བསྐྱེད་རིམ་སྤྱིའི་རྣམ་པར་བཞག་པ་ཉུང་གསལ་གོ་བདེར་བརྗོད་པ་རབ་གསལ་ནོར་བུའི་མེ་ལོང།
༄༅། །བསྐྱེད་རིམ་སྤྱིའི་རྣམ་པར་བཞག་པ་ཉུང་གསལ་གོ་བདེར་བརྗོད་པ་རབ་གསལ་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ངྷེ་བ་དྷཱ་ཀི་ནཱི་ཡཻ། གང་མཚན་ཐོས་དང་དྲན་པས་ཀྱང་། །རྡོ་རྗེའི་ཡེ་ཤེས་བསྐྱེད་མཛད་པ། །བླ་མ་ལྷག་པའི་ལྷ་མཆོག་ལ། །བཏུད་ནས་བསྐྱེད་རིམ་མདོ་ཙམ་བརྗོད། །དེ་ལ་འདིར་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་གདུལ་བྱ་སེམས་ཅན་གྱི་སྐལ་བ་དང་འཚམ་པར་ཆོས་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཀུན་གྱི་སྐྱེལ་སོ་ནི་འབྲས་བུ་གསང་ཆེན་རྡོ་རྗེ་ཐེག་པ་ཉིད་ཡིན་ལ། དེའི་ལམ་ནི་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་སུ་ངེས་པ་ལས། འདིར་རིམ་པ་དང་པོ་བསྐྱེད་རིམ་གྱི་གོ་དོན་དང་སྒོམ་ཚུལ་ཆོ་གའི་འབྲེལ་དང་སྦྱར་ཏེ། གང་ཟག་ལས་དང་པོ་པ་རྣམས་ལ་ཕན་པའི་བསམ་པས་ལུང་འདྲེན་དང་བཤད་ཡམ་སོགས་བོར་ནས། ཤིན་ཏུ་ཉུང་གསལ་གོ་བདེར་བརྗོད་པ་ལ། སྤྱིར་རྡོ་རྗེ་ཐེག་པ་ནི་ཐེག་པ་ཆེན་པོའི་ཡང་ཆེན་པོར་གྱུར་པ་ཡིན་པས་ན་ཐེག་ཆེན་གྱི་བསམ་སྦྱོར་ལ་གནས་པ་གཞིར་བཞག་ཏུ་དགོས་པས། ཐོག་མ་ནས་ཅི་བྱུང་གང་བྱུང་མེད་པར་སྔགས་སུ་ཞུགས་རློམ་དང་བསྙེན་སྒྲུབ་སོགས་བྱས་ལོ་བགྱིས་པས་ཆོག་པར་མི་འཛིན་པར་འདི་ལྟར་བསམ་པར་བྱ་སྟེ། ཡང་ཡང་རྙེད་དཀའ་ཞིང་ཕན་ཐོགས་ཆེ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལན་གཅིག་ཐོབ་ཏུ་ཟིན་ཀྱང་ཡུན་རིང་མི་སྡོད་པས་འཆི་བའི་ཆོས་ཅན་ལས་མ་འདས། དེ་ཡང་ནམ་འཆི་དང་འདིར་འཆིའི་ངེས་པ་མེད། འཆི་བའི་རྐྱེན་མང་། འཚོ་བའི་རྐྱེན་ཉུང་། དེས་ཀྱང་འཆི་རྐྱེན་བྱེད་པ་མང་། འཆི་བ་དེ་ཐོག་བབ་ཏུ་བྱུང་ན་སུས་ཀྱང་བཟློག་མི་ནུས། འཆི་བའི་ཚེ་རང་གི་རྗེས་སུ་འབྲང་བ་ནི་ལས་དཀར་ནག་གཉིས་མ་གཏོགས་གཞན་གང་ཡང་མེད། ཟག་བཅས་མི་དགེ་བའི་ལས་ཀྱིས་རྣམ་སྨིན་ངན་སོང་དུ་འཕངས་ན་ཚ་གྲངས་བཀྲེས་སྐོམ་བཀོལ་སྤྱོད་སོགས་ཀྱི་སྡུག་བསྔལ་མཐའ་མེད། གལ་ཏེ་ཟག་བཅས་དགེ་བས་མཐོ་རིས་ཀྱི་གནས་རྣམས་སུ་འཕངས་ཀྱང་རྟག་མི་ཐུབ་སྟེ་ནམ་ཞིག་འགྱུར་དང་འདུ་བྱེད་ལས་མ་འདས། དེས་ན་སྲིད་པའི་གནས་རིས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ལས་བདེ་བའི་གོ་སྐབས་ཅུང་ཟད་ཀྱང་མེད་པས། ད་རེས་ཡར་འགྲོ་མར་འགྲོའི་ས་མཚམས། འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་སྐབས་འདིར། ཚེ་འདིའི་བདེ་སྡུག་རྒྱལ་ཕམ་སྐྱིད་སྡུག་ཅི་བྱུང་ནའང་བྱུང་དགོས་པ་མེད། གཏན་དུ་སྡུག་བསྔལ་ལས་ཐར་པའི་རྣམ་གྲོལ་གྱི་འབྲས་བུ་ཐོབ་པ་ཞིག་མི་བྱེད་རེ་སྙམ་དུ་ཞེ་ཐག་པ་ནས་ངེས་འབྱུང་གི་བློ་ཞིག་སྐྱེ་བ་མེད་ན་ཐེག་ཆེན་ལྟ་ཅི་ཐེག་དམན་གྱི་ལམ་མཚན་ཉིད་པར་ཡང་མི་འགྱུར། དེའི་སྟེང་དུ་ཐེག་པ་ཆེན་པོ་པ་རྣམས་ལ་ནི་གཞན་ཕན་གྱི་ལྷག་པའི་བསམ་པ་ཉིད་གལ་ཆེ་བས། འདི་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་དགྲ་གཉེན་རིས་སུ་མ་ཆད་པ་འདི་ཐམས་ཅད་ཚེ་རབས་སྔ་མར་ཕ་མ་དང་གཉེན་གྱིས་འབྲེལ་བའི་དྲིན་ཆེན་ཤ་སྟག་སྟེ། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་རྟག་པར་སྡུག་བསྔལ་གྱི་རྒྱུ་འབྲས་ལ་འཁོར་མོ་ཡུག་ཏུ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ། འདི་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ཏེ་མྱུར་དུ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་། དེའི་ཚུལ་ལ་བདག་གཅིག་པུས་ཅི་ནས་ཀྱང་འགོད་པར་བྱ། འོན་ཀྱང་དེའི་ནུས་པ་བདག་ལ་ད་ལྟ་མེད་པས། བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་དུས་མྱུར་བ་ཉིད་དུ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་མདོ་སྔགས་ཀྱི་ལམ་གྱི་ཟབ་གནད་རྣམས་འགལ་མེད་གཅིག་ཏུ་དྲིལ་ནས་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་ཁྱད་པར་ལ་གནས་པ་འདི་གལ་ཆེ་བས་ཡང་ནས་ཡང་དུ་རང་གི་རྒྱུད་ལ་སྦྱར་ཏེ་སྒོམ། རྟག་ཏུ་དྲན་པ་དང་ཤེས་བཞིན་བསྟེན། དེའི་འགལ་ཟླ་རང་དོན་ཡིད་བྱེད་ཀྱི་བློ་སྤངས། སྒོ་གསུམ་གྱི་བརྩོན་པ་མཐའ་དག་རྟག་པར་གཞན་ཕན་དུ་འགྱུར་ཞིང་བྱང་ཆུབ་ཆེན་པོའི་རྒྱུར་བསྒྱུར་ཤེས་པ་ཞིག་མེད་ན་ནམ་ཡང་ཐེག་ཆེན་གྱི་གྲལ་དུ་མི་ཚུད། ང་ཐེག་པ་ཆེན་པོ་པ་ཡིན་ཞེས་ཁས་བླངས་པ་ཙམ་གྱིས་ཅིའང་མི་རུང་བས་ཐོག་མར་འདི་ཁོ་ན་ལ་བློ་འབྱོང་བ་གཅེས་སོ། །དེ་ལྟ་བུའི་ཐེག་ཆེན་གྱི་བསམ་སྦྱོར་ལ་གནས་པའི་གང་ཟག་དེ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལ་འཇུག་པའི་ཚེ། ཐོག་མར་སྨིན་བྱེད་ཀྱི་དབང་ཐོབ་དགོས། དེ་མ་ཐོབ་ན་ཉན་པ་ཙམ་ཡང་མི་དབང་ན་སྒྲུབ་པ་སོགས་ལྟ་ཅི། དབང་དེ་ཡང་ཐོབ་པ་ཙམ་གྱིས་མི་ཆོག་དེའི་སྲོག་དམ་ཚིག་ལ་གནས་དགོས། དེ་ལ་མ་གནས་ན་གང་བརྩམ་གྱི་འབྲས་བུ་ཕྱིན་ཅི་ལོག་ཏུ་འགྱུར་བས་ཚེ་འདིར་བཀྲ་མི་ཤིས་ཤིང་ཕྱི་མ་རྡོ་རྗེའི་དམྱལ་བ་ལས་འགྲོ་ས་གཞན་མེད། ཚུལ་བཞིན་བསྲུང་ནུས་ན་མ་བསྒོམས་ཀྱང་སྐྱེ་བ་བདུན་ན་གྲོལ་བར་གསུངས། དེའི་རྩ་བ་ཡང་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང་མི་འགལ་བར་བྱ་བ་ཡིན། རྟག་ཏུ་བླ་མ་ལ་གསོལ་བ་འདེབས་ནུས་ན་བྱིན་རླབས་ངང་གིས་འཇུག ཉམས་རྟོགས་ཡོན་ཏན་ཐམས་ཅད་དབྱར་དུས་ཀྱི་ས་ཆུ་དྲོས་པ་བཞིན་འོང་། ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་བླ་མ་དགེ་བའི་བཤེས་གཉེན་ལ་རག་ལས་པར་གསུངས། དངོས་གཞིའི་བསྐྱེད་བཟླས་རྫོགས་གསུམ་གང་བསྒོམས་ཀྱང་དེ་ཉིད་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་དུ་ཤེས་པར་བྱེད་པ་འདི་གལ་ཆེའོ། །དེ་ལྟར་ངེས་འབྱུང་བྱང་སེམས་མོས་གུས་ཀྱི་སྐལ་བས་མ་ཕོངས་པ་དག་ལམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱེད་པ་ལ། ཐོག་མར་གཞི་ལམ་འབྲས་བུའམ་རྒྱུད་གསུམ་གྱི་རྣམ་བཞག་ལ་གོ་མྱོང་ཅི་རིགས་མ་བསྐྱེད་པའི་ཐབས་མེད་དེ་མདའ་འཕེན་པ་ལ་ཐོག་མར་འབེམ་ངེས་དགོས་པ་བཞིན་ནོ། །དེའི་ཚུལ་རྒྱས་པ་ནི་ངེས་དོན་གྱི་མདོ་རྒྱུད་ཟབ་མོ་དགོངས་འགྲེལ་མན་ངག་གི་ཡི་གེ་རྣམས་དང་། ཞིབ་པར་བླ་མ་མཚན་ལྡན་བརྒྱུད་པའི་མན་ངག་དང་ལྡན་པའི་ཞལ་ལས་ཤེས་པར་བྱ་བ་ལས་འདིར་ཡི་གེ་ཉུང་ངུས་མཚོན་པར་མི་ནུས་མོད། ལས་དང་པོ་པ་རྣམས་ལ་གོ་གཞི་སྐྱེད་བྱེད་ས་བོན་ཙམ་ཞིག་སྨོས་ན། དེ་ཡང་སྦྱང་གཞི་ནི། མདོ་སྔགས་ཐུན་མོང་དུ་གྲགས་པ་ལྟར་ན་ཆོས་ཉིད་དེ་བཞིན་ཉིད་དམ་བདེ་བར་གཤེགས་པའི་སྙིང་པོ་ཉིད་དེ། འདིའི་རང་བཞིན་ནམ་མཚན་ཉིད་ནི་རྒྱལ་བའི་བཀའ་འཁོར་ལོ་བར་པ་ནས། གནས་ལུགས་རྣམ་ཐར་གསུམ་ལྡན་ངོ་བོ་སྟོང་ཕྱོགས་ནས་གཏན་ལ་འབེབས་པར་མཛད་ཅིང་། བཀའ་འཁོར་ཕྱི་མར་ཟག་པ་མེད་པའི་ཡོན་ཏན་གྱི་ཆོས་དང་རྣམ་དབྱེར་མེད་པའི་འོད་གསལ་བའི་ཡེ་ཤེས་སྣང་ཕྱོགས་ཀྱི་ཆ་ནས་སྟོན་པར་མཛད་པ་ཡིན་ལ། སྔགས་སུ་དེ་གཉིས་ཟུང་འཇུག་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་སེམས་འོད་གསལ་གཉུག་མ་རྡོ་རྗེའི་སེམས་སུ་སྟོན་པར་མཛད་པ་སྟེ། དེ་ཡང་དོན་གྱི་ཨེ་ཝཾ་རྣམ་མཆོག་གི་སྟོང་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་ཡེ་ཤེས་ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཉིད་ངོ་བོ་འཇིག་འདྲལ་ལས་འདས་པའི་རང་བཞིན་འདུས་མ་བྱས་ཉིད་ལ་སྦྱང་གཞིར་བྱས་ཏེ། དེ་ལས་ཤར་བའི་རྩལ་སྣང་ཐམས་ཅད་ཀྱང་། རྒྱུ་སེམས་ཅན་གྱི་སྐབས་སུ་མ་དག་འཁྲུལ་པའི་སྣང་བ་དང་། ལམ་རྣལ་འབྱོར་པའི་སྐབས་སུ་དག་མ་དག་གཉིས་ཚོགས་ཉམས་ཀྱི་སྣང་བ་དང་། འབྲས་བུ་སངས་རྒྱས་ཀྱི་གནས་སྐབས་སུ་ཤིན་ཏུ་རྣམ་དག་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་འཆར་བས་ན། གནས་སྐབས་སྣང་ཚུལ་དུ་ཇི་ལྟར་ཡང་རུང་། གནས་ཚུལ་ཡང་དག་མཐར་ཐུག་པ་ནི་མིག་སྐྱོན་དག་པས་དུང་གི་ཁ་དོག་དཀར་པོར་མཐོང་བ་བཞིན་སྒྲིབ་པ་རྣམ་པར་དག་པ་སངས་རྒྱས་ཀྱི་སྤྱན་གྱིས་ཇི་ལྟར་གཟིགས་པ་བཞིན་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་ཡེ་ནས་གནས་པར་འདོད་དོ། །སྦྱང་བྱ་ནི། དེ་ལྟར་སྙིང་པོའི་རང་བཞིན་གདོད་མ་ནས་རྣམ་པར་དག་ཅིང་ངོ་བོ་དུས་གསུམ་འཕོ་འགྱུར་དང་བྲལ་ཡང་། དེ་ལྟར་མ་རྟོགས་པའི་དབང་གིས་རྩལ་སྣང་ལ་བདག་ཏུ་བཟུང་སྟེ་ཕྱིན་ཅི་ལོག་ཏུ་ཞེན་པའི་མཐུ་བརྟས་པ་ལས་འཁྲུལ་སྣང་གློ་བུར་དུ་བྱུང་སྟེ་དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབས་པ་བཞིན་དུ་སྙིང་པོའི་རང་ཞལ་བསྒྲིབས་ནས་གནས་དོན་ལུས་ཀྱི་སྣང་བ་མུ་མཐའ་མེད་པར་ཤར་བ་སྟེ་ཀུན་འབྱུང་ལས་ཉོན་དང་ཟག་བཅས་འབྲས་གྱུར་གྱི་ཆ། མདོར་ན་མདོ་སྔགས་སོ་སོའི་རང་ལམ་གྱི་རྒྱུན་མཐའི་ཡེ་ཤེས་ཀྱིས་གཞོམ་བྱ་ཤིན་ཏུ་ཕྲ་བའི་ཆ་བཅས་མེད་སྣང་གློ་བུར་གྱི་སྒྲིབ་པ་ཕྲ་རགས་རྣམས་ཡིན། དེ་ལས་སྔགས་ཀྱི་སྐབས་འདིར་བསྐྱེད་རིམ་གྱིས་སྦྱང་བྱ་ནི་རགས་པའི་ཆ་དང་། ཤིན་ཏུ་ཕྲ་བ་སྣང་གསུམ་གྱི་འཕོ་སྒྲིབ་སོགས་ནི་རྫོགས་རིམ་གྱིས་སྦྱང་བར་བྱ་བའོ། །སྦྱོོང་བྱེད་ནི་སྤྱིར་ཐེག་ཆེན་གྱི་དགེ་རྩ་ཆེ་ཕྲ་གང་རུང་རིགས་ཁམས་ཀྱི་སྒྲིབ་བྱེད་གློ་བུར་བའི་དྲི་མ་རྣམས་སྦྱོང་བྱེད་ཀྱི་ཐབས་སམ་བྲལ་རྒྱུར་འགྱུར་མོད་ཀྱི། འདིར་ནི་འབྲས་བུ་གསང་སྔགས་ཀྱི་དབང་དུ་བྱས་ཏེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ལས་མི་འདའ་བའི་ཚུལ་ལྟ་བས་ཐག་བཅད་ནས་ཚུལ་དེ་དང་རྣམ་པ་མཐུན་པའི་ཐབས་ཤེས་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་པོ་ལ་བརྩོན་པར་བྱེད་པའོ། །སྦྱངས་འབྲས་ནི། དེ་ལྟར་ལམ་ལ་གོམས་པ་མཐར་ཕྱིན་པས་མེད་སྣང་གློ་བུར་གྱི་སྒྲིབ་པ་སྤྲིན་ལྟ་བུ་དེ་ལས་གྲོལ་ནས་དག་པ་གཉིས་ལྡན་གྱི་ངོ་བོར་གནས་གྱུར་པ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དེ་གཞི་ལ་གནས་པའི་ཡོན་ཏན་མཐའ་དག་མངོན་གྱུར་དུ་སྣང་བ་བྲལ་བའི་འབྲས་བུའོ། །དེའི་ཕྱིར་ཆོས་ཉིད་ངོ་བོའི་གནས་ཚུལ་དབང་བཙན་དུ་བྱས་ན། གཞི་ལམ་འབྲས་བུའི་གནས་སྐབས་གང་ལའང་རང་གི་ངོ་བོ་འགྱུར་བ་མེད་པས་རྟག་ཏུ་བྲི་གང་བསལ་བཞག་དང་བྲལ་བར་གནས་པ་ཡིན་ལ། དེར་མ་ཟད་ཀུན་རྫོབ་འཁོར་བའི་ཆོས་རྣམས་ཀྱང་མེད་སྣང་གློ་བུར་བ་སྔོན་མེད་ཕྱིས་མེད་པར་འདིར་བག་ཆག་གི་དབང་གིས་མེད་བཞིན་སྣང་བའི་འཁྲུལ་སྣང་སྟོང་གཟུགས་ཏེ་ནམ་ཡང་བདེན་པས་སྟོང་པའི་ཕྱིར་རྨི་ལམ་གྱི་བུ་སྐྱེ་བ་མེད་ན་དེ་ལ་ཤི་བའང་མི་འབྱུང་བ་བཞིན་ནམ་ཡང་ཟད་འཕེལ་མེད་པ་ཆོས་ཉིད་མཉམ་པའི་དོན་འདི་ཤེས་པ་མདོ་སྔགས་གང་གི་ལུགས་ལའང་གནད་ཆེ་ཞེས་ཐམས་ཅད་མཁྱེན་པ་མི་ཕམ་རིན་པོ་ཆེའི་ཞལ་ནས་ཐོས་སོ། །དེས་ན་ཐེག་ཆེན་མདོ་སྔགས་ཀྱི་ལམ་རྣམས་དགོངས་པའི་སྐྱེལ་སོ་གཅིག་པར་ཤེས་དགོས་ཏེ། ཀུན་ཀྱང་རྣམ་གྲོལ་གྱི་ལམ་དུ་གཅིག་པར་འདོད་པའི་ཕྱིར་ནའོ། །མདོར་ན་རང་བཞིན་གནས་པའི་གཞི་ཡེ་ནས་འཆིང་གྲོལ་ལས་འདས་པ་ནི་སྦྱང་གཞི། འཁྲུལ་པས་བརྟག་པའི་གཞི་མེད་སྣང་གློ་བུར་བ་རྣམས་ནི་སྦྱང་བྱ། དེའི་སྦྱོང་བྱེད་གཉེན་པོའི་ཡེ་ཤེས་ལམ་བདེན་གྱི་ཆར་གྱུར་འཁོར་དང་བཅས་པ་ནི་སྦྱོང་བྱེད་ལམ། འཁྲུལ་པ་དག་པའི་ཆ་ནི་བྲལ་བའི་འབྲས་བུ་ཡིན་པས་ན། གཞི་དང་ལམ་གཉིས་ཤེས་བྱ་ཤེས་བྱེད་དུ་འབྲེལ། ལམ་དང་འབྲས་བུ་གཉིས་འཐོབ་བྱ་འཐོབ་བྱེད་དུ་འབྲེལ། གཞི་དང་འབྲས་བུ་གཉིས་ཀ་ངོ་བོ་བདག་གཅིག་ཏུ་འབྲེལ་བའི་གནད་ལེགས་པར་ཤེས་དགོས། དེ་མ་ཤེས་པར་སྙིང་པོའི་རང་བཞིན་དྲང་དོན་ཙམ་དུ་བཟུང་ནས། ད་ལྟ་རྒྱུ་སྒྲུབ་པས་འབྲས་བུ་ཕྱི་དུས་རིང་མོ་ཞིག་ནས་གདོད་ཐོབ་པར་འདོད་པའི་འདུས་བྱས་ཀྱི་མཚན་མ་ཞིག་ལ་བློ་རྩེ་གཏད་ནས་སྣང་སྟོང་ཐ་དད་དུ་ཞེན་པ་རྣམས་ཀྱིས་ནི་ཟུང་འཇུག་འབྲས་བུའི་ལམ་གྱི་ལྟ་སྒོམ་སྤྱོད་འབྲས་ལ་ཕྱོགས་ཙམ་གྱི་གོ་གཞི་ཡང་ཆགས་པར་མི་འགྱུར་བས་བཅོས་མ་ལམ་ཀྱི་གཟུགས་བརྙན་དུ་འགྱུར་བའི་ཕྱིར་ཐོག་མར་འདི་ཙམ་ལའང་གོམས་འདྲིས་བྱ་བ་ནི་ཤིན་ཏུ་གལ་ཆེའོ། །དེ་ལྟར་ངེས་ནས་ལམ་ལ་འཇུག་པ་ལ་ལམ་བྱེད་ལྔ་སོགས་རྒྱས་བསྡུས་ཅི་རིགས་གསུངས་པ་ཡོད་ནའང་། འདིར་ནི་དོན་གནད་སྙིང་པོ་བསྡུས་ཏེ་ཕྱི་ནང་གསང་བའི་བསྙེན་སྒྲུབ་ཀྱི་གོ་དོན་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པས་འདི་ལྟར་གསུངས་ཏེ། བསྒྲུབ་བྱའི་ལྷ་ནི། ཆོས་ཉིད་དོན་གྱི་ལྷ་རང་བྱུང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། དེའི་ངང་ན་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཡེ་ནས་འདུ་འབྲལ་མེད་ཀྱང་། དེ་ལྟར་མ་རྟོགས་པའི་འགྲོ་བ་ལ། རང་དང་ལྷ་རྒྱུད་ཐ་དད་པའི་ཚུལ་ཅན་དུ་སྣང་བའི་ཚེ། བདག་འཆིང་བ་ཀུན་ལྡན་ལས་ཉོན་གྱི་སྦུབས་སུ་འཐུམ་པ་ན། ལྷ་ནི་རྣམ་གྲོལ་ཡེ་ཤེས་ཀྱི་སྐུ་ཅན། ཆོས་ཉིད་ཀྱི་དོན་མངོན་དུ་མཛད་ནས་རང་དོན་མཐར་ཕྱིན་ལ། གཞན་དོན་དུ་མཁྱེན་བརྩེ་ནུས་པ་ཚད་མེད་པའི་སྒོ་ནས། སྨོན་ལམ་དང་ཡེ་ཤེས་ཆེན་པོ་རྣམ་པ་རྟགས་ཀྱི་ཕྱག་རྒྱར་སྣང་བ་འཇམ་དཔལ་དང་གཤིན་རྗེ་གཤེད་སོགས་ཞི་ཁྲོ་གང་ཞིག་སྤྲུལ་པའི་འཁོར་ལོ་དང་བཅས་པ་དེ་ཉིད། སྐུའི་མཚན་མ་དང་། གསུང་རིག་སྔགས་དང་། ཐུགས་ཏིང་ངེ་འཛིན་གྱི་འཇུག་པའི་སྒོ་ནས་དངོས་གྲུབ་ཡིད་བཞིན་རྩོལ་ཞིང་རྣམ་གྲོལ་གཏན་དུ་བདེ་བའི་གོ་འཕང་ལ་ངེས་པར་འགོད་པའི་ཕྲིན་ལས་བསླུ་མེད་མཛད་པ་སྟེ། རྣམ་པ་རྟགས་ཀྱི་ལྷ་དེ་ཉིད་བསྐྱེད་བཟླས་མཆོད་སྒྲུབ་བྱེད་པ་ནི་ཕྱི་ལྟར་སྒྲུབ་པའི་ཚུལ་ལོ། །ནང་ལྟར་སྒྲུབ་པ་ནི། ལྷ་དེ་དག་རང་གི་དབུ་མའི་གྲོང་ཁྱེར་དུ། སྙིང་པོ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེའི་དྭངས་མ་ཡིན་ལ། རང་གི་མ་དག་པའི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ནི། གཡོ་བྱེད་ལས་རླུང་གི་ཆོ་འཕྲུལ་ཙམ་ཡིན་པས། རྩ་གནས་སུ་རང་བཞིན་གྱིས་བཞུགས་པའི་ལྷའི་འཁོར་ལོ་གསལ་ཏེ། རླུང་སྔགས་དབྱེར་མེད་ཀྱིས་སྒྲུབ་ལ། དེ་ཐམས་ཅད་ཀྱི་རྩ་བ་ཙིཏྟ་འོད་ཀྱི་གུར་ཁང་བྱང་ཆུབ་སེམས་ཀྱི་ཐིག་ལེ་བདེ་ཆེན་འགྱུར་བ་མེད་པ། འདུས་མ་བྱས་པའི་རང་སྣང་ལ་དམིགས་ཏེ་བསྒྲུབ་པས་མྱུར་དུ་འགྲུབ་བོ། །གསང་བ་ལྟར་ན། འཁོར་འདས་ཐམས་ཅད་ཡེ་ནས་མཉམ་པའི་དབྱིངས་རང་སེམས་གདོད་ནས་མ་སྐྱེས་པ་རང་བྱུང་ཡེ་ཤེས་ཀྱི་དོན་རྟོགས་ན། བསྒྲུབ་བྱའི་ལྷ་ལོགས་སུ་ཅུང་ཟད་ཀྱང་མེད་དེ། རྩོལ་མེད་ལྷུན་གྲུབ་ཏུ་གྲུབ་པ་ཡིན་ལ། འཁོར་འདས་གཉིས་དབྱིངས་དེ་ལས་སྣང་བའི་ཆོ་འཕྲུལ་ཙམ་དུ་ཟད་དོ། །དེས་ན་རང་རིག་པ་ཡེ་ནས་རྩོལ་སྒྲུབ་མེད་པའི་དོན་ལ་མཉམ་པར་བཞག་པས་སྒྲུབ་པ་ནི་ཆེས་ཟབ་མོའི་མཐར་ཐུག་སྟེ། དེ་དག་གདམས་པ་ཐེབས་ཚུལ་གྱིས་རྣལ་འབྱོར་པའི་ཉམས་དང་བསྟུན་ཏེ་བསྒྲུབས་པས་ཀུན་གྱི་མཐའ་ལྷ་དང་རང་སེམས་གདོད་ནས་དབྱེར་མེད་ཆེན་པོའི་གྲུབ་མཐའ་བསྙེགས་ནས་གྲུབ་པ་ཆེན་པོར་འགྱུར་རོ། །ཞེས་གསུངས། མདོར་ན་གཞི་རང་སེམས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡེ་ནས་འཆིང་གྲོལ་ལས་འདས་པ་དང་། འབྲས་བུ་མཐར་ཐུག་པ་འོག་མིན་ན་བཞུགས་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་བྱའི་ལྷ་གང་ཡིན་པ་དང་། ལམ་རྣལ་འབྱོར་པས་ཀུན་བརྟགས་བསྐྱེད་རིམ་གྱིས་ལྷ་སྐུ་ཕྱག་རྒྱའི་རྣམ་པར་ཤར་བ་གསུམ་རང་བཞིན་དབྱེར་མེད་པ་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ཡེ་ཤེས་ཆེན་པོའི་རོལ་པར་ཤེས་ན་དོན་གྱི་གནད་ཐམས་ཅད་ཚང་བ་ཡིན་ནོ། །གཞན་ཡང་གསང་བདག་ཆེན་པོས། ཆོ་གའི་ཁྱད་པར་རྒྱུད་ནས་གསུངས་པའི་བསྐྱེད་ཆོག་ཚང་བ་ཞེས་གསུངས་ཏེ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་ཀྱི་ལམ་ཡན་ལག་དང་བཅས་པ་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་བསྐྱེད་ནུས་པ་ཞེས། སྤྱིར་བསྐྱེད་རིམ་རྐྱང་པའི་ལམ་གྱིས་འཇིག་རྟེན་ཆོས་མཆོག་ཆེན་པོའི་བར་དེ་ཕྲ་ཡང་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པ་འདོད་གཟུགས་ཀྱི་རིག་འཛིན་རྣམས་གྲུབ་པ་ཡིན་ཡང་། སྔ་འགྱུར་ཐུན་མིན་གསང་བ་སྒྱུ་འཕྲུལ་ནས་གསུངས་པ་ལྟ་བུའི་ལམ་ངེས་རྫོགས་མཚན་ཉིད་པས་ཐོག་མར་ཏིང་འཛིན་རྣམ་གསུམ་གྱི་སྐབས་ནས་ཉམས་ལྔ་མཐར་ཕྱིན་པར་བསླབ་པ་སོགས་བསྐྱེད་རྫོགས་ཟུང་འབྲེལ་གྱི་ལམ་ལ་ཐོག་མ་ཉིད་ནས་བསླབས་པས་དོན་གྱི་འོད་གསལ་མཐོང་ལམ་ཟུང་འཇུག་གི་ལྷ་སྐུ་ལ་སྦྱོར་ནུས་པ་ལ་རིགས་པའི་གནོད་བྱེད་མེད་དེ། ཐུན་མོང་མདོ་ལམ་གྱིས་ཀྱང་རིང་མོ་ཞིག་ན་དོན་གྱི་འོད་གསལ་མཐོང་ལམ་འདྲེན་ནུས་པར་བཤད་པའི་ཕྱིར་རོ། །ངོ་བོའི་ཁྱད་པར་ཞུ་བ དེ་དང་སྟོང་ཉིད་ཀྱི་རང་བཞིན་ཞེས་ཐབས་ལམ་མཚན་ཉིད་པ་ལྟར་ན་ཞུ་བདེ་ལས་བྱུང་བའི་སྟོང་ཉིད་དང་། གྲོལ་ལམ་པ་ལྟར་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཉིས་ཟུང་དུ་འཇུག་པའི་རང་རྩལ་ལྷ་སྐུའི་ཕྱག་རྒྱར་སྣང་བའོ། །བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་ཞེས། སྦྱོང་བྱེད་ཀྱི་ལམ་དེ་ཉིད། སྦྱང་བྱ་འཁོར་བའི་ཆོས་འཆི་བར་སྐྱེ་གསུམ་སོགས་དང་རྣམ་པ་མཐུན་པས་དེ་དག་བྱང་ཞིང་དག སྦྱངས་འབྲས་མྱང་འདས་དང་བཞུགས་ཚུལ་མཐུན་པས་སྐུ་གསུམ་གྱི་ས་བོན་གསོས་འདེབས་ཏེ་འབྲས་བུ་གཞི་ལ་རྫོགས། ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་སྟེ། དེ་ལྟར་ཁྱད་ཆོས་བཞི་དང་ལྡན་པ་ནི་བསྐྱེད་རིམ་གྱི་རྣལ་འབྱོར་རོ། །དེ་ལྟར་ངེས་པར་བྱས་ཏེ་ཆོ་གའི་འགྲོས་དང་སྦྱར་ཏེ་བཤད་པ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལའང་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ཐུན་མོང་སྤྱི་ཡི་སྔོན་འགྲོ་ནི། གོང་དུ་བསྟན་པ་ལྟར་གྱིས་ངེས་འབྱུང་དང་ལྷག་པའི་བསམ་པ་ཡང་དག་པ་རྒྱུད་ལ་བསྐྱེད་ནས། སྐྱབས་སུ་འགྲོ་བ་ནི། གང་ལ་སྐྱབས་སུ་འགྲོ་ན་བླ་མ་མཆོག་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས། གང་སྐྱབས་འགྲོ་ན་རང་གཞན་སེམས་ཅན་ཐམས་ཅད། རྒྱུ་ཅིའི་ཕྱིར་འགྲོ་ན་སྐྱབས་གནས་ཀྱི་ཡོན་ཏན་ཤེས་པས། སྤྱིར་འཁོར་བའི་སྡུག་བསྔལ། སྒོས་རང་དོན་ཡིད་བྱེད། ཡང་སྒོས་ཐ་མལ་འཁྲུལ་འཛིན་གྱི་ཞེན་རྟོག་ལས་སྐྱོབ་བའི་ཕྱིར། ཚུལ་ཇི་ལྟར་ན་ཀུན་རྫོབ་ཏུ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་ཁས་ལེན་པ་དང་། དོན་དམ་པར་རང་སེམས་དང་གཉིས་སུ་མེད་པར་ཤེས་པས། དུས་ཇི་སྲིད་བྱང་ཆུབ་ཀྱི་བར་ཏེ་སྐྱབས་ཡུལ་རང་རྒྱུད་ལ་ནམ་གྲུབ་པའི་བར་རོ། །དེ་ལྟར་ཤེས་པར་བྱས་ནས། མདུན་གྱི་ནམ་མཁར་སྐྱབས་ཡུལ་སྤྱི་ལྟར་གསལ་གདབ་སྟེ་རང་གཞུང་གི་སྐྱབས་འགྲོའི་ཚིག་ཉིད་ལན་གསུམ་སོགས་ངག་ཏུ་བརྗོད་ལ་རྒྱུད་ལ་འགྲེས་ངེས་བྱའོ། །སེམས་བསྐྱེད་ནི། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཐོབ་བྱ་བླ་མེད་ཀྱི་འབྲས་བུ་ཉིད་ཐོབ་པར་འདོད་པས་འབྲས་བུ་ལ་དམ་བཅའ་བ་སྨོན་པ་དང་། རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་དེ་ཀུན་རྫོབ་བརྡ་ལས་བྱུང་བ་དང་། དོན་དམ་ཆོས་ཉིད་སྒོམ་སྟོབས་ལས་ཤར་བ་བདག་དང་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཀྱིས་གསལ་གདབ་སྟེ་དེའི་ངང་དུ་བསལ་བཞག་དང་བྲལ་བར་བསྒོམ་པ་དོན་དམ་སེམས་བསྐྱེད་དེ་མདོར་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་སོ། །དེ་ལྟར་གསལ་གདབ་ནས་ཚོགས་ཞིང་དཔང་པོའི་ཚུལ་དུ་བྱས་ཏེ་རང་གཞུང་གི་སེམས་བསྐྱེད་ཀྱི་ཚིག་བརྗོད། རྗེས་ལ་སེམས་ཅན་རྣམས་བ དེ་འདོད་ཀྱི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་ལ་གནས་འདོད་ཀྱི་དགའ་བ། ཉེ་རིང་ཆགས་སྡང་གི་བློ་དང་བྲལ་བའི་བཏང་སྙོམས་ཏེ་ཚད་མེད་པ་བཞི་ལ་བློ་སྦྱང་བར་བྱའོ། །འགལ་རྐྱེན་སྦྱོང་བྱེད་རྡོར་སེམས་བསྒོམ་བཟླས་ནི། རྟེན་གྱི་སྟོབས་བླ་མ་རྡོར་སེམས་སྤྱི་བོར་བསྒོམ་ནས། སུན་འབྱིན་གྱི་སྟོབས་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོས། སྡོམ་པའི་སྟོབས་སམ་སོར་ཆུད་པའི་སྟོབས་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱི་སྙམ་པས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིག་བརྒྱ་བཟླས་པའི་རྐྱེན་གྱིས་བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀའི་སྔགས་འཁོར་ལས་བདུད་རྩིའི་རྒྱུན་བབས། རང་གཞན་གྱི་སྤྱི་བོ་ནས་ཞུགས་ལུས་གང་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་སང་གིས་དག་པར་བསམ་པ་སྟེ། དེ་ལྟར་གཉེན་པོ་སྟོབས་བཞི་དང་ལྡན་པས་ཡིག་བརྒྱ་ཅི་ནུས་བཟླ། མཐར་གནོང་འགྱོད་ཀྱིས་གསོལ་བ་གདབ་པས་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ལ་སྡིག་ལྟུང་རང་བཞིན་མེད་པའི་ངང་དུ་མཉམ་པར་བཞག་གོ །མཐུན་རྐྱེན་སྒྲུབ་པ་མནྜལ་ནི། ཕྱི་ལྟར་ན་རི་གླིང་ཉི་ཟླ་སྣོད་བཅུད་ཀྱི་དཔལ་འབྱོར། ནང་ལྟར་ན་རང་གིས་བདག་ཏུ་བཟུང་བའི་གནས་ཁང་དང་བུ་ནོར། གསང་བ་ལྟར་ན་རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་བཅས། རྣམ་པ་ཡེ་ཤེས་ཆེན་པོའི་རང་བཞིན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་སྤྲུལ་ནས། དོན་དམ་པར་མཆོད་བྱ་མཆོད་བྱེད་དང་བྲལ་བ་བློ་བྲལ་གདོད་མའི་ངང་དུ་འབུལ་བར་མོས་པས་འདོན་ཚིག་དང་སྦྲགས་ཏེ་ཅི་རིགས་པར་འབུལ་ལོ། །བྱིན་རླབས་ཁྱད་པར་ཅན་རྒྱུད་ལ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ནི། རང་གི་རྩ་བའི་བླ་མ་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་དུ་མདོ་རྒྱུད་ཀུན་ནས་གསུངས་པ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཀྱིས་ཐག་བཅད། ཡོན་ཏན་སངས་རྒྱས་དང་མཉམ་ཡང་བཀའ་དྲིན་སངས་རྒྱས་ལས་ལྷག་པའི་ཚུལ་ཤེས་པས་བློ་སྣ་མོས་གུས་ཀྱིས་འཕྲོག་པའི་གདུང་བ་དྲག་པོས། ཀུན་འདུས་ནོར་བུའི་ལུགས་སམ། བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སམ་ཁྲོམ་ཚོགས་ཀྱིས་བསྐོར་བར་གསལ་གདབ་ལ། རང་གཞན་སེམས་ཅན་རྣམས་སྒོ་གསུམ་འཇུག་པ་གཅིག་པས་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་ཚོགས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་བཅས་བདུན་རྣམ་དག་ཕུལ། སླར་ཡང་མོས་གུས་གདུང་བའི་ཤུགས་བསྐྱེད་ལ་བརྒྱུད་པའི་གསོལ་འདེབས་སོགས་ཡོད་ན་འདོན། མཐར་དབང་བཞི་ལེན་པའི་དམིགས་པ་དང་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་པའི་གནས་ལུགས་གཤིས་བདེ་བ་ཆེན་པོ་གསལ་སྟོང་བརྗོད་བྲལ་རྣམ་པར་མི་རྟོག་པའི་ངང་དུ་ཅི་གནས་སུ་མཉམ་པར་འཇོག་པ་ནི་དོན་དམ་བླ་མའི་རྣལ་འབྱོར་ཏེ། རྗེས་བསྔོ་བ་སོགས་བྱའོ། །སྔོན་འགྲོ་འདི་དག་གི་དོན་བསྒོམ་ཚུལ་བསླབ་བྱ་ཕན་ཡོན་བཅས་ཞིབ་པར་གཞན་དང་གཞན་དུ་བརྗོད་ཟིན་པས་དེར་བལྟ་བར་བྱའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ། འགལ་རྐྱེན་བསལ་བ་དང་མཐུན་རྐྱེན་སྒྲུབ་པ་གཉིས་ལས། དང་པོ་ལ་བགེགས་བསྐྲད་པ་དང་། མཚམས་བཅད་པ་གཉིས་ཀྱི། དང་པོ་ནི། རང་སེམས་སྟོང་པ་ཉིད་ཀྱི་རང་རྩལ་ཆུ་ལས་ཉ་འཕར་བའི་ཚུལ་གྱིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནམ་ཞེ་སྡང་རྡོ་རྗེ་སོགས་མཚམས་ལྷ་གང་ཡིན་གྱི་སྐུར་ལམ་གྱིས་གསལ་བཏབ་ནས། བགེགས་གཏོར་བསངས་སྦྱངས་ཏེ་སྟོང་པར་བྱས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཏོར་རྫས་འདོད་ཡོན་ལྔ་ལྡན་གྱི་བཅུད་ཀྱིས་ཁེངས་པར་མོས་ལ། ༀ་གྱིས་མ་དག་པའི་དྲི་མ་སྦྱངས། ཨཱཿས་རྫས་རྣམས་མང་པོར་སྤེལ། ཧཱུྃ་གིས་རང་རང་གང་མོས་ཀྱི་ལོངས་སྤྱོད་དུ་འཆར་བར་བྱས། ཧོཿས་ཟག་བཅས་ཀྱི་དྲི་མ་བསལ་ནས་ཡེ་ཤེས་ཀྱི་བདུད་རྩིར་སྦར་ཏེ་བྱིན་གྱིས་བརླབས། ཐུགས་ཀའི་འོད་ཟེར་གྱིས་བགེགས་རྣམས་མདུན་དུ་བཀུག་ལ་གཏོར་མ་སྔགས་དང་ཕྱག་རྒྱས་བསྔོ། བདེན་པའི་ཚིག་གིས་བཀའ་བསྒོ་སྟེ་བདག་གི་བྱང་ཆུབ་སྒྲུབ་པ་ལ་བར་ཆད་མ་བྱེད་ཅིག་ཅེས་ལས་གཞུང་གི་ཚིག་བརྗོད་ལ་གཏོར་མ་ཕྱི་རོལ་དུ་དོར། གལ་ཏེ་བསྒོ་བའི་བཀའ་ལ་མི་ཉན་པར་བར་གཅོད་རྩོམ་པའི་རིགས་རྣམས་ལ། བདག་ཉིད་ཁྲོ་བོའི་རྒྱལ་པོར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་མཚོན་མེ་དཔུང་གི་ཆར་མི་བཟད་པ་སྟོང་ཁམས་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་སྤྲོས་པས་བགེགས་རྣམས་རྒྱང་རིང་དུ་བསྐྲད་པར་མོས་ཏེ། གུ་གུལ་གྱིས་བདུག