྨྲ་བར་བྱ། །ཞེས་དང་། ཨ་ཏི་ཤས། གཞན་གྱི་སྙིང་ལ་མི་འབབ་པའི། །ཚིག་ཀྱང་མཁས་པས་རིང་དུ་སྤངས། །ཞེས་གསུངས། ལྷག་པར་དེང་སང་མཆེད་གྲོགས་རྩེད་མོ་སོགས་ཀྱི་ཕྱིར་མིང་འདོག་དང་མཚང་འབྲུ་བྱེད་པ་འདིས་ཉེས་པ་ཡོད་སྙམ་བྱེད་པ་མི་འདུག་ཀྱང་ཉེས་པ་ཤིན་ཏུ་ལྕི་སྟེ། སྔོན་དགེ་ཚུལ་ཞིག་གིས་དགེ་ཚུལ་ཞིག་ལ་སྤྲེའུ་དང་འདྲ་བར་བརྗོད་ནས་སླར་འགྱོད་པས་བཤགས་པ་ཕུལ་བས་དམྱལ་བར་མ་སྐྱེས་ཀྱང་སྐྱེ་བ་ལྔ་བརྒྱར་སྤྲེའུ་ཡི་ལུས་བླང་བ་དང་། ཤེད་བུ་སེར་སྐྱས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མིང་འདོགས་མང་དུ་བྱས་པས་ཆུ་སྲིན་ཉའི་རིགས་ཅན་མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཡོད་པར་སྐྱེས་ནས་ཤིན་ཏུ་སྡུག་བསྔལ་ཞིང་། ཚེ་འཕོས་ནས་ཀྱང་ངན་སོང་དམྱལ་བར་སྐྱེ་བར་གསུངས་པ་དང་། རྒྱ་ནག་ཏུ་དགེ་སློང་ཞིག་གིས་གཞན་དག་སྦྲུལ་དང་འདྲ་བའི་བསྟན་བཅོས་བརྩམས་པས་ལུས་དེ་ཉིད་ཀྱི་སྦྲུལ་དུ་གྱུར་ནས་ནགས་གསེབ་ཏུ་སོང་བར་བཤད་པ་ལྟ་བུ་ཡིན་པས་དོན་མེད་དུ་ངག་གི་ཉེས་པ་མི་གསོག་པ་འདི་གལ་ཆེ་བར་མངོན་ནོ། །གཞན་ཕྱོགས་གང་ཡང་མི་བསམ་མོ། །ཞེས་པ་ནི། སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་ཆོས་སྒོར་ཞུགས་པའི་གང་ཟག་གང་གིའང་སྐྱོན་ལ་མི་བརྟག གལ་སྲིད་སྐྱོན་དུ་མཐོང་ན། འདི་རང་གི་སྣང་བ་མ་དག་པས་ལན། ཁོང་ལ་དེ་འདྲ་མི་སྲིད། སངས་རྒྱས་བཅོམ་ལྡན་འདས་ལ འང་ལྷས་སྦྱིན་དང་ལེགས་སྐར་སོགས་ལོག་སྲེད་ཅན་དག་གིས་སྐྱོན་དུ་མཐོང་བའི་ལོ་རྒྱུས་འདུག ཨོ་རྒྱན་སངས་རྒྱས་གཉིས་པ་ལའང་བདུད་བློན་སོགས་ཁ་ཅིག་གིས་བོད་ཕུང་བར་བྱེད་པའི་ཨ་ཙ་ར་ངན་སྔགས་མཁན་དུ་མཐོང་བ་དང་། པཎ་ཆེན་ཇོ་བོ་རྗེ་དང་ཤཱཀྱ་ཤྲཱི་སོགས་ལའང་ཨ་ཙ་ར་འདོད་པ་ཅན་དུ་མཐོང་བའི་ལོ་རྒྱུས་དང་། གཞན་ཡང་གྲུབ་པའི་དབང་ཕྱུག་ཏེ་ལོ་པ་དང་ཤ་བ་རི་སོགས་འཕགས་ཡུལ་གྱི་དབང་ཕྱུག་ཕལ་ཆེར་ཚུར་མཐོང་ངོར། ཉ་བ་དང་ཁྱི་ར་བ་དང་གདོལ་པ་གཡུང་པོའི་ཚུལ་དུ་སྟོན་པའང་ཆེས་མང་བས་ནང་གི་ཡོན་ཏན་དང་རྒྱུད་ཚོད་ག་ལ་རྟོགས། བཅོམ་ལྡན་འདས་ཀྱིས་ཀྱང་ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་གཟུང་བར་མི་བྱ་གསུངས། དེས་ན་གང་ཟག་ཅི་འདྲ་ཡིན་མི་ཤེས། འཕགས་པའི་གང་ཟག་ལྟ་བུ་ཡིན་ན་ངན་སེམས་སྐད་ཅིག་མ་གཅིག་ཙམ་སྐྱེས་ཀྱང་བསྐལ་པར་དམྱལ་བར་གནས་དགོས་པ་འདུག སྤྱིར་ཡང་ཆོས་དང་གང་ཟག་ལ་སྐུར་བ་གདབ་པར་འདི་ལས་ཉེས་པ་ཆེ་བ་གཞན་མེད། རང་གཞན་གྱི་གྲུབ་མཐའི་ཆགས་སྡང་དང་གཞན་སྐྱོན་རྟོག་པ་འདིས་འཕྲལ་དུ་རང་གི་བློ་ལད། དག་སྣང་འགྲིབ། ཕྱི་མ་ངན་སོང་ནས་གཏན་དུ་ཡར་ཐར་མེད་པ་ཞིག་བྱེད་འདུག་པས་འདི་ལས་མཚང་ཆེ་བ་དང་ཉེས་སྐྱོན་ཆེ་བ་མི་འདུག་སྙམ་ནས། རང་བློ་སྐྱོན་ཅན་དེ་ཚར་བ ཅད་པར་བྱ་དགོས་ཏེ། ཨོ་རྒྱན་ཆེན་པོས། ཆོས་དང་གང་ཟག་ལ་མ་སྨད། ཆོས་ཐམས་ཅད་དོན་དང་འབྲས་བུར་དབྱེར་མེད་ལན་ཚྭའི་རོ་དང་འདྲ། ཐེག་པ་གང་ལ་ཡང་མི་སྨད། སྐས་ཀའི་གདང་བུ་དང་འདྲ་དོན་གཅིག་པ་ཡིན། གང་ཟག་གི་ཚོད་མངོན་ཤེས་མེད་པས་མི་རྟོགས་པས་གཞན་ལ་གཤེ་བསྐུར་མ་འདེབས། སྤྱིར་སེམས་ཅན་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་ཡིན་བྱང་ཆུབ་སྙིང་པོ་ཅན་ཡིན། གཞན་གྱི་ཉེས་པ་དང་། འཁྲུལ་བ་ལ་མི་རྟོག གཞན་གྱི་མཐའ་ལ་མ་རྟོག་པར་རང་གི་མཐའ་ཅི་འགྱུར་རྟོག གཞན་གྱི་སྐྱོན་ལ་མ་རྟོག་རང་གི་སྐྱོན་ལ་རྟོག ལར་སྡིག་པ་ལ་ཆོས་ཀྱི་ཁ་འཛིན་དང་གང་ཟག་གི་གཤེ་བསྐུར་གཉིས་ཆེ་བ་ཡིན་གསུངས། མགོན་པོ་ཨ་ཏི་ཤས། གཞན་སྐྱོན་མི་བརྟག་རང་སྐྱོན་བལྟ། །ཀུན་ལ་སྟོན་པའི་འདུ་ཤེས་སྦྱང་། །ཆོས་སྒོར་ཞུགས་དང་རྒྱས་སྲས་ལ། །ཁྱད་པར་དུ་ཡང་བློ་དེ་སྦྱར། །ཞེས་དང་། རང་ལ་སྐྱོན་ཡོད་མི་ཚོར་བར། །གཞན་གྱི་སྐྱོན་ལ་དཔྱད་མི་བྱ། །ཞེས་དང་། ཆོས་ལ་ཕྱོགས་རིས་མིི་བྱ་ཞིང་། །གང་མོས་དེ་ལ་འདུན་པར་བྱ། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། རང་རྒྱུད་དག་ན་ཀུན་ཀྱང་དག་མཐོང་ལ། །མ་དག་སྣང་ངོར་ཀུན་ཀྱང་སྐྱོན་བཅས་མཐོང་། །བད་ཀན་མིག་སེར་ཡོད་མེད་བྱེ་བྲག་གིས། །དུང་གཅིག་དཀར་སེར་ཐ་དད་མཐོང་བ་ལྟར། །གཞན་ལ་སྐྱོན་མཐོང་དེ་ཀུན་རང་གི་སྐྱོན། །ཞེས་དང་། སྤྱོད་འཇུག་ལས། འགྲོ་བ་ངོ་བོར་མཐོང་བ་འདི་དག་ཉིད། །མགོན་དེའི་རང་བཞིན་ཅི་ཕྱིར་གུས་མི་བྱེད། །ཅེས་གསུངས། ཉོན་མོངས་གང་ཆེ་སྔོན་ལ་སྦྱང་། །ཞེས་པ་ནི། རང་རྒྱུད་ལ་ཉོན་མོངས་པ་གང་ཆེ་བརྟགས་ལ། གང་ཆེ་བ་དེའི་གཉེན་པོར་ཆོས་ཐམས་ཅད་སྤུངས་ནས་དེ་ཉིད་ཐོག་མར་གདུལ་བར་བྱ་སྟེ། དཔེར་ན་དམག་འཐབ་པའི་ཚེ་གང་དཔའ་བ་དེ་སྔོན་ལ་བསད་ན་གཞན་རྣམས་བསད་མི་དགོས་པར་རང་ཤུགས་ཀྱིས་ཐུལ་དུ་འགྲོ་བ་དང་འདྲ་སྟེ། ཨ་ཏི་ཤས། ནང་གི་སེམས་ནི་དུལ་གྱུར་ན། །ཕྱི་ཡི་དགྲ་འདིས་གནོད་མི་ནུས། །ནང་གི་རང་སེམས་གཡོ་བ་ན། །ཕྱི་ཡི་དགྲ་འདིས་རྐྱེན་བྱས་ནས། །ནང་གི་དགྲ་འདིས་རང་རྒྱུད་སྲེག །དེས་ན་ནང་གི་དགྲ་འདི་གཞོམ། །ནང་གི་དགྲ་འདི་གཞོམ་པའི་ཚེ། །ཐབས་ནི་སྣ་ཚོགས་གསུང་པས་སྤང་། །ཞེས་དང་། ཞི་བ་ལྷས། སྡུག་བསྔལ་ཐམས་ཅད་ཁྱད་གསོད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པའོ། །ཞེས་དང་། དེ་ལྟར་ཉོན་མོངས་གཞོམ་པ་ལ། །རྟག་ཏུ་ཕྱིར་མི་ལྡོག་པར་བྱ། །ཞེས་གསུངས། འབྲས་བུ་རེ་བ་ཐམས་ཅད་སྤང་། །ཞེས་པ་ནི། བློ་སྦྱོང་བསྒོམས་པས་ལྷ་འདྲེ་ཐུལ་དུ་རེ་བ་དང་། རང་བཟང་པོར་མཐོང་དུ་རེ་བས་གནོད་ལན་དུ་ཕན་གདགས་པ་སོགས་ཚུལ་འཆོས་ཡིན་པས་སྤངས་ཏེ། མདོར་ན་ཚེ་འདིར་བདེ་སྐྱིད་སྙན་གྲགས་རྙེད་བཀུར་སོགས་དང་། ཕྱི་མ་ལྷ་མིའི་བདེ་བ་དང་རང་ཉིད་གཅིག་པུ་མྱང་འདས་ཐོབ་འདོད་སོགས་རང་དོན་ཡིད་བྱེད་ཀྱི་འབྲས་བུ་ལ་རེ་བ་ཐམས་ཅད་སྤང་བར་བྱ་སྟེ། སྨོན་ལམ་བདུན་ཅུ་པར། ལྷ་དབང་དག་དང་འཁོར་ལོས་སྒྱུར་བ་ཡི། །འབྱོར་པ་དམ་པ་མཆོག་དག་མཆིས་པ་རྣམས། །འདོད་པའི་རང་བཞིན་མི་གཙང་བ་བཞིན་དུ། །བདག་གི་ཡིད་ནི་ལྟོས་པ་མ་མཆིས་ཤོག །ལྕགས་ཀྱི་ཁང་པ་འབར་བ་འདྲ་བ་ཡི། །སྲིད་པར་རྒྱུ་བར་བདག་ནི་དགར་མ་གྱུར། །སྙིང་རྗེས་དྲངས་ནས་གཞན་ལ་སྨན་པ་དག །བགྱི་བར་རྗེས་སུ་མཐུན་པར་སྐྱེ་བར་ཤོག །ཅེས་གསུངས། དེ་ལྟར་རང་འདོད་སྤང་དགོས་པ་ཡིན་གྱི། གཞན་དོན་གྱི་འདོད་པ་གཅིག་ནི་ཤིན་ཏུའང་དགོས་ཏེ། སྐྱེས་རབས་ལས། ང་འབད་འདི་ཀུན་ས་ནི་ཐོབ་ཕྱིར་མིན། །མཐོ་རིས་བདེ་དང་རྒྱལ་སྲིད་ཕྱིར་མ་ཡིན། །བདག་གི་དམ་པ་མཆོག་ནི་ཐོབ་ཕྱིར་མིན། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་འདོད། །ཅེས་སོགས་གསུངས་སོ། །དུག་ཅན་གྱི་ཟས་སྤང་། ཞེས་པ་ནི། དངོས་པོ་བདེན་འཛིན་དང་། བདག་གཅེས་འཛིན་གྱི་རྣམ་རྟོག་དང་འདྲེས་པའི་དགེ་སྦྱོར་ཐམས་ཅད་ཁ་ཟས་དུག་དང་འདྲེས་པ་དང་མཚུངས་པས་སྤང་བར་བྱ་སྟེ། ཨ་ཏི་ཤས། དུག་ཅན་སྣོད་ཀྱིས་ཟས་བརླག་བཞིན། །ནང་གི་དྲི་མས་དགེ་ཚོགས་བརླག །གཉེན་པོ་ཆུ་ཡིས་ཁྲུས་བྱས་ནས། །དག་པས་བདེ་བ་ཆེན་པོ་འཐོབ། །ཅེས་དང་། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་ལྟར་རྒྱལ་བས་གསུངས། །ཞེས་དང་། ཨོ་རྒྱན་ཆེན་པོས་ཀྱང་། ཆོས་པར་ཁས་འཆེས་པ་འདི་དག་ང་རྒྱལ་གྱིས་རང་མཐོང་བས་འདོད་པ་ཆེ་བར་འདུག ཁ་ཅིག་བདག་ཉིད་ཉན་བཤད་དང་ལྡན་པའི་ཤེས་རབ་ཅན་དུ་རང་གིས་མཐོང་། ཁ་ཅིག་བདག་བཙུན་པ་དང་ཆོས་སྤྱོད་པར་རང་གིས་མཐོང་། ཁ་ཅིག་རི་ཁྲོད་དགོན་པ་འགྲིམ་པའི་སྒོམ་ཆེན་པར་རང་གིས་མཐོང་། ཁ་ཅིག་མཐུ་དང་ནུས་པ་ཆེ་བར་རང་གིས་མཐོང་། འདོད་པའི་ནོར་མཐོང་ན་གཅན་གཟན་ཁྲག་མཐོང་བ་བཞིན་དུ་གདུང་། མི་འདོད་པའི་གནོད་པ་མཐོང་ན་འཕྲང་ཆད་པ་བཞིན་དུ་ལྡོག རང་གི་ཡོན་ཏན་ལ་རྨ་བྱའི་མདོངས་མཐོང་བ་བཞིན་དུ་རློམ། གཞན་གྱི་ཡོན་ཏན་ལ་ཁྱི་བཟང་ནོར་སྲུང་བ་བཞིན་དུ་ཕྲག་དོག་བྱེད། རང་གིས་ རང་མཐོང་བའི་ཆོས་པ་འདི་དག་ཕུང་འདྲེ་བདག་ཁོ་ན་ལ་བྱེད་དེ། དེ་ལྟར་མ་རིག ་པ་འདི་དག་བདུད་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས་སྙིང་རྗེ་སྙམ་དུ་སེམས་གསུངས། གཞུང་བཟང་པོ་མ་བརྟེན། ཞེས་པ་ནི། དཔེར་ན་འཇིག་རྟེན་པའི་མི་གཞུངས་བཟང་པོ་ཅན་དེས་ས་ཕྱོགས་དུས་ཚོད་ཇི་ཙམ་སོང་ཡང་རང་ལ་ལྟོས་པའི་མི་མི་བརྗེད་པ་བཞིན་དུ། རང་ལ་ཕ་རོལ་གྱི་གནོད་པ་བྱས་པ་འཁོན་དུ་བཟུང་ནས། འཁོན་འཛིན་དེ་ལས་ནམ་ཡང་མི་ལྡོག་པ་དེ་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་དུ་ཞི་བར་བྱས་ནས་སྤངས་ལ། གནོད་པའི་ལན་དུ་ཕན་འདོགས་པའི་བསམ་སྦྱོར་དང་ལྡན་པར་བྱ་སྟེ། བཤེས་སྤྲིངས་ལས། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་ལྟ་བུར་ཤེས་བྱ་སྟེ། །དེ་ལྟར་ཉོན་མོངས་ཅན་ལ་དང་པོ་ཉིད། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །ཞེས་དང་། སྤྱོད་འཇུག་ལས། གང་ཚེ་ཉོན་མོངས་དབང་གྱུར་བས། །བདག་སྡུག་ཉིད་ཀྱང་གསོད་བྱེད་པ། །དེ་ཚེ་དེ་དག་གཞན་ལུས་ལ། །གནོད་མི་བྱེད་པ་ཇི་ལྟར་འགྱུར། །ཉོན་མོངས་སྐྱེས་པས་དེ་ལྟ་བུར། །བདག་གསོད་ལ་སོགས་ཞུགས་པ་ལ། །སྙིང་རྗེ་རྒྱ་ལ་མ་སྐྱེས་ན། །ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག །ཅེས་གསུངས། ཤགས་ངན་མ་རྒོད། ཅེས་པ་ནི། སྤྱིར་གཞན་གྱི་མཚང་འབྲུ་བ་ལ་དགའ་བར་མི་བྱ། སྒོས་སུ་ཕ་རོལ་པོས་རང་ལ་ཚིག་ངན་སྨྲས་པའི་ལན་དུ་གཞན་ལ་གནོད་པའི་ཚིག་མི་སྨྲ་བར་མ་ཟད། ཉེས་པ་བྱུང་ནའང་འདིས་ལན་མི་སྨྲ་བར་གཞན་གྱི་ཡོན་ཏན་བསྔགས་པ་བརྩོན་པར་བྱ་སྟེ། སྨོན་ལམ་བདུན་ཅུ་པར། ཁྲོ་བ་དང་ནི་གཤེ་དང་མཚང་འབྲུ་དང་། །བརྡེག་པར་གྱུར་ཀྱང་བཟོད་པ་མི་གཏོང་སྟེ། །རྒྱལ་བའི་སྲས་ཀྱི་སྤྱོད་པ་བསྒྲུབ་པའི་ཕྱིར། །སྡུག་བསྔལ་མ་ལུས་པ་དག་དང་དུ་བླང་། །ཞེས་དང་། སྤྱོད་འཇུག་ལས། གཤེ་བཅས་འགྱེད་དང་བཅས་གྱུར་པ། །དེ་ཚེ་ཤིང་བཞིན་གནས་པར་བྱ། །ཞེས་དང་། ཨ་ཏི་ཤས། བདག་གི་ཉེས་པ་བསྒྲག་བྱ་ཞིང་། །གཞན་གྱི་འཁྲུལ་པ་བཙལ་མི་བྱ། །གཞན་གྱི་ཡོན་ཏན་བསྒྲག་བྱ་ཞིང་། བདག་གི་ཡོན་ཏན་སྦ་བར་བྱ། །ཞེས་དང་། མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཆ་བཞིན་དུ་བལྟ་བར་བྱ། །ཞེས་གསུངས། འཕྲང་མ་སྒུགས། ཞེས་པ་ནི། གཞན་གྱི་གནོད་པ་བྱས་པ་ཞེ་ལ་བཞག་ནས་ལོ་མང་པོ་ལོན་ཀྱང་མ་བརྗེད་པར་གནོད་ལན་འཁྱོལ་བའི་འཕྲང་བྱུང་དུས་གནོད་སྐྱེལ་བ་དེ་སྤངས་ནས་གནོད་ལན་ཕན་གང་ཐོགས་བཏགས་པ་སྟེ། འདྲེ་གདོན་གྱི་གནོད་པ་ལྟ་བུ་ལའང་གནོད་འཛིན་མི་བྱ་བར་བྱམས་སྙིང་རྗེ་འབའ་ཞིག་བསྒོམ་དགོས་ཏེ། སྤྱོད་འཇུག་ལས། འོན་ཏེ་ལན་དུ་གནོད་བྱས་ན། །དེ་དག་སྲུང་བར་མི་འགྱུར་ཞིང་། །བདག་གི་སྤྱོད་པའང་ཉམས་པར་འགྱུར། །དེས་ན་དཀའ་ཐུབ་ཞིག་པར་འགྱུར། །ཞེས་དང་། བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པའི། །བདག་གི་དགྲ་ལ་དགའ་བར་བྱ། །ཞེས་གསུངས། གནད་ལ་མི་དབབ། ཅེས་པ་ནི། མིའི་སྐྱོན་མཚང་ནས་འབྲུ་བ་སོགས་གནད་ལ་བཀར་བའི་ཚིག་དང་། མི་མ་ཡིན་པའི་སྲོག་སྔགས་འདྲེན་པ་སོགས་གཞན་གྱ ི་སེམས་ལ་ཟུག་རྔུ་སྐྱེད་པའི་ཚིག་བརྗོད་པར་མི་བྱ་སྟེ། རྒྱས་སྲས་རིན་པོ་ཆེས། རྩུབ་མོའི་ཚིག་གིས་གཞན་སེམས་འཁྲུག་འགྱུར་ཞིང་། །རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ཉམས་གྱུར་པས། །དེ་ཕྱིར་གཞན་གྱི་ཡིད་དུ་མི་འོང་པའི། །ཚིག་རྩུབ་སྤང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། སྤྱོད་འཇུག་ལས། སེམས་ཅན་མགུ་ལས་བྱུང་བ་ཡི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེ་དང་། །གྲགས་དང་སྐྱིད་པ་ཅིས་མ་མཐོང་། །ཞེས་སོ། མཛོ་ཁལ་གླང་ལ་མི་འབྱོ། ཞེས་པ་ནི། རང་ལ་བབ་པའི་ཁག་ངན་གཞན་ལ་བསྐུར་བ་དང་། རང་ཐོག་བབ་པའི་བྱ་དཀའ་བ་གཡོ་སྒྱུས་གཞན་གྱི་སྟེང་དུ་བསྒྱུར་ནས། མཛོའི་རྒྱབ་ཁལ་གླང་ལ་བྱོ་བ་ལྟ་བུ་སྟེ་དེ་ལྟར་མི་བྱ་བའོ། །འདི་ཤིན་ཏུ་ཉེས་པ་ཆེ་སྟེ། སྔོན་ཁ་ཆེའི་དགེ་སློང་ར་མ་པ་ཏི་ཞེས་བྱ་བ་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་སློབ་མ་མང་པོ་ཡོད་པ་ཞིག་ནགས་གསེབ་ན་ཆོས་གོས་ངུར་སྨྲིག་ཞིག་འཚོད་ཅིང་ཡོད་ཙམ་ན། དེ་དང་ཉེ་བའི་ཁྱིམ་བདག་གཅིག་གི་བེའུ་སྟོར་ནས་འཚོལ་དུ་ཕྱིན་པས་ནགས་གསེབ་ན་དུ་བ་གཅིག་འདུག་ནས། དེར་ལྟར་ཕྱིན་པས་དགེ་སློང་གཅིག་མེ་གཏོང་གིན་འདུག ཁྱེད་ཅི་བྱེད་པ་ཡིན་བྱས་པས་ཆོས་གོས་འཚོད་པ་ཡིན་ཟེར། ཁོས་ཁ་ཕྱེས་ཏེ་བལྟས་པས་ཤ་རུ་འདུག་ཟེར། ཁོང་རང་གིས་ཀྱང་གཟིགས་པས་ཤ་རུ་མཐོང་། དེར་ཁོང་ཁྲིད་ནས་རྒྱལ་པོ་ལ་གཏད་དེ། འདིས་བདག་གི་བེའུ་བརྐུས་པས་ཆད་པ་ཆོད་ཅིག་བྱས་པས། རྒྱལ་པོས་དགེ་སློང་དེ་དོང་དུ་བཅུག དེ་ནས་ཞག་འགའ་ན་ཁོ་པ་རང་གིས་བེའུ་རྙེད་ནས། དགེ་སློང་གིས་བེའུ་བརྐུས་པར་མི་གདའ་བས་གཏོང་བར་ཞུས་ནའང་། རྒྱལ་པོ་ཡེངས་ནས་ཟླ་བ་དྲུག་ཏུ་གཏང་བ་མ་བྱུང་། དེར་ཁོ་རང་གི་སློབ་མ་རྫུ་འཕྲུལ་ཐོབ་པ་མང་པོ་ཡོད་པ་རྫུ་འཕྲུལ་གྱིས་རྒྱལ་པོའི་དྲུང་དུ་བྱོན་ནས། དགེ་སློང་འདི་བཟང་པོ་ཞིག་ལགས་པས་གཏོང་བར་ཞུ་ཞུས་པས། རྒྱལ་པོ་གཏོང་དུ་བྱོན་པ་ན། དགེ་སློང་འོ་བརྒྱལ་བ་གཟིགས་ནས་ཤིན་ཏུ་འགྱོད་དེ། ཁོས་ཀྱང་ལེན་ཐོངས་པ་ལ། ང་བརྗེད་པ་དེས་སྡིག་པ་ཆེན་པོ་བསགས་འདུག་ཞུས་པས། ང་རང་གི་ལས་ཀྱིས་ལན་པ་ཡིན་གསུངས། ལས་ཅི་འདྲ་བསགས་ཞུས་པས། སྔོན་རྐུན་པོ་ཞིག་ཏུ་སྐྱེས། དེ་དུས་བེའུ་གཅིག་བརྐུས་པས་བདག་པོས་དེད་ནས་ནགས་གསེབ་ན་རང་སངས་རྒྱས་ཤིག་མཉམ་པར་བཞག་འདུག་པའི་མདུན་དུ་བསྐྱུར་ནས་བྲོས་པས། དེས་རང་སངས་རྒྱས་ཁྲིད་ནས་ཞག་དྲུག་དོང་དུ་བཅུག་དེའི་རྣམ་སྨིན་གྱིས་སྐྱེ་བ་མང་པོར་ངན་སོང་གི་སྡུག་བསྔལ་མྱོང་། ཚེ་འདི་ཡང་སྡུག་བསྔལ་བ་འདི་རྣམ་སྨིན་གྱི་མཐའ་མ་ཡིན་གསུངས། འདིས་སྣང་བ་བདེན་མེད་དང་ལས་མཐུ་ཆེ་བ་དང་། གཡོ་སྒྱུ་ཉེས་པ་ཆེ་བ་གསུམ་མཚོན་ནུས། སྤྱོད་འཇུག་ལས་ཀྱང་། བདག་ཕྱིར་གཞན་ལ་གནོད་བྱས་ན། །དམྱལ་སོགས་སྡུག་བསྔལ་མྱོང་བར་འགྱུར། །ཞེས་གསུངས། ལྟོ་ལོག་མི་བྱ། ཞེས་པ་ནི། ཕུག་རང་བཟང་བར་འདོད་ནས་འཕྲལ་ཕམ་ཁ་ལེན་པ་དང་། ནད་གདོན་ཞི་བ་དང་རྐྱེན་ངན་བཟློག་ཏུ་རེ་ནས་བློ་སྦྱོང་བྱེད་ན། ལྟོ་བཅོས་བོན་གྱེར་བཞིན་དུ་ལོག་པའི་ཆོས་སུ་སོང་བ་ཡིན་པས་དེ་ལྟར་མི་བྱེད་པར་སྐྱིད་སྡུག་གང་བྱུང་ཡང་རེ་དོགས་སྙེམས་འཕྲིགས་སྤངས་ཏེ་བསྒོམ། ཚན་ཅིག་གི་རྣམ་རྟོག་ལ་བློ་སྦྱོང་འདི་འདྲེ་གདོན་ལ་ཕན་པའི་ཐབས་ཤིག་ཏུ་གོ་བ་འདྲ་སྟེ། དེ་ཙུག་བྱས་ན་བོན་བྱེད་པ་དང་ཁྱད་མེད། ཆོས་བྱ་བ་ཉོན་མོངས་པ་དང་རྣམ་རྟོག་གི་གཉེན་པོར་འགྲོ་བ་ཞིག་དགོས་པ་ཡིན། འདིས་མཚོན་ནས་ཆོས་ལོག་ཟེར་བའང་། རྟག་ཆད་དུ་ལྟ་བ་ལྟ་ལོག མཆོག་འཛིན་གྱིས་སྒོམ་པ་སྒོམ་ལོག སྡོམ་པ་གསུམ་དང་མི་མཐུན་པ་སྤྱོད་ལོག་སྟེ། དམ་པའི་ཆོས་ཚད་མ་ནས་གསུང་པའི་ལྟ་སྤྱོད་དང་འགལ་བར་རང་གཞན་མཆོག་དམན་སུ་ལ་ཡོད་ཀྱང་ཆོས་ལོག་ཟེར་ཞིང་འཁོར་བ་དང་ངན་སོང་དུ་འཕེན་པ་ཡིན་ཏེ། དཔེར་ན་བཅོས་ལོག་གམ་ནད་ལ་སྨན་ལོག་ཅེས་པ་ལྟ་བུ་ཡིན། གང་ཟག་ཁ་ཅིག་གིས་སྦྱར་བའམ། གཏེར་ནས་བྱུང་བ་འགའ་ཞིག་ཆོས་ལོག་ཅེས་རྩོམ་ཆོས་དང་གཏེར་ཆོས་དེ་དག་ཡང་དག་དང་ལོག་པ་ཡིན་མིན་ལེའུ་གཅིག་གི་ཚིག་དོན་ལའང་མ་དཔྱད་པར་སྨྲ་བ་ནི། གྲུབ་མཐའ་རང་རང་གི་ཞེན་ཕྱོགས་སམ། གང་ཟག་གི་གནས་སྐབས་ལ་ལྟོས་ནས་བསྒྲགས་པར་སྣང་མོད། གང་ཟག་གི་རྒྱུད་ཚོད་སངས་རྒྱས་མ་གཏོགས་གཞན་གྱིས་མི་བཟུང་བར་གསུངས་པས་ལྟ་སྤྱོད་ཚད་དང་ལྡན་ཕྱིན་གང་ཟག་དེ་ལ་རང་མ་མགུ་ཡང་དེ་ཙམ་གྱིས་ཆོས་ལོག་ཏུ་སྒྲུབ་མི་ནུས་ཏེ། དཔེར་ན་གསེར་བཟང་པོ་དང་འདྲ་མིན་གཉིས་འཚོང་པ་པོ་མཆོག་དམན་གྱི་ཁྱད་པར་མེད་པ་བཞིན་ནོ། །དེས་ན་སངས་རྒྱས་ཀྱི་ཞལ་ནས། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། །ཞེས་ཡང་ཡང་བཀའ་སྩལ་པ་སྟེ་འདིའང་གོ་བ་གལ་ཆེ་སྣང་བ་ནི་འཕྲོས་སུ་སྨོས་པའོ། །ཞེས་ཁོ་བོའི་བླ་མ་ཐམས་ཅད་མཁྱེན་པས་གསུངས་སོ། །མགྱོགས་ཀྱི་རྩེ་མ་གཏོད། །ཅེས་པ་ནི། ལོངས་སྤྱོད་ཐུན་མོང་པ་ཐབས་སྣ་ཚོགས་ཀྱི་སྒོོ་ནས་བདག་གིས་ཐོབ་པར་བྱེད་པའི་བསམ་སྦྱོར་སྤོང་བའོ། །བློ་སྦྱོང་བ་ཡིན་པས་བཟང་ཤོས་གཞན་ལ་གཏོང་། དེ་ཙམ་མི་ནུས་ནའང་རང་གི་བསོད་ནམས་ཀྱིས་གར་བབ་གཅིག་བྱ་དགོས་ཏེ། ཇོ་བོའི་ཞལ་ནས། གང་ལ་ཡང་འདོད་ཁར་མི་མཆི། ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ་ཞེས་གསུངས། ལྷ་བདུད་དུ་མི་དབབ། ཅེས་པ་ནི། འཇིག་རྟེན་པ་ཀུན་གྱིས་རང་གི་ལྷ་མ་མགུ་ནས་རང་ལ་གནོད་པ་བྱས་ན། ལྷ་བདུད་དུ་བབས་ཟེར་བ་ལྟར་བློ་སྦྱོང་སྒོམ་བཞིན་ང་རྒྱལ་དང་རློམ་སེམས་བྱས་ཏེ་རང་རྒྱུད་རེངས་ན་ཆོས་ཆོས་མིན་དུ་སོང་བ་ཡིན། བློ་སྦྱོང་གིས་རང་རྒྱུད་འདུལ་དགོས་པ་ལ་ང་རྒྱལ་གྱིས་ལྷག་པར་རེངས་ན་ཆོས་གནད་དུ་མ་སོང་སྟེ། འདྲེ་ཤར་སྒོ་ནས་གནོད་པ་ལ་གླུད་ནུབ་སྒོར་སྐྱེལ་བ་དང་འདྲ་བས། དེས་ན་སྨན་ནད་ཐོག་ཏུ་གཏོང་བ་བཞིན་བདག་གཅེས་འཛིན་སྤངས་ལ། ཀུན་ལ་བྲན་གྱི་ཐ་མ་ལྟར་བྱ་སྟེ། སྤྱོད་འཇུག་ལས། ཉོན་མོངས་ང་རྒྱལ་གྱིས་ཁེངས་ན། །ངན་འགྲོར་ང་རྒྱལ་གྱིས་འཁྲིད་ཅིང་། །མི་ཡི་དགའ་སྟོན་བཅོམ་པ་དང་། །གཞན་གྱི་ཟན་ཟའི་བྲན་དང་ནི། །གླེན་དང་མི་སྡུག་ཉམ་ཆུང་བ། །ཐམས་ཅད་དུ་ནི་བརྙས་པར་འགྱུར། །ཞེས་དང་། གང་ཕྱིར་རང་གི་སྐུ་ལའང་མི་གཟིགས་ན། །དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན། །ང་རྒྱལ་བྱ་ཞིང་བྲན་གྱི་དངོས་མི་བྱ། །ཞེས་དང་། རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །ཞེས་དང་། སྡུད་པ་ལས། རློམ་སེམས་གནས་པ་དེ་ནི་བློ་ཆུང་རིག་པར་བྱ། །ཞེས་སོ། །སྐྱིད་ཀྱི་ཡན་ལག་ཏུ་སྡུག་མ་ཚོལ། ཞེས་པ་ནི། ཡོན་བདག་སོགས་ལ་ན་ཚ་ཤི་ཆད་བྱུང་ན་ཟས་ནོར་འོང་། གྲྭ་རོགས་གྲོགས་མཆེད་ཤི་ན་དཔེ་ཆ་ལྷ་རྟེན་འོང་། རང་དང་མཉམ་པ་གཞན་ཤི་ན་ང་གཅིག་པུ་ལ་བསོད་ནམས་འོང་། དགྲ་ཤི་ན་ལེགས་སྙམ་པ་སོགས་མདོར་ན་རང་སྐྱིད་པའི་ཡན་ལག་ཏུ་གཞན་ལ་མི་འདོད་པ་སྡུག་བསྔལ་ཡོང་དུ་རེ་བ་ཐམས་ཅད་སྤང་བ་བྱ་དགོས། འདི་ཉེས་པ་ཆེ་ལ་འབྱུང་ཉེ་བས་ཟོན་ཆེར་བྱེད་དགོས་ཏེ། ཆོས་པ་སྙོམས་ཆུང་རྣམས་ལ་དངོས་སུ་དགྲ་རང་ག་མ་མེད་ནའང་། དགྲ་གཉེན་འདི་བློའི་འཛིན་སྟངས་སུ་འདུག་པས་བླ་མ་སློབ་དཔོན་དཔོན་པོ་ཡུལ་ཕྱོགས་སོགས་ཀྱི་ཆ་བཟུང་ནས་རང་ཕྱོགས་གཞན་ཕྱོགས་སུ་ཕྱེ་སྟེ། གཞན་ཕྱོགས་ཀྱིས་གནོད་པ་སྤུ་ཙམ་ཡང་མ་བསྐྱལ། རང་ཕྱོགས་ཀྱིས་ཕན་སྤུ་ཙམ་ཡང་མ་བཏགས་ཀྱང་། ཕོ་རུས་ཆེ་བར་འདོད་པ་ཁ་ཅིག་དངོས་བས་ཀྱང་ཞེ་སྡང་ཆེ་བའི་རིགས་ཡོད་པར་འདུག སྔོན་དགེ་བཤེས་ཆེ་རབ་གཉིས་འགྲན་ཟླར་ཡོད་པ་ལ། གཅིག་ལ་བུད་མེད་ཡོད་ཟེར་བ་ཐོས་པས་ཉེ་གནས་ལ་ཇ་ཞིམ་པ་ཞིག་སྐོལ་ཅིག་གཏམ་སྙན་ཐོས་ཟེར། ཇ་བསྐོལ་ནས་དྲངས་ཏེ། གཏམ་སྙན་ཅི་གསན་ཞུས་པས། རང་རེའི་འགྲན་ཟླ་དེ་ལ་བུད་མེད་བྱུང་ངོ་ཟེར། དེ་ཀུན་སྤང་གྲགས་རྒྱལ་གྱིས་གསན་པས། ཞལ་ནག་ཏིང་སོང་ནས་དེ་གཉིས་སྡིག་པ་གང་ཆེའམ་གསུངས་སྐད། སྤྱོད་འཇུག་ལས། གལ་ཏེ་དགྲ་ཞིག་མི་དགའ་ནའང་། །དེ་ལ་ཁྱོད་དགར་ཅི་ཞིག་ཡོད། །ཁྱོད་ཀྱིས་ཡིད་སྨོན་ཙམ་གྱིས་ནི། །དེ་ལ་གནོད་པའི་རྒྱུར་མི་འགྱུར། །གལ་ཏེ་ཁྱོད་ཀྱི་འདོད་པ་དེ། །གྲུབ་ནའང་ཁྱོད་དགར་ཅི་ཞིག་ཡོད། །གལ་ཏེ་འཚེངས་པར་འགྱུར་ཞེ་ན། །དེ་ལས་ཕུང་བ་གཞན་ཅི་ཡོད། །ཅེས་གསུངས། གཞན་ཡང་ཁྱིམ་པ་རྣམས་དང་ཐུན་མོང་བའི་ཞིང་ལས་འཚོ་སྐྱོང་ཚོང་འབུན་སྐྱེད་སོགས་རང་སྐྱིད་པའི་ཡན་ལག་ཏུ་སྡུག་འཚོལ་བ་སོགས་ཀྱང་སྤངས་པར་བྱ་ཞིང་། རྟག་པར་སེམས་ཅན་ཐམས་ཅད་བདེ་ན་དགའ་ན་སྐྱིད་ན་དགའ་སྙམ་པའི་བསམ་པ་བཟང་པོ་དང་དུས་རྒྱུན་དུ་མ་བྲལ་བར་བྱའོ། །དགེ་ལེགས་ཡོན་ཏན་མཐའ་དག་འབྱུང་བའི་གཞི། །དྲི་མེད་ཚུལ་ཁྲིམས་འཕགས་པའི་ནོར་གྱི་མཆོག །ལྷར་བཅས་སྐྱེ་དགུའི་གཙུག་གི་རྒྱན་གཅིག་པུ། །འདི་ཡོད་དོན་གཉིས་དཔལ་ཀུན་ངང་གིས་འདུ། །ངེས་འབྱུང་སོ་ཐར་ཁྲིམས་གཙང་འཛིན་མའི་གཞིར། །གཞན་ཕན་བྱང་སེམས་དཔག་བསམ་རྐང་འཐུང་འཁྲུངས། །རིམ་གཉིས་སྔགས་ཀྱི་འབྲས་མང་ཐར་འདོད་གསོས། །གནང་བཀག་ཞིབ་མོ་སྤྱོད་རྣམས་ཕྱག་གི་ཡུལ། །རང་རྒྱུད་མ་ཐུལ་ནགས་མཐའི་མི་རྒོད་ལྟའི། །ཐོ་ཅོའི་སྤྱོད་པ་གཞན་རྒྱུད་སྲེག་པའི་མེ། །དཀར་ཕྱོགས་ལྷས་ཁྲེལ་ཕྱི་མ་ངན་སོང་རྒྱུ། །དེ་བས་ཞི་དུལ་བག་ཡོད་སྤྱོད་པ་གཅེས། །ཕྱོགས་རིས་ཅན་གྱི་བློ་སྦྱོང་ཆོས་པའི་མཚང་། །ཕྱོགས་མེད་མཉམ་པ་ཉིད་གྱུར་བསྔགས་པའི་གནས། །ཉི་མ་བཞིན་དུ་ཡོངས་ལ་སྙོམས་པ་ཡི། །ཕན་འདོགས་ཞུགས་རྣམས་འདུན་མ་ལེགས་པའི་རྩེ། །སྔོན་ཆད་རང་འདོད་ཡིད་བྱེད་དམན་པའི་ཁམས། །བྱང་ཆུབ་སེམས་གཉིས་འགྱུར་རྩིས་ལེགས་བསྒྱུར་ཏེ། །བདག་བས་གཞན་གཅེས་གསེར་སྦྱངས་སྙིང་པོ་མཆོག །ནམ་ཡང་མི་འགྱུར་ངང་ཚུལ་བརྟན་པ་གཅེས། །གཞན་རྒྱུད་བསྲེགས་པའི་ངན་སྨྲས་དུག་མདའ་ཡིས། །རང་གཞན་དགེ་བའི་སྲོག་རྩ་གཅོད་ཉེན་པས། །རྟག་ཏུ་ཡིད་ལ་འབབ་པ་བདུད་རྩིའི་ངག །དོན་མཐུན་ཐོས་འཛིན་བཅུད་དུ་སྦྱིན་པར་འོས། །མིག་སྐྱོན་ཅན་གྱི་དུང་ལ་སེར་འཛིན་བཞིན། །རང་སྐྱོན་ངན་པས་ཡོན་ཏན་སྐྱོན་དུ་མཐོང་། །རང་སྣང་དག་ན་མ་དག་བཙལ་ཀྱང་དབེན། །དེ་ཕྱིར་སྐྱོན་རྟོག་སྤངས་ལ་དག་སྣང་སྦྱོངས། །རང་རྒྱུད་ཉོན་མོངས་གང་ཆེ་གཉེན་པོ་ཡིས། །ལེགས་པར་གཞོམ་ལས་ཕྱིར་ལྡོག་མི་བྱེད་པ། །འཇིག་རྟེན་གསུམ་ན་ཟླ་མེད་དཔའ་བོ་སྟེ། །གཞན་དག་རོ་ལ་མཚོན་བསྣུན་འདྲ་བར་གསུངས། །གཞན་ཕན་སྙིང་རྗེའི་དབང་དུ་སོང་བའི་ཡིད། །རྣམ་སྨིན་འབྲས་བུར་རེ་བ་རྣམས་སྤངས་ཏེ། །མ་ལུས་འགྲོ་བ་སྒྲོལ་འདོད་བརྩོན་པའི་གོ །ནམ་ཡང་རྐྱེན་གྱིས་མི་བརྫི་འཕགས་པའི་གཤིས། །བདེན་འཛིན་དངོས་པོར་ཞེན་པའི་དགེ་སྦྱོར་ཕལ། །དུག་ཅན་ཟས་དང་འདྲ་བར་རྒྱལ་བས་གསུངས། །དེ་སླད་འཁོར་གསུམ་རྟོག་པས་མ་བསླད་པའི། །ཐེག་ཆེན་ལམ་གྱི་དགེ་རྩར་འབད་པ་གལ། །འཁོན་འཛིན་སྙིང་ལ་བརྣག་པའི་ཁོང་སྐྲན་གྱིས། །ཐར་པའི་སྲོག་ལ་ངེས་པར་གཟན་མཆི་བས། །ཆུ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །གཉེན་པོའི་སྟོབས་ཀྱིས་རང་ཡལ་གཏོང་བ་གནད། །བཟོད་པའི་ཆར་གྱིས་རང་རྒྱུད་མ་བརླན་ན། །ཞེ་སྡང་མེ་ཡིས་དགེ་བའི་བུད་ཤིང་བསྲེགས། །དེ་ཕྱིར་གཤེ་སོགས་ལན་ལྡོན་མི་བྱེད་པའི། །དགེ་སྦྱོང་ཆོས་འདི་རྒྱལ་བས་རྗེས་སུ་གནང་། །གཞན་རྒྱུད་དཀྲུགས་པའི་གནད་མཚང་མི་འབྲུ་ཞིང་། །རང་ལ་བབས་པའི་གུས་ངན་གཞན་ལ་མིན། །འདོད་ཅན་བཟང་བརྫུའི་ཚུལ་འཆོས་ལྟོ་ལོག་སྤོངས། །སྣ་ཚོགས་ཐབས་ཀྱིས་རང་འདོད་གཉེར་མི་བྱ། །རྒྱགས་སོགས་ཉོན་མོངས་གསོས་སུ་མི་གཏོང་ཞིང་། །བདག་ཕྱིར་གཞན་ལ་སྡུག་བསྔལ་འབྱུང་འདོད་སོགས། །བྱང་ཆུབ་སེམས་དང་འགལ་བའི་ཉེས་ལྟུང་རིགས། །མཐོང་དང་དྲིས་ཏེ་བརྟགས་ནས་སྤང་མཛོད་ཀྱཻ། །ཞེས་པ་ནི། བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་བློ་སྦྱོང་གི་དམ་ཚིག་བསྟན་པའི་སྐབས་བཤད་ཟིན་ཏོ། །། །༈ རྣམ་མང་ཉེས་པའི་གདུང་བ་སེལ་བྱེད་པའི། །བྱང་ཆུབ་སེམས་ཀྱི་བསླབ་པའི་ཆུ་ཀླུང་འབུམ། །གང་ལས་བྱུང་བའི་མ་དྲོས་ཀླུ་ཡི་དབང་། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ད་ནི་རྩ་བའི་ས་བཅད་བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། བློ་སྦྱོང་མི་ཉམས་ཤིང་འཕེལ་བར་འགྱུར་བའི་ཐབས་ལ་སློབ་པ་སྟེ། དེ་ལ། རྣལ་འབྱོར་ཐམས་ཅད་གཅིག་གིས་བྱ། །ཞེས་གསུངས་ཏེ། ཟས་ཟ་བ། གོས་གྱོན་པ། ཉལ་བ། འགྲོ་འདུག་ལ་སོགས་པའི་སྤྱོད་ལམ་ཐམས་ཅད་གཞན་ལ་ཕན་པའི་བསམ་པ་དང་མི་འབྲལ་བའི་རྣལ་འབྱོར་གཅིག་པུས་ལམ་དུ་ཁྱེར་ཏེ། སྤྱོད་འཇུག་ལས། དངོས་སམ་འོན་ཏེ་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །ཅེས་གསུངས། ལོག་ནོན་ཐམས་ཅད་གཅིག་གིས་བྱ། །ཞེས་པ་ནི། དཔྱད་ཀྱི་ལོག་གནོན་ཏུ་དཔྱད་རང་བྱ་བ་བཞིན། བློ་སྦྱོང་བསྒོམ་པའི་ཚེ་ན་ཚ་རྐྱེན་ངན་མང་བ། མི་ཁ་སྐུར་འདེབས་ཟུག་པ། འདྲེ་གདོན་དགྲ་གྱོད་ཀྱིས་འཚེ་བ། རང་རྒྱུད་ཀྱི་ཉོན་མོངས་པ་ཆེ་རུ་སོང་སྙམ་པ། སྒོམ་སྙིང་མི་འདོད་པ་སོགས་བྱུང་ན། འཇིག་རྟེན་གྱི་ཁམས་ན་བདག་གི་ཉེས་པ་འདི་ལྟ་བུ་བྱུང་བའི་སེམས་ཅན་མང་པོ་ཡོད་པས་དེ་རྣམས་སྙིང་རེ་རྗེ་སྙམ་དུ་བསམས་ལ། བདག་གི་མི་འདོད་པ་འདིའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་མི་འདོད་པ་དང་སྡུག་བསྔལ་ཐམས་ཅད་འདུས་པར་གྱུར་ཅིག་སྙམ་པའི་བདག་གཞན་བརྗེ་བའི་ལོག་ནོན་གཅིག་པུ་བསྒོམ་པར་བྱའོ། །དེ་ལ་ནད་གདོན་སོགས་ནི་སྒོམ་ལོག་པའི་ངེས་པ་མེད། སྙིང་རྗེ་བསྒོམས་པས་རྩ་རླུང་གི་འཇུག་ལྡོག་གིས་ཞེ་སྡང་སྐྱེས་པ་སྲིད་ཅིང་སྐྱེས་ན་སྒོམ་ལོག་ཡིན་པས། དེའི་ལོག་གནོན་ནམ་གེགས་སེལ་དུའང་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་ཏེ། སྤྱོད་འཇུག་ལས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་གཉིས་རྟག་ཏུ་གཏང་མི་བྱ། །ཞེས་དང་། འཇིགས་དང་སྡུག་བསྔལ་སེལ་བའང་འདི་ཉིད་དོ། །ཞེས་སོ། །སྦྱིར་བླ་མ་དཀོན་མཆོག་ལ་སྐྱབས་གསོལ་བྱེད་པ་དང་། སྒྱུ་མ་ལྟ་བུའམ་སྟོང་ཉིད་བསྒོམ་པ་དང་། བྱམས་སྙིང་རྗེ་དང་། བདག་བས་གཞན་གཅེས་བསྒོམ་པ་ནི་ལོག་ནོན་ནམ་གེགས་སེལ་གྱི་མཆོག་ཡིན་གསུངས། ཐོག་མཐའ་གཉིས་ལ་བྱ་བ་གཉིས། །ཞེས་པ་ནི། ཐོག་མ་ནངས་པར་ལྡང་མ་ཐག་པའི་ཚེ། དེ་རིང་བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བར་བྱའོ་སྙམ་པའི་འཕེན་པ་ཤུགས་དྲག་པོ་བཏང་། ཉིན་མོའང་དྲན་པ་རྒྱུན་ཆགས་ཀྱིས་ཟིན་པར་བྱས་ལ། མཐར་དོ་ནུབ་ཉལ་བ་ན་དེ་རིང་གི་བསམ་སྦྱོར་ལ་བརྟགས་ཏེ་བྱང་ཆུབ་ཀྱི་སེམས་དང་འགལ་བ་འབྱུང་ན་རང་ལ་མངན་བགྲང་སྟེ་བཤགས་པ་དང་། ཕྱིན་ཆད་དེ་ལྟར་མི་འབྱུང་བར་སྡོམ་སེམས་བྱ། མཚན་གྱི་ཐུན་ཐོག་ཐ་ལའང་དེ་བཞིན་དུ་བྱ་སྟེ། ལེགས་གྲུབ་ལས། ཉིན་པར་བག་མེད་བྱས་པ་དག །མཚན་མོ་ལེགས་པར་བཤགས་པར་བྱ། །མཚན་མོ་བྱས་ན་ནངས་པར་བཤགས། །ལེགས་པར་བྱས་ལ་མངོན་དགའ་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉེས་པ་བྱུང་བ་རེ་རེ་ཞིང་། །བདག་ལ་སྨད་ནས་ཅི་ནས་ཀྱང་། །བདག་ལ་ཕྱིས་འདི་མི་འབྱུང་བར། །དེ་ལྟར་བྱ་ཞེས་ཡུན་རིང་བསམ། །ཞེས་གསུངས། མ་འགལ་བར་འདུག་ན་དགའ་བ་བསྒོམ་ཞིང་ཕྱིན་ཆད་རང་གཞན་ཐམས་ཅད་དེ་ལས་ཆེས་ལྷག་པ་ལ་འཇུག་ནུས་པའི་སྨོན་ལམ་གདབ་སྟེ་བྱ་བ་གཉིས་པོ་དེ་ལ་རྒྱུན་དུ་བསླབ། ཉེས་ལྟུང་སྡོམ་པ་སོགས་ལའང་འདུན་བསམ་དེ་བཞིན་དུ་བྱ་སྟེ། མདོར་ན་ཞི་བ་ལྷས། ལུས་དང་སེམས་ཀྱི་གནས་སྐབས་ལ། །ཡང་དང་ཡང་དུ་བརྟག་བྱ་བ། །དེ་ཉིད་ཁོ་ན་མདོར་ན་ནི། །ཤེས་བཞིན་བསྲུང་བའི་མཚན་ཉིད་དོ། །ཞེས་དང་། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་ལྡན་པར་མཛོད། །ཅེས་གསུངས་སོ། །གཉིས་པོ་གང་བྱུང་བཟོད་པར་བྱ། །ཞེས་པ་ནི། རང་ཉིད་ཤིན་ཏུ་སྡུག་བསྔལ་བ་དང་ཉམ་ཐག་པ་བྱུང་ནའང་སྔོན་ལས་སུ་བསམ་སྟེ་ཞེ་འཁོང་སེམས་སྡུག་མི་བྱ་བར་གཞན་གྱི་སྡིག་སྡུག་ཐམས་ཅད་ལེན་ཅིང་སྡིག་སྒྲིབ་སྦྱོང་བའི་ཐབས་ལ་འབད། འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་བདེ་སྐྱིད་ཆེར་བྱུང་ནའང་བག་མེད་བཏང་སྙོམས་ཀྱི་དབང་དུ་མི་གཏང་བར། ནོར་དགེ་ཕྱོགས་སུ་བཏང་། དབང་ཐང་དགེ་བར་བསྒྱུར། སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་སྨོན་ལམ་གདབ། མདོར་ན་བདེ་སྡུག་གཉིས་པོ་གང་བྱུང་ཡང་སྒྱུ་མ་ལྟ་བུར་ཤེས་པར་བྱས་ནས་གང་བྱུང་ལམ་དུ་ཁྱེར་ཤེས་པར་བྱ་སྟེ། རྒྱལ་སྲས་རིན་པོ་ཆེས། བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི། །ན་ན་ན་སྟེ་ན་བས་དགའ། །སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན། །ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་། སྒྲིབ་གཉིས་སྦྱང་བའི་ཆེད་དུ་ཡིན། །ན་བ་མེད་ན་མེད་དེ་དགའ། །ལུས་སེམས་བདེ་ན་དགེ་སྦྱོར་འཕེལ། །མི་ལུས་དོན་ཅན་བྱེད་པ་ཡང་། །སྒོ་གསུམ་དགེ་ལ་སྦྱོར་བ་ཡིན། །འབྱོར་པ་མེད་དེ་མེད་དེ་དགའ། །བསྲུང་བསྲེལ་གྱི་བྱ་བྲེལ་དེ་ལ་མེད། །འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །འབྱོར་པ་ཡོད་ན་ཡོད་དེ་དགའ། །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག །འཕྲལ་ཕུག་ཀྱི་ཕན་བདེ་ཇི་སྙེད་པ། །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །མྱུར་དུ་ཤི་ན་ཤི་ན་དགའ། །རྐྱེན་ངན་གྱི་བར་དུ་མ་ཆོད་ཅིས། མཚམས་སྦྱོོར་གྱི་བག་ཆགས་བཟང་འགྲོགས་པས། །མ་ནོར་གྱི་ལམ་དུ་ཆུད་པར་ངེས། །ཡུན་དུ་གསོན་ན་གསོན་པས་དགའ། །ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ། །གདམས་ངག་གི་རླན་དྲོད་མ་ཡལ་བར། །ཡུན་དུ་བསྟེན་ན་སྨིན་པར་འགྱུར། །གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང་། །ཞེས་གསུངས། མདོར་ན། རིན་ཆེན་ཕྲེང་བ་ལས། ལྷ་ཡི་ཕུན་སུམ་ཚོགས་པས་ཀྱང་། །ཁེངས་པ་ཉིད་དུ་མི་བྱ་ཞིང་། །ཡི་དྭགས་བཞིན་དུ་རྒུད་ན་ཡང། །ཞུམ་པ་ཉིད་དུ་མི་བྱའོ། །ཞེས་སོ། །གཉིས་པོ་སྲོག་དང་བསྡོས་ནས་བསྲུང་། །ཞེས་པ་ནི། སྡོམ་པ་གསུམ་སོགས་ཆོས་སྤྱིའི་བསླབ་སྡོམ་དང་། གོང་དུ་སྨོས་པའི་བློ་སྦྱོང་སྒོས་ཀྱི་བསླབ་བྱ་དང་དམ་ཚིག་རྣམས་ཚུལ་བཞིན་སྲུང་བ་ལས་འདི་ཕྱིའི་བདེ་བ་ཐམས་ཅད་འབྱུང་བས་དམ་ཚིག་དེ་གཉིས་སྲོག་དང་བསྡོས་ནས་བསྲུང་། དེའང་ཅི་བྱེད་རང་དོན་གྱི་རྣམ་རྟོག་གི་འཁྲི་བ་མ་ཞུགས་པར་གཞན་ཕན་གྱི་བསམ་པ་ཁོ་ནས་སྲུང་དགོས་ཏེ། ཨོ་རྒྱན་ཆེན་པོས། དུས་ལྔ་བརྒྱའི་སྙིགས་མ་མ་འོངས་པའི་དུས་སུ། གང་ཟག་འགའ་ཞིག་བདག་ཏུ་ལྟ་བ་ངོས་མ་ཟིན་པར་རྣམ་པར་རྟོག་པ་ཁ་མ་བྲི་བར། ཉོན་མོངས་གང་ལས་ཀྱང་རགས་པར་བྱས་པ་ནས། ལྟ་བ་ཁ་ལ་ཁྱེར་ཏེ། དགེ་སྡིག་གི་ལས་འབྲས་སྤྱོད་པ་ལ་ལྟ་བ་དམའ་བ་ཞེས་ཟེར་ཏེ། ལས་འབྲས་ཁྱད་དུ་གསོད་ནས། སངས་རྒྱས་ཀྱི་དགོངས་པ་ཡིན་པ་སྐད་ཟེར། སྤྱོད་པ་བབ་ཅོལ་ཁ་ཡན་དུ་སྤྱོད་པ་ཤགས་གཅིག་འོང་སྟེ། དེ་དག་གིས་རང་གཞན་གཉིས་ཀ་ལོག་པར་འཁྲིད་པའི་ལོག་སྤྱོད་ཡིན་པས། དེ་རྣམས་ཀྱི་རྗེས་སུ་སྐད་ཅིག་ཙམ་ཡང་འབྲེང་དུ་མི་རུང་ངོ་ཞེས་གསུངས་ཤིང་། སྤྱོད་འཇུག་ལས། རང་ངམ་གཞན་གྱི་དབང་ཡང་རུང་། །གནས་སྐབས་གང་དུ་ཅི་སྤྱོད་ཀྱང་། །བསླབ་པར་བྱ་བ་གང་ཡིན་པའི། །གནས་སྐབས་དེ་ལ་འབད་དེ་བསླབ། །ཅེས་དང་། སློབ་སྤྲིང་ལས། ངོ་ཚ་ཡོན་ཏན་ཚོགས་བསྐྱེད་མ་ཅིག་ཡ་ར བས་མོ། །མཆོག་ཏུ་གཡོ་མེད་བྱམས་པ་ལྟ་བུ་རྗེས་འབྲང་མ། །བདེན་དང་བཞུངས་ལ་དགའ་བའི་གཟི་བརྗིད་ལྡན་པ་རྣམས། །སྲོག་ནི་བདེ་བླག་གཏོང་བར་བྱེད་ཀྱི་དམ་བཅས་མིན། །ཞེས་དང་། བཤེས་སྤྲིང་ལས། སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་། །ཤེས་རབ་ཚུལ་ཁྲིམས་བྲལ་ན་བ ཀུར་མ་ལགས། །དེ་འདྲ་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །ཅེས་གསུངས། དཀའ་བ་གསུམ་ལ་བསླབ་པར་བྱ། །ཞེས་པ་ནི། ཉོན་མོངས་པ་སྐྱེས་པ་ན་དང་པོ་རང་ངོ་ཤེས་པར་དཀའ། བར་དུ་བཟློག་པར་དཀའ། མཐར་རྒྱུན་ཆོད་པར་དཀའ་བས། དང་པོ་སྐྱེས་མ་ཐག་ཉོན་མོངས་པ་ཡིན་པར་ངོས་ཟིན་པར་བྱ། བར་དུ་གཉེན་པོའི་སྟོབས་ནས་སྤང་། ཕྱིན་ཆད་འདི་ལྟ་བུ་གཏན་ནས་མི་འབྱུང་བར་བྱ་སྙམ་པའི་ཞེ་བཅད་དེ་གསུམ་པོ་ལ་བསླབ་པར་བྱ་སྟེ། རྒྱལ་སྲས་རིན་པོ་ཆེས། ཉོན་མོངས་གོམས་ནས་གཉེན་པོས་བཟློག་དཀའ་བས། །དྲན་ཤེས་སྐྱེས་བུས་གཉེན་པོའི་མཚོན་བཟུང་ནས། །ཆགས་སོགས་ཉོན་མོངས་དང་པོ་སྐྱེས་མ་ཐག །འབུར་འཇོམས་བྱེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས། རྒྱུ་ཡི་གཙོ་བོ་རྣམ་གསུམས་བླངས། །ཞེས་པ་ནི། ཆོས་སྒྲུབ་པའི་རྒྱུ་ཡི་གཙོ་བོ་ནི། སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་དང་། ཨ་ཏི་ཤས། ཡོན་ཏན་ཀུན་འབྱུང་འབྱུང་གནས་དང་། །ཐེག་ཆེན་གཞུང་ལས་བསྔགས་པ་ཡི། །བཤེས་གཉེན་རིང་དུ་ཚུལ་བཞིན་བསྟེན། །རྒྱ་མཚོ་ཆེན་པོར་ཆུ་བོ་བཞིན། །དེ་ཡི་རྟེན་ལ་ཡོན་ཏན་འདུ། །སེམས་དཔའི་སྤྱོད་པར་དེ་མཁས་འགྱུར། །ཞེས་པ་ལྟར་ཐེག་ཆེན་ཚུལ་བཞིན་སྟོན་པའི་བླ་མ་བཟང་པོ་དང་མཇལ་བ་དང་གཅིག