འགྲེལ་པའི་ཟིན་བྲིས་སྦས་དོན་ཀུན་གསལ་སྒྲོན་མེ།
༄༅། །འགྲེལ་པ་དོན་གསལ་གྱི་སྟེང་ནས་རྒྱས་འབྲིང་བསྡུས་གསུམ་མངོན་རྟོགས་རྒྱན་རྩ་འགྲེལ་སོགས་མདོ་རྒྱན་སྦྱར་བའི་གཟབ་བཤད་ཀྱི་ཟིན་བྲིས་སྦས་དོན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
བསླུ་མེད་དཀོན་མཆོག་གསུམ་གྱི་མཛོད་བརྙེས་ཏེ། །ངོ་མཚར་མཛད་པས་བསྟན་པའི་སྙིང་པོ་མཆོག །གསལ་མཛད་སྨྲ་བའི་སྒྲོན་མེར་གུས་བཏུད་ནས། །བླ་མའི་གསུང་རྒྱུན་ཟིན་ཙམ་ཡི་གེར་འགོད། །
དེའང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར། འགྲོ་བ་རྣམས་ཀྱི་སྡུག་བསྔལ་དང་ཀུན་འབྱུང་གིས་བསྡུས་པའི་ནད་མ་ལུས་པ་སེལ་བའི་སྨན་གཅིག་པུ་ལེགས་ཚོགས་ཐམས་ཅད་འབྱུང་བའི་གནས་ནི་སངས་རྒྱས་ཀྱི་བསྟན་པ་ཉིད་ཡིན་ལ། དེ་ཉིད་གནས་པ་གཙོ་བོར་འཆད་ཉན་ལ་རག་ལས་ཤིང༌། འཆད་ཉན་ཚུལ་བཞིན་དུ་བྱེད་པའང་འཆད་པ་པོ་དང་ཉན་པ་པོ་ལ་རག་ལས་པས། དེའང་བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས་སོགས་གཞུང་གཞན་ལས་ཀྱང་བཤད་མོད། རྒྱན་འདིར་ཡང༌། སེམས་མི་འགོང་བ་ཉིད་ལ་སོགས། །ཞེས་སོགས་ཀྱིས་བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཀྱིས་ཉན་བསམ་སྒོམ་པའི་སྣོད་སློབ་མའི་མཚན་ཉིད་བཤད། བསྟེན་པའི་ཕན་ཡོན། བླ་མ་སྐྱེལ་ལ་སོགས་པ་དང༌། །ཞེས་སོགས་ཀྱིས་བཤད། མ་བསྟེན་པའི་ཉེས་དམིགས། ལམ་གྱི་རྣམ་པ་མ་ཚང་དང༌། །ཞེས་སོགས་ཀྱིས་བཤད་པ་ཡིན་གསུངས། དེའང་འཆད་པ་པོས་ཀུན་སློང་ཉོན་མོངས་དང་མ་འདྲེས་པའི་སྒོ་ནས་འཆད་དགོས་ཤིང༌། ཉན་པ་པོས་ཀྱང་སྣོད་ཀྱི་སྐྱོན་གསུམ་སྤངས། འདུ་ཤེས་དྲུག་བསྟེན་པའི་སྒོ་ནས་ཉན་དགོས་པ་ཡིན་ལ། འདིར་གང་བཤད་པར་བྱ་བའི་ཆོས་ནི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་འདི་ཉིད་ཡིན་ལ། དེ་འཆད་པ་ལ། མཚན་གྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ། དང་པོ་ནི། རྒྱ་གར་སྐད་དུ་ཞེས་སོགས་བྱུང༌། དེའང་སྤྱིར་ཨ་བྷི་དོན་དུ་མར་འཇུག་སྟེ། ཨ་བྷི་མུ་ཁ་མངོན་ཕྱོགས་དང༌། ཨ་བྷི་ཀྵྞ་ཡང་ཡང་དང༌། ཨ་བྷི་བྷུ་ཟིལ་གནོན་དང༌། ཨ་བྷི་ས་མ་ཡ་མངོན་རྟོགས་ལ་འཇུག་པ་སོགས་སུ་ཡོད་པ་ལས་འདིར་ནི་མངོན་ཕྱོགས་ལ་འཇུག་པ་ཡིན་གསུངས། ཨུ་པ་ཉེ་བ་དང༌། དེ་ཤ་སྟོན་པ་ལ་འཇུག་པས་གཞུང་གི་ཚིག་ཚོགས་རྒྱ་ཆེ་ཞིང་གོ་རིམ་འཁྲུག་པ་སྦས་པའི་ཚུལ་དུ་བསྟན་པ་དག་མཐར་ཆགས་སུ་གསལ་བར་སྟོན་པ་ནི་མན་ངག་ཅེས་བྱ་སྟེ། དེའང་རྗེ་རིན་པོ་ཆེས་འཇམ་དབྱངས་ལ་གཞུང་དང་མན་ངག་གཉིས་ཀྱི་ནང་ནས་གང་གཙོ་བོར་བྱེད་ཅེས་ཞུས་པའི་ཚེ། མན་ངག་ནི་གཞུང་དང་མཐུན་དགོས། གཞུང་ནི་ནམ་ཡང་དོར་བར་མི་བྱ། ཞེས་གསུངས་པས་དོན་གྱིས་མན་ངག་གཞུང་ཆེན་མོ་དང་མི་མཐུན་ན་དོར་གསུངས་པ་ཡིན་ལ། དེའང་ཡིན་ཏེ་མན་ངག་ཅེས་པ་གཞུང་ཆེན་མོའི་དོན་རྟོགས་པའི་མན་ངག་ཏུ་འགྲོ་བ་ཞིག་དགོས་ཀྱི། མན་ངག་གཅིག་པུ་བཟུང་བས་མི་ཡོང་སྟེ། དཔེར་ན་ལྡེ་མིག་གིས་ཟྭ་འབྱེད་དགོས་པ་ཡིན་གྱི། རང་ལྡེ་མིག་ཏུ་འགྲོ་སའི་ཟྭ་ལ་བདག་མ་བྱས་པར་འདི་ལྡེ་མིག་ཡིན་ཞེས་ལྡེ་མིག་གཅིག་པུ་བཟུང་བསྡད་པ་ལ་དགོས་པ་མེད་པ་ཡིན་གསུངས། རྒྱ་གར་གྱི་སྐད་ཐོག་མར་སྨོས་པའི་དགོས་པ་ནི་ཆོས་ལ་ཡིད་ཆེས་སྐྱེས་སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འབྱུང་ཟེར་བ་ལྟར་ཡིན་ལ། ཆོས་ལ་ཡིད་ཆེས་སྐྱེད་ཚུལ་ཇི་ལྟར་ཡིན་ཞེ་ན། དེའང་རང་རྒྱ་སྐད་ལ་མཁས་པ་ཙམ་རྒྱུ་མཚན་དུ་བྱས་ཏེ། རང་ཉིད་ཀྱིས་བརྩམས་པའི་བསྟན་བཅོས་ཀྱི་ཐོག་མར་རྒྱ་སྐད་སྨོས་མི་ཆོག་པར་དང་པོ་བཀས་བཅད་པ་ཡིན་ལ། དེའི་ཚེ་རྒྱ་སྐད་ཐོག་མར་ཡོད་པའི་རྟགས་ཀྱིས་བསྟན་བཅོས་དེ་ལོ་ཙཱ་བས་རྒྱ་གར་ནས་བསྒྱུར་ཏེ་འོངས་པའི་ཆོས་ཁུངས་བཙུན་པར་གོ་ནུས་པས་ན་ཆོས་ལ་ཡིད་ཆེས་སྐྱེ་བ་ཡིན། ཕྱི་མ་གཉིས་ནི། སྤྱིར་དུས་འཁོར་སོགས་ནས་ཀྱང་སངས་རྒྱས་ཀྱིས་སྐད་སྣ་ཚོགས་ཀྱིས་ཆོས་སྟོན་པར་གསུངས་པ་དང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །ཅེས་སོགས་ལྟར་སློབ་པའི་དུས་སུ་སྨོན་ལམ་བཏབ་པས་འབྲས་བུའི་དུས་སུའང་སྐད་སྣ་ཚོགས་ཀྱིས་སྟོན་པ་ཡོད་ཀྱང༌། གཙོ་བོར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་སཾ་སྐྲྀ་ཏའི་སྐད་དུ་ཆོས་གསུངས་པའི་རྒྱུ་མཚན་གྱིས་སྐད་ལ་བག་ཆགས་འཇོག་པ་དང༌། རྒྱུད་ལ་བྱིན་རླབས་འབྱུང་ཟེར་བ་ཡིན་གསུངས། རྒྱ་གར་ཞེས་པ་ལ་བཤད་ཚུལ་མང་པོ་ཡོད་དེ། རྒྱ་གར་པ་རྣམས་མྱ་ངན་གྱི་ཚེ་ཞྭ་དང་གོས་ནག་པོ་གྱོན་ལ། དུས་རྒྱུན་དུ་གོས་དཀར་པོ་གྱོན་པས་རྒྱ་གར་དང༌། རྒྱ་ནག་པ་རྣམས་མྱ་ངན་གྱི་ཚེ་ཞྭ་དང་གོས་དཀར་པོ་གྱོན་ལ། དུས་རྒྱུན་པར་གོས་ནག་པོ་གྱོན་པས་རྒྱ་ནག་ཟེར་བ་ཡིན་ཞེས་བཤད་ལ། ཁ་ཅིག་དེ་ནི་ཡིག་དོན་ལ་མ་ཞུགས་པས་མི་འཐད་ཅེས་ཟེར་བ་ལ་དའི་འཕུལ་ཡོད་པ་ཕྱིས། ཀའང་ག་ཟླུམ་དུ་བསྒྱུར་ཏེ་མིང་མཐའ་འདྲེན་ཚུལ་གྱི་དབང་གིས་ཡིན་པས་སྐྱོན་མེད་ཅེས་ཟེར་རོ། །ཡང་འགའ་ཞིག་རྒྱ་མཚོ་ཆེན་པོ་ལས་རིང་དུ་གར་བས་ན་རྒྱ་གར་ཞེས་ཟེར་བ་ལ། འོ་ན་བོད་ལ་སོགས་པའང་དེར་འགྱུར་རོ་ཞེ་ན་སྐྱོན་མེད་དེ། སར་ཉལ་ཞེས་པ་མ་ཧེ་ལ་འཇུག་ཀྱང་གཞན་ལ་མི་འཇུག་པ་ཡིན་ཟེར་བ་སོགས་ཡོད་ཀྱང༌། ཕལ་ཆེར་རྒྱ་ཞེས་པ་དང་གར་ཞེས་པ་སོ་སོར་བཤད་མི་དགོས་པར་གྲོང་ཁྱེར་ཆེན་པོ་དྲུག་ཡོད་པའི་ཕྱོགས་ལ་རྒྱ་གར་ཞེས་འདོད་རྒྱལ་དུ་བཏགས་པ་འཐད་ཕྱོགས་སུ་མཛད་དོ། །ཤླཽ་ཀ་སུམ་བརྒྱ་རེ་ལ་བམ་པོ་བྱས་པ་འགྲེལ་པ་འདི་དང༌། ཤླཽ་ཀ་ཉེར་ལྔ་རེ་ལ་བམ་པོ་བྱས་པ་ཤེར་སྙིང་ལྟ་བུ་ཡིན་གསུངས། ཡུམ་རྒྱས་པའི་རྒྱས་པ་ཤླཽ་ཀ་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་ཡུལ་ན་ཡོད། རྒྱས་པའི་འབྲིང་འབུམ་ཕྲག་བརྒྱ་པ་ལྷའི་ཡུལ་ན་ཡོད། རྒྱས་པའི་བསྡུས་པ་སྟོང་ཕྲག་བརྒྱ་པ་ཡུམ་འབུམ་པ་འདི་ཡིན་ཞེས་སྐྱེད་ཚལ་མཁན་པོའི་ཕར་ཕྱིན་ན་འདུག་གསུངས། གསེར་འཕྲེང་ལས། ཁྲི་བརྒྱད་སྟོང་པ་ལ་ལེའུ་བརྒྱད་ཅུ་གྱ་བདུན་ཡོད་པའི་གྱ་བཞི་པ་ནི་སྡུད་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ལ། སྡུད་པ་དང་པོ་ནས་དེའི་ལེའུ་མིན་ཀྱང་ལོ་ཙཱ་བས་བསྒྱུར་བའི་ཚེ་ཕྱོགས་གཅིག་ཏུ་བསྒྱུར་བ་ཡིན་ཞེས་སྐྱེད་ཚལ་མཁན་པོ་དང༌། རྗེ་བཙུན་པའི་ཕར་ཕྱིན་གང་རུང་ཞིག་ན་འདུག་པས་དེ་ལྟར་དུ་དོགས་པ་བྱེད་ལུགས་ཤིག་ཡོད་པ་འདྲ་གསུངས། མངོན་པའི་སྡེ་སྣོད་ཀྱིས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་ཅིང་འཇམ་དཔལ་ཤེས་རབ་ཀྱི་བདག་པོ་ཡིན་པས་དེ་ལ་ཕྱག་འཚལ་བ་དང༌། མདོ་སྡེའི་སྡེ་སྣོད་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་ཅིང་སངས་རྒྱས་བྱང་སེམས་ཏིང་ངེ་འཛིན་གྱི་བདག་པོ་ཡིན་པས་དེ་ལ་ཕྱག་འཚལ་བ་དང༌། འདུལ་བའི་སྡེ་སྣོད་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་ཅིང་འདུལ་བའི་བཅས་མཚམས་ལ་དབང་བ་ནི་སངས་རྒྱས་ཁོ་ན་ཡིན་གྱི། གཞན་གྱིས་མི་དབང་བས་དེ་ལ་ཕྱག་འཚལ་བ་ཡིན་ཞིང༌། དབང་ཚུལ་ནི་སངས་རྒྱས་ཀྱིས་རྒྱུ་མཚན་གཞན་མེད་ཀྱང་འདི་བྱེད་རུང་འདི་བྱེད་མི་རུང་ཞེས་གསུངས་པ་ཙམ་གྱིས་དེར་འགྱུར་བའི་ཕྱིར་རོ། །
གཉིས་པ་ལ་བཤད་པ་ལ་འཇུག་པ། བཤད་པ་ཉིད་འགོད་པ། བཤད་པ་མཐར་ཕྱིན་པའི་ཚུལ་གསུམ། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་པ་ནས། སྤྲོ་བ་སྐྱེས་ཞེས་པའི་བར་བྱུང༌། གཞུང་འདི་ལ་མཁས་པའི་བཤད་ཚུལ་དུ་མ་ཡོད་དེ། གསེར་གླིང་པའི་བཏང་སྙོམས་ཀྱི་བཤད་པ། ལོ་ཙཱ་བ་ཆེན་པོའི་འཇམ་པོའི་བཤད་པ། ཤེར་འབྱུང་གི་རྩུབ་པོའི་བཤད་པ་ཞེས་གྲགས་པ་ལྟར་གསུམ་ཡོད་པའི་ཕྱིར། དེའང་མཁས་པ་སྔ་མ་བཞི་ལ་འཐད་མི་འཐད་སོགས་ཀྱི་ཟུར་མི་ཟ་བར་དེ་དག་བཤད་པའི་རྣམ་གྲངས་ཙམ་དུ་བཀོད་ནས་སློབ་དཔོན་རང་ཉིད་ཀྱིས་ཀྱང་འཆད་པར་སྤྲོ་ཞེས་པའི་བཤད་པ་མཛད་པས་བཏང་སྙོམས་ཀྱི་བཤད་པ་དང༌། སློབ་དཔོན་སྔ་མ་བཞིའི་དྲིན་དང་མན་ངག་ལ་བརྟེན་ནས་འཆད་ནུས་ཀྱི། རང་སྟོབས་ཀྱིས་མི་ནུས་ཞེས་པའི་བཤད་པ་མཛད་པས་འཇམ་པོའི་བཤད་པ་དང༌། སྔ་མ་བཞིས་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱི་དྲི་མ་སེལ་མ་ནུས་ཤིང༌། སློབ་དཔོན་རང་ཉིད་ཀྱིས་མ་རྟོགས་པ་དང་ལོག་པར་རྟོག་པ་སོགས་ཀྱི་དྲི་མ་མཐའ་དག་བསལ་ཏེ་འཆད་ཅེས་པའི་བཤད་པ་མཛད་པས་རྩུབ་མོའི་བཤད་པ་ཞེས་ཟེར་བ་ཡིན་ལ། དེའང་སྔ་མ་བཞིས་སེལ་མ་ནུས་ཚུལ་ཇི་ལྟ་བུ་ཞེ་ན། ཐོགས་མེད་ཀྱིས་དེ་ཉིད་རྣམ་ངེས་སྐབས་སུ་མཁྱེན་གསུམ་རྒྱས་པར་བཤད་ནས་སྦྱོར་བཞི་རྒྱས་པར་མ་བཤད་པས་མ་རྟོགས་པའི་དྲི་མ་དང༌། དབྱིག་གཉེན་གྱིས་རྣམ་རིག་ཙམ་ལ་ཞེན་ཏེ་སེམས་ཙམ་དུ་བཀྲལ་བས་ལོག་པར་རྟོག་པའི་དྲི་མ་དང༌། འཕགས་པས་ཚིག་ཟིན་ལ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་རྒྱས་པར་མ་བཤད་པ་དང༌། སྐུ་གསུམ་དུ་གྲངས་ངེས་པར་བཤད་པ་དང་ཉི་ཁྲི་ཙམ་དང་སྦྱར་བས་ཐེ་ཚོམ་གྱི་དྲི་མ་དང༌། བཙུན་པས་བསྟན་བཅོས་མཐའ་དག་མ་རྙེད་པས་ན་རྨོངས་པའི་དྲི་མ་སེལ་མ་ནུས་ལ། མདོར་ན་བཤད་དགོས་པ་མ་བཤད་ཅིང་མི་དགོས་པ་བཤད་པའི་སྐྱོན་ཡོད་ཅེས་པའི་དོན་ནོ། །དབུ་མར་གནས་པའི་བློས་རྣམ་ཕྱེ་ཞེས་པས། རང་གི་མོས་པ་གཙོར་བྱེད་པ། །ཞེས་པ་ལ་ཟུར་ཟ་སྟེ། འདིར་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་ལ་གནས་པར་བཤད་པ་ན། སྔ་མ་མཐར་ལྷུང་བ་དོན་གྱིས་གོ་བའི་ཕྱིར། སྤྱིར་འཕགས་པ་ཐོགས་མེད་ས་གསུམ་པ་བ་ཡིན་པས། སྦས་དོན་མངོན་རྟོགས་དང་དངོས་བསྟན་སྟོང་ཉིད་སོགས་མངོན་སུམ་དུ་རྟོགས་ཀྱང༌། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྐབས་སུ་ཡང་ཡང་གསུངས་པ་དང་གོ་རིམ་འཁྲུགས་པ་སོགས་ཐམས་ཅད་ལ་ཟློས་པའི་སྐྱོན་དང༌། མ་ཚང་བ་མེད་པར་མཐར་ཆགས་སུ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་དྲིལ་ཏེ་ཉམས་ལེན་ལ་འཁྱེར་ཤེས་པ་དང་གཞན་ལ་སྟོན་པ་དེ་ཤིན་ཏུ་རྟོགས་དཀའ་བར་གཟིགས་ནས། རྗེ་བཙུན་བྱམས་པ་བསྒྲུབས་ཏེ་ཞལ་གཟིགས་ནས་དགའ་ལྡན་དུ་མི་ལོ་ལྔ་བཅུ་འམ་ཟླ་བ་དྲུག་ཏུ་ཆོས་གསན་པར་གསུངས། དེས་ན་རང་རེའི་ཡིག་ཆར་ཡང་གསལ་སྣང་འབྱུང་བར་སྒྲུབ་ནུས་ན་ལམ་ཀུན་ཤེས་པས་ཁྱབ་པར་ཐལ་ཞེས་ཧ་ཅང་ཐལ་བ་འཕེན་ཚུལ་ལ་དཔག་ན། ཁ་ཅིག །དང་པ་ལས་གུས་པ་དང༌། གུས་པ་ལས་ཐོས་སོགས་ཀྱིས་འཇུག་པར་བཤད་པ་མི་འཐད་པར་ཐལ། དབང་རྣོན་གྱིས་མི་ལྡོག་པའི་དང་བ་བསྐྱེད་པའི་སྔ་རོལ་ནས་རྒྱན་བརྩམས་པའི་འབྲས་བུའམ་དགོས་པ་གྲུབ་ཟིན་པའི་ཕྱིར་ཏེ། མཁྱེན་གསུམ་དང་གཞི་ལམ་རྣམ་གསུམ་བདེན་མེད་དུ་རྟོགས་ཟིན་པའི་ཕྱིར་ཞེ་ན་དེ་ཙམ་གྱིས་ལམ་གྱི་ལུས་ཡོངས་སུ་རྫོགས་པར་རྟོགས་མི་དགོས་པས་སྐྱོན་མེད་ཅེས་ལན་འདེབས་དགོས་སམ་སྙམ་གསུངས། བསྟན་བཅོས་མཐའ་དག་མ་རྙེད་ཅེས་པ་ཚིག་དོན་ཅི་རིགས་པ་དང་གཙོ་བོར་དོན་མ་རྙེད་པ་ལ་བྱེད་གསུངས། ཤེས་རབ་ཕ་རོལ་ཕྱིན་པ་ལ། །ཞེས་སོགས་ཀྱི་ཤླཽ་ཀ་གཅིག་གིས་ཐོག་མར་སྐྱབས་འགྲོ་བསྟན། འགྲོ་ལ་ཞེས་སོགས་ཀྱིས་སློབ་དཔོན་གྱིས་རང་བཟོ་མིན་པར་དམ་པ་སྔ་མའི་མན་ངག་དང་ལྡན་པར་བསྟན། རྣམ་པ་ཀུན་ཏུ་ཞེས་སོགས་ཀྱིས་ཁེངས་བསྐྱུང་བསྟན་ལ། དེའང་ཁེངས་པ་ནི་ང་རྒྱལ་དང་བསྐྱུང་བ་ནི་མགོ་གནོན་པའམ་ཉམས་སྨད་པ་ཡིན་པས་འཆད་ཉན་གྱི་ཚེ་ང་རྒྱལ་ལམ་རློམ་སེམས་ཞི་བར་བྱེད་དགོས་ཏེ། དེ་དང་མ་བྲལ་བར་རང་ཉིད་མཁས་ཤིང་ཆོས་ཤིན་ཏུ་ཟབ་པ་ཇི་ཙམ་བཤད་ཀྱང་རང་གཞན་གྱི་དོན་དུ་མི་འགྱུར་བའི་ཕྱིར། དེས་ན་འདིར་ང་རྒྱལ་གཙོ་བོར་སྨོས་ཤིང༌། མཛོད་ལས། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །ཞེས་སོགས་ལྟར་དགོས་གསུངས། འགྲེལ་པ་འདི་ཡུམ་གསུམ་ག་དང་སྒྲ་འགྲོས་མཐུན་ཞིང༌། རྒྱན་གྱིའང་རྒྱན་ཡིན་པས་ཀུན་གྱི་རྒྱན་དུ་འགྱུར་བ་ཡིན་གསུངས།
༈ གཉིས་པ་བཤད་པ་ཉིད་དགོད་པ་ལ། མཆོད་པར་བརྗོད་པ་དང༌། རྒྱས་པར་བཤད་པ་དང༌། བསྡུས་དོན་གཞན་བཤད་པ་གསུམ། དང་པོ་ནི། འཕགས་པ་བྱམས་པ་ཞེས་སོགས་བྱུང༌། དེའང་སོ་སོ་རང་གིས་རིག་པ་ཞེས་པའི་སོ་སོ་རང་རིག་ནི་སོ་སོ་ཞེས་པ་མ་འདྲེས་པ་ལ་བྱས་ནས་སྒྲ་དོན་གྱི་སྤྱི་དང་མ་འདྲེས་པར་རིག་པ་དང༌། རང་གིས་མྱོང་བ་ལྟར་གཞན་ལ་བརྗོད་དུ་མེད་པས་སོ་སོ་རང་གིས་རིག་པའམ། ཡང་ན་སོ་སོ་འཕགས་པ་ལ་བྱས་ནས་འཕགས་པ་ནང་ཕན་ཚུན་གྱི་སྤྱོད་ཡུལ་ཡིན་གྱི་སོ་སྐྱེ་བ་རྣམས་ཀྱི་སྤྱོད་ཡུལ་མིན་པས་ན་སོ་སོ་རང་གིས་རིག་པའོ། །ཡབ་སྲས་དགོངས་པ་གཅིག་ཏུ་འགྲོ་དགོས་པས་རྣམ་བཤད་དང་རྟོག་གེ་སྣང་བ་གཉིས་ཀྱིས་མཁྱེན་གསུམ་ལ་དང་བའི་དད་པ་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུར་རྗེས་ཐོབ་ཀྱིས་ངེས་པར་གསུངས་པའང་མཉམ་བཞག་གི་རྗེས་སུ་བྱུང་བའི་རྗེས་ཐོབ་ལ་མི་བྱེད་པར་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དེའི་སྟོབས་ཀྱིས་ཀུན་རྫོབ་པའི་ཆོས་སྒྱུ་མ་ལྟ་བུར་གཟིགས་པས་སྔ་མ་ལག་རྗེས་འཇོག་བྱེད་དང༌། ཕྱི་མ་ལ་དེའི་ལག་རྗེས་ཀྱི་ཐ་སྙད་བྱེད་པ་ལྟར་དུས་མཉམ་པ་དང་ལྡོག་པས་ཕྱེ་བའི་རྗེས་ཐོབ་ལ་བྱེད་གསུངས། གསེར་ཕྲེང་ནས་འཕགས་པ་བྱམས་པ་ཞེས་པ་ནས་ཆེད་དུ་ཞེས་པ་ཡན་ཆད་མཆོད་བརྗོད་བཤད་ཐབས་ལྔའི་དགོས་པ་དང༌། རྣམ་བཤད་ལས་མཚམས་སྦྱར་གྱི་གཞུང་ལ་གསུངས་པས། དེའང་མཚམས་སྦྱར་ནི་འབྲེལ་བཀོད་པའམ་གླེང་བསླང་བ་ཡིན་ལ། མཚམས་སྦྱོར་ཚུལ་ནི་དུ་མ་ཡོད་དེ། རྒྱུ་མཚན་གྱི་སྒོ་ནས་དང༌། རྩོད་པའི་སྒོ་ནས་དང༌། དྲི་བའི་སྒོ་ནས་དང༌། དགོས་པའི་སྒོ་ནས་མཚམས་སྦྱོར་ཚུལ་རྣམས་སུ་ཡོད་པའི་ཕྱིར། དེས་ན་གསེར་ཕྲེང་ནས་ཀྱང་དགོས་པའི་སྒོ་ནས་མཚམས་སྦྱོར་ཚུལ་དེ་གསུངས་པ་ཡིན་གྱི། མཚམས་སྦྱོར་གྱི་གཞུང་ལ་མི་འཇོག་པར་གསུངས་པ་མིན་ཏེ། གཞན་དུ་ན་དགོས་དོན་གྱི་གཞུང་གཉིས་ཡོད་པར་འགྱུར་རོ། ། ཡུམ་ལ་བཅོམ་ལྡན་འདས་མ་ཞེས་གསུངས་པ་ནི་ཕྱོགས་གཅིག་གི་མིང་གིས་ཕྱོགས་ཅན་ལ་བཏགས་པ་ཡིན་ཏེ། དཔེར་ན་ཡུམ་ལ་རྒྱལ་བའི་ཡུམ་ཞེས་པ་བཞིན་ནོ། །བཅོམ་ལྡན་ནི་ལེགས་པ་དྲུག་དང་ལྡན་པ་ལ་བྱེད་ཅིང་ལེགས་པ་དྲུག་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །ཞེས་སོགས་ལྟར། ཆོས་དབྱིངས་ཡེ་ཤེས་ཀྱི་བྱེད་ལས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཆ་ནས་དབང་ཕྱུག་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བྱེད་ལས་གཟུགས་བཟང་དང༌། མཉམ་ཉིད་ཡེ་ཤེས་ཀྱི་བྱེད་ལས་དཔལ་དང་གྲགས་པ་གཉིས་དང༌། སོར་རྟོག་ཡེ་ཤེས་ཀྱི་བྱེད་ལས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཕུན་ཚོགས་དང༌། བྱ་གྲུབ་ཡེ་ཤེས་ཀྱི་བྱེད་ལས་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། དེའང་སེར་སྣ་དང༌། ཕྲག་དོག་གཉིས་ཀྱིས་རིམ་བཞིན་དཔལ་འབྱོར་དང་གྲགས་པ་ཕུན་སུམ་ཚོགས་པ་ཐོབ་པ་ལ་གེགས་བྱེད་ཅིང༌། མཉམ་ཉིད་ཡེ་ཤེས་ཀྱིས་རྒྱུ་དེ་གཉིས་སྤངས་པས་འབྲས་བུའི་དཔལ་འབྱོར་དང་གྲགས་པ་ཕུན་ཚོགས་འབྱུང་བར་བྱེད་དོ། །བྷ་ག་ཝན་ཞེས་པ་འདི་ལ་འདས་པའི་སྐད་དོད་མེད་ཀྱང་དབང་ཕྱུག་སོགས་ལའང་འཇུག་ཅིང་གཞན་དང་ནོར་ས་ཡོད་པས་དེ་དག་ལས་ཁྱད་པར་དུ་འབྱེད་པའི་ཕྱིར་ལོ་ཙཱ་བས་འདས་ཞེས་པ་བླ་ཐབས་སུ་བསྣན་པར་བཤད་པ་གཅིག་དང༌། ཡང་ཁ་ཅིག །བྷ་ག་ཝན་ཞེས་པ་འདི་ལ་འདས་པའི་སྐད་དོད་མེད་པ་མིན་ཏེ། ག་བྱིངས་བྱས་ནས་ཏེ་བསྣན་པས་ག་ཏེ་ནི་སོང་བ་ལ་འཇུག་པས་རིང་དུ་སོང་བ་སྟེ་གང་ལས་སོང་ན་འཇིག་རྟེན་ལས་སོང་བའམ་འདས་པར་བཤད་པ་གཅིག་ཀྱང་ཡོད་གསུངས། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་རྣོན་གྱིས་ཐོག་མར་སྟོང་ཉིད་རྟོགས་པ་དེའང་བུམ་པ་ལྟ་བུའི་སྟེང་ནས་གཏན་ལ་འབེབས་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མཁྱེན་གསུམ་གྱི་སྟེང་ནས་རྟོགས་དགོས་ཤིང་དེའི་རྒྱུ་མཚན་ཡང་དབང་རྣོན་གྱིས་ཐོག་མར་མཆོད་བརྗོད་ཀྱི་ཚིག་ཐོས་པའི་ཚེ། མཆོད་བརྗོད་ཀྱིས་མཁྱེན་གསུམ་སྐྱེ་མེད་དུ་བསྟན་པས་མེད་ཅེས་པ་དང༌། འཕགས་བཞི་སྐྱེད་པར་བསྟན་པས་ཡོད་ཅེས་པ་འདི་གཉིས་འགལ་ལམ་སྙམ་པའི་དོགས་པ་སྐྱེ་ལ། དེའི་ཚེ་གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་དེ་མཁྱེན་གསུམ་དོན་དམ་པར་སྐྱེ་བ་མེད་ཀྱང་ཐ་སྙད་ཙམ་དུ་འཕགས་བཞི་སྐྱེད་པར་རྟོགས་པ་ན་སྔར་གྱི་དོགས་པ་དེ་སེལ་བར་འགྱུར་གྱི། མྱུ་གུ་བདེན་མེད་རྟོགས་པས་མཁྱེན་གསུམ་གྱི་སྟེང་གི་དོགས་པ་དེ་སེལ་མི་ནུས་པའི་ཕྱིར། དེར་མ་ཟད་ཐེག་ཆེན་དབང་རྣོན་གྱིས་སེམས་བསྐྱེད་ཀྱི་སྔོན་དུ་སྟོང་ཉིད་རྟོགས་དགོས་པར་དབུ་མ་རྒྱན་ལས་གསུངས་པ་ལྟ་བུ་ནི་ཐོག་མར་སེམས་ཀྱི་ཆོས་ཉིད་རྟོགས་དགོས་ཏེ། དེའི་རྒྱུ་མཚན་ཡང་ཐོག་མར་བདེན་འཛིན་སྤོང་ནུས་སམ་མི་ནུས་དཔྱོད་པར་འགྱུར་བ་ཡིན་ལ་དེའང་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པས་སེམས་བདེན་མེད་དུ་རྟོགས་པ་ན་བདེན་འཛིན་སྤོང་ནུས་སུ་མཐོང་བ་ཡིན་པས་སྐབས་དོན་སོ་སོར་ཤེས་པར་བྱེད་དགོས་གསུངས། གཅིག་དུ་བྲལ་གྱི་རིགས་པ་རྟེན་འབྲེལ་ལས་ཀྱང་གོ་སླ་བས་དེ་ལ་བསྔགས་པ་དང་རྣམ་ལྔ་རྣམ་བདུན་སོགས་ཀྱང་གཅིག་དུ་བྲལ་ཇེ་རྒྱས་སུ་བཏང་བ་ཡིན་ལ། རྟག་ཆད་ཀྱི་ཉེན་མེད་པས། ལམ་གཙོར་རྟེན་འབྲེལ་ལ་བསྔགས་ཤིང་རིགས་པ་གཞན་ཐམས་ཅད་རྟེན་འབྲེལ་གྱི་རིགས་པ་དང་འགྲོས་གཅིག་པ་དང་རྟེན་འབྲེལ་ལ་རིགས་པའི་རྒྱལ་པོ་ཟེར་བའི་རྒྱུ་མཚན་ཡང༌། དཔེར་ན་བློན་པོ་རྣམས་ཀྱིས་བྱ་བ་ཆེ་ཆུང་གང་ལའང་ལྐོག་ཏུ་གྲོས་ཇི་ཙམ་བྱས་ཀྱང་མཐར་རྒྱལ་པོ་ལ་གཏུགས་ཏེ་ཐག་གཅོད་དགོས་པ་བཞིན་དུ། རིགས་པ་གཞན་རྣམས་ཀྱིས་དཔྱད་པ་ཇི་ཙམ་བྱས་ཀྱང་མཐར་རྟེན་འབྲེལ་ལ་གཏུགས་དགོས་པའི་གནད་ཀྱིས་ཡིན་ཞེས་ལྕང་སྐྱའི་གྲུབ་མཐའ་ན་ཡོད་གསུངས། ཚུལ་གསུམ་པ་ཅན་ཞེས་པ་ནི་སྤྱིར་ཚུལ་གྱི་སྒྲ་འདྲ་བ་ལའང་འཇུག་པ་དེ་དང་དེའི་ཚུལ་བསྟན་ཞེས་པ་ལྟ་བུ་རྣམས་ལས་འདིར་ཚུལ་དང་ལུགས་དང་ལམ་གསུམ་དོན་གཅིག་པས་བཞེད་དོན་སྒྲུབ་པའི་ལམ་སྲོལ་གསུམ་པ་ཅན་ཞེས་པའི་དོན་ཡིན་གསུངས། ཁ་ཅིག་མཁྱེན་གསུམ་དུས་གསུམ་གྱི་འཕགས་རྒྱུད་ལ་ཡོད་པས་རལ་གྲི་ཐང་ལ་བཞག་པ་ལྟར་ས་མཚམས་མེད། སྦྱོར་བཞི་ད་ལྟར་གྱི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱའི་རྒྱུད་ནས་འཇོག་དགོས་པས་རལ་གྲི་ལག་ཏུ་བླང་བ་ལྟར་ས་མཚམས་ཡོད་ཟེར་བ་འདིས་མཁྱེན་གསུམ་ལ་ས་མཚམས་མེད་ཅེས་ཚིག་ལ་སྐྱོན་ཆགས་པས་ཆུ་མི་ཐུབ་ཀྱང༌། དོན་འདི་ལྟར་རང་ལུགས་ལའང་ཁས་ལེན་དགོས་སམ་སྙམ་སྟེ། དེ་ལྟ་མིན་ན་ལམ་ཤེས་དེ་སྐབས་གཉིས་པའི་བསྟན་བྱའི་གཙོ་བོའི་ལམ་ཤེས་ཡིན་ལ། རྣམ་རྫོགས་སྦྱོར་བ་སྐབས་བཞི་པའི་བསྟན་བྱའི་གཙོ་བོའི་རྣམ་རྫོགས་སྦྱོར་བ་མིན་པའི་རྒྱུ་མཚན་ཤོད་དཀའ་གསུངས། མཁས་པ་ཁ་ཅིག་མཁྱེན་གསུམ་གྱི་གོ་རིམ་གླེང་གཞི་རྩ་འགྲེལ་སྦྱོར་བའི་ཆེད་ཡིན་ལ། རྩ་འགྲེལ་སྦྱོར་ཚུལ་ནི། ཉི་ཁྲི་ལས་དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་པས་རྟེན་གྱི་གང་ཟག་ཉན་ཐོས་དང༌། ཐམས་ཅད་ཀྱང་དགྲ་བཅོམ་པ་ཞེས་པ་ནས། རྣམ་པར་གྲོལ་བ་ཞེས་པའི་བར་གྱིས་འབྲས་བུ་ལྷག་བཅས་མྱང་འདས་དང༌། ཅང་ཤེས་པ་གླང་པོ་ཆེན་པོ་ཞེས་སོགས་ཀྱིས་ལྷག་མེད་མྱང་འདས་དངོས་སུ་བསྟན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་པས་རྟེན་བྱང་སེམས་དང༌། གཟུངས་རབ་ཏུ་ཐོབ་པ་ཞེས་སོགས་ཀྱིས་ལམ་ཤེས་དངོས་སུ་བསྟན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཞེས་པས་རྟེན་ཐུབ་དབང་དང༌། ཏིང་ངེ་འཛིན་རྒྱལ་པོ་ཞེས་བྱ་བ་ལ་ཞེས་སོགས་ཀྱིས་རྣམ་མཁྱེན་དངོས་སུ་བསྟན་ལ། དེའང་ཤེར་སྙིང་ལྟ་བུ་ལ་མཚོན་ན་ཐམས་ཅད་ཀྱིས་གོ་སླ་བས། དགེ་སློང་གི་དགེ་འདུན་ཞེས་པས་རྟེན་ཉན་ཐོས་དངོས་སུ་བསྟན་ནས་ཐབས་དང་འབྲས་བུ་ཤུགས་ལ་བསྟན། བྱང་ཆུབ་སེམས་དཔའི་དགེ་འདུན་ཞེས་པས་རྟེན་བྱང་སེམས་དངོས་སུ་བསྟན་ནས་ཐབས་དང་འབྲས་བུ་ཤུགས་ལ་བསྟན། བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ཞེས་པས་རྟེན་ཐུབ་དབང་དང༌། རྣམ་མཁྱེན་དངོས་སུ་བསྟན་པ་བཞིན་ཡིན་པའི་ཕྱིར། དེ་ལྟར་སྦྱར་བ་དེ་ཡང་ཕར་བལྟས་ན་འགྲིག་འདོགས་ཁ་པོ་ཞིག་ཡིན་ཀྱང་འཕགས་སེང་གཉིས་དང་མཁས་པ་གཞན་གྱིས་དེ་ལྟར་མ་སྦྱར་བས་མི་འཐད་གསུངས། དེའང་འཕགས་པས་ཉི་སྣང་ལ་ལེའུ་བརྒྱད་དུ་བྱས་ནས་རབ་འབྱོར་གྱི་ལེའུ། མཐའ་གཉིས་རྣམ་དག་གི་ལེའུ། སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་སྟེ་གསུམ་གྱིས་མཁྱེན་གསུམ་བསྟན། དེ་བཞིན་ཉིད་ཀྱི་ལེའུ། བསླབ་པའི་ལེའུ། བསླབ་པ་རིམ་གྱིས་སྦྱོང་བའི་ལེའུ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུ་སྟེ་བཞིས་སྦྱོར་བཞི་བསྟན། བསླབ་པའི་འབྲས་བུའི་ལེའུས་ཆོས་སྐུ་བསྟན་ལ་དེའི་རྗེས་སུ་གླེང་གཞི་བཤད་པ་དང༌། སློབ་དཔོན་གྱིས་ཀྱང་འགྲེལ་ཆེན་དུ་དགོས་འབྲེལ་གྱི་འོག་ཏུ་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དབང་དུ་བྱས་ནས་ཞེས་སོགས་ཀྱིས་བཤད་ལ། འདིའི་སྐབས་སུ་སློབ་དཔོན་ལེགས་ལྡན་གྱི་འདོད་པ་བརྗོད་པ་ཡིན་ཞིང༌། དེའི་བཞེད་པ་ལྟར་ན་ཤེར་ཕྱིན་གྱི་མདོ་སྡེ་རྣམས་ནི་སངས་རྒྱས་ཀྱིས་གསུངས་པའི་གསང་བའི་གནད་ཕྲ་མོ་ཡིན་པས་དེ་དག་ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ལ། དེ་དག་གི་རྩ་བའི་སྡུད་པར་བྱེད་པ་པོ་ཕྱག་རྡོར་སོགས་ཡིན་ཏེ། དེའི་རྒྱུ་མཚན་ཡང་སྔོན་རྒྱལ་པོ་ཡུལ་འཁོར་སྐྱོང་ལ་སྲས་སྟོང་དང་གཉིས་ཡོད་པས། ཁྱེའུ་ཆོས་སེམས་ཀྱིས་སངས་རྒྱས་ཀྱི་གསུང་གི་མཛོད་འཛིན་པར་སྨོན་ལམ་བཏབ། ཆོས་ཀྱི་བློ་གྲོས་ཀྱིས་མདོ་སྡེ་སྐུལ་བ་པོར་སྨོན་ལམ་བཏབ་པས་ཁྱེའུ་ཆོས་སེམས་ནི་ཕྱག་རྡོར་དང༌། ཆོས་ཀྱི་བློ་གྲོས་ནི་ཚངས་པ་གཙུག་ཕུད་ཅན་ཡིན་པའི་ཕྱིར་རོ་ཞེས་གསུངས།
༈ གཅིག་དུ་བྲལ་གྱི་ས་བཅད་གཉིས་པ་དེ། མཚམས་སྦྱར། རྩ་བ། འགྲེལ་པ་གསུམ་གྱི་འགྲེལ་པ་ལ་བསྡུས་དོན། དགོས་དོན་གཉིས་བྱས་ནས་དང་པོ་བསྡུས་དོན་ནི། ཚིགས་སུ་བཅད་པ་འདིས་ནི། ཞེས་པ་ནས་རྗོད་བྱེད་ཅེས་པའི་བར་གྱིས་བསྟན། གཉིས་པ་དགོས་དོན་གྱིས་དབང་རྣོན་དང་བ་སྐྱེ་ཚུལ་འཆད་པ་དེ་ཡིན་གསུངས། ཉན་ཐོས་ཞེས་སོགས་ཀྱི་ཚིག་རྐང་དང་པོས་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་དངོས་སུ་བསྟན་ནས། ངན་སོང་གི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞི་བཏགས་པ་བ་དང༌། དེ་སྒྲུབ་བྱེད་ཀྱི་ཐབས་རིང་དུ་མི་གནས་པར་འཆི་བ་དྲན་པ་དང་ངན་སོང་གི་སྡུག་བསྔལ་བསམ་པ་སོགས་ཤུགས་ལ་བསྟན་པས་རྐང་པ་དང་པོས་ཆུང་འབྲིང་ཐུན་མོང་གི་ལམ་དང༌། རྐང་པ་གཉིས་པས་སེམས་བསྐྱེད་དང༌། གསུམ་པས་དེའི་དམིགས་པ་དང་བཅས་པ་བསྟན་པས་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་བསྟན་པ་ཡིན་གསུངས། ཉན་ཐོས་དང་དེའི་ཕྱོགས་སུ་བསླན་པ་ཞེས་སོགས་ཀྱི་དོན་ནི་ཉན་ཐོས་ཞེས་པའི་ཚིག་རིམ་པ་གཅིག་གིས་རང་རྒྱལ་ཤུགས་ལ་བསྟན་པ་ཡིན་ལ། འོ་ན་ཉན་ཐོས་དང་ཁྱད་པར་མེད་དམ་སྙམ་ན། ཡོད་དེ་སྤང་བྱའི་སྒོ་ནས་གཟུང་རྟོག་སྤོང་བ་དང༌། འབྲས་བུ་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་སྲིད་པ་ཐ་མའི་ཚེ་གཞན་ལ་མ་བརྟེན་པར་བྱང་ཆུབ་འཐོབ་པ། གཞན་དོན་བྱེད་ཚུལ་གྱི་སྒོ་ནས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་ཆོས་སྟོན་པ་སོགས་རྣམ་པར་ཐར་པ་ཅུང་ཟད་ཙམ་གྱིས་ལྷག་པ་ཡིན་གསུངས། རྣམ་བཤད་ཀྱི་ས་བཅད་ལྟར་ན། ཡོངས་སུ་བསྐོར་བ་དེ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཡུམ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ཡན་ཆད་ཀྱིས་མཆོད་བརྗོད་བཤད་ཐབས་ལྔའི་སྒོ་ནས་བཤད་པ་དེ་རྫོགས་པ་ཡིན་ལ། འོ་ན་བརྒལ་ལན་གྱི་གཞུང་དེ་གང་ཞེ་ན། དེ་ལ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་ཞེས་པ་ནས། བསྟོད་དོ་ཞེས་པའི་བར་འདི་འཇོག་ཅིང༌། དེའང་རྩོད་པ་ནི། རྒྱན་གྱི་མཆོད་བརྗོད་འདི་བསྟན་བཅོས་ཀྱི་བརྗོད་བྱ་དང་འགྲོས་མཐུན་པའི་ཕྱག་ཡིན་ཞིང༌། མངོན་རྟོགས་ཐམས་ཅད་བསྟོད་ཕྱག་མཛད་འདོད་པ་ཡིན་ན་མཁྱེན་གསུམ་ཙམ་ཉུང་བའི་སྐྱོན་དང༌། ཕྱོགས་རེ་ཙམ་ལ་ཡིན་ན་རྣམ་མཁྱེན་གྱིས་ཀྱང་ཆོག་པས་གྲངས་མང་བའི་སྐྱོན་དུ་འགྱུར་བའི་ཕྱིར་མི་འཐད་དོ་ཞེ་ན། ལན་ནི། མངོན་རྟོགས་ཐམས་ཅད་ལ་ཡིན་ཀྱང་གྲངས་མང་ཉུང་སོགས་ཀྱི་སྐྱོན་ཡོད་པ་མ་ཡིན་ཏེ། མཁྱེན་གསུམ་གྱི་མངོན་རྟོགས་མཐའ་དག་ཉམས་ལེན་གྱིས་སྒོས་བསྡུས་པ་དང༌། མཁྱེན་གསུམ་གྱིས་རིགས་ཅན་གསུམ་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བས། དེ་ཐུགས་ལ་བཞག་ནས་མཁྱེན་གསུམ་ལ་བསྟོད་ཕྱག་མཛད་པ་ཡིན་པའི་ཕྱིར་ཞེས་པའོ། །གསེར་ཕྲེང་ལྟར་ན། དེ་ལྟར་ཕྱག་འཚལ་བ་དང་ཞེས་པ་ནས་འཐད་པ་ཡིན་ནོ་ཞེས་པའི་བར་འདི་མཆོད་བརྗོད་བཤད་ཐབས་ལྔའི་བརྒལ་ལན་གྱི་གཞུང་ལ་འཇོག་དགོས་ལ། རང་རེའི་ཡིག་ཆར་ཡང་ཁ་ཅིག་མཆོད་བརྗོད་ལས་འཕྲོས་པར་བསམས་ནས་དེའི་རྩོད་ལན་དུ་བྱེད་པ་ནི་དོན་ཅུང་ཟད་ཀྱང་མ་རྟོགས་པའི་གཏམ་ཡིན་ཞེས་རྣམ་བཤད་ལྟར་གསུངས་ཤིང༌། དེ་ལྟར་ཕྱག་འཚལ་བ་དང༌། བསྟོད་པ་སྔོན་དུ་འགྲོ་བས་ཞེས་པའི་ཚིག་འདིས་ཡུམ་དེ་ལ་ཕྱག་འཚལ་ཞེས་པ་ཡན་ཆད་ཀྱིས་མཆོད་བརྗོད་བཤད་ཚར་བའི་རྣམ་པ་ལྟ་བུ་ཞིག་བྱས་འདུག་གསུངས།
༈ གཉིས་པ་རྒྱས་པར་ཕྱེ་སྟེ་བཤད་པ་ལ། དགོས་དོན། བསྡུས་དོན། ཚིག་དོན་གསུམ། དང་པོ་ལ་བསྟན་བཅོས་རྩོམ་པ་དགོས་མེད་ཀྱི་དོགས་པ་སྤངས་ཏེ་བརྗོད་བྱ་མཁྱེན་གསུམ་སྤྱིའི་རྣམ་གཞག་དང༌། མདོ་དང་ཟློས་སྐྱོན་སྤངས་ནས་དགོས་པ་ཡོད་པར་བསྒྲུབ་པ་གཉིས། དང་པོ་ནི། དེ་ལྟར་ཕྱག་འཚལ་བ། ཞེས་པ་ནས། འཐད་པ་ཡིན་ནོ་ཞེས་པའི་བར་གྱི་རྩོད་པ་ལན་གྱི་སྐབས་སུ། ཐོག་མར་ཁོང་ན་གནས་པའི་དོགས་པ་བསུ་ཚུལ་ནི། བསྟན་བཅོས་ཀྱི་བརྗོད་བྱ་དང་མཐུན་པའི་མཆོད་བརྗོད་རྩོམ་པ་མཁས་པའི་ལུགས་ཡིན་པས། རྣམ་བཤད་ལྟར་ན། མཁྱེན་གསུམ་ལ་བསྟོད་ཕྱག་མཛད་པའི་ཤུགས་ལ་མངོན་པར་རྟོགས་པའི་རྒྱན་རྩོམ་པར་དམ་བཅའ་བས། དེ་ལྟར་ན་ཡུལ་སྟོན་དགོས་པས་གཞི་གཉེན་རྣམ་གསུམ་གང་བརྗོད་བྱར་བསྡུས་ནས་རྩོམ་པ་ཡིན། དང་པོ་ལྟར་ན་བསྟན་བཅོས་རྩོམ་པའི་འབད་པ་དོན་མེད་པ་ཡིན་ཏེ། མངོན་པ་ནས་མ་བཤད་པ་བཤད་རྒྱུ་མེད་ཅིང་བཤད་པ་སྟོན་ན་རྒྱན་དང་མངོན་པ་ཟློས། གཉིས་པ་ལྟར་ན་གཉེན་པོ་འབའ་ཞིག་སྟོན་ན་རྒྱན་ལ་བརྟེན་ནས་སྤང་བྱ་གང་གི་གཉེན་པོ་གང་ཡིན་མི་རྟོགས་ལ། སྤང་བྱ་དང་བཅས་པར་སྟོན་ན་ཉོན་མོངས་སྲེད་པ་ལྟ་བུ་གཅིག་ལའང་བདག་རྐྱེན་དབང་པོ་དྲུག །དམིགས་རྐྱེན་ཡུལ་དྲུག །རྒྱུ་རྐྱེན་རྣམ་ཤེས་དྲུག །གྲོགས་སེམས་བྱུང་དང་བཅས་པ་སྟོན་དགོས་ལ། དེ་ལ་གཞི་བསྟན་དགོས་པས་སྐྱོན་དང་པོ་ལས་མི་འདའོ། །གསུམ་པ་ལྟར་ན་རྣམ་པ་གཞི་མེད་ཙམ་ཞིག་བསྡུས་ན་སྐྱེས་བུ་ལ་མཁོ་བའི་དོན་མ་བཤད་པར་འགྱུར་ལ། གཞི་བསྡུས་ན་གཞི་བསྡུས་པ་ལ་བཀོད་པའི་སྐྱོན་དུ་འགྱུར་རོ་ཞེས་རྩོད་པ་འགོད་དོ། །ཕར་ཕྱིན་རྟོག་གེ་སྣང་བར། གཞི་གཉེན་རྣམ་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་རྩོམ་པར་ཤེས་བཞིན་དུ་རེ་རེ་ཙམ་བརྗོད་བྱར་བསྡུ་བ་ཡིན་ནམ་ཞེས་འདྲི་བ་ནི་འབྲེལ་མེད་ཡིན་ཏེ། དཔེར་ན་ལྷས་སྦྱིན་ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་འདྲི་བ་དང་འདྲ་བས་མི་འཐད་ལ། དེས་ན་མཆོད་བརྗོད་རྩོམ་པས་བྱ་བ་འགའ་ཞིག་ལ་འཇུག་པར་མཐོང་བ་ན། ཁྱོད་ཀྱིས་བསྟན་བཅོས་ཤིག་རྩོམ་པར་འདུག་པས་གཞི་གཉེན་རྣམ་གསུམ་གང་བརྗོད་བྱར་བསྡུས་ནས་རྩོམ་ཞེས་ཁོང་ན་གནས་པའི་དོགས་པ་བསུ་བར་གསུངས་པའི་མཁས་པའི་བཤད་ཚུལ་མི་འདྲ་བ་ངོ་མཚར་བ་ཞིག་ཡིན་གསུངས། ལན་གྱི་སྐབས་སུ་ཕ་རོལ་པོའི་ཤེས་འདོད་ནི་ཆོས་གསུམ་ལ་རྨོངས་པ་ཙམ་བཟློག་པའི་ཆེད་དུ་གཞི་གཉེན་རྣམ་གསུམ་རེ་རེ་ཙམ་བསྡུས་པ་མི་འཐད་ཅེས་རྩོད་པ་ཡིན་པས་ཤེས་འདོད་དེ་གཞིར་བཞག་ནས་རེ་རེ་ཙམ་སྟོན་པ་མིན་གྱི་གསུམ་ག་སྟོན་པས་ཟློས་སྐྱོན་མེད་ཅེས་བཤད་བྱ་ལ་སྦྱར་ཏེ་ལན་ཅི་ཙམ་བཏབ་ཀྱང་དོན་མཐུན་མི་ཐེབས་པ་ནི། གསེར་ཕྲེང་ལས། དེ་གསུམ་ལ་ཁོ་ནའི་སྒྲ་སྦྱར་བ་ཙམ་ལ་རེ་བས་ནི་རྩོད་ལན་འདི་དག་བསྐལ་པའི་བར་དུ་ཡང་མི་ཤོད་ཅེས་གསུངས་པ་ལྟར་ཡིན་གསུངས། དེས་ན་དགོས་པ་དང་འཆད་ཚུལ་མི་འདྲ་བའི་སྒོ་ནས་ལན་འདེབས་ཚུལ་ནི། ཁྱོད་ཀྱི་ཤེས་འདོད་ལྟར་ཁམས་སྐྱེ་མཆེད་ཀྱི་རྣམ་གྲངས་དང་ཕན་ཚུན་བསྡུས་ཚུལ་སོགས་ལ་རྨོངས་པ་བཟློག་པའི་ཆེད་དུ་རེ་རེ་ཙམ་བརྗོད་བྱར་བསྡུས་པ་དེ་ནི་མ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན། ཡུལ་གཞི་གཉེན་རྣམ་པ་གསུམ་ཆར་གྱིས་ཡུལ་ཅན་མཁྱེན་གསུམ་མཚོན་པའི་སྒོ་ནས་གཏན་ལ་འབེབས་པར་བྱེད་པའི་ཕྱིར། རིགས་ཅན་གསུམ་གྱི་ལམ་མཐའ་དག་ཤེས་པར་བྱ་བའི་ཕྱིར་དུ་མཁྱེན་གསུམ་གཏན་ལ་ཕབ་པ་ལ་དགོས་པ་ཡོད་དེ། མཁྱེན་གསུམ་གྱིས་འཕགས་བཞིའི་མངོན་རྟོགས་མཐའ་དག་བསྡུས་པའི་ཕྱིར་རོ། །བསྡུས་པར་གང་ལས་ཤེས་ཤེ་ན། རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཞེས་ཤེས་བྱེད་འགོད་པ་ཡིན་གསུང༌། དེའང་འདིར་མཁྱེན་པ་སྔ་མ་གཉིས་རྣམ་གཞག་གི་རྟེན་ཉན་རང་དང་བྱང་སེམས་ཀྱི་ཡུམ་དུ་བཤད་པའི་དོན། དཔེར་ན་རྒྱུད་དུས་འཁོར་གྱི་གྲྭ་ཚང་ལྟ་བུ་ལ་མཚོན་ན། དེ་དང་དེའི་གྲྭ་པ་ཞིག་བྱེད་པ་ལ་ངེས་པར་བསླབ་དགོས་ལ་དེ་ལས་ལྷག་མི་དགོས་པ་ཞིག་ལ་དེ་དང་དེའི་ཐུན་མོང་མ་ཡིན་པའི་འདོན་ཆ་ཟེར་ཡང༌། འདོན་ཆ་དེ་ཡོད་པ་ལ་གྲྭ་ཚང་དེ་དང་དེའི་གྲྭ་པ་ཞིག་ཡིན་མི་དགོས་པ་དེ་བཞིན་དུ་ཉན་རང་གི་ཉེར་ཞི་ཙམ་དོན་དུ་གཉེར་པས་གཞི་ཤེས་ངེས་པར་དགོས་ལ་གཞན་གཉིས་མི་དགོས། བྱང་སེམས་ཀྱིས་རིགས་ཅན་གསུམ་གྱི་དོན་སྒྲུབ་པས་ལམ་ཤེས་ངེས་པར་དགོས་པས་རྟེན་གྱི་གང་ཟག་དེ་དང་དེའི་ཐུན་མོང་མ་ཡིན་པའི་བགོ་སྐལ་ལྟ་བུར་རྣམ་པར་བཞག་ཀྱང༌། དེ་གང་རུང་རྒྱུད་ལྡན་ལ་རྟེན་དེ་གཉིས་གང་རུང་གིས་ཁྱབ་པ་ཡོད་མི་དགོས་གསུངས། དེའི་ཕྱིར་ཞེས་པ་ནས་ཤེས་པ་ཉིད་ཅེས་བྱའོ་ཞེས་པའི་བར་འདིས་མཁྱེན་པ་དང་པོ་ལྡན་པ་ལ་ཕྱི་མ་གཉིས་ཡོད་དགོས་པ་གཅོད་ཀྱི་ཕྱི་མ་གཉིས་ལྡན་པ་ལ་དང་པོ་ཡོད་པ་མི་གཅོད་པ་ནི། དཔེར་ན་དགེ་བསྙེན་གྱི་སྤང་བྱ་ལྔ་ཙམ་སྤོང་བ་དང༌། བསྙེན་གནས་ལ་སྤང་བྱ་བརྒྱད། དགེ་ཚུལ་ལ་སྤང་བྱ་བཅུ་སོགས་སྤོང་བར་བཤད་པ་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་སྤང་བྱ་སྤོང་དགོས་པ་གཅོད་ཀྱང་ཕྱི་མས་སྔ་མའི་སྤང་བྱ་སྤོང་བ་མི་གཅོད་པ་དེ་བཞིན་ཡིན་གསུངས། རྣམ་བཤད་སོགས་ལས་རོང་ཊཱིཀ་པས་ཞིང་སྦྱོང་ཚད་བཤད་པ་བཀག་པ་ལ། དེའི་སློབ་མ་སྐྱེད་ཚལ་མཁན་པོས། འོ་ན་མི་གསལ་བའང་གསལ་བ་ཡིན་པར་ཐལ། སངས་རྒྱས་ལ་གསལ་བར་སྣང་བའི་ཕྱིར་ཞེས་དགག་ལན་མཛད་ཀྱང་སངས་རྒྱས་ལ་མི་གསལ་བ་གསལ་བ་ཡིན་པར་མ་སྣང་བས་དགག་པ་མི་འགྲོའང་རིགས་པ་ཉམས་མཚར་འགའ་རེ་འདུག་སྟེ། རང་རེ་རྣམས་ཀྱིས་བསྟན་བཅོས་ལ་ཆོས་འཁོར་གྱིས་ཁྱབ་ཅེས་པ་ལ། འོ་ན་འགྲེལ་པ་དོན་གསལ་ཆོས་ཅན། མཚན་ཉིད་མེད་པའི་ཆོས་འཁོར་ཡིན་པར་ཐལ། ཞེས་འཕངས་པ་འདི་ལ་ཆོས་འཁོར་གྱི་དོན་ཚང་ཡང་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དོན་མ་ཚང་ཟེར་དགོས་སམ། ས་སྡེ་ལྔའང་ལེགས་ཕྱེའི་ཆོས་འཁོར་ཡིན་པར་ཐལ། སོགས་འཕང་ན་དཀའ་སེ་བ་ཞིག་རེད་གསུངས། སེམས་ཅན་སྨིན་ཚུལ་དུ་མ་ཡོད་དེ། སྨིན་ལམ་ཞེས་པ་སྦྱོར་ལམ་ལ་བྱས་ཏེ། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གི །ཞེས་སོགས་ལྟར་སྦྱོར་ལམ་གྱི་ཚེ་ཟག་མེད་ཀྱི་ཆོས་སྐྱེ་བ་ལ་ཉེ་བས་ཤིང་ཐོག་སྨིན་པ་ལོངས་སྤྱད་རུང་ལྟ་བུ་དང༌། སྤང་བྱ་མཐོང་སྤང་ཁ་བྲི་བ་ལ་ཉེ་བས་རྨ་སྨིན་པ་བརྡོལ་རན་པ་ལྟ་བུ་ཡིན་ལ། མཐོང་ལམ་སྐྱེས་པ་ན་ཟག་མེད་ཀྱི་ཆོས་ལ་ལོངས་སྤྱོད་པའི་ཐོག་མ་དང༌། མཐོང་སྤང་སྤངས་པ་རྣག་བརྡོལ་བ་ལ་ཁ་བཏོད་པ་ལྟར་སྤང་བྱ་ལ་ཁ་དོད་པ་ཡིན་ཞིང་གོས་རྒྱུ་སྤུན་གཉིས་ཀྱི་གཅིག་ཟད་པ་དང་འདྲ་བས་སྒོམ་སྤང་གོས་ཧྲུལ་ལྟ་བུར་གསུངས་པ་ཡིན་གསུངས། དེའང་སྨིན་པ་བརྒྱད་ཡོད་དེ། མདོ་སྡེ་རྒྱན་ལས། ལུས་ཅན་བྲལ་བར་སྨིན་བྱེད་དེ་བཞིན་དུ། །ཡོངས་སྨིན་རབ་སྨིན་མཐུན་པར་སྨིན་བྱེད་གཞན། །ལེགས་པར་སྨིན་བྱེད་རྟོགས་པར་སྨིན་བྱེད་དང༌། །རྟག་སྨིན་གོང་དུ་སྨིན་བྱེད་བཤད་པར་འདོད། །ཅེས་གསུངས་པ་ལྟར། ལུས་ཅན་བྲལ་བར་སྨིན་པ་ནི། འཇིག་རྟེན་པའི་ལམ་གྱིས་མགོ་མནན་པ་ལྟ་བུ་མ་ཡིན་པར་སྤང་བྱའི་ས་བོན་དང་བྲལ་བ་སྟེ། ཕྱོགས་གཅིག་སྤང་བ་མཐོང་ལམ་ནས་ཀྱང་འཇོག །འདིའི་ཡོངས་སུ་ཞེས་པ་མ་ཚང་བ་མེད་པ་སྟེ་ཕྱོགས་རེ་ཙམ་མ་ཡིན་པར་སེམས་ཅན་མ་ལུས་པར་སྨིན་པར་བྱེད་པ་ཡོངས་སྨིན་དང༌། ཕྱི་རོལ་པ་རྣམས་ཁམས་འོག་མ་ལས་ཆགས་བྲལ་བྱས་ཏེ་སྲིད་རྩེའི་བར་དུ་སོང་ཡང་སླར་ལྟུང་བའི་ཆོས་ཅན་ཡིན་ལ། འདིར་དེ་ལྟ་བུ་མ་ཡིན་པར་རབ་ཏུ་སྨིན་པ་དང༌། རང་རང་གི་བློ་དང་འཚམས་པར་ཆོས་བསྟན་ནས་སྨིན་པ་ནི་མཐུན་པར་སྨིན་པ་དང༌། རང་དོན་གཙོ་བོ་དང་གཞན་དོན་ཞར་བྱུང་ལྟ་བུ་མ་ཡིན་པར་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་གཉིས་ཀྱི་སྒོ་ནས་གཞན་དོན་གཙོ་བོར་བྱེད་པའི་ལེགས་སྨིན་དང༌། གཤེགས་པ་རྟོགས་པའི་དོན་ཕྱིར་དང༌། །ཞེས་པ་ལྟར་ལམ་གོང་མ་ཐོབ་པ་ལ་རྟོགས་པའི་སྒྲས་བཤད་པས། འདིར་ཡང་རང་ཉིད་ལམ་གོང་མར་གཤེགས་ནས་གཞན་དེར་འགོད་པ་ནི་རྟོགས་པར་སྨིན་པ་དང༌། རེས་འགའ་ཙམ་མ་ཡིན་པར་ཕྱིན་ཅི་མ་ལོག་པའི་ལམ་ལ་རྟག་ཏུ་འཁྲིད་པར་བྱེད་པའི་རྟག་སྨིན་དང༌། ཚོགས་ལམ་ནས་སྦྱོར་ལམ་དེ་ནས་མཐོང་སྒོམ་ལམ་ལ་རིམ་གྱིས་འགོད་པ་ནི་གོང་ནས་གོང་དུ་སྨིན་པར་བྱེད་པ་སྟེ་བརྒྱད་དོ། །རྣམ་པ་རྟགས་མཚན་མ་ཞེས་པའི་མེའི་ངོ་བོ་ཚ་བ་དང་དམར་ལམ་པ་ལྟ་བུ་རྣམ་པ། འབྲས་བུ་དུ་བ་ལྟ་བུ་རྟགས་རྒྱུ་བུད་ཤིང་ལྟ་བུ་མཚན་མ་ལ་བྱེད་དེ། རྣམ་ཐར་སྒོ་གསུམ་ནང་གི་མཚན་མ་མེད་པའང་རྒྱུ་ལ་སྦྱར་ནས་འཇོག་དགོས་པས་མཚན་མའི་སྐད་དོད་ཤེས་ན་འདི་ལ་གོ་རྒྱུ་ཞིག་ཡོད་རྒྱུ་རེད་གསུངས། མདོར་བསྡུས་པ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་པའི་ཤེར་ཕྱིན་ནི་སྤྱི་ཙམ་ཡིན་པས། དེའི་ནང་ན་ཉན་ཐོས་སོགས་ཀྱིས་སློབ་རྒྱུ་ཞིག་ཀྱང་ཡོད་པས་ཤེས་བྱེད་དུ་སོང་བ་ཡིན་གསུངས། བག་ཆགས་ཀྱི་མཚམས་སྦྱོར་བ་ཉིད་སྤང་བ་ཅན་ཡིན་ནོ། །ཞེས་པ་འདི་ལ་འཁྲུལ་ནས་འདིར་བསྟན་ཡང་དག་མཐའ་ངོ་བོ་ཉིད་སྐུ་ཡིན་ཟེར་མཁན་ཡང་མང་པོ་བྱུང་གསུངས། བསྟན་བཅོས་རྩོམ་པ་དགོས་མེད་ཀྱི་རྩོད་ལན་འདི་སློབ་དཔོན་སོགས་ཀྱིས་ཁ་བཀང་བ་ཡིན་ལ། མདོ་དང་ཟློས་པའི་རྩོད་ལན་རྗེ་བཙུན་རང་གིས་དངོས་སུ་གསུངས་པ་ཡིན་ནོ། །
༈ གཉིས་པ་མདོ་དང་ཟློས་སྐྱོན་སྤངས་ཏེ་དགོས་པ་ཡོད་པར་སྒྲུབ་པ་ནི། སྐྱེ་བོ་བློ་གྲོས་དམན་པ་ཞེས་སོགས་བྱུང༌། འདིར་དོགས་པ་ཁོང་ན་གནས་པ་བསུས་ཏེ་ཟློས་སྐྱོན་མེད་པའི་ལན་འདེབས་པ་ཡིན་ལ། དོགས་པ་བསུ་ཚུལ་ནི་རྗེ་བཙུན་བྱམས་པས་དངོས་བརྒྱད་བསྟན་པ་ལ་དགོས་པ་མེད་དེ། རྣམ་འགྲེལ་ལས། ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང༌། །གཞན་གྱི་དོན་དུ་སྦྱོར་བར་བྱེད། །ཅེས་གསུངས་པ་ལྟར། སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་གདུལ་བྱའི་ཁམས་དང་བསམ་པ་མི་མཁྱེན་པའང་མེད་ལ་མཁྱེན་བཞིན་དུ་བཏང་སྙོམས་སུ་མཛད་པའང་མི་སྲིད་པས། རྣོ་འབྲིང་རྟུལ་གསུམ་གང་གི་དབང་དུ་བྱས་ཀྱང་ཡུམ་དེ་དང་དེ་ལས་དངོས་བརྒྱད་དོན་བདུན་ཅུ་གསལ་བར་མཛད་ཟིན་པ་མ་ཡིན་ནམ་སྟེ་མཛད་ཟིན་པའི་ཕྱིར། དེས་ན་གདུལ་བྱ་དེ་གསུམ་གང་གི་དོན་དུའང་རྩོམ་མི་དགོས་ཞེས་པའི་དོགས་པ་ཁོང་ནས་བསུས་ཏེ་ལན་གྱི་དོན་མདོར་བསྡུས་ན། སྐྱོན་མེད་དེ། དེ་དུས་ཀྱི་གདུལ་བྱ་རྣམས་ཀྱི་དོན་མཛད་ཟིན་ཀྱང་དུས་དབང་གིས་དེ་ཙམ་གྱིས་རྟོགས་པར་མི་ནུས་པའི་ཕྱི་རབས་ཀྱི་གདུལ་བྱ་བློ་དམན་པ་རྣམས་ཀྱི་དོན་དུ་རྗེ་བཙུན་བྱམས་པ་དང་འགྲེལ་བྱེད་རྣམས་ཀྱིས་འདི་ལྟར་གསལ་བར་བྱེད་པ་དེ་སངས་རྒྱས་རང་ཉིད་ཀྱིས་མཁྱེན་ནས་གསལ་བར་མ་མཛད་པ་ཡིན་པ་དང༌། ཡུམ་གསུམ་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྒྱན་འདིར་གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་དུ་དྲིལ་ཏེ་གསལ་བར་བསྟན་པས་བདེ་བླག་ཏུ་རྟོགས་པའི་དགོས་པ་ཡོད་ཅེས་ལན་མཛད་དགོས་གསུངས། སྤྱིར་བསྟན་བཅོས་ལ་དགོས་པ་ཡོད་པ་དང༌། དེ་སྒྲུབ་ནུས་པ་དང༌། དེའང་སྐྱེ་བོ་མཆོག་གི་འདོད་བྱ་ཡིན་པ་དང༌། བརྗོད་བྱ་འབྲེལ་ཆགས་པ་ཞིག་དགོས་ཀྱི། དགོས་པ་མེད་པ་བྱ་རོག་སོ་རྟོག་གི་གཞུང་དང༌། སྒྲུབ་མི་ནུས་པ་འཇོག་པོའི་གཙུག་རྒྱན་ལེན་པའི་གཞུང་དང༌། དམ་པའི་འདོད་བྱ་མིན་པ་མ་བག་མར་ལེན་པ་གཞོན་ནུ་མ་ལེན་གྱི་གཞུང༌། འབྲེལ་མེད་པ་སེའུ་བཅུ་པ་ལྟ་བུ་ཡིན་པས་དེ་དག་མི་རུང་བའི་ཕྱིར། སེའུ་བཅུ་པ་ནི་བརྗོད་བྱ་མི་འདྲ་བ་བཅུ་བཤད་པས་ཕལ་ཆེར་དྲང་སྲོང་རྣམས་ཀྱིས་རང་གི་གསང་ཚིག་གཞན་གྱིས་ཤེས་དོགས་ནས་དེ་ལྟར་བྱས་པ་ཡིན་ནམ་སྙམ་གསུངས། མ་བག་མར་ལེན་པའི་གཞུང་ནི་རིག་སྔགས་ཤིག་ཡིན་པ་འདྲ་སྟེ། བསྒྲུབས་ནས་རྫས་ལ་བཏབ་སྟེ་མེ་ལ་གཏོར་བས་མེའི་ནང་ནས་རུང་ཞེས་པའི་སྒྲ་འབྱུང་བ་དང༌། ཡང་ས་ཆ་འདིར་མི་རུང་ཞེས་པའི་སྒྲ་འབྱུང་བ་ལྟ་བུ་ཞིག་ཡིན་གསུངས། བྱེ་སྨྲས་མིང་ཚིག་གི་སྤྱི་ཞེས་པའི་མིང་ནི་ཊཱིཀ་ཆེན་ལེའུ་གསུམ་པ་ལྟར་སྒྲ་སྤྱི་དང༌། མིང་བརྗོད་བྱ་ལ་ཞུགས་པའི་ཆ་ལ་ཟེར་བས། ཚིག་སོགས་ཀུན་བཏགས་དངོས་མེད་ལ། །ཞེས་སོགས་དང་དོན་འདྲ་ལ། འདིས་ནི་གཞན་སྡེ་ལ་ཚིག་སོགས་ཆོས་ཅན། བརྗོད་བྱ་ལ་འཇུག་པའི་ཆ་དངོས་པོ་ཡི་ནི་འབྲེལ་བ་དེ་ཇི་ལྟ་བུར་ན་འཇུག་པར་འགྱུར་ཏེ་མི་འཇུག་པར་ཐལ། ཀུན་བཏགས་པའི་ཆ་དེ་དངོས་མེད་ཡིན་པའི་ཕྱིར། ཞེས་པ་ཡིན་ནོ། །ཐེག་ཆེན་གྱི་ས་ལམ་གྱི་རིམ་པ་ནི་ཕྱི་རོལ་པ་དང་དེའི་ཟླས་དྲངས་པའི་གཅིག་ཤོས་ནང་པའི་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་རིམ་གྱིས་ཉམས་སུ་མ་མྱོང་སྟེ་བརྗོད་པར་བྱེད་པ་ཡུམ་དང་བརྗོད་པར་བྱ་བ་ཐེག་པ་ཆེན་པོའི་ལམ་ཟབ་ཅིང་རྒྱ་ཆེ་བ་དག་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་བར་མཛད་པའི་ཕྱིར། ཁྱབ་པ་ཡོད་དེ། ཕྱི་རོལ་པ་ཐེག་ཆེན་ལ་སྡང་བ་དང༌། ཉན་རང་རྣམས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་སངས་རྒྱས་ལ་ཉན་ནས་གཞན་ལ་སྒྲོགས་པ་ཙམ་བྱེད་ཀྱི། དེ་དག་ལ་དམིགས་ཏེ་ཡུན་རིང་པོར་ཐོས་བསམ་སོགས་མི་བྱེད་པའི་ཕྱིར། ཐེག་པ་ཆེན་པོ་ཞེས་པའི་ཆེ་ཚུལ་ལའང༌། རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །ཞེས་སོགས་ལྟར་དམིགས་པ་ཆེ་བ་སོགས་བདུན་དང༌། ཐེག་བསྡུས་ལས་ཀྱང༌། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ཤེས་བྱའི་གནས་ཀུན་གཞི་སོགས་ཆེན་པོ་བཅུ་སོགས་བཤད་ལ། སྔ་མའི་དམིགས་པ་ཆེ་བའང་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལ་དམིགས་ཚུལ་གྱི་སྒོ་ནས་ཡིན་གསུངས། ཅི་ལའང་མ་རེག་པ་ཞེས་པ་གཞན་དྲིང་མི་འཇོག་པ་སྟེ། དེའང་གཞན་དོན་བྱེད་པའི་ཚེ་གཞན་ལ་ཁེགས་འགེལ་བའམ། གཞན་གྱིས་བསྐུལ་དགོས་པ་ལྟ་བུ་མ་ཡིན་པར་བསྐུལ་མ་ནང་ནས་བྱས་ཏེ་གཞན་དོན་དུ་ཆས་པའོ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །ཞེས་པ་ལ། སྤྱིར་ཆོས་སྤྱོད་བཅུ་ལ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་སྒོམ་པ་འོ། །ཞེས་གསུངས་པ་ལྟར་གྱི་ཆོས་སྤྱོད་བཅུ་དང༌། རྗེ་ས་པཎ་གྱི་བསྟན་པ་སྤྱིའི་རྣམ་གཞག་ལས་ཡན་ལག་བདུན་པའི་སྟེང་དུ་སྐྱབས་འགྲོ་དང་སྨོན་འཇུག་གི་སེམས་བསྐྱེད་གཉིས་དང་བཅུ་ལ་ཆོས་སྤྱོད་བཅུར་གསུངས་པ་སོགས་ཡོད་ཀྱང༌། འདིར་ནི་བྱང་ཆུབ་ཀྱི་སེམས་དང་སྦྱིན་པ་ལ་སོགས་པའི་སྒྲུབ་པའི་སྤྱོད་པ་ཞེས་པ་འདི་ལ་བརྟེན་ནས་རྣམ་བཤད་ཀྱིས་སེམས་བསྐྱེད་སོགས་ཆོས་བཅུ་ལ་གསུངས་པ་དང༌། གསེར་ཕྲེང་དང་ཕར་ཕྱིན་རྟོག་དཀའི་སྣང་བ་གཉིས་ཀྱིས་སྦྱིན་སོགས་ཕར་ཕྱིན་བཅུ་ལ་གསུངས་པས། རྣམ་བཤད་ལྟར་ན། བྱང་ཆུབ་ཀྱི་སེམས་དང་ཞེས་པས་ཆོས་སྤྱོད་དང་པོ་དང༌། སྦྱིན་པ་ལ་སོགས་པ་ཞེས་པས་གོ་སྒྲུབ་སོགས་ཆོས་ཕྱི་མ་བཞི་བསྟན་པས་བར་གྱི་གདམས་ངག་སོགས་ཀྱང་བསྟན་པར་བཞེད། གསེར་ཕྲེང་སོགས་ལྟར་ན་བྱང་ཆུབ་ཀྱི་སེམས་དང་ཞེས་པས་སྤྱོད་པའི་རྟེན་སེམས་བསྐྱེད་དང༌། སྦྱིན་པ་ལ་སོགས་པ་ཞེས་པས་སྤྱོད་པ་ཕར་ཕྱིན་བཅུ་བསྟན་པར་བཞེད་གསུངས། ཆོས་སྤྱོད་རབ་གསལ་ཞེས་པའི་ཆོས་སྤྱོད་དེའང་སྐྱབས་འགྲོ་ནས་སྤྱན་འདྲེན་ཁྲུས་གསོལ་སོགས་མཇུག་བསྔོ་སྨོན་ཤིས་བརྗོད་ཀྱི་བར་ཆ་ཚང་བ་ལ་ཟེར་བས་གསོལ་འདེབས་རེ་རེ་ཙམ་ལ་ཆོས་སྤྱོད་ཟེར་བ་ནི། ཕྱོགས་གཅིག་ལ་ཕྱོགས་ཅན་གྱི་མིང་གིས་བཏགས་པ་ཡིན་གསུང༌། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས། ཞེས་པ་ལ། ས་དང་པོར་ཆོས་ཅན་རེ་རེའི་སྟེང་དུ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་རང་སྟོབས་ཀྱིས་རང་གཞན་ལ་བདེན་རློམ་ཞི་བས། རྗེས་ཐོབ་ཏུ་སྦྱིན་པ་གཏོང་བ་ན་ལག་པ་གཡས་ནས་གཡོན་དུ་སྤོ་བ་ལྟར་སེར་སྣ་མི་འབྱུང་བའི་སྦྱིན་པའི་ཕར་ཕྱིན་ལྷག་པ་དང༌། ས་གཉིས་པར་ཚུལ་ཁྲིམས་དང༌། ཚུལ་འཆལ་གཉིས་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པའི་སྟོབས་ཀྱིས། རྗེས་ཐོབ་ཏུ་སྤྱོད་པ་བག་མེད་དུ་འགྲོ་བས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་དང༌། མཆོག་གི་དོན་དུ་རྟོགས་པ་སོགས་མཉམ་གཞག་གི་རྟོགས་ཚུལ་དང༌། རྗེས་ཐོབ་ཏུ་ཕར་ཕྱིན་ལྷག་ཚུལ་ལ་སྦྱར་ཏེ་ཕྱི་མ་རྣམས་ལའང་འཇོག་ཚུལ་རེ་ཡོད་གསུངས།
༈ གཉིས་པ་བསྡུས་དོན་ནི། དེ་ལྟར་འབྲེལ་བ་ལ་སོགས་པ་བསྙད་ནས་ཞེས་སོགས་བྱུང༌། འདིའི་སྐབས་སུ་མ་འཛིངས་པ་ཞེས་པ་འའི་འཕུལ་ཅན་དུ་འདུག་པས་འཁྲུགས་མི་འགྲོ་བ་སྟེ། དེའང་སྐབས་བརྒྱད་ཀྱི་བསྟན་དོན་དངོས་པོ་བརྒྱད་ཀྱི་གྲངས་དང་སོ་སོའི་མཚོན་བྱེད་ཀྱི་ཆོས་ཀྱི་གྲངས་སོགས་དུ་ཞིག་ཡོད་ཐོག་མར་མ་བསྟན་པར་ལུ་གུ་རྒྱུད་དུ་བཤད་ན། དངོས་པོ་བརྒྱད་སོ་སོའི་འགོ་གང་ནས་ཚུགས་མཇུག་གང་དུ་རྫོགས་པ་སོགས་མི་ཤེས་པར་གོང་འོག་འཁྲུགས་པར་འགྱུར་བས་དེ་སེལ་བའི་ཕྱིར་དང༌། དོན་ཚན་སོ་སོའི་ས་མཚམས་སོགས་མ་འཛིངས་པའམ་མ་འཁྲུགས་པའི་སྒོ་ནས་རྟོགས་པར་བྱ་བའི་ཕྱིར་དུ་ས་བཅད་ལྟར་ཐོག་མར་ལུས་མདོར་བསྟན་གསུངས་པ་ཡིན་ལ། དེའང་ཤེས་རབ་ཕ་རོལ་ནས། དེ་རྣམས་བརྒྱད། །ཅེས་པའི་བར་གྱིས་དངོས་པོ་བརྒྱད་རྐང་གྲངས་ཀྱི་སྒོ་ནས་མདོར་བསྟན་པ་དང༌། སེམས་བསྐྱེད་པ་དང་ནས་བཞིར་ནི་ཡང་དག་བརྗོད། །ཅེས་པའི་བར་གྱིས་དོན་བདུན་ཅུ་རྐང་གྲངས་ཀྱི་སྒོ་ནས་རྒྱས་པར་བསྟན་པ་ཡིན་ལ། འདི་ནི་གཞུང་སྔ་མ་ལ་ལྟོས་ཏེ་རྒྱས་པར་བཤད་པ་དང༌། སེམས་བསྐྱེད་པ་ནི་གཞན་དོན། ཞེས་སོགས་ལ་ལྟོས་ཏེ་མདོར་བསྟན་ཡིན་གསུངས། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་པའི་ཚིག་འདི་བསྟན་བཤད་སྦྱོར་བའི་ཚིག་ཡིན་ལ། བསྟན་བཤད་སྦྱོར་ཚུལ་ནི། ཚིག་རྐང་འདིས། སེམས་བསྐྱེད་པ་དང་ཞེས་པ་ནས། ངེས་པར་འབྱུང་བཅས་རྣམས། །ཞེས་པའི་བར་གྱི་རྒྱས་བཤད་འདི་རྣམ་ཀུན་མཁྱེན་ཉིད་ཅེས་པའི་རྒྱས་བཤད་ཡིན་པར་ངོ་སྦྱོར་བྱེད་པ་ཡིན་པའི་ཕྱིར། མཐར་གྱིས་པ་སོགས་འགའ་ཞིག་གི་བསྟན་བཤད་སྦྱོར་བའི་ཚིག་ཐོག་མ་ན་ཡོད་གསུངས། ཆོས་སྐུ་མཛད་པ་དང་བཅས་པ། །ཞེས་པའི་ཆོས་སྐུ་ནི་སློབ་དཔོན་ལྟར་ན་ཡེ་ཤེས་ཆོས་སྐུ་ལ་བྱེད་དགོས་ཤིང༌། ཆོས་སྐུ་ཙམ་སྨོས་པ་ནི་བསྟན་བཤད་སྦྱོར་བའི་ཆེད་དང་སྡེབ་སྦྱོར་གྱི་དབང་གིས་ཡིན་པར་གསུངས་ལ། འཕགས་པ་ལྟར་ན་མཚོན་བྱེད་ཀྱི་ཆོས་བཞིའི་གཅིག་ལ་འཕྲིན་ལས་འདྲེན་དགོས་པས། དེ་ནི་མཛད་པ་དང་བཅས་པ། །ཞེས་པས་བསྟན་པར་འདོད་ལ། ཆོས་སྐུ་ཞེས་པའི་ཚིག་འདི་བསྟན་བཤད་སྦྱོར་བའི་ཚིག་ཏུ་འཇོག་པ་ཡིན་གསུངས། རྣམ་མཁྱེན་རྒྱུའི་སྒོ་ནས་མཚོན་ཚུལ་ནི། སྒྲུབ་པ་རྣམ་མཁྱེན་གྱི་རྒྱུ་ཡིན་ལ། དེའང་རྟེན་དམིགས་པ་ཆེད་དུ་བྱ་བ་སྒྲུབ་པ་རང་གི་ངོ་བོ་སྟེ་ཁྱད་པར་བཞི་ལྡན་ཡིན་པ་དང༌། རྟེན་དེའང་བསམ་པའི་ཁྱད་པར་སེམས་བསྐྱེད་པ། དེ་གོང་དུ་འཕེལ་བའི་ཁྱད་པར་གདམས་ངག །སྦྱོར་བའི་ཁྱད་པར་ངེས་འབྱེད་ཡན་ལག་ལ་གནས་པ། རིགས་ཀྱི་ཁྱད་པར་ཆོས་དབྱིངས་ཏེ། ཁྱད་པར་བཞི་ལྡན་དང༌། སྒྲུབ་པ་རང་གི་ངོ་བོ་ལའང་གོ་སྒྲུབ་སོགས་བཞི་ཡོད་པས། དེ་ལྟར་ན་མཚོན་བྱེད་གཞན་རྣམས་སྒྲུབ་པའི་ཁྱད་ཆོས་དང༌། ཐེག་ཆེན་སྒྲུབ་པ་རང་ཉིད་རྣམ་མཁྱེན་གྱི་རྒྱུ་ཡིན་པས་རྒྱུས་འབྲས་བུ་མཚོན་པ་ཡིན་ལ། ཡུལ་གྱིས་ཡུལ་ཅན་མཚོན་ཚུལ་ནི། སྤྱིར་སའི་རྡུལ་དང་སྲིན་བུའི་གྲངས་སོགས་མཁྱེན་ཡང་རུང་མི་མཁྱེན་ཡང་དེའི་སྒོ་ནས་རྣམ་མཁྱེན་དུ་མི་འཇོག་པར། ཐར་པ་དོན་གཉེར་རྣམས་ཀྱི་ཐར་པ་ཐོབ་པའི་ཐབས་ཆ་ཚང་ཞིག་མཁྱེན་ན་དེ་ཙམ་གྱིས་རྣམ་མཁྱེན་རྫོགས་པ་ཡིན་པས། འདིར་མཚོན་བྱེད་ཀྱི་ཆོས་བཅུའི་རྣམ་མཁྱེན་དུ་བགྲོད་པའི་ལམ་ཆ་ཚང་ཞིག་བསྟན་པ་ཡིན་ལ། རྣམ་མཁྱེན་གྱིས་དེ་མངོན་སུམ་དུ་གཟིགས་པས་ཡུལ་གྱིས་ཡུལ་ཅན་མཚོན་པར་བྱེད་པ་ཡིན་གསུངས།