ཡུངས་ཐུན་གྱིས་བྲབ། དྲག་སྔགས་བཟླ་ཞིང་དྲག་པོའི་མཚམས་རྔམས་ཀྱང་བྱའོ། །གཉིས་པ་མཚམས་བཅད་པ་ནི། རྐུན་པོ་ཕྱིར་ཕྱུང་ནས་སྒོ་གཅོད་པ་ལྟར་སྤྲུལ་པའི་ཁྲོ་མཚོན་གྱི་ཚོགས་རྣམས་ཚུར་འདུས་ཞུ་ལུབ་ཏུ་འགྲེས་པའི་རྣམ་པ་ཅན་གྱི་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་གྱེན་ལངས་དང་མཆུ་རྒྱུག་སྤེལ་མའི་རྩིག་པའི་ར་བ་དབྱིབས་ཟླུམ་པོ་མཐོ་ཞིང་ཡངས་པ་ལྕགས་རི་ལྟ་བུས་བསྐོར་བ། དེའི་སྟེང་དུ་རྡོ་རྗེའི་གུར་དབུས་མཐོ་ཞིང་མཐར་རིམ་གྱིས་གཞོལ་བ་ཕྱིར་འཕྱར་བ་སོགས་རྒྱ་གུར་གྱི་ཐོད་འདྲ་བ་ར་བ་ལ་ཁ་གཅོད་བཏབ་པ་ལྟར་ཕུབ་ཅིང་། རྭ་གུར་སྦྲེལ་མཚམས་ནས་ནང་དུ་རྡོ་རྗེའི་དྲྭ་བས་སྟེང་ཁེབས་པའི་བླ་རེ་དང་། རྭ་གུར་གྱི་ཕྱི་རོལ་དུ་རྡོ་རྗེའི་ཕྲེང་བ་ཁོ་ན་བསྣོལ་ཞིང་སྦྲེལ་བ་རྡོ་རྗེའི་དྲྭ་བས་གཡོགས་པ། གུར་གྱི་རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་དང་། ར་བའི་ཕྱིར་རྐེད་པ་ལ་རྡོ་རྗེའི་ཕྲེང་བས་བཅིངས་པ། རྡོ་རྗེ་ཐམས་ཅད་སྔོན་པོ་ཤ་སྟག་ཏུ་སྒོམ་ཞིང་། དེ་ལས་སྤྲུལ་པའི་ཁྲོ་མཚོན་མེ་དཔུང་རྡོ་རྗེའི་ཚྭ་ཚྭ་འཕྲོ་བས་བགེགས་དང་བར་ཆད་ཐམས་ཅད་བསྲུང་ཞིང་མདོར་ན་བསྐལ་པའི་རླུང་ཡང་མི་ཐར་བར་བསམ། འདི་ནི་སྲུང་གུར་སྤྱི་འགྲེ་ཡིན་ལ། བྱེ་བྲག་ཏུ་སྲུང་གུར་གྱི་འཁོར་ལོའི་རྩིབས་ལ་ཁྲོ་བཅུ་བཀོད་པ་སོགས་དང་། སྲུང་གུར་གྱི་ཕྱི་རོལ་དུ་མཚོན་ཆ་ལྔའི་གུར་དང་། འབྱུང་བཞིའི་སྲུང་འཁོར་བསྒོམ་པ་སོགས་ཀྱང་ཡོད་དེ་སྐབས་ཐོབ་གང་གཙོ་ལྟར་སྦྱར་ཤེས་པར་བྱ་ཞིང་། དེའི་ནང་དུ་རང་དང་བསྲུང་བྱ་མི་ནོར་འཁོར་བཅས་ཚུད་པར་བསམ་ལ་རང་གཞུང་གི་ཚིག་བརྗོད། མཐར་བསྲུང་བྱ་བདག་དང་སྲུང་བྱེད་ཁྲོ་མཚོན་སྲུང་བའི་བྱ་བ་དང་བཅས་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་དེ་ཁོ་ན་ཉིད་ཀྱི་སྲུང་འཁོར་ཏེ་སྲུང་བ་ཀུན་གྱི་མཆོག་ཏུ་འགྱུར་རོ། །སྐབས་འདིར་ཆོ་ག་ལ་ལར་ལྷ་དང་འཁོན་བཅུག་སྦྱོང་བའི་ཕྱིར་ཉམས་ཆག་བཤགས་པ་དང་། མི་འདའ་བ་རྡོ་རྗེའི་དམ་བཅའ་བ་སོགས་གཞན་ཡང་འབྱུང་བས་དེ་ལྟ་ན་སྐབས་དང་བསྟུན་ཏེ་ཚིག་རྗེས་དོན་དྲན་གྱིས་དམིགས་པ་འཕྲུལ་ཤེས་པར་བྱའོ། །གཉིས་པ་མཐུན་རྐྱེན་སྒྲུབ་པ་ལ། བྱིན་དབབ་པ་དང་། མཆོད་རྫས་བརླབ་པ་གཉིས་ལས། དང་པོ་ནི། གང་དབབ་པར་བྱ་ན་ཡེ་ཤེས་ལྷའི་འབྲས་ཆོས་རྣམ་ལྔའི་གཟི་བརྗིད་བྱིན་རླབས་ཆེན་པོ། གང་ལ་དབབ་ན་བདག་སྒྲུབ་པ་པོ་དང་གནས་ཁང་སྒྲུབ་པའི་ཡོ་བྱད་དང་བཅས་པ་ལ། གང་གི་ཆེད་དུ་དབབ་ན་ཡེ་ཤེས་ལྷའི་རྡོ་རྗེ་གསུམ་གྱི་བྱིན་རླབས་འབེབས་པའི་སྦྱོར་བས་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་གཙོ་བོར་གྱུར་པའི་དངོས་གྲུབ་ཐམས་ཅད་ཐོབ་རུང་གི་ནུས་མཐུའི་གཟི་བྱིན་བསྐྱེད་པ། ཚུལ་ཇི་ལྟར་དབབ་ན། རང་ཉིད་ཀྱི་མོས་གུས་དྲག་པོས་བསྐུལ་བས་རྩ་བ་གསུམ་གྱི་ལྷ་ཚོགས་ཐམས་ཅད་ཏིལ་གྱི་གང་བུ་ཁ་ཕྱེས་པ་ལྟར་མཁའ་ཁྱབ་ཏུ་སད་པ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད། སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པས་མཚོ་ཆེན་པོ་ལ་ཁ་བ་བབས་པ་ལྟར་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ་ལ་བྱིན་འབེབས་ཀྱི་ཚིག་བརྗོད། ཁྱད་པར་གྱི་རྫས་བདུག་ཅང་ཏེའུ་སོགས་རོལ་མོའི་སྒྲས་བསྐུལ་ཏེ་དབབ་པར་བྱའོ། །གཉིས་པ་མཆོད་རྫས་བརླབ་པ་ལ། སྤྱིར་བསང་སྦྱང་བྱ་བ་དང་། སོ་སོར་བྱིན་གྱིས་བརླབ་པ་གཉིས་ལས། དང་པོ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་གསུམ་འཕྲོས་པས། རྃ་ལས་མེ་བྱུང་བས་མཆོད་རྫས་ཀྱི་མ་དག་པའི་ཉེས་སྐྱོན་བསྲེགས། ཡྃ་ལས་རླུང་བྱུང་བས་དངོས་འཛིན་གཏོར། ཁྃ་ལས་ཆུ་བྱུང་བས་བག་ཆགས་བཀྲུས། སྭ་བྷཱ་ཝའི་སྔགས་སོགས་ཀྱིས་རང་བཞིན་སྟོང་པར་སྦྱངས་ཏེ་སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་གོ །གཉིས་པ་ལའང་ཐུན་ཁྱད་གཉིས་ལས། ཐུན་མོང་ཕྱི་ནང་གི་ཉེར་སྤྱོད་རྣམས། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ༀ་མམ་རང་རང་གི་ས་བོན་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡིད་དུ་འོང་བའི་ལྷ་རྫས་ཀྱི་མེ་ཏོག་སོགས་ཕྱི་མཆོད་དང་། རང་བྱུང་གི་རྫས་དབང་པོ་ལྔའི་མེ་ཏོག་སོགས་ནང་གི་ཉེར་སྤྱོད། འདོད་ཡོད་ལྔ། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན་སོགས་མཆོད་རྫས་ཀྱི་རྣམ་པ་མ་ཚང་བ་མེད་པ་དེ་རེ་རེ་ལས་ཀྱང་སོ་སོའི་མཆོད་རྫས་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲུལ་ནས་མཆོད་པའི་སྤྲིན་སྤྲོ་བས་ནམ་མཁའི་ཁམས་གང་བར་མོས་ལ་སྔགས་སོགས་བརྗོད་དོ། །ཁྱད་པར་བ་ལ་སྨན་གཏོར་རཀྟ་གསུམ་ལས། སྨན་ཕུད་ནི། རང་བྱུང་བདེ་སྐྱོང་གི་སྣོད་ཀ་པཱ་ལར་བཅུད་བདེ་གཤེགས་རིགས་ལྔ་ཡབ་ཡུམ་གྱི་དམ་ཚིག་གི་རྫས། དབུས་སུ་མི་ཤ་དང་དྲི་ཆེན། ཤར་དུ་བ་ལང་གི་ཤ་དང་ཁུ་བ། ལྷོར་ཁྱི་ཤ་དང་ཤ་ཆེན་གྱི་དྭངས་མ། ནུབ་ཏུ་རྟ་ཤ་དང་རྡུལ། བྱང་དུ་གླང་ཆེན་གྱི་ཤ་དང་དྲི་ཆུ་རྣམས་རིམ་བཞིན་ཧྲཱིཿཔཱྃ་ཧཱུྃ་ལཱྃ་ཏྲཱྃ་མཱྃ་ༀ་མཱུྃ་ཨཱཿཏཱྃ་རྣམས་ལས་རིགས་ལྔ་ཡབ་ཡུམ་བཅུ་བསྐྱེད། མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་བདེ་བའི་སྒྲ་དང་འོད་ཟེར་གྱིས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་སྤྱན་དྲངས། འདོད་ཆགས་ཆེན་པོའི་མེས་འོད་དུ་ཞུ་ནས་རིགས་ལྔ་ཡབ་ཡུམ་ལ་ཐིམ་པས་མཁའ་གསང་ནས་བདུད་རྩི་དཀར་དམར་གྱི་རྣམ་པར་བྱུང་ཐོད་པའི་ནང་ཁེངས་མཐར་རིགས་ལྔ་ཡབ་ཡུམ་ཡང་འོད་དུ་ཞུ་ནས་བདུད་རྩི་ལ་ཐིམ་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་ཡེ་ཤེས་ལྔ་ཡི་ངོ་བོར་གྱུར་པར་བསམས་ལ་སྔགས་བརྗོད། འདིར་བཤད་པ་ནི་གསུང་པདྨ་རིགས་དང་སྦྱར་ཏེ་རྣམ་སྣང་དང་འོད་དཔག་གོ་བརྗེ་བའི་དབང་ལྟར་བྱས་པ་ཡིན་ལ། གཞན་རྡོར་སེམས་སྒྱུ་དྲྭ་སོགས་སུ་རྡོ་རྗེའི་རིགས་ཡིན་པའི་དབང་གིས་མི་བསྐྱོད་པ་དང་སྦྱར་བ་དང་། གདན་བཞི་སོགས་རྣམ་སྣང་གི་རིགས་ཡིན་པའི་ཕྱིར་སངས་རྒྱས་ཀྱི་རིགས་སུ་སྦྱར་བ་སོགས་ཡོད་པས་གང་ལྟར་ཡང་མི་འགལ་ལ་གནས་སྐབས་རང་གཞུང་དང་བསྟུན་དགོས་པ་ཡིན་ནོ། །གཏོར་མ་ནི། གཏོར་གཞོང་རིན་པོ་ཆེའི་སྣོད་ས་གཞི་དང་མཉམ་པར་གཏོར་རྫས་འདོད་ཡོན་གྱི་ཕུང་པོ་ལྷ་རྣམས་ཇི་ལྟར་དགྱེས་པའི་ལོངས་སྤྱོད་གྱི་རྣམ་པ་བསམ་གྱིས་མི་ཁྱབ་ལ་མཁའ་ཁྱབ་ཏུ་སྤྲུལ་ཞིང་སྤེལ་བ་སྟེ། སྤྱིར་གཏོར་མ་ལ་ཤེས་པ་གསུམ་སོགས་བཤད་པ་ཡོད་ཀྱང་འདིར་མཆོད་རྫས་སུ་ཤེས་པའི་སྐབས་ཐོབ་དང་སྦྱར་བའོ། །རཀྟ་ནི། ཡུམ་གྱི་མཁའ་མཚོན་བྱེད་བྷནྡྷ་རློན་པ་སྐྲ་དང་བཅས་པའི་ནང་དུ། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་མམ། ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། སེམས་སྣང་མེད་གཟུགས་མེད་ཀྱི་ཁམས་ཏེ་སྒོ་གསུམ་དུ་ཞེན་ཅིང་ཆགས་པའི་ཀུན་རྟོག་ཐམས་ཅད་བསྡུས་ཤིང་སྦྱངས་ནས་ཆགས་མེད་བདེ་བ་ཆེན་པོའི་རཀྟའི་རྒྱ་མཚོར་བསྐྱིལ་བ་འདོད་ཡོན་གྱི་སྤྲིན་འཕྲོ་བའི་རང་བཞིན་མཁའ་ཁྱབ་ཏུ་སྤེལ་བའོ། །དེ་ལྟར་སྔོན་འགྲོ་འཇུག་ལྡོག་གི་སྦྱོར་བ་རྣམས་ལ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་གསུམ་རྟེན་འབྲེལ་གྱི་འགྲོས་མཚུངས་པའི་སྒོ་ནས་དག་རྫོགས་སྨིན་གསུམ་བརྩི་ན། སྦྱང་བྱ་འཁོར་བའི་དུས་ཇི་ལྟར་འདོད་པའི་སྲིད་པར་འཇུག་པ་ལ་སྐྱེ་གནས་ཀྱི་སྐྱོན་དང་ཕྱི་མའི་གནས་ལུས་ལོངས་སྤྱོད་ཀྱི་འགལ་རྐྱེན་རྣམས་སྦྱང་ཞིང་སྲུང་བ་དང་། མཐུན་རྐྱེན་བསོད་ནམས་ཆ་མཐུན་གྱི་ལས་གསོག་པ་རྣམས་དག་པར་བྱེད། སྦྱངས་འབྲས་དངོས་གཞི་སངས་རྒྱས་ཀྱི་མཛད་པ་ལ་བར་དུ་གཅོད་པའི་བདུད་བཞི་བཅོམ་པ་དང་ཚོགས་གཉིས་གསོག་ཅིང་འོད་ཟེར་ཆེན་པོས་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་སོགས་དང་མཐུན་པས་འབྲས་བུར་རྫོགས་པར་བྱེད། སྦྱོང་བྱེད་སྔོན་འགྲོ་འདི་དག་གིས་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་ཅིང་ཉམས་རྟོགས་ཀྱི་རྩལ་ཁ་བསྐྱེད་པའི་ཐབས་རྨད་བྱུང་དུ་འགྱུར་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །འདིའི་གོང་འོག་ཏུ་བཤད་པའི་དག་རྫོགས་སྨིན་གསུམ་སྦྱོར་ཚུལ་སོགས་ཕལ་ཆེར། སྔ་འགྱུར་བསྟན་པའི་ཉི་མ་སྨིན་གླིང་ལོ་ཆེན་རིན་པོ་ཆེས་མཛད་པའི་ཟབ་ལམ་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོ་གའི་རྣམ་བཤད་ཆེན་མོ་ལས་ཡིན་པར་ཤེས་པར་བྱའོ། །གཉིས་པ་དངོས་གཞིའི་ཏིང་ངེ་འཛིན་ལ་གསུམ། སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དང་པོ་སྐུ་ཕྱག་རྒྱའི་རྣལ་འབྱོར་ལའང་ལྔ་སྟེ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ཤིང་བརྟན་པར་བཞུགས་སུ་གསོལ་བ། ཕྱག་འཚལ་དང་མཆོད་བསྟོད་ཀྱི་ལས་རིམ་བྱ་བ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ལ་གསུམ་ལས། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། འདིའི་སྦྱང་བྱ་ལུས་ཅན་རྣམས་འཆི་བའི་ཚེ་ན། ནང་དུ་ས་ཆུ་མེ་རླུང་བཞི་རིམ་པས་རྣམ་ཤེས་ལ་ཐིམ་པའི་ཚེ་ཕྱི་རོལ་དུ་གཟུགས་སྒྲ་དྲི་རོ་རེག་གི་བར་ཐིམ་པས་དབུགས་ཀྱི་འགྱུ་བ་ཆད་ཅིང་། རོ་རྐྱང་གི་དྭངས་མ་རྣམས་ཡས་མར་གྱི་སྣ་རྩེར་འདུས་ནས་རེག་ཆོས་ལ་ཐིམ་པའི་དུས་སུ་རྣམ་ཤེས་འོད་གསལ་དུ་འཇུག་སྟེ། འདུས་པའི་དྭངས་མ་གཉིས་ཨ་ཧཾ་ལ་ཞུགས་པ་སྙིང་གའི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེར་ཐིམ་པས་ཕྲ་རགས་ཀྱི་རྟོག་པ་འགགས་ནས་སྟོང་པའི་འོད་གསལ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་བོགས་ཕྱིན་པའི་ཚུལ་གྱི་སྣང་མཆེད་ཐོབ་གསུམ་གྱིས་སྒྲིབ་པ་རགས་པ་དང་། ཉེར་ཐོབ་ཀྱིས་ཕྲ་བ་ཐིམ་པས་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་བསླད་བྱེད་རྐྱེན་གསུམ་དང་བྲལ་བའི་ནམ་མཁའ་ལྟ་བུ་སྒྲིབ་བྲལ་གསལ་སྟོང་མི་རྟོག་པའི་རྣམ་པ་ཅན་དུ་གནས་པ་དར་ཅིག་འོང་བ་དེ་ཡིན། དེ་ཡང་འཆི་བའི་འོད་གསལ་དངོས་ནི་སྦྱང་གཞི་སྟེ། དེ་ངོ་ཤེས་པས་བར་དོ་མེད་པར་གྲོལ་བར་བྱེད་པ་ཡིན་ལ། དེར་མ་ཟད་དེ་དང་ཆ་འདྲ་མཚན་མོ་གཉིད་ཀྱི་སྐབས་སོགས་སུའང་ཡོད་པས་དེ་ངོས་ཟིན་ན་རྨི་ལམ་མེད་པར་འོད་གསལ་གྱི་ངང་དུ་འབྱམས་པར་བྱེད་པ་སོགས་ཀྱི་གནད་དེ་ཡིན་ལ། འདིར་སྦྱང་བྱ་ནི་དེ་ཉིད་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་བག་ཆགས་ཤིན་ཏུ་ཕྲ་བའི་ཆ་དེའོ། །སྦྱངས་འབྲས་ནི་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ཞིང་། སྦྱོང་བྱེད་ནི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་བསྒོམ་པ་སྟེ། དེ་ཡང་འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་དང་ཡེ་ཤེས་ཀྱི་རང་སྣང་ཙམ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད་ལ། ཡེ་ཤེས་ཀྱང་སེམས་ཀྱི་ཆོས་ཉིད་ལས་གཞན་དུ་མ་དམིགས་པའི་ཕྱིར། ད་ལྟ་རང་རེ་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་སྟོང་གསལ་འགག་མེད་ཀྱི་ཡེ་ཤེས་སྤྲོས་པའི་མཚན་མ་དང་བྲལ་བའི་རང་བཞིན་མཉམ་པ་ཉིད་འདི་ཡིན་ལ། འདི་རྣམ་ཐར་སྒོ་གསུམ་དང་སྦྱར་ན། གསར་དུ་བྱས་པ་ལྟ་བུ་མ་ཡིན་པར་རང་བཞིན་འདུས་མ་བྱས་པའི་ཆོས་ཉིད་ངོ་བོ་སྟོང་པར་གནས་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། སྟོང་ཉིད་དེའི་རང་བཞིན་འདི་ལྟ་བུའོ་ཞེས་མཚན་མའི་བློ་ཡི་སྤྱོད་ཡུལ་ལས་འདས་པ་ནི་མཚན་མ་མེད་པ་དང་། དེ་ལྟ་བུའི་ཆོས་ཉིད་མཉམ་པའི་ངང་ལ་འབྲས་བུ་འ ཐོབ་བྱ་འཐོབ་བྱེད་ལས་འདས་པས་གང་ལའང་ཡིན་སྨོན་མེད་པ་ནི་འབྲས་བུ་སྨོན་པ་མེད་པའོ། །དེ་ལྟ་བུའི་ཆོས་ཉིད་སྤྲོས་པ་དང་བྲལ་བ་ལ་བློ་ཡང་སྤྲོས་པ་དང་བྲལ་བར་བཞག་པས་བསལ་བཞག་སྤང་ལེན་དང་བྲལ་བར་རྡོ་རྗེ་ནམ་མཁའི་དཀྱིལ་ལྟར་གདོད་མ་ནས་རྣམ་པར་དག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དེ་ལྟར་བསྒོམས་པས་ལམ་དུ་འགྲོ་ཚུལ་ནི། དངོས་གཞིའི་དུས་སུ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་པ་དེ་ཉིད་འཆི་བའི་འོད་གསལ་དང་། འབྲས་བུ་ཆོས་སྐུ་གཉིས་ཀ་དང་རྣམ་པ་མཐུན་པར་མ་ཟད། རྗེས་དེ་མ་ཐག་ཏུ་འདི་ནི་འཆི་བ་དག་པ་ཆོས་སྐུའི་ཞེས་དག་རྫོགས་ཀྱི་མོས་པས་གཞི་འབྲས་གཉིས་སྦྲེལ་བའི་ང་རྒྱལ་བྱ་སྟེ། དེ་ལྟར་བསྒོམས་པས། མར་འཁོར་བའི་དྲི་མ་འཆི་སྲིད་དང་རྟག་ལྟ་སྣང་ཞེན་གཟུགས་མེད་ཀྱི་ཁམས་སྦྱང་ཞིང་དག་པར་བྱེད། ཡར་ཆོས་སྐུ་མངོན་དུ་བྱེད་པའི་འོད་གསལ་གྱི་ས་བོ ན་གསོས་འདེབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིགལམ་གོང་མ་རྫོགས་རིམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །ཀུན་སྣང་གི་ཏིང་ངེ་འཛིན་ནི། འདིའི་སྦྱང་བྱ་འཆི་སྲིད་ཀྱི་སྐད་ཅིག་བཞི་པའི་རྗེས་དེ་ཉིད་ལ་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་སྟོན་གནམ་སྤྲིན་དང་བྲལ་བ་ལྟ་བུ་ལ་ཡེ་ཤེས་ལྔ་ཡི་ཞིང་སྣང་རིགས་ལྔའི་ཚོམ་བུའི་རྣམ་པ་སྒྱུ་མ་ལྟ་བུར་ཤར་ཡང་ཉམས་ལེན་གྱི་གནད་དང་མི་ལྡན་པས་ངོ་མ་འཕྲོད་པར་སླར་ཡང་རྣམ་རྟོག་གི་བཞོན་པ་རླུང་གི་རྐྱེན་ལས་སྣང་གསུམ་ལུགས་འབྱུང་གི་རིམ་པས་ཤིན་ཏུ་ཕྲ་ཞིང་དྭངས་པའི་བར་དོའི་ཡིད་ལུས་དབང་པོ་ཀུན་ཚང་ཐོགས་མེད་ལྡན། ལས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་ཕྲ་མོ་དང་ལྡན་པ་ཟས་སུ་གསུར་གྱི་དྲི་ལ་སྤྱོད་ཅིང་འཇིགས་སྐྲག་དང་སྡུག་བསྔལ་གྱི་སྣང་བ་ངེས་མེད་རྨི་ལམ་ལྟར་ཡད་ཡུད་ཕྱད་ཕྱོད་དུ་སྣང་བ་དྲི་ཟ་ཉེར་བར་ལེན་པ་ཞེས་ཀྱང་བྱ་བ་དེ་ཡིན་ལ། སྦྱངས་འབྲས་ནི་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་སྐུ་ཡེ་ཤེས་སྒྱུ་མའི་གར་མཁན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་རང་སྣང་དོན་གྱི་འོག་མིན་ན་བཞུགས་པ་དེ་ཡིན་ཅིང་། སྦྱོང་བྱེད་ནི། དེ་བཞིན་མ་རྟོགས་པའི་འགྲོ་བ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྒོམ་པ་སྟེ། དེ་ཡང་ནམ་མཁའི་དབྱིངས་དག་པ་ལས་གློ་བུར་དུ་འཇའ་ཚོན་གྱི་རྣམ་པར་ཤར་ཡང་ནམ་མཁའི་ཆོ་འཕྲུལ་ཙམ་ལས་བདེན་པར་མ་གྲུབ་པ་བཞིན་དུ་སྟོང་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ལ་འཁོར་འདས་གཉིས་སུ་མ་གྲུབ་པས་གཉིས་མེད་ཀྱི་ངང་ལས་མ་གཡོས་བཞིན་དུ་སྒྱུ་མའི་རང་མ ཚང་མ་ཤེས་པས་བསླུས་པ་ལྟར། རྩལ་སྣང་ལ་བདེན་པར་བཟུང་བས་འཁྲུལ་ཏེ། འཁོར་བའི་གནས་སུ་རང་དབང་མེད་པར་འཁྱམས་པའི་འགྲོ་བ་འདི་དག་གཏན་དུ་སྡུག་བསྔལ་ལས་བསྒྲལ་བར་བྱའོ་སྙམ་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་འཛིན་མེད་སྒྱུ་མ་ལྟ་བུར་ཤར་བ་སྟེ། དེ་ཇི་ལྟར་ལམ་དུ་ཁྱེར་ན། ཀུན་སྣང་གི་ཏིང་ངེ་འཛིན་དེ་ཉིད་སྤྱོད་ཡུལ་སྒྱུ་མ་ལྟར་སྣང་བའི་ཆ་ནས་བར་དོ་དང་འབྲས་བུ་ལོངས་སྐུ་གཉིས་ཀ་དང་མཐུན་པའི་ལམ་དེ་ཉིད་བསྒོམས་ཏེ། བར་དོ་དག་པ་ལོངས་སྤྱོད་རྫོགས་པའི་སྐུའོ་ཞེས་ང་རྒྱལ་བྱ། འདིས་བར་སྲིད་དང་ཆད་ལྟ་སྟོང་ཞེན་གཟུགས་ཁམས་དག་པར་བྱེད། འབྲས་བུ་ལོངས་སྐུར་རྫོགས་པའི་རྟེན་འབྲེལ་སྒྲིག འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་བའི་སྨིན་བྱེད་དུ་འགྲོའོ། །རྒྱུའི་ཏིང་ངེ་འཛིན་ནི། འདིའི་སྦྱང་བྱ་བར་དོའི་སེམས་ཅན་དེ་ཕྱི་མའི་སྐྱེ་གནས་ལ་ཕྱོགས་པ་ན་སྐྱེ་གནས་ལ་སྲེད་པ་སྐྱེ་སྟེ། དེ་ཡང་བརྫུས་ཏེ་སྐྱེ་ན་གནས་ལ། དྲོད་གཤེར་ལས་སྐྱེ་ན་དྲི་རོ་ལ། སྒོ་ང་དང་མངལ་ལས་སྐྱེ་ན་ཕ་མའི་འདུ་འཕྲོད་ལ་སྟེ། གང་དུ་སྐྱེ་འགྱུར་གྱི་གནས་ལ་སྲེད་པ་སྐྱེས་པའི་རྐྱེན་གྱིས་དེར་འཇུག་མ་རག་གི་སྐད་ཅིག་མའི་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱངས་འབྲས་ནི་ལོངས་སྤྱོད་རྫོགས་པའི་གང་འདུལ་གྱི་སྤྲུལ་པ་རགས་པའི་སྐུ་འཛིན་པའི་ཚུལ་སྟོན་པར་བཞེད་པ་ཉིད་ཡིན་ཅིང་། སྦྱོང་བྱེད་ནི་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་གི་རིག་པ་ཡི་གེ་ཨཱཿཧཱུྃ་ཧྲཱིཿསོགས་སོ་སོའི་ས་བོན་གཙོ་བོའི་སྐུ་མདོག་དང་མཐུན་པར་བདེ་གསལ་སྟོང་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་སྟེ། དེ་ཡང་ཏིང་ངེ་འཛིན་སྔ་མ་གཉིས་ལ་རིམ་པར་བསླབས་ཏེ་གོམས་པ་ལས་དེ་གཉིས་ཟུང་དུ་འཇུག་པ་ལྷན་སྐྱེས་མི་འགྱུར་བའི་བདེ་བ་ཆེན་པོ་བརྟན་གཡོ་སྲིད་ཞིའི་ཆོས་ཐམས་ཅད་ལ་ཁྱབ་ཅིང་རྗེས་སུ་སོང་བ་ངོ་བོ་རྡོ་རྗེ་ལྟར་མི་ཕྱེད་པའི་རང་རིག་པ་བྱང་ཆུབ་སེམས་ཀྱི་རྟེན་དུ་གྱུར་པ་དྭངས་མའི་སྲོག་ཆེན་པོ་ཉིད་རྣམ་པ་ཤིན་ཏུ་དྭངས་ཤིང་གསལ་ལ་གང་དུའང་འགྱུར་བ་མེད་ཅིང་ཅིར་ཡང་འཆར་དུ་རུང་བ་གསལ་བརྟན་གྱིས་ཁྱད་པར་དུ་བྱས་པ་སྟེ། དེ་ནི་སྤྲུལ་སྐུའི་རྟོགས་པ་རྒྱུ་མཐུན་དུ་སྒྲུབ་པའི་རྒྱུའི་ཏིང་ངེ་འཛིན་ཏེ། མི་ཤིགས་པའི་ཐིག་ལེ་ཆེན་པོའི་ངོ་བོ་ཉིད་དུ་ཤར་བའི་ས་བོན་གྱི་ཡེ་གེ་འདིས་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་བྱེད་ཅིང་། འདི་ཉིད་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམས་པས་དཀྱིལ་འཁོར་ཐམས་ཅད་ཀྱང་བདེ་གསལ་གྱི་རྣམ་འཕྲུལ་སྟོང་པ་ཉིད་ཀྱི་རང་གཞིན་ཅན་དུ་འཆར་བའི་རྒྱུ་བྱེད་པ་ཡིན་ནོ། །དེ་ཇི་ལྟར་ལམ་དུ་ཁྱེར་ན། རྒྱུའི་ཏིང་ངེ་འཛིན་ནི་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ས་བོན་དུ་འགྱུར་བ་ལྟར་སྐྱེ་གནས་སུ་འཇུག་ཀའི་བར་དོའི་རླུང་སེམས་དེ་ཉིད་སྲིད་པ་ཕྱི་མའི་ས་བོན་བྱེད་ཅིང་། སངས་རྒྱས་སྤྲུལ་པའི་སྐུས་ཀྱང་གདུལ་བྱ་རྣམས་ཀྱི་ངོར་རྣམ་འཕྲུལ་སྣ་ཚོགས་པ་སྟོན་པའི་ཆ་ནས་དེ་གསུམ་རྣམ་པ་མཐུན་པས་ན་འདི་ནི་སྐྱེ་བ་དག་པ་སྤྲུལ་སྐུའོ་ཞེས་ང་རྒྱལ་བྱེད་པའོ། །འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་དང་སྣང་སྟོང་ཐ་དད་དུ་ཞེན་པའི་རྟོགས་པ་འདོད་ཁམས་རྣམས་སྦྱོང་ཞིང་དག འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག རྫོགས་རིམ་བདེ་བ་དང་རླུང་སེམས་ལས་བྱུང་བའི་ལྷ་སྐུར་ལྡངས་པའི་གཞི་བཏིང་བས་སྨིན་བྱེད་དུ་འགྱུར་རོ། །དེ་ལྟར་ཏིང་ངེ་འཛིན་གསུམ་པོ་འདིས་ནི། སྦྱང་བྱ་འཆི་བར་སྐྱེ་གསུམ་གྱི་བག་ཆགས་སྦྱང་བ་དང་། སྦྱོང་བྱེད་ལམ་རང་གི་ངོ་བོའང་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཏེ་ཐེག་ཆེན་གྱི་ལམ་ཐམས་ཅད་ཀྱི་སྲོག་ཤིང་གཅིག་པུ་ཡིན་པས་འདི་དང་བྲལ་བའི་ལམ་རྣམས་ལམ་གྱི་གཟུགས་བརྙན་ཙམ་དུ་འགྱུར་བས་ཐོག་མར་འདི་ཁོ་ན་ལ་འབད་པ་བསྐྱེད་པ་གལ་ཆེ་ཞིང་། འདི་ལ་གོ་མྱོང་ཅི་རིགས་སྐྱེས་ན་བསྐྱེད་རིམ་ཕྱི་མ་རྣམས་ཀྱི་དག་སྦྱོར་རེ་རེ་བཞིན་ཞིབ་པར་མ་གྲུབ་ཀྱང་འགལ་བ་ཆུང་སྟེ་དོན་གྱི་གནད་རྣམས་འདིར་ཚང་བའི་ཕྱིར་རོ། །གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དེའི་དང་པོ་ལའང་གསུམ་སྟེ། འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པ། གཞལ་ཡས་ཁང་བསྐྱེད་པ། གདན་བསྐྱེད་པའོ། །དང་པོ་ནི། འདིའི་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་ནམ་མཁའི་ཁམས་དང་། ཆགས་པར་འགྱུར་བའི་རྒྱུའི་གཙོ་བོ་སེམས་དང་། བྱེ་བྲག་ལས་མཐུན་པར་བསགས་པའི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་བག་ཆགས་སེམས་ལ་བགོས་པ་ཡུལ་སྣང་འགྱུར་ཐུན་མོང་དུ་སྨིན་པ། འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་དེའོ། །སྦྱངས་འབྲས་ནི་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཆོས་ཀྱི་དབྱིངས་ཡིན་ལ་དེའི་ཕྱག་རྒྱ་ཡུལ་ལྔའི་མཁའ་ཀློང་རྣམ་པར་དག་པའོ། །སྦྱོང་བྱེད་ནི། སྲུང་འཁོར་གྱི་ནང་དུ་ནམ་མཁར་གནས་པའི་རྒྱུའི་ས་བོན་ལས། ཡི་གེ་ཨེ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ཆད་པ་ལས་འོད་ཟེར་སྤྲོས་པས་འབྱུང་བ་ལྔ་དང་དེར་འཛིན་གྱི་ཞེན་རྟོག་སྦྱངས། འབྱུང་ལྔའི་དྭངས་མ་ཡེ་ཤེས་ལྔ་ཡི་ཡོན་ཏན་ཐམས་ཅད་བསྡུས་ཏེ་ཞུ་བ་ལས་ཨེ་ལས་ནམ་མཁའ་ཆོས་འབྱུང་མཐིང་ག་གདེངས་ཀ་གྱེན་དུ་རྒྱས་ཤིང་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། དེའི་སྟེང་ནས་རིམ་བརྩེགས་ཀྱིས་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་དབྱིབས་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་དུ་བ་ལྟ་བུའི་འོད་ཟེར་ལྗང་ནག་གི་མུ་ཁྱུད་ཀྱིས་བསྐོར་བ། རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་པ་མེ་ལྕེ་འབར་བའི་ཕྲེང་བས་བསྐོར་བ། བཾ་ལས་ཆུ་ཡི་དཀྱིལ་འཁོར་དཀར་པོ་ཟླུམ་པོར་འཁྱིལ་བའི་མཐའ་ལ་འོད་ཟེར་དཀར་པོས་བསྐོར་བ། ལཾ་ལས་ས་ཡི་དཀྱིལ་འཁོར་གསེར་གྱི་རང་བཞིན་གྲུ་བཞི་པ་འོད་ཟེར་སེར་པོས་བསྐོར་བ། སུཾ་ལས་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་བང་རིམ་བཞི་པ་དབྱིབས་གྲུ་བཞི་མཐའ་ལྕགས་རིས་ཡོངས་སུ་བསྐོར་བ་རྣམས་རེག་ལ་མ་འབྱར་བར་བསྒོམ་པ་སྟེ། འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ། འདིར་བཤད་པ་ནི་ཞི་བ་སྟེ། ཁྲོ་བོ་ལ་རཀྟའི་མཚོ་དང་། ཞིང་ཆེན་གྱི་ས་གཞི་དང་། ཀེང་རུས་ཀྱི་རི་རབ་སོགས་བསྒོམ་པར་བྱ་སྟེ་རང་གཞུང་དང་བསྟུན་ནོ། །གཉིས་པ་གཞལ་ཡས་ཁང་བསྐྱེད་པ་ནི། འདིའི་སྦྱང་བྱ་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་ལོངས་སྤྱོད་པའི་གནས་སུ་གྱུར་པའི་ཡུལ་དང་ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག་རྣམས་ཡིན་ལ། སྦྱངས་འབྲས་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་བརྟེན་པའི་གནས་སུ་བཤད་པས་ན་དེ་ཉིད་ཀྱི་རང་བཞིན་གཞལ་ཡས་ཁང་ནི་རྡོ་རྗེ་བཙུན་མོའི་བྷ་གའི་མཁའ་ཀློང་མཚོན་པ་སྟེ་གསང་བ་མཆོག་གི་དགྱེས་པ་དང་། ཐར་པ་ཆེན་པོའི་གཞལ་མེད་ཁང་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོ་གནས་ལུགས་ཇི་ལྟ་བའི་དོན་གྱི་འོག་མིན་རང་སྣང་རྣམ་པར་དག་པའི་གཞལ་མེད་ཁང་སྟེ་རྣམ་སྣང་གི་ངོ་བོར་རྣམ་པར་དག་པའོ། །སྦྱོང་བྱེད་ནི་སངས་རྒྱས་རང་སྣང་གི་ཕོ་བྲང་ཉིད་ལམ་དུ་བྱེད་པ་སྟེ། དེ་ཡང་རྒྱུའི་ས་བོན་ལས་ཡི་གེ་བྷྲཱུྃ་ཁ་དོག་ལྔ་ལྡན་ཆད་རི་རབ་ཀྱི་སྟེང་དུ་བབས་པ་འཕྲོ་འདུས་འོད་དུ་ཞུ་བ་ལས། རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་གྲུབ་པ། ངོ་བོ་ཡེ་ཤེས་ལྔ་ཡི་རང་བཞིན། རྣམ་པ་དབྱིབས་དང་རྒྱན་བཀོད་ཕུན་སུམ་ཚོགས་པའི་གཞལ་ཡས་ཁང་ཉིད་བསྒོམ་པ་སྟེ། དེ་ཡང་སྲུང་གུར་ཡངས་ཤིང་རྒྱ་ཆེ་བར་གྱུར་པའི་ནང་། རི་རབ་ཀྱི་སྟེང་དུ་རྡོ་རྗེའི་རྡུལ་ཕྲ་མོ་འདུས་པའི་ས་གཞི་ཁད་མཉམ་པར་བྱས་པའི་ཕྱི་མཐར་རྡོ་རྗེའི་ར་བ་ལྕགས་རི་ལྟ་བུས་བསྐོར་བ་ལས་ཁ་དོག་ལྔའི་མེ་དཔུང་འཕྲོ་བ། དེའི་ནང་དུ་དུར་ཁྲོར་ཆེན་པོ་བརྒྱད་མཆོད་རྟེན་ཤིང་མེ་སྤྲིན་ཆུ་གྲུབ་པ་ཕྱོགས་སྐྱོང་ལྷ་ཀླུ་སོགས་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བྱས་པས་བསྐོར་བ། དེའི་ནང་དུ་རྒྱུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་ཅན་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་ལྟེ་བ་ཟླུམ་པོ་ལེབ་ཆགས་ཅན་ཁ་དོག་ལྗང་གུ་གེ་སར་དམར་པོ་ཟིལ་ཕོག་དང་བཅས་པ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དྭངས་ཤིང་གསལ་བ་གེ་སར་གྱི་རྒྱ་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་ལྟེ་བ་མཐིང་ག་གྲུ་བཞི་པ་ཤར་གྱི་ར་གསུམ་དཀར་པོ་སོགས་ཕྱོགས་མདོག་ཅན། དེའི་ལྟེ་བའི་གཞི་ལ་གཞལ་ཡས་ཁང་ཀུན་ནས་གྲུ་བཞི་པ། རིན་པོ་ཆེ་ལྔའི་རྩིག་པ་ནང་ནས་རིམ་པར་གཙོ་བོའི་རིགས་ཀྱི་ཁ་དོག་ནས་བརྩམས་ནས་ཕྱི་ནང་ལྔ་བསྒྲགས་སུ་གནས་པ། ཕྱིའི་འགྲམ་རྨང་ན་འདོད་ཡོན་གྱི་སྣམ་བུ་རིན་པོ་ཆེ་དམར་པོའི་སྟེགས་བུས་བསྐོར་བ་ལ་ཤར་སྟོད་ནས་རིམ་པར་མཆོད་པའི་ལྷ་མོ་རྣམས་གཉིས་གཉིས་ཞལ་ནང་བསྟན་གྱིས། པི་ཝཾ་མ་སྔོན་མོ། གླིང་བུ་མ་སེར་མོ། རྔ་ཟླུམ་མ་དམར་མོ། རྫ་རྔ་མ་ལྗང་གུ་རྣམས་རང་རང་གི་ཕྱག་མཚན་འཛིན་པ། དེ་བཞིན་དུ་ལྷོར་སྒེག་མོ་སྔོན་མོ་དང་བཞད་མ་དམར་མོ་གཉིས་རང་རྒྱ་ཅན། གླུ་མ་སེར་མོ་ཏིང་ཤག་འཛིན་པ། གར་མ་ལྗང་གུ་གར་རྒྱ་ཅན། ནུབ་ཏུ་མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་མ་དམར་མོ། དྲི་མ་ལྗང་གུ་རྣམས་རང་རང་གི་ཕྱག་མཚན་ཅན། བྱང་དུ་གཟུགས་མ་དཀར་མོ་མེ་ལོང་། རོ་མ་དམར་མོ་ཟས་གཞོང་། རེག་མ་ལྗང་གུ་ན་བཟའ། ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་འཛིན་པ་ཐམས་ཅད་ཞི་ཚུལ་སྒེག་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། སྒོ་ཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེས་མཚན་པ། རྩིག་པའི་སྟེང་གི་ཁར་ཕ་གུ་སེར་པོ་ལ་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པ་བད་ཀྱི་ཚུལ་དུ་འཕྱར་བ། དེའི་སྟེང་དུ་བྲེ་སྤུངས་སམ་ཀ་ཐུང་གིས་བཏེགས་པའི་གདུང་མ། དེའི་སྟེང་དུ་ཐོག་ཕུབ་པའི་ཕྱམ་གྱི་སྣ་ལ་ཙི་པ་ཏྲའི་ཁ་ནས། རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་དང་། གཞན་ཡང་མེ་ཏོག་གི་ཕྲེང་བ་དང་། དར་དཔྱངས་མེ་ལོང་དང་ཟླ་ཕྱེད་རྔ་ཡབ་རླུང་གིས་བསྐྱོད་པ་དང་བཅས་པ་ཇི་ལྟར་རིགས་པས་མཛེས་པ། ཕྱམ་གྱི་སྟེང་དུ་རྒྱ་ཕིབས་འདོད་སྣམ་གྱི་ཕྱི་མཐའ་ཁེབས་པ་ཙམ་དུ་ཕྱིར་འཕྱར་བའི་ནང་གི་འོག་ཏུ་རིན་པོ་ཆེ་དཀར་པོའི་ཤར་དུ་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུ་ཕྲེང་བར་བསྒྲིགས་པའི་རྩེ་རྣམས་ཕྱམ་གྱི་མ་མཐའི་ཐད་བུ་ཀར་སླེབ་པ། རྒྱ་ཕིབས་ཀྱི་ཐོག་ཏུ་དེའི་རྩ་བ་གནོན་བྱེད་རིན་པོ་ཆེའི་སྤང་ལེབ་དཀར་པོ་བང་རིམ་གསུམ་མམ་བཞི་ཡོད་པ་བསླངས་ནས་བསྒྲིགས་པ་པུ་ཤུ་མཆོད་རྟེན་རིས་སམ་ལན་ཀན་དུ་གྲགས་པ་སྟེ། འདི་ལ་པད་འདབ་བྱེད་པར་ཡང་བཤད་དེ་གནད་གཅིག་གོ །གཞལ་ཡས་ཁང་གི་ནང་དུ་ཀ་བ་བརྒྱད་ཀྱིས་བཏེགས་པའི་གདུང་བཞི་བསྣོལ་མའི་སྟེང་དུ་ཕྱམ་ཉི་ཤུ་རྩ་བརྒྱད་བཏང་བའི་དབུས་ཀྱི་མཐོང་ཀ་མ་གཏོགས་བཀབ་པའི་སྟེང་དུ་རིན་པོ་ཆེའི་སྤང་ལེབ་བསྒྲིགས་པའི་གྲལ་མ། ཐོག་ས་རིན་པོ་ཆེ་གཅལ་དུ་བཀྲམ་པ། དབུས་ཕྱུར་བུ་ཞེས་པའི་དོན་མཐོང་ཀའི་ཟུར་བཞིར་ཀ་བའམ་ཤིང་བརྩིགས་ཀྱི་བཀོད་པས་བཏེགས་པའི་སྟེང་དུ་རྒྱ་ཕིབས་བཀལ་བའི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པར་བྱས་པ། ཕྱོགས་བཞིའི་རྩིག་པའི་དབུས་དྲང་ཐད་དུ་སྒོ་བཞི་ཕྱི་རོལ་སྒོ་ཁང་དང་བཅས་པའི་མར་སྣེ་ཟུར་གཉིས་དང་ཡར་སྣེ་འདོད་ཡོན་གྱི་སྣམ་བུ་ལ་ཐུག་པའི་ཟུར་གཉིས་བཅས་སུ་ཀ་བ་བཞི་བཞིའི་སྟེང་དུ་གདུང་བཞི་བསྣོལ་མར་བཏང་བ། རྟ་བབས་ལ་རྒྱུ་འབྲས་གཉིས་ལས། རྒྱུའི་རྟ་བབས་ནི་སྒོར་འཇུག་པའི་ཐེམ་སྐས་ཏེ། སྒོ་གཡས་གཡོན་གྱི་སྒོ་ཕུབ་ཀྱི་མཚམས་དང་། སྒོ་དངོས་ཀྱི་ཕྱི་མཚམས་སུ་ཐེམ་སྐས་བཞི་བཞི་སྟེ་བརྒྱད་དོ། །འབྲས་བུའི་རྟ་བབས་ནི། སྒོ་སྟེང་གི་སྔར་གྱི་གདུང་བཞི་བསྣོལ་མའི་སྟེང་དུ་རྟ་བབས་སྣམ་བུ་བཞི་མའམ་བརྒྱད་མ་གང་རུང་ལས་འདིར་བརྒྱད་བརྩེགས་ལྟར་ན། རིམ་པར། རྟ་རྐང་། ཆུ་སྐྱེས། སྒྲོམ། ཟ་ར་ཚགས། སྣ་འཕྱང་། ཆུན་འཕྱང་། ཤར་བུ། རྒྱ་ཕིབས་ཏེ་བརྒྱད་དོ། །དེ་ཡང་རྟ་རྐང་ནི་གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུ་བསྒྲིགས་པ། ཆུ་སྐྱེས་ནི་རིན་པོ་ཆེ་དམར་པོའི་པད་འདབ་བསྒྲིགས་པ། སྒྲོམ་ནི་ཀ་ཐུང་གི་བར་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ་བཙུད་པ། ཟ་ར་ཚགས་ནི་སྣ་འཕྱང་ལས་དཔྱངས་པའི་རིན་པོ་ཆེ་དཀར་པོའི་དྲྭ་མིག