བཤེས་སྤྲིང་ལས་། ཁྱོད་ཀྱི་ཐུག་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལེགས་པར་གསུངས། །ཞེས་པ་ལྟར་རང་གི་བློ་ལས་སུ་རུང་བས་ཆོས་ཚུལ་བཞིན་ཉམས་སུ་ལེན་པ་དང་གཉིས། སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་དེ་ལྟ་བུ། །དཀོན་ན་ནམ་ཞིག་ཐོབ་པར་འགྱུར། །ཞེས་གསུངས་པ་དང་། ཟས་གོས་སོགས་ཆོས་སྒྲུབ་པ་ལ་དགོས་པའི་མཐུན་རྐྱེན་ཐམས་ཅད་འཛོམས་པ་སྟེ་དེ་གསུམ་ཡིན་ལ། དེ་རང་ལ་འཛོམས་འདུག་ན་དགའ་བ་བསྒོམ། གཞན་ལའང་དེ་གསུམ་ཚང་བར་སྨོན་ལམ་གདབ། མ་ཚང་ན་གཞན་འཇིག་རྟེན་གྱི་ཁམས་ན་བདག་ལྟ་བུ་རྒྱུའི་གཙོ་བོ་གསུམ་མ་ཚང་བས་ཆོས་རྣལ་མ་མ་བྱུང་བ་མང་པོ་ཡོད་པས་དེ་རྣམས་རེ་སྙིང་རྗེ་བསམ། སེམས་ཅན་ཐམས་ཅད་ཀྱི་རྒྱུའི་གཙོ་བོ་མ་ཚང་བ་ཐམས་ཅད་རང་ལ་སྤུངས་ཏེ་བླང་། རང་གཞན་ཐམས་ཅད་དེ་གསུམ་དང་ལྡན་པར་སྨོན་ལམ་གདབ་བོ། །ཉམས་པ་མེད་པ་རྣམ་གསུམ་བསྒོམ། །ཞེས་པ་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་ཡོན་ཏན་ཐམས་ཅད་བླ་མ་ལ་རག་ལས་པས། བླ་མའི་མོས་གུས་ཉམས་པ་མེད་པ་ལ་བསླབ་དགོས་ཏེ། ཕལ་བོ་ཆེ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་པའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམ་ནས་འདིར་འོངས་སོ། །འདི་དགེ་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་སྡུད་པའི་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཉི་ཟླ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསར་པ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་བ་མཉེན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་གང་གི་བློ་བསྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པ་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབས་མིག་ཡིན་ཞེས། །དེ་འདྲའི་སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་དང་། སྤྱོད་འཇུག་ལས། དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །ཅེས་གསུངས། བློ་སྦྱོང་འདི་ཐེག་ཆེན་ཆོས་ཀྱི་ཡང་སྙིང་ཡིན་པས། དེ་སྒོམ་པ་ལ་སྤྲོ་བ་ཉམས་པ་མེད་པར་བྱ་སྟེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །ཞེས་དང་། ཨ་ཏི་ཤས། དགེ་བའི་བཤེས་ཀྱིས་གདམས་པ་བཞིན། །རྩོམ་པ་དག་ནི་ཐམས་ཅད་ཀུན། །ཐེག་ཆེན་གཞུང་དང་བསྟུན་ཏེ་བརྩམ། །གྲོས་ཀྱི་ཕུག་ནི་ཆོས་ལ་གཏད། །ཅེས་གསུངས། ཐེག་པ་ཆེ་ཆུང་གི་བསླབ་བྱ་ཕྲ་མོ་ཚུན་ཆད་ཉམས་པ་མེད་པར་བྱ་སྟེ། སྤྱོད་འཇུག་ལས། གཡེལ་བ་མེད་པར་རྟག་ཏུ་ནི། །བསླབ་ལས་མི་འདའ་འབད་པར་བྱ། །ཞེས་སོ། །འབྲལ་མེད་གསུམ་དང་ལྡན་པར་བྱ། །ཞེས་པ་ནི། དུས་རྟག་ཏུ་ལུས་ངག་ཡིད་གསུམ་སྡིག་པ་སྤོང་ཞིང་དགེ་བའི་རྩ་བ་དང་འབྲལ་བ་མེད་པར་བྱ་སྟེ། ཨོ་རྒྱན་ཆེན་པོས། རང་སེམས་སངས་རྒྱས་སུ་རྟོགས་ཀྱང་བླ་མ་མི་སྤང་། སྣང་བ་སེམས་སུ་རྟོགས་ཀྱང་འདུས་བྱས་ཀྱི་དགེ་བའི་རྩ་བ་རྒྱུན་མི་བཅད། སངས་རྒྱས་ལ་རེ་བ་མེད་ཀྱང་ལྷར་དཀོན་མཆོག་མཆོད། འཁོར་བ་ལ་དོགས་པ་མེད་ཀྱང་སྡིག་པ་ཕྲ་མོ་ནས་སྤང་། ཆོས་ཉིད་འགྱུར་མེད་ཀྱི་གདིང་རྙེད་ཀྱང་ཆོས་གང་ལ་ཡང་སྒྲོ་སྐུར་མི་གདབ། རང་ལ་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་ཀྱི་ཡོན་ཏན་ཤར་ཡང་ང་རྒྱལ་དང་རློམ་སེམས་སྤང་། འཁོར་འདས་གཉིས་མེད་དུ་རྟོགས་ཀྱང་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་བཅད་གསུངས། དེ་ཡང་ཚུལ་ཇི་ལྟར་ན་ཞང་སྒོམ་རི་བ་ལྟ་བུ་ཞིག་བྱ་སྟེ། ཁོང་གིས་ཆོས་རྗེ་རྒོད་ཚང་པ་ལ་ཁྲིད་ཞུས་ནས། ལིང་བའི་བྲག་ལ་བསྒོམ་ཞིང་བཞུགས་པ་ལ། མངའ་བདག་ཡབ་ཡུམ་ཤིན་ཏུ་དད་ནས་སྤྱན་དྲངས་ཏེ། དགྲ་ནག་གི་དབང་ཞིག་ཞུ་འདོད་པས། ཉིད་ཀྱི་ཐུགས་དམ་གང་ལ་མཛད་པའི་ཆོས་ཤིག་གནང་བར་ཞུ། ངེད་ཅག་གི་ཡི་དམ་བྱེད་པ་ལགས་ཞུས་པས། ཁོང་གིས་བདག་ལ་དུས་རྒྱུན་ཉམས་སུ་བླང་རྒྱུའི་ཆོས་གསུམ་ཡོད་དེ། དེ་ཉིད་ཅག་གི་མི་ཡོང་མཆི། ཡོང་ན་སྦྱིན་ཆོག་གསུངས། ཁོང་ཚོའི་བསམ་པར་དམར་ནག་འཇིགས་སྐོར་གསུམ་ཡིན་ཡོང་སྙམ་ནས། གསུམ་པོ་དེ་ཅིས་ཀྱང་གནང་བར་ཞུ། ཉམས་སུ་ལེན་ལགས་ཞུས་པས། འོ་ན་ཆོས་རྣམ་དག་བྱེད་པ་ལ་ཆགས་སྡང་སྤང་དགོས་པར་གསུངས་པས། དང་པོ་འདོད་པའི་ཡུལ་སྤོངས་བྱ་བ་ཡིན་པས། བདག་ལའང་ཉིད་ཅག་གི་མངའ་ཐང་ཙམ་མེད་ཀྱང་། བསམ་གླིང་ལ་སོགས་པའི་དགོན་གཞིས་དང་། འབྲིང་མཚམས་ཕྱོགས་ན་འཁོར་དང་བུ་སློབ་རྒྱ་ཆེར་བ་ཡོད་དེ། ཐམས་ཅད་སྤངས་ནས་བྱ་བྲལ་བྱས་པ་དེ་ཉམས་ལེན་གཅིག་ལགས་ཏེ། དེ་ཉིད་ཅག་གི་མི་འོང་མཆི། གཉིས་པ་དགྲའི་སྒོ་གཤམ་བར་མ་ན་རྒྱོབ་བྱ་བ་ཡིན་པས། ངེད་རང་དགྲ་རྣམས་ཀྱི་ཡུལ་དུ་ཕྱིན་ནས་སྒོ་ཡོན་བསླངས་པས་ཁོང་ཚོའང་ཤིན་ཏུ་དད་དེ། ཁོང་འདི་བཞིན་མཛད་ཕྱིན་ཆད་འོ་སྐོལ་ཀྱིས་ཀྱང་ཞབས་ཏོག་བྱ་དགོས་ཟེར་ནས་ནང་དུ་བོས། བསྙེན་བཀུར་བཟང་པོ་བྱས། དེ་ལྟར་དགྲ་རྣམས་དགའ་བ་བསྐྱེད་ཅིང་། རང་གཞན་གྱི་ཞེ་སྡང་ཞི་བར་བྱས། དེ་གཅིག་ལགས་ཏེ་མི་ཡོང་མཆི། གསུམ་པ་ནི། ཆགས་སྡང་སྤངས་ཤིང་དབེན་པ་བསྟེན་ནས་དལ་བར་བསྡད་དུ་ཕུང་པར་གདའ་བས། སྒོ་གསུམ་སྐད་ཅིག་ཀྱང་མི་དལ་བར་དགེ་སྦྱོར་བགྱིས། དེ་གཅིག་ལག་སྟེ་མི་ཡོང་མཆི་གསུངས་ཟེར་ཏེ། འདི་ཤིན་ཏུ་ངོ་མཚར་ཆེ་བར་གདའ་གསུངས། གཞན་ཡང་ཨོ་རྒྱན་ཆེན་པོས། ཞེ་ཐག་པ་ནས་ཆོས་བྱེད་ན་རྒྱབ་ལོག་བཅུ་བཞི་དགོས། དེ་གང་སྙམ་ན། རི་དྭགས་ཀྱི་བུ་གྱིས་ལ་རི་ཁྲོད་དགོན་པར་འགྲིམ། མུ་གེའི་ཟས་ཟོ་ལ་དཀའ་ཐུབ་བཅུད་ལེན་གྱིས། སྐུ་ཆེ་བའི་རྒྱལ་སར་མ་འགྲིམ་དམན་པའི་སྤྱོད་པ་གྱིས། དགྲ་དགའ་བའི་ལས་གྱིས་ལ་སུ་ལ་ཡང་འབྲེལ་བ་ཆོད། སྐྱུག་ལོག་པའི་གོས་གྱོན་ལ་དོམ་བུ་གྱིས། གཉེན་བྱམས་པ་སྐྱུག་ལོག་ལ་འབྲེལ་ཆོད་། འགྲན་སངས་རྒྱས་ལ་ཚུགས་ལ་སྒྲུབ་པ་གྱིས། བརྣག་པ་གདམས་ངག་ལ་གྱིས་ལ་ཆོས་ཉམས་སུ་ལོངས། ལྐོག་འབུག་ཡི་དམ་ལ་གྱིས་ལ་བཟླས་པ་ལ་འབད། གཞུངས་ང ན་སྡིག་པ་ལ་གྱིས་ལ་རྒྱབ་ཏུ་བོར། གཏོང་ཕོད་བླ་མ་ལ་གྱིས་ལ་ཅི་ཡོད་ཕུལ། རྒྱབ་ལོག་འཁོར་བ་ལ་གྱིས་ལ་སྐྱོ་བ་སྐྱེད། རྒྱལ་ཁ་གཞན་ལ་བྱིན་ལ་དྲག་པོའི་ཟླ་མ་བྱེད། མངན་རང་ལ་བགྲངས་ལ་མཚང་ཡུལ་ནས་ཐོན། དེ་ལྟར་གྱིས་དང་ཆོས་ཆོས་སུ་འགྲོ། འཁོར་བ་རུ་བཟློག་པར་གདའ་གསུངས་སོ། །དེ་ཙམ་མི་ནུས་ནའང་། ཇོ་བོས། གལ་ཏེ་མཉམ་བཞག་སེམས་བརྟན་ན། །ལུས་ངག་ཆོས་སྤྱོད་གཙོར་མི་བྱ། །མཉམ་བཞག་སེམས་ནི་མི་བརྟན་ན། །འཇིག་རྟེན་མཐུན་འཇུག་བྱ་བའི་ཕྱིར། །ལུས་ངག་ཆོས་སྤྱོད་གཙོ་བོར་བྱ། །ཞེས་གསུངས་པས། ཡིད་དགེ་ན་ལུས་ངག་གཉིས་རང་བཞིན་གྱིས་དགེ་བས་དངོས་སུ་དགེ་བ་ལྟར་མི་སྣང་ཡང་མི་སྐྱོན་ལ། ཡིད་མི་དགེ་ན་ལུས་ངག་གཉིས་དགེ་བ་ལྟར་སྣང་ཡང་དགེ་བའི་ངེས་པ་མེད་པས། ཡིད་དགེ་བ་ལ་འབད་པར་བྱ་སྟེ། ཞི་བ་ལྷས་། དགེ་བ་གཞན་ཡང་ཉམས་བླ་ཡི། །སེམས་ནི་ནམ་ཡང་ཉམས་མི་བྱ། །ཞེས་སོ། །ཡུལ་ལ་ཕྱོགས་མེད་དག་ཏུ་སྦྱོངས། །ཁྱབ་དང་གཏིང་འབྱོངས་ཀུན་ལ་གཅེས། །ཞེས་པ་ནི། ཡུལ་ལ་ཕྱོགས་རིས་མེད་པ་ནང་སེམས་ཅན་དང་། ཕྱི་འབྱུང་བ་བཞི་སོགས་སེམས་ཅན་མ་ཡིན་པ་དང་། མི་མ་ཡིན་སོགས་བློ་ཡུལ་དུ་བཟང་ངན་གང་ཤར་ཐམས་ཅད་བློ་སྦྱོང་ཁོ་ནས་ཁྱབ་པར་དང་། དེའང་ཁ་ཙམ་ཚིག་ཙམ་མ་ཡིན་པར་གཏིང་ནས་འབྱོང་བར་བྱ་བ་གཅེས་ཏེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མིན་ཏེ། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །ཅེས་དང་། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་སོ། །བཀོལ་བ་རྣམས་ལ་རྟག་ཏུ་བསྒོམ། །ཞེས་པ་ནི། བློ་སྦྱོང་དཀའ་བའི་ཡུལ། སྡང་བའི་དགྲ། གནོད་པའི་བགེགས། ཁྱད་པར་རང་གིས་ཕན་བཏགས་པའི་ལན་དུ་གནོད་པ་བྱེད་པའི་ལོག་སྒྲུབ་མཁན་དང་། རང་གི་འགྲན་ཟླར་འདུག་པས། ལྷན་ཅིག་འགྲོགས་པའི་གྲོགས་གཤིས་ངན་དང་། ཞེ་འགྲས་པ་མེད་ཀྱང་རང་བཞིན་གྱིས་གནོད་པ། ལས་ཀྱི་དབང་གིས་རང་བཞིན་དུ་སྙིང་དུ་མི་སྡུག་པ་སོགས་ལ་ལྷག་པར་ཡང་བྱམས་སྙིང་རྗེ་རྩལ་དུ་བཏོན་ནས་བསྒོམ་སྟེ། བཞི་བརྒྱ་པ་ལས། ན་བའི་བུ་ལ་ཁྱད་པར་དུ། །མ་ནི་བརྩེ་བར་འགྱུར་བ་ལྟར། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས། །དམ་པ་མིན་ལ་ལྷག་པར་བརྩེ། །ཞེས་དང་། སྨོན་ལམ་བདུན་ཅུ་པར། སུ་དག་ནོངས་མ་མཆིས་པར་བདག་གི་མགོ །སོག་ལེས་ཚལ་པ་བརྒྱར་ནི་གཤོག་བགྱིད་ཀྱང་། །དེ་ལ་བུ་གཅིག་གཅེས་པ་བཞིན་དུ་ཡང་། །རྒྱུན་མི་ཆད་པ་སེམས་ལ་ཕངས་པར་བགྱི། །ཞེས་གསུངས། དམ་པ་རྣམས་དེ་ལྟར་བརྩེ་ཡང་ལས་དང་པོ་པ་རྣམས་དེ་དག་ལ་སྙིང་རྗེ་མི་སྐྱེ་སྙམ་ན། ཡང་ཡང་བསྒོམས་ན་ཤིན་ཏུ་སྐྱེ་སྟེ། ཞི་བ་ལྷས། དཀའ་ཡང་ཕྱིར་ལྡོག་མི་བྱ་སྟེ། །འདི་ལྟར་གོམས་པའི་མཐུ་ཡིས་ནི། །གང་གིས་མིང་ཐོས་འཇིགས་པ་ཡང་། །དེ་ཉིད་མེད་ན་མི་དགར་འགྱུར། །ཞེས་སོ། །དེས་ན་སྐྱེ་དཀའ་བ་རྣམས་ལ་མི་སྐྱེ་ན་བྱང་ཆུབ་སེམས་དཔར་མི་འགྱུར་ཞིང་། བློ་འབྱོང་བ་མ་ཡིན་ནོ། །གཞན་བླ་མ་དང་ཕ་མ་སོགས་ཡུལ་གཉན་པོ་ལ་གནོད་པར་འགྱུར་བའང་ཁྱད་པར་དུ་སྤང་བར་བྱ་དགོས་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། བླ་མ་ལྔ་བཅུ་པར། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམ་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །གསོད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གིས་ནི། །ཀུན་ཏུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཚོད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་དང་། གཞན་ལས་ཀྱང་། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་སོ། །རྐྱེན་གཞན་དག་ལ་ལྟོས་མི་བྱ། །ཞེས་པ་ནི། རང་གི་ཁམས་བཟང་ངན་དང་། ལོངས་སྤྱོད་དཀོན་མོད་དང་། མི་ཁ་བྱམས་མི་བྱམས་དང་། གནོད་པ་ཡོད་མེད་སོགས་རྐྱེན་བཟང་ངན་གང་ལའང་རགས་མ་ལས་པར། མཐུན་རྐྱེན་འཛོམས་ན་འཛོམས་ཐོག་ཏུ་བློ་སྦྱོང། མ་འཛོམས་ན་མ་འཛོམས་པ་དེ་ཉིད་ཀྱི་ཐོག་ཏུ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་སྟེ། མདོར་ན་རང་གཞན་ལ་མི་ལྟོས་པར་བློ་སྦྱོང་གི་རྣལ་འབྱོར་དང་རྟག་ཏུ་མི་འབྲལ་པར་བྱ་སྟེ། རྒྱལ་སྲས་རིན་པོ་ཆེས། འཚོ་བས་ཕོངས་ཤིང་རྟག་ཏུ་མི་ཡི་བརྙས། །ཚབས་ཆེན་ནད་དང་གདོན་གྱིས་བཏབ་ཀྱང་སླར། །འགྲོ་ཀུན་སྡིག་སྡུག་བདག་ལ་ལེན་བྱེད་ཅིང་། །ཞུམ་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །སྙན་པར་གྲགས་ཤིང་འགྲོ་མང་སྤྱི་བོས་བཏུད། །རྣམ་ཐོས་བུ་ཡི་ནོར་འདྲ་ཐོབ་གྱུར་ཀྱང་། །སྲིད་པའི་དཔལ་འབྱོར་སྙིང་པོ་མེད་གཟིགས་ནས། །ཁེངས་པ་མེད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་། ད་རེས་གཙོ་བོ་ཉམས་སུ་བླང་། །ཞེས་པ་ནི། ཐོག་མ་མེད་པ་ནས་ལུས་གྲངས་མེད་པ་བླང་བ་ཐམས་ཅད་དོན་མེད་ཁོ་ནར་སོང་། ཕྱིས་ཀྱང་མཐུན་རྐྱེན་འཛོམས་པ་འདི་འདྲ་མི་འོང་བས། ད་རེས་མི་ལུས་ཐོབ་ཡང་དག་པའི་ཆོས་དང་མཇལ་བའི་སྐབས་འདིར་ཚེ་རབས་གཏན་གྱི་འདུན་མ་འགྲུབ་པའི་དོན་གྱི་གཙོ་བོ་ཞིག་ཉམས་སུ་བླང་དགོས། དེའང་ཚེ་འདིའི་དོན་ལས་ཕྱི་མ་གཙོ་ཆེ། ཕྱི་མའང་འཁོར་བ་ལས་ཐར་པ་གཙོ་ཆེ་ཞིང་། རང་དོན་ལས་ཀྱང་གཞན་དོན་གཙོ་ཆེ་སྟེ། ཀུན་མཁྱེན་བླ་མས། འགྲོ་དྲུག་ནང་ནས་མི་ཡི་ལུས་རྙེད་དཀོན། །དེ་བས་དམ་ཆོས་སྤྱོད་པའི་ལུས་རྙེད་དཀོན། །བརྒྱ་ལམ་རེས་འགའ་དལ་འབྱོར་རྙེད་དུས་འདིར། །གཅིག་པུར་བྱང་ཆུབ་བསྒྲུབས་ན་མི་ལེགས་སམ། །ད་རེས་ཚེ་འདིར་ཐར་ལམ་སྙེག་བཞིན་དུ། །སྒྲུབ་ལ་མི་བརྩོན་རྣམ་གཡེང་འདུ་འཛིས་གཡེང ས། །འཁྲུལ་སྣང་ཚེ་འདིའི་བྱ་བས་ཅི་བྱར་ཡོད། །ད་རེས་སྙིང་པོའི་དོན་ལ་སྒྲུབ་པར་འཚལ། །ཚེ་འདིའི་དགའ་བདེ་རྨི་ལམ་སྣང་བ་འདྲ། །ཅིས་ཀྱང་མི་ཕན་ངེས་པར་འདོར་ནས་འགྲོ། །ཟས་ནོར་འབྱོར་པས་བདག་ལ་ཅི་བྱར་ཡོད། །ད་རེས་ཟབ་དོན་ཆོས་ལ་སྒྲུབ་པར་འཚལ། །འདུས་ཀྱང་འབྲལ་ཏེ་ཚོང་ཁང་མགྲོན་པོ་འདྲ། །གཅིག་གིས་གཅིག་འཆིང་མཛའ་བཤེས་གཉེན་འདུན་དང་། །འཁོར་འདབས་མང་པོས་བདག་ལ་ཅི་བྱར་ཡོད། །ད་རེས་འབྲལ་མེད་དོན་ལ་སྒྲུབ་པར་འཚལ། །ངོ་མཚར་སྙན་གྲགས་བསྟོད་བཀུར་རྨི་ལམ་འདྲ། །འཁྲུལ་པས་བྱིས་པ་བསླུ་ཞིང་རློམ་སེམས་འཕེལ། །གཞན་གྱི་བཀུར་སྟི་སྲི་ཞུས་ཅི་བྱར་ཡོད། །ད་རེས་འོད་གསལ་དོན་ལ་སྒྲུབ་པར་འཚལ། །ཚེ་འདིའི་བྱ་བ་གང་དང་ཅི་ཡང་རུང་། །བྱས་པ་དོན་མེད་ཐམས་ཅད་སྡུག་བསྔལ་རྒྱུ། །བྱ་བྱེད་འཁྲུལ་པས་བདག་ལ་ཅི་བྱར་ཡོད། །ད་རེས་བྱར་མེད་དོན་ལ་སྒྲུབ་པར་འཚལ། །ཀུན་གྱི་ནང་ནས་གཅིག་པུར་འགྲོ་དུས་ན། །གང་དང་ཅིས་ཀྱང་ཕན་པ་ཅུང་ཟད་མེད། །ཚེ་འདིའི་སྣང་བས་བདག་ལ་ཅི་བྱར་ཡོད། །གྲོས་མོ་ཆེ་ལ་ཕན་པ་སྒྲུབ་པར་འཚལ། །སུ་ཉེ་ཅི་འབྱོར་གང་དང་ཅི་ཡོད་ཀྱང་། །རྗེས་སུ་འབྲང་བ་དགེ་སྡིག་གཉིས་ལས་མེད། །གཉེན་བཤེས་ནོར་རྫས་མང་བས་ཅི་བྱར་ཡོད། །སྐྱེས་མོ་ཆེ་ལ་ཕན་པའི་དམ་ཆོས་འཚལ། །ཕྱི་རོལ་ཡུལ་ལ་བདེ་སྐྱིད་གྲངས་མང་ཞིང་། །ལུས་སེམས་དགའ་བདེའི་སྣང་བ་རྒྱ་ཆེ་ཡང་། །འཆི་བའི་དུས་ན་བདག་ལ་ཅི་བྱར་ཡོད། །བེམ་རིག་བྲལ་དུས་ཕན་པའི་གདིང་ཞིག་འཚལ། །ན་ཡང་མི་འཚེར་ཤི་ཡང་མི་འགྱོད་ལ། །འཆི་ཁར་མི་འགྱོད་ཟབ་དོན་སྙིང་པོའི་ཆོས། ། རང་རིག ་གོམས་པ འི་ཆོས་ཉིད་ནམ་མཁའ་ལ། །གནས་ལུགས་དོན་གྱི་བཙན་ས་ཟིན་པར་འཚལ། །ཞེས་དང་། བྱང་ཆུབ་རྩ་བ་ས་བོན་སྙིང་རྗེའི་བདག །སྲིད་པ་ན་ཡང་བདེ་བའི་འབྲས་མང་ཞིང་། །མཐར་ཐུག་གཞལ་མེད་ཡོན་ཏན་ཡིད་བཞིན་གཏེར། །གཞན་དོན་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བྱ། །འདི་ནི་བསོད་ནམས་ཕུང་བོ་དཔག་མེད་དེ། །རྒྱལ་བས་བསྔགས་ཤིང་འཇིག་རྟེན་གསུམ་གྱིས་བསྟོད། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཁྱབ། །མཐའ་ཡས་ཡོན་ཏན་དཔག་མེད་ཚོགས་དང་ལྡན། །ཞེས་དང་། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རིགས་ཀྱི་བུ་དེ་ལ་རང་དོན་དུ་དགེ་བའི་རྩ་བ་སྒྲུབ་པ་དེ་དག་ཀྱང་སྲིན་བུ་མེ་ཁྱེར་ལྟ་བུའོ། །གཞན་དོན་དུ་དགེ་བའི་རྩ་བ་སྒྲུབ་པ་ནི་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །ཞེས་དང་། རྒྱ་མཚོས་ཞུས་པའི་མདོ་ལས། འདི་ལྟར་དགེ་བའི་རྩ་བ་རྣམས། །རང་དོན་ཉིད་དང་གཞན་དོན་དུ། །མངོན་པར་བསྒྲུབས་པའི་བསོད་ནམས་གང་། །རྒྱ་མཚོ་བ་གླང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་དེ་དང་མཚུངས། །ཞེས་གསུངས། ཆོས་ལ་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ་ཆེ་སྟེ། སྡོང་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བསྟན་པ་འདི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །དཔེར་ན་ལ་ལ་ཆུ་ཀླུང་གིས། །སྟོབས་མེད་ནན་གྱིས་ཁྱེར་བ་ཞིག །སྐོམ་ནས་ཤི་བར་འགྱུར་བ་བཞིན། །མ་བསྒོམས་¡eབསྒོམ་འདིའི་རིགས་འདི་ལྟར་ཞུས། ¡fཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་གྱུར་ཀྱང་། །བདག་ཉིད་བཀྲེས་ནས་ཤི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་སྨན་པ་ལ་ལ་ཞིག །སྨན་རྣམས་ཐམས་ཅད་བདོག་བཞིན་དུ། །ལྟོ་བའི་ནད་ཀྱིས་ཤི་བ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་དབྱིག་གི་མཛོད་དག་ཏུ། །རིན་ཆེན་གྲངས་མང་བགྲང་བྱེད་ཀྱང་། བདག་ཉིད་གཅིག་ཙམ་མ་ཐོབ་པ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་བདེ་བ་ཀུན་ལྡན་པའི། །རྒྱལ་པོའི་ཕོ་བྲང་འཁོར་སྐྱེས་ཀྱང་། །ཟས་དང་སྐོམ་དག་མི་བདོག་པ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་འདྲིར་བཅུག་ཀྱང་། །བདག་ཉིད་ཀྱིས་ནི་མ་མཐོང་བ། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཇི་ལྟར་མཚོ་ཆེན་མཉན་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །བདག་ཉིད་དེ་ནང་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཇི་ལྟར་ལམ་གྱི་བཞི་མདོར་ཡང་། །ཕུན་སུམ་ཚོགས་པ་ཀུན་བརྗོད་ཅིང་། །བདག་གིས་ཐོབ་པར་མི་འགྱུར་པ། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཆོས་འདི་བསྒོམས་པར་མ་བྱས་ན། །ཆོས་ཉིད་མཐོང་བར་མི་འགྱུར་ཏེ། །ཆུ་ནི་མཐོང་དང་ཐོས་པ་ཡིས། །མ་འ ཐུངས་སྐོམ་པ་ཇི་ལྟར་སེལ། །ཞེས་དང་། ལྷག་བསམ་བསྐུལ་བ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་གྱུར་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ཡི་དོན་སེམས་ཡིན། །ཞེས་དང་། མདོ་སྔ་མ་ལས། གཞོན་ནུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་པར་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནི་བཅུ་སྟེ། སེམས་རྙོགས་པ་མེད་པ་དང་། བག་ཡོད་པར་གནས་པ་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། སྤྱོད་པ་ལ་དད་པ་དང་། ཡེ་ཤེས་ལ་ནེམ་ནུར་མེད་པ་དང་། སངས་རྒྱས་ལ་བྱས་པ་གཟོ་བ་དང་། ཆོས་མི་སྤོང་བ་དང་། ཤིན་ཏུ་བསྡམ་པར་གནས་པ་དང་། དུལ་པའི་རྗེས་སུ་འཐོབ་པ་དང་། སོ་སོ་ཡང་དག་པར་རིགས་པ་བཞི་མངོན་དུ་བྱེད་པ་སྟེ། གཞོན་ནུ་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནང་དུ་ཡང་དག་འཇོག་པ་ལ་བརྩོན་པའི་ཕན་ཡོན་ནོ། །ཞེས་གསུངས། མདོར་ན་གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོར་ཐོས་པ་དང་བསམ་པ་བས་ནི་ཉིན་གཅིག་ཆོས་ཉིད་ཀྱི་དོན་བསྒོམ་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སྐྱེ་འཆིའི་ལམ་དང་རིང་དུ་བྱེད་པའི་ཕྱིར་རོ། །ཞེས་གསུངས། སྒྲུབ་པ་གཞན་ལས་ཀྱང་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་གཙོ་ཆེ་སྟེ། བྱང་ཆུབ་ཀྱི་སེམས་གཉིས་པོ་འདི་ཐེག་ཆེན་གྱི་ཆོས་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་ཕྱིར། སྤྱོད་འཇུག་ལས། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས། །གོང་ནས་གོང་དུ་ཁྱད་ཞུགས་སྤྱད། །ཆུང་ངུའི་ཕྱིར་ན་ཆེ་མི་བཏང་། །གཙོ་བོར་གཞན་གྱི་དོན་བསམ་མོ། །ཞེས་གསུངས་ཏེ་ཞིབ་པར་གོང་དུ་བསྟན་པ་བཞིན་ནོ། །དེའང་ལུང་རིགས་ཀྱི་སྒོ་ནས་སྦྱོང་བ་བས། བླ་མའི་མན་ངག་ལ་བརྟེན་ནས་ཕུར་ཚུགས་སུ་སྦྱོང་བ་གཙོ་ཆེ། དེས་ན་ཇི་ཙམ་གྱི་སེམས་མཉམ་པར་འཇོག་ནུས་པ་དེ་ཙམ་གྱི་གདམས་ངག་ཁོ་ནས་ཚིམས་པར་བྱས་ལ་སེམས་ཀྱི་ངང་ཚུལ་འཕྲལ་དུ་བྱུང་བའང་བླ་མ་ལ་ཞུས་ཤིང་བསྒོམ་པར་བྱ་ཡི་ཚད་མ་རྣམ་བདུན་དང་། བརྡ་སྤྲོད་རྣམ་བཞི་དང་། ཆོས་མངོན་རྣམ་བདུན་དང་། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་མཚན་མས་ཡིད་མི་གདུང་སྟེ། བསྐལ་པ་དཔག་ཏུ་མེད་པར་ངལ་བ་བྱས་ཀྱང་ཐ་སྙད་ཉེ་བར་སྦྱོར་བ་དག་གིས་ནི་མི་ཟད་ཀྱིས། ཚེ་ཡོངས་སུ་གཏུགས་པ་ཁོ་ནར་ཟད་དེ། མགོན་པོ་ཨ་ཏི་ཤས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པ་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་དུ་བླང་བར་གྱིས། །འཇིག་རྟེན་སྤྱོད་པ་དག་ལ་ཕར་བལྟས་ནའང་། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཅི་ལ་བསམས་ཀྱང་ཕན་པར་མི་འགྱུར་བས། །རང་གི་སེམས་ལ་ལྟ་བ་གོམས་པར་གྱིས། །ཚད་མ་བདུན་དང་བརྡ་སྤྲོད་རྣམ་པ་བཞི། །མངོན་པ་དང་ནི་ཡོ་ག་ཙཪྱའི་ས། །མདོ་སྡེ་དང་ནི་འདུལ་བ་མངོན་པ་དང་། །གཞུང་དུ་བཀོད་པ་མ་ལུས་ཐམས་ཅད་ཀུན། །མ་མཐོང་མ་མཉན་མ་བཤད་མ་བྲིས་ཞེས། །དེ་ལ་གདུང་བ་མི་བསྐྱེད་བཞིན་བཟང་དག །བླ་མའི་མན་ངག་ཅེས་བྱ་བདུད་རྩིའི་རོ། །གང་གིས་སེམས་མཉམ་འཇོག་པ་དེ་ཙམ་ཞིག །ཡོངས་སུ་བཙལ་གྱི་གཞུང་མང་ཅི་ཞིག་དགོས། །ཐམས་ཅད་ཡིད་ནི་འཁྲུལ་པ་བྱེད་པའི་རྒྱུ། །འཁོར་བའི་གནས་འདི་ངེས་པ་མེད་པས་ན། །ཕ་མ་ལ་སོགས་ཕ་མར་མ་ངེས་པས། །ཉེ་དུ་འབྲེལ་བ་དག་ལ་ཆགས་པ་སྤང་། །དགྲ་ཡང་མ་ངེས་དེ་ལ་སྡང་བ་སྤང་། །ནད་མེད་ལང་ཚོ་ཕུན་སུམ་ཚོགས་པ་དང་། །འདོད་ཡོད་ལྔ་ལ་རང་བཞིན་ཆགས་པ་སྤང་། །རྙེད་པ་དང་ནི་བཀུར་སྟི་གྲགས་པ་དང་། །རིགས་དང་རུས་དང་ཚིགས་སུ་བཅད་པ་སྤང་། །སློབ་མ་ཡང་སློབ་ཆོས་ཀྱི་འབྲེལ་བ་སྤང་། །འཇིག་རྟེན་སྟག་སྦྲུལ་མེ་དང་དུག་འདྲ་བར། །བསམས་ནས་སྤངས་ཏེ་དབེན་པར་གནས་པར་བྱ། །བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། །སྨན་དང་གླང་ཆེན་བརྟག་པའམ་གཟའ་སྐར་རྩིས། །མཚོན་ཆ་བརྟག་པའམ་རྟ་དཔྱད་རིན་ཆེན་བཟོ། །བསྟན་བཅོས་ངན་པ་སློབ་དང་ཀློག་པ་སྤང་། །ཞེས་གསུངས། འདི་ལ་རྗེ་རྒྱལ་སྲས་པས། ལུང་རིགས་མི་གཙོ་བྱས་ཀྱང་གཙོ་སྟེ། ལུང་རིགས་དང་མི་མཐུན་པའི་དོན་ཉམས་སུ་བླངས་ཀྱང་། དོན་མིན་པའམ་དོན་ལོག་པར་འགྲོ་བས། སྤྱིར་ལུང་རིགས་དང་མཐུན་དགོས་ཀྱང་ཉམས་སུ་ལེན་པའི་དུས་སུ་ལུང་རིགས་མང་པོ་སྤྲོས་པ་བས། བླ་མའི་མན་ངག་ལ་བརྟེན་པ་གལ་ཆེ། དེ་ཡང་པུ་ཏོ་བ་དང་། དགེ་བཤེས་ཆོས་ཀྱི་འོད་ཟེར་བྱ་བའི་མཁས་པ་ཆེན་པོ་གཅིག་ཡོད་པ་དེ་གཉིས་ལ་སློབ་མ་ཐུན་མོང་བ་མང་པོ་ཡོད་པས། ཁོང་ཚོ་ན་རེ། པུ་ཏོ་བས་ཆོས་བཤད་དུས་ངེས་ཤེས་སྐྱེ་བ་ཙམ་ཁྱེད་ཀྱི་བཤད་པ་ལ་མི་སྐྱེ་བར་འདུག་ཞུས་པས། ཁོང་གི་དགོངས་པ་ལ་ཆོས་ང་མཁས་པས་དེ་ཙུག་མི་ཐང་། འོན་ཀྱང་ང་ལ་མེད་པའི་གདམས་ངག་ཁོང་ལ་ཡོད་པ་ཡིན་ཏེ་འོང་སྙམ་ནས། ཁོང་གིས་ཀྱང་པུ་ཏོ་པ་ལས་ཆོས་མཉན་པས། ཁོང་རང་ཡང་ངེས་ཤེས་སྐྱེས་ནས། ཁོང་ལ་ཆོས་མཉན་པས་མ་ཤེས་པའི་ཤེས་རྒྱུ་མ་བྱུང་སྟེ། མ་གོ་བའི་གོ་རྒྱུ་གཅིག་བྱུང་གསུངས་པས་པུ་ཏོ་བས། དེ་བདེན་མ་ཤེས་པའི་ཤེས་རྒྱུ་མེད་དེ། ཆོས་ཁྱེད་རང་མཁས། མ་གོ་བའི་གོ་རྒྱུ་ཡོད་དེ། ངས་ཆོས་ཐམས་ཅད་ཀྱི་མདོ་རྩེ་ནང་དུ་བསྒྱུར་ནས་བཤད་པ་ཡིན་གསུང་ཟེར་ཏེ་ཤིན་ཏུ་བདེན་པར་འདུག གཅིག་གིས་ཤེས་བྱ་གཏན་ལ་འབེབས་པའི་དབང་དུ་བྱས་ནས་གསུངས་པ་ཡིན། པུ་ཏོ་བས་སྒྲུབ་པ་ཉམས་སུ་ལེན་པའི་དབང་དུ་བྱས་ནས་རང་རྒྱུད་ཀྱི་ཐོག་ཏུ་སྦྱར་ནས་གསུངས་པར་གདའ་གསུངས། སྤྱོད་ལམ་གཞན་བས་མལ་དུ་བསྡད་ནས་སྦྱོང་བ་གཙོ་སྟེ། ཨོ་རྒྱན་ཆེན་པོས། འཕོངས་རུལ་གདན་རྡོལ་ཤི་ཡང་རྫོགས་ཆེན་བསྒོམ། །ཞེས་དང་། སྤྱོད་འཇུག་ལས། ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ་། །ཞེས་དང་། རྒྱལ་སྲས་རིན་པོ་ཆེས། ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། ཡང་དགོན་པས། ལྟོགས་འཁྱགས་འཛོམས་པའི་སྤྱིལ་པོ་རུ། །སྡུག་སྒུར་ཚུགས་པའི་སྙིང་རུས་ཅན། །སྟན་ལ་ཆགས་པའི་སྐྱ་ཚན་ཅན། །ཞེས་དང་། ཤ་ར་བའི་ཞལ་ནས། ངས་འདུན་མ་ཐམས་ཅད་སྟན་ཐོག་ཏུ་བཅད་པ་ཡིན་གསུངས། རྗེ་མི་ལས་དྭགས་པོ་ལྷ་རྗེ་ལ། གདམས་ངག་ཟབ་ཤོས་གཅིག་ཡོད་པ་དེ་ད་གཟོད་སྟེར་གསུངས་ནས་མ་གནང་། དྭགས་པོ་ཡུལ་དུ་བྱོན་ཁར་གདམས་ངག་དེ་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཕངས་པར་འདུག་གསུང་ནས་མ་གནང་། དེ་ནས་དྭགས་པོ་ལ་སྐྱེལ་ཐུང་མཛད། སོ་སོར་ཁམས་བདེ་བྱས་ནས་དྭགས་པོ་ས་ཐག་རིང་པོར་སོང་བ་དང་། བོས་ཏེ་ལོག་ལ་ཤོག་དང་གསུངས་ནས། ལོག་ཕྱིན་པས་ཕངས་ཏེ་མ་ཕན་བསྟན་གྱིས་གསུངས། ན་བཟའ་སློག་སྟེ་སྟན་ཐོག་ཏུ་བཞུགས་དྲགས་པས་འཕོངས་རྨེན་པར་སོང་བ་དེ་བསྟན་ནས་ཟབ་ཤོས་འདི་ཡིན་ནོ་གསུང་ཟེར་ཏེ་ཤིན་ཏུ་མད་གསུངས། ཡུལ་སྤང་བ་བས་གཉེན་པོ་བརྟེན་པ་གཙོ་ཆེ་སྟེ། སྤྱོད་འཇུག་ལས། ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང། །ལྷྭམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །དེ་བཞི ན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལང་གིས། །བདག་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་གོ་ཅི་ཞིག་དགོས། །ཞེས་གསུངས། དེས་ན་གཙོ་བོར་ཉམས་སུ་ལེན་པ་གལ་ཆེའོ། །གོ་ལོག་མི་བྱ། ཞེས་པ་ནི། གོ་ལོག་དྲུག་སྤང་བ་སྟེ། ཆོས་བསྒྲུབ་པའི་བཀའ་སྤྱད་མི་བཟོད་པར་དགྲ་འདུལ་གཉེན་སྐྱོང་ཞིང་ལས་ཚོང་ཁེ་སོགས་ཀྱི་སྡུག་བསྔལ་བཟོད་པ་བཟོད་པ་གོ་ལོག