༈ གསུམ་པ་ཚིག་དོན་ལ་མཁྱེན་གསུམ། སྦྱོར་བཞི་རྒྱས་བཤད་དོ། །དང་པོ་ལ་རྣམ་མཁྱེན། ལམ་ཤེས། གཞི་ཤེས་གསུམ། དང་པོ་བསམ་པ་སེམས་བསྐྱེད་དང་དེའི་དོན་སྟོན་པའི་གདམས་ངག་དང༌། གདམས་དོན་ཇི་ལྟར་སྒྲུབ་པའི་སྒྲུབ་པ་དང་གསུམ། དང་པོ་ནི། སེམས་བསྐྱེད་པ་ནི་ཞེས་སོགས་བྱུང༌། དེའང་སྤྱིར་དང་པོར་གདམས་ངག་ཉན། དེ་ནས་རིགས་སད། དེ་ནས་སེམས་བསྐྱེད་དགོས་གསུངས། འདིར་སེམས་བསྐྱེད་ཐོག་མར་བསྟན་པ་ནི། དཔེར་ན་ལྷ་རིས་མཁན་གྱིས་ལྷ་སྐུ་ལ་ཡ་ཡོ་སོགས་ཀྱི་སྐྱོན་མི་འབྱུང་བའི་ཆེད་དུ་ཚངས་ཐིག་འདེབས་པ་ལྟར། མི་རྟག་པ་སྒོམ་པ་སོགས་ཆོས་ལྡན་གྱི་བྱ་བ་གང་བྱས་པ་གོལ་ས་གཞན་དུ་མི་འགྲོ་བར་སངས་རྒྱས་ཁོ་ནའི་རྒྱུར་འགྲོ་བ་ལ་ཐོག་མར་ཀུན་སློང་མ་མཐའ་སེམས་བསྐྱེད་བཅོས་མ་རེ་ཚུན་ཆད་གསལ་འདེབས་དགོས་པར་ཤེས་པའི་ཆེད་དུ་ཡིན་པར་ཡོངས་འཛིན་རིན་པོ་ཆེ་ནས་ཐོས་པའི་མན་ངག་ཡིན་གསུངས། སྡུད་པ་དང་སྦྱོར་བའི་ཚེ་སེམས་བསྐྱེད་ནས་སྦྱོར་བ་ཡིན་པས། དེའང་འཕགས་པ་སྡུད་པ་ཞེས་པའི་འཕགས་པ་ནི་མདོ་གཞན་ལས་ཁྱད་པར་དུ་འཕགས་པ་དང༌། སྡུད་པ་ནི་དབང་འབྱོར་བའི་དོན་ཡིན་གསུངས། འདིར་འཁོར་རྣམ་བཞི་ཙམ་གསུངས་པ་ནི་དེ་དག་བརྟེན་པའི་འཁོར་དང༌། བྱང་སེམས་རྣམས་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པ་སོགས་ཡིན་པས་མི་བརྟན་པའི་རྒྱུ་མཚན་གྱིས་ཡིན་པར་བཤད་གསུངས། དགའ་དང་གུས་དང་ཞེས་པ་ནས། མཉན་པར་གྱིས། །ཞེས་པའི་བར་གྱི་ཤླཽ་ཀ་གཅིག་གིས་སེམས་བསྐྱེད་བསྟན་པ་ཡིན་ལ། བུདྡྷ་ཤྲཱིས་རྐང་པ་དང་པོ་གཉིས་སྣོད་ལྡན་ཉན་པར་བསྐུལ་བ་དང༌། ཕྱི་མ་གཉིས་སེམས་བསྐྱེད་ལ་སྦྱར་ཡང༌། སློབ་དཔོན་གྱིས་བཞི་སེམས་བསྐྱེད་སྟོན་བྱེད་ཀྱི་གཞུང་དུ་བྱས་འདུག་པས། དགའ་དང་ཞེས་པས་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་ལ་དང་བའི་དད་པ་དང༌། གུས་དང་ཞེས་པས་བླ་མེད་བྱང་ཆུབ་ཐོབ་པར་འདོད་པའི་མངོན་འདོད་ཀྱི་དད་པ། དད་པའི་མཆོག་ཅེས་པས་བླ་མེད་བྱང་ཆུབ་དེའང་ཤེར་ཕྱིན་ཉམས་སུ་བླངས་པ་ལས་ཐོབ་པར་འགྱུར་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པའི་ཡིད་ཆེས་ཀྱི་དད་པ་བསྟན་ལ། སྒྲིབ་པ་ཉོན་མོངས་བསལ་ནས་དྲི་མ་ལས་འདས་པ། །ཞེས་པས། ལམ་འབྲས་ཐོབ་པ་ལ་གེགས་བྱེད་པས་སྒྲིབ་པ། རང་རྒྱུད་ལྡན་གྱི་གང་ཟག་སྡུག་བསྔལ་བར་བྱེད་པས་ཉོན་མོངས། གཞོམ་བྱ་ཡིན་པས་དྲི་མ་ཞེས་སོ་སོར་བསྟན་ལ། འདིས་ཆོས་སྐུ་བསྟན་པར་བྱས་ན་རུང་ངམ་སྙམ། དེ་ལྟར་ན་དང་པོས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང༌། འགྲོ་དོན་མངོན་ཞུགས་ཞེས་པས་བྱང་ཆུབ་འདོད་པ་དེའང་གཞན་དོན་དུ་ཡིན་པ་དང༌། དཔའ་རྣམས་ཞེས་པས་བྱང་ཆུབ་སེམས་དཔའ་དང༌། སྤྱོད་པ་ཞེས་པས་ལམ་ལ་སློབ་ཚུལ་བསྟན་པ་ཡིན་པས། རྟེན་གྱི་གང་ཟག་གང་གིས། དགོས་པ་གང་གི་ཕྱིར། ཡུལ་གང་ལ། ཚུལ་ཇི་ལྟར་བསླབ་པར་བྱ་བ་རྣམས་བསྟན་པ་ཡིན་གསུངས། ཉི་ཁྲིའི་སེམས་བསྐྱེད་སྟོན་པའི་ཚིག་ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནས། ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་པ་འདི་དང༌། བརྒྱད་སྟོང་པ་ལས་རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་སྤོབས་པར་བྱོས་ཤིག །ཅེས་པའི་ཚིག་འདི་ཡིན་ལ། འདིའི་ཤེར་ཕྱིན་ལ་ཕྱིན་ཟིན་དང་ཕྱིན་བྱེད་གཉིས་བྱས་ནས། གང་གིས། གང་གི་ཆེད་དུ། གང་ལ། ཇི་ལྟར་བསླབ་ན། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་སློབ་ཚུལ་སོགས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཆ་ཚང་བ་ཞིག་བསྟན་ཡོད་པས་འདི་དག་གིས་སེམས་བསྐྱེད་བསྟན་གསུངས་པ་ཡིན་ལ། སེམས་བསྐྱེད་སྟོན་པ་ལ་དེ་འདྲ་ཞིག་དགོས་ཏེ། རང་རེའི་ཡིག་ཆའི་སེམས་བསྐྱེད་ཀྱི་མཚན་ཉིད་སྟོན་སྐབས་སུ་ས་བོན་དང་སྡོམ་ལྟ་བུར་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན་གསུངས། སེམས་ཡུལ་ཁྱད་པར་དུ་འཕགས་པ་སྣང་བ་ཅན་འབྱུང་བ་མ་ཡིན་ནམ་ཞེས་པས་སེམས་བསྐྱེད་ཀྱི་སྒྲ་བཤད་པས་སློབ་དཔོན་སོགས་སེམས་བསྐྱེད་སེམས་སུ་འདོད་མཁན་རྣམས་ཀྱིས་སེམས་དང་བསྐྱེད་པ་གཉིས་སོ་སོར་མི་བྱེད་པར། སྔར་རང་དོན་ཁོ་ན་བསམ་པ་དེ་ལས་བཟློག་སྟེ་སེམས་དམིགས་པ་རྒྱ་ཆེན་པོར་གྱུར་པས་ན་བསྐྱེད་ཅེས་བྱ་སྟེ། དཔེར་ན་འཇིག་རྟེན་ན་འདི་སྔར་ལས་སེམས་རྒྱ་ཇེ་ཆེར་སོང་ཡོད་ཟེར་བ་ལྟ་བུ་ཡིན་གསུངས། སེམས་བསྐྱེད་ལ་འདོད་པའི་མིང་གིས་འདོགས་ཚུལ་ལ་གཉིས་ཡོད་པས་རྒྱུ་མིང་འབྲས་བུ་ལ་བཏགས་པའི་འདོད་པ་ནི་གསེར་ཕྲེང་ལྟར་ན་བྱང་ཆུབ་ལ་དམིགས་པ་དང༌། རྣམ་བཤད་ལྟར་ན་གཞན་དོན་ལ་དམིགས་པའི་འདོད་པར་བཤད་པས་འདི་ལྟར་ན། གཞན་དོན་ཕྱིར་འདོད་ཅེས་ཚིག་གོང་འོག་སྦྲེལ་ནས་བསྟན་པ་ཡིན་ནམ་སྙམ་སྟེ། སྐབས་འདི་འདྲ་ལ་འདི་གཉིས་ཀྱི་དོན་ཡང་མི་མཐུན་པ་འདྲ་བ་ཞིག་འདུག་གསུངས། དེ་དང་དེ་ནི་མདོ་བཞིན་དུ། །ཞེས་སོགས་ཀྱི་དོན་ནི། ཡུམ་བར་མའི་མདོ་བཞིན་དུ། གཞན་གཉིས་ལས་ཀྱང་བསྡུས་དང་རྒྱས་པའི་སྒོ་ནས་བཤད་ཅེས་པའོ། །བསྡུས་པ་དང་རྒྱས་པར་བཤད་པའི་ངག་ལ་ཡུམ་གསུམ་ག་འཇོག་པ་འདི་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། ཀུན་གྱི་རྒྱན་དུ་འགྱུར་བ་ནི། །ཞེས་པ་ལྟར་ཡུམ་གསུམ་གའི་རྒྱན་དུ་འགྲེལ་པའི་ཕྱིར། ཕྱོགས་གླང་གིས། དེ་ལྟར་ཇི་སྐད་བཤད་རྣམས་ཀྱི། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་པར་འདོད། །དོན་ནི་ཇི་སྐད་གསུང་དེ་ཉིད། །ཅེས་གསུངས་པ་ལྟར་བརྒྱད་སྟོང་པ་གཅིག་པུས་རྒྱས་བསྡུས་གཉིས་ཀྱི་སྒོ་ནས་མ་བསྟན་ཀྱང༌། ཡུམ་གསུམ་ག་བསྡོམས་ན་དེ་ལྟར་བསྟན་བྱས་ན་ཆོག་གསུངས། སྡུད་པ་ལས། འཛམ་བུ་གླིང་འདིར། ནས། འཐུས་མ་ཡིན། །ཞེས་པའི་བར་འདི་སེམས་བསྐྱེད་སྟོན་པའི་གཞུང་དེའི་ཞར་བྱུང་ལྟ་བུ་ཡིན་ལ། དེའང་གླིང་འདིར་ཆུ་ཀླུང་དང་མེ་ཏོག་སོགས་ཇི་སྙེད་ཅིག་སྐྱེ་བ་ཐམས་ཅད་མཚོ་མ་དྲོས་པའི་མཐུས་འབྱུང་བ་བཞིན་དུ་ཉན་ཐོས་རྣམས་ཀྱིས་ཤེར་ཕྱིན་ལ་ཐོས་སོགས་བྱེད་པ་གདུལ་བྱ་གཞན་ལ་སྟོན་པ་དེ་དག་གིས་ཀྱང་ཉམས་སུ་བླངས་ནས་འབྲས་བུ་འཐོབ་པ་སོགས་ཐམས་ཅད་སངས་རྒྱས་ཀྱི་མཐུས་ཡིན་པར་བསྟན་པས། འདིའི་སྟོན་དང་འཆད་དང་རིགས་པ་དག་དང༌། ཞེས་པའི་ཚིག་འདི་གསུམ། བརྒྱད་སྟོང་པ་ལས། སྨྲ་བ་དང༌། སྟོན་པ་དང༌། ཉེ་བར་སྟོན་པ་དང༌། གསལ་བ་དང༌། བརྗོད་པ་དང༌། ཡང་དག་པར་གསལ་བར་བྱེད་པ་ཞེས་གསུངས་པ་དང་དོན་འདྲ་ཞིང༌། དེའང་ཐོས་བྱུང་གི་ཤེས་རབ་སྐྱེ་བའི་ཕྱིར་དུ་ཚིག་འཛིན་པ་དང༌། ཁ་ཏོན་བྱེད་པ་སོགས་ཀྱི་སྒོ་ནས་སྨྲ་བ་དང་། །བསམ་བྱུང་གི་ཤེས་རབ་བསྐྱེད་པའི་ཕྱིར་དུ་ཚིག་དེའི་དོན་འདི་དང་འདི་ཞེས་སྟོན་པ་དང༌། སྒོམ་བྱུང་གི་ཤེས་རབ་བསྐྱེད་པའི་ཕྱིར་དུ་གེགས་སེལ་བོགས་འདོན་གྱི་སྒོ་ནས་ཉེ་བར་སྟོན་པ་ཡིན་ལ། གསལ་བ་སོགས་གསུམ་གྱིས་དེ་གསུམ་བཤད་པ་ཡིན་པས་དོན་འདྲ་གསུངས། གཞུང་འདི་སེམས་བསྐྱེད་སྟོན་པའི་གཞུང་དེའི་ཞར་བྱུང་དུ་འགྲོ་ཚུལ་ནི་ཉན་ཐོས་རྣམས་ཀྱིས་ཤེར་ཕྱིན་གྱི་མདོ་སྡེ་སོགས་རང་དབང་དུ་སྟོན་མ་ནུས་པ་དེ་སློབ་ལམ་དུ་ཐེག་ཆེན་གྱི་སྡེ་སྣོད་ལ་དམིགས་ཏེ་ཐོས་བསམ་སོགས་རྒྱ་ཆེན་པོ་མ་བྱས་པའི་དབང་གིས་ཡིན་ལ། སངས་འཕགས་ཀྱིས་རང་དབང་དུ་སྟོན་ནུས་པ་དེ་རྒྱུའི་དུས་སུ་ཤེར་ཕྱིན་ལ་ཐོས་བསམ་རྒྱ་ཆེར་བྱས་པའི་ལག་རྗེས་ཡིན་པས། འབྲས་བུའི་སྒོ་ནས་རྒྱུ་སྒྲུབ་པ་ཡིན་ནམ་གསུངས། ཚ་བ་འཇོམས་པར་བྱེད་པས་མ་དྲོས་པ་དང༌། གཙོ་བོ་ཡིན་པས་ཀླུ་དབང༌། བྱེ་ཚན་གྱི་འཇིགས་པ་མེད་པས་ཀླུ་བདག་ཅེས་བཤད་གསུངས། སྦྱོར་ལམ་གོང་མར་འཕོས་ཚད་སོགས་སྤང་བྱ་ཉམས་སྨད་ཚུལ་སོགས་ཀྱིས་གོ་སླའང༌། ཚོགས་ལམ་གསུམ་གྱི་གོང་མར་འཕོས་ཚད་དཀའ་བར་སྣང་བས། འདི་ལ་ས་པཎ་གྱི་བསྟན་པ་སྤྱིའི་རྣམ་གཞག་ཏུ་སྦྱོར་ལམ་དུ་འཕོ་བར་མ་ངེས་པ་དང༌། ངེས་པ་དང་མྱུར་དུ་འཕོ་བར་ངེས་པ་ཞེས་གསུངས་འདུག་ཅིང༌། རང་རེའི་སྐབས་བཞི་པར་དྲན་པ་ཉེར་གཞག་སོགས་གསུམ་གྱི་གཙོ་བོའི་ས་མཚམས་འཛིན་ཚུལ་སོགས་ལ་དཔག་ན། དཔེར་ན། ནད་པ་ལྟ་བུ་ཞིག་ལ་མཚོན་ན། སྨན་ངོས་བླངས་ཀྱང་ནད་སོས་མི་སོས་ད་དུང་ཐག་མི་ཆོད་པ་དང༌། སོས་པར་ཐག་ཆོད་ཀྱང༌། མྱུར་དུ་སོས་དཀའ་བ་དང༌། མྱུར་དུ་སོས་སླ་བའི་སྐབས་གསུམ་ཡོད་པ་ལྟར། ཚོགས་ལམ་ཆུང་ངུའི་ཚེ་ཉམས་མི་ཉམས་མ་ངེས་པ་དང༌། འབྲིང་གི་ཚེ་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤང་བ་སོགས་གཉེན་པོས་མི་མཐུན་ཕྱོགས་ཀྱི་དབལ་བཅག་པས་གསེར་ས་འོག་ཏུ་ཡུན་རིང་པོར་བཞག་ཀྱང་མི་རུལ་བ་དང་གཞན་དུ་མི་འགྱུར་བ་ལྟར་ཉམས་པ་མི་སྲིད་ཀྱང་མྱུར་དུ་འཕོ་མི་ནུས་པ་དང༌། ཆེན་པོའི་ཚེ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་དྲུང་དུ་རྫུ་འཕྲུལ་གྱིས་བྱོན་ནས་གདམས་ངག་ཉན་པས། ཟླ་ཚེས་ཉིན་རེ་བཞིན་འཕེལ་བ་ལྟར་ཡོན་ཏན་གོང་འཕེལ་དུ་འགྲོ་བས་སྦྱོར་ལམ་དུ་མྱུར་དུ་འཕོ་བར་ངེས་པ་ཡིན་གསུང༌། འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཆོས་ཅན། ས་ལྟ་བུ་ཡིན་ཏེ། རྩི་བཅུད་ཐམས་ཅད་ས་ལ་བརྟེན་ནས་འབྱུང་བ་བཞིན་དུ། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་སེམས་བསྐྱེད་ལ་བརྟེན་ནས་འབྱུང་བའི་ཕྱིར། འདིའི་འདུན་པ་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་ལ་བྱ་ཞིང༌། བློ་གྲོས་མི་ཟད་པའི་མདོར། དང་པོ་འདི་སེམས་བསྐྱེད་ལ་གསུངས་ཀྱང་འདིར་འདོད་པའི་མིང་གིས་བཏགས་པས་དོན་མི་འགལ་ལོ། །བསམ་པ་དང་ལྡན་པའི་དེ་ཆོས་ཅན། གསེར་ལྟ་བུ་ཡིན་ཏེ། གསེར་དེ་ས་འོག་ཏུ་ཅི་ཙམ་བཞག་ཀྱང་མི་རུལ་བ་དང་ངོ་བོ་གཞན་དུ་མི་འགྱུར་བ་ལྟར། འདི་ནས་བཟུང་ནམ་ཡང་ཉམས་པར་མི་འགྱུར་བའི་ཕྱིར། ལྷག་བསམ་དང་ལྡན་པའི་དེ་ཆོས་ཅན། ཟླ་ཚེས་ལྟ་བུ་ཡིན་ཏེ། ཟླ་ཚེས་དེ་ཉིན་རེ་བཞིན་གོང་འཕེལ་དུ་འགྲོ་བ་ལྟར། འདི་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་གདམས་ངག་ཉན་ཏེ། དགེ་བའི་ཆོས་མཐའ་དག་འཕེལ་བར་འགྱུར་བའི་ཕྱིར། སྦྱོར་བ་དང་ལྡན་པའི་དེ་ཆོས་ཅན། མེ་ལྟ་བུ་ཡིན་ཏེ། མེས་བུད་ཤིང་བསྲེགས་པ་ལྟར། མཁྱེན་གསུམ་གྱིས་སྒྲིབ་པའི་བུད་ཤིང་མངོན་གྱུར་པ་བསྲེག་པའི་ཕྱིར། མདོ་སྡེ་རྒྱན་ལས་ལྷག་བསམ་དང་ལྡན་པ་སྦྱོར་ལམ་དང༌། སྦྱོར་བ་དང་ལྡན་པ་ཚོགས་ལམ་ལ་སྦྱར་བ་ནི། གསེར་ཕྲེང་ལས། གཉིས་ཀའང་ཚོགས་སྦྱོར་གཉིས་ཀར་འབྱུང་བ་ཤེས་པར་བྱེད་པའོ། །ཞེས་པ་ལྟར་ཡིན་གསུང༌། སྦྱིན་པ་དང་ལྡན་པའི་དེ་ཆོས་ཅན། གཏེར་ལྟ་བུ་ཡིན་ཏེ། གཏེར་གྱིས་གང་འདོད་ལྟར་ཚིམ་པར་བྱེད་ཀྱང་མི་ཟད་པ་བཞིན་དུ། འདི་ནས་སྦྱིན་པའི་ཕར་ཕྱིན་ལྷག་པ་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་ཆོས་དང་ཟང་ཟིང་གིས་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར། ཚུལ་ཁྲིམས་དང་ལྡན་པའི་དེ་ཆོས་ཅན། རིན་པོ་ཆེའི་འབྱུང་གནས་ལྟ་བུ་ཡིན་ཏེ། རིན་པོ་ཆེའི་འབྱུང་ཁུངས་ནས་རིན་པོ་ཆེའི་རིགས་གཞན་དང་གཞན་མང་པོ་འབྱུང་བ་ལྟར། ཚུལ་ཁྲིམས་ལས་ཏིང་ངེ་འཛིན་དང་ཤེས་རབ་སོགས་ཡོན་ཏན་གྱི་རིགས་ཐམས་ཅད་འབྱུང་བའི་ཕྱིར། བཟོད་པ་དང་ལྡན་པའི་དེ་ཆོས་ཅན། རྒྱ་མཚོ་ལྟ་བུ་ཡིན་ཏེ། རྒྱ་མཚོ་ཆེན་པོ་དེ་རླུང་གིས་འདོམ་བདུན་ཙམ་དུ་གཡོ་ནུས་ཀྱང་གཏིང་དཀྲུགས་མི་ནུས་པ་བཞིན། འདི་ནི་མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་མི་འཁྲུགས་པའི་ཕྱིར། བརྩོན་འགྲུས་དང་ལྡན་པའི་དེ་ཆོས་ཅན། རྡོ་རྗེ་ལྟ་བུ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་དེ་ཚུར་གང་གིས་ཀྱང་གཞིག་མི་ནུས་ཤིང་ཕར་ཐམས་ཅད་ལ་ཐོགས་པ་མེད་པ་ལྟར། གོ་ཆའི་བརྩོན་འགྲུས་ཀྱིས་ད་ལྟ་ཡན་ཆད་ཀྱི་དུས་ཐམས་ཅད་ཉིན་ཞག་གཅིག་ཏུ་བྱས་པའི་བསྐལ་པ་མང་པོར་སེམས་ཅན་གཅིག་གི་དོན་དུ་དམྱལ་བར་གནས་དགོས་ཀྱང་མི་སྐྱོ་ཞིང་གཞན་གྱི་དེ་ལས་མི་བྱེད་པའི་ཕྱིར། འདིའི་རྡོ་རྗེ་ནི་རྡོ་དྲིལ་གྱི་རྡོ་རྗེ་ལ་མི་བྱ་བར་རྡོ་རྗེ་རིན་པོ་ཆེ་ལ་བྱེད་གསུང༌། བསམ་གཏན་དང་ལྡན་པའི་དེ་ཆོས་ཅན། རིའི་རྒྱལ་པོ་ལྟ་བུ་ཡིན་ཏེ། རིའི་རྒྱལ་པོ་གཡོ་མི་ནུས་པ་བཞིན་དུ་འདི་ནི་བྱིང་རྒོད་དང་གཙོ་བོར་དམན་པའི་ཡིད་བྱེད་ཀྱིས་གཡོ་མི་ནུས་པའི་ཕྱིར། ཤེས་རབ་དང་ལྡན་པའི་དེ་ཆོས་ཅན། སྨན་ལྟ་བུ་ཡིན་ཏེ། ལམ་གཞན་གྱིས་ཀྱང་སྒྲིབ་པ་སེལ་ཡང༌། སྒྲིབ་གཉིས་ཀྱི་ནད་སེལ་བའི་སྨན་གྱི་དངོས་གཞི་ནི་ཤེས་རབ་ཡིན་པའི་ཕྱིར། ཐབས་མཁས་དང་ལྡན་པ་སོགས་ལྔ་ལ་བློ་གྲོས་མི་ཟད་པའི་མདོ་ལས། ཚད་མེད་བཞི། མངོན་ཤེས་ལྔའམ་དྲུག །བསྡུ་དངོས་བཞི། སོ་སོ་ཡང་ངག་རིག་བཞི། རྟོན་པ་བཞི་དང་ལྡན་པ་ཞེས་གསུངས་ལ་མི་ཟད་པ་གཞན་དང་སྦྱོར་ཚུལ་འདི་དང་འདྲ་ཞིང་ཐབས་མཁས་སོགས་དང་སྦྱར་བ་རང་ལྡོག་དང༌། ཚད་མེད་བཞི་དང་སྦྱར་བ་གཞི་ལྡོག་ནས་ཡིན་པས་དོན་གཅིག་ཏུ་འགྲོ་ཞིང༌། གསེར་ཕྲེང་ནས་མི་ཟད་པ་འདི་དག་དང་གསལ་བར་མ་སྦྱར་ཡང་རྣམ་བཤད་ཀྱིས་སྦྱར་གསུང༌། མི་ཟད་པ་བརྒྱད་ཅུ་ནི། དག་ལྡན་ལས། སེམས་བསྐྱེད་བསམ་སྦྱོར་ལྷག་བསམ་དང༌། །ཕ་རོལ་ཕྱིན་དྲུག་ཚད་མེད་དག །མངོན་པར་ཤེས་དང་བསྡུ་དངོས་བཞི། །སོ་སོ་རིག་སྟོན་ཚོགས་གཉིས་དང༌། །བྱང་ཆུབ་ཕྱོགས་མཐུན་ཞི་གནས་སོགས། །གཟུངས་བཞི་ཆོས་ཀྱི་མདོ་བཤད་དང༌། །བགྲོད་གཅིག་ཐབས་ལ་མཁས་པ་འོ། །ཞེས་གསུངས་པའི་ཕྱིར། ཐབས་མཁས་དང་ལྡན་པའི་དེ་ཆོས་ཅན། དགེ་བའི་བཤེས་གཉེན་ལྟ་བུ་ཡིན་ཏེ། མཛའ་བཤེས་ཀྱིས་རང་གི་གྲོགས་ནམ་ཡང་མི་འདོར་བ་ལྟར་འདིས་ཀྱང་ཚད་མེད་བཞིའི་སྒོ་ནས་སེམས་ཅན་ནམ་ཡང་མི་འདོར་བའི་ཕྱིར། སྨོན་ལམ་དང་ལྡན་པའི་དེ་ཆོས་ཅན། ནོར་བུ་ལྟ་བུ་ཡིན་ཏེ། ཡིད་བཞིན་གྱི་ནོར་བུ་ལ་མཆོད་ན་གང་འདོད་པ་འབྱུང་བ་བཞིན་དུ། གང་བྱས་ན་སེམས་ཅན་གྱི་དོན་དུ་འགྱུར། གང་ཞིག་གིས་ཕན་ཐོགས་པ་མངོན་ཤེས་ཀྱིས་གཟིགས་ཏེ་སྨོན་ལམ་བཏབ་ན་གང་སྨོན་པ་འགྲུབ་པའི་ཕྱིར། སྟོབས་དང་ལྡན་པའི་དེ་ཆོས་ཅན། ཉི་མ་ལྟ་བུ་ཡིན་ཏེ། ཉི་མས་ལོ་ཏོག་སྨིན་པར་བྱེད་པ་བཞིན་དུ། འདིས་ཀྱང་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པའི་ཕྱིར། དེའང་སྐྱེས་བུ་དམ་པ་རྣམས་ཀྱིས་འཇིག་རྟེན་གྱི་ཕྱོགས་རྒྱ་བསྐྱེད་དེ་རྒྱ་ཆེན་པོ་བྱེད་མདོག་ཁ་པོ་དང༌། ཕྱུག་པོ་ལ་མཛེས་མཛེས་བྱེད་པ་སོགས་འཇིག་རྟེན་ཆོས་བརྒྱད་བྱས་པ་མིན་གྱི། གདུལ་བྱ་གང་ཡིན་ཚད་འདུལ་བ་ལ་ཐོག་མ་ནས་ཆོས་བཤད་ན་དེའི་དོན་དུ་འགྱུར་མི་འགྱུར་དུ་མ་ཞིག་ཡོད་པས། དང་པོར་ང་རྒྱལ་ཅན་ལ་བསྟོད་ར་དང༌། སེར་སྣ་ཅན་ལ་ཟས་ནོར་སྦྱིན། ཞེས་པ་ལྟར་རང་རང་གི་བློ་དང་འཚམ་པར་བྱེད་དགོས་པས། སྐྱེས་བུ་དམ་པས་དེ་ལྟར་ཐབས་མཁས་བྱས་པ་དེ་རྒྱལ་སྲས་ཀྱི་ཉམས་ལེན་གྱི་གཙོ་བོ་ཞིག་ཏུ་གོ་དགོས་གསུང༌། ཡེ་ཤེས་དང་ལྡན་པའི་དེ་ཆོས་ཅན། གླུ་དབྱངས་ལྟ་བུ་ཡིན་ཏེ། གླུ་དབྱངས་སྙན་པོས་ཐམས་ཅད་ཀྱི་ཡིད་འདུན་པར་བྱེད་པ་ལྟར་ཆོས་དོན་ངེས་ཚིག་སྤོབས་པ་སོ་སོ་ཡང་དག་པ་རིག་པ་བཞིའི་སྒོ་ནས་ཁམས་དང་བསམ་པ་ཕལ་ཆེར་དང༌། ཚིག་གང་གི་སྒོ་ནས་དོན་གང་བསྟན་ན་དོན་དུ་འགྱུར་སྙམ་དུ་ཤེས་པར་བྱས་ཏེ་སོ་སོའི་སྐད་ཀྱིས་ཆོས་བསྟན་ནས་འདུན་པར་བྱེད་པའི་ཕྱིར། དེའང་འདིའི་ཤེས་རབ་དང་ཡེ་ཤེས་ཀྱི་ཕར་ཕྱིན་གཉིས་ཀྱི་ཁྱད་པར་ནི་སྔ་མ་ཇི་ལྟ་བ་རྟོགས་པ་དང༌། ཕྱི་མ་ཇི་སྙེད་པ་རྟོགས་པའི་བློར་བྱེད་པ་རྣམ་བཤད་དགོངས་པ་རབ་གསལ་ནས་གསུངས་པ་ལྟར་ཡིན་གསུང༌། ས་བཅུ་པའི་ཁྱད་པར་ལམ་ལ་ལྔ་ནི། མངོན་ཤེས་དང་ལྡན་པའི་དེ་ཆོས་ཅན། རྒྱལ་པོ་ལྟ་བུ་ཡིན་ཏེ། རྒྱལ་པོ་ཆེན་པོ་དེས་གཞན་གྱི་ཚིག་གི་རྗེས་སུ་མི་འབྲང་བར་རང་གི་འཁོར་ཚུལ་བཞིན་བྱེད་མཁན་རྣམས་གཟེངས་བསྟོད་པ་དང༌། ཚུལ་བཞིན་མི་བྱེད་མཁན་རྣམས་བཏང་སྙོམས་སུ་མི་འཇོག་པར་ཚར་གཅོད་ཅིང་དེ་ལྟ་བུའི་ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་ཡུལ་འཁོར་སྐྱོང་བར་བྱེད་པ་ལྟར་འདིས་ཀྱང་འཇམ་པ་དང་རྩུབ་པའི་ནན་ཏུར་གྱི་སྒོ་ནས་འདུལ་བྱ་འདུལ་བ་ལ་ཐོགས་པ་མི་མངའ་བའི་ཕྱིར། ཚོགས་གཉིས་དང་ལྡན་པའི་དེ་ཆོས་ཅན། བང་མཛོད་ལྟ་བུ་ཡིན་ཏེ། རྒྱལ་པོའི་བང་མཛོད་ལས། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། གཡུལ་འགྱེད་པ་ལ་མཚོན་ཆ་སོགས་ཡོ་བྱད་ཐམས་ཅད་འབྱུང་བ་ལྟར། ཚོགས་གཉིས་ལས་ཡེ་ཤེས་ཆོས་སྐུ་དང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དབེ་བྱད་བཟང་པོ་བརྒྱད་ཅུ། གསུང་དབྱངས་ཡན་ལག་དྲུག་ཅུ་སོགས་ཡོན་ཏན་ཐམས་ཅད་འབྱུང་བའི་ཕྱིར། བྱང་ཕྱོགས་སོ་བདུན་དང་ལྡན་པའི་དེ་ཆོས་ཅན། ལམ་པོ་ཆེ་ལྟ་བུ་ཡིན་ཏེ། ལམ་པོ་ཆེའི་ནང་དུ་འགྲུལ་བ་བཟང་ངན་ཐམས་ཅད་འགྲོ་བ་ལྟར། ཐེག་པ་གསུམ་གྱི་འཕགས་པ་ཐམས་ཅད་གཤེགས་པའི་ཤུལ་ཡིན་པའི་ཕྱིར། འདི་ནི་བྱང་ཕྱོགས་སྤྱི་ལ་བྱེད་གསུང༌། སྙིང་རྗེ་ལྷག་མཐོང་དང་ལྡན་པའི་དེ་ཆོས་ཅན། བཞོན་པ་ལྟ་བུ་ཡིན་ཏེ། བཞོན་པ་བཟང་པོར་ཞོན་ཏེ་སོང་ན་གཡས་གཡོན་གྱི་གཡང་སར་མི་ལྟུང་བར་འདོད་པའི་གནས་སུ་སྐྱེལ་བ་ལྟར་སྙིང་རྗེ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་གཉིས་ཀྱིས་སྲིད་ཞིའི་མཐར་མི་ལྟུང་བར་མི་གནས་པའི་མྱང་འདས་སུ་བགྲོད་པར་བྱེད་པའི་ཕྱིར། གཟུངས་སྤོབས་དང་ལྡན་པའི་དེ་ཆོས་ཅན། བཀོད་མའི་ཆུ་ལྟ་བུ་ཡིན་ཏེ། བཀོད་མའི་ཆུ་སྔ་མ་མང་དུ་བྱུང་ཞིང་དེའི་སྟེང་དུ་ཕྱི་མ་མང་པོ་གསར་དུ་འབྱུང་བ་བཞིན་དུ། གཟུངས་ཀྱིས་སྔར་མང་དུ་ཐོས་པ་རྣམས་མི་བརྗེད་པར་བཟུང་བའི་སྟེང་དུ་སྤོབས་པས་ཕྱི་མ་སྐད་ཅིག་རེ་རེ་ལའང་ཤོ་ལོ་ཀ་འབུམ་ཕྲག་སོགས་གསར་དུ་འཛིན་པར་བྱེད་པའི་ཕྱིར། དེའང་བཀོད་མའི་ཆུ་ནི་ཐང་གི་དཀྱིལ་ནས་ཡར་གྱེན་དུ་འབྱུང་བའི་ཆུ་དང༌། ཆུ་མིག་ནི་རིའི་ངོས་ནས་ཚུར་འབྱུང་བའི་ཆུ་ཡིན་གསུང༌། དགའ་སྟོན་དང་ལྡན་པའི་དེ་ཆོས་ཅན། སྒྲ་སྙན་ལྟ་བུ་ཡིན་ཏེ། དེ་རྣ་བར་སྙན་པ་ལྟར། འདིས་གདུལ་བྱ་ལ་འདུས་བྱས་མི་རྟག་པ་སོགས་སྙན་པར་སྒྲོགས་པའི་ཕྱིར། དེའང་གཞུང་རྒྱ་ཆེན་པོ་ཅི་འདྲ་ཞིག་ལ་བལྟས་ཀྱང༌། གོ་རྒྱུ་ཆེར་མི་སྣང་བ་ནི་རང་གི་སེམས་ལ་འབྱར་རྩི་ཞིག་མེད་པའི་རྟགས་ཡིན་ཏེ། རྒྱུད་སྨིན་པ་ཞིག་ལ་ཚིག་བཞི་འདིས་ཀྱང་ཆོག་པའི་ཕྱིར། དེས་ན་འདུས་བྱས་ཞེས་པའི་ཚིག་འདིས་ཀྱང་མི་རྟག་པར་འགྲུབ་ཀྱང༌། རང་རེ་རྣམས་ལ་དཔལ་འབྱོར་ལོངས་སྤྱོད་སོགས་བྱུང་བས་རྟག་པར་སྣང་འགྲོ །སྡུག་བསྔལ་བྱས་པའང་ཉིན་མོ་འགག་ནས་དེའི་རྗེས་སུ་མཚན་མོ་འབྱུང་བ་ལྟར། བདེ་བ་འགག་པའི་ཤུལ་དུ་སྡུག་བསྔལ་གཞན་དང་གཞན་ཞིག་འོང་བ་མིན་གྱི། ད་ལྟར་སེམས་འདིའི་སྟེང་ན་མེ་དོང་ཐལ་བས་གཡོགས་པ་ལྟར་བག་ལ་ཉལ་བའི་ཚུལ་དུ་ཡོད་པ་དེ་ནམ་ཞིག་རྐྱེན་དང་འཕྲད་ཚེ་མངོན་དུ་གྱུར་འོངས་པ་དེ་ཡིན་གསུངས། བགྲོད་པ་གཅིག་པའི་ལམ་དང་ལྡན་པའི་དེ་ཆོས་ཅན། ཆུ་བོའི་རྒྱུན་དང་འདྲ་སྟེ། ཆུ་བོའི་རྒྱུན་དེ་གཞན་དུ་ངང་གིས་རྒྱུན་མི་འཆད་པར་འཇུག་པའི་ཕྱིར། ཆོས་སྐུ་དང་ལྡན་པའི་དེ་ཆོས་ཅན། སྤྲིན་ལྟ་བུ་ཡིན་ཏེ། སྤྲིན་ནས་ཆར་གྱིས་ལོ་ཏོག་སྨིན་པར་བྱེད་པ་ལྟར། མཆོག་གི་སྤྲུལ་སྐུ་མ་དག་པའི་འདུལ་བྱ་ལ་དངོས་སུ་སྣང་ནས་དོན་མཛད་པའི་ཕྱིར། དེ་ལྟར་འགྲེལ་པར་ཆོས་ཐམས་ཅད་ཀྱི་གཞིའི་དངོས་པོ་ཡིན་པའི་ཕྱིར། ནས། ཀུན་ཏུ་སྟོན་པར་རུང་བ་ཉིད་ཀྱིས་སོ་ཞེས་པའི་བར་གྱིས་དཔེ་དོན་ཆོས་མཐུན་སྦྱོར་ཚུལ་དངོས་སུ་བསྟན་པ་ཡིན་གསུང༌།
༈ གཉིས་པ་གདམས་ངག་ལ། དངོས་དང༌། གདམས་ངག་གི་དོན་སྒོམ་པའི་སྟོང་ཉིད་ལ་སྒོམ་བྱུང་སྐྱེས་པའི་ཐོག་མ་བཤད་པའོ། །དང་པོ་ལ་བརྟེན་པ་སྒྲུབ་པ་ལ་གདམས་པ། སྒྲུབ་པའི་རྟེན་ལ་གདམས་པ། སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་གདམས་པ་གསུམ། དང་པོ་ལ་སྒྲུབ་པའི་ངོ་བོ་ལ་འདོམས་པ། སྒྲུབ་པའི་དམིགས་པ་ལ་འདོམས་པ་གཉིས། དང་པོ་ནི། འགྲེལ་པར་དབྱེ་བ་ཞར་ལ་བརྗོད་ནས་ཞེས་སོགས་བྱུང༌། དེ་ལྟར་སེམས་བསྐྱེད་པ་ཙམ་གྱིས་མི་ཆོག་པར་དམ་བཅའི་དོན་སྒྲུབ་པ་ལ་འབད་དགོས་པ་དང༌། དེ་སྒྲུབ་པའི་ཐབས་ཤེས་དགོས། དེའང་རང་སྟོབས་ཀྱིས་ཤེས་མི་ནུས་པས་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་མཉེས་པར་བྱས་ཏེ་ཡོན་ཏན་སྔར་མེད་གསར་དུ་བསྐྱེད་པའི་རྗེས་བསྟན་དང༌། སྐྱེས་ཟིན་གོང་འཕེལ་དུ་བྱེད་པའི་གདམས་ངག་ཉན་པ་ལས་རང་རྒྱུད་སྨིན་བྱེད་ཕར་ཕྱིན་དྲུག་དང༌། གཞན་རྒྱུད་སྨིན་བྱེད་བསྡུ་དངོས་བཞི་ལ་བསླབ་དགོས་པ་ཡིན་པའི་ཕྱིར། དེའང་ཡིན་ཏེ་དཔེར་ན་མི་ཞིག་མྱ་ངམ་གྱི་ཐང་དུ་ལུས་པ་ལ་མི་གཞན་ཞིག་འོངས་ནས་ངས་ཁྱོད་བདེ་བའི་གནས་སུ་སྐྱེལ་བར་བྱའོ་ཞེས་དམ་བཅས་པ་དེའི་ཚེ་སྐྱེལ་བའི་གནས་དང་སྐྱེལ་རྒྱུའི་མི་གཉིས་ཙམ་ཞིག་གི་སྤྱི་ཤར་བས་མི་ཆོག་པར་བར་ན་ལམ་ཇི་འདྲ་ཞིག་ཡོད་པའི་སྤྱི་འཆར་དགོས་པ་བཞིན་དུ། སེམས་བསྐྱེད་ཀྱིས་ཀྱང་དམིགས་ཡུལ་བྱང་ཆུབ་དང་གཞན་དོན་གཉིས་ཙམ་ཞིག་ལ་དམིགས་པས་མི་ཆོག་པར་བྱང་ཆུབ་དེར་བགྲོད་པའི་ལམ་གྱི་རིམ་པ་གཞན་རྣམས་ཡན་ལག་གི་ཚུལ་དུ་བསྡུས་ཏེ་ཐེག་པ་ཆེན་པོ་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་དམིགས་ཡུལ་དུ་ཚུད་པ་ཞིག་དགོས་པའི་ཕྱིར་ཏེ། ཉི་སྣང་ལས། དཀར་པོའི་ཆོས་ཐམས་ཅད་ལ་དམིགས་པ་ནི་དེ་ལ་སྲིད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་མིན་ན་ཐེག་ཆེན་སེམས་བསྐྱེད་ལམ་གྱི་སྡོམས་སུ་འཇོག་དཀའ་གསུངས། ཡོངས་སུ་བསྲུང་བའི་དོན་ནི། དྲན་ཤེས་བཞིན་གྱིས་བྱ་ར་བྱས་ཏེ་བག་ལ་ཞ་རུ་མ་བཅུག་པའི་དོན་ཡིན། སྒྲུབ་པའི་ངོ་བོ་ལ་འདོམས་པ་ནི་སྒྲུབ་པ་ལ་འདོམས་པ་སྟེ། འདི་ནི་བཅུ་གའི་ཆིངས་ལྟ་བུ་ཡིན་པས་ཁྱད་གཞིའམ་སྤྱི་ལྡོག་དང༌། དམིགས་ཡུལ་ལ་འདོམས་པ་སོགས་ནི་ཁྱད་ཆོས་སམ་བྱེ་བྲག་ཡིན་ལ། དེའང་རྒྱས་པའི་སྡེ་སྣོད་ལས་སློབ་ཚུལ་མཐའ་ཡས་པར་གསུངས་པ་ཐམས་ཅད་བསྡུས་ན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལས་མི་འདའ་ཞིང༌། མི་འདའ་བའི་ཚུལ་ནི་ཤེས་རབ་ཀྱི་ཆ་ཐམས་ཅད་དོན་དམ་དེར་བསྡུས་ནས་ཤེས་རབ་ཀྱི་གཙོ་བོ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་དགོས་པས་དོན་དམ་ལས་མི་འདའ་བ་དང༌། དོན་དམ་པར་མེད་ཀྱང་ཐ་སྙད་སྒྱུ་མ་ཙམ་དུ་ལས་རྒྱུ་འབྲས་ཀྱི་དབང་གིས་མར་གྱུར་སེམས་ཅན་རྣམས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམ་ཚུལ་སོགས་ཐམས་ཅད་བསྙོན་མེད་དུ་འཇོག་ཤེས་པ་ཞིག་དགོས་པས་ཀུན་རྫོབ་ཀྱི་བདེན་པ་ལས་མི་འདའ་བ་ཡིན་པའི་ཕྱིར། དེ་ལྟར་རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ལྟར་གཞི་ལ་བདེན་པ་གཉིས་ལས་མི་འདའ་བས་ལམ་ལ་ཚོགས་གཉིས་ལས་མི་འདའ་ཞིང༌། འབྲས་བུ་ལའང་སྐུ་གཉིས་ལས་མི་འདའ་བའི་ཕྱིར་ན། ངོ་བོ་བདེན་གཉིས་ལ་འདོམས་པའི་གདམས་ངག་ནི་གདམས་ངག་ཐམས་ཅད་འདུས་པའི་སྡོམ་ལྟ་བུར་བཞག་པ་ཡིན་གསུང༌། ཉན་ཐོས་སོགས་ནི་རང་ཁོ་ནའི་ཆེད་དུ་ཐར་པ་ཙམ་དང༌། དེ་ལ་བདེན་ཞེན་གྱི་སྒོ་ནས་འཇུག་པ་ཡིན་ལ། བྱང་སེམས་ཀྱིས་ནི་ཐབས་ཤེས་ཀྱི་ཆ་ཡོངས་སུ་རྫོགས་པའི་སྒོ་ནས་ཆེད་དུ་བྱ་བ་ཆེན་པོ་གསུམ་གྱི་དོན་དུ་མི་དམིགས་པའི་ཚུལ་གྱིས་སློབ་པས་ན་ཉན་ཐོས་སོགས་དང་ཐུན་མོང་མ་ཡིན་པར་འཇུག་པ་ཡིན་གསུངས། སེམས་བསྐྱེད་ཀྱི་མདོར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་གསུངས་པ་ལ་ཇི་ལྟར་བསླབ་པར་བྱ་དྲིས་པའི་ལན་དུ། བྱང་ཆེན་ཉིད་ཡོད་བཞིན་དུ་བྱང་ཆེན་གྱི་མིང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་ཀྱིས་བྱང་ཆེན་དང༌། དེའི་མིང་དང༌། ཤེར་ཕྱིན་དང༌། རྫོགས་བྱང་བཞི་སྟེ། གང་གིས། གང་གི་ཕྱིར། གང་ལ། ཚུལ་ཇི་ལྟར་བསླབ་ཚུལ་རྣམས་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཉམས་སུ་ལོངས་ཤིག་ཅེས་ངོ་བོ་ལ་འདོམས་པ་ཡིན་ལ་ཁ་ཅིག་འདིའི་མིང་ལ་མིང་གཞིའི་ཕུང་པོ་འཇོག་ཟེར་བ་ཡོད་ཀྱང་སྐབས་དོན་མིན་པ་འདྲ་གསུངས། བརྒྱད་སྟོང་པ་ལས་བྱང་ཆུབ་སེམས་དཔའ་འམ་བྱང་ཆུབ་སེམས་དཔའི་ཆོས་ཀྱང་བདག་གིས་མ་འཚལ་མ་དམིགས་ཡང་དག་པར་རྗེས་སུ་མི་མཐོང་ཞེས་སོགས་འདི་སྒྲུབ་པ་ལ་འདོམས་པའི་གདམས་ངག་ཡིན་ཞིང༌། མ་འཚལ་བ་སོགས་ནི་ཐོས་བསམ་སྒོམ་གསུམ་ལ་སྦྱོར་བ་དང༌། དབང་ཤེས་ཀྱིས་མ་མཐོང་བས་མ་འཚལ་བ་དང༌། རྟོག་བཅས་ཀྱིས་མ་དམིགས་པ་དང༌། དེ་གཉིས་ཀས་ཡང་དག་པར་རྗེས་སུ་མ་མཐོང་ཞེས་པའི་དོན་ནོ། །སྡུད་པ་ལས། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག ནས། བདེ་གཤེགས་ཤེས་རབ་སྤྱོད། །ཅེས་པའི་བར་གྱི་ཤླཽ་ཀ་གཅིག་སྒྲུབ་པ་ལ་འདོམས་པའི་གདམས་ངག་སྟེ། འདིའི་ཤེར་ཕྱིན་ལ་བསླབ་པར་བྱ་ཞེས་པའི་ཤེར་ཕྱིན་དེ་ཡིན་ལ། དེའང་བྱང་སེམས་ཀྱིས་གདགས་གཞི་སེམས་བསྐྱེད་དེ་རྟེན་དུ་བྱས་ཏེ་ཐ་སྙད་ཙམ་དུ་ཤེར་ཕྱིན་ཉམས་སུ་ལེན་པ་ལ་མི་རྨོངས་ཤིང༌། དོན་དམ་པར་མེད་པ་ལ་མི་སྐྲག་པའི་བྱང་ཆེན་དེ་ནི་རྒྱལ་བས་བསྔགས་པའི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ཅེས་པའི་དོན་ནོ། །ཤླཽ་ཀ་འདི་གདམས་ངག་ལ་སྦྱོར་བའི་ཁུངས་དངོས་སུ་ནི། དེ་སྐད་ཐོས་ནས་ཞེས་པའི་ཚིག་འདི་ཡིན་གསུངས། འབྲས་མཆོག་གམ་དང་པོ་ཞེས་པ་ནི་བསྐལ་པ་དང་པོར་མ་རྨོས་མ་བཏབ་པའི་འབྲས་ས་ལུ་བྱུང་བ་དེ་ལ་བྱས་ན་རུང་ཞིང༌། འོད་མ་བཅད་དཀའ་བ་ཞེས་པའི་འོད་མ་ནི་ཤིང་གཞུ་བྱེད་པའི་ཤིང་གཅོད་དཀའ་བ་ཞིག་ཡོད་པ་དེ་ཡིན་ནོ། །ཉི་སྣང་ལས། སྐབས་འདི་དག་ལས་འཕྲོས་ཏེ་མྱང་འདས་བརྒྱད་གསུངས་པ་ནི། རྩེ་མོ་ནས་དགེ་རྩ་ཆད་པའི་མྱང་འདས་དང༌། བཟོད་པ་ནས་ངན་འགྲོའི་མྱང་འདས་དང༌། བསམ་གཏན་ཐོབ་པ་རྣམས་ཀྱིས་ཡན་ལག་ལས་འདས་པ་སྟེ། མཛོད་ལས། ཡན་ལག་སྔ་སྔ་སྤངས་པ་ཡི། །ཞེས་པ་ལྟར་ཡན་ལག་སྔ་མ་སྔ་མ་ལ་ཆགས་བྲལ་བྱས་པ་ལྟ་བུ་དང༌། རྒྱུན་དུ་ཞུགས་པས་སྲིད་པ་ཉེར་བརྒྱད་ལས་འདས་པ་དང༌། ཕྱིར་འོང་གིས་རིགས་མཐུན་པའི་སྲིད་པ་གཉིས་ལས་འདས་པ་དང༌། ཕྱིར་མི་འོང་གིས་འདོད་པ་ལས་འདས་པ་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་དང་བརྒྱད་དོ། །བརྒྱད་པོ་འདི་དག་མདོ་ལས་ཀྱང་གསུངས་ལ། མྱང་འདས་དངོས་མིན་པ་ལའང་མྱང་འདས་སུ་གསུངས་པ་དུ་མ་ཞིག་ཡོད་པས་ན་དགོངས་པ་ཅན་གྱི་མྱང་འདས་ཀྱང་མྱང་འདས་ཡིན་མི་དགོས་ཤིང༌། རང་རེའི་ཡིག་ཆར་དགོས་པ་ཅན་གྱི་མྱང་འདས་དང༌། ཞེས་པ་དང་སྒྲ་སྦྱར་བ་མ་དག་པ་ཡིན་ནམ་སྙམ་གསུང༌།
དམིགས་ཡུལ་བདེན་བཞི་ལ་འདོམས་པ་ནི། སྡུག་བསྔལ་ལ་ཞེས་གནས་གཞི་དང༌། འབྲས་བུའི་ཆ་ནས་དང་གཟུགས་སོགས་ཀྱི་སྟོང་ཉིད་དང་དེ་རྟོགས་པའི་ཤེར་ཕྱིན་དག་དོན་དམ་པར་མེད་དོ་ཞེས་པའི་ཚིག་གི་ནུས་པས་ཐ་སྙད་དུ་སྡུག་བསྔལ་ནད་ལྟར་ཤེས་པར་བྱ་ཞེས་འདོམས་སོ། །ཀུན་འབྱུང་ལ་རྒྱུར་གྱུར་པ་ཞེས་པས་རྒྱུའི་ཆ་ནས་དང༌། གཟུགས་སོགས་ནས་དོན་དམ་པར་མ་ཡིན་ནོ། །ཞེས་པའི་ཚིག་གི་ནུས་པས་ཐ་སྙད་དུ་ལས་ཉོན་ལས་སྐྱེས་པའི་སྐྱེ་བ་དང༌། དེ་ནས་རིམ་གྱིས་རྒ་བ་དང་ན་བ་སོགས་སྡུག་བསྔལ་གསུམ་གྱིས་འཇོམས་པར་བྱེད་པའི་འགག་པ་དང༌། ད་ལྟ་ཀུན་ནས་ཉོན་མོངས་པར་བྱེད་པ་དང༌། མ་འོངས་པ་ན་དག་པའི་ཚེ་རྣམ་པར་བྱང་བ་ཡིན་པས། ཀུན་འབྱུང་སྤང་བར་བྱ་ཞེས་འདོམས་སོ། །འགོག་པ་ལ་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འགག །གནས་སྐབས་ཀྱི་ཁྱད་པར་དུ་མ་གཅིག་ཏུ་སོང་བའི་ཉམས་པ་གཅིག་དུ་མར་སོང་བའི་འཕེལ་བ། སྤང་གཉེན་གྱི་མཚན་ཉིད་ཀུན་བྱང་སོགས་དང་བྲལ་བའི་ཕྱིར་དོན་དམ་པར་གཟུགས་ནས་བྱང་ཆུབ་ཀྱི་བར་གང་དུའང་མ་གྲུབ་བོ་ཞེས་པས་ཐ་སྙད་དུ་མངོན་དུ་བྱ་བར་འདོམས་སོ། །ལམ་ལ་དོན་དམ་པར་སྦྱིན་སོགས་དྲུག་དང་སྟོང་ཉིད་ཉི་ཤུ་དང་སྔོན་གྱི་མཐའ་འདས་པ་དང་ཕྱི་མའི་མཐའ་མ་འོངས་པ་སོགས་ཕན་ཚུན་ལྡན་པ་དང་མི་ལྡན་པ་མ་ཡིན་པ་ཉིད་དུ་སྒྲུབ་པའོ། །ཞེས་པའི་ཚིག་གི་ནུས་པས་ཐ་སྙད་དུ་ལམ་བསྒོམ་པར་བྱ་ཞེས་འདོམས་སོ། །
གཉིས་པ་སྒྲུབ་པའི་རྟེན་ལ་འདོམས་པ་ནི། སངས་རྒྱས་ལ་ཞེས་སོགས་བྱུང༌། དེའང་རྣམ་མཁྱེན་དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་ཡིན་པས་དེ་ལ་འདོམས་པ་སངས་རྒྱས་དཀོན་མཆོག་ལ་འདོམས་པའི་གདམས་ངག་ཏུ་འཇོག་དགོས་ལ། དོན་དམ་པར་རྣམ་མཁྱེན་དང་གཟུགས་སོགས་ཕན་ཚུན་མི་སྦྱོར་ཞེས་པའི་ཚིག་གིས་ཐ་སྙད་དུ་ཆོས་ཐམས་ཅད་སྐྱུ་རུ་ར་ལྟར་རྟོགས་པས་ཡུལ་ཡུལ་ཅན་དུ་སྦྱོར་བར་བྱ་ཞེས་འདོམས་སོ། །འདིར་ཁ་ཅིག །གཟུགས་སོགས་ལ་རྣམ་མཁྱེན་མི་སྦྱོར་བར་གསུངས་པའི་དོན། རྣམ་མཁྱེན་གྱིས་དེ་དག་ལ་བདེན་པར་མི་ཞེན་པ་ལ་བྱེད་པ་ཡོད་ཀྱང༌། དེ་ལྟར་ན་འགྲེལ་པ་འདིར་རྣམ་མཁྱེན་ལ་གཟུགས་སོགས་མི་སྦྱོར་བར་གསུངས་པ་བཤད་ཐབས་མི་རྙེད་པས་མི་འཐད་གསུངས། མཁྱེན་གསུམ་ཆོས་དཀོན་མཆོག་གི་གཙོ་བོ་ཡིན་པས་དེ་ལ་འདོམས་པ་ཆོས་དཀོན་མཆོག་ལ་འདོམས་པ་ཡིན་གསུངས།
༈ གསུམ་པ་སྒྲུབ་པའི་ཁྱད་པར་གྱི་ཆོས་ལ་འདོམས་པ་ནི། འགྲེལ་པར། བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་ཞེས་གསུངས། མི་མཐུན་ཕྱོགས་མངོན་གྱུར་སེལ་བར་འདོམས་པའི་མི་མཐུན་ཕྱོགས་ནི། སྤྱོད་འཇུག་ལས། ལེ་ལོ་ངན་ལ་ཞེན་པ་དང༌། །སྒྱིད་ལུག་བདག་ཉིད་བརྙས་པ་འོ། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་བྱ་བ་ངན་པ་ལ་སྡུག་རུས་བྱེད་པ་ནི་བརྩོན་འགྲུས་མིན་ལ་བྱ་བ་ངན་ཞེན་གྱི་ལེ་ལོ་ཡིན་པས་ཆོས་ལ་འཇུག་པའི་གེགས་ཀྱི་གཙོ་བོ་ཡིན་ཞིང་སྤང་དགོས་ཏེ། ཚེ་འདིའི་མཐོ་གྲགས་དཔལ་འབྱོར་སོགས་ཕུན་ཚོགས་ཐམས་ཅད་རྡོ་བརྡར་བའི་དཔེ་ལྟར་གྲུ་བཞི་ལམ་མེ་བྱས་ཚར་བ་དང༌། ཤུལ་དུ་ཅམ་གྱིས་བཞག་སྟེ་རང་གཅིག་པུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་དགོས་པས་བསླུ་བར་འགྱུར་བའི་ཕྱིར། དེས་ན་ཚེ་འདིའི་བྱ་བ་ངན་པ་ལ་མི་ཞེན་པར་དམ་པའི་ཆོས་ལ་བག་ཆགས་ཅི་ནུས་སུ་འཇོག་རིགས་ཏེ། འདིར་མཁས་པར་མ་གྱུར་ཀྱང་ཚེ་རབས་གཞན་དུ་ཆུད་ཟོས་པར་མི་འགྱུར་བའི་ཕྱིར་ཏེ། ས་སྐྱ་པཎ་ཆེན་གྱིས། ཚེ་འདིར་མཁས་པར་མ་གྱུར་ཀྱང༌། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་དང༌། འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང༌། །སྐྱེ་བ་གཞན་དུ་འབད་མེད་པར། །ཐོབ་འགྱུར་ངེས་པའི་ལས་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཕྱི་མ་འདིའི་དོན་ལ་རྗེ་ས་པཎ་གྱིས། དཔེར་ན་ལས་དེ་སྐྱེ་བ་ཕྱི་མར་རང་གིས་བརྗེད་ཀྱང་ལས་ཀྱིས་གང་ཟག་རང་མི་གཏོང་བར་རྣམ་སྨིན་ལ་སྦྱོར་བར་བྱེད་པ་བཞིན་དུ། སྟོང་ཉིད་སོགས་ལ་ཚེ་འདིར་ཐོས་སོགས་བྱས་པས་མ་རྟོགས་ཀྱང་བག་ཆགས་ཙམ་བཞག་པ་དེ་སྐྱེ་བ་ཕྱི་མར་བརྗེད་ཀྱང་རུང༌། སྐྱེ་བ་ཇི་འདྲ་ཞིག་བླངས་ཀྱང་རུང༌། བག་ཆགས་དེས་གང་ཟག་དེ་ཚུར་མི་གཏོང་ཞིང་སྐབས་ཤིག་ཏུ་གསོས་བཏབ་སྟེ་འབྲས་བུ་དང་སྦྱོར་བར་བྱེད་ཅེས་བཤད་པ་འདི་ཚིག་གི་ནུས་པ་འདོན་ལུགས་ངོ་མཚར་བ་ཞིག་རེད་གསུངས། སྒྱིད་ལུག་པའི་ལེ་ལོ་ནི་བདག་གིས་མི་ནུས་སྙམ་དུ་སེམས་ཞུམ་པ་ཡིན་པས་དེའི་གཉེན་པོར་སྔར་གྱི་སངས་རྒྱས་ཐམས་ཅད་ཀྱང་དང་པོ་ནས་སངས་རྒྱས་མ་ཡིན་པར་རང་ཅག་འདྲ་བའི་འཆིང་བ་ཀུན་ལྡན་གྱི་སོ་སྐྱེས་རེས་བརྩོན་འགྲུས་བསྐྱེད་དེ་སངས་རྒྱས་པ་ཡིན་པས་བདག་གིས་ཀྱང་ཅིའི་ཕྱིར་མི་ནུས་སྙམ་དུ་སེམས་གཟེངས་བསྟོད་པར་བྱའོ། །བདག་ཉིད་བརྙས་པའི་གཉེན་པོར་ཕྱོགས་བཅུའི་སངས་རྒྱས་ལས་ལུང་ནོད་དགོས་པར་གསུངས་པ་ནི་གོང་མ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི་དང་པོ་ནས་དེ་ལྟར་མི་དགོས་པས་བརྩོན་འགྲུས་བསྐྱེད་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་ལ་ལུང་ནོད་ཅེས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པ་ཞིག་རེད་གསུང༌། ལེ་ལོ་གསུམ་པོ་འདི་དཔེར་ན། དབུས་ལ་འགྲོ་མཁན་ཞིག་རང་གི་གནས་ལ་ཆགས་ན་ལམ་དུ་འཇུག་མི་ནུས་པ་དང༌། ཞུགས་ཀྱང་ཐག་རིང་བར་མཐོང་ནས་བདག་གིས་མི་ནུས་སྙམ་ནས་ཕྱིར་ལོག་པའམ། ཕྱིར་མ་ལོག་ཀྱང་མཚམས་ཤིག་ནས་ཡུལ་ཁམས་གཞན་ཞིག་ཏུ་བུད་སོང་ན་དབུས་ལ་ཕྱིན་མི་ནུས་པ་ལྟ་བུ་ཡིན་པས། དེ་ལྟར་མ་ཡིན་པར་དང་པོ་གང་ཞིག་འདོད་པའི་གནས་དེར་མ་ཕྱིན་པར་ཡུན་ཇི་ཙམ་འགོར་དགོས་པ་དང༌། དཀའ་སྤྱད་ཅི་འདྲ་དགོས་ཀྱང་བཟོད་ནུས་པ་ཞིག་དགོས་ལ། བཀའ་གདམས་པ་ཞིག་གིས་ཀྱང༌། གསུང་ཐམས་ཅད་ཚུར་བསྡུས་ན། དམིགས་རྒྱ་བསྐྱེད། ཡིད་རྒྱ་བསྲིང། ཁོང་སྲང་གློད་ཅེས་པ་འདི་གསུམ་པོ་རེད་གསུངས་པ་ལྟར་དགོས་གསུང༌། ཆོས་ཀྱི་སྤྱན་དང་ཆོས་ཀྱི་མིག་གཉིས་ལ་ཁྱད་པར་ཡོད་དེ། སྔ་མ་ཇི་སྙེད་པའི་ཡུལ་ཅན་དང་ཕྱི་མ་ཇི་ལྟ་བའི་ཡུལ་ཅན་ཡིན་ཏེ། དཔེར་ན། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཞེས་པའི་རྡུལ་མེད་པས་མཐོང་ལམ་བར་ཆད་མེད་ལམ་དང༌། དྲི་མ་དང་བྲལ་བས་མཐོང་ལམ་རྣམ་གྲོལ་ལམ་བསྟན་པ་བཞིན་ཡིན་པའི་ཕྱིར། སངས་རྒྱས་ཀྱི་སྤྱན་གྱི་ཡུལ་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པ་བྱང་ཆུབ་པ་ཞེས་པའི་དོན་ནི། སྤྱིར་ཆོས་ཀུན་ཏུ་འགྲོ་བའི་མདོ་ལས་གསུངས་པའི་ཚེ་ཐེག་ཆེན་སློབ་པ་འཕགས་པས་བདེན་སྟོང་དང་སྒྱུ་མ་ལྟ་བུ་གཉིས་ཀ་མངོན་སུམ་དུ་རྟོགས་ཀྱང་སྟོང་ཉིད་ལ་མཉམ་པར་བཞག་ཚེ་ཀུན་རྫོབ་ཀྱི་སྣང་བ་མི་འཆར། རྗེས་ཐོབ་ཀྱི་ཚེ་མཉམ་གཞག་གི་སྣང་བ་མི་འཆར་བས་རྣམ་པ་ཕྱོགས་རེ་བ་ཡིན་ལ། སངས་རྒྱས་ཀྱིས་དམིགས་ཡུལ་ཆོས་ཐམས་ཅད་གཟིགས་པའི་ཚེ་ཆོས་ཅན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་དང༌། ཆོས་ཅན་སྟོང་ཉིད་གཟིགས་པའི་ཚེ་ནའང་དམིགས་ཡུལ་ཆོས་ཐམས་ཅད་མངོན་སུམ་དུ་གཟིགས་པས་ན་རྣམ་པ་ཐམས་ཅད་མངོན་པར་རྫོགས་པ་ཡིན་ལ། བྱང་ཆུབ་པ་ནི་ཁོང་དུ་ཆུད་པའི་དོན་དུ་བཤད་གསུངས། སྤྱིར་སྤྱན་ལྔ་འདི་དག་གསུངས་པ་ནི་བདག་རྐྱེན་གྱི་སྒོ་ནས་དབང་ཤེས་དང་ཡིད་ཤེས་ཀྱི་ཁྱད་པར་སོགས་ལ་མཁས་པའི་ཕྱིར་དང༌། གཞན་ཕྱོགས་པ་འགའ་ཞིག་གིས་ལྷ་སྐུ་ལ་མིག་གིས་བལྟས་ཏེ་ཞི་གནས་སྒྲུབ་པར་འདོད་པ་འགོག་པ་སོགས་ཀྱི་དགོས་པ་མང་པོ་ཡོད་ཀྱང༌། འདིར་རེ་རེ་ནས་རྒྱས་པར་བཤད་པས་མཐའ་མི་ཆོད་ལ། ངོ་བོ་སོགས་རང་རེའི་ཡིག་ཆར་བཤད་འདུག་པས་འདིར་དེ་ཙམ་གྱིས་ཆོག་གསུངས། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གཞན་གྱི་སེམས་འདོད་ཆགས་དང་བཅས་པ་སོགས་ཤེས་ཚུལ། རྣམ་འགྲེལ་ལས། རང་ལས་བློ་སྔོན་འགྲོ་བ་ཡིས། །བྱ་བ་མཐོང་ནས། ཞེས་སོགས་ཀྱིས་རང་ཉིད་ཀྱི་ལུས་འདི་འདྲ་བ་ལས་སེམས་འདི་འདྲ་ཞིག་འབྱུང་ཞེས་རང་ལ་དཔག་སྟེ། གཞན་ལའང་ལུས་འདི་འདྲ་ལ་སེམས་འདི་འདྲ་བ་ཡོད་ཅེས་དཔྱད་ཤེས་པ་ལྟ་བུར་བཤད་འདུག་པས་མིག་གིས་གཟུགས་མཐོང་བ་ལྟར་ཡིན་མིན་དཔྱད་དགོས། དེའང་རང་རེའི་ཡིག་ཆ་སོགས་ནས་ས་གོང་མའི་མངོན་ཤེས་ཀྱིས་སངས་རྒྱས་ཀྱི་མཐུ་ཐོགས་མེད་དུ་ཤེས་གསུངས་པ་དེ། རྣམ་མཁྱེན་ཞིག་ཤེས་པ་ལ་བྱེད་ན་མངོན་ཤེས་མངོན་སུམ་ཡིན་པས་མི་འཐད་ལ། འགའ་ཞིག་གིས་འཇིག་རྟེན་པའི་ཐུགས་མངོན་དུ་མཛད་པ་དེ་ཤེས་པ་ཡིན་ཟེར་བ་ཡོད་ཀྱང༌། འཇིག་རྟེན་པའི་ཐུགས་ནི་ཤཱ་རིའི་བུ་སོགས་ཀྱིས་འདི་འདྲ་ཞིག་དགོངས་འདུག་པས། ངས་འདི་དང་འདི་བྱ་དགོས་སྙམ་དུ་ཤེས་པའི་ཐུགས་ཀྱི་སྤྱོད་པ་དེ་ཡིན་པས། དེ་ཤེས་པ་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་མི་འགྲོ་བས་དཔྱད་དགོས་པའི་གནས་ཤིག་ཡིན་གསུངས། མངོན་ཤེས་དྲུག་གི་སྒོ་ནས་སྒྲུབ་པ་མྱུར་དུ་རྫོགས་ཚུལ་ནི། མདོ་སྡེ་རྒྱན་ལས། གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་བ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་གདུལ་བྱ་གང་ན་ཡོད་པ་དེར་མྱུར་དུ་གཤེགས་པ་དང༌། ལྷའི་རྣ་བའི་མངོན་ཤེས་ཀྱིས་གདུལ་བྱའི་སྐད་རིགས་དེ་དང་དེ་ཤེས་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གདུལ་བྱ་དུག་གསུམ་དང་དགེ་བའི་ཕྱོགས་གང་ལ་སྤྱོད་པ་སོགས་ཁམས་དང་བསམ་པ་ཤེས་པ་དང༌། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱིས་གདུལ་བྱ་དེ་ཚེ་རབས་སྔ་མར་ལས་ཇི་འདྲ་ཞིག་བསགས་པའི་སྟོབས་ཀྱིས་འདིར་སྐྱེས་པ་ཤེས་པ་དང༌། ལྷའི་མིག་གི་མངོན་ཤེས་ཀྱིས་ད་ལྟ་ལས་འདི་འདྲ་ཞིག་བསགས་ན་སྐྱེ་བ་ཕྱི་མར་གནས་འདི་འདྲ་ཞིག་ཏུ་སྐྱེ་བ་དང༌། མ་བསགས་ན་མི་སྐྱེ་ཞེས་སྐྱོ་བ་བསྐྱེད་དེ་ཐར་པའི་ལམ་དུ་འཁྲིད་པར་བྱེད་པ་ཡིན་ལ། དེའང་མོའུ་འགལ་གྱི་བུས་ཁྱིམ་བདག་དཔལ་སྐྱེས་ལ་རང་གི་སྐྱེ་བ་སྔ་མའི་ཆུ་སྲིན་གྱི་རུས་པ་བསྟན་ཏེ་སྐྱོ་བ་བསྐྱེད་ནས་གྲོལ་བར་བྱས་པ་ལྟ་བུ་སྔོན་གནས་རྗེས་དྲན་གྱི་སྒོ་ནས་དང༌། ཀུན་དགའ་བོའི་ཚ་བོ་གཉིས་ལ་ཕྱི་མའི་དམྱལ་བའི་གནས་བསྟན་ཏེ་སྐྱོ་བ་བསྐྱེད་པའི་ལྷའི་མིག་གི་སྒོ་ནས་དང༌། ཟག་ཟད་ནི་གཉིས་ཀ་ལའང་ཡོད་ལ། དེ་ལྟར་མཛོད་ལས། གསུམ་ནི་རིག་པ་སྔོན་མཐའ་སོགས། །མ་རིག་པ་ནི་བཟློག་ཕྱིར་རོ། །ཞེས་པའི་གསུམ་ནི་འདི་ལ་བྱེད་གསུང༌། སྤང་བྱ་ལྷན་སྐྱེས་ཀྱི་ས་བོན་སྤོང་བྱེད་སྒོམ་ལམ་ནི་མཐོང་ལམ་གྱིས་ཆོས་ཉིད་མངོན་སུམ་དུ་མཐོང་ཞིང་དེ་གོམས་པར་བྱེད་པའི་རྒྱུན་ཙམ་ལ་འཇོག་གི །དེ་ལ་མ་ལྟོས་པའི་སྒོམ་ལམ་མཚན་ཉིད་པ་མེད་དེ། དཔེར་ན། རྣམ་པར་དག་བྱེད་ལ་མ་ལྟོས་པའི་རྣམ་དག །རྣམ་དག་ལའང་མ་ལྟོས་པའི་རྣམ་པར་དག་བྱེད་མེད་པ་བཞིན་ནོ། །དེ་ལྟར་ན་དེ་གཉིས་ཀྱི་སྒྲིབ་པ་སྤོང་བའི་ནུས་པ་ལའང་ཁྱད་པར་མེད་པར་འགྱུར་རོ་ཞེ་ན། གོས་ཀྱི་དྲི་མ་བཀྲུ་བྱེད་ཀྱི་ཆུ་སྔ་ཕྱི་གཉིས་ཆུ་ཡིན་པར་མཚུངས་ཀྱང་སྔ་མས་མ་དག་པ་ཕྱི་མས་དག་པ་ཡོད་པ་ལྟར་ཆོས་ཉིད་རྟོགས་ཚུལ་ལ་ཁྱད་པར་མེད་ཀྱང་སྔ་མས་སྤོང་མ་ནུས་པའི་ལྷན་སྐྱེས་ཀྱི་ས་བོན་ཕྱི་མས་སྤོང་ནུས་པ་ཡིན་ནོ། །
སྐབས་བཞི་པ་དང་འདིར་ཡང་མཐོང་སྒོམ་ལ་འདི་འདྲའི་དོགས་པ་བྱེད་དགོས་པའི་རྒྱུ་མཚན་ནི། བདེན་པར་མེད་དེ། བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དང་བྲལ་བའི་ཕྱིར། དུ་མར་མེད་དེ་གཅིག་མེད་པའི་ཕྱིར། གཅིག་ཏུའང་མེད་དེ་ཆ་བཅས་ཡིན་པའི་ཕྱིར་ཞེས་ཆ་བཅས་ཀྱི་རྟགས་ཀྱིས་སྒྲུབ་པའི་ཚེ་བུམ་པ་ལྟ་བུ་ལ་མཆུ་ཞབས་ལྟོ་བ་སོགས་ཀྱི་ཆ་དང་བཅས་ལ། ཤེས་པ་ནི་སྔ་ཕྱིའི་ཆ་དང་བཅས་པའི་རྟགས་ཀྱིས་སྒྲུབ་དགོས་པས་འདིར་མཐོང་སྒོམ་གཉིས་དེ་ལྟར་སྒྲུབ་པ་ཡིན་ལ། གལ་ཏེ་དེ་གཉིས་བདེན་པར་གྲུབ་ན་མཐོང་ལམ་གྱི་ངོ་བོ་འགག་པའི་ཚེ་རྫས་རྒྱུན་ཡང་ཆད་དགོས་ལ། སྒོམ་ལམ་ཡང་ཐོག་མ་ནས་སྒོམ་ལམ་ཡིན་བཞིན་པར་ཡོང་དགོས་པས་ཚོགས་ལམ་སྦྱོར་ལམ་དུ་འགྱུར་བ་སོགས་མི་འཐད་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་གསུང༌། རྟེན་གང་ཡིན་པ་སྐྱབས་གསུམ་དང་ཞེས་པ་ནི་ལམ་སྒྲུབ་པ་ལ་གྲོགས་ཁྱད་པར་ཅན་ཞིག་དགོས་ལ། དེའང་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་ལ་བརྟེན་དགོས་པའི་དོན་ནོ། །མཐར་ཐུག་པའི་རྒྱུ་གང་དག་ཡིན་པ་མཐོང་སྒོམ་དང་ཞེས་པ་ནི་སྒྲིབ་གཉིས་ཀྱི་ནད་སེལ་བའི་སྨན་དངོས་གཞི་ཡིན་པས་དེ་ལྟར་གསུངས། ཐེག་པ་ཆེ་ཆུང་གི་སྐྱབས་འགྲོ་ལ་ཁྱད་པར་ཆེན་པོ་ཡོད་དེ་ཐེག་དམན་གྱིས་སངས་རྒྱས་ལ་རྒྱུ་སྐྱབས་སུ་བཟུང་སྟེ་རང་ཉིད་འཁོར་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ། ཞེས་སངས་རྒྱས་ལ་ཕར་གསོལ་བ་འདེབས་པ་དེ་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་དང༌། ཐེག་ཆེན་གྱིས་དེ་ལྟར་མ་ཡིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་དགོས་པ་དང༌། དེ་ལའང་ཐོག་མར་རང་ཉིད་ཀྱིས་སངས་རྒྱས་ཐོབ་དགོས་པར་འདུག་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ། །ཞེས་གཙོ་བོར་འབྲས་སྐྱབས་སུ་འཛིན་པ་དེ་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། སེམས་ཅན་རྣམས་ལ་སྙིང་བརྩེ་ཞིང༌། །བདེ་གཤེགས་ཡོན་ཏན་ཐོབ་མོས་ན། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །མདོར་བསྡུས་སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་པའི་ཕྱིར། དེའང་རྐང་པ་དང་པོ་གཉིས་ཀྱིས་སེམས་ཅན་སྡུག་བསྔལ་ལས་སྒྲོལ་བའི་ཕྱིར་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་མོས་པ་ཞེས་བཤད་ནས་དེ་ལྟར་མོས་པ་དེ་ཐེག་ཆེན་གྱིས་སངས་རྒྱས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་པར། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞེས་སོགས་རྐང་པ་ཕྱི་མ་གཉིས་ཀྱིས་བསྟན་པ་ཡིན་གསུང༌། དེ་ཐོབ་པའི་ཕྱིར་དུ་ཐབས་ཤེས་གཉིས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་ཐམས་ཅད་ཆོས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། བྱང་ཆུབ་མཆོག་གི་ཕྱོགས་ཀྱི་ཆོས། །བདག་དོན་མ་ཡིན་གཞན་དོན་དུ། །སྙིང་རྗེ་ཆེན་པོས་སྤྱོད་བྱེད་ན། །ཆོས་ལ་སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་པའི་ཕྱིར། དེའང་བྱང་ཆུབ་མཆོག་གི་ཕྱོགས་སམ་དེ་ལ་ཕན་འདོགས་པའི་ཆོས་དེ་གཞན་དོན་དུ་སྙིང་རྗེ་ཆེན་པོ་སོགས་ཀྱི་རྩིས་ཟིན་པའི་སྒོ་ནས་སྤྱོད་པ་ནི་ཐེག་ཆེན་གྱི་ཆོས་ལ་སྐྱབས་སུ་འགྲོ་ཚུལ་ཡིན་པར། བྱང་ཆུབ་མཆོག་གི་ཞེས་སོགས་ཤླཽ་ཀ་གཅིག་གིས་བསྟན་པ་ཡིན་གསུང༌། གྲོགས་རང་དང་ལྟ་སྤྱོད་མཚུངས་པའི་ཐེག་ཆེན་གྱི་དགེ་འདུན་ལ་བརྟེན་པ་ནི་དགེ་འདུན་ལ་སྐྱབས་སུ་འགྲོ་ཚུལ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། བྱང་ཆུབ་མཆོག་སེམས་མི་ལྡོག་དང༌། །དབང་དང་ཚད་མེད་ཡོན་ཏན་གྱིས། །བརྒྱན་པའི་ཡོན་ཏན་གང་ཚོལ་བ། །དེ་ནི་དགེ་འདུན་སྐྱབས་སོང་ཡིན། །ཞེས་གསུངས་པའི་ཕྱིར། དེའང་དཔེར་ན་དབུས་ལ་འགྲོ་མི་ཞིག་གི་འགྲོ་གྲོགས་ནི་དབུས་ལ་འགྲོ་མཁན་ཞིག་མ་གཏོགས་པ། སོག་པོ་དང་རྒྱ་ནག་ལ་འགྲོ་མཁན་ཞིག་གིས་མི་ཆོག་པ་ལྟར། འདིར་ཡང་བླ་མ་བྱང་ཆུབ་མ་ཐོབ་བར་དུ་ནམ་ཡང་མི་ལྡོག་པའི་ཐེག་ཆེན་གྱི་དགེ་འདུན་དབང་བཅུ་ཚད་མེད་བཞི་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པ་ཚོལ་བ་ནི་ཐེག་ཆེན་གྱི་དགེ་འདུན་ལ་སྐྱབས་སུ་འགྲོ་ཚུལ་ཡིན་པར། བྱང་ཆུབ་མཆོག་སེམས་ཞེས་སོགས་ཀྱིས་བསྟན་པ་ཡིན་གསུང༌། དེའང་འདིར་སངས་རྒྱས་དཀོན་མཆོག་ནི་སྐབས་དང་པོ་དང་བརྒྱད་པར་བསྟན་པ་དང༌། ཆོས་དཀོན་མཆོག་ནི་སྐབས་ལྷག་མ་རྣམས་ཀྱིས་བསྟན་པ་ཡིན་ལ། དགེ་འདུན་དཀོན་མཆོག་ནི་སྐབས་གཞན་དུ་རྒྱས་པར་མ་བསྟན་པས་འདིར་དམིགས་སུ་བཀར་ནས་བར་སྐབས་ཀྱི་ཚིགས་བཅད་ཀྱིས་བསྟན་པ་ཡིན་ལ། དེའང་འདིའི་སྐབས་སུ་མཚོན་བྱེད་དཔེའི་དགེ་འདུན་དཔེར་བྱས་ཏེ། དེའི་སྒོ་ནས་མཚོན་བྱ་དོན་གྱི་དགེ་འདུན་གཙོ་བོར་བསྟན་པ་ཡིན་པས་དེ་ལྟར་དཔེའི་སྒོ་ནས་མཚོན་བྱ་དོན་གྱི་དགེ་འདུན་གྱི་དབྱེ་བ་དང་ཁྱད་པར་སོགས་ཤེས་པར་བྱས་ཏེ་སྐྱབས་སུ་སོང་ན་ཐེག་ཆེན་ལ་ཡིད་ཆེས་ཀྱི་དད་པ་སོགས་གོང་འཕེལ་དུ་འགྲོ་བ་ཞིག་འོང་བ་ཡིན་གྱི། དེ་ལྟར་མ་ཤེས་པར་མཚོན་བྱེད་ཀྱི་དཔེ་ཙམ་ཤེས་པར་འདོད་པ་ནི། སྒྲོན་གསལ་ལས། ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་ལྟ་དང་མཚུངས། །ཞེས་གསུངས་པ་ལྟར་བྱིས་པ་ཆུང་ངུ་ཟླ་བ་ལ་བལྟ་འདོད་པ་ལ་ཟླ་བ་སོར་མོས་བསྟན་པའི་ཚེ་ཟླ་བ་ལ་མི་ལྟ་བར་སོར་མོའི་རྩེ་ལ་བལྟ་བ་དང་འདྲ་གསུང༌། དེའང་དཔེར་ན་མི་ཞིག་ཉི་མ་བཞིས་འགྲོ་དགོས་པའི་ཡུལ་ཞིག་ཏུ་འགྲོ་ཚེ་ཉིན་དང་པོའི་ཞག་ཏུ་སྡོད་སར་ཕྱིན་པའི་ཚེ། འགྲོ་ས་མཐར་ཐུག་ཏུ་ཕྱིན་པ་མིན་ཀྱང་རེ་ཞིག་འགྲོ་བའི་བྱ་བ་བཞག་སྟེ་འདུག་པ་དང༌། དེ་ནས་ཅུང་འགོར་བ་ན་ཡང་ཉིན་གཉིས་པའི་འགྲོ་རྒྱུའི་བྱ་བ་བསྒྲིགས་ཏེ་ཉིན་གཉིས་པར་ལམ་དུ་ཞུགས་ནས་སོང་བའི་ནུབ་མོའི་སྡོད་སར་སླེབ་པའི་ཚེའང་རེ་ཞིག་འདུག་གྲབས་བྱེད་པ་སོགས་བཞིན་དུ་ཞུགས་པ་བཞིའི་དང་པོ་རྒྱུན་ཞུགས་ཞུགས་པ་ལྟ་བུས་རང་གི་འབྲས་བུ་ཐོབ་པའི་ཚེ་རེ་ཞིག་རང་གི་འབྲས་བུ་ལ་གནས་པ་ཙམ་ཡིན་གྱི། འབྲས་བུ་གོང་མ་ཐོབ་ཕྱིར་དུ་ཆེར་མི་བརྩོན་པས་འབྲས་གནས་ཙམ་པོ་བ་དང༌། དེ་ནས་ཅུང་འགོར་བ་ན་ཡང་རང་འབྲས་གོང་མ་ཐོབ་བྱེད་ཀྱི་སྦྱོར་བ་ལ་ཞུགས་པའི་ཚེ་འབྲས་གནས་ཁྱད་པར་ཅན་ཞེས་ཟེར་བ་ཡིན་གསུང༌། ཉིན་དང་པོའི་ལམ་དང་ཉིན་གཉིས་པའི་སྡོད་ས་གཉིས་བཤད་པ་ན། ཉིན་དང་པོའི་སྡོད་ས་དང་ཉིན་གཉིས་པའི་ལམ་དོན་གྱིས་གོ་བ་བཞིན་དུ་ཞུགས་པ་དང་པོ་དང་འབྲས་གནས་གཉིས་པ་བཤད་པ་ན། འབྲས་གནས་དང་པོ་དང་ཞུགས་པ་གཉིས་པ་དོན་གྱིས་གོ་བར་འགྱུར་བ་ཡིན་གསུང༌།