སྣ་འཕྱང་ནི་ཕ་གུ་དང་འདྲ། ཆུན་འཕྱང་ནི་གཞི་བར་སྟོང་ལ་སེང་མགོའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་འཕྱང་བ། ཤར་བུ་དང་རྒྱ་ཕིབས་གཉིས་ནི་སྔ་མ་ལྟ་བུ་ལ་རྒྱ་ཕིབས་ཀྱི་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་དང་བཅས་པ་དཔྱང་བ། རྟ་བབས་ཀྱི་མདུན་དབུས་སུ་གླང་རྒྱབ་མིག་གསུམ་བསྐོར་བའི་ནང་དུ་རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་མཛེས་པ། རྒྱ་ཕིབས་ཀྱི་སྟེང་ དུ་པདྨའི་ལྟེ་བར་གསེར་གྱི་འཁོར་ལོ་དང་དེའི་གཡས་གཡོན ་གཉིས་སུ་ཐབས་ཤེས་རི་དྭགས་ཕོ་མོ་རྭ་ཡོད་མེད་གཉིས་ཀྱིས་བརྟེན་པའི་སྟེང་དུ་རིན་པོ་ཆེའི་གདུགས་དཀར་པོས་མཛེས་པ། གཞན་ཡང་སྟེང་དང་བར་མཚམས་རྣམས་སུ་རིན་པོ་ཆེའི་བླ་རེ་དང་རྒྱལ་མཚན་དང་བ་དན་དང་རྔ་ཡབ་དང་གསེར་གྱི་སྐུད་པ་ལ་བརྒྱུས་པའི་དྲིལ་གཡེར་རླུང་གིས་བསྐྱོད་པས་སྒྲ་འབྱིན་པ་སོགས་མཛེས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱི་གསལ་ནང་གསལ་དྭངས་ཤིང་ཐོགས་པ་མེད་པ་སྟེ་འདི་ནི་སྤྱི་ཙམ་དུ་ཡིན་ལ་བྱེ་བྲག་སྒྱུ་འཕྲུལ་སོགས་སོ་སོའི་སྒེར་ཆོས་ཡོད་པ་རྣམས་དེ་བཞིན་ཤེས་པར་བྱ་ལ། ཁྲོ་དཀྱིལ་གྱི་སྐབས་སུ་གདུལ་བྱ་མ་རུངས་པ་རྣམས་འདུལ་བའི་ཕྱིར་དུར་ཁྲོད་འབར་བའི་གཞལ་མེད་ཁང་གི་བཀོད་པ་ཞེས་ཐོད་པ་སྐམ་རློན་རྙིང་གསུམ་སྤེལ་མའི་རྩིག་པ། ལྷ་བརྒྱད་ཀྱི་ཀ་བ། ཀླུ་བརྒྱད་ཀྱི་གདུང་མ། རྒྱུ་སྐར་ཉེར་བརྒྱད་ཀྱི་ཐོག་ཕུབ། གཟའ་བརྒྱད་དང་ཉི་ཟླའི་སྐར་ཁུང་། སྦྲུལ་དང་ཐོད་པའི་དྲྭ་ཕྱེད། རྟ་བབས་རྣམས་ཀྱང་སོར་མོ་དང་ཐོད་པ་དང་དོན་སྙིང་ལྔ་དང་ཉི་ཟླའི་ཕྲེང་བས་སྤྲས་པ་རྐང་ལག་གི་ཤར་བུ། རྒལ་ཚིགས་ཀྱི་མདའ་ཡབ། ལྷ་ཆེན་པོའི་ཐོད་པ་སྦུབས་པའི་རྒྱ་ཕིབས་ཀྱི་སྟེང་དུ་ཙི ཏྟའི་ཏོག་གིས་མཛེས་པ། མི་རོའི་རྒྱལ་མཚན། ཞིང་ལྤགས་ཀྱི་བླ་བྲེ། རོ་སྐྲའི་རྔ་ཡབ། རྒྱུ་མའི་རྡ་རྡི། གློ་སྙིང་གི་འཕྱང་འཕྲུལ་སོགས་དང་། ཕྱི་ནང་གི་ས་གཞི་ཐམས་ཅད་དུ་དུར་ཁྲོད་དང་ཁྲག་མཚོར་འཁྱིལ་བ། ཕྱི་ནང་ཀུན་ཏུ་འཇིགས་པའི་མེ་འོད་དང་རླུང་ནག་འཚུབ་མར་འཁྱིལ་བ་སོགས་ཏེ། རྒྱུད་གཞུང་ལ་ལར་མཆོག་ཆེན་གྱི་གདུང་དང་མཆོག་ཕྲན་གྱི་དྲལ་ཕྱམ་ཞེས་འབྱུང་བ་མཆོག་ཆེན་ནི་མི་རོ་དང་། མཆོག་ཕྲན་ནི་རྒྱལ་རིགས་ལས་གོལ་བ་བྲག་གི་རྩང་པ། བྲམ་ཟེའི་རིགས་ལས་གོལ་བ་སྤང་གི་ཕྱི་བ། རྗེ་རིགས་ལས་གོལ་བ་ན གས་ཀྱི་སྤྲེའུ། གདོལ་པའི་རིགས་ལས་གོལ་བ་ཆུའི་སྦལ་བ་རྣམས་སུ་གུ་རུ་རིན་པོ་ཆེས་མཛད་པའི་ཕུར་འགྲེལ་ལས་གསུངས། དཀྱིལ་འཁོར་སོ་སོའི་ནང་ཁང་དང་ལྷ་གནས་སོགས་ནི་རང་རང་གི་གཞུང་དུ་བཤད་པ་ལྟར་ཤེས་པར་བྱ་བ་ལས་འདིར་མཚོན་པར་མི་ནུས་སོ། །དེ་ལྟར་བསྒོམ་པའི་ཚེ་སོ་སོའི་དག་པ་མ་དྲན་ན་བསྒོམ་བྱ་རང་རྒྱུད་པར་གོལ་བའི་ཕྱིར། སངས་རྒྱས་ཀྱི་ཡོན་ཏན་དང་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་དང་ཕྲིན་ལས་ཀྱིས་བསྡུས་པའི་རྣམ་བྱང་ཕྱོགས་ཀྱི་ཆོས་རྣམས་གདུལ་བྱ་འདུལ་བའི་སླད་དུ་གཞལ་ཡས་ཁང་དང་ལྷ་སྐུའི་ཕྱག་རྒྱའི་རྣམ་པར་ཤར་བ་ཡིན་པས་དེ་ལྟར་དྲན་པར་བྱ་དགོས་ཏེ། དེ་ཡང་གཞལ་ཡས་ཁང་གི་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཉིད་དབྱིབས་དང་ཁ་དོག་ཏུ་སྣང་བས་གདུལ་བྱའི་རེ་བ་སྐོང་བའོ། །དབྱིབས་གྲུ་བཞི་པ་ནི་ཆོས་ཀྱི་དབྱིངས་ཀུན་ཏུ་མི་མཉམ་པ་མེད་པའོ། །སྒོ་བཞི་ནི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་བཞིའམ་བྱམས་སོགས་ཚད་མེད་བཞིས་བདེ་བ་ཆེན་པོའི་ཕོ་བྲང་དུ་འདྲེན་པའམ་ཡང་ན་རྒྱུ་འབྲས་བྱེད་པ་ངོ་བོ་བཞིས་སྟོང་པའི་རྣམ་ཐར་བཞིའི་ས་ནས་སྐྱེ་མེད་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་འཇུག་པའོ། །ལམ་སྟེགས་ཀྱི་རྟ་བབས་བརྒྱད་ནི། ལྷ་མི་ཉན་རང་བྱང་སེམས་བྱ་སྤྱོད་རྣལ་འབྱོར་མ་ཧཱ་སྟེ་བརྒྱད་དོ། །ཡང་ན་ཨ་ནུ་མན་གྱི་རྩོལ་བཅས་ཀྱི་ཐེག་པ་བརྒྱད་པོ་བགྲོད་ནས་གཉིས་སུ་མེད་པའི་ཐེག་པ་རྩོལ་བྲལ་ཨ་ཏིར་བགྲོད་པའོ། །འབྲས་བུའི་རྟ་བབས་བཞི་ནི་སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་དེ་བསྡུ་བའི་དངོས་པོ་བཞིའོ། །དེ་རེ་རེ་ལ་སྣམ་བུ་བརྒྱད་དམ་བཞི་ནི་རྣམ་གྲོལ་གྱི་ཐེག་པ་བརྒྱད་དམ་ཉན་རང་བྱང་སེམས་གསང་སྔགས་ཏེ་བཞིའི་གྲུབ་མཐའི་ཡོན་ཏན་རྫོགས་པའོ། །འཁོར་ལོ་ལ་སོགས་པ་ནི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའོ། །འདོད་ཡོན་གྱི་སྣམ་བུ་ནི་ལུས་ཚོར་སེམས་ཆོས་ཏེ་དྲན་པ་ཉེ་བར་བཞག་པ་བཞིའོ། །རྟ་བབས་ཀྱི་ཀ་བ་བཞི་ནི། མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་དང་སྐྱེས་པ་བསྡམས་པ་དང་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་སྤེལ་བ་སྟེ་ཡང་དག་པའི་སྤོང་བ་བཞིའོ། །སྒོ་ཁང་བཞི་ནི་འདུན་པ་དང་བརྩོན་འགྲུས་དང་སེམས་པ་དང་སེམས་དཔྱོད་པ་སྟེ་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །རྩིག་པ་རིམ་པ་ལྔ་ནི་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་སྟེ། རྣམ་བྱང་ལ་དབང་བྱེད་པའི་དབང་པོ་ལྔའོ། །ཕ་གུ། བྲེ་ཕུལ་གྱི་སྣམ་བུ། ཤར་བུ། མདའ་ཡབ། ཕྱུར་བུ་ལྔ་ནི་དད་སོགས་ལྔ་པོ་སྟོབས་སུ་གྱུར་པས་མི་མཐུན་ཕྱོགས་ཀྱིས་བརྫི་བར་མི་ནུས་པའི་སྟོབས་ལྔའོ། །རིན་པོ་ཆེའི་དྲྭ་བ་དང་། དྲྭ་ཕྱེད་དང་། མེ་ཏོག་གི་ཕྲེང་བ་དང་། དར་དཔྱངས་དང་། མེ་ལོང་དང་། ཟླ་གདུང་དང་། རྔ་ཡབ་སྟེ་རྒྱན་རྣམས་ནི། དྲན་པ་དང་ཆོས་རབ་རྣམ་འབྱེད་དང་བརྩོན་འགྲུས་དང་དགའ་བ་དང་ཤིན་སྦྱངས་དང་ཏིང་ངེ་འཛིན་དང་བཏང་སྙོམས་ཏེ་བྱང་ཆུབ་ཡན་ལག་བདུན་ནོ། །ནང་གི་ཀ་བ་བརྒྱད་ནི། ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་མཐའ་དང་འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཀ་ཞུ་རྣམས་ནི། གཟུགས་ཅན་གཟུགས་ལ་ལྟ་བ། གཟུགས་མེད་གཟུགས་ལ་ལྟ་བ། སྡུག་པའི་རྣམ་པར་ཐར་པ། ནམ་མཁའ་མཐའ་སོགས་སྐྱེ་མཆེད་བཞི། འགོག་པའི་སྙོམས་འཇུག་བཅས་རྣམ་ཐར་བརྒྱད་དོ། །གདུང་བཞི་ནི་རང་དོན་དུ་སྤངས་རྟོགས་གཉིས་ཞལ་གྱིས་བཞེས་པ་དང་། གཞན་དོན་དུ་ལམ་དང་ལམ་གྱི་གེགས་སྟོན་པ་གཉིས་ལ་མི་འཇིགས་པ་སྟེ་བཞིའོ། །ནང་གི་ཕྱམ་ཉེར་བརྒྱད་ནི། ཕྱི་སྟོང་པ་ཉིད་དང་། དེ་བཞིན་དུ། ནང་དང་། ཕྱི་ནང་དང་། ཆེན་པོ་དང་། ཐོག་ཐ་དང་། འདུས་བྱས་དང་། འདུས་མ་བྱས་དང་། སྟོང་པ་ཉིད་དང་། མཐའ་ལས་འདས་པ་དང་། རང་བཞིན་དང་། མི་དམིགས་པ་དང་། དོན་དམ་པ་དང་། དོར་བ་མེད་པ་དང་། དངོས་པོ་མེད་པ་དང་། ཆོས་ཐམས་ཅད་དང་། རང་མཚན་དང་། དངོས་དངོས་མེད་དང་། རང་གཞན་སྟོང་པ་ཉིད་དེ་སྟོང་ཉིད་བཅོ་བརྒྱད་དང་། སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཏེ་ཕར་ཕྱིན་བཅུའམ། ཡང་ན་སངས་རྒྱས་ཀྱི་སྟོབས་བཅུ་དང་མ་འདྲེས་པའི་ཆོས་བཅོ་བརྒྱད་དོ། །གྲལ་ཐོག་ནི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་ནོ། །ཕྱུར་བུ་འདེགས་བྱེད་བཞི་ནི་ཆོས་དང་དོན་དང་ངེས་ཚིག་དང་སྤོབས་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞིའོ། །རྩེ་མོའི་ཏོག་ནི་སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་རང་རིག་པ་ཡེ་ཤེས་ཀྱི་ཀློང་དུ་འཁྱིལ་བའོ། །དེ་བཞིན་དུ་བླ་བྲེ་ནི་ཆོས་ཉིད་རྣམ་པར་དག་པ། གདུགས་ནི་ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོབ་པ། བ་དན་ནི་སྙིང་རྗེ་ཆེན་པོ། རྒྱལ་མཚན་ནི་བདུད་ལས་རྣམ་པར་རྒྱལ་ཞིང་ཆོས་མི་ནུབ་པ། དྲིལ་བུ་ནི་སྟོང་ཉིད་ཀྱི་ཆོས་ཀྱི་སྒྲ་སྒྲོགས་པ། འོད་ཟེར་ཀུན་ཏུ་འཕྲོ་བ་ནི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ། ཕྱི་དང་ནང་མེད་པ་ཀུན་ཏུ་དྭངས་གསལ་མི་སྒྲིབ་པར་སྣང་བ་ནི་ཐམས་ཅད་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་གྱུར་པ། འོག་གཞི་སྣ་ཚོགས་རྡོ་རྗེ་སྟོང་པ་ཉིད་ཀྱི་རང་བཞིན་དབྱེར་མི་ཕྱེད་པའི་ཡེ་ཤེས། རྭ་བཅུ་གཉིས་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བ་དང་སྲེད་པ་དང་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་སྟེ་རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པ། ཉི་གདན་ནི་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད། པད་ཕྲེང་ནི་ཉེས་སྐྱོན་གྱིས་མ་གོས་པའི་ཆོས་ཉིད། དུར་ཁྲོད་བརྒྱད་ནི་མིག་རྣ་སྣ་ལྕེ་ལུས་ཡིད་ཉོན་ཡིད་ཀུན་གཞི་སྟེ་རྣམ་ཤེས་ཚོགས་བརྒྱད་རང་སར་དག་པ་དང་སྒྱུ་མ་རྨི་ལམ་གཟུགས་བརྙན་སྨིག་རྒྱུ་ཆུ་ཟླ་མིག་ཡོར་བྲག་ཆ་སྤྲུལ་པ་སྟེ་སྒྱུ་མའི་དཔེ་བརྒྱད་མཚོན་བྱེད་དོ། །རྡོ་རྗེའི་ར་བ་ནི་ཅིས་ཀྱང་མི་ཤིགས་པའི་རང་བཞིན་མི་རྟོག་པའི་ཡེ་ཤེས། མེ་དཔུང་ནི་ཡེ་ཤེས་ཀྱི་མེས་ཕྱི ན་ཅི་ལོག་གི་བདུད་དང་ཉོན་མོངས་བསྲེགས་པ་སྟེ། དེ་ལྟར་གོང་སྨོས་དྲན་པ་ཉེར་བཞག་སོགས་ཀྱང་གནས་གྱུར་ཁྱད་པར་ཅན་ཟག་པ་མེད་པ་སངས་རྒྱས་ཀྱི་ས་ཡིས་བསྡུས་པའོ། །དེ་ལྟར་མཚོན་བྱ་མཚོན་བྱེད་ཀྱི་དག་པ་རྣམས་སོ་སོར་དྲན་པ་གལ་ཆེ་ཡང་། ལས་དང་པོ་པས་སྒོམ་ཐེངས་གཅིག་ལ་མཐའ་དག་དྲན་པར་མ་ནུས་ན་གཞལ་ཡས་ཁང་གི་ཆོས་དེ་ཐམས་ཅད་སངས་རྒྱས་ཀྱི་སྤངས་རྟོགས་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་དེ་དང་དེའི་མཚོན་བྱེད་དུ་ཤར་བ་ཡིན་ནོ་སྙམ་པས་ཀྱང་དག་དྲན་རྗེས་མཐུན་པར་འགྱུར་རོ། །མདོར་ན་སངས་རྒྱས་རང་སྣང་གི་ཕོ་བྲང་ཉིད་ལམ་དུ་བྱེད་པའི་ཕྱིར་རྟེན་གྱི་དཀྱིལ་འཁོར་སྒོམ་པ་སྟེ། དེ་ལམ་དུ་བྱས་པས་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་རྣམས་ཀྱང་ལམ་དུ་བྱས་པར་འགྱུར་ཞིང་། ལམ་དུ་ཁྱེར་ཚུལ་ནི་གཞི་འབྲས་སྦྲེལ་བའི་དག་རྫོགས་ཀྱི་ང་རྒྱལ་བྱེད་པའོ། །དེ་དག་ནི་ལམ་གོང་མའི་སྨིན་བྱེད་དུ་ཇི་ལྟར་འགྲོ་ན། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་ནི་རྩ་འཁོར་ལོ་ལྔ་དང་དབུ་མ་དཀྱིལ་འཁོར་གྱི་གཞི་པད་ཉི་རྒྱ་གྲམ་ནི་རྩ་འཁོར་གྱི་ལྟེ་བའི་རླུང་ཐིག དེ་རྣམས་དང་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་ནི་གཞལ་ཡས་ཁང་སྟེ། དེ་ཉིད་ལེགས་པར་བསྒོམས་པས་རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་བས་རྫོགས་རིམ་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་བཏིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་གདན་བསྐྱེད་པ་ནི། འདིའི་སྦྱང་བྱ་སེམས་ཅན་རྣམས་གང་དུ་སྐྱེ་བ་ལེན་པར་འགྱུར་བའི་གནས་མའི་པདྨ་དང་ཁུ་ཁྲག་དྲོད་གཤེར་ལ་སོགས་པའི་ཞེན་རྟོག་གམ་བག་ཆགས། སྦྱངས་འབྲས་སངས་རྒྱས་སྤྲུལ་པའི་སྐུས་འཁོར་བའི་གནས་སུ་གང་འདུལ་གྱི་བཀོད་པ་སྟོན་ཡང་སྐྱེ་གནས་བཞི་སོགས་ཀྱི་ཉེས་པས་མི་གོས་པ་དང་། ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་མཐར་ཕྱིན་པ་ཉིད་ཡིན་ལ། སྦྱོང་བྱེད་ཀྱི་ལམ་དངོས་ནི། གཞལ་ཡས་ཁང་གི་དབུས་ཀྱི་ལྟེ་བར་པདྨ་དང་། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དམར་པོ་དང་ཟླ་བའི་དཀྱིལ་འཁོར་དཀར་པོ་ཉ་གང་བ་ཉིས་བརྩེགས་པདྨའི་ལྟེ་བ་དང་མཉམ་པར་བསྒོམ་པ་སོགས་གཙོ་འཁོར་སོ་སོའི་གདན་ཇི་ལྟར་འོས་པ་སྟེ། དཔེར་ན། སྒྱུ་འཕྲུལ་ལྟར་ན། གཙོ་བོ་རིགས་ལྔ་ལ་སྲོག་ཆགས་དང་རིན་པོ་ཆེའི་ཁྲི་དང་ཉི་ཟླ་པདྨ་སྟེ་ལྔ་བརྩེགས། སེམས་དཔའ་རྣམས་ལ་ཉི་ཟླ་པདྨ་སུམ་བརྩེགས། ཐུབ་དྲུག་ལ་པད་རྐྱང་། སྒོ་བ་ཁྲོ་བོ་ལ་ཉི་རྐྱང་། བྱ་བྱེད་གཉིས་ལ་ཉི་ཟླ་པདྨ་རིན་པོ་ཆེའི་ཁྲི་སྟེ་བཞི་བརྩེགས་གསུངས་པ་ལྟ་བུས་མཚོན་ཏེ་རང་གཞུང་ལྟར་སྐབས་ཐོབ་སྦྱར་ཤེས་དགོས་ཤིང་། ཁྲོ་བོ་རྣམས་ལ་ནི་ཁྱད་པར་གྱི་གདན་རུ་ཏྲ་ལྷ་ཆེན་ཕྱོགས་སྐྱོང་ཕོ་མོ་ཞིང་ཆེ་ཆུང་སྲོག་ཆགས་སོགས་ཏེ། གང་ལྟར་ཡང་གདན་རྣམས་ཀྱི་དག་སྦྱོར་ལ། སེང་གེའི་ཁྲི་ནི་མི་འཇིགས་པ་བཞི། དེ་བཞིན་དུ་གླང་པོ་ཆེ་ནི་སྟོབས་བཅུ། རྟ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི། རྨ་བྱ་ནི་དབང་བཅུ། ཤང་ཤང་ནི་ཕྲིན་ལས་བཞིས་འགྲོ་བ་འདུལ་བའོ། །ཉི་ཟླ་གཉིས་ནི་ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་དུ་འཇུག་པ། པདྨ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པ། རིན་པོ་ཆེ་ནི་གདུལ་བྱའི་རེ་བ་ཡོངས་སུ་སྐོང་བའི་བརྡའོ། །དེ་བཞིན་དུ་ཁྲོ་གདན་རྣམས་ཀྱང་མ་རིག་པ་དང་གཟུང་འཛིན་གྱི་ཀུན་རྟོག་དང་ལས་ཉོན་དང་བདུད་བཞི་སོགས་བཅོམ་པའི་བརྡ་སྟེ་ཞིབ་པར་རང་གཞུང་དང་སྦྱར། དེ་ལས་གཞན་རྣམས་གོང་དུ་བསྟན་པས་འཐུས། སྟོབས་བཅུ་དང་དབང་བཅུ་ནི། མཁས་འཇུག་སྡོམ་བྱང་ལས། གནས་དང་གནས་མིན་རྣམ་སྨིན་ཁམས། །མོས་དང་དབང་པོ་བསམ་གཏན་དང་། །ལམ་དང་སྔོན་གནས་འཆི་འཕོ་དང་། །ཟག་པ་ཟད་མཁྱེན་སྟོབས་བཅུའོ། །ཚེ་དང་སེམས་དང་ཡོ་བྱད་དང་། །ལས་དང་སྐྱེ་བ་མོས་པ་དང་། །སྨོན་ལམ་རྫུ་འཕྲུལ་ཡེ་ཤེས་དང་། །ཆོས་ལ་དབང་བ་དབང་བཅུའོ། །ཞེས་སོ། །དེ་ལྟར་བསྒོམས་པས་གདན་པདྨ་ནི་རྩ་འཁོར། ཉི་མ་ནི་གཏུམ་མོའི་མེ། ཟླ་བ་ནི་སྤྱི་བོའི་ཧཾ་སྟེ་འབར་འཛག་གི་ཞུ་བ དེ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་ཐོབ་པའི་གཞི་བཏིང་བས་ལམ་གོང་མའི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་བསྐྱེད་ཆོག་དངོས་དང་། བྱིན་གྱིས་རློབ་ཅིང་དབང་བསྐུར་བ་གཉིས། དང་པོ་ལ་གསུམ་སྟེ། སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་ཀྱི་བསྐྱེད་ཆོག་སྤྱིར་བསྟན་པ། བྱེ་བྲག་རྡོ་རྗེའི་ཆོ་ག་སུམ་བསྐྱེད་དང་སྦྱར་བ། ལྷའི་མཚན་ཉིད་དོ། །དང་པོ་ནི། དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་གསུངས་པ་ལྟར། བཞི་ལས། དང་པོ་ཤིན་ཏུ་སྤྲོས་པ་རྒྱས་པ་སྒོང་སྐྱེས་སྦྱོང་བྱེད་བདག་སྲས་གཞན་སྲས་ཀྱི་ཆོ་ག་ལའང་རྒྱས་བསྡུས་གཉིས་ཀྱི། དང་པོ། སྒྲུབ་སྡེའི་ལུགས་བཀའ་བརྒྱད་གསང་རྫོགས་ནས་གསུངས་པ་ལྟར་ན། སྤྱིར་བདག་སྲས་གཞན་སྲས་ཞེས་པའི་དོན། བདག་སྲས་ཞེས་པ་རང་སེམས་བདེ་བར་གཤེགས་པའི་སྙིང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཆར་གཞིར་གནས་པས་ན་རིག་པའི་ངོ་བོ་དེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས་དེའི་སྲས་སུ་གཞན་དེ་བཞིན་གཤེགས་པ་རྣམས་བསྐྲུན་ཏེ་འཁོར་དུ་བཀོད་པའི་དོན་ཡིན་ལ། གཞན་སྲས་ནི་བདག་སྲས་ཀྱི་སྐབས་སུ་གཞན་དེ་བཞིན་གཤེགས་པ་ཐམས་ཅད་རང་ལ་བསྟིམས་ནས་མངལ་འབྱིན་གྱི་སྒོ་ནས་སྲས་ཀྱི་རྣམ་པར་འཁོར་དུ་བཀོད་པ་དེ་རྣམས་གཙོ་བོའི་ཐུགས་སུ་གྱུར་ནས་བདག་གི་རྟོག་ཚོགས་ཡི་གེའི་རྣམ་པར་ཡོད་པ་མཁའ་རུ་ཕབ་སྟེ་སྲས་སུ་བསྐྲུན་ནས་འཁོར་དུ་བཀོད་པའི་དོན་ནོ། །དེ་ཡང་བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ་སྟེ། རྒྱུའི་ས་བོན་གྱི་ཡི་གེ་གདན་སྟེང་དུ་བབས་པ་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས་རྒྱུའི་ཧེ་རུ་ཀ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པ་དང་། ཡབ་ཡུམ་མཁའ་གསང་མཉམ་པར་སྦྱོར་བའི་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུག་ནས་ཡབ་ཀྱི་སྤྱི་བོ་ནས་ཞུགས་ཏེ་ཡུམ་མཁར་བསྟིམ་པ་དང་། ཡང་འོད་ཟེར་འཕྲོས་པས་སེམས་ཅན་རྣམས་བཀུག་ལ་སྒྲིབ་པ་སྦྱོང་སྟེ་ཡུམ་མཁར་བསྟིམ་པ་དང་། འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་ནི་ངའོ་ཞེས་འཁོར་འདས་གཉིས་སུ་མེད་པའི་བདག་ཉིད་ལ་ཆེ་བའི་ང་རྒྱལ་བསྐྱེད་པ་དང་། ལྷ་ཚོགས་རྣམས་མཁའ་གསང་ནས་བཏོན་ཏེ་སོ་སོའི་གདན་ལ་དགོད་པར་བྱེད་པའོ། །གཞན་སྲས་ལ་བརྒྱད་དེ། དཔེར་ན་སྒོང་སྐྱེས་རྣམས་དང་པོ་སྒོང་ང་སྨིན་པ་དང་། དེ་ནས་སྒོང་ཁྱིམ་བརྡོལ་ནས་དབང་པོ་དང་ཡན་ལག་ལ་རྫོགས་པ་དེ་བཞིན་དུ། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་འོད་ཀྱི་གོང་བུ་ས་བོན་ཕྱག་མཚན་དང་བཅས་པར་གྱུར་པ་དང་། དེ་ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་ཡབ་ཡུམ་དུ་བསྐྱེད་པ་དང་། དེའི་ཚེ་ཡབ་ཀྱི་རྟོག་པ་ཐམས་ཅད་ཡི་གེའི་ངོ་བོར་གྱུར་ནས་སྲས་འདོན་གྱི་ནུས་པ་མེད་པར་བསམ་པ་དང་། ཡུམ་ལས་འོད་ཟེར་འཕྲོས་པས་བསྐུལ་ཏེ་འཁོར་གྱི་ལྷ་རྣམས་ལ་སྲས་བསྐྱེད་པའི་དོན་དུ་གསོལ་བ་གདབ་པ་དང་། འཁོར་གྱི་ལྷ་རྣམས་དགྱེས་པས་འོད་དུ་ཞུ་ནས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀར་བསྟིམས་ཏེ་གཙོ་བོའི་ཐུགས་སུ་གྱུར་ནས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཡེ་ཤེས་ཆེན་པོའི་བདག་ཉིད་ངའོ་ཞེས་ང་རྒྱལ་བཟུང་བ་དང་། ཡབ་ཡུམ་མཁའ་གསང་བྱིན་གྱིས་བརླབས་ཤིང་མཉམ་པར་སྦྱོར་བའི་ཡུམ་གྱི་མཁར་དཀྱིལ་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། བདག་གི་རྟོག་པ་ཞེ་གཉིས་ཡི་གེའི་ངོ་བོར་གནས་པ་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གྱི་ལྷ་ཚོགས་ཡོངས་རྫོགས་སུ་གསལ་བཏབ་སྟེ་ཡུམ་མཁའ་ནས་ཕྱིར་གདོན་པ་དང་། དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམས་ལ་གནས་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་གདབ་སྟེ་འཁོར་རྣམས་གདན་ལ་བཀོད། གཙོ་བོ་འབྲས་བུའི་ཧེ་རུ་ཀ་ལ་བསྟིམ། གཞལ་ཡས་ཁང་དང་། གདན་རྣམས་ཀྱང་རང་རང་ལ་བསྟིམ་པའོ། །བསྡུས་པ་ནི། རྒྱུད་སྡེའི་ལུགས་ལྟར་སྒྱུ་འཕྲུལ་དྲྭ་བ་དང་བསྟུན་པ་སྟེ། འདི་ལའང་རྒྱས་བསྡུས་དང་དམ་པ་སྔ་མ་རྣམས་ཀྱི་བཞེད་པ་འདྲ་མིན་མང་ཡང་དེ་དག་གཞན་དུ་ཤེས་པར་བྱ་ལ། འདིར་བསྡུས་པ་ཉིད་སྟོན་ཏེ། སྐྱབས་སེམས་ཀྱི་རྗེས་འདི་ལྟར་སྒོ་ང་ལས་སྐྱེ་བ་རྣམས་ལན་གཉིས་སུ་སྐྱེ་བ་ལྟར། རང་ཉིད་སྐད་ཅིག་གིས་གཙོ་བོ་ཡབ་ཡུམ་གསལ་བཏབ་ལ། མདུན་མཁར་བསྒོམ་བྱའི་དཀྱིལ་འཁོར་སྤྱན་དྲངས་པའམ་གསལ་བཏབ་སྟེ། མཆོད་བསྟོད་དང་གསོལ་གདབ་རྒྱུན་བཤགས་སོགས་བྱས་རྗེས་སླར་ཡང་བཛྲ་མུས་སྟོང་པའི་ངང་དུ་མཉམ་པར་བཞག་པ་ཙམ་ཁྱད་པར་གྱི་ཆོས་སུ་ངེས་པར་བྱས་ནས། ཐུན་མོང་དུ་མངལ་སྐྱེས་སྦྱང་བ་རྒྱས་འབྲིང་གི་བསྐྱེད་རིམ་དང་སྦྱ ར་བ་སྟེ། དོན་དུ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་སོགས་སྟོན་པའི་ཆོ་ག་ཕལ་ཆེར་ལ། ཚོགས་ཞིང་གསལ་བཏབ་སྟེ། ཚོགས་བསགས་ཀྱི་རིམ་པ་རྣམས་སོང་རྗེས་རང་ལ་བསྡུས་ནས་མི་དམིགས་པར་བཞག དེ་ནས་བགེགས་བསྐྲད་སོགས་ཆོ་གའི་ཡན་ལག་རྣམས་བྱས་རྗེས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནས་རིམ་བཞིན་ལྷ་བསྐྱེད་པའི་ཚུལ་དེའོ། །དེ་ལྟར་གྱི་བསྐྱེད་ཚུལ་རྒྱས་བསྡུས་གཉིས་པོ་དེ་གང་ཡིན་ཀྱང་སྣང་སྟོང་གི་ཞེན་པ་སྦྱང་ཕྱིར་ཡང་ཡིན་པས། རྒྱས་པའི་དུས་སུ་བདག་སྲས་ཀྱི་གཙོ་འཁོར་ཐམས་ཅད་འོད་ཞུ་བ་དང་། བསྡུས་པའི་ཚེ་གཉིས་ཀ་མི་དམིགས་པའི་ངང་དུ་འཇོག་པ་གཉིས་ཀས་ཕྱི་སྣང་བ་དང་རྟོག་ཚོགས་ཐམས་ཅད་རེ་ཞིག་འགགས་པའི་འཆི་སྲིད་དག བག་ཆགས་མཐའ་དག་དབྱིངས་སུ་དག་པའི་ཆོས་སྐུ་གཞི་ལ་རྫོགས། གཉིས་སྣང་གི་སྤྲོས་པ་འགགས་པའི་ཡེ་ཤེས་ཀྱི་ངང་ལ་གནས་པའི་འོད་གསལ་བའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་དང་། ཡང་རྒྱས་པའི་ཚེ་སླར་ཡང་གཞན་སྲས་ཀྱི་གཙོ་བོ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་གསལ་བ་དང་། བསྡུས་པའི་དུས་རང་རང་གི་གཞུང་གི་མངོན་རྟོགས་བསྒོམས་པས། འཆི་སྲིད་ཀྱི་རྗེས་སུ་སླར་ཡང་རླུང་སེམས་རིམ་གྱིས་མཆེད་ནས་བར་སྲིད་དང་། དེ་ནས་སྐྱེ་སྲིད་ཀྱི་སྣང་བ་རྒྱ་ཆེན་པོར་འབྱམས་པ་མཐའ་དག་སྦྱོང་ཞིང་དག་མི་སློབ་པའི་ཟུང་འཇུག་གི་ལྷ་སྐུ་ཆོས་སྐུའི་ངང་ལས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་དང་མཉམ་པར་འབྱམས་ཀླས་སུ་འཆར་བ་གཞི་ལ་རྫོགས། རྫོགས་རིམ་པའི་རྣལ་འབྱོར་པ་འོད་གསལ་ལས་སློབ་པའི་ཟུང་འཇུག་གི་ལྷ་སྐུར་ལྡང་ནུས་པའི་སྨིན་བྱེད་དུ་འགྲོ་བ་ཡིན་ཞེས་བདག་གི་མཁན་པོ་གསང་ཆེན་རྒྱུད་སྡེའི་མངའ་བདག་ངེས་པ་དོན་གྱི་མཁས་པ་ཆེན་པོ་གུ་ཎས་གསུངས་སོ། །གཉིས་པ་མངལ་སྐྱེས་སྦྱོང་བྱེད་ལ། མངོན་བྱང་བཞི་བསྐྱེད། ཆོ་ག་གསུམ་བསྐྱེད། མངོན་བྱང་ལྔ་བསྐྱེད་གསུམ་ལས། དང་པོ་ནི། ཧེ་རུ་ཀ་གལ་པོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་བསྡུ་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡེ་གེ་འགོད། །ཅེས་གསུངས་པ་ལྟར། མངོན་བྱང་དང་པོ་ནི། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། དེའི་ངང་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཞེན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། འདིས་མར་སྦྱང་བྱ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཐམས་ཅད་འཁྲུལ་སྟོབས་ཀྱིས་ནུབ་པའི་འཆི་སྲིད་དང་། སླར་ཡང་ལས་རླུང་མཆེད་པའི་སྟོབས་ཀྱིས་བར་དོའི་སྣང་བ་ཡད་ཡུད་དུ་འབྱུང་བ་བཅས་དག ཡར་ཆོས་སྐུ་དང་ལོངས་སྐུ་གཉིས་གཞི་ལ་རྫོགས་པ་བྱེད། བར་དུ་འོད་གསལ་དང་སྒྱུ་ལུས་གཉིས་ཀྱི་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་གཉིས་པ་ནི། ངོ་བོ་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཡེ་ཤེས། རྣམ་པ་ལྷའི་ས་བོན་གྱི་རྣམ་པར་བསྒོམ་པ་སྟེ། འདིས་དྲི་ཟ་ཉེ་བར་ལེན་པ་བར་དོའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ཤིང་འདྲེས་པའི་ཆ་སྦྱོང་ཞིང་དག སྤྲུལ་སྐུ་གཞི་ལ་རྫོགས། དཔེའི་འོད་གསལ་ལས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་གསུམ་པ་ནི། ས་བོན་གྱི་ཡི་གེ་ཉིད་ཐུགས་རྡོ་རྗེ་ཕྱག་མཚན་གྱི་རྣམ་པར་གྱུར་ཞིང་དེ་ལས་སྐུ་ཡོངས་རྫོགས་སུ་བསྐྱེད་པ་སྟེ། འདིས་ཁུ་རྡུལ་རླུང་སེམས་ཀྱི་ཆ་འདྲེས་པ་དེ་རླུང་གི་བྱེད་ལས་ཀྱིས་མེར་ནུར་ལྟར་གོར་མཁྲང་གྱུར་ཁྱབ་འཇུག་ཉ་དང་རུས་སྦལ་གྱི་རྣམ་པ་དང་མིག་སོགས་དབང་པོ་དང་ཡན་ལག་ཡོངས་སུ་རྫོགས་པ་དེ་བྱང་ཞིང་དག་ཟུང་འཇུག་ངོ་བོ་ཉིད་སྐུ་གཞི་ལ་རྫོགས། དོན་གྱི་འོད་གསལ་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་བཞི་པ་ནི། ལྷ་མངལ་འབྱིན་གྱི་ས་བོན་སྤྲོ་བའམ། མིན་ཀྱང་གནས་གསུམ་ལ་ཡི་གེ་བཀོད་དེ་རྒྱས་གདབ་པ་སྟེ། འདིས་བྱིས་པ་དེ་བཙས་ནས་དབང་པོ་ཡུལ་ལ་སད་དེ་སྣ་ཚོགས་པའི་དངོས་པོ་ལ་སྤྱོད་པའི་ཞེན་པ་དག སངས་རྒྱས་ཀྱི་ལྷུན་གྱིས་གྲུབ་པའི་འབྲས་བུ་གཞི་ལ་རྫོགས། རྫོགས་རིམ་པ་སློབ་པའི་ཟུང་འཇུག་གི་ལྷ་སྐུར་ལྡང་ནས་འདོད་ཡོན་གྱི་སྣང་བ་ལ་ཞེན་མེད་དུ་རོལ་བས་རིག་པའི་རྒྱན་དུ་འཆར་བའི་སྨིན་བྱེད་དུ་འགྱུར་རོ། །གཉིས་པ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ནི་འོག་ཏུ་སྟོན་ནོ། །གསུམ་པ་མངོན་བྱང་ལྔ་བསྐྱེད་ནི། དགྱེས་རྡོར་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཞེས་གསུངས་ཏེ། དེ་ཡང་གཞི་དུས་སུ་དཀར་དམར་རླུང་སེམས་ཚོགས་པ་དང་བཅས་པ་ཡེ་ཤེས་ལྔ་ཡི་ངོ་བོར་སངས་རྒྱས་པ་གཞིའི་མངོན་བྱང་། ལམ་དུས་སུ་ཚོགས་སྦྱོར་དུ་དཔེའི་ཡེ་ཤེས་དང་། མཐོང་སྒོམ་དུ་དོན་གྱི་འོད་གསལ་མངོན་དུ་བྱས་པའི་སྟོང་གཞི་ཟུང་འཇུག་དང་བཅས་པ་ལམ་གྱི་མངོན་བྱང་ཡིན་པས། དེ་རྒྱུད་ལ་སྐྱེད་བྱེད་བསྐྱེད་རིམ་གྱི་དུས་སུ་ཟླ་ཉི་ཕྱག་མཚན་སོགས་བསྒོམ་པའོ། །འབྲས་དུས་སུ་སྐུ་ལྔ་ཡེ་ཤེས་ལྔ་མི་སློབ་པའི་ཟུང་འཇུག་གི་ཡོན་ཏན་ཐམས་ཅད་ནི་འབྲས་བུའི་མངོན་བྱང་ངོ་། །དེ་ལྟར་གཞི་ལམ་འབྲས་གསུམ་དུ་སྦྱོར་ཚུལ་ངེས་པར་བྱས་ནས། བྱེ་བྲག་ལམ་གྱི་མངོན་བྱང་ལྔ་བསྒོམ་ཚུལ་ནི། སྦྱང་གཞི་གཟུགས་ཀྱི་ཕུང་པོ་དང་ནམ་མཁའི་ཁམས། ལུས་ཀུན་གཞིའི་རྣམ་ཤེས། ཉོན་མོངས་པ་གཏི་མུག མངལ་སྐྱེས་ཀྱི་ཕའི་ཁམས། དྲོད་གཤེར་སྐྱེས་ཀྱི་གཤེར། སྒོང་སྐྱེས་ཀྱི་ཕ། རྫུས་སྐྱེས་ཀྱི་སྟོང་པའི་ཆ་སོགས་སྦྱོང་བྱེད་མངོན་བྱང་དང་པོ་མེ་ལོང་ཡེ་ཤེས་དང་། རྣམ་སྣང་གི་ངོ་བོ་ཨཱ་ལི་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསྒོམ་པ་དང་། དེ་བཞིན་དུ་ཚོར་ཕུང་ས་ཁམས་ཉོན་ཡིད་སེར་སྣ་ང་རྒྱལ། མངལ་སྐྱེས་ཀྱི་མའི་ཁམས་དམར་ཆ། སྒོང་སྐྱེས་ཀྱི་མའི་ཆ། དྲོད་གཤེར་སྐྱེས་ཀྱི་དྲོད། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སྦྱོང་བྱེད་མངོན་བྱང་གཉིས་པ་མཉམ་ཉིད་དང་རིན་འབྱུང་གི་ངོ་བོ་ཀཱ་ལི་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པ་དང་། ཁུ་རྡུལ་གཉིས་ཀྱི་བར་དུ་དྲི་ཟ་ཉེ་བར་ལེན་པའི་སེམས་བར་དོའི་རྣམ་ཤེས་ཞུགས་པ་དང་། འདུ་ཤེས་ཀྱི་ཕུང་པོ་མེ་ཡི་ཁམས། ངག་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་པ་འདོད་ཆགས། སྐྱེ་གནས་བཞིར་འཇུག་པའི་བར་དོའི་རྣམ་ཤེས་རྣམས་སྦྱོང་བྱེད་མངོན་བྱང་གསུམ་པ། སོར་རྟོག་དང་འོད་དཔག་མེད་ཀྱི་ངོ་བོ་ས་བོན་ཕྱག་མཚན་དང་བཅས་པར་བསྒོམ་པ་དང་། ཁུ་རྡུལ་སེམས་གསུམ་རོ་གཅིག་ཏུ་འདྲེས་པ། འདུ་བྱེད་ཀྱི་ཕུང་པོ་རླུང་ཁམས་སྒོ་གསུམ་གྱི་བྱ་བ་དང་སྒོ་ལྔའི་རྣམ་ཤེས། ཉོན་མོངས་ཕྲག་དོག