ཆོས་རྣམ་དག་སྒྲུབ་པ་ལ་འདུན་པ་མི་བྱེད་པར་ཚེ་འདིའི་བདེ་སྐྱིད་དཔལ་འབྱོར་ལ་འདུན་པ་བྱེད་པ་འདུན་པ་གོ་ལོག ཐོས་བསམ་སྒོམ་གསུམ་གྱི་རོ་མི་མྱོང་བར་ཟང་ཟིང་ལོངས་སྤྱོད་ཀྱི་རོ་མྱོང་བ་རོ་མྱོང་གོ་ལོག སྡིག་པ་བྱེད་པ་ལ་སྙིང་རྗེ་མི་བྱེད་པར་ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བསྒོམ་པ་སྙིང་རྗེ་གོ་ལོག རང་ལ་ལྟོས་པའི་མི་ཆོས་ལ་མི་སྦྱོར་བར་ཚེ་འདིའི་ཆེ་ཐབས་ལ་སྦྱོར་བ་གཉེར་སེམས་གོ་ལོག འཁོར་འདས་ཀྱི་བདེ་སྐྱིད་དང་དགེ་བ་ལ་དགའ་བ་མི་སྒོམ་པར་དགྲ་ལ་སྡུག་བསྔལ་བྱུང་བ་དགའ་བ་བསྒོམ་པ་རྗེས་སུ་ཡི་རང་བ་གོ་ལོག་སྟེ། འདི་དག་ནི་སྔོན་ཡང་བྱུང་བའི་ལོ་རྒྱུས་མང་ལ། ད་ལྟའི་དུས་ལ་ཤིན་ཏུ་མང་ཞིང་ཕལ་ཆེར་འདི་ཁོ་ནར་འདུག་ཅིང་། འབྱུང་ཡང་ཉེ་བས་རྟག་ཏུ་བག་གཟོན་བྱས་ཏེ་དྲུག་པོ་དེ་རྣམས་ཀུན་ཏུ་སྤང་བར་བྱའོ། །གཞན་ཡང་ཨོ་རྒྱན་ཆེན་པོས། ཆོས་བྱེད་པ་ཀུན་ཉེ་འབྲེལ་ཞི་བ་ལ་མྱ་ངན་ཆེ་བར་བྱེད་པ་གདའ་སྟེ། དེ་ལྟར་མ་ཡིན་ཆོས་བྱེད་པ་ལ་མྱ་ངན་བྱེ་དགོས་པ་ལྔ་ཡོད་དེ། སློབ་དཔོན་བཟང་པོ་དང་བྲལ་ན་མྱ་ངན་འདས་མཆོད་བྱེད་དགོས་པ་ཡིན། ཆོས་གྲོགས་བཟང་པོ་དང་བྲལ་ན་མྱ་ངན་ཚོགས་གསོག་བྱེད་དགོས་པ་ཡིན། རང་ལ་ཉམས་ཆག་དང་ཞིག་རལ་བྱུང་ན་མྱ་ངན་གསོ་སྦྱོང་དང་བཤགས་པ་དགོས་པ་ཡིན། རང་ཡུན་རིང་དུ་ན་ནས་དགེ་སྦྱོར་མ་ནུས་ན་མྱ་ངན་བླ་མ་བསྟེན་དགོས་པ་ཡིན། འཇིག་རྟེན་ཆོས་བརྒྱད་ལ་སེམས་ཤོར་ན་མྱ་ངན་ཞེན་པ་གཏིང་ནས་ལོག་དགོས་པ་ཡིན། ཞེས་གསུངས། རེས་འཇོག་མི་བྱ། ཞེས་པ་ནི། རེས་འགའ་བྱེད། རེས་འགའ་མི་བྱེད་པ་དེ་ཆོས་ལ་ངེས་ཤེས་མ་སྐྱེས་པ་ཡིན་པས། བློ་སྣ་མི་མང་བར་རྩེ་གཅིག་ཏུ་བློ་སྦྱང་བ་གལ་ཆེ་སྟེ། སྤྱོད་འཇུག་ལས། གང་ཞིག་བསམ་སྟེ་བྱ་བརྩམ་པ། །དེ་ལས་གཞན་དུ་མི་བསམ་སྟེ། །དེར་གཏད་པ་ཡི་བསམ་པ་ཡིས། །དེ་ཉིད་རེ་ཞིག་བསྒྲུབ་པར་བྱ། །དེ་ལྟ་ན་ནི་ཀུན་ལེགས་འགྱུར། །གཞན་དུ་གཉིས་ཀ་མི་འགྱུར་རོ། །ཞེས་དང་། ཨོ་རྒྱན་ཆེན་པོས། ཆོས་བྱེད་པ་ལ་ཆེ་བ་རྣམ་པ་ལྔ་ལྡན་དགོས། བླ་མ་གདམས་ངག་ཆེ་བ་ཞིག་དགོས། གདམས་ངག་ཀྱང་ཐབས་ཀྱིས་ཆེ་བ་ཞིག་དགོས། རང་ཉིད་དཀའ་ཐུབ་ཀྱི་སྒོམ་སྲན་ཆེ་བ་ཞིག་དགོས། ཆོས་ཕྱོགས་སུ་མོས་པ་ཆེ་བ་ཞིག་དགོས། ཉམས་ལེན་ལ་བཅད་པ་ཆེ་བ་ཞིག་དགོས། འཁོར་བ་ལས་ཐར་བར་བྱེད་པ་ལ་དེ་དང་མི་ལྡན་ན་མཐར་མི་ཕྱིན་གསུངས། དོལ་ཆོད་དུ་སྦྱང་། ཞེས་པ་ནི། རྣམ་གཡེང་དང་མ་འབྲེལ་བར་བློ་སྦྱོང་ཁོ་ནར་ལིང་གིས་{ལིངས་ཀྱིས}བསྐྱུར་ལ་ཕྱོགས་གཅིག་ཏུ་སྦྱངས་ཏེ། མདོ་རྒྱན་ལས། གུས་པར་བྱ་སྟེ་སྦྱང་བར་བྱ། །ཞེས་དང་། ཨོ་རྒྱན་ཆེན་པོས། མ་དྲེད་རྩེ་གཅིག་དཀའ་ཐུབ་མཐར་འདོན་ནོ། །ཞེས་གསུངས། རྟོག་དཔྱོད་གཉིས་ཀྱིས་ཐར་བར་བྱ། །ཞེས་པ་ནི། རང་རྒྱུད་ལ་རྒྱུན་དུ་རྟོག་ཅིང་དཔྱོད་པ་གཉིས་ཉོན་མོངས་དང་བདག་འཛིན་ལས་ཐར་བར་བྱ་དགོས་ཏེ། དེའང་རང་རྒྱུད་ལ་ཉོན་མོངས་སྐྱེ་བའི་ཡུལ་ཡིད་ལ་བྱས་ཏེ། དྲག་ཏུ་སྐྱེ་མི་སྐྱེ་བརྟག སྐྱེ་ན་གཉེན་པོ་དྲག་ཏུ་བརྟེན། ཡང་བདག་གཅེས་འཛིན་ཇི་འདྲ་འདུག་བལྟ། གལ་ཏེ་མེད་པ་ལྟར་འདུག་ན་ཆགས་སྡང་གི་ཡུལ་ཞིག་བརྟེན་ལ་བརྟག དེ་ཚེ་གཅེས་འཛིན་སྐྱེས་པར་འདུག་ན་རང་བཞིན་མེད་པར་གོམས་པ་དང་། བདག་གཞན་བརྗེ་བའི་གཉེན་པོས་དེ་མ་ཐག་སྤངས་ཏེ། མཐར་མི་སྐྱེ་བར་མ་གྱུར་གྱི་བར་དུ་འབད་པར་བྱ་སྟེ། ཨོ་རྒྱན་ཆེན་པོས། ཆོས་བྱེད་པའི་གང་ཟག་རྣམས་བདུད་ཀྱིས་བསླུས་པ་མ་ཚོར་བར་འདུག མཐུ་བོ་ཆེ་རྣམས་ང་རྒྱལ་དྲེགས་པའི་བདུད་ཀྱིས་བསླུས་ནས་གདའ། དྲག་པོ་རྣམས་ཁ་འཇམ་འཁྲུལ་པའི་བདུད་ཀྱིས་བསླུས་ནས་གདའ། ཐ་མལ་པ་རྣམས་མ་རིག་རྨོངས་པའི་བདུད་ཀྱིས་བསླུས༴ ཕྱུག་པོ་རྣམས་ཟང་ཟིང་ནོར་གྱི་བདུད་ཀྱིས་བསླུས་ནས་གདའ། ཆོས་བྱེད་ཀུན་ཟང་ཟིང་ནོར་སྤེེལ་གྱི་བདུད་ཀྱིས་བསླུས་ནས་གདའ། ལན་ཆགས་བུ་སྤེལ་གྱི་བདུད་ཀྱིས་བསླུས་ནས་གདའ། །སློབ་འཁོར་བཀུར་སྟིའི་བདུད་ཀྱིས་བསླུས་ནས་གདའ། །ཉེ་དྲུང་འཁོར་བྱམས་བདུད་ཀྱིས་བསླུས་ནས་གདའ། །དགྲ་སྡང་གདོང་འཛུགས་བདུད་ཀྱིས་བསླུས་ནས་གདའ། །གཉེན་གྱི་གཅམ་ཚིག་བདུད་ཀྱི་བསླུ་བ་ཡིན། །ངག་འཇམ་ཚིག་སྙན་བདུད་ཀྱི་བསླུ་བ་ཡིན། །སེམས་ཀྱི་ཞེན་ཆགས་བདུད་ཀྱི་བསླུ་བ་ཡིན། །མཛེས་སྡུག་བརྩེ་གདུང་བདུད་ཀྱི་བསླུ་བ་ཡིན། །འཁྲུལ་པའི་ལས་ལ་བརྩོན་པ་ཐམས་ཅད་བདུད་ཀྱི་བསླུ་བ་ཡིན། དུག་ལྔ་རང་ལ་གནས་པ་སེམས་ཀྱི་བདུད། །ཡུལ་དྲུག་བ ག་ཆགས་བཞག་པའི་ཕྱིའི་བདུད། ཏིང་འཛིན་རོ་ལ་ཆགས་པ་ནང་གི་བདུད། །རྫོགས་ཆེན་འབྲས་བུར་རེ་བ་ལྟ་བའི་བདུད། །ཡོན་ཏན་ཆེ་བ་རྣམས་ཀྱང་བདུད་ཡིན་ལ། །མ་རིག་རྨོངས་པ་རྣམས་ཀྱང་བདུད་ཡིན་ནོ། །དེས་ན་བདུད་ཆེན་བདག་ཏུ་འཛིན་པ་ཡིན། །གཞན་དུ་མ་ཡིན་དེ་ཉིད་ནང་དུ་སོད། །ལར་བདུད་ནང་དུ་སོད་ན་ཕྱི་ནས་བདུད་མི་འབྱུང་སྟེ། བདུད་ངོ་མ་ཤེས་པ་ཁོ་ན་མང་བར་གདའ། ཆོས་བྱེད་པ་ལ་དུག་ལྔ་རྩད་གཅོད་དགོས་ཏེ། ཞེ་སྡང་ཆེ་བའི་གང་ཟག་དེ་རང་སྡུག་ཆེ། གཏི་མུག་ཆེ་བའི་མི་དུད་འགྲོ་དང་མཚུངས་པས་ཆོས་མི་གོ། ང་རྒྱལ་ཆེ་བའི་མི་ལ་ཡོན་ཏན་མི་འགོ་དགྲ་མང་། འདོད་ཆགས་ཆེ་བའི་མིས་སྡོམ་པའི་མི་ཐུབ་སྒྲོ་སྐུར་མང་། ཕྲག་དོག་ཆེ་བའི་མི་མཐོ་འདོད་ཆེ་དབྱེན་ལ་དགའ། དུག་ལྔ་པོ་འདིའི་རྗེས་སུ་མི་འབྲེང་། སྐྱེས་གྲོལ་དུས་མཉམ་དུ་ཁོང་དུ་གསད་འཚལ་ཏེ། དུག་ལྔ་རང་དགར་སྤྱོད་པའི་མི་འདི་དག་སྡུག་རང་གིས་སྒྲུབ་པར་གདའ། ཆོས་བྱེད་པ་ལ་རང་རྒྱུད་དུལ་དགོས། ཞེ་སྡང་མེ་དཔུང་བྱམས་པའི་ཆུས་གསོད་དགོས། འདོད་ཆགས་ཆུ་བོ་གཉེན་པོ་སྟོབས་ལྡན་གྱི་ཟམ་པས་སྒྲོལ་དགོས། གཏི་མུག་གི་མུན་པ་ལ་ཤེས་རབ་ཀྱི་སྒྲོན་མེ་སྦར་དགོས། ང་རྒྱལ་གྱི་རི་བྲག་ལ་བརྩོན་འགྲུས་གྱི་གཟུ་ཤིང་གིས་རྨང་ནས་སྒྱེལ་དགོས། ཕྲག་དོག་རླུང་དམར་ལ་བཟོད་པའི་གོས་གྱོན་པས་སྤང་དགོས། ལར་དུག་ལྔ་པོ་འདི་རང་དགར་ཤོར་ན་རང་རྒྱུད་རླག་པར་བྱེད་པས། དུག་ལྔ་རང་ཁར་མི་བཏང་བ་ཤིན་ཏུ་གཅེས་སོ། །ཞེས་གསུངས། ཡུས་མ་བསྒོམ། ཞེས་པ་ནི། ཕ་རོལ་པོ་ལ་རང་གི་དྲིན་ཡོད་ཀྱང་ཡུས་ཆེ་མི་བྱ་སྟེ་བདག་བས་གཞན་གཅེས་བསྒོམ་པའི་ཕྱིར་དང་། མཁས་པ་དང་བཙུན་པ་དང་ཆོས་ཉམས་སུ་བླངས་ནས་དཀའ་ཐུབ་ཡུན་རིང་བྱས་པ་སོགས་རང་དོན་ཡིན་པས་གཞན་ལ་ཡུས་བྱ་དོན་མེད་པའི་ཕྱིར། གཞན་ལ་ཡུས་ལ་མི་འཚོང་། མི་ལ་རེ་མ་ཆེ་ལྷ་ལ་གསོལ་བ་ཐོབ་བྱ་བ་རྭ་སྒྲེང་པའི་བཀའ་ཡིན་གསུངས། ཞི་བ་ལྷས། དེ་ལྟར་གཞན་གྱི་དོན་བྱས་ཀྱང་། །རློམ་སེམས་དང་ནི་ངོ་མཚར་མེད། །གཅིག་པུར་གཞན་དོན་ལ་དགའ་བས། །རྣམ་སྨིན་འབྲས་བུ་རེ་བའང་མེད། །ཅེས་སོ། །ཀོ་ལོང་མི་སྡོམ་ཞེས་པ་ནི། གཞན་ལ་ཕྲག་དོག་གི་བསམ་པ་མི་བྱ། གཞན་གྱིས་རང་ལ་མི་མང་སར་སྨ་ཕབ་པ་དང་། གནོད་པ་བྱེད་པ་སོགས་ལ་ལན་མི་བྱ་ཞིང་སེམས་རྒྱུད་འཁྲུགས་པ་སྤང་དགོས་ཏེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེ་སྡང་ཟུག་རྔུའི་སེམས་འཆང་ན། །ཡིད་ནི་ཞི་བ་ཉམས་མི་མྱོང་། །དགའ་དང་བདེ་བའང་མི་འཐོབ་ལ། །གཉིད་མི་འོང་ཞིང་བརྟན་མེད་འགྱུར། །གང་དག་ནོར་དང་བཀུར་སྟི་ཡི། །དྲིན་བྱིན་དེ་ལ་བརྟེན་གྱུར་པ། །དེ་དག་གིས་ཀྱང་སྡང་ལྡན་པའི། །རྗེ་དཔོན་དེ་ལ་གསོད་པར་རྒོལ། །དེ་ཡིས་མཛའ་བཤེས་སྐྱོ་བར་འགྱུར། །སྦྱིན་པས་བསྡུས་ཀྱང་བརྟེན་མི་བྱེད། །མདོར་ན་ཁྲོ་བས་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཁྲོ་བའི་དགྲ་ཡིས་དེ་ལ་སོགས། །སྡུག་བསྔལ་དག་ནི་བྱེད་པར་འགྱུར། །གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་གསུངས། པུ་ཏོ་བའི་ཞལ་ནས། འོ་སྐོལ་ཆོས་པ་རྣམས། ཆོས་བདག་འཛིན་གྱི་གཉེན་པོར་མ་སོང་བས། བཟོད་སྲན་ཤའུ་བས་ཆུང་། ཀོ་ལོང་གཙང་བཙན་བས་དམ་པར་གདའ་སྟེ། དེས་ཆོས་ཀྱི་གོ་མི་ཆོད་པས་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་དགོས་གསུངས། ཡུད་ཙམ་པ་མི་བྱ། ཞེས་པ་ནི། ཅུང་ཟད་ཙམ་རེས་དགའ་མི་དགའི་རྣམ་འགྱུར་སྟོན་པ་སྟེ། གྲོགས་ཀྱི་སེམས་ལ་གཟན་པས་མི་བྱ་སྟེ། ཞི་བ་ལྷས། རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། །ཁྲོ་གཉེར་ངོ་ཟུམ་ཡོངས་ཐོང་སྟེ། །འགྲོ་བའི་བཤེས་དང་གསོང་པོར་གྱིས། །ཁྲི་ལ་སོགས་པ་བབ་ཅོལ་དུ། །སྒྲ་དང་བཅས་པས་མི་དོར་རོ། །སྒོ་ཡང་དྲག་དུ་མི་དབྱེ་སྟེ། །རྟག་ཏུ་གཅོམ་སྐྱུང་དགའ་བར་བྱ། །ཆུ་སྐྱར་བྱི་ལ་ཆོམ་རྐུན་དག །སྒྲ་མེད་འཇབ་ཅིང་འགྲོ་བ་ཡིས། །མངོན་པར་འདོད་པའི་དོན་སྒྲུབ་པ། །ཐུབ་པས་རྟག་ཏུ་དེ་བཞིན་སྤྱད། །གཞན་ལ་གཞན་བསྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པར་བྱེད་པའི་ངག །གུས་པས་སྦྱི་བོར་བླང་གྱིས་ཏེ། །རྟག་ཏུ་ཀུན་གྱི་སློབ་མར་གྱུར། །ལེགས་པར་སྨྲས་པ་ཐམས་ཅད་ལ། །དགེ་བར་གསུངས་ཞེས་བརྗོད་པར་བྱ། །བསོད་ནམས་བྱེད་པ་མཐོང་གྱུར་ན། །བསྟོད་པས་ལེགས་པར་དགའ་བ་སྐྱེད། །ལྐོག་ན་ཡོན་ཏན་བརྗོད་བྱ་ཞིང་། ཡོན་ཏན་བརྗོད་ན་རྗེས་སུ་བརྗོད། ། རང་གི་ཡོན་ཏན་བརྗོད་ན་དེ། །ཡོན་ཏན་ཤེས་པར་རིག ་པར་བྱ། །རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །དེ་ནི་རིན་གྱིས་ཉོ་ནའང་དཀོན། །དེ་ལྟས་གཞན་བྱས་ཡོན་ཏན་གྱིས། །དགའ་བའི་བདེ་བ་སྤྱད་པར་བྱ། །བདག་ལ་འདིར་གོད་ཡོད་མིན་ལ། །ཕ་རོལ་དུ་ཡང་བདེ་བ་ཆེ། །ཞེས་གསུངས། འུར་ཆེ་མ་འདོད། ཅེས་པ་ནི། གཞན་ལ་ཕན་བཏགས་པའམ། རང་གི་ཆོས་ཉམས་སུ་བླང་བ་དང་། དགེ་བའི་ལས་བྱས་པ་སོགས་ལ་གཞན་གྱིས་འུར་ཆེའི་ཚིག་གི་གཏང་རག་འབྱུང་དུ་རེ་བ་མི་བྱ་སྟེ། ཞི་བ་ལྷས། དེ་ལྟ་ན་ནི་གཞན་གྱི་དོན། །བྱས་ཀྱང་ངོ་མཚར་བློ་མི་འབྱུང་། །རང་ཉིད་ཀྱིས་ནི་ཟན་ཟོས་ནས། །ལན་ལ་རེ་བ་མེད་པ་བཞིན། །ཞེས་གསུངས། མདོར་ན་སྙན་གྲགས་ཡོང་དུ་རེ་བ་སྤང་བར་བྱའོ། །གཞན་ཡང་ཨོ་རྒྱན་ཆེན་པོས་འདི་ལྟར་གསུངས་ཏེ། སེམས་ཅན་རྣམས་ལ་གནོད་པ་མ་སྤངས་པའི་སེམས་བསྐྱེད་པ་ལ་དོན་མེད། དམ་ཚིག་མི་བསྲུང་བའི་དབང་རིམ་པར་མནོས་པ་ལ་དོན་མེད། རང་སེམས་ལ་མ་ཕན་པའི་ཐོས་པ་མང་པོ་ལ་དོན་མེད། སྡིག་དང་འདྲེས་པའི་དགེ་རྩ་བྱས་པ་ལ་དོན་མེད། རྟག་ཏུ་སྡིག་པ་ལ་སྦྱོར་ན་བླ་མ་བསྟེན་པ་ལ་དོན་མེད། འཇིག་རྟེན་ཆོས་བརྒྱད་སྒྲུབ་པའི་ལས་ཀ་བྱས་པ་ལ་དོན་མེད། རྟག་ཏུ་ཕ་མ་ལ་སྡང་བར་བྱེད་ཅིང་མཆོད་གནས་ཕུགས་སུ་བསྟེན་པ་ལ་དོན་མེད། མི་དགེ་བ་ལ་ལྷག་པར་སྤྱོད་བཞིན་དམྱལ་བར་འཇིགས་ཟེར་བ་ལ་དོན་མེད། དད་པ་མེད་ཅིང་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་སྦྱིན་པ་གཏོང་བ་ལ་དོན་མེད། ངེས་འབྱུང་གི་བསམ་པས་མ་ཟིན་ན་ཚུལ་ཁྲིམས་སྲུང་བ་ལ་དོན་མེད། གཉེན་པོའི་སྟོབས་ཀྱིས་མ་ཟིན་པའི་དབང་མེད་པའི་བཟོད་པ་ལ་དོན་མེད། བྱིང་རྒོད་གཉིས་ལ་རྟག་ཏུ་གནས་པའི་བསམ་གཏན་བསྟེན་པ་ལ་དོན་མེད། བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བས་བརྩོན་འགྲུས་རྩོམ་པ་ལ་དོན་མེད། དུག་ལྔ་རྒྱས་པར་བྱེད་པའི་