༈ གཉིས་པ་གདམས་ངག་གི་དོན་བསྒོམས་པས་སྟོང་ཉིད་ལ་སྒོམ་བྱུང་སྐྱེས་པའི་ཐོག་མར་སྦྱོར་ལམ་བཤད་པ་ནི། ལས་དང་པོ་བ་དེ་ལྟར་གདམས་ངག་ཐོབ་པ་ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས་ཞེས་སོགས་བྱུང༌། དེ་ལ་གདམས་ངག་ཐོབ་པ་ལ་ངེས་པར་འབྱེད་པའི་ཡན་ལག་འབྱུང་བས། ཞེས་པའི་དོན་ནི། སྤྱིར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་སྔོན་དང་དེ་ཕྱིན་ཆད་ཡང་གདམས་ངག་ཉན་པ་ཡོད་ཀྱང་ཞིང་ཁམས་དུ་མར་སངས་རྒྱས་ལས་གདམས་ངག་གང་ཐོབ་པ་ཐམས་ཅད་མི་བརྗེད་པར། འཛིན་ནུས་པ་ཞིག་ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་བྱེད་པར་འོང་ཞིང་དེར་མ་ཟད་ད་ལྟ་ལུང་ཉན་པ་ཐམས་ཅད་དེའི་ཚེ་ཐོགས་མེད་དུ་འོང་བ་ཞིག་འབྱུང་བ་ཡིན་ཅེས་བླ་མ་གོང་མ་རྣམས་ཀྱིས་གསུངས་ལ། ཆོས་མངོན་རྟོགས་བདུན་གསུངས་པའི་ཆོས་མངོན་རྟོགས་ནི་ཚོགས་ལམ་དང༌། ཆོས་ནི་ལུང་གི་ཆོས་ལ་བྱེད་ཅིང་དེ་ལ་དམིགས་ཏེ་སྒོམ་བྱུང་གཙོ་བོར་མི་བྱེད་པར་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཞེས་སོགས་ལྟར་ཇི་སྙེད་པ་ལ་ཞི་གནས་གྲུབ་པ་དང་དེ་གཞི་དང་རྟེན་དུ་བྱས་ཏེ་ཇི་ལྟ་བ་ལ་ལྷག་མཐོང་ཐོབ་པ་ན་སྦྱོར་ལམ་དུ་འཕོས་པ་ཡིན་ལ། ངེས་འབྱེད་ཡན་ལག་ཅེས་པའི་ངེས་འབྱེད་ནི་མཐོང་ལམ་དང༌། རབ་ཏུ་རྣམ་འབྱེད་ཟེར་བ་ལྟར་མཐའ་གཉིས་དང་བྲལ་བའི་དབུས་མཐོང་བས་འབྱེད་པ། དེའང་སྒྲ་དོན་གྱི་སྤྱི་དང་མ་འདྲེས་པར་ཇི་ལྟ་བ་བཞིན་མཐོང་བས་ངེས་པར་འབྱེད་པ་དང༌། ཡན་ལག་ནི་དེའི་རྒྱུ་སྦྱོར་ལམ་ལ་ཟེར་བ་ཡིན་ཏེ། མཛོད་ལས། བྱང་ཆུབ་ཡན་ལག་ཅེས་རྒྱུ་དང༌། བཟང་སྤྱོད་ལས། དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཞེས་བསྟོད་དབྱངས་གང་ལས་བྱུང་བའི་རྒྱུ་ལྕེ་རྐན་ལ་ཡན་ལག་ཏུ་གསུངས་པ་དང་འདྲའོ། །དམིགས་པ་ཞེས་སོགས་ཚིག་གཉིས་ཀྱིས་སྦྱོར་ལམ་གྱི་ཁྱད་ཆོས་དང༌། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཞེས་སོགས་ཀྱིས་ཁྱད་གཞི་བཤད་པ་ལྟར་སྣང་ཡང༌། བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་ཞེས་པ་འདི་ཉིད་ཁྱད་གཞི་དང༌། རྣམ་རྟོག་ལྡན་ཚུལ་དང་ཆུང་འབྲིང་ཆེ་གསུམ་གཉིས་ཀྱང་ཁྱད་ཆོས་ལ་སྦྱར་ནས་ཁྱད་པར་དྲུག་གི་སྒོ་ནས་ཉན་རང་ལས་ཁྱད་པར་དུ་འཕགས་པར་བྱེད་དགོས་ལ། ཕར་ཕྱིན་རྟོགས་དཀའི་སྣང་བར་འགྲེལ་པ་འདིར་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ་དངོས་སུ་མ་བསྟན་པའང་མ་ཡིན་ཏེ། སྦྱོར་ལམ་བཅུ་གཉིས་ཀྱི་དབྱེ་བ་བཤད་པ་ཐམས་ཅད་ཀྱིས་དེའི་སྒོ་ནས་ཁྱད་པར་འཕགས་ཚུལ་སྟོན་པའི་ཕྱིར། ཞེས་གསུངས་ཀྱང༌། རང་རེའི་ཡིག་ཆར་འགྲེལ་པ་འདིར་ཆེ་འབྲིང་ཆུང་གསུམ་ཁྱད་པར་འཕགས་ཆོས་སུ་དངོས་སུ་མ་བསྟན་ཀྱང༌། འགྲེལ་ཆེན་ནས་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་ཉན་རང་ལས་ཁྱད་པར་དུ་འཕགས་པར་དངོས་སུ་བསྟན་པས་ཆེ་འབྲིང་ཆུང་གསུམ་ཁྱད་ཆོས་སུ་བྱེད་པ་སློབ་དཔོན་གྱི་དགོངས་པར་འདིར་དོན་གྱིས་གོ་བར་གསུངས། ཆུང་འབྲིང་ཆེ་གསུམ་གྱི་སྒོ་ནས་ཁྱད་པར་འཕགས་པ་འདི་ཁྱད་པར་འཕགས་ཆོས་ཀྱི་གཙོ་བོ་ཡིན་ཞིང་དོན་ཆེ་བར་སྣང༌། མདོ་ལས། བསོད་ནམས་མྱ་ངན་འདས་པ་དང༌། །ངེས་འབྱེད་ཆ་མཐུན་དགེ་རྣམས་གསུམ། །ཞེས་དགེ་རྩ་གསུམ་གསུངས་པ་ལྟར། འདིར་ཡང་དད་པ་ལ་སོགས་པའི་མཚན་ཉིད་ཀྱི་དགེ་བའི་རྩ་བ་ཞེས་དང༌། དྲོ་བར་གྱུར་པ་ཞེས་བྱ་བའི་དགེ་བའི་རྩ་བ་ཞེས་གསུངས་པ་ཡིན་ལ། དེའང་བདེ་འབྲས་སོགས་ཀྱི་ཡོན་ཏན་ཁྱད་པར་དུ་འགྲོ་བའི་རྒྱུའི་རྣམ་གྲངས་ཤིག་ལ་དགེ་བའི་རྩ་བ་ཟེར་ཞིང༌། དཔེར་ན། པུ་རུ་ཥཿནུས་ལྡན་ལ་འཇུག་པས་བསམ་པའི་ནུས་པ་གོང་འཕེལ་དུ་སོང་བ་ཤེས་པའི་ཆེད་དུ་སྐྱེས་བུ་གསུམ་ཞེས་བཤད་ཀྱི། གང་ཟག་དུ་མ་ཞེས་མ་བཤད་པ་བཞིན་དུ་འདིར་ཡང་ཡོན་ཏན་གོང་འཕེལ་དུ་འགྲོ་བའི་རྒྱུར་ཤེས་པའི་ཆེད་དུ་དགེ་བའི་རྩ་བ་ཞེས་གསུངས་པ་ཡིན་ནོ། །འདིར་དད་པ་ལ་སོགས་པ་ཞེས་པའི་སོགས་སྒྲས་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན་ཤེས་རབ་དང་བཞི་བསྡུས་ལ། དེའང་ཕར་ཕྱིན་ལམ་བསྒྲིགས་ལས། སངས་རྒྱས་སོགས་དམིགས་དད་པ་དང༌། །ཞེས་སོགས་ཀྱི་དོན་འཆད་པའི་ཚེ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་སྤྱོད་པ་ལ་འཇུག་པའི་སྒོ་དང་ཞུགས་ནས་སྤྱོད་པ་སྤྱི་ལ་བསླབ་ཚུལ་དང༌། ཁྱད་པར་ཞི་ལྷག་གཉིས་ལ་བསླབ་ཚུལ་དང་བཅས་འཆད་པས། དད་སོགས་ལྔ་རྒྱན་གྱི་ལམ་སྤྱིའི་ཆིངས་དང༌། ས་བཅད་གཞན་རྣམས་དེའི་ཁོངས་ནས་ལེན་པར་མཛད་ཅིང༌། འདིར་ཡང་ཐོག་མར་དགའ་བཞིན་སྤྲོ་བཞིན་འཇུག་པའི་དང་བའི་དད་པ་དང༌། ཞུགས་ནས་བརྩོན་འགྲུས་ཀྱིས་བསྒྲུབ་དགོས་ཤིང༌། དེའང་དྲན་པའི་རྒྱུན་བསྲིངས་ཏེ་གོམས་པ་ལས་རྩེ་གཅིག་པའི་ཏིང་ངེ་འཛིན་འབྱུང་ཞིང༌། དེ་ལ་བརྟེན་ནས་ལམ་གྱི་དངོས་གཞི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་སྒྲིབ་པ་འཇོམས་པར་བྱེད་པས་ན། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་བསྟན་པ་ཡིན་ནོ། །བདེན་བཞིའི་དངོས་པོ་དང་ཞེས་པ་དང༌། མངོན་པར་ཞེན་པ་མེད་པའི་རྣམ་པ་དང་ཞེས་མ་གསུངས་པར་དངོས་པོ་ལ་དམིགས་པ་དང༌། རྣམ་པར་ཞུགས་པ་དང༌། ཞེས་གསུངས་པས། དམིགས་རྣམ་གཉིས་ཀ་ཡེ་ཤེས་ལ་བྱེད་དགོས་ཤིང༌། མཛོད་ལས། རྣམ་པ་ཤེས་རབ་དང་བཅས་པའི། །ཞེས་ཤེས་རབ་རྣམ་པར་བཤད་པ་དང་འདྲ་ལ། ཡེ་ཤེས་གཅིག་ཉིད་དམིགས་རྣམ་གཉིས་ཀྱི་ལྡོག་ཆ་ནས་སོ་སོར་བཤད་པའི་དམིགས་རྣམ་གཉིས་མི་འཐད་པའི་སྐྱོན་མེད་པར་གསེར་འཕྲེང་ནས་གསུངས་སོ། །བཟོད་པ་འབྲིང་གིས་ལུས་སོགས་དགེ་བ་ལྔའི་རྒྱུར་བསྒོམ་པ་དང༌། བཟོད་པ་ཆུང་ངུས་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པ་ངོ་བོ་ཉིད་ཀྱི་དམིགས་པ་དང༌། ཆོས་མཆོག་ཆུང་ངུས་དཔའ་བར་འགྲོ་བ་ལ་སོགས་པ་འབྲས་བུའི་སྒོ་ནས་དམིགས་པ་ཡིན་ལ། ལྷག་མ་དགུ་ནི་ཆོས་ཉིད་ཀྱི་སྒོ་ནས་དམིགས་པར་གསུངས་པས་སྐབས་དང་པོ་འདིར་ཡང་ཐབས་ཤེས་གཉིས་ཚང་བར་དངོས་སུ་བསྟན་པ་ཡིན་ཀྱང༌། བཞི་པར། དེ་དག་ཉིད་ལ་སེམས་མཉམ་སོགས། །ཞེས་སོགས་ཀྱིས་ཐབས་ཀྱི་ཆ་གཙོ་བོར་བསྟན་པས་ཉམས་སུ་ལེན་པའི་ཚེ་འདིར་བཤད་པ་དང་གཉིས་ཀ་ཉམས་སུ་བླང་བར་བྱའོ། །འདིར་དམིགས་རྣམ་ཐམས་ཅད་བདེན་པའི་རྟེན་ཅན་དུ་བཤད་པ་མི་རྟག་པ་སྒོམ་པ་སོགས་ཐམས་ཅད་བདེན་བཞིའི་འཇུག་ལྡོག་དང་བདེན་བཞི་གཏན་ལ་འབེབས་པའི་ཡན་ལག་ཏུ་ཤེས་པར་བྱ་བའི་ཆེད་དུ་ཡིན་ནོ། །བརྒྱད་སྟོང་པ་དང་ཉི་ཁྲི་སོགས་ན་སྦྱོར་ལམ་ཐམས་ཅད་ཀྱི་དམིགས་རྣམ་དང་སྦྱོར་རྒྱུའི་མདོ་རེ་ཡོད་ལ་སྡུད་པར་དྲོད་རྩེ་བཟོད་མཆོག་བཞི་ལ་མདོ་རེ་རེ་ལས་མེད་ཅིང༌། དེའང༌། གཟུགས་མེད་ཚོར་བ་མེད་ཅིང་འདུ་ཤེས་སེམས་པ་མེད། །དེ་ལ་རྣམ་ཤེས་ཞེས་པས་སྡུག་བདེན་གྱི་གཙོ་བོ་ཕུང་པོ་ལྔ་དྲོད་ཆུང་ངུའི་དམིགས་པར་བསྟན་ནས། གནས་ནི་རྡུལ་ཙམ་ཞེས་པ་ནས། བྱང་ཆུབ་ཐོབ་ཅེས་པའི་རྐང་པ་ཕྱེད་དང་གཉིས་ཀྱིས་དྲོད་ཀྱི་རྣམ་པ་བསྟན་པ་ཡིན་ལ། སེམས་པ་ནི། འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཞེས་པ་ལྟར་སེམས་ཡུལ་ལ་གཡོ་བར་བྱེད་པས་འདུ་བྱེད་ཀྱི་གཙོ་བོ་ཡིན་པས་སྨོས་ལ། ཡོངས་སུ་གཟུང་བ་ནི་ཕྱོགས་རེ་བ་དང༌། ཡོངས་སུ་བཟུང་བ་མེད་པ་ནི་ཕྱོགས་རེ་བ་མ་ཡིན་པ་ལ་བྱའོ། །དམིགས་པ་མི་རྟག་ལ་སོགས་པ། །ཞེས་པས་བདེན་པའི་རྟེན་ཅན་མི་རྟག་སོགས་བཅུ་དྲུག་དྲོད་ཆུང་ངུའི་དམིགས་པ་དང༌། རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པས། མི་རྟག་སོགས་ལ་མངོན་པར་ཞེན་པ། ལྷག་པར་གནས་པ། ཀུན་ཤེས་པ་གསུམ་འགོག་པ་དྲོད་ཆུང་ངུའི་རྣམ་པར་བསྟན་ལ། དེ་གསུམ་མངོན་ཞེན་ཆེ་འབྲིང་ཆུང་གསུམ་དང༌། རིམ་བཞིན་འདུ་ཤེས་སེམས་ལྟ་བ་ཕྱིན་ཅི་ལོག་གསུམ་ལ་གནོད་འཇོམས་སུ་བཤད། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། །ཞེས་པ་འདིས་རྟོགས་རིགས་གསུམ་ཚང་བར་བསྐྱེད་པའི་སྒོ་ནས་ཁྱད་པར་འཕགས་པར་བསྟན་པས་འདི་སྦྱོར་ལམ་བཅུ་གཉིས་པོ་ཐམས་ཅད་ལ་སྦྱོར་དགོས། གཟུགས་སོགས་འདུ་འགོད། ཅེས་པས་གཟུགས་སོགས་དོན་དམ་པར་སྐྱེ་འཇིག་མེད་པ་དྲོད་འབྲིང་གི་དམིགས་པ་དང༌། གནས་བྲལ་དང༌། གནས་དང་ཞེས་པས་དེ་ལ་དོན་དམ་པར་རྗོད་བྱེད་ཀྱི་མིང་གི་རྒྱུན་སྐད་ཅིག་གི་སྔ་ཕྱི་མི་འདྲ་བར་མི་འཇུག་པ་དྲོད་འབྲིང་གི་རྣམ་པ་དང༌། བཏགས་དང་ཞེས་པས་དོན་དམ་པར་མིང་གིས་བཏགས་ཙམ་གྱི་ཆོས་མེད་པ་དྲོད་ཆེན་པོའི་དམིགས་པ་དང༌། དགེ་སོགས་གང་དུའང་དོན་དམ་པར་བརྗོད་དུ་མེད་པ་དྲོད་ཆེན་པོའི་རྣམ་པར་བརྗོད་དུ་མེད་ཅེས་པས་བསྟན་པ་ཡིན་ལ། སྔ་མ་སྔ་མའི་རྣམ་པ་ཕྱི་མ་ཕྱི་མའི་དམིགས་པར་བྱེད་དགོས་སམ་སྙམ་མོ། །རྣམ་བཤད་ཀྱིས་དམིགས་རྣམ་གྱི་རྩ་བ་འདི་དག་འཕགས་པ་ལྟར་དང༌། འགྲེལ་པ་སློབ་དཔོན་ལྟར་གསུངས་པ་ཡིན་ལ། རྩེ་མོའི་དམིགས་རྣམ་འཆད་ཚུལ་ལ་རྣམ་བཤད་དང་གསེར་ཕྲེང་གཉིས་མི་འདྲ་བས། རྣམ་བཤད་ལྟར་ན་རྩེ་མོ་ཆུང་ངུའི་དམིགས་རྣམ་ལ། བདེན་པ་རྣམ་པར་མ་བཞག་པ་དང་བཞག་པ་གཉིས་ལས། གཟུགས་སོགས་མི་གནས་ཞེས་པ་ནས་རང་བཞིན་གཅིག་ཅེས་པའི་བར་གྱི་རྐང་པ་གསུམ་གྱིས་བདེན་པར་མ་བཞག་པའི་དམིགས་རྣམ་དང༌། དེ་མི་རྟག་སོགས་ཞེས་པ་ནས་རང་བཞིན་གཅིག་ཅེས་པའི་བར་གྱི་རྐང་པ་གསུམ་གྱིས་བདེན་པ་རྣམ་པར་བཞག་པའི་དམིགས་རྣམ་བསྟན་ལ། ཆོས་རྣམས་མི་འཛིན་གང་ཡིན་དང༌། །ཞེས་པའི་རྐང་པ་གཅིག་གིས་རྩེ་མོ་འབྲིང་གི་དམིགས་པ་དང༌། དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པའི་རྐང་པ་གཅིག་གིས་དེའི་རྣམ་པ་དང༌། ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཞེས་པའི་རྐང་པ་གཅིག་གིས་རྩེ་མོ་ཆེན་པོའི་དམིགས་པ་དང༌། ཐམས་ཅད་དམིགས་སུ་མེད་པ་འོ། །ཞེས་པའི་རྐང་པ་གཅིག་གིས་དེའི་རྣམ་པ་བསྟན་པར་འདོད་ལ། གསེར་ཕྲེང་ལྟར་ན། གཟུགས་སོགས་མི་གནས་ཞེས་སོགས་ཀྱི་རྐང་པ་གསུམ་གྱིས་བདེན་པ་རྣམ་པར་མ་བཞག་པའི་རྩེ་མོ་ཆུང་ངུའི་དམིགས་རྣམ་དང༌། བདེན་པ་རྣམ་པར་བཞག་པ་ལ་ཆ་གཉིས་ཕྱེ་ནས་དེ་མི་རྟག་སོགས་ཞེས་པ་ནས། རང་བཞིན་གཅིག་ཅེས་པའི་བར་གྱི་རྐང་པ་གསུམ་གྱིས་བདེན་པ་དང་པོ་གསུམ་གྱི་དབང་དུ་བྱས་པའི་རྩེ་མོ་ཆུང་ངུའི་དམིགས་རྣམ་དང༌། ཆོས་རྣམས་མི་འཛིན་གང་ཡིན་དང༌། །ཞེས་པའི་རྐང་པ་གཅིག་གིས་ལམ་བདེན་གྱི་དབང་དུ་བྱས་པའི་དེའི་དམིགས་རྣམ་བསྟན་པ་ཡིན་ལ། དེའང་མཚན་མར་གཟུང་བྱས་སྟོང་པའི་ཆོས་རྣམས་དམིགས་པར་ཤུགས་ལ་བསྟན་ནས་དེ་ལྟར་མི་འཛིན་པའི་རྣམ་པ་དངོས་སུ་བསྟན་པ་དང༌། དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པའི་རྐང་པ་གཅིག་གིས་རྩེ་མོ་འབྲིང་གི་དམིགས་པ་ཤུགས་ལ་བསྟན་ནས། རྣམ་པ་དངོས་སུ་བསྟན་པ་དང༌། ཤེས་རབ་ཀྱིས་ནི་ཡོངས་རྟོགས་པ། །ཞེས་པའི་རྐང་པ་གཅིག་གིས་རྩེ་མོ་ཆེན་པོའི་དམིགས་པ་དང༌། ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་པའི་རྐང་པ་གཅིག་གིས་དེའི་རྣམ་པ་བསྟན་པར་འདོད་ལ། དེའང་ཉི་སྣང་གི་ཚིག་ཟིན་ལྟར་སྦྱར་བ་ཡིན་ནོ། །འགྲེལ་པ་ལྟར་ན་གཟུགས་སོགས་མི་གནས་ཞེས་སོགས་ཀྱི་རྐང་པ་གཉིས་ཀྱིས་རྩེ་མོ་ཆུང་ངུའི་དམིགས་པ་དང༌། དེ་ནས་གཉིས་ཀྱིས་དེའི་རྣམ་པ་དང༌། དེ་ནས་གཉིས་ཀྱིས་འབྲིང་གི་དམིགས་པ་དང༌། གཅིག་གིས་དེའི་རྣམ་པ་དང༌། དེ་ནས་གཅིག་གིས་རྩེ་མོ་ཆེན་པོའི་དམིགས་པ་དང༌། གཉིས་ཀྱིས་དེའི་རྣམ་པ་བསྟན་པ་ཡིན་ལ། སྡུད་པ་ལས་ཀྱང༌། ཇི་ལྟར་ཀུན་ཏུ་རྒྱུ་ཞེས་པ་ནས། ཤེས་རབ་གནས་ཞེས་པའི་བར་གྱི་ཤླཽ་ཀ་གཅིག་གིས། དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པའི་སྐབས་ནས་བསྟན་པའི་རྩེ་མོ་ཆེན་པོའི་དམིགས་པ་དེ་གཙོ་བོར་བཤད་ལ། དེའང་ཀུན་ཏུ་རྒྱུ་འཕྲེང་བ་ཅན་ནང་པའི་བསྟན་པ་ལ་ཞུགས་ནས་ལམ་ཐོབ་པའི་རྟོགས་པ་མཚོན་བྱེད་དམ་དཔེར་བྱས་ནས་སྟོན་ལ། ཕུང་པོ་རྣམ་པར་འཇིག་པ། ཞེས་པ་ནི་གཟུང་རྟོག་ཉམས་སྨད་པའམ་འཇིག་པ་ལ་བྱའོ། །ཡང་འདི་ཞེས་སོགས་ཤླཽ་ཀ་གཅིག་གིས་དེའི་རྣམ་པ་བསྟན་པ་ཡིན་ལ། དེའང་ཟག་བཅས་ཀྱི་ཕུང་པོ་དེ་གང་ཡིན། བདག་སུའི་ཡིན། དེ་དག་མཐའ་བཞི་གང་ལས་སྐྱེ་བ་ཡིན་ཞེས་ཤེས་རབ་ཀྱིས་བརྟགས་ཏེ་སྟོང་པར་མཐོང་བའི་ཚེ་ཞུམ་པ་དང་སྐྲག་པ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་བྱང་ཆུབ་ལ་ཉེ་བ་ཡིན་ཞེས་པའི་དོན་ནོ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། །ཅེས་པས་བཟོད་པ་ཆུང་ངུའི་དམིགས་པ་དང༌། དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པས་དེའི་རྣམ་པ་བསྟན་ལ། དེའང་དངོས་བློ་ལ་སྣང་བའི་དབང་གིས་བཞག་ཙམ་ཡིན་གྱི་དོན་དམ་པར་མེད་པའི་དམིགས་པ་དང༌། དོན་དམ་པར་མེད་ཀྱང་ཐ་སྙད་དུ་རྒྱུ་འབྲས་སོགས་བསྙོན་མེད་དུ་ཡོད་པ་རྣམ་པར་བསྟན་པས། ཁ་ཅིག་ངོ་བོ་ཉིད་ཀྱི་སྒོ་ནས་ཞེས་པ་འདི་ལ། དེ་དག་སྐྱེ་མེད་ངེས་འབྱུང་མེད། །ཅེས་པས་འཁོར་འདས་གཉིས་དོན་དམ་པར་མེད་ལ་བཟོད་པ་འབྲིང་གི་དམིགས་པ་དང༌། དག་དང་ཞེས་པས་དེ་ལུས་ངག་ཡིད་གསུམ་མཚན་དང་ཞིང་དག་པ་ལྔའི་རྒྱུར་བསྒོམ་པ་དེའི་རྣམ་པར་བསྟན་པས། ཁ་ཅིག་རྒྱུའི་སྒོ་ནས་ཞེས་པ་འདི་ཡིན་ནོ། །དེ་དག་མཚན་མ་མེད་ཅེས་པས་བཟོད་པ་ཆེན་པོའི་དམིགས་པ་དང༌། དེ་ཡི་ཞེས་སོགས་རྐང་པ་གཉིས་ཀྱིས་དེའི་རྣམ་པ་བསྟན་པ་ཡིན་ནོ། །སྡུད་པར་ཡང༌། གལ་ཏེ་མི་ཤེས་ཞེས་སོགས་ཤླཽ་ཀ་གཅིག་གིས་སྦྱོར་ལམ་བཟོད་པའི་དམིགས་པ་གསུངས་ལ་དེའང་སྟོང་ཉིད་ལ་མཉམ་པར་བཞག་པའི་ཚེ་ཕུང་པོ་ལྔའི་སྣང་བ་མ་ཁེགས་པར་བསྒོམས་ཀྱང་མཚན་མ་ལ་སྤྱོད་པ་ཡིན་གྱི་སྐྱེ་བ་མེད་པའི་ཤེར་ཕྱིན་རྣལ་མ་ལ་གནས་པའམ་ཞུགས་པ་མིན་ཞེས་པའི་དོན་ནོ། །འདི་ཆེ་འབྲིང་ཆུང་གསུམ་གང་ལ་སྦྱོར་བའི་གསལ་ཁ་མེད་ཀྱང༌། སྐྱེ་བོ་དམིགས་པ་ཅན་གྱི་ངོར་ཞེས་སོགས་འདི་དང་འགྲིགས་སམ་སྙམ་གསུངས། གང་ཞིག་གཟུགས་མིན་ཞེས་སོགས། ཤླཽ་ཀ་གཅིག་གིས་བཟོད་པའི་རྣམ་པ་བསྟན་ལ། དེའང་ཉམས་གཞག་གི་ངོར་ཕུང་པོ་ལྔའི་སྣང་བ་བཀག་སྟེ་མི་གནས་པར་སྦྱོར་བ་དེ་ནི་སྤྱོད་ཅེས་བྱ་བར་མི་དམིགས་པའི་ཤེས་རབ་བསྟན་པ་ཡིན་ཞེས་པའི་དོན་ནོ། །བུདྡྷ་ཤྲཱིའི་སྡུད་འགྲེལ་ལྟར་ན། སྐྱེ་མེད་བློ་ལྡན་ཏིང་འཛིན་ཞི་བ་མཆོག་ལ་རེག །ཅེས་པའི་རྐང་པ་ཐ་མ་འདི་ཆོས་མཆོག་ལ་མར་སྦྱར་ནས་ཏིང་ངེ་འཛིན་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་བྱས་པ་ནི་འགྲིགས་པ་ལྟར་སྣང་ངོ༌། །ཏིང་ངེ་འཛིན་ཞེས་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དེ་ཆོས་མཆོག་ཆུང་ངུའི་དམིགས་པ་དང༌། དེ་ཡི་བྱེད་པ་ཉིད་ཅེས་པས་དེ་ལྟར་བསྒོམས་པའི་ལག་རྗེས་སུ་ས་བཅུ་པའི་ཁྱད་པར་གྱི་ལམ་ནས་དེ་དངོས་གནས་པ་ཐོབ་པའི་ཚེ་སངས་རྒྱས་དང་ཆ་འདྲ་བའི་གཞན་དོན་བྱེད་པའི་རྣམ་པ་བསྟན་པས། ཁ་ཅིག་འབྲས་བུའི་སྒོ་ནས་ཞེས་པ་འདི་ལ་བྱེད། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་རྣམས་སྐབས་ཤིག་ཏུ་མིང་གི་རྣམ་གྲངས་ལྟ་བུར་བཤད་འདུག་ཅིང༌། དེ་དག་ལ་ཀུན་རྫོབ་པའི་རྣམ་པ་ཅན་ཡང་ཡོད་ན་ཆོག་པ་ལྟར་འདུག་ཀྱང༌། རང་རེའི་སྐུ་གོང་མའི་འཇིགས་བྱེད་ཆོས་འབྱུང་ལས་དོན་དམ་པའི་རྣམ་ཅན་དུ་བཤད་ཚོད་ཡིན་གསུང༌། ཆོས་ཀྱི་དབྱིངས་ཀྱི་སྟོབས་ཞེས་བདེན་སྟོབས་བརྗོད་པའི་རྒྱུ་མཚན་རྩ་ཤེ་ནས་བཤད་པ་ལྟར་བདེན་པར་གྲུབ་ན་འཁོར་འདས་འཆིང་གྲོལ་སོགས་མི་རུང་ལ། བདེན་མེད་ལ་འདི་དག་རུང་བས་ལྕང་སྐྱའི་ལྟ་མགུར་ལས་ཀྱང་དོན་འདི་ཉིད་གསུངས་ལ། རྭ་སྟོད་རིན་པོ་ཆེས་ཀྱང་སྐབས་ཤིག་ང་ལ་ལྷ་སྒོམ་ཚེ་སྟོང་སྦྱང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པས། ངས་ཡེ་ཤེས་ཀྱི་ཚོགས་གསོག་དགོས་པའི་གནད་ཀྱིས་ཡིན་ནམ་ཞེས་ཞུས་པས། དེ་ཡིན་ཤས་ཆེ་སྟེ་ཆོས་ཐམས་ཅད་བདེན་པར་མེད་པས་ན་ལྷ་སྒོམ་ན་ཐོབ་འོངས་ལ། ང་རང་ཚོ་ད་ལྟའི་འདི་ལྟར་བདེན་པར་གྲུབ་ན་ལྷ་བསྒོམ་ནས་དེའི་ཁ་ཡ་ཆོད་མི་འོང་གསུང་སྟེ། འདི་ཚིག་གཅིག་ཡིན་ཀྱང་བརྗེད་པ་ལ་ཕངས་གསུང༌། ལུང་སྟོན་པ་དང་ཞེས་པས་ཆོས་མཆོག་འབྲིང་གི་དམིགས་པ་དང༌། རློམ་པ་ཟད་ཅེས་པས་དེའི་རྣམ་པ་བསྟན་ལ། གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཅེས་པས་ཆེན་པོའི་དམིགས་པ་དང༌། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་པས་དེའི་རྣམ་པ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟར་སྡུད་པར་ཡང༌། བྱང་ཆུབ་སེམས་གང༌། ཞེས་སོགས་ཤླཽ་ཀ་གཅིག་གིས་ཆོས་མཆོག་གི་དམིགས་པ་བསྟན་ལ། དེ་ཤེར་ཕྱིན་ལ་གནས་པ་དེ་ལ་སངས་རྒྱས་ཀྱིས་ལུང་བསྟན་པ་དང༌། དེ་ཚེ་བདག་ལུང་བསྟན་ཏོ། །མཉམ་པར་བཞག་གོ་ཞེས་རློམ་སེམས་མི་བྱེད་དེ། ཆོས་ཀྱི་རང་བཞིན་མ་ཤེས་པའི་དབང་གིས་རློམ་སེམས་འབྱུང་ལ། དེས་ཆོས་ཀྱི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ་ཞེས་པའི་དོན་ནོ། །དེ་ལྟར་ཞེས་སོགས་ཤླཽ་ཀ་གཅིག་གིས་སྦྱོར་ལམ་ཆོས་མཆོག་གི་རྣམ་པ་བསྟན་ལ། དེའང་སྤྱད་བྱ་ཤེར་ཕྱིན་དང༌། སྤྱོད་པ་པོ་བྱང་སེམས་དང༌། སྤྱོད་པའི་བྱ་བ་ཉམས་ལེན་ཏེ། འཁོར་གསུམ་མི་དམིགས་པར་སྤྱོད་པ་ནི་ཤེར་ཕྱིན་མཆོག་ལ་སྤྱོད་པ་ཡིན་ཞེས་པའི་དོན་ནོ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པ་འདི་གཉིས་སྦྱོར་ལམ་བཞི་ག་ལ་སྦྱོར། དམིགས་རྣམ་རྩོད་ལན་གྱི་རྩོད་པ་འགོད་ཚུལ་ནི། དམིགས་རྣམ་བདེན་བཞིའི་སྟེང་དུ་གཏན་ལ་འབེབས་པས་དམིགས་རྣམ་ཀུན་ཏུ་བདེན་པ་ཚིག་ཟིན་ལ་ཐོན་ནས་བརྗོད་པར་བྱ་བ་ཡིན་པ་ལ། ཞེས་རྩོད་པ་བཀོད་ནས། ལན་ལ་སྒྲ་གཉིས་བརྗོད་བྱ་ཐ་དད་མེད་པའི་ལན་དང་དོན་གྱི་ཤུགས་ཀྱིས་ཆོས་ཅན་གོ་བའི་ལན་གཉིས་ལས། དང་པོ་ནི་སྒྲ་མི་རྟག་དང༌། སྒྲའི་མི་རྟག་ཅེས་པ་གཉིས་ཀྱིས་སྒྲ་དང་མི་རྟག་པ་གཉིས་ཀ་བརྗོད་པར་འདྲའང༌། གཅིག་གིས་མི་རྟག་པ་ཁྱད་ཆོས་དང༌། གཅིག་གིས་ཁྱད་གཞི་ལྟ་བུར་གོ་ཚུལ་མི་འདྲ་བ་ཙམ་ཡིན་པ་བཞིན་དུ། དྲོད་ཆུང་ངུའི་སྐབས་སུ་བདེན་པའི་རྟེན་ཅན་ཞེས་བདེན་པ་ཚིག་ལ་ཐོན་ནས་དམིགས་རྣམ་གཞན་གྱི་སྐབས་སུ་མ་ཐོན་ཀྱང་ཐམས་ཅད་ཀྱིས་བདེན་པའི་སྟེང་དུ་དམིགས་རྣམ་བརྗོད་ཚུལ་ལ་ཁྱད་པར་མེད་ཅེས་པའོ། །ལན་གཉིས་པ་ནི། དྲོད་ཆུང་ངུའི་སྐབས་སུ་མངོན་ཞེན་ལ་སོགས་པ་གཞི་བདེན་བཞིའི་སྟེང་དུ་འགོག་པ་ཚིག་ལ་ཐོན་པས་ན། དྲོད་འབྲིང་གི་སྐབས་སུའང་འདུ་འགོད་ཅེས་དེ་ཁོ་ནར་སྐྱེ་འཇིག་དང་བྲལ་བའམ་སྒྲུབ་པ་དང་དགག་པ་དང་བྲལ་བའི་དམིགས་པ་དང༌། སྒྲ་རང་ཉིད་ལ་རིགས་འདྲའི་རྒྱུན་མེད་ཀྱང་ཡུལ་ལ་རྒྱུན་ཆགས་པས་འཇུག་པ་དང་མི་འཇུག་པའི་རྣམ་པ་གཉིས་བདེན་པའི་སྟེང་དུ་གོ་ནུས་ལ། དེ་བཞིན་དུ་འོག་མ་རྣམས་ལའང་གོ་བར་འགྱུར་ཞེས་པའོ། །ཀུན་ཉོན་གཟུང་རྟོག་གི་དམིགས་ཡུལ་དགུ་ལ། སྤྱིའི་དབང་དུ་བྱས་པ་གཉིས་དང༌། བྱེ་བྲག་གི་དབང་དུ་བྱས་པ་བདུན་ལས། ཀུན་འབྱུང་གི་གཙོ་བོ་མ་རིག་པ་དང༌། སྡུག་བསྔལ་གྱི་གཙོ་བོ་ཉེར་ལེན་གྱི་ཕུང་པོ་གཉིས་སྤྱི་དང༌། སྲེད་པ་དང༌། འཇིག་ལྟ་མཐར་ལྟ་གཉིས་དང༌། མ་དད་པ་དང༌། ལེ་ལོ་དང་བཞི་ཉོན་མོངས་ལ་ཕྱེ་བ་དང༌། སྡུག་བསྔལ་གསུམ་ལས་རིམ་བཞིན་ཚོར་བ་སྡུག་བསྔལ་དང༌། ཟག་བཅས་ཀྱི་ཚོར་བ་བདེ་བ་དང༌། བཏང་སྙོམས་གསུམ་སྐྱེ་བས་དེ་དང༌། བདེ་བ་ལས་བདག་ལ་ཆགས་པ་དང༌། སྡུག་བསྔལ་ལས་གཞན་ལ་སྡང་བས་ཆགས་སྡང་གི་རྒྱུ་བདེ་སྡུག་གི་དབང་དུ་བྱས་པ་དེ་དང༌། རྣམ་པར་དག་པ་མྱང་འདས་བརྒྱུད་ནས་བསྐྱེད་པས་སྡུག་བསྔལ་དང་གསུམ་སྡུག་བསྔལ་ལ་ཕྱེ་བ་དང་དགུ་ཡོད་པས། ཐ་མ་འདིའི་དམིགས་ཡུལ་ལ་ཀུན་ཉོན་ཕྱོགས་ཀྱི་ཆོས་གཅིག་འཇོག་དཀའ་བས་དཔྱད་དགོས། རྣམ་བྱང་གཟུང་རྟོག་གི་དམིགས་ཡུལ་དགུ་ལས། རྣམ་བྱང་དུ་མ་འདུས་པའི་ཕུང་པོ་དང༌། རྐྱེན་དང༌། ཉེར་ལེན་དང༌། རྣམ་བྱང་གི་རྟེན་འབྲེལ་བཅུ་གཉིས་དང་བཞི་ཇི་སྙེད་པ་དང་ཇི་ལྟ་བ་དང་ལྔ་རྣམ་བྱང་ཤེས་བྱའི་དབང་དུ་བྱས་པ་དང༌། དེ་ནས་གཅིག་སྤྱོད་པ་དང༌། གསུམ་རྣམ་བྱང་རང་གི་ངོ་བོའི་དབང་དུ་བྱས་པའོ། །སྡུད་པ་ལས་ཀྱང༌། གང་ཞིག་ཡོད་པ་མ་ཡིན། ཞེས་སོགས་ཤླཽ་ཀ་གཅིག་གིས་རྣམ་བྱང་གཟུང་རྟོག་གི་དམིགས་ཡུལ་སྒྲས་ཟིན་ལ་བསྟན་པའི་ལྡོག་ཕྱོགས་ནས་བདེན་གཉིས་ཀྱི་གནས་ཚུལ་ལ་རྨོངས་པའི་མ་རིག་པ་དེ་ཀུན་ཉོན་གཟུང་རྟོག་གི་དམིགས་པར་སྟོན་པ་ཡིན་ལ། དེའང་མཐའ་བཞི་སོགས་ཀྱིས་རིགས་པས་དཔྱད་པ་ན་དཔྱད་མི་བཟོད་པས་དོན་དམ་པར་ཡོད་པ་མ་ཡིན་པ་དེ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཚུལ་བཞིན་དུ་བརྟགས་ནས་མངོན་སུམ་དུ་རྟོགས་མི་ནུས་ཀྱང་དོན་སྤྱིའི་སྒོ་ནས་ཐ་སྙད་དུ་ཡོད་པ་འཇོག་པར་བྱེད་པ་དང༌། རིགས་ཤེས་ཚད་མས་དོན་དམ་པར་མེད་པ་འཇོག་པར་བྱེད་ལ། དེ་ལྟ་བུའི་བདེན་པ་གཉིས་པོ་དེ་སྒྱུ་མ་ལྟར་སྣང་བ་དང་དེ་ལྟར་མེད་པ་གཉིས་མི་འགལ་བ་བཞིན་དུ་འགལ་བ་མེད་པར་མ་ཟད་གཅིག་གྲོགས་སུ་གཅིག་འགྲོ་བའི་ཚུལ་བྱང་ཆུབ་སེམས་དཔའ་གང་གིས་ཤེས་ནས་ཉམས་སུ་བླངས་པ་ལས་ངེས་པར་འབྱུང་བ་ཐར་པ་ཐོབ་པར་འགྱུར་རོ། །རང་དབང་པའི་བདག་དང༌། གཅིག་པུའི་བདག་དང༌། རྒྱུའི་བདག་དང༌། ཤེས་པ་པོའི་བདག་དང༌། འཁོར་བར་འཁོར་བ་པོའི་བདག་དང༌། ཁམས་འོག་མ་ནས་ཆགས་བྲལ་བྱེད་པ་པོའི་བདག་དང༌། མཐོང་ལམ་དང༌། སྒོམ་ལམ་ཉམས་སུ་ལེན་པ་པོའི་བདག་དང༌། འབྲས་བུས་གྲུབ་ཟིན་པའི་བདག་རྫས་ཡོད་ཧྲིང་ངེ་བ་སྟེ་རྫས་འཛིན་གྱི་དམིགས་ཡུལ་དགུའི་དང་པོ་སྤྱི་དང༌། ཕྱི་མ་བརྒྱད་ཁྱད་པར་རོ། །ཕུང་ཁམས་སྐྱེ་མཆེད་གསུམ་སེམས་ཅན་སྤྱིའི་གདགས་གཞི་དང༌། རྟེན་འབྲེལ་བྱེ་བྲག་སོ་སྐྱེ་དང༌། རྣམ་བྱང་འཕགས་པ་སྤྱི་དང༌། ཕྱི་མ་བཞི་ནི་བྱེ་བྲག་པའི་གདགས་གཞི་སྟེ། བཏགས་འཛིན་གྱི་དམིགས་ཡུལ་དགུའོ། །སྡུད་པར་ཡང༌། གང་འདི་ཕུང་པོ་ཞེས་སོགས་ཤླཽ་ཀ་གཅིག་གིས་དམིགས་ཡུལ་དགུའི་དང་པོ་ཕུང་པོ་ལྔ་ལ་བཏགས་པའི་ང་བཏགས་འཛིན་གྱི་དམིགས་པར་སྒྲས་ཟིན་ལ་བསྟན་པའི་ལྡོག་ཕྱོགས་ནས་ཕུང་པོ་ལ་མ་ལྟོས་པའི་བདག་དེ་རྫས་འཛིན་གྱི་དམིགས་པར་བསྟན་པ་ཡིན་ལ། དེའང་སྒྱུ་མ་སྣང་ཙམ་དེ་ལ་སྒྱུ་མ་ཟེར་བ་མ་གཏོགས་དེ་ལས་གཞན་དུ་བཏགས་དོན་བཙལ་ནས་འཇོག་རྒྱུ་མེད་པ་བཞིན་དུ་ཕུང་པོ་སྣང་ཙམ་ལ་གང་ཟག་ཟེར་བ་མ་གཏོགས་དེ་ལས་གཞན་དུ་བཙལ་ན་མི་རྙེད་པའི་དོན་ནོ། །འཛིན་རྟོག་སྣ་ཚོགས་པའི་འདུ་ཤེས་དང་བྲལ་བ་ནི་ས་བོན་སྤང་བ་ལ་མི་བྱེད་པར་ཉམས་སྨད་པ་ལ་བྱའོ། །འདིར་གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང༌། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ཞེས་གསུངས་པ་ནི། སྤྱིར་གང་ཟག་དང་སྐྱེས་བུ་ལ་ཁྱད་པར་མེད་ལ། འོན་ཀྱང་སྒྲ་བཤད་པའི་ཚེ་དང་པོར་ལུས་ཀྱི་སྟོབས་སོགས་རྒྱས་པར་འགྱུར་བས་ན་གང་བ་དང༌། སྟོབས་སོགས་རྒ་བས་ཉམས་པར་འགྱུར་བས་ན་ཟག་པ་སྟེ་གང་ཟག་ཅེས་བྱ་ལ། ལུས་ཀྱི་སྟོབས་སོགས་འཕེལ་འགྲིབ་ཀྱི་ཆ་ལ་མི་ལྟོས་པའི་གང་ཟག་རྫས་ཡོད་ཅིག་ཡོད་ན་རྫས་འཛིན་གྱི་དམིགས་པར་འགྱུར་ལ། ལས་ཉོན་གྱིས་འཁོར་བར་འཁོར་ནུས་པ་དང༌། ལམ་སྒོམ་སྟོབས་ཀྱིས་ཐར་པ་ཐོབ་ནུས་པས་ན་སྐྱེས་བུ་ཞེས་བྱ་ལ། དེ་ལྟར་ན་ངེས་ཚིག་གམ་སྐད་དོད་ཀྱི་སྟེང་ནས་ཁྱད་པར་ཞིག་འབྱེད་དགོས་སམ་སྙམ་གསུང༌། མདོར་བསྟན་གྱི་སྐབས་སུ་ཡོངས་འཛིན་གྱི་ཁྱད་པར་དེ་དམིགས་རྣམ་གཉིས་ཀྱི་རྗེས་དང༌། རྣམ་རྟོག་ལྡན་ཚུལ་དང༌། ཆུང་འབྲིང་ཆེ་གསུམ་གྱི་ཁྱད་པར་གཉིས་ཀྱི་སྔོན་དུ་གསུངས་པ་ནི་ཚིག་སྦྱོར་གྱི་དབང་གིས་ཡིན་ལ། རྒྱས་བཤད་ཀྱི་སྐབས་སུ་མཇུག་ཏུ་གསུངས་པའི་དགོས་པ་ནི་ཁྱད་ཆོས་ལྔ་པོ་དེ་དག་ཐམས་ཅད་རྩ་བ་གང་ལས་བྱུང་ན་ཕྱི་ནང་གི་ཡོངས་འཛིན་གྱི་སྟོབས་ཀྱིས་བྱུང་བས་དེ་ཤེས་པའི་ཆེད་དུ་འདིར་དོན་བསྡུ་ལྟ་བུ་བྱས་ཏེ་ཐམས་ཅད་ཀྱི་མཇུག་ཏུ་གསུངས་པ་ཡིན་ལ། སེམས་མི་འགོང་བ་ཉིད་ལ་སོགས། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པ་ནང་གི་ཡོངས་འཛིན་དང༌། ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པ་ཕྱིའི་ཡོངས་འཛིན་ལ་སྦྱོར་ཞིང་དེའང་ནང་གི་ཡོངས་འཛིན་ཐབས་ཤེས་ཁྱད་པར་ཅན་དང་ལྡན་པས་ཤེར་ཕྱིན་ལ་མི་སྐྲག་པར་དེ་གཉིས་ཀྱི་མི་མཐུན་ཕྱོགས་དམན་པའི་ཡིད་བྱེད་དང་བདེན་ཞེན་གཉིས་ལས་འཛིན་པར་བྱེད་པ་དང༌། ཕྱིའི་ཡོངས་འཛིན་ཐབས་ལ་མཁས་པས་བདུད་ཀྱི་ཉེས་པ་དང་ལས་འདི་འདྲ་ཡོད་ཅེས་བསྟན་ཏེ་དེ་ལས་ཟློག་པར་བྱེད་པ་དང༌། དེ་ནས་གདུལ་བྱའི་བློ་དང་འཚམ་པར་འཆི་བ་མི་རྟག་པ་དང་སྡུག་བསྔལ་རགས་པ་སོགས་ཆུང་འབྲིང་དང་ཐུན་མོང་བའི་ལམ་ལ་རིམ་གྱིས་ཁྲིད་དེ་རྒྱུད་ལེགས་པར་སྨིན་པ་ན་ངོ་བོ་ཉིད་མེད་པ་སོགས་ཤེར་ཕྱིན་གྱི་དོན་སྟོན་པའི་སྒོ་ནས་ཡོངས་སུ་འཛིན་པར་བྱེད་ཅིང༌། སེར་སྣ་ལ་སོགས་པ་མི་ལྡན་པ་ཞེས་ཉི་ཁྲིའི་ཚིག་བསྡུས་པ་དང༌། སེམས་མི་འགོང་བ་སོགས་ནི་བརྒྱད་སྟོང་པའི་ཚིག་སྣ་བསྡུས་ཤིང་དེ་དག་གི་ཚིག་ཐམས་ཅད་མ་དྲངས་ཀྱང་ཀུན་གྱི་རྒྱན་དུ་འགྱུར་ཞེས་པ་ལྟར་ཡུམ་གསུམ་ཐམས་ཅད་ཀྱི་ཚིག་ཟུར་རེ་འདིར་ཐོན་ཡོད་པས་མདོ་རྒྱན་སྦྱར་བའི་འགྲེལ་པར་མ་གྲགས་ཀྱང་མདོ་རྒྱན་སྦྱར་བ་ལས་ཀྱང་འགྲེལ་པ་འདི་གསལ་བར་འདུག་སྙམ། སྡུད་པར་ཡང༌། དགེ་བའི་བཤེས་དང༌། ཞེས་སོགས་ཤླཽ་ཀ་གཅིག་གིས་ཡོངས་འཛིན་སྟོན་པ་ཡིན་ལ། དེའང་ལྟ་སྤྱོད་གང་གི་དབང་དུ་བྱས་ཀྱང་དགེ་བའི་ལམ་དུ་འཁྲིད་པར་བྱེད་པའི་དགེ་བའི་བཤེས་གཉེན་དང༌། ལྷག་མཐོང་སྟེ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་བྱ་ཞིང་དེ་ལྟ་བུའི་ཕྱི་ནང་གི་ཡོངས་འཛིན་གཉིས་དང་ལྡན་པའི་གང་ཟག་དེས་ཤེར་ཕྱིན་ཐོས་པའི་ཚེ་སྐྲག་པར་མི་འགྱུར་ལ། འདིའི་སྐྲག་པ་སྤྱི་ཙམ་དང་དེ་ལ་དབྱེ་ན་དངངས་པ་དང༌། སྐྲག་པ་དང༌། སྐྲག་པ་དང་ལྡན་པར་གྱུར་པ་གསུམ་ཡོད་ཅིང༌། དང་པོ་ནི་རྒྱུ་མཚན་མ་བསམ་པར་གློ་བུར་དུ་སྐྲག་པ་དང༌། གཉིས་པ་ནི་རྒྱུ་མཚན་སྒྲོ་བཏགས་ཏེ་སྐྲག་པ་ཅུང་ཟད་ཇེ་བརྟན་དུ་སོང་བ་དང༌། གསུམ་པ་ནི་བག་ཆགས་བརྟན་པར་གྱུར་ཏེ་གཞན་གྱིས་བསྒྱུར་བར་མི་ནུས་པ་ལྟ་བུའོ། །རྐང་པ་དང་པོ་གཉིས་ཀྱིས་སྒྲུབ་ཕྱོགས་ནས་བསྟན་ཏེ་དེ་ལ་ངེས་པ་བརྟན་པར་བྱ་བའི་ཕྱིར་ལྡོག་ཕྱོགས་ནས་རྐང་པ་གཉིས་ཀྱིས་སྟོན་པ་ནི། དེའང་རྒྱུད་མ་སྨིན་པ་ལ་དང་པོ་ནས་སྟོང་ཉིད་སྟོན་པར་བྱེད་པའི་སྡིག་པའི་གྲོགས་པོས་ཟིན་པ་དང་རང་སྟོབས་ཀྱིས་ཤེར་ཕྱིན་གྱི་དོན་རྟོགས་པའི་ནང་གི་ཡོངས་འཛིན་དང་བྲལ་བ་དེ་ནི་རྫ་མ་སོ་མ་བཏང་བ་དང་འདྲ་སྟེ། རྫ་མ་མེར་མ་བསྲེག་པའི་ནང་དུ་ཆུ་བླུགས་ན་ཆུ་འབོ་བ་དང་རྫ་མ་འཇིག་པ་གཉིས་འོངས་པ་ལྟར། འདིས་ཀྱང་ཆུ་འཕོ་བ་བཞིན་དུ་སྟོང་ཉིད་ལ་སྐྲག་ནས་ཤེར་ཕྱིན་འདོར་བ་དང༌། རྫ་མ་ཞིག་པ་ལྟར་སྔར་ཡོད་ཀྱི་སྤྱོད་པ་ཉམས་ལེན་ཐམས་ཅད་ཞིག་པར་འགྱུར་བའི་ཕྱིར་རོ། །
༈ གཟུགས་ཅན་ཐམས་ཅད་ལ་གོ་འབྱེད་པའི་ནམ་མཁའ་སྟོང་པར་རླུང་གི་དཀྱིལ་འཁོར། དེ་ནས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་གླིང་བཞི་ལྕགས་རི་དང་བཅས་པ་ཆགས་ཏེ། མཐར་མེ་སོགས་ཀྱིས་འཇིག་པར་བྱེད་ཀྱང་ནམ་མཁའ་སྟོང་སངས་ཀྱི་ངང་ལ་སྡོད་པ་དང༌། དེ་ཐམས་ཅད་ཀྱི་རྟེན་བྱེད་ཅིང་གོ་འབྱེད་པ་ལྟར་སེམས་རང་བཞིན་གྱིས་འོད་གསལ་བ་ལ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རླུང་དཀྱིལ་དང་ལས་ཉོན་གྱི་ཆུ་དཀྱིལ་དེ་གཉིས་ཀུན་ཏུ་བསྲུབ་པ་ལས། གླིང་བཞི་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་གྲུབ་པ་མཐར་རྒ་ན་འཆི་བའི་མེ་གསུམ་གྱིས་འཇིག་པར་བྱེད་ཀྱང་སེམས་ཀྱི་ཆོས་ཉིད་འོད་གསལ་བ་དེའི་ངང་ལ་གནས་པ་དང༌། དེ་དག་ཐམས་ཅད་ལ་གོ་འབྱེད་པར་བྱེད་པས་སྐྱོན་སྤོང་བ་དང་ཡོན་ཏན་སྒྲུབ་པའི་གཞིའམ་རྟེན་ཡིན་ཞེས་པ་ལ། འོ་ན་སྐྱོན་སྤོང་ཚུལ་དང་ཡོན་ཏན་སྒྲུབ་ཚུལ་ཅི་ལྟ་བུ་ཡིན་ཞེ་ན། སྐྱོན་ལ་མངོན་གྱུར་དང་ས་བོན་གཉིས་ཡོད་པས་དང་པོ་སྤོང་བྱེད་སྦྱོར་ལམ་བཞི། གཉིས་པ་སྤོང་བྱེད་མཐོང་སྒོམ་གཉིས་ཏེ་རྟོགས་པའི་ཆོས་དྲུག་ཡོད། དེ་དག་གིས་སྤོང་ཚུལ་ཇི་ལྟ་བུ་ཞེ་ན། རྐུན་པོ་ཕྱུང་བ་དང༌། སྒོ་འཕར་བཅད་པ་ལྟར་སྐྱེ་འགྱུར་གྱི་ཚུལ་གྱིས་སྤོང་བ་དང་བྱེ་སྨྲ་ལྟར་ན་འགག་འགྱུར་གྱིས་སྤོང་བ་དང༌། དེ་སྤངས་པ་གང་ཞེ་ན་རྣམ་གྲོལ་ལམ་དང་བཅས་ཡོད་པའི་ཕྱིར། འོ་ན་ཡོན་ཏན་སྒྲུབ་ཚུལ་ཇི་ལྟ་བུ་ཞེ་ན། དོན་གཉིས་སྒྲུབ་པའི་རྒྱུ་ཤེས་རབ་སྙིང་བརྩེ་དང༌། ཡོན་ཏན་གྱི་ངོ་བོ་ཉན་རང་ཟིལ་གྱིས་གནོན་པའི་ཐུན་མོང་མིན་པའི་དེ། གཞན་དོན་གོ་རིམ་དུ་བྱེད་པའི་དེ། རྩོལ་བ་མི་མངའ་བར་འཇུག་པའི་སྒྲུབ་པ་རྣམས་སུ་ཡོད་པའི་ཕྱིར། སྡུད་པར་ཡང༌། ཅི་ཕྱིར་འདི་ནི་ཞེས་སོགས་རྐང་པ་གཉིས་ཀྱིས་རིགས་སྟོན་པ་ཡིན་ལ། དེའང་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞེས་པའི་ལན་དུ་སེམས་བདེན་པར་གྲུབ་ན་ཡོན་ཏན་གོང་མ་སྐྱེ་བའི་གོ་མི་འབྱེད་པས་བྱང་ཆུབ་སེམས་དཔའི་མིང་མི་ཐོབ་ཀྱང༌། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་སེམས་རང་བཞིན་གྱིས་འོད་གསལ་བ་ལ་སྐྱོན་སྤང་རུང་དང་ཡོན་ཏན་སྐྱེས་རུང་ཡིན་པས་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་ཡང་འཐོབ་སྟེ། དཔེར་ན་ནམ་མཁས་གཟུགས་ཅན་གཞན་ལ་གོ་འབྱེད་པར་བྱེད་པས་ནམ་མཁའ་ལ་ཉི་མ་རིམ་གྱིས་ཤར་བའི་གནས་སྐབས་ལ་སྔ་དྲོ་དང་གུང་སོགས་ཀྱི་མིང་འཐོབ་པ་བཞིན་ནོ། །རྒྱུད་བླ་མ་ལས་ཀྱང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་རྣམ་གཞག་རྣམ་པ་བཅུའི་ནང་གི་གནས་སྐབས་ཀྱི་ཁྱད་པར་དེ་འཆད་པའི་ཚེ། དྲི་མས་མ་དག་པའི་གནས་སྐབས་ལ་སོ་སྐྱེ་དང༌། ཆ་གཅིག་དག་པ་ལ་བྱང་སེམས་དང༌། ཐམས་ཅད་དག་པ་ལ་དེ་བཞིན་གཤེགས་པ་ཞེས་པའི་མིང་བཏགས་པ་དང༌། འདིར་ཡང་སྒྲུབ་པའི་གནས་སྐབས་ཐ་དད་པ་ལ་བྱང་ཆུབ་སེམས་དཔའ་བཅུ་གསུམ་དུ་བཏགས་པ་ཐམས་ཅད་ཡོན་ཏན་སྐྱེ་བ་ལ་གོ་འབྱེད་པའམ་གཞིར་གྱུར་པའི་སེམས་ཀྱི་ཆོས་ཉིད་རང་བཞིན་གནས་རིགས་དེའི་དྲི་མ་རིམ་གྱིས་དག་པ་དང༌། ཡོན་ཏན་གོང་འཕེལ་དུ་སོང་བའི་གནས་སྐབས་ལ་བཏགས་པ་ཡིན་གྱི། གཞན་དུ་ན་ནམ་མཁའ་མེད་ན་གཟུགས་ཅན་ལ་གོ་མི་འབྱེད་པ་ལྟར་འགྱུར་རོ། །རྣམ་བཤད་དགོངས་པ་རབ་གསལ་དང་སྟོང་ཐུན་སོགས་སུ་རིགས་ཀྱི་རྩོད་ལན་གྱི་གཞུང་འདི་ལ་བརྟེན་ནས་འཕགས་སེང་གཉིས་ཐལ་འགྱུར་པ་དང་མངོན་རྟོགས་རྒྱན་གྱི་རྩ་བའི་དགོངས་པ་མཐར་ཐུག་ཐལ་འགྱུར་པའི་ལུགས་སུ་གནས་པར་བསྒྲུབས་ནས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །ཞེས་པ་ལྟ་བུའི་ཐེག་གསུམ་རྟོགས་རིགས་ཐ་དད་དུ་བཤད་པ་ནི་གདུལ་བྱ་འགའ་ཞིག་རྗེས་སུ་བཟུང་བའི་ཕྱིར་ཡིན་པར་གསུངས་པས། ཐལ་འགྱུར་བའི་ལུགས་ལ་རྩོད་ལན་གྱི་གཞུང་འདི་ལ་འབྲུ་གནོན་པར་ཡང་སླ་བས་དེའི་དབང་དུ་བྱས་ན་རྩོད་པ་ནི། སྤྱིར་རིགས་ཀྱི་དོན་རྒྱུ་དང་རྟེན་ལ་བྱས་པ་སོགས་ཡོད་པས་རྒྱུར་འགྱུར་ཚུལ་ནི། དེ་ལ་དམིགས་ནས་བསྒོམས་པས་འཕགས་པའི་ཆོས་ཐོབ་པར་འགྱུར་བ་དང༌། གཞིའམ་རྟེན་དུ་འགྱུར་ཚུལ་ནི་ནམ་མཁས་གོ་འབྱེད་པ་ལྟར་རིགས་ཀྱིས་ཀྱང་སྐྱོན་སྤོང་བ་དང༌། ཡོན་ཏན་སྒྲུབ་པ་ལ་གོ་འབྱེད་པའི་དོན་ཡིན་ལ། དེའང་ཐེག་གསུམ་ལ་རྟོགས་རིགས་ཐ་དད་མེད་པས་རང་རང་གི་སེམས་བདེན་སྟོང་ལ་དམིགས་ཏེ་བསྒོམས་པས་ཉོན་སྒྲིབ་སྤོང་བར་བྱེད་པ་ལ་ཁྱད་པར་མེད་པའི་ཕྱིར་རམ། སྤྱིར་གནས་པ་སྟེ་དེ་ལྟར་བྱེད་པ་དེ་གསུམ་གའི་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་ན་རིགས་ཀྱི་དབྱེ་བ་མི་འཐད་དོ། །ཞེས་རྩོད་ཚུལ་གཅིག་དང༌། རང་རྒྱུད་པའི་ལུགས་ལ་སེམས་བདེན་སྟོང་དེ་སྐྱོན་སྤོང་བ་དང་ཡོན་ཏན་འབྱུང་བའི་གཞིར་ཡོད་པའི་སྟོབས་ཀྱིས་དེ་གཞིའམ་རྟེན་དུ་བྱས་ནས་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་དང་རང་རྒྱལ་གྱིས་གཟུང་འཛིན་གཉིས་མེད་དང༌། བྱང་སེམས་ཀྱིས་བདེན་སྟོང་ལ་དམིགས་ཏེ་བསྒོམས་པས་ཉོན་སྒྲིབ་སྤོང་པར་བྱེད་པ་ལ་ཁྱད་པར་མེད་པའི་ཕྱིར་རམ། སྤྱིར་གནས་པ་སྟེ། དེ་ལྟར་བྱེད་པ་དེ་གསུམ་གའི་ཐུན་མོང་གི་ཆོས་ཡིན་པའི་ཕྱིར་ན་རིགས་ཀྱི་དབྱེ་བ་མི་འཐད་དོ་ཞེས་རྩོད་ཚུལ་གཅིག་དང༌། རང་རྒྱུད་པའི་ལུགས་ལ་སེམས་བདེན་སྟོང་དེ་སྐྱོན་སྤོང་བ་དང་ཡོན་ཏན་འབྱུང་བའི་གཞིར་ཡོད་པའི་སྟོབས་ཀྱིས་དེ་གཞིའམ་རྟེན་དུ་བྱས་ནས་ཉན་ཐོས་ཀྱིས་གང་ཟག་གི་བདག་མེད་དང་རང་རྒྱལ་གྱིས་གཟུང་འཛིན་གཉིས་མེད་དང༌། བྱང་སེམས་ཀྱིས་བདེན་སྟོང་ལ་དམིགས་ཏེ་བསྒོམས་པས་རང་རང་གི་བྱང་ཆུབ་ཐོབ་པར་འགྱུར་ལ་དེ་ལྟར་ན་སེམས་བདེན་སྟོང་དེ་བྱང་ཆུབ་གསུམ་གྱི་རྟེན་དུ་སྤྱིར་གནས་པའམ་ཐུན་མོང་དུ་ཡོད་པའི་ཕྱིར་ན་རིགས་ལ་གསུམ་དུ་དབྱེ་བ་མི་འཐད་ཅེས་པའི་རྩོད་པ་གཅིག་དང་གཉིས་བཀོད་ནས། ལན་གྱི་སྐབས་སུའང་ཐལ་འགྱུར་པའི་ལུགས་ལ་རྒྱུ་དང་རྟེན་གྱི་དབང་དུ་བྱས་པའི་ལན་གཉིས་ཡོད་པས། དང་པོ་ནི་སེམས་བདེན་སྟོང་ལ་དམིགས་པར་འདྲའང༌། དབང་པོ་མཆོག་དམན་གྱི་རིམ་པས་དམིགས་ཚུལ་མི་འདྲ་བ་གསུམ་ཡོད་པས་སྐྱོན་མེད་ཅེས་རྒྱུའི་དབང་དུ་བྱས་པའི་ལན་གཅིག་དང༌། འཇིམ་པ་གཅིག་ལས་གྱུར་པའི་རྟེན་བུམ་པ་གསུམ་ལ་རྒྱུ་ཁྱད་པར་མེད་ཀྱང་བརྟེན་པ་སྦྲང་རྩི་དང་ཀ་ར་དང་འོ་མ་གསུམ་གྱིས་རིམ་བཞིན་བཀང་བའི་ཚེ། དེ་གསུམ་གྱི་བུམ་པ་ཞེས་སོ་སོར་བརྗོད་པ་ལྟར་རྟེན་རང་བཞིན་གནས་རིགས་ལ་ཁྱད་པར་མེད་ཀྱང་བརྟེན་པ་གསུམ་གྱི་སྒོ་ནས་ཐ་དད་དུ་བརྗོད་པས་སྐྱོན་མེད་ཅེས་རྟེན་གྱི་དབང་དུ་བྱས་པའི་ལན་གཅིག་དང་གཉིས་ཡོད་ལ། རང་རྒྱུད་པའི་ལུགས་ལ་ལན་འདི་གཉིས་ལ་ཁྱད་པར་མེད་ཅིང༌། རྩོད་པ་དང་པོ་རྩ་བའི་དངོས་ཟིན་ལ་ཐོན་ནས་ལན་དང་པོ་དོན་གྱིས་འཕངས་པ་ཡིན་ལ། ལན་གཉིས་པ་དངོས་ཟིན་ལ་བསྟན་པ་ཡིན་ཏེ། དཔེར་ན་རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །ཞེས་པ་འདིས་འགལ་བའི་རྩོད་པ་དངོས་སུ་བསྟན་ནས་དགོས་མེད་ཀྱི་རྩོད་པ་དོན་གྱིས་འཕངས་པ་དང༌། ལན་གྱི་ཚེ། སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང༌། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་ལ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་པ་འདིས་དགོས་པ་ཡོད་པའི་ལན་དངོས་སུ་བསྟན་ནས་མི་འགལ་བའི་ལན་དོན་གྱིས་འཕངས་པ་བཞིན་ཡིན་པའི་ཕྱིར། དེའང་འགལ་བའི་རྩོད་པ་ནི་འཁོར་ལོ་བར་བར་རང་བཞིན་མེད་ཅེས་བསྟན་པ་དང༌། སྙིང་པོའི་མདོར་རང་བཞིན་གནས་རིགས་ཡོད་ཅེས་བསྟན་པ་གཉིས་འགལ་ཞེས་རྩོད་པ་དང༌། དགོས་མེད་ཀྱི་རྩོད་པ་ནི་འཁོར་ལོ་བར་པ་ནས་ཆོས་ཐམས་ཅད་བདེན་མེད་དུ་བསྟན་ཟིན་པས་སྙིང་པོའི་མདོར་སླར་ཡང་བདེན་མེད་སྒྲུབ་པ་ལ་དགོས་པ་མེད་ཅེས་རྩོད་པ་དང༌། དགོས་པ་ཡོད་པའི་ལན་ནི་སྙིང་པོའི་མདོར་ཉེས་པ་ལྔ་སྤོང་བའི་ཆེད་དུ་བདེན་མེད་བསྟན་པས་སྐྱོད་མེད་ཅེས་པ་དང༌། མི་འགལ་བའི་ལན་ནི་བར་པ་ནས་རང་བཞིན་མེད་ཅེས་པའི་རང་བཞིན་བདེན་གྲུབ་དང༌། སྙིང་པོའི་མདོར་རང་བཞིན་གྱི་རིགས་ཡོད་ཅེས་པའི་རང་བཞིན་ནི་སེམས་ཀྱི་ཆོས་ཉིད་ཡིན་པས་གཅིག་མེད་པར་བསྟན་པ་དང༌། གཅིག་ཡོད་པར་བསྟན་པ་ལ་འགལ་བ་མེད་པར་མ་ཟད་དོན་གཅིག་ཏུ་འགྲོ་ཞེས་པའོ། །རྩོད་ལན་འདི་དག་གོ་ན་གཞུང་ལ་ངེས་པ་སྟེར་ཕུལ་ཆེ་བར་སྣང་ངོ༌། །རྒྱུད་ཕྱི་མ་ལས། རིགས་ནི་རྒྱུད་ཅེས་བྱ་བར་བཤད། །ཅེས་གསུངས། རིགས་ནི་རྒྱུད་ཡིན་པས་དེ་བརྗོད་བྱར་བྱེད་པས་ན་རྒྱུད་དང་འཁོར་ལོ་ཐ་མ་ཡིན་པས་ན་ཕྱི་མ་ཞེས་བརྗོད་ལ། རྒྱུད་ཕྱི་མ་དེའི་དགོངས་འགྲེལ་གྱི་བསྟན་བཅོས་ཡིན་པས་རྒྱུད་ཕྱི་མའི་བླ་མ་ཞེས་བྱའོ། །
ཐེག་ཆེན་སྒྲུབ་པའི་དམིགས་པ་ལ་ཆོས་ཐམས་ཅད་འཇོག་དགོས་པའི་རྒྱུ་མཚན་ནི། བྱང་སེམས་ཀྱིས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པ་ལ་སྒྲིབ་པ་མ་ལུས་པར་སྤང་དགོས་པས་ཆོས་གང་ལའང་བདེན་པར་མི་འཛིན་པ་མེད་ཅིང༌། བདེན་འཛིན་དེ་དག་སྤོང་བ་ལ་དེ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་བློ་བསྐྱེད་དགོས་པས་དམིགས་པ་རིས་སུ་མ་ཆད་པ་ལ་དམིགས་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ། འོན་ཀྱང་དམིགས་པའི་གཙོ་བོ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ལ་བྱེད་དགོས་ཏེ། སེམས་བདེན་སྟོང་ལ་དམིགས་ནས་བསྒོམས་ན་སྤྲིན་ནམ་མཁའ་ལ་ཟད་པ་དང༌། ཆུ་བུར་ཆུ་ལ་ཐིམ་པ་ལྟར་འགོག་པ་རང་སྟེང་དུ་མཐོང་བ་དང་དྲི་མ་ཆོས་དབྱིངས་སུ་ཟད་པ་དང་འགོག་བདེན་དོན་དམ་བདེན་པར་འཇོག་པ་སོགས་འོངས་ཤིང་གནད་གཅིག་པའི་ཕྱིར་དང༌། འདིར་སྟོང་ཉིད་གཙོ་བོར་དངོས་སུ་མ་བསྟན་ན་རིགས་སྟོན་པའི་གཞུང་དང་འདི་གཉིས་ཟློས་པའི་རྩོད་ལན་བྱས་པ་ཐམས་ཅད་མི་རིགས་པར་འགྱུར་བའི་ཕྱིར་རོ། །དེས་ན་དམིགས་པའང་དམིགས་ཡུལ་ཙམ་ལ་མི་བྱེད་དེ་གཞན་དུ་ན་བདེན་འཛིན་གྱི་དམིགས་པ་ཡོད་པར་ཐལ་བར་འགྱུར་ལ། དེ་ཡོད་ན་དེའི་དམིགས་པའི་གཏད་སོ་གཞི་གྲུབ་པར་འགྱུར་རོ། །དེ་གཉིས་ལ་ཟློས་སྐྱོན་མེད་ཚུལ་ཇི་ལྟར་ཡིན་ཞེ་ན། རང་བཞིན་གཙོ་བོར་གྱུར་པའི་རིགས་དང༌། རྣམ་འགྱུར་གཙོ་བོར་གྱུར་པ་དམིགས་པ་ཞེས་བཤད་པས་རིགས་ཀྱི་སྐབས་སུ་བདེན་སྟོང་ཁྱད་གཞི་དང་གཞན་ཐམས་ཅད་དེའི་ཁྱད་ཆོས་སུ་སྒྲུབ་པས་ཆོས་ཅན་གྱི་ཚུལ་གྱིས་བརྗོད་ལ། དམིགས་པའི་སྐབས་སུ་ཆོས་ཐམས་ཅད་ཁྱད་གཞི་དང་བདེན་མེད་ཁྱད་ཆོས་ལྟ་བུར་བརྗོད་པས་སྐྱོན་མེད་ཅེས་པའོ། །སྡུད་པར་ཡང༌། རྒྱལ་བ་རྣམས་ཀྱིས་ཞེས་སོགས་རྐང་པ་གཉིས་ཀྱིས་སྒྲུབ་པའི་དམིགས་པ་བསྟན་ལ། དེའང་ཆགས་མེད་ནི་བདེན་འཛིན་གྱིས་ཞེན་པ་ལྟར་མེད་པ་ལ་བྱེད་དགོས་ཤིང༌། འདིར་འབྲས་བུ་ལ་སྐུ་གཉིས་བསྟན་པས་རྒྱུ་དུས་སུ་ཇི་ལྟ་ཇི་སྙེད་གཉིས་ཀ་ལ་དམིགས་པར་གྲུབ་ལ་དེ་ལྟར་ན་སྒྲུབ་པའི་དམིགས་པར་ཆོས་ཐམས་ཅད་འཇོག་པའང་གྲུབ་ཅིང༌། རིགས་ཀྱི་སྐབས་སུ་ཆགས་པ་གཅོད་བྱེད་ཅེས་དང༌། འདིར་ཆགས་མེད་ཅེས་བྱུང་བས་གཉིས་ཀས་བདེན་སྟོང་བསྟན་པར་ཁྱད་པར་མེད་དོ། །ལུང་མ་བསྟན་ལ་བླང་དོར་བཏང་སྙོམས་སུ་བཞག་བྱ་ཞེས་སྔ་མ་དག་བཤད་པས་རང་ལུགས་ལ་རྣམ་སྨིན་གྱི་ཆ་ནས་གསུངས་ཤིང་དེའང་ལས་འདི་བྱས་པས་རྣམ་སྨིན་ཡིད་འོང་དང་ཡིད་མི་འོང་འབྱིན་པ་གང་དུའང་ལུང་དུ་མ་བསྟན་པ་ལ་བྱའོ། །
ཆེན་པོ་གསུམ་གྱིས་རང་འབྱུང་གི །ཞེས་རང་འབྱུང་ཞེས་པ་འདི་ལ་བཤད་ཚུལ་གཉིས་འབྱུང་སྟེ། གསེར་ཕྲེང་ལྟར་ན་ཆེད་དུ་བྱ་བ་གསུམ་པོ་དེ་རང་རྒྱུད་དང་མ་འབྲེལ་བའམ་གཞན་ཞིག་གི་རྒྱུད་ནས་འོང་བ་མ་ཡིན་པར། རང་ཉིད་ཀྱིས་ལམ་ཉམས་སུ་བླངས་པ་ལས་རང་ཉིད་ཀྱི་རྒྱུད་ལ་འབྱུང་བར་འགྱུར་བས་ན་རང་འབྱུང་ཞེས་བཤད་དོ། །རྣམ་བཤད་ལྟར་ན་འའི་འཕུལ་མེད་པས་རང་བྱུང་ནི་རང་རྒྱལ་དང་སངས་རྒྱས་གཉིས་ཀ་ལ་འཇུག་ཅིང་སངས་རྒྱས་ལ་ནི་གཞན་ལ་ཆོས་སྟོན་པའི་ཚེ་སློབ་དཔོན་གཞན་ལ་མི་ལྟོས་པར་རང་བྱུང་གི་བསྙེན་རྫོགས་དང༌། ཆོས་ཉིད་མངོན་དུ་བྱས་པ་སོགས་ཀྱི་སྒོ་ནས་རང་བྱུང་དུ་བཤད་པས་སངས་རྒྱས་ནི་རང་བྱུང་དངོས་ཡིན་ལ་བྱང་སེམས་ནི་དེའི་རིགས་སུ་འཁྲུངས་པས་ན་རྒྱུ་ལ་འབྲས་བུའི་མིང་གིས་བཏགས་པ་ཡིན་ཞེས་འབྱུང་བར་འགྱུར་བས་སངས་རྒྱས་ཞེས་པ་འདི་རང་བྱུང་ཞེས་པ་དེའི་འགྲེལ་པ་དང༌། སངས་རྒྱས་དངོས་ཡིན་ནམ་སྙམ་པ་སེལ་བའི་ཆེད་དུ་བྱང་སེམས་ཞེས་སྨོས་པ་ཡིན་ནོ། །དེའང་རྒྱལ་པོ་གཞན་གྱི་རྒྱལ་ས་རྩོད་པའི་ཚེ་རྒྱལ་ས་ཐོབ་པ་དང༌། གཡུལ་ལས་རྒྱལ་བ་དང༌། འཁོར་འབངས་མངའ་ཐང་རྒྱས་པ་གསུམ་དོན་དུ་གཉེར་བྱ་ཡིན་ཞིང་དང་པོ་གྲུབ་ན་གཞན་གཉིས་ཞར་ལ་འོང་བ་ལྟར་རྒྱལ་ས་ཐོབ་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་མཆོག་ཉིད་སེམས་ཆེན་པོ་དང༌། གཡུལ་ལས་རྒྱལ་བ་ལྟར་ལྟ་བ་ངན་པ་མཐའ་དག་དྲུངས་ཕྱུང་བའི་སྤོང་བ་ཆེན་པོ་དང༌། འཁོར་འབངས་མངའ་ཐང་སྟོབས་འབྱོར་རྒྱས་པ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བསྡུས་པའི་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་སོགས་རྟོགས་པ་ཆེན་པོ་སྟེ་དང་པོ་སངས་རྒྱས་སྤྱི་ཙམ་དང་ཕྱི་མ་གཉིས་དེའི་ཁྱད་པར་ཡིན་པའི་ཕྱིར་རོ། །ཉི་སྣང་ལས། མཆོག་ཉིད་ཆེན་པོ་དེ་དང་པོ་ལ་བྱས་ནས་མཆོག་ཉིད་ཆེན་པོ་དེ་ལ་སེམས་པར་བྱེད་པས་ན་སེམས་ཆེན་པོ་ཞེས་པའི་སེམས་ནི་མཆོག་ཉིད་ཆེན་པོ་དེ་ཐོབ་བྱེད་ལ་གསུངས་སོ། །སྡུད་པར་གསུངས་པའི་ཚེ་ཅི་ཕྱིར་དེ་ནི་ཞེས་སོགས་ཤླཽ་ཀ་གཅིག་གིས་ཆེན་པོ་གསུམ་བསྟན་ལ། དེའང་སྔར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ལགས་ཞེས་དྲིས་པའི་ལན་དུ་ཐབས་ཤེས་གཉིས་ལྡན་དང་རིགས་དང་ལྡན་པའི་སྒོ་ནས་གསུངས་ཤིང་འདིར་ཆེན་པོའི་དོན་དྲིས་པ་ཡིན་པས་སེམས་ཅན་གྱི་ཕུང་པོ་ཆེན་པོ་སེམས་ཅན་གྱི་སྡེ་ཆེན་པོའི་མགོན་དང༌། དཔུང་གཉེན་དུ་གྱུར་པས་མཆོག་ཉིད་ཆེན་པོ་དང༌། སེམས་ཅན་ཁམས་དང་མོས་པ་མི་འདྲ་བའི་དབང་གིས་འཇིག་ལྟའི་རྩ་བ་ཅན་གྱི་སྔོན་མཐའ་ལ་བརྟེན་པ་ཞེ་བརྒྱད། ཕྱི་མཐའ་ལ་བརྟེན་པ་བཅུ་བཞི་སྟེ་རེ་གཉིས་དང༌། ལྟ་ངན་སུམ་བརྒྱ་སོགས་ཡོད་པས་དེ་དག་གཅོད་པའི་ཕྱིར་ཆོས་སྟོན་པ་ཡིན་ལ། དེའང་ཐོག་མར་རང་ཉིད་ཀྱིས་སྤང་དགོས་པས་སྤོང་བ་ཆེན་པོ་སྟེ་དེ་གཉིས་དངོས་སུ་བསྟན་ནས་སྒྲིབ་བྱེད་དང་གཟུགས་མཐོང་བ་ལྟར་ཆོས་ཐམས་ཅད་མཐོང་བ་ལ་གེགས་བྱེད་ཀྱི་སྒྲིབ་པ་སྤང་བར་དངོས་སུ་བསྟན་པ་ན་མཐོང་བའི་ཡེ་ཤེས་རྟོགས་པ་ཆེན་པོའང་དོན་གྱིས་གོ་བའི་ཕྱིར། ཕུང་པོ་ཆེན་པོ་ནི་སྐྱེ་འཕགས་སོགས་ཀྱི་དབྱེ་བ་མ་བྱས་པར་སྤྱིར་སེམས་ཅན་ཐམས་ཅད་དང༌། སྡེ་ཆེན་པོ་ནི་ཞུགས་འབྲས་བརྒྱད་ལ་གསུངས་པས་དེའི་རྒྱུ་མཚན་ཡང་ཕྱོགས་རེ་བ་ཡིན་པས་འཇོག་གམ་སྙམ། སེམས་ཅན་གྱི་ཕུང་པོ་སེམས་ཅན་རེ་རེ་བ་ལའང་ཉི་སྣང་རྒྱན་སྣང་གཉིས་ཀར་བཤད་པས་སེམས་ཅན་དེ་རེ་རེའང་ཐོག་མེད་ནས་ད་ལྟའི་བར་འཁོར་བར་འཁྱམས་པས་རེ་རེའི་དབང་དུ་བྱས་ན་སྐད་ཅིག་སྔ་ཕྱིའི་རྒྱུན་གྱི་ཚོགས་པ་དང༌། སྤྱིའི་དབང་དུ་བྱས་ན་དུས་མཉམ་པའི་ཚོགས་པ་ལ་ཕུང་པོ་ཞེས་བྱ་སྟེ། མཛོད་ལས། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཞེས་གསུངས་སོ། །སེམས་ཆེན་པོ་གསུངས་པའི་ཚེ་བརྒྱད་སྟོང་པ་ལས། བྱང་ཆུབ་ཀྱི་སེམས་དང༌། ཐམས་ཅད་མཁྱེན་པའི་སེམས་དང་ཟག་པ་མེད་པའི་སེམས་དང༌། ཉན་རང་དང་ཐུན་མོང་མ་ཡིན་པའི་སེམས་དང༌། མི་མཉམ་པ་དང་མཉམ་པའི་སེམས་ལྔ་གསུངས་པའི་དང་པོ་ནི་ཐེག་ཆེན་དུ་ཞུགས་པ་དང༌། གཉིས་པ་ནི་རྣམ་མཁྱེན་མོས་པའི་སྒོ་ནས་རྟོགས་པའི་མོས་སྤྱོད་ཀྱི་སྐབས་དང༌། གསུམ་པ་ནི་མ་དག་ས་བདུན་དང༌། བཞི་པ་དག་ས་དང༌། ལྔ་པ་ནི་སངས་རྒྱས་ཀྱི་སར་འཇོག་ཅིང༌། དེའང་མི་མཉམ་པ་ནི་མཉམ་པ་མེད་པ་སྟེ་གཞན་རྣམས་འགྲན་ཟླ་དང་བཅས་ཤིང་སངས་རྒྱས་ནི་འཇིག་རྟེན་ན་འགྲན་ཟླ་མེད་པས་མཉམ་པ་མེད་པ་ཡིན་ལ། སངས་རྒྱས་ནང་ཕན་ཚུན་མཉམ་ཉིད་གསུམ་གྱིས་མཉམ་པ་སོགས་ཀྱང་མི་འགལ་ཞིང༌། མི་མཉམ་པ་དང་མཉམ་པའི་སྔགས་ཞེས་པའང་འདི་ལྟར་རོ། །གཡུལ་འགྱེད་པ་ལ་གོ་ཆ་གྱོན་པ་སོགས་བཞི་ཡོད་པ་ལྟར་འདིར་མི་མཐུན་ཕྱོགས་ལ་དགྲར་བལྟས་ཏེ་གཡུལ་སྤྲོད་དགོས་ཤིང༌། དེའང་ཐོག་མར་གོ་ཆ་བརྟན་པོ་གྱོན་པ་དང་འདྲ་བར་གོ་སྒྲུབ་དང༌། གཡུལ་དུ་ཞུགས་པ་དང་འདྲ་བར་འཇུག་སྒྲུབ་དང༌། དགྲ་ལས་རྒྱལ་བྱེད་གྲོགས་དང་མཚོན་ཆ་ཚོགས་པ་དང་འདྲ་བར་ཚོགས་སྒྲུབ་དང༌། དགྲ་ལས་རྒྱལ་བ་དང་འདྲ་བར་ངེས་འབྱུང་སྒྲུབ་པ་དང་བཞི་རྣམས་ཡོད་པའི་ཕྱིར། གོ་སྒྲུབ་ལ་ཕར་ཕྱིན་དྲུག་ལྡན་དགོས་པའི་རྒྱུ་མཚན་ནི། དཔེར་ན་གོ་ཆ་གྱོན་པའི་ཚེ་མིག་ལ་མ་ཕོག་ན་སླ་ཟེར་བའི་དཔེ་ལྟར་མཚོན་ཆས་ཆ་གང་ནས་ཀྱང་མི་ཚུགས་པའི་གོ་གྱོན་དགོས་ཀྱི་གཞན་མགོ་ལ་གྱོན་ནས་ལུས་ལ་མ་གྱོན་པ་སོགས་བྱས་ནས་སྲོག་གཅིག་ལས་མེད་པས་གང་མ་གྱོན་པ་དེ་རྨས་པར་འགྱུར་ཞིང་གཞན་དུ་གྱོན་པ་དོན་མེད་དུ་འགྲོ་བ་ལྟར། ཚུལ་ཁྲིམས་ལྟ་བུ་ལ་གཙོ་བོ་བྱས་ཏེ་ཕྱིན་དྲུག་གཞན་ལ་གང་འཇོག་བྱས་ན་གང་གློད་ས་དེ་ནས་མི་མཐུན་ཕྱོགས་ཀྱིས་ཚུགས་པར་འགྱུར་བས་ཆ་གང་ནས་ཀྱང་མི་ཚུགས་པའི་དྲུག་ལྡན་གྱི་གོ་ཆ་བརྟན་པོ་ཐོག་མར་བགོ་དགོས་པའི་ཕྱིར། སྡུད་པ་ལས། གཏོང་བ་ཆེ་དང༌། ཞེས་སོགས་རྐང་པ་གཉིས་ཀྱིས་གོ་སྒྲུབ་བསྟན་ལ། དེའང་ཉན་རང་ལ་ལོངས་སྤྱོད་གཏོང་བ་ཙམ་ཡོད་ཀྱང་ལུས་གཏོང་བ་མེད་ལ། དེ་བས་ཀྱང་སྦྱིན་པ་བཏང་བའི་འབྲས་བུ་གཞན་ལ་གཏོང་བ་ནི་ཤིན་ཏུ་དཀའ་བས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །ཞེས་པ་ལྟར་གཏོང་བ་ནི་གཏོང་བ་ཆེ་བ་སྟེ། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟ་བུའི་ཤེས་རབ་གཙོ་བོར་བཤད་པ་ཡོད་ཀྱང་ཐལ་འགྱུར་པ་སོགས་ཀྱི་ལུགས་ལའང་ཤེས་རབ་ནི་ཐེག་པ་གསུམ་གྱི་ཐུན་མོང་གི་རྟོགས་རིགས་ཡིན་ལ། སྦྱིན་པའི་ཕར་ཕྱིན་སྟེང་ནས་བྱང་སེམས་ཀྱི་ཁྱད་ཆོས་འདོན་ལུགས་གཞན་དང་མི་འདྲ་བ་ཞིག་ཡོད་པའི་རྒྱུ་མཚན་གྱིས་སྐྱེས་རབས་སོགས་ནས་ཀྱང་སྦྱིན་པའི་ཕར་ཕྱིན་གཙོ་བོ་བཤད་པ་ཡིན་ནོ། །ཉན་རང་གི་ཚུལ་ཁྲིམས་ནི་ལུས་ངག་གི་སྤོང་བདུན་ཙམ་ཡིན་ལ། བྱང་སེམས་ཀྱིས་མོས་སྤྱོད་ཀྱི་སྐབས་ཉེས་སྤྱོད་སྡོམ་པ་དང༌། མ་དག་ས་བདུན་གྱི་ཚེ་དགེ་བ་ཆོས་སྡུད་དང༌། དག་སའི་ཚེ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གཙོ་ཆེ་ཞིང་ཤེས་ནས་སློབ་དགོས་པས་བློ་ཆེ་བ། མཐུ་ཆེ་བ་ནི་ཕར་ཕྱིན་ཕྱི་མ་བཞི་སྟེ། དེའང་ཕན་པའི་ལན་དུ་གནོད་པ་སྒྲུབ་པ་དང༌། དྲིན་ལན་ལོག་པར་འཇལ་བ་སོགས་ནི་བཟོད་དཀའ་འང་དེས་ཀྱང་མི་བརྫི་བའི་བཟོད་པ་དང༌། རྐང་ལག་སྦྱིན་པར་གཏོང་བ་སོགས་བྱ་དཀའ་བའི་གནས་ལ་སྐྱོ་ངལ་མེད་པའི་བརྩོན་འགྲུས་དང༌། དམན་པའི་ཡིད་བྱེད་དང་མ་འདྲེས་པར་རྩེ་གཅིག་པའི་བསམ་གཏན་དང༌། མི་མཐུན་ཕྱོགས་ཀྱིས་ཚུར་ལ་མི་ཚུགས་པར་མ་ཟད་ཕར་ལ་འཇོམས་པར་བྱེད་པའི་ཤེས་རབ་ཀྱི་ཕར་ཕྱིན་རྣམས་སུ་ཡོད་པའི་ཕྱིར། རྒྱལ་བ་རྣམས་ཀྱིས་ཐེག་ཆེན་མཆོག་ལ་ཞུགས་པ་དང༌། །ཞེས་པ་འདི་བུདྡྷ་ཤྲཱིའི་སྡུད་འགྲེལ་ལས་འཇུག་སྒྲུབ་ལ་སྦྱར་བས་བློ་ངོར་འཆར་བདེ་པོ་འདྲ་འདུག་གསུང༌། བམ་པོ་ཞེས་པ་འདི་གཞུང་གི་ཆ་མང་པོ་བསྡོམས་པ་ལ་ཟེར་ཞིང་དེའང་ལྷག་མ་བསྣན་ནས་ཇེ་མང་དུ་གཏོང་བ་དང༌། སྔར་ཡོད་བསལ་ནས་ཇེ་ཉུང་དུ་གཏོང་བ་ལྟ་བུའི་སྒྲོ་སྐུར་སྤངས་པའི་ཆེད་དུ་ལོ་ཙཱ་བས་བྱས་པ་ཡིན་ལ། ལོ་ཙཱ་བ་ཞེས་པ་འདི་ལ་གོ་རྒྱུ་ཆེ་སྟེ། ༸རྒྱལ་དབང་ལྔ་པ་ཆེན་པོ་ནས་སྟག་ཚང་ལོ་ཙཱ་བ་ལ། འཇིག་རྟེན་མིག་གྱུར་ཤེས་རབ་རིན་ཆེན་ཞེས་བསྔགས་བརྗོད་མཛད་པ་ལ། རྭ་སྟོད་ཚང་ནས་༸རྒྱལ་དབང་ལྔ་པ་ཆེན་པོས་སྟག་ཚང་བ་ལ་ཞེན་ཁ་ཆེ་བ་འདྲ་གསུངས་པས། ཉིན་གཅིག་སྐུ་ཞབས་རིན་པོ་ཆེ་ལ་དེ་ལྟར་གསུངས་པ་དེ་ཞེན་ཕྱོགས་བྱས་ནས་བསྔགས་བརྗོད་མཛད་པ་ཡིན་ནམ་ཞུས་པའི་ཚེ། དེ་ཡིན་པའི་ངེས་པ་མེད་དེ། ལོ་ལོ་ཀ་བྱས་ན་འཇིག་རྟེན་དང༌། ཙ་ཙཀྵུ་བྱས་ན་མིག་ལ་འཇུག་པས་སྐད་དོད་ཀྱི་སྟེང་ནས་དེ་ལྟར་བྱས་ཞེས་གསུངས་པ་ལྟར་ཡིན་ཏེ། རྗེ་རིན་པོ་ཆེས་ཀྱང༌། འཇིག་རྟེན་མིག་གྱུར་རིན་ཆེན་བཟང་པོ་དང༌། །ཞེས་གསུངས་པའི་ཕྱིར། དེས་ན་ལོ་ཙཱ་བ་རྣམས་འཇིག་རྟེན་གྱི་མིག་ལྟ་བུ་ཡིན་པ་ནི་དོན་ལའང་གནས་ཏེ་ལོ་ཙཱ་བ་རྣམས་ཀྱིས་བོད་དུ་མ་བསྒྱུར་ན་རྒྱ་དཔེ་ལ་རང་ཅག་རྣམས་ཀྱིས་བོག་མི་ཆོད་ཅིང༌། ད་ལྟ་གསུང་རབ་ཀྱི་ཐ་སྙད་ལ་མ་རྨོངས་པ་འདི་ལོ་ཙཱ་བ་རྣམས་ཀྱི་དྲིན་ཡིན་པའི་ཕྱིར། དེ་ལྟར་ཤེས་ན་ལོ་ཙཱ་བ་རྣམས་སྐུ་དྲིན་ཆེ་བ་དང༌། ཆོས་ཁུངས་བཙུན་པ་སོགས་གོ་བར་འགྱུར་བ་ཡིན་གསུང༌།
༈ སྒྲུབ་པའི་རྟེན་དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང༌། དེ་ལའང་བསམ་པ་རྒྱ་ཆེ་བ་གོ་སྒྲུབ། སྦྱོར་བ་རྒྱ་ཆེ་བ་འཇུག་སྒྲུབ། ཚོགས་གཉིས་རྒྱ་ཆེ་བ་ཚོགས་སྒྲུབ། གདོན་མི་ཟ་བར་ངེས་པར་འབྱུང་བ་ངེས་འབྱུང་སྒྲུབ་པ་རྣམས་སུ་ཡོད་པ་ལས་གོ་སྒྲུབ་ཡན་ཆད་སོང་ཟིན་ནས། འཇུག་སྒྲུབ་དགུའི་གོ་རིམ་སྤྱིར་འདི་ལྟར་སྐྱེ་དགོས་པའི་ངེས་པ་ཆེར་མེད་ཀྱང་གསེར་འཕྲེང་ལས་གོ་རིམ་འདི་ལྟར་སྐྱེ་ཚུལ་ཡང་གསུངས་འདུག་པས། དེའང་འདོད་སེམས་དམན་པ་དང༌། ཕྱི་རོལ་ཏུ་ཤིན་ཏུ་གཡེང་བ་ཡིན་པས་དེ་ལས་སེམས་ནང་དུ་བརྟན་པར་གནས་པའི་བསམ་གཏན་གཟུགས་མེད་ཀྱི་ལམ་གཞི་འམ་རྟེན་དུ་བྱས་ནས་ཕྱིན་དྲུག་ལ་འཇུག་ཅིང༌། དེའང་འཇུག་པ་ལས། དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང༌། །ཞེས་སོགས་ལྟར་ཤེས་རབ་ཀྱི་ཕར་ཕྱིན་གཙོ་བོར་གྱུར་པའི་སྟོབས་ཀྱིས་རྒྱ་ཆེ་བའི་ལམ་ལ་ངེས་པ་དྲངས་ཏེ་འོངས་པ་དང༌། རྒྱ་ཆེ་བའི་ལམ་གྱི་སྟོབས་ཀྱིས་སྒྲུབ་པའི་གཉེན་པོ་མཐོང་ལམ་སྒོམ་ལམ་མི་སློབ་ལམ་ཁྱད་པར་གྱི་ལམ་བཞི་བྱུང་ཞིང་དེ་ལྟར་རང་དོན་ཉམས་འོག་ཏུ་ཚུད་པ་ན་གཞན་དོན་སྒྲུབ་བྱེད་ཚད་མེད་བཞི་འབྱུང་ལ། གཞན་དོན་སྒྲུབ་པའི་གེགས་ཀྱི་གཙོ་བོ་མངོན་ཞེན་བཀག་པའི་མི་དམིགས་པ་དང་ལྡན་པ་དང༌། མཉམ་བཞག་ཏུ་དེ་ལྟར་བསྒོམས་པའི་སྟོབས་ཀྱིས་རྗེས་ཐོབ་ཏུ་ཀུན་རྫོབ་སྣང་བ་དེ་ག་རང་གི་རྒྱུ་མཚན་གཞན་བསམ་མི་དགོས་པར་སྦྱིན་སོགས་ཀྱི་འཁོར་གསུམ་སྒྱུ་མ་ལྟ་བུར་འཆར་ཐུབ་པ་དང༌། དེ་ལྟར་རྒྱུ་ཚོགས་གཉིས་ལ་ཞུགས་པའི་སྟོབས་ཀྱིས་འབྲས་བུ་རང་དོན་ཆོས་སྐུ་དང༌། གཞན་དོན་གཟུགས་སྐུ་སོགས་ཆེད་དུ་བྱ་བ་གསུམ་གྱི་དོན་དུ་དེ་དག་མྱུར་དུ་འགྲུབ་པའི་མངོན་ཤེས་དྲུག་ལ་བརྟེན་ནས་རྣམ་མཁྱེན་ལ་འཇུག་པར་འགྱུར་བ་ཡིན་ལ། དེའང་འཇིག་རྟེན་དང༌། འཇིག་རྟེན་ལས་འདས་པ་དང༌། ཐེག་དམན་ལས་ཁྱད་པར་འབྱེད་བྱེད་གསུམ་དུ་འདུ་བས། དང་པོ་ནི་བསམ་གཟུགས་དང༌། གཉིས་པ་ལ་གཉིས་ལས། རང་དོན་རྟོགས་པ་ཕུན་ཚོགས་སྒྲུབ་བྱེད་ཕྱིན་དྲུག་དང་སྤང་བ་ཕུན་ཚོགས་སྒྲུབ་བྱེད་མཐོང་ལམ་དང་ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་དང༌། ས་བརྒྱད་པའི་འབད་རྩོལ་རགས་པ་ཞི་བའི་མི་སློབ་ལམ། ས་དགུ་པ་དང་བཅུ་པའི་ཁྱད་པར་གྱི་ལམ་གསུམ་དང༌། གཞན་དོན་སྒྲུབ་བྱེད་དང་པོས་ཚད་མེད་བཞི་དང་དེའི་ཁྱད་པར་མི་དམིགས་པ་དང་ལྡན་པ་གཉིས་དང༌། ཚངས་པར་སྐྱེ་བ་ལ་ཚད་མེད་བཞི་སྒོམ་དགོས་པས་ཚངས་པའི་གནས་པའམ་ཚངས་པའི་རྒྱུ་ཞེས་བཤད་པ་དང༌། ཡང་། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཞེས་གསུངས་པ་ལྟར་ཚངས་པ་མྱང་འདས་དང་དེ་བཞིན་གཤེགས་པར་བྱས་ཏེ་བཤད་ཚུལ་གཅིག་ཀྱང་ཡོད་ཚོད་ཡིན་གསུང༌། ཐེག་དམན་ལས་འབྱེད་བྱེད་འཁོར་གསུམ་དག་པ་ནི་ཟིན་བྱེད་དང༌། ཆེད་དུ་བྱ་བ་བསྔོ་བ་དང་མྱུར་བའི་ཁྱད་པར་མངོན་ཤེས་དྲུག་དང་གསུམ་སྟེ་འཇུག་ཡུལ་རྒྱུའི་ཐེག་ཆེན་བརྒྱད་དང་འབྲས་བུ་རྣམ་མཁྱེན་དང་དགུ་རྣམས་ཡོད་པའི་ཕྱིར། སྡུད་པ་ལས། རྒྱལ་བ་རྣམས་ཀྱི་ཞེས་སོགས་རྐང་པ་གསུམ་མམ་གཉིས་ཀྱིས་འཇུག་སྒྲུབ་བསྟན་པ་ཡིན་ལ་དེའང་གོ་ཆ་ཆེན་པོ་བགོས་པ་དེ་བསམ་གཏན་གཟུགས་མེད་ཀྱི་འཇུག་སྒྲུབ་དེ་ལ་བྱས་པ་མཚན་གཞི་ལྟ་བུ་ཡིན་ཞིང༌། བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ཀྱང་ལྡོག་པར་བྱེད། །ཅེས་གསུངས་པ་ལྟར་བསམ་གཏན་གཟུགས་མེད་ཀྱི་དངོས་གཞི་མ་ཐོབ་ཀྱང་སྲིད་པ་ལས་གྲོལ་ནུས་པ་དང༌། དེ་མ་ཐོབ་པའི་བྱང་སེམས་དེའི་དབང་གིས་སྲིད་པར་སྐྱེས་ན་བདུད་ཀྱི་གྲོགས་སུ་འགྱུར་ལ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་སྟོབས་ཀྱིས་དེའི་དབང་གིས་མི་སྐྱེ་བས་བདུད་ཀྱི་འདོད་ཐོག་ཏུ་མི་གཏོང་བར་བདུད་ཀྱི་རྒྱུ་འདུལ་བར་བྱེད་པ་དེ་ཡི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ་ཞེས་པའི་དོན་ཡིན་ལ། སྒྱུ་འདུལ་གྱི་སྒྱུ་པར་མ་འདིར་གཡོ་སྒྱུའི་སྒྱུ་ལ་བྱས་འདུག་ཀྱང། འགྲེལ་པར་བདུད་ཀྱི་བྱེད་པ་ལ་གསུངས་པས་རྒྱུ་འབྲས་ཀྱི་རྒྱུ་ལ་བྱེད་དགོས་སམ་སྙམ་གསུང།