སྐྱེ་གནས་བཞིའི་མངལ་སྒོང་གཉིས་ཀྱི་བར་དོའི་རྣམ་ཤེས་དང་ཁུ་ཁྲག་འདྲེས་པ། དྲོད་སྐྱེས་ཀྱི་རྣམ་ཤེས་དང་དྲོད་གཤེར་འདྲེས་པ། རྫུས་སྐྱེས་ཀྱི་གསལ་ལ་སྟོང་པ་ཙམ་དང་བར་སྲིད་ཀྱི་རྣམ་ཤེས་འདྲེས་པའི་ཆ་རྣམས་སྦྱོང་བྱེད་མངོན་བྱང་བཞི་པ་བྱ་གྲུབ་དང་དོན་གྲུབ་ཀྱི་ངོ་བོ་ཟླ་ཉི་ཕྱག་མཚན་ས་བོན་དང་བཅས་པ་རོ་གཅིག་ཏུ་འདྲེས་པའི་ཐིག་ལེ་གོང་བུའི་རྣམ་པ་ཅན་དུ་བསྒོམ་པ་དང་། མངལ་གྱི་གནས་སྐབས་ཡོངས་སུ་རྫོགས་ནས་ཕྱིར་བཙས་པ་དང་། རྣམ་ཤེས་ཀྱི་ཕུང་པོ་ཆུའི་ཁམས། ཡིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ། ཉོན་མོངས་ཞེ་སྡང་། སྐྱེ་གནས་བཞིར་སྐྱེ་བ་ལེན་པའི་སྐྱེ་མཆེད་རྫོགས་པའི་གནས་སྐབས་རྣམས་སྦྱོང་བྱེད་མངོན་བྱང་ལྔ་པ་ཆོས་དབྱིངས་ཡེ་ཤེས་དང་མི་བསྐྱོད་པའི་ངོ་བོ་སྐུ་ཡོངས་རྫོགས་སུ་བསྒོམ་པ་རྣམས་སོ། །འདིའི་དག་རྫོགས་སྨིན་གསུམ་ནི། འགྲོ་བའི་ལུས་རྟེན་ཁྱད་པར་ཅན་ཁམས་དྲུག་ལྡན་གྱི་མི་ལྟ་བུ་ལ་ཁམས་ཀྱི་སྦྱང་གཞི་རྩ་ཐིག་རླུང་སེམས་རགས་པའི་ཆ་མངོན་གྱུར་དུ་ཡོད་པ་ཐབས་ཀྱིས་ཟིན་པས་གྲོལ་བར་འགྱུར་ཏེ། དང་པོར་དབང་གིས་སྨིན་པར་བྱས་ནས། རྟོག་བཅས་ཀྱི་ལམ་བསྐྱེད་རིམ་གྱི་དུས་སུ་མངོན་བྱང་ལྔ་བསྒོམ་པའི་ཚེ་ནའང་གནད་དུ་བསྣུན་བྱའི་གཙོ་བོ་དཀར་དམར་སེམས་གསུམ་ཡིན་པའི་ཕྱིར་འཁོར་བ་དང་མཐུན་པའི་རྣམ་པ་ལམ་བྱེད་ཀྱིས་སྦྱང་བྱ་སྲིད་པའི་རང་བཞིན་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ་ཐམས་ཅད་རྣམ་པར་དག རྒྱལ་བའི་བཞུགས་ཚུལ་དང་མཐུན་པར་མོས་པ་ལམ་བྱེད་བསྒོམས་པས་འབྲས་ཆོས་ལྔ་དང་ཡེ་ཤེས་ལྔའི་ཡོན་ཏན་ཐམས་ཅད་གཞི་ལ་རྫོགས། དེ་གཉིས་ཀ་སྣང་བ་དང་། མཆེད་པ་དང་། ཉེར་ཐོབ་དང་། འོད་གསལ་དང་། ཟུང་འཇུག་ལ་སོགས་པའི་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །གསུམ་པ་དྲོད་གཤེར་སྐྱེས་སྦྱོང་བྱེད་ཨ་ནུ་ཡོ་གའི་དགོངས་པ་སྤྲོས་མེད་ཀྱི་བསྐྱེད་རིམ་ནི། བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་སྐྱེས་རྫོགས་པའི་ལྷ་སྐུར་བསྒོམ། །ཞེས་གསུངས་པ་ལྟར། སེམས་ཅན་དྲོད་གཤེར་ལས་སྐྱེས་པ་རྣམས་ནི་མངལ་སྐྱེས་ལྟར་ཡུན་རིང་དུ་སྨིན་མི་དགོས་པར། དྲོད་གཤེར་གཉིས་ལྷན་དུ་འདུས་པར་རྣམ་ཤེས་ཞུགས་པས་དེའི་མོད་ལ་གཟུགས་ཀྱི་དངོས་པོ་ཡོངས་སུ་རྫོགས་པར་འགྲུབ་པ་བཞིན། མ་ཧཱ་ཡོ་ག་ནས་བཤད་པའི་མངོན་བྱང་ལྔ་ལ་སོགས་པའི་རྣམ་པ་དང་བསྐྱེད་ཆོག་རྒྱས་པའི་ཚིག་གི་སྤྲོས་པ་ལ་མ་བརྟེན་པར། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་ཤེས་པ་ལུང་ཆེན་ཨ་ནུའི་ལྟ་བ་ལས་མ་གཡོས་བཞིན་དུ། རྩལ་སྣང་སྙིང་རྗེའི་འཕེན་པ་གཏད་པས་དྲོད་གཤེར་སྐྱེས་རྣམས་གནས་ལུས་ལ་སྲེད་པའི་བག་ཆགས་སྦྱང་བའི་ཕྱིར། གང་བསྐྱེད་བྱའི་ལྷའི་སྙིང་པོ་བརྗོད་པ་ཙམ་གྱིས། དོན་དམ་ཤེས་རབ་ཀྱི་དབྱིངས་སྟོང་ཉིད་ཀུན་ཏུ་བཟང་པོའི་ཀློང་ནས། ཀུན་རྫོབ་བདེན་པའི་སྣང་ཆ་རྟེན་དང་བརྟེན་པའི་ལྷའི་ཕྱག་རྒྱ་ཡོངས་སུ་བསྒོམ་ཞིང་བདེ་སྟོང་དབྱེར་མེད་ཀྱི་ལམ་ལ་སློབ་པ་སྟེ། འདི་ལ་ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ་ཞེས་བྱའོ། །བཞི་པ་རྫུས་སྐྱེས་སྦྱོང་བྱེད་མན་ངག་ཨ་ཏི་ཡོ་གའི་དགོངས་པ་དང་མཐུན་པ་ཤིན་ཏུ་སྤྲོས་མེད་ཀྱི་བསྐྱེད་རིམ་ནི། སེམས་ཅན་རྫུས་ཏེ་སྐྱེ་བ་རྣམས་གསལ་སྟོང་གི་ཆ་ལ་རྣམ་ཤེས་ཞུགས་པ་ཙམ་གྱིས་ལུས་ཡོངས་སུ་རྫོགས་པར་གྲུབ་པ་ནི་དྲོད་གཤེར་སྐྱེས་ལས་ཀྱང་མྱུར་བ་ལྟར་དེ་སྦྱོང་བྱེད་ཀྱི་ལམ་ཡང་། རྡོ་རྗེ་དྲིལ་བུ་ལས། སེམས་ཅན་རྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་རྣམ་པར་བསྒོམ། །ཞེས་གསུངས་པ་ལྟར། འདི་ལྟར་སྣང་གྲགས་རྟོག་ཚོགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་སངས་རྒྱས་པས་མ་བསྐྱེད་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་རྩོལ་བྲལ་འབྲས་བུའི་ས་ལ་ད་ལྟ་ནས་གནས་པ་མན་ངག་ཨ་ཏི་ཡོ་གའི་ལྟ་བའི་ངང་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཆུ་ལས་ཉ་འཕར་བའི་ཚུལ་དུ་སྐད་ཅིག་གིས་གསལ་འདེབས་པ་སྟེ། རིག་འཛིན་འཇིགས་མེད་གླིང་པས། དབང་པོ་ཡང་རབ་རྣམས་ཀྱིས་རང་བཞིན་ཐེག་མཆོག་རྒྱལ་པོའི་ལྟ་བ་སྤྱི་འབྱམས་ཀྱི་རྩལ་སེམས་བསྐྱེད་ཀྱི་འཕེན་པའི་དབང་གིས་ཤིན་ཏུ་སྤྲོས་པ་མེད་པའི་བསྐྱེད་རིམ་ཆོ་ག་དང་ཚིག་གི་བྱ་བ་ལ་མ་ལྟོས་པར་སེམས་ཀྱི་རང་བཞིན་གདོད་ནས་ལྷ་ཡི་ཕྱག་རྒྱར་གསལ་ཞིང་རྫོགས་པ་དཔེར་ན་མེ་ལོང་ལ་གཟུགས་བརྙན་བཙན་ཐབས་སུ་ཤར་བ་ལྟར་བསྐྱེད་རྫོགས་དབྱེར་མེད་དུ་སྒོམ་པ་སྟེ་འདི་ལྟར། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་སྟེ། །དམ་ཚིག་ཡེ་ཤེས་གཉིས་མེད་པས། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་ལས་སྤྲུལ་ཞིང་རང་དབང་བསྐུར། །རང་རིག་རྩ་བ་གསུམ་དུ་གནས། །ཞེས་པ་སྟེ་གདོད་ནས་ལྷའི་རང་བཞིན་ཡེ་ཤེས་སྒྱུ་མར་རྫོགས་པ་རྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་ཏེ། ཀུན་མཁྱེན་གྱིས། ཇི་ལྟར་རྫུས་སྐྱེས་སྐད་ཅིག་སྣང་བ་བཞིན། །མིང་ལས་རིམ་བཞིན་བསྐྱེད་རྫོགས་སྒོམ་མི་དགོས། །ཞེས་སོ། །ཞེས་གསུངས་པ་ལྟ་བུ་སྟེ་རྩོལ་བྲལ་ཨ་ཏིའི་ལུགས་སོ། །སྤྱིར་བསྐྱེད་རྫོགས་ཟུང་འཇུག་གསུམ་པོ་རེ་རེ་ལའང་བསྐྱེད་རིམ་གྱི་བསྐྱེད་རིམ་ནས་ཟུང་འཇུག་གི་ཟུང་འཇུག་བར་གསུམ་རེ་ཡོད་པར་གསུངས་པས་ལྷའི་རྣམ་པ་ཞིག་གསལ་བ་ཐམས་ཅད་བསྐྱེད་རྫོགས་གཉིས་ཀྱི་ཟླས་ཕྱེ་བའི་བསྐྱེད་རིམ་ཡིན་མི་དགོས་སོ། །དེས་ན་རིམ་གཉིས་སུ་ཕྱེ་བའི་བསྐྱེད་རིམ་ནི་རིམ་པ་གཉིས་པའི་ཡེ་ཤེས་རྒྱུད་ལ་མ་སྐྱེས་པའི་གང་ཟག་གིས་དེའི་སྨིན་བྱེད་དུ་དང་པོ་བསྒོམ་པ་སྟེ་སྔགས་ཀྱི་ལྟ་བ་ལ་ངེས་པ་རྙེད་ནས་རྟོག་པའི་གཟུགས་བརྙན་ལྷའི་རྣམ་པར་ཤར་བ་ལ་གོམས་སུ་འཇུག་པ་ཡིན་ལ། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེས་ནས་ཡེ་ཤེས་ཀྱི་རྩལ་སྣང་ལྷའི་རྣམ་པར་ཤར་བ་ཡིན་པས་སློབ་པའི་ཟུང་འཇུག་གི་དངོས་རྒྱུའོ། །རྒྱུ་མཚན་དེ་ལྟ་བས་ན་ལས་དང་པོ་པས་བསྐྱེད་རིམ་བསྒོམ་པ་རྣམ་རྟོག་གི་གཟུགས་བརྙན་ཙམ་ཞིག་ཡིན་ཡང་ལྟ་བའི་གདེང་གིས་ཟིན་ནས་ཡེ་ཤེས་དངོས་དང་རྗེས་སུ་མཐུན་པ་ཞིག་མེད་ན་དེའི་རྒྱུ་དང་སྨིན་བྱེད་དུ་མི་འགྱུར་བས་ན་དེ་ཏིང་དང་དགོངས་པ་མི་འགྱུར་བའི་གཟེར་གཉིས་པོ་འདི་གལ་ཆེའོ། །དེས་ན་ཉམས་སུ་ལེན་རྒྱུའི་ཆོས་རིམ་པ་གཉིས་པོ་གཞུང་དང་ཆོ་གར་བསྟན་པ་དེ་ཙམ་གྱིས་དེ་དང་དེ་ཁོ་ནར་མི་འགྱུར་ཏེ་ལས་དང་པོ་པས་རྫོགས་རིམ་གྱི་ཡེ་ཤེས་ལ་མཉམ་པར་བཞག་ཀྱང་སེམས་ཀྱི་དམིགས་པ་ལས་མི་འདའ་ལ། རྟོགས་པ་མཆོག་ལྡན་གྱིས་བསྐྱེད་རིམ་གྱི་སྤྲོས་པ་བསྒོམས་ཀྱང་ཡེ་ཤེས་ཀྱི་རང་རྩལ་ཡིན་པའི་ཕྱིར་རོ། །རྫོགས་རིམ་གྱི་ཡེ་ཤེས་མ་སྐྱེས་པའི་གང་ཟག་གིས་རྩ་རླུང་དག་གཏུམ་མོ་སོགས་ཀྱི་སྐབས་སུ་ལྷའི་རྣམ་པ་གསལ་བ་ནི་དངོས་སུ་ལྷན་སྐྱེས་ཡེ་ཤེས་འཆར་བྱེད་ཡིན་པས་རྟོག་པའི་གཟུགས་བརྙན་ཡིན་ཡང་རྫོགས་རིམ་གྱི་ལྷ་སྐུར་བ སྡུ་བའོ། །ལྟ་དགོངས་མཐོན་པོར་གྱུར་པ་རྣམས་ཀྱིས་བསྐྱེད་རིམ་གྱི་སྤྲོས་པ་ཆེན་པོ་དག་བསྒོམ་པ་ནི་གདུལ་བྱའི་དབང་དང་། ཁྱད་པར་དཀྱིལ་འཁོར་དེ་དང་དེར་སློབ་མ་འཇུག་ཅིང་སྨིན་པའི་རྟེན་འབྲེལ་ཁྱད་དུ་མི་གསོད་པ་ཡིན་གྱི་རང་ལ་ཆེད་དུ་དགོས་པ་ནི་མ་ཡིན་ནོ། །ཞེས་མཁན་གུ་ཎས་གསུངས་སོ། །དེ་ཡང་ཐོག་མར་ལས་དང་པོ་པས་བསྐྱེད་རིམ་བསྒོམ་པའི་སྐབས་སུ་ལྷ་སྐུའི་གསལ་སྣང་ཐོན་པ་ན་དེ་ལྟར་གསལ་བའི་ལྷ་དེ་དང་པོ་གང་ནས་བྱུང་། ད་ལྟ་གང་དུ་གནས། མཐར་གང་དུ་འགྲོ། རང་གི་ངོ་བོ་ཇི་ལྟ་བུ་ཞེས་བརྟགས་ན། དེ་ཉིད་དང་པོ་གང་ནས་ཀྱང་མ་འོང་། མཐར་གང་དུའང་མི་འགྲོ། ད་ལྟ་གང་ལའང་གནས་པ་མེད་དེ་རང་སེམས་ཀྱི་སྣང་ཆར་ཤེས་འོང་། དེའི་ཚེ་སེམས་རང་གི་ངོ་བོ་ལའང་དེ་བཞིན་དུ་བརྟགས་པས་རང་གི་སེམས་ཉིད་སྐྱེ་འགག་གནས་གསུམ་གྱི་མཚན་མས་གདོད་ནས་སྟོང་པའི་གནས་ལུགས་ཉིད་གོ་ཡོང་དེ་ལྟར་གོ་ན་བསྐྱེད་རིམ་གྱི་ལྷ་སྐུ་དང་རང་སེམས་དབྱེར་མེད་ཆུ་ཟླའམ་འཇའ་ཚོན་ལྟ་བུ་སྣང་ལ་རང་བཞིན་མེད་པ་ཟུང་འཇུག་གི་གནད་གསང་ཞིག་རིག་འོང་། དེ་རིག་ན་སྣང་སྤྱོད་ཐམས་ཅད་ལ་བསྲེ་ཞིང་རྩལ་སྦྱངས་པས་རིམ་གྱིས་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུའི་བསྐྱེད་རིམ་གསལ་སྟོང་འཛིན་བྲལ་དུ་ཤར་བ་དང་བསྒོམ་བྱའི་ལྷ་དང་བླ་མ་རང་སེམས་གསུམ་དབྱེར་མེད་པའི་གནད་ལ་གོ་མྱོང་ཅི་རིགས་པར་སྐྱེ་རྒྱུ་ཡོད་འདུག་པ་ནི་རང་གིས་ཀྱང་ཕྱོགས་ཙམ་མྱོང་བའི་གཏམ་སྟེ་ད་ལྟའི་རྡོ་རྗེའི་མཆེད་པོ་རྣམས་དང་ཕྱི་རབས་ཀྱི་བསྙེན་སྒྲུབ་བྱེད་པ་པོ་རྣམས་ལ་ཕན་སེམས་ཀྱིས་འདིར་སྨྲས་པ་ཡིན་ནོ། །དེ་ལྟར་སྐྱེ་གནས་བཞིའི་རིམ་པ་དང་སྦྱར་ནས་བསྐྱེད་རིམ་སྒོམ་ཚུལ་བཞིར་བྱུང་བ་རྣམས་གཙོ་བོ་རང་རང་གི་སྐྱེ་བ་གང་གིས་བསྡུས་པ་དང་བྱེ་བྲག་རང་རང་གི་བློ་ཚོད་དང་མཐུན་པར་བསྒོམ་པར་བྱ་བ་ཡིན་ཏེ། ཀུན་མཁྱེན་ཆོས་རྗེས། དེ་ལྟར་སྒོམ་ཚུལ་རྣམ་པ་བཞི་ཉིད་ཀྱང་། །གཙོ་བོར་སྐྱེ་བ་གང་བསྡུས་དེས་བསྒོམས་ལ། །བག་ཆགས་སྦྱོང་ཕྱིར་ཀུན་གྱིས་དེ་བཞིན་བསྒོམ། །ཁྱད་པར་ལས་དང་པོ་ཡིས་སྒོང་སྐྱེས་བཞིན། །ཉུང་ཟད་བརྟན་པས་མངལ་སྐྱེས་བཞིན་སྒོམ་ལ། །བརྟན་པ་ཆེ་བས་དྲོད་གཤེར་སྐྱེས་བཞིན་སྒོམ། །ཤིན་ཏུ་གོམས་པ་ཡང་དག་བརྟན་པ་ཡིས། །བརྫུས་སྐྱེས་བཞིན་དུ་སྐད་ཅིག་དཀྲོང་བསྐྱེད་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་བྱེ་བྲག་རྡོ་རྗེའི་ཆོ་ག་སུམ་བསྐྱེད་དང་སྦྱར་བ་ནི། འདི་ལ་འོག་མིན་བགྲོད་པའི་ཐེམ་སྐས་སུ། ཐོག་མར་ཕྱག་མཚན་ནས་བསྒོམ་པར་གསུངས་ཀྱང་། འདིར་ཡོངས་གྲགས་སྤྱི་ལྟར་སྦྱར་ན། སྔ་འགྱུར་གཏེར་མའི་ཕྱོགས་འདིར་མངལ་སྐྱེས་སྦྱོང་བྱེད་བསྡུས་པ་འདི་ཉིད་མང་ཞིང་དེ་ལྟ་ན། །འདིའི་སྦྱང་བྱ་བར་དོའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ནས་རིམ་གྱིས་ལུས་རྫོགས་པ་དང་མཐུན་པར། གདན་ཉི་མ་མའི་རྡུལ། ཟླ་བ་ཕའི་ཁུ་བ། ས་བོན་རྒྱུའི་ཏིང་ངེ་འཛིན་ཡི་གེ་གདན་ལ་བབས་པ་བར་དོའི་རྣམ་ཤེས་མའི་མངལ་དུ་དཀར་དམར་ཚོགས་པ་ལ་འཇུག་མ་རག་གི་གནས་སྐབས་དེ་ཡིན། ས་བོན་ལྷ་གང་ཡིན་གྱི་ཕྱག་མཚན་དུ་བསྒྱུར་བ་ནི་ཁམས་དཀར་དམར་གྱི་དབུས་སུ་རྣམ་ཤེས་ཞུགས་ནས་ཁུ་རྡུལ་སེམས་གསུམ་གཅིག་ཏུ་འདྲེས་པ་དེ་སྦྱོང་། དེ་ལས་འོད་ཟེར་སྤྲོ་བསྡུ་ནི་མངལ་གྱི་ལུས་དེ་ཉིད་འབྱུང་བ་བཞིའི་བྱེད་ལས་ཀྱིས་ཕུང་ཁམས་སྐྱེ་མཆེད་རིམ་གྱིས་གྲུབ་པ་དང་། ཕྱག་མཚན་དེ་ཡོངས་སུ་གྱུར་པ་ལས་སྐུ་ཡོངས་སུ་རྫོགས་པ་ནི་མངལ་གྱི་སེམས་ཅན་དེ་རྣམས་ལུས་རྫོགས་ནས་བཙས་པའི་བར་གྱི་བག་ཆགས་རྣམས་སྦྱོང་བར་བྱེད་པ་ཡིན་ལ། དེ་ལྟར་བསྐྱེད་ཚུལ་འདིས་སྐྱེས་ནས་གཞན་གྱི་བག་ཆགས་ཀྱང་ཞར་ལ་སྦྱོང་བར་ནུས་ཏེ་སྒོང་སྐྱེས་ལ་ས་བོན་ནི་དྲི་ཟའི་སེམས། ཕྱག་མཚན་ནི་མངལ་དུ་ཁུ་ཁྲག་གི་དབུས་སུ་ཞུགས་པ། སྤྲོ་བསྡུས་ཡོངས་སུ་གྱུར་པའི་གོང་བུ་ནི་སྒོ་ངར་གྱུར་པ་དེ་ལས་སྐུར་གྱུར་པ་ནི་སྒོ་ང་དེ་ལས་གཟུགས་སུ་སྨིན་པ་སྦྱོང་བར་བྱེད། དེ་བཞིན་དུ་དྲོད་གཤེར་ལ་གདན་གྱི་ཉི་མ་དྲོད། ཟླ་བ་གཤེར། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་དང་སྐུ་རྫོགས་པ་ནི་དེ་གསུམ་འདུས་པ་ལས་དྲོད་གཤེར་གྱི་དབུས་ནས་ལུས་གྲུབ་པ་དེ་སྦྱོང་། རྫུས་སྐྱེས་ལ་གདན་ནི་སྐྱེ་གནས། ས་བོན་ཕྱག་མཚན་ནི་བར་དོའི་རླུང་སེམས། སྤྲོ་བསྡུ་ནི་གནས་ལུས་ལ་སྲེད་པ་དང་ལེན་པའི་མཐུས་གསོས་བཏབ་པ། སྐུ་རྫོགས་པ་ནི་ལུས་སྐད་ཅིག་གིས་འགྲུབ་པ་དེ་མཚོན་ཞིང་སྦྱོང་བར་བྱེད་དོ། །སྦྱངས་འབྲས་ནི་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་པ་ན་ལྷུམས་སུ་ཞུགས་ནས་བལྟམས་པའི་ཚུལ་བར་གྱི་མཛད་པ་དེའོ། །སྦྱོང་བྱེད་ནི་ནམ་མཁར་གནས་པའི་རྒྱུ་ཡི་ས་བོན་གྱི་ཡི་གེ་ཉིད་གདན་གྱི་སྟེང་དུ་བབས་པ་ནི་གསུང་ཡིག་འབྲུའི་ཆོ་ག དེ་རིགས་ཀྱི་ཕྱག་མཚན་གང་ཡིན་ལ་སྙིང་པོ་ས་བོན་གྱི་ཡི་གེས་མཚན་པར་གྱུར་པ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་འོད་ཟེར་གྱི་ཚུལ་དུ་ཕྱག་མཚན་ས་བོན་དང་བཅས་པ་ལ་ཐིམ་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་གའོ། །ཕྱག་མཚན་ས་བོན་དང་བཅས་པ་དེ་ཡོངས་སུ་གྱུར་པ་ལས་འབྲས་བུའི་རྡོ་རྗེ་འཛིན་པ་བསྐྱེད་བྱའི་ལྷ་གང་ཡིན་གྱི་སྐུ་མཚན་དཔེ་གསལ་རྫོགས་སུ་གྱུར་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་ཡིན་ཞིང་། འདི་ནི་སྐྱེ་སྲིད་དག་པ་སྤྲུལ་པའི་སྐུར་ལམ་དུ་ཁྱེར་བ་སྟེ། དེས་ལམ་གོང་མའི་ཚེ་གདན་གྱི་པདྨ་ལ་གནས་པའི་ཉི་ཟླ་ཁ་སྦྱོར་ནི་དབུ་མའི་རྩ་འཁོར་གྱི་མདུད་པའི་གནས་རྣམས་སུ་བདེ་དྲོད་འབར་འཛག་གི་ཁ་སྦྱོར་བ། ས་བོན་དང་ཕྱག་མཚན་ནི་རླུང་སེམས་ངྷཱུ་ཏིར་ཐིམ་པ། སྤྲོ་བསྡུས་ཡོངས་སུ་གྱུར་པ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་རང་བཞིན་ལྷན་སྐྱེས་ཀྱི་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་འགྲུབ་རུང་དུ་མཚོན་པས་ན་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོའོ། །འདི་ནི་གཙོ་བོ་རྐྱང་པའི་དབང་དུ་བྱས་པ་སྟེ། གཞན་ཡང་ཡན་ལག་གི་ལྷ་བསྐྱེད་པའི་དབང་དུ་བྱས་ན། གཙོ་བོའི་སྐུ་རྫོགས་པར་བསྒོམ་པ། ཡུམ་གྱི་ས་བོན་བསྐྱེད་པ། དེ་ལས་ཡུམ་བསྒོམ་པ། སེམས་དཔའ་སུམ་བརྩེགས་བསྒོམ་པ། རིགས་བདག་གི་རྒྱས་འདེབས་བཅས་ལྔ་པོ་ཡོད་པ་རྣམས་ལ། དེ་ལྔས་རིམ་པར་གཞི་དུས་སུ་བྱིས་པ་བཙས་པ། ནར་སོན་ནས་འདོད་པའི་ཚོར་བས་གདུངས་ཏེ་དོན་དུ་གཉེར་བ། ཆུང་མ་ལེན་པ། སྒོ་གསུམ་གྱི་ནུས་པ་རིམ་གྱིས་འཕེལ་བ། རང་རིགས་ཀྱི་བྱ་བ་ལ་དབང་བསྒྱུར་བ་རྣམས་སྦྱོང་བ་དང་། འབྲས་དུས་སུ་སངས་རྒྱས་སྤྲུལ་པའི་སྐུ་བལྟམས་པ་དང་བྱང་ཆུབ་དོན་དུ་གཉེར་བས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ་དང་། དེ་ལས་བཞེངས་ཏེ་བྱང་ཆུབ་སྙིང་པོར་གཤེགས་པ་དང་། བདུད་བཏུལ་ཏེ་བསམ་གཏན་བསྐྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་རྣམས་ཡིན་ལ། ལམ་གོང་མའི་ཚེ་བདེ་སྟོང་ཡེ་ཤེས་ཀྱི་ལྷ་སྐུར་གྲུབ་པར་བྱ་བའི་ཕྱིར། བདེ་རླུང་སེམས་ལས་ལྷ་སྐུར་ལྡང་བ་དང་། དེ་ནས་མཆོག་གི་དངོས་གྲུབ་དོན་དུ་གཉེར་བའི་འདོད་པས་ཕྱག་རྒྱ་གཉིས་གང་རུང་ལ་བསྟེན་པ་དང་། དེས་ལྷན་སྐྱེས་ཀྱི་ཡེ་ཤེས་རིམ་གྱིས་གོམས་པར་བྱེད་པ་དང་། དེས་མཆོག་གི་དངོས་གྲུབ་ལ་མྱུར་དུ་སྦྱོར་བའི་གཞི་འདིང་བས་ན་སྨིན་བྱེད་དུ་འགྲོའོ། །དེ་བཞིན་དུ་འཁོར་བསྐྱེད་པ་ཡོད་པ་རྣམས་ལ། སྦྱང་བྱ་ནི། བྱིས་པ་དེས་བུ་དང་བུ་མོ་བསྐྱེད་པ་སྦྱོང་བར་བྱེད། སྦྱངས་འབྲས་ནི་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོས་དགྱེས་པའི་རོལ་མོའི་སྤྲིན་ལས་སྤྲུལ་པ་མཐའ་ཡས་པ་སྤྲོས་པ་དང་། འཁོར་རྣམས་བྱང་ཆུབ་ཀྱི་གོ་འཕང་ལ་བཀོད་པས་རང་རིགས་སུ་བསྐྱེད་པ་མཚོན་ཅིང་། སྦྱོང་བྱེད་འཁོར་གྱི་ས་བོན་ནས་ལྷར་བསྒོམ་པ་སོགས་ཏེ་བྱེ་བྲག་རང་རང་གི་གཞུང་གི་དགོངས་པ་དང་བསྟུན་པ་ལས་འདིར་བརྗོད་པར་མི་ནུས་སོ། །གསུམ་པ་བསྐྱེད་པ་ལྷ་ཡི་མཚན་ཉིད་ནི། ཡི་དམ་གང་ལ་བརྟེན་པའི་མངོན་རྟོགས་ལྟར་བསྒོོམ་པར་བྱ་བ་ལས་འདིར་མཐའ་གཅིག་ཏུ་ངེས་བཟུང་བྱར་མེད་ཀྱང་། སྤྱི་ཙམ་དུ་བསྒོམ་བྱའི་ལྷ་ཞི་བ་དང་ཁྲོ་བོ་གཉིས་སུ་ངེས་པས། ཞི་བ་རྣམས་ལ། ཞི་ཚུལ་དགུ་དང་། སྔ་འགྱུར་ཕལ་ཆེར་ལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་སོགས་དང་། ཁྲོ་བོ་རྣམས་ལ་གར་གྱི་ཉམས་དགུ་དང་། དཔལ་དང་དུར་ཁྲོད་དྲག་པོའི་ཆས་སོགས་ཏེ། དེ་ལ་ཞི་ཚུལ་དགུ་ནི། ང་རྒྱལ་མ་སྤངས་གནས་སུ་དག་པའམ་སྐྱེ་བ་དག་པ་མཚོན་བྱེད་སྐུ་ཤ་དང་ཕྱག་ཞབས་མཉེན་ཤ་ཆགས་པ། དེ་བཞིན་དུ་ཞེ་སྡང་དང་ན་བ་གནས་སུ་དག་པས་དཀུ་སྐབས་བྱེད་ཅིང་རིམ་པར་འཚམས་པས་ལྕུག་པ། འདོད་ཆགས་དང་འཆི་བ་གནས་སུ་དག་པས་ཐབས་ཤེས་ཕན་ཚུན་འཁྲིལ་བའམ་འཁྲིལ་བག་ཆགས་པས་ལྷོད་པོར་མ་གྱུར་པ། ཕྲག་དོག་དག་པས་སྐུ་དྲངས་ཤིང་ཚིགས་མཚམས་སོགས་འཕྲུལ་ལྡེ མ་ཆགས་པ། གཏི་མུག་དང་རྒ་བ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་ཏེ་ངོ་བོའི་ཡོན་ཏན་ལྔ་དང་། མ་རིག་པ་སྤངས་པས་སྐུ་གཙང་ཞིང་ཁ་དོག་མ་འདྲེས་པར་གསལ་བ། ཟད་པར་གྱི་སྐྱེ་མཆེད་རྫོགས་པའམ་ཡེ་ཤེས་རྒྱས་པས་བཀྲག་ཅིང་མུ་མེད་པའི་འོད་ཟེར་འཕྲོ་བས་འཚེར་བ། མཚན་གྱི་མེ་ཏོག་ལ་དཔེ་བྱད་བཟང་པོའི་འབྲས་བུ་ཡོངས་སུ་རྫོགས་པར་བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྟུག་པ། ཆེ་བའི་ཡོན་ཏན་རྫོགས་པས་གདུལ་བྱ་རྣམས་ཟིལ་གྱིས་གནོན་པའི་གཟི་བྱིན་དང་ལྡན་པ་སྟེ་རྣམ་པའི་ཡོན་ཏན་བཞི་བཅས་དགུའོ། །རྒྱན་ཆས་བཅུ་གསུམ་ལས། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་ནི། སྐུ་རྒྱབ་ཏུ་དར་མཐིང་ཁྲའི་ཟིལ་དིར་ཐུར་དུ་དཔྱང་བ། སྙན་གོང་དུ་དར་སྣ་ལྔ་ཡི་ཅོད་པཎ་ནམ་དར་དཔྱངས་འཕུར་བ། དཔུང་པའི་སྟོད་ཙམ་དུ་སླེབ་པའི་གར་གྱི་ཕུ་དུང་འདུང་མ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་ཚི་གུ་ནི་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་ཏེ་འདི་ལ་འབའ་ཏི་སྨུག་པོའི་ཤམ་ཐབས་བྱས་པའང་སྣང་ངོ་། །འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་ནི། དབུ་ལ་རིན་པོ་ཆེའི་དབུ་རྒྱན་ཟེ་སྲོག་ཁང་པ་ནོར་བུའི་རྩེ་བྲན་ཅན། སྙན་གཉིས་སུ་རིན་པོ་ཆེའི་སྙན་རྒྱན་ནོར་བུའི་ཕྲ་ཚོམ་ཅན། རིན་པོ་ཆེ་སྣ་ཚོགས་པ་སྤེལ་མར་བརྒྱུས་པའི་མགུལ་རྒྱན་ཐུང་ངུ་། རྒྱུ་དེ་མཚུངས་ནུ་སྟེང་ཙམ་དུ་སླེབ་པའི་སེན་མོ་དོ། ལྟེ་འོག་ཏུ་སླེབ་པའི་དོ་ཤལ་ཏེ་རིམ་པ་གསུམ། དཔུང་རྒྱན་རིན་པོ་ཆེའི་ཕྲ་ཚོམ་ཅན། ཕྱག་གདུབ་གཉིས་དང་། ཞབས་གདུབ་གཉིས་དང་། ཕྱག་ཞབས་ཀྱི་སོར་མོའི་གདུབ་བུ་རྣམས་བཀོད་པ་དེ་མཚུངས། སྐ་རགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པར་བྱས་པ་སྟེ། འདི་ལ་དོ་ཤལ་དང་སེ་མོ་དོ་གཉིས་གཅིག་ཏུ་བྱས་པ་དང་། ཡང་ཕྱག་ཞབས་ཀྱི་གདུ་བུ་རྣམས་གཅིག་ཏུ་བྱས་ཏེ་སོར་གདུབ་ཐ་དད་དུ་བགྲང་བ་དང་། ཡང་སོར་གདུབ་མེད་པའི་སྔ་མ་བརྒྱད་སོ་སོར་བགྲང་བ་སོགས་བརྩི་ཚུལ་འདྲ་མིན་ཅུང་འདུག་ཀྱང་དོན་ལ་གོང་གི་དེ་རྣམས་སོ། །གཞན་ཡང་བྱང་ཆུབ་ཡན་ལག་བདུན་མཚོན་བྱེད། རིན་པོ་ཆེའི་དོ་ཤལ་དྲན་པ། དབུ་རྒྱན་ཆོས་རབ་རྣམ་འབྱེད། གདུ་བུ་བརྩོན་འགྲུས། སྙན་ཆ་ཤིན་སྦྱངས། དཔུང་རྒྱན་ཏིང་ངེ་འཛིན། སེ་མོ་དོ་བཏང་སྙོམས། མེ་ཏོག་གི་ཕྲེང་བ་དགའ་བ་རྣམས་དང་། ཡབ་ལ་རུས་པའི་རྒྱན། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་འཁོར་ལོ་བརྩོན་འགྲུས། སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཏེ་སེ་ར་ཁར་གྲགས་པ་ཤེས་རབ་སྟེ་ཕར་ཕྱིན་དྲུག་དང་སྦྱར་བ་དང་། ཡུམ་རྣམས་ཀྱང་མཚན་མའི་རྟོག་པའི་སྒྲིབ་གཡོགས་དང་བྲལ་བ་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབྱིངས་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཆོས་དབྱིངས་མཚོན་བྱེད་རུས་པའི་འཁོར་ལོ། མགུལ་རྒྱན་མཉམ་ཉིད། རྣ་ཆ་སོར་རྟོག གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། སྟོང་ཉིད་དང་སྙིང་རྗེ་མི་འབྲལ་བའི་བརྡར་ཡབ་ཡུམ་གཉིས་སྐུ་ལུས་ཕན་ཚུན་འཁྲིལ་བ། ཟག་མེད་ཀྱི་དགའ་བ་ཆེན་པོ་སྤྲོས་བྲལ་དང་རོ་གཅིག་པའི་བརྡར་ཞལ་སྦྱོར་ཞིང་ཕན་ཚུན་མཆུ་སྒྲོས་འཇིབ་པ། ཞི་ལྷག་ཟུང་དུ་འཇུག་པའི་བརྡར་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བས་གཉིས་སུ་མེད་པར་བཞུགས་པ་ལ་སོགས་པའོ། །དེ་བཞིན་དུ་ཁྲོ་བོ་ལ། གར་གྱི་ཉམས་དགུ་ལས། སྒེག་པ་ནི་ཆགས་ཉམས་ཏེ་རྒྱན་གྱིས་བརྒྱན་ཅིང་ཡབ་ཡུམ་འཁྲིལ་བ་སོགས་འཆོར་སྒེག་སྟེ་རྣམ་སྣང་གི་ངོ་བོ་དང་། དཔའ་བ་ནི་ཁྲོ་ཉམས་ཏེ་སྟོབས་དང་ལྡན་པས་ཐུབ་པར་དགའ་བ་རིན་འབྱུང་། མི་སྡུག་པ་ནི་རྨོངས་ཉམས་ཏེ་མཐོང་བ་ཙམ་གྱིས་འཇིགས་པར་བྱེད་པ་མི་བསྐྱོད་པ་སྟེ། དེ་གསུམ་ནི་སྐུ་ཡི་ཉམས་སོ། །བཞད་པ་ནི་ཆགས་དགྱེས་དྲེགས་པའི་རྒྱུ་ལས་བྱུང་བ་ཧ་ཧ་དང་ཧི་ཧི་སོགས་བཞད་པའི་གད་མོ་འབྱིན་པ་སྟེ་འོད་དཔག་མེད། དྲག་ཤུལ་ནི་ཟུངས་ཤིག་རྒྱོབ་ཅིག་སོགས་ཚིག་རྩུབ་མོས་གཤེ་བ་སྟེ་དོན་གྲུབ། འཇིགས་རུང་ནི་འབྲུག་སྒྲ་ལྟར་ཆེམ་པའི་ང་རོ་དྲག་པོ་སྒྲོག་པ་བཟོད་པར་དཀའ་བ་སྟེ་མཱ་མ་ཀཱི། དེ་གསུམ་ནི་གསུང་གི་ཉམས་སོ། །སྙིང་རྗེ་ནི་དམིགས་པ་མེད་པའི་ཐུགས་རྗེས་རྨོངས་པའི་འགྲོ་ཁམས་རྗེས་སུ་འཛིན་པ་སྟེ་དམ་ཚིག་སྒྲོལ་མ། རྔམས་པ་ནི་མ་རུངས་པའི་སེམས་ཅན་ཁྲོ་བས་འདུལ་བའི་ཕྱིར་ཁྲོ་ཆགས་ཀྱིས་ཐུགས་ཚོམ་པ་ལྟ་བུས་ཅི་ཡང་ནུས་པ་སྟེ་གོས་དཀར་མོ། ཞི་བ་ནི་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པའི་རྣམ་པར་མི་རྟོག་པའི་ཐུགས་ཏེ་བྱན་མའི་རང་བཞིན། དེ་གསུམ་ནི་ཐུགས་ཀྱི་ཉམས་ཏེ་དེ་ལྟར་དགུའོ། །དཔལ་གྱི་ཆས་བརྒྱད་ནི་དཔལ་ཆེན་པོའི་སྐུ་ལ་ཡེ་ནས་རང་ཆས་སུ་གནས་པའི་ཕྱིར་དཔལ་གྱི་ཆས་ཏེ། འདི་ལ་ངོས་འཛིན་གྱི་ཁྱད་པར་ཅུང་ཟད་མི་མཐུན་པ་འགའ་ཞིག་ཡོད་པར་མཐོང་མོད། རྟོག་པ་ལྷ་རྒྱུད་ལྟར་ན། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པར་རིག་པའི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། གནོད་གདུག་ཟློག་བྱེད་དཔའ་བོ་ལྗགས་ཀྱི་ཆས། །ཉོན་མོངས་སྲེག་བྱེད་རྡོ་རྗེ་མེ་ཡིས་ཆས། །ཞེས་དོན་རྟགས་བཅས་གསལ་བར་གསུངས་སོ། །དུར་ཁྲོད་ཀྱི་ཆས་བརྒྱད་ནི། རྒྱལ་བྱེད་དཔའ་རྟགས་ཀྱི་རྒྱན་ཏེ། སྔོན་བྱུང་རུ་ཏྲ་བསྒྲལ་བའི་ལོངས་སྤྱོད་ཀྱི་ཆས་རྣམས་དཔལ་ཆེན་པོའི་སྐུ་ཡི་རྒྱན་དུ་བཞེས་པ་སྟེ། དེ་ཡང་བགོ་བའི་གོས་གསུམ། འདོགས་པའི་རྒྱན་གཉིས། བྱུགས་པའི་རྩི་གསུམ་ལས། དང་པོ་གསུམ་ནི། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས་རྣམས་སོ། །གཉིས་པ་གཉིས་ནི། ཐོད་པ་དང་སྦྲུལ་རྒྱན་ཏེ། ཐོད་པ་ལ། སྐམ་པོ་ལྔ་ཡི་དབུ་རྒྱན། རློན་པ་ལྔ་བཅུའི་དོ་ཤལ། ཚལ་བུའི་དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ་སོགས་སོ། །སྦྲུལ་རྒྱན་ལ། ཀླུ་རྒྱལ་རིགས་དཀར་པོའི་སྐྲ་ཆིངས། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུ། དམངས་རིགས་ལྗང་གུའི་ཕྱག་ཞབས་ཀྱི་གདུ་བུ། གདོལ་པའི་རིགས་ནག་པོའི་དོ་ཤལ་ཏེ་ཐམས་ཅད་གདུག་པ་སྦྲུལ་གྱི་རྣམ་པ་ཅན་ནོ། །གསུམ་པ་གསུམ་ནི། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། འཁུར་ཚོས་སམ་འབུར་གསུམ་ལ་རཀྟའི་ཐིག་ལེ། ཨོག་མར་ཞག་གི་ཟོ་རིས་རྣམས་སོ། །ལྷ་ཞི་མ་ཁྲོའི་རིགས་ཁ་ཅིག་ལ། མཁྱེན་པའི་སྟོབས་བཅུས་གཏི་མུག་འཇོམས་པའི་བརྡར་གླང་ཆེན་གྱི་པགས་པས་སྟོད་གཡོགས། དཔའ་བརྟུལ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་དར་དཔྱངས་ཀྱིས་བརྒྱན་པ་དང་། ང་རྒྱལ་བཅོམ་པའི་བརྡར་ཐོད་སྐམ་ལྔ་སངས་རྒྱས་ལྔའི་བདག་ཉིད་ཅན་གྱི་དབུ་རྒྱན། ཕྲག་དོག་བཅོམ་པས་སེམས་བྱུང་ལྔ་བཅུ་རྣམ་པར་དག་པའི་བརྡར་མགོ་རློན་ལྔ་བཅུ་ཕྲེང་བར་བརྒྱུས་པའི་དོ་ཤལ། ཕར་ཕྱིན་དྲུག་གི་རང་བཞིན་རུས་པའི་ཕྱག་རྒྱས་སྐུ་ལ་བརྒྱན་པ་སོགས་ཏེ་རང་གཞུང་ནས་ཇི་སྐད་བསྟན་པ་བཞིན་བསྒོམ་པར་བྱའོ། །གཉིས་པ་བྱིན་གྱིས་རློབ་ཅིང་དབང་བསྐུར་བ་ལ་གཉིས་ལས། དང་པོ་བྱིན་གྱིས་རློབ་པ་ལ། སྦྱང་བྱ་ནི། བྱིས་པ་དེ་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་པའི་རྩལ་ནར་སོན་པ་སྦྱོང་བར་བྱེད། སྦྱངས་འབྲས་ནི། སངས་རྒྱས་པ་ན་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ལ་མངའ་བརྙེས་པ་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། དམ་ཚིག་གི་འཁོར་ལོ་བསྐྱེད་ཟིན་པའི་དཀྱིལ་འཁོར་གྱི་ལྷ་གཙོ་འཁོར་རྣམས་ཀྱི་སྤྱི་བོ་དུང་ཁང་གི་འཁོར་ལོར་ༀ་དཀར་པོར་གསལ་ཞིང་འབར་བ་སྐུ་རྡོ་རྗེ་དང་། མགྲིན་པའི་འཁོར་ལོར་ཨཱཿཡིག་དམར་པོར་འབར་ཞིང་གསལ་བ་གསུང་རྡོ་རྗེ། སྙིང་གར་གཙོ་བོ་ཡབ་ཡུམ་གྱི་ཡེ་ཤེས་སེམས་དཔའི་མདུན་དང་། གཞན་རྣམས་ཀྱི་ཐུགས་སྲོག་ས་བོན་གྱི་མདུན་ཕྱོགས་སུ་ཧཱུྃ་མཐིང་ག་གསལ་ཞིང་འབར་བ་ཐུགས་རྡོ་རྗེ་སྟེ། འདི་ལ་གནས་གསུམ་སོ་སོར། འཁོར་ལོ་པདྨ་རྡོ་རྗེར་སྒོམ་པའི་དབུས་སུ་ཡིག་འབྲུ་བསྒོམ་པ་དང་། རྣམ་སྣང་། སྣང་མཐའ། མི་བསྐྱོད་པའི་སྐུར་བསྒོམ་པ་སོགས་ཀྱི་དབྱེ་བ་ཡོད་དེ་རང་གཞུང་དང་བསྟུན་ནོ། །གང་ལྟར་ཡང་ལུས་ངག་ཡིད་གསུམ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་མོས་པ་བརྟན་པོས་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཞིང་། ལམ་གོང་མའི་དུས་ན་ཁུ་རྡུལ་རླུང་གི་ཁམས་གསུམ་སྐུ་གསུང་ཐུགས་ཏེ། དེ་རྣམས་ཀྱི་སྙིགས་མ་ཟད་ནས་དྭངས་མ་འཕེལ་བ་ལས་བྱུང་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གཉིས་པ་དབང་བསྐུར་བ་ལ། སྦྱང་བྱ་ནི། བྱིས་པ་དེ་རྩ་ཁམས་འཕེལ་བས་ཉོན་མོངས་པའི་རྣམ་རྟོགས་རགས་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི། སངས་རྒྱས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་དེ་ཡིན་ཞིང་། སྦྱོང་བྱེད་ནི། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོ། དཔྲལ་བ། རྣ་ལྟག་གཡས། ལྟག་པ། རྣ་ལྟག་གཡོན་ཏེ་མགོ་བོའི་གནས་ལྔར་རང་རང་གི་རིགས་ཀྱི་བདག་པོ་གཙོ་བོར་བྱས་ཏེ་དབུས་སུ་བཞག་པའི་ཤུལ་དུ་རྣམ་སྣང་ཉིད་བྱས་པའི་སྔགས་དང་ཕྱག་རྒྱས་དབང་བསྐུར་བ་སྟེ། བསྐུར་ཚུལ་ས་བོན་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་ཡེ་ཤེས་ལྔ་ཡི་རང་བཞིན་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས་པས་རང་གི་ལུས་གང་། སྒྲིབ་པ་བྱང་། དུག་ལྔ་ཡེ་ཤེས་ལྔར་དག་པར་བྱས། ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་རང་ཆས་སུ་བཞུགས་པ་ལ་ཐིམ་པས་ཐོབ་བྱ་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་ང་རྒྱལ་འཛིན་པ་སྟེ། འདི་ལའང་དབང་ལྷ་རྣམས་སྤྱན་དྲངས་ཤིང་དབང་བསྐུར་བ་སོགས་ཀྱི་རྣམ་བཞག་ཡོད་དེ་སྐབས་དང་བསྟུན་ནོ། །དེས་རྫོགས་རིམ་གྱི་སྐབས་སུ་དགའ་བཞི་ལུགས་འབྱུང་ལྡོག་གི་རིམ་པས་དུག་ལྔ་ཡེ་ཤེས་ལྔར་དབང་བསྐུར་ཞིང་རླུང་སེམས་གཙུག་ཏོར་དུ་ཐིམ་པའི་རྒྱུ་བྱེད་པས་ལམ་གོང་མའི་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །གསུམ་པ་ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་ནི། འདིའི་སྦྱང་བྱ་ནི། བྱིས་པ་དེ་རང་དང་རིགས་མཐུན་པའི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པ་དེ་སྦྱོང་བར་བྱེད། སྦྱངས་འབྲས་ནི། སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་གྱུར་པར་དགོངས་པ་གཉིས་སུ་མེད་པར་རོ་མཉམ་པ་ཉིད་ཡིན་ཅིང་། སྦྱོང་བྱེད་ནི། ཡེ་ཤེས་སྤྱན་དྲངས་ཤིང་སྟིམ་པར་བྱེད་པ་སྟེ། འདི་ལ་གཉིས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་དང་། བཞུགས་སུ་གསོལ་བའོ། །དང་པོ་ནི། བདག་དམ་ཚིག་སེམས་དཔའི་ཐུགས་སྲོག་ས་བོན་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་སྐུ་མཉམ་པ་ཆེན་པོ་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གང་འདུལ་ཕྱག་རྒྱའི་རོལ་གར་རྟེན་དང་བརྟེན་པར་བཅས་པ་བསྒོམ་པའི་དཀྱིལ་འཁོར་གྱི་ལྷ་དེའི་རྣམ་པར་བཞེངས་ཏེ་མདུན་གྱི་ནམ་མཁར་མངོན་སུམ་དུ་བྱོན་པར་མོས་ཏེ། ཁྱད་པར་གྱི་རྫས་བསྲེགས་པའི་སྤོས་བཏུལ་ཞིང་། རོལ་མོ་སྣ་ཚོགས་པའི་སྒྲ་དང་བཅས་ཏེ། ཡིད་རྩེ་གཅིག་པའི་དད་པས་སྤྱན་འདྲེན་གྱི་ཚིག་དབྱངས་སྙན་པོས་བརྗོད་ཅིང་བདག་དམ་ཚིག་པའི་དཀྱིལ་འཁོར་བསྒོམ་པའི་སྟེང་གི་ནམ་མཁར་སྲུང་འཁོར་གྱི་མེ་རི་འདབ་འབྱར་ཙམ་དུ་བཞུགས་པར་བསྒོམ་པའོ། །གཉིས་པ་བཞུགས་སུ་གསོལ་བ་ནི། དེ་ལྟར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ལྷ་རྣམས་དམ་ཚིག་གི་འཁོར་ལོར་བཞུགས་སུ་གསོལ་བ་སྟེ། སྤྱི་ཙམ་དུ་ཛཿཧཱུྃ་བཾ་ཧོཿཞེས་བརྗོད་པས། ཛཿས་དམ་ཚིག་པ་ལ་ཡེ་ཤེས་པ་བཀུག་པ་དང་། ཧཱུྃ་གིས་གཉིས་སུ་མེད་པར་བསྟིམས་པ་དང་། བྃ་གྱིས་འདོད་པ་མ་གྲུབ་ཀྱི་བར་དུ་མི་གཤེགས་པར་བཅིངས་པ་དང་། ཧོཿས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ་བའོ། །དེས་དམ་ཡེ་ལ་མཆོག་དམན་ཐ་དད་དུ་འཛིན་པའི་ཞེན་རྟོག་སྤོང་བ་དང་། ཡེ་ཤེས་ཀྱི་འཁོར་ལོ་ཉིད་རང་གི་སེམས་དང་དབྱེར་མེད་དུ་ཤེས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བདག་ཉིད་ལ་འཇུག་པ་སོགས་ཀྱི་དགོས་པ་ཡོད་ཅིང་། ལམ་གོང་མའི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པར་བྱེད་པ་དང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །བཞི་པ་གཉིས་མེད་ཀྱི་དཀྱིལ་འཁོར་ལ་མཆོད་བསྟོད་བྱ་བ་ལ་གཉིས། དག་རྫོགས་སྨིན་གསུམ་སྤྱིར་བསྟན་པ་དང་། ལས་རིམ་དངོས་བཤད་པའོ། །དང་པོ་ནི། འདི་དག་གི་སྦྱང་བྱ་ནི། བྱིས་པ་དེ་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་ཅི་དགར་སྤྱོད་ཅིང་། ཡུལ་ནོར་གྱི་བཅད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་ཏེ་དེ་དག་དག་པར་བྱེད། སྦྱངས་འབྲས་ནི། སངས་རྒྱས་པའི་ཚེ་ན་དེ་ཉིད་དུ་མཆོད་པའི་བཀོད་པ་མཐའ་ཡས་པའི་སྤྲིན་རྟག་ཏུ་འབྱུང་བ་དང་ཕྱག་གི་གནས་མཆོད་པའི་ཞིང་བླ་ན་མེད་པ་ཉིད་ཡིན་པས་དེ་ཉིད་རྫོགས་པར་བྱེད། སྦྱོང་བྱེད་ནི། ཕྱག་མཆོད་བསྟོད་པའི་ལས་རིམ་རྣམས་ཏེ། དེས་ལམ་གོང་མའི་ཚེ་རིག་པ་བརྟུལ་ཞུགས་ཀྱི་རོལ་རྩེད་ལ་ཅི་དགར་སྤྱོད་པའི་གཞི་འདིང་བས་སྨིན་བྱེད་དུ་འགྲོའོ། །གཉིས་པ་སྦྱོང་བྱེད་ཀྱི་ལས་རིམ་དངོས་བཤད་པ་ལ་གསུམ་སྟེ། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱ་བའོ། །དང་པོ་ནི། སྤྱིར་དམ་ཡེ་དབྱེར་མེད་ཆུ་ལ་ཆུ་བཞག་པ་འདྲེས་པ་ལྟར་གཉིས་མེད་མཉམ་པའི་ངང་དུ་ལྷ་བདག་དབྱེར་མེད་དུ་རྟོགས་པ་ནི་འདྲེས་པ་ནན་ཏན་གྱི་ཕྱག་ཅེས་རྣལ་འབྱོར་མཆོག་གི་ཡུལ་ཡིན་ཏེ། དེས་བསྒྲེས་ནས་མཆོད་པ་སོགས་ལའང་ཤེས་པར་བྱའོ། །དེ་ལྟར་རྟོགས་ན་ཀུན་རྫོབ་མཚན་མའི་ཕྱག་མཆོད་སོགས་ཟུར་དུ་མ་བྱས་ཀྱང་ཆོག་མོད། འདིར་ཀུན་རྫོབ་ཙམ་དུ་འཇིག་རྟེན་སྲི་ཞུའི་ཚུལ་དུ་སྔགས་ཕྱི་པ་སོགས་དང་སྒོ་བསྟུན་ཏེ་ཕྱག་མཆོད་སོགས་འབུལ་ནའང་རང་སེམས་ཀྱི་རོལ་པ་ཙམ་དུ་ཐག་བཅད་དེ་གཉིས་སུ་མེད་པའི་ངོ་བོར་ཤེས་པར་བྱས་ན་རྣལ་འབྱོར་བླ་མེད་ཀྱི་དགོངས་པར་འགྱུར་རོ། །དེ་བས་ན་འཕྲུལ་དགའི་ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་བརྩེ་བའི་ཚུལ་གྱིས་རང་ཉིད་གཙོ་བོའི་ཐུགས་ཀ་ནས་སྐུ་གཉིས་པའི་རྣམ་པར་འཐོན་པའམ་ཡང་ན་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་སོགས་ཀྱིས་ཕྱག་བྱས་པར་མོས་པ་སྟེ། ཨ་ཏི་པུ་ཧོཿཞེས་ཕྱག་འཚལ་བའི་བརྡ་དང་། པྲ་ཏི་ཙ་ཧོཿཞེས་པས་མཉེས་ནས་ལན་བྱིན་པར་མོས་པའོ། །གཉིས་པ་མཆོད་པ་ལ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་དང་བཞི་ལས། དང་པོ་ཕྱི་མཆོད་ནི། བདག་ཉིད་གཙོ་བོའི་ཐུགས་ཀ་ནས་འདོད་ཡོན་གྱི་ལྷ་མོའི་སྤྲིན་སྤྲོས་ནས་ལྷ་ལ་ལྷས་མཆོད་པའི་ཚུལ་གྱིས་ནམ་མཁའ་རབ་འབྱམས་གང་བར་དམིགས་ནས་འབུལ་བ་སྟེ། དེ་ཡང་རང་གཞུང་གི་འབུལ་ཚིག་དང་སྦྲགས། སོ་སོའི་མཆོད་རྫས་ཐོགས་པའི་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་གནས་སོ་སོར་ཐིམ་པར་མོས་པ་སྟེ། དྭངས་བསིལ་མངར་བའི་ཞལ་སྐྱེམས་མཆོད་ཡོན། ཕྱག་ཞབས་བསིལ་བྱེད་རྙོག་བྲལ་གྱི་ཞབས་བསིལ། རྣམ་བཀྲའི་མེ་ཏོག་སྤྱན། དྲི་ཞིམ་བདུག་སྤོས་ཤང་། སྣང་གསལ་མར་མེ་སྤྱན། དྲི་ལྡན་བསིལ་ཆབ་ཐུགས་ཀ བཅུད་ལྡན་ཞལ་ཟས་ལྗགས། སྙན་པའི་རོལ་མོ་སྙན་དབང་རྣམས་ལ་མཆོད་པ་སྟེ། དེ་དག་གི་མཚོན་དོན་ཀྱང་། རིག་པའི་ཡེ་ཤེས་ཉིད་རྣམ་པར་བཀྲ་བས་མེ་ཏོག དམིགས་མེད་ཀྱི་སྙིང་རྗེས་རྟོག་པ་སྲེག་པས་སྤོས། ལྷན་སྐྱེས་འོད་གསལ་གྱིས་མ་རིག་པའི་མུན་པ་སེལ་བས་མར་མེ། ཤིན་ཏུ་ཟབ་པའི་དོན་དབྱིངས་རིག་སྤྲོས་བྲལ་གྱི་ཡེ་ཤེས་སུ་ཤར་བས་ཆོས་ཐམས་ཅད་ལ་ཁྱབ་པས་བྱུག་པ། དེས་ཀུན་རྟོག་གི་དྲི་མ་འཁྲུད་པས་ཞབས་བསིལ། ཏིང་འཛིན་ཟག་མེད་ཀྱི་མྱོང་བ་ནི་ཞལ་ཟས་དང་མཆོད་ཡོན། གྲགས་སྟོང་གཞོམ་མེད་ཀྱི་སྔགས་སྒྲ་ནི་རོལ་མོའོ། །དེ་བཞིན་དུ་ཕྱི་དབང་ལྔའི་ཡུལ་དུ་བདེ་བ་བསྐྱེད་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་ཡོན་ལྔ། ནང་ཡབ་ཡུམ་སྙོམས་པར་འཇུག་པ་ན་ཕན་ཚུན་དགྱེས་པས་ལྟ་བ་གཟུགས། སྦྱོར་བ་ཧ་སིའི་སྒྲ། བདེ་བས་ཚིམ་པའི་དྲི། ཞུ་བདེ་མྱོང་བའི་རོ། མཁའ་གསང་དང་དཀར་དམར་རེག་པའི་རེག་བྱ། དེས་ཕྱི་ནང་གི་ཆོས་ཐམས་ཅད་བདེ་སྟོང་དུ་འཆར་བའི་ཆོས་ཏེ་ནང་གི་འདོད་ཡོན་དང་། དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི་དགའ་བ་བཞི་བཞི་ཅུ་དྲུག་གི་ཉམས་ཀྱི་འགྱུར་བ་ལྷ་མོའི་ཕྱག་རྒྱར་སྣང་བ་རྣམས་སོ། །གཉིས་པ་ནང་མཆོད་ལ་ཐུན་ཁྱད་གཉིས་ཀྱི། ཐུན་མོང་བ་ནི། མཚོན་བྱེད་བམ་གཙང་ལ་ལ་རང་བྱུང་དུ་གནས་པའི་དམ་རྫས་མིག་ལྕེེ་རྣ་བ་སྣ་སྙིང་སྟེ་དབང་ལྔའི་མེ་ཏོག ཚིལ་ཆེན་བསྲེགས་གསུར་གྱི་བདུག་སྤོས། ཞུན་ཆེན་རོ་སྐྲ་ལ་སྦར་བའི་མར་མེ། མཁྲིས་པའི་དྲི་ཆབ། ཤ་ཆེན་གྱི་ཞལ་ཟས་སོགས་ཏེ། དེ་དག་གིས་མཚོན་དོན་ལུས་ཅན་རྣམས་ལ་རང་བྱུང་དུ་གྲུབ་པའི་རྫས་སྒོ་ལྔའི་རྣམ་ཤེས་ཀྱི་རྟེན་གཟུགས་ཅན་དྭངས་པའི་དབང་པོ་ལྔ་ནི་རང་ཡུལ་ལ་མ་འདྲེས་པར་དབང་བྱེད་པས་རྣམ་བཀྲའི་མེ་ཏོག ཚིལ་ཆེན་གྱི་རྒྱུ་ཤ་སྟེ་དེ་ཉིད་ཀྱི་སྙིགས་མ་དྲིར་འགྱུར་བས་ཚིལ་གསུར་གྱི་སྤོས། ཞུན་ཆེན་གྱི་འབྲས་བུ་ཁུ་བ་ལས་ལུས་ཀྱི་བཀྲག་མདངས་སུ་འགྱུར་བས་ཞུན་མེ། མཁྲིས་པ་ནི་དྲི་མཛོད་ཡིན་པས་བྱུག་པ། བཟའ་བཏུང་སོགས་འཇུ་བའི་དྭངས་མ་ཁྲག་དང་ཤར་སྨིན་ཏེ་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་གསོ་བར་བྱེད་པའི་ཕྱིར་ཞལ་ཟས་སོ། །གཞན་ཡང་ཕྱི་ནང་གི་འདོད་ཡོན་གྱི་མཆོད་རྫས་དངོས་སུ་བཤམས་པ་དང་། ཡིད་ཀྱིས་སྤྲུལ་པ་དང་། བདག་པོས་མ་བཟུང་བ་དང་། སྨོན་ལམ་གྱི་སྟོབས་ལས་བྱུང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་བློས་བརྟགས་ཏེ་འབུལ་བའོ། །ནང་མཆོད་ཁྱད་པར་བ་ལ་སྨན་གཏོར་རཀྟ་གསུམ་ལས། སྨན་མཆོད་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་མ་བཅོས་རང་བྱུང་གི་བདུད་རྩིར་གནས་པའི་ཕྱིར་རྩ་བརྒྱད་ཡན་ལག་སྟོང་སྦྱར་ཚུལ་བཞིན་སྒྲུབ་པའི་དམ་རྫས་ཆོས་ཉིད་མཉམ་པའི་ངང་ལས་བྱུང་ཞིང་གཉིས་འཛིན་གྱི་རྟོག་པ་སེལ་བའི་བདུད་རྩི་སྨན་གྱི་བཅུད་ལེན་རིགས་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གྲུབ་པ་ཉིད་མཐེབ་སྲིན་ཉི་ཟླའི་ག འུས་བཅུས་ཏེ་ཕུལ་བས་ལྷ་རྣམས་མཉེས་པར་མོས་པ་དང་། ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཡི་གེ་འབྲུ་གསུམ་གྱི་རྣམ་པར་འཕྲོས་ནས་བདུད་རྩིའི་སྟེང་དུ་གནས་པ་མཐེབ་སྲིན་གྱིས་བླངས་ཏེ་རང་གི་གནས་གསུམ་དང་ལྕེ་ལ་བཞག་པས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པར་མོས་པ་སྟེ། སྦས་དོན་གྱི་དབང་དུ་བྱས་ན་བདུད་རྩི་ལྔ་ནི་ཕུང་ལྔའི་དྭངས་མ། ཤ་ལྔ་ནི་དབང་ལྔའི་དྭངས་མ་སྟེ། དེ་དག་འཛག་མེད་དུ་བཅིངས་པ་ལས་འཆི་མེད་གྲུབ་པས་ན་བདུད་རྩིའོ། །གཏོར་མའི་མཆོད་པ་ནི། ཕྱི་སྣོད་རྣམ་དག་དབྱིངས་ཀྱི་གཏོར་གཞོང་དུ། ནང་བཅུད་གཏོར་རྫས་བཟའ་བཏུང་གི་དངོས་པོ་མཁོ་དགུའི་ལོངས་སྤྱོད་འདོད་ཡོན་ལྔའི་སྤྲིན་ཆེན་པོར་སྤྲོས་ཏེ་ཕུལ་བས། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་ཅན་ལས་བྱུང་བའི་འོད་ཀྱི་སྦུ་གུས་བཅུད་དྲངས་ཤིང་གསོལ་བས་ཐུགས་དམ་བསྐང་བར་མོས་པ་སྟེ། ངེས་དོན་དུ་ཡུལ་ལྔའི་བཟའ་བ་དང་། རྣམ་ཤེས་ཀྱི་བཏུང་བ་རྣམས་འོད་གསལ་གྱི་ཀློང་དུ་གསོལ་ཞིང་ཐིམ་པར་མོས་པའོ། །རཀྟའི་མཆོད་པ་ནི། ཉོན་མོངས་པའི་རྩ་བ་ནི་ཁམས་གསུམ་དུ་ཆགས་ཤིང་ཞེན་པའི་ཀུན་རྟོག་སྟེ། དེས་འཁོར་བ་འགྲུབ་པར་བྱེད་པས་ན་འཁོར་བ་རྩད་ནས་གཅོད་པའི་ཕྱིར་ཆགས་རྟོག་ཐམས་ཅད་ཁྲག་གི་རྣམ་པར་བསྡུས་ནས་ཆགས་མེད་བདེ་ཆེན་གྱི་ངང་དུ་བཅོམ་སྟེ་དྭངས་མའི་རྒྱ་མཚོར་འཁྱིལ་བ་འཁོར་བ་སྐྱེ་མེད་ཀྱི་དབྱིངས་སུ་གྲོལ་བའི་དམ་རྫས་ཉིད་འཁོར་འདས་མཉམ་ཉིད་ཀྱི་དབྱིངས་སུ་འབུལ་བ་སྟེ། ངེས་དོན་དུ་མཁའ་གསང་གི་རྩེར་ཉི་ཟླའི་འགྲོས་བཅིངས་པས་འཁོར་བའི་རྒྱུན་གཅོད་པར་བྱེད་པའོ། །དེ་ལྟར་ཕུལ་བས་འཁོར་བ་ཁྲག་གི་རྒྱ་མཚོ་ལྷག་མེད་དུ་གསོལ་བས་འཁོར་བའི་གནས་སྟོང་པར་མོས་པའོ། །གསུམ་པ་གསང་མཆོད་ལ་གཉིས་ལས། སྦྱོར་མཆོད་ནི། སྣང་བ་ཐམས་ཅད་ཐབས་ཡབ་ཀྱི་རང་བཞིན། སྟོང་པ་ཐམས་ཅད་ཤེས་རབ་ཡུམ་གྱི་ཕྱག་རྒྱར་གནས་པས། དེ་གཉིས་ངོ་བོ་དབྱེར་མི་ཕྱེད་པར་གནས་པ་ནི་ཆོས་ཐམས་ཅད་རང་བཞིན་གཉིས་སུ་མེད་པར་སྦྱོར་བ་སྟེ་སྣང་སྲིད་ཡེ་སྦྱོར་ཀྱི་དགོངས་པ་ཡིན་ལ། དེའི་རྩལ་སྣང་རང་ཉིད་ལྷ་ཡབ་ཡུམ་དུ་གསལ་ཏེ་འདུ་ཤེས་སུམ་ལྡན་གྱིས་མཉམ་པར་སྦྱར་བས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་ལུགས་འབྱུང་ལྡོག་གི་སྦྱོར་བས་བདེ་སྟོང་གཉིས་སུ་མེད་པའི་མཆོད་སྤྲིན་ཟག་བྲལ་སྒྱུ་མའི་བཀོད་པས་ཕུང་ཁམས་སྐྱེ་མཆེད་གདོད་ནས་དག་པའི་ལྷ་ཡི་འཁོར་ལོར་རྫོགས་པ་རྣམས་མཉེས་པར་བྱེད་པའོ། །སྒྲོལ་མཆོད་ནི། བསྒྲལ་བྱ་བདག་ཏུ་ལྟ་བའི་དབང་གིས་གཟུང་འཛིན་ལ་མངོན་པར་ཞེན་པའི་རྒྱུ་ལས་བྱུང་བའི་ཉོན་མོངས་པའི་དགྲ་བོ་ཐར་པ་ལ་བར་དུ་གཅོད་ཅིང་འབྲས་བུ་ཁམས་གསུམ་གྱི་འཁོར་བར་འཆིང་བྱེད་ཡིན་པས་དེ་ཐམས་ཅད། སྒྲོལ་བྱེད་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་པའི་ངོ་བོར་རྫོགས་པའི་མཚོན་ཆ་ཆེན་པོས། རིག་སྟོང་སྐྱེ་མེད་གདོད་ནས་དག་པའི་ཆོས་དབྱིངས་མཉམ་པ་ཆེན་པོའི་ཀློང་དུ་བསྒྲལ་བ་ནི་སྲིད་གསུམ་ཡེ་སྒྲོལ་གྱི་དགོངས་པ་ཡིན་ལ། དེའི་རྩལ་སྣང་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམ་སྨིན་རྩུབ་མོས་འཕངས་པའི་བདུད་དང་རུ་ཏྲ་མ་རུངས་ཞིང་བཅུའི་ཚོགས་རྣམས་ཀུན་སློང་སྙིང་རྗེ་ཆེན་པོའི་རྣམ་པ་སྒྱུ་མ་ལྟ་བུའི་ཚུལ་གྱིས་བརྟེན་པ་དབྱིངས་སུ་བསྒྲལ་ཞིང་རྣམ་ཤེས་བདེ་བ་ཆེན་པོའི་འཁོར་ལོར་སྦྱར་ཏེ་དུག་གསུམ་སྙིགས་མ་ཤ་ཁྲག་རུས་པའི་ཕུང་པོ་རྣམས་ལྷ་རྣམས་ཀྱི་ཞལ་དུ་ཕུལ་བས་དགྱེས་པར་མོས་པའོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་མཉམ་པ་ཉིད་སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ངང་དུ་རྫོགས་པས། གང་ལ་མཆོད་པར་བྱ་བའི་ཡུལ་དང་། གང་གིས་མཆོད་པར་བྱེད་པའི་གང་ཟག་དང་། ཇི་ལྟར་མཆོད་པའི་ཚུལ་གསུམ་གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབྱེར་མེད་པར་རོ་མཉམ་པས་ཅིར་སྣང་ཀུན་བཟང་སྤྱོད་པའི་ཕྱག་རྒྱ་ཟུང་འཇུག་བདེ་བ་ཆེན་པོར་འབུལ་བ་སྟེ་མཆོད་པ་ཀུན་གྱི་ནང་ནས་བླ་ན་མེད་པའོ། །གསུམ་པ་བསྟོད་པ་ནི། ཀརྨ་མཱ་ལེར། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ། །རིགས་ལྔའི་ཕྱག་རྒྱ་དྲིལ་སྟབས་བྱ། །ཞེས་པ་ལྟར་སོ་སོའི་ཕྱག་རྒྱའི་མཐར་ཐལ་མོ་སྦྱར་བས་བཏུད་དེ་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པའི་ངང་ནས་བསྟོད་པ་སྟེ། དེ་ཡང་སྤྱི་ཙམ་དུ། གདོད་མ་ནས་རང་བཞིན་གྱིས་དག་པའི་ཆོས་ཀྱི་དབྱིངས་ཉིད་གློ་བུར་གཟུང་འཛིན་ཀུན་རྟོག་གི་སྤྲོས་པ་མཐའ་དག་དང་བྲལ་བས་དག་པ་གཉིས་ལྡན་མཐར་ཐུག་པ་སངས་རྒྱས་ཆོས་ཀྱི་སྐུ་མཉམ་པ་ཆེན་པོ་ལས་མ་གཡོས་བཞིན་དུ། གང་འདུལ་གདུལ་བྱའི་ངོ་ཁར་ཡེ་ཤེས་ཆེན་པོ་རྟགས་ཀྱི་ཕྱག་རྒྱར་ཤར་བ་ཞི་བ་མཚན་དཔེས་བརྒྱན་པ་དང་ཁྲོ་བོ་འཇིགས་རུང་གར་གྱིས་སྒེག་པ་སོགས་གཙོ་འཁོར་གྱི་བཀོད་པ་སྣ་ཚོགས་སུ་སྟོན་ཡང་དོན་དམ་པར་དེ་དང་དེའི་ངོ་བོར་རང་མཚན་དུ་གྲུབ་པ་རྡུལ་ཙམ་ཡང་མི་མངའ་བ་དང་། དབྱངས་ཀྱི་ཡན་ལག་རྫོགས་པའི་གསུང་གཅིག་གིས་མཐའ་ཀླས་པའི་གདུལ་བྱར་ཆོས་སྒོ་བསམ་ལས་འདས་པ་རང་རང་གི་མོས་པ་བཞིན་དུས་སྐད་ཅིག་མ་གཅིག་ལ་སྟོན་ཡང་དོན་དམ་པར་སྒྲ་ཚིག་བྱ་རྩོལ་དང་བྲལ་བ་གཞོམ་མེད་རྡོ་རྗེ་ནཱ་དའི་སྒྲ་དབྱངས་དང་། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་དུས་གསུམ་གྱི་ཤེས་བྱའི་རྣམ་པ་མཐའ་དག་མངོན་སུམ་དུ་གཟིགས་ཀྱང་ངོ་བོ་གཟིགས་བྱ་གཟིགས་བྱེད་ལས་འདས་པའི་རང་བཞིན་མཉམ་པ་ཉིད་ཀྱི་ངང་དུ་རྟག་ཏུ་མཉམ་པར་བཞག་པ་ལས་མི་གཡོ་བ་དང་། སྟོབས་བཅུ་མི་འཇིགས་མ་འདྲེས་ལ་སོགས་པའི་ཡོན་ཏན་གྱི་ཆོས་བསམ་མི་ཁྱབ་པ་ལ་དབང་འབྱོར་ཡང་ངོ་བོ་ཟག་མེད་ཀྱི་དབྱིངས་དང་དུས་གསུམ་འདུ་འབྲལ་མེད་པར་དབྱེར་མེད་རོ་མཉམ་པ་དང་། གང་འདུལ་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཇི་སྲིད་འཁོར་བའི་མཐའ་གཏུགས་པ་དེ་སྲིད་དུ་མཐའ་ཀླས་གདུལ་བྱའི་ཡུལ་ལ་རྟག་ཁྱབ་ལྷུན་གྲུབ་ཏུ་འཇུག་ཀྱང་འབད་རྩོལ་རྣམ་རྟོག་གི་གཡོ་བ་རྡུལ་ཙམ་མི་མངའ་བ་སྟེ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཆེ་བའི་ཡོན་ཏན་དང་། དེའི་རྩལ་ལས་སྣང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བརྡ་དོན་རྟགས་ཀྱི་ཁྱད་པར་རྣམས་རང་རང་གི་གཞུང་ནས་ཇི་སྐད་བསྟན་པ་བཞིན་རྗེས་སུ་དྲན་པའི་ངང་ནས་རྡོ་རྗེའི་གླུས་བསྟོད་པ་སྟེ། དོན་དམ་པར་ཐོག་མཐའ་མེད་པའི་བྱང་ཆུབ་ཀྱི་སེམས་སྤྲོས་བྲལ་བདེ་བ་ཆེན་པོ་རང་སེམས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱ་དཀྱིལ་འཁོར་གྱི་འཁོར་ལོར་ཡོངས་སུ་སྣང་བས་ན་བསྟོད་ཡུལ་བསྟོད་མཁན་ཇི་ལྟར་བསྟོད་པའི་ཚུལ་གསུམ་ཀའང་རང་བཞིན་མཉམ་པ་ཉིད་དུ་ཤེས་པར་བྱ་བ་ནི་ཅིས་ཀྱང་གལ་ཆེའོ། །ལྔ་པ་དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་པ་ལ་བཞི། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། དག་པ་དྲན་པ། བདེ་གསལ་སྟོང་པ་ཉིད་དུ་འཆར་བ་ལ་བསླབ་པའོ། །དང་པོ་ནི། ངེས་རྫོགས་མཚན་ཉིད་པའི་དབང་དུ་བྱས་ན། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དང་དབྲལ་བ། ལྷ་ལམ་དུ་བསླང་བ། ལྷ་དང་བསྲེ་བ། ལྷ་དོན་ལ་སྦྱར་བ། ལྷ་ལམ་དུ་ཁྱེར་བ་དང་བདུན་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྗེ་བླ་མ་བཀའ་དྲིན་མཚུངས་མེད་མཚན་བརྗོད་དཀའ་བ་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་སྩལ་པའི་བསྙེན་སྒྲུབ་སྤྱི་གཅེས་རབ་གསལ་ནོར་བུའི་སྒྲོན་མེ་ལས་ཞིབ་པར་གསུངས་པ་བཞིན་ཤེས་པར་བྱ་སྟེ། འདི་ཉིད་དེའི་ཟུར་འདེབས་ཀྱི་ཞབས་ཏོག་ཏུ་བྱས་པ་ཡིན་པའི་ཕྱིར་འདིར་ཡི་གེས་འཇིགས་ལ། དོན་གྱི་མདོ་འགག རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དུས་གཅིག་ཅར་དུ་གསལ་བཏབ་སྟེ་གཙོ་བོའི་སྐུའི་རྣམ་པ་སྤྱི་ལ་སེམས་འཛིན་པ་དང་། བྱེ་བྲག་དབུའི་གཙུག་ཏོར་ནས་གདན་ཁྲིའི་བར་སྐུ་དང་ཕྱག་མཚན་བརྒྱན་ཆས་ཕྲ་མོ་རེ་རེ་བཞིན་སོ་སོ་ནས་གསལ་གདབ། དེ་ལ་གསལ་སྣང་སྐྱེས་པ་ན་ཐམས་ཅད་དུས་གཅིག་ཏུ་གསལ་གདབ་པ་སོགས་ནས་རིམ་གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་སེམས་རྩེ་གཅིག་ཏུ་གཏད་དེ་མཉམ་པར་འཇོག དེ་ཡང་ཐོག་མར་རང་གི་སེམས་གང་གཟུང་སླ་ས་ནས་བརྩམས་ཏེ་བསྒོམ་པ་ལས་གོ་རིམ་དང་ཐུན་གྲངས་སོགས་མཐའ་གཅིག་ཏུ་ངེས་པ་མེད་དེ་རང་གི་ཁམས་དང་བསྟུན། དེ་ལྟར་གོམས་པས་མཐར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ལ་བསླབ་པར་བྱ་སྟེ། དེ་ལ་གསལ་བའི་ཚད་བཞི་ནི། སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་ས་{སལ} ལེ། རིག་པའི་གསལ་ངར་དང་བྲལ་བའི་བྱིང་ཉམས་ཅན་མ་ཡིན་པར་གསལ་སྟོང་སིང་{ སེང}བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སིང་ངེ་། སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར་བ་སྤུའི་ཁུང་བུ་དང་དབུ་སྐྲའི་ཉག་མ་ཚུན་ཆད་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས་དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེར་བཞུགས་པས་ལྷག་གེ། དེ་ལྟ་བུའི་སྐུ་དེ་ཡང་དེ་ལྟར་ཡིན་ནོ་དང་ཡོད་དོ་ཙམ་གྱི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་མངོན་སུམ་ལྟ་བུར་འཆར་བས་ལྷང་ངེ་བ་སྟེ་བཞིའོ། །བརྟན་པའི་ཚད་བཞི་ནི། ལེ་ལོ་དང་བརྗེད་ངེས་སོགས་ཀྱིས་མི་གཡོ། རབ་རིབ་དང་མོག་མོག་པོར་གྱུར་པ་སོགས་ཀྱིས་མི་འགྱུར། ཡུན་རིང་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲ་མོ་ཙམ་གྱིས་ཀྱང་མི་བརྫི་བས་མངོན་པར་མི་འགྱུར་བ། སྐུ་མདོག་དང་ཞལ་ཕྱག་བྱོན་བཞུགས་འོད་ཟེར་སྤྲོ་བསྡུ་སོགས་ཇི་ལྟར་བསྒོམ་ཡང་དེ་ལྟར་བསྒྱུར་དུ་བཏུབ་པ་སྟེ་བཞིའོ། །དེ་ལྟར་གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པ་ལ་རྣམ་པ་གསལ་བ་ཞེས་བྱའོ། །གཉིས་པ་ང་རྒྱལ་བརྟན་པ་ནི། ཞིབ་པར་གོང་དུ་བསྟན་པའི་གཞི་འབྲས་སྦྲེལ་བའི་ང་རྒྱལ་བྱ་ཚུལ་དེ་ཡིན་ལ། འདིར་དོན་གྱི་མདོ་འགག སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྤྱི་དཔལ་བསྒོམ་བྱའི་ལྷ་གང་ཡིན་པ་དེ་ཉིད་ངའོ་སྙམ་དུ་ང་རྒྱལ་བཟུང་བ་སྟེ། དེ་ཡང་མ་ཡིན་པ་ལ་ཡིན་པར་བཟུང་བ་མིན། ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཏེ། གཉུག་མའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་ཡེ་ནས་གནས་པས་དེ་ལས་ཤར་བའི་རྟོག་ཚོགས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་ཐམས་ཅད་ཀྱང་ཡེ་ནས་དག་པ་ལྷ་ཡི་ཕྱག་རྒྱ་ལས་མི་འདའ་བས་ན། བསྒོམ་བྱའི་ལྷ་ཡང་དེ་ལས་གཞན་དུ་མ་གྲུབ་པའི་ཕྱིར། བསྒོམ་བྱའི་ལྷ་དང་སྒོམ་བྱེད་ཀྱི་མཁན་པོ་རང་བཞིན་གཉིས་སུ་མེད་པར་རྟོགས་པའི་ངེས་ཤེས་སམ་ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་ལ་འཛིན་མེད་ཀྱི་རྩིས་བཏབ་ནས་གཉུག་མར་ཁྱེར་ཤེས་ན་ཡང་དག་པའི་ཉེ་ལམ་དུ་འགྲོ་ཞིང་། དེ་ཡང་སྦྱང་བྱ་ལ་ཐ་མལ་མ་དག་པའི་སྣང་བ་དང་། མ་དག་པར་ཞེན་པའི་ང་རྒྱལ་ལམ་འཛིན་པ་ཞིག་ཡོད་པ་དེ། སྦྱོང་བྱེད་སྔ་མ་རྣམ་པ་གསལ་བ་དང་དག་པ་དྲན་པ། ཕྱི་མ་ང་རྒྱལ་ལ་བསླབ་པའི་ཐབས་ཀྱིས་རིམ་པར་དག་པའི་གསལ་སྣང་དང་དག་པའི་ང་རྒྱལ་དུ་སྒྱུར་བ་ཡིན་ནོ། །གསུམ་པ་དག་པ་དྲན་པ་ནི། གོང་དུ་ལྷ་བསྐྱེད་པའི་སྐབས་སུ་བསྟན་པའི་རྟེན་དང་བརྟེན་པའི་དག་པ་སྤྱི་དང་། བྱེ་བྲག་ཏུ་བསྒོམ་བྱའི་ལྷ་ཞལ་གཅིག་པ་ནི། ཆོས་སྐུ་ཐིག་ལེ་ཉག་གཅིག གསུམ་པ་ནི། སྐུ་གསུམ་མམ་རྣམ་ཐར་གསུམ། ཕྱག་གཉིས་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པ། བཞི་པ་ནི་ཚད་མེད་བཞིས་འཕྲོ་བའི་དོན་མཛད་པ། དྲུག་པ་ནི་ཡེ་ཤེས་ལྔ་དག་བསམ་གྱིས་མི་ཁྱབ་པ་སྟེ་ཡེ་ཤེས་དྲུག ཞབས་གཉིས་པ་ནི་སྲིད་ཞིའི་མཐའ་ལ་མི་གནས་པ། བཞི་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི། སྐུ་མདོག་དཀར་པོ་ནི་ཉེས་པའི་སྐྱོན་གྱིས་མ་གོས་པ་དང་མེ་ལོང་ལྟ་བུའི་ཡེ་ཤེས། སེར་པོ་ནི་ཆེ་བའི་ཡོན་ཏན་རྒྱས་པ་དང་མཉམ་ཉིད་ཡེ་ཤེས། དམར་པོ་ནི་གདུལ་བྱའི་དོན་ལ་ཐུགས་རྗེས་རྗེས་སུ་ཆགས་པ་དང་སོར་རྟོགས་ཡེ་ཤེས། ལྗང་གུ་ནི་ཐོགས་པ་མེད་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང་བྱ་གྲུབ་ཡེ་ཤེས། མཐིང་གའམ་ནག་པོ་ནི་ཆོས་ཉིད་འགྱུར་བ་མེད་པ་དང་ཆོས་དབྱིངས་ཡེ་ཤེས། ཕྱག་མཚན་ཡང་རྡོ་རྗེ་འདུས་མ་བྱས་པ། འཁོར་ལོ་ཉོན་མོངས་གཅོད་པ། རིན་པོ་ཆེ་ཡོན་ཏན་འབྱུང་བ། པདྨ་སྐྱོན་གྱིས་མ་གོས་པ། རྒྱ་གྲམ་མམ་རལ་གྲི་ཕྲིན་ལས་ཐོགས་པ་མེད་པ། དྲིལ་བུ་ནི་དབྱིངས་སྐྱེ་མེད་སྟོང་པ་ཉིད། ཀ་པཱ་ལ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བ་སྐྱོང་བྱེད། ཁ་ཊྭཱྃ་ག་ནི་དུག་གསུམ་སྐུ་གསུམ་གྱི་ཀློང་དུ་སྒྲོལ་བ། གྲི་གུག་ནི་སྐྱེ་འཆི་རྩད་ནས་གཅོད་པ། དུང་ཆེན་ནི་ཡེ་ཤེས་ཆེན་པོས་བདུད་བཞི་བཅོམ་ནས་འཁོར་བ་དབང་དུ་སྡུད་པའམ་ཞལ་དུ་སྟོབ་པ་སོགས་དང་། ལྷ་ཡབ་ཏུ་སྣང་བ་ནི་ཐབས་མི་འགྱུར་བའི་བདེ་བ་ཆེན་པོ། ཡུམ་དུ་སྣང་བ་ནིི་ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། ཡབ་ཡུམ་ཞལ་སྦྱོར་བ་ནི་བདེ་སྟོང་འདུ་འབྲལ་མེད་པ་སོགས་སོ་སོའི་དག་སྦྱོར་རང་རང་གི་གཞུང་ལས་བསྟན་པ་བཞིན་བསྒོམ་པར་བྱ་བ་ཡིན་ལ། དོན་གྱི་མདོ་འགག་ནི། གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས། ཡོན་ཏན་གང་དང་གང་ཞིག་ལྷ་དེ་དང་དེའི་ངོ་བོར་གདོད་ནས་དག་པ་སྟེ། མདོར་ན་རང་གི་རྟོག་ཚོགས་ལྷར་དག ལྷ་ཡེ་ཤེས་སུ་དག ཡེ་ཤེས་ནི་གཟུང་འཛིན་མེད་པས་རབ་ཏུ་ཕྱེ་བ་སྟེ་སངས་རྒྱས་ཆོས་ཀྱི་སྐུ་ཡིན། ཆོས་སྐུ་ལ་ཞལ་ཕྱག་སོགས་ཀྱི་མཚན་མ་རྡུལ་ཙམ་མེད་ཀྱང་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་ཞལ་ཕྱག་རྒྱན་ཆའི་རྣམ་པར་ཤར་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ལ་དབང་སྒྱུར་བ་ཡིན་པས། དེ་ལྟར་ཏིང་ངེ་འཛིན་གྱིས་སྒོམ་པའི་ལྷ་དེ་ཡང་རྣམ་པར་དག་པ་སྟེ། རང་རྒྱུད་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་མེད་དོ་སྙམ་པ་སྟེ། དག་པ་དེ་དག་ཀྱང་མངོན་རྟོག་ནམ་སྒོམ་གྱི་ཚེ་དྲན་པར་བྱ་དགོས་མོད། ཁྱད་པར་འདིར་དག་པ་རྣམས་ལ་དེར་མོས་པ་ཤུགས་དྲག་པོས་བསླབ་པ་ཡིན་ཞིང་། དག་པ་དེ་དག་རེ་རེ་བཞིན་མོས་པ་བརྟན་པོ་རེ་བཞག་པའི་མཐར་སྔར་བཤད་ཀྱི་ལྷའི་རྣམ་པའི་གསལ་སྣང་དང་ང་རྒྱལ་སྦྲེལ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ཡིན་ནོ། །བཞི་པ་བདེ་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསླབ་པ་ནི། བསྒོམ་བྱའི་ལྷའི་དེ་ཁོ་ན་ཉིད་ནི་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ། ལྷ་ཡབ་ཡུམ་རྣམས་རྗེས་ཆགས་ཀྱིས་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་བསྒོམས་པས་ཞུ་བདེ་དྲངས་ཏེ། ལུས་སེམས་བདེ་བར་ཤར་བའི་ངང་ལས་ལྷ་སྐུའི་རྣམ་པ་གསལ་ཞིང་། ང་རྒྱལ་ལྷང་ངེ་བ་ལ་དེར་འཛིན་གྱིས་མ་བསླད་པར་སློབ་པའི་གནད་ཀྱིས་རྒྱས་ཐེབས་ན་དཀྱིལ་འཁོར་ཐམས་ཅད་ཆོས་སྐུར་འཆར་བར་བྱེད་པའི་ཐབས་རྨད་དུ་བྱུང་བ་སྟེ། དེ་ལྟར་མི་ནུས་ནའང་གསལ་དག་བརྟན་པའི་བསྐྱེད་རིམ་དེ་ཉིད་བདེན་འཛིན་གྱི་ཞེན་རྟོག་དང་བྲལ་ཞིང་ངོ་བོ་སྟོང་པ། རང་བཞིན་ཆུ་ཟླའམ་འཇའ་ཚོན་ལྟ་བུ་སྣང་ཡང་མཚན་མར་མ་གྲུབ་པའི་ཤེས་རབ་ཀྱིས་ཟིན་པ་ལ་བསླབ་པ་གལ་ཆེ་སྟེ་བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་ཐེབས་པས་དཀྱིལ་འཁོར་ཐམས་ཅད་ཆོས་སྐུར་འཆར་བའི་ཐབས་ཏེ། དེ་ཡང་ཀུན་རྫོ བ་ཀྱི་བསྐྱེད་རིམ་སྣང་བཅས་ཀྱིས་བསོད་ནམས་ཀྱི་ཚོགས་དང་། དེ་ཉིད་རང་བཞིན་ཡོངས་ཤེས་ཀྱི་ལྟ་བས་རྩིས་ཟིན་པའི་ཡོངས་གྲུབ་འདུས་མ་བྱས་པས་ནི་དོན་དམ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཟུང་འབྲེལ་གྱི་ལམ་དང་། དེར་མ་ཟད་སྣང་བ་གཟུགས་སྐུ་སྟོང་པ་ཆོས་སྐུ་སྟེ་སྐུ་གཉིས་དང་། སྣང་བ་ཀུན་རྫོབ་ཐབས། སྟོང་པ་དོན་དམ་ཤེས་རབ་སྟེ་བདེན་གཉིས་ཐབས་ཤེས་ཟུང་དུ་འཇུག་པའི་ལམ་ཚང་ལ་མ་ནོར་བ་སྟེ། སྔགས་ཀྱི་མྱུར་ལམ་ཟབ་མོའི་ཁྱད་ཆོས་སུ་ཤེས་པར་བྱའོ། །དེ་ལྟར་མ་ཤེས་པར་བསྐྱེད་རིམ་རྐྱང་པ་ལ་དངོས་མཚན་རང་རྒྱུད་པར་བཟུང་ན། བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བའི་སྟེང་འཁོར་བར་འཆིང་བྱེད་ཀྱི་སྒྲིབ་པ་རྔམ་པོ་ཆེ་ཡིན་ཏེ། ཞི་བ་རང་རྒྱུད་པར་བཟུང་ནས་བསྒོམས་ན་གཟུགས་ཁམས་ཀྱི་ལྷ་དང་། ཁྲོ་བོ་རང་རྒྱུད་པར་བསྒོམས་པས་ལས་ཀྱི་སྲིན་པོ་དང་རུ་ཏྲར་སྐྱེས་པའི་ལོ་རྒྱུས་གསང་སྔགས་ཀྱི་གླེང་གཞི་རྣམས་སུ་འབྱུང་བ་བཞིན་ནོ། །དེ་ལྟར་གསལ་དག་བརྟན་པའི་བསྐྱེད་རིམ་དེ་ཉིད་ཇི་སྲིད་སྐྱོ་ཞིང་ངལ་དུབ་ཏུ་མ་གྱུར་བར་བསྒོམ་པ་གལ་ཆེ་ཞིང་བསྒོམས་པས་སྐྱོ་བར་གྱུར་ན་དེའི་ཚེ་བཟླས་པ་ལ་འཇུག་པར་བྱ་བ་ཡིན་ནོ། །ཡང་སྤྲོས་མེད་ཀྱི་རྒྱུན་ཁྱེར་དང་ཡོ་ག་གོང་མའི་ལུགས་ཕལ་ཆེར་ལ། བྱིན་གྱིས་རློབ་ཅིང་དབང་བསྐུར་བ་ནས་བསྟོད་པའི་བར་འདི་རྣམས་མི་འབྱུང་བ་མང་ཡང་དོན་ལ་གནད་ཀྱིས་མི་འགལ་ཏེ། རང་སེམས་གཉུག་མའི་ངོ་བོར་དབྱིངས་དང་ཡེ་ཤེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་དཀོར་བདུན་ངོ་བོ་ཉིད་རྒྱུར་ལྷུན་གྱིས་གྲུབ་པ་ལྷག་པ་དོན་དམ་པའི་བདེན་པ་ནི་ཡེ་ཤེས་སེམས་དཔའི་ངོ་བོ་དང་། དེའི་རྩལ་ལས་ཤར་བའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་ཀྱང་གདན་གསུམ་ཚང་བའི་ལྷ་ཡི་འཁོར་ལོར་ཡེ་ནས་གནས་པ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཉིད་ལམ་དུ་བྱེད་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ནི་དམ་ཚིག་སེམས་དཔའ་སྟེ་དེས་ན་དེ་གཉིས་ངོ་བོ་གསེར་དང་གསེར་གྱི་ཁ་དོག་དང་གཡུ་དང་གཡུ་ཡི་སྔོན་པོ་བཞིན་དུ་གདོད་ནས་རང་བཞིན་དབྱེར་མེད་མཉམ་པ་ཉིད་དུ་བཞུགས་པས། དེ་དང་ཚུལ་མཐུན་པར་ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པ་ནི་ཏིང་ངེ་འཛིན་སེམས་དཔའ་སྟེ། དེས་ན་དེ་གསུམ་རང་བཞིན་མཉམ་པ་ཉིད་ཡིན་པས་དེ་ལྟར་གོ་ན་དམ་ཡེ་ཐ་དད་དམན་མཆོག་ཏུ་འཛིན་པའི་ཞེན་རྟོག་མི་འབྱུང་ལ། དེ་མ་བྱུང་ཕྱིན་དེ་ཉིད་སྦྱོང་བྱེད་ཀྱི་ལམ་རྒྱས་གདབ་དབང་བསྐུར་སོགས་མི་དགོས་ཤིང་། སྤྱན་འདྲེན་མཆོད་བསྟོད་སོགས་དེའི་ངོ་བོར་རྫོགས་པ་ཡིན་ཏེ། གསང་སྙིང་ལས། ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། རྨད་བྱུང་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལ། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་དང་། བརྟག་གཉིས་ལས། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་ལ། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་སེམས་བླ་མ་ལྷ་རུ་གནས། །ཞེས་དང་། སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་གསུངས་ཏེ། མདོར་ན་ཀུན་མཁྱེན་ཆོས་རྗེས་སེམས་ཉིད་ངལ་གསོར། རང་སེམས་ཡེ་ནས་ལྷ་ཡི་རང་བཞིན་ལ། །ལུས་ནི་དཀྱིལ་འཁོར་སྒྲ་ཚིག་གསང་སྔགས་ཉིད། །ཐམས་ཅད་ལྷུན་རྫོགས་ཡེ་ཤེས་ཆེན་པོའི་ངང་། །དམ་ཚིག་ཡེ་ཤེས་གཉིས་མེད་དགུག་གཞུག་མེད། །གཤེགས་གསོལ་མི་དགོས་བཟང་ངན་བླང་དོར་མེད། །ཡེ་ནས་དཀྱིལ་འཁོར་ཡིན་པས་བདག་ཉིད་ལ། །ཡིན་པར་ཤེས་པའི་ཚུལ་གྱིས་གསལ་འདེ བས་ལས། །མ་གྲུབ་པ་ལ་ཡང་གྲུབ་བྱེད་པ་མིན། །ཞེས་གསུངས་པ་བཞིན་ཤེས་པར་བྱ་བ་ནི་གནད་གལ་པོ་ཆེའོ། །སྤྱི་དོན་གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ལ་གསུམ། སྲོག་སྡོམ་གཟེར་བཞིའི་གནས་སྤྱིར་བསྟན་པ། སྒོམ་དོན་གྱི་དམིགས་རིམ་བྱེ་བྲག་ཏུ་བཤད་པ། མཇུག་ཆོ་གའི་ཡན་ལག་གཞན་སྨོས་པའོ། །དང་པོ་ནི། གསང་རྫོགས་ཀྱི་རྒྱུད་ལེའུ་སོ་དགུ་པ་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། །སྲོག་སྡོམ་གཟེར་བཞིས་མ་ཐེབས་ན། །ནམ་ཡང་དོན་མེད་ཡུག་པ་བརྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་གི་ཉི་མ་ཀུན། །མ་བཟུང་བར་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་གསུངས་ཏེ། འདིར་ཡུག་པ་བརྐྱང་ནི་ལག་སྟོང་བྱིས་པ་འདྲིད་པ་སྟེ་ངལ་བ་དོན་མེད་དུ་འགྱུར་བའི་དོན་ནོ། །དེ་ལ་བསྐྱེད་རིམ་ཐམས་ཅད་ཀྱི་སྲོག་ནི་སྲོག་སྡོམ་གྱི་གཟེར་བཞིར་འདུ་སྟེ། དེའི་དོན་ཡང་རང་གི་སྒོ་གསུམ་བྱ་བྱེད་དང་བཅས་པ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་མཛད་པ་ཕྲིན་ལས་སུ་སྡོམ་པར་བྱེད་པའི་གཟེར་བུ་ལྟ་བུའི་མན་ངག་སྟེ། དེ་ལ་དང་པོ་ཏིང་ངེ་འཛིན་གྱི་གཟེར་ནི། དམིགས་རྟེན་ཐོད་སྐུ་སོགས་ལ་ཐོག་མར་བརྟེན་ནས་ལྷའི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་ཉམས་ལྔ་མཐར་ཕྱིན་ཡུལ་གསུམ་གྱད་དུ་གྱུར་ནས་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པར་བྱེད་པ་སྟེ། ཉམས་ལྔ་ནི། ཐོག་མར་རྣམ་རྟོག་གཡོ་བའི་ཉམས་རྣམ་རྟོག་ངོ་ཤེས་པ་རི་གཟར་གྱི་འབབ་ཆུ་ལྟ་བུ། དེ་ནས་རིམ་པར། རྣམ་རྟོག་ཅུང་ཟད་ངལ་སོས་པ་ཐོབ་པའི་ཉམས་རོང་ཁུང་གི་འབབས་ཆུ་ལྟ་བུ། རྣམ་རྟོག་ཐང་ཆད་པ་གོམས་པའི་ཉམས་མི་རྒན་གྱི་སྤྱོད་པ་ལྟ་བུ། རྣམ་རྟོག་གིས་ཅུང་ཟད་བསྐྱོད་དུ་ཡོད་པ་བརྟན་པའི་ཉམས་མཚོ་ཆུང་བསིར་བུས་བསྐྱོད་པ་ལྟ་བུ། སྐྱོད་དུ་མེད་པས་རང་དབང་ཐོབ་པ་མཐར་ཕྱིན་པའི་ཉམས་མཚོ་ཆེན་རླབས་དང་བྲལ་བ་ལྟ་བུའོ། །དེ་ལྟར་གོམས་པས་ཡུལ་གསུམ་གྱད་དུ་གྱུར་པ་ནི། དང་པོ་བསམ་པ་ཡིད་ཀྱི་ཡུལ་དུ་གསལ་བ་སྟེ་ཡིད་ངོར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བཀྲ་ལམ་གྱིས་གསལ་བ་དང་། དེ་ནས་མཐོང་བའི་ཡུལ་དུ་གསལ་བ་ཞེས་ཏིང་ངེ་འཛིན་གོམས་པའི་མཐུས་རང་གི་དབང་པོའི་སྤྱོད་ཡུལ་དུའང་ལྷ་སྐུའི་རྣམ་པ་འཆར་བ་དང་། དེ་ནས་རེག་པའི་ཡུལ་ལམ་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་རླུང་སེམས་ལྷ་སྐུར་སྨིན་པའི་དབང་གིས་སྐབས་རེར་ཕྱི་རོལ་གཞན་གྱི་སྣང་ངོར་ཡང་རང་ལུས་བསྐྱེད་པའི་ལྷ་སྐུར་མངོན་སུམ་དུ་མཐོང་བའི་བར་དེ། དེས་རྣམ་སྨིན་རིག་འཛིན་ལ་དངོས་སུ་སྦྱོར་བ་ཡིན་ཞེས་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོའི་ཞལ་ལས་དངོས་སུ་ཐོས་སོ། །འདིའི་དག་རྫོགས་སྨིན་གསུམ་ཞིབ་པར་གོང་དུ་བཤད་པས་བསྐྱར་ཟློས་མ་དགོས་ཀྱང་། སྐབས་འདིར་འཛིན་བདེ་བའི་ཕྱིར་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤྲཱི་ནི རྨ་ཀའི་གསུང་ལྟར་སྦྱར་ན། འདིས་མར་འཁོར་བའི་གནས་སྐབས་ན་སྐྱེ་གནས་བཞིར་སྐྱེ་བའི་ལུས་ཀྱི་བག་ཆགས་སྦྱོང་ཞིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་གནས་སྐབས་སུ་སྐུ་ཡི་གསང་བ་བསམ་གྱིས་མི་ཁྱབ་པ་ཞལ་ཕྱག་མཚན་མ་ལས་འདས་པ་དང་། སྐུ་རྣམ་པ་ཐམས་ཅད་པ་གང་ལ་གང་འདུལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་གྱི་གནས་སྐབས་ན་རྩ་ཡི་དྲྭ་བ་དག་པ་ལྷ་རུ་སྦྱངས་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོའོ། །གཉིས་པ་སྙིང་པོ་སྔགས་ཀྱི་གཟེར་ནི། འཆད་འགྱུར་ལྟར་སེམས་དཔའ་སུམ་བརྩེགས་ཐུགས་སྲོག་ས་བོན་གྱི་མཐར་སྙིང་པོ་སྔགས་ཀྱིས་བསྐོར་བ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ངག་བཟླས་འབྲུ་འབུམ་ལྟ་བུ་གྲངས་དང་། ལོ་ཟླ་ལྟ་བུ་དུས་དང་། ཞལ་མཐོང་བ་སོགས་མཚན་མ་དང་སྦྱར་ནས་བཟླས་ཤིང་། ཁྱད་པར་རླུང་འབྱིན་འཇུག་གནས་གསུམ་སྔགས་སུ་ཤེས་པས་རྡོ་རྗེའི་བཟླས་པ་ལ་བརྩོན་པར་བྱེད་པ་སྟེ། འདིས་མར་འཁོར་བའི་གནས་སྐབས་ན་བརྗོད་པ་སྒྲའི་རང་བཞིན་འགྲོ་བའི་ངག་གི་བག་ཆགས་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་སྒྲ་ཚིག་བརྗོད་པ་ལས་འདས་པ་གསུང་རྣམ་པ་ཐམས་ཅད་པ་ཐེག་པ་བསམ་གྱིས་མི་ཁྱད་པར་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་ཉམས་སུ་ལེན་པའི་དུས་ན་ངག་རླུང་གི་རང་བཞིན་སྙིང་པོ་སྔགས་ཀྱི་རང་བཞིན་དུ་སྦྱངས་པས་ཕ་རྒྱུད་ལྟར་རླུང་ལ་བརྟེན་པའི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོའོ། །གསུམ་པ་དགོངས་པ་མི་འགྱུར་བའི་གཟེར་ནི། དཔལ་ཆེན་པོ་ལ་སོགས་པ་ཡི་དམ་གྱི་ལྷ་ཞི་བ་དང་ཁྲོ་བོ་དང་ཕྲ་མེན་དང་ཡེ་ཤེས་དང་འཇིག་རྟེན་པའི་ཚུལ་འཛིན་པའི་བཀའ་སྡོད་སྲུང་མ་སོགས་ཀྱི་ལྷ་ཅི་ལྟར་སྒྲུབ་ཀྱང་དེ་ཉིད་རང་སེམས་ལས་གུད་ན་མེད་པར་རྟོགས་པས་ལྷ་དང་ཆོས་ཉིད་རོ་མཉམ་ཆེན་པོའི་བཅུད་དུ་སྨིན་པ་སྟེ། དེ་ཡང་ཕྱི་ནང་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གསལ་བ་དེ་ཐམས་ཅད་ཀྱང་རང་སེམས་ཀྱི་སྣང་ཆ་ཙམ་ལས་གཞན་དུ་མ་གྲུབ་ཅིང་། སེམས་ཉིད་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཤར་གྲོལ་འཛིན་མེད་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་གྱི་ངོ་བོར་གདོད་ནས་གྲུབ་པ་དང་། དེའི་རྩལ་ལས་ཤར་བའི་ཐབས་ཀུན་རྫོབ་སྣང་བའི་ཆ་ཡབ། ཤེས་རབ་དོན་དམ་སྟོང་པའི་ཆ་ཡུམ། སྣང་སྟོང་དབྱེར་མེད་ཡེ་ཤེས་ཀྱི་སྐུ་ཅན་ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་སྟེ། མདོར་ན་དངོས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས། སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་རྟོགས་པའི་གནས་ལུགས་ལྟ་བས་རྩིས་ཟིན་པར་བྱས་ཏེ། བདག་གཞན་དམ་ཡེ་བསྒྲུབ་བྱ་སྒྲུབ་བྱེད་དག་མ་དག་སོགས་ཐ་དད་གཉིས་ཆོས་ཀྱི་འཛིན་རྟོག་མཐའ་དག་གཉིས་མེད་མཉམ་པའི་ཀློང་དུ་བསྡོམས་པ་སྟེ་འདི་ནི་བསྐྱེད་རིམ་ཙམ་དུ་མ་ཟད་རྫོགས་རིམ་གྱི་སྲོག་ཀྱང་ཡིན་པས་བསྐྱེད་བཟླས་རྫོགས་གསུམ་གང་གི་སྐབས་སུའང་མེད་ཐབས་མེད་པའི་གཅེས་གནད་གཅིག་པུ་སྟེ། དཔལ་ཆེན་ཞལ་ལུང་ལས། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུད་ན་མེད་ཅིང་རུ་ཏྲ་ཡང་། །ལོགས་སུ་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །གསལ་ལ་མ་འདྲེས་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ། །འགྱུ་དྲན་རྣམ་རྟོག་བསམ་ཡས་ཀྱང་། །ཡོངས་སུ་རྫོགས་པ་དཔལ་གྱི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རང་བཞིན་ཉིད་ལས་གཡོས་པ་མེད། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་སྒྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ། །ཞེས་དང་། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། དེ་ཉིད་ལྡན་པའི་རྣལ་འབྱོར་གྱིས༔ དུར་ཁྲོད་འདྲེ་ངན་བསྒྲུབས་གྱུར་ཀྱང༔ མཆོག་དང་ཐུན་མོང་འབྲས་བུ་གང༔ ཅི་འདོད་རང་བྱུང་ལྷུན་གྲུབ་འབྱུང༔ དེ་ཉིད་མ་རྟོགས་ཨ་འཐས་བློས༔ ཡེ་ཤེས་སེམས་དཔའ་བསྒྲུབས་གྱུར་ཀྱང༔ གནས་སྐབས་བདེན་འབྲས་ཕྲའུ་ལས༔ཡང་དག་འབྲས་བུ་སྲིད་མཐའ་ཙམ༔ ཞེས་གསུངས། དེས་ན་འདོན་རྒྱུ་དང་སྒྲུབ་རྒྱུའི་ལྷའི་ཁྱད་པར་གཙོ་བོ་མིན་ཞིང་གནད་འདི་ཉིད་གལ་ཆེ་བ་ཡིན་པས་འདི་ཁོ་ན་ལམ་གྱི་སྲོག་ཏུ་བཟུང་བར་མཛོད་ཅིག འདིས་མར་འཁོར་བའི་གནས་སྐབས་ན་ངན་སེམས་བག་ཆགས་རང་རིག་རང་གསལ་དུ་གནས་པའི་ཆ་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དམིགས་བསམ་སྤྲོས་དང་བྲལ་བའི་ཆོས་ཉིད་དང་། ཐུགས་རྣམ་པ་ཐམས་ཅད་པ་མངོན་ཤེས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་དུ་ཉམས་སུ་ལེན་པའི་གནས་སྐབས་སུ་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཉིད་ལ་གོམས་པས་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པའི་བདེ་གསལ་སྟོང་པ་ཉིད་ཀྱི་རྫོགས་རིམ་བསྒོམ་པའི་སྨིན་བྱེད་དུ་འགྲོའོ། །བཞི་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ནི། གང་འདོད་ཀྱི་ལས་རབ་འབྱམས་ལ་རང་དབང་དུ་བྱེད་པའི་ཆོ་འཕྲུལ་ཏེ། སྒྲུབ་གཞི་ལྷ་དང་དཀྱིལ་འཁོར་དུ་གསལ་བའི་རང་ལྷའི་སྐུ་ཡི་ཆ་ཤས་དང་ཐུགས་སྲོག་ས་བོན་སྔགས་ཕྲེང་ལས་ལས་མཐུན་གྱི་འོད་ཟེར་འཕྲོས་པས་དོན་གཉིས་བྱས། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་སྦྱང་སྟེ་{སྦྱར་ཏེ}། དེ་ཡང་འོད་ཟེར་དཀར་པོས་ཞི་བ། སེར་པོས་རྒྱས་པ། དམར་པོས་དབང་། ལྗང་གུའམ་ནག་པོས་དྲག་པོ། མཐིང་གའམ་སྣ་ལྔའི་འོད་ཟེར་གྱིས་ལས་ཐམས་ཅད་པའམ་མཆོག་གི་དངོས་གྲུབ་སོགས་གང་འདོད་སྒྲུབ་པའི་འཕྲོ་འདུའི་དམིགས་པའི་མདེ་ཁ་བསྒྱུར་བ་སྟེ། རྒྱུད་ལས། འཕྲོ་འདུ་སྣ་ཚོགས་གཟེར་མེད་ན། །དམིགས་གཏད་གཅིག་གིས་དོན་མི་འགྲུབ། །འཕྲོ་འདུ་ལས་ཁ་བསྒྱུར་ཤེས་ན། །ཐེ་བྲང་ཐ་ཆུང་གཅིག་གིས་ཀྱང་། །ཕྲིན་ལས་ཐོགས་མེད་ལས་ཀུན་འབྱུང་། །ཞེས་གསུངས། འདིས་མར་འཁོར་བའི་གནས་སྐབས་ན་ལུས་ངག་ཡིད་གསུམ་བྱ་བ་དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམ་ལ་སོགས་པའི་རྣམ་པ་སྦྱོང་ཞིང་དག་པར་བྱེད། ཡང་དག་པར་ས ངས་རྒྱས་ཀྱི་གནས་སྐབས་ན་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ལམ་ཉམས་སུ་ལེན་པའི་གནས་སྐབས་ན་དོན་གཉིས་ལྷུན་གྱིས་གྲུབ་པའི་བྱ་བ་བྱེད་རྩོལ་དག་པའི་ལམ་ལ་བསླབས་པས་རྫོགས་རིམ་གྱི་སྐབས་ན་ལུས་ངག་ཡིད་ཀྱི་བྱེད་ལས་ལ་ལྟོས་པའི་དམིགས་བཅས་ཐུན་མོང་བའི་ལམ་དང་དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་མངོན་སུམ་འོད་གསལ་གྱི་རྣལ་འབྱོར་སྣང་སྲིད་འོད་སྐུར་སྦྱོང་བའི་སྨིན་བྱེད་དུ་འགྲོའོ། །དེ་ལྟར་གཟེར་བཞིའི་མན་ངག་གནད་དུ་ཚུད་པས་སྐུ་དངོས་སུ་མཐོང་སྟེ་སྐུའི་སྲོག་འཕྲོག ངག་ལ་བདེན་པ་འགྲུབ་པས་གསུང་གི་སྲོག་འཕྲོག ཆོས་ཉིད་ལ་རང་དབང་ཐོབ་པས་ཐུགས་ཀྱི་སྲོག་འཕྲོག བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་འདྲེས་པས་འཁོར་འདས་ཀུན་ལ་སྟོང་སྲོག་ཐོབ། ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཕྲིན་ལས་སྣ་ཚོགས་ལ་རང་དབང་བསྒྱུར་བ་ཡིན་ཏེ། དེ་ཡང་དགོངས་པ་མི་འགྱུར་བའི་གཟེར་ནི་ལྟ་བ་ཡིན་པས་གཞི། ཏིང་འཛིན་ལྷའི་གཟེར་ནི་སྒོམ་པ། སྙིང་པོ་སྔགས་ཀྱི་གཟེར་ནི་སྒོམ་པ་ཡང་ཡིན་ལ་ཤུགས་ཀྱིས་སྤྱོད་པ་ཡིན་པས་དེ་གཉིས་ལམ། འཕྲོ་འདུ་དམིགས་པའི་གཟེར་ནི་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་ཅིང་སངས་རྒྱས་ཀྱི་ཕྲིན་ལས་ད་ལྟ་ནས་བྱེད་པས་འབྲས་བུ་སྟེ། དེ་ཐམས་ཅད་ཀྱང་ཐ་དད་དམ་ཡ་བྲལ་རེས་འཇོག་ཅན་མིན་པར་ཐོག་མ་ནས་ཟུང་འཇུག་ཏུ་ཤེས་དགོས་ཏེ། འདི་ལྟར་དགོངས་པ་མི་འགྱུར་བ་ཆོས་ཉིད་དག་མཉམ་ཆེན་པོའི་དབྱིངས་སུ་ཡེ་ནས་སངས་རྒྱས་པའི་རང་རྩལ་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་ཤར་བའི་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ངང་ནས་གྲགས་སྟོང་སྔགས་ཀྱི་རང་སྒྲ་ཅིར་ཡང་བསྒྱུར་ཞིང་འཕྲོ་འདུ་ཕྲིན་ལས་ཀྱི་རོལ་པ་ལ་སློབ་སྟེ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་བྱེད་རྩོལ་སྤྲོས་པ་དང་བྲལ་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་བཞུགས་པའི་འབྲས་བུ་ད་ལྟ་ནས་ལམ་དུ་བྱེད་པས་རྡོ་རྗེ་ཐེག་པའམ་འབྲས་བུའི་ཐེག་པ་ཞེས་བྱ། དེ་ཡང་གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོ་འཁོར་འདས་མཉམ་ཉིད་དུ་རྟོགས་པས་སྲིད་ཞི་གཉིས་ཀའི་སྲོག་ལ་དབང་བསྒྱུར། ལམ་བསྒོམ་པ་ལྷ་སྔགས་ཀྱི་འཁོར་ལོ་ཐབས་ཤེས་ཟུང་དུ་འཇུག་པས་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་རང་དབང་། འབྲས་བུ་རྩོལ་མེད་ཆོས་ཉིད་ཀྱི་འཁོར་ལོ་དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པས་ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་ལ་རང་དབང་བ་སྟེ། དཔེར་ན་སྒྲ་གཅན་གྱི་ཁས་ནམ་མཁའི་ཟླ་བ་བཟུང་བས་ཆུ་ནང་གི་ཟླ་བ་ཇི་སྙེད་པ་ཐམས་ཅད་རང་ཟིན་པ་ལྟར་སྲོག་སྡོམ་གཟེར་བཞིའི་མན་ངག་གཅིག་ཤེས་པས་མདོ་རྒྱུད་བསམ་གྱིས་མི་ཁྱབ་པའི་དགོངས་གནད་དུས་གཅིག་ཏུ་ཉམས་སུ་ལོངས་པ་ཡིན་ཏེ། དགོངས་པ་མི་འགྱུར་བའི་གཟེར་གྱིས། འཁོར་འདས་མཉམ་པ་ཉིད་དུ་ཤེས་པས་སྤང་བླང་གཞི་ནས་དག་པའི་གནད། དེ་བཞིན་དུ་རོ་མཉམ་སྟོང་ཉིད་དུ་ཤེས་པས་དངོས་འཛིན་བདེན་ཞེན་འཇིག སྣང་སྟོང་ཟུང་འཇུག་ཏུ་ཤེས་པས་ཚོགས་གཉིས་མཉམ་དུ་རྫོགས། ལྟ་བའི་རྩིས་ཟིན་པས་བསྐྱེད་རྫོགས་ཡ་བྲལ་དུ་མི་འགྱུར། དགོངས་པའི་ངང་ལས་མི་གཡོ་བས་ལྟ་ཐོག་ཏུ་སྒོམ་པ་འཁྱོལ། གྱ་ནོམ་ལྷར་ཞེན་ལས་གྲོལ་བས་བསྐྱེད་རིམ་གྱི་གོལ་ས་སྤོང་། སྣང་སྲིད་གཞིར་བཞེངས་སུ་རྫོགས་པས་བདག་གཞན་གྱི་གཉིས་འཛིན་མེད། ཡེ་གྲོལ་གཞི་རྫོགས་སུ་རྟོགས་པས་དུག་ལྔས་གོས་པ་མེད། ཆོས་སྐུའི་དགོངས་པ་བརྙེས་པས་སྐུ་གསུམ་རང་ལ་རྫོགས། གཞི་འབྲས་རོ་གཅིག་ཏུ་ཤེས་པས་ལམ་གྱི་རྩོལ་སྒྲུབ་མི་དགོས། སྒོམ་པ་འབྲས་བུར་འཁྱོལ་བས་སངས་རྒྱས་གཞན་ནས་མི་འཚོལ། འབྲས་བུ་གཞི་ལ་འཁྱོལ་བས་འཐོབ་བྱའི་ཞེན་འཛིན་གྲོལ། ཆོས་ཉིད་ཀློང་དུ་གཅིག་པས་དམ་ཡེའི་འཛིན་པ་དག རིགས་བརྒྱའི་ཁྱབ་བདག་རྟོགས་པས་ལྷ་གཅིག་སྒྲུབ་པས་ཐམས་ཅད་འགྲུབ། མཆོག་གི་དངོས་གྲུབ་བརྙེས་པས་དོན་གཉིས་ལྷུན་གྱིས་གྲུབ། བཟང་ངན་སྤང་བླང་ལས་འདས་པས་གཙང་སྦྲའི་ཀུན་སྤྱོད་ལ་མི་ལྟོས། བྱར་མེད་ཡེ་ཟིན་དུ་ཤེས་པས་ཆོ་གའི་ཁྲིགས་རིམ་མི་དགོས། གྲུབ་མཐའི་འཛིན་པ་དག་པས་ཐེག་པའི་རྩེ་མོར་ཕྱིན་པའི་གནད་དེ་གནད་ཆེན་པོ་བཅོ་བརྒྱད་དང་། བསྐྱེད་རིམ་ལྷ་ཡི་གཟེར་ལ། སྣང་ཆ་ལྷ་རུ་གསལ་བས་སྟོང་པ་ཕྱོགས་གཅིག་ཏུ་མི་གོལ། ཀུན་རྫོབ་ལམ་དུ་བྱེད་པས་བདེན་གཉིས་ཟུང་དུ་འཇུག དངོས་པོ་ཨ་འཐས་སྦྱོང་བས་ཐ་མལ་གྱི་བདེན་ཞེན་སྤོང་། ཆོ་གའི་ཡན་ལག་རྫོགས་པས་བསོད་ནམས་ཀྱི་ཚོགས་ཆེན་རྫོགས། སྐུ་ཡི་རྣམ་པ་གསལ་བས་གཟུགས་སྐུའི་ཉེ་རྒྱུར་འགྱུར། འབྲས་བུའི་བཞུགས་ཚུལ་དང་མཐུན་པས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནད་དེ་དྲུག་དང་། སྙིང་པོ་སྔགས་ཀྱི་གཟེར་ལ། གསུང་རྡོ་རྗེ་ལམ་དུ་བྱེད་པས་ངག་གི་སྒྲིབ་པ་སྦྱོང་། སེམས་དཔའ་སུམ་བརྩེགས་སུ་བསྒོམས་པས་སྒོ་གསུམ་མཉམ་དུ་གྲོལ། དམིགས་པ་སྔགས་ཕྲེང་ལ་གཏད་པས་ཐ་མལ་གྱི་རྟོག་པ་སྤོང་། ཟླ་བ་སྐར་ཕྲེང་ལྟར་བཟླས་པས་རང་བབས་ཀྱི་ཏིང་འཛིན་ལ་གནས། མགལ་མེའི་འཁོར་ལོ་ལྟར་བཟླས་པས་བདེ་སྟོང་ཡེ་ཤེས་བསྐྱེད། བུང་བ་ཚང་ཞིག་ལྟར་བཟླས་པས་སྒྲ་གྲགས་སྔགས་སུ་གྲོལ། སྙིང་པོའི་སྲོག་ནས་བགྲངས་པས་ལྷས་བྱིན་གྱིས་བརླབས། ངག་གི་ནུས་པ་འཕེལ་བས་ཅི་སྨྲས་གཞན་དོན་དུ་འགྱུར། རིག་སྔགས་ཀྱི་འདེན་ཚིག་གྲུབ་པས་སྨོན་ལམ་གང་བཏབ་འགྲུབ། རྒྱལ་བའི་གསུང་ལ་དབང་བས་སྣང་སྲིད་ལྷ་འདྲེས་བཀའ་བཞིན་སྒྲུབ་པའི་གནད་དེ་བཅུ་དང་། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ལ། མཆོག་གི་དངོས་གྲུབ་འགྲུབ་པས་ཐུན་མོང་ཤུགས་ཀྱིས་འབྱུང་། དམིགས་པའི་མདེ་ཁ་བསྒྱུར་བས་ལས་ཚོགས་གཞན་ལ་མི་ལྟོས། ཕྲིན་ལས་མཐའ་རུ་ཕྱིན་པས་གཞན་དོན་འབད་མེད་དུ་འབྱུང་། འགྲོ་དོན་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་མཛད་པ་འགྲུབ། སེམས་བསྐྱེད་ཀྱི་འཕེན་པས་འཕངས་པས་ཐེག་པ་དམན་པར་མི་གོལ། གདུལ་བྱ་སྨིན་ཅིང་གྲོལ་བས་གདུང་བརྒྱུད་འཛིན་པའི་གནད་དེ་དྲུག་བཅས་རྩ་བ་བཞི་ལ་ཁྱད་ཆོས་ཀྱི་གནད་བཞི་བཅུ་དང་ལྡན་པས་ན། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གནད་མ་ལུས་པ་འདིར་འདུ་ཞིང་། འདི་དང་མི་ལྡན་པའི་ལམ་ནི་ཤི་བའི་རོ་དང་འདྲ་བར་མཁས་པ་ཤྲཱི་རྒྱལ་པོས་གསུངས་སོ། །གཉིས་པ་སྒོམ་དོན་གྱི་དམིགས་རིམ་བྱེ་བྲག་ཏུ་བཤད་པ་ལ། དངོས་གྲུབ་མྱུར་དུ་འགྲུབ་པའི་རྒྱུ་ལྷ་སྔགས་དབྱེར་མེད་ལ་ངེས་ཤེས་ཀྱི་མོས་པ་བསྐྱེད་པ། བསྙེན་སྒྲུབ་ཡན་ལག་བཞིའི་ཛབ྄་དམིགས་བྱེ་བྲག་ཏུ་བཤད་པ། ཇི་ལྟར་བཟླ་བའི་ཚུལ་དགོས་པ་ཕན་ཡོན་བཅས་བཤད་པ་དང་གསུམ་ལས། དང་པོ་ནི། སྤྱིར་བཟླ་བྱའི་སྔགས་ཀྱི་ངོ་བོ་ནི་ཐབས་ཤེས་ཀྱི་ཡི་གེ་ཨཱ་ལི་དང་ཀཱ་ལི་གཉིས་སུ་འདུ་ཞིང་། དབྱངས་གསལ་གྱི་ཡི་གེ་དེ་ཐམས་ཅད་ཀྱང་བརྗོད་མེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི་ཡི་གེ་ཨ་ལས་བྱུང་ཞིང་ཨ་ཡི་ངོ་བོར་གནས་ལ། ཨ་ཉིད་ནི་སྐྱེ་བ་མེད་པ་སྟེ། དོན་དམ་པར་སྐྱེ་འགག་གནས་དམིགས་འགྲོ་འོང་ལ་སོགས་པ་སྤྲོས་པའི་མཚན་མས་གདོད་ནས་སྟོང་ཞིང་རང་བཞིན་མཉམ་པ་ཉིད་ཀྱི་ཕྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་མིང་དུ་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་མེད་པར་ཡེ་ནས་སངས་རྒྱས་པ་ནི་མ་སྐྱེས་པའི་ཕྱིར་ཆོས་ཀྱི་སྐུ་སྟེ། གསང་སྙིང་ལས། ཨ་ནི་སྟོང་དང་མི་སྟོང་གི། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེའི་ཕྲེང་བ་ཉིད་ལ་གནས། །ཞེས་སོ། །དེ་ལྟ་བུའི་རང་བཞིན་བརྗོད་མེད་ཀྱི་ཡི་གེ་ཨ་ཉིད་ཀྱིས་གོ་ཕྱེས་ནས་སྣ་ཚོགས་སུ་སྣང་བའི་ངག་གི་འདུ་བྱེད་ལས་བྱུང་བའི་ཡི་གེ་ཨཱ་ལི་ཀཱ་ལིའི་ཚོགས་པ་དེ་དག་ཐམས་ཅད་ཀྱང་མི་འགག་པའི་ཕྱིར་ཡེ་ནས་སངས་རྒྱས་པའི་རང་བཞིན་ལོངས་སྤྱོད་རྫོགས་པའི་སྐུར་གནས་ཏེ། དེ་ཉིད་ལས། ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་སོ། །དེ་ལྟ་བུའི་སྐྱེ་འགག་མེད་པའི་དབྱིངས་ནས་སྣ་ཚོགས་སུ་འཕྲུལ་ཞིང་རྣམ་པར་སྣང་བའི་ངོ་མཚར་རྨད་དུ་བྱུང་བ་ཐབས་ཆེན་ཡི་གེའི་ཚོགས་པས་ཀུན་རྫོབ་ཐ་སྙད་ཙམ་དུ་མིང་ཚིག་བརྗོད་པ་ཀུན་གྱི་གཞི་འཛིན་ཅིང་གདུལ་བྱར་གང་འདུལ་གྱི་ཆོས་སྒོ་བསམ་མི་ཁྱབ་པར་སྟོན་པའི་འཕྲུལ་ཆེན་ཡི་གེ་ནི་སངས་རྒྱས་སྤྲུལ་པའི་སྐུའི་གསུང་གི་ཆེ་བ་ཡིན་ཏེ། སྔ་མ་ལས། ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་སོ། །དོན་དམ་པར་དངོས་པོར་གྲུབ་པ་མེད་པའི་ཡི་གེ་ནི་རང་སེམས་ཀྱི་སྣང་ཆ་ཡིན་པས་སྣང་བའི་དུས་ཉིད་ནས་རང་བཞིན་གྱིས་གྲུབ་པ་མེད་དེ་སེམས་ཉིད་ཡེ་ནས་སྟོང་ཞིང་བདག་མེད་པ་སྤྲོས་བྲལ་མཉམ་པ་ཆེན་པོའི་ངང་ལས་ནམ་ཡང་གཡོ་བ་མེད་པའི་ཕྱིར་གཟུང་འཛིན་གྱི་བློ་ཡི་སྤྱོད་ཡུལ་ལས་འདས་པ་ནི་ཡི་གེ་སངས་རྒྱས་སྤྲུལ་པའི་སྐུའི་ཐུགས་སུ་གནས་པ་སྟེ། དེ་ཉིད་ལས། དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །ཞེས་སོ། །དེ་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་རོལ་པ་འགག་མེད་རྟེན་འབྱུང་གི་སྣང་ཆ་བརྡར་བཏགས་པའི་ཡི་གེའི་གཟུགས་དབྱིབས་སོགས་ཐ་དད་པ་ལ་བརྟེན་ནས་མིང་ཚིག་སྣ་ཚོགས་རྣམ་པར་འཕྲུལ་བའི་སྤྲིན་ལས་ལྷ་བསྐྱེད་པའི་ས་བོན་དང་། གླེགས་བམ་གྱི་སྣང་བརྙན་སོགས་ཐུགས་རྗེའི་རོལ་པ་ཅིར་ཡང་སྤྲུལ་ནས་འགྲོ་བའི་དོན་མཐའ་ཀླས་པར་མཛད་པ་ནི་ཡི་གེ་སངས་རྒྱས་སྤྲུལ་པའི་སྐུར་ཤར་བ་སྟེ། དབྱིབས་དང་ཁ་དོག་མིང་ཚིག་གིས། །རོལ་པ་ཅིར་ཡང་སྤྲུལ་ཞིང་སྟོན། །ཞེས་སོ། མདོར་ན། ཕྱོགས་བཅུར་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵ་ལ་རྫོགས། །ཞེས་སོགས་གསུངས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་ཡིན་ཞིང་། བྱེ་བྲག་ཏུ་བཟླ་བྱའི་སྔགས་རྣམས་གྲུབ་པ་བཞིས་བྱིན་གྱིས་བརླབས་པའི་ནུས་པ་མཐུ་ཅན་དུ་གྱུར་པ་སྟེ། གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོ་ཉིད་ཀྱིས་གྲུབ་པ་ཡི་གེ་ཐམས་ཅད་སྟོང་ཆེན་མཉམ་པ་ཉིད་ཀྱི་ངོ་བོ་ཅན་དུ་ཡེ་ནས་གྲུབ་པ། ཆོས་ཅན་རང་བཞིན་གྱིས་གྲུབ་པ་རང་གི་ངོ་བོ་ཐུན་མོང་མིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པ། བྱིན་གྱིས་བརླབས་ཀྱིས་གྲུབ་པ་ཆོས་ཀུན་ལ་མངའ་དབང་འབྱོར་པ་སངས་རྒྱས་རྣམས་ཀྱིས་ཡི་གེ་གཅིག་ནས་མང་པོའི་བར་གྱི་སྔགས་རྣམས་སུ་ཡེ་ཤེས་ཉིད་རྣམ་པར་འཕྲུལ་བར་བསྟན་པས་བྱིན་གྱིས་བརླབས་ཀྱིས་གྲུབ་པ། ནུས་པའི་མཐུས་གྲུབ་པ་སྨན་དང་ནོར་བུ་བཞིན་དུ་སྔགས་དེ་དག་ལ་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་མེད་མི་བསླུ་བར་ཡོད་པའོ། །རྒྱུ་མཚན་དེའི་ཕྱིར་གནས་སྐབས་དང་མཐར་ཐུག་གི་འདོད་པའི་དོན་རྣམས་སྔགས་ཀྱི་མཐུས་སྒྲུབ་མི་ནུས་པ་གང་ཡང་མེད་དོ། །དེས་ན་ལྷ་སྔགས་དབྱེར་མེད་དུ་རྟོགས་པའི་ངེས་པས་དད་མོས་རྩེ་གཅིག་པར་བཟླ་བ་ནི་ཤིན་ཏུ་གལ་ཆེ་སྟེ། རྒྱུད་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་པས། །དེ་གཉིས་དབྱེ་བར་མི་བྱའོ། །ཞེས་དང་། དད་པ་བརྟན་པོས་བསྒྲུབ་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བ་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས། མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ནི་གདུལ་བྱའི་བློ་ངོར་རྣམ་པ་ཐམས་ཅད་པར་འཆར་རུང་བ་ཡིན་ལ། དེ་ཡང་སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་དངོས་སུ་སྣང་བ་དང་། ཕལ་པས་འདུལ་བ་ལ་ཕལ་པར་སྣང་བ་གཉིས་སངས་རྒྱས་གཅིག་གི་ཡེ་ཤེས་ཀྱི་རོལ་པར་ཁྱད་མེད་པས་དོན་ལ་བཟང་ངན་མེད་པ་ལྟར་འདིར་ཡང་སངས་རྒྱས་ཉིད་ཕལ་པའི་ངོར་སྔགས་ཀྱི་རྣམ་པར་བསྟན་པ་ཡིན་ལ། སྔགས་གྲུབ་པས་ལྷ་མངོན་སུམ་དུ་བྱོན་པའང་ལྷ་ཉིད་སྔགས་སུ་འཕྲུལ་བ་བསྒྲུབས་པས་སྔགས་ཉིད་ལྷར་འཕྲུལ་བའི་ཚུལ་གྱིས་གདུལ་བྱ་ལ་དངོས་གྲུབ་སྩོལ་བ་ཙམ་དུ་ཟད་པས་ལྷ་སྔགས་རང་སེམས་གསུམ་དབྱེར་མེད་པའི་ཚུལ་ལ་ངེས་ཤེས་བསྐྱེད་པ་ཅིས་ཀྱང་གལ་ཆེའོ། །གཉིས་པ་ལ་གཉིས། བཟླས་པའི་གཞི་དགོད་པ་དང་། སྤྲོ་བསྡུའི་དམིགས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རང་ཉིད་དམ་ཚིག་སེམས་དཔའ་ཡི་དམ་གྱི་ལྷ་གང་ཡིན་གསལ་དག་བརྟན་གསུམ་དང་ལྡན་པར་བསྒོམ་པའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པ་ལྟ་བུ་སྟེ་ཁ་དོག་སྨུག་པོ་དབྱིབས་ཆ་ལང་ཁ་སྦྱར་བ་ལྟ་བུ་ཟུར་བརྒྱད་པ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་ནམ་འོད་ལྔའི་ཐིག་ལེའི་ཀློང་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་རང་འདྲ་བའམ་ཡང་ན་རྒྱན་ཕྱག་མཚན་སྤངས་པ། ཁ་ཅིག་སྤྲུལ་པ་དང་སྤྲུལ་གཞིའི་དབང་དུ་བྱས་ཏེ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་འོད་དཔག་མེད་དང་། མཚོ་རྒྱལ་གྱི་ཐུགས་ཀར་ཕག་མོ་བསྒོམ་པ་ལྟ་བུ་སྟེ་རང་གཞུང་དང་བསྟུན་ལ། དེའི་ཐུགས་ཀར་རིགས་སོ་སོའི་ཕྱག་མཚན་རྡོ་རྗེ་ལྟ་བུ་འགྲེངས་སྟབས་སུ་གནས་པའི་ལྟེ་བར་ཉི་ཟླ་བ རྩེགས་པའམ། ཞི་བ་ལ་ཟླ་བ། ཁྲོ་བོ་ལ་ཉི་མའི་གདན་སྲན་མ་བཀས་པ་ཙམ་གྱི་ལྟེ་བར་ཏིང་ངེ་འཛིན་སེམས་དཔའ་རྩ་བའི་ཐུགས་སྲོག་ཧྲཱིཿདང་ཧཱུྃ་སོགས་ཡི་དམ་གང་ཡིན་གྱི་ས་བོན་ལྷའི་ཁ་དོག་དང་མཚུངས་པར་མར་མེ་ལྟར་གསལ་ཞིང་འཚེར་བ་ལངས་སྟབས་སུ་ལྷའི་ཞལ་བསྟན་ཕྱོགས་ལྟར་གནས་པའི་མཐའ་བསྐོར་དུ་སྔགས་ཕྲེང་བཀོད་པ་སྟེ། སྒྲུབ་ཐབས་ཁ་ཅིག་ཏུ་བདག་དམ་ཚིག་པའི་ཐུགས་ཀར་ས་བོན་དང་སྔགས་ཕྲེང་བསྒོམ་པ་ལས་ཡེ་ཤེས་སེམས་དཔའ་དང་ཕྱག་མཚན་མེད་པ་ཡང་འབྱུང་བས་རང་གཞུང་དང་བསྟུན། བསྒོམ་བྱའི་ཡི་གེ་ཡང་བོད་ཡིག་ཉིད་གསུང་རྡོ་རྗེའི་ངོ་བོར་གདོད་ནས་གྲུབ་པ་དང་། དེར་མ་ཟད་སངས་རྒྱས་ཀྱི་ཡེ་ཤེས་དང་། རྣམ་འཕྲུལ་ཚད་མེད་པའི་གསང་བ་ཟབ་མོ་གདུལ་བྱའི་ཡུལ་ལ་མཉམ་པོར་འཇུག་པ་ལས་རྒྱ་བོད་ཀྱི་ཡིག་གཟུགས་ཀྱི་ཁྱད་པར་ཙམ་ལ་བྱིན་གྱི ས་རློབ་པར་ནུས་མི་ནུས་སོགས་ཀྱི་དབྱེ་བསལ་མ་དམིགས་པའི་ཕྱིར་གཤར་གཟབ་གང་རུང་རང་གི་བློ་ལ་འཆར་བ་གང་བདེར་བྱ་བ་ལས་གཞན་དུ་བསྒྱུར་མི་དགོས་སོ། །སྔགས་ཕྲེང་བཀོད་ཚུལ་ཡང་རྩ་བའི་ཐུགས་སྲོག་ས་བོན་གྱི་ཡི་གེ་དེའི་མདུན་ནས་བརྩམས་ཏེ་བཟླས་བྱའི་སྔགས་ཀྱི་ཡིག་འབྲུ་རྣམས་ཤིན་ཏུ་ཕྲ་བ་སྤུས་བྲིས་པ་བཞིན་གསལ་ཞིང་འབར་བའི་ཕྲེང་བས་བསྐོར་བ་སྟེ། དེ་ཡང་རང་གཞུང་དང་བསྟུན་སྔགས་ཕྲེང་གཡས་སུ་འཁོར་དགོས་པ་རྣམས་སྔགས་ངོ་ཕྱིར་བསྟན་དང་། ཕྱི་ནས་བཀླག་ཕྱོགས་ལྟར་ཡིག་འབྲུ་རྣམས་ལངས་ཐབས་སུ་ གཡོན་དུ ་བཀོད་པ་ཕྲེང་བ་ལྟར་འཁོར་བའི་མགོ་འདྲེན་ༀ་ལྟ་བུ་དང་ཧཱུྃ་ཧྲཱིཿསོགས་མཇུག་གི་སྔགས་འབྲུ་ཐུག་པ། དེ་ཡང་རིང་བའི་རིགས་ལ་མདུན་ནས་ཡིག་མགོ་བརྩམས་པའི་སྔགས་མགོ་ནང་བསྟན་དང་སྔགས་མཇུག་ཕྱི་རོལ་དུ་ཐད་ཀར་འགྲིགས་པའི་རིམ་པ་གཉིས་གསུམ་སྦྲུལ་འཁྱིལ་བ་ལྟར་བསྒོམས་ལ་བཟླས་པའི་དུས་གཡས་སུ་བཀླག་ཐབས་སུ་འཁོར་དགོས་པ་ཡིན། སྔགས་ཕྲེང་ གཡོན་དུ ་འཁོར་དགོས་པ་རྣམས་ཐུགས་སྲོག་གི་མདུན་ནས་སྔ་མ་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་སྔགས་ངོ་ནང་བསྟན་ནང་ནས་བཀླག་ཕྱོགས་སུ་གཡས་བསྐོར་དུ་བཀོད། སྔགས་རིང་རྣམས་ཕྱི་ནང་བསྐོར་ལུགས་སྔ་མ་ལྟར་བྱ། བཟླ་བའི་སྐབས་ གཡོན་དུ ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡས་ གཡོན་དུ ་འཁོར་ཚུལ། སྤྱིར་བཏང་ལྷ་ཡབ་ཀྱི་རིགས་རྣམས་གཡས་འཁོར་དང་། ཡུམ་རྣམས་ལ་གཡོན་འཁོར་ལྟ་བུར་འདུག་ཀྱང་མཐའ་གཅིག་ཏུ་ངེས་པ་མེད་པས་རང་གཞུང་དང་བསྟུན། ཡང་སྔགས་ཕྲེང་དངོས་འཁོར་མི་དགོས་པར་དེ་ལས་འོད་ཟེར་སྤྲོ་བསྡུ་སོགས་བྱེད་པའི་རིགས་ལ་སྔགས་ངོ་བསྟན་ཕྱོགས་གོང་ལས་གོ་བཟློག་སྟེ་བཀོད་ལུགས་ཀྱིས་གཡས་གཡོན་བསྐོར་ཕྱོགས་ཉིད་གཙོ་ཆེ་བས་དེ་ལྟར་སྐབས་དང་སྦྱར་ཤེས་པར་བྱའོ། །གཉིས་པ་སྤྲོ་བསྡུའི་དམིགས་པ་བྱེ་བྲག་ཏུ་བཤད་པ་ལ་ལྔ་ལས། དང་པོ་བསྙེན་པའི་ཡན་ལག་བཀོད་པའི་བཟླས་པའམ་ཟླ་བ་སྐར་ཕྲེང་ལྟ་བུ་ནི། ས་བོན་དང་སྔགས་ཕྲེང་འོད་ཟེར་འཕྲོ་བ་ལ་ཡང་ཡང་སེམས་བཟུང་། དེ་ནས་རིམ་པར་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་སྒྲ་སྒྲོགས་པ་དང་། སྔགས་འབྲུ་རྣམས་ཀྱང་རང་སྒྲ་དང་བཅས་གདན་ལས་ཅུང་ཟད་འཕར་ཏེ་ཐོག་མར་འོད་ཟེར་འཁོར། དེ་ནས་སྔགས་ཕྲེང་ཉིད་རིམ་གྱིས་ཇེ་མགྱོགས་སུ་འཁོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་སངས་ཀྱིས་བསལ་བར་མོས་པའོ། །གཉིས་པ་ཉེ་བར་བསྙེན་པ་མགལ་མེ་འཁོར་བ་ལྟ་བུའམ་ཁྱོགས་ཀྱི་བཟླས་པ་ནི། ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་འཕྲོས་པ་ཡིག་འབྲུ་རྣམས་གཅིག་རྗེས་གཅིག་ནོན་རེག་ལ་མ་འབྱར་ཞིང་བར་མ་ཆད་པའི་ཕྲེང་བ་སྔགས་ཀྱི་རང་སྒྲ་དང་བཅས་པ་མགལ་མེའི་འཁོར་ལོ་བསྐོར་བ་བཞིན་ཡེ་ཤེས་པ་དང་དམ་ཚིག་སེམས་དཔའི་ཞལ་ནས་རིམ་པར་ཐོན་པ་ཡུམ་གྱི་ཞལ་དུ་ཞུགས། ཐུགས་རྒྱུད་བསྐུལ་སྐུ་ཡི་ནང་བརྒྱུད་པདྨ་ནས་བྱུང་སྟེ་ཡབ་དང་ཡེ་ཤེས་སེམས་དཔའ་གཉིས་ཀྱི་རྡོ་རྗེའི་ལམ་ནས་སྟེང་དུ་ཡར་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ངོ་བོར་བདེ་ཕྲིལ་ཕྲིལ་བྱུང་བ་ཐུགས་ཀའི་ས་བོན་ལ་ཐིམ་པས་མཆོག་གི་དངོས་གྲུབ་ཐོབ་པར་མོས་པ་ནི་ཡེ་ཤེས་ཀྱི་བཟླས་པ་སྟེ། དེས་ཐིག་ལེ་བརྟན། གསལ་ཉམས་སྐྱེ། ཐུར་སེལ་དབུ་མར་ཐིམ་པར་བྱེད། རྒྱུན་རིང་ན་རླུང་སྟོད་དུ་འཚང་{འཆུགས}པའི་གེགས་འབྱུང་བ་སྲིད་དོ། །དེ་སེལ་བྱེད་སྔགས་ཕྲེང་ཡབ་ཀྱི་རྡོ་རྗེ་ནས་ཡུམ་གྱི་པདྨར་ཕྱིན་པ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་སྙིང་གའི་ས་བོན་ལ་ཐིམ། དེ་ལས་སྔར་ལྟར་སྔགས་ཕྲེང་བར་མ་ཆད་དུ་བྱུང་ནས་འཁོར་བར་བསྒོམ་པ་ནི་དོ་ལིའམ་ཁྱོགས་ཀྱི་བཟླས་པ་སྟེ། དེས་མི་རྟོག་པའི་ཉམས་སྐྱེ། སྲོག་རླུང་དབུ་མར་ཐིམ། སྟོད་འཚང་གི་གེགས་སེལ། རྒྱུན་རིང་ན་ཐིག་ལེ་ཉམས་པ་དང་དམིགས་པ་གསལ་ཆ་ཆུང་བར་འགྱུར་ཉེན་ཡོད་པས། དེ་གཉིས་སྤེལ་ནས་བསྒོམས་ན་ལེགས་པས། སྔ་དྲོ་དང་སྲོད་ལ་ཚུར་འཁོར་བ་དང་ཉིན་གུང་དང་ཕྱི་དྲོ་ཕར་འཁོར་བར་བསྒོམ། དེ་གཉིས་ཀ་ལ་འཁོར་ལོའི་བཟླས་པ་ཞེས་བྱ་སྟེ། མདུན་བསྐྱེད་ཡོད་པ་རྣམས་ལའང་འདི་བཞིན་སྦྱར་ཏེ་བདག་མདུན་གྱི་བར་དུ་སྔགས་ཕྲེང་སྤྲོ་བསྡུ་བྱའོ། །གསུམ་པ་སྒྲུབ་པའི་ཡན་ལག་རྒྱལ་པོའི་ཕོ་ཉ་ལྟ་བུའམ་སྤྲོ་བསྡུའི་བཟླས་པ་ནི། སྔགས་བཟླས་པའི་རྐྱེན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ནམ་མཁའ་གང་བར་འཕྲོས་པའི་རྩེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་པ་དཔག་ཏུ་མེད་པ་འཕྲོས། མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་ལ་ཐུགས་མཉེས་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། ལྷ་རྣམས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཐུགས་མཉེས་པར་བྱས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་རམ། འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་ཆར་བབས་པ་ལྟར་བྱོན་ནས་རང་གི་སྒོ་གསུམ་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག ཚོགས་གཉིས་ཡོངས་སུ་རྫོགས། དབང་བཞི་ཆིག་རྫོགས་སུ་ཐོབ་པར་བསམ་པ་ནི་བདག་དོན་བྱིན་རླབས་བསྡུ་བའི་དམིགས་པའོ། །ཡང་འོད་ཟེར་འཕྲོས་ཏེ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕོག་པས་ལས་ཉོན་སྡིག་སྒྲིབ་དང་སོ་སོའི་སྡུག་བསྔལ་ཐམས་ཅད་སྐད་ཅིག་ལ་སྦྱངས། ཉན་རང་བྱང་སེམས་རྣམས་ཀྱང་ཤེས་སྒྲིབ་ལས་གྲོལ་བར་བྱས། ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་གནས་གྱུར་པར་བསམ་པ་ནི་གཞན་དོན་ཕྲིན་ལས་གྱི་བཟླས་པ་སྟེ། འདིའི་སྐབས་སུ་ལས་བཞི་གང་འདོད་ཀྱི་དམིགས་པའང་འཕྲུལ་ཤེས་པར་བྱའོ། །བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་བུང་བ་ཚང་ཞིག་པ་ལྟ་བུ་ནི། ལྷ་སྔགས་ལས་སྤྲོས་པའི་འོད་ཟེར་གྱིས་སྣོད་གཞལ་ཡས་ཁང་། བཅུད་ལྷ་ཡི་འཁོར་ལོ། སྒྲ་གྲགས་སྔགས་ཀྱི་རང་བཞིན། དྲན་རྟོག་ཡེ་ཤེས་ཀྱི་རོལ་པར་བསྒྱུར་བར་མོས་ལ་འཛིན་མེད་ཀྱི་ངང་ནས་བཟླ་བ་ནི་བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །ཛབ་྄ དགོངས་བཞི་པོ་འདི་རིམ་ཅན་དུ་སྦྱོར་བ་དང་། གང་ཡང་རུང་བ་རེ་ཟུང་སྦྱོར་བ་སོགས་ཡོད་པ་ལས་རང་གཞུང་དངོས་བསྟན་ཉིད་གལ་ཆེའོ། །ལྔ་པ་ཐུན་མོང་མ་ཡིན་པ་མན་ངག་གི་ལུགས་ལྟར་བསྙེན་སྒྲུབ་ཆིག་ཆོད་དུ་བྱས་ན། བཟླས་པའི་ཐོག་མར་རང་ཡི་དམ་དུ་གསལ་བའི་སྤྱི་བོར་བླ་མ་པད་འབྱུང་ཡབ་ཡུམ་རྡོ་རྗེ་འཆང་གི་ཆ་ལུགས་ཅན་དུ་བཞུགས་པ་ལ་བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་བར་མོས་ལ། མོས་གུས་དྲག་པོས་ཐུགས་རྒྱུད་བསྐུལ་བས་སྐུའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྣམ་པར་བྱུང་། རང་གི་སྤྱི་བོ་ནས་ཞུགས། ལུས་གང་སྒྲིབ་པ་དག ཐུགས་རྒྱུད་ཀྱི་བྱིན་རླབས་མ་ལུས་པ་ཞུགས་ནས་ལྷ་སྔགས་ཐམས་ཅད་མྱུར་དུ་འགྲུབ་པའི་དངོས་གྲུབ་ཐོབ་པར་བསམས་ལ། བཛྲ་གུ་རུ་བརྒྱ་རྩ་ཙམ་བཟླ། བླ་མ་རང་བསྟིམ། དེ་ནས་ངག་བྱིན་རླབས་དང་། ཕྲེང་བ་བྱིན་རླབས་སོགས་བྱས་རྗེས། རང་ལྷར་གསལ་བའི་ཐུགས་ཀ་ནས་རྟེན་དང་བརྟེན་པའི་ཛབ྄་ཁང་མདུན་དུ་ཕྱེས་ཏེ། ཐུགས་ཀའི་ས་བོན་སྔགས་ཕྲེང་ལས་འོད་ཟེར་དང་སྔགས་ཕྲེང་མགལ་མེ་ལྟར་བརྒྱུད། ལྗགས་ཀྱི་རྩེ་ནས་ནམ་མཁར་འཁྲིགས་པའི་འོད་ཟེར་ཆེན་པོས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་བཅས་ལ་ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་དམ་པ་ཕུལ། ཐུགས་དགྱེས་ཤིང་ངོམས་པའི་ཚུལ་དུ་དགོངས་ཏེ་དེ་ཐམས་ཅད་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུ་བསྒོམ་པའི་ལྷའི་དཀྱིལ་འཁོར་གྱི་རྣམ་པར་མཁའ་ཁྱབ་ཏུ་སད་པ་ཏིལ་གྱི་གང་བུ་བཞིན་དུ་ཛབ྄་ཁང་གི་ལྷ་དང་གཉིས་སུ་མེད་པར་བཞུགས་ཤིང་དེ་དག་གི་སྐུ་གསུང་ཐུགས་ཀྱི་འོད་ཟེར་རང་ལ་ཐིམ། ཡང་མདུན་མཁར་འཁྲིགས་པའི་སྔགས་འབྲུ་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རྩ་བ་དང་བརྒྱུད་པར་བཅས་པ་སོགས་རིག་འཛིན་བླ་མའི་ཚོགས་མཉེས་པར་བྱས། བྱང་ཆུབ་སེམས་དཔའ་རྣམས་མཉམ་པའི་ངང་ལས་འགྲོ་དོན་ལ་བཞེངས། མ་མོ་མཁའ་འགྲོ་རྣམས་དཔའ་བསྐྱེད། ཆོས་སྐྱོང་དམ་ཅན་རྣམས་ལས་ལ་བཙུད། ཉན་རང་རྣམས་འགོག་པ་ལས་བསླངས། འཇིག་རྟེན་དྲེགས་བྱེད་རྣམས་དབང་དུ་བསྡུས། ཕས་ཀྱི་རྒོལ་བ་བདུད་དང་མུ་སྟེགས་དཔའ་བཀོང་། ཁམས་གསུམ་སེམས་ཅན་རྣམས་ཀྱི་ལོག་རྟོག་ཟིལ་གྱིས་མནན། དགྲ་བགེགས་གདུག་པ་ཅན་ཚར་བཅད། ཕྱོགས་དུས་འགྲོ་བ་ཐམས་ཅད་ཀྱི་སྒྲིབ་པ་མཐའ་དག་བཅོམ་ནས་གནས་སྐབས་དང་མཐར་ཐུག་གི་རེ་བ་ཡོངས་སུ་རྫོགས་པར་བྱས་ཏེ་ཡི་དམ་ལྷའི་གོ་འཕང་ལ་བཀོད། སླར་ཡང་འོད་ཟེར་དེས་ཕོག་པས་ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་། ནང་བཅུད་ཐམས་ཅད་ལྷ་དང་ལྷ་མོ་སྟེ། སྣང་སྲིད་སྣོད་བཅུད་ཐམས་ཅད་བསྒོམ་པའི་ལྷའི་དཀྱིལ་འཁོར་ཉག་གཅིག་ཏུ་རྫོགས་ཤིང་། དེ་རྣམས་ཀྱི་ཞལ་དང་ནམ་མཁའ་ཁྱབ་པའི་སྔགས་ཕྲེང་གི་འཁོར་ལོ་ལས་ཀྱང་གང་བཟླ་བྱའི་གསང་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བའམ། རི་རབ་འབུམ་ཉིལ་བའམ། གནམ་ལྕགས་ཀྱི་སྒྲ་ལྟ་བུའི་ནམ་མཁའི་ཁམས་ཁྱབ་ཅིང་། སྔགས་ཀྱི་འོད་ཟེར་དེ་ཡང་རྩ་བའི་ལྷའི་མདོག་གམ། ཡང་ན་དབུས་མཐིང་ནག ཤར་སྨུག་ནག ལྷོར་སེར་ནག ནུབ་དམར་ནག བྱང་ལྗང་ནག་ཏུ་འབར་ཞིང་འཁྲུགས་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པར་བྱས་ཏེ་བཟླ་བར་བྱའོ། འདི་ནི་གཙོ་བོར་ཁྲོ་བོ་ལ་སྦྱར་བ་སྟེ། གཞན་དུ་ཞི་བ་ལ་ཁོག་འདྲ་ཞིང་འོད་ཟེར་འཇམ་ལ་བདེ་བ་བསྐྱེད་པ་དང་། སྔགས་ཀྱི་སྒྲ་ཚངས་པའི་དབྱངས་ལྟར་སྙན་པ་ཉིད་དུ་བྱའོ། །བཟླས་དམིགས་དེ་དག་གི་སྐབས་ཀུན་ཏུ་ཐམས་ཅད་རོ་མཉམ་ཡེ་ཤེས་ཆེན་པོའི་ངང་དུ་ཤེས་ཤིང་། སྣང་སྲིད་ཐམས་ཅད་རང་རིག་པའི་དབང་དུ་བསྒྱུར་ཏེ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་གང་འདོད་ཐོབ་པའི་དམིགས་གནད་དང་ལྡན་པར་བྱའོ། །ཐུན་འཇོག་ཁར་ནམ་མཁའི་ཡིག་འབྲུ་འོད་ཟེར་དང་བཅས་པ་རྣམས་དང་། སྣང་སྲིད་ལྷའི་དཀྱིལ་འཁོར་དུ་ཤར་བ་ཐམས་ཅད་ཛབ་྄ ཁང་གི་ལྷ་ལ་ཐིམ། ཛབ྄་ཁང་གི་ལྷ་རྣམས་རང་ལ་ཐིམ་པ་རང་ལུས་བཀྲག་མདངས་གཟི་བརྗིད་ཆེས་ཆེར་འཕེལ་ཞིང་ལུས་ཐམས་ཅད་བསྒོམ་པའི་ལྷ་སྐུ་ཕྲ་མོས་ཐེམ་མེར་གང་བར་བསམ། གཙོ་འཁོར་གྱི་བཟླས་པ་ཀུན་ལ་དེ་ལྟར་སྦྱར་རོ། །ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་གསུམ་གསུམ་གྱིས་སྔགས་ཀྱི་ཉམས་པ་སྐོང་ཞིང་ནུས་པ་བརྟན་པར་བྱ་བ་སོགས་སྤྱི་ལྟར་རོ། །འདི་ནི་སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་གནད་བསྡུས་ཀུན་མཁྱེན་བླ་མ་འཇམ་དཔལ་དགྱེས་པའི་ཐུགས་བཅུད་དེ། གཞན་ཡང་རྩ་གསུམ་སྤྱི་བྱེ་བྲག་ཏུ་སྒྲུབ་ཚུལ་དང་། ཞི་རྒྱས་དབང་དྲག་བསྲུང་བཟློག་བསད་དམིགས་སོགས་ཐུན་མོང་དང་ཐུན་མིན་རྣམས་ནི་རྩ་བའི་བསྙེན་ཡི ག་དང་ཞིབ་པར་བླ་མའི་ཞལ་ནས་བླངས་ཏེ་གསང་བས་སྒྲུབ་ན་དངོས་གྲུབ་རྣམ་གཉིས་ལག་རྩེར་སོན་པར་འགྱུར་རོ། །གསུམ་པ་ཇི་ལྟར་བཟླ་བའི་ཚུལ་དགོས་པ་ཕན་ཡོན་དང་བཅས་པ་བཤད་པ་ལ། ཇི་ལྟར་བཟླ་བའི་ཚུལ་ནི། སྤྱིར་ངག་བཟླས་སྐད་གསོང་མཐོན་པོར་བཟླ་བ་དང་། མཆུ་དང་ལྕེ་རྩེ་འགུལ་ཙམ་གྱིས་ཤུབ་བུར་བཟླ་བ་དང་། རླུང་བཟུང་སྟེ་སྔགས་ཀྱི་གཟུགས་དང་སྒྲ་ལ་སེམས་གཏད་པ་འགོག་བཟླས་དང་། རླུང་འཛིན་པ་ཙམ་ཡང་མི་བྱ་བར་ཡིད་ཁོ་ནས་སྔགས་ཀྱི་གཟུགས་སམ་སྒྲ་གདངས་དྲན་པ་ཡིད་བཟླས་དང་། ས་བོན་གྱི་ནཱ་ད་ལས་དབུགས་ཕྱིར་དབྱུང་བ་དང་ལྷན་ཅིག་ཧཱུྃ་གི་སྒྲས་སྐུའམ་འོད་ཟེར་སྤྲོས་ཏེ་དོན་གཉིས་བསྒྲུབ། ནང་དུ་འཇུག་པའི་ཨོཾ་གྱི་སྒྲས་ཚུར་བསྡུས། གནས་པའི་ཚེ་ཨཱཿའི་སྒྲས་ནཱ་ད་ལ་ཐིམ་པའམ། ཡང་ན་རང་སྔགས་དང་སྦྱར་ཏེ་རྡོ་རྗེའི་བཟླས་པ་བྱ་བ་སོགས་ཡོད་ཀྱང་། འདིར་ངག་བཟླས་ཙམ་གྱི་དབང་དུ་བྱས་ཏེ། གང་ལ་བཟླ་བའི་གཞི་བགྲང་ཕྲེང་གི་མཚན་ཉིད་དང་། དེ་ཇི་ལྟར་བྱིན་གྱིས་བརླབས་པ། ལས་སོ་སོ་དང་བསྟུན་ཏེ་འདྲེན་ཚུལ་སོགས་གཞུང་སྤྱི་མཐུན་ལྟར་བྱ་བ་ལས་འདིར་ཡི་གེས་འཇིགས་ལ། བཟླ་ཚུལ་དངོས་ནི། ཨོ་རྒྱན་ཆེན་པོས། མ་ཡེངས་ཏིང་འཛིན་ལྡན་པས་བཟླ༔ གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས་པས་སེམས་རྣམ་པར་གཡེང་བས་ཇི་ཙམ་དུ་བཟླས་ཀྱང་ངག་སྒྲིབ་ཅུང་ཟད་སྲབ་པ་ཙམ་ལས་འདོད་པའི་དངོས་གྲུབ་ཆེན་པོ་འབྱིན་པར་མི་འགྱུར་བས། ལྷའི་གསལ་སྣང་དང་སྔགས་ཕྲེང་འོད་ཟེར་སྤྲོ་བསྡུ་སོགས་ལ་སེམས་གཏད་དེ་ཏིང་ངེ་འཛིན་རྩེ་གཅིག་པའི་ངང་ནས་གཞན་དུ་མ་ཡེངས་པར་བཟླ་བ་གལ་ཆེ་ཞིང་། དེ་ཡང་ཤེས་ན་ཡི་གེའི་སྐྱེ་གནས་སྒྲའི་འབྱིན་ཚུལ་ལྕེ་མཆུའི་བྱེད་རྩོལ་སོགས་མ་འཁྲུགས་པར། ཡི་གེ་རེ་རེ་ནས་ཤིན་ཏུ་མྱུར་བ་དང་། ཧ་ཅང་བུལ་བ་མ་ཡིན་པ་དང་། ཡི་གེ་རིང་པོ་རྣམས་ཐུང་བ་དང་། ཐུང་ངུ་རྣམས་རིང་བ་མ་ཡིན་པ་དང་། ཡི་གེ་གཞན་ལྷག་པའམ་ཡི་གེ་དེ་ཉིད་ཆད་པ་མ་ཡིན་པ་དང་། གཞན་ཡང་སྒྲ་ཧ་ཅང་ཆེ་བ་དང་ཆུང་བ་ལ་སོགས་པའི་སྐྱོན་རྣམས་སྤངས་ལ། ཐུན་སྒང་དུ་གཞན་དང་གཏམ་སྨྲ་བ་དང་། གླལ་བ་དང་ལུ་བ་སོགས་གཞན་གྱིས་བར་མ་ཆད་པར་བཟླ་བར་བྱ་སྟེ། རྔམ་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བར་མིན། །དྲག་པོར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པས་མིན། །ཡེངས་པ་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་གསུངས། དེ་ཡང་སྔགས་ཀྱི་སྒྲ་དོན་ཤན་སྦྱོར་བ་ཤེས་ན་དོན་གྱི་གཟུངས་འགྲུབ་པ་སོགས་ཀྱི་དགོས་པ་ཡོད་དེ། རྒྱུད་ལས། དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཞེས་གསུངས། དེ་ལྟར་སྦྱོར་མ་ཤེས་ཀྱང་དད་མོས་རྩེ་གཅིག་པས་བཟླས་ན་དངོས་གྲུབ་ཆེན་པོ་ཇི་ལྟ་བ་བཞིན་འབྱུང་སྟེ། ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས་ཤིང་། སྔོན་གྱི་གྲུབ་ཐོབ་འདར་ཕྱར་དང་ས་པཎ་གྱིས་འཕྲོག་བྱེད་བརྟུལ་བའི་ལོ་རྒྱུས་ཀྱིས་ཀྱང་ཤེས་སོ། །གལ་ཏེ་སྔགས་རྒྱ་སྐད་དུ་ཡོད་པ་བོད་སྐད་དུ་བསྒྱུར་བ་དང་། རྒྱ་བོད་འདྲེས་པར་ཡོད་པའི་བོད་སྐད་རྣམས་རྒྱ་སྐད་དུ་བསྒྱུར་བ་དང་། མཁའ་འགྲོའི་བརྡ་སྐད་སོགས་ཡུལ་གཞན་གྱི་སྐད་དུ་ཡོད་པ་བརྡ་སྤྲོད་པའི་ལུགས་དང་བསྟུན་ནས་གསར་དུ་བཅོས་ཏེ་བཟླས་ན་ནི་དངོས་གྲུབ་མེད་དེ། ཅིའི་ཕྱིར་ན་སྔོན་གྱི་གསང་སྔགས་གསུང་བ་པོ་ཉིད་ཀྱིས་སྐད་དེ་དང་དེར་བྱིན་གྱིས་བརླབས་ཀྱིས་གསར་དུ་བཅོས་ཤིང་བསྒྱུར་བ་དེར་མ་ཡིན་པའི་ཕྱིར་གང་གསུང་པ་པོ་དེའི་བ དེན་ཚིག་འགྲུབ་པར་མི་འགྱུར་བའི་ཕྱིར་རོ། །སྤྱིར་ཡང་གསང་སྔགས་ཀྱི་ཆོ་ག་སོགས་ལ་དཔྱད་པས་དངོས་གྲུབ་རིང་བར་བཤད་དེ། རྟོག་ཅིང་དཔྱོད་པའི་རྟོག་གེ་མཁན། །དེ་ལ་དངོས་གྲུབ་ཤིན་ཏུ་རིང་། །ཞེས་དང་། རྫས་དང་སྔགས་ཀྱི་སྦྱོར་བ་ལ། །དཔྱད་ན་དངོས་གྲུབ་མི་འབྱུང་སྟེ། །གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ། །བསམ་པ་འགྱུར་རམ་དད་པ་ཉམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། །ཞེས་གསུངས། དེས་ན་དད་མོས་རྩེ་གཅིག་པས་བཟླ་བར་གཅེས་སོ། །བཟླ་བྱའི་སྔགས་ཀྱང་ཕལ་ཆེར་ལྷའི་མཚན་ནས་བོས་ཏེ་ཐུགས་རྒྱུད་བསྐུལ་བ་ཡིན་ཏེ། ཡིག་དྲུག་ལ་མཚོན་ན། བོད་སྐད་དུ་ཀྱེ་ནོར་བུ་པདྨ་ཞེས་མཚན་ནས་འབོད་པ་དང་། སིངྔྷི་ལྟ་བུ་ལ། རྡོ་རྗེའི་བླ་མ་པདྨ་དངོས་གྲུབ་སྩོལ་ཅེས་ཐུགས་དམ་བསྐུལ་བ་ལྟ་བུ་ཡིན་པས། དོན་ལ་ཡེ་ཤེས་ཀྱི་ལྷ་ལ་བོས་མ་བོས་ཀྱིས་གསན་མི་གསན་དང་ཉེ་རིང་གི་ཁྱད་པར་མ་དམིགས་ཀྱང་། སངས་རྒྱས་ཐམས་ཅད་ཀྱི་གསུང་ཆོས་སྐུའི་རང་བཞིན་ཡེ་ཤེས་ཀྱི་རིག་སྔགས་དེ་ཉིད་བཟླས་པས་སྒྲིབ་པ་རིམ་གྱིས་ཟད་པ་ན་འབྲས་བུའི་ལྷ་དང་ཇེ་ཉེར་འགྱུར་བ་ཆོས་ཉིད་ཀྱིས་ཡེ་ཤེས་ལྷ་ཡི་བྱིན་རླབས་རྒྱུད་ལ་འཇུག་པར་འགྱུར་བ་ཡིན་ནོ། །བཟླས་པའི་ཚད་ཀྱང་། གོང་དུ་ཕྱོགས་ཙམ་སྨྲོས་པ་ལྟར། རབ་མཚན་མའི་བསྙེན་པ་དངོས་ཉམས་མི་ལམ་གང་རུང་དུ་ལྷ་འགྲུབ་པའི་མཚན་མ་མཐོང་བ། འབྲིང་དུས་ཀྱི་བསྙེན་པ་ཟླ་དྲུག་སོགས་རང་གཞུང་ལས་བཤད་པ་དང་མཐུན་པ། ཐ་མ་གྲངས་བསྙེན་གྱི་དབང་དུ་བྱས་ན། དཀྱིལ་འཁོར་གྱི་གཙོ་བོའི་སྔགས་འབྲུ་རེ་ལ་འབུམ་ཕྲག་རེ། འཁོར་གྱི་ལྷ་རྣམས་གཙོ་བོའི་བཅུ་ཆ་རེ་ཀུན་ལ་འབུམ་གྱི་རྗེས་སུ་ཁྲི་རེ། ཁྲིའི་རྗེས་སུ་སྟོང་། སྟོང་གི་རྗེས་སུ་བརྒྱ། བརྒྱ་ལ་བཅུ། བཅུ་ལ་གཅིག་སྟེ་རང་གི་བཅུ་ཆ་ཁ་སྐོང་དུ་བཟླ། ཡང་ཡི་གེ་བཅོ་ལྔ་མན་ཆད་ལ་འབྲུ་འབུམ། སུམ་ཅུ་ཡན་ཆད་ལ་ཁྲིའི་ཚད་ཡིན་པར་ཡང་བཤད། ཐམས་ཅད་ཀྱང་རྫོགས་ལྡན་ལ་གྲངས་དངོས་བསྟན། སུམ་ལྡན་གྱི་དུས་སུ་ཉིས་འགྱུར། ཉིས་ལྡན་གྱི་དུས་སུམ་འགྱུར་རྩོད་ལྡན་ལ་བཞི་འགྱུར་དུ་བཟླ་དགོས་པར་གསུངས་པ་སོགས་ཡོད་དེ་གཙོ་བོར་རྣལ་འབྱོར་རང་གི་ནང་ཤེར་ཏིང་གི་ནུས་པ་དང་བསྟུན་པ་གཅེས་སོ། །དེ་ལྟར་བཟླ་བའི་ཚེ་སྔགས་སྟོང་ཕྲག་རེའི་མཚམས་སུ་སྟོང་ཚིག་གི་མཆོད་བསྟོད་བྱ་བར་གསུངས་ཀྱང་དེ་ཙམ་མ་འགྲུབ་ན་བཟླས་པ་གྲུབ་པའི་རྗེས་སུ་མཆོད་བསྟོད་དང་། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བརྗོད་སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་དང་སྔགས་ཆད་ལྷག་སོགས་ཀྱི་ཉེས་པ་བསྐང་ཞིང་ནུས་པ་བརྟན་པར་བྱ་བ་དང་དངོས་གྲུབ་ལེན་པ་སོགས་རང་གཞུང་ལྟར་བྱ། གཞན་མཚམས་ཀྱི་སྤང་བླང་སོགས་དང་ཐུན་མཚམས་ཀྱི་བྱ་བ་ཞིབ་པར་དམ་པ་སྔ་མ་རྣམས་ཀྱི་གསུངས་སྤྱི་དང་། ཁྱད་པར་རྗེ་བླ་མས་མཛད་པའི་བསྙེན་སྤྱི་ཆེན་མོ་སོགས་ལས་ཤེས་པར་བྱ་ཞིང་ལག་ཏུ་ལོན་པ་གཅེས་སོ། །དེ་ལྟར་གཙོ་བོ་ལྷའི་རྣལ་འབྱོར་རྩེ་གཅིག་ཏུ་བསྒོམ་ཞིང་གྲངས་དུས་མཚན་མའི་བསྙེན་པ་ཚུལ་བཞིན་དུ་བྱས་པས་ཚེ་འདིར་བགེགས་དང་བར་ཆད་ཞི་བ་དང་། ངག་ལ་ནུས་པ་འབྱུང་བ་དང་། ལྷ་མཉེས་པས་རྒྱུད་བྱིན་གྱིས་རློབ་པ་དང་། ཚོགས་གཉིས་རྫོགས་པས་བསམ་པ་འགྲུབ་པ་དང་། གཞི་ལམ་འབྲས་གསུམ་གྱི་རྟེན་འབྲེལ་ཁྱད་པར་ཅན་འགྲིགས་ཤིང་རྒྱུད་སྨིན་པ་དང་། ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷས་རྗེས་སུ་འཛིན་པ་དང་། མཐར་ཐུག་རིགས་ཀྱི་བདག་པོའི་ཐུགས་ཀློང་དུ་མངོན་པར་བྱང་ཆུབ་པ་དང་། གནས་སྐབས་སུའང་ལས་དང་དངོས་གྲུབ་ཀྱི་ཁྱད་པར་རབ་འབྱམས་ལ་དབང་བ་དང་། རྡོ་རྗེ་སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་གྱི་ལས་ལ་དབང་འབྱོར་པ་སོགས་དགོས་པ་དང་ཕན་ཡོན་ཚད་མེད་པ་དང་ལྡན་པ་ཡིན་ནོ། །གསུམ་པ་མཇུག་ཆོ་གའི་ཡན་ལག་གཞན་བཤད་པ་ལ་བཞི། ཚོགས་མཆོད། གཏོར་སྐྱོང་། དངོས་གྲུབ་བླང་བ། ནོངས་བཤགས་སོགས་སོ། །དང་པོ་ནི། སྤྱིར་ཚོགས་ཀྱི་འཁོར་ལོའི་ངོ་བོ་ཐབས་ཤེས་དབྱེར་མེད་ཀྱི་ཀུན་སྤྱོད་ཁྱད་པར་ཅན། ངེས་ཚིག་ག་ཎ་ཙཀྲའི་སྒྲ་ལས་བདེ་བ་ཆེན་པོ་ཚོགས་ཆེན་འདུས་པའི་འཁོར་ལོས་ཉོན་མོངས་པའི་དྲྭ་བ་གཅོད་པ། དབྱེ་ན། སྐལ་ལྡན་མི་ཡི་ཚོགས་ཐབས་ཤེས་ཟུང་དུ་ཚོགས་པ། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་གསང་སྔགས་ནང་གི་དམ་རྫས་ཚང་བ། དགྱེས་ལྡན་ལྷ་ཡི་ཚོགས་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམས་ཤིང་སྤྱན་དྲངས་པ། དེ་གསུམ་འདུས་ཏེ་ལོངས་སྤྱོད་པ་ལས་ཐོབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །ཇི་ལྟར་བྱ་བའི་ལས་རིམ་ལ། ཚོགས་ཀྱི་འཁོར་ལོ་ལ་ཚུལ་བཞིན་དུ་སྒྲ་ཇི་བཞིན་པར་དངོས་སུ་སྤྱོད་ནུས་པའི་གང་ཟག་དཀོན་ཕྱིར། འདིར་དེང་སང་སྔགས་པ་རྣམས་ཀྱི་ལག་ལེན་ཐུན་མོང་བ་ལྟར་ཡེ་རྒྱ་ལ་བརྟེན་པའི་མོས་སློབ་ཀྱི་ཚོགས་མཆོད་བྱ་བ་ལ། སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། གང་དུ་བྱ་བའི་དཀྱིལ་འཁོར་གྱི་མདུན་དུ་ཕྱི་ནང་གསང་བའི་མཆོད་ཚོགས་དང་། དམ་ཚིག་གི་རྫས་སུ་འོས་པའི་བཟའ་བཅའ་བཏུང་བའི་རིགས་སོགས་ཅི་འབྱོར་བ་ལག་ལེན་ལྟར་བཤམས། དེ་ཉིད་བྱིན་གྱིས་བརླབ་པ་ནི། རྫས་རྣམས་ལ་བདུད་རྩི་བྲན་ཏེ། རང་ཉིད་གཙོ་བོའི་ང་རྒྱལ་ལ་གནས་པའི་ཐུགས་ཀ་ནས་ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ནས། སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་ཚོགས་གཞོང་རིན་པོ་ཆེའམ་རང་བྱུང་བྷཉྫ་འབར་བའི་ནང་དུ། བཅུད་འབྲུ་གསུམ་སོགས་འོད་དུ་ཞུ་བ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་ངོ་བོ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིར་ཡང་འཆར་བར་མོས་ཏེ་མཁའ་ཁྱབ་ཏུ་སྤེལ་ལོ། །ཚོགས་ཞིང་སྤྱན་འདྲེན་པ་ནི། རང་ཉིད་རྩ་བའི་ལྷ་ཡབ་ཡུམ་དུ་གསལ་བའི་ཐུགས་སྲོག་གམ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འོག་མིན་གྱི་གནས་དང་རང་བཞིན་སྤྲུལ་པའི་ཞིང་རབ་འབྱམས་ནས་བླ་མ་རྩ་གསུམ་དཀྱིལ་འཁོར་གྱི་ཚོགས་རྣམས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་ནམ་མཁའི་ཁྱོན་ཐམས་ཅད་ཁྱབ་ཅིང་གང་བར་སད་དེ་མངོན་སུམ་དུ་བྱོན་པར་མོས་པའོ། །དེ་ནས་མཆོད་པ་དངོས་ལ་གསུམ་གྱི། དང་པོ་མཆོད་པ་ནི། ཚོགས་ཕུད་ཆ་དང་པོ་དེ་ཉིད་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་དྲུག་གི་ལྷ་མོ་དང་མཁོ་དགུའི་ལོངས་སྤྱོད་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་སྤྲུལ་ཏེ་འབུལ་བའོ། །གཉིས་པ་བཤགས་པ་ནི། ཚོགས་བར་པ་ཆ་གཉིས་པ་དེ་ཉིད་བདུད་རྩི་ལྔའི་རྣམ་པར་དམིགས་ཏེ་ཕུལ་བས་ལྷ་རྣམས་དགྱེས་པ་བསྐྱེད། ཐུགས་དམ་བསྐང་། ཉམས་ཆག་དང་རྟོག་སྒྲིབ་བྱང་ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབ་པར་མོས་ལ་ཡིག་བརྒྱ་སོགས་བརྗོད་དོ། །ཐ་མ་བསྒྲལ་བ་ནི། སྔར་བྱིན་རླབས་མ་བྱས་གོང་ཟུར་དུ་བཅད་པའི་ལིངྒ་སོགས་ཡོད་ན་དང་། མེད་ན་ཆ་གསུམ་པ་ཉིད་མདུན་དུ་བཀོད་པ་ལ། འདོད་ཡོན་ལྷ་མོ་ཧཱུྃ་གི་རྣམ་པས་ཚུར་རང་ལ་བསྡུ། དེ་ཉིད་དམིགས་རྟེན་དུ་བྱས་ཏེ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་དང་སྤྲུལ་པའི་ཕོ་ཉ་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་བསྒྲལ་བྱ་ཞིང་བཅུ་ཚང་པ་སྟེ། རྒྱུད་ལས། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །དགེ་འདུན་འདུ་བའི་སྒོ་འཕྲོག་དང་། །ཐེག་ཆེན་ཆོས་ལ་སྨོད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྡོ་རྗེའི་ནང་དབྱེན་བྱེད་པ་དང་། །སྒྲུབ་ལ་བར་ཆད་བྱེད་པ་དང་། །གང་ཞིག་དམ་ལས་ལོག་པ་དང་། །སྙིང་རྗེ་མེད་པའི་སྲིན་པོ་དང་། །མུ་སྟེགས་ལོག་ལྟར་གཏོང་བ་དང་། །སྒྲུབ་པ་པོ་ལ་དོ་བསྡོ་བ། །འདི་རྣམ་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་སོ། །ཡང་ན་དམ་ཚིག་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཅན་གྱིས་དང་དུ་བླང་། །ཞེས་གསུངས་པ་ལྟར། དེ་རྣམས་རང་དབང་མེད་པར་བཀུག་སྟེ་ལྕགས་ཀྱུས་སྙིང་ནས་བཟུང་། ཞགས་པས་རྐེ་ནས་དྲངས། ལྕགས་སྒྲོག་གིས་ཡ ན་ལག་བཅིང་། དྲིལ་བུས་མྱོས་པར་བྱས་ཏེ་མཚན་མའི་རྟེན་ལ་བསྟིམ། སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ་ནས་ཉམ་ཐག་པའི་ཚུལ་ཅན་དུ་གནས་པར་མོས་ལ། དོན་གྱི་སེམས་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ཏེ་ཚད་མེད་པའི་སྙིང་རྗེ་ཆེན་པོ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཟུང་དུ་འཇུག་པས། གཏོང་བའི་སེམས་རྣམ་པ་ཞེ་སྡང་གི་གཟུགས་སུ་ཤར་བས། རང་དཔལ་ཆེན་པོ། ལག་གི་ཕུར་པ་སྲས་མཆོག་ཀཱི་ལ་ཡ། ལིངྒ་གནོད་བྱེད་ཀུན་འདུས་ཏེ་གསལ་བ་གསུམ་དང་ལྡན་པའི་ངང་ནས། ཕུར་པ་གཟས་པོའི་སྙིང་གར་བཏབ་པས་ཁོའི་ཚེ་བསོད་དཔལ་འབྱོར་བཀྲག་དང་གཟི་མདངས་ཐམས་ཅད་ཨའི་རྣམ་པར་བསྡུས་ནས་རང་ལ་བསྟིམས་པས་བདག་གི་རྡོ་རྗེའི་ཚེ་སྲོག་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་པར་བསམ་པ་ཚེ་ལུང་དང་། ཀུན་གཞི་ནྲྀའི་རྣམ་པར་གནས་པ་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཁོང་གསེང་བརྒྱུད་ཕཊ་ཀྱིས་འཕངས་པས་གློ་བུར་གྱི་དྲི་མ་སྦྱངས་ནས་རྣམ་ཤེས་དྭངས་མའི་ཐིལ་ལེར་གྱུར་པ་འོག་མིན་དུ་དཔལ་ཆེན་པོ་སོགས་རྩ་བའི་ལྷ་གང་ཡིན་གྱི་ཐུགས་ཀར་ཐིམ་ནས་སྲས་སུ་དབང་བསྐུར་བར་མོས་པ་ཁྲུས་ལུང་སྟེ། དེ་ལྟར་ཚེ་ཁྲུས་སྤར་གསུམ་གྱི་དགོངས་པ་དང་ལྡན་པས་བརྟེན་པ་དབྱིངས་སུ་བསྒྲལ། རྟེན་གཞི་བག་ཆགས་གི་ཕུང་པོ་ཕོ་རྐང་པ་གཡས་དང་། མོ་རྐང་པ་གཡོན་ནས་བཟུང་རིམ་པར་གཏུབ་སྟེ་ངོ་བོ་དུག་གསུམ་རྣམ་པ་ཤ་ཁྲག་རུས་པའི་ཕུང་པོར་བསམ་སྟེ་ལྷ་གཙོ་འཁོར་བཀའ་སྡོད་སྤྲུལ་པ་དང་བཅས་པའི་ཞལ་དུ་བཏབ་པས་ཁམས་གསུམ་གྱི་འཁོར་བ་གནས་ནས་སྟོང་པར་མོས་པ་སྟེ། དེས་བདག་མི་འཕམ་སྟེ་དགྲའི་ཚེ་བསོད་རང་གི་ཚེ་བསོད་ཀྱི་གསོས་སུ་གྱུར་པས་འཚེང་། དགྲ་མི་འཕམ་སྟེ་རྣམ་སྨིན་ལས་ངན་གྱི་སྐྱེ་རྒྱུན་ཆད་ནས་དཔལ་ཆེན་པོའི་སྲས་སུ་གྱུར་པས་འཚེང་། ལྷ་མི་འཕམ་སྟེ་འཁོར་གྱི་བཀའ་སྡོད་སྲུང་མའི་ཚོགས་རྣམས་གཟུགས་ཕུང་ཤ་ཁྲག་ལོངས་སྤྱོད་ཀྱིས་ཚིམས་པས་འཚེང་བ་སྟེ་འབྲས་བུ་འཚེང་བ་གསུམ་ལྡན་དུ་འགྱུར་རོ། །འདི་དག་གི་ཚུལ་རྒྱས་པ་ནི་ཁོ་བོས་བྱས་པའི་ཡང་ཕུར་དང་རྡོ་རྗེ་ཕུར་པའི་རྣམ་བཤད་སོགས་སུ་བལྟ་བར་བྱའོ། །དེ་ནས་ཚོགས་ལ་རོལ་བ་ནི་ལས་ཀྱི་རྡོ་རྗེས་འདུས་པའི་གཙོ་བོ་ལ་ཕྱག་བྱས་ནས་ཐབས་ཤེས་ཀྱི་རྫས་བརྡ་དང་བརྡ་ཡི་འབུལ་ལེན་བྱས་རྗེས་འདུས་པ་གཞན་རྣམས་ལའང་རྒན་གཞོན་གྱི་རིམ་པ་བཞིན་བྲིམ་པ་ལ། ཚོགས་གྲལ་དུ་རྩོད་པ་དང་། ཀུ་ཅོ་དང་། ཐ་མལ་གྱི་བདེན་ཞེན་སོགས་སྤངས་ཏེ། ཚིམ་པ་དང་། དགའ་བ་དང་། འཛིན་ཞེན་མེད་པའི་སྒོ་ནས་བདུད་རྩིའི་མཆོད་རྫས་ལྟེ་བའི་གཏུམ་མོའི་མེས་བཞུ་བའི་དྭངས་མས་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པར་བསམ་པ་ནང་གི་བསྲེག་བླུགས་ཀྱིས་ལོངས་སྤྱོད། གཞན་ཡང་ཡེ་རྒྱ་ཙམ་ལ་བརྟེན་པའི་གསང་བའི་ཚོགས་མཆོད་དང་། ཡུལ་སྟོང་པ་ཉིད་དང་། ཡུལ་ཅན་རང་རིག་ཟུང་དུ་འཇུག་པས་འཁོར་འདས་གདོད་ནས་དཀྱིལ་འཁོར་དུ་གྲུབ་པ་ཉིད་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱིས་མཆོད་པར་མོས་པ་དང་། རྡོ་རྗེ་སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་གནང་བ་ཐོབ་ན་རྡོ་རྗེའི་གླུ་གར་སོགས་ཀྱང་རྣལ་འབྱོར་པའི་ཉམས་དང་སྦྱར་ཏེ་བྱའོ། །དེ་ནས་ལྷག་མ་རྣམས་གསོག་འཇོག་མེད་པར་བསྡུས་པའི་དམེ་གཏོར་མཆོད་པའི་རས་མ་དང་བཅས་པའི་སྟེང་དུ་ཕུད་ཆ་གསུམ་པའང་བསྣན་ཏེ། ལས་ཀྱི་རྡོ་རྗེས་བསྐུལ་ནས། སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་བ་མཛད་པའི་བྱང་སེམས་ཀྱི་བདུད་རྩི་བབ་པར་བསམ་ལ། སྔགས་རྒྱས་ཛ་གད་ཀྱི་ཁ་ཕྲུ་བཏབ་སྟེ་བདུད་རྩིར་སྤེལ་བ་དཀྱིལ་འཁོར་གྱི་བྱང་ཤར་རམ་ཤར་ལྷོར་ཞིང་ལྤགས་སོགས་གདན་ལ་བཀོད། ལྷག་མགྲོན་རྣམས་སྔགས་རྒྱས་བཀུག་ལ་མེ་ཏོག་ལ་སོགས་པས་མཆོད་ནས། སྔོན་ཚེ་དཔལ་ཆེན་པོའི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པ་བཞིན་དུ་ལྷག་གཏོར་ཟག་མེད་འདོད་ཡོན་གྱི་དམ་རྫས་ཆེན་པོ་འདི་བཞེས་ལ་བདག་རྣལ་འབྱོར་པས་ཇི་ལྟར་བཅོལ་བའི་ལས་རྣམས་སྒྲུབ་པར་མཛོད་ཅིག ཅེས་བསྒོས་ཏེ་སྒྲུབ་ཁང་གི་ཕྱི་རོལ་ནས་གོམ་པ་བདུན་ཅུ་བོར་བ་ནི་སྲིན་མོའི་ཟ་ལམ་ཡིན་པས་དེར་བསྐྱལ་ཞིང་རྗེས་སྨོན་ལམ་གདབ་པ་སོགས་ཆོ་ག་རང་གཞུང་ལྟར་བྱའོ། །གཉིས་པ་གཏོར་སྐྱོང་བྱ་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དབྱིངས་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་། སྲུང་མའི་གཏོར་མ་རྣམས་གཏོར་གྲལ་ནས་ཕྱིར་སྤགས་པ་ལ། སྨན་རག་གིས་བྲན། གཏོར་རྫས་རྣམས་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ལ་རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་སྤེལ་ཏེ། སྐྱེ་བ་མེད་པའི་དབྱིངས་ལས་རང་ཤར་བའི་བརྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ཐ་ཚིག་གཉེན་པོ་བསྒྲགས་ཏེ་ལས་བཞིའི་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས་ཤིག་ཅེས་ལས་བཅོལ་ཏེ་ཕྱིར་འབུལ། སྐབས་འདིར་ཟོར་བསྐུལ་ཡོད་པའི་རིགས་ལ། གཏོར་རྫས་ནད་མཚོན་དུག་གི་ངོ་བོར་དམིགས་ཏེ་སྡང་དགྲ་གནོད་བྱེད་ཀྱི་ཕྱོགས་སུ་འཕང་བས་ཁ་ཕུང་རྗེས་མེད་དུ་བརླགས་པར་མོས། དེ་ནས་གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་བརྟན་མའི་གཏོར་མ་ལ་བྲན་ཞིང་། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ནང་དུ་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་པའི་རང་གཟུགས་ཕྱི་རོལ་དུ་བརྟན་ཞིང་ཆགས་པས་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་འཁོར་སྨན་ཕྲན་འབུམ་དང་བཅས་པ་ལ་འབུལ་ཞིང་གངས་ལྗོངས་མཐའ་དབུས་བདེ་བའི་ཕྲིན་ལས་བཅོལ་ལོ། །དེ་ནས་རྟ་བྲོ་བྱ་བ་ནི། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམིགས་བྱ་མནན་ཞིང་། རྡོ་རྗེས་རྒྱས་གདབ་པའི་ཁར་བྲོ་ཡི་ལས་བྱ་བ་སྟེ་སྣོད་བཅུད་ཐམས་ཅད་དཔལ་རྟ་མཆོག་ཧེ་རུ་ཀ་སོགས་ལས་མཐུན་གྱི་ཁྲོ་བོ་དང་ཁྲོ་མོའི་ཚོགས་ཀྱིས་གང་བས་ཐབས་ཤེས་གཉིས་སུ་མེད་པར་བྲོ་བརྡུང་བས་གནས་སྐབས་སུ་ཞི་རྒྱས་དབང་དྲག་གི་ལས་གང་ཡིན་འགྲུབ་ཅིང་། མཐར་ཐུག་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་བདེ་བ་ཆེན་པོའི་རོལ་མོར་འཆར་བའི་དམིགས་པ་མེད་པའི་དབྱིངས་སུ་ཐིམ་པར་མོས་པའོ། །གསུམ་པ་དངོས་གྲུབ་བླང་བ་ནི། སྤྱིར་བསྙེན་སྒྲུབ་མཐར་ཕྱིན་པ་སོགས་ཀྱི་སྐབས་སུ་བྱ་བ་ཡིན་ལ། དེའི་ཚུལ་རྒྱས་པ་ནི་རང་རང་གི་རྩ་བའི་སྒྲུབ་དཀྱིལ་བསྙེན་ཡིག་སོགས་ལས་ཤེས་པར་བྱ་བ་ལས་འདིར་ཡི་གེས་འཇིགས་ལ། དཀྱུས་ཙམ་དུ་ལས་གཞུང་གི་འཇུག་ཐོག་དེར། སྒྲུབ་གཏོར་ལྷར་གསལ་བ་ལ་མོས་གུས་ཀྱིས་གསོལ་བ་གདབ་ཅིང་ཐུགས་དམ་བསྐུལ་བས། རྩ་བའི་ལྷ་རྣམས་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འབྲུ་གསུམ་དང་འོད་ཟེར་གྱི་རྣམ་པར་འཕྲོས་ཏེ་རང་གི་གནས་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐོབ་པར་མོས་ལ་སྒྲུབ་གཏོར་གནས་གསུམ་དུ་འཇོག་པའམ་ནང་མཆོད་ཀྱི་བདུད་རྩི་མྱོང་ཞིང་གནས་གསུམ་དུ་ཐིག་ལེ་བྱ། མཐར་རོ་མཉམ་གཉུག་མའི་ངང་དུ་མཉམ་པར་བཞག་པར་བྱའོ། །བཞི་པ་ནོངས་པ་བཤགས་སོགས་བྱ་བ་ནི། གཏང་རག་གི་མཆོད་བསྟོད་བྱས་རྗེས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྤྱན་སྔར་གདུང་བ་དྲག་པོས། བདག་སྒྲུབ་པ་པོ་ཤེར་ཏིང་གི་ནུས་པ་དབེན་པས་དགོངས་སྤྱོད་རྒྱ་མཚོ་གདེང་དུ་མ་གྱུར་པ་དང་། བྱིང་རྒོད་ཀྱི་དབང་དུ་གྱུར་ཏེ་ཏིང་ངེ་འཛིན་མ་གསལ་བ་དང་། ཛབ྄་བཟླས་མ་དག་ཅིང་ཆོ་གའི་ཡན་ལག་ཉམས་པ་དང་། རྫས་དང་ཡོ་བྱད་མ་འབྱོར་ཞིང་འབགས་བཙོག་ཏུ་ཤོར་བ་སོགས་སྤྱི་དང་ཁྱད་པར་རྩ་བ་དང་ཡན་ལག་གི་དམ་ཚིག་དང་འགལ་བའི་ཉེས་པ་གང་དང་གང་བྱུང་བ་དེ་ཐམས་ཅད་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་མཆེད་ལྕམ་འདུས་པ་རྒྱ་མཚོའི་སྤྱན་སྔར་མཐོལ་ཞིང་བཤགས་ན་འཕྲལ་དང་ཡུན་གྱི་སྒྲིབ་པར་མི་འགྱུར་བར་བྱང་ཞིང་དག་པར་མཛད་དུ་གསོལ་སྙམ་པས། རིགས་སོ་སོའམ་སྤྱི་ཁྱབ་ཏུ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བ་ཉིད་བཟླ་བར་བྱའོ། །དེ་ནས་ཡེ་ཤེས་པ་གཤེགས་བསྟིམས་གོང་འོས་བྱས་ནས་དམ་ཚིག་པ་བསྡུ་བའམ་ཡང་ན་ཡེ་ཤེས་ཀྱི་ལྷ་ལ་གཤེགས་གསོལ་མི་བྱ་བར་དམ་ཡེ་དབྱེར་མེད་དུ་བསྡུ་བ་ནི་སྔགས་བླ་མེད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། འདིའི་སྦྱང་བྱ། བྱིས་པ་འདི་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པ་སྟེ། སྣོད་བཅུད་སྲུང་འཁོར་ལ་བསྡུ་བ་ནས་རིམ་གྱིས་ནཱ་དའི་བར་དུ་བསྡུ་བ་དེ་རྣམས་ཀྱིས་འཆི་བའི་ཚེ་ཕྱི་ནང་གི་ཐིམ་རིམ་དང་འཆི་སྲིད་ཆོས་སྐུའི་འོད་གསལ་དང་བཅས་པ་མཚོན་བྱེད་དང་། དེ་ལས་ཐུན་མཚམས་ཀྱི་ལྷར་ལྡང་བས་བར་སྲིད་དང་མཐུན་པ་ཡིན་ཅིང་། སྦྱོང་བྱེད་ཀྱི་རིམ་པ་ནི། ལྷ་སྔགས་ཀྱི་རྣལ་འབྱོར་སྔར་བཤད་པ་བཞིན་ལ་ཅི་ནུས་སུ་བསླབ་ཅིང་མི་ནུས་ན་བསྡུ་རིམ་བྱ་བ་སྟེ། དེ་ཡང་གོང་དུ་བསྐྱེད་རིམ་གྱི་སྐབས་གྱ་ནོམ་ལྷར་ཞེན་གྱི་རྟོག་པ་མེད་ན་སྐབས་འདིར་ཡང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྐད་ཅིག་གིས་སྦྱངས་ནས་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོའི་ངང་དུ་མི་དམིགས་པར་མཉམ་པར་བཞག་པ་རིལ་འཛིན་དང་། ཡོད་ན་རྗེས་གཞིག་གིས་བྱ་བར་གསུངས་པས། རང་གི་སྙིང་གའི་འོད་ཀྱིས་ཕྱི་རོལ་དག་པའི་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ། དེ་ནས་ནང་གི་འབྱུང་རིམ་སྲུང་འཁོར་དུར་ཁྲོད་སོགས་རིམ་པར་གཞལ་ཡས་ཁང་ལ། དེ་འཁོར་རྣམས་ལ། དེ་གཙོ་བོ་ཡབ་ཡུམ་ལ། ཡུམ་ཡབ་ལ། དེ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། དེ་རིམ་བཞིན་ཏིང་འཛིན་སེམས་དཔའ་ཐུགས་སྲོག་ས་བོན་ལ། དེ་གྱེན་རྫོགས་ནཱ་དའི་བར་དུ་ཡལ་ནས་མཐར་དམིགས་བསམ་སྤྲོས་པ་དང་བྲལ་བའི་ཀ་དག་གི་ཀློང་དུ་མཉམ་པར་བཞག་པས་རྟག་མཐའ་བསལ། དེ་ལས་སླར་ཡང་སྔགས་བརྗོད་པའི་རྐྱེན་གྱིས་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རང་རྩ་བའི་སྐུར་ལངས་ཏེ་གནས་གསུམ་བྱིན་རླབས་དང་གོ་བགོ་ལུས་སྲུང་སོགས་བྱས་ནས་སྣང་སྤྱོད་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བས་ཆད་མཐའ་བསལ་ཏེ་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །དེ་དག་གི་སྦྱངས་འབྲས་ནི། སངས་རྒྱས་གཟུགས་སྐུའི་སྣང་བ་ནི་ཆོས་སྐུའི་ཕྲིན་ལས་ཡིན་ལ། ཆོས་སྐུའི་ཡེ་ཤེས་ཀྱང་དབྱིངས་ཀྱི་ངོ་བོ་ཡིན་པས་དེར་ཐིམ་པ་སྟེ། སྤྱིར་ཆོས་སྐུའི་ཡེ་ཤེས་སྤྲོས་བྲལ་འདུས་མ་བྱས་ཀྱིས་ཁྱད་པར་དུ་བྱས་པའི་ཕྱིར་ངོ་བོ་ཐིམ་བྱ་ཐིམ་བྱེད་ལས་འདས་མོད། གདུལ་བྱ་གཞན་སྣང་དུ་མི་སྣང་བའི་ཆ་ཙམ་ལ་ཐིམ་པའི་ཐ་སྙད་བཏགས་པའོ། །དེ་ལས་སླར་ཡང་གཟུགས་སྐུའི་སྣང་བ་རྒྱུན་མི་འཆད་པ་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་འཆར་བར་མཚོན་པའོ། །ལམ་གོང་མའི་དུས་སུ་དབང་བཞི་པའི་ཉམས་ལེན་སྣོད་བཅུད་འོད་གསལ་དུ་བཅུག་ནས་སླར་ཡང་ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུར་ལྡང་ནུས་པའི་གཞིར་འགྱུར་བས་སྨིན་བྱེད་དུ་འགྲོ་བ་ཡིན་ནོ། །འདི་ཡན་ཆད་སྤྱིར་བསྐྱེད་རིམ་གཙོ་ཆེ་བའི་དབང་དུ་བྱས་མོད། དོན་ལ་སྔ་འགྱུར་གྱི་བརྒྱུད་པ་རིན་པོ་ཆེའི་མན་ངག་ཡང་དག་པ་དང་ལྡན་ཕྱིར་བསྐྱེད་རྫོགས་ཟུང་འཇུག་གི་ལམ་དུ་འགྱུར་བ་ཡིན་ཏེ། དེའི་ཚུལ་སྔར་ཡང་བསྟན་མོད། འདིར་དོན་གྱི་མདོ་འགག་ནི། འདི་ལྟར་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་རྟོག་ཚོགས་ཀྱི་ཆོས་ཕྱི་ནང་དུ་སྣང་བ་འདི་ཐམས་ཅད་སྤང་འགེགས་སྦྱང་བའི་ལམ་གྱིས་གསར་དུ་བཅོས་ཤིང་བསྒྱུར་བ་མིན་པར་ཡེ་གདོད་མ་ནས་གདན་གསུམ་ཚང་བའི་དག་པ་རབ་འབྱམས་ལྷའི་འཁོར་ལོ་ཆེན་པོར་གནས་པ་སྟེ། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡི། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་ཉིད་ངང་ལ་བཀོད། །ཇི་ལྟར་གྲག་ཅིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལ་ཚིག་གི་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །འདི་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཞེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། དེ་ཡང་རྟོག་ཚོགས་ཀྱི་ཆོས་རྣམས་ལྷར་དག་ཅིང་། ལྷ་ནི་མཉམ་ཉིད་ཡེ་ཤེས་ཀྱི་སྐུ་ཅན། ཡེ་ཤེས་ནི་གཟུང་འཛིན་གྱི་རྟོག་པས་མི་ཕྱེད་པའི་སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེེ་ཤེས་གཟོད་མ་ནས་རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེའི་ངོ་བོར་རྣམ་པར་དག་པ་ཡིན་པས། གནས་ཚུལ་ཡང་དག་དང་མཐུན་པར་ལྟ་བས་ཐག་བཅད་ཅིང་། སྒོམ་པས་ཉམས་སུ་བླངས་པས་འཁོར་བའི་ཆོས་མེད་སྣང་སྒྱུ་མ་ལྟ་བུའི་སྣང་ཆ་དང་འཛིན་ཞེན་གྱི་ཆ་རྣམས་རང་སར་དག་ནས་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་ཅིར་སྣང་ཡེ་ཤེས་ཆེན་པོར་འཆར་བར་འགྱུར་བས་ན། ཕྱི་ནང་རྟོག་ཚོགས་ཀྱི་ཆོས་ཐམས་ཅད་རང་སེམས་ཀྱི་རྩལ་སྣང་དུ་ངེས་ཤིང་། སེམས་ཉིད་གདོད་ནས་ལྷ་སྐུར་གནས་པས་ན། རང་སེམས་སྤངས་པའི་ཕ་རོལ་ན་ལྷ་མེད། ལྷ་སྤངས་པའི་ཕ་རོལ་ན་སེམས་མེད། སེམས་དང་ལྷ་སྐུ་ཟུང་འཇུག གསལ་སྟོང་ཞེན་བྲལ་སྒྱུ་མ་ལྟ་བུས་སྣང་སྤྱོད་ཐམས་ཅད་ལ་རྒྱས་ཐེབས་པར་བྱས་ཏེ། གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ་སྒྱུ་མ་ལྟ་བུ། སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་དབྱེར་མི་ཕྱེད་པར་མཛད་པའི་བདག་ཉིད་ཅན་དུ་དག་སྣང་སྦྱོང་ཞིང་ལམ་དུ་ཁྱེར་བས། སྣང་བ་ཐམས་ཅད་རང་སྣང་། སྟོང་པ་ཐམས་ཅད་རང་སྟོང་། སྣང་སྟོང་ཟུང་འཇུག་ལྷ་སྐུའི་ཕྱག་རྒྱ་དག་པ་རབ་འབྱམས་ཀྱི་འཁོར་ལོར་འཆར་བར་འགྱུར་ཞིང་། དེ་བཞིན་དུ་ཟིན་མ་ཟིན་སྙན་མི་སྙན་སོགས་ཕྱི་ནང་གི་སྒྲར་གྲགས་པ་ངག་གི་བརྗོད་པ་རླུང་གི་བྱེད་རྩོལ་དང་བཅས་པ་ཡེ་ནས་གྲགས་སྟོང་སྐྱེ་བ་མེད་པ་རྒྱལ་བའི་གསུང་གཞོམ་མེད་ནཱ་དའི་སྒྲ་དབྱངས་ཆེན་པོར་གནས་པས། སྒྲ་སྐད་བརྗོད་པ་སྤངས་པའི་ཕ་རོལ་ན་སྔགས་མེད། སྔགས་སྤངས་པའི་ཕ་རོལ་ན་སྒྲ་སྐད་བརྗོད་པ་མེད། རླུང་སྔགས་དབྱེར་མེད་གྲགས་སྟོང་སྐྱེ་མེད་རྡོ་རྗེའི་བཟླས་པས་བརྟན་གཡོའི་སྒྲ་སྐད་བརྗོད་པ་ཀུན་ལ་རྒྱས་ཐེབས་ན་གསུང་གསང་བ་བསམ་མི་ཁྱབ་པ་གྲགས་སྟོང་གཞོམ་མེད་བྲག་ཆ་ལྟ་བུར་གྲོལ་བར་འགྱུར་ལ། ཡིད་ཀྱི་ཡུལ་དུ་འགྱུ་བའི་བཟང་ངན་གྱི་རྟོག་ཚོགས་མཐའ་དག་རང་བབས་གཉུག་མའི་ངང་དུ་བཞག་པས་ཡེ་ནས་རྒྱལ་བའི་ཐུགས་རྡོ་རྗེའི་ངོ་བོར་གནས་ཏེ། སེམས་ཀྱི་རང་བཞིན་སྤྲོས་བྲལ་བདེ་བ་ཆེན་པོ་གཉིས་མེད་མཉམ་པའི་ཀློང་དུ་སྤང་གཉེན་རོ་མཉམ་པ་ནི་གཤིས་ལུགས་ཇི་ལྟ་བ་དང་། དེའི་རང་རྩལ་སྣ་ཚོགས་སུ་ཤར་བའི་རོལ་པ་འགགས་པ་མེད་པ་སྣང་ལུགས་ཇི་སྙེད་པ་སྟེ། དེ་གཉིས་ངོ་བོ་ཟུང་འཇུག་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་མི་ཕྱེད་རོ་མཉམ་པ་ནི་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས། རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་སྤངས་པའི་ཕ་རོལ་ན་རྒྱལ་བའི་ཐུགས་མེད། ཐུགས་སྤངས་པའི་ཕ་རོལ་ན་འོད་གསལ་གཉུག་མའི་སེམས་མེད། སྣང་སེམས་རོ་མཉམ་བློ་བྲལ་རྫོགས་པ་ཆེན་པོའི་ཀློང་དུ་འཁོར་འདས་རོ་མཉམ་འཁྲུལ་གཞི་མིང་མེད་ཀ་དག་ཆེན་པོར་དོན་གྱི་ལ་ཟློས་ན་དྲན་སྣང་ཐམས་ཅད་ཡེ་ཤེས་ཆེན་པོར་འཆར་བ་ཡིན་པས་དོན་ལ་ཐུགས་རྡོ་རྗེ་རྫོགས་རིམ་གྱི་གནད་ཀུན་འདུ་བ་ཡིན་ཞིང་ཁྱད་པར་ཐུན་མིན་རྫོགས་པ་ཆེན་པོའི་ལམ་གྱི་གཅེས་གནད། ཐོག་མར་སེམས་རིག་ལ་ཤན་ཕྱེས་ཏེ། ད་ལྟར་གྱི་རིག་པ་དྲན་བསམ་བཅོས་བསླད་དང་བྲལ་བ་འདི་ཀ་ཆོས་སྐུ་ཀ་དག་གི་དགོངས་པ་རང་བྱུང་གི་ཡེ་ཤེས་སུ་ངོ་རང་ཐོག་ཏུ་སྤྲད། སྔ་ཕྱིའི་དྲན་རྟོག་མེད་པའི་ད་ལྟར་གྱི་རིག་པ་སོ་མ་བཞི་ཆ་གསུམ་བྲལ་གྱི་ངང་བསྐྱངས་ཏེེ་ཐག་གཅིག་ཐོག་ཏུ་བཅད། རང་ཤར་རང་གྲོལ་རྦ་རླབས་ཆུར་ཐིམ་པ་ལྟར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་གདེང་གྲོལ་ཐོག་ཏུ་བཅའ་བ་སོགས་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་ཟབ་མོ་རྣམས་ནི་ཞིབ་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་བསྒོམ་པའི་ཚེ་མཉམ་རྗེས་ཀུན་ཏུ་གསང་སྔགས་ཤེས་བྱ་བཅུའི་སྒོ་ནས་ཉམས་སུ་ལེན་པ་དང་། དམ་ཚིག་དྲུག་ལ་གནས་པ་གལ་ཆེ་བས། དང་པོ་ནི། རིག་འཛིན་འཇིགས་མེད་གླིང་པས། འདི་ལྟར་སྒྲུབ་ཐབས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱའོ། །མིང་ཚིག་ཐམས་ཅད་སྨྲིག་རྒྱུས་རི་དྭགས་འབྲིད་པ་ལྟར་སྙིང་པོ་མེད་པར་ཤེས་པར་བྱའོ། །སྤྱོད་ལམ་ཐམས་ཅད་རྨི་ལམ་དུ་ཤེས་པར་བྱའོ། །དངོས་པོ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་རང་བཞིན་མེད་པར་ཤེས་པར་བྱའོ། །གནས་ཡུལ་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་ཤེས་པར་བྱའོ། །སྒྲ་ཐམས་ཅད་བྲག་ཆ་ལྟར་ཤེས་པར་བྱའོ། །ལྷ་སྐུ་ཐམས་ཅད་ཆུ་ནང་གི་ཟླ་བ་ལྟར་སྣང་ལ་རང་བཞིན་མ་གྲུབ་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་རྣམས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་ཤེས་པར་བྱའོ། །འཕྲོ་འདུ་ཐམས་ཅད་མིག་ཡོར་ལྟར་སྣ་ཚོགས་སུ་འགྱུར་བར་ཤེས་པར་བྱའོ། །ཆོ་འཕྲུལ་ཐམས་ཅད་སྤྲུལ་པ་ལྟར་རྣམ་པ་སྣ་ཚོགས་མཚན་ཉིད་མེད་པར་ཤེས་པར་བྱ་སྟེ་ཤེས་བྱ་བཅུའོ། །ཞེས་གསུངས། གཉིས་པ་ནི། མན་ངག་སྟོན་པའི་བླ་མ་ལ་སངས་རྒྱས་དངོས་སུ་བལྟ་བའི་མོས་གུས་ཀྱི་གདུང་བ་རྒྱུན་མི་བཅད་པ་དང་གཅིག ཏིང་ངེ་འཛིན་བསྒོམ་པའི་མཐུན་ཕྱོགས་གྲོགས་སུ་འགྱུར་བ་རྣམས་བསྒྲུབ་པ་དང་གཉིས། མི་མཐུན་པའི་ཕྱོགས་འགལ་རྐྱེན་རྣམས་འདོར་བ་དང་གསུམ། འགྲོ་འཆག་ཉལ་འདུག་སོགས་སྤྱོད་ལམ་ཀུན་ཏུ་བསྒོམ་བྱའི་ཏིང་ངེ་འཛིན་ཡིད་ནས་ཡལ་བར་མི་འདོར་བ་དང་བཞི། ཡི་དམ་གང་བསྒོམ་པ་དེ་མི་སྤང་ཞིང་དེ་ཉིད་ཀྱི་བསྒོམ་བསྒྲུབ་མཐར་དབྱུང་བ་དང་། ཡི་དམ་གྱི་ལྷ་ལ་སྤང་ལེན་མི་བྱ་བར་ལྷ་གང་བསྒོམ་ཡང་སངས་རྒྱས་ཐམས་ཅད་དགོངས་པ་རོ་གཅིག་ཏུ་རྟོགས་པས་གཅིག་བསྒོམ་ཡང་སངས་རྒྱས་ཐམས་ཅད་བསྒོམ་པ་ཡིན། སངས་རྒྱས་ཐམས་ཅད་ཀྱང་རང་གི་སེམས་རྟོགས་པ་ལས་ལོགས་ནས་བསྒོམ་དུ་མེད། ཡི་དམ་གྱི་ལྷ་ཡང་རང་སེམས་ཀྱི་སྣང་བ་ཡིན་པས་ལོགས་ནས་བསྒྲུབ་རྒྱུ་དང་བསྒོམ་རྒྱུ་གཅིག་ཀྱང་མེད། མདོར་ན་སངས་རྒྱས་ཐམས་ཅད་ཡི་དམ་གྱི་ལྷ་ལ་འདུས། ཡི་དམ་གྱི་ལྷ་མང་པོ་བསྒོམ་ཡང་རང་སེམས་ཀྱི་སྣང་བ། གཅིག་བསྒོམ་ཡང་རང་སེམས་ཀྱི་སྣང་བ་ཡིན་སྙམ་དུ་ཤེས་པ་དང་ལྔ། རང་གི་བསྒོམ་བྱའི་ཡི་དམ་གྱི་ལྷ་དང་སྙིང་པོ་སྒོམ་དོན་དང་སྤྱོད་པ་རྣམས་སྣོད་མིན་ལ་ཤིན་ཏུ་གསང་ཞིང་སྦ་བ་དང་དྲུག་སྟེ། དམ་ཚིག་དེ་རྣམས་ལ་གནས་པར་བྱའོ། །ཞེས་རྗེ་བླ་མས་གསུངས་སོ། །རྩ་བའི་གསུམ་པ་རྗེས་ཀྱི་བྱ་བ་ལ། བསྔོ་སྨོན་བཀྲ་ཤིས་བརྗོད་པ་གསུམ་ལས། དང་པོ་བསྔོ་བ་ནི། གང་བསྔོ་རྒྱུའི་དགེ་བ་དེ་ལྟར་བསྐྱེད་རྫོགས་ཀྱི་ལམ་རིམ་པ་གཉིས་ལ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཚུལ་བཞིན་དུ་སློབ་པར་བྱས་པ་དེ་ཉིད་ཀྱིས་མཚོན་རྟེན་དུ་བྱས་ཏེ་དུས་གསུམ་བྱས་ཡོད་ཀྱི་རྣམ་དཀར་མཐའ་དག གང་དུ་བསྔོ་ན་མཐའ་གཉིས་ལ་མི་གནས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་དག་རིགས་དྲུག་པ་རྡོ་རྗེ་འཆང་གི་སར། སུའི་ཆེད་དུ་བསྔོ་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མེད་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། ཚུལ་ལམ་རྣམ་པ་ཇི་ལྟ་བུས་བསྔོ་ན། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གཉིས་སུ་མེད་པས་བསྔོ་བྱ་སྔོ་བྱེད་སོགས་ཀྱི་སྤྲོས་པ་མ་དམིགས་ཀྱང་། ཀུན་རྫོབ་ཐ་སྙད་ཙམ་དུ་གང་གིས་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱ་བའི་དགེ་བ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཇི་ལྟར་དུས་གསུམ་དུ་གཤེགས་པའི་རྒྱལ་བ་སྲས་དང་བཅས་པས་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་བསྔོ་བར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱི འོ་སྙམ་དུ་འདུན་པ་རྩེ་གཅིག་པས་བསྔོ་བའི་ཚིག་བརྗོད། དེ་ལྟར་བསྔོས་པའི་དགོས་པའམ་ཕན་ཡོན་ནི་བསྒྲུབ་པ་མི་ཟད་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་སོ། །གཉིས་པ་སྨོན་ལམ་ནི། བསམ་པ་བྱང་ཆུབ་སེམས་ཀྱིས་ཟིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོར་འགྱུར་བའི་སྨོན་ལམ་རྣམ་པར་དག་པ་འདེབས་པ་སྟེ། རང་གཞུང་གང་ཡིན་གྱི་སྨོན་ཚིག་རྣམས་དང་། གཞན་ཡང་། སངས་རྒྱས་མཆོད་པ། དམ་ཆོས་འཛིན་པ། ལུས་ཀུན་ཏུ་སྟོན་པ། ཞིང་ཀུན་ཏུ་འཇུག་པ། ཕར་ཕྱིན་རྫོགས་པ། སེམས་ཅན་སྨིན་པར་བྱེད་པ། ཞིང་སྦྱོང་བ། བྱང་སེམས་རྣམས་དང་སྤྱོད་ཡུལ་མཐུན་པར་གནས་ལ། སྤྱོད་པ་ཀུན་ཏུ་དོན་ཡོད་པ། བྱང་ཆུབ་ཆེན་པོ་འཐོབ་པ་སྟེ་སྨོན་ལམ་ཆེན་པོ་བཅུ་སྨོན་ལམ་གྱི་འཁོར་འབུམ་ཕྲག་གྲངས་མེད་པ་འཕགས་པ་ཀུན་ཏུ་བཟང་པོས་གསུངས་པའི་བཟང་པོ་སྤྱོད་པའི་སྨོན་ལམ་དང་། བྱེ་བྲག་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཅི་ལྟར་རིགས་པར་བྱའོ། །གསུམ་པ་བཀྲ་ཤིས་ནི། ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད། རྡོ་རྗེའི་གླུ་དབྱངས་ལེན། མེ་ཏོག་མནྡ་ར་བའི་ཆར་ཆེན་པོ་འབེབས་པར་བསམས་ལ། རང་ཉིད་ཀྱང་དེ་དང་མཐུན་པའི་ཤིས་བརྗོད་དབྱངས་རོལ་མེ་ཏོག་འཐོར་བ་སོགས་བྱ་སྟེ། ཕྱོགས་བཅུ་དུས་བཞིའི་གནས་སྐབས་ཇི་ལྟ་བུར་སྤྱོད་ཀྱང་ཀུན་ཏུ་མི་མཐུན་པའི་མིང་ཡང་མི་གྲགས་ཤིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་དགེ་མཚན་དང་ལེགས་པའི་དཔལ་འབྱོར་གོང་དུ་སྤེལ་བར་བྱའོ། །དེ་ལྟར་བཤད་པ་ནི་མོས་སྒོམ་ཙམ་གྱི་དབང་དུ་བྱས་ཏེ་ཆོ་གའི་ཐུན་གཅིག་ལ་སྦྱོར་དངོས་རྗེས་གསུམ་ཚང་བའི་ལུགས་ཀྱི་བསྐྱེད་རིམ་དང་གོ་དོན་གཙོ་བོར་སྨོས་པ་ཡིན་ཞིང་། འདི་ལ་བསྙེན་སྒྲུབ་ཡན་ལག་བཞི་སྦྱོར་བའི་དབང་དུ་བྱས་ན། ཏིང་ངེ་འཛིན་གསུམ་བསྒོམ་པ་ཡན་ཆད་བསྙེན་པ། རང་ལྷ་གཙོ་བོར་བསྒོམ་པ་ཉེ་བསྙེན། ཡུམ་བསྒོམ་སྟེ་མཁའ་གསང་བྱིན་གྱིས་བརླབས་པ་དང་འཁོར་གྱི་ལྷ་ཚང་བར་བསྒོམ་པ་སྒྲུབ་པ། དབང་བསྐུར་རྒྱས་གདབ་སྤྱན་འདྲེན་སོགས་ནས་བཟླས་པ་མཆོད་བསྟོད་སོགས་སྒྲུབ་པ་ཆེན་པོ་སྟེ། ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། སྤྱིར་ན་གསང་སྔགས་ངེས་པ་ལ། །ཏིང་འཛིན་གསུམ་བསྐྱེད་བསྙེན་པ་ཡིན། །བདག་ཉིད་ལྷར་བསྐྱེད་ཉེ་བསྙེན་ཏེ། །ཡུམ་བསྐྱེད་སྒྲུབ་པར་ཤེས་པར་བྱ། །གཞན་རྣམས་སྒྲུབ་པ་ཆེན་པོ་ཡིན། །ཞེས་གསུངས། ཚུལ་འདི་ལྟར་ཆོ་གའི་སྦྱོར་དངོས་རྗེས་གསུམ་ཚང་བར་སྟན་ཐོག་གཅིག་ལ་ཐུན་གཅིག་ཏུ་ཚུལ་བཞིན་ཉམས་སུ་བླང་བས་ཀྱང་བསྐལ་པ་གཅིག་གི་ཚོགས་འདུམ་པར་གསུངས་པས་མཚོན་གསང་སྔགས་ཐབས་ཀྱི་ཆེ་བ་རྨད་དུ་བྱུང་བས་གྲངས་མེད་གསུམ་གྱི་ཚོགས་ཀྱང་དབང་རྣོན་ཤེས་བརྩོན་ཕུལ་དུ་ཕྱིན་གྱིས་སྙིགས་དུས་ཀྱི་ཚེ་གཅིག་ལའང་འདུམ་པའི་གནད་ཀྱང་དེ་ཡིན་པས་ཚུལ་འདི་ལྟ་བུ་ལ་གཅིག་ཏུ་བརྩོན་པར་བྱ་བ་གལ་ཆེ་ཞིང་། བྱེ་བྲག་བསྙེན་སྒྲུབ་ཡན་ལག་བཞི་སོགས་ལ་ཇི་ལྟར་འཇུག་པར་བྱ་བ་དང་། དེ་དག་གི་སྤང་བླང་ལག་ལེན་གྱི་ཚུལ་ཞིབ་པར་ནི་དམ་པ་སྔ་མ་རྣམས་ཀྱི་གསུང་སྤྱི་དང་ཁྱད་པར་རྗེ་བླ་མའི་གསུང་རྣམས་ལས་རྟོགས་པར་བྱ་བ་ཁོ་ནའོ། །སླར་སྨྲས་པ། བདག་འདྲ་ཡུལ་དུ་སྐལ་བ་ཆེས་དམན་ཡང་། །སངས་རྒྱས་དངོས་བྱོན་བཤེས་གཉེན་དུ་མ་ཡིས། །རྗེས་བཟུང་སྨིན་གྲོལ་བདུད་རྩི་མང་ཙམ་མྱོང་། །དེ་སླད་སྙིགས་མའི་དུས་མཐར་སྐལ་བཟང་སྙམ། །མི་ཚེ་ཕལ་ཆེར་གཡེང་བས་ཁྱེར་མོད་ཀྱི། །བཅུ་ལྷག་བགྲང་བྱར་བསྙེན་སྒྲུབ་བརྩོན་ཁུལ་བགྱིས། །ངེས་རྫོགས་ལམ་ལ་བརྟན་པ་ཐོབ་མིན་ཡང་། །མོས་སྒོམ་ཙམ་ལ་ཅུང་ཟད་འདྲིས་པར་བྱས། །རྒྱས་བཤད་ཚིག་གི་སྤྲོས་པས་ཅི་ཞིག་བྱ། །དེང་སང་སྐྱེ་བོ་ཚུལ་འདིས་མགུ་འགྱུར་རམ། །དེས་ན་རང་གིས་ཕྱོགས་ཙམ་མྱོང་བའི་དོན། །སྔོན་བྱོན་དམ་པའི་གསུང་ལས་ཅུང་ཟད་བཏུས། །ད་ལྟར་བཞུགས་དང་སླད་ནས་འབྱོན་པ་ཡི། །ཆོས་གྲོགས་གསར་བུ་རྣམས་ལ་སྨན་པའི་བློས། །གོ་སླ་གཙོ་བོར་བཟུང་ནས་བྲིས་པ་སྟེ། །འདི་ལ་འགལ་འཁྲུལ་གང་མཆིས་མགོན་ལ་བཤགས། །སྔོན་དུས་གདམས་ཟབ་གསེར་གྱིས་ཉོས་ཏེ་བསྒྲུབས། །དེང་དུས་དཔེ་ཀློག་ཙམ་ལའང་ངལ་བར་འཛིན། །དེ་ཕྱིར་རང་འདྲའི་ཐོས་ཆུང་གསར་བུ་ལ། །ཅུང་ཟད་ཕན་དུ་རེ་ལས་གཞན་དུ་ཅི། །སྙིགས་མ་ཚེ་ཐུང་གློ་བུར་རྐྱེན་ངན་མང་། །ཡུན་རིང་སྡོད་པའི་དུས་སྐབས་མི་འདུག་གིས། །དོན་གནད་སྙིང་པོ་རང་གི་རྒྱུད་ལ་དྲིལ། །མི་ཚེ་སྟོང་ཟད་མ་གཏོང་གྲོགས་པོ་རྣམས། །རྒྱ་ཆེན་ཤེས་བྱའི་མཐའ་རྒྱ་སུ་ཡིས་ཆོད། །ཕྱོགས་ཙམ་ཤེས་ཀྱང་རང་རྒྱུད་མ་སྦྱར་ཅི། །དེ་བས་སྙིགས་དུས་ཉོན་མོངས་རྒྱུད་དྲག་ཚེ། །ཕན་པའི་ཐབས་མཆོག་རྡོ་རྗེ་འཆང་གིས་བསྟན། །འདི་དང་ཕྲད་རྣམས་སྲིད་པ་ཐ་མ་རུ། །ལན་གཅིག་མིན་པར་གསང་རྒྱུད་དུ་མར་གསུངས། །དེས་ན་ད་ལྟ་རང་དབང་འབྱོར་དུས་འདིར། །རིམ་གཉིས་ལམ་ལ་ཅི་ནུས་འབད་པར་མཛོད། །སྦྱང་གཞི་འོད་གསལ་གཉུག་མའི་རྡོ་རྗེ་གསུམ། །སྦྱང་བྱ་གློ་བུར་སྣང་གསུམ་འཕོ་སྒྲིབ་བཅས། །སྦྱོང་བྱེད་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས། །སྦྱངས་འབྲས་ཚེ་འདིར་མངོན་གྱུར་བཀྲ་ཤིས་ཤོག །ཅེས་པའང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཆེན་པོར་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པའི་སྤྲུལ་པའི་སྐུ་ངེས་གསང་བཀའ་ཡི་སྡུད་པོ་གསང་བདག་རྡོ་རྗེ་ཆོས་དང་ཞལ་མི་གཉིས་པ་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་བསྩལ་བའི་བསྙེན་སྤྱི་ཆེན་པོའི་ཟུར་འདེབས་ཀྱི་ཚུལ་དུ་རང་འདྲའི་བློ་དམན་རྣམས་ལ་སྨན་ཕྱིར་བྲི་འདུན་ཡོད་པའི་ཁར། མཆོག་གི་སྤྲུལ་སྐུ་ཀུན་བཟང་བློ་གྲོས་གཞན་ཕན་མཐའ་ཡས་ཀྱི་གསུང་གིས་བསྐུལ་བ་དང་། ཉེ་ཆར་སྒྲུབ་བརྩོན་འཇམ་དབྱངས་བློ་གསལ་གྱིས་འབད་པ་ཆེན་པོས་ནན་གྱིས་བསྐུལ་ཞིང་། གཅུང་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་དང་བླ་མ་དམ་པ་ཞིང་སྐྱོང་ནས་ཀྱང་མྱུར་དུ་གྲུབ་ན་ལེགས་པའི་མཐུན་འགྱུར་བཅས། འབྱུང་འཁྲུགས་ནད་ཀྱི་ཆུ་གཏེར་ལུས་ལ་མཚོ་ལྟར་ཁོལ་ཡང་། མཆོག་གསུམ་ཐུགས་རྗེའི་ཟླ་བ་ཡིད་ལ་བྱས་ཏེ། རང་ལོ་ང་གཉིས་པ་ཆུ་ཁྱི་སྟོན་ཟླ་འབྲིང་པོའི་ཚེས་ལ། སྔོན་བྱོན་མཁས་གྲུབ་དུ་མའི་གདན་ས་བདེ་ཆེན་པདྨ་འོད་གླིང་གི་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ། ཐུན་སྒོམ་ཌ་རུ་{དཱ་རི}དྲ་བ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བྲིས་པ་སྟེ། འདིས་ཀྱང་འབྲེལ་བཅས་སྐྱེ་ཀུན་དཔལ་མགོན་བླ་མའི་ཞབས་དྲུང་དུ་སྐྱེས་ཏེ་གསང་ཆེན་ལམ་གྱི་རྟེན་འབྲེལ་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ།། །།