ལོག་པའི་ཤེས་རབ་བསྐྱེད་པ་ལ་དོན་མེད། སྙིང་རྗེའི་ལམ་དང་བྲལ་བའི་ཐེག་ཆེན་སྒྲུབ་པ་ལ་དོན་མེད། རང་གི་སེམས་ཉིད་མ་རྟོགས་པའི་སྒོམ་པ་བྱས་པ་ལ་དོན་མེད། རང་ཉིད་ཉམས་སུ་མི་ལེན་པའི་གདམས་ངག་མནོས་པ་ལ་དོན་མེད། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་འགྲོ་དོན་བྱེད་པ་ལ་དོན་མེད། ལར་དོན་མེད་ཀྱང་བྱ་བྱེད་མང་བ་འདི་དག་ལ་དགོས་པ་མེད་ཀྱང་བྱིས་པའི་སྐྱེ་བོ་རྣམས་མི་ཉན་གསུངས། ཡང་གསུངས་པ། ཆོས་བྱེད་པ་ལ་མི་འོང་བ་བཞི་ཡོད་པས་སྤང་དགོས། འཆི་བ་རྗེས་སུ་མ་དྲན་ན་ཆོས་སྒྲུབ་པའི་དུས་མི་འོང་། ལས་འབྲས་ལ་ཡིད་མ་ཆེས་པས་མི་དགེ་བ་མི་སྤོང་བ་ལ་མཐོ་རིས་ཐར་པ་ཐོབ་པའི་དུས་མི་ཡོང་། སེམས་ཅན་གྱི་དོན་དུ་བྱང་ཆུབ་ཏུ་སེམས་མ་བསྐྱེད་པར་རང་གཅིག་པུ་ཐར་པ་དང་གྲོལ་བར་འདོད་པ་ལ་རྫོགས་པའི་སངས་རྒྱས་མི་འོང་། ལར་ཚེ་འདིའི་བྱ་བ་ལས་བློ་མི་ལྡོག་ན་ཡང་དག་པའི་ཆོས་གཏན་ནས་མི་འོང་། འཇིག་རྟེན་བློས་བཏང་བ་འགའ་ཡང་མི་གདའ། ཆོས་བྱེད་པར་སྙིང་པོ་བླང་བ་གལ་ཆེ། ལུས་སྙིང་པོ་མེད་པ་ལ་སྙིང་པོ་བླང་བ་ནི་ཚུལ་ཁྲིམས་གཙང་མ་བསྲུང་། ལོངས་སྤྱོད་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་སྦྱིན་པ་སེམས་བསྐྱེད་ཀྱིས་ཟིན་པར་གཏོང་། ཚོགས་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བསགས། ཐོས་པ་སྙིང་པོ་མེད་པ་ལས་སྙིང་པོ་བླང་བ་ནི་སྒྲུབ་པ་ནན་ཏན་གྱིས་ཉམས་སུ་བླང་བ་ལ་འབད། དེ་ལྟར་སྙིང་པོ་ལེན་མ་ཤེས་ན་འཇིག་རྟེན་འདིའི་ལས་འབའ་ཞིག་ཡིན། ཆོས་བྱེད་པ་ལ་འཁྲུལ་མེད་ལྔ་དགོས། ཁས་བླངས་པའི་ཚུལ་ཁྲིམས་དང་བསྲུང་སྡོམ་ལ་འཁྲུལ་པ་མེད་པས་སྲུང་བ་ཞིག་དགོས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་ལ་དུས་རྟག་ཏུ་འཁྲུལ་པ་མེད་པ་ཞིག་དགོས། ལས་རྒྱུ་འབྲས་བསྒོམ་པ་ལ་འཁྲུལ་པ་མེད་པས་སྡིག་པ་ཕྲ་མོ་ནས་འཛེམ་པ་ཞིག་དགོས། བླ་མ་སངས་རྒྱས་སུ་སྒོམ་པ་ལ་འཁྲུལ་པ་མེད་པ་རྟག་ཏུ་སྤྱི་བོར་བསྒོམ་པ་ཞིག་དགོས། ཆོས་ཐམས་ཅད་སྟོང་ཉིད་དུ་བསྒོམ་པ་ལ་འཁྲུལ་པ་མེད་པ་ཐམས་ཅད་ཟུང་འཇུག་ཏུ་རྟོགས་པ་ཞིག་དགོས། ཆོས་བྱེད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ཉམས་སུ་ལེན་དགོས། སེར་སྣའི་ཕྱོགས་གང་ཡང་ཡིད་ལ་མི་བྱེད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། ཉོན་མོངས་པ་ཐབས་ཀྱིས་སྤོང་བ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། ཁྲོ་བ་དང་འཁོན་དུ་འཛིན་པ་གང་ཡང་མེད་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། ལེ་ལོ་དང་སྒྱིད་ལུག་པ་མེད་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། གཡེང་བ་དང་བསམ་གཏན་གྱི་རོ་ལ་ཆགས་པ་མེད་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན། སྤྲོས་པའི་རྣམ་པ་གང་ཡང་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། ཆོས་བྱེད་པ་ལ་འབྲེལ་བ་རྣམ་པ་གསུམ་ཡོད་དེ། བྱ་བ་གཞན་ལ་མི་བརྩོན་པར་ཅི་བྱེད་ཕྱི་མ་མཐོ་རིས་ཀྱི་ཆེད་དུ་འབྲེལ་བ་དེ་སྐྱེས་བུ་ཐ་མ་ཡིན། མཐོ་རིས་མི་ཐོབ་པའི་ཐབས་མེད། འཁོར་བ་མཐའ་དག་ལ་ཡིད་དབྱུང་ནས་དགེ་སྦྱོར་ལ་འབྲེལ་བ་དེ་སྐྱེས་བུ་འབྲིང་ཡིན། ཐར་པ་མི་ཐོབ་པའི་ཐབས་མེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བས་འབྲེལ་བ་དེ་སྐྱེས་བུ་མཆོག་ཡིན་ཏེ། རྫོགས་པའི་བྱང་ཆུབ་མི་ཐོབ་པའི་ཐབས་མེད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་རྣམས་ཀྱང་ཤེས་པར་བྱ་བ་ནི་གལ་ཆེ་འཕྲོས་དོན་དུ་སྨོས་པའོ། །དེ་ལྟར་བསླབ་བྱ་དེ་རྣམས་ནི་བློ་སྦྱོང་མི་ཉམས་ཤིང་གོང་འཕེལ་དུ་འགྱུར་བའི་ཐབས་ཡིན་ལ། མདོར་ན་རྒྱལ་སྲས་རིན་པོ་ཆེས། ཚེ་ཧྲིལ་གྱིས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་པོ་མཉམ་རྗེས་གཉིས་ཀྱི་སྒོ་ནས་ལེགས་པར་སྦྱངས་ནས་འབྱོངས་པའི་གདིང་ཐོབ་པར་བྱའོ། །ཞེས་གདམས་པ་ལྟར་འབད་པར་བྱའོ། །འཚོ་མཛད་མཁས་པའི་མིག་གིས་གང་མཐོང་བའི། །ས་སྟེང་སྨན་དུ་མ་གྱུར་ཡོད་མིན་བཞིན། །སྟོང་ཉིད་སྙིང་རྗེས་ལམ་དུ་ཁྱེར་ཤེས་ན། །དགེ་བའི་གྲོགས་སུ་མི་འགྱུར་སྤྱོད་ལམ་གང་། །སྣ་ཚོགས་ལས་དང་རྐྱེན་གྱིས་བསྐྱེད་པ་ཡི། །མི་མཐུན་འགལ་རྐྱེན་མདག་མེ་སྤུངས་པ་དག །གཞིལ་བྱེད་བློ་སྦྱོང་མན་ངག་ཞི་བསིལ་ཆར། །འདི་དང་མཉམ་པའི་གཉེན་པོ་གཞན་ཡོད་མིན། གང་ལ་དྲན་ཤེས་བག་ཡོད་བརྩོན་འགྲུས་ལྡན། །དེ་ནི་སྟོན་མཆོག་དངོས་དང་འགྲོགས་པ་འདྲ། །ཉེས་ལྟུང་དྲི་མས་གཞར་ཡང་གོས་མིན་ཞིང་། །དགེ་བའི་ཆོས་ཀུན་ལག་ཏུ་གཏོད་བཞིན་འོང་། །གང་གིས་ཆོས་ཀུན་སྒྱུ་འདྲར་ལེགས་རྟོགས་པས། །འབྱོར་པའི་ཚེ་ན་དྲེགས་པ་མི་སྐྱེ་ཞིང་། །རྒུད་པར་གྱུར་ཀྱང་ཞུམ་པ་མ་མཆིས་པའི། །བློ་ལྡན་དེ་ནི་ཀུན་གྱིས་བསྔགས་འོས་ཉིད། །ངོ་ཚ་ཁྲེལ་ཡོད་རིན་ཆེན་རྒྱན་གྱི་མཆོག །འཇིག་རྟེན་འདི་ན་ཉི་མ་བཞིན་དུ་མཛེས། །ཡ་རབས་རྣམས་ནི་འཚོ་བ་བཏང་ཡང་སླའི། །དམ་བཅའི་ཚུལ་ལས་འགལ་བ་དེ་ལྟ་མིན། །ཉོན་མོངས་གོམས་ནས་གཉེན་པོས་བཟློག་དཀའ་བས། །དགྲ་བོ་མཐོང་ཚེ་མཚོན་ཆ་ལེན་པ་བཞིན། །དང་པོ་ཉིད་ནས་གཉེན་པོའི་སྟོབས་བསྐྱེད་ནས། །སླད་ནས་འཇུག་པའི་གོ་སྐབས་མེད་པར་གཞོམ། །ལེགས་པའི་ལམ་སྟོན་ཡང་དག་དགེ་བའི་བཤེས། །ལེགས་ཚོགས་ཡོན་ཏན་ཀུན་གཞི་དུལ་བའི་སེམས། །ལེགས་སྤྱོད་དགེ་བའི་གྲོགས་གྱུར་མཐུན་པའི་རྐྱེན། །ལེགས་མཆོག་ཐར་པ་དམ་པ་བགྲོད་པའི་རྒྱུ། །དད་མོས་གསེར་གྱི་ཤིང་རྟས་ཉེར་དྲངས་པའི། །ཐེག་མཆོག་ལམ་ལ་མདུན་པའི་ཉིན་བྱེད་དབང་། །སྡོམ་གསུམ་གནང་བཀག་གཙང་མའི་སྤྲིན་བྲལ་མཁར། །རབ་གསལ་རྣམ་གྲོལ་པད་ཚལ་ཅིས་མི་བཞད། །ཡོངས་ལ་ཁྱབ་པར་ནམ་མཁའ་དང་འདྲ་ཞིང་། །གཏིང་མཐའ་མི་དཔོག་རྒྱ་མཚོ་ཆེན་པོ་བཞིན། །ཕྱོགས་རིས་མེད་པ་ཉི་ཟླ་ལྟ་བུ་ཡི། །བྱང་ཆུབ་སེམས་ནི་རྟག་ཏུ་གོམས་པར་བྱ། །ཁྱད་པར་ན་བའི་བུ་ལ་མ་བཞིན་དུ། །དམ་པ་མིན་པ་བརྩེ་བ་ལྷུར་ལེན་པ། །འཕགས་པ་རྣམས་ཀྱི་ངང་ཚུལ་བླ་མེད་ཕྱིར། །བཀོལ་བ་རྣམས་ལ་ལྷག་པར་གོམས་པ་གལ། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་དག །རྐྱེན་གཞན་གང་ལའང་ལྟོས་པར་མི་འགྱུར་བ། །དེ་བཞིན་བློ་ལྡན་བྱང་ཆུབ་ལ་གཞོལ་རྣམས། །བཟང་ངན་རྐྱེན་གྱིས་ནམ་ཡང་བསྐྱོད་མི་བྱ། །ད་ལྟའི་དུས་བཞིན་གཏན་དུ་མི་འབྱོར་པས། །བག་མེད་རྣམ་གཡེང་བྱེད་པ་མི་ཁོམ་གྱིས། །དོན་མེད་བྱ་བྱེད་མང་པོའི་སྤྲོས་པ་སྐྱུང་། །ད་རེས་རྩེ་གཅིག་ཟབ་མོའི་ཉམས་ལེན་གལ། གཏན་དུ་འཚེངས་པའི་ཆོས་ཕྱིར་མི་བརྩོན་པར། །ནམ་ཡང་ཕུང་ངེས་སྡུག་བསྔལ་རྒྱུ་ལ་རྒྱུག །བསམ་སྦྱོར་མཐའ་དག་ཕྱིན་ཅི་ལོག་གྱུར་པའི། །གོ་ལོག་དྲུག་པོ་རྟག་ཏུ་སྤང་བར་བྱ། །དལ་ཁོམ་རེས་འགའི་བྱ་བས་སུ་ལ་ཅི། །ཙབ་ཙུབ་བློ་སྣ་མང་པོ་ངལ་བའི་རྒྱུ། །རྩོམ་པ་གང་ཡང་མཐའ་རུ་ཕྱིན་པ་མཆོག །དེ་སླད་རྩེ་གཅིག་དཀའ་ཐུབ་མཐའ་འདོན་གཅེས། །བརྟག་གཞིག་ཐམས་ཅད་རང་གི་རྒྱུད་ལ་བྱོས། །བདག་འཛིན་ཉོན་མོངས་ད་རེས་མ་ཐུལ་ན། །ཆོས་ཀྱི་དགོས་པ་ཐམས་ཅད་སྟོར་མཆི་བས། །སྲིད་རྩའི་འཁྲི་ཤིང་དིང་ནས་བསྙིལ་བར་འོས། །རང་ཉིད་རྣམ་གྲོལ་འབྲས་བུ་མཆོག་ཐོབ་ཕྱིར། །གཞན་ལ་ཕན་གདགས་ཆོས་ཕྱིར་དཀའ་སྤྱོད་སོགས། །ཇི་ལྟར་བརྩོན་ཡང་རང་གི་དོན་ཡིན་པས། །སུ་ཞིག་ལ་ནི་བྱས་ཡུས་འདྲེན་པར་བྱེད། །ཁོང་ཁྲོའི་མེ་ཡིས་དགེ་བའི་བུད་ཤིང་སྲེག །བཟོད་པའི་ཆར་གྱིས་རྣམ་གྲོལ་མྱུ་གུ་སྐྱེད། །དེ་ཕྱིར་གཞན་གྱི་ལོག་སྒྲུབ་ཅི་བྱུང་ཡང་། །རང་རྒྱུད་ཞི་བའི་བདེ་བ་དཀྲུགས་མི་བྱ། །ངང་ཚུལ་མི་བརྟན་གར་མཁན་འདུ་བྱེད་བཞིན། །ཡུད་ཙམ་རེ་ལ་རྣམ་འགྱུར་མི་འདྲ་བརྒྱ། །གྲོགས་ཀྱི་ངོར་གཟན་ཐ་མ་འཁྲུགས་སློང་རྒྱུ། །དེ་བས་ཞི་དལ་འཛུམ་དང་ལྡན་པར་བྱ། །རྙེད་བཀུར་སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཏེ། །འདི་ལ་ཞེན་རྣམས་ཡང་དག་ཆོས་ལས་ཉམས། །དེ་བས་གཞན་གྱི་འོར་ཆེ་མི་འདོད་པར། །རང་ཉིད་རྒྱལ་སྲས་སྤྱོད་ལས་མི་ཉམས་གལ། །དེ་ལྟར་ལེགས་བསྐུལ་དབྱར་གྱི་རྔ་སྒྲ་ཡིས། །དོན་མཐུན་མཆེད་གྲོགས་རྨ་བྱ་གཞོན་ནུའི་ཚོགས། །བྱང་ཆེན་སྤྱོད་པའི་སྒྲོ་མདོངས་ལེགས་ངོམས་ནས། །དོན་གཉིས་ཟློས་གར་ཅིར་ཡང་སྒྱུར་མཛོད་ཀྱཻ། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་བློ་སྦྱོང་གི་བསླབ་བྱ་བསྟན་པའི་སྐབས་ཏེ་ལེགས་པར་བཤད་ཟིན་ཏོ། །། །
༈ ད་ནི་དེ་དག་གི་མཇུག་སྡུད་ཀྱི་ཚུལ་དུ། སྙིགས་མ་ལྔ་པོ་བདོ་བ་འདི། །བྱང་ཆུབ་ལམ་དུ་བསྒྱུར་པ་ཡིན། །མན་ངག་བདུད་རྩིའི་སྙིང་པོ་འདི། །གསེར་གླིང་པ་ནས་བརྒྱུད་པ་ཡིན། །ཞེས་གསུངས་ཏེ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་འབྲུ་རྣམས་རོ་ས་ཆུང་ཞིང་མི་སྨིན་པ་སོགས་དབུལ་ཞིང་ཉམ་ཐག་པ། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མ་སྟོབས་ཆུང་ཞིང་ནད་མང་བ། སྲོག་རྒུད་པ་ཚེ་ཡི་སྙིགས་མ་ཚེ་ལོ་བརྒྱ་ནས་བཅུ་པའི་བར་དུ་རིམ་གྱིས་བྲི་བས་ཚེ་ཐུང་བ། ཁྱིམ་པའི་དགེ་ཕྱོགས་རྒུད་བྱེད་ཉོན་མོངས་པའི་སྙིགས་མ་དུག་ལྔ་ལྷག་པར་ཡང་བདོ་བ། རབ་བྱུང་གི་དགེ་ཕྱོགས་རྒུད་བྱེད་ལྟ་བའི་སྙིགས་མ་རྟག་ཆད་ཀྱི་མཐའ་ལ་ཞེན་པ་སྟེ། དེ་ལྟ་བུའི་སྙིགས་མ་ལྔ་བདོ་བས་བདེ་བའི་མཐུན་རྐྱེན་ནི་ཆེས་ཉུང་ཞིང་། མི་མཐུན་པའི་འགལ་རྐྱེན་རིགས་ཤིན་ཏུ་མང་བས་ཆོས་གཞན་གྱི་གཉེན་པོས་མ་སླེབ་པ་ན། བློ་སྦྱོང་མཁན་ལ་རྐྱེན་ངན་ཅི་ཙམ་མང་བཞིན་དགེ་སྦྱོར་འཕེལ་བ། དཔེར་ན་ཤིང་ཇི་ཙམ་མང་བཞིན་མེ་ལྕེ་ཕྱིར་ཕྱིར་འཕེལ་བ་ལྟར། ཉོན་མོངས་པ་དང་རྐྱེན་ངན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ཁོ་ནར་བསྒྱུར་བ། གཞན་ལ་མེད་པའི་ཁྱད་ཆོས་དབང་པོ་མཆོག་དམན་ཐམས་ཅད་ལ་ཕན་ཐོགས་ཤིང་རྒྱུད་ལ་འབྱོར་བའི་མན་ངག་བདུད་རྩིའི་སྙིང་པོ་ལྟ་བུ་འདི། ཇོ་བོའི་བླ་མ་རྣམ་གསུམ་གྱི་ནང་ནས་མཆོག་ཏུ་སྐུ་དྲིན་ཆེ་བ་ཇོ་བོ་གསེར་གླིང་པ་ནས་བརྒྱུད་པའི་ཟབ་ཆོས་ཡིན་ནོ། །དེ་ལྟར་བློ་སྦྱོང་ཤེས་ན་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཟེར་བ་དེ་ཡང་བློ་སྦྱོང་སྒོམ་པའི་ལུས་དེ་ལ་ཟེར་བ་ཡིན་ཏེ། རང་གཞན་འཁོར་འདས་ཀྱི་ཕན་བདེ་ཐམས་ཅད་འདི་ལས་འབྱུང་བ་ཡིན་པས། རྩོམ་པ་ཐམས་ཅད་གཅིག་ཏུ་དྲིལ་ནས། སེམས་དང་ཆོས་འདྲེས་ངེས་པར་ལེགས་པར་བློ་སྦྱངས་ན། རིང་པོར་མི་ཐོགས་པར་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །སྔོན་སྦྱངས་ལས་ཀྱི་འཕྲོ་སད་པས། །རང་གི་མོས་པ་མང་བའི་རྒྱུས། །སྡུག་བསྔལ་གཏམ་ངན་ཁྱད་གསོད་ནས། །བདག་འཛིན་དུལ་བའི་གདམས་ངག་ཞུས། །ད་ནི་ཤི་ཡང་མི་འགྱོད་དོ། །ཞེས་པ་ནི། དགེ་བའི་བཤེས་གཉེན་ཆེན་པོ་འཆད་ཀ་བ་ཉིད་སྔོན་གྱི་ལས་འཕྲོ་སད་ནས། ཆོས་འདི་ཁོ་ན་ལ་ཐུགས་མོས་པས་དཀའ་སྤྱད་ཆེན་པོས་ཆོས་ཐམས་ཅད་ཀྱི་རྩ་བ་རང་སེམས་བདག་འཛིན་འདུལ་བའི་གདམས་ངག་འདི་ཉིད། ཇོ་བོ་ཡབ་སྲས་ཀྱི་བཀའ་བརྒྱུད་ལས་ཞུས་ཤིང་ཐུགས་ལེགས་པར་སྦྱངས་པས། བདག་བས་གཞན་གཅེས་ཀྱི་ཐུགས་རང་འདོད་ཀྱི་འཁྲི་བ་གཏན་ནས་མེད་པ་སྐྱེས་ཏེ། ཆོས་སྒོར་ཞུགས་པའི་དོན་འབྲས་མཐར་ཐུག་པ་གྲུབ་ཅིང་གདིང་ཐོབ་པས་འགྱོད་པ་མེད་པའོ། །དེ་ལ་དགེ་བཤེས་བྱ་ཡུལ་པ་ཆེན་པོ་ནི། གདུང་རྙིང་མ་པ། མཚན་ཡེ་ཤེས་རྡོ་རྗེ། ཡོན་ཏན་གསར་རྙིང་གཉིས་ཀ་མཁྱེན། མཚན་ཉིད་ཀྱི་པུ་ཏི་ཡང་ཅི་རིགས་སྦྱངས། ཁོང་དགེ་བཤེས་ལྕགས་ཤིང་པ་སར་བྱོན་པས། ཁོང་གི་དབུ་སྔས་ན་དཔེ་ཆུང་ཞིག་འདུག་པ་དེ་ལ་ཚར་གཅིག་གཟིགས་པས། ཆོས་འདི་དང་བསྟུན་ན་ཁེ་དང་རྒྱལ་ཁ་གཞན་ལ་སྟེར། གྱོང་དང་བུབ་ཁ་རང་གིས་ལེན་དགོས་པར་འདུག ཆོས་རང་ངོ་མཚར་ཅན་ཞིག་འདུག་དགོངས་ནས། ཆོས་འདི་ཇི་སྐད་བྱ་བ་ཡིན་དྲིས་པས། གླང་ཐང་པའི་ཚིག་རྐང་བརྒྱད་མ་བྱ་བ་ཡིན་ཟེར། འདི་སུ་ལ་ཡོད་བྱས་པས། དགེ་བའི་བཤེས་གཉེན་གླང་ཐང་པ་ལ་ཡོད་ཟེར་ཞུ་རུ་འགྲོ་དགོངས་ནས་ལྷ་སར་བྱོན། ཞག་འགའ་བསྐོར་བ་མཛད་པས། དགོང་གཅིག་གླང་ཐང་ནས་འོང་ཟེར་བའི་མཛེ་བོ་ཞིག་བྱུང་། དེ་ལ་སྐད་ཆ་དྲིས་པས། གླང་ཐང་པ་གྲོངས་ཟེར། གདན་ས་ཅི་འདྲ་ཡོད་དྲིས་པས། མདོ་སྡེ་པ་བྱ་བ་དང་། ཞང་ཞུང་བ་བྱ་བ་གཉིས་ཡོད་དེ་གདན་ས་སུ་བྱེད་མ་འཆམ་འདུག་ཟེར། ཁོང་རྣམ་གཉིས་ཀྱིས། ཞང་ཞུང་པས་མདོ་སྡེ་པ་ལ། ཁྱེད་བགྲེས་ཤོས་ལགས་པས་གདན་ས་མཛད་པར་ཞུ། ང་རང་གིས་ཀྱང་གླང་ཐང་པ་དང་ཁྱད་མེད་དུ་འཁུར་ཟེར། མདོ་སྡེ་པས་ཀྱང་དེ་བཞིན་དུ་ཁྱེད་ཡོན་ཏན་ཆེ་བས་གདན་ས་མཛད་པར་ཞུ། ངས་ཀྱང་གླང་ཐང་པ་དང་ཁྱད་མེད་དུ་འཁུར་ཞེས་དག་སྣང་སྦྱང་རེས་ཡིན་ཀྱང་། ཁོང་གིས་སྐྱོན་ཅན་དུ་གོ་ནས་གདན་ས་ལ་མ་འཆམ་ལུགས་ཀྱིས་དེ་བ་ལ་ཆོས་དེ་མེད་པར་བྱུང་དགོངས་ནས། ད་སུ་དྲག་དྲིས་པས་ཤ་ར་བ་དྲག་ཟེར། ཁོང་མཇལ་དུ་བྱོན་པས། ཁོང་པ་དགེ་འདུན་སྟོང་ཕྲག་རེ་ཙམ་ལ་པོ་ཏི་མང་པོའི་གཞུང་བཤད་མཛད་ཅིང་འདུག ཞག་འགའ་མཉན་ཡང་ཁོང་འདོད་པའི་ཆོས་ཀྱི་ཚིག་ཟུར་ཙམ་ཡང་མ་བྱུང་བས། འདི་ལའང་ཆོས་དེ་ཡོད་མེད་མི་ཤེས་པར་འདུག་པས། ཡོད་མེད་དྲིས་ལ་ཡོད་ན་སྡོད་མེད་ན་འགྲོ་དགོངས་ཏེ། ཤ་ར་བ་མཆོད་རྟེན་ལ་སྐོར་བ་མཛད་པའི་དྲུང་དུ་ཕྱིན་ནས་ན་བཟའ་བཏིང་སྟེ། འདི་ལ་ཅུང་ཞིག་བཞུགས་པར་ཞུ་ཞུ་བ་གཅིག་བདོག་{བཟློག}ལགས་ཞུས་པས། ཇོ་བོ་ཁྱེད་ལ་གྲོས་ཐག་མ་ཆོད་པ་ཅི་ཡོད། ངས་ནི་འདུན་མ་ཐམས་ཅད་སྟན་ཐོག་ཏུ་བཅད་པ་ཡིན་གསུངས། དེར་ཁོང་གིས་བདག་གིས་མཐོང་བའི་ཆོས་གཅིག་ན། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། གྱོང་དང་བུབ་ཁ་རང་གིས་བླང་བྱ་བ་གཅིག་གདའ། དེ་བདག་གི་བློ་ལ་འཕྲོད་པ་གཅིག་བྱུང་ལགས་ཏེ། ཆོས་དེ་ཟབ་མི་ཟབ་ཅི་ལགས་ཞུས་པས། ཁྱེད་ཀྱི་བློ་ལ་འཕྲོད་རུང་མི་འཕྲོད་རུང་། སངས་རྒྱས་ཐོབ་པར་མི་འདོད་ན་མ་གཏོགས་འདོད་ཕྱིན་ཆོས་དེ་མེད་ཐབས་མེད་པ་གཅིག་ཡིན་གསུང་། དེ་ལ་ལུང་ཅི་འདྲ་ཡོད་ཞུས་པས། ཀླུ་སྒྲུབ་ལ་ཚད་མར་མི་བྱེད་པ་སུ་ཡོད། ཁོང་གི་གསུངས་ཀྱིས། བདག་ལ་དེ་དག་སྡིག་སྨིན་ནས། །བདག་དགེ་མ་ལུས་དེར་སྨིན་ཤོག །བྱ་བ་ཡོད་གསུང་། ཆོས་རྗེ་ཐོགས་མེད་པས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་ཀྱང་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་པ་འདི་ངོས་གསལ་གསུངས། འོ་ན་དེ་བདག་ལ་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཁྱེད་ཡུན་རིང་དུ་སྡོད་དང་རྐྱེན་གྱིས་མ་ཆོད་པར་བྱ་གསུང་། དེར་ཁོང་གིས་ལོ་དྲུག་ལ་བློ་སྦྱོང་ཚར་གཅིག་ཉམས་ཁྲིད་དུ་བྱས་ཏེ་བསྒོམས་པས། བདག་གཅེས་འཛིན་གྱི་འཁྲི་བ་གཏན་ནས་མེད་པ་གཅིག་བྱུང་བར་གདའ་སྟེ། རྒྱལ་སྲས་ཐོགས་མེད་པས། ཁོང་གིས་མཐོང་ལམ་ཐོབ་ངེས་པར་གདའ། སོ་སྐྱེ་ལ་འཁྲི་བ་ཅུང་ཟད་རེ་མི་ཡོང་མི་སྲིད་གསུང་། དེར་ཁོང་གིས་སྐལ་བ་དང་ལྡན་པ་རྣམས་ལ་རིམ་གྱིས་བཀའ་ཇེ་ཡངས་སུ་བཏང་ནས་མཐར་ཞུ་བ་གང་བྱུང་ཐམས་ཅད་ལ་སྩལ་བས་འཛམ་གླིང་ན་ཉི་ཟླ་ལྟར་ཡོངས་སུ་གསལ་བར་མཛད་པ་ཡིན་ནོ། །སླར་སྨྲས་པ། ཆོས་དབྱིངས་མཁའ་ལ་མཁྱེན་བརྩེའི་སྤྲིན་འཁྲིགས་ཕན་བདེའི་གློག་གི་ཕྲེང་བ་ཅན། །སྙན་པའི་འབྲུག་སྒྲས་ཕྱོགས་ཀྱི་མཐར་ཁྱབ་ཐེག་མཆོག་ཆོས་ཆར་བསིལ་པོ་ཡིས། །མཐའ་ཀླས་གདུལ་བྱའི་རིགས་ཁམས་ས་བོན་རྣམ་གྲོལ་མྱུ་གུར་བསྐྲུན་མཛད་པའི། །མཁས་གྲུབ་དབང་པོ་བླ་མའི་ཞབས་ལ་སླར་ཡང་གུས་པས་ཕྱག་བགྱིའོ། །ཀ་ཡེ་གྲོགས་དག་ཤིན་ཏུ་རྙེད་དཀའི་དལ་འབྱོར་རྟེན་བཟང་ཐོབ་གྱུར་ཀྱང་། །ཡུན་དུ་མི་བརྟན་གློ་བུར་ཚེ་ལ་ངེས་པ་འགའ་ཡང་ཡོན་མིན་ཞིང་། །སྡིག་འབྲས་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་མཚོན་གྱིས་ནམ་ཡང་ཉམས་དམས་ཕྱིར། །ད་རེས་རང་དབང་ཐོབ་དུས་སྙིང་ནས་བརྩོན་པས་བྱང་ཆུབ་སྒྲུབ་པར་མཛོད། །འཁོར་འདས་ཆོས་ཀུན་གདོད་ནས་སྤྲོས་བྲལ་འོད་གསལ་ཆེན་པོར་རོ་མཉམ་ཡང་། །དེ་ལྟར་མ་རྟོགས་གཟུང་འཛིན་འཁྲུལ་པས་འགྲོ་བ་རི་དྭགས་རྒྱར་ཆུད་བཞིན། །ཤིན་ཏུ་ཉམ་ཐག་ཡིད་ཅན་འདི་ཀུན་ཐོག་མེད་དྲིན་ཆེན་ཕ་མ་སྟེ། །བྱས་པ་ཤེས་ཤིང་དྲིན་གཟོར་བྱམས་དང་སྙིང་རྗེས་བདག་གཞན་མཉམ་པར་མཛོད། །བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་ཕངས་མེད་འགྲོ་བ་ཡོངས་ལ་གཏོང་། །དེ་དག་སྡུག་བསྔལ་ཀུན་འབྱུང་རྒྱུར་བཅས་དོགས་པ་མེད་པར་རང་གིས་ལེན། །འདི་ནི་ཐེག་ཆེན་ལམ་གྱི་གཅེས་གནད་རྣམ་མཁྱེན་སྒྲུབ་ལ་མེད་ཐབས་མེད། །དེ་སླད་གཡེལ་བ་མེད་པར་ཐབས་ཚུལ་དུ་མས་རྟག་ཏུ་གོམས་པར་མཛོད། །རང་དོན་ཡིད་བྱེད་བློ་ངན་སུན་ཕྱུངས་ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །བདག་བས་གཞན་གཅེས་ཀུན་རྫོབ་སེམས་དང་འཁྲུལ་སྣང་སྐུ་བཞིར་རྒྱས་ཐེབས་པའི། །དོན་དམ་སེམས་བསྐྱེད་ལ་བརྟེན་སྦྱོར་བ་བཞི་ལྡན་ཐབས་མཆོག་ཟླ་མེད་པས། །མི་མཐུན་རྐྱེན་ཚོགས་ཡང་དག་བྱང་ཆུབ་ལམ་གྱི་གྲོགས་སུ་ཁྱེར་བར་མཛོད། །ཡང་དག་འཕེན་པའི་ས་གཞིར་རྩ་བརྟན་མཆོག་ཏུ་གོམས་པའི་ཡལ་འདབ་རྒྱས། །བསགས་སྦྱང་ལམ་གྱི་མེ་འབྲས་ཆེར་སྨོན་སྨོན་པའི་གྲིབ་བསིལ་རྒྱ་ཆེ་བའི། །སྟོབས་ལྔའི་ཉམས་ལེན་དཔག་བསམ་སྙེ་མར་ལེགས་བརྟེན་འདི་དང་འཆི་བར་དུ། །ནམ་ཡང་རྒུད་པའི་མིང་ཙམ་མི་གྲགས་དོན་གཉིས་འབྱོར་པས་ཕྱུག་པར་མཛོད། །ལེགས་གསུང་ཆོས་ཀུན་དགོངས་པ་གཅིག་འདུས་བདག་འཛིན་འགོང་པོ་ཡུལ་ནས་དོན། །ཉམས་མྱོང་མཐར་ཕྱིན་རང་ལ་ཡིད་ཆེས་དཀོན་མཆོག་ལྷས་ཀྱང་ཁྲེལ་བ་མེད། །ཆོས་དང་སེམས་འདྲེས་རྐྱེན་ལ་མི་ལྟོས་ནམ་ཡང་ཡིད་བདེ་རྒྱུན་མི་འཆད། །ཡེངས་ཀྱང་ཐུབ་པ་མཆོག་ཏུ་གོམས་པའི་རྟགས་ཚད་མཐར་རུ་སྐྱོལ་བར་མཛོད། དྲན་ཤེས་ཀེ་ཏ་ཀ་ཡིས་ལེགས་བགྲུངས་{བསྒྲུངས}བསླབ་གསུམ་ཉེས་པའི་དྲི་མས་དབེན། །བག་མེད་ཐོ་ཅོའི་སྤྱོད་ངན་ལག་ལྡན་རྐྱལ་གྱིས་ཀུན་ནས་དཀྲུགས་མིན་པའི། །ཕྱོགས་དང་རིས་མེད་བྱང་ཆུབ་སེམས་ཀྱི་ཆུ་གཏེར་གཞན་ཕན་འབའ་ཞིག་གི། །རླབས་ཕྲེང་འབུམ་ཕྲག་གཡོ་བའི་བློ་སྦྱོང་དམ་ཚིག་སྲོག་བཞིན་སྲུང་བར་མཛོད། །རྙེད་བཀུར་ཆོས་བརྒྱད་ཞེན་སོགས་ཚེ་འདིར་འཆིང་བའི་བློ་ངན་ཀུན་སྤངས་ནས། །རྟག་པར་གཞན་ཕན་ཁོ་ན་ལེགས་གོམས་འབྱོར་རྒུད་མཐོ་དམན་ཅི་བྱུང་ཡང་། །ནམ་ཡང་རྒྱལ་སྲས་བསླབ་ལས་མི་འདའ་རྐྱེན་སྣང་དགེ་བའི་གྲོགས་སུ་ཁྱེར། །མདོར་ན་བསམ་སྦྱོར་མཐའ་དག་ཡང་དག་ཐེག་ཆེན་ལམ་དུ་འགྱུར་བར་མཛོད། །འདི་ནི་ཉེས་པའི་མེ་ཚོགས་གཞིལ་ལ་སྔོན་མེད་ཆར་སྤྲིན་བཟང་པོ་སྟེ། །དཔག་མེད་ཡོན་ཏན་འབྱོར་པས་ཚིམ་བྱེད་ལྷ་ཡི་དཔག་བསམ་མནྡ་ར། །རྣམ་གྲོལ་ཟག་མེད་ཞི་བའི་གླིང་བགྲོད་བཅོས་ལེགས་རིན་ཆེན་གྲུ་བོ་མཆོག །ཐེག་མཆོག་འོ་མའི་རྒྱ་མཚོ་བསྲུབས་ལས་ཉེར་ཐོན་མར་གྱི་ཉིང་ཁུའང་ཡིན། །བདག་བློ་ཤིན་ཏུ་མ་ཐུལ་ཉམས་མྱོང་ལོ་ཐོག་སྐྱེ་བའི་སྐབས་བྲལ་ཡང་། །ཇི་ལྟར་སེམས་མེད་སྐྲ་ཡིས་སེམས་ལྡན་དགའ་བ་སྐྱེད་པ་ཇི་བཞིན་དུ། །བླ་མའི་གསུང་དང་ཚད་མའི་གཞུང་ལས་མདོ་ཙམ་འདི་རུ་བསྡུ་བྱས་ཏེ། །དོན་མཐུན་གྲོགས་ལ་འབུལ་བར་བགྱི་ཡི་ནོངས་པར་གྱུར་ཀུན་མཁས་ལ་བཤགས། །ཀྱེ་མ་དལ་འབྱོར་མི་ལུས་ཐོབ་ཀྱང་དོན་མེད་འཇིག་རྟེན་བྱ་བས་གཡེངས། །དམ་པའི་མགོན་གྱིས་རྗེས་སུ་བཟུང་ཡང་བཟང་པོའི་ཡོན་ཏན་དྲི་ཡིས་དབེན། །ཟབ་དགུའི་གདམས་ངག་ཐོས་ཀྱང་རང་རྒྱུད་མཚོ་གཏིང་རྡོ་བ་ལྟར་གྱུར་པའི། །ཀྱི་ཧུད་བདག་དང་བདག་འདྲའི་འགྲོ་ལ་ཅི་འདྲའི་དུས་ཤིག་ནམ་འབྱུང་ཨང་། །མགོ་ལ་སྐྲ་དཀར་གཤིན་རྗེའི་ཁ་ཆུས་རྒོད་པ་བཞིན་དུ་སྤྱི་ནས་འཛིན། །གདོང་ལ་འཆི་བདག་རྒྱུ་ལམ་དཔྲལ་རིས་གྲིབ་སོ་བཞིན་དུ་ཆེར་རྔམས་ཤིང་། །སྐད་ཅིག་མི་སྡོད་གཡོ་བའི་ཚེ་ནི་འབབས་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཡུན་རིང་སྡོད་སྙམ་མ་སེམས་ད་ནི་མྱུར་བར་མྱུར་བར་ནགས་སུ་སོངས། །ནགས་ནི་རྒྱལ་བས་ལེགས་བསྔགས་རྩོད་དང་རྣམ་གཡེང་འདུ་འཛི་ངང་གིས་ཞི། །འགྲོགས་ན་བདེ་བ་བྱ་དང་རི་དྭགས་མི་སྙན་བརྗོད་པ་འགའ་ཡང་མེད། །རང་དབང་བདེ་སྤྱོད་ཆགས་མེད་རླུང་ལྟར་རྒྱུ་བས་ཚེ་ཡི་མཐར་གཏུགས་པའི། །དགའ་བ་འདི་མཚུངས་ལྷ་དབང་འབྱོར་པས་རྙེད་དཀའ་ཕལ་གྱིས་ལྟ་ཅི་ཞིག །རང་བྱུང་བྲག་རིའི་བ་གམ་ལྷུན་ཆགས་ངོ་མཚར་ལྷ་ཡི་གཞལ་མེད་ཁང་། །དགའ་བའི་ནགས་ཚལ་ལྷ་མོའི་འཇོ་སྒེག་དུས་རླུང་འཁྲེན་པའི་རེག་བྱ་ཅན། །ཕུ་ཆུ་ལྷུང་ལྷུང་སྙན་པའི་སྒྲ་འབྱིན་བསམ་གཏན་བདེ་བའི་ཞལ་ཟས་སྟོབ། །ཆོག་ཤེས་འབྱོར་མང་དཀའ་ཐུབ་གནས་དེར་སྲོག་བཅས་ལུས་འདི་གཡོ་བར་ཤོག །ད་ལྟའི་དུས་སུ་རང་རྒྱུད་མ་དུལ་གཞན་རྒྱུད་འདུལ་བའི་སྐབས་མིན་པས། །གཅིག་པར་དབེན་པའི་གནས་སུ་ཡང་ཟབ་ཐེག་མཆོག་སྙིང་པོའི་དོན་བསྒྲུབས་ནས། །ནམ་ཞིག་འགྲོ་ལ་ཕན་པའི་དུས་བྱུང་དེ་ཚེ་སྐད་ཅིག་གཡེལ་མེད་པར། །མ་ལུས་འགྲོ་ཀུན་བདག་ཉིད་གཅིག་པུས་སྲིད་ལས་ཡོངས་སུ་སྒྲོལ་བྱེད་ཤོག །དཔག་མེད་ཡོན་ཏན་བྱེ་བའི་གཟི་འབར་ཕན་བདེ་འདོད་དགུའི་གྲུ་ཆར་ཅན། །དྲི་མེད་ཐུབ་བསྟན་འཇོག་པོའི་གཙུག་རྒྱན་བཤད་སྒྲུབ་རྒྱལ་མཚན་རྩེ་མོ་ལས། །ནམ་ཡང་མི་ཉམས་དཀར་ཕྱོགས་ལྷ་ཀླུའི་དཔུང་པས་བསྲུང་བའི་དགེ་མཚན་གྱིས། །ས་འདི་དགའ་བ་བརྒྱ་ལྡན་གྲོང་བཞིན་ཆོས་འབྱོར་དཔལ་གྱིས་སྲུང་གྱུར་ཅིག །མ་ལུས་འགྲོ་ལ་འཇིགས་དང་སྡུག་བསྔལ་རྒུད་པའི་མིང་ཡང་མི་གྲགས་ཤིང་། །བདེ་དགའ་རྒྱ་མཚོའི་དཔལ་གྱིས་མངོན་མཐོ་ཀུན་ཀྱང་ཐེག་མཆོག་རིགས་སད་ཅིང་། །ཡང་དག་དགེ་བའི་བཤེས་ཀྱིས་རྗེས་ཟིན་ཐབས་ཤེས་བཞོན་པ་ལ་བརྟེན་ནས། །རྣམ་འཁྱེན་གདོད་མའི་གྲོང་ཁྱེར་མཆོག་ཏུ་བདེ་བར་ངལ་འཚོ་ཐོབ་གྱུར་ཅིག །ཅེས་པའང་རང་གི་མོས་པའི་རྒྱུ་དང་། རང་གམ་དུ་གནས་པའི་མཆོག་སྤྲུལ་རིན་པོ་ཆེ་ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་དཔོན་སློབ་ཀྱི་ཐུགས་བཞེད་བཞིན། རྒྱལ་བའི་སྲས་ཀྱི་མིང་གིས་བསྙད་པ་གཞན་ཕན་ཆོས་ཀྱི་བློ་གྲོས་སུ་འབོད་པའི་ཀུ་སཱ་ལིས་རང་ལོ་ཞེ་བདུན་པ་དམར་སེར་ཅན་གྱི་ལོ་དབོ་ཟླའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པ་ཀུན་མཁྱེན་བླ་མ་བརྩེ་བ་ཆེན་པོའི་དུས་མཆོད་ཀྱི་ཉིན་གྲུབ་པར། རང་གནས་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭ་སུག་ལས་སུ་བསྟར་བ་ལས། ཡི་གེ་གཉིས་པར་སྤེལ་བ་པོ་ནི་བསླབ་གསུམ་ལྡན་པ་བླ་མ་སྨོན་ལམ་གྱིས་མཛད་པ་སྟེ་འདིས་ཀྱང་འགྲོ་ཀུན་ཐེག་པ་ཆེན་པོའི་ལམ་ལ་གཞོལ་བའི་རྒྱུར་གྱུར་ཅིག སརྦ་དཱ་མངྒ ལཾ། དགེའོ། །དགེའོ། །དགེའོ། །། །