༈ ཚོགས་སྒྲུབ་ནི། བསམ་སྦྱོར་གཉིས་དང༌། མཉམ་པར་བཞག་མ་བཞག་གཉིས་དང་ལྟ་སྤྱོད་གཉིས་དང༌། འབྲས་བུ་སྒྲུབ་པ་དང་དམིགས་པ་འཛིན་པ་གཉིས། ཡོན་ཏན་གྱི་རྟེན་དང་ཉེས་པ་སེལ་བ་གཉིས་ཏེ་ལྔའི་ནང་དུ་འདུ་བས་དེའང་བསམ་པ་སྙིང་རྗེ་དང༌། སྦྱོར་བ་ཕྱིན་དྲུག་དང༌། མཉམ་གཞག་ཞི་ལྷག་གཉིས་ཟུང་འབྲེལ་དང་གསུམ་ཡིན་ལ། མཉམ་པར་མ་གཞག་པ་ཐབས་མཁས་དང༌། ལྟ་བ་ཡེ་ཤེས་དང༌། སྤྱོད་པ་བསོད་ནམས་ཀྱི་ཚོགས་དང༌། འབྲས་བུ་སྒྲུབ་པ་ལམ་དང༌། དམིགས་པ་འཛིན་པ་གཟུངས་དང་ཡོན་ཏན་གྱི་རྟེན་སའི་ཚོགས་དང༌། ཉེས་པ་སེལ་བ་གཉེན་པོའི་ཚོགས་རྣམས་སུ་ཡོད་པའི་ཕྱིར། འདིའི་ཟུང་དུ་འབྲེལ་བ་དེ་རྣམ་བཤད་ལས་གོང་གི་ཞི་ལྷག་གཉིས་པོ་དེ་ཟུང་འབྲེལ་ལ་བྱས་པ་དང༌། གསེར་འཕྲེང་ནས་སྲིད་ཞིའི་མཐའ་འགོག་པའི་ཐབས་ཤེས་ཟུང་འབྲེལ་ལ་བྱས་པ་ཚིག་མི་མཐུན་པ་ལྟར་ཡོད་ཀྱང༌། སྲིད་མཐའ་གནོན་པའི་ལྷག་མཐོང་སྟོབས་དང་བྲལ། །ཞི་མཐའ་གནོན་པའི་སྙིང་རྗེའི་རླན་གྱིས་དབེན། །ཞེས་གསུངས་པ་དང༌། བྱང་སེམས་ཀྱིས་བསམ་གཏན་གྱི་མི་མཐུན་ཕྱོགས་ཀྱི་གཙོ་བོ་ལ་དམན་པའི་ཡིད་བྱེད་བཞག་པ་སོགས་ཀྱི་ཕྱིར་ན་ཐེག་ཆེན་གྱི་ཞི་ལྷག་ལ་སྲིད་ཞིའི་མཐའ་འགོག་པའི་སྙིང་རྗེ་དང་ཤེས་རབ་གཉིས་འཇོག་དགོས་པར་སྣང་བས། རྣམ་བཤད་གསེར་འཕྲེང་གཉིས་དགོངས་པ་གཅིག་ཏུ་འགྲོ་བ་ཡིན་ནམ་སྙམ་གསུང༌། གོ་སྒྲུབ་ལས་འཕྲོས་ནས་གོ་ཆ་བགོ་ཚུལ་ཇི་ལྟར་ཡིན་དྲིས་པའི་ལན་དུ་ཚོགས་སྒྲུབ་དང་པོ་བཅུ་དང༌། འཇུག་སྒྲུབ་ལས་འཕྲོས་ནས་ཐེག་ཆེན་ལ་འཇུག་པའི་ཐེག་ཆེན་དེ་གང་ཡིན། ཇི་ཙམ་གྱིས་ཞུགས་པ་ཡིན། གང་ནས་ངེས་པར་འབྱུང༌། གང་དུ་གནས་པར་འགྱུར། གང་ཞིག་འབྱུང་བ་ལགས་ཞེས་དྲིས་པ་ལ། དང་པོ་ཐབས་མཁས་ནས་གཟུངས་ཀྱི་བར་དང༌། གཉིས་པ་སའི་ཚོགས་དང༌། གསུམ་པའི་ལན་དུ་མཐོང་སྤང་གཉེན་པོའི་ཚོགས་དང༌། བཞི་པ་ལ་སྒོམ་སྤང་རྟོག་པ་དང་པོའི་གཉེན་པོ་དང༌། ལྔ་པའི་ལན་དུ་སྒོམ་སྤང་རྟོག་པ་ལྷག་མ་གསུམ་གྱི་གཉེན་པོ་གསུངས་པའི་ཕྱིར། སྡུད་པར་ཡང༌། དཔེར་ན་སྒྱུ་མ་མཁན་གྱིས་ཞེས་སོགས་ཤླཽ་ཀ་གཉིས་ཀྱིས་ཇི་ཙམ་གྱིས་གོ་ཆ་བགོས་པ་ཡིན་དྲིས་པའི་ལན་གྱིས་ཚོགས་སྒྲུབ་དང་པོ་བཅུ་བསྟན་པ་ཡིན་ཞིང༌། དེའང་ཤླཽ་ཀ་དང་པོས་དཔེར་ན་སྒྱུ་མའི་སྤྲུལ་པས་གཞན་གསོད་པ་སོགས་སྣང་ཡང་དེ་ལ་སེམས་ཅན་མེད་པས་སྡིག་པ་སོགས་མི་འབྱུང་བ་ལྟར་འགྲོ་ཀུན་བདེ་བ་ལ་འགོད་པ་དང་འཇིགས་པ་ལས་སྐྱོབ་པ་སོགས་དོན་དམ་པར་མེད་པར་བསྟན་ནས་ཐ་སྙད་དུ་དེ་དག་རུང་བའི་སྙིང་རྗེ་ཆེན་པོའི་ཚོགས་བསྟན་པ་ཡིན་ལ། དམ་པ་རྣམས་ཀྱི་གོ་ཆ་མཆོག །ཅེས་པའི་བར་གྱི་ཤླཽ་ཀ་གཅིག་གིས་ཟུང་དུ་འབྲེལ་བ་ཡན་ཆད་ཀྱི་ཚོགས་དགུ་བསྟན་པ་ཡིན་ནོ། །ཅི་ཕྱིར་འདི་ནི་ཞེས་པ་ནས། ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པའི་བར་གྱི་ཤླཽ་ཀ་གསུམ་གྱིས་ཚོགས་ལྷག་མ་བདུན་བསྟན་པ་ཡིན་གསུངས། ཚོགས་སྤྱིར་བཤད་པ་དང༌། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས་ཡོད་པས་ཕྱི་མ་ལ་ཡེ་ཤེས་ཀྱི་ཚོགས། སའི་ཚོགས། གཉེན་པོའི་ཚོགས་གསུམ་ལས། རྗེ་བཙུན་རང་ཉིད་ཀྱིས་སའི་ཚོགས་ཡོངས་སྦྱོང་གི་སྒོ་ནས་རྒྱས་པར་བཤད། གཉེན་པོའི་ཚོགས་རྣམ་རྟོག་བཞིའི་གཉེན་པོ་མཐོང་སྒོམ་གྱི་སྒོ་ནས་རྒྱས་པར་གསུངས་ཤིང༌། ཡེ་ཤེས་ཀྱི་ཚོགས་འགྲེལ་པས་རྒྱས་པར་ཁ་བསྐངས་པ་ཡིན་ལ། དེའང་སྟོང་ཉིད་ཉི་ཤུས་ཡུལ་གྱིས་ཡུལ་ཅན་ཡེ་ཤེས་མཚོན་ནས་བསྟན་པས་ཤེས་པ་སོགས་ཀྱི་སྟོང་ཉིད་ནང་སྟོང་པ་ཉིད་དང༌། གཟུགས་སོགས་ཀྱི་སྟོང་ཉིད་ཕྱི་སྟོང་པ་ཉིད་དང༌། གང་ཟག་གཞན་དང༌། དབང་རྟེན་ཁོག་པ་དེ་དབང་པོ་དྭངས་པ་ལ་ལྟོས་ཏེ་ཕྱི་དང༌། སེམས་ཀྱིས་ཟིན་པ་དང་རྒྱུད་ཀྱིས་བསྡུས་པའི་ཕྱིར་ན་ནང་ཡིན་པས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་ཕྱི་ནང་གཉིས་ཀ་ལྟ་བུར་སོང་བས་དེ་དག་གི་སྟོང་ཉིད་ཕྱི་ནང་གཉིས་ཀའི་སྟོང་པ་ཉིད་ཡིན་པས་དེ་གསུམ་གྱིས་ཚོགས་ལམ་དང༌། སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྦྱོར་ལམ་འཕངས་པ་ཡིན་ལ། རྣམ་བཤད་དང་གསེར་འཕྲེང་སོགས་ཀྱིས་ཀྱང་འདི་དག་ཚོགས་སྦྱོར་ལ་སྦྱར་བ་ཙམ་ལས་དེ་ལྟར་སྦྱོར་དགོས་པའི་རྒྱུ་མཚན་སོགས་གསལ་ཁ་མེད་ཅིང༌། དེར་སྦྱར་བ་ལ་རྒྱུ་མཚན་སོགས་སྤྱིར་ཡོད་དགོས་པའི་ངེས་པའང་མེད་དེ། དཔེར་ན་བུམ་པའི་སྟེང་དུ་བཤད་ན་གོ་སླ་བ་ལ་དེའི་སྟེང་དུ་སྟོན་པ་དང༌། ཤིང་རྟའི་སྟེང་ནས་བཤད་ན་གོ་སླ་བ་ལ་དེའི་སྟེང་དུ་གཏན་ལ་ཕབ་པ་ལྟ་བུ་ནི་བུམ་པ་སོགས་དེ་གཏན་ལ་འབེབས་པ་གལ་ཆེ་བའི་རྒྱུ་མཚན་གྱིས་མ་ཡིན་ཀྱང༌། གདུལ་བྱ་ཉེ་བའི་དབང་གིས་ཡིན་ཟེར་དགོས་པ་ལྟ་བུ་ཡིན་ནམ་སྙམ་གསུང༌། དུས་དང་གང་ཟག་སོགས་ཕྱོགས་རེ་མ་ཡིན་པར་ཐམས་ཅད་ལ་ཁྱབ་པས་ཕྱོགས་བཅུའི་སྟོང་ཉིད་ནི་ཆེན་པོ་སྟོང་པ་ཉིད་དེས་ས་དང་པོར་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པའི་ཡེ་ཤེས་མཚོན་ལ། དེའང་ཉི་མའི་དཀྱིལ་འཁོར་ཤར་བའི་ཚེ་འོད་ཟེར་གྱིས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་ལྟར་འདིའི་སྟེང་དུ་གཏན་ལ་འབེབས་འདིའི་སྟེང་དུ་མི་འབེབས་ཞེས་པ་ལྟ་བུའི་ཕྱོགས་རེ་བ་མ་ཡིན་པར་རྟོགས་ཚུལ་གྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་ཀུན་འགྲོའི་དོན་དུ་རྟོགས་པ་ཡིན་ལ། དོན་དགོས་པ་དང་དམ་པ་མཆོག་ལ་བྱས་ནས་སྐྱེས་བུའི་དོན་དུ་གཉེར་བྱ་མཆོག་མྱང་འདས་བདེན་མེད་ནི་དོན་དམ་སྟོང་པ་ཉིད་དེས་ས་གཉིས་པའི་མཆོག་གི་དོན་དུ་རྟོགས་པའི་ཡེ་ཤེས་འཕངས་ལ། དེའང་ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་གསུངས་པ་ལྟར་ཐེག་པ་རང་རང་གི་བྱང་ཆུབ་ཐོབ་པའི་ཆེད་དུ་ཞུགས་པའི་བྱ་བ་ཞིག་ལ་ཚུལ་ཁྲིམས་སུ་འཇོག་དགོས་ལ། ས་འདིར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པར་ཐོབ་པས་དོན་དམ་པར་ཚུལ་ཁྲིམས་དང་ཚུལ་འཆལ་གཉིས་ལ་བླང་དོར་མེད་པར་མཉམ་པ་ཉིད་དུ་རྟོགས་པའི་སྟོབས་ཀྱིས་རྗེས་ཐོབ་ཀྱི་ཚེ་ཐ་སྙད་དུ་སྤང་བྱ་འདོར་བ་དང༌། གཉེན་པོ་ཚུལ་ཁྲིམས་སོགས་ལ་དོན་གཉེར་ཤུགས་ཇེ་ཆེར་འགྲོ་བ་དང༌། དོན་གཉེར་ཅི་ཙམ་ཆེ་བའི་ཚོད་ཙམ་དུ་བདེན་ཞེན་འཕང་དམའ་རུ་འགྲོ་བ་སོགས་ནི་མཆོག་གི་དོན་དུ་རྟོགས་ཚུལ་ཡིན་པ་དང༌། འདུས་བྱས་སྟོང་པ་ཉིད་ཀྱིས་ས་གསུམ་པའི་རྒྱུ་མཐུན་པའི་དོན་དུ་རྟོགས་པའི་ཡེ་ཤེས་འཕངས་ལ། དེའང་འདིར་བཟོད་པ་གསུམ་ག་ལྷག་ཀྱང་གཙོ་བོར་ཆོས་ལ་ངེས་སེམས་ཀྱི་བཟོད་པ་དང༌། གསེར་འཕྲེང་ལས། མཐུན་པའི་རྒྱུ་ཡིན་གྱི་འདྲ་བའི་འབྲས་བུ་ནི་མ་ཡིན་ནོ། །ཞེས་གསུངས་པ་ནི། དཔེར་ན་ད་ལྟ་ཚེ་རིང་བ་སོགས་སྔོན་གཞན་གྱི་སྲོག་བསྐྱབས་པའི་རྒྱུ་མཐུན་ཡིན་ཟེར་བ་ལྟ་བུའི་འབྲས་བུ་ལ་མི་བྱེད་པར། མ་འོངས་པ་ན་འབྱུང་བར་འགྱུར་བའི་རྒྱུ་མཐུན་ལ་བྱེད་པར་གསུང་འདོད་པ་ཡིན་ནམ་སྙམ་སྟེ་དཔྱད་དགོས་གསུང༌། འདུས་མ་བྱས་སྟོང་པ་ཉིད་ཀྱིས་ས་བཞི་པར་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་པའི་ཡེ་ཤེས་དང༌། ས་ལྔ་པར་མཐའ་འདས་སྟོང་ཉིད་ཀྱིས་རྒྱུད་ཐ་དད་མེད་པའི་དོན་དུ་རྟོགས་པའི་དེ་དང༌། ས་དྲུག་པར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་ཉོན་མོངས་དང་རྣམ་དག་མིན་དོན་དུ་རྟོགས་པའི་དེ་དང༌། དོར་བ་མེད་པ་ཉིད་ཀྱིས་ས་བདུན་པའི་ཡེ་ཤེས་དང༌། དོར་བ་མེད་པ་ནི་ཐེག་དམན་བྱང་སེམས་ལ་ལྟོས་ཏེ་དོར་བྱ་ཡིན་ལ། ཐེག་ཆེན་ནི་ངོ་བོ་རྒྱུ་འབྲས་གང་གི་དབང་དུ་བྱས་ཀྱང་འདོར་དུ་མི་རུང་བས་དོར་བ་མེད་པའམ། ཡང་ན་ལས་ཉོན་གྱིས་བླངས་པའི་ཕུང་པོ་སྔ་མ་དོར་བའི་ལྷག་མེད་མྱང་འདས་ལ་བྱས་ནས། དོན་དམ་པར་སྔ་མ་དོར་བ་དང་མྱང་འདས་ཐོབ་པ་མེད་པའི་དོན་དུ་བྱས་ནས་བཤད་པའང་ཡོད་པས་དེ་ལྟར་ན་སྔར་གྱི་མྱང་འདས་ལྷག་བཅས་ལ་བྱེད་དགོས། རང་བཞིན་སྟོང་པ་ཉིད་དང་ཆོས་ཐམས་ཅད་སྟོང་པ་ཉིད་གཉིས་ཀྱིས་ས་བརྒྱད་པའི་ཡེ་ཤེས་འཕངས་ལ། ས་འདིར་སྲིད་ཞི་མཉམ་ཉིད་དུ་རྟོགས་པས་རྣམ་པར་མི་རྟོག་པ་ལ་དབང་བའི་གནས་དང༌། ཞིང་དག་སྦྱོར་བ་ཐོབ་པས་ཞིང་ལ་དབང་བའི་གནས་སུ་རྟོགས། རང་རང་གི་ཐུན་མོང་མ་ཡིན་པའི་འཇོག་བྱེད་རང་གི་མཚན་ཉིད་སྟོང་པ་ཉིད་དང་མི་དམིགས་པ་སྟོང་པ་ཉིད་གཉིས་ཀྱིས་ས་དགུ་པའི་ཡེ་ཤེས་འཕངས་ལ། དེར་སོ་སོ་ཡང་དག་རིག་པ་བཞི་རྗེས་མཐུན་ཐོབ་པས་ཡེ་ཤེས་ལ་དབང་བའི་གནས་སུ་རྟོགས། དངོས་པོ་མེད་པ་སྟེ་དོན་དམ་པར་མེད་བཞིན་དུ་ངོ་བོ་ཉིད་དེ་ཐ་སྙད་དུ་རྒྱུ་རྐྱེན་ཚོགས་པའི་སྣང་སྟོང་སྒྱུ་མ་ལྟ་བུའི་སྟེང་གི་སྟོང་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་དང༌། བདག་ཏུ་འཛིན་པའི་གཞི་ཕུང་པོ་ལྔའི་སྟོང་ཉིད་ནི་དངོས་པོ་སྟོང་པ་ཉིད་གཉིས་ཀྱིས་ས་བཅུ་པའི་ཡེ་ཤེས་འཕངས་ལ། འདིར་ལས་ལ་དབང་བའི་གནས་སུ་རྟོགས། ནམ་མཁའི་སྟོང་ཉིད་ནི་དངོས་པོ་མེད་པའི་སྟོང་པ་ཉིད་དང༌། རང་གི་ངོ་བོ་སྟོང་པ་ཉིད་དང༌། གཞན་གྱི་ངོ་བོ་སྟོང་པ་ཉིད་གསུམ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་འཕངས་སོ། །སངས་རྒྱས་ཀྱིས་གདུལ་བྱ་ལ་བསྟན་པའི་ཚེ་གནས་ལུགས་སུ་གྱུར་པ་མིན་པར་ཐོག་མེད་ནས་ཆོས་ཅན་གྲུབ་ཙམ་ནས་དེའི་ཆོས་ཉིད་གནས་ལུགས་སུ་གྲུབ་པས་ན་རང་གི་ངོ་བོ་སྟོང་པ་ཉིད་ཅེས་བྱ། གནས་ལུགས་དེའང་དགག་བྱ་བཀག་ཙམ་དེར་གནས་ཀྱི་དེ་ལས་ཕྲ་རགས་གང་བྱས་ཀྱང་རྟག་ཆད་ཀྱི་མཐར་ལྟུང་ཞིང༌། དེ་ལས་གཞན་དུ་གནས་ལུགས་བཙལ་དུ་མེད་པས་ན་གཞན་གྱི་ངོ་བོ་སྟོང་པ་ཉིད་ཅེས་བྱ་བ་ཡིན་གསུང༌། སའི་ཚོགས་ཡོངས་སྦྱོང་གི་སྒོ་ནས་འཆད་པ་ཡིན་པས་མདོ་སྡེ་རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ལས་སར་འདོད་དོ། །ཞེས་གསུངས་པ་ལྟར་ངེས་ཚིག་གིས་བཤད་ན་སའི་སྐད་དོད་བྷུ་མིའི་བྷུ་ལ་ཏ་བསྣན་ནས་བྷུ་ཏ་འབྱུང་པོ་དང་ཨ་མི་ཏ་དཔག་མེད་དང༌། ཨ་བྷ་ཡ་འཇིགས་མེད་ལ་བྱས་ནས་འབྱུང་པོའམ་སེམས་ཅན་དཔག་ཏུ་མེད་པ་འཇིགས་པ་ལས་སྒྲོལ་བའི་རྟེན་ཡིན་པས་ན་ས་ཞེས་སྐྱོན་སེལ་ཚུལ་གྱི་ཆ་ནས་བཤད་པ་གཅིག་དང༌། ཡང་བྷུ་ཡ་ནི་ཕྱི་ཕྱིར་དང༌། མི་གྷ་མ་ནཱ་གོང་དུ་འགྲོ་ལྡན་ལ་བྱས་ནས་ཡོན་ཏན་གོང་མར་བགྲོད་པར་བྱེད་པའི་གཞི་ཡིན་པས་ན་ས་ཞེས་ཡོན་ཏན་སྒྲུབ་ཚུལ་གྱི་ཆ་ནས་འཇོག་པ་དང་གཉིས་མདོ་སྡེ་རྒྱན་ལས་བཤད་གསུང༌། སྤྱིར་ས་དང་ལམ་གཉིས་ཀ་ལ་གཉིས་ཀའི་སྒྲ་འཇུག་ཀྱང༌། ས་ལྟ་བུའི་སེམས་བསྐྱེད་ཚོགས་ལམ་ནས་བཞག་ནས་ཕྱི་མ་རྣམས་ལ་དེས་ཁྱབ་པར་གསུངས་པ་ལྟར་སའི་སྒྲ་འཇུག་གཞིའི་གཙོ་བོ་ཐབས་ཀྱི་ཆ་དང༌། ལམ་གྱི་སྒྲ་འཇུག་གཞིའི་གཙོ་བོ་ཤེས་རབ་ཀྱི་ཆ་ཡིན་པས། འདིར་ཡང་སའི་ཚོགས་ཡོངས་སྦྱོང་གི་སྒོ་ནས་བཤད་པ་ཐབས་ཀྱི་ལྡོག་ཆ་དང༌། དངོས་གཉེན་མཐོང་སྒོམ་གྱི་ལམ་ཤེས་རབ་ཀྱི་ལྡོག་ཆ་ནས་བསྟན་པ་ཡིན་གསུང༌། ཡོངས་སུ་སྦྱོང་ཚུལ་ནི་ཁང་བཟང་བྱི་དོར་བྱེད་པ་ལ་ཁང་བཟང་སྦྱོང་ཟེར་བ་ལྟར་དྲི་མ་སེལ་བ་དང་ཡོན་ཏན་བསྐྱེད་པའི་སྒོ་ནས་ས་དེ་དང་དེ་ཡོངས་སུ་སྦྱོང་བ་ཡིན་ལ། དེའང་ས་འགའ་ཞིག་ལ་ཡོངས་སྦྱོང་ཉུང་བ་དང་འགའ་ཞིག་ལ་མང་བར་གསུངས་པ་ནི་གདུལ་བྱ་ཉེ་བའི་བསམ་པ་དང༌། ཡང་འགའ་ཞིག་སྐྱོན་སྤོང་བ་དང༌། འགའ་ཞིག་གཉེན་པོའི་སྒོ་ནས་གསུངས་པ་ནི་དེ་མ་གསུངས་པ་གཞན་ལ་དེ་ལྟར་སྦྱོར་དགོས་པར་ཤེས་པའི་ཆེད་དང༌། རེ་རེའི་སྐབས་སུའང་ཆོས་ཉན་ཚུལ་སོགས་ཡང་ཡང་བསྟན་པ་ནི་ཚོགས་ལམ་ནས་བཟུང་ཐབས་ཤེས་དེ་དག་ཉམས་སུ་ལེན་པའི་ཚེ་བཤེས་གཉེན་བསྟེན་ཚུལ་ནས་རང་བཞིན་མེད་རྟོགས་ཀྱི་བར་ལམ་གྱི་རིམ་པ་ཆ་ཚང་བ་རེ་ཁྲིགས་སེ་འོངས་དགོས་པར་ཤེས་པའི་ཆེད་དུ་ཡིན་ཏེ། དཔེར་ན་ས་དང་པོར་སངས་རྒྱས་བརྒྱ་མཐོང་བ་ནས་བཅུ་པར་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་མཐོང་བར་གསུངས་པ་ནི་དེ་དག་ལ་ཕར་ལྟད་མོ་ལྟ་བ་ཙམ་ཞིག་མ་ཡིན་པར་དེ་དག་རང་གི་དགེ་བའི་བཤེས་གཉེན་དུ་ཚུལ་བཞིན་དུ་བསྟེན་ནས་གདམས་ངག་ཉན་པ་ཡིན་པས་ལམ་འོག་མ་ནས་གོང་མར་འཕོ་བའི་ཚེ་བཤེས་གཉེན་བསྟེན་ཚུལ་སོགས་སྔ་མ་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་དགོས་པར་གསུངས་པའི་ཕྱིར། དེས་ན། ཉེར་འགྲོ་ང་ནི་སངས་རྒྱས་ཏེ། །ང་ལ་སློབ་དཔོན་ཅི་ཡང་མེད། །ཅེས་གསུངས་པའང༌། རང་རེའི་ཡིག་ཆར་ཞིབ་ཆ་ཕྱེ་བ་ལྟར་སངས་རྒྱས་པའི་ཚེ་ཆེད་དུ་བསྟེན་མི་དགོས་པའི་དོན་ཡིན་གྱི། སྲིད་པ་ཐ་མའི་ཚེ་གདམས་ངག་ཉན་མི་དགོས་པར་བཤད་པ་མིན་གསུང༌། འགྲེལ་པར། རིམ་པ་ཇི་ལྟ་བ་བཞིན་ཞེས་པ་ཡོངས་སྦྱོང་བཅུ་སྟོན་པའི་རྩ་བའི་ཚིག་གིས་རིམ་པ་ཇི་ལྟ་བ་བཞིན་ཞེས་བཤད་ཚུལ་གཅིག་དང༌། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་དམ་བཅའ་བའི་དམ་བཅའི་རིམ་པ་ཇི་ལྟ་བ་བཞིན་སྒྲུབ་ཅེས་པའི་བཤད་ཚུལ་གཉིས་ཡོད་ལ། གཞི་ནི་རྒྱུ་ལ་བྱས་ནས་བླ་མེད་བྱང་ཆུབ་ཐོབ་བྱེད་ཀྱི་རྒྱུ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པའི་ཚེ་དམན་པའི་ཡིད་བྱེད་ཀྱིས་མ་གོས་པའི་གྱ་གྱུ་མེད་པའི་བསམ་པ་དང༌། དེའང་རང་གཞན་ལ་ཕྱི་མར་ཕན་པ་དང་ཚེ་འདིར་བདེ་བའི་བསམ་པ་དང༌། འདི་ལ་ཉེ་འདི་ལ་དེ་ཙམ་མི་ཉེ་ཞེས་ཆགས་སྡང་གིས་རིས་སུ་ཆད་པ་ལྟ་བུ་མ་ཡིན་པར་ཐམས་ཅད་ལ་མཉམ་པའི་སེམས་དང་གསུམ་ནི་བསམ་པའི་དབང་དུ་བྱས་པ་དང༌། སྦྱིན་པའི་ངོ་བོ་ལ་ཟང་ཟིང་ཐམས་ཅད་གཏོང་བའི་ཟང་ཟིང་གི་སྦྱིན་པ་དང༌། གཞན་ལ་སྟོན་པ་ལ་ཐོག་མར་རང་ཉིད་ཀྱིས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་ཆོས་ཉན་པའི་དོན་ཤེས་པ་དང་དེ་གཞན་ལ་བསྟན་ན་སྨིན་གྲོལ་ལ་འགོད་ནུས་པས་ཆོས་ཀྱི་སྦྱིན་པ་དང༌། རབ་ཏུ་བྱུང་ནས་གཞན་གནོད་གཞི་དང་བཅས་པ་བསྲུང་བ་ལས་ལྷག་པའི་མི་འཇིགས་པའི་སྦྱིན་པ་སྟེ། དཔེར་ན་འཇིགས་པའི་སར་མི་ཞིག་གཅིག་པུར་འགྲོ་བའི་ཚེ་མི་ནག་མཚོན་ཆ་ཐོགས་པ་དུ་མ་ཞིག་གནོད་པ་མི་བྱེད་ཀྱང་མཐོང་བ་ཙམ་གྱིས་འཇིགས་ངམ་མེ་འགྲོ་བ་དང༌། དེའི་ཚེ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ཞིག་མཐོང་ན་སེམས་བདེ་འབོལ་གྱིས་འགྲོ་བ་ལྟ་བུ་ཞིག་གི་སྟེང་ནས་མི་འཇིགས་པའི་སྦྱིན་པ་འཇོག་དགོས་པར་ཡོངས་འཛིན་རིན་པོ་ཆེ་ནས་ཐོས་གསུང༌། དེ་བཞི་སྦྱིན་པའི་ངོ་བོ་དང༌། སངས་རྒྱས་ཀྱི་སྐུ་མིག་གིས་མཐོང་འདོད་པ་ལྟ་བུ་མ་ཡིན་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་སྙམ་པའི་བསྔོ་བ་དང༌། ཆོས་སྟོན་པ་ཆོས་ཀྱི་སྦྱིན་པར་བསྡུས་ལ། གཞན་གྱི་དོན་དུ་སངས་རྒྱས་འཐོབ་པར་དམ་བཅས་པའི་བདེན་ཚིག་བསྲུང་བ་ནི་སྔ་མ་རྣམས་ཀྱིས་བསྡུ་བ་སྟེ་བཅུ་ནི་ས་དང་པོའི་ཡོངས་སྦྱོང་ཡིན་ལ། དེའང་མདོ་ལས་བསམ་པ་སེམས་བསྐྱེད་དང་མི་དམིགས་པ་དང་བསྔོ་བ་གསུམ་དགོས་པར་གསུངས་པ་ལྟར་འདི་ལ་ཚང་གསུང༌། གཉིས་པའི་ཡོངས་སྦྱོང་ནི་ཚུལ་ཁྲིམས་གསུམ་མདོར་བསྟན་ནས་ཕན་པ་བྱས་པ་དྲན་པ་དང་སོ་ཐར་གྱི་སྡོམ་པ་ནི་ཉེས་སྤྱོད་སྡོམ་པ་ཡིན་པས། གཤེ་ཡང་སླར་མི་གཤེ་བ་སོགས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞིའི་སྒོ་ནས་དགེ་སློང་དུ་གཙོ་བོར་འཇོག་དགོས་པས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། རང་གི་སྔར་བྱས་ཀྱི་དགེ་བ་ལ་མི་འགྱོད་པར་དགའ་བ་བསྒོམ་པ་དང༌། དེ་ཙམ་གྱིས་ཆོག་ཤེས་མི་བསྟེན་པར་གོང་མ་དོན་དུ་གཉེར་ན་དགེ་བ་རྣམས་རང་གི་ངང་གིས་འདུ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སྐྱེ་བོ་ཐམས་ཅད་ལ་བྱམས་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། དེ་དག་ཀྱང་དགེ་བའི་བཤེས་གཉེན་ལ་རག་ལས་པས་མཁན་པོ་སོགས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་དང༌། དེའང་ཟང་ཟིང་གི་ཆེད་དུ་མ་ཡིན་པར་དེ་ལས་གདམས་ངག་ཉན་པ་དང༌། ཉན་ནས་གདམས་དོན་ཕྱིན་དྲུག་ལ་སྤྲོ་བ་སྟེ་བརྒྱད་ཀྱིས་ས་གཉིས་པ་ཡོངས་སུ་སྦྱོང་བ་ཡིན་ལ། རྣམ་བཤད་དང་གསེར་འཕྲེང་གཉིས་ན་ཕར་ཕྱིན་ལྷག་ཚུལ་ལ་སྦྱོར་བའི་གསལ་ཁ་མེད་ཀྱང༌། རྣམ་བཤད་ཀྱི་ཚིག་གི་ནུས་པ་ལ་ཕར་ཕྱིན་ལྷག་ཚུལ་ལ་སྦྱར་ན་རུང་ངམ་སྙམ་པ་ཞིག་ཡོད་པས་སྦྱིན་པ་དང་ཚུལ་ཁྲིམས་སོགས་ལ་སྦྱར་བ་འདི་གཞུང་ཆེན་མོ་གཞན་གྱི་བཤད་ཚུལ་དང་འགྲིག་ན་རུང་གི །མིན་ན་བཏང་སྙོམས་སུ་བཞག་ན་ལེགས་གསུང༌།
ཚོགས་སྒྲུབ་འཕྲོས་ཚུལ་མདོ་དང་རྩ་བ་ཅུང་མི་འདྲ་སྟེ་རྩ་བར་འཇུག་སྒྲུབ་ལས་འཕྲོས་ཏེ་ཚོགས་སྒྲུབ་བསྟན་ལ་མདོ་ལས་ཚོགས་སྒྲུབ་ལ་གོ་སྒྲུབ་དང་འཇུག་སྒྲུབ་ལ་འཕྲོས་པའི་ཚན་པ་གཉིས་བྱས་ཏེ་བསྟན་པ་ཡིན་གསུང༌། བུདྡྷ་ཤྲཱིའི་སྡུད་འགྲེལ་ལྟར་ན། ཞུམ་པའི་སེམས་མེད་པ་ཞེས་པ་འདི་ཟུང་འབྲེལ་གྱི་ཚོགས་ལ་སྦྱར་ནས་ཞི་མཐའ་འགོག་པའི་སྙིང་རྗེ་ལ་བྱས་པ་དང༌། མཁའ་འདྲ་ཞེས་སྟོང་ཉིད་ལ་བྱས་ཏེ་དེའི་སྐབས་སུ་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང༌། དགའ་སྐྱིད་ཅེས་པ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཐོབ་པའི་ཆ་ནས་སྐྱིད་པ་དང༌། གཉེན་པོ་མཐོང་སྒོམ་གྱིས་དྲི་མ་སྤང་བའི་ཆ་ནས་བདེ་བ་ཐོབ་པར་བྱེད་པ་དང༌། གང་ཞིག་ཞོན་ནས་ཞེས་པ་མན་ཆད་ངེས་འབྱུང་སྒྲུབ་པ་ལ་སྦྱར་འདུག་གསུང༌། སློབ་དཔོན་ལྟར་ན་སེམས་མེད་པ་ཞེས་པ་དོན་དམ་པར་མི་དམིགས་པ་ལ་སེམས་མི་ཞུམ་པ་གསུངས་ཤིང༌། འདིས་སྟོང་ཉིད་དངོས་སུ་སྟོན་པ་ཡིན་པས་དེ་ལ་སྦྱོར་དགོས་སམ་སྙམ་གསུང༌། འཇུག་སྒྲུབ་ལས་འཕྲོས་ནས་ཐེག་ཆེན་གང་ཡིན་དྲིས་པའི་ལན་དུ། ཐེག་ཆེན་གྱི་ལམ་སྤྱིའི་སྡོམ་ཐབས་མཁས་ནས་གཟུངས་ཀྱི་བར་དང༌། ཞུགས་པའི་ཚད་དྲིས་པའི་ལན་དུ། ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་མཐོང་ལམ་ནས་བཞག་པ་ལྟར་སའི་ཚོགས་དང༌། གང་ནས་ངེས་པར་འབྱུང༌། གང་དུ་གནས་པར་འགྱུར། གང་ཞིག་གི་ངེས་པར་འབྱུང་བ་གསུམ་ནི་དུས་གསུམ་ལ་སྦྱོར་དགོས་པས། སྡུད་པར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐའ་དང་ཕྱི་མཐའ་དང༌། །ཞེས་སོགས་ཀྱིས་བསྟན་པ་ཡིན་གསུང༌། སྦས་དོན་མངོན་རྟོགས་ལའང་ཡུམ་གྱི་མདོ་ལས་གསལ་བར་མ་བསྟན་པས་ཁྱབ་པ་མེད་དེ། སའི་ཡོངས་སྦྱོང་འདི་དག་ཉི་ཁྲི་སོགས་ནས་གསལ་བར་གསུངས་ལ། དེའང་མདོ་ལས་སྦྱོང་བྱའི་སྒོ་ནས་བསྟན་པ་དང༌། རྒྱན་ལས་ས་སྦྱང་གཞི་བྱས་ཏེ་དེ་སྦྱོང་བྱེད་ཀྱི་ལྡོག་ཆ་ནས་བཤད་པ་གཉིས་དོན་གཅིག་ཏུ་འགྲོ་གསུང༌། ས་གསུམ་པའི་ཡོངས་སྦྱོང་ནི། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་གསུངས་པ་ལྟར་ཆོས་ལ་ངེས་སེམས་ཀྱི་བཟོད་པ་མཉམ་བཞག་ཏུ་སྟོང་ཉིད་སྒོམ་པའི་སྟོབས་ཀྱིས་རྗེས་ཀྱི་ཚེའང་རྒྱུ་མཐུན་ནམ་ཕན་ཡོན་ལྟ་བུར་གང་འོངས་པ་ཡིན་ན་དམ་པའི་ཆོས་ཐོས་པ་ལ་རྩོམ་པ་ཇེ་ཆེར་སོང་བས་དགེ་བའི་བཤེས་གཉེན་ལས་ཆོས་ཐོས་པས་མི་ངོམས་པ་དང༌། ཆོས་ཐོས་པ་དེའང་གང་ཟག་གི་རིགས་འགའ་ཞིག་ལ་ཟང་ཟིང་འབུལ་བ་སོགས་ཀྱི་རྙེད་པ་ལ་དགའ་བ་དང༌། ཡང་འགའ་ཞིག་ཕྱག་འཚལ་བ་དང་སྙན་པར་སྨྲ་བ་དང་གདན་བཤམས་པ་སོགས་ཀྱི་བཀུར་སྟི་ལ་དགའ་བ་དག་ཡོད་པས་དེ་ལྟ་བུ་མ་ཡིན་པར་གཞན་ལ་ཕན་སེམས་ཀྱིས་རབ་ཏུ་སྟོན་པར་བྱེད་པ་གཉིས་ནི་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ལ་སྦྱོར་བ་དང༌། ས་ཕྱོགས་ཚེར་མ་དང་རྡོ་བ་སོགས་ཀྱིས་རྩུབ་པོ་དང་དེར་གནས་པའི་མིའང་གདུག་རྩུབ་ཆེ་བ་ཕལ་ཆེར་སྣོད་བཅུད་གཉིས་འགྲོས་མཐུན་པ་དེ་ལྟ་བུ་ནི་ཁོང་ཁྲོ་བའི་བདག་འབྲས་ཡིན་པས། ཚེར་མ་སོགས་མེད་པའི་རིན་པོ་ཆེའི་རང་བཞིན་གྱི་ཞིང་དག་པ་དེའང་ཁོང་ཁྲོ་བཀག་པ་ལ་ལྟོས་པ་དང༌། བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །ཞེས་སོགས་ལྟར་རང་ཉིད་ཀྱི་གཟུགས་བཟང་བ་འཁོར་ཕུན་ཚོགས་ཐམས་ཅད་རང་ལ་དགའ་བར་འགྱུར་བ་སོགས་ཀྱང་བཟོད་པའི་འབྲས་བུ་ཡིན་ལ། དེས་ན་རྒྱལ་པོའི་ཁྲིམས་ཀྱིས་སྲོག་གི་ཆད་པ་ཡོད་པ་ཞིག་ཡན་ལག་གཞན་ཞིག་བཅད་པས་ཐར་པར་འགྱུར་ན་དགའ་བཞིན་དུ་དེ་དང་དུ་ལེན་པ་ལྟར་རྟེན་བརྟེན་པ་ཡོངས་སུ་དག་པའི་འབྲས་བུ་ཁྱད་པར་བ་དེ་ལྟ་བུ་སྒྲུབ་པའི་ཕྱིར་དུ་སྡུག་བསྔལ་ཇི་འདྲ་ཞིག་ཐོག་ཏུ་བབས་ཀྱང་དང་དུ་ལེན་རིགས་པས་སྡུག་བསྔལ་དང་ལེན་གྱི་བཟོད་པ་དང༌། ཕན་བཏགས་པའི་ལན་དུ་གནོད་པ་སྒྲུབ་པ་སོགས་ཀྱིས་ཚེ་དེ་ལ་ལན་གློན་པའི་འདུ་ཤེས་མི་སྐྱེ་བར་ཉོན་མོངས་པའི་གཞན་དབང་དུ་གྱུར་ཚུལ་སོགས་བསམ་སྟེ་ཅི་མི་སྙམ་པའི་བཟོད་པ་དང༌། བྱང་སེམས་ལ་ལུས་ངག་གི་བདུན་གནང་བའི་སྐབས་ཡོད་ཀྱང་ཡིད་ཀྱི་གསུམ་གནང་བའི་སྐབས་མེད་ལ། བྱང་སེམས་ཀྱི་བསྲུང་བྱའི་གཙོ་བོ་སྙིང་རྗེ་ཡིན་པས་ཆགས་པ་ལྟ་བུ་དེ་དང་བྱ་བ་མི་འགལ་ལ། ཁོང་ཁྲོ་ནི་དེའི་གེགས་ཀྱི་གཙོ་བོ་ཡིན་པས་རྣམ་པ་ཐམས་ཅད་དུ་སྤང་དགོས་པས། དེ་ལྟ་བུའི་མི་དགེ་བ་ལ་རང་དང་གཞན་ལ་ལྟོས་ཏེ་འཛེམ་པས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ལྔས་ས་གསུམ་པ་ཡོངས་སུ་སྦྱང་བ་ཡིན་ལ། རློམ་མེད་ནི་ལྔ་ག་ལ་སྦྱོར་དགོས་གསུང༌། ས་བཞི་པ་ལ་ཡོངས་སྦྱོང་བཅུ་སྟེ། དེའང་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་ལ་གསུམ་སྟེ་བྱ་བ་ངན་ཞེན་གྱི་ལེ་ལོ་དང༌། སྒྱིད་ལུག་དང༌། བདག་ཉིད་བརྙས་པའོ། །རང་གིས་བྱང་ཆུབ་སྒྲུབ་པའི་མི་མཐུན་ཕྱོགས་ཟས་ནོར་ལོངས་སྤྱོད་འབད་པས་སྒྲུབ་པའི་བྱ་བ་ཞིག་ལ་ལེ་ལོ་དང་པོ་འཇོག་སྟེ། འདི་འཇིག་རྟེན་ན་བརྩོན་འགྲུས་ཞེས་གྲགས་ཀྱང་བརྩོན་འགྲུས་མ་ཡིན་ཏེ། བརྩོན་འགྲུས་ནི། བརྩོན་གང་དགེ་ལ་སྤྲོ་བ་འོ། །ཞེས་གསུངས་པ་ལྟར་ཡིན་ལ། འདི་ནི་བརྩོན་འགྲུས་ཀྱི་རྫས་འཆལ་བའི་བྱ་བ་ངན་ཞེན་གྱི་ལེ་ལོ་ཡིན་པའི་ཕྱིར་རོ། །དེས་ན་ཆོས་སྒྲུབ་པའི་རྟེན་ལ་ཁྱིམ་པ་ལས་རབ་ཏུ་བྱུང་བ་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པ་དང༌། མདོ་སྡེ་རྒྱན་ལས། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟའི་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་ལས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། བྱང་སེམས་འཁོར་བསྒྱུར་ལས་ཀྱང་བྱང་སེམས་རབ་བྱུང་ལ་བསྔགས་པ་ཡིན་པས། ཐོག་མར་བཀའ་གདམས་པས་གཉེན་པོ་བསྟེན་པ་ལས་ཡུལ་ངན་སྤོང་བ་གལ་ཆེ་ཞེས་གསུངས་པ་ལྟར་བྱ་བ་ངན་པ་ཐམས་ཅད་འབྱུང་བའི་རྩ་བ་ཁྱིམ་ན་གནས་པ་འདི་གཅིག་པུ་ལ་འཁྲི་པ་རྩད་ནས་གཅོད་ནུས་ན་གཞན་ཐམས་ཅད་ཞར་ལ་ཆོད་འགྲོ་བས་ཕ་ཡུལ་སྤངས་ནས་དབེན་པའི་ནགས་ན་གནས་པ་དང༌། དབེན་པ་ལའང་ཕྱི་ནང་གི་གཉིས་ཡོད་པས་ཕྱི་འདུ་འཛི་ལས་དབེན་པ་དང༌། ནང་རྣམ་གཡེང་གིས་དབེན་པ་དང༌། འདིར་སྤྱི་ཙམ་ལའང་མི་བྱེད་པར་རྣམ་བཤད་ལྟར་དམན་པའི་ཡིད་བྱེད་ཀྱིས་དབེན་པ་ལ་འཇོག་དགོས་པའི་ཕྱིར། དབེན་པའི་ནགས་ན་གནས་པ་དེའི་ཚེའང་མཛོད་ལས། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་རྙེད་ལ་འདོད་འདོད་ཆེན་ཅན། །ཞེས་གསུངས་པ་ལྟར་རྙེད་པ་སྔར་མ་ཐོབ་པ་ལ་ཐོབ་ན་ཅི་མ་རུང་སྙམ་པ་འདོད་པ་ཆེ་བ་དང༌། ལྷག་པ་དོན་དུ་གཉེར་བའི་ཆོག་མི་ཤེས་པ་ཡིན་ལ། ཡང་ཁ་ཅིག་དེ་གཉིས་ཀ་མ་རྙེད་པ་ལ་སྲེད་པར་མཚུངས་པའི་ཕྱིར་མཚན་ཉིད་དེས་འབྱེད་མི་ནུས་པས། ངན་ཉུང་རྙེད་པ་ལ་མི་དགའ་བ་དང༌། བཟང་མང་རྙེད་པས་མ་ཚིམ་པ་ལ་ཟེར་བས་དེ་གཉིས་ཀ་སྤང་ནས་འདོད་ཆུང་དང་ཆོག་ཤེས་བསྟེན་པ་དང༌། འཁྲི་བ་གཅོད་བྱེད་ཀྱི་ཐབས་སྦྱངས་པའི་ཡོན་ཏན་བཅུ་གཉིས་བསྟེན་པ་དང༌། དེའང༌། བསོད་སྙོམས་པ་དང་སྟན་གཅིག་ཕྱིས་མི་ལེན། །ཆོས་གོས་གསུམ་དང་ཕྱིང་བ་ཕྱག་དར་ཁྲོད། །དགོན་པ་ཤིང་དྲུང་པ་དང་བླ་གབ་མེད། །དུར་ཁྲོད་ཙོག་བུ་པ་དང་གཞི་ཇི་བཞིན། །ཞེས་གསུངས་པ་ལྟར། བཅུ་གཉིས་དང་བསོད་སྙོམས་པ་ལ་རིམ་གྱིས་པ་དང་རྙེད་པས་ཆོག་པ་གཉིས་ཕྱེ་ན་སྦྱངས་པའི་ཡོན་ཏན་བཅུ་གསུམ་ཡོད་གསུང༌། དམ་བཅའ་དེ་དག་སྲོག་ལ་བབས་ཀྱང་འདོར་མི་རིགས་ཏེ། སངས་རྒྱས་བྱང་སེམས་ཐམས་ཅད་དཔང་པོར་བཞག་ནས་ཁས་བླངས་པས་དེ་ཐམས་ཅད་བསླུས་པར་འགྱུར་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཁས་བླངས་པས་དེ་དག་ཀྱང་བསླུས་པར་འགྱུར་བའི་ཕྱིར། འདོད་པའི་ཡོན་ཏན་ནི། མནོག་ཆུང་ཞིང་མཐར་འདོར་བའི་ཆོས་ཅན་ཡིན་པས་དེ་ལ་སྒོ་དུ་མ་ནས་ཉེས་དམིགས་སུ་བལྟས་ཏེ་འགོག་པར་བྱེད་པ་སྟེ་དྲུག་པོ་འདི་བྱ་བ་ངན་ཞེན་གྱི་ལེ་ལོ་འགོག་ཚུལ་དངོས་དང༌། འོ་ན་ལེ་ལོ་དེ་བཀག་ནས་བྱ་བ་གང་ཞིག་བྱེད་ཅེ་ན། བྱང་སེམས་གཞན་དོན་གཙོ་བོ་ཡིན་པས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ནས་མྱང་འདས་ལ་གཞོལ་བར་བྱེད་པ་དང༌། དེའང་ཐོག་མར་ཟང་ཟིང་གིས་འཁོར་དུ་བསྡུས་ཏེ་མ་སྨིན་པ་སྨིན་པ་དང༌། སྨིན་པ་གྲོལ་བར་བྱེད་པ་སོགས་ཡིན་ལ། འདི་ཡན་ཆད་ཀྱིས་བྱ་བ་ངན་ཞེན་གྱི་ལེ་ལོ་སེལ་ཚུལ་དངོས་བརྒྱུད་ཅི་རིགས་ཀྱི་སྒོ་ནས་བསྟན་པ་ཡིན་ནོ། །མ་ཞུམ་པ་དང་ཞེས་པས་སྒྱིད་ལུག་དང་བདག་ཉིད་བརྙས་པའི་ལེ་ལོ་གཉིས་ཀའི་གཉེན་པོ་གསུངས་ཏེ། བླ་མེད་བྱང་ཆུབ་སྒྲུབ་པ་དེའང་ཡུན་ཐུང་ངུ་ཙམ་ཞིག་མ་ཡིན་པར་བསྐལ་པ་གྲངས་མེད་དུ་སྒྲུབ་དགོས་པ་དང༌། སྒྲུབ་རྒྱུའི་བྱ་བ་དེའང་སླ་བ་མ་ཡིན་པར་མགོ་དང་རྐང་ལག་སྦྱིན་པར་གཏོང་བ་སོགས་བྱ་དཀའ་བ་དང༌། དེའང་རེ་རེ་ཙམ་གྱིས་མི་ཆོག་པར་སྦྱིན་པ་སོགས་སྣ་མང་པོ་ཞིག་སྒྲུབ་དགོས་པས་ཡུལ་ལ་སྐྲག་ནས་སྒྱིད་ལུག་པའི་ལེ་ལོ་གཅིག་དང༌། ཡུལ་རྒྱ་ཆེན་པོ་དེ་གང་ཟག་ཁྱད་པར་བ་གཞན་གྱིས་ནུས་ཀྱང་བདག་ལྟ་བུས་ག་ལ་ནུས་སྙམ་དུ་བདག་ཉིད་བརྙས་པའི་ལེ་ལོ་གཅིག་དང་གཉིས་ཡོད་པས་དེ་གཉིས་ཀྱི་གཉེན་པོར་སྤྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་ཐོག་མར་བདག་ལྟ་བུའི་ཐ་མལ་པ་རེ་ལམ་ལ་ཞུགས་ནས་སངས་རྒྱས་པ་ཡིན་པས་བདག་གིས་ཅིའི་ཕྱིར་མི་ནུས་སྙམ་དུ་སྤྲོ་བ་བསྐྱེད་པ་དང༌། ཁྱད་པར་ས་བཞི་པ་པས་རང་ལ་དེ་ལྟ་བུའི་ནུས་པ་ཡོད་པར་མཐོང་ནས་འཇུག་པས་མི་ཞུམ་པའི་བརྩོན་འགྲུས་བསྐྱེད་པ་དང༌། དངོས་པོ་ཐམས་ཅད་ལ་ལྟ་བ་མེད་པ་དང་བཅས་པའི་ཡོངས་སྦྱོང་བཅུ་རྣམས་སུ་ཡོད་པའི་ཕྱིར། ས་ལྔ་པའི་ཡོངས་སྦྱོང་བཅུ་ཡོད་པས་འདི་དག་བསམ་གཏན་གྱི་ཕར་ཕྱིན་ལྷག་ཚུལ་དང་སྦྱར་ན། ཤིན་ཏུ་འབྲེལ་བ་ལྟ་བུ་ཞིག་འདུག་སྟེ། སྤྱོད་འཇུག་ལས་བསམ་གཏན་གྱི་ཕར་ཕྱིན་སྐབས་སུ་སྤང་བྱ་འདི་དག་དང་སྦྱར་ནས་གསལ་བར་གསུངས་པའི་ཕྱིར། དེས་ན་བསམ་གཏན་སྒོམ་པ་ལ་སྐྱེ་བོ་མང་པོ་དང་འགྲོགས་འདྲིས་བྱེད་པ་ཐོག་མར་སྤང་དགོས་པས་དེའང་རང་གིས་རྙེད་པ་སོགས་ཐོབ་ན་སྙམ་པ་ཞེ་ཕུགས་ལ་བཞག་ནས་རྒྱལ་པོ་དང༌། འབྱོར་ལྡན་དང༌། འདུལ་བ་ནས་གསུངས་པ་ལྟར་དགེ་སློང་མ་སོགས་ལ་གནས་སྐབས་སུ་ཕན་འདོགས་པ་ལྟར་བཅོས་ཏེ་དེ་དག་ལ་འདྲིས་འགྲོགས་བྱེད་པ་སོགས་གཏན་ནས་མི་རིགས་པ་ཡིན་ཏེ། རྒྱུ་མཚན་གང་གིས་ཕྱིར་ན། དགྲ་གཉེན་སྐད་ཅིག་རེ་རེ་ལའང་འགྱུར་ནས་འགྲོ་བ་དང༌། རང་གི་རྣམ་གཞག་གཏན་གྱི་འདུན་མ་དམ་པའི་ཆོས་ཀྱང་འཇིག་པར་འགྱུར་བའི་ཕྱིར་ཏེ། སྤྱོད་འཇུག་ལས། དེ་ལ་སེམས་པ་འབའ་ཞིག་གིས། །ཚེ་འདི་དོན་མེད་འདའ་བར་འགྱུར། །རྟག་པ་མེད་པའི་མཛའ་བཤེས་ཀྱིས། །གཡུང་དྲུང་ཆོས་ཀྱང་འཇིག་པར་བྱེད། །ཅེས་གསུངས་པའི་ཕྱིར། ཁྱིམ་ལ་འཁྲེན་པ་ཞེས་པ་རང་ལ་ཟས་གོས་སོགས་སྟེར་བའི་ཁྱིམ་བདག་དད་པ་ཅན་ཞིག་ཡོད་ན་དེས་གཞན་ལ་རྙེད་བཀུར་སོགས་བྱེད་དོགས་ནས་དེ་གཞན་གྱིས་མི་ཚོར་བར་སྦེད་པར་བྱེད་པ་མི་རིགས་ཏེ། རྒྱུ་མཚན་ནི། རང་གི་སེམས་ཅན་ཐམས་ཅད་སྒྲོལ་དགོས་པས་རང་གིས་དེ་དག་ལ་རྙེད་བཀུར་སོགས་བྱེད་དགོས་པ་ལ་རང་གིས་དེ་ལྟར་མི་ནུས་ནའང་གཞན་གྱིས་དེ་ལྟར་བྱེད་པ་འགོག་པ་ནི་གཏན་ནས་མི་རིགས་པའི་ཕྱིར། སྤྱོད་འཇུག་ལས། བདག་གི་སྐྱོན་ཡང་སྦ་བྱ་ཞིང༌། །བདག་ནི་མཆོད་འགྱུར་འདི་ལ་མིན། །བདག་དེང་རྙེད་པ་ལེགས་རྙེད་ཅིང༌། །བདག་ནི་བཀུར་འགྱུར་འདི་ལ་མིན། །ཞེས་གསུངས་པའི་ཕྱིར། དེའི་ཚེ་གྲོང་སོགས་འདོད་ཡོན་ལ་གཡེང་ན་བསམ་གཏན་ལས་ཉམས་པར་འགྱུར་བས་འདུལ་བ་ནས་བསྙེན་པར་རྫོགས་པ་བསླབ་ཚིགས་འོག་མ་དགེ་ཚུལ་སོགས་དང་ཞག་ཏུ་འགྲོགས་མི་རུང་བར་གསུངས་པ་དང༌། བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ལ་སོགས་པའི་གཏམ་སྨྲ་བ་དང་ཡིད་ལ་བྱེད་པ་སྐྱེད་པར་བྱེད་པ་དེ་ལྟ་བུའི་ནང་དུ་གནས་མི་རུང་བར་གསུངས་པ་ལྟར། གྲོང་གི་དུར་ཁྲོད་ལ་དགའ་བར་གྱུར་ན་འོག་མ་དང་འགྲོགས་པས་གོང་མར་འགྲོ་བ་ཤིན་ཏུ་དཀའ་བ་འོག་མ་དང་འགྲོགས་པས་ཉམས་པར་འགྱུར་བ་ལ་ཚེགས་མེད་པས་དེ་དག་གི་ཤན་ཞུགས་ནས་རང་གི་སྤྱོད་པ་ལས་ཉམས་པར་འགྱུར་བའི་ཕྱིར། དེས་ན་གྲོང་གི་དུར་ཁྲོད་ལ་དགའ་བར་མི་རིགས་ཏེ། སྤྱོད་འཇུག་ལས། རུས་གོང་འགའ་ཞིག་མཐོང་ནས་ནི། །དུར་ཁྲོད་དུ་ནི་ཡིད་འབྱུང་ན། །གཡོ་བའི་རུས་གོང་གིས་ཁྱབ་པའི། །གྲོང་གི་དུར་ཁྲོད་ལ་དགའ་འམ། །ཞེས་གསུངས་པའི་ཕྱིར། གཞན་དད་པར་བྱེད་པ་དང༌། ཚུལ་ཁྲིམས་ལ་འགོད་པ་སོགས་ཀྱི་ཆེད་དུ་མིན་པར་རང་གིས་རྙེད་བཀུར་ཐོབ་ཏུ་རེ་ནས་རང་གི་ཡོན་ཏན་སྤྱོམ་པའི་སྒོ་ནས་གཞན་ལ་སྒྲོག་པར་བྱེད་པ་དང༌། གཞན་ལ་དེ་མཁས་ཀྱང་དེའི་ཚུལ་ཁྲིམས་སོགས་ཁ་རལ་སྣ་རལ་དུ་སོང་ཞེས་སྨོད་པར་བྱེད་པ་དང༌། བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་སོགས་ལ་དགའ་བར་བྱེད་མི་རིགས་ཏེ། སྤྱོད་འཇུག་ལས། བདག་ལ་སྨོད་པ་གཞན་ཡོད་ན། །བསྟོད་པས་བདག་དགར་ཅི་ཞིག་ཡོད། །བདག་ལ་བསྟོད་པ་གཞན་ཡོད་ན། །སྨད་པས་མི་དགར་ཅི་ཞིག་ཡོད། །སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང༌། །ཞེས་གསུངས་པའི་ཕྱིར་རོ། །
མི་དགེ་བའི་ལས་ལམ་བཅུས་བདེ་འགྲོ་ཙམ་ཡང་ཐོབ་པར་མི་ནུས་ན་སངས་རྒྱས་ཐོབ་པར་ག་ལ་ནུས་ཏེ་མི་ནུས་པའི་ཕྱིར་ན་སྤང་རིགས་པ་ཡིན་ཏེ། འཇུག་པ་ལས། རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས། །དམ་པའི་ལས་ལམ་བཅུ་ཆར་གསོག་པར་བྱེད། །ཅེས་གསུངས་པའི་ཕྱིར། ཚེ་འདིར་རྙེད་པ་དང་ཐོས་པ་ལ་སོགས་པས་གཞན་སུ་ལའང་འཇིགས་མི་དགོས་པ་ལྟ་བུ་རློམ་སེམས་བྱས་ན། ཕྱི་མར་སུས་ཀྱང་མི་རྩི་ཞིང་ཐམས་ཅད་ལ་འཇིགས་དགོས་པ་ཞིག་འོང་བས། ང་རྒྱལ་ནི་རྣམ་པ་ཐམས་ཅད་དུ་སྤང་དགོས་ཏེ། སྤྱོད་འཇུག་ལས། བདག་ནི་རྙེད་མང་བཀུར་སྟི་བཅས། །བདག་ལ་མང་པོ་དགའ་འོ་ཞེས། །དེ་འདྲའི་སྙེམས་པ་འཆང་གྱུར་ན། །ཤི་བའི་འོག་ཏུ་འཇིགས་པ་སྐྱེ། །ཞེས་གསུངས་པའི་ཕྱིར། དགེ་བ་དང་མི་དགེ་བ་ལས་བཟློག་སྟེ། ཞེས་པ་ནི་མདོ་ལས་དགེ་མི་དགེ་ལ་བདེན་པར་ཞེན་པ་ལ་གསུངས་ཤིང༌། འདིར་གོ་སླ་བའི་དབང་དུ་བྱས་ཏེ་དགེ་བ་ལ་མི་དགེ་བར་འདུ་ཤེས་པ་དང༌། མི་དགེ་བ་ལ་དགེ་བར་འདུ་ཤེས་པ་ལ་གསུངས་ལ། རྩ་བར་ཕྱིན་ཅི་ལོག་ཅེས་གསུངས་པས་དེའི་གཉེན་པོར་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང༌། ལོག་པར་ལྟ་བ་ལ་སོགས་པ། ཞེས་པ་ལ་རྒྱན་སྣང་ལས། འཇིག་ཚོགས་ལ་ལྟ་བ་ཞེས་སོགས་འབྱུང་བས། ཁ་ཅིག་ལོག་ལྟ་མཐོང་སྤང་ཡིན་པས་འདིའི་ལོག་ལྟ་ཕུང་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ལྟ་བའི་འཇིག་ལྟ་ལ་བྱས་ནས་སོགས་ཁོངས་ནས་མཐར་ལྟ་འདོན་ཟེར་བ་ཡོད་ཀྱང༌། དེ་ལྟར་ན་འདིའི་མདོ་ལས་ཐེ་ཚོམ་ཞེས་འབྱུང་བ་མི་འཐད་དགོས་ཏེ་མཐོང་སྤང་ཡིན་པའི་ཕྱིར་རོ། །དེས་ན་འདིའི་སོགས་ཁོངས་ནས་ལྟ་བ་བཞི་བཏོན་ནས་ལྔ་ག་ལ་གསུངས་ཏེ། སྐབས་འདིར་ས་ལྔ་པའི་ངོས་སྐལ་བྱས་ཏེ་དངོས་གཉེན་གྱིས་སྤོང་དགོས་པར་གསུངས་པ་མིན་ཡང་སྔར་སྤངས་ཟིན་པ་ཐག་བསྲིང་བའི་གཉེན་པོའི་སྒོ་ནས་གསུངས་པས་སྐྱོན་མེད་དོ། །ཉོན་མོངས་བཟོད་ཅེས་པ་ནི། དཔེར་ན་བཟོད་པ་ནི་གནོད་པ་བྱས་པ་ལ་ལན་མི་བྱེད་པར་བག་ཡངས་སུ་འཇོག་པ་ལ་ཟེར་བ་ལྟར། ཆགས་སོགས་ཉོན་མོངས་པ་བྱུང་བའི་ཚེ་ཁོ་རང་གི་གང་འདོད་ལྟར་བག་ཡངས་སུ་འཇོག་པ་སྟེ། མདོ་ལས་ཉམས་རེངས་སུ་བྱེད་པ་ཞེས་པའང་དེ་ཡིན་ལ། བག་ཡངས་སུ་བཏང་བས་ཉེས་པ་ཐམས་ཅད་ལ་སྦྱོར་བར་བྱེད་པའི་ཕྱིར། དེའི་གཉེན་པོ་ཆགས་སོགས་མི་དམིགས་པར་སྒོམ་པར་བྱེད་དོ། །དེ་ལྟར་ན་རྙེད་བཀུར་སོགས་ཀྱི་རྒྱུ་ལས་རྣམ་གཡེང་འབྱུང་ལ། དེའི་སྟེང་དུ་ལྟ་བ་ལྔ་དང༌། ཆགས་སོགས་ཉོན་མོངས་ཐམས་ཅད་ཀྱིས་རུབ་བརྒྱབ་ནས་འོང་ཞིང་འདུ་བར་འགྱུར་བས། དེ་རྣམས་ཀྱི་གཉེན་པོ་སྒོ་གསུམ་བག་ཡོད་ལ་བརྩོན་པར་རིགས་ཏེ། སྤྱོད་འཇུག་ལས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ལུས་དང་སེམས་ནི་དབེན་པ་ཡིས། །རྣམ་པར་གཡེང་བ་མི་འབྱུང་ངོ༌། །ཞེས་གསུངས་པའི་ཕྱིར། དེས་ན་ས་ལྔ་པའི་ཡོངས་སྦྱོང་གི་སྐབས་འདི་དང༌། སྤྱོད་འཇུག་གི་བསམ་གཏན་གྱི་སྐབས་འདི་གཉིས་རྩ་འགྲེལ་ལྟ་བུར་སྣང་ལ། རང་རེའི་ཡིག་ཆར་སྤྱོད་འཇུག་གི་བསམ་གཏན་གྱི་ལེའུའི་སྐབས་སུ་འཇུག་སྡོམ་ཆོ་གས་བླངས་ཏེ་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་བསྟན་པར་གསུངས་པའང་སྐབས་འདི་དག་ཡིན་ཞིང༌། གོང་དུ་བཤད་པའི་རང་གི་རྙེད་པ་འདོད་པ་དང༌། གཞན་གྱི་རྙེད་པ་འགོག་པ་སོགས་གོ་བཟློག་ན་བདག་གཞན་མཉམ་བརྗེའི་སེམས་སྦྱོང་ཚུལ་དུ་འགྲོ་བ་དང༌། འགྲེལ་པ་འདིར་ཡང་བསམ་གཏན་གྱི་མི་མཐུན་ཕྱོགས་ལ་ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་བཞག་པ་སོགས་གཞུང་གོང་འོག་བསྒྲིགས་ནས་དཔྱད་ན་གོ་བ་ཆེན་པོ་ཞིག་ཆགས་པར་སྣང་གསུང༌། སྔ་མ་བཞིན་དུ་ཡོངས་སྦྱོང་བཅུས་ས་ལྔ་པ་ཞེས་པ་ནི། སྔར་བཤད་པ་ལྟར་མི་དམིགས་པས་རྒྱས་འདེབས་དགོས་པར་གསུངས་པ་ཡིན་ལ། དེའི་རྒྱུ་མཚན་ཡང་མདོ་ལས་ཐབས་ཀྱི་ཆ་གང་གསུངས་པའི་ཚེ་མི་དམིགས་པར་ཡིད་ལ་བྱའོ་ཞེས་གསུངས་པ་དང༌། ཤེས་རབ་ཀྱི་ཆ་གང་གསུངས་པའི་ཚེ་རྣམ་མཁྱེན་དང་ལྡན་པས་ཡིད་ལ་བྱའོ་ཞེས་གསུངས་པ་དེ། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཉམས་སུ་ལེན་དགོས་པར་ཤེས་པའི་ཆེད་ཡིན་གསུང༌། ས་དྲུག་པ་ལ་ཡོངས་སྦྱོང་བཅུ་གཉིས་ཡོད་པས་ཕྱི་མ་དྲུག་སྔ་མ་དྲུག་གི་ལག་རྗེས་ཡིན་ལ། དེའང་རྣམ་བཤད་ལྟར་ན་ཉན་ཐོས་དང་རང་རྒྱལ་གྱིས་མི་འདོད་པ་ཚུལ་ཁྲིམས་དང་བསམ་གཏན་གྱི་ལག་རྗེས་དང༌། མི་དམིགས་པ་ལ་མི་སྐྲག་པ་ཆོས་ལ་ངེས་སེམས་ཀྱི་བཟོད་པའི་ལག་རྗེས་དང༌། བསླང་ན་མི་ཞུམ་པ་དང༌། བཏང་ཡང་མི་དགའ་མེད་པ་གཉིས་སྦྱིན་པ་དང་བརྩོན་འགྲུས་ཀྱི་ལག་རྗེས་དང༌། དབུལ་ཡང་སློང་བ་མི་སྤོང་བ་ཤེས་རབ་ཀྱི་ལག་རྗེས་ཡིན་ལ་གསེར་འཕྲེང་ལྟར་ན་གོ་རིམ་མཐར་ཆགས་སུ་སྦྱོར་དགོས་ཤིང༌། ཐ་མ་ཤེས་རབ་ཀྱི་ལག་རྗེས་སུ་འགྱུར་ཚུལ་ལོངས་སྤྱོད་མེད་ནས་སྦྱིན་པ་གཏོང་མ་ནུས་པ་མིན་གྱི། ཤེས་རབ་མེད་པས་སྦྱིན་པ་གཏོང་མ་ནུས་པ་ཡིན་ཏེ། ཤེས་རབ་ཡོད་ན་བདག་པོས་མ་བཟུང་བའི་ཕྱིར། རི་རབ་དང་ཚལ་ལ་སོགས་པ་གཏོང་ཆོག་པ་དང༌། སྐྱེས་རབས་སུའང་བདུད་ཀྱིས་བར་ཆད་བརྩམས་པས་ཡོ་བྱད་ཐམས་ཅད་མི་སྣང་བར་བྱས་ཀྱང་རྩྭ་བཏུས་ཏེ་སྦྱིན་པར་བཏང་བ་དང༌། རྟག་ངུས་ཆོས་འཕགས་བསྟེན་པའི་ཚེ་བདུད་ཀྱིས་ཆུ་མི་སྣང་བར་བྱས་ཀྱང་རང་གི་རྩ་བོ་ཆེ་ལ་སོགས་པ་གཏར་ནས་ཁྲག་གིས་ཆག་ཆག་བཏབ་པར་གསུངས་པ་ལྟ་བུ་ཡིན་པས་ལོངས་སྤྱོད་དང་ལྡན་པས་སྦྱིན་པ་གཏོང་བ་ཤེས་རབ་ལ་མི་ལྟོས་ཀྱང་ལོངས་སྤྱོད་མེད་པར་སྦྱིན་པ་གཏོང་བ་ཤེས་རབ་ལ་ལྟོས་དགོས་པས། བཀྲེན་ཡང་སློང་བ་མི་སྤོང་བ་ཤེས་རབ་ཀྱི་ལག་རྗེས་སུ་བཞག་པ་ཡིན་གསུང༌། འདི་ཤེས་རབ་ཀྱི་ཕར་ཕྱིན་ལྷག་ཐོབ་དང་སྦྱོར་དགོས་པར་ཤེས་རབ་རྫོགས་པས་ཞེས་པ་འདིས་བསྟན་པ་ཡིན་ནམ་སྙམ་སྟེ། སྤྱིར་རྫོགས་པ་ཙམ་འདི་ནས་མ་ཐོབ་པས་རྫོགས་ཞེས་པ་ལྷག་ཐོབ་དང་ཕར་ཕྱིན་དྲུག་ཀའི་མཐའི་གསལ་བྱེད་དུ་བྱས་ནས་ས་འདིར་དྲུག་པ་དང༌། ས་ལྔ་པར་ལྔ་ལྷག་པ་ནས་ས་དང་པོར་གཅིག་ལྷག་པའི་བར་བསྟན་པ་དང༌། བརྒྱད་སྟོང་པ་ལས་ཀྱང་ཐེག་པ་ཆེན་པོ་ལ་ཇི་ཙམ་གྱིས་ཞུགས་པ་ཡིན་དྲིས་པའི་ལན་དུ་ཕར་ཕྱིན་དྲུག་གི་སྒོ་ནས་འཇུག་པར་གསུངས་པས་ཕར་ཕྱིན་ལྷག་ཐོབ་ལ་སྦྱོར་བ་འདི་མདོ་དང་རྩ་བའི་དགོངས་པ་ཡིན་ནམ་སྙམ་གསུང༌། ཡང་ན་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པ་ལྟར། ཕར་ཕྱིན་གཞན་རྣམས་ཡན་ལག་དང་ཤེས་རབ་ཀྱི་ཕར་ཕྱིན་ས་འདིར་རྫོགས་པར་བསྟན་པ་ལ་བྱེད་གསུང༌། ཤེས་རབ་ལ་དབྱེ་ན་ཇི་སྙེད་པ་རྟོགས་པ། ཇི་ལྟ་བ་རྟོགས་པ། གཞན་དོན་སྒྲུབ་བྱེད་ཀྱི་ཐབས་རིག་གནས་ཤེས་པའི་ཤེས་རབ་དང་གསུམ། ཡང་ན་རྒྱ་ཆེ་བའི་ལམ་རྟོགས་པའི་ཤེས་རབ། ཟབ་མོའི་ལམ་རིམ་རྟོགས་པའི་ཤེས་རབ། གཞན་དོན་སྒྲུབ་ཚུལ་རྟོགས་པའི་ཤེས་རབ་དང་གསུམ་ཡོད་ལ། ཐེག་ཆེན་པ་ཟབ་མོ་ལྟ་བའི་སྒོ་ནས་མ་ཡིན་པར་གཙོ་བོར་ཐབས་ཀྱི་སྒོ་ནས་ཉན་རང་ལས་ཁྱད་པར་དུ་འཕགས་པ་ཡིན་པས་དགའ་དང་ཞེས་པ་ཡན་ཆད་ཀྱིས་རྒྱ་ཆེ་བའི་ལམ་རིམ་རྟོགས་པའི་ཤེས་རབ་དང་གསུམ་སྐྲག་པའི་སེམས་སྤངས་པ་ཞེས་པས་ཟབ་མོའི་ལམ་རིམ་རྟོགས་པའི་ཤེས་རབ་བསྟན་ལ། ཕྱི་མ་གསུམ་གྱིས་སྦྱོར་དངོས་མཇུག་གསུམ་གྱི་སྒོ་ནས་གཞན་དོན་སྒྲུབ་ཚུལ་གྱི་ཤེས་རབ་བསྟན་པས་སྦྱོར་བའི་དུས་སུ་ཕངས་པ་མེད་པར་གཏོང་བ་ལ་སྤྲོ་བས་མི་ཞུམ་པ་དང༌། དངོས་གཞིའི་དུས་སུ་ཡིད་འགྱུར་ནས་རྩེ་གཉིས་སུ་འགྲོ་བ་ལྟ་བུ་མ་ཡིན་པར་སེམས་མི་འགྱུར་ཞིང་རྩེ་གཅིག་ཏུ་གནས་པས་མི་དགའ་བ་མེད་པ་དང༌། ཐམས་ཅད་བཏང་ཚར་བའི་རྗེས་སུའང་ང་ལ་ཡོ་བྱད་མི་འདུག་སྙམ་དུ་འགྱོད་པ་སོགས་མི་བསྐྱེད་པ་སྟེ། མདོར་ན་གཞན་དོན་སྒྲུབ་པ་ལ་སྦྱོར་དངོས་རྗེས་གསུམ་གང་གི་སྐབས་སུའང་མ་རྨོངས་པའི་ཤེས་རབ་ཅིག་དགོས་པ་ཡིན་གསུང༌། ས་བདུན་པའི་ཡོངས་སྦྱོང་ནི་སྤང་བྱ་ཉི་ཤུ་དང་གཉེན་པོ་ཉི་ཤུ་ཡོད་པ་འགྲེལ་པ་གཞན་རྣམས་ཀྱིས་གོ་རིམ་དཀྲུགས་ནས་སྦྱར་ཡང༌། རྒྱན་སྣང་དང་ཤེར་སྒྲོན་ལས་གོ་རིམ་མཐར་ཆགས་སུ་སྦྱར་བ་ལྟར། འགྲེལ་ཆུང་འདིར་ཡང་སྦྱར་བས། དེའང་བདག་གི་ངོ་བོ་བདེན་པར་ལྟ་བའི་གཉེན་པོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་བཅུ་ལ་མཚན་མར་གསུངས་ཤིང་སེམས་ཅན་གྱི་རིས་སོ་སོར་འབྱེད་པའང་དེ་འདྲ་ཞིག་གི་སྟེང་ནས་འཇོག་དགོས་པས། སེམས་ཅན་གྱི་མཚན་མའམ་རིས་སོ་སོར་དོན་དམ་པར་ཞེན་པའི་གཉེན་པོར་མཚན་མ་མེད་པའི་ཏིང་ངེ་འཛིན་དང༌། སྨོན་པ་ནི་ཁམས་གསུམ་ལ་སྨོན་པ་ཞེས་གསུངས་པས་ད་ལྟའི་ཕུང་པོ་ལ་མི་འབྲལ་བར་སྲེད་པ་དང༌། མ་འོངས་པའི་ཕུང་པོ་ལ་ཐོབ་འདོད་ཀྱི་སྲེད་པ་སྟེ་ལུས་སེམས་རྟེན་བརྟེན་པའི་འབྲེལ་བ་མ་ཆད་པ་སྲོག་ཡིན་ལ། དེ་ལ་ཞེན་པ་ནི་ད་ལྟའི་ཕུང་པོ་དང་མི་འབྲལ་བར་སྲེད་པའི་རྣམ་པར་ལྟ་བ་ཡིན་པས། དེའི་གཉེན་པོར་སྨོན་མེད་ཀྱི་ཏིང་ངེ་འཛིན་དང༌། ལས་གསོག་པ་པོའི་བདག་ཚུགས་ཐུབ་ཧྲིང་ངེ་བ་མེད་པས་ཆ་མེད་པའི་གཅིག་པུའི་བདག་ཏུ་འཛིན་པའི་གཉེན་པོར་བསད་བྱ་དང་གསོད་པ་པོ་དང་བསད་པ་སོགས་དང༌། སྦྱིན་པ་དང་ཚུལ་ཁྲིམས་སོགས་ཀྱི་འཁོར་གསུམ་མི་དམིགས་པར་རྟོགས་པ་དང༌། ཆད་པར་ལྟ་བའི་གཉེན་པོར་སྙིང་བརྩེ་བ་སྟེ། ཆད་པར་ལྟ་བའང་གསེར་འཕྲེང་ནས་སེམས་ཅན་ཚེ་འཕོས་ནས་རྒྱུན་ཆད་པར་འཛིན་པ་ལ་གསུངས་ཤིང༌། སྤྱིར་རྣམ་བཤད་དང༌། གསེར་འཕྲེང་གཉིས་ཀྱི་ཚིག་གི་ནུས་པ་འདོན་ལུགས་ཀྱང་རྣམ་བཤད་ཀྱིས་ཉམས་ལེན་ལ་སྦྱར་ནས་གསུངས་པ་དང༌། གསེར་འཕྲེང་གིས་བཤད་པ་མཐའ་ཆོད་པར་བྱེད་དེ་ཞར་ལ་དོགས་པ་ཆུང་ངུ་ཡོད་པའང་བཅད་ནས་གསུངས་པ་ཡིན་ལ། རྣམ་བཤད་ལྟར་ན་སེམས་ཅན་འཁོར་བ་ཐོག་མེད་ནས་ད་ལྟའི་བར་རྒྱུན་མ་ཆད་པར་བྱུང་བ་དང༌། སྡུག་བསྔལ་བར་མ་ཆད་དུ་མྱོང་བས་དེ་ལ་སྙིང་རྗེ་སྐྱེ་ཚུལ་བསྟན་པ་ཡིན་ནོ། །བདེན་གྲུབ་ཀྱིས་རྟག་པར་ལྟ་བའི་གཉེན་པོར་རློམ་མེད་དང༌། ཐ་སྙད་དུ་བཟང་ངན་ཡོད་ཀྱང་གྲིབ་མ་ལ་མི་འདྲ་བ་མེད་པ་ལྟར། ཐ་སྙད་དུ་འཁོར་འདས་ལ་བླང་དོར་སོ་སོར་འབྱེད་ཀྱང་ཆོས་དབྱིངས་སུ་རོ་གཅིག་པས་དོན་དམ་པར་བླང་དོར་གྱི་མཚན་མ་སོ་སོར་འཛིན་པའི་གཉེན་པོར་སྲིད་ཞི་མཉམ་ཉིད་དུ་རྟོགས་པ་དང༌། ཐེག་གསུམ་ལ་རྒྱུ་ཐ་དད་པ་གསུམ་ཡོད་པས་མཐར་ཐུག་ཐེག་པ་གསུམ་དུ་འཛིན་པའི་གཉེན་པོར་ཉན་རང་གཉིས་ཀྱང་མཐར་འཚང་རྒྱ་བས་མཐར་ཐུག་གི་རྒྱུ་གཅིག་ཏུ་རྟོགས་པ་དང༌། ཕུང་པོ་བདེན་པར་འཛིན་པའི་གཉེན་པོར་མིང་གཟུགས་དོན་དམ་པར་མི་སྐྱེ་བར་རྟོགས་པ་དང༌། ཁམས་བཅོ་བརྒྱད་ལ་བདེན་པར་ཞེན་པའི་གཉེན་པོར་བཟོད་ཤེས་དང༌། སྐྱེ་མཆེད་རྣམས་དོན་དམ་པར་ཡུལ་ཡུལ་ཅན་དུ་ཞེན་པའི་གཉེན་པོར་ཡུལ་དང་ཡུལ་ཅན་ཕན་ཚུན་ལྟོས་པར་རྟོགས་པ་དང༌། ཁམས་གསུམ་དོན་དམ་པར་གནས་པར་འཛིན་པའི་གཉེན་པོར་རྟོགས་པ་ཀུན་ཏུ་འཇོམས་པ་དང༌། རས་གཤེར་བ་ལ་རྡུལ་ཆགས་པ་ལྟར་ཆགས་པའི་རླན་དང་བཅས་པས་མཚན་མར་འཛིན་པའི་འདུ་ཤེས་དང༌། ལྟ་བ་ལྔ་དང་ཉོན་མོངས་ཐམས་ཅད་འདྲེན་པར་བྱེད་པས་དེའི་གཉེན་པོར་འདུ་ཤེས་དང་ཉོན་མོངས་སྤོང་བར་བྱེད་པ་དང༌། སེམས་ཅན་གྲངས་མང་བ་དང༌། དེའི་དོན་དུ་ཐོབ་རྒྱུའི་སངས་རྒྱས་དེའང་ཁྱད་པར་འཕགས་པས་རྒྱུའི་ངོ་བོ་སོགས་གང་གི་དབང་དུ་བྱས་ཀྱང་མི་ནུས་སྙམ་དུ་ཞུམ་པའི་དམན་པའི་ཡིད་བྱེད་ཀྱི་གཉེན་པོར་ཐེག་པ་ཆེན་པོ་ལས་མི་ཕྱེད་པའི་སེམས་རྩེ་གཅིག་པ་དང༌། སངས་རྒྱས་ཀྱི་རྒྱུར་བསོད་ནམས་ཀྱི་ཚོགས་གསོག་པའི་ཚེའང་འབྲས་བུ་སངས་རྒྱས་ལ་བདེན་ཞེན་འགོག་དགོས་ཤིང༌། བདེན་ཞེན་བཀག་པས་ཆོས་སྐུ་དང༌། བསོད་ནམས་བསགས་པས་གཟུགས་སྐུ་སྟེ་ཐབས་ཤེས་ཟུང་དུ་འབྲེལ་བས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་ཟུང་དུ་འབྲེལ་བ་འཐོབ་པ་སངས་རྒྱས་དཀོན་མཆོག་ལ་ལྟ་བའི་གཉེན་པོར་ལྷག་མཐོང་དང་ཐབས་ལ་མཁས་པར་བྱེད་པ་ཡིན་ལ། སྔགས་ཀྱི་སྐབས་ཆོས་གཟུགས་ཀྱི་སྐུ་འགྲུབ་པ་ལ་རྒྱུའི་དུས་སུའང་དེ་གཉིས་དང་ཆ་འདྲ་བའི་སྟོང་པ་ཉིད་དང་ལྷ་སྐུ་བསྒོམ་པ་གཉིས་ཀ་ཡོད་དགོས་པ་ཡིན་གསུང༌། ཆོས་སུ་ལྟ་བའི་གཉེན་པོར་སེམས་ཉེ་བར་ཞི་བ་དང༌། དགེ་འདུན་ལ་ལྟ་བའི་གཉེན་པོར་ཐོགས་པ་མེད་པའི་ཡེ་ཤེས་དང༌། ཚུལ་ཁྲིམས་ལ་ལྟ་བའི་གཉེན་པོར་ཐམས་ཅད་ལ་མངོན་པར་མ་ཞེན་པ་དང༌། ཤེར་ཕྱིན་གྱི་དོན་ཕྱིན་དྲུག་ལ་སློབ་པ་དང་བདེན་པར་མེད་པ་གཉིས་འགལ་བར་རྩོད་པ་དེ་ཡུམ་དོན་ལ་ཐོས་པ་རྒྱ་ཆེན་པོར་བྱས་ཏེ་བཟློག་དགོས་པས་དེའི་གཉེན་པོར་ཞིང་ཁམས་དུ་མར་སངས་རྒྱས་ལས་གདམས་ངག་རྒྱ་ཆེན་པོ་ཉན་པ་དང༌། དེ་ལ་བདེན་གཉིས་འགལ་བར་འཛིན་པའི་གཉེན་པོ་རང་གིས་ཤེས་ནས་བདེན་གཉིས་མི་འགལ་བའི་ཚུལ་གཞན་ལ་སྟོན་པར་བྱེད་པ་དེ་ཡིན་གསུང༌། ས་བརྒྱད་པའི་ཡོངས་སྦྱོང་ལ་བཞི་ཚན་གཉིས་ཡོད་ཅིང༌། དེའང་ས་འདིར་སྨོན་ལམ་གྱི་ཕར་ཕྱིན་རྫོགས་པ་ཡིན་ལ། བློ་གྲོས་མི་ཟད་པའི་མདོ་ལས་ཀྱང༌། ས་འདིར་མངོན་ཤེས་དང་ལྡན་པའི་སེམས་བསྐྱེད་གསུངས་ཤིང༌། གང་གི་དོན་དུ་སྨོན་ལམ་འདེབས་ཡུལ་གྱི་གདུལ་བྱ་དང་སྨོན་ལམ་འདེབས་ཚུལ་སོགས་མི་ཤེས་པར་སྨོན་ལམ་བཏབ་ཀྱང་མུན་ནག་ནང་དུ་རྡོ་འཕངས་པ་ལྟར་འགྱུར་བས། གཞན་དོན་སྒྲུབ་ཚུལ་ལ་མ་རྨོངས་པའི་མངོན་ཤེས་ཀྱི་སྟེང་ནས་སྨོན་ལམ་གྱི་ཕར་ཕྱིན་རྫོགས་དགོས་པས་ན། འདིར་ཡང་མངོན་ཤེས་ཀྱིས་གདུལ་བྱ་ཞིང་ཁམས་གང་ན་ཡོད་པའི་སེམས་ཀྱི་སྤྱོད་པ་སོགས་རབ་ཏུ་ཤེས་པ་དང༌། ཞིང་ཁམས་དེར་རྫུ་འཕྲུལ་གྱིས་འགྲོ་བ་དང༌། ཞིང་སྦྱོང་བ་ལ་རྟེན་དང་བརྟེན་པ་སྦྱོང་བ་གཉིས་ཡོད་པས། མདོ་སྡེ་རྒྱན་ལས། ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པ་ལྟར་ཞིང་དག་སྦྱོར་བ་ཐོབ་པས་རྟེན་ཞིང་སྦྱོང་བ་དང༌། ཡུམ་དོན་ཐོས་བསམ་གྱིས་བརྟག་པར་བྱ་བའི་ཕྱིར་སངས་རྒྱས་མཉེས་པར་བྱེད་པ་རྩ་བ་དང༌། སངས་རྒྱས་མཉེས་པར་བྱ་བའི་ཕྱིར་ཡུམ་དོན་ལ་ཐོས་བསམ་སྒོམ་གསུམ་བྱེད་པར་འགྲེལ་པས་གསུངས་པ་ལྟར་གཉིས་ཀའང་ཕན་ཚུན་རྒྱུ་ཅན་ཡིན་པས་དེ་དང༌། གདུལ་བྱའི་དབང་པོ་མཆོག་དམན་ཤེས་པ་དང༌། བརྟེན་པ་བཅུད་སྦྱོང་བ་དང༌། སྒྱུ་མ་ལྟར་གནས་པ་དང༌། བསམ་བཞིན་སྐྱེ་བ་ལེན་པ་དང་བརྒྱད་དོ། །ས་དགུ་པའི་ཡོངས་སྦྱོང་ནི་ས་བརྒྱད་པར་སྨོན་ལམ་གྱི་ཕར་ཕྱིན་ལྷག་པའི་སྟོབས་ཀྱིས་ས་འདིར་ཡང་ཡོན་ཏན་འདི་དག་ཐོབ་པ་ཡིན་ནམ་སྙམ་སྟེ། དེའང་བློ་གསལ་གླིང་པས་ས་དགུ་པར་སོ་སོར་ཡང་དག་རིག་པ་བཞི་མཚན་ཉིད་པ་ཐོབ་པར་འདོད་ལ། རང་ལུགས་ལ་རྗེས་མཐུན་པ་ཡིན་ཞིང༌། ངེས་ཚིག་དང་སྤོབས་པ་ཡང་དག་རིག་པ་གཉིས་དངོས་སུ་བསྟན་པས་ཆོས་དོན་ཡང་དག་རིག་པ་གཉིས་ཤུགས་ལ་བསྟན་པ་ཡིན་གསུང༌། དེའང་ལྷ་ཀླུ་གནོད་སྦྱིན་སོགས་ཀྱི་སྐད་ཤེས་ཤིང་དེ་དག་གི་སྐད་ཀྱིས་ཆོས་སྟོན་པའི་ངེས་ཚིག་སོ་སོ་ཡང་དག་རིག་པ་དང༌། གཞན་ལ་ཆོས་སྟོན་པ་ལ་མི་འཇིགས་པའི་སྤོབས་པ་ཆུ་བོའི་རྒྱུན་ལྟར་མི་ཟད་པའི་སྤོབས་པ་སོ་སོ་ཡང་དག་རིག་པ་དང༌། འདི་འདྲ་ཞིག་གི་སྟེང་ནས་སྟོབས་ཀྱི་ཕར་ཕྱིན་རྫོགས་པར་འཇོག་གསུང༌། བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་བའི་ཡུམ་སྒྱུ་མ་ལྷ་མཛེས་ལྟ་བུའི་མངལ་དུ་འཇུག་པ་དང༌། རྒྱ་གར་པ་རིགས་ལ་གཙོ་བོར་བྱེད་པས་རྒྱལ་པོ་ལ་སོགས་པའི་རིགས་སུ་སྐྱེས་པ་དང༌། དེའང་རྒྱལ་རིགས་དང་བྲམ་ཟེའི་རིགས་གཉིས་གཙོ་བོ་ཡིན་ལ། བདག་ཅག་གི་སྟོན་པའི་དུས་སུ་ཀུན་གྱིས་རྒྱལ་རིགས་ལ་མཆོག་ཏུ་བརྩི་བས་རྒྱལ་རིགས་སུ་སྐྱེས་པ་དང༌། བྱམས་པའི་དུས་སུ་བྲམ་ཟེའི་རིགས་ལ་མཆོག་ཏུ་བརྩི་བས་བྲམ་ཟེའི་རིགས་སུ་འཁྲུངས་པ་ཡིན་གསུང༌། རུས་ཕུན་སུམ་ཚོགས་པར་སྐྱེས་པ་ནི་བུར་ཤིང་གི་ཚལ་དུ་གཽ་ཏ་མའི་ཁུ་ཁྲག་གི་ཐིགས་པ་གཉིས་ས་ལ་ལྷུང་བ་དྲང་སྲོང་མདོག་ནག་གིས་བསྐྱངས་པ་ཉི་འོད་ཀྱིས་སྨིན་པར་བྱས་པ་ལས་སྐྱེས་པས་ན་བུ་རམ་ཤིང་པ་དང་ཉི་མའི་གཉེན་ཟེར་བ་ལྟ་བུ་ཡིན་གསུང༌། ཆོ་འབྲང་ནི་རང་གི་མའི་བདུན་བརྒྱུད་ཚུན་ཆད་དང་འབྲེལ་བའི་གཉེན་དང༌། རང་དབང་བའི་འཁོར་ནི་དགོས་དོན་རང་གི་འདོད་པ་ལྟར་སྒྲུབ་པའི་འཁོར་དང༌། བརྒྱ་བྱིན་སོགས་ཀྱིས་བསྟོད་པར་སྐྱེ་བ་ནི་བདག་ཅག་གི་སྟོན་པ་དེ་སྐུ་བལྟམས་པའི་ཚེ་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱི་ནང་དུ་བླངས་ཏེ་ཆེད་དུ་བརྗོད་པ་དང༌། ཁྲུས་མཛད་པ་ལྟ་བུ་ཡིན་གསུང༌། ངེས་པར་འབྱུང་བ་ནི་གནས་གཙང་མའི་ལྷ་དགེ་སློང་གི་ཆ་བྱད་དུ་འོང་བ་དགེ་སློང་དངོས་ཡིན་མིན་རྩོད་པ་ཡོད་ཀྱང་དེ་གཟིགས་པ་སོགས་ཀྱི་རྐྱེན་གྱིས་འཁོར་བ་ལས་ཡིད་འབྱུང་སྟེ་རབ་ཏུ་བྱུང་བ་དང༌། བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་ནི་བདག་ཅག་གི་སྟོན་པའི་ཨ་ཤྭད་ཐ་དང༌། བྱམས་པའི་ཀླུ་ཤིང་སོགས་ཡིན་པས། འདི་དག་རྗེས་མཐུན་པ་ས་དགུ་པ་འདི་ནས་ཐོབ་པའམ། ཡང་ན་འགྲུབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ས་འདི་ནས་ཐོབ་པ་ལ་བྱ་སྟེ། གསེར་འཕྲེང་ལས་ཀྱང་འདི་དག་རྗེས་མཐུན་པ་མ་བྱས་པར་དངོས་གནས་པར་བཤད་འདུག་པས་ས་དགུ་པར་འདི་དག་འགྲུབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཐོབ་པ་བྱས་ན་ལེགས་གསུང༌།
༈ ས་བཅུ་པ་ནི། སྒྲུབ་པའི་རྟེན། དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་དང་བཞི་ཡོད་པའི་ནང་ནས་སྒྲུབ་པའི་ངོ་བོ་ལའང༌། བསམ་པ་རྒྱ་ཆེ་བ་གོ་སྒྲུབ། སྦྱོར་བ་རྒྱ་ཆེ་བ་འཇུག་སྒྲུབ། ཚོགས་གཉིས་རྒྱ་ཆེ་བ་ཚོགས་སྒྲུབ། རྣམ་མཁྱེན་གདོན་མི་ཟ་བར་ངེས་པར་འབྱིན་པའི་ངེས་འབྱུང་སྒྲུབ་པ་དང་བཞི་ཡོད་པས། ཚོགས་སྒྲུབ་ལའང་སྙིང་རྗེ་ནས་གཉེན་པོའི་ཚོགས་ཀྱི་བར་བཅུ་བདུན་ཡོད་པའི་ནང་ནས་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལའང་ས་དང་གཉེན་ཚོགས་གཉིས་རྩ་བར་གསུངས་ཤིང༌། ཡེ་ཤེས་ཀྱི་ཚོགས་འགྲེལ་པས་ཁ་བསྐང་པ་དང་བཅས་པ་རྣམས་སུ་ཡོད་པ་ལས་རྒྱུའི་ས་ཡོངས་སྦྱོང་གི་སྒོ་ནས་རྒྱས་པར་བཤད་པ་ཡན་ཆད་སོང་ཟིན་ནས། ས་བཅུ་པ་དེ་སློབ་ལམ་ལ་ལྟོས་ཏེ་ཁྱད་པར་དུ་འགྲོར་མེད་ཅིང་མཐར་ཐུག་པས་ན་འབྲས་བུའི་ས་དང་ཡོངས་སྦྱོང་རྣམས་ཀྱང་དྲི་མ་སེལ་བ་དང་བྱི་དོར་བྱེད་པ་ལ་སྦྱོང་ཟེར་བ་ལྟར། སྐྱོན་སེལ་བ་དང་ཡོན་ཏན་རྫོགས་པའི་སྒོ་ནས་ས་གོང་མར་བགྲོད་པར་བྱེད་པ་ལ་འཇོག་པས་སློབ་ལམ་གྱི་དབང་དུ་བྱས་ནས་ཁྱད་པར་དུ་འགྲོར་མེད་པས་ས་འདི་ལ་ཡོངས་སྦྱོང་མ་གསུངས་ཀྱང༌། མི་སློབ་ལམ་ལ་ལྟོས་ཏེ་གོང་དུ་འགྲོར་ཡོད་ཅིང་རྒྱུའི་ས་རྣམས་ཀྱི་ཡོངས་སྦྱོང་བཤད་པ་ཐམས་ཅད་ས་འདི་ལ་ཡར་ལྡན་དུ་ཡོད་པའི་སྒོ་ནས་ས་འདིས་མཐར་ཐུག་སངས་རྒྱས་ཀྱི་སར་བགྲོད་པར་བྱེད་པའི་ཕྱིར་ན། ཡོངས་སྦྱོང་དོན་གྱིས་འཕངས་པ་ཡིན་པས་ས་འདི་ལ་ཡོངས་སྦྱོང་ཆད་པའི་སྐྱོན་དུའང་མི་འགྱུར་གསུང༌། ས་དགུ་འདས་ནས་ཞེས་པའི་འདའ་བྱ་ས་དགུ་ནི། དམན་པ་ས་བརྒྱད་དང༌། ས་དང་པོ་རབ་དགའ་ནས། དགུ་པ་ལེགས་པའི་བློ་གྲོས་ཀྱི་བར་དགུ་ལ་བྱང་ཆུབ་སེམས་དཔའི་ས་ཞེས་གཅིག་ཏུ་བགྲངས་པས་དགུ་པོ་དེ་ཡིན་ལ། དེའང་གསུང་རབ་གཞན་ལས་དམན་པ་ས་བརྒྱད་ཀྱི་དང་པོ་ལ་དཀར་པོ་རྣམ་པར་མཐོང་བའི་ས་འཇོག་པར་གསུངས་ཤིང་དེ་ཚོགས་ལམ་དང༌། རིགས་ཀྱི་ས་སྦྱོར་ལམ་ནས་འཇོག་པ་དང༌། སྤྱིར་དཀར་ཆོས་དགེ་བ་ཐམས་ཅད་ལ་དཀར་པོ་ཞེས་གསུངས་ཀྱང༌། འདིར་ངེས་འབྱུང་གི་བསམ་པས་ཟིན་པའི་ཐར་ལམ་ལ་བྱས་ནས་དེ་ཐོག་མར་མཐོང་བའམ་ཐོབ་པས་ན་དཀར་པོ་རྣམ་པར་མཐོང་བ་ཞེས་བྱའོ། །དེ་ལྟར་ན་འདའ་བྱ་ས་བཅུ་ཡོད་པར་འགྱུར་བ་དང༌། འདིའི་བཤད་བྱའི་ཡུམ་གྱི་མདོ་ནས་རིགས་ཀྱི་ས་དམན་པ་ས་བརྒྱད་ཀྱི་དང་པོ་ལ་གསུངས་པ་དང༌མཐུན་པར་འགྲེལ་པ་འདིར་ཡང་རིགས་ཀྱི་ས་དང་པོར་གསུངས་ལ། དེའང་ཉན་ཐོས་ལ་སོགས་པའི་རིགས་དང་ཞེས་སོགས་བརྒྱད་ཀྱིས་མིང་དེ་དག་གང་ལ་འཇུག་པའི་གཞིའི་དོན་བརྒྱད་པོ་ངོས་བཟུང་ནས། རིགས་དང་བརྒྱད་པ་དང༌། ཞེས་སོགས་ཀྱིས་མིང་གི་སྒོ་ནས་བཤད་པ་ཡིན་གསུངས། རིགས་ཀྱི་ས་སྦྱོར་ལམ་ནས་འཇོག་སྟེ། སྤྱིར་རིགས་ངེས་པ་ཙམ་ཚོགས་ལམ་ནས་ཡོད་ཀྱང༌། རང་གིས་རྟོགས་པའི་སྒོ་ནས་རིགས་ངེས་པ་སྦྱོར་ལམ་ནས་ཐོབ་པའི་རྒྱུ་མཚན་གྱིས་ཡིན་ལ། བཤད་ཚུལ་གཞན་ཡང་མཛོད་ལས། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་དྲོད་རྩེ་གཉིས་ལས་ཐེག་ཆེན་ལམ་དུ་འཇུག་པ་དང༌། བཟོད་པ་ནས་རང་རྒྱལ་ལམ་དུ་འཇུག་པ་ཡོད་པར་བཤད་པས། བཟོད་པ་ནས་དམན་ལམ་དུ་ངེས་པ་དང༌། བཟོད་ཆེན་ནས་རང་ལམ་དུ་རིགས་ངེས་པ་ཡིན་ནོ། །འོན་ཀྱང་རང་རྒྱུད་པས་སྦྱོར་ལམ་ནས་རང་ལམ་དུ་རིགས་ངེས་པར་འདོད། ཞུགས་འབྲས་བརྒྱད་ཀྱི་དགྲ་བཅོམ་ནས་ཡར་བགྲང་བའི་བརྒྱད་པ་ཡིན་པས་བརྒྱད་པའི་ས་དང༌། བདེན་པ་མངོན་སུམ་དུ་ཐོག་མར་མཐོང་བས་མཐོང་བའི་ས་དང༌། སྲབ་པ་དང་མཐུག་པ་ཟེར་བ་ལྟར་འདོད་ཉོན་དྲུག་སྤངས་ནས་གསུམ་ཙམ་ལུས་པའི་སྲབ་པར་བྱས་པས་སྲབ་པའི་ས་དང༌། འདོད་ཉོན་སྐོར་དགུ་སྤངས་པས་འདོད་ཆགས་དང་བྲལ་བའི་ས་དང༌། དགྲ་བཅོམ་ཐོབ་ཚེ་འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་སོགས་གསུངས་པར་འགྱུར་བ་དང༌། གོང་དུ་བཤད་པའི་སློབ་ལམ་རྣམས་ཀྱི་སྒྲུབ་པའི་བྱ་བ་མྱང་འདས་ཐོབ་པས་བྱས་པ་རྟོགས་པའི་ས་དང༌། ཚུལ་དང་ལམ་དང་ལུགས་རྣམས་དོན་གཅིག་པ་ལྟར་འདིར་ཡང་ཐེག་པའི་ཚུལ་གསུམ་རྣམ་པར་བཞག་པར་རྗེ་བཙུན་བྱམས་པ་སོགས་ཀྱིས་དགོངས་ནས་སམ། ཐེག་གསུམ་གྱི་རབ་དབྱེ་ཤེས་པའི་ཆེད་དང༌། ཞུགས་པ་ཕྱི་མ་གསུམ་མཐར་གྱིས་པའི་དབང་དུ་བྱས་ནས་འབྲས་གནས་སུ་འདུའང་མཐའ་གཅིག་ཏུ་འདུ་བའི་ངེས་པ་མེད་པས། དེའི་དབང་དུ་བྱས་ཏེ་ཕྱི་མ་གསུམ་ལ་ཉན་ཐོས་ཀྱི་ས་དང༌། རང་སངས་རྒྱས་ཀྱི་ས་དང༌། ས་དང་པོ་རབ་དགའ་ནས་དགུ་པ་ལེགས་པའི་བློ་གྲོས་དང་དགུ་ལ་བྱང་ཆུབ་སེམས་དཔའི་ས་ཞེས་གཅིག་ཏུ་བྱས་པའི་ས་དགུ་ལས་འདས་པ་སྟེ། འདའ་ཚུལ་ལ་བལྟས་ནས་འདའ་བ་དང༌། གནས་ནས་འདའ་བ་གཉིས་ཡོད་པས། ཉན་རང་གི་སྤངས་རྟོགས་ཐམས་ཅད་བྱང་ཆུབ་སེམས་དཔའི་ལམ་གྱི་བྱེད་པར་འདུས་ཤིང༌། གདུལ་བྱ་ཉན་རང་གི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་གང་ཟག་གི་བདག་མེད་ཕྱི་རོལ་དོན་སྟོང་མངོན་སུམ་དུ་མཐོང་ཞིང་ངོ་བོ་ཙམ་རྫོགས་ཀྱང་གཙོ་བོ་སྒོམ་པར་མི་བྱེད་པ་ཤེས་མཐོང་གིས་བལྟས་ནས་འདའ་བ་དང༌། ས་དང་པོར་ཡོངས་སྦྱོང་གི་སྒོ་ནས་གཙོ་བོར་ཉམས་སུ་བླངས་ཏེ་ཡོངས་སུ་རྫོགས་པ་ན་ས་གཉིས་པར་འཕོས་པ་སོགས་ཡོངས་སྦྱོང་གི་སྒོ་ནས་གཙོ་བོར་ཉམས་སུ་བླངས་ཏེ་ཡོངས་སུ་རྫོགས་པ་ནས་གོང་མ་གོང་མར་འཕོས་པ་ནི་གནས་ནས་འདའ་བའི་དོན་ཡིན་པས་བྱང་ཆུབ་སེམས་དཔའི་ས་ལས་གནས་ནས་འདའ་བ་ཡིན་གསུང༌། ས་དགུ་ལས་འདས་ནས་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དེ་ལ་འབད་རྩོལ་རགས་པ་ཞི་བས་མཛད་པ་ལྷུན་གྲུབ་སངས་རྒྱས་དང་ཆ་འདྲ་བར་ཡོད་ཅིང་འོད་ཟེར་ཆེན་པོའི་དབང་བསྐུར་སོགས་ཐོབ་ནས་སངས་རྒྱས་ཞེས་བརྗོད་ལ། སྤངས་རྟོགས་སངས་རྒྱས་དང་མི་མཉམ་པ་དང༌། གོང་དུ་འགྲོར་ཡོད་པ་དེ་ཤེས་པའི་ཆེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་མ་བརྗོད་པ་ཡིན་གསུང༌། གཉེན་པོའི་ཚོགས་ནི་སྤྱིར་གཟུང་འཛིན་རྟོག་པ་འཛིན་ཚུལ་དང༌། དམིགས་ཡུལ་གྱི་སྒོ་ནས་འཇོག་དགོས་པ་སོགས་ཡོད་ཀྱང༌། འདིར་ནི་ཡུལ་གཟུང་བ་ལ་ཀུན་ཉོན་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་གཉིས་དང༌། ཡུལ་ཅན་འཛིན་པ་ལ་རྫས་འཛིན་རྟོག་པ་དང་བཏགས་འཛིན་རྟོག་པ་གཉིས་དང་བཞི་ཡོད་ཅིང་ཀུན་བཏགས་བཞིའི་གཉེན་པོར་མཐོང་ལམ་བཞི་དང༌། ལྷན་སྐྱེས་བཞིའི་གཉེན་པོར་སྒོམ་ལམ་བཞི་འབྱུང་བས་གཉེན་པོ་ཚོགས་སྒྲུབ་བརྒྱད་ཡོད་པ་ཡིན་གསུང༌།
༈ ངེས་འབྱུང་སྒྲུབ་པ་ནི་གོང་དུ་བཤད་པའི་ཆེད་དུ་བྱ་བ་ཆེན་པོ་གསུམ་དང༌། བྱང་སེམས་ཀྱི་དོན་གཙོ་བོ་ལ་རང་དོན་དང་གཞན་དོན་གཉིས་ཡོད་པའི་རང་དོན་གྱི་རྒྱུའི་དབང་དུ་བྱས་ནས་ཆོས་ཐམས་ཅད་བདེན་སྟོང་མཉམ་པ་ཉིད་དུ་རྟོགས་པ་དང༌། ངོ་བོའི་དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་དང༌། མཚན་མ་མེད་པར་ལྷུན་གྱིས་གྲུབ་པ་གཉིས་དང༌། རང་དོན་ལའང་སྤངས་རྟོགས་གཉིས་ལས་རྟོགས་པ་ལའང་ཇི་ལྟ་བ་རྟོགས་པ་དང༌། ཇི་སྙེད་པ་རྟོགས་པ་གཉིས་ལས་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབུས་རྟོགས་པའི་ཡེ་ཤེས་ནི་ཇི་ལྟ་བ་རྟོགས་པ་དང༌། ཉོན་སྒྲིབ་དང་ཆོས་ཀྱི་བདག་འཛིན་ཕྲ་རགས་གཉིས་སོགས་ཐེག་གསུམ་གྱི་སྤང་བྱ་ཐམས་ཅད་སྤངས་པ་ཐོབ་པ་ནི་སྤངས་པ་དང༌། ཇི་སྐད་བཤད་པའི་ཆོས་ཐམས་ཅད་མཁྱེན་པ་ནི་ཇི་སྙེད་པ་རྟོགས་པ་སྟེ་དེ་རྣམས་འབྲས་བུའི་དབང་དུ་བྱས་པ་དང༌། ཁྱད་པར་གྱི་ལམ་ནི་དེ་དག་གི་ཉེ་རྒྱུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་བཅས་བརྒྱད་རྣམས་སུ་ཡོད་པའི་ཕྱིར། མདོ་ནས་འདི་དག་ཁྱད་གཞི་དང༌། སྟོང་པ་ཉིད་ཁྱད་ཆོས་སྒོ་ནས་གསུངས་ལ། འདིར་ཡང་མགོ་མཇུག་ཀུན་ཏུ་མི་དམིགས་པའི་སྒོ་ནས་ཉམས་སུ་ལེན་དགོས་པར་ཤེས་པའི་ཆེད་དུ་མི་དམིགས་པ་ཉིད་ཀྱིས་ངེས་པར་འབྱུང་བ་ཡིན་གསུང༌། བུདྡྷ་ཤྲཱི་ལྟར་ན། གང་ཞིག་ཞོན་ནས་ཞེས་པ་མན་ཆད་ངེས་འབྱུང་སྒྲུབ་པ་དང་སྦྱོར་ཞིང༌། དེའང་འཁོར་བ་ནས་མྱང་འདས་སུ་འགྲོ་བར་གསུངས་པ་དེ་འཁོར་བ་བདེན་གྲུབ་ནས་མྱང་འདས་བདེན་གྲུབ་ཅིག་ཏུ་འགྲོ་བར་བྱེད་པ་མིན་གྱི། འཁོར་འདས་གཉིས་དམིགས་སུ་མེད་པས་འཁོར་བ་ཟད་ཙམ་གྱི་ཆ་ལ་མྱང་འདས་ཐོབ་པར་འཇོག་དགོས་ཏེ། དཔེར་ན་མེ་འགག་ཙམ་གྱི་ཆ་ལ་མེ་ཤི་བ་ཞེས་ཟེར་བ་བཞིན་ཡིན་གསུང༌། མི་ཤི་ཞེས་པ་མ་དག་པ་ཡིན་གསུང༌། ཤླཽ་ཀ་འདིས་གཞན་དོན་གྱི་རྒྱུ་མཉམ་ཉིད་དངོས་སུ་བསྟན་ནས་གཞན་དོན་ངོ་བོ་ཤུགས་ལ་བསྟན་པ་ཡིན་ནོ། །དེ་ནས་ཤླཽ་ཀ་གཅིག་ནི། སྔོན་མཐའ་བྱང་སེམས་སོ་སྐྱེས་ཀྱི་སྐབས་དང༌། ཕྱི་མཐའ་སངས་རྒྱས་ཀྱི་ས་དང༌། ད་ལྟར་བྱུང་བ་བྱང་འཕགས་ཀྱི་གནས་སྐབས་དེ་དུས་གསུམ་ག་དམིགས་སུ་མེད་པས་ས་གོང་མར་བགྲོད་པ་སོགས་འཐད་པ་ཡིན་ལ། དེ་ལྟར་དམིགས་སུ་མེད་པར་སྤྱོད་པ་དེ་ནི་ཤེར་ཕྱིན་རྣལ་མར་སྤྱོད་ཅེས་པའི་དོན་ནོ། །སློབ་དཔོན་ལྟར་ན་བྱང་ཆུབ་སེམས་མཁས་རིག་པ། ཞེས་སོགས་མན་ཆད་ངེས་འབྱུང་སྒྲུབ་པ་དང་སྦྱོར་བ་ཡིན་ལ། དེའང་དུས་ཀྱི་ཚེ་ཞེས་པས་དུས་རྟག་པ་འགོག་པར་གསུངས་པའི་དོན་ནི། དཔེར་ན་འཇིག་རྟེན་ན་ང་སྔར་དེ་འདྲ་ཞིག་གི་ཐད་སོར་ཞེས་བརྗོད་པའི་ཚེ་ད་ལྟ་སྔར་གྱི་སྐབས་དེ་ལས་འགྱུར་སོང་བར་གོ་བ་བཞིན་དུ། དུས་ཀྱི་ཚེ་ཞེས་པས་དུས་འགྱུར་བར་གོ་བས་དུས་རྟག་པ་འགོག་གསུང༌། སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་ཞེས་སོགས་འདི་དག་གིས་ངེས་འབྱུང་སྒྲུབ་པའི་གཞན་དོན་རང་གི་ངོ་བོ་བསྟན་ནམ་སྙམ་སྟེ། སེམས་ཅན་དང་དེའི་སྡུག་བསྔལ་སོགས་བདེན་པར་གྲུབ་ན་དེ་སེལ་ཐབས་མེད་ཅིང༌། དེ་ལྟར་སྤྱོད་པ་ནི་ཤེར་ཕྱིན་རྣལ་མར་སྤྱོད་པ་མ་ཡིན་ནོ། །དེའང་སེམས་ཅན་དང་སེམས་ཅན་གྱི་སྡུག་བསྔལ་སོགས་བདེན་པར་དམིགས་སུ་མེད་པས་གཞན་དོན་བྱས་ཏེ་སྡུག་བསྔལ་ལས་གྲོལ་བ་སོགས་འཐད་ལ། བདེན་མེད་དེའང་ཆོས་དང་གང་ཟག་གཉིས་ལས་གང་ཟག་དང༌། རང་གཞན་གཉིས་ལས་ཀྱང་ཐོག་མར་རང་གི་བློའི་འཆར་ཚུལ་འདི་ལ་ལྟོས་ན་དགག་བྱ་ངོས་འཛིན་སླ་ཞིང༌། དེའི་གནད་ཀྱིས་དགག་བྱ་དེ་བཀག་པའི་མེད་དགག་སྟོང་ཉིད་ཀྱང་ངེས་སླ་བས་ཐོག་མར་རང་དང༌། དེ་ནས་སེམས་ཅན་གཞན་དང༌། དེ་ནས་ཆོས་ཀུན་ལ་སྦྱར་བར་བྱ་བ་ཡིན་གསུང༌། ཡེ་ཤེས་འཆི་མེད་དམ་པ་ཞེས་སོགས་འདི་དག་གིས་ངེས་འབྱུང་སྒྲུབ་པའི་རང་དོན་སྤངས་རྟོགས་གཉིས་བསྟན་ཏེ། འདིའི་འཆི་བ་ནི། སྐྱེ་རྒ་ན་འཆིའི་འཆི་བ་ཙམ་ལ་མི་བྱེད་པར་རྒུད་པ་དང་ཉེར་འཚེ་སྤྱི་ལ་བྱས་ནས་འཆི་མེད་ནི་ཉེར་འཚེ་མ་ལུས་པ་དང་བྲལ་བའི་སྤངས་པ་དང༌། དམ་པ་ནི་ཡེ་ཤེས་དམ་པ་རྟོགས་པ་ལ་བྱེད་གསུང༌། སྐབས་དང་ལེའུ་དང༌། རབ་དབྱེ་དང་སརྒ་རྣམས་མིང་གི་རྣམ་གྲངས་ཡིན་པས། ལེའུའི་དོན་ནི་འགྲེལ་པ་སྒྲོན་གསལ་གྱི་མཆན་ལས་པཊ་ལ་ཞེས་པ་ཤ་སྦྲང་དང་གྲང་བ་སོགས་ལས་སྐྱོབ་པར་བྱེད་པས་གོས་དང་སྣམ་བུ་སོགས་ལ་འཇུག་པར་གསུངས་ཤིང༌། ལ་ལ་ཏི་བསྣན་པས་ལ་ཏི་ཞེས་པ་འཛིན་པ་ལ་བྱས་ནས་བརྗོད་བྱ་རྣམས་དེར་འཛིན་པར་བྱེད་པའམ་ལེན་པར་བྱེད་པས་ན་ལེའུ་སྟེ། དེའང་སྐྱོབ་བྱེད་དངོས་ནི་བརྗོད་བྱ་ཡིན་པས་བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པ་དང༌། ཆོས་མངོན་པའི་མཛོད་ཅེས་བཤད་པ་ལྟ་བུ་ཡིན་གསུང༌། འདི་ཡན་ཆད་དུ་མདོའི་དབང་དུ་བྱས་ན་རབ་འབྱོར་གྱི་ལེའུ་དང༌། མངོན་རྟོགས་རྒྱན་གྱི་དབང་དུ་བྱས་ན་ཤེས་བྱ་རྣམ་མཁྱེན་མཚོན་བྱེད་ཆོས་བཅུའི་སྒོ་ནས་ཡོངས་སུ་རྫོགས་པ་ཡིན་གསུངས་སོ། །
༈ ཤེས་བྱ་མཁྱེན་གསུམ་གྱི་ནང་ནས་རྣམ་མཁྱེན་ཤེས་ནས་དོན་གཉེར་བསྐྱེད་དགོས་པས་ཐོག་མར་རྣམ་མཁྱེན་བཤད་ཟིན་ནས། རྣམ་མཁྱེན་དེ་ཐོབ་པར་བྱེད་པ་ལ་དེའི་ཐུན་མོང་མ་ཡིན་པའི་རྒྱུ་ལམ་ཤེས་ལ་སློབ་དགོས་པ་ཡིན་པས། དེའི་རྗེས་སུ་ལམ་ཤེས་གསུངས་པ་ཡིན་ལ། འདིར་དེ་ལྟ་བུའི་རྒྱུ་འབྲས་ཀྱི་འབྲེལ་བ་དེ་རྒྱུ་མཚན་དུ་བཀོད་ནས་མཚམས་སྦྱར་བ་ཡིན་ཞིང༌། རྟོགས་པ་ཞེས་པ་རྣམ་མཁྱེན་ཤེས་པ་ལ་མི་བྱེད་པར་རྣམ་མཁྱེན་ཐོབ་པ་ལ་བྱེད་དགོས་གསུང༌། སྤྱིར་སྐབས་དང་པོར་ཡང་རབ་དགའ་ལ་སོགས་པ་ས་བཅུ་དང༌། ཐེག་དམན་གྱི་སྦྱོར་མཐོང་སྒོམ་གསུམ་སོགས་རྒྱས་པར་བཤད་པས་ལམ་ཤེས་རྒྱས་པར་དངོས་སུ་མ་བསྟན་ཟེར་མི་རུང་བ་ཡིན་ལ། དེའང་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པའམ། ཐར་པ་དོན་གཉེར་གྱི་ཐར་ལམ་ཆ་ཚང་བ་མངོན་སུམ་དུ་མཁྱེན་པ་ཞིག་རྣམ་མཁྱེན་ཡིན་ནོ་ཞེས་ཡུལ་གྱིས་ཡུལ་ཅན་མཚོན་པར་བྱེད་པས་སྐབས་དང་པོར་ལམ་ཤེས་ཡུལ་གྱི་ལྡོག་ཆ་ནས་བསྟན་པ་དང༌། འདིར་མ་འོངས་པ་ན་རིགས་ཅན་གསུམ་གྱི་དོན་མཐའ་དག་སྒྲུབ་པར་བྱེད་པ་ལ་རྒྱུའི་དུས་སུའང་འབྲས་བུ་དེ་དང་མཐུན་པའི་ཐེག་པ་གསུམ་གྱི་ལམ་ཤེས་པའི་ལམ་ཤེས་ཆ་ཚང་བར་ཉམས་སུ་ལེན་དགོས་པ་ཡིན་ཞེས་ལམ་ཤེས་རྒྱུའི་ལྡོག་ཆ་ནས་སྟོན་པས་ན། སྐབས་དང་པོ་གཉིས་སུ་ལམ་ཤེས་རྒྱས་པར་དངོས་སུ་བསྟན་པར་འདྲའང་སྟོན་ཚུལ་མི་འདྲ་བ་ཡིན་གསུང༌། དེའང་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་ཡོད་པས་དང་པོ་ལམ་ཤེས་ཀྱི་ཡན་ལག་ལའང་རྟེན་གེགས་ང་རྒྱལ་མངོན་གྱུར་དང་བྲལ་བ་སོགས་ལྔ་ཡོད་པ་ལས། དང་པོ་ནི། སངས་རྒྱས་ཀྱི་ཤེར་ཕྱིན་གྱི་མདོ་གསུངས་པའི་འཁོར་དུ་རྒྱལ་ཆེན་རིས་བཞི་སོགས་འདོད་ལྷ་རིགས་དྲུག་དང༌། ཚངས་རིས་པ་སོགས་གཟུགས་ཁམས་ཀྱི་ལྷ་རྣམས་འདུས་པའི་ཚེ་དེ་དག་རྟེན་གེགས་ང་རྒྱལ་མངོན་གྱུར་དང་བྲལ་ཏེ་ལམ་ཤེས་སྐྱེ་བའི་སྣོད་རུང་དུ་བྱས་པ་ཡིན་ལ། སྤྱིར་བདེན་པ་ལ་གདུལ་བྱ་ཉོན་མོངས་གང་ལ་སྤྱོད་པ་ཤེས་ནས་འདོད་ཆགས་ཤས་ཆེ་བ་ལ་དེའི་གཉེན་པོ་དང༌། ཞེ་སྡང་ཤས་ཆེ་བ་ལ་རྫུ་འཕྲུལ་སོགས་ཀྱིས་དེའི་གཉེན་པོ་བསྟན་ནས་ཞི་བར་བྱས་ཏེ་སྣོད་རུང་དུ་བྱེད་པ་ཞིག་ངེས་ཅན་དུ་དགོས་པས། འདིར་ཡང་ལྷ་དེ་དག་ལ་རང་རང་གི་ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱལ་ཆེན་རིས་བཞི་འཇིག་རྟེན་སྐྱོང་བའི་ཁུར་དང༌། སུམ་ཅུ་རྩ་གསུམ་པ་ལོངས་སྤྱོད་དང༌། འཐབ་བྲལ་བ་ལྷ་མ་ཡིན་དང་འཐབ་མི་དགོས་པས་སོས་བདེ་བ་དང༌། དགའ་ལྡན་རྣམས་བྱམས་པ་བཞུགས་ཡོད་པ་དང༌། འཕྲུལ་དགའ་བ་དང༌། གཞན་འཕྲུལ་དབང་བྱེད་པ་གཉིས་རང་གི་སྤྲུལ་པ་དང༌། གཞན་གྱི་སྤྲུལ་པ་ལ་ལོངས་སྤྱོད་པ་སོགས་ཀྱིས་ང་རྒྱལ་སྐྱེ་བ་དང༌། ཐམས་ཅད་ལ་ཐུན་མོང་དུ་ཡོད་པ་གཟུགས་བཟང་བ་དང༌། ལུས་འོད་ཀྱི་རང་བཞིན་ཡིན་པས་དེ་དག་ངོམས་ཆོས་སུ་བྱེད་པའི་མངོན་པའི་ང་རྒྱལ་ཤས་ཆེ་བ་ཡིན་ལ། སངས་རྒྱས་ཀྱིས་ལྷ་དེ་དག་གི་བསམ་པ་མཁྱེན་ནས་གསེར་བཙོ་སྦྱངས་བྱས་པས་ལྕགས་གཡའ་དག་པ་ཟིལ་གྱིས་གནོན་པ་བཞིན་དུ། དེ་བཞིན་གཤེགས་པའི་འོད་ཀྱིས་ལྷ་དེ་དག་གི་འོད་ཟིལ་གྱིས་མནན་པས་མངོན་པའི་ང་རྒྱལ་ཞི་ནས་ལམ་ཤེས་སྐྱེ་བའི་སྣོད་རུང་དུ་བྱས་གསུང༌། དེའི་ཚེ་དེ་དག་ལམ་ཤེས་དངོས་སྐྱེ་བའི་སྣོད་ཡིན་ན་སྦྱོར་ལམ་པ་ཡིན་དགོས་པས། སྐྱེ་བའི་གེགས་དེ་དག་དང་ལྡན་པའི་ངེས་པ་མེད་ལ་སེམས་བསྐྱེད་གསར་དུ་སྐྱེ་བའི་སྣོད་ལ་བྱས་ན་དེ་དག་ཞི་བར་བྱེད་དགོས་གསུང༌། སྤྱིར་ང་རྒྱལ་ལའང་མངོན་པའི་ང་རྒྱལ་སོགས་དུ་མ་ཡོད་པས། ཡོན་ཏན་ཆུང་ངུ་ཞིག་ལ་དམིགས་ནས་ཆེན་པོར་རློམ་སེམས་བྱེད་པ་ལྟ་བུ་མངོན་པའི་ང་རྒྱལ་ཏེ་འདི་ལ་ཡོན་ཏན་ཞིག་ལ་དམིགས་པ་དགོས་གསུང༌། སྲོག་གཅོད་དང་རྐུ་འཕྲོག་བྱེད་པ་སོགས་ཡོན་ཏན་གཏན་ནས་མིན་པ་ཞིག་ལ་དམིགས་ཏེ་རློམ་སེམས་བྱེད་པ་ལྟ་བུ་ཞིག་ལ་ལོག་པའི་ང་རྒྱལ་དང༌། རང་ལས་མཆོག་ཏུ་གྱུར་པ་ཞིག་ལ་དམིགས་ཏེ་བདག་དེ་དང་ཁོག་ཆ་འདྲའང་འདི་འདྲ་ཞིག་གི་ཆ་ནས་བདག་ཅུང་ཟད་མི་མཉམ་ཞེས་གནས་སྐབས་ཞུམ་པའི་རྣམ་པ་ལྟ་བུ་ཞིག་ཡིན་ཀྱང་ཕལ་ཆེར་མཉམ་པར་འཛིན་པའི་ཞུམ་པའི་ང་རྒྱལ་དང༌། རང་ལས་ཅུང་དམའ་བ་ཞིག་ལ་དམིགས་ཏེ། འདི་ལས་བདག་ཆེས་ཁྱད་པར་དུ་འཕགས་སོ་ཞེས་འཛིན་པ་ལྟ་བུ་ལྷག་པའི་ང་རྒྱལ་དུ་འཇོག་པ་སོགས་ཡིན་གསུང༌། སྤྱིར་ལམ་ཤེས་སྐྱེ་བ་དང༌། བྱང་ཆུབ་ཀྱི་སེམས་སྐྱེ་བ་དང༌། ཆོས་ཉན་པ་སོགས་ཀྱི་ཚེའང་ཆོས་ལ་གུས་པ་དང༌། མངོན་པའི་ང་རྒྱལ་དང་བྲལ་བ་ཞིག་ངེས་ཅན་དུ་དགོས་པས་འདིར་མཚན་གཞི་ཙམ་བསྟན་པ་དང་ཆོས་ཉན་པའི་ཀུན་སློང་སོགས་བསྟན་པར་བླ་མ་སྔ་མ་རྣམས་ཀྱིས་གསུངས་ཤིང༌། ཉམས་ལེན་ལ་སྦྱོར་ཤེས་པ་ཞིག་དགོས་གསུང༌། ཆོས་ཉན་པའི་ཚེ་དེ་ལ་གུས་པ་དང་བཀུར་སྟི་སོགས་དགོས་པ་ནི་སྔོན་སངས་རྒྱས་ཀྱིས་མདོ་ཞིག་གསུངས་པའི་ཚེ་རྒྱལ་པོའི་བཙུན་མོ་ཞིག་མི་མང་པོའི་ནང་དུ་འོང་མ་ནུས་པར་གཡོག་མོ་ཞིག་བཏང་སྟེ། སངས་རྒྱས་ལས་ཆོས་ཉན་ནས་དེ་ཤེས་རབ་ཆེ་བ་ཞིག་ཡིན་པས་གང་གསུངས་པ་ཐམས་ཅད་བཟུང་སྟེ་སླར་འོངས་ནས་བཙུན་མོ་ལ་གང་གསུངས་ཐམས་ཅད་བཤད་ཀྱང་བཙུན་མོ་དེའི་རྒྱུད་ལ་རྟོགས་པ་གང་ཡང་མ་སྐྱེས། ཕྱི་ཉིན་ཡང་གཡོག་མོ་དེ་འོང་བས། བཙུན་མོ་ལ་འཕྲིན་ནས་བཤད་པ་དེ་སངས་རྒྱས་ཀྱིས་མཁྱེན་ཏེ་གཡོག་མོ་ལ། ཁྱིམ་པས་དེ་ལྟར་བཤད་པ་མི་ཆོག གལ་ཏེ་ཤོད་ཟེར་ན་སངས་རྒྱས་ཀྱིས་ངའི་ཆོས་འདི་སྔོན་བསྐལ་པ་མང་པོར་དཀའ་བ་སྤྱད་ནས་རྙེད་པའི་ཆོས་ཡིན་པས་ངས་ཀྱང་བཀུར་སྟི་སོགས་བྱ་དགོས་ན། ཁྱོད་ཀྱིས་ཆོས་ལ་བཀུར་སྟི་སོགས་མེད་པར་ཉན་མི་ཆོག་པར་སངས་རྒྱས་ཀྱིས་སྨྲས་པ་ཡིན་ཞེས་བཙུན་མོ་ལ་ཤོད་ཅིག་གསུངས་པས། དེས་ཀྱང་བཙུན་མོ་ལ་དེ་ལྟར་བཤད་པས་གདན་བཤམས་པ་སོགས་ཆོས་ལ་བཀུར་སྟི་བྱས་ནས་ཉན་པས་བདེན་པ་མཐོང་བའི་ལོ་རྒྱུས་དང༌། རྒྱལ་པོ་ཟས་གཙང་མ་སེམས་ཞུམ་པ་དང་ང་རྒྱལ་གཉིས་ཡོད་པས་རེ་ཞིག་བར་དུ་བདེན་པ་མཐོང་མ་ནུས་པ་ཡིན་ལ། ཞུམ་པ་ནི་གནས་སྐབས་དེར་སངས་རྒྱས་ལ་ལྷ་རྣམས་ཀྱིས་བསྙེན་བཀུར་སོགས་མེད་པས་སེམས་ཞུམ་པ་དང༌། རང་གི་སྲས་སངས་རྒྱས་ནི་རྫུ་འཕྲུལ་སོགས་ཆེ་བར་མཐོང་ནས་སེམས་ཁེངས་པ་ཡིན་པས་སངས་རྒྱས་ཀྱིས་དེའི་བསམ་པ་བཅོས་ནས་ཐབས་མཁས་ཀྱིས་གྲོལ་བར་མཛད་པ་སོགས་ཀྱིས་ཤེས་གསུང༌། སེམས་བསྐྱེད་རྒྱུད་ལ་སྐྱེས་ཏེ་ཐབས་ཤེས་ཟུང་འབྲེལ་ཉམས་སུ་ལེན་པ་ཞིག་ལ་ལམ་ཤེས་སྐྱེ་ཡི། ཐབས་ཤེས་ཉི་ཚེ་བ་ཙམ་ལ་མི་སྐྱེ་བས་གནས་སྐབས་ཡུལ་སོ་སོར་ངེས་པ་དང༌། སྐྱེ་རུང་ཙམ་གྱི་དབང་དུ་བྱས་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱ་རུང་གི་རིགས་ཀྱིས་ཁྱབ་པ་དང༌། དེའང་མདོ་ལས། གང་ཡང་དག་པའི་ནས་མཐུ་མེད་དོ་ཞེས་པ་འདི་ལྷན་ཅིག་བྱེད་རྐྱེན་སེམས་བསྐྱེད་པ་ཡོད་མེད་ཀྱིས་གནས་སྐབས་སོ་སོར་ངེས་པ་དང༌། དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ། །ཞེས་པ་འདིས་སེམས་ཅན་ཐམས་ཅད་རྒྱུ་རིགས་ཀྱིས་ཁྱབ་པ་བསྟན་པ་ཡིན་པས། ཁ་ཅིག་སྔ་མས་ཞི་བ་བགྲོད་པ་གཅིག་པུ་པ་དང༌། ཕྱི་མས་བྱང་ཆུབ་ཡོངས་འགྱུར་བསྟན་པར་འདོད་པ་ནི་ཤིན་ཏུ་མི་འཐད་དེ། དེ་དག་གི་ཞེས་པ། མཐུ་མེད་དོ་ཞེས་པ་དེ་ལ་སྙེགས་རིགས་པས་གཞི་གཅིག་ཡིན་པ་དང༌། བར་ཆད་མི་བྱེད་དོ་ཞེས་པས་སྔ་མ་དྲང་དོན་དུ་བཀྲལ་བའི་ཕྱིར་རོ། །བྱང་སེམས་སྡུག་བསྔལ་ཆོས་བཟོད་ཀྱི་བྱེད་པར་རྒྱུན་ཞུགས་ནས་དགྲ་བཅོམ་བར་གྱི་སྤངས་རྟོགས་ཐམས་ཅད་འདུ་ཞིང༌། གཞན་དོན་ཐབས་ཤེས་ཟུང་འབྲེལ་བྱེད་ཀྱིན་མི་འདུག་པར་བདག་མེད་སྒོམ་པ་དེ་དག་ཙམ་ལ་གཙོར་འདོན་བྱས་ཏེ་རང་ཉིད་ཀྱིས་ཉོན་མོངས་ཙམ་སྤོང་ཐབས་བྱས་ན་དེའི་ཚེ་སྤང་ནུས་མོད། ཚོགས་གཉིས་ཀྱི་ཐབས་མཁས་ཀྱིས་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང༌། རང་ཉིད་ཞི་བདེ་ལ་མི་གཞོལ་བས་ན། འཁོར་བ་མི་འདོར་བའི་རང་བཞིན་དང༌། དེའི་ཚེ་གདུལ་བྱ་འཁོར་དུ་མ་བསྡུས་པ་བསྡུས་པ་ནས་སྨིན་པ་གྲོལ་བའི་བར་བྱེད་པའི་བྱེད་ལས་དང་ལྔ་ཡོད་པ་ཡིན་གསུང༌། སྡུད་པར་ཡང༌། གང་ཞིག་གཟུགས་ལ་ཞེས་སོགས་ཤླཽ་ཀ་གཅིག་གིས་ལམ་ཤེས་ཀྱི་ཡན་ལག་བསྟན་པ་ཡིན་ལ། ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་ལྟར་ན། ཤླཽ་ཀ་གཅིག་པོ་འདི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ལ་སྦྱར་ཞིང༌། དེའང་དྲོད་རྩེ་གཉིས་ལ་སྦྱར། རྟག་དང་མི་རྟག་ཅེས་སོགས་རྐང་པ་གཉིས་ཀྱིས་བཟོད་པ་དང༌། འབྲས་བུ་ཐོབ་དང་ཞེས་སོགས་རྐང་པ་གཉིས་ཆོས་མཆོག་ལ་སྦྱར་ཞིང༌། ལམ་ཤེས་ཀྱི་ཡན་ལག་འདི་དག་གི་ཤུགས་ལ་བསྟན་པར་བྱས་ན་རུང་གསུང༌། དེའང་རྩ་བར། གཟུགས་ལ་སོགས་ལ་སྟོང་པའི་ཕྱིར། །ཞེས་སོགས་སྒྲ་སྦྱར་ཞིང༌། སྡུད་པར་ཕུང་པོ་ལྔ་ཀ་ཚིག་ཟིན་ལ་ཐོན་པ་དང༌། རྩ་བར། དེ་ལ་རྟག་ལ་སོགས་ཞེས་སོགས་སྒྲ་སྦྱར་ཞིང༌། སྡུད་པར་རྟག་མི་རྟག་བདེ་སྡུག་བདག་ཡོད་མེད་སོགས་ཚིག་ཟིན་ལ་ཐོན་པ་དང༌། རྩ་བར། ས་བཅུ་དག་ལས་ཞེས་སོགས་གསུངས་ལ། སྡུད་པར་འབྲས་བུ་ཐོབ་ཅེས་སོགས་འདི་དང་ཡང་འགྲིགས་བསྡད་ཡོད་པས། གང་ལྟར་ཡང་མཁས་པས་བཤད་ཚུལ་འདི་འཐད་ལ་འདི་མི་འཐད་ཅེས་ཁ་ཚོན་ཆོད་དཀའ་ཞིང༌། འདིར་གཙོ་བོར་སློབ་དཔོན་གྱི་སྡུད་འགྲེལ་དེ་གཞིར་བཞག་པ་ཡིན་པས་དེའི་དབང་དུ་བྱས་ན་སྔར་ཤླཽ་ཀ་གཅིག་པོ་དེ་ལམ་ཤེས་ཀྱི་ཡན་ལག་དང་སྦྱར་ལ། དེའང་འདིའི་འགྲེལ་པར། གནས་ཏེ་རྣམ་པ་ལྔ་ཞེས་པ་ཙམ་ལས་མི་འདུག་པས་གསལ་ཁ་ཆེར་མེད་ཀྱང་གསུང་ལུགས་ལ་བལྟས་ན། གནས་ཞེས་པས་ཕུང་པོ་ལྔའི་ཆོས་ཉིད་ལ་གནས་ཏེ་ཤེར་ཕྱིན་ལ་སྤྱོད་པ་དང་ཡོན་ཏན་ཐོས་པ་དེ་ཙམ་གྱིས་ཆོག་ཤེས་དང༌། རློམ་སེམས་མི་བྱེད་པར་གོང་མར་སློབ་དགོས་པར་སྟོན་པས་རྟེན་གེགས་དང་བྲལ་བ་བསྟན། ཤེས་རབ་ཀྱི་ཆ་ལ་གནས་པ་དེ་ཙམ་གྱིས་མི་ཆོག་པར་ཐབས་ཀྱི་ཆའང་དེའི་སྟེང་དུ་སྣོན་དགོས་པར་གནས་ཏེ་ཞེས་པའི་ཚིག་གི་ནུས་པས་སྟོན་པས་ན། ཐབས་ཤེས་ཆ་ཚང་བ་ཉམས་སུ་ལེན་པར་བྱེད་པ་ཞིག་ལ་ལམ་ཤེས་སྐྱེ་ཡི། གཞན་ལ་མི་སྐྱེ་བའི་གནས་སྐབས་སོ་སོར་ངེས་པ་དེ་བསྟན། ཡང་གནས་ཞེས་པ་ཆོས་ཉིད་འཛིན་སྟངས་སུ་བྱས་ཏེ་སྒོམ་པ་ལའང་བྱེད་མོད་དེ། རང་བཞིན་གནས་རིགས་ལ་བྱས་ཏེ་རྒྱུ་རིགས་ཀྱིས་ཁྱབ་པ་དང༌། རང་བཞིན་དང༌། བྱེད་ལས་རྣམས་བསྟན་པ་ཡིན་གསུང༌། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ནི། བདེན་བཞིའི་དང་པོ་གཉིས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞི་བཞི་དང༌། ཐུན་མོང་གི་རྣམ་པ་བདུན་ཏེ་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི་སྦས་དོན་དང༌། ཞི་བའི་རྣམ་པ་ནི་མདོའི་ཚིག་གི་དབང་དུ་བྱས་པ་ཡིན་ལ། གསེར་འཕྲེང་ལྟར་ན། འགྱུར་འདི་ལ་སྟོང་པའི་མཚན་ཉིད་བདག་མེད་པ་ཞེས་གཅིག་ཏུ་བྱས་ཏེ་ཞི་བའི་རྣམ་པ་དང་བཞིར་བྱེད་དགོས་ཤིང་རྟོགས་དཀར་དེ་ལྟར་བཤད་པ་འཐད་ཕྱོགས་སུ་མཛད་གསུང༌། ཀུན་འབྱུང་གི་རྣམ་པ་ནི་ཡོངས་གྲགས་ལྟར་དང༌། ཐུན་མོང་གི་བདུན་ནི། སྡུག་ཀུན་གཉིས་ནད་ལྟ་བུ་ཡིན་ཏེ། དཔེར་ན། ནད་དེ་ཟས་འདོད་པ་བསྟེན་མི་ཆོག་པ་དང༌། མི་འདོད་བཞིན་དུ་ཟ་དགོས་པ་སོགས་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་པ་བཞིན་དུ། འདི་གཉིས་ཀྱང་མི་འདོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས། འབྲས་ཀྱིས་སྡུག་བསྔལ་ཕྱི་མ་འདྲེན་པར་བྱེད་པ་བཞིན་དུ་འདི་གཉིས་ཀྱིས་ཀྱང་མ་འོངས་པའི་སྡུག་བསྔལ་ཐམས་ཅད་འདྲེན་པར་བྱེད་པའི་ཕྱིར། འདི་ནི་གྲོ་འབྲས་ཀྱི་འབྲས་མིན་གྱི། རྨ་འབྲས་ལ་བྱེད་གསུང༌། ཟུག་རྔུས་མི་འདོད་པ་འཕྲལ་དུ་བསྐྱེད་པ་ལྟར་འདིས་ཀྱང་སྡུག་བསྔལ་འཕྲལ་དུ་བསྐྱེད་པའི་ཕྱིར། སྡུག་བསྔལ་གཅིག་ཙམ་གྱིས་ཐག་ཆོད་སོང་བ་ལྟ་བུ་མ་ཡིན་པར་སྡུག་བསྔལ་བརྒྱུད་མར་འབྱུང་བས་ན་སྡིག་པའི་རྣམ་པ་སྟེ་བཞི་དང༌། ཡིད་འབྱུང་བ། འདོད་ཆགས་དང་བྲལ་བ། འགོག་པའི་རྣམ་པ་སྟེ་བདུན་ཡིན་ལ། ཞུགས་ཞེས་པ་ཕྱི་མ་གསུམ་གའི་མཐའི་གསལ་བྱེད་ཡིན་གསུང༌། ཕྱི་མ་གསུམ་ལའང་ནང་གསེས་ཀྱིས་དང་པོ་གཉིས་ལ་གཉིས་དང༌། གསུམ་པ་ལ་གཉིས་ཏེ་བཞི་ཡོད་ལ། དེའང་ཉེར་ལེན་གྱི་ཕུང་པོ་འདི་འཚོ་སྐྱོང་གི་དོན་དུ་ཇི་ཙམ་འབད་ནའང་མཐར་བསླུས་ཏེ་འདིའི་དོན་དུ་བསགས་པའི་སྡིག་པ་མི་དགེ་བའི་ལས་རང་གི་རྗེས་སུ་ཞུགས་ནས་འོང་ཞིང་གནོད་པར་བྱེད་པས་ན་དགྲ་བོ་ལྟ་བུ་ཡིན་ཏེ། དཔེར་ན། འཇིག་རྟེན་ན་གང་གནོད་པ་བྱེད་པ་ལ་དགྲར་འཛིན་པ་བཞིན་ནོ། །ཡང་འདི་འཚོ་སྐྱོང་ལ་ཅི་ཙམ་འབད་ཀྱང་ཡིད་བརྟན་མེད་པར་མྱུར་དུ་འཇིག་པས་འཇིག་པའི་ཆོས་ཅན་ཏེ། དེའང་འཇིག་རྟེན་ན་ཟས་གོས་བཟང་བ་དང་ཡུན་རིང་དུ་གནས་པ་ཞིག་ལ་ཡིད་མི་འབྱུང་བར་འཚོ་སྐྱོང་བྱེད་པ་ཡིན་གྱི། ངན་པ་དང་མྱུར་དུ་འཇིག་པ་ཞིག་ལ་དེ་ལྟར་མི་བྱེད་པ་བཞིན་དུ་འདིའང་ངོ་བོ་སྐྱོན་དང་བཅས་པ་དང༌། ཡིད་བརྟན་མེད་པར་མཐོང་ནས་ཡིད་འབྱུང་བ་ཡིན་ནོ། །སྡུག་ཀུན་གཉིས་པོ་འདི་ནི་དགྲ་བཅོམ་གྱིས་སྤངས་པས་གཡོ་བ་དང༌། གཉེན་པོས་འཇོམས་པར་བྱེད་པས་རབ་ཏུ་འཇིག་པ་སྟེ་གཉིས་དང༌། འདི་གཉིས་ཀྱིས་ཚེ་འདི་དང་ཕྱི་མར་མི་འདོད་པ་ཐམས་ཅད་ལ་སྦྱོར་བར་བྱེད་པས་འཇིགས་པའམ་སྐྲག་པའི་གནས་ཡིན་པ་དང༌། འདི་བདག་ཏུ་བཟུང་བས་སྲིན་པོ་སོགས་སེམས་ཡོད་ཀྱིས་ཉེར་འཚེའི་གནས་སུ་གྱུར་པས་འགོ་ནད་ལྟ་བུ་དང༌། བདག་ཏུ་བཟུང་བས་འབྱུང་བ་འཁྲུགས་པ་སོགས་སེམས་མེད་ཀྱི་གནོད་པ་ཐམས་ཅད་ཀྱི་སྣ་དྲངས་འོངས་པས་འཚེ་བའི་རྣམ་པ་སྟེ་གསུམ་མོ། །དེའང་བདག་འཛིན་འདི་ལ་བཀའ་གདམས་པ་རྣམས་ཀྱིས་ཕུང་བྱེད་འུག་པའི་མགོ་ཅན་ཞེས་གསུངས་ཏེ། འཇིག་རྟེན་ན་འུག་པ་བགད་ན་ལྟས་ངན་དུ་རྩིའང་དེ་རིམ་གྲོ་སོགས་ཀྱིས་བཟློག་ཀྱང་ནུས་ལ་བདག་འཛིན་ལྷང་ལྷང་བ་ཞིག་མངོན་དུ་གྱུར་ན་དེའི་རྗེས་སུ་ཕུང་ཀྲོལ་ཆེན་པོ་ཞིག་ལ་མི་སྦྱོར་བ་མི་སྲིད་པ་ལྟ་བུ་ཡིན་པས་འུག་པའི་མགོ་ཅན་ཞེས་གསུངས། ཡང་ན་ཀུན་འབྱུང་གི་ཐུན་མོང་མ་ཡིན་པའི་རྣམ་པ་བརྒྱད་དང༌། ཡིད་འབྱུང་བ་སོགས་གསུམ་གྱིས་དང་པོ་གཉིས་ལ་གཉིས་གཉིས་ཕྱེ་བས་བཞི་དང༌། གསུམ་པ་ལ་གསུམ་དུ་ཕྱེ་བའི་བདུན་ནི་སྡུག་ཀུན་ཐུན་མོང་གི་རྣམ་པར་བྱེད་གསུང༌། ལམ་ལ་རྣམ་པ་བཞི་དང༌། འགོག་པ་ལ་དང་པོ་གསུམ་དང༌། ངེས་འབྱུང་ལ་རྣམ་པ་བཞིར་ཕྱེ་བས་བདུན་ཏེ། དང་པོ་གསུམ་སྦས་དོན་དང༌། དབེན་པ་ནི་མདོའི་ཚིག་གི་དབང་དུ་བྱས་པ་དང་རྣམ་ཐར་སྒོ་བཞི་གསུངས་པའི་མངོན་པར་འདུ་བྱེད་མེད་པ་ནི་རྒྱུས་འབྲས་བུ་བསྐྱེད་པའི་བྱ་བྱེད་ཀྱི་ཆ་དོན་དམ་པར་མེད་པ་ལ་བྱེད་གསུང༌། སྡུད་པར་ཡང༌། རྟག་དང་མི་རྟག་ཅེས་སོགས་ཤླཽ་ཀ་གཅིག་གིས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བསྟན་པ་ཡིན་ལ། དེའང་རྟག་མི་རྟག་བདེ་སྡུག་སོགས་ཀྱིས་བདེན་པ་དང་པོ་གཉིས་ཀྱི་རྣམ་པ་དང༌། འབྲས་བུ་ཐོབ་དང་དགྲ་བཅོམ་ས་ལ་ཞེས་སོགས་ཀྱིས་འགོག་ལམ་གྱི་རྣམ་པ་བསྟན་ནམ་སྙམ་གསུང༌། འགྲེལ་ཆེན་ལས། རྒྱུ་ཙམ་ཞིག་ལོགས་སུ་དྲངས་ནས་ཞེས་གསུངས་པ་ནི། སྐབས་དང་པོར་གསུངས་པའི་ལམ་ཤེས་ལ་རྣམ་མཁྱེན་གྱི་རྒྱུར་འགྲོ་མི་འགྲོ་གཉིས་ཡོད་པའི་ནང་ནས་རྒྱུ་ཡིན་པ་དེ་ལོགས་སུ་དྲངས་ནས་འཆད་ཅེས་པ་སོགས་མིན་གྱི། དང་པོར་ཡུལ་གྱི་ལྡོག་ཆ་ནས་བསྟན་པ་དེ་ལས་ལོགས་སུ་འདིར་རྒྱུའི་ལྡོག་ཆ་བསྟན་ནོ་ཞེས་པའི་དོན་ཡིན་གསུང༌། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ནི་ཟིན་བྱེད་ཀྱི་སྒོ་ནས་བསྟན་པ་ཡིན་ལ། དེའང་གཟུགས་སོགས་བདེན་པས་སྟོང་པ་དྲོད་ཀྱི་དམིགས་པ་དང༌། གཟུགས་སོགས་རང་གི་ངོ་བོ་ལ་བདེན་པར་ཞེན་ནས་མི་གནས་པ་རྩེ་མོའི་དམིགས་པ་དང༌། དེའི་ཁྱད་ཆོས་མི་རྟག་སོགས་ལ་བདེན་པར་ཞེན་ནས་མི་གནས་པ་བཟོད་པའི་དམིགས་པ་དང༌། ས་བཅུ་སོགས་ལ་བརྟེན་ནས་མི་གནས་པ་དེ་ཆོས་མཆོག་གི་དམིགས་པར་བསྟན་ལ། དེའང་། སྟོང་པ་ཉིད་རྣམ་དབྱེར་མེད་པས། །ཞེས་པ་འདི་ཡུལ་བཟུང་བ་བདེན་པར་མེད་པའི་རྒྱུ་མཚན་དང༌། སངས་རྒྱས་ཀྱིས། །མཁྱེན་ནས་ཆོས་རྣམས་མ་གཟིགས་ཕྱིར། །ཞེས་པ་འདི་ཡུལ་ཅན་འཛིན་པ་བདེན་པར་མེད་པའི་རྒྱུ་མཚན་དུ་སྦྱོར་དགོས་པས། སྦྱོར་ལམ་ཡུལ་གཟུགས་སོགས་བདེན་པར་མེད་དེ། དེ་དག་གི་སྟོང་པ་ཉིད་རྣམས་ཕན་ཚུན་དབྱེར་མེད་པའི་ཕྱིར་ཞེས་པ་དང༌། དེ་དག་ནི་བདེན་པར་མེད་དེ། གལ་ཏེ་བདེན་པར་གྲུབ་པ་ཡོད་ན་བདེན་གཉིས་ཐུགས་སུ་ཆུད་པའི་རྣམ་མཁྱེན་གྱི་གཟིགས་ངོར་ཡོད་དགོས་པ་ལ་དེས་སྒྱུ་མ་ལྟ་བུར་གཟིགས་པའི་ཕྱིར་ཞེས་པའི་དོན་ནོ། །འདིས་ནི་སངས་རྒྱས་ཀྱིས་ཇི་སྙེད་པ་མི་མཁྱེན་པར་འདོད་པ་སོགས་བཀག་པ་ཡིན་ནམ་གསུང༌། སྐབས་དང་པོར་སྦྱོར་ལམ་རྒྱས་པར་བཤད་པས་འདིར་བསྟན་མི་དགོས་སོ་ཞེ་ན། དང་པོ་གཏན་ལ་དབབ་བྱ་རང་གི་ངོ་བོའི་སྒོ་ནས་གསུངས་ལ། འདིར་གཏན་ལ་དབབ་བྱ་ཐེག་དམན་གྱི་རྟོགས་རིགས་ཡིན་ཀྱང་བྱང་སེམས་ཀྱིས་མི་རྟག་སོགས་བསྒོམ་པའི་ཚེ་བདེན་སྟོང་སྒྱུ་མ་ལྟ་བུའི་སྐྱེ་འཇིག་ཅན་དུ་སྒོམ་དགོས་པ་ཤེས་པའི་ཆེད་དུ་ཟིན་བྱེད་ཀྱི་སྒོ་ནས་བསྟན་པ་ཡིན་པས་ཟློས་སྐྱོན་མེད་གསུང༌། སྡུད་པར་ཡང༌། ཇི་ལྟར་འདྲེན་པ་ཞེས་སོགས་ཤླཽ་ཀ་གཅིག་གིས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་སྦྱོར་ལམ་བསྟན་པ་ཡིན་ལ། དེའང་འཁོར་འདས་གཉིས་སམ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ལའང་བདེན་པར་ཞེན་ནས་མི་གནས་པར་སྤྱོད་པ་འདི་ནི་རྒྱལ་བས་བསྟན་པ་ཡིན་པར་གསུངས་ཞེས་པའི་དོན་ནོ། །ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་ལྟར་ན་ཤླཽ་ཀ་འདི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དང་སྦྱར་ཞིང་འགྲིག་པར་ཡོད་ཀྱང་སློབ་དཔོན་གྱི་སྦྱོར་ཚུལ་འདི་ཉི་སྣང་དང་བརྒྱད་སྟོང་པ་དང་མཐུན་གསུང༌། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ནི། ཉན་རང་གཉིས་རང་ཁོ་ནའི་དོན་དུ་བྱང་ཆུབ་ཙམ་དོན་དུ་གཉེར་བ་སོགས་འདྲ་བས། ཉན་ཐོས་ལས་ལོགས་སུ་རང་རྒྱལ་གྱི་ལམ་སྟོན་པ་མི་རིགས་སོ་ཞེ་ན། རེ་ཞིག་རང་རྒྱལ་དེ་ཉན་ཐོས་ལས་ཁྱད་ཞུགས་པར་བསྟན་ན། དེའི་ཐེག་པའི་རྣམ་གཞག་དཔོག་ནུས་པས། དེའང་ཉན་ཐོས་ནི། ཉན་ཐོས་རྣམས་ཀྱི་རྣམ་གྲོལ་སྒྲ་སྤྱིར་འགྲོ །ཞེས་པ་ལྟར། སྲིད་པ་ཐ་མའི་ཚེ་གཞན་ལ་གདམས་ངག་ཉན་ནས་རང་གི་བྱང་ཆུབ་ཐོབ་པ་དང༌། འབྲས་བུ་ཐོབ་ནས་གཞན་ལའང་སྒྲ་བཅས་སུ་སྟོན་པའི་ཁྱད་པར་གཉིས་དང་ལྡན་ལ། སྲིད་པ་ཐ་མའི་ཚེ་རང་གི་བྱང་ཆུབ་ཐོབ་པ་དེ་གྲོགས་དགེ་འདུན་ལ་ངེས་པར་བརྟེན་དགོས་པས་དགེ་འདུན་དཀོན་མཆོག་ཉན་ཐོས་ལ་བཞག་པ་དང༌། དེ་ལྟར་མི་དགོས་པས་ཆོས་དཀོན་མཆོག་རང་རྒྱལ་ལ་བཞག་པ་དང༌། སངས་རྒྱས་དཀོན་མཆོག་ཐེག་ཆེན་ལ་བཞག་པ་ཡིན་གསུང༌། སངས་རྒྱས་དང་རང་རྒྱལ་གཉིས་ཀ་ལ་རང་བྱུང་ཟེར་ཡང༌། རང་རྒྱལ་ནི་སྲིད་པ་ཐ་མའི་ཚེ་སངས་རྒྱས་སོགས་ཀྱིས་དངོས་སུ་བསྟན་པ་ལ་མི་ལྟོས་པར་རང་སྟོབས་ཀྱིས་བྱང་ཆུབ་མངོན་དུ་བྱེད་པས་ན་རང་བྱུང་ཞེས་བྱ་ལ་འདི་ནི་ཉན་ཐོས་ལས་ཁྱད་ཞུགས་པ་དང་པོ་ཡིན་ནོ། །བསྟན་ཡང་མི་དགོས་ཞེས་པའི་ཡང་སྒྲས་བསྡུས་པ། གཞན་ལ་ཆོས་སྟོན་པའི་ཚེ་ངག་གི་སྒོ་ནས་སྟོན་པ་གཙོ་བོར་མི་བྱེད་པར་ལུས་ཀྱི་རྫུ་འཕྲུལ་གྱི་སྒོ་ནས་གཞན་དད་པ་སོགས་ལ་འགོད་པ་ནི་འགྲེལ་པས་ཁ་བསྐང་བ་ཡིན་ལ་འདི་ནི་ཁྱད་ཞུགས་པ་གཉིས་པ་ཡིན་གསུང༌། སྒྲ་མེད་པར་ཆོས་སྟོན་པ་མི་རིགས་སོ་ཞེས་པའི་དོགས་པ་འགྲེལ་པས་ཁོང་ནས་བསུས་ཏེ། ལན་ནི། ངག་གིས་སྟོན་པ་ལ་དེའི་ཀུན་སློང་རྟོག་དཔྱོད་སྔོན་དུ་འགྲོ་དགོས་པས་རྣམ་པར་གཡེང་བར་འགྱུར་ལ། རང་རྒྱལ་ནི་རང་བཞིན་གྱིས་རྣམ་གཡེང་ལ་མི་དགའ་བ་ཡིན་པས། རྣམ་པར་གཡེང་བར་འགྱུར་དུ་དོགས་ནས་སྲིད་པ་ཐ་མའི་ཚེ་སྒྲ་མེད་པར་ཆོས་སྟོན་པར་གྱུར་ཅིག །ཅེས་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྒྲ་མེད་པར་ཆོས་སྟོན་པའི་ཕྱིར། འདི་ལ་མཁས་གྲུབ་རིན་པོ་ཆེའི་རྟོག་གེ་སྣང་བར། ཀུན་སློང་དགོས་པ་ལུས་ཀྱིས་སྟོན་པའང་མཚུངས་པས་མི་འཐད་གསུངས་ལ། མཁས་གྲུབ་རིན་པོ་ཆེའི་རང་གི་ལུགས་ནི་ལུས་ཀྱིས་ཆོས་མ་བསྟན་ཀྱང་སྔོན་གྱི་སྨོན་ལམ་གྱིས་གདུལ་བྱ་ལ་དེ་ལྟར་སྣང་ནས་དད་པ་སོགས་ལ་འགོད་ནུས་པར་གསུངས་ལ། ལུས་ཀྱི་སྒོ་ནས་བདག་མེད་སྟོན་མི་ནུས་པར་འདོད་པའི་མཁས་པའི་བཤད་ཚུལ་ཡང་ཡོད་གསུང༌། འོན་ཀྱང་རྣམ་བཤད་ལས། རང་རྒྱལ་གྱིས་སྔོན་གྱི་སྨོན་ལམ་གྱི་དབང་གིས་དེ་ལྟར་ཆོས་སྟོན་པའི་ཚེ་ཀུན་སློང་མི་དགོས་པ་ལྟ་བུ་ཞིག་གསུངས་འདུག་ཅིང༌། འདིར་སངས་རྒྱས་དང་འདྲ་བར་གསུངས་པའང་སྒྲ་མེད་པར་ཆོས་སྟོན་པ་སངས་རྒྱས་དང་འདྲ་བར་གསུངས་དོན་མེད་པས། སངས་རྒྱས་ཀྱིས་ཀུན་སློང་མི་དགོས་པར་ཆོས་སྟོན་པ་དང༌། རང་རྒྱལ་གྱིས་ཀུན་སློང་རགས་པ་མི་དགོས་པར་སྔོན་གྱི་སྨོན་ལམ་གྱིས་ཆོས་སྟོན་ནུས་པ་གཉིས་དཔེ་དོན་སྦྱར་བ་ཡིན་ནམ་སྙམ་གསུང༌། དེས་ན་སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱ་ལ་དེ་ལྟར་སྣང་ནས་དད་པ་དང་འདུན་པ་དང་ལམ་ལ་ཞུགས་པ་སོགས་དགེ་བའི་རྩ་བ་རྒྱུད་ལ་སྐྲུན་པར་བྱེད་པས་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཞེས་པའི་དོན་ཡིན་གསུང༌། དེ་ལྟར་ཁྱད་ཞུགས་པ་བརྗོད་ནས། རང་རྒྱལ་གྱི་ལམ་ཤེས་པ་ལ་དེའི་ངོ་བོ་སྟོན་དགོས་པས་དེའི་ངོ་བོ་ནི། གཟུང་བ་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤོང་བ་དང༌། འཛིན་པ་བདེན་ཞེན་མི་སྤོང་བར་གསུངས་པས་དགག་བྱའི་སྒོ་ནས་ཁྱད་པར་འབྱེད་པ་ཡིན་གྱི་སྟོང་གཞིའི་སྒོ་ནས་ཁྱད་འབྱེད་པ་མིན་གསུང༌། རང་རྒྱལ་གྱི་ལམ་དེ་དག་བྱང་སེམས་ཀྱིས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱེད་པ་ཡིན་གྱི། ཐེག་ཆེན་གྱི་ལམ་ལྟར་གཏན་ལ་དབབ་བྱའི་གཙོ་བོར་བྱེད་པ་མིན་གསུང༌། སྡུད་པར་ཡང༌། གང་དག་བདེ་གཤེགས་ཞེས་སོགས་ཤླཽ་ཀ་གཅིག་གིས་ཐེག་པ་གསུམ་གྱི་བྱང་ཆུབ་ཐོབ་པ་ལ་ཡུམ་ལ་སློབ་དགོས་པར་གསུངས་པའི་ནང་ན་རང་རྒྱལ་ལའང་ཡོད་པས་རང་རྒྱལ་གྱི་ལམ་བསྟན་པ་ཡིན་ལ། འདིའི་ཡུམ་ཐལ་འགྱུར་པ་ལྟར་ན་བཤད་སླའང༌། རང་རྒྱུད་པའི་སྐབས་འདིར་ཡུམ་སྤྱི་ལྡོག་ཙམ་ལ་བྱེད་གསུང༌། བརྒྱད་སྟོང་པ་ལས། དེ་ནས་འཁོར་དེའི་ནང་ནས་ལྷའི་བུ་ཁ་ཅིག་འདི་སྙམ་དུ་སེམས་པར་གྱུར་ཏེ། གང་གནོད་སྦྱིན་རྣམས་ཀྱི་བཤད་པ་ཞེས་པ་ནས། ཚེ་དང་ལྡན་པ་རབ་འབྱོར་འདི་ནི་རིང་བ་བས་ཀྱང་ཆེས་རིང་པར་འཇུག །ཕྲ་བ་བས་ཀྱང་ཆེས་ཕྲ་བར་འཇུག་ཅེས་སོགས་ཀྱི་དངོས་ཟིན་ལ། རབ་འབྱོར་གྱིས་སྒྲ་མེད་པར་ཆོས་སྟོན་པ་དེ་ལྷའི་བུ་དག་གིས་ཤེས་མི་ནུས་པར་བསྟན་པ་དེས་སྦས་དོན་རང་རྒྱལ་གྱིས་སྒྲ་མེད་ལུས་ཀྱི་རྣམ་འགྱུར་གྱིས་ཆོས་སྟོན་པ་དེ་མཚོན་པ་ཡིན་གསུང༌། ཆོས་འཆད་པ་ཞེས་སོགས་ཤླཽ་ཀ་གསུམ་ནི། གང་དག་བདེ་གཤེགས་ཞེས་སོགས་ཤླཽ་ཀ་གཅིག་པོ་དེའི་ཞར་བྱུང་ཡིན་ལ། དེའང་ཆོས་འཆད་པ་དང་ཉན་པ་དང༌། བསྒོམས་ནས་འབྲས་བུ་ཐོབ་པའི་བར་ཡང་ཐ་སྙད་སྒྱུ་མ་ཙམ་ཡིན་གྱི་དོན་དམ་པར་དེ་དག་མེད་པར་གསུངས་ཤིང༌། བརྒྱད་སྟོང་པ་ལས་ཀྱང་དེ་ནས་ཡང་ལྷའི་བུ་དག་འདི་སྙམ་དུ་སེམས་ཏེ། གནས་བརྟན་རབ་འབྱོར་འདི་ལ་ཆོས་ཉན་པ་ཇི་ལྟ་བུ་ཞིག་བཙལ་བར་བྱ་སྙམ་པ། ཞེས་པ་ནས། འདི་ལྟར་སྒྱུ་མ་དག་བཙལ་བར་བྱ་སྙམ་པ། ཞེས་པ་ནས། འདི་ལྟར་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་དང༌། མྱ་ངན་ལས་འདས་པ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཅེས་པའི་བར་གྱིས་བསྟན་པ་ཡིན་ལ། འདི་ལ་བརྒྱད་སྟོང་པ་ཤིན་ཏུ་གསལ་གསུང༌། གང་ཟག་བཞི་པོ་ཞེས་སོགས་ཤླཽ་ཀ་གཅིག་གིས། རྒྱལ་སྲས་བདེན་མཁས་རང་རྒྱལ་ཚོགས་སྤྱོད་ཙམ་དང༌། ཕྱིར་མི་ལྡོག་སྦྱོར་ལམ་པ་དང༌། དགྲ་བཅོམ་དང་དགེ་བའི་བཤེས་གཉེན་གྱིས་ཟིན་པ་དང་བཞི་སྟེ་རང་རྒྱལ་དངོས་གནས་པ་ཡིན་པས་རྟེན་རང་རྒྱལ་དངོས་སུ་བསྟན་པ་ཡིན་ལ། བརྒྱད་སྟོང་པར་གང་ཟག་གསུམ་དང༌། ཉི་ཁྲི་ལས་ལྔ་གསུངས་པ་ཡིན་གསུང༌། རྒྱལ་སྲས་སམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཞེས་གསུངས་པ་ནི། རང་དོན་དུ་བྱང་ཆུབ་ཐོབ་པས་བྱང་ཆུབ་སེམས་དཔའ་དང༌། སྒྲ་མེད་པར་ཆོས་སྟོན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བཤད་པ་ཡིན་གསུང༌། བྱང་ཆུབ་སེམས་དཔའ་མཁས་རིག་ཅེས་སོགས་ཤླཽ་ཀ་གཅིག་གིས། བྱང་སེམས་ཀྱིས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ་སློབ་པ་དེ་དགྲ་བཅོམ་དང༌། རྐྱེན་རྟོགས་རང་རྒྱལ་གྱི་བྱང་ཆུབ་ཐོབ་པའི་ཆེད་དུ་ཡིན་ནམ་ཞེ་ན་མིན་ཏེ། རིགས་ཅན་གསུམ་གྱིས་དོན་མ་ཚང་བ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཆེད་དུ་ཡིན་པས་དམན་པའི་ཡིད་བྱེད་དང་བདེན་ཞེན་གཉིས་བཀག་སྟེ། རྣམ་མཁྱེན་ཡིད་བྱེད་དང་མི་དམིགས་པའི་སྒོ་ནས་སློབ་ཅེས་པའི་དོན་ནོ། །རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དེའང་རྒྱུ་མེད་རྐྱེན་མེད་དུ་མི་འབྱུང་བས་དེའི་རྒྱུ་ངེས་འབྱེད་ཆ་མཐུན་ནི་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཐམས་ཅད་རུང་བས་བདེན་གཉིས་མི་འགལ་བའི་ཚུལ་དང༌། དོན་དམ་པར་འཕེལ་འགྲིབ་མེད་པ་དང༌། སྟོང་པ་ཉིད་སོགས་ལ་བདེན་པར་ཞེན་པས་མི་འཛིན་པ་དང༌། དོན་དམ་པར་སྐྱེ་འགག་མེད་པ་རྣམས་ཀྱིས་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བསྟན་ལ། འདི་དག་ཕྱི་རོལ་དོན་སྟོང་ངམ། ཡང་ན་དངོས་ཟིན་ལ་སྦྱར་ཡང་རུང་གསུང༌། སྡུད་པར་ཡང༌། གཟུགས་འཕེལ་ཞེས་སོགས་ཤླཽ་ཀ་གཅིག་གིས་དེའི་རྒྱུ་ངེས་འབྱེད་ཆ་མཐུན་བསྟན་པ་ཡིན་ལ། གཟུགས་འཕེལ་ཡོངས་སུ་ཉམས་ཞེས་པ་འཕེལ་འགྲིབ་མེད་པ་དང༌། གཟུང་ཕྱིར་མིན་ཞེས་པ། མི་འཛིན་ཕྱིར་བཟོད་པ་ཞེས་པ་གཉིས་དང་འགྲིག་གསུང༌། ཐོབ་བྱེད་ལམ་ཤེས་ལ་ལམ་ཤེས་ཀྱི་ཡན་ལག་དང་ཡན་ལག་ཅན་གྱི་ལམ་ཤེས་གཉིས་ལས། ཕྱི་མ་ལ་ཉན་རང་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་གསུམ་དང༌། བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ལའང་མཐོང་སྒོམ་གཉིས་བཤད་ནས། ཉན་རང་གི་དེ་ལ་སྦྱོར་མཐོང་གཉིས་བཤད་ཀྱང་སྒོམ་ལམ་མ་བཤད་པ་ནི་ཤེས་མཐོང་གིས་བལྟས་ནས་འདའ་བ་དང་གནས་ནས་འདའ་བའི་རྒྱུ་མཚན་གྱིས་ཡིན་གསུང༌། མཐོང་ལམ་ནི། བདེན་དང་བདེན་ལ་ཞེས་སོགས་ཀྱིས་སྐད་ཅིག་མའི་སྒོ་ནས་མདོར་བསྟན་པ་དང༌། དེ་བཞིན་ཉིད་དང་སངས་རྒྱས་དང༌། །ཞེས་སོགས་ཀྱིས་རྣམ་པའི་སྒོ་ནས་རྒྱས་པར་བཤད་པ་ཡིན་ལ། དེའང་བདེན་དང་བདེན་ཞེས་པས་ཁམས་གོང་འོག་གི་སྒོ་ནས་ཕྱེ་བ་མིན་གྱི། ཟག་བཅས་ཟག་མེད་ཀྱི་སྒོ་ནས་ཕྱེ་བས། ཟག་བཅས་སྡུག་ཀུན་རྒྱུ་འབྲས་གཉིས་དང༌། ཟག་མེད་འགོག་ལམ་རྒྱུ་འབྲས་གཉིས་ཏེ་བཞིར་ཕྱེ་ནས་དེ་དག་ལ་དམིགས་པའི་བཟོད་ཤེས་སྐད་ཅིག་མ་བཞི་ཡིན་ནོ། །
མདོ་ལས་མཐོང་ལམ་ཕན་ཡོན་གྱི་སྒོ་ནས་གསུངས་པས་དེའི་དབང་དུ་བྱས་ནས། འདིར་ཡང་ཕན་ཡོན་བཅས་པ་ཞེས་ཕན་ཡོན་གྱི་སྒོ་ནས་གསུངས་པ་ཡིན་ལ། མདོ་ལས་ཕན་ཡོན་གྱི་སྒོ་ནས་གསུངས་ཚུལ་ནི། མཐོང་ལམ་ནས་ཕྱིར་མི་ལྡོག་པ་ཚེ་འདིའི་ཕན་ཡོན་དང༌། མཐོང་ལམ་ཐོབ་པ་ན་མ་འོངས་པར་རང་གང་དུ་སངས་རྒྱས་པའི་སངས་རྒྱས་དང༌། དེའི་ཞིང་ལ་སོགས་པ་དྲན་པར་འགྱུར་བ་དང༌། སངས་རྒྱས་ཀྱིས་ལུང་སྟོན་པར་འགྱུར་བ་སོགས་ཚེ་ཕྱི་མའི་ཕན་ཡོན་གྱི་སྒོ་ནས་བསྟན་པ་ཡིན་གསུང༌། རྣམ་པའི་སྒོ་ནས་རྒྱས་པར་བཤད་པ་ནི་ཡུལ་གཟུགས་སོགས་ཀྱི་དེ་བཞིན་ཉིད་དང༌། ཡུལ་ཅན་རྣམ་མཁྱེན་གཉིས་ཐ་སྙད་དུ་ཡུལ་ཡུལ་ཅན་དང༌། གདགས་གཞི་བཏགས་ཆོས་སུ་རུང་ཡང་དོན་དམ་པར་ཡུལ་ཡུལ་ཅན་དང་གདགས་གཞི་བཏགས་ཆོས་ཀྱི་རྣམ་གྲངས་སུ་ཁས་མི་ལེན་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་ཆེན་པོ་དང༌། རྟོགས་བྱ་གཟུགས་སོགས་དང༌། འཇལ་བྱེད་ཚད་མ་གཉིས་དོན་དམ་པར་དམིགས་སུ་མེད་པ་དང༌། སྡུག་བདེན་གྱི་གཙོ་བོ་གཟུགས་སོགས་ཉེར་ལེན་གྱི་ཕུང་པོ་ལ་དོན་དམ་པར་རྡུལ་ཕྲ་རབ་སོགས་གཟུགས་ཅན་གྱི་ཚད་མེད་པ་སྟེ་ཆ་ཤས་མེད་པར་གསུངས་པ་དང༌། ཆོས་ཐམས་ཅད་དོན་དམ་པར་ཆ་དང་ཆ་ཅན་དུ་མི་རུང་བར་བསྟན་པའི་ཤུགས་ཀྱིས་སྡུག་བསྔལ་གྱི་བདེན་པ་ཐ་སྙད་དུ་ཆ་དང་ཆ་ཅན་སོགས་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱ་ཞེས་འཕངས་པ་ཡིན་པས་དེ་ལྟ་བུའི་རྣམ་པ་བཞི་ནི་སྡུག་བདེན་གྱི་རྣམ་པ་དང༌། དེར་གནས་གཟུགས་ལ་སོགས་པ་ལ། །སངས་རྒྱས་ཉིད་དུ་ངེས་འཛིན་དང༌། །ཞེས་པ་འདི་ལ་བཤད་ཚུལ་གཉིས་ཡོད་དེ། སངས་རྒྱས་བཀུར་བའི་འོས་ཡིན་པ་བཞིན་དུ། ཤེར་ཕྱིན་རྣལ་མ་མཐོང་ལམ་ལ་གནས་པའི་བྱང་སེམས་དེའང་བཀུར་བའི་འོས་སུ་འཛིན་ཞེས་བཤད་ཚུལ་གཅིག་དང༌། གཟུགས་སོགས་དགག་བྱ་གང་དུ་མ་གྲུབ་པ་དེར་སངས་རྒྱས་ཀྱང་མ་གྲུབ་པ་དང༌། སངས་རྒྱས་ཀྱི་སྟེང་དུ་དགག་བྱ་གང་འགོག་དགོས་པ་དེ་གཟུགས་སོགས་ཀྱི་སྟེང་དུའང་དགོས་པའི་བཤད་ཚུལ་གཅིག་སྟེ་འདི་གཉིས་ཀ་ཁས་བླངས་ཆོག་ཅིང༌། དེ་ལྟ་བུའི་རྣམ་པ་སོགས་ཀུན་འབྱུང་གི་རྣམ་པ་བཞི་དང༌། ཉམ་ང་བ་དང་ནད་ཀུན་སེལ། །ཞེས་པས་ཕྱིའི་མི་དང་མི་མིན་གྱིས་འཚེ་བ་དང་འབྱུང་བ་འཁྲུག་པ་དང༌། ནང་གི་ནད་ཁམས་སོགས་ཀྱི་འཚེ་བ་རབ་ཏུ་ཞི་བའི་རྣམ་པ་སོགས་འགོག་པའི་རྣམ་པ་བཞི་དང༌། སངས་རྒྱས་རྣམས་ཀྱིས་མི་དང་མི་མིན་གྱི་གནོད་པ་ལས་སྲུང་སྐྱོབ་སྦ་གསུམ་མཛད་པའམ་ཡང་ན་མཐོང་ཆོས་དང༌། སྐྱེས་ནས་དང༌། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་མི་དགེ་བའི་ལས་ལས་སྲུང་སྐྱོབ་སྦ་གསུམ་མཛད་པའི་རྣམ་པ་སོགས་ལམ་གྱི་རྣམ་པ་བཞི་སྟེ་བཅུ་དྲུག་ཡོད་པ་ཡིན་གསུང༌། ཁ་ཅིག་བཤད་པ་སྐབས་དང་པོའི་སྦྱོར་ལམ་དང༌། མ་བཤད་པ་སྐབས་བཞི་པའི་སྦྱོར་ལམ་གྱི་སྐབས་སུ་ལག་རྗེས་ཀྱི་སྒོ་ནས་མཚོན་པ་ཡིན་ལ། རྣམ་པ་མ་བསྟན་པ་དེ་བཞིན་དུ་འདིར་ཡང་ལག་རྗེས་ཀྱི་སྒོ་ནས་མཚོན་པ་མིན་གྱི། རྣམ་པ་མ་བསྟན་པར་འདོད་པ་ལ། སློབ་དཔོན་གྱིས་དེ་ལྟར་ན་བསྒོམ་བྱའི་རྣམ་པ་མ་བསྟན་པས་ཇི་ལྟར་སྒོམ་ཚུལ་གྱི་རིམ་པ་སོགས་མི་ཤེས་ཤིང༌། རྣམ་པ་མེད་པའི་གཞི་ཙམ་ཞིག་བསྟན་པའི་སྐྱོན་གཅིག་དང༌། དམིགས་པ་དང་ནི་རྣམ་པ་དང༌། །ཞེས་དམིགས་རྣམ་གཉིས་ཀ་འཆད་པར་མདོར་བསྟན་པས་གཞུང་གི་དོན་དང་དངོས་སུ་འགལ་བའི་སྐྱོན་གཉིས་འཇུག་པ་ཡིན་པས་མི་འཐད་ཅེས་པའི་དོན་ནོ། །གཟུགས་ནི་ཤེས་རབ་མ་ཡིན་ཞེས་སོགས་ཤླཽ་ཀ་གཅིག་གིས་བདེན་བཞིའི་ནང་ནས་སྡུག་བདེན་གྱི་རྣམ་པ་དམིགས་ཀྱིས་བཀར་ནས་བསྟན་པ་ཡིན་ལ། དེའང་གཟུགས་སོགས་ཡུལ་དང༌། ཡུལ་ཅན་ཤེས་རབ་གཉིས་དོན་དམ་པར་ཡུལ་ཡུལ་ཅན་དུ་མེད་པའི་དོན་ནོ། །དམིགས་པ་རྣམས་ཀྱི་ཞེས་སོགས་ཤླཽ་ཀ་གཅིག་གིས་བདེན་བཞིའི་རྣམ་པ་སྤྱིར་བསྟན་པ་ཡིན་ལ། དེའང་ཕ་མཐའ་ནི་སློབ་དཔོན་གྱི་སྡུད་འགྲེལ་ལས། རང་བཞིན་མེད་པའི་རང་བཞིན་ནི་ཕ་མཐའ་སྟེ་ཞེས་འབྱུང་པས་དགག་བྱའི་བདག་ལ་བྱེད་དགོས་གསུང༌། རྐང་པ་དང་པོས་ཤེས་པར་བྱ་རྒྱུའི་སྡུག་བདེན་གྱི་ངོ་བོ་དེ་ནི་བདག་ཏུ་མེད་པ་དང༌། གཉིས་པས་སེམས་ཅན་ཞེས་པ་སེམས་ཅན་དངོས་ཡིན་མི་དགོས་ཤིང༌། ལས་ཉོན་གྱིས་བསྡུས་པའི་ཀུན་འབྱུང་བདེན་པའང་བདག་ཏུ་མེད་པ་དང༌། གསུམ་པས་འཁོར་བ་རྒྱུན་ཆད་ཙམ་གྱི་འགོག་བདེན་ནི་ཐོགས་རེག་བཀག་ཙམ་ལ་ནམ་མཁའ་འཇོག་པ་དང་འདྲ་བས། ནམ་མཁའ་དང་མཚུངས་པའི་ཆོས་དབྱིངས་བདག་ཏུ་མེད་པ་དང༌། རྐང་པ་བཞི་པས་འཇིག་རྟེན་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་མཁྱེན་པའི་ཤེས་རབ་ལམ་གྱི་བདེན་པའང་བདག་ཏུ་མ་གྲུབ་པར་བསྟན་གསུང༌། བུདྡྷ་ཤྲིའི་སྡུད་འགྲེལ་ལྟར་ན། རྐང་པ་དང་པོས་གཟུང་བ་བདེན་མེད། གཉིས་པས་འཛིན་པ་བདེན་མེད། གསུམ་པས་གཟུང་འཛིན་བདེན་མེད་ནམ་མཁའ་དང་འདྲ་བ། བཞི་པས་བདེན་མེད་དེ་མཁྱེན་པའི་ཤེས་རབ་ཀྱང་དོན་དམ་པར་མེད་པར་བསྟན་པ་ཡིན་ལ། ཕ་མཐའ་མེད་པ་ནི་འདུས་བྱས་ཀྱི་ཐོག་མའི་ཕ་མཐའ་མེད་པ་ལ་བྱ་གསུང༌། འདུ་ཤེས་ཚུ་རོལ་ཞེས་སོགས་ཤླཽ་ཀ་གསུམ་ནི་དེའི་འཕྲོས་དོན་ཡིན་ལ། དེའང་བདག་ཏུ་འདུ་ཤེས་པས་ཚུ་རོལ་འཁོར་བའི་གནས་འདིར་ལུས་པ་ཡིན་པར་འདྲེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ལ། བདག་ཏུ་འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་དེ་ནི་འཁོར་བའི་ཕ་རོལ་ཏུ་འགྲོ་ཞིང༌། བདེན་ཞེན་བཀག་པའི་ལྟ་བ་རྗེས་སུ་ཐོབ་པའི་མཐོང་ལམ་པ་དེ་དག་ཚེ་འདིར་ཕྱིར་མི་ལྡོག་པ་དང་མ་འོངས་པའི་སྐྱེ་བ་དྲན་པ་དང༌། སངས་རྒྱས་འདི་འདྲ་ཞིག་ཏུ་འཚང་རྒྱ་བར་འགྱུར་ཞེས་སངས་རྒྱས་ཀྱི་ལུང་སྟོན་པ་སོགས་སྟོན་པའི་བཀའ་ལ་གནས་པ་ནི་ཤླཽ་ཀ་དང་པོའི་དོན་ནོ། །བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་ཞེས་སོགས་ཀྱིས་སངས་རྒྱས་མར་མེ་མཛད་ཀྱིས་བདག་ཅག་གི་སྟོན་པ་ལུང་བསྟན་ཚུལ་ལའང་གསུངས་པས་དེའི་དོན་ནི། དེ་བཞིན་གཤེགས་པ་ནི་རྟོགས་པ་ཕུན་ཚོགས། དགྲ་བཅོམ་པ་ནི་སྤངས་པ་ཕུན་ཚོགས་ལ་སྦྱོར་དགོས་པས། རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཕྱིར་དང༌། །ཞེས་གསུངས་པ་ལྟར། ལེགས་པར་མཁྱེན་པ། ཉན་རང་ལྟར་མ་ཡིན་པར་མཁྱེན་པ་བརྟན་པ་ཆོས་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་ཕབ་སྟེ་རྟོགས་པ་མཐར་ཕྱིན་ནས་གོང་དུ་འགྲོར་མེད་པས་མ་ལུས་པར་མཁྱེན་པས་དེ་བཞིན་གཤེགས་པ་དང༌། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་དགྲ་བཅོམ་པ། ཐར་པ་དང་དེར་བགྲོད་པའི་ལམ་གྱི་རིམ་པ་ཤེས་པའི་མིག་ལྟ་བུ་ཡིན་པས་ཤེས་རབ་ཀྱི་བསླབ་པ་རིག་པ་དང༌། དེ་མཐར་ཕྱིན་པས་རིག་པར་ལྡན་པ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་བསླབ་པ་གཉིས་ཐར་པར་བགྲོད་པའི་རྐང་པ་ལྟ་བུ་ཡིན་པས་ཞབས་སུ་ལྡན་པ། གཞན་སྒྲོལ་བ་ལ་ཐོག་མར་རང་ཉིད་ཀྱིས་བཙན་ས་ཟིན་དགོས་པས་བདེ་བར་གཤེགས་པ། སེམས་ཅན་གྱི་དོན་བྱེད་པ་ལ་དེའི་ཁམས་དང་བསམ་པ་ཤེས་དགོས་པས་འཇིག་རྟེན་མཁྱེན་པ། སླ་བ་འདུལ་ལ་འདུལ་དཀའ་བ་མི་འདུལ་བ་མ་ཡིན་པར་འདུལ་དཀའ་བ་ཀུན་ཏུ་རྒྱུ་རབ་བཟང་དང༌། གཅུང་དགའ་བོ་ལྟ་བུའང་འདུལ་བས་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། རྣམ་འགྲེལ་ལས། ཐུགས་བརྩེ་ལྡན་ཕྱིར་བརྩོན་ཀུན་ཡང༌། །ཞེས་པ་ལྟར། ཐུགས་རྗེ་ཆེན་པོས་གཞན་དོན་ཡལ་བར་མི་འདོར་བས་བླ་ན་མེད་པ་སྟེ། སྤྱིར་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཡིན་ཀྱང་འབྲས་བུ་བཞི་དང་སྡོམ་པ་གསུམ་ལ་འགོད་པའི་གཙོ་བོ་ནི་ལྷ་དང་མི་གཉིས་ཡིན་པས་དེའི་དབང་དུ་བྱས་ཏེ་དེ་ལྷ་དང་མིའི་སྟོན་པ་ཞེས་གསུངས་པ་ཡིན་གསུང༌། སངས་རྒྱས་བཅོམ་ལྡན་འདས་ཞེས་པས་ཁྱད་གཞི་བསྟན་པ་ཡིན་གསུང༌། གལ་ཏེ་ཞེས་སོགས་ཤླཽ་ཀ་གཉིས་ནི་སྔར་གྱི་དེའི་རྒྱས་བཤད་ཡིན་ལ། གང་ཚེ་སྟོན་པ་ཤཱཀྱ་ཐུབ་པ་ང་ནི་ཤེར་ཕྱིན་འདི་ལ་གནས་པའི་ཚེ་སྔོན་གྱི་སྐྱེས་མཆོག་མར་མེ་མཛད་ཀྱིས་མ་འོངས་པའི་དུས་ན་སངས་རྒྱ་བར་འགྱུར་རོ་ཞེས་ང་ལུང་བསྟན་པ་ལྟར་སངས་རྒྱས་པས་ན། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་ཀྱང་ཤེར་ཕྱིན་འདི་ལ་གནས་ན་སངས་རྒྱས་ཀྱིས་ལུང་བསྟན་པ་ལྟར་སངས་རྒྱས་པར་འགྱུར་ཞེས་པའི་དོན་ཡིན་གསུང༌། བརྒྱད་སྟོང་པའི་འདི་ཡན་ཆད་ཀྱིས་བརྒྱ་བྱིན་གྱི་ལེའུ་རྫོགས་པ་ཡིན་ལ། སྡུད་པའི་འང༌། རྒྱལ་བ་དེ་སྐད་གསུང་ཞེས་པ་འདི་ཡན་ཆད་ཀྱིས་བརྒྱ་བྱིན་གྱི་ལེའུའི་ཐད་རྫོགས་པ་ཡིན་གསུང༌།
༈ འབྲས་བུ་མཐོང་ན་དོན་གཉེར་སྐྱེ་བས་མཐོང་ལམ་གྱི་མཇུག་ཐོགས་སུ་སྒོམ་ལམ་མ་བརྗོད་པར་དེའི་བྱེད་པ་གསུངས་ལ། དེའང་སེམས་རང་དབང་དུ་བྱས་ཏེ་མ་དུལ་བ་དུལ་བར་བྱེད་པ་དང༌། སྤྱིར་རང་གི་བཤེས་གཉེན་ལའང་གུས་པར་བྱེད་དགོས་མོད། དེར་མ་ཟད་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་བཟུང་ནས་གུས་པའམ་འདུད་པར་བྱེད་པ་དང༌། དུག་གསུམ་གྱིས་གནོད་པ་མི་ནུས་པར་མ་ཟད་ཕར་ཟིལ་གྱིས་གནོན་པ་དང༌། ནང་དུ་དུག་གསུམ་མགོ་མནན་པའི་རང་མདངས་ཕྱིར་ཤར་བ་ལྟ་བུ་ཕྱི་རོལ་གྱི་མི་དང་མི་མིན་གྱིས་གནོད་མི་ནུས་ཤིང་གནོད་པ་སྒྲུབ་པའི་འོས་མ་ཡིན་པ་དང༌། ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པ་དང༌། ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་གནས་པའི་ས་ཕྱོགས་དེའང་སྐྱེ་བོ་ཐམས་ཅད་ཀྱིས་ཕྱག་དང་མཆོད་པའི་གནས་སུ་འགྱུར་བ་དང་དྲུག་ཡོད་ལ། སྡུད་པར་ཡང༌། ཤེས་རབ་ཕ་རོལ་ཕྱིན་པ་གང་ལ་མགོན་བྱེད་པ། །ཞེས་སོགས་ཤླཽ་ཀ་གཅིག་གིས་སྒོམ་ལམ་གྱི་བྱེད་པ་བསྟན་ལ། དེའང་འདིའི་ཤེར་ཕྱིན་ནི་སྒོམ་ལམ་ལ་བྱེད་དགོས་ཤིང༌། དེར་མ་ཟད་གོང་འོག་གང་གི་སྐབས་སུའང་ཤེར་ཕྱིན་ཞེས་འབྱུང་བ་ནི་ཚོགས་སྦྱོར་སོགས་སྐབས་དེ་དང་དེའི་ལམ་ལ་གོ་དགོས་ལ། མདོ་ལས་གོང་འོག་ཀུན་ལ་ཤེར་ཕྱིན་སྤྱི་ལྡོག་ཙམ་གསུངས་པ་དེ། རྒྱན་ལས་མཐོང་སྒོམ་སོགས་རང་རང་གི་མིང་གིས་བསྟན་པ་ནི་སྦས་དོན་གསལ་བར་བྱེད་ཚུལ་ཡིན་གསུང༌། གུས་བྱས་ནི་འདུད་དང་ཞེས་པ་དང༌། ཆུབ་བྱེད་པ་ཞེས་པ་བྱང་ཆུབ་དང་ཞེས་པ་དང་སྦྱོར་ལ། དུག་ནི་བདེན་འཛིན་དང༌། མཚོན་མེ་ཆུ་གསུམ་ནི་དུག་གསུམ་ལ་བྱ་ཞིང༌། དེ་དེ་བཞིས་མི་ཚུགས་ཞེས་པ་ཀུན་ནས་ཞི་དང༌། ཉོན་མོངས་ལས་རྒྱལ་ཞེས་པ་གཉིས་དང༌། བདུད་ཀྱི་ཕྱོགས་ཀྱིས་གླགས་མི་རྙེད། །ཅེས་པ་ནི། གནོད་པས་བརྫི་བ་མེད་ཉིད་དང༌། །ཞེས་པ་དང་སྦྱོར་བ་ཡིན་གསུང༌། བརྒྱད་སྟོང་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་དུལ་བ་དང༌། ཁེངས་པ་མ་མཆིས་པར་བགྱི་ཞེས་སོགས་ཀྱིས་ཉོན་མོངས་ཞི་བ་དང༌། སྐྱེ་བོ་ཐམས་ཅད་ལ་འདུད་པ་གཉིས་བསྟན་ལ། གཡུལ་འགྱེད་པའི་ཚེ་ཞེས་སོགས་ཀྱིས་ཉོན་མོངས་ལས་རྒྱལ་བའི་བྱེད་པ་དེ་བསྟན་ལ། གཡུལ་གྱི་ཐོག་མར་ཞེས་སོགས་གསུམ་གྱིས་ཉོན་མོངས་ཆེན་པོ་སྐོར་གསུམ་སྤོང་ཚུལ་དང༌། གསུམ་གྱིས་ཉོན་མོངས་འབྲིང་སྐོར་གསུམ་དང༌། གལ་ཏེ་འགྲོ་འམ་འགྲེང་ངམ་འདུག་པ་ལ་ཞེས་པ་གསུམ་གྱིས་ཉོན་མོངས་ཆུང་ངུ་སྐོར་གསུམ་སྤོང་ཚུལ་བསྟན་པ་ཡིན་ལ། འདིར་ཉོན་མོངས་དང་འཐབ་པར་གསུངས་པ་དེ། རྒྱན་ལས་ཉོན་མོངས་ལས་རྒྱལ་ཞེས་པའི་ཚིག་གི་ནུས་པས་བསྟན་ཅིང༌། བྱང་ཆུབ་སྒྲུབ་པ་ལ་ཉོན་མོངས་ཀྱིས་གེགས་བྱེད་མ་ནུས་པ་དེ་སྲོག་གི་བར་ཆད་དུ་མ་གྱུར་པའི་དོན་མ་ཡིན་གསུང༌། ཡང་དེ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མི་མཉམ་པ་དང་མཉམ་པའི་རིག་སྔགས་ཞེས་སོགས་དང༌། སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་བལྟ་བར་འགྱུར་རོ་ཞེས་སོགས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་མཆོད་རྟེན་དུ་འགྱུར་ཞེས་སོགས་ཀྱིས་རིམ་བཞིན། གནོད་པས་མི་བརྫི་བ་དང༌། བྱང་ཆུབ་སྒྲུབ་པ་དང༌། རྟེན་མཆོད་པའི་བྱེད་པ་གསུམ་བསྟན་པ་ཡིན་ཞིང༌། དེའང་སྤྱིར་རིག་སྔགས་ནི་དྲང་སྲོང་བདེན་ཚིག་གྲུབ་པ་དག་གིས་མི་དང་མི་མིན་གྱི་གནོད་པ་སོགས་ཞི་བར་གྱུར་ཅིག་ཅེས་བརྗོད་པ་ཙམ་གྱིས་ཞི་བར་བྱེད་ནུས་པ་དེ་འདྲ་ཞིག་ལ་ཟེར་ཞིང་ཕལ་པ་ལའང་ཡོད་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་རང་གཞན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་ཞི་བར་བྱེད་པས་འདི་ནི་རིག་སྔགས་ཆེན་མོ་དང༌། འདི་ལ་བརྟེན་ནས་མཉམ་པ་མེད་པ་སངས་རྒྱས་དང་མཉམ་པར་འགྱུར་བའམ། སངས་རྒྱས་ཐོབ་པར་འགྱུར་བས་ན་མི་མཉམ་པ་དང་མཉམ་པའི་རིག་སྔགས་ཞེས་གསུངས། སྒོམ་ལམ་ལ་ཟག་བཅས་རྟོག་པ་དང༌། ཟག་མེད་རྟོག་བྲལ་གཉིས་ཡོད་པས་དང་པོ་ལ་མོས་བསྔོ་རྗེས་སུ་ཡི་རང་སྒོམ་ལམ་གསུམ་དང༌། མོས་པ་སྒོམ་ལམ་ལའང་རང་དོན་གཉིས་དོན་གཞན་དོན་གསུམ་བཤད་པ་ནི་བསམ་པའི་སྒོ་ནས་གསུམ་གའང་གཞན་དོན་བྱེད་པར་འདྲའང་སྦྱོར་བ་ལག་ལེན་བྱེད་ཚུལ་གྱི་ལྡོག་ཆ་ནས་གསུམ་དུ་ཕྱེ་བ་ཡིན་ལ། སྤྱིར་དེ་གསུམ་ག་ས་བཅུ་ན་ཡོད་མོད་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ན་རང་དོན་མོས་པ་ས་བདུན་དང༌། གཉིས་དོན་མོས་པ་བརྒྱད་པ་དགུ་པ་གཉིས་དང༌། གཞན་དོན་མོས་པ་ས་བཅུ་པར་འཇོག་ལ། དེའི་རྒྱུ་མཚན་ཡང་ཐལ་འགྱུར་པ་ལྟར་ན་ས་བདུན་པར་བདག་ལྟ་མ་སྤངས་ལ་བརྒྱད་པར་སྤངས་པ་དང༌། རང་རྒྱུད་པ་ལྟར་ན་ས་བརྒྱད་པ་ནས་བདག་ལྟ་རགས་པ་སྤངས་པ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཐོབ་པ་དང༌། ས་བཅུ་པར་སངས་རྒྱས་དང་ཆ་འདྲ་བའི་མཛད་པ་རྗེས་མཐུན་པ་ཐོབ་པའི་ཕྱིར་རམ། མོས་པ་སྒོམ་ལམ་གྱིས་ཇི་ལྟར་མོས་པ་བཞིན་འགྲུབ་ན་སྒོམ་མི་དགོས་པར་མོས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ་ཞེས་པའི་རྩོད་པ་ཞིག་རྟེན་ཡིན་ཡང༌། ཞེས་པའི་ཡང་སྒྲས་བསྟན་ནས། ལན་ལ་ཇི་ལྟར་མོས་པ་ལྟར་འགྲུབ་ཀྱང་རྒྱུན་བསྲིང་སྟེ་གོམས་པ་ལས་འགྲུབ་ཀྱི། མོས་པ་ཙམ་གྱིས་དེ་མ་ཐག་ཏུ་མི་འགྲུབ་པས་སྐྱོན་མེད་ཅེས་པའི་དོན་ནོ། །སྡུད་པར་ཡང༌། ལ་ལས་བདེ་གཤེགས་ཞེས་སོགས་ཤླཽ་ཀ་གསུམ་གྱིས་རང་དོན་མོས་པ་སྒོམ་ལམ་བསྟན་པ་ཡིན་ལ། སྒོམ་ལམ་འདི་དག་ཕན་ཡོན་གྱི་སྒོ་ནས་སྟོན་ཅིང་དེའང་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་གྱིས་གངྒཱའི་བྱེ་མ་སྙེད་ཀྱི་ཞིང་ཁམས་བཀང་སྟེ་དེ་ལ་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱིས་ལྷའི་མེ་ཏོག་སོགས་ཀྱིས་དུས་ཤིན་ཏུ་རིང་པོ་བསྐལ་པ་མང་པོར་མཆོད་པ་བས་ཀྱང༌། ཤེར་ཕྱིན་འདི་གླེགས་བམ་དུ་བྲིས་ཏེ་མེ་ཏོག་སོགས་ཀྱིས་མཆོད་པར་བྱེད་པ་ནི་བསོད་ནམས་ཆེས་ཆེ་བ་ཡིན་ཏེ། དེའི་རྒྱུ་མཚན་ཡང་བདེ་བར་གཤེགས་པ་དང་དེའི་སྐུ་གདུང་གི་མཆོད་རྟེན་སོགས་ཀྱང་ཤེར་ཕྱིན་འདི་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར་ཞེས་པའི་དོན་ནོ། །རྒྱལ་བའི་ཤེས་རབ་ཕ་རོལ་ཞེས་པ་ནས་འགྲོ་བར་འགྱུར་ཞེས་པའི་ཤླཽ་ཀ་བཞིས་གཉིས་དོན་མོས་པ་སྒོམ་ལམ་བསྟན་པ་ཡིན་ལ། དེའང་རྩི་ཤིང་ནགས་ཚལ་ཐམས་ཅད་ས་ལ་བརྟེན་ནས་སྐྱེ་བ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཤེར་ཕྱིན་འདི་ལ་བརྟེན་ནས་འབྱུང་བ་དང༌། འཁོར་ལོས་བསྒྱུར་རྒྱལ་རིན་པོ་ཆེ་བདུན་དང་ཡ་མ་བྲལ་བ་བཞིན་དུ་ཤེར་ཕྱིན་འདི་དང་ལྡན་པ་ལ་ཡོན་ཏན་ཐམས་ཅད་ཡ་མ་བྲལ་བར་འདུ་བར་འགྱུར་བའི་དོན་ནོ། །རྒྱལ་བས་བརྒྱ་བྱིན་ཞེས་པ་ནས། ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པའི་བར་གྱི་ཤླཽ་ཀ་དགུས་གཞན་དོན་མོས་པ་སྒོམ་ལམ་བསྟན་པ་ཡིན་ལ། དེའང་གངྒཱའི་བྱེ་མ་སྙེད་ཀྱི་ཞིང་ཁམས་སངས་རྒྱས་ཀྱི་རིང་བསྲེལ་གྱིས་བྱུར་བུར་བཀང་བ་དང་ཤེར་ཕྱིན་གཉིས་ལས་བརྒྱ་བྱིན་གྱིས་ཤེར་ཕྱིན་བླངས་པ་དེ་རིང་བསྲེལ་ལ་མ་གུས་པ་མིན་ཡང༌། སྐུ་གདུང་ཁམས་ཆེ་བ་དེ་ཤེར་ཕྱིན་གྱི་དབང་གིས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཏེ། དཔེར་ན་ནོར་བུ་རིན་པོ་ཆེའི་སྣོད་ལ་ཕྱག་འཚལ་བ་དེ་ནོར་བུ་རིན་པོ་ཆེའི་དབང་གིས་ཡིན་པ་བཞིན་ནོ། །འདི་ནི་རྣམ་མཁྱེན་དེ་སངས་རྒྱས་སུ་བྱེད་པའི་བྱེད་ཆོས་ཡིན་པ་དང་འདྲ་གསུང༌། དེར་མ་ཟད་ཤེར་ཕྱིན་འདི་ཡོད་ན་ཕར་ཕྱིན་གཞན་ལྔ་ཆུད་ཟོས་པར་མི་འགྱུར་བ་དང༌། འཛམ་བུའི་གླིང་གི་ཤིང་ཐམས་ཅད་ལ་གྲིབ་མ་ཁ་དོག་གཅིག་ལས་མེད་པ་བཞིན་དུ་ཕར་ཕྱིན་དྲུག་ཀའང་རྣམ་མཁྱེན་གྱི་རྒྱུར་རོ་གཅིག་པ་དེ་ཤེས་རབ་ཀྱི་ཕར་ཕྱིན་གྱི་སྟོབས་ཀྱིས་ཡིན་པ་དང༌། དེར་མ་ཟད་ཕུང་པོ་ལྔ་བདེན་པར་ཞེན་པའི་སྒོ་ནས་མི་རྟག་སོགས་སུ་སྒོམ་པ་དེ་ཤེར་ཕྱིན་བཅོས་མ་ལ་སྤྱོད་པ་ཡིན་ལ། དེ་ལས་བཟློག་པ་ནི་ཤེར་ཕྱིན་རྣལ་མ་ལ་སྤྱོད་པ་ཡིན་ཞེས་པའི་དོན་ཡིན་གསུང༌།
༈ ཕན་ཡོན་བསྟོད་བཀུར་བསྔགས་གསུམ་ནི་ཇི་ལྟ་བ་བཞིན་ཡིན་གྱི་གཅམ་བུའི་ངོ་བསྟོད་མིན་ཏེ། སྡུད་པ་ལས། ལ་ལས་གངྒཱའི་ཞེས་པ་ནས། ཀུན་གྱིས་ཆར་མི་ཕོད། །ཅེས་པའི་བར་གྱི་ཤླཽ་ཀ་བདུན་གྱིས་བསྟོད་བཀུར་བསྔགས་གསུམ་བསྟན་ལ། དེའང་གངྒཱའི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ལ་བཀོད་པ་ལས། བྱང་སེམས་གཅིག་ལ་ཤེར་ཕྱིན་གླེགས་བམ་དུ་བྲིས་ཏེ་ཕྱིན་ན་བསོད་ནམས་ཆེ་སྟེ། སྔ་མ་གང་ཟག་གཅིག་གི་དོན་ཡིན་ལ། ཕྱི་མ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར་བའི་ཕྱིར་ཏེ། དེས་ཤེར་ཕྱིན་ཉམས་སུ་བླངས་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པས་ཐམས་ཅད་བྱང་ཆུབ་གསུམ་ལ་རེག་པར་འགྱུར་བའི་ཕྱིར། མྱུ་གུ་མེད་ན་སྡོང་བུ་སོགས་མི་འབྱུང་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་མེད་ན་འཇིག་རྟེན་དུ་སངས་རྒྱས་མི་འབྱུང་ལ། དེ་མ་བྱུང་ན་ཚངས་པ་བརྒྱ་བྱིན་སོགས་མངོན་མཐོའི་བདེ་འབྲས་ཕྲ་མོ་ཙམ་ཡང་མི་འབྱུང་ལ། ཉི་མའི་དཀྱིལ་འཁོར་ཤར་ན་ཐམས་ཅད་ལས་བྱེད་པ་ལ་བརྩོན་པ་བཞིན་དུ་སངས་རྒྱས་འཇིག་རྟེན་དུ་བྱུང་ན་ཐམས་ཅད་ཆོས་ལ་བརྩོན་པ་འབྱུང་བའི་ཕྱིར་རོ། །འཛམ་བུའི་གླིང་གི་ཆུ་ཀླུང་དང་མེ་ཏོག་སོགས་ཐམས་ཅད་མཚོ་མ་དྲོས་པའི་མཐུ་ལས་བྱུང་བ་བཞིན་དུ་ཡོན་ཏན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་འབྱུང་བ་ཡིན་ཞེས་པའི་དོན་ཡིན་གསུང༌། ཉི་སྣང་ལས་བསྔོ་བའི་ཁྱད་པར། བྱེད་ལས། ངོ་བོ་གསུམ་སྟེ་བཅུ་གཉིས་གསུངས་ལ། སློབ་དཔོན་གྱིས་བཅུ་གཅིག་གསུངས་ཤིང༌། ཆེ་འབྲིང་ཆུང་གསུམ་ནི་མདོ་ལས་རྒྱུན་ཞུགས་ལ་བཀོད་པ་བས་འདི་བསོད་ནམས་ཆེ་བ་དང༌། དགྲ་བཅོམ་ལ་བཀོད་པ་བས་ཀྱང་བསོད་ནམས་ཆེ་བ་སོགས་དཔེ་གསུམ་གྱི་སྒོ་ནས་གསུངས་པས་ཕྱེ་བ་ཡིན་གྱི། ངོ་བོའི་སྒོ་ནས་ཕྱེ་བ་མིན་གསུང༌། སྡུད་པ་ལས། ཉན་ཐོས་ཚོགས་རྣམས་ཞེས་སོགས་ཤླཽ་ཀ་གཅིག་གིས་རྗེས་སུ་ཡི་རང་སྒོམ་ལམ་བསྟན་ལ། ཡི་རང་བ་བསྔོ་བའི་སྔོན་དུ་གསུངས་པ་ནི། དགེ་རྩ་གོང་དུ་འཕེལ་བའི་ཐབས་དམ་པ་ཡི་རང་དང༌། བླ་མེད་བྱང་ཆུབ་ཏུ་བསྒྱུར་བའི་དམ་པ་བསྔོ་བ་ཡིན་པས། བསྔོ་བའི་རྗེས་སུ་ཡི་རང་དང༌། ཡི་རང་གི་སྔོན་དུ་བསྔོ་བ་དགོས་པའི་རྒྱུ་མཚན་གྱིས་མིན་ནམ་སྙམ་གསུངས། དེ་ནས་འདས་དུས་སྔོན་གྱི་ནས། ཟིལ་གྱིས་གནོན། ཞེས་པའི་བར་གྱིས་ཤླཽ་ཀ་བརྒྱད་ཀྱིས་བསྔོ་བ་སྒོམ་ལམ་བསྟན་ལ། རང་གཞན་སྐྱེ་འཕགས་ཐམས་ཅད་ཀྱི་དགེ་རྩ་ལ་རྗེས་སུ་ཡི་རང་བྱས་ཏེ་གཞན་དོན་བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་བ་བྱང་སེམས་ཀྱི་བསྔོ་བའི་ངོ་བོ་སྟེ། ཐམས་ཅད་བསྔོ་ཞེས་པ་ཡན་ཆད་ཀྱིས་བསྟན་གསུང༌། བསྔོ་ཚུལ་ནི། གང་བསྔོ་བ་རྫས། གང་དུ་བསྔོ་བའི་བྱང་ཆུབ་གང་གི་དོན་དུ་བསྔོ་བ་སེམས་ཅན་ཏེ་འཁོར་གསུམ་མི་དམིགས་པའི་སྒོ་ནས་བསྔོ་བ་སོགས་ཡིན་གསུང༌། འདི་ནས་བསྔོ་བའི་ལེའུ་རྫོགས་པ་ཡིན་ལ་འདི་ཡན་ཆད་དུ་ལེའུ་ལྔ་སོང་བ་ཡིན་གསུང༌།
༈ ཡི་རང་སྒོམ་ལམ་ནི་བླ་མེད་བྱང་ཆུབ་ཏུ་བསྔོས་པའི་ཐེག་ཆེན་གྱི་དགེ་རྩ་དེ་གོང་འཕེལ་དུ་བྱེད་པ་རྗེས་སུ་ཡི་རང་ལ་རག་ལས་པས་དེའི་འོག་ཏུ་ཡི་རང་སྒོམ་ལམ་འཆད་ཅེས་མཚམས་སྦྱོར་བ་དང༌། སྡུད་པ་ལྟར་ན་རྗེས་སུ་ཡི་རང་གིས་མ་ཟད་པར་སྤེལ་བའི་དགེ་བའི་རྩ་བ་དེའང་བླ་མེད་བྱང་ཆུབ་ཏུ་ཁ་སྒྱུར་བར་བྱེད་པ་བསྔོ་བ་ལ་རག་ལས་པ་ཡིན་པས་ཡི་རང་སྒོམ་ལམ་གྱི་འོག་ཏུ་བསྔོ་བ་སྒོམ་ལམ་འཆད་ཅེས་མཚམས་སྦྱོར་དགོས་གསུང༌། དབུས་མཐའི་དམ་པ་བཅུ་གཉིས་ཀྱི་ཚེགས་མེད་དམ་པ་ལའང་རྗེས་སུ་ཡི་རང་ལ་བྱེད་གསུང༌། གཞན་གྱིས་ཡོན་ཏན་ཁྱད་པར་སྒྲུབ་པ་ལ་རབ་ཏུ་དགའ་བ་དང་གུས་པའི་སྒོ་ནས་རྗེས་སུ་ཡི་རང་བྱེད་དགོས་པ་ཡིན་གྱི། དེ་ལ་ཕྲག་དོག་བྱས་ན་གཞན་ལ་ཅུང་ཟད་ཀྱང་མི་གནོད་པར་རང་གི་དགེ་རྩ་འཇོམས་པར་འགྱུར་བ་དང༌། དགེ་བ་ཆེན་པོ་ལ་ཕྲག་དོག་བྱས་ན་རང་ཉིད་ཀྱི་སྡིག་པ་ཆེན་པོ་འཐོབ། འབྲིང་ལ་བྱས་ན་སྡིག་པ་འབྲིང༌། ཆུང་ངུ་ལ་བྱས་ན་ཆུང་ངུ་འཐོབ་པར་འགྱུར་ཞིང༌། དགེ་རྩ་འཇོམས་པ་ལ་ཞེ་སྡང་དང་ཕྲག་དོག་གཉིས་ཤིན་ཏུ་སྡུག་ཤོས་ཡིན་པས་དེ་སྤངས་ནས། ཡི་རང་དེ་མི་དམིགས་པའི་སྒོ་ནས་བྱེད་པར་གསུངས་པ་ནི་ཡི་རང་སྒོམ་ལམ་གྱི་ངོ་བོ་ཡིན་ནོ། །སྤྱིར་དགེ་རྩ་བསགས་པའི་ཞིང་དག་པ་གལ་ཆེ་སྟེ། ཞིང་མ་དག་ན་ལྕགས་བསྲེག་གི་སྟེང་དུ་ས་བོན་བཏབ་པ་དང་འདྲ་གསུང༌། འདིར་དཔེར་ན་གསེར་མེད་པའི་ས་ནས་གསེར་བརྐོས་ཀྱང་ཐོབ་བྱ་གང་ཡང་མེད་པ་དང༌། གསེར་ཉུང་ངུ་ཡོད་པའི་ས་ནས་བརྐོས་ན་ཐོབ་བྱ་ཆེན་པོ་མི་འོང་བ་དང༌། གསེར་གྱི་འབྱུང་ཁུངས་སམ་གསེར་གྱི་གཏེར་ཡོད་པ་ཞིག་ནས་གསེར་བརྐོས་ན་ཐོབ་བྱ་ཤིན་ཏུ་ཆེན་པོ་འབྱུང་བ་དེ་བཞིན་དུ། ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་མོས་པ་སྒོམ་ལམ་གྱི་དགེ་རྩ་མང་དུ་བསགས་པ་འབྱུང་ཁུངས་ནས་བླངས་པའི་གསེར་གྱི་གར་བུ་ལྟ་བུ་སྟེ། ཉན་ཐོས་སམ། རང་རྒྱལ་ལམ། བླ་མེད་བྱང་ཆུབ་གང་དུ་བསྒྱུར་བ་བསྔོ་བ་ལ་རག་ལས་ཏེ། འབྱུང་ཁུངས་དག་ནས་བླངས་པའི་གསེར་གྱི་གར་བུ་དེ་རྣ་རྒྱན་དང་གདུ་བུ་སོགས་གང་དུ་སྒྱུར་བར་བྱེད་པ་གསེར་བཟོ་མཁས་པ་ལ་རག་ལས་པ་བཞིན་ཡིན་གསུང༌། བྱང་སེམས་མཉམ་པས་མཉམ་པ་ལ་ཡི་རང་བྱས་ན་དགེ་རྩ་མཉམ་པ་ཐོབ་ལ། ཆེན་པོས་ཆུང་ངུ་ལ་ཡི་རང་བྱས་ན་ཆུང་ངུ་ལས་ལྷག་པའི་ཆེན་པོ་ཐོབ་ཅིང༌། བྱང་སེམས་དང་ཉན་རང་གི་ཡི་རང་ལ་ཁྱད་པར་ཆེན་པོ་ཡོད་དེ། ཉན་རང་གི་ཡི་རང་བྱས་པ་ནི་ཕྲག་དོག་གི་ཉེས་པ་འགོག་པ་ཙམ་གྱི་ཆེད་ཡིན་ལ། བྱང་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་དགོས་པས། ཕ་རོལ་པོ་རང་ཉིད་ཀྱིས་དང་དུ་བླངས་ནས་སྒྲུབ་པ་དེ་ལ་བྱང་ཆུབ་སེམས་དཔའ་ཤིན་ཏུ་དགའ་བ་ཡིན་ཏེ། དཔེར་ན་མུ་གེ་བྱུང་བའི་ཚེ་ཕ་ཞིག་ལ་རང་གི་བུ་མང་པོ་གསོ་བའི་ཁུར་བབས་ཚེ། བུ་གཅིག་རང་ཉིད་ཀྱིས་ཟས་བཙལ་ཏེ་ཟ་ན་དེ་ལ་ཕ་དེ་རང་གིས་བྱིན་པ་བས་ཀྱང་ཤིན་ཏུ་དགའ་བ་ཡིན་ཞེས་ཡོངས་འཛིན་རིན་པོ་ཆེ་ནས་ཡང་ཡང་གསུང་གི་ཡོད་གསུང༌། བྱང་སེམས་ཀྱི་ཡི་རང་གིས་གཞན་གྱི་དགེ་རྩ་ཚེགས་ཆུང་ངུས་སྐད་ཅིག་མ་གཅིག་ལ་སྡུད་པར་བྱེད་པས་ཚེགས་མེད་པ་དམ་པ་ཞེས་དབུས་མཐའ་ནས་བཤད་པ་ཡིན་གསུང༌། ཟག་མེད་སྒོམ་ལམ་ལ་སྒྲུབ་པ་སྒོམ་ལམ་དང༌། རྣམ་དག་སྒོམ་ལམ་གཉིས་ཡོད་པས། ཁ་ཅིག་སྒྲུབ་པ་སྒོམ་ལམ་སྤངས་པ་དང༌། རྣམ་དག་སྒོམ་ལམ་རྟོགས་པར་འདོད་པ་མི་འཐད་དེ། སྤངས་པ་མ་ཡིན་པའི་ཕྱིར། ཡང་ཁ་ཅིག་དང་པོ་གཞན་དབང་གི་ཡུལ་ཅན་གཉིས་པ་ཡོངས་གྲུབ་ཀྱི་ཡུལ་ཅན་དུ་བཤད་པ་མཉམ་རྗེས་གཉིས་ལ་སྦྱོར་འདོད་པ་ཡིན་ཡང་མི་འཐད། ཁ་ཅིག་དང་པོ་བར་ཆད་མེད་ལམ་དང༌། གཉིས་པ་རྣམ་གྲོལ་ལམ་ལ་སྦྱར་བའང་མི་འཐད་དེ། གཉིས་ཀ་ཉོན་མོངས་སྐོར་དགུའི་གཉེན་པོར་གསུངས་པའི་ཕྱིར། རང་ལུགས་ལ་སྤངས་རྟོགས་ཀྱི་ལག་རྗེས་ཀྱི་ལྡོག་ཆ་ནས་སོ་སོར་ཕྱེ་བས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་གསུང༌། སྒྲུབ་པ་སྒོམ་ལམ་ལ་ལྔ་ཡོད་དེ། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུས་མཐོང་བས་ངོ་བོ་ཉིད་དང་ཕར་ཕྱིན་གཞན་ལྔའང་སངས་རྒྱས་སུ་བགྲོད་པའི་ལམ་ཡིན་ཡང༌། ལམ་གྱི་དངོས་གཞི་དང༌། ལུས་ནི་ཤེར་ཕྱིན་ཡིན་པས་མཆོག་ཉིད་དང༌། དེ་དག་གི་སྟེང་དུ་སྐྱེ་འཇིག་སོགས་ཀྱང་བདེན་མེད་དུ་བསྒོམ་པ་ནི་མངོན་པར་འདུ་མི་བྱེད་པ་དང༌། བདེན་གྲུབ་ཀྱི་དབང་དུ་བྱས་ཏེ་བདེན་མེད་དུ་དམིགས་པ་གཏོད་པར་བྱེད་པ་དང༌། དོན་ཆེན་པོ་དང་ལྔ་ཡོད་པའི་ཕྱིར། སྡུད་པར་ཡང༌། དམུས་ལོང་དམིགས་བུ་ཞེས་སོགས་ཤླཽ་ཀ་བཞིས་སྒྲུབ་པ་སྒོམ་ལམ་ལྔའི་ནང་གི་མཆོག་ཉིད་ཅེས་པ་དེ་བསྟན་པ་ཡིན་ལ། དེའང་དཔེར་ན། དམུས་ལོང་མང་པོ་གྲོང་ཁྱེར་དུ་འགྲོ་བར་འདོད་ཅིང་རྐང་པ་ཡོད་ཀྱང་མིག་མེད་ན་ལམ་མི་མཐོང་བས་གྲོང་ཁྱེར་དུ་འགྲོ་མི་ནུས་པ་བཞིན་དུ་ཕར་ཕྱིན་གཞན་ལྔ་ལམ་ཡིན་ཡང༌། ཤེར་ཕྱིན་གྱི་མིག་དང་བྲལ་ན་བླ་མེད་བྱང་ཆུབ་ཏུ་འགྲོ་མི་ནུས་པ་དང༌། རི་མོ་མཁན་གྱིས་ལྷའི་མིག་མ་བྲིས་པར་གླ་རྔན་མི་འཐོབ་པ་ལྟར་རོ། །དཀར་པོ་སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བ་དང༌། ནག་པོ་ཉན་ཐོས་ཀྱི་རྒྱུད་ཀྱི་དགེ་བ་མན་ཆད་རྣམས་ལ་དམིགས་པ་བྲལ་ཚེ་ཤེར་ཕྱིན་གྲངས་སུ་འགྲོ་ལ། དམིགས་པའི་འདུ་ཤེས་དང་བཅས་པ་བཞིན་དུ་བདག་ནི་བྱང་ཆུབ་སེམས་དཔའ་ཆེན་པོར་རློམ་ཞིང་སེམས་ཅན་མང་པོ་སྒྲོལ་བར་ཁས་འཆེས་ཀྱང་ཤེར་ཕྱིན་རྣལ་མ་ལ་སྤྱོད་པ་མིན་ཞེས་པའི་དོན་ཡིན་གསུང༌། བརྒྱད་སྟོང་པ་ལས་ཀྱང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣང་བར་བགྱིད་པ་ལགས་སོ་ཞེས་སོགས་ཀྱིས་ངོ་བོ་ཉིད་དང༌། ཀཽ་ཤི་ཀ་འདི་ལྟ་སྟེ་དམུས་ལོང་བརྒྱའམ། སྟོང་ངམ། བརྒྱད་སྟོང་ངམ་ཞེས་སོགས་ཀྱིས་མཆོག་ཉིད་དང༌། ཤཱ་རིའི་བུ་གཟུགས་མངོན་པར་མི་སྒྲུབ་ཅེས་སོགས་ཀྱིས་མངོན་པར་འདུ་མི་བྱེད་པ་དང༌། ཅི་ལྟར་དམིགས་པ་དེ་ལྟ་བུར་གཏོད་པར་མི་བྱེད་པ། ཞེས་སོགས་ཀྱིས་གཏོད་པར་བྱེད་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེན་པོ་ལགས་སོ། །ཞེས་སོགས་ཀྱིས་དོན་ཆེན་པོ་དང་ལྔ་གསུངས་པ་ཡིན་ལ། གཏོད་པ་ནི་མི་དམིགས་པ་ལ་དམིགས་པ་གཏོད་པ་དང༌། ཆེན་པོ་ནི་དགོས་དོན་མཆོག་ལ་བྱེད་དགོས་གསུང༌། རྣམ་དག་སྒོམ་ལམ་ནི། ཡོན་ཏན་བཟུང་བ་སྟེ་ཉམས་སུ་བླངས་པ་དང༌། གེགས་བོར་བ་སྟེ་བསལ་བར་མ་བྱས་པར་དེ་མི་ཐོབ་པས་དེའི་སྔོན་དུ་སྐྱེ་དང་མི་སྐྱེ་བའི་རྒྱུ་གསུངས་ལ། སྐྱེ་བའི་རྒྱུ་ནི་སངས་རྒྱས་དང་དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ་དང༌། སྦྱིན་སོགས་རྫོགས་པར་བྱེད་པ་དང༌། དམན་པའི་ཡིད་བྱེད་དང་མ་འདྲེས་པའི་ཐེག་ཆེན་གྱི་སེམས་རྩེ་གཅིག་པ་རྣམས་ཡིན་ལ། རྣམ་དག་སྒོམ་ལམ་རང་གི་ངོ་བོ་ནི་དམིགས་མེད་ལ་དམིགས་པ་ཡིན་པས་མེད་མི་རུང་དུ་ཐབས་ཁྱད་པར་ཅན་གྱིས་རྩིས་ཟིན་དགོས་པར་བཞེད་ནས་འདི་རྣམས་གསུངས་པ་ཡིན་གསུང༌། སྤྱིར་ནའང་ཤེར་མདོའི་སྒྲས་ཟིན་ཙམ་ལ་བརྟེན་ནས་སྤྱོད་ཕྱོགས་ལ་རྩིས་སུ་མི་བྱེད་པའི་རྒྱ་ནག་ཧྭ་ཤང་དང་དེ་དངོས་མིན་ཡང༌། དེའི་རྗེས་སུ་འབྲངས་པའི་བོད་མང་པོས་སྤྱོད་པ་ཉམས་ལེན་གྱི་ཕྱོགས་ཉམས་པར་བྱས་པའི་ཚེ་རྗེ་རིན་པོ་ཆེ་ཕེབས་ཏེ་སྤྱོད་ཕྱོགས་རྩལ་དུ་བཏོན་ནས་གསུངས་ཤིང༌། རྗེ་བཙུན་འཇམ་དབྱངས་ལ་ཞུས་པའི་ཚེའང་སྤྱོད་ཕྱོགས་ལ་རྩིས་སུ་བྱེད་དགོས་གསུངས་པ་ལྟར་དགོས་གསུང༌། མི་སྐྱེ་བའི་བདུད་ནི། བདུད་ཀྱི་ཐིབས་ཀྱིས་ནོན་པ་དང༌། །ཟབ་མོའི་ཆོས་ལ་མ་མོས་པ་སོགས་བཞི་ཡིན་ལ། བདུད་ཀྱི་ཐིབས་ཀྱིས་ནོན་ཞེས་པ་ནི། དཔེར་ན། འཇིག་རྟེན་ན་ཁང་པ་རྡིབ་པའི་འོག་ཏུ་ཆུད་པ་ལ་ཐིབས་འོག་ཏུ་ཆུད་ཟེར་བ་ལྟར། བདུད་ཀྱིས་རྒྱུད་བརླམས་ཏེ་དགེ་བའི་ཕྱོགས་སུ་འཕར་དབང་མི་འཇུག་པ་ལ་བྱེད་དེ། བྱིན་ནི་སྐུ་གསུང་ཐུགས་ཀྱི་གཟི་བྱིན་ལ་བྱས་ནས་རློབ་ཅེས་པ་འཕྲིན་ལས་ཀྱིས་རྒྱུད་ཁེབས་ནས་འཕར་གི་མི་འཇུག་པར་འཕྲིན་ལས་དང་དགོངས་པའི་དབང་དུ་གྱུར་པ་ལ་བྱེད་པའི་ཕྱིར། རྣམ་དག་སྒོམ་ལམ་སྐྱེ་བའི་རྒྱུ་དེ་ཉིད་སྡུད་པར་འཆད་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་སོགས་ཤླཽ་ཀ་གཅིག་གིས་གསུངས་ལ། དེའང་ཤེར་ཕྱིན་ལ་སྤྱོད་པའི་ཚེ་མཁས་པ་སོམ་ཉི་མེད་པར་ཐོས་མ་ཐག་ཏུ་འདུ་ཤེས་བསྐྱེད་པ་དེས་ནི་བྱང་ཆུབ་མྱུར་དུ་རྟོགས་པར་འགྱུར་ཞེས་པའི་དོན་ནོ། །མི་སྐྱེ་བའི་རྒྱུ་འཆད་པར་སྔོན་སྤྱོད་ཚེ་ན་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། སྔོན་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་ཤིང་ད་ལྟ་མི་ལུས་ཀྱང་ཐོབ། ཤེར་ཕྱིན་སྟོན་པའི་དགེ་བའི་བཤེས་གཉེན་དང་མཇལ་བའི་དུས་འདིར་རང་ཉིད་ཀྱིས་ཤེར་ཕྱིན་ཉན་མི་འདོད་ཅིང༌། གཞན་འཆད་པ་དང་ཉན་པ་ལ་མི་དགའ་བར་བྱེད་པ་དེས་ཤེར་ཕྱིན་འདི་སྤངས་པས་སྐྱབས་མེད་པར་གྱུར་ནས་མནར་མེད་དུ་འགྲོ་བའི་དོན་ཡིན་ལ། སྐྱབས་མེད་པར་གྱུར་ཚུལ་ནི། སངས་རྒྱས་རྣམས་ཀྱིས་དེ་མ་གཟིགས་པ་དང༌། ཐུགས་རྗེ་ཆུང་བ་མིན་ཡང་སྐྱོབ་བྱེད་ཀྱི་ཐབས་དངོས་ནི་ཤེར་ཕྱིན་ཡིན་ལ། དེ་སྤངས་པས་སྐྱོབ་ཐབས་མ་རྙེད་པ་ཡིན་ཏེ། དཔེར་ན་ནད་པས་སྨན་མ་འཐུང་ན་སྨན་པས་ཀྱང་ཐབས་མི་རྙེད་པ་དང༌། མི་ཞིག་གཡང་དུ་ལྷུང་བའི་ཚེ་ཐག་པ་ཕྱིན་ཀྱང་མ་བཟུང་ན་འདྲེན་ཐབས་མེད་པ་བཞིན་ཡིན་གསུང༌། དེས་ན་སངས་རྒྱས་ཐོབ་པར་མི་འདོད་ན་ཕར་ཞོག འདོད་ཕྱིན་དལ་འབྱོར་ཀྱང་ཐོབ། མཇལ་དཀའ་བ་ཤེར་ཕྱིན་དང་མཇལ། དེ་སྟོན་པའི་བཤེས་གཉེན་དང་འཕྲད་པའི་དུས་འདིར་ཤེར་ཕྱིན་ལ་དད་པར་བྱས་ཏེ་སྤྱིར་འཁོར་བ་དང༌། ཁྱད་པར་ངན་སོང་གི་གནས་སུ་མི་འགྲོ་བའི་གདེང་ཐོབ་པ་ཞིག་དགོས་ཀྱི། འདིར་སྙིང་པོ་ཞིག་མ་ལོན་པར་སླར་ཡང་འཁོར་བའི་གནས་སུ་གར་འགྲོ་འདིར་འགྲོ་མི་ཤེས་པར་འཁྱམ་དགོས་པ་བྱུང་ན་དེ་ལས་ལྷག་པའི་ངོ་ཚ་བ་དང་སྨད་པའི་གནས་སུ་བྱ་བ་ཅི་ཞིག་ཡོད་དེ། དཔེར་ན་རིན་པོ་ཆེའི་གླིང་དུའང་ཕྱིན། རིན་པོ་ཆེ་དང་འཕྲད་ཀྱང་གཞན་རྣམས་ཀྱིས་རིན་པོ་ཆེ་ཁྱེར་འོང་བའི་ཚེ། རང་ཉིད་ལག་པ་སྟོང་པར་རང་ཁྱིམ་དུ་འོང་ན་དེ་འཇིག་རྟེན་ན་ཤིན་ཏུ་ངོ་ཚ་བ་དང་སྨད་པའི་གནས་སུ་བྱེད་པ་བཞིན་ཡིན་གསུང༌། རྣམ་དག་སྒོམ་ལམ་དངོས་ནི་འབྲས་བུ་དག་པ་ནས། དག་པར་བརྗོད་ཅེས་པའི་བར་གྱིས་རྣམ་དག་སྤྱིར་བསྟན་ལ། དེའང་དྲི་མ་གནས་ལུགས་ལ་མ་ཞུགས་པས་གཟུགས་སོགས་གདོད་ནས་རྣམ་པར་དག་པ་དང༌། རང་བཞིན་གྱིས་འོད་གསལ་བ་སོགས་ཡིན་ཀྱང་བདེན་འཛིན་གྱིས་ཕྱིན་ཅི་ལོག་ཏུ་བཟུང་ནས་ཉོན་མོངས་སོགས་སྐྱེས་པ་དེ་ལ་དྲི་མ་གློ་བུར་བ་ཟེར་ཞིང༌། དེས་བསྒྲིབས་ནས་སྡོད་ལུགས་གཉིས་འདྲེས་པར་སྣང་ཞིང་གནས་ལུགས་གསལ་བར་མཐོང་མ་ནུས་ཀྱི་བར་དུ་གཟུགས་སོགས་རྣམ་པར་མ་དག་པ་ཞེས་བརྗོད་ལ། སྒྲིབ་བྱེད་ཀྱི་དྲི་མ་དག་ནས་གསལ་བར་མཐོང་བའི་ཚེ་གཟུགས་སོགས་ཀྱི་གནས་ལུགས་གདོད་ནས་རྣམ་པར་དག་པ་ཡོད་པ་དེ་དང༌། རང་གི་མཐོང་ཚུལ་གཉིས་མཐུན་སོང་བའི་གནད་ཀྱིས་གཟུགས་དག་པ་དང༌། དེ་དག་སྦྱོང་ཚུལ་གྱི་འབྲས་བུ་ནས་སངས་རྒྱས་ཀྱི་བར་གྱི་འབྲས་བུ་དག་པ་གཉིས་དོན་གཅིག་ཏུ་སོང་བ་ཡིན་ལ། གཟུགས་སོགས་དག་པ་དེ་ལས་ལོགས་ཤིག་ན་འབྲས་བུ་དག་པ་འཇོག་རྒྱུ་མེད་པས་སོ་སོར་བཅད་དུ་མེད་པའམ་རིས་སུ་མ་ཆད་པ་ཞེས་བྱ་ཞིང༌། འབྲས་བུ་དག་ཚུལ་དེ་ལ་ལྟོས་ཏེ་དེའི་ཚེ་གཟུགས་སོགས་དག་པ་ཞེས་བརྗོད་པ་ཡིན་ཏེ། དཔེར་ན་གཟུགས་ཀྱི་སྟེང་ན་སྐྲ་ཤད་འབབ་པར་སྣང་བ་དེའི་ཚེ་གཟུགས་མི་གསལ་ཞེས་བརྗོད་ལ། འཁྲུལ་རྒྱུ་ལོག་པའི་ཚེ་གཟུགས་གསལ་ཞེས་བརྗོད་པ་བཞིན་ཡིན་པའི་ཕྱིར་ཏེ། དེ་ལྟར་མིན་པར་གཟུགས་ཀྱི་སྟེང་ན་དང་པོ་ནས་སྐྲ་ཤད་ཡོད་ན་གཅིག་གིས་གསལ་བར་མཐོང་ཚེ་ཐམས་ཅད་ཀྱིས་མཐོང་དགོས་པས་གསལ་བར་མི་མཐོང་བ་སུའང་མེད་པར་འགྱུར་རོ། །འདི་དག་ཐལ་འགྱུར་པ་ལ་འགྲིགས་གསུང༌། རྣམ་དག་བྱེ་བྲག་ཏུ་འཆད་པ་ལ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཞེས་སོགས་བྱུང་ལ། ཐལ་འགྱུར་བའི་ལུགས་ལ་རྒྱ་ཆེ་ཆུང་ལ་སྦྱར་ན་འཆར་བདེ་བས། དཔེར་ན། མཁྲིས་ནད་ཀྱིས་གངས་རི་སེར་པོར་སྣང་བའི་མི་ཞིག་གྲུ་ནང་དུ་ཞུགས་པའི་ཚེ་གངས་རི་འགྲོ་བར་ཡང་སྣང་ལ། ཆུའི་ཕར་འགྲམ་དུ་སླེབ་ཚེ་གངས་རི་འགྲོ་བར་སྣང་བ་ལོག་ཀྱང༌། ད་དུང་སེར་པོ་སྣང་བའི་ཆ་མ་ལོག་པ་བཞིན་དུ། ཉན་རང་གིས་ཐར་པ་ཐོབ་པའི་ཚེ་ཉོན་སྒྲིབ་ཙམ་སྤངས་པས་རྣམ་དག་ཕྱོགས་རེ་བ་དང༌། སངས་རྒྱས་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་རྣམ་དག་ཤིན་ཏུ་བ་ཞེས་བརྗོད་པ་ཡིན་གསུང༌། དེའི་རྒྱུ་མཚན་ནི་ཉན་རང་གི་ཐར་པ་ཐོབ་པ་ལ་སྒྲིབ་གཉིས་ཀྱི་བག་ཆགས་སྤོང་མི་དགོས་ཤིང་ཉན་རང་གི་ལམ་གྱིས་དེ་སྤོང་མི་ནུས་པའི་གནད་ཀྱིས་ཀྱང་རྣམ་དག་ཀྱང་ཉི་ཚེ་བ་ཡིན་ལ། རྣམ་མཁྱེན་ཐོབ་པ་ལ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤོང་དགོས་ཤིང་བསྐལ་པ་དུ་མར་ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུས་སྒོམ་སྤང་ཆེན་པོའི་ཆེན་པོ་ལ་སོགས་པ་དགུ་སྤོང་བར་འགྱུར་བས་རྒྱུ་ཅི་ཙམ་སྟོབས་ཆེ་བ་དེ་དང་མཚུངས་པའི་འབྲས་བུའང་འབྱུང་བས་སངས་རྒྱས་ཀྱི་རྣམ་དག་ཤིན་ཏུ་བར་བཞག་པ་ཡིན་གསུང༌། དེ་ལྟར་བཤད་པ་ལ་གཉེན་པོ་ཆུང་ངུས་སྤང་བྱ་ཆེན་པོ་སྤོང་བ་སོགས་མི་འཐད་དེ། སྤང་བྱ་ཆེན་པོ་སྤོང་བ་ལ་གཉེན་པོ་ཆེན་པོ་དགོས་པའི་ཕྱིར། དཔེར་ན། དགྲ་སྟོབས་ལྡན་གྱི་ཁ་ཡ་བྱེད་པ་ལ་ཚུར་ངོས་མིའང་སྟོབས་ལྡན་དགོས་པ་བཞིན་ནོ་ཞེས་པའི་དོགས་པ་ཁོང་ནས་བསུས་ཏེ། ལན་ནི་དེ་དང་འདི་གཉིས་མཚུངས་པ་མ་ཡིན་ཏེ། འདིར་ནི་གོས་ཀྱི་དྲི་མ་རགས་པ་དེ་ལན་གཅིག་བཀྲུས་ན་ནག་ལྡུར་གྱིས་དག་འགྲོ་བ་དང་གོས་ཀྱི་གསེབ་ན་ཞུགས་པའི་དྲི་མ་ཕྲ་མོ་དེ་ཡང་དང་ཡང་དུ་བཀྲུས་ཏེ། འབད་པ་ཆེན་པོས་འདག་དགོས་པ་ལྟར། སྤང་བྱ་རགས་པ་སྤོང་སླ་ཞིང་ཕྲ་མོ་སྤོང་དཀའ་བས་ཀླན་ཀ་དེ་ནི་མི་འབྱུང་ངོ༌། །འདིས་ནི་སྤོང་དཀའ་བ་དེ་སྤོང་བར་གསུངས་པས་དོན་གྱི་རྣམ་དག་ཤིན་ཏུ་བ་དེ་སྒྲུབ་པ་ཡིན་གསུང༌། དེ་ཉིད་སྡུད་པར་འཆད་པའི་ཚེ། གཟུགས་ཀྱི་དག་པ། ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། དང་པོས་རྣམ་དག་སྤྱི་དང༌། ཕྱི་མ་གསུམ་གྱིས་བྱེ་བྲག་ཏུ་བཤད་པ་ཡིན་གསུང༌།
༈ གསུམ་པ་ལམ་ཤེས་རྣམ་པར་དག་བྱེད་ཀྱི་གཞི་ཤེས་ནི། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ལམ་ཤེས་ཀྱི་གོལ་ས་ཤེས་པའི་ཆེད་དུ་གཞི་ཤེས་བསྟན་པས་འདིར་མི་མཐུན་ཕྱོགས་ཀྱི་གཞི་ཤེས་གཙོ་བོར་བསྟན་པར་བཞེད་ཀྱང༌། རང་ལུགས་ལ་གོལ་སའང་ཤེས་དགོས་མོད། གཙོ་བོར་ལམ་ཤེས་ཀྱི་གྲོགས་སུ་གྱུར་པའི་མི་རྟག་སོགས་རྟོགས་པའི་གཞི་ཤེས་བྱང་སེམས་རང་རྒྱུད་ལ་སྐྱེད་པར་བྱེད་པ་དེ་འདིར་བཤད་པ་ཡིན་ཏེ། སྐབས་དང་པོ་གཉིས་སུ་ལམ་ཤེས་མཐའ་གཉིས་རྣམ་དག་ཏུ་བསྟན་པ་ལ། དག་བྱེད་ཀྱི་ལག་རྗེས་གང་གིས་བྱེད་འདིར་འཆད་པའི་ཕྱིར། དེ་ལ་ཤེས་པས་སྲིད་ལ་མི་གནས་པ། སྙིང་རྗེས་ཞི་ལ་མི་གནས་པའི་ལམ་ཤེས། འབྲས་ཡུམ་ལ་ཉེ་རིང་གི་དེ་དང༌། གཉེན་པོ་དང༌། མི་མཐུན་ཕྱོགས་ཀྱི་དེ་དང༌། སྦྱོར་བ། འཛིན་སྟངས་མཉམ་ཉིད། མཐོང་ལམ་དང་དགུ་ཡོད་ལ། དང་པོ་གཉིས་ནི། སྐྱོན་མཐོང་ཕྱིར་ན་སྲིད་པར་མིན། །ཞེས་པ་ལྟར་འཁོར་བའི་སྐྱོན་མཐོང་བས་སྲིད་མཐའ་འགོག་པའི་གཞི་ཤེས་དང༌། གཞན་དོན་ནམ་ཡང་མི་འདོར་བས་ཞི་མཐའ་འགོག་པའི་སྙིང་རྗེ་སྟེ་འདི་གཉིས་ཀུན་རྫོབ་ལ་ལྟོས་པས་དེ་གཉིས་འགོག་བྱེད་ཡིན་གསུང༌། སྐྱེ་བ་དུ་མར་བརྒྱུད་དེ་འོང་བས་འཁོར་བ་ལ་རྟག་མཐའ་དང༌། འཁོར་བ་ཟད་ཙམ་གྱི་ཆ་ཡིན་པས་མྱང་འདས་ལ་ཆད་མཐར་གསུངས་པ་ཡིན་ནོ། །སྤྱིར་བྱང་སེམས་དེ་གཉིས་ཀྱི་བར་ན་གནས་ཀྱང་བདེན་ཞེན་གྱིས་གནས་པ་འགོག་དགོས་པས་དོན་དམ་པར་དེ་གཉིས་ཀྱི་བར་ནའང་མི་གནས་པ་སྟེ་འདིས་དོན་དམ་ལ་ལྟོས་པའི་དེ་གཉིས་འགོག་གསུང༌། ཀུན་ཤེས་པའི་སྐབས་ལས་བཟློག་ཅེས་པ་ནི། གཉེན་པོའི་ཕྱོགས་ཀྱི་དེ་གཙོ་བོར་དངོས་སུ་བསྟན་པ་ལས་བཟློག་སྟེ་ཤུགས་ལ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་བསྟན་པ་ལ་བྱེད། དུས་གསུམ་མཉམ་པ་ཉིད་དུ་མ་རྟོགས་པས་ཉན་ཐོས་འཇིགས་སྲིད་ཀྱི་སྒྲིབ་པ་དང༌། རང་རྒྱལ་བརྩེ་མེད་ཀྱི་སྒྲིབ་པ་དང་ལྡན་ཞིང༌། དེས་སྲིད་ཞིའི་མཐར་ལྟུང་བར་བཤད་པ་ལ། ཉན་རང་གིས་དུས་གསུམ་མཉམ་པ་ཉིད་དུ་མ་རྟོགས་པས་སྲིད་ཞིའི་མཐར་ལྟུང་བར་བཤད་པ་མི་འཐད་པར་ཐལ། དེས་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར། དེར་ཐལ། དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་པ་གང་ཞིག །ཉན་རང་གིས་རྟེན་འབྱུང་རྟོགས་པའི་ཕྱིར། ཞེས་པའི་རྩོད་པ་ཞིག་བཀོད་ལ། འགོད་མཁན་ནི་ཐལ་འགྱུར་པ་ཞིག་ཡིན་པ་འདྲ་སྟེ། ཐལ་འགྱུར་བས་ཀྱང་རྟེན་འབྱུང་རྟོགས་ན་སྟོང་ཉིད་རྟོགས་པས་ཁྱབ་པ་ཞལ་གྱིས་མི་བཞེས་ཀྱང༌། རྟེན་འབྱུང་ཇི་ལྟ་བ་བཞིན་རྟོགས་ན་སྟོང་ཉིད་མྱུར་དུ་རྟོགས་ནུས་པར་འདོད་པ་ཡིན་གསུང༌། འདིའི་གཞི་ནི་རྟེན་འབྱུང་ལ་བྱེད། ལན་དངོས་སུ་མ་གསུངས་ཀྱང༌། འདིས་རྟེན་འབྱུང་རྟོགས་ན་སྟོང་ཉིད་རྟོགས་པས་ཁྱབ་པ་བསྟན་པ་མིན་གྱི། སྟོང་ཉིད་ཡིན་ན་རྟེན་འབྱུང་ཡིན་པས་ཁྱབ་པ་བསྟན་པ་ཡིན་པས་སྐྱོན་མེད་ཅེས་བའི་ལན་ཞིག་དོན་གྱིས་ཐོབ་གསུངས། དེ་ཉིད་སྡུད་པར་འཆད་པའི་ཚེ་དཔའ་བོ་གར་སྤྱོད། ཅེས་སོགས་ཤླཽ་ཀ་གཅིག་བྱུང༌། བདེན་འཛིན་དང་རང་གཅེས་འཛིན་གྱིས་གཡོ་བར་མི་ནུས་པའི་དཔའ་བོ་རྣམས་འཁོར་བའི་གནས་གང་དུ་སྤྱོད་ཀྱང་འཁོར་བའི་སྐྱོན་མཐོང་བའི་ཤེར་ཕྱིན་གྱིས་ཁམས་གསུམ་གང་དུའང་མི་ཆགས་པར་དེ་ལས་འདས་ཀྱང་ཞི་བའི་བདེ་བ་ལ་གཞོལ་བར་མི་འགྱུར་བས་སྲིད་མཐའ་ལ་མི་གནས་པ་དང༌། ལས་ཉོན་གྱི་དབང་གིས་མིན་པར་གཞན་དོན་ཡལ་བར་མི་འདོར་བའི་སྙིང་རྗེས་འཁོར་བའི་གནས་སུ་སྐྱེ་རྒ་ན་འཆི་སོགས་དུས་འཚམ་པར་སྟོན་པར་འགྱུར་བས་ཞི་མཐར་མི་གནས་པ་སྟེ། སྲིད་ཞིའི་མཐར་མི་གནས་པའི་གཞི་ཤེས་གཉིས་དངོས་སུ་བསྟན་ནས་འབྲས་ཡུམ་ལ་ཉེ་རིང་གི་གཞི་ཤེས་གཉིས་ཤུགས་ལ་བསྟན་པ་ཡིན་གསུང༌། རྣམ་བཤད་ལས་ཀྱང་འདི་གཉིས་སྔ་མ་གཉིས་ཀྱི་རྒྱུ་མཚན་དུ་གསུངས་ལ། ཉེ་རིང་དུ་འགྱུར་བའི་རྒྱུ་མཚན་ནི། སྒྱུ་མ་མཁན་གྱིས་རྟ་གླང་སྤྲུལ་ཚེ་འདི་སྤྲུལ་པ་ཡིན་ཞེས་སྟོན་མཁན་ཀྱང་མེད་རང་གིས་ཀྱང་མ་ཤེས་པས་རྟ་གླང་དངོས་སུ་ཞེན་པ་ལྟར་སྟོང་ཉིད་སྟོན་པའི་དགེ་བའི་བཤེས་གཉེན་དང་མ་འཕྲད་པ་དང༌། འཕྲད་ཀྱང་དེ་སྟོན་པའི་སྣོད་དུ་མ་རུང་བས་བདེན་པར་སྣང་བ་ལྟར་ཞེན་པའི་དབང་གིས་འབྲས་ཡུམ་ལས་རིང་བར་གྱུར་པ་དང༌། བྱང་སེམས་ནི་ཕྱི་ནང་གི་རྐྱེན་ཐམས་ཅད་ཚོགས་པའི་སྒོ་ནས་ཤེར་ཕྱིན་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་སྟོབས་ཀྱིས་སྔ་མ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཁྱད་ཞུགས་ནས་བླ་མེད་བྱང་ཆུབ་མྱུར་དུ་འཐོབ་པར་འགྱུར་བས་ན་འབྲས་ཡུམ་ལ་ཉེ་བ་ཡིན་གསུང༌། བརྒྱད་སྟོང་པ་ལས་ཀྱང༌། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས་ཕ་རོལ་གྱི་འགྲམ་ན་ཡང་མི་གནས། གཉིས་ཀའི་བར་རྒྱང་རིང་པོ་ན་ཡང་མི་གནས་ཞེས་སོགས་ཀྱིས་གསུངས་ལ། གོང་དུ་ལམ་ཤེས་རྣམ་པར་དག་པར་གསུངས་པས། རྣམ་པར་དག་བྱེད་གང་ཡིན་དྲིས་པའི་ལན་དུ་གསུངས་པ་ཡིན་ནོ། །གཉེན་པོ་དང་མི་མཐུན་པའི་ཕྱོགས་ཀྱི་གཞི་ཤེས་ལ། གཞི་ལམ་དང༌། འབྲས་བུའི་དབང་དུ་བྱས་པ་གཉིས་ཡོད་པས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་དུས་གསུམ་པའི་ཆོས་རྣམས་ལ་བདེན་པར་ཞེན་པ་དང༌། སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ་བདེན་པར་ཞེན་པ་གཉིས་ནི་གཞི་དང་ལམ་ལ་དམིགས་པའི་མི་མཐུན་ཕྱོགས་ཏེ། རྣམ་པ་ཐམས་ཅད་དུ་བླང་བྱ་མ་ཡིན་པས་བྱང་སེམས་ཀྱི་ལམ་གྱི་མི་མཐུན་ཕྱོགས་ཡིན་ལ། ཐལ་འགྱུར་བ་ལྟར་ན་བདེན་པར་ཞེན་ནས་མི་རྟག་པ་སོགས་སུ་བསྒོམ་པས་མི་རྟག་པ་སྒོམ་པར་མི་འགྲོ་ཞིང་ཐར་པ་ཐོབ་མི་ནུས། རང་རྒྱུད་པས་ཐག་ཁྲ་ལ་སྦྲུལ་དུ་བཟུང་བའི་ཚེ་གཞན་གྱིས་འདི་ཤིང་གི་ལྕུག་མ་ཕྲ་མོ་ཡིན་ནོ་ཞེས་བསྟན་པ་ན་ཐག་ཁྲ་དངོས་སུ་མ་བཟུང་ཡང༌། ཤིང་གི་ལྕུག་མ་ཡིན་པར་བཟུང་བས་ཀྱང་སྦྲུལ་དུ་བཟུང་བའི་འཇིགས་པ་སེལ་ནུས་པ་བཞིན་དུ་ཆོས་ཀྱི་གནས་ལུགས་མ་རྟོགས་ཀྱང་བདག་མེད་རགས་པས་ཀྱང་ཉོན་སྒྲིབ་སྤོང་ནུས་པར་འདོད་པ་ཡིན་གསུང༌། འབྲས་བུའི་དབང་དུ་བྱས་པ་འདི་གཉིས་ནི། སྦྱིན་པ་གཏོང་བའི་ཚེ་སྦྱིན་པའི་འཁོར་གསུམ་མི་དམིགས་པ་དང་གཏོང་ཡུལ་ཕུང་པོ་ལྔའང་མི་དམིགས་པར་ཤེས་དགོས་པས་གཞི་ལམ་གཉིས་ཀ་ལ་དམིགས་པའི་གཉེན་པོའི་ཕྱོགས་ཏེ། འདི་ནི་ཐབས་ཤེས་གང་གི་ཆ་ནས་ཀྱང་སྨད་དུ་མི་རུང་བས་རྣམ་པ་ཐམས་ཅད་དུ་བླང་བར་བྱ་བའམ་གཉེན་པོ་ཡིན་ནོ། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་པ་འདི་ཚིག་གོང་མ་གསུམ་གྱི་མཇུག་ཏུ་སྦྱར་བ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་གསུང༌། དེ་ཉིད་སྡུད་པར་འཆད་པའི་ཚེ། འགྲོ་བ་འདི་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། འགྲོ་བ་འདི་དག་བརྒལ་བར་དཀའ་བ་འདམ་དང་འདྲ་བའི་མིང་གཟུགས་ཀྱི་ཕུང་པོ་ལྔ་ལ་བདེན་པར་ཞེན་ཏེ། ཚུལ་མིན་ཡིད་བྱེད་ཀྱི་རླུང་གིས་གཡོ་བས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁྱམས་པ་ཡིན་ལ། འགྲོ་བ་འཁྲུལ་པ་རྣམས་འཁོར་བའི་གནས་འདིར་རི་དྭགས་རྒྱར་ཆུད་པ་དང་འདྲ་བར་ཤེས་ནས། ཤེས་རབ་དང་ལྡན་པ་རྣམས་བྱ་ནམ་མཁར་རྒྱུའང་ནམ་མཁའ་ལ་མི་གནས་པ་བཞིན་དུ་འཁོར་བའི་གནས་འདིར་ཆགས་པའི་དབང་གིས་མི་གནས་པ་ཡིན་གསུང༌། འབྲས་བུའི་དབང་དུ་བྱས་པའི་དེ་གཉིས་ནི། མི་མཐུན་ཕྱོགས་དངོས་དང༌། དེའི་རྒྱུ་མཚན། གཉེན་པོའི་ཕྱོགས་དངོས་དང༌། དེའི་འཕྲོས་དོན་དང་བཞི་ཡོད་ལ། འབྲས་བུ་མཆོག་སངས་རྒྱས་ལ་བདེན་པར་ཞེན་པའི་སྒོ་ནས་ཕྱག་འཚལ་བ་སོགས་ཀྱང་བསོད་ནམས་བསགས་པ་ཡིན་མོད་ཀྱི་ཤེས་རབ་ཀྱི་ཆ་ནས་མ་དག་པའི་བྱང་སེམས་ལ་ལྟོས་ཏེ་མི་མཐུན་ཕྱོགས་ཡིན་ནོ། །འབྲས་བུ་སངས་རྒྱས་པའི་དེ་དགོས་དོན་ཐམས་ཅད་ཀྱི་མཆོག་ཡིན་པས་དེ་ལ་བདེན་པར་ཞེན་པའང་སྤོང་དཀའ་བའི་གནད་ཀྱིས་གཞི་ལམ་གཉིས་ལས་ལོགས་སུ་གསུངས་པ་ཡིན། དེ་མི་མཐུན་ཕྱོགས་ཡིན་པའི་རྒྱུ་མཚན་ནི། ཆོས་ཀྱི་ལམ་སྟེ་འཁོར་འདས་ཀྱི་ཆོས་ཀྱི་རིགས་རྣམས་བདེན་པས་སྟོང་པ་ཡིན་པས་ན་ཟབ་པ་ཡིན་ལ། ཟབ་པ་ཡིན་པ་དེའི་ཕྱིར་སངས་རྒྱས་ལ་ཞེན་པ་ནི་མི་མཐུན་ཕྱོགས་ཡིན་ནོ། །གཉེན་པོ་དངོས་ནི། ཐ་སྙད་དུ་འབྲས་བུ་ལ་མཆོག་དམན་སོགས་ཡོད་ཀྱང༌། དོན་དམ་པར་དེ་དག་ཐམས་ཅད་མཉམ་ཉིད་ངོ་བོ་གཅིག་ཏུ་ཤེས་པས་སངས་རྒྱས་སོགས་འབྲས་བུ་ལ་བདེན་ཞེན་སྤོང་ནུས་པ་ཡིན་གསུང༌། འཕྲོས་དོན་ནི། ཟབ་པའི་རྒྱུ་མཚན་རྟོགས་དཀའ་བ་དང༌། རྟོགས་དཀའ་བའི་རྒྱུ་མཚན་དུ་བསམ་གྱིས་མི་ཁྱབ་པ་ཡིན་པར་གསུངས་ལ། རྟོགས་དཀའ་ཚུལ་ནི། མིག་ཤེས་སོགས་ཀྱིས་གཟུགས་སོགས་ཀྱི་གནས་ལུགས་མ་མཐོང་བ་དེ་གཟུགས་སོགས་ལས་ལོགས་ཤིག་ན་ཡོད་པས་མ་མཐོང་བ་ཡིན་ན་རིགས་མོད་ཀྱི། གནས་ལུགས་དེ་གཟུགས་སོགས་ཀྱི་སྟེང་ན་ཡོད་བཞིན་དུ་གཟུགས་སོགས་མཐོང་ཡང་དེའི་གནས་ལུགས་མི་མཐོང་བ་འདི་རྟོགས་དཀའ་བའི་ཚུལ་ཡིན་ལ། འདི་ལྟ་མགུར་འགྲེལ་པ་ན་རྒྱས་པར་ཡོད་གསུང༌། བསམ་གྱིས་མི་ཁྱབ་ཚུལ་ནི། མཉམ་གཞག་གི་གནས་སྐབས་སུ་བདེན་པར་མེད་པ་དང་མེད་པའི་ཁྱད་པར་གཏན་ནས་མི་ཕྱེད་པས་རྗེས་ཀྱི་ངེས་པ་འདྲེན་ཚུལ་ལ་ལྟོས་ཏེ་འབྱེད་དགོས་ལ། རྗེས་ཀྱི་སྐབས་སྔར་གྱི་བློ་དེ་ཅུང་ཟད་ལྐོག་ཏུ་གྱུར་པའི་ཚེ་འདི་དག་ཐམས་ཅད་མེད་དོ་སྙམ་དུ་ལས་འབྲས་སོགས་ལ་རྩིས་མེད་དུ་སོང་ཡོད་ན་སྔར་གྱི་ལྟ་བ་དེ་ཆད་ལྟར་སོང་བའི་རྟགས་ཡིན་གསུང༌།
གཞི་ཤེས་སྦྱོར་བ་ནི། དེ་ལ་དབྱེ་ན་ཡུལ་གྱི་སྒོ་ནས་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་པའི་སྒོ་ནས་གཉིས། ཤེས་བྱེད་དཔེའི་སྒོ་ནས་གཅིག་རྣམས་སུ་ཡོད་ལ། གཟུགས་སོགས་ཞེས་པས་ཁྱད་གཞི་གཟུགས་སོགས་ལ་བདེན་ཞེན་བཀག་པའི་དེ། དེ་མི་རྟག་སོགས་ཞེས་པས་ཁྱད་ཆོས་མི་རྟག་སོགས་ལ་བདེན་ཞེན་བཀག་པའི་དེ། དེ་མ་རྫོགས་དང་རབ་རྫོགས་དང༌། །ཞེས་པ་དེ་ལ་དམིགས་ཏེ་སྒྲིབ་པ་དག་ནུས་པ་དང་མི་ནུས་པ་དང༌། ཆགས་པ་མེད་ཉིད་ལ་ཞེས་པས། དོན་དམ་པར་ཆགས་པ་མེད་པ་ལའང་བདེན་ཞེན་བཀག་པའི་སྦྱོར་བ་བཞི་ནི་ཡུལ་གྱི་དབང་དུ་བྱས་པ་ཡིན་ལ། སྤྱོད་པ་བཀག་པའི་སྦྱོར་བ་ཞེས་པ་འདི་གྲངས་ལ་མི་འདྲེན་པར། གཟུགས་སོགས་ལ་སྤྱོད་པ་བཀག་པའི་སྦྱོར་བ། མི་རྟག་པ་སོགས་ལ་སྤྱོད་པ་བཀག་པའི་སྦྱོར་བ་ཞེས་སོགས་བཅུ་བོ་རེ་རེའི་མཇུག་ཏུ་སྦྱོར་དགོས་ཀྱང༌། འདིར་དང་པོ་བཞིའི་མཐར་སྦྱར་བ་ནི་འོག་མ་རྣམས་ལའང་དོན་གྱིས་གོ་བ་དང་མདོའི་ཚིག་གི་དབང་དུ་བྱས་པ་ཡིན་ལ། འགྲེལ་པར་ཡོངས་སུ་ཤེས་པ་གསལ་བའི་སྒོ་ནས་ཞེས་ཐམས་ཅད་ཀྱི་མཐར་སྦྱོར་བ་ནི་དོན་ཐོབ་ཀྱི་དབང་དུ་བྱས་པ་ཡིན་གསུང༌། མི་འགྱུར་ཞེས་པས་གཅིག བྱེད་པོ་མེད་ཅེས་པས་གཅིག བྱ་དཀའ་རྣམ་གསུམ་ཞེས་པས་གཅིག་སྟེ་གསུམ་ནི་ངོ་བོའི་སྒོ་ནས་བཞག་པ་ཡིན་ལ། ཆེད་དུ་བྱ་བ་རྣམ་མཁྱེན་དེ་གྲངས་མེད་གསུམ་གྱི་ཚོགས་ལ་ལྟོས་པ་དང༌། དེ་ལ་བདེན་པར་ཞེན་ན་ཆགས་པ་ཕྲ་མོར་འགྱུར་བས་མི་རུང་ལ། དེས་ན་ཆེད་དུ་བྱ་བ་བྱ་དཀའ་བ་དང༌། ལམ་ཤེས་དེ་ཉམས་སུ་ལེན་དགོས་ཀྱང་བདེན་པར་ཞེན་ན་མི་རུང་བས་སྦྱོར་བ་བྱ་དཀའ་བ་དང༌། གཞི་ཤེས་ཀྱི་རྟོགས་རིགས་བྱང་སེམས་ཀྱིས་མ་ཚང་བ་མེད་པར་ཤེས་དགོས་ཀྱང་གཙོར་འདོན་བྱས་ནས་སམ་གཙོ་བོར་དེ་ལ་གཞོལ་དུ་མི་རུང་བས་ལས་བྱ་དཀའ་བ་ཡིན། སྐལ་བ་ཇི་བཞིན་འབྲས་ཐོབ་པས། །འབྲས་ཡོད་འདོད་པ་ཞེས་པས་གཅིག །གཞན་ལ་རག་ལས་མེད་གང་ཞེས་པས་གཅིག་སྟེ་དེ་གཉིས་བྱེད་པའི་སྒོ་ནས་བཞག་པ་ཡིན་ལ། རིགས་ཅན་གསུམ་གྱི་ཡོན་ཏན་ཐམས་ཅད་ཡར་ལྡན་དུ་འདུས་པས་སྐལ་བ་ཇི་ལྟ་བ་བཞིན་འབྲས་བུ་འཐོབ་པ་དང༌། རྐྱེན་གཞན་ལ་རག་མ་ལས་པར་རང་སྟོབས་ཀྱིས་ཐོབ་པའོ། །སྣང་བ་རྣམ་བདུན་ཤེས་བྱེད་དོ། །ཞེས་པས་གཅིག་སྟེ་དེ་ནི་ཤེས་བྱེད་དཔེའི་སྒོ་ནས་བཞག་པ་ཡིན་ལ། དཔེ་བདུན་ནི། ཉིན་པར་གང་འདོད་པ་དེ་ཕལ་ཆེར་རྨི་ལམ་དུའང་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་སྣང་བར་འགྱུར་བ་བཞིན་དུ་ཆོས་ཐམས་ཅད་བདེན་པར་མེད་ཀྱང་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་སྣང་བར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེས་མཐོང་ན། །བྱུང་ནས་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་པའི་ཕྱིར། སྒྱུ་མའི་རྟ་གླང་དེ་སྤྲུལ་གཞི་དང་སྔགས་རྫས་དང་སྤྲུལ་མཁན་ཏེ་རྐྱེན་དེ་གསུམ་ཚོགས་པ་ཙམ་གྱིས་རྟ་གླང་སྣང་བར་འགྱུར་གྱི་དེ་གསུམ་གྱི་གཅིག་མ་ཚང་ནའང་མི་སྣང་བ་བཞིན་དུ་དངོས་པོ་རྣམས་བདེན་པར་མེད་ཀྱང་རྒྱུ་ངོ་བོ་ཆ་ཤས་གསུམ་ཚོགས་པ་ཙམ་གྱིས་སྣང་བའི་ཕྱིར། བདེན་པར་གྲུབ་ན་བུམ་པ་དང་ཁང་པ་སོགས་ཀྱི་ཆ་ཤས་སོ་སོར་བསལ་བ་དང༌། གཟུགས་ཅན་མ་ཡིན་པ་རྣམས་ཀྱི་རྒྱུན་སོ་སོར་བསལ་བའི་ཤུལ་ན་ཡོད་དགོས་པ་ལ་ཚུགས་མི་ཐུབ་པར་ཞིག་འགྲོ་བ་དེ་བདེན་པར་མེད་པའི་རྟགས་ཡིན་གསུང༌། དེ་ཉིད་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་ལྟར་སྣང་བཞིན་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། སྨིག་རྒྱུ་དེས་ཆུར་སྣང་བ་བསྐྱེད་ཀྱང་ཆུར་མ་གྲུབ་པས་སྣང་ཚུལ་དང་གནས་ཚུལ་འགལ་བ་བཞིན་དུ། འདི་དག་ཀྱང་སྣང་ཚུལ་དང་གནས་ཚུལ་འགལ་བའི་ཕྱིར། སྨིག་རྒྱུ་ནི་ཆོས་ཀུན་ཏུ་འགྲོ་བའི་མདོར་དཔྱིད་དུས་དང་ཉི་མའི་འོད་ཟེར་དང་བྱེ་མ་སྐྱ་བོ་གསུམ་ཚོགས་པའི་གཞིར་སྣང་བར་གསུངས་པས། གནས་ཚོད་རླན་ཙམ་ཡང་མེད་པའི་ཤིན་ཏུ་སྐམ་ས་དེ་འདྲ་ཞིག་ལ་ཆུ་དྭངས་ཤིང་བསིལ་བར་སྣང་བས་སྣང་ཚུལ་དང་གནས་ཚུལ་ཤིན་ཏུ་འགལ་བ་ཞིག་ཡིན་གསུང༌། དེ་ཉིད་ལས། སྨིག་རྒྱུ་ལ་ནི་ཆུ་དེ་ཡོང་མེད་ན། །སེམས་ཅན་རྨོངས་པ་དེ་ནི་འཐུང་འདོད་དེ། །མི་བདེན་ཆུ་ནི་འཐུང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། བྲག་ཆ་ནི་བྲག་ངོས་ལ་ཐལ་མོ་བརྡབ་ན་དེའི་རྐྱེན་གྱིས་བྲག་ངོས་ནའང་དེ་འདྲའི་སྒྲ་འབྱུང་བ་དང༌། ཐལ་མོ་བརྡབ་པ་སོགས་མ་བྱས་ན་བྲག་ངོས་ནས་ཀྱང་ཚུར་སྒྲ་མི་འབྱུང་བ་བཞིན་དུ། རྣམ་རྟོག་གིས་ཕར་སྒྲོ་བཏགས་པས་དེའི་རང་མདངས་ཚུར་ཤར་བ་ཡིན་གྱི། རྣམ་རྟོག་གིས་ཕར་སྒྲོ་མ་བཏགས་ན། ཕྱི་རོལ་ན་ཚུར་བདེ་སྡུག་སོགས་ཀྱི་རྣམ་པ་གཏོད་བྱེད་ཡོད་པ་མིན་གསུངས། དེ་ཉིད་ལས། ཇི་ལྟར་མི་དག་ནགས་ཀྱི་ཁྲོད་འདུག་སྟེ། །གླུ་ལེན་སྨྲ་ཞིང་གད་མོ་རྒོད་པ་ལས། །བྲག་ཆ་སྣང་ཡང་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། མིག་ཡོར་ལ། ཐེག་བསྡུས་ལས་མེའི་རྩེད་མོ་ཞེས་མགལ་མེའི་འཁོར་ལོ་ལ་བཤད་པ་དང༌། ཡང་ཁ་ཅིག་ནས་གྲིབ་མ་ལ་བཤད་པ་སོགས་ཡོད་ཀྱང༌། དོན་གཅིག་ཏུ་འགྲོ་བས། གཟུགས་ཡོད་ཚེ་དེ་རྩིག་ངོས་ལ་འཕོས་པ་མིན་ཀྱང་དེའི་གྲིབ་མ་རྩིག་པའི་ངོས་ལ་འབྱུང་བ་དང༌། ཟླ་བ་མཁའ་ལ་ཤར་ཚེ་དེ་ཆུའི་ནང་དུ་མ་འཕོས་ཀྱང་ཟླ་བའི་གཟུགས་བརྙན་ཆུའི་ནང་དུ་འཆར་བ་བཞིན་དུ། བག་ཆགས་ཡོད་ན་དེ་ཡུལ་དེར་འཕོས་པའམ་གྱུར་པ་མིན་ཀྱང་བག་ཆགས་དེའི་དབང་གིས་དེ་དང་ཆ་འདྲ་བའི་སྣང་བ་འབྱུང་བའི་ཕྱིར། དེ་ཉིད་ལས། ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་པའི་མཚོར་སྣང་ཡང༌། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། དྲི་ཟའི་གྲོང་ཁྱེར་ནི་དྲི་ཟ་དེ་དག་གང་དུ་སོང་བའི་གནས་དེར་ལས་ཀྱི་དབང་གིས་སྡོད་སའི་གྲོང་ཁྱེར་གྲུབ་ཡོད་པའི་སྣང་བ་འབྱུང་ཡང༌། དེ་གྲོང་ཁྱེར་དངོས་མིན་ལ་དྲི་ཟ་དེ་དག་གཞན་དུ་སོང་བ་ན་དེའི་གྲོང་ཁྱེར་ཡང་འགག་འགྲོ་བ་དང༌། གཞན་དུ་སོང་ན་དེ་ནའང་རང་གི་གནས་གྲོང་ཁྱེར་སོགས་ཡོད་ཡོད་འདྲ་བའི་སྣང་བ་འཆར་བ་བཞིན་དུ་ཆོས་ཐམས་ཅད་གཞི་གཅིག་ཏུ་བདེན་པར་གྲུབ་ནས་གནས་སྡོད་པ་གང་ཡང་མེད་གསུང༌། སྤྲུལ་པ་པོ་ལ་མ་ལྟོས་པར་སྤྲུལ་པའི་ངག་སྨྲ་བ་སོགས་མི་ནུས་པ་བཞིན་དུ། ལས་གསོག་པ་པོ་དོན་དམ་པར་མེད་པའི་ཕྱིར། སངས་རྒྱས་ཀྱི་སྤྲུལ་པ་ལ་གང་ཟག་ཡང་ཡོད་པས། སྤྲུལ་པས་སྨྲ་བ་ལ་སྤྲུལ་པ་པོས་སྨྲ་མི་དགོས་གསུང༌། དེ་གཉིས་སྟོན་པར་དེ་ཉིད་ལས། ཇི་ལྟར་སྤྲུལ་པ་དྲི་ཟའི་གྲོང་ཁྱེར་དང༌། །རྨི་ལམ་ཇི་བཞིན་སྒྱུ་མ་ཇི་བཞིན་དུ། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང༌། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས། གཞི་ཤེས་སྦྱོར་བ་བཅུ་པོ་འདི་ཕར་ཕྱིན་རྟོག་གེ་སྣང་བར་སྦྱོར་ལམ་དངོས་ཡིན་པར་གསུངས་ལ། རྣམ་བཤད་ལས་ཀྱང་དངོས་ཡིན་པའི་ཕྱོགས་སུ་གསུངས་ཤིང༌། གསེར་ཕྲེང་ལས། འདི་ལ་སྦྱོར་ལམ་ཞེས་བཤད་པ་ནི། དེ་ལ་སྦྱོར་བར་བྱེད་པའི་ལམ་མམ། དེ་སྒོམ་པར་བྱེད་པའི་ལམ་ཡིན་པས་ན་སྦྱོར་ལམ་ཞེས་བར་གྱི་ཚིག་བསྡུས་པ་ཡིན་གྱི་སྦྱོར་ལམ་དངོས་ཡིན་མི་དགོས་པར་གསུངས་པ་དང་མཐུན་པར་རང་རེའི་ཡིག་ཆར་ཡང་ཚོགས་ལམ་ནས་རྒྱུན་མཐའི་བར་དུ་བཞག་པ་ཡིན་གསུངས། འོན་ཀྱང་རྟོག་གེ་སྣང་བར་ཡང༌། སྐབས་བཞི་པའི་ཁྱད་མཚན་གྱི་ཡུལ་གཞི་ཤེས་ཀྱི་རྣམ་པ་མ་གསུངས་པ་སྔར་གཞི་ཤེས་སྦྱོར་བའི་སྐབས་སུ་བཤད་ཟིན་པའི་རྒྱུ་མཚན་གྱིས་ཡིན་པར་གསུངས་པས། དེ་ལ་དཔག་ན་དངོས་མ་ཡིན་པར་སྤྱི་ལྡོག་ཙམ་ལ་བཞེད་པ་ཡིན་ནམ་སྙམ་གསུང༌། འདིར་བྱང་སེམས་ཀྱི་རྒྱུད་ཀྱི་དེ་གཙོ་བོར་བསྟན་པའི་ཤུགས་ལ་ཉན་རང་གི་དེ་སྟོན་པ་ཡིན།
སྦྱོར་བའི་འཛིན་སྟངས་མཉམ་ཉིད་ལ། གཟུགས་སོགས་ངོ་བོ་དང༌། སྔོན་པོ་སོགས་མཚན་མ་དང༌། སྤྲོས་པ་དང༌། ཡུལ་ཅན་རྟོགས་པའི་རློམ་པ་འགོག་པ་བཞི་ཡོད་གསུང༌། གཞི་ཤེས་སྦྱོར་བ་དང༌། སྦྱོར་བའི་འཛིན་སྟངས་མཉམ་ཉིད་གཉིས་སྡུད་པར་འཆད་པའི་ཚེ། སྤྱོད་པ་ཡོངས་དག་ཅེས་སོགས་ཤླཽ་ཀ་གཅིག་བྱུང༌། འདི་ལ་དབྲི་སྣོན་མི་དགོས་གསུང། མཐོང་ལམ་ནི་སྐད་ཅིག་མའི་སྒོ་ནས་མདོར་བསྟན་ནས། རྣམ་པའི་སྒོ་ནས་རྒྱས་པར་བཤད་པ་ནི། ཟིན་བྱ་ཟིན་བྱེད་གཉིས་སྦྲགས་ཏེ་གསུང་བས། གཟུགས་རྟག་མ་ཡིན་མི་རྟག་མིན། །ཞེས་པས་དོན་དམ་པར་མི་རྟག་པར་མེད་ཀྱང༌། ཐ་སྙད་དུ་གཟུགས་མི་རྟག་པར་བསྒོམ་པར་བྱ་བ་དང༌། མཐའ་ལས་འདས་དང་ཞེས་པས་གཅིག་སྟེ་མཐའ་འཁོར་བ་རྒྱུན་ཆགས་པའི་རྟག་མཐའ་དང༌། འཁོར་བ་ཆད་ཙམ་གྱི་དམན་པའི་མྱང་འདས་ནི་ཆད་མཐའ་སྟེ་ཉན་ཐོས་ཀྱི་མྱང་འདས་དེ་རང་ཁོ་ནའི་དོན་དུ་དོན་དམ་པར་ཐོབ་བྱར་ཞེན་ཀྱང༌། བྱང་སེམས་ཀྱིས་དེ་འགོག་པར་བྱེད་གསུང༌། རྣམ་དག་ཅེས་པ་གཅིག་དང༌། མ་སྐྱེས་མ་འགག་ལ་སོགས་ཞེས་པས་བདག་མེད་པའི་སྟེ་སྡུག་བདེན་གྱི་རྣམ་པ་བཞི་དང༌། མཁའ་འདྲ་ཞེས་པས་རྒྱུ་སྟེ། ནམ་མཁས་སྤྲིན་གྱི་རྒྱུའང་མི་བྱེད། སྤྲིན་འབྱུང་བའི་གོའང་མི་འགོག་པ་ལྟར་ཀུན་འབྱུང་གིས་ཐ་སྙད་དུ་སྡུག་བདེན་གྱི་རྒྱུ་བྱེད་ཀྱང་དོན་དམ་པར་མི་བྱེད་པས་ནམ་མཁའ་དང་འདྲ་ལ། ནམ་མཁའ་གཟུགས་སུ་གྲུབ་ན་གཟུགས་ཅན་གཞན་ལ་གོ་མི་འབྱེད་པ་ལྟར། ཀུན་འབྱུང་བདེན་པར་གྲུབ་ན་གསུང༌། ཆགས་པ་སྤངས་པ་དང་ཞེས་པས་ཀུན་འབྱུང་དང༌། ཡོངས་སུ་འཛིན་ལས་གྲོལ་བ་ཞེས་པས་རབ་སྐྱེ་དང༌། ངོ་བོ་ཉིད་ཀྱིས་བརྗོད་མེད་ཅེས་པས་རྐྱེན་ཏེ་ཀུན་འབྱུང་གི་རྣམ་པ་བཞི་དང༌། གཞན་ལ་སྦྱིན་དུ་མེད་པ་ཞེས་པས་འགོག་པ་དང༌། དམིགས་པ་མེད་པར་བྱེད་པ་ཞེས་པས་ཞི་བ་དང༌། ཤིན་ཏུ་རྣམ་དག་ཅེས་པས་གྱ་ནོམ་དང༌། ནད་མི་འབྱུང་ཞེས་པས་ངེས་འབྱུང་སྟེ་འགོག་པའི་རྣམ་པ་བཞི་ཡིན་ལ། ཁ་ཅིག་འདིའི་ནད་དེ་བདེན་འཛིན་ལ་བྱེད་པ་ཡོད་ཀྱང༌། འདིའི་མདོ་ལས་ནད་ཀྱི་རྣམ་གྲངས་མང་པོ་གསུངས་པས་སྤྱིར་གྱི་ནད་ལ་བྱེད་གསུང༌། ངན་སོང་ཆད་དང་ཞེས་པས་ལམ་སྟེ་འདིའང་ངན་སོང་དངོས་ལ་བྱེད། འབྲས་བུ་ནི། མངོན་དུ་བྱ་ལ་མི་རྟོག་ཅེས་པས་རིགས་པ་དང༌། མཚན་མ་དག་དང་མ་འབྲེལ་དང་ཞེས་པས་སྒྲུབ་པ་དང༌། དངོས་དང་ཞེས་སོགས་ཀྱིས་ངེས་འབྱིན་གྱི་སྟེ་ལམ་བདེན་གྱི་རྣམ་པ་བཞི་བསྟན་པ་ཡིན་གསུང༌། ཉན་ཐོས་ཀྱི་ལམ་ནི་བྱང་ཆུབ་སེམས་དཔས་ཡོངས་སུ་ཤེས་པར་བྱ་བ་ཡིན་གྱི། མངོན་དུ་བྱ་བ་ནི་མ་ཡིན་པས་ཞེས་པས་ཉན་ཐོས་ཀྱི་ལམ་ཞེས་གསུངས་ཀྱང་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ལམ་ཡིན་གྱི་ལམ་དངོས་ནི་མིན་གསུང༌། མཐོང་ལམ་དེ་ཉིད་སྡུད་པར་འཆད་པའི་ཚེ། དེ་ལྟར་སྤྱོད་པའི་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། སྦྱོར་ལམ་དུ་སྟོང་ཉིད་སྒོམ་པ་ལས་མེས་ནགས་ཚལ་སོགས་བསྲེགས་པ་ལྟར་སྒྲིབ་པའི་ནགས་ཚལ་སོགས་བསྲེག་པའི་ལམ་གྱི་ཐོག་མ་མཐོང་ལམ་སྐྱེས་པའི་དོན་ཡིན་གསུང༌། སློབ་དཔོན་ལྟར་ན་སྲེག་པ་བཞིན་ཞེས་པའི་མཚམས་འདི་ནས་སྐབས་གཅིག་འབྱེད་དགོས་ཀྱི། ཆོས་རྣམས་ཐམས་ཅད་ཅེས་པའི་ཤླཽ་ཀ་གཅིག་པོ་འདི་རྣམ་རྫོགས་སྦྱོར་བའི་མདོར་བསྟན་ལ་མར་སྦྱར་བ་ཡིན་གསུང༌། ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་ལྟར་ན་ཤླཽ་ཀ་གཅིག་པོ་འདི་མཐོང་ལམ་ལ་ཡར་སྦྱར་ནས། རྒྱལ་བ་ལ་ནི་ལྷ་རྒྱལ་ཞེས་པ་མན་ཆད་རྣམ་རྫོགས་སྦྱོར་བ་ལ་སྦྱོར་བ་ཡིན་པས། རྒྱལ་བ་ལ་ནི་ཞེས་པའི་མགོར་སྐབས་གཅིག་བྱས་ལ་སྡུད་པ་ཕལ་ཆེར་ནའང་འདི་ལྟར་བྱས་སྣང་གསུང༌། མཇུག་བསྡུ་ནི། རྩ་བ་ལྟར་ན་རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན་ཞེས་སོགས་གཞི་ཤེས་ཀྱི་མཇུག་བསྡུ་བའི་ཚིག་བཅུ་དགུ་པོ་འདི་དང༌། ཡང་ལམ་ཤེས་ཀྱི་མཇུག་བསྡུ་བའི་མདོ་ཚིག་འདི་དང༌། ཡང་རྣམ་མཁྱེན་གྱི་མཇུག་བསྡུ་བའི་མདོ་ཚིག་གསུམ་པོ་འདིས་སྔར་མཁྱེན་གསུམ་རྒྱས་པར་བཤད་ཟིན་པར་བསྟན་པ་ཡིན་ནོ། །འགྲེལ་པ་ལྟར་ན་མདོ་ཚན་གསུམ་པོ་དེས་རྣམ་མཁྱེན་འདི་དང༌། ཡང་ལམ་ཤེས་འདི་དང༌། ཡང་གཞི་ཤེས་འདི་སྟེ་རབ་འབྱོར་དང༌། མཐའ་གཉིས་རྣམ་དག་དང༌། སྤྱོད་པ་ཁྱད་པར་ཅན་གྱི་ལེའུ་གསུམ་གྱི་བརྗོད་དོན་རྣམ་པ་གསུམ་པོ་དེའང་རྒྱས་པར་བཤད་ཟིན་པར་སྟོན་པའི་སྒོ་ནས་མཇུག་བསྡུས་པ་ཡིན། ལེའུ་གསུམ་གྱིས་ཞེས་བྱེད་ཚིག་མི་བྱ་བར། ལེའུ་གསུམ་གྱི་ཞེས་དྲུག་སྒྲ་སྦྱོར་དགོས་གསུངས། རྩ་བས་གཞི་ཤེས་སོགས་མས་རིམ་ནས་བསྡུས་པ་ཉི་ཁྲི་ལྟར་དང༌། འགྲེལ་པས་རྣམ་མཁྱེན་སོགས་ཡས་རིམ་ནས་བསྡུས་པ་བརྒྱད་སྟོང་པ་ལྟར་ཡིན་ནོ། །མདོ་ལས་མཁྱེན་གསུམ་ལ་མཇུག་བསྡུ་མཛད་ནས་གཞན་ལ་མ་མཛད་པ་ནི་མཁྱེན་གསུམ་གྱིས་མངོན་རྟོགས་ཐམས་ཅད་བསྡུས་པའི་རྒྱུ་མཚན་གྱིས་ཡིན་གསུང༌།
༈ གཉིས་པ་ནི། ཤེས་བྱ་མཁྱེན་པ་གསུམ་གཏན་ལ་ཕབ་པ་ལ། འོ་ན་དེ་ཉམས་སུ་ལེན་པའི་སྦྱོར་བ་ཇི་ལྟ་བུ་ཡོད་ཅེ་ན། སྦྱོར་བ་ལ་དབང་དུ་བྱེད་པ་རྒྱུ་འབྲས་དང་བརྟན་པ་རྒྱུ་འབྲས་གཉིས་ལས། དང་པོ་ལ་དབང་དུ་བྱེད་པའི་རྒྱུ་རྣམ་རྫོགས་སྦྱོར་བ་དང༌། འབྲས་བུ་རྩེ་སྦྱོར་གཉིས། དང་པོ་ལ་མཚམས་སྦྱར་བ། ལེའུའི་གཞུང་བཤད་པ། མཇུག་བསྡུ་བ་དང་གསུམ། དང་པོ་ནི་འགྲེལ་པ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི་དབང་དུ་བྱ་བའི་ཕྱིར། ཡང་རྣམ་པ་ཐམས་ཅད་དང་ལམ་ཐམས་ཅད་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་སྒོམ་པར་བྱེད་པས་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་བྱུང༌། གཞུང་འདིས་སྐབས་དང་པོ་གསུམ་དུ་མཁྱེན་གསུམ་གྱི་རྣམ་པ་མཐའ་དག་བཤད་ཟིན་པས་ཟློས་པར་འགྱུར་ཞེས་པའི་རྩོད་པ་ཁོང་ནས་བསུས་ཏེ། དང་པོ་གསུམ་དང་རྣམ་རྫོགས་ཀྱི་སྐབས་གཉིས་རྣམ་པ་དང་ངོ་བོ་དང༌། བྱེད་ལས་གསུམ་གྱི་སྒོ་ནས་སྟོན་ཚུལ་དང་དགོས་པ་མི་འདྲ་བས་ཟློས་སྐྱོན་མེད་ཅེས་པའི་ལན་དངོས་སུ་མཛད་དེ་མཚམས་སྦྱར་བ་ཡིན་ལ། དེའང་ཟློས་སྐྱོན་མེད་ཚུལ་ནི། སྐབས་དང་པོ་གསུམ་དུ་འདིའི་མཇུག་ཐོགས་སུ་འདི་སྒོམ་ཞེས་གོ་རིམ་མཐར་ཆགས་སུ་མ་གསུངས་པར། མཁྱེན་གསུམ་གྱི་རྣམ་པ་ཐོར་བུ་ཐོར་བུར་གསུངས་ལ། དེ་ཙམ་གྱིས་ལས་དང་པོ་བ་རྣམས་ཀྱིས་གོ་རིམ་མཐར་ཆགས་སུ་བསྡུས་ནས་ཉམས་སུ་ལེན་ཚུལ་ཤེས་མི་ནུས་པས་སོ་སོར་ཐོས་བསམ་གྱིས་ཡོངས་སུ་ཤེས་པ་ནི། འདིར་དབང་དུ་བྱ་བའི་ཕྱིར་ཡང་གོ་རིམ་མཐར་ཆགས་སུ་རྣམ་པ་མ་ལུས་པ་སྦྱོར་བའི་ཡུལ་དུ་བསྡུས་ནས་བསྟན་པས་རྣམ་པའི་སྒོ་ནས་ཟློས་སྐྱོན་མེད་ཅེས་པའི་དབྲི་སྣོན་བྱེད་ལུགས་གཅིག་དང༌། ཡང་སྐབས་དང་པོ་གསུམ་དུ་བསྒོམ་བྱའི་ཡུལ་གྱི་ལྡོག་ཆས་བསྟན་ལ། འདིར་སྒོམ་བྱེད་ཀྱི་སྦྱོར་བའི་ལྡོག་ཆ་ནས་བསྟན་པས་ངོ་བོའི་སྒོ་ནས་ཟློས་སྤོང་གི་དབྲི་སྣོན་བྱེད་ལུགས་དང༌། ཡང་སྐབས་དང་པོ་གསུམ་དུ་རྣམ་མཁྱེན་གྱིས་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པ་དང་མི་མཐུན་ཕྱོགས་མ་ལུས་པ་དང་བྲལ་བ་དང༌། ལམ་ཤེས་སྲིད་ཞིའི་མཐའ་གཉིས་དང་བྲལ་བ་དང༌། གཞི་ཤེས་ཀྱིས་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པ་དང༌། འབྲས་ཡུམ་ལ་ཉེ་རིང་སོགས་བཤད་པས་རང་གི་མི་མཐུན་ཕྱོགས་དང་བྲལ་ཚུལ་གྱི་སྒོ་ནས་རིམ་བཞིན་དུ་སྟོན་ལ། འདིར་མི་མཐུན་ཕྱོགས་དེ་དག་སྤོང་ཚུལ་དང༌། གཉེན་པོའི་ལྡོག་ཆ་ནས་བསྟན་པས་བྱེད་ལས་ཀྱི་བཤད་ཚུལ་དང་དགོས་པ་མི་འདྲ་བས་ཟློས་སྐྱོན་མེད་པའི་དབྲི་སྣོན་བྱེད་ལུགས་གཅིག་དང་གསུམ་ཡོད་གསུང༌། རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཞེས་སོགས་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ལ་སྔ་རབས་པ་ཁ་ཅིག་རྣམ་པ་ཐམས་ཅད་སྟོང་པ་ཉིད་དུ་བསྡུས་ནས་སྒོམ་པར་འདོད་པ་དང༌། ཚན་པ་གཉིས་བྱས་ཏེ་སྒོམ་པར་འདོད་པ་དང༌། དེར་མ་ཟད་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟར། ཕྱག་རྒྱ་ཆེན་པོ་གཅིག་པུ་བསྒོམ་པས་ཆོག་གི །ལམ་གྱི་གྲངས་ངེས་སོགས་མང་པོ་བྱེད་པ་ནི་མཚན་ཉིད་པས་གཞན་གྲངས་འདྲེན་སོགས་མ་ངེས་པ་ཨར་ར་གཏོད་ཆེད་ཙམ་ཡིན་ཟེར་རོ། །དེ་མི་འཐད་དེ། སྟོང་ཉིད་བསྒོམ་པ་མི་རྟག་སོགས་སྒོམ་པ་མ་ཡིན་པས། འདིར་ནི་མི་རྟག་པ་སོགས་སྒོམ་ཚུལ་མ་གསུངས་པར་འགྱུར་ལ་སྐབས་གཞན་དུའང་མ་གསུངས་པས་དེ་དག་སྒོམ་ཚུལ་མི་ཤེས་པར་འགྱུར་བ་དང༌། གཅིག་སྒོམ་པས་ཆོག་ན་སངས་རྒྱས་ཀྱིས་དོན་སླ་བ་གཅིག་པོ་དེ་གདུལ་བྱ་ལ་སྟོན་དགོས་པ་ལ་མ་བསྟན་པར་ལམ་གྱི་གྲངས་ངེས་སོགས་གསུངས་པའི་ཕྱིར་དང༌། རྗེ་རིན་པོ་ཆེ་ནས་ཀྱང་རྗེ་བཙུན་འཇམ་དབྱངས་ལ་ཞུས་པའི་ཚེ་ལམ་གྱི་ངོ་བོ་ངེས་པ་གྲངས་ངེས་པ་གོ་རིམ་ངེས་པ་སོགས་ཤིན་ཏུ་གལ་ཆེ་བར་གསུངས་པ་དང༌། གྲངས་ངེས་མེད་ན་གལ་ཆེ་བ་དག་ལུས་ནས་ཆུང་ངུ་རེ་ཙམ་གྱི་སྟེང་དུ་མགོ་འཁོར་བར་འགྱུར་བ་དང༌། གོ་རིམ་མ་ངེས་ན་མགོ་མཇུག་དཀྲུག་ནས་གང་ཟབ་ཟབ་དེ་ཁ་མཁོ་ལ་ཐུག་ནས་སྔོན་ལ་བླངས་ཏེ་བསྒོམ་པས་རྟོགས་པ་བོགས་གང་ཡང་ཐོན་རྒྱུ་མེད་དེ། དཔེར་ན་སྐས་ཚིགས་འོག་མ་ལ་མ་སྤོས་པར་གོང་མར་ཅེར་བལྟས་བྱས་བསྡད་པས་ཁང་ཐོག་ཏུ་འགྲོ་མི་ནུས་པ་བཞིན་ཡིན་གསུང༌། དེས་ན་མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ནི། རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དཀྱུས་ཐོག་གཅིག་ལ་གོ་རིམ་མཐར་ཆགས་སུ་སྒོམ་པ་ལ་བྱེད་གསུང༌།
གཉིས་པ་གཞུང་དོན་ལ། རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་གཞག་དང༌། ཐར་པ་ཆ་མཐུན་ནས་བཟུང་རྒྱུད་ལ་སྐྱེ་རིམ་བཤད་པ་གཉིས། དང་པོ་ལ་རྣམ་པ་དང༌། དེ་སྒོམ་བྱེད་ཀྱི་སྦྱོར་བ་དང༌། སྦྱོར་བ་བསྒོམ་པ་ལ་སྤྲོ་བ་བསྐྱེད་པའི་ཡོན་ཏན་དང༌། གེགས་སེལ་དགོས་པས་སྦྱོར་བའི་སྐྱོན་དང༌། ཡུལ་ཤེས་ཚུལ། གཞན་དོན་གྱི་བྱེད་པ། ཐེག་དམན་ལས་ཁྱད་པར་འཕགས་པ། རང་གི་ངོ་བོའི་སྒོ་ནས་བཞག་པའི་མཚན་ཉིད་བཞི་དང་བཅས་པ་རྣམས་སུ་ཡོད་པ་ལས། དང་པོ་རྣམ་པ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ། ཞེས་པས་གཞི་ཤེས་པས་གཞི་ཤེས། ལམ་ཤེས་པས་ལམ་ཤེས། རྣམ་པ་ཤེས་པས་རྣམ་མཁྱེན་བསྟན་པར་ཚིག་གསལ་ནས་གསུངས་ཀྱང༌། རང་ལུགས་ལ། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་པས་གཉེན་པོ་ཤེས་རྣམ་བསྟན་པ་ཡིན་ལ། དེ་ཡང་གདུལ་བྱའི་རྒྱུད་ཀྱི་ཕྱིན་ཅི་ལོག་གི་རྟོག་པ་མཐའ་ཡས་པས་དེ་དག་རེ་རེ་ནས་གཉེན་པོ་བསྟན་ན་བློར་མི་ཤོང་ལ་གཅིག་ཙམ་གྱིས་གོ་མི་ནུས་པས་འདིར་བསྡུས་ནས་དེ་དག་སྤོང་བྱེད་ཀྱི་གཉེན་པོ་ཤེས་རྣམ་ཀུན་ལ་བྱེ་བྲག་རྣམ་ཤེས་བསྟན། རྣམ་པ་ཞེས་བྱ་ཞེས་པས་མདོ་ལས་ཤེས་རྣམ་དེ་དག་ལ་རྣམ་པ་ཞེས་བྱ་བར་བཤད་ཅེས་པ་དང༌། མཚན་ཉིད་དེ་ཞེས་པས་མདོ་ལས་རྣམ་པ་ཞེས་བཤད་པ་དེ་དག་ནི་གོང་དུ་བསྟན་པའི་གཉེན་པོ་ཤེས་རྣམ་དེ་དག་ཡིན་ཞེས་བཤད་པ་ལ་ཕྱི་མ་སྔ་མའི་འཇོག་བྱེད་དུ་བསྟན་ཞེས་པ་ཡིན་གསུང༌། འདི་དག་ལ་མདོ་དང་བསྟན་བཅོས་ལས་རྣམ་པ་ཞེས་ཡང་དང་ཡང་དུ་གསུངས་པའི་རྒྱུ་མཚན་ནི། སྤྱིར་བདེན་འཛིན་དང་རྣམ་མཁྱེན་གཉིས་དམིགས་པའི་སྒོ་ནས་འབྱེད་དགོས་པ་དང༌། དེའང་བདེན་འཛིན་གྱི་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་འཁོར་བར་སྐྱེ་བ་སོགས་ཡིན་ལ། རྣམ་མཁྱེན་གྱིས་དེའི་ཟློག་ཕྱོགས་ཀྱི་རྣམ་པར་བཟུང་ནས་འཁོར་བ་ལས་གྲོལ་བར་འགྱུར་བ་སོགས་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་གསུང༌། རྣམ་པ་དེ་ལ་དབྱེ་ན། མཁྱེན་གསུམ་གྱི་དབྱེ་བས་གསུམ་ཡོད། མཁྱེན་གསུམ་གྱི་རྣམ་པ་དེ་སྡུད་པར་འཆད་པའི་ཚེ། ཆོས་རྣམས་ཐམས་ཅད་ཅེས་སོགས་ཤླཽ་ཀ་གཅིག་བྱུང༌། འདིས་ཟིན་བྱེད་ཀྱི་ཆ་ནས་བསྟན་པ་ཡིན་གསུང༌། འདིར་གཞི་ཤེས་ལ། མེད་པའི་རྣམ་པ་ནས་བཟུང་སྟེ། །མི་གཡོ་བ་ཡི་རྣམ་པའི་བར། །ཞེས་ཡ་མཐའི་ས་མཚམས་དང་རྣམ་མཁྱེན་ལ། དྲན་པ་ཉེར་གཞག་ནས་བཟུང་སྟེ། །ཞེས་མ་མཐའི་ས་མཚམས་བཟུང་བའི་བར་གྱི་དེ་དག་ལམ་ཤེས་ཀྱི་རྣམ་པར་གོ་ནུས་གསུང༌། འོ་ན་མཁྱེན་པ་གསུམ་གྱི་རྣམ་པ་གསུམ་ཡོད་ན་དེ་དག་གང་ཞེ་ན། དང་པོ་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ནི། མེད་པ་དང་ཞེས་པས་སྡུག་བསྔལ་རྟག་པར་མེད་པའི་རྣམ་པ་བསྟན་ལ། དེའང་དབུས་མཐའ་ལས། མི་རྟག་དོན་ནི་མེད་དོན་དང༌། །སྐྱེ་ཞིང་འཇིག་པའི་མཚན་ཉིད་དང༌། །དྲི་བཅས་དྲི་མ་མེད་དོན་དང༌། །རྩ་བའི་ཁོ་ནར་གོ་རིམ་བཞིན། །ཞེས་དང༌། མདོ་སྡེ་རྒྱན་ལས་ཀྱང་ཆོས་ཀྱི་སྡོམ་བཞི་བཤད་པའི་སྐབས་སུ་བསྟན་པ་རྣམས་ཀྱི་བཞི་བོ་ནི། མེད་པའི་དོན་དང་རྣམ་རྟོག་དོན། །ཀུན་ཏུ་རྟོག་དོན་ཁོ་ན་དང༌། །རྣམ་རྟོག་ཉེ་བར་ཞི་བའི་དོན། །ཞེས་དང་། འདིར་ཡང་། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་སོགས་འདི་དག་གི་སྐབས་སུ་མི་རྟག་པ་མེད་པའི་དོན་ཅན་དུ་བཤད་པ་ནི། ཡོངས་འཛིན་རིན་པོ་ཆེ་ནས་ངེས་མེད་དྲུག་ལ་སྦྱར་ནས་གསུངས་ལ། དེ་ཡང་ཚེ་འདིའི་གཉེན་ཉེ་དུ་སོགས་ལ་ཡིད་བརྟན་ཅུང་ཟད་ཀྱང་མེད་པར་མཐར་བསླུ་བར་འགྱུར་བ་དང༌། སྔ་དྲོ་གསོན་པའང་ཕྱི་དྲོ་དེའི་སྟེང་ན་མེད་པ་དང༌། སྔ་དྲོ་དར་བའང་ཕྱི་དྲོ་དེའི་སྟེང་ན་མེད་པ་སོགས་སྐད་ཅིག་རེ་རེ་ལ་འགྱུར་ནས་འགྲོ་བ་དེ་འདྲ་ཞིག་གི་སྟེང་ནས་མི་རྟག་པ་དེ་མེད་པའི་དོན་ཅན་དུ་བཤད་པ་རེད་གསུང༌། སྡུག་བསྔལ་རྟག་པར་མེད་པའི་རྣམ་པ་འདི་ནི། བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ནམ་མཁའ་མ་མཆིས་པའི་སླད་དུ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པས་བསྟན་ལ་འདིར་དོན་དམ་པར་མ་མཆིས་པ་ཞེས་ཟིན་བྱེད་ཀྱི་དབང་དུ་བྱས་ཤིང༌། བསྟན་བཅོས་ལས་མི་རྟག་པའི་རྣམ་པ་ཞེས་གསུངས་པ་སྦས་དོན་ཡིན་གསུང༌། མི་སྐྱེ་བ་ཞེས་པ་ཉི་ཁྲིའི་ཚིག་གི་དབང་དུ་བྱས་པ་ཡིན་ལ་བརྒྱད་སྟོང་པར་བཅོམ་ལྡན་འདས་ཆོས་ཐམས་ཅད་དམིགས་སུ་མ་མཆིས་པར་མཉམ་པའི་སླད་དུ་འདི་ནི་མི་མཉམ་པ་དང་མཉམ་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བསྟན། དོན་གཞན་གྱི་བདག་གིས་དབེན་པ་ནི། བརྒྱད་སྟོང་པར་བཅོམ་ལྡན་འདས་ཤིན་ཏུ་སྟོང་པའི་སླད་དུ་འདི་ནི་དབེན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པས་བསྟན། རང་གི་ངོ་བོ་བདག་གིས་མི་བརྫི་བ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་དམིགས་པའི་སླད་དུ་འདི་ནི་མི་བརྫི་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་བསྟན། བཞི་པོ་འདི་སྡུག་བདེན་གྱི་རྣམ་པའོ། །གནས་མེད་པ་ཞེས་པ་ནི། སྤྱིར་སྲེད་ལེན་སྲིད་པ་གསུམ་ག་སྡུག་བདེན་གྱི་རྒྱུ་ཡིན་ཀྱང༌། རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བས། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ཞེས་གསུངས་པ་ལྟར་སྲེད་ལེན་གཉིས་མེད་ན་འཁོར་བར་མི་སྐྱེ་ལ། ཕུང་པོ་འཇིག་གིས་དོགས་ནས་ད་ལྟའི་ཕུང་པོ་ལ་མི་འབྲལ་བར་སྲེད་པ་དང༌། མ་འོངས་པའི་ཕུང་པོ་ལ་སྨོན་པའི་སྲེད་པ་གཉིས་ཡོད་ན་སྲིད་པར་ཉིང་མཚམས་སྦྱོར་བས་ན་དེ་གཉིས་ཐ་སྙད་དུ་སྡུག་བདེན་གྱི་རྒྱུའི་གཙོ་བོ་ཡིན་ཡང་དོན་དམ་པར་གནས་མེད་པ་སྟེ། བརྒྱད་སྟོང་པར། བཅོམ་ལྡན་འདས་མིང་མ་མཆིས་ཤིང་ལུས་མ་མཆིས་པའི་སླད་དུ་འདི་ནི་གནས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོ། །འདིར་མིང་དང་ལུས་སྨོས་པ་ནི་སྲེད་པའི་ཡུལ་གྱི་དབང་དུ་བྱས་པ་ཡིན་གསུང༌། ནམ་མཁའ་དང་ཞེས་པ་ཉི་ཁྲིའི་ཚིག་གི་དབང་དུ་བྱས་ལ། བརྒྱད་སྟོང་པར། བཅོམ་ལྡན་འདས་འགྲོ་བ་དང་འོང་བ་མ་མཆིས་པའི་སླད་དུ་འདི་ནི་ངོ་བོ་ཉིད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་སྟེ་ནམ་མཁའི་ངོ་བོ་ལ་འགྲོ་འོང་གི་བྱ་བ་བཞག་ཏུ་མེད་པ་ལྟར་ཀུན་འབྱུང་གིས་དོན་དམ་པར་སྡུག་བདེན་གྱི་རྒྱུ་བྱས་ཏེ་སྐྱེ་བ་སྔ་མ་ནས་འདིར་འོང་བ་དང༌། འདི་ནས་ཕྱི་མར་འགྲོ་བ་མེད་པའི་དོན་ནོ། །བརྗོད་དུ་མེད་པ་ཞེས་པ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་ཆོས་ཐམས་ཅད་རྟོག་པ་མ་མཆིས་པའི་སླད་དུ་འདི་ནི་བརྗོད་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་བསྟན། རྟོག་དཔྱོད་ཅེས་འབྱུང་ཡང༌། དོན་དམ་པར་སྒྲ་རྟོག་གིས་བརྗོད་དུ་མེད་པ་ལ་བྱས་ན་ཆོག་གསུང༌། མིང་མེད་པ་ཞེས་པ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་ཕུང་པོ་ལྔ་དམིགས་སུ་མ་མཆིས་པའི་སླད་དུ་འདི་ནི་མིང་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་བསྟན། སྲེད་པའི་རྐྱེན་གྱིས་གཙོ་བོ་ཚོར་བ་སོགས་མིང་བཞིའི་ཕུང་པོ་ཐ་སྙད་དུ་ཡོད་ཀྱང་དོན་དམ་པར་མེད་པ་སྟེ་བཞི་པོ་འདི་ཀུན་འབྱུང་གི་རྣམ་པ་ཡིན་ནོ། །འགྲོ་བ་མེད་པ་ཞེས་པ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་ཆོས་ཐམས་ཅད་འགྲོ་བ་མ་མཆིས་པའི་སླད་དུ་འདི་ནི་འགྲོ་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་བསྟན། འགོག་པ་རྒྱུད་གཅིག་ནས་གཅིག་ཏུ་འགྲོ་ཞིང་ཐོབ་པར་བྱར་མེད་པའི་དོན་ནོ། །མི་འཕྲོག་པ་ཞེས་པ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་ཆོས་ཐམས་ཅད་བཟུང་བ་མ་མཆིས་པའི་སླད་དུ་འདི་ནི་མི་འཕྲོག་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་བསྟན། འདི་ལ་གསེར་ཕྲེང་ལས་བློའི་ཡུལ་དུ་དོན་དམ་པར་གཟུང་དུ་མེད་པ་ལ་བཤད་པས། བརྒྱད་སྟོང་པའི་ཚིག་འདི་ལ་འབྲུ་བསྣན་པ་ཨེ་ཡིན་སྙམ་གསུང༌། རྣམ་བཤད་ལས་རྐྱེན་གྱིས་མི་འཕྲོག་པ་ཞེས་རྐྱེན་གྱི་སྟོབས་ཀྱིས་མི་ཉམས་པ་ལ་བཤད་གསུང༌། མི་ཟད་པ་ཞེས་པ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་མི་བས་པའི་ཆོས་དང་ལྡན་པའི་སླད་དུ་འདི་ནི་མི་བས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་བསྟན། ཟད་དོ་ཞེས་པ་ལ་བས་སོ་ཞེས་པའང་ཡོད་པས་འདིའི་མི་བས་པ་ཞེས་པ་ནི་བརྡ་གསར་རྙིང་གི་ཁྱད་མ་གཏོགས་མི་ཟད་པ་ཞེས་པ་ཡིན་གསུང༌། སྐྱེ་བ་མེད་པ་ཞེས་པ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་ཆོས་ཐམས་ཅད་མངོན་པར་མ་གྲུབ་པའི་སླད་དུ་འདི་ནི་མི་སྐྱེ་བའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་བསྟན་ཏེ། བཞི་པོ་འདི་འགོག་པའི་རྣམ་པའོ། །ལམ་ནི་བགྲོད་པ་པོའི་གང་ཟག་གི་བྱེད་པ་ལ་ལྟོས་ནས་འཇོག་དགོས་པས་དོན་དམ་པར་བྱེད་པ་པོ་མེད་ཀྱང་ཐ་སྙད་དུ་ཡོད་དགོས་པ་དང༌། རིག་པ་ནི་བདག་མེད་རིག་པ་མ་ཤེས་པའི་སྒོ་ནས་འཇོག་དགོས་པས་དོན་དམ་པར་ཤེས་པ་པོ་མེད་ཀྱང་ཐ་སྙད་དུ་ཡོད་དགོས་པ་དང༌། དོན་དམ་པར་སྒྲུབ་པ་བྱས་ཏེ་ལམ་གོང་མར་འཕོ་བ་པོ་མེད་ཀྱང་ཐ་སྙད་དུ་ཡོད་དགོས་པ་དང༌། དོན་དམ་པར་ཉོན་མོངས་འདུལ་བ་པོ་མེད་ཀྱང༌། ཐ་སྙད་དུ་ཉོན་མོངས་དྲུངས་ནས་འབྱིན་པར་བྱེད་པའི་འདུལ་བ་པོ་ཡོད་དགོས་པས་ལམ་བདེན་གྱི་རྣམ་པ་མཐོང་ལམ་ཟག་མེད་བཞི་དང༌། མཉམ་གཞག་ཏུ་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་རྗེས་ཐོབ་ཏུ་ཕྱི་དོན་གྱིས་སྟོང་པ་རྨི་ལམ་ལྟ་བུའི་རྣམ་པ་ཅན་སོགས་སྒོམ་ལམ་ཟག་བཅས་ལྔ་དང༌། ཉོན་མོངས་མེད་པ་སོགས་སྒོམ་ལམ་ཟག་མེད་དྲུག་སྟེ་ལམ་གྱི་རྣམ་པ་བཅོ་ལྔ་དང་བཅས་པའི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཡིན་ནོ། །ལམ་གྱི་རྣམ་པ་བཅོ་ལྔ་ནི། བརྒྱད་སྟོང་པར། བཅོམ་ལྡན་འདས་བྱེད་པ་པོ་མ་མཆིས་པའི་སླད་དུ་ཞེས་པ་ནས་མི་གཡོ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པའི་བར་གྱིས་བསྟན། རྨི་ལམ་སོགས་དཔེར་བཟུང་བ་ཐམས་ཅད་བདེན་མེད་ཀྱི་དཔེ་ཡིན་དགོས་པའི་ངེས་པ་མེད་གསུང༌། ཁ་ཅིག་སློབ་དཔོན་གྱིས་གཞི་ཤེས་ཀྱིས་རང་རྒྱལ་གྱི་མངོན་རྟོགས་བསྡུས་པར་འདོད་པ་མི་འཐད་དེ། དེ་ཤེས་རྣམ་གྱི་དབང་དུ་བྱས་པ་ཡིན་ན་བདེན་པ་དང་པོ་གསུམ་དེར་མ་འདུས་པ་དང༌། དོན་རྣམ་འཆད་པའི་སྐབས་ཡིན་པས་སྐབས་དོན་ལས་ཉམས་པའི་སྐྱོན་གཉིས་ཡོད་ལ། དོན་རྣམ་གྱི་དབང་དུ་བྱས་པ་ཡིན་ན་ཉན་རང་བྱང་སེམས་སངས་རྒྱས་ཀྱི་ལམ་སོགས་ཐམས་ཅད་གཞི་ཤེས་ཀྱི་དམིགས་པར་འདུས་པའི་ཕྱིར་ཞེ་ན། གཞི་ཤེས་ཀྱི་རྣམ་པ་སྟོན་པའི་སྐབས་འདིར་བཤད་པའི་གཞི་ཤེས་ཀྱི་རྣམ་པ་ལ་གཞི་ཤེས་སུ་འདུ་དགོས་པས་མ་ཁྱབ་ཀྱང་ལམ་བདེན་གྱི་རྣམ་པ་དག་དེར་འདུ་དགོས་ཏེ། དཔེར་ན་རྒྱུ་ནོར་སོགས་གཅིག་པའི་མི་གསུམ་གྱི་རེ་རེས་ཀྱང་ངའི་རྒྱུ་ནོར་ཟས་གསུམ་ལུས་ལོངས་སྤྱོད་ཅེས་སྨྲས་པའི་ཚེ། རྒྱུ་ནོར་ཟས་གསུམ་གསུམ་གའི་ཐུན་མོང་དུ་ཡོད་པ་ཡིན་ཀྱང་ལུས་དེ་རང་རང་ཁོ་ན་དང་འབྲེལ་བར་གོ་དགོས་པ་དེ་བཞིན་དུ། མཁྱེན་པ་གསུམ་སོ་སོའི་སྐབས་སུ་བདེན་པ་བཞི་བཤད་པ་ན་བདེན་པ་དང་པོ་གསུམ་མཁྱེན་པ་གསུམ་ག་ལ་ཐུན་མོང་དུ་ཡོད་པས་བདེན་པ་སྤྱི་ཙམ་ལ་བྱེད་ཀྱང༌། ལམ་བདེན་ནི་མཁྱེན་པ་རང་རང་ལ་འཇོག་དགོས་པ་ཡིན་ནམ་སྙམ་གསུང༌།
༈ ལམ་ ཤེས་ཀྱི་རྣམ་པ་སོ་དྲུག་ཡོད་པ་ལས། ཁྱད་གཞི་བདེན་པ་བཞིའི་གོ་རིམ་ནི། རྒྱུ་ལ་ཀུན ་ཉོན་ཕྱོགས་ཀྱི་རྒྱུ་ཀུན་འབྱུང་བདེན་པ་དང༌། རྣམ་བྱང་ཕྱོགས་ཀྱི་རྒྱུ་ལམ་བདེན་དང༌། དང་པོའི་འབྲས་བུ་སྡུག་བདེན་དང་གཉིས་པའི་བྲལ་འབྲས་འགོག་བདེན་རྣམས་རིམ་པར་བསྟན་པ་འདི་ནི་རྒྱུ་འབྲས་དོན་གྱི་རིམ་པ་ཡིན་ལ། སྔ་མ་གཉིས་ལ་རྒྱུ་ཞེས་དངོས་སུ་བསྟན་པ་ན་ཕྱི་མ་གཉིས་ལ་འབྲས་བུ་ཞེས་དངོས་སུ་མ་བསྟན་ཀྱང་དོན་གྱིས་གོ་གསུང༌། སྤྱིར་རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་སྟེ། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་སྡུག་བསྔལ་གྱི་རང་བཞིན་ཤེས་ནས་ཀུན་འབྱུང་ལ་སྤོང་འདོད་སྐྱེ་དགོས་པ་ཡིན་ཏེ། དཔེར་ན་ཟུག་རྔུ་ཉམས་སུ་མ་མྱང་ན་ནད་ལ་སྤོང་འདོད་མི་སྐྱེ་བས། ནད་ཀྱི་འབྲས་བུ་ཟུག་རྔུ་མྱོང་བ་ན་ནད་ལ་སྤོང་འདོད་དང༌། དེ་ལས་གྲོལ་བའི་བདེ་བ་དོན་དུ་གཉེར་ཞིང༌། ནད་སེལ་བའི་ཐབས་སྨན་པ་དང་དེས་བྱིན་པའི་སྨན་སོགས་སྟེན་པར་བྱེད་པ་དེ་བཞིན་དུ། སྡུག་བདེན་གྱི་རང་བཞིན་ཤེས་པར་བྱས་ཏེ། ཀུན་འབྱུང་ལ་སྤོང་འདོད་དང་དེ་ལས་གྲོལ་བའི་འགོག་པ་ལ་མངོན་དུ་བྱ་འདོད་སྐྱེ་ཞིང༌། དེ་ཐོབ་བྱེད་ཀྱི་རྒྱུ་ལམ་བདེན་ལ་བསྟེན་བྱར་བྱེད་པ་ནི། ཡུལ་ཅན་མངོན་རྟོགས་སྐྱེ་རིམ་མམ་ཉམས་ལེན་གྱི་གོ་རིམ་ཡིན་པས་ཕན་ཚུན་ཁ་བསྐང་སྟེ་ཉམས་སུ་ལེན་པར་བྱེད་དགོས་གསུང༌། ཁྱད་གཞི་བདེན་པ་བཞི་པོ་དེའི་ཁྱད་ཆོས་ཀྱི་རྣམ་པ་ནི། ཀུན་འབྱུང་ལ་བརྒྱད་དང༌། ལམ་ལ་བདུན་དང༌། སྡུག་བདེན་ལ་ལྔ་དང༌། འགོག་བདེན་ལ་བཅུ་དྲུག་ཡོད་ཅེས་མདོ་ལས་གསུངས་པའམ་བསྒྲགས་སོ། །ཀུན་འབྱུང་སྤོང་གཉེན་གྱི་སྒོ་ནས་དང༌། ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་དང༌། སྡུག་བདེན་རང་སྤྱིའི་སྒོ་ནས་དང༌། འགོག་བདེན་གསེར་ཕྲེང་ལྟར་ན་སྟོང་ཉིད་ཀྱི་རྣམ་པའི་སྒོ་ནས་དང༌། རྣམ་བཤད་ལྟར་ན་ཕན་ཡོན་གྱི་སྒོ་ནས་བསྟན་པ་ཡིན་གསུང༌། ཀུན་འབྱུང་ལ་མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་ཀྱི་སླད་དུ་འདི་ནི་འདོད་ཆགས་དང་བྲལ་བའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་སོགས་ཀྱིས་གཉེན་པོ་བརྒྱད་དངོས་སུ་བསྟན་ནས་སྤང་བྱ་བརྒྱད་ཤུགས་ལ་བསྟན་པ་ཡིན་པས་མདོའི་སྒྲས་ཟིན་ལྟར་གྱི་གཉེན་པོ་བརྒྱད་ནི་འདོད་ཆགས་དང་བྲལ་བ་སོགས་བརྒྱད་པོ་དེ་ཡིན་ལ་དོན་གྱིས་བསྟན་པའི་སྤང་བྱ་བརྒྱད་ནི་ཀུན་འབྱུང་གི་རྣམ་པ་དང་པོའི་འདུན་པ་སོགས་བརྒྱད་པོ་འདི་ཡིན་གསུང༌། འདོད་ཆགས་དང་བྲལ་བའི་ཟློག་ཕྱོགས་ཀྱི་སྤང་བྱ་ནི་ཡུལ་མ་འོངས་པ་ལ་འདུན་པའི་འདུན་པ་དང་སྲེད་པ་གཉིས་ལས་མི་འབྲལ་བར་འདོད་པའི་འདོད་ཆགས་འབྱུང་བས་འབྲས་བུ་མེད་པའི་རྟགས་ཀྱིས་རྒྱུ་མེད་པར་སྒྲུབ་པ་ཡིན་ཏེ། སྤྱིར་དུ་བའི་རྟགས་ཀྱིས་མེ་ཡོད་པར་སྒྲུབ་དགོས་ཀྱང༌། རྒྱུ་ཚོགས་ཚང་བའི་རྒྱུ་འབྲས་གཉིས་ཕན་ཚུན་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་པར་འདྲ་བས་ན་དེ་ལྟར་སྒྲུབ་ནུས་གསུང༌། ཡུལ་ལ་མངོན་ཞེན་གྱི་དགའ་བས་གནས་པ་དང༌། ཡང་སྲིད་ལ་དགའ་བ་གསུམ་ནི་རྒྱུའི་རྣམ་པ་སྟེ། མི་གནས་པ་ཞེས་པ་འདི་ལ་མདོ་ལས་ལྡང་བ་མ་མཆིས་པ་ཞེས་གསུངས་པ་ནི་འགྱུར་ཁྱད་ཅིག་ཡིན་པ་འདྲ་གསུང༌། འདོད་ཆགས་སོགས་གསུམ་ནི་ཀུན་འབྱུང་གི་རྣམ་པ་སྟེ། ཁ་ཅིག་གྲུབ་མཐའ་འོག་མ་ལྟར། འདོད་ན་འཇིག་ཚོགས་ལྟ་བ་དང༌། །ཞེས་སོགས་ལ་བརྟེན་ནས་གང་ཟག་གི་བདག་འཛིན་ལ་འདོད་ཆགས་སོགས་མེད་པར་བཤད་ཀྱང་འོག་མའི་སྐབས་སུ་བདག་འཛིན་ལ་མི་དགེ་བ་མེད་པར་མ་ཟད། འཛིན་ཚུལ་ཅན་གྱི་སྤང་བྱ་ལ་སྒོམ་སྤང་མེད་ཅིང་མཐོང་སྤང་ཁོ་ནས་ཁྱབ་པ་དང༌། དེའི་ཞེན་ཡུལ་མེད་པས་སྤང་བྱ་གཞི་མེད་ཡིན་པ་དང༌། ཞེན་ཡུལ་དེ་མེད་པར་མངོན་སུམ་དུ་རྟོགས་ཕྱིན་ཆད་དེ་ཡོད་དམ་མེད་སྙམ་པའི་ཐེ་ཚོམ་སྐྱེ་མི་སྲིད་པས་དེ་སྤང་བ་ལས་ཉམས་པ་མི་སྲིད་པ་ཡིན་ལ། ཆགས་སོགས་སྒོམ་སྤང་གི་དམིགས་པ་ཡོད་པས་སྤང་བྱ་གཞི་བཅས་ཡིན་པ་དང༌། དེ་ལ་སྲེད་པ་སྤང་བའི་སྒོ་ནས་དེ་སྤངས་ཀྱང་ཡུལ་དང་འཕྲད་ན་སླར་སྐྱེ་བར་འགྱུར་བས། དེ་སྤངས་པ་ལས་ཉམས་སྲིད་པར་འདོད་ལ། གོང་མའི་སྐབས་སུ་དེ་ལྟར་མི་འདོད་པས། རང་ལུགས་ལ་གང་ཟག་གི་བདག་འཛིན་ལ་ཆགས་སོགས་བཞག་ཆོག་པའི་ཕྱོགས་སུ་མཛད་གསུང༌། རབ་སྐྱེའི་རྣམ་པ་ནི། གཙང་བདེ་རྟག་བདག་བཞི་རུ་འཛིན་པའི་གཉེན་པོར་མི་རྟག་སྡུག་བསྔལ་སྟོང་བདག་མེད་དུ་རྟོགས་པ་བཞི་སོ་སོར་སྦྱར་ཏེ་གཙང་བ་ནི་སྟོང་པའི་ཟློག་ཕྱོགས་ཡིན་ཏེ། མི་གཙང་བའི་རྫས་སོ་གཉིས་སོགས་ལ་ཕར་ང་ཞེས་བཏགས་པ་ཙམ་ཡིན་པའི་ཕྱིར་ཟེར་མཁན་ཡོད་ཀྱང་མི་འཐད་ལ། དེ་བཞི་ལ་སྦྱོར་བའི་ཚེ་གཙང་བདེ་གཉིས་ཀྱི་གཉེན་པོར་སྡུག་བསྔལ་བར་རྟོགས་པ་དང༌། རྟག་པའི་གཉེན་པོར་མི་རྟག་པར་རྟོགས་པ་དང༌། བདག་ལ་ཆ་གཉིས་བྱས་ཏེ་དེའི་གཉེན་པོར་སྟོང་བདག་མེད་སྦྱོར་དགོས་ཏེ། དེ་ལྟར་གཞི་བསྡུ་བ་ན་རྒྱས་པར་འདུག་གསུང༌། ཐོག་མར་ཀུན་འབྱུང་སྤང་བྱར་ཤེས་ནས་གཉེན་པོའི་སྒོ་ནས་སྤང་དགོས་པས་ཀུན་འབྱུང་སྤང་གཉེན་གྱི་སྒོ་ནས་དང༌། ལམ་བདེན་རྒྱུ་མཚན་དང་རིགས་པའི་སྒོ་ནས་རང་རྒྱུད་ལ་བསྒྲུབས་ཏེ་བསྟེན་བྱར་ཤེས་དགོས་པས་ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་དང༌། སྡུག་བདེན་གྱི་དོན་དམ་དང་ཀུན་རྫོབ་ཀྱི་སྡོད་ལུགས་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱ་དགོས་པས་སྡུག་བདེན་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་དང༌། འགོག་བདེན་གསེར་འཕྲེང་ལས་སྟོང་ཉིད་ཀྱི་རྣམ་པའི་སྒོ་ནས་དང༌། རྣམ་བཤད་ལས་ཕན་ཡོན་གྱི་སྒོ་ནས་བསྟན་པར་གསུངས་པ་ནི་དོན་འདྲའང་དངོས་བསྟན་དང་སྦས་དོན་གྱི་སྒོ་ནས་ཡིན་གསུང༌། ལམ་བདེན་གྱི་རྣམ་པ་བརྒྱད་ནི། སྐབས་འདིའི་ལམ་བདེན་གྱི་རྣམ་པ་ཆོས་ཅན། སེམས་ཅན་ཐམས་ཅད་ལ་ཐར་པའི་གོ་སྐབས་འབྱེད་པའི་ལམ་ཡིན་ཏེ། སེམས་ཅན་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པའི་ཕྱིར། ཇི་ལྟར་གོ་སྐབས་འབྱེད་ཅེ་ན། སེམས་ཅན་ཚད་མེད་པ་ལ་ཐར་པའི་གོ་སྐབས་འབྱེད་པ་ཡིན་ཏེ། སྲིད་ཞིའི་མཐའ་གཉིས་དང་མ་འབྲེལ་བར་གོ་སྐབས་འབྱེད་པའི་ཕྱིར། དེ་ཆོས་ཅན། རིག་པ་གང་ཡིན་པའི་རྣམ་པ་ཡིན་ཏེ། འཁོར་འདས་གཉིས་དང་ཆོས་ཐམས་ཅད་དོན་དམ་པར་ཐ་མི་དད་པར་རྟོགས་པའི་ཕྱིར། ཇི་ལྟར་རིག་པ་ཡིན་ཞེ་ན། དོན་དམ་པར་ཐ་མི་དད་པར་རྟོགས་ཏེ། དོན་དམ་པར་ཉན་རང་ལ་དམན་པ་དང་ཐེག་ཆེན་ལ་མཆོག་ཏུ་འཛིན་པ་མེད་པར་རྟོགས་པའི་ཕྱིར་དང༌། འཁོར་བ་དོན་དམ་པར་དོར་བྱ་དང༌། མྱང་འདས་དོན་དམ་པར་བླང་བྱར་མེད་པར་རྟོགས་པའི་ཕྱིར། དེ་ཆོས་ཅན། སྒྲུབ་པ་གང་ཡིན་པའི་རྣམ་པ་ཡིན་ཏེ། ཆོས་ཐམས་ཅད་བདེན་པར་རྣམ་པར་མི་རྟོག་པའི་ཕྱིར། ཇི་ལྟར་སྒྲུབ་པ་ཡིན་ཞེ་ན། བདེན་པར་རྣམ་པར་མི་རྟོག་སྟེ། བདེན་མེད་དེའང་ཡུལ་ཅན་གྱིས་ཕར་བཅོས་པ་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་བདེན་པར་མེད་པས། དོན་དམ་པར་ཚད་མས་གཞལ་དུ་མེད་པའི་ཕྱིར། དེ་ཆོས་ཅན། ངེས་པར་འབྱུང་བའི་རྣམ་པ་ཡིན་ཏེ། འཆིང་བྱེད་ཀྱི་གཙོ་བོ་བདེན་འཛིན་ལས་ངེས་པར་འབྱུང་ནུས་ན་གཞན་རྣམས་ལས་ངེས་པར་འབྱུང་བར་འགྱུར་བའི་ཕྱིར་རོ། །ཕར་ཕྱིན་རྟོག་གེ་སྣང་བར། སེམས་ཅན་ཐམས་ཅད་ལ་གོ་སྐབས་འབྱེད་པའི་ལམ་དང༌། ཞེས་སོགས་འདི་རྣམས་རྟགས་ལ་སྦྱར་ནས་གསུངས་པས་ཁྱད་པར་དེ་ཙམ་ཞིག་མ་གཏོགས་འདྲ་གསུང༌། ངེས་འབྱུང་གི་རྣམ་པ་འཐད་པའི་སྒོ་ནས་མ་གསུངས་པ་ནི་གདུལ་བྱ་ཉེ་བའི་བསམ་པའམ། ཡང་ན་སྔ་མ་གསུམ་གྱིས་དེའི་འཐད་པ་བསྟན་པ་ཡིན་གསུང༌། སྡུག་བདེན་གྱི་རྣམ་པ་ལྔ་ནི། མི་རྟག་སོགས་བཞི་ནི་རང་གི་མཚན་ཉིད་དང༌། ལྔ་པ་ནི་སྤྱིའི་མཚན་ཉིད་ཡིན་ལ། སྤྱིར་ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་ཡིན་ཀྱང་འཇིག་ལྟས་སྡུག་བདེན་གྱི་གཙོ་བོ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ལ་དམིགས་ཏེ། དེ་ལ་མ་ལྟོས་པའི་རང་རྐྱ་ཐུབ་པའི་བདག་ཡོད་པར་འཛིན་ཅིང་དེའི་ཞེན་ཡུལ་མེད་པ་ཕུང་པོ་འདིའི་སྟེང་དུ་གཏན་ལ་འབེབས་དགོས་པས། དེ་གཉིས་སྡུག་བདེན་གྱི་རང་གི་མཚན་ཉིད་དང་མི་རྟག་པ་དང༌། སྡུག་བསྔལ་བ་ལ་ཕྱི་ནང་གི་སྣོད་བཅུད་དུ་མ་ཡོད་ཀྱང༌། སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་པ་ལྟར་ཉེར་ལེན་གྱི་ཕུང་པོ་འདི་གཙོ་བོ་ཡིན་པས། དེ་གཉིས་སྡུག་བདེན་གྱི་རང་གི་མཚན་ཉིད་དུ་བཞག་པ་ཡིན་གསུང༌། འགོག་བདེན་གྱི་རྣམ་པ་བཅུ་དྲུག་ནི། འགོག་པའི་རྣམ་པ་ལ་ཕྱི་དང་ནང་དང་གཉིས་ཀ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ་གསུམ་མོ། །ཞི་བའི་རྣམ་པ་ནི། བཏགས་པའི་བདག་སྟོང་པ་ནས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་བར་བརྒྱད་དོ། །གྱ་ནོམ་གྱི་རྣམ་པ་ལ་རང་བཞིན་སྟོང་པ་ཉིད་ནས་མི་དམིགས་པ་སྟོང་པ་ཉིད་ཀྱི་རྣམ་པའི་བར་བཞི་སྟེ། དེའང་མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་གཞི་དུས་གསུམ་པོ་དེ་མ་བརྟགས་མ་དཔྱད་པའི་ཚེ་མཉམ་དུ་ཡོད་ཡོད་འདྲའང༌། བརྟགས་ཤིང་དཔྱད་པའི་ཚེ་མ་འོངས་པ་ལ་འདས་ད་ལྟ་གཉིས་མི་དམིགས་ལ། ད་ལྟར་གྱི་དུས་སུ་འདས་མ་འོངས་གཉིས་མི་དམིགས་པ་སོགས་ཡིན་པས་མི་དམིགས་པ་ཞེས་བཤད་པ་ཡིན་གསུང༌། ངེས་འབྱུང་གི་རྣམ་པ་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་གཅིག་སྟེ་སྟོང་གཞི་གཞན་རྣམས་སྔར་བཤད་ཟིན་ཏོ། །རྣམ་མཁྱེན་གྱི་རྣམ་པ་བརྒྱ་རྩ་བཅུ་ནི་རྣམ་མཁྱེན་གྱི་སྐབས་སུ་མཁྱེན་གསུམ་གྱི་རྣམ་པ་བཤད་མི་རིགས་ཏེ། གཞི་ཤེས་དང་ལམ་ཤེས་གཉིས་ཀྱི་རྣམ་པ་སྔར་བཤད་ཟིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་ལ་ལྡོག་ཆས་སམ་རྒྱུན་གྱི་སྒོ་ནས་རིགས་འདྲ་སྔ་མ་ཉན་ཐོས་ལ་ཡོད་པ་དང༌། བྱང་སེམས་ལ་ཡོད་པ་དང༌། སངས་རྒྱས་ཁོ་ན་ལ་ཡོད་པ་གསུམ་ཡོད་པ་དང༌། ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་སངས་རྒྱས་ལ་ཡར་ལྡན་དུ་ཡོད་པའི་སྟོབས་ཀྱིས་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་མཐུན་པ་སོགས་གསུམ་བསྟན་པ་ཡིན་ལ། དེར་མ་ཟད་དང་པོ་གཉིས་ཀྱི་སྐབས་སུ་གཞི་ཤེས་དང་ལམ་ཤེས་ཀྱི་ཡུལ་དུ་བསྟན་པ་ཡིན་ཞིང༌། འདིར་དེ་གསུམ་གྱི་རྣམ་པའང་རྣམ་མཁྱེན་གྱི་ཡུལ་དུ་སྟོན་པ་ཡིན་པས་ཟློས་སྐྱོན་མེད་པ་ཡིན་གསུང༌། དྲན་པ་ཉེར་བཞག་བཞི་ནི། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། སྡུག་བདེན་གྱི་གཙོ་བོ་ལུས་མི་གཙང་བའི་རྫས་སོ་གཉིས་འདུས་པར་ཤེས་ནས་ལུས་དྲན་པ་ཉེར་བཞག་གིས་སྡུག་བདེན་ལ་འཇུག སྲེད་པའི་རྐྱེན་གྱི་གཙོ་བོ་ཚོར་བས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་སྲེད་པ་འདྲེན་པར་མཐོང་ནས་ཚོར་བ་དྲན་པ་ཉེར་བཞག་གིས་ཀུན་འབྱུང་ལ་འཇུག ལྷག་མེད་ཀྱི་ཚེ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་མ་ལུས་པ་འགག་པར་འགྱུར་བས་བདག་ཆད་ཀྱིས་དོགས་ནས་འཇིགས་པ་ན། སེམས་དྲན་པ་ཉེར་བཞག་གིས་གང་ཟག་གི་གདགས་གཞི་སེམས་སྐད་ཅིག་གིས་སྐྱེ་འཇིག་བྱེད་པར་མཐོང་ནས་དེའི་ཚེའང་བདག་ཏུ་འཇོག་པའི་གཞི་མ་སྟོང་བར་འདུག་སྙམ་དུ་མངོན་དུ་བྱ་བ་ལ་འཇུག །སེམས་དེ་ཀུན་ཉོན་ཕྱོགས་ནས་རྣམ་བྱང་ཕྱོགས་སུ་བཅོས་པ་ལ་ལམ་ཟེར་བས་ཆོས་དྲན་པ་ཉེར་བཞག་གིས་ལམ་བདེན་ལ་འཇུག་གསུང༌། ཡང་དག་སྤོང་བ་ནི། རྣམ་པར་སུན་འབྱིན་པའི་སྟོབས་ཀྱིས་མི་དགེ་བ་སྐྱེས་ཟིན་སྤོང་བ་དང༌། ཉེས་པ་ལས་སླར་ལྡོག་པའི་སྟོབས་ཀྱིས་མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང༌། རྟེན་གྱི་སྟོབས་ཀྱིས་དགེ་བ་སྐྱེས་ཟིན་སྤེལ་བ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་དགེ་བ་མ་སྐྱེས་པ་བསྐྱེད་པ་སྟེ་སྟོབས་བཞི་ལ་སྦྱར་བ་ཡོད་གསུང༌། རྫུ་འཕྲུལ་གྱི་རྐང་པ་ལ་སྒྲ་བཤད་ཚུལ་དུ་མ་ཡོད་ལ། དབུས་མཐའ་སོགས་ནས་རྫུ་འཕྲུལ་གྱི་རྐང་པའི་སྐབས་ཞི་གནས་སྒྲུབ་ཚུལ་རྒྱས་པར་བཤད་ལ། སྤྱིར་སྡེ་ཚན་བདུན་གྱིས་བྱེ་སྨྲས་ཚོགས་ལམ་དུ་གཅིག །སྦྱོར་ལམ་བཞིའི་སྐབས་བཞི། མཐོང་ལམ་དུ་གཅིག །སྒོམ་ལམ་དུ་གཅིག་རྣམས་རིམ་བཞིན་ཐོབ་པར་འདོད་ཅིང༌། གོང་མའི་ལུགས་ལ་སྤྱིར་ཚོགས་ལམ་ཆུང་ངུ་ན་དང་པོ་གསུམ་ག་ཡོད་ཀྱང༌། གཙོ་ཆེ་བའི་སྒོ་ནས་ཚོགས་ལམ་གསུམ་ལ་དང་པོ་གསུམ་དང༌། དྲོད་རྩེ་གཉིས་ལ་བཞི་པ་དང༌། བཟོད་མཆོག་གཉིས་ལ་ལྔ་པ་རྣམས་རིམ་བཞིན་དང༌། མཐོང་སྒོམ་གཉིས་ལ་དྲུག་པ་བདུན་པ་གཉིས་ལྷན་ཅིག་ཐོབ་པར་འདོད་པ་ཡིན་གསུང༌། སྟོབས་ནི་དབང་པོའི་སྐབས་ཀྱི་དད་སོགས་ལྔ་སྟོབས་ཀྱི་ངོ་བོར་གྱུར་པ་ཡིན་ཀྱང༌། སྒོམ་བྱུང་གིས་དབང་ཐོབ་པའི་སྒོ་ནས་དབང་པོ་དང༌། མི་མཐུན་ཕྱོགས་གང་འདོད་དུ་ཟིལ་གྱིས་གནོན་པའི་སྒོ་ནས་སྟོབས་སུ་བཤད་ལ། རྒྱན་སྣང་ལས་སྔ་མ་མི་མཐུན་ཕྱོགས་དང་འདྲེས་པར་སྤྱོད་པ་དང༌། ཕྱི་མ་མི་མཐུན་ཕྱོགས་དང་མ་འདྲེས་པར་གཉེན་པོ་འབའ་ཞིག་སྤྱོད་པ་ལའང་གསུངས། དད་སོགས་ལྔ་པོ་འདིའི་ནང་དུ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་གཅིག་འདུས་པས་ན། སེམས་བྱུང་གཞན་མ་གསུངས་པར་འདི་ལྔ་གསུངས་པ་ཡིན་ལ། འདུ་ཚུལ་སྟོང་ཉིད་སྒོམ་པ་ལྟ་བུ་ལ་མཚོན་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པར་འདོད་པ་དེའི་ཚེ་ཐོག་མར་ཡིད་ཆེས་ཀྱི་དད་པའི་སྒོ་ནས་དེ་སྟོན་པའི་མདོ་སོགས་ལ་འཇུག་དགོས་པས་དད་པ་དང༌། དེའང་གཞན་གྱིས་ནན་གྱིས་བསྐུལ་དགོས་པ་ལྟ་བུ་མ་ཡིན་པར་བསྐུལ་མ་ནང་ནས་བྱས་ཏེ་སྤྲོ་བ་བསྐྱེད་དགོས་པས་བརྩོན་འགྲུས་དང༌། དོན་རགས་རིམ་ཙམ་རྟོགས་པ་དེས་ཆོག་ཤེས་བྱས་ཏེ་དྲན་པས་མ་བསྐྱངས་པར་བཞག་ན་བོགས་གང་ཡང་མི་ཐོན་པས། དྲན་པས་རྒྱུན་བསྲིངས་ཏེ་དོན་སྤྱིའི་གསལ་སྣང་དང༌། དེ་ནས་མངོན་སུམ་དུ་རྟོགས་པ་དང༌། དེ་ནས་མཐོང་ཟིན་གོམས་པར་བྱེད་པ་དང༌། མི་སློབ་ལམ་གྱི་བར་དྲན་པས་གཞུང་བསྲིངས་དགོས་པས་དྲན་པ་དང༌། ལམ་གྱི་དངོས་གཞི་ལྟ་བུ་ལ་སེམས་དམིགས་པ་ལ་གནས་པའི་གཞི་ཏིང་ངེ་འཛིན་དང༌། རབ་ཏུ་རྟོགས་པའི་ངོ་བོ་ཤེས་རབ་སྟེ་ལྔ་དགོས་པའི་ཕྱིར། ས་སྡེར་འདི་ལྔ་ལ་མིའི་ལུས་ལྟ་བུར་ཡང་གསུངས་ཏེ། དད་པ་ནི་རུས་པ་ལྟ་བུ་དང༌། བརྩོན་འགྲུས་ནི་ཤ་ལྟ་བུ་དང༌། དྲན་པ་ནི་རྒྱུས་པ་དང་འདྲ་སྟེ། རྩས་ཤ་འཛིན་པར་བྱེད་པ་དེ་བཞིན་དུ། དྲན་པས་དམིགས་རྣམ་མི་བརྗེད་པར་འཛིན་པར་བྱེད་པ་དང༌། ཏིང་ངེ་འཛིན་ནི་པགས་པ་དང་འདྲ་སྟེ། པགས་པས་ཤ་སྡུད་པར་བྱེད་པ་བཞིན་དུ་ཏིང་ངེ་འཛིན་གྱིས་སེམས་ནང་དུ་སྡུད་པར་བྱེད་པ་དང༌། ཤེས་རབ་ནི་སྙིང་ལྟ་བུ་ཡིན་པས་ལུས་ཡོངས་རྫོགས་ཤིག་ལ་རུས་པ་ལ་སོགས་པ་ལྔ་ག་ཚང་དགོས་པ་བཞིན་དུ་ལམ་གྱི་ལུས་ཡོངས་རྫོགས་ཤིག་ལ་དད་སོགས་ལྔ་ག་ཚང་དགོས་པར་བསྟན་པ་ཡིན་གསུང༌། བྱང་ཆུབ་ཡན་ལག་བདུན་ནི། དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་གསུངས་པ་ལྟར། ཤེས་རབ་རང་བཞིན་ཡན་ལག །དྲན་པ་གནས་ཀྱི་ཡན་ལག །བརྩོན་འགྲུས་ངེས་འབྱུང་གི་ཡན་ལག །དགའ་བ་ཕན་ཡོན་གྱི་ཡན་ལག །ཤིན་སྦྱངས་ཏིང་ངེ་འཛིན། བཏང་སྙོམས་གསུམ་ཉོན་མོངས་མེད་པའི་ཡན་ལག་ཏུ་འདུ་བར་གསུངས་པ་ཡིན་ལ། མདོ་སྡེ་རྒྱན་ལས། ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་ལྟ་བུར་གསུངས་པ་ཡིན་ཏེ། འཁོར་ལོ་རིན་པོ་ཆེའི་སྟོབས་ཀྱིས་འཁོར་བསྒྱུར་དེས་ཐོག་མར་རང་གི་གཡུལ་ལས་རྒྱལ་བར་བྱས་ཏེ། དེ་ནས་ཡུལ་ཁམས་གཞན་ལའང་དབང་སྒྱུར་བར་བྱེད་པ་ལྟར་དྲན་པ་བྱང་ཆུབ་ཡན་ལག་གིས་སྔ་མ་རྟོགས་ཟིན་པ་རྣམས་མ་བརྗེད་པའི་སྟེང་དུ་ཕྱི་མ་གསར་དུ་རྟོགས་པར་འགྱུར་བས་ན། དྲན་པ་ཡང་དག་འཁོར་ལོ་རིན་པོ་ཆེ་དང་འདྲ། གླང་པོ་རིན་པོ་ཆེས་ཕ་རོལ་གྱི་དགྲ་སོགས་འཇོམས་པར་བྱེད་པ་བཞིན་དུ། རབ་ཏུ་རྣམ་འབྱེད་ཡན་ལག་གིས་མི་མཐུན་ཕྱོགས་འཇོམས་པར་བྱེད་པ་དང༌། ནོར་བུ་རིན་པོ་ཆེའི་འོད་ཀྱིས་གཟུགས་སོགས་སྣང་བར་བྱེད་པ་བཞིན་དུ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་ཡོན་ཏན་ཐམས་ཅད་སྣང་བར་བྱེད་པ་དང༌། རྟ་མཆོག་གི་ཤུགས་མྱུར་བ་བཞིན་དུ་ཡོན་ཏན་སྔ་མ་ཐོབ་པ་ལ་དགའ་བ་སྐྱེས་ཏེ་གོང་མ་ལ་མྱུར་དུ་འཇུག་པ་དང༌། བཙུན་མོ་རིན་པོ་ཆེས་དགའ་བདེ་སྟེར་བ་ལྟར་ཤིན་སྦྱངས་ཀྱིས་ལུས་སེམས་དགའ་བདེ་རྒྱས་པར་བྱེད་པ་དང༌། ཁྱིམ་བདག་རིན་པོ་ཆེས་གང་འདོད་ཀྱི་མཁོ་དགུ་སྟེར་བར་བྱེད་པ་བཞིན་དུ་ཏིང་ངེ་འཛིན་གྱིས་མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་ཐམས་ཅད་འབྱོར་བར་བྱེད་པ་དང༌། བློན་པོ་རིན་པོ་ཆེས་རྒྱལ་པོའི་རྒྱལ་ཁྲིམས་སོགས་ཉེ་རིང་མེད་པར་རྟོགས་པར་བྱེད་པ་བཞིན་དུ། བཏང་སྙོམས་ཀྱིས་ཆགས་སྡང་སོགས་ཀྱིས་ཉེ་རིང་མེད་པར་ལམ་དྲང་པོར་སྲོང་བ་དང༌། བདུན་པ་ལ་ཁྱིམ་བདག་དྲངས་པ་ནི་གསེར་གྱི་འཁོར་བསྒྱུར་གྱི་དབང་དུ་བྱས་ལ། འཁོར་བསྒྱུར་གཞན་གཉིས་ལ་ཁྱིམ་བདག་གི་ཚབ་ཏུ་དམག་དཔོན་དྲངས་ནས་ཁྱིམ་བདག་དང་བློན་པོ་བྱ་བ་གཅིག་པས་གཅིག་ཏུ་བྱེད་པ་ཡིན་གསུང༌། འཕགས་ལམ་ཡན་ལག་བརྒྱད་ནི། དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོ་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཞེས་གསུངས་པ་ལྟར། ཡང་དག་པའི་ལྟ་བ་ནི་ཡུལ་ཡོངས་སུ་གཅོད་བྱེད་དངོས་ཡིན་པས་གཅོད་པའི་ཡན་ལག་དང༌། རང་གི་རྟོགས་པ་དེ་གཞན་ལ་མཚོན་པར་བྱེད་པ་དེ་དག་ཀུན་ནས་སློང་བའི་རྟོག་པ་ལ་རག་ལས་པས་ཡང་དག་པའི་རྟོགས་པ་གོ་བྱེད་དང༌། སྤྱོད་པ་རྣམ་པར་དག་པས་གཞན་ཡིད་ཆེས་པར་བྱེད་པ་དེ་དག་ལས་མཐའ་འཚོ་བ་གསུམ་གྱི་ལག་རྗེས་ཡིན་པས་དེ་གསུམ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་དང༌། རྩོལ་བ་སྒོམ་སྤང་དང༌། དྲན་པ་ཉེ་ཉོན་བྱིང་རྒོད་དང༌། ཏིང་ངེ་འཛིན་དེ་ཡོན་ཏན་ཁྱད་པར་ཅན་ལ་གེགས་བྱེད་ཀྱི་སྒྲིབ་པའི་གཉེན་པོ་ཡིན་པས་གཉེན་པོའི་ཡན་ལག་དང་བཞིར་འདུ་བ་ཡིན་གསུང༌། ལམ་ཤེས་ཀྱི་རྣམ་པ་སོ་བཞིའི་དྲུག་ནི། རྣམ་ཐར་སྒོ་གསུམ་བྱེ་སྨྲས་མཛོད་ལས། མཚན་མེད་ཞི་བའི་རྣམ་པ་དང༌། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་ཅན། །ཞེས་གསུངས་པ་སྡུག་བདེན་གྱི་སྟོང་པ་བདག་མེད་གཉིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་འགོག་བདེན་གྱི་བཞི་མཚན་མེད་དང་རྣམ་པ་གཞན་རྣམས་སྨོན་མེད་ལ་སྦྱར་ཞིང༌། མདོ་སྡེ་རྒྱན་ལས། ཏིང་འཛིན་གསུམ་གྱི་སྤྱོད་ཡུལ་ནི། །ཞེས་སོགས་ཀྱི་སྐབས་སུ་ཆོས་ཀྱི་སྡོམ་བཞི་ལ་སྦྱར་ནས་གསུངས་པ་དང༌། ཐལ་འགྱུར་བས་ཆོས་རྣམས་ཀྱི་བྱ་བྱེད་ལས་གསུམ་རྒྱུ་འབྲས་ངོ་བོ་གསུམ་གྱི་སྟོང་ཉིད་ལ་སྦྱར་ནས་གསུངས་པ་སོགས་ཡིན་ལ། འདིར་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་སུ་གསུངས་པ་ལྟར་འཕགས་པ་གྲོལ་སྡེའི་ཉི་སྣང་དང༌། སློབ་དཔོན་གྱི་རྒྱན་སྣང་དང༌། འགྲེལ་པ་འདི་རྣམས་སུ་སྐད་ཅིག་མ་བཅུ་དྲུག་གི་ནང་ནས་སྡུག་བདེན་གྱི་སྟོང་བདག་མེད་གཉིས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། འགོག་ལམ་གྱི་བརྒྱད་མཚན་མེད་དང༌། སྡུག་བདེན་གྱི་རྣམ་པ་ལྷག་མ་གཉིས་དང༌། ཀུན་འབྱུང་གི་བཞི་སྟེ་དྲུག་སྨོན་མེད་ལ་སྦྱར་ནས་གསུངས་པས། བྱེ་སྨྲས་ལམ་བདེན་གྱི་བཞིའང་སྨོན་མེད་ལ་སྦྱར་བ་དང༌། འདིར་མཚན་མེད་ལ་སྦྱར་བའི་ཁྱད་པར་ཙམ་མ་གཏོགས་འདྲ་གསུང༌། ཐར་པའི་གྲོང་ཁྱེར་དུ་འགྲོ་བ་ལ་སྒོ་འདི་ནས་མ་ཞུགས་པར་འགྲོ་ཚུལ་མེད་པས་ན་རྣམ་པར་ཐར་པའི་སྒོ་ཞེས་བྱ་སྟེ། ཐལ་འགྱུར་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ན་འཕགས་ལམ་ཐོབ་པར་འཇོག་པ་དང༌། གཞན་རྣམས་ཀྱིས་བདེན་བཞི་མངོན་སུམ་དུ་རྟོགས་པ་ན་འཕགས་ལམ་ཐོབ་པར་འཇོག་པའི་ཕྱིར། དེས་ན་ཐལ་འགྱུར་པས་སྟོང་ཉིད་ལ་སྦྱོར་བ་དང༌། གཞན་རྣམས་ཀྱིས་གཙོ་བོར་བདེན་བཞི་ལ་སྦྱོར་བའི་རྒྱུ་མཚན་ཡང་དེ་ཡིན་གསུང༌། རྣམ་ཐར་བརྒྱད་ཀྱིས་བྱེད་རྒྱུའི་གཙོ་བོ་ནི་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པ་དེ་ཡིན་ལ། དེའི་དགོས་པ་ནི་གཞན་རྗེས་སུ་འཛིན་པའི་ཆེད་དུ་ཡིན་པས། གཟུགས་ཅན་གཟུགས་ལ་བལྟ་བ་དང༌། གཟུགས་མེད་གཟུགས་ལ་བལྟ་བ་གཉིས་ནི། འདུལ་བྱ་འགའ་ཞིག་ལ་འདིས་སྤྲུལ་པ་འདི་བསྟན་སོང་ཞེས་སྤྲུལ་པ་དང༌། སྤྲུལ་པ་པོ་གཉིས་ཀ་སྣང་བར་བྱས་ན་དོན་དུ་འགྱུར་བའང་ཡོད་པས་དང་པོ་དང༌། འགའ་ཞིག་ལ་སྤྲུལ་པ་པོ་མི་སྣང་བར་དེས་སྤྲུལ་པའི་ཁང་བཟང་སོགས་སྣང་བར་བྱས་ན་དོན་དུ་འགྱུར་བའང་ཡོད་པས་ཕྱི་མ་སྒོམ་ལ། འབྲས་དུས་ནའང་རྣམ་པ་འདི་དག་ཡོད་པ་དེ་དང་རྣམ་པ་མཐུན་པ་རྒྱུའི་དུས་ནས་སློབ་དགོས་པས་འདི་དག་བསྟན་པ་ཡིན་གསུང༌། སྙོམས་འཇུག་དགུ་དང༌། སྤོང་ལམ་བཞི་དང༌། ཕར་ཕྱིན་བཅུ་སྟེ་སོ་བཞིའོ། །འདི་དག་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་དེ་རྣམས་དམིགས་སུ་མ་མཆིས་པའི་སླད་དུ་འདི་ནི་དྲན་པ་ཉེར་བཞག་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྟོད་པའི་ལེའུ་ཞེས་བྱ་སྟེ་དགུ་པའོ། །ཞེས་པའི་བར་གྱིས་འཆད་ལ། དེ་དང་བྱང་ཕྱོགས་སོ་བདུན་ལ་མདོ་གཅིག །རྣམ་ཐར་སྒོ་གསུམ་ལ་མདོ་གཅིག །རྣམ་ཐར་བརྒྱད་ལ་མདོ་གཅིག །སྙོམས་འཇུག་དགུ་ལ་མདོ་གཅིག །སྤོང་ལམ་བཞི་རང་མིང་ནས་མ་སྨོས་པར་ཡུལ་བདེན་བཞིའི་སྒོ་ནས་སྟོན་པའི་མདོ་གཅིག །ཕར་ཕྱིན་བཅུ་ལ་མདོ་གཅིག ། སྟོབས་བཅུ་ལ་མདོ་གཅིག །མི་འཇིགས་པ་བཞི་ལ་མདོ་གཅིག །སོ་སོ་ཡང་དག་རིག་བཞི་ལ་མདོ་གཅིག །མ་འདྲེས་པ་བཅོ་བརྒྱད་ལ་མདོ་གཅིག །དེ་བཞིན་ཉིད་ལ་མདོ་གཅིག །རང་བྱུང་ལ་མདོ་གཅིག །སངས་རྒྱས་ཀྱི་རྣམ་པ་ལ་མདོ་གཅིག་གོ །སྟོབས་བཅུ་ནི་རྒྱུད་བླ་མ་ལས། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང༌། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང༌། །བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། །ཕུག་དང་བཤིག་དང་བཅད་ཕྱིར་རོ། །ཞེས་གསུངས་པ་ལྟར། གནས་དང་གནས་མིན་མཁྱེན་སྟོབས་ནས། །ཀུན་བྱང་མཁྱེན་པའི་བར་དྲུག་གིས། །ཤེས་སྒྲིབ་གོ་ཆ་ལྟ་བུ་འཇོམས། །སྔོན་གནས་མཁྱེན་པ་སོགས་གསུམ་གྱིས་སྙོམས་འཇུག་གི་སྒྲིབ་པ་རྩིག་པ་ལྟ་བུ་འཇོམས། ཟག་ཟད་མཁྱེན་པའི་སྟོབས་གཅིག་གིས་ཉོན་སྒྲིབ་ཤིང་ལྟ་བུ་འཇོམས་པར་བྱེད་པས། སྒྲིབ་པ་འདི་གསུམ་གོ་ཆ་སོགས་དང་འདྲ་ཚུལ་ནི། དཔེར་ན་ཤེས་སྒྲིབ་ནི་ཤེས་བྱ་ཐམས་ཅད་ལ་བློ་ཐོགས་མེད་དུ་འཇུག་པ་ལ་གེགས་བྱེད་པ་ཡིན་ལ། གོ་ཆས་ལུས་བཏུམ་པའམ་བསྡམས་ནས་སྡོད་པ་ལྟར། ཤེས་སྒྲིབ་ཀྱིས་ཤེས་བྱ་ཐམས་ཅད་ལ་བློ་རྒྱས་པ་ལ་གེགས་བྱེད་པས་ན་དེ་གོ་ཆ་བརྟན་པོ་ལྟ་བུ་དང༌། རྩིག་པས་ཕན་ཚུན་གྱི་ཁང་པའི་བར་མཚམས་ཆོད་པར་བྱེད་པ་ལྟར། སྙོམས་འཇུག་གི་སྒྲིབ་པས་གོང་འོག་གི་མཚམས་ཆོད་པས་ན་དེ་རྩིག་པ་ལྟ་བུ་དང༌། མཛོད་ལས། ཀླུ་བཞིན་རྩ་བཞིན་ལྗོན་ཤིང་བཞིན། །ཞེས་སོགས་ལྟར། ཉོན་མོངས་ཀྱི་སྡོང་པོ་ལས་སྡུག་བདེན་གྱི་ཡལ་ག་དང་རྭ་ལག་ཐམས་ཅད་རྒྱས་པར་འགྱུར་བས་ན་ཤིང་ལྟ་བུར་གསུངས་པ་ཡིན་ནམ་སྙམ་སྟེ་དཔྱོད་དགོས་པའི་གནས་ཡིན་གསུང༌། མི་འཇིགས་པ་བཞི། སོ་སོ་ཡང་དག་རིག་པ་བཞི། ཆོས་མ་འདྲེས་པ་བཅོ་བརྒྱད་ཡོད་པའི་ནང་ནས། སྤྱོད་པ་མ་འདྲེས་པ་སོགས་འདི་དག་ནི་བྱང་འཕགས་ལའང་ཡོད་ན་སངས་རྒྱས་ལ་ཡོད་པ་ལྟ་སྨོས་ཀྱང་ཅི། ཉན་ཐོས་ལ་མེད་དེ་དགྲ་བཅོམ་པ་ཞིག་གིས་མ་བརྟགས་པར་སྦྲུལ་ནག་པོ་རྐང་པས་བརྫིས་ཏེ་སྐུ་ལུས་ལ་གནོད་པའི་ལོ་རྒྱུས་དང༌། བག་ཆགས་གོམས་པའི་དབང་གིས་ནགས་ཚལ་དུ་ཅ་ཅོ་བཏོན་པ་སོགས་ཡོད་པར་གསུངས་ལ། བྱང་འཕགས་ལ་ལུས་ངག་གི་གནས་ངན་ལེན་དེ་འདྲ་མེད་གསུང༌། ཡེ་ཤེས་སྔོན་དུ་འགྲོ་ཞིང་ཞེས་པ་ནི། སངས་རྒྱས་ལ་ཀུན་སློང་མི་དགོས་ལ། མཉམ་པར་མ་བཞག་པ་མི་མངའ་འང་ཆོས་ཀྱི་རྣམ་གྲངས་དེ་འཆད་པའི་ཚེ་ཐོག་མར་ཟབ་མོ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པ་ལྟ་བུའི་མདོ་དེ་དང་དེའི་བརྗོད་བྱ་རྟོགས་པའི་འཇིག་རྟེན་པའི་ཐུགས་མངོན་དུ་བྱས་པ་ལྟར་མཛད་པ། དེའང་ཆོས་བཤད་པ་དང་ཉན་པའི་ཚེ་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་དགོས་པར་ཤེས་པའི་ཆེད་ཡིན་པས། རྗེས་འཇུག་འདུལ་བྱའི་ཉམས་ལེན་ལ་ཚུར་སྦྱོར་དགོས་པར་ཡོངས་འཛིན་རིན་པོ་ཆེས་ཀྱང་གསུངས་ལ། དེའི་ཁུངས་སུ་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཞེས་པ་འདི་དྲང་གི་འདུག་གསུང༌། དེ་བཞིན་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་མཉམ་པར་བཞག་པས་དེ་བཞིན་ཉིད་ཀྱི་རྣམ་པ་དང༌། སློབ་དཔོན་ལ་མ་ལྟོས་པར་ཆོས་ཐམས་ཅད་ལ་མངའ་བསྒྱུར་བས་རང་བྱུང་གི་རྣམ་པ་དང་མཉམ་རྗེས་ངོ་བོ་གཅིག་ཏུ་སོང་བའི་སངས་རྒྱས་ཀྱི་རྣམ་པ་སྟེ་སོ་དགུའོ། །བསྡོམས་ན་མེད་པའི་རྣམ་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་བར་བརྒྱ་བདུན་ཅུ་རྩ་གསུམ་ཡོད་དོ། །ཟག་བཅས་ཟག་མེད་ཀྱི་དོན་ནི། ཀུན་བཏུས་ནས་ཟག་པའི་སྒོ་དྲུག་དང་འབྲེལ་མ་འབྲེལ་དང༌། མཛོད་ནས་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་དང༌། སྒྲུབ་པའི་དམིགས་པའི་སྐབས་སུ་བླང་དང་དོར་བྱའི་སྒོ་ནས་བཞག་པ་སོགས་ཡོད་ཀྱང་འདིར་ནི་ཉན་རང་གིས་ཉོན་མོངས་སྤང་བྱར་བྱེད་པས་དེ་དག་གི་གཞི་ཤེས་ཟག་མེད་དང༌། བྱང་སེམས་ཀྱིས་ཉོན་མོངས་གཙོ་བོར་སྤང་བྱར་མི་བྱེད་པས་དེའི་ལམ་རྣམ་གྲངས་པའི་ཟག་བཅས་སུ་བཤད་དོ། །
༈ གཉིས་པ་སྦྱོར་བ་ནི། སྦྱོར་བ་ནི། སྦྱོར་བ་ཁྱད་པར་ཅན་དག་གིས་རྣམ་པ་རྣམས་སྒོམ་དགོས་ན་ཞེས་སོགས་བྱུང༌། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་སོགས་ཤླཽ་ཀ་གཅིག་གིས་སྦྱོར་བའི་རྟེན་ཁྱད་པར་ཅན་ཤེར་ཕྱིན་ཉན་པའི་སྣོད་བཤད་ནས། ཉན་པ་ཙམ་ལ་དེ་ལྟར་དགོས་ན་སྒོམ་པའི་རྟེན་ལ་ལྟ་ཅི་སྨོས་ཞེས་ཞར་ལ་སངས་རྒྱས་བསྟེན་དང་ཞེས་སོགས་ཤླཽ་ཀ་གཅིག་གིས་ཤེར་ཕྱིན་འདི་ལེན་པ་དང་དོན་མི་བརྗེད་པར་འཛིན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཀྱང་བཤད་ལ། དགེ་བའི་བཤེས་ཀྱི་མགོན་བཅས་པ། །ཞེས་པ་འདི་རྩ་བར་ཉན་པའི་སྣོད་ལ་སྦྱར་ཡང་བཞི་ག་ལའང་སྦྱོར་དགོས་པར་ཡོངས་འཛིན་རིན་པོ་ཆེས་གསུངས་ཤིང༌། འགྲེལ་པར་ཡང་ཐམས་ཅད་ཀྱི་མཇུག་ཏུ་སྦྱར་བས། སངས་རྒྱས་བསྟེན་དང༌། དགེ་བའི་བཤེས་ཀྱི་མགོན་བཅས་པ། །ལེན་པའི་སྣོད་ཡིན་ནོ། །ཞེས་པ་དང༌། ཀུན་འདྲི་དང༌། དགེ་བའི་བཤེས་ཀྱི་མགོན་བཅས་པ། །འཛིན་པའི་སྣོད་ཡིན་ནོ་ཞེས་པ་དང༌། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱོད་དང༌། །དགེ་བའི་བཤེས་ཀྱི་མགོན་བཅས་པ། །ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད། །ཅེས་སྦྱོར་དགོས་གསུང༌། བསྐལ་པ་མང་པོར་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྲུན་ཅིང་སྦྱངས་པས་ཡུམ་ཉན་པའི་སྣོད་དང༌། དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་གྱིས་མཉེས་པར་བྱས་པས་འཛིན་པའི་སྣོད་དང༌། ཐེ་ཚོམ་གྱི་དོན་ཡོངས་སུ་དྲིས་པས་དོན་མི་བརྗེད་པའི་སྣོད་དང་ཕར་ཕྱིན་བཅུ་སྒྲུབ་པས་ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་ཅེས་སྦྱོར་བ་དང༌། དགེ་བའི་བཤེས་གཉེན་གྱི་བྱིན་རླབས་ཐམས་ཅད་ལ་དགོས་གསུང༌། བརྒྱད་སྟོང་པ་ལས། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་སྣང་བ་ཞེས་སོགས་ཀྱིས་ཉན་པའི་སྣོད་དང༌། གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པར་འགྱུར་ཞེས་སོགས་ཀྱིས་ལེན་པ་དང༌། འཛིན་པ་དང༌། ཚུལ་བཞིན་ཡིད་ལ་བྱེད་པའི་སྣོད་གསུང་ལ། སློབ་པ་དང༌། སྒྲུབ་པ་དང༌། རྣལ་འབྱོར་དུ་བྱེད། ཅེས་པ་གསུམ་ཡང་དེ་གསུམ་ལ་སྦྱར་དགོས་སམ་སྙམ་གསུང༌། ཤེར་ཕྱིན་གྱི་སྣོད་དེ་སྡུད་པར་འཆད་པའི་ཚེ། རྒྱལ་བ་ལ་ནི་ལྷ་རྒྱལ་ནས། རྐྱེན་རྟོགས་ས་ལ་མིན། །ཞེས་པའི་བར་གྱི་ཤླཽ་ཀ་བཞི་བྱུང༌། ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་ལྟར་ན། རྒྱལ་བ་ལ་ནི། ཞེས་སོགས་རྐང་པ་གཉིས་ཀྱིས་སྦྱོར་བའི་རྟེན་དང༌། དེ་ནས་རྐང་པ་གཉིས་ཀྱིས་སྦྱོར་བ་བཀག་པའི་སྦྱོར་བ་དང༌། གང་ཞིག་ཆོས་འདི་སྤྲུལ་དང་སྒྱུ་མ་འདྲར་ཐོས་ནས། །ཞེས་པ་འདི་ལ། སེམས་ཅན་དེ་ནི་ཞེས་སོགས་རྐང་པ་གཉིས་ཡར་སྦྱར་ནས་རྐང་པ་གསུམ་པོ་འདིས་ལུང་བསྟན་ཐོབ་པའི་སྦྱོར་བ་དང༌། སོམ་ཉི་ཞེས་སོགས་རྐང་པ་གསུམ་གྱིས་ཕྱིར་མི་ལྡོག་པའི་སྦྱོར་བ་དང༌། དགོན་པའི་གནས་ནི། ཞེས་སོགས་ཀྱིས་ངེས་འབྱུང་གི་སྦྱོར་བ་བསྟན་པར་འདོད་ལ། འོན་ཀྱང་སློབ་དཔོན་གྱི་སྦྱོར་ཚུལ་དེ་ཉི་སྣང་སོགས་དང་མཐུན་པས་སློབ་དཔོན་འདི་ལ་ཆགས་བཞག་བྱེད་དགོས་སམ་སྙམ་སྟེ། སོམ་ཉི་མེད་ཅིང་ཞེས་སོགས་ཀྱིས་ཤེར་ཕྱིན་ཐོས་ནས་དེ་ལ་མི་སྐྲག་པར་མ་ཟད། སྤྲོ་ཤུགས་ཀྱིས་འཇུག་པར་འགྱུར་བ་དེ་ནི། སྔོན་སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ་དགེ་བ་བསྐྲུན་པའི་རྟགས་ཡིན་པར་གསུངས་པའི་ཕྱིར་རོ། །དབྱེ་གཞིའི་སྦྱོར་བ་ལྔ་ནི་ཡུལ་གྱི་སྒོ་ནས་ཕྱེ་བ་ཡིན་ཏེ། ཡུལ་དང་ཡུལ་ཅན་ལ་བདེན་ཞེན་བཀག་པའི་གཉིས་དང༌། མཁྱེན་གསུམ་ལ་བདེན་ཞེན་བཀག་པའི་ཟབ་དཀའ་ཚད་མེད་ཀྱི་སྦྱོར་བ་གསུམ་རྣམས་སུ་ཡོད་པའི་ཕྱིར། སྦྱོར་བ་ཉི་ཤུའི་ནང་ནས། སློབ་དཔོན་དང་སངས་རྒྱས་ཡེ་ཤེས་གཉིས་ཀས་མཐུན་པར་སྡུད་པ་དང་སྦྱོར་རྒྱུ་ཡོད་པ་ནི། བར་ཆད་མེད་པའི་སྦྱོར་བ་དེ་འཆད་པ་ལ་མི་ཞིག་རྒྱ་མཚོའི་ནས། བདག་རེག་འགྱུར། །ཞེས་པའི་བར་གྱི་ཤླཽ་ཀ་གཉིས་བྱུང༌། བྱང་ཆུབ་ཉེ་བའི་སྦྱོར་བ་དེ་འཆད་པར་དཔྱིད་དུས་བཟང་ལ་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། བྱང་ཆུབ་མྱུར་བའི་དེ་འཆད་པར། དཔེར་ན་བུད་མེད་ཅེས་སོགས་ཤླཽ་ཀ་གཅིག་བྱུང༌། འཕེལ་འགྲིབ་མེད་པའི་དེ་འཆད་པར། ཤེས་རབ་ཕ་རོལ་ཕྱིན་མཆོག་སོགས་རྐང་པ་གཉིས་བྱུང༌། ཆོས་དང་ཆོས་མིན་སོགས་མི་མཐོང་བའི་དེ་འཆད་པར། གང་ཞིག་ཆོས་དང་ཆོས་མིན་ཞེས་སོགས་རྐང་པ་གཉིས་བྱུང༌། ཡེ་ཤེས་ཞབས་ཀྱིས་གང་ཞིག་འདིར་སྤྱོད་ཅེས་སོགས་རྐང་པ་གསུམ་གྱིས་རྣམ་པར་མི་རྟོག་པའི་སྦྱོར་བ་དང༌། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་པའི་རྐང་པ་གཅིག་པོ་འདིས་སྦྱོར་བའི་ཡོན་ཏན་བསྟན་པར་འདོད་ལ། སློབ་དཔོན་གང་ཞིག་འདིར་སྤྱོད་ཅེས་སོགས་ཤླཽ་ཀ་གཅིག་གིས་སྦྱོར་བའི་ཡོན་ཏན་བསྟན་པར་བཞེད་པ་ཡིན་གསུང༌།
༈ གསུམ་པ་སྦྱོར་བའི་ཡོན་ཏན་ནི། ཡོན་ཏན་མཐོང་བ་སྔོན་དུ་འགྲོ་བ་ཞེས་སོགས་བྱུང༌། ཁ་ཅིག་སྦྱོར་བའི་སྐྱོན་དེ་སྦྱོར་བ་མི་སྐྱེ་བའི་རྒྱུ་ཡིན་པ་ལྟར། སྦྱོར་བའི་ཡོན་ཏན་དེ་སྦྱོར་བ་སྐྱེ་བའི་རྒྱུ་ཡིན་པས་སྔོན་དུ་འགྲོ་དགོས་ཟེར་བ་དང༌། ཡང་ཁ་ཅིག་སྦྱོར་བའི་ཡོན་ཏན་དང༌། སྦྱོར་བ་གཉིས་ནུས་པ་དང་ནུས་པ་ཅན་ཡིན་པས་དུས་མཉམ་ཡིན་ཟེར་བ་སོགས་ཡོད་ཀྱང༌། ཉི་སྣང་དང་རྒྱན་སྣང་གཉིས་ཀར་སྦྱོར་བའི་ཕན་ཡོན་དུ་གསུངས་པ་དང༌། འགྲེལ་པ་འདིར་ཡོན་ཏན་དུ་གསུངས་པས། འབྲས་བུའི་སྒོ་ནས་བསྟན་པ་ཡིན་ལ། དེའང་བཅུ་བཞི་པ་ཚན་པ་གཉིས་གསུངས་པའི་དང་པོ་བཅུ་བཞི་ནི་གྲངས་སུ་འདྲེན་རྒྱུ་དངོས་ཡིན་པས་རྒྱུ་མཚན་ཅན་དང༌། ཕྱི་མ་བཅུ་བཞི་ནི་ཡོན་ཏན་དེ་དག་འབྱུང་བའི་རྒྱུ་མཚན་དུ་བྱེད་དགོས་ལ། འོན་ཀྱང་བྱང་ཆུབ་ཉེ་བ་ལ་སྔ་ཕྱི་གཉིས་ཀར་གསུངས་ཚུལ་ཁྱད་མི་སྣང་བས་ཁྱད་པར་ཕྱེད་དཀའ་སེ་བ་ཞིག་འདུག་གསུང༌། སྦྱོར་བའི་ཡོན་ཏན་དེ་ཉིད་སྡུད་པར་འཆད་པའི་ཚེ། གང་ཞིག་འདིར་སྤྱོད་ཅེས་སོགས་ཤླཽ་ཀ་གཅིག་བྱུང༌། འདིས་སངས་རྒྱས་ཀྱི་བྱིན་རླབས་ཤེར་ཕྱིན་ཉམས་སུ་ལེན་པ་སོགས་ལ་སྤྱོད་པར་གསུངས་པས། ཡོན་ཏན་བཅུ་བཞི་པོ་སོ་སོར་མ་ཕྱེ་བར་སྤྱིར་བསྟན་པ་ཡིན་གསུང༌། ཡོན་ཏན་དེ་དག་ནི་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང༌། འཆང་བ་དང༌། ནས། བདུད་སྡིག་ཅན་བར་ཆད་ཀྱི་ལས་བགྱི་བར་སྤྲོ་བ་རྣམས་མང་པོ་སྐྱེས་ནས་བརྩོན་པ་བགྱིད་པར་འགྱུར་རོ། །ཞེས་སོགས་ཀྱིས་སྦྱོར་བ་སྒོམ་པའི་གང་ཟག་ལ་བདུད་དག་གིས་བར་ཆད་ཀྱི་ལས་ཤིན་ཏུ་མང་པོ་བརྩོན་ཀྱང་དེ་ལ་བྱང་སེམས་དང་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱིས་དགོངས་པས་བདུད་དེ་དག་གང་གིས་ཀྱང་མི་ཚུགས་ཤིང་མཐུ་བཅོམ་པའི་ཡོན་ཏན་དང༌། ཤཱ་རིའི་བུ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ་གང་འཇིག་རྟེན་གྱི་ཁམས་གཞལ་དུ་མེད། ནས། ཡི་གེར་འབྲི་བ་ལ་དགོངས་པར་འགྱུར་ཡོངས་སུ་གཟུང་བར་འགྱུར་རོ། །ཞེས་སོགས་ཀྱིས་སྦྱོར་བ་སྒོམ་པ་ལ་སངས་རྒྱས་ཀྱིས་དངོས་སུ་བྱིན་གྱིས་མ་བརླབས་ཀྱང་བྱིན་རླབས་ཞུགས་པས་དགོངས་ཤིང་མཁྱེན་པའི་ཡོན་ཏན་དང༌། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ནས། དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཏེ། ཞེས་སོགས་ཀྱིས་སྦྱོར་བ་སྒོམ་པ་ལ་སངས་རྒྱས་ཀྱིས་དངོས་སུ་བྱིན་གྱིས་བརླབས་པའི་མངོན་སུམ་དུ་མཛད་པའི་ཡོན་ཏན་ཏེ། འདི་གསུམ་སངས་རྒྱས་ཀྱིས་དགོངས་པར་འདྲ་ཞིང༌། སངས་རྒྱས་རང་ངོས་ནས་བྱིན་རླབས་ནུས་མཐུ་ཆེ་ཆུང་མེད་ནའང༌། གདུལ་བྱའི་རྒྱུད་ཚོད་ཀྱི་དབང་གིས་བྱིན་རླབས་ཀྱི་འཇུག་ཚུལ་ཆུང་འབྲིང་ཆེ་གསུམ་གྱི་སྒོ་ནས་མས་རིམ་ནས་འཇོག་སྟེ། དཔེར་ན་རང་གི་ཉེ་དུ་དགྲ་ལ་འཐབ་ཚེ་དགྲའི་མཚོན་ཆ་ཐབས་ཀྱིས་ལེན་པ་དང༌། ཉེ་དུ་ལ་གོ་ཆ་སྦྱིན་པ་དང༌། དེ་ནས་མཚོན་ཆ་གཏད་དེ་དཔའ་སྐྱེད་པ་ལྟ་བུ་ཡིན་གསུང༌། ཐོས་ནས་ཀྱང་བཟུང་བ་དང་བཅངས་པ་དང༌། ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་འགྱུར་ཏེ། ཞེས་སོགས་ཀྱིས། ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་འགྱུར་བའི་ཡོན་ཏན་དང༌། ཤཱ་རིའི་བུ་དེ་དག་གི་འབད་པ་དང་ཡོངས་སུ་གཡོ་བ་དེའང་དོན་ཆེན་པོ་དང༌། ཕན་ཡོན་ཆེན་པོ་དང༌། འབྲས་བུ་ཆེན་པོ་དང༌། རྣམ་པར་སྨིན་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །ཞེས་སོགས་ཀྱིས་དོན་ཆེན་པོ་ཉིད་ལ་སོགས་པའི་ཡོན་ཏན་ཏེ་སོགས་ཁོངས་ནས་དྲངས་མ་ཐག་གི་ཕན་ཡོན་ཆེན་པོ་སོགས་གསུམ་འདོན། དེའང་ཚེ་འདིར་ཤེར་ཕྱིན་ཉམས་སུ་བླངས་པའི་རྒྱུ་མཐུན་ལ་སྐྱེ་བ་ཕྱི་མ་རྣམས་སུ་ཤེར་ཕྱིན་དང་མི་འབྲལ་བའི་རྟེན་བཟང་བརྒྱུད་མར་ཐོབ་སྟེ་དེའི་ཚེའང་ཤེར་ཕྱིན་ཉམས་སུ་ལེན་པ་འོང་བས་ཕན་ཡོན་ཆེན་པོ་དང༌། དེ་ལྟར་ཉམས་སུ་བླངས་ནས་སངས་རྒྱས་འཐོབ་པས་འབྲས་བུ་ཆེན་པོ་དང༌། འབྲས་བུ་དེ་ཐོབ་ནས་ཀྱང་ཉན་རང་ལྟར་ཞི་བདེ་ལ་མི་གཞོལ་བར་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་པས་རྣམ་པར་སྨིན་པ་ཆེན་པོ་ཞེས་བྱའོ། །ཤཱ་རིའི་བུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་མདོ་སྡེ་འདི་དག་ནི་དེ་བཞིན་གཤེགས་པ་འདས་ནས་ཀྱང་དམ་པའི་ཆོས་འཇིག་པའི་དུས་ཀྱི་ཚེ། ཆོས་འདུལ་བ་སྙིང་པོ་གསར་པ་ཐོབ་པ་ནས་ལྷོ་ཕྱོགས་སུ་དར་བར་འགྱུར་རོ། །ལྷོ་ཕྱོགས་ནས་ཀྱང་བར་ཏ་ནིར་འབྱུང་བར་འགྱུར་རོ། །བར་ཏ་ནི་ནས་ཀྱང་བྱང་ཕྱོགས་སུ་འབྱུང་སྟེ། ནས། ཟབ་མོ་འདིའང་འདི་ལྟར་ཕྱི་མའི་དུས་ཕྱི་མའི་ཚེ་ན་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་རྒྱས་པར་འགྱུར་རོ་ཞེས་སོགས་ཀྱིས་ཡུལ་དཔྱད་པའི་ཡོན་ཏན་ཏེ་དེའང་སྟོན་པ་འདས་ནས། རྒྱ་གར་ལྷོ་ཕྱོགས་སུ་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་ཤེར་ཕྱིན་དར་བར་བྱས་པ་དང༌། བར་ཏ་ནི་ཞེས་པ་ལྷོ་བྱང་གཉིས་ཀྱི་བར། རྒྱ་གར་གྱི་ཡུལ་ཡུལ་དབུས་སུ་སླར་ཡང་དར་བ་དང༌། དེ་ནས་རྒྱ་གར་གྱི་བྱང་བོད་ཕྱོགས་སུ་དར་བ་ཡིན་ལ། བྱང་ཕྱོགས་སུ་དུས་ནམ་གྱི་ཚེ་དར་བར་འགྱུར་ཞེ་ན། བརྒྱད་སྟོང་པ་འདིར་ཕྱི་མའི་དུས་ཕྱི་མའི་ཚེ་ཞེས་པ་ཙམ་ལས་མི་འབྱུང་ལ། མདོ་གཞན་ལས་ལྔ་བརྒྱ་ཐ་མར་སླེབ་པའི་ཚེ། ཞེས་བྱུང་བས། སྤྱིར་བསྟན་པའི་ཚད་ལ། འཕགས་ཡུལ་དུ་མངོན་པ་ལ་དགྲ་ལན་གསུམ་བྱུང་བའི་དབང་གིས་ལོ་སྟོང་དང་ཕྱེད་དང་སྟོང་དུ་གནས་པར་འདོད་པ་སོགས་ཡོད་ཀྱང༌། རང་ལུགས་ལ་བསྟན་པ་ལོ་ལྔ་སྟོང་བར་དུ་གནས་པར་འདོད་པས། དེ་ལ་ལྔ་བརྒྱ་པ་ཕྲག་བཅུ་ཡོད་ལ། བཅུ་པོ་དེ་དག་ལ་ལེའུ་བཅུར་བྱས་པའི་དགྲ་བཅོམ་ཕྱིར་མི་འོང༌། རྒྱུན་ཞུགས་ཀྱི་ལེའུ་གསུམ་ནི་ཁོང་དུ་ཆུད་པའི་ལེའུ་དང༌། ལྷག་མཐོང༌། ཞི་གནས་ཚུལ་ཁྲིམས་ཀྱི་ལེའུ་གསུམ་ནི་སྒྲུབ་པའི་ལེའུ་དང༌། མདོ་མངོན་འདུལ་བའི་ལེའུ་གསུམ་ནི་ལུང་གི་ལེའུ་དང༌། རྟགས་ཙམ་འཛིན་པའི་ལེའུ་རྣམས་སུ་ཡོད་པའི་ཕྱིར། དེས་ན་ཁ་ཅིག་ལྔ་བརྒྱ་ཐ་མ་ཞེས་པ་རྟགས་ཙམ་འཛིན་པའི་ལེའུ་ལ་ཟེར་བ་མི་འཐད་དེ། དེ་དུས་སུ་ལུང་ཙམ་ཡང་མེད་པར་རབ་ཏུ་བྱུང་བའི་རྟགས་ཙམ་དང་མིང་ཙམ་གྱི་སྒོ་ནས་སངས་རྒྱས་ཞེས་བྱ་བའི་སྒྲ་མ་ནུབ་པ་ཙམ་ལ་བསྟན་པ་གནས་པའི་ཐ་སྙད་བཏགས་པ་ཡིན་ལ། ལྔ་བརྒྱ་ཐ་མའི་དུས་སུ་ཤེར་ཕྱིན་སོགས་དར་བར་གསུངས་པའི་ཕྱིར་རོ། །དེས་ན་ལྔ་བརྒྱ་ཐ་མ་ནི་ལེའུ་ཐ་མ་ཙམ་ལ་མི་བྱེད་པར། ལྔ་བརྒྱ་པ་ཕྲག་བཅུ་པོ་དེ་ཆ་གཉིས་སུ་བྱས་པའི་ཕྱི་མ་ལ་བྱེད་དགོས་ཏེ། ལྔ་བརྒྱ་དང་པོ་ལྔའི་དུས་བསྟན་པ་སོགས་ཀྱི་བཟང་སྒང་ཡིན་པས་ལྔ་བརྒྱ་ཐ་མ་ཞེས་མི་ཟེར་ལ། ལྔ་བརྒྱ་ཕྱི་མ་ལྔ་བསྟན་པ་སོགས་འགྲིབ་པའི་དུས་ཡིན་པས་ན་ལྔ་བརྒྱ་ཐ་མ་ཞེས་དམན་པ་ལ་ཐ་མའི་སྒྲས་བརྗོད་པ་ཡིན་པའི་ཕྱིར། དཔེར་ན་ཚེ་ལོ་བརྒྱ་ཐུབ་པའི་མི་ཞིག་ལ་མཚོན་ན་ལོ་ལྔ་བཅུ་ཕྲག་གཉིས་ཐུབ་པའི་ལྔ་བཅུ་དང་པོ་སྟོབས་དང་ཤེས་རབ་སོགས་འཕེལ་བའི་སྐབས། ལྔ་བཅུ་ཕྱི་མའི་སྐབས་སུ་དེ་དག་འགྲིབ་པར་འགྱུར་བས་ལྔ་བཅུ་པ་ཐ་མ་ཞེས་ཟེར་བ་བཞིན་ཡིན་གསུང༌། དེས་ན་ད་ལྟ་ལྔ་བརྒྱ་ཐ་མའི་མགོ་ཚུགས་ནས་ཆེར་མ་སོང་བ་དང༌། ཚུལ་ཁྲིམས་ལེའུའི་དཀྱིལ་ཙམ་དུ་སླེབ་ཡོད་ལ། བྱང་ནས་བྱང་དུ་དར་བར་གསུངས་པའི་བྱང་ཕྱི་མ་ལ་རང་རེའི་དགོན་པ་འདི་ཚོའང་འཇོག་ཅེས་རྭ་སྟོད་རིན་པོ་ཆེས་གསུང་གིན་འདུག་གསུང༌། ཤཱ་རིའི་བུ་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་ཞིང་ཤིན་ཏུ་མང་དུ་འབྱུང་བར་འགྱུར་རོ། །ཤཱ་རིའི་བུ་དེ་དག་མང་མོད་ཀྱི། མང་པོ་དེ་དག་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་ནས། དེ་དག་ནི་ཆེས་ཉུང་བར་འགྱུར་ཏེ། ཞེས་སོགས་ཀྱི་དོན། གསེར་འཕྲེང་ལས། ཡུམ་འབྲི་བ་སོགས་མང་ཡང་དེར་བཤད་པའི་སྐྱེ་འགག་མེད་པ་ལ་སོགས་པའི་སྤྲོས་བྲལ་ལ་མོས་པ་ཉུང་བར་འཆད་པ་ནི་ཤིན་ཏུ་མད་པར་སྣང་ངོ༌། །ཞེས་གསུངས་པ་ལྟར་དོན་ལ་གནས་གསུངས། དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་ཀྱིས་སྦྱོར་བ་བསྒོམ་པས་ཚུལ་ཁྲིམས་ཀྱི་ཕུང་པོ་སོགས་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་ཡོངས་སུ་རྫོགས་པའི་ཡོན་ཏན་དང༌། དེ་ནི་འདི་ལྟར་ནས་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་གཏམ་བྱས་སོ། །ཞེས་སོགས་ཀྱིས་རང་རྒྱུད་ལ་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་བྱང་ཆུབ་སེམས་དཔའ་དེས་གཞན་དོན་བྱེད་པའི་རྣམ་པ་ཐམས་ཅད་མཁྱེན་པའི་གཏམ་གྱིས་གདུལ་བྱ་དམན་ལམ་དུ་འགྲོར་མི་འཇུག་པར་ཐེག་པ་ཆེན་པོའི་ལམ་དུ་འཁྲིད་པར་བྱེད་པའི་སྨྲ་བའི་སྐྱེས་བུའི་ཡོན་ཏན་དང༌། དེ་དག་ལ་ལེགས་པར་གནས་ཤིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉམ་པར་བཞག་པར་འགྱུར་ཏེ། བདུད་ཀྱིས་ཀྱང་དབྱེ་བར་བྱེད་མི་ནུས་ན་ཞེས་སོགས་ཀྱིས་སྦྱོར་བ་ལ་ཉམས་ལེན་བྱེད་པའི་བྱང་སེམས་འདི་ལ་མི་མིན་གྱི་སྔགས་སོགས་ཀྱིས་ལྟ་ཅི། དགའ་རབ་དབང་ཕྱུག་ཅེས་བྱ་བ་ཐམས་ཅད་ཀྱི་སྙིང་ལ་ཞུགས་ཏེ་གནོད་པར་བྱེད་པ་དེས་ཀྱང་མི་ཚུགས་ཏེ། དེ་ལས་ནུས་མཐུ་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པའི་སངས་རྒྱས་ཐམས་ཅད་རང་གི་རྒྱབ་རྟེན་དུ་བཞུགས་པ་དང༌། རང་གི་བསམ་པ་བརྟན་པས་ན་མི་ཕྱེད་པའི་ཡོན་ཏན་དང༌། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་གིས་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དགའ་བ་དང༌། དད་པ་དང༌། རབ་ཏུ་དང་བ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །ཞེས་སོགས་ཀྱིས་ད་ལྟ་ཤེར་ཕྱིན་སྒོམ་པ་ལ་དགའ་བ་རྒྱ་ཆེན་པོ་ཐོབ་སྟེ་སྐྱེ་བོ་མང་པོ་ལ་བླ་མེད་བྱང་ཆུབ་ཀྱི་རྒྱུའི་དགེ་རྩ་སྐྲུན་པར་བྱེད་པས་ཉན་རང་དང་ཐུན་མོང་མིན་པའི་ཡོན་ཏན་དང༌། འདི་ལྟར་རིགས་ཀྱི་བུ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་གིས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང༌། ཞེས་སོགས་ཀྱིས་སྦྱོར་བ་སྒོམ་པའི་བྱང་སེམས་དེ་རང་གི་དམ་བཅའ་བརྟན་པའི་མཐུས་སེམས་ཅན་བརྒྱ་ཕྲག་མང་པོ་བསྒྲལ་ཡང་ད་དུང་ཇེ་ཉུང་ཙམ་དུའང་མ་སོང་བར་མཐོང་ནས་མི་ནུས་སྙམ་དུ་ཕྱི་མ་ལ་སྒྱིད་ལུག་པར་མི་འགྱུར་བར་མ་ཟད་སེམས་ལ་སེམས་ཀྱིས་རྗེས་སུ་བལྟས་ནས་རྗེས་སུ་ཡི་རང་བར་བྱས་སོ། །ཞེས་སྔར་དྲངས་པ་རྣམས་ལ་རྗེས་སུ་ཡི་རང་བར་བྱས་ཏེ། ཕྱི་མའི་སེམས་ཅན་གྱི་དོན་སྒྲུབ་པའི་དམ་བཅའ་ཇེ་བརྟན་དུ་སོང་ནས་རང་གིས་སྔར་ཇི་ལྟར་དམ་བཅས་པའི་དོན་ཇི་ལྟ་བ་བཞིན་སྒྲུབ་པའི་ཡོན་ཏན་དང༌། དེ་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་མོས་པ་རྒྱ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཞེས་སོགས་ཀྱིས་སྦྱོར་བ་སྒོམ་པའི་བྱང་སེམས་དེ་ཆེད་དུ་བྱ་བ་སེམས་ཅན་དང༌། ཐོབ་བྱ་བྱང་ཆུབ་དང༌། དེའི་ཕྱིར་ལམ་ལ་སློབ་ཚུལ་སོགས་གང་གི་ཆ་ནས་ཀྱང་ཉི་ཚེ་བ་ཙམ་མ་ཡིན་པར་རྒྱ་ཆེན་པོ་མངོན་པར་འདོད་པས་ན་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་འཛིན་པའི་ཡོན་ཏན་དང༌། སངས་རྒྱས་ཀྱི་ཞིང་དེ་དག་ཏུའང༌། དེ་དག་གིས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང༌། ཞེས་སོགས་ཀྱིས་སེམས་ཅན་གྱི་དོན་སྒྲུབ་པའི་ཡོན་ཏན་དང༌། འདི་དང་སྔ་མ་གཉིས་ལ་ཁྱད་ཆེར་མེད་པ་ལྟར་འདུག་ཀྱང༌། ཞིབ་ཏུ་དཔྱད་ན་ཁྱད་ཅིག་འབྱེད་རྒྱུ་ཡོད་རྒྱུ་རེད་གསུང༌། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ཆོས་ཀྱི་བར་རྣམས་ལ་མ་གཟིགས་པའམ། མ་གསན་པའམ། མངོན་པར་མི་མཁྱེན་པའམ། རྣམ་པར་མི་མཁྱེན་པ་གང་ཡང་མ་མཆིས་ཤིང༌། ནས། འཛིན་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །།ཞེས་པའི་བར་གྱིས་ཤེར་ཕྱིན་ཚང་བར་རྙེད་པའི་ཡོན་ཏན་འཆད་པ་ཡིན་ཏེ། དེའང་འདིའི་སྐབས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཅིག་གིས་བཙལ་ཡང་མི་རྙེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁ་ཅིག་གིས་མ་བཙལ་ཡང་རྙེད་པར་འགྱུར་བ་བཅོམ་ལྡན་འདས་འདིའི་རྒྱུ་གང་ལགས། ཞེས་སོགས་ཀྱི་དོན་ནི། ཤཱ་རིའི་བུས་སངས་རྒྱས་ལ་འདི་རྒྱུ་འབྲས་གོ་འཛོལ་བ་ལྟ་བུ་ཞིག་ཏུ་འདུག་པས་འདིའི་རྒྱུ་མཚན་གང་ལགས་ཞེས་དྲིས་པའི་ལན་དུ། རྒྱུ་འབྲས་གོ་འཆོལ་བ་མི་སྲིད་དེ། ཚེ་རབས་སྔ་མ་རྣམས་སུ་ཤེར་ཕྱིན་འདི་ལ་བརྩོན་པ་མ་དོར་བས་ན་ཁ་ཅིག་གིས་ད་ལྟ་མ་བཙལ་ཡང་རྙེད་པ་ཡིན་ལ། ཚེ་རབས་སྔ་མ་རྣམས་སུ་ཤེར་ཕྱིན་འདི་སྤངས་པའི་ལས་སྒྲིབ་དང་ལྡན་པ་དག་གིས་ད་ལྟ་བཙལ་ཡང་མི་རྙེད་པར་འགྱུར་བས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་གང་གིས་ཚེ་འདིར་ཤེར་ཕྱིན་འདི་ལ་བརྩོན་པ་མ་དོར་བར་ཚོལ་བ་དང༌། ཡོངས་སུ་ཚོལ་བར་སེམས་ན་ཚེ་རབས་ཕྱི་མ་རྣམས་སུའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཚང་བར་རྙེད་པར་གསུངས་ཤིང༌། དེ་ལྟ་བུའི་ལས་འབྲས་ཀྱི་འབྲེལ་བ་ཕྲ་མོ་དེ་སངས་རྒྱས་མ་གཏོགས་གཞན་གྱི་སྤྱོད་ཡུལ་མིན་ལ། འདིའི་ཐད་ཀྱི་འགྲེལ་ཆེན་ལས། སངས་རྒྱས་ཀྱི་མིག་གི་དབང་པོས་ཀྱང་ཆོས་ཐམས་ཅད་མཁྱེན་པ་དང༌། གཙུག་ཏོར་དང་མཛོད་སྤུ་སོགས་ཀྱིས་ཀྱང་ཆོས་ཐམས་ཅད་གཟིགས་ཚུལ་རྒྱས་པར་བཤད་འདུག་གསུང༌། ཁ་ཅིག་ཡོན་ཏན་བཅུ་བཞིའི་བཞི་ནི་སྦྱོར་ལམ་དང༌། བཅུ་ནི་ས་བཅུ་ལ་འཇོག་པར་འདོད་པ་ནི། གསེར་འཕྲེང་ལས་བཅུ་བཞིའི་གྲངས་འགྲིགས་པ་ཙམ་ཤེས་པ་ལ་ཐེ་ཚོམ་མི་སྣང་ངོ་གསུངས་པ་ལྟར་ཡིན་པས། རང་ལུགས་ལ་ཚིག་གསལ་ལྟར་ཚོགས་ལམ་ནས་བཞག་ཆོག་གསུང༌།
༈ བཞི་པ་སྦྱོར་བ་སྐྱེ་བའི་གེགས་སམ་སྐྱོན་ནི། དེའི་འོག་ཏུ་ཡང་གང་ཞིག་ཡོངས་སུ་སྤངས་པས་ཞེས་སོགས་བྱུང༌། དེའང་སྦྱོར་བའི་འགལ་རྐྱེན་རང་ལ་བརྟེན་པ་ཉི་ཤུ། རང་གཞན་གཉིས་ཀ་ལ་བརྟེན་པ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། འགལ་རྐྱེན་གཞན་ལ་བརྟེན་པ་གསུམ་མོ། །བརྒྱད་སྟོང་པར་འདི་དག་རྒྱས་པར་གསུངས་པས་རེ་རེ་ལའང་མདོ་སྦྱོར་རྒྱུ་ཡོད་ལ། སྡུད་པར་བདུན་བརྒྱད་ཙམ་ལས་སྦྱོར་རྒྱུ་མེད་གསུང༌། བརྒྱད་སྟོང་པ་ལས། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་བཅུ་གཅིག་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །ནས། འབྱུང་བར་འགྱུར། ཞེས་པའི་བར་གྱིས་དྲི་བའི་སྒོ་ནས་མཚམས་སྦྱར་ནས། དེ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ནས། འདི་ནི་བདུད་ཀྱི་ལས་དང་པོར་རིག་པར་བྱའོ། །ཞེས་པའི་བར་གྱིས་ཚེགས་ཆེན་པོས་འཐོབ་པའི་དེ་དང༌། རབ་འབྱོར་སྤོབས་པ་དེ་སྐྱེས་ན་ཡང༌། ཡིད་གཡེང་བ་ཉིད་དུ་འགྱུར་ཏེ། འདིའང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་པས་སྤོབས་པ་ཧ་ཅང་མྱུར་བའི་དེ་དང༌། རབ་འབྱོར་དེ་གླལ་བ་དང༌། རྒོད་པ་དང༌། སྟེག་ཅིང་ཡི་གེར་འདྲི་བར་གྱུར་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་པས་ལུས་ཀྱི་གནས་ངན་ལེན་གྱི་དེ་དང༌། རབ་འབྱོར་སེམས་རྣམ་པར་གཡེང་བས་ཀུན་ཆུབ་པར་བྱེད་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་པས་སེམས་ཀྱི་གནས་ངན་ལེན་གྱི་དེ་དང༌། རབ་འབྱོར་རྣམ་པར་ཤེས་པ་ཕན་ཚུན་དང་ལྡན་པས་ཡི་གེར་འདྲི་ན་འདི་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་སོགས་ཀྱིས་རིགས་པ་མ་ཡིན་པས་བསྐྱེད་པའི་ཁ་ཏོན་བྱེད་པ་སོགས་ཀྱིས་དེ་རྣམས་གསུངས་པ་ཡིན་ལ། སྤྱིར་ཡི་གེར་འབྲི་བ་སོགས་རིག་གནས་ལ་སློབ་པ་ནི་ཡོན་ཏན་ཙམ་ཡིན་ནའང༌། ཉམས་ལེན་གྱི་གཙོ་བོ་ཤེར་ཕྱིན་ལ་ཐོས་བསམ་བྱེད་པའི་གེགས་སུ་འགྲོ་ན་དེའང་བདུད་ཀྱི་ལས་སུ་གསུངས་པ་ཡིན་པས་ན་སྤང་དགོས་ལ། རང་རེའི་བཅའ་ཡིག་རིན་པོ་ཆེ་ནས། སློབ་གཉེར་གྱི་སྐབས་སྒྲ་དང་སྙན་ངག་སོགས་རིག་གནས་གཞན་ལ་བརྩོན་པའི་ངལ་བ་མི་བྱེད། ཅེས་གསུངས་པའང་ཤེར་ཕྱིན་གྱི་མདོ་ན་གསུངས་ཡོད་པ་འདི་ཉིད་ཡིན་གསུང༌། འདི་དག་སྡུད་པར་འཆད་པའི་ཚེ། སྨྲ་བའི་ཟླ་བ་ཞེས་སོགས་ཤླཽ་ཀ་གཅིག་གིས། སྨྲ་བའི་ཟླ་བ་སངས་རྒྱས་ལ་རབ་འབྱོར་གྱིས་སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པ་གང་ལགས་ཞུས་པའི་ལན་དུ། སྟོན་པས་བཀའ་སྩལ་པ་བར་དུ་གཅོད་པར་འགྱུར་བ་མང་སྟེ། དེ་ལས་རེ་ཞིག་ཅུང་ཟད་ཙམ་བརྗོད་པར་བྱ་ཞེས་མཚམས་སྦྱར་ནས། སྤོབས་པ་མྱུར་བའི་དེ་འཆད་པར། རྒྱལ་བའི་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། དེའང་དང་པོ་རིག་པ་བཟང་མདོག་ཁ་བ་དང་ཡོད་ཡོད་འདྲ་བ་ལ་དོན་ཞིག་ལ་དཔྱད་པའི་ཚེ་སྒྲོ་འདོགས་གང་ཡང་མི་ཆོད་པར་ཡང་གཞན་ཞིག་ལ་བློ་ཁ་ཕྱོགས་ཏེ་འགྲོ་བ་དེའང་བདུད་ཀྱི་ལས་ཡིན་པར་གསུངས་སོ། །ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པའི་དེ་འཆད་པར། འདི་བཤད་ཚེ་ན། ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། བདག་གིས་ཤེར་ཕྱིན་ཉམས་སུ་བླངས་པ་ལ་སངས་རྒྱས་ཀྱིས་མིང་དང་རིགས་སོགས་ལུང་སྟོན་དགོས་པའང་མ་བསྟན་ཏོ་སྙམ་དུ་ཤེར་ཕྱིན་སྤོང་བར་འགྱུར་བ་དེའང་བདུད་ཀྱི་ལས་སོ། །རྒྱུ་ལ་ཞེན་པའི་དེ་འཆད་པར། དེ་ལྟར་མི་ཤེས་ཞེས་སོགས་རྐང་པ་གཉིས་བྱུང༌། དོན་ནི་རྩ་བ་ཤེར་ཕྱིན་བོར་ནས་འབྲས་བུ་སངས་རྒྱས་འཐོབ་ཏུ་རེ་བ་ནི། དཔེར་ན་ཤིང་གི་རྩ་བ་བོར་ནས་ཡལ་ག་ཚོལ་བ་དང་འདྲ་གསུང༌། ཐེག་པའི་མཆོག་ཀུན་ཏུ་འཛིན་པ་ཉམས་པའི་དེ་འཆད་པར། གླང་པོ་རྙེད་ཀྱང༌། ཞེས་སོགས་རྐང་པ་གཉིས་བྱུང༌། དོན་ནི་ཤེར་ཕྱིན་དང་མཇལ་བའི་དུས་འདིར་དེ་བོར་ནས་ཉན་རང་རྣམས་སངས་རྒྱས་ལས་འཁྲུངས་ཤིང་དེའི་ཡོན་ཏན་གྱི་ཆ་ཤས་ཙམ་ཡིན་ཀྱང་དེ་ཚོལ་བ་ནི། དཔེར་ན། གླང་པོ་རྙེད་ནས་གླང་རྗེས་འཚོལ་བ་དང་འདྲའོ། །གྱ་ནོམ་པའི་རོ་མྱང་བ་ཉམས་པའི་དེ་འཆད་པར། དཔེར་ན་ལ་ལས་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། དོན་ནི་སངས་རྒྱས་ནི་འཐོབ་པར་དཀའ་ཞིང་སྒྲུབ་མི་ནུས་ལ། ཉན་རང་གི་བྱང་ཆུབ་ནི་རང་གི་གོང་དུ་འདུ་ཞིང་སྒྲུབ་སླ་བར་འདུག་སྙམ། དེ་ཚོལ་བ་ནི། དཔེར་ན་ཟས་མཆོག་རྙེད་ནས་ཟས་ངན་ཚོལ་བ་དང་འདྲ་སྟེ། ཇོ་བོ་ལ་ཟན་སློང་བ་དོར་ནས་ལས་མི་ལ་སློང་བའི་ཁྱི་དང་འདྲ་བར་གསུངས་པ་ལྟར་ཡིན་གསུང༌། འགྲེལ་པར་སྔ་མ་དང་འདི་གཉིས་གོ་རིམ་བཟློག་སྟེ་གསུངས་པ་ནི་ཉི་ཁྲི་དང་བསྟུན་པ་ཡིན་ནོ། །བཅུ་ཚན་གཉིས་པའི་རྙེད་བཀུར་དང་ཚིགས་སུ་བཅད་པའི་རོ་མྱང་བའི་དེ་འཆད་པར། བསྟི་སྟང་འདོད་པར་ཞེས་སོགས་རྐང་པ་གཉིས་བྱུང༌། བསྟི་སྟང་ནི་ཕྱག་འཚལ་བ་དང་སྔོན་དུ་ལྡང་བ་སོགས་ཡིན་ལ། རྙེད་པ་ནི་གསེར་དངུལ་དར་ཟབ་འབུལ་བ་སོགས་ཡིན་པས། དེ་དག་གི་ཆེད་དུ་ཁྱིམ་པ་སོགས་དང་འདྲིས་འགྲོགས་བྱེད་པ་ནི་བདུད་ཀྱི་ལས་སོ། །ལམ་མ་ཡིན་པས་ཐབས་མཁས་ཚོལ་བའི་དེ་འཆད་པར། ཆོས་བཏང་ནས་ནི་ཞེས་སོགས་རྐང་པ་གཉིས། ཆོས་བཏང་ནས་ཆོས་མིན་གྱི་བྱ་བས་སྤྱོད་པ་དེའང་བདུད་ཀྱི་ལས་སོ། །འདུན་པ་དང་སྙོམས་ལས་ཀྱིས་ཉམས་པ་སོགས་ཕྱི་མ་རྣམས་བསྡོམས་ཏེ་འཆད་པར། གང་དག་དེ་ཡི་ཚེ་ན། ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། ཤེར་ཕྱིན་འདི་ཉན་པ་ལ་འདུན་ཅིང་དད་པར་འགྱུར་ནས་ཉན་དུ་སོང་བ་ལས་བླ་མ་དེ་མི་ཁོམ་པར་རིག་ནས་སླར་ལོག་སྟེ་མི་དགའ་ཞིང་ཡིད་མི་བདེ་བར་འགྱུར་བ་དང༌། ཡང་བླ་མས་འཆད་འདོད་ཀྱང་སློབ་མས་ཉན་མི་འདོད་པ་སོགས་དེ་དག་ཐམས་ཅད་བདུད་ཀྱི་ལས་སུ་གསུངས་པ་ཡིན་ནོ། །དེ་དག་ནི་དོན་བསྡུ་བ་ནི། དེ་ཡི་ཚེ་ན། ཞེས་སོགས་ཤླཽ་ཀ་བཞི་བྱུང༌། འདི་ལྟ་བུའི་ཤེར་ཕྱིན་ནི་འཆད་ཉན་བྱེད་པ་དེའང་དགེ་འདུན་ཐུགས་མཐུན་པ་ལ་ངེས་པར་ལྟོས་ཀྱང་དེའི་ཚེ་དགེ་འདུན་རྣམས་དཀྲུགས་པ་སོགས་ཤེར་ཕྱིན་འདི་ལ་བར་དུ་གཅོད་པ་རྣམ་པ་མང་དུ་འབྱུང་བར་འགྱུར་བ་ཡིན་ནོ། །བར་གཅོད་མང་བའི་དཔེའང་ཇི་ལྟ་བུ་ཞེ་ན། ནོར་བུ་རིན་པོ་ཆེ་དེ་རྙེད་དཀའ་ཞིང་རྙེད་ཀྱང་དགྲ་མང་བར་འཇིག་རྟེན་ནའང་གྲགས་པ་ལྟར་ཡུམ་འདི་འབྱུང་བར་དཀོན་ལ་འཚེ་བ་མང་བ་ཡིན་གསུང༌། འོ་ན་མཐར་ཕྱིན་པ་དཀའ་འམ་ཞེ་ན། བདུད་ཀྱིས་བར་ཆད་དེ་ལྟར་བརྩོན་ན་ཡང་དེས་གང་གི་ནུས་མཐུ་ལ་ཆ་ཙམ་ཡང་འགྲན་པར་མི་བཟོད་པའི་ཕྱོགས་བཅུའི་སངས་རྒྱས་ཀྱིས་འདི་ལ་སྲུང་སྐྱོབ་སྦ་གསུམ་མཛད་པའི་ཕྱིར་ཏེ། དཔེར་ན་བུ་མང་པོ་ཡོད་པའི་མ་དེ་ན་བར་གྱུར་པ་ལ་བུ་རྣམས་ཁྲེལ་གཞུང་དང་ལྡན་པ་ཡིན་ན་དེ་ཀུན་ཡིད་མི་བདེ་བར་གྱུར་ཏེ། ལ་ལས་རིམ་གྲོ་དང༌། ལ་ལས་སྨན་པ་ཚོལ་བ་སོགས་བྱེད་པ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་རང་གང་ནས་འབྱུང་བའི་རྩ་བ་སེམས་བསྐྱེད་སོགས་ཀྱི་ཡུམ་འདི་ལ་དགོངས་པར་མཛད་པ་ཡིན་གསུང༌།
༈ ལྔ་པ་སྦྱོར་བའི་མཚན་ཉིད་ནི། གོ་རིམ་བཞིན་དུ། ཞེས་སོགས་བྱུང༌། རྣམ་རྫོགས་སྦྱོར་བ་སྤྱིའི་རྣམ་གཞག་དང༌། ཐར་པ་ཆ་མཐུན་ནས་བཟུང་རྒྱུད་ལ་སྐྱེ་རིམ་བཤད་པ་གཉིས་ཡོད་པས། དང་པོ་ལའང་བསྒོམ་བྱ་ཡུལ་གྱི་རྣམ་པ་དང༌། སྒོམ་བྱེད་ཡུལ་ཅན་སྦྱོར་བ་དང༌། སྦྱོར་བ་དེ་རྒྱུད་ལ་སྐྱེ་བའི་གེགས་སམ་སྐྱོན་ཞེ་དྲུག་དང༌། རྒྱུད་ལ་སྐྱེས་པའི་ཕན་ཡོན་བཅུ་བཞི་དང་བཅས་བཤད་ཟིན་ནས་དེའི་སྦྱོར་བ་སྒོམ་པར་བྱེད་པ་ལ་སྦྱོར་བ་རང་གི་ངོ་བོ་ཇི་ལྟ་བ་བཞིན་ཤེས་པར་བྱེད་དགོས་པས། དེའི་འོག་ཏུ་སྦྱོར་བའི་མཚན་ཉིད་གསུངས་ལ། མདོའི་འབྲེལ་ནི། ཤེར་ཕྱིན་ཉམས་སུ་ལེན་པའི་བྱང་སེམས་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་དགོངས་པར་གསུངས་པ་ལ། འོ་ན་དེ་ལྟར་དགོངས་པའི་རྒྱུ་མཚན་གང་ཞེ་ན། དེ་ནས་ཡུམ་འདི་སྐྱེད་པའོ། །ཐམས་ཅད་མཁྱེན་པ་ཉིད་སྟོན་པའོ། །འཇིག་རྟེན་ཀུན་ཏུ་སྟོན་པའོ། །ཞེས་སོགས་ཀྱིས་དེ་ལྟར་དགོངས་པའི་རྒྱུ་མཚན་གསུངས་ལ། དེ་ལྟར་དགོངས་པའི་རྒྱུ་མཚན་དངོས་སུ་མ་གསུངས་སོ། །དེའང་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྤངས་རྟོགས་ཐམས་ཅད་དང༌། འཇིག་རྟེན་ཀུན་ཏུ་སྟོན་པར་མཛད་པ་ཐམས་ཅད་ཡུམ་འདི་ལ་བརྟེན་ནས་འབྱུང་བས་ན། ཡུམ་འདི་སངས་རྒྱས་རྣམས་ལ་དྲིན་ཆེ་བ་ཡིན་ལ། རྒྱུ་མཚན་དེས་ན་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཡུམ་དེ་ལ་དྲིན་གཟོ་བའི་ཕྱིར་དུ་དེ་ཉམས་སུ་ལེན་པའི་བྱང་སེམས་ལ་གུས་པ་དང༌། རིམ་གྲོ་བྱེད་པ་སོགས་བསྲུང་བ་དང་བསྐྱབ་པར་མཛད་པའི་ཕྱིར། དེས་ན་འཇིག་རྟེན་ཀུན་ཏུ་སྟོན་པ་ཞེས་སོགས་མན་ཆད། དེ་བཞིན་གཤེགས་པ་འབྱུང་བ་དང༌། །ཞེས་སོགས་ཀྱི་མཚན་ཉིད་ལ་སྦྱོར་དགོས་པ་ཡིན་གསུང༌། དེའང་ཤེས་ཁྱད་བྱེད་པའི་མཚན་ཉིད་གསུམ་གྱིས་སྦྱོར་བ་བྱེད་སྒྲུབ་ཀྱི་སྒོ་ནས་མཚོན་པར་བྱེད་པ་དང༌། ངོ་བོ་ཉིད་མཚན་གྱིས་སྦྱོར་བ་གཉིས་དོན་གཅིག་ཡིན་ཀྱང་བརྗོད་ཚུལ་གྱི་སྒོ་ནས་སྦྱོར་བ་མཚོན་པར་བྱེད་པས་ན། མཚན་ཉིད་ཡིན་པར་མ་ཟད། ལས་སུ་བྱ་བ་མཚོན་བྱའང་ཡིན་ཞེས་སྟོན་པར། ངོ་བོ་ཉིད་གང་མཚོན་བྱ་ཡང༌། །ཞེས་གསུངས་ཏེ། དཔེར་ན་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དང༌། བུམ་པ་གཉིས་དོན་ཁྱད་པར་མེད་ཀྱང་ཐ་སྙད་འདོགས་ཚུལ་གྱི་སྒོ་ནས་དེ་བུམ་པའི་མཚོན་བྱེད་ཡིན་པ་བཞིན་ནོ། །བྱང་སེམས་རྣམས་ཀྱི་དོན་དུ་གཉེར་བྱའི་གཙོ་བོ་ནི་ཐར་པ་དང༌། ཐམས་ཅད་མཁྱེན་པ་གཉིས་ཀྱི་ནང་ནས་ཐམས་ཅད་མཁྱེན་པ་ཡིན་ལ། དེའང་རང་དོན་རྟོགས་པ་ཕུན་ཚོགས་དང་གཞན་དོན་འཕྲིན་ལས་ཕུན་ཚོགས་གཉིས་སུ་ཡོད་ཅིང༌། འབྲས་བུ་དེ་དག་དང་ཆ་འདྲ་བ་རེ་རྒྱུའི་དུས་ནའང་ཡོད་དགོས་པས་ན། ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་མཁྱེན་པ་དེ་དང་ཆ་འདྲ་བ་ཞིག་ཀྱང་རྒྱུའི་དུས་སུ་ཡོད་ལ། དེ་མཚོན་པར་མཁྱེན་གསུམ་གྱི་ཡུལ་ཤེས་པའི་ཤེས་མཚན་དང༌། དེ་ལྟར་ཤེས་པ་དེའང་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་འགྲོ་དགོས་པས་བྱེད་མཚན་དང༌། དེ་ལྟར་ཤེས་པའི་སྒོ་ནས་གཞན་དོན་བྱེད་པ་དེ་ཉན་རང་ལའང་ཡོད་ན་ཉན་རང་གི་ལམ་དེ་ཡུན་ཐུང་བས་སྒྲུབ་སླ་ཞིང༌། བྱང་སེམས་ཀྱི་དེ་ཡུན་རིང་བས་དཀའ་བར་འདུག་སྙམ་ནས། འདི་ནི་ཉན་རང་ལ་མེད་ཀྱི་བྱང་སེམས་ཁོ་ན་ལ་ཡོད་པར་སྟོན་པའི་ཁྱད་པར་གྱི་མཚན་ཉིད་དེ། དེས་ན་སྔོན་མ་དག་སྔ་མ་གཉིས་ལ་མི་ལྡན་རྣམ་གཅོད་དང༌། ཕྱི་མ་འདི་ལ་གཞན་ལྡན་རྣམ་གཅོད་ཅེས་གསུངས་པ་ཡོད་དོ། །ཤེས་མཚན་ལ་གསུམ་ལས། གཞི་ཤེས་ཀྱི་ཤེས་མཚན་གྱི། འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །ཞེས་པ་འདི་དོན་དམ་པར་འཇིག་པ་མེད་པ་ལ་གསུངས་པས་གཞིའི་བསྒོམ་བྱ་དངོས་ལ་མི་རུང་བས་ཟིན་བྱེད་ལ་སྦྱོར་དགོས་ཀྱི། མདོ་ལས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་དང་ལྡན་པའི་ཡིད་ལ་བྱ་བ་དང༌། མི་དམིགས་པའི་ཚུལ་གྱིས་ཞེས་གསུངས། བྱང་སེམས་ཀྱི་ཉམས་ལེན་གྱི་སྐབས་ཐམས་ཅད་གསུངས་པས། དེ་བཞིན་གཤེགས་པ་འབྱུང་བ་དང༌། །ཞེས་པ་འདིས་ཀུན་སློང་སེམས་བསྐྱེད་དང༌། འཇིག་རྟེན་འཇིག་མེད་བདག་ཉིད་དང༌། །ཞེས་པ་འདིས་མི་དམིགས་པའི་ཚུལ་གྱིས་སློབ་པར་བསྟན་པ་ཡིན་ནམ་སྙམ་གསུང༌། སེམས་ཅན་སེམས་ཀྱི་སྤྱོད་པ་དང༌། །ཞེས་སོགས་ཀྱིས་སེམས་ཀྱི་གནས་ལུགས་ཚོལ་ཚུལ་བསྟན་ལ། དེའང་སྤྱིར་བྱང་སེམས་ཀྱིས་ཁམས་བཅོ་བརྒྱད་དང༌། རང་རྒྱལ་གྱིས་སྐྱེ་མཆེད་བཅུ་གཉིས་དང༌། ཉན་ཐོས་ཀྱིས་ཕུང་པོ་ལྔ་ལ་དམིགས་པ་ཡིན་ལ། དེའི་རྒྱུ་མཚན་ཡང༌། ཉན་ཐོས་ཀྱིས་བདག་འཛིན་ཙམ་སྤོང་བ་ཡིན་ཞིང༌། བདག་འཛིན་གྱིས་ཕུང་པོ་ལྔ་ལ་བདག་ཏུ་འཛིན་པ་དང༌། དེ་ལས་ཀྱང་སེམས་ལ་བདག་ཏུ་འཛིན་པའི་ཕྱིར་དང༌། ཕུང་པོ་ལྔ་པོ་དེའང་གཙོ་བོ་སེམས་འཁོར་བཅས་ལ་འཇོག་པའི་ཕྱིར་རོ། །ཁ་ཅིག་སེམས་དེ་དབྱིབས་དང་ཁ་དོག་གང་དུ་གྲུབ་མ་གྲུབ་ཚོལ་བ་སོགས་རང་ལུགས་ལ་བཀག་ཀྱང༌། བཀའ་གདམས་པ་གོང་མ་དང༌། མདོ་འགའ་ཞིག་ལས་དེ་ལྟར་ཚོལ་བར་གསུངས་ཤིང༌། འདིར་ཡང་སེམས་དེ་དབང་པོའི་ཡུལ་དུ་བསྟན་དུ་ཡོད་མེད་དང༌། དབང་པོས་བལྟ་བར་ཡོད་མེད་སོགས་སུ་ཚོལ་བར་བསྟན་གསུངས། གཡོ་བ་དང་བསྡུས་པ་དང༌། བཀྲམ་པ་དང༌། བཅུམ་པ་སྟེ། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་སོགས་བཞི་རྟག་ལྟ་དང༌། མཐའ་དང་མི་ལྡན་པ་སོགས་བཞི་ཆད་ལྟ་དང༌། ལྡན་མི་ལྡན་གཉིས་ཀར་ལྟ་བ་ནི་གཉིས་ཀར་ལྟ་བ་དང་གཉིས་ཀ་མིན་པ་ནི་གཉིས་མིན་དུ་ལྟ་བ་སྟེ་བཅུ་གཉིས་དང༌། ལུས་སྲོག་རྫས་གཅིག་དང་ཐ་དད་དུ་ལྟ་བ་གཉིས་བསྣན་པས་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ཡིན་ལ། དང་པོ་གྲངས་ཅན། གཉིས་པ་རྒྱང་འཕེན། གསུམ་པ་གཅེར་བུ་པ། བཞི་པ་གནས་མ་བུ་པ་ལ་སྦྱོར་དགོས་གསུང༌། རྟག་པར་ལྟ་བ་དེ་ལྟར་རིགས་མོད། བདག་དང་འཇིག་རྟེན་མི་རྟག་པར་ལྟ་བ་ཆད་ལྟ་ཇི་ལྟར་ཡིན་ཞེ་ན། འདི་ལ་བདག་ནི་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གཞིར་བཞག་ཡིན་པས། དེ་འཇིག་རྟེན་རྒྱུན་འཆད་པར་འགྱུར་བའམ། ཡང་ན་རང་ལུགས་ཀྱི་མི་རྟག་པ་ཞེས་པ་སྐད་ཅིག་རེ་རེ་ལ་འབྲས་བུའི་ངོ་བོར་གྱུར་པ་ལ་བྱེད་ཅིང༌། འདི་དག་གིས་རྒྱུན་ཆད་པ་ལ་འདོད་པའི་རྒྱུ་མཚན་གྱིས་ཡིན་གསུང༌། མཐའ་ནི་ཟད་དང་མཇུག་ཆ་དང༌། །ཞེས་སོགས་ལྟར་ཟད་པ་ལ་བྱས་ནས་མཐའ་དང་ལྡན་པར་ལྟ་བ་ཆད་ལྟར་བཤད་ཚུལ་གཅིག་དང༌། མཐའ་ནི་རིགས་འདྲ་ཐ་མ་ལ་བྱས་ནས་རིགས་འདྲ་ཕྱི་མ་དང་ལྡན་པས་མཐའ་ལྡན་དུ་བཤད་ཚུལ་གཅིག་དང་གཉིས་ཡོད་པས་ཕྱི་མ་ལྟར་བྱས་པ་ཡིན་ལ། འདིའི་དེ་བཞིན་གཤེགས་པ་ནི་གྲོལ་བའི་བདག་དང༌། རྫས་ཡོད་ཀྱི་བདག་ལ་བཤད་ཚུལ་གཉིས་ཡོད་གསུང༌། གཞི་ཤེས་ཀྱི་ཤེས་མཚན་དེ་ཉིད་སྡུད་པར་འཆད་པའི་ཚེ། གང་དག་འདས་དང༌། ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། དོན་ནི་དུས་གསུམ་གྱི་སངས་རྒྱས་ཡུམ་འདི་ལ་བརྟེན་ནས་བྱུང་ཞིང༌། ཁ་ཅིག་སངས་རྒྱས་རྣམས་ཡུམ་འདི་འཇིག་རྟེན་ན་སྟོན་པ་དང༌། རྒྱལ་བ་རྣམས་ཀྱི་ཟག་མེད་ཀྱི་ཕུང་པོ་སྐྱེད་བྱེད་དང༌། སངས་རྒྱས་རྣམས་ལ་སེམས་ཅན་གཞན་གྱི་སེམས་ཀྱི་སྤྱོད་པའང་ཡུམ་འདིས་སྟོན་པར་བྱེད། དེར་མ་ཟད། ཉན་ཐོས་རང་རྒྱལ་རྒྱལ་སྲས་ཀྱི། །དེ་བཞིན་ཉིད་གཅིག་པ་ཉིད་དང༌། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དེ་བཞིན་གཤེགས་པས་མཁྱེན་ནས་གཞན་ལ་བསྟན་ཀྱང་བཏགས་པ་ཞེས་བྱ་བ་ཡིན་ནོ། །ལམ་ཤེས་ཀྱི་ཤེས་མཚན་དེ་ཉིད་སྡུད་པར་འཆད་པའི་ཚེ། མཁས་པ་འཇིག་རྟེན་ཞེས་སོགས་ཤླཽ་ཀ་གསུམ་བྱུང༌། དེའང་བྱང་སེམས་རང་གིས་རྣམ་ཐར་སྒོ་གསུམ་གྱི་ཚུལ་རྫོགས་ནས། སེམས་ཅན་རྣམས་ངན་སོང་གི་སྡུག་བསྔལ་ལས་འདོན་ཀྱང༌། དོན་དམ་པར་སྡུག་བསྔལ་དང་སེམས་ཅན་དུ་འདུ་ཤེས་མི་འབྱུང་བས། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང༌། དངོས་པོ་མེད་པ་དང་ངོ་བོ་ཉིད་དང༌། རྟེན་མེད་པ་སོགས་བསྟན་པ་ཡིན་གསུངས་སོ། །རྣམ་མཁྱེན་གྱི་ཤེས་མཚན་གྱི་སྐབས་སུ་ལམ་གྱི་ལུས་ཡོངས་རྫོགས་ཤིག་བསྟན་པར་འདུག་སྙམ་སྟེ། ཡོངས་འཛིན་རིན་པོ་ཆེས། དེ་བཞིན་ཉིད་ཀྱི་ཆོས་བརྟེན་ནས་ཞེས་གསུངས་ལ། དེ་བཞིན་ཉིད་ཀྱི་ཞེས་པའི་དེ་སྒྲ་སངས་རྒྱས་ལ་སྙེག་དགོས། དགེ་བའི་བཤེས་གཉེན་ལ་གུས་པ། བླ་མར་བྱ་བ་དང༌། མཉེས་པར་བྱེད་པ་དང༌། མཆོད་པར་བྱེད་པ་ལ་སོགས་དང༌། ཐམས་ཅད་དུ་འགྲོ་བ་ཞེས་པ་ཀུན་རྫོབ་དང་མ་མཐོང་ཞེས་པས་དོན་དམ་བདེན་པའི་ཆོས་ཉིད་གཟིགས་ཚུལ་གྱི་དབང་དུ་བྱས་ལ། དེའང་ཐེག་གསུམ་གྱི་རྟོགས་རིགས་ཐམས་ཅད་ཡར་ལྡན་དུ་འདུས་ཤིང་གཞན་ཐམས་ཅད་ལའང་ཁྱབ་བྱེད་དུ་འགྲོ་བས་ན་ཐམས་ཅད་དུ་འགྲོ་བ་དང་། རིགས་ཤེས་ཀྱིས་གནས་ལུགས་ཀྱི་དོན་བཙལ་བའི་མཐར་མ་རྙེད་པ་དེ་གནས་ལུགས་མཐོང་བའི་དོན་ཡིན་པས། དེ་ལྟར་མཐོང་བའི་དོན་གཞན་ལ་སྟོན་པར་བྱེད་པས། མ་མཐོང་སྟོན་པར་མཛད་པ་དང༌། །ཞེས་གསུངས། འཇིག་རྟེན་སྟོང་པ་ཉིད་ཀྱི་རྣམ་པ་ཞེས་པས་སྤྱིར་བསྟན་ནས། ཉན་ཐོས་ཀྱི་དབང་དུ་བྱས་ཏེ། སྟོང་ཉིད་བརྗོད་པ་དང༌། བྱང་སེམས་ཀྱི་དབང་དུ་བྱས་ཏེ་ཤེས་པར་མཛད་པ་དང༌། སངས་རྒྱས་ཀྱི་དབང་དུ་བྱས་ཏེ་མཐོང་བར་མཛད་པ་ཞེས་བཤད་ཚུལ་གཅིག་དང༌། ཡང་ན་ཐོས་བསམ་གྱིས་བརྗོད་པ། སྦྱོར་ལམ་གྱིས་སྒོམ་བྱུང་རྙེད་ནས་སྨིན་པར་བྱས་པས་ཤེས་པ་དང༌། མཐོང་ལམ་གྱིས་མངོན་སུམ་དུ་མཐོང་ནས་གྲོལ་བར་བྱེད་པས། འཇིག་རྟེན་སྟོང་པ་ཉིད་མཐོང་བར་མཛད་པ་ཞེས་བཤད་ཚུལ་གཅིག་ཀྱང་ཡོད་གསུང༌། རྣམ་མཁྱེན་གྱི་ཤེས་མཚན་དེ་ཉིད་སྡུད་པར་འཆད་པའི་ཚེ། དཔེར་ན་ནམ་མཁར་གནས་པའི་ཞེས་སོགས་ཤླཽ་ཀ་གསུམ་བྱུང༌། དོན་བསྡུས་ན། ཤེར་ཕྱིན་འདི་ནི་སྲིད་པ་ཆུ་ཀླུང་གི་གཟུགས་སུ་བཀོད་དེ། སྲིད་སོགས་ཉེས་པའི་ཚོགས་སྐེམ་པར་བྱེད་པ་དང༌། ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བའི་བྱེད་ལས་གཉིས་དང་ལྡན་པ་ཡིན་ཏེ། དཔེར་ན་ཉི་མའི་འོད་ཟེར་དེས་སའི་རླན་སྐེམ་པར་བྱེད་པ་དང༌། གཟུགས་རྣམས་སྟོན་པར་བྱེད་པའི་ལས་གཉིས་དང་ལྡན་པ་བཞིན་ནོ། །རིགས་ཤེས་ཀྱིས་ཕུང་པོ་ལྔའི་གནས་ལུགས་བཙལ་བའི་མཐར་དེ་ལྔ་མ་མཐོང་བ་དེ་དེ་ལྔའི་གནས་ལུགས་མཐོང་བ་ཡིན་ཞེས་དེ་བཞིན་གཤེགས་པས་བསྟན་ཏེ། དཔེར་ན་ཐོགས་རེག་མ་མཐོང་བ་ལ་ནམ་མཁའ་མཐོང་བ་འཇིག་རྟེན་ན་བརྗོད་པ་ལྟར་ཡིན་གྱི། དེས་གཞན་གྱིས་བསྙད་པར་བྱ་བ་མིན་གསུང༌། བུདྡྷ་ཤྲཱིས་གཟུགས་རྣམས་མི་མཐོང་ཞེས་སོགས་ཁྱད་མཚན་ལ་མར་སྦྱར་ཡང༌། སློབ་དཔོན་གྱིས་ཤེས་མཚན་ལ་སྦྱར་བ་འདི་ཉིད་ཉི་ཁྲི་དང་བརྒྱད་སྟོང་པ་སོགས་དང་ཤིན་ཏུ་མཐུན་པར་གསུང༌། ཤེས་མཚན་ལ་མཁྱེན་པ་གསུམ་གའི་མཚན་ཉིད་ཡོད་པས་སྤྱིའི་མཚན་ཉིད་ཅེས་གསུངས། ཁྱད་མཚན་ལ་གཞི་ཤེས་ཀྱིས་དེ་མ་གསུངས་པས་སྤྱིའི་མཚན་ཉིད་ཅེས་མ་བརྗོད། ཁྱད་མཚན་གྱི་བསམ་གྱིས་མི་ཁྱབ་པ། མི་མཉམ་པ། གཞལ་པ་ལས་འདས་པ་སོགས་སྡུག་བདེན་དང༌། འཕགས་པ་ཀུན་སྡུད་སོགས་ཀུན་འབྱུང་བདེན་པ་དང༌། དེ་ནས་བཞི་འགོག་བདེན་དང༌། བཞི་ལམ་བདེན་ལ་སྦྱོར་དགོས་གསུང༌། ཁྱད་མཚན་དེ་ཉིད་སྡུད་པར་འཆད་པའི་ཚེ། གང་གིས་དེ་ལྟར་མཐོང་བ། ཞེས་པ་ནས། དེ་ལ་དེ་སྐད་བསྟན་པར་བྱ། །ཞེས་པའི་བར་གྱི་ཤླཽ་ཀ་བཅུ་བཞི་བྱུང༌། མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར། ཞེས་སོགས་འདི་དག་གིས་བསམ་གྱིས་མི་ཁྱབ་པ་སོགས་བསྟན། རང་གི་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར་ནས། ཐམས་ཅད་སྡུད་པ་གཉིས་ཤིན་ཏུ་འདས་ཏེ་ཞེས་སོགས་འཕགས་ཀུན་སྡུད་པའི་ཁྱད་མཚན་སོགས་བསྟན་ལ། འདི་དག་གི་དོན་བསྡུས་ན་ཉན་རང་ཐབས་ཤེས་ཕྱོགས་རེ་བ་དང༌། ཉི་ཚེ་བ་ཡིན་པས་མི་གནས་པའི་མྱང་འདས་སུ་འགྲོ་མི་ནུས་པར་མ་ཟད། སྲིད་ཞིའི་མཐར་ལྟུང་བ་ཡིན་ལ། བྱང་སེམས་ཀྱིས་ཐབས་ཤེས་ཡ་མ་བྲལ་བར་གཞི་ལ་བདེན་པ་གཉིས་དང༌། ལམ་ལ་ཚོགས་གཉིས་ཟུང་དུ་འབྲེལ་བར་ཉམས་སུ་བླངས་པའི་སྟོབས་ཀྱིས་སྲིད་ཞི་གང་གིའང་མཐར་མི་ལྟུང་བར་འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པ་ཐོབ་པར་འགྱུར་བ་ཡིན་པས་ཉན་ཐོས་དང་ཐུན་མོང་མ་ཡིན་པར་ཁྱད་པར་འཕགས་པ་ཡིན་ཏེ། དེ་ནི་ཐབས་ཤེས་ཉི་ཚེ་བ་ནི་རྫ་སོ་མ་བཏང་བར་ཆུ་བླུག་པ་དང༌། གྲུ་ཚགས་ལེགས་པར་མ་བྱས་པར་རྒྱ་མཚོར་ཞུགས་པ་དང༌། ལོ་བརྒྱ་ལོན་པའི་མི་གཡས་གཡོན་ནས་མ་བརྟེན་པར་འགྲོ་མི་ནུས་པར་ས་ལ་འགྱེལ་བ་གསུམ་དང་འདྲ་ལ། བྱང་སེམས་ཀྱི་ཐབས་ཤེས་ཟུང་དུ་འབྲེལ་བའི་སྲིད་ཞིའི་མཐར་མི་ལྟུང་བ་ནི། རྫ་སོ་ལེགས་པར་བཏང་བ་སོགས་དང་འདྲ། དེ་ལ་སློབ་མ་བཟང་པོ་ཞེས་སོགས་ཀྱིས་དགེ་བའི་བཤེས་གཉེན་གྱི་ཐབས་ཀྱིས་ཡོངས་སུ་ཟིན་པ་དེ་བསྟན་ལ། དེ་ལྟར་འབྱུང་བ་དེའང་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་པ་དང༌། རང་གིས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་པ་ལ་རག་ལས་ཏེ། ཡོན་ཏན་དེ་དག་ཐམས་ཅད་རྩ་བ་དགེ་བའི་བཤེས་གཉེན་ལས་བྱུང་བའི་ཕྱིར། དེའང་བློ་བཟོ་མིན་གྱི་རྒྱལ་བ་རང་ཉིད་ཀྱིས་སྔོན་ཚུལ་བཞིན་བསྟེན་པ་ལས་ལམ་དེ་དག་ཐམས་ཅད་ཐུགས་ཉམས་སུ་བསྟར་བས་མྱོང་ཐོག་ནས་དེ་སྐད་གསུངས་པའི་ཕྱིར་རོ། །སྦྱིན་དང་ཞེས་སོགས་ཤླཽ་ཀ་གཅིག་གིས་རོ་མྱང་མེད་པའི་དེ་བསྟན་ཏེ། ཕྱིན་དྲུག་ལྟ་བུ་ཉམས་སུ་བླངས་པ་ལ་འདི་ལྟར་ཉམས་སུ་བླངས་སོ། །ཞེས་རློམ་སེམས་དང་མཆོག་ཏུ་འཛིན་པ་ནི་རོ་མྱང་བ་ཡིན་པས་དེ་ལྟར་ཉམས་སུ་བླངས་པའི་ཚེའང་མངོན་ཞེན་དང་མཆོག་ཏུ་འཛིན་པ་མེད་པའི་རོ་མྱང་མེད་པའི་ཁྱད་པར་གྱི་མཚན་ཉིད། མཚན་ཉིད་ལ་བྱེད་སྒྲུབ་ཀྱི་སྒྲས་བསྟན་པའི་ཤེས་ཁྱད་བྱེད་གསུམ་དང༌། ལས་སྒྲུབ་ཀྱི་སྒྲས་བསྟན་པའི་ངོ་བོ་ཉིད་མཚན་དང་བཞི་ཡོད་པས། བྱེད་སྒྲུབ་དེ་ལ་གསུམ་དུ་ངེས་པའི་རྒྱུ་མཚན་བྱང་སེམས་ཀྱིས་རྟོགས་རིགས་གསུམ་མཁྱེན་གསུམ་གྱི་ཡུལ་ཤེས་དགོས་པས་དེ་ཤེས་ཚུལ་སྦྱོར་བ་འདི་ལ་ཚང་བར་མཚོན་པས་ཤེས་མཚན་དང༌། དེ་ཤེས་པའང་དགོས་པ་གང་གི་ཕྱིར་ཡིན་ན་གཞན་དོན་སྒྲུབ་པའི་ཡན་ལག་ཏུ་འཁྱེར་དགོས་པས་སྦྱོར་བ་འདི་ལ་གཞན་དོན་འཕྲིན་ལས་ཕུན་ཚོགས་འབྱུང་བར་མཚོན་པས་བྱེད་མཚན་དང༌། ཤེས་ནས་གཞན་དོན་བྱེད་པ་དེ་ཐེག་པ་གསུམ་ག་ལ་ཡོད་དམ་ཞེ་ན། གཞན་ལ་མེད་ཀྱི། ཐེག་ཆེན་ཁོ་ནའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་མཚོན་པས་ཁྱད་མཚན་གསུམ་དུ་གྲངས་ངེས་པའི་ཕྱིར། ངོ་བོ་ཉིད་མཚན་མཚོན་བྱའང་ཡིན་ཡང༌། མཚན་ཉིད་ཀྱི་སྐད་དོད་ལི་དྲ་ཞེས་པ་མཚོན་བྱ་དང་མཚོན་བྱེད་གཉིས་ཀར་འཇུག་པ་ནི། དཔེར་ན་བསྲེག་པ་ཞེས་པ་སྲེག་བྱེད་མེ་དང་བསྲེག་བྱ་བུད་ཤིང་གཉིས་ཀར་འཇུག་པ་བཞིན་ཡིན་གསུང༌། བྱེད་མཚན་བཅུ་གཅིག་ཡོད་པས་འདི་ལ་བཤད་ཚུལ་དུ་མ་ཡོད་དེ། ཁ་ཅིག་དང་པོ་བརྒྱད་མཁྱེན་གསུམ་ཐུན་མོང་གི་བྱེད་པ་དང༌། ཕྱི་མ་གསུམ་ག་ཐུན་མོང་མ་ཡིན་པའི་བྱེད་པ་ཡིན་ཟེར། ཉི་སྣང་དང་རྒྱན་སྣང་སོགས་སུ་དང་པོ་དགུ་གཞི་ཤེས་དང༌། ཐ་མ་གཉིས་ལམ་ཤེས་དང༌། རྣམ་མཁྱེན་གྱི་བྱེད་པར་སྦྱར་ལ། འགྲེལ་ཆུང་འདིར་དང་པོ་གསུམ་གཞི་ཤེས་རང་ལྡོག་གིས་སྒྲུབ་ནུས་པས་གཞི་ཤེས་ཀྱི་བྱེད་པ་དང༌། དང་པོ་དགུ་གཞི་ཤེས་ཀྱི་བྱེད་པར་འདོད་པ་དག་གིས་ཀྱང་གཏན་དུ་ཕན་པ་སོགས་ཕྱི་མ་རྣམས་འབྲས་ཡུམ་ལ་རིང་བའི་གཞི་ཤེས་ཀྱིས་སྒྲུབ་མི་ནུས་ཤིང༌། འདི་ཁ་ཅིག་གཞི་ཤེས་ཀྱི་བྱེད་པར་འདོད་ཀྱང༌། སློབ་དཔོན་གྱིས་དེ་ནི་ལམ་ཤེས་ཀྱི་ནང་དུ་འདུས་པས་ཕྱི་མ་བདུན་ལམ་ཤེས་ཀྱི་བྱེད་པ་དང༌། གཅིག་རྣམ་མཁྱེན་གྱི་བྱེད་པར་གསུངས་པའི་ཕྱིར། དེའང་སྡིག་སྤོང་དགེ་སྒྲུབ་ཀྱིས་ཚེ་ཕྱི་མར་བདེ་འགྲོ་ལ་འགོད་པས་ཕན་པ་དང༌། ཚེ་འདིར་ནད་སོགས་ཞི་བར་བྱེད་པས་བདེ་བ་དང༌། ཚེ་འདི་ཕྱིའི་གནས་སྐབས་ཀྱི་བདེ་བ་དེའང་སྡུག་བསྔལ་ཕྱིར་བཅོས་པ་ལ་བདེ་བར་སྣང་བ་ཙམ་ཡིན་གྱི། མཐར་རང་གི་ངོ་བོ་སྡུག་བསྔལ་དུ་སྣང་ཞིང་སྡུག་བསྔལ་ཕྱི་མ་འདྲེན་པར་བྱེད་པས། དེ་ལྟ་བུའི་རྣམ་སྨིན་གྱི་བདེ་བ་མ་ཡིན་པས། གཏན་གྱི་བདེ་བ་མྱང་འདས་སུ་འགོད་པའི་སྐྱོབ་པ་དང་གསུམ་གཞི་ཤེས་ཀྱི་བྱེད་པ་དང༌། སྒྲིབ་གཉིས་བག་ཆགས་སོགས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་གཙང་བ་དམ་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱབས་དག་དང༌། སྡུག་བསྔལ་གྱི་རྒྱུ་བདེན་ཞེན་གྱི་མ་རིག་པ་བཟློག་པས་གནས་དང་། སྲིད་ཞི་མཉམ་ཉིད་དུ་རྟོགས་པས་དཔུང་གཉེན་དང༌། གླིང་བཞི་རི་རབ་སོགས་རྩ་བ་གསེར་དཀྱིལ་ལ་ཐུག་ཅིང༌། ཆུས་མཚམས་བཅད་པའི་མཚོའི་ནང་ནས་ཡར་ཐོན་པའི་སྐམ་ས་དེ་ལ་གླིང་ཟེར་བ་བཞིན་དུ། སྲིད་ཞིས་མཐའ་བསྐོར་བའི་དཀྱིལ་གྱི་མི་གནས་པའི་མྱང་འདས་དེར་འགོད་པའི་གླིང་དང༌། རང་གི་བློ་དང་འཚམས་པར་དོན་སྒྲུབ་པས་ཡོངས་འདྲེན་དང༌། རྒྱུ་དུས་སུ་ཡུན་རིང་པོར་དེ་ལྟར་ཉམས་སུ་བླངས་པས་འབྲས་དུས་སུའང་གཞན་དོན་འབད་མེད་ལྷུན་འགྲུབ་ཏུ་འབྱུང་བས་ལྷུན་གྱིས་གྲུབ་པ་དང༌། རྫོགས་སྨིན་སྦྱངས་གསུམ་མ་བྱས་བར་དུ་འབྲས་བུ་མངོན་དུ་མི་བྱེད་པ་བདུན་ལམ་ཤེས་ཀྱི་བྱེད་པ་དང༌། རྟེན་གྱི་མཛད་པ་གཅིག་ནི་རྣམ་མཁྱེན་གྱི་བྱེད་པ་ཡིན་པའི་ཕྱིར། བྱེད་མཚན་དེ་ཉིད་སྡུད་པར་འཆད་པའི་ཚེ། དེ་ལྟར་སྤྱོད་པ་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། དེའང་འགྲོ་བའི་སྐྱབས་ཞེས་པས་གཞི་ཤེས་ཀྱི་བྱེད་མཚན་དང༌། དཔུང་གཉེན་ཞེས་སོགས་ཀྱིས་ལམ་ཤེས་ཀྱི་དེ་སོགས་བསྟན་པ་ཡིན་གསུང༌། བརྒྱད་སྟོང་པ་ལས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཇིག་རྟེན་ལ་ཕན་པའི་ཕྱིར་ཞུགས་པ་དང༌། འཇིག་རྟེན་ལ་བདེ་བའི་ཕྱིར་དང༌། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་པ་དང༌། ཞེས་སོགས་ཀྱིས་ཕན་བདེ་སྐྱོབ་པ་སོགས་ཀྱི་བྱེད་པ་དང་པོ་དགུ་མཉམ་དུ་མདོར་བསྟན་ནས། རབ་འབྱོར་ཇི་ལྟར་ན། ཞེས་སོགས་ཀྱིས་སོ་སོར་རྒྱས་པར་བསྟན་པས། འདི་ལ་བརྟེན་ནས་དང་པོ་འགྲེལ་ཆེན་དང་ཉི་སྣང་གིས་གཞི་ཤེས་ལ་སྦྱར་བ་ཡིན་ནོ། །འདིར་གླིང་དུ་གྱུར་པ་དང༌། སྣང་བར་གྱུར་པ་གཉིས་སོ་སོར་གསུངས་ཀྱང༌། བརྒྱད་སྟོང་འགྲེལ་ཆེན་ལས་དེ་གཉིས་གཅིག་ཏུ་བྱས་ཏེ། དེ་ལ་སྣང་བའི་གླིང་སོགས་གསུམ་དུ་ཕྱེ་བ་ཡིན་གསུང༌། ངོ་བོ་ཉིད་མཚན་ནི། དབེན་དང་ཞེས་པ་མཐའི་གསལ་བྱེད་ཡིན་པས། ཆགས་སོགས་ཉོན་མོངས་ཀྱིས་དབེན་པ་དང༌། འབྲས་བུ་ལུས་གནས་ངན་ལེན་གྱིས་དབེན་པ་དང༌། རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་དབེན་པ། ཉོན་སྒྲིབ་ཀྱི་དབང་དུ་བྱས་པ་གསུམ་ནི་གཞི་ཤེས་ཀྱི་དམིགས་པ་དངོས་དང༌། བྱང་སེམས་ཀྱིས་དེ་ཉམས་སུ་ལེན་པའི་ཚེ་མི་མཐུན་ཕྱོགས་དང་གཉེན་པོ་ལ་དོན་དམ་པར་བླང་དོར་དུ་ཞེན་པ་འགོག་དགོས་པས། དེས་དབེན་པ་སྟེ་ཤེས་སྒྲིབ་ཀྱི་དབང་དུ་བྱས་པ་གཅིག་དང་བཞི་ནི་གཞི་ཤེས་ཀྱི་ངོ་བོ་ཉིད་མཚན་བཞི་སྟེ་ཕྱི་མ་འདི་ཟིན་བྱེད་ལ་སྦྱོར་དགོས་གསུང༌། བདེན་གཉིས་ཀྱི་རྣམ་དབྱེ་ལ་མཁས་པའི་བྱང་སེམས་ཀྱིས་སྒྱུ་མའི་གླང་པོ་སོགས་སྣང་བ་ལྟར་དམིགས་ཡུལ་སེམས་ཅན་དེ་དག་ཀྱང་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཕན་གནོད་སོགས་ལ་རྩིས་སུ་བྱས་ཏེ། དེ་དག་མྱ་ངན་ལས་ཟློ་བར་བྱེད་ཅིང་གདགས་གཞི་སེམས་ཅན་དང༌། དེ་བདེན་གྲུབ་གཉིས་གཅིག་ཏུ་སྣང་བའི་སྐྱེ་བོ་མི་མཁས་པ་དག་གིས་ཡང་ན་བདེན་པར་བཟུང་སྟེ་འཇིགས་སྲེད་ཀྱིས་དམན་ལམ་དུ་ལྟུང་བའམ། ཡང་ན་སེམས་ཅན་གཏན་མེད་དུ་བཟུང་སྟེ་གཞན་དོན་ཡལ་བར་འདོར་བ་གང་རུང་ཞིག་ཏུ་འགྱུར་བས་དེའི་སྣང་ཚུལ་ལ་ལྟོས་ཏེ། དོན་དམ་པར་མེད་པའི་སེམས་ཅན་མྱ་ངན་ལས་བཟླ་བར་དཀའ་བ་དང༌། རང་གི་བསམ་པ་བརྟན་པས་ཐེག་པ་གཞན་དུ་དཀྲི་བར་མི་རུང་བར་ཐེག་པ་ཆེན་པོར་མཐའ་གཅིག་ཏུ་ངེས་པ་དང༌། རྒྱུའི་སྐབས་སུ་ཡུན་རིང་པོར་སྒྲུབ་དགོས་པ་དེ། འབྲས་བུ་འགངས་ཆེ་སོང་བའི་རྟགས་ཡིན་པས་སྲིད་པ་གསུམ་གྱི་མཐར་ཐོན་པའི་བྱང་ཆུབ་ཀྱིས་དེའི་ཆ་ཙམ་ལའང་འགྲན་མི་ནུས་པས་ཆེད་དུ་བྱ་བ་དང༌། འཁོར་གསུམ་མི་དམིགས་པ་དང༌། མངོན་ཞེན་བཀག་པ་ལྔ་ལམ་ཤེས་ཀྱི་དེ་དང༌། མཁྱེན་པ་སྔ་མ་གཉིས་ཀྱིས་གང་ལ་དམིགས་པ་དེ་ལ་རྣམ་མཁྱེན་གྱིས་དམིགས་པ་དགོས་པས་དངོས་པོའི་ཁྱད་པར་ལ་དམིགས་པ་དང༌། འཇིག་རྟེན་པ་ལ་ཐམས་ཅད་བདེན་པར་སྣང་བ་ཡིན་ལ། སངས་རྒྱས་ཀྱིས་ཐམས་ཅད་བདེན་མེད་དུ་རྟོགས་ནས་དེ་ལྟར་སྟོན་པས་འཇིག་རྟེན་དང་མི་མཐུན་པ་དང༌། གཟུགས་སོགས་ཐོགས་མེད་དུ་ཤེས་པ་དང༌། ངོ་བོ་བདེན་པར་མེད་པས་གཞི་མེད་པ་དང༌། འབྲས་བུའི་ངོ་བོར་བདེན་པར་མི་འཕོ་བས་འགྲོ་བ་མེད་པ་དང༌། དོན་དམ་པར་རྒྱུ་ལས་མ་སྐྱེས་པས་སྐྱེ་བ་མེད་པ་དང༌། དེ་བཞིན་ཉིད་མི་དམིགས་པ་སྟེ་བདུན་ནི་རྣམ་མཁྱེན་གྱི་ངོ་བོ་ཉིད་མཚན་ཡིན་གསུང༌། བརྒྱད་སྟོང་པར་རབ་འབྱོར་གྱིས་གསོལ་བ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སུ་དག་གིས་འཚལ་བར་འགྱུར། ཞེས་པ་ནས། འདུལ་བ་ལས་བྱུང༌། དབེན་པའི་རང་བཞིན་ཅན་ཡིན་ནོ། །ཞེས་པའི་བར་གྱིས་གཞི་ཤེས་ཀྱི་ངོ་བོ་ཉིད་མཚན་བཞི་བསྟན་ལ། འདིར་དབེན་པ་ཙམ་ལས་མ་བྱུང་ཡང་ཉོན་མོངས་དང་རྟགས་དང་མཚན་མ་ཤེས་སྒྲིབ་དང་བཞིས་དབེན་པར་རྒྱན་འདིར་གསུངས་པ་ནི་ཟབ་དོན་གསལ་བར་བྱེད་ཚུལ་ཡིན་གསུང༌། རབ་འབྱོར་གྱིས་གསོལ་བ། ནས། དཀའ་བ་བགྱིད་པ་ལགས་སོ། །ཞེས་སོགས་མྱང་འདས་ལས་བཟླ་བ་དེ་བསྟན། དེ་ལྟར་སྤྱོད་པ་དེ་གནས་ཚུལ་གསུམ་ལ་རེ་བར་མི་བགྱི་སྟེ། ཞེས་སོགས་ཀྱིས་མཐའ་གཅིག་ཏུ་ངེས་པའི་དེ་བསྟན། སངས་རྒྱས་ཀྱི་ས་ཉིད་ལ་རེ་བར་བྱའོ། །ཞེས་པས་ཆེད་དུ་བྱ་བ་སྔ་མ་དང་འབྲེལ་བར་བསྟན། རབ་འབྱོར་གྱིས་གསོལ་བ། ནས། གང་གིས་བསྒོམས་པར་མ་གྱུར་ཞེས་སོགས་ཀྱིས་འཁོར་གསུམ་དག་པའི་དེ་བསྟན། བཅོམ་ལྡན་འདས་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་བསྟན་ཏེ། ནས། ལྷའི་ལེའུ་ཞེས་བྱ་སྟེ་བཅོ་ལྔའོ། །ཞེས་པའི་བར་གྱིས་མི་མཐུན་པའི་དེ་བསྟན། འདི་ཡན་ཆད་དུ་ལེའུ་བཅོ་ལྔ་དང༌། བམ་པོ་བཅོ་ལྔ་ཡོད་པ་ཡིན་གསུང༌། དེ་ནས་བཅོམ་ལྡན་འདས་ནས། ཐོགས་པ་མ་མཆིས་སོ། །ཞེས་སོགས་ཀྱིས་ཐོགས་པ་མེད་པར་ཤེས་པའི་དེ་བསྟན། བཅོམ་ལྡན་འདས་གཉིས་སུ་མ་མཆིས་པའི་སླད་དུ། ཞེས་སོགས་ཀྱིས་ལྷག་མ་བསྟན་པ་ཡིན་གསུང༌། ངོ་བོ་ཉིད་མཚན་དེ་ཉིད་སྡུད་པར་འཆད་པའི་ཚེ། གྲགས་ཆེན་ལྡན་རྣམས་ཞེས་སོགས་ཤླཽ་ཀ་དྲུག་བྱུང༌། དེའང་བྱ་དཀའ་གོ་ཆ་གྱོན་ཞེས་སོགས་ཀྱིས་དཀའ་དང་ཞེས་པའི་དེ་བསྟན་ཏེ། དོན་དམ་པར་མི་ཞེན་ཀྱང་ཐ་སྙད་དུ་སེམས་ཅན་ལ་སྙིང་བརྩེ་བ་སོགས་ཐབས་ཤེས་ཟུང་དུ་འཇུག་པའི་བྱ་དཀའ་བའི་གོ་ཆ་སོགས་གསུངས་པའི་ཕྱིར། དབེན་དང་ཞེས་པའི་དེ་བཞི་སྡུད་པ་འདིར་དངོས་སུ་མ་བསྟན། ཐེ་ཚོམ་སོམ་ཉི་ཡིད་བྲལ་ཞེས་སོགས་ཀྱིས་ངེས་པ་དང་ཞེས་པའི་དེ་བསྟན་ཏེ། ཐེག་ཆེན་ལ་སོམ་ཉི་མེད་པར་མཐའ་གཅིག་ཏུ་ངེས་པས་ཐེག་པ་གཞན་དུ་དྲངས་པར་མི་ནུས་པར་གསུངས་པའི་ཕྱིར། སུས་ཀྱང་རྟོགས་པ་མེད་ཅིང༌། ཞེས་སོགས་ཀྱིས་མི་དམིགས་པའི་དེ། མངོན་ཞེན་བཀག་པའི་དེ་སོགས་བསྟན། སེམས་ཅན་རྣམས་ནི། ཞེས་སོགས་ཤླཽ་ཀ་གཅིག་གིས་འཇིག་རྟེན་དང་མི་མཐུན་པའི་དེ་བསྟན་ཏེ། འཇིག་རྟེན་པ་རྣམས་ཀྱི་སྣང་ཚུལ་ནི། བྱ་བྱེད་ལས་གསུམ་གང་གི་ཚེའང་བདེན་གྲུབ་གཞིར་བཞག་ཡིན་ལ། ཆོས་རྣམས་ཀྱི་གནས་ཚུལ་ནི། བདེན་མེད་དུ་གནས་པ་ཡིན་པས་སངས་རྒྱས་ཀྱིས་གང་བསྟན་པ་དེ་ཆོས་རྣམས་ཀྱི་གནས་ཚུལ་དང་མཐུན་པར་སོང་བས་ན། འཇིག་རྟེན་པའི་སྣང་ཚུལ་དང་མི་མཐུན་པར་བསྟན་པའི་ཕྱིར་རོ། །
༈ གཉིས་པ་ཐར་པ་ཆ་མཐུན་ནས་བཟུང་སྦྱོར་བའི་བར་རྒྱུད་ལ་སྐྱེ་རིམ་བཤད་པ་ལ་དུ་མ་ཞིག་ཡོད་པས་དང་པོ་ཐར་པ་ཆ་མཐུན་ནི། ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །འདུན་བརྟན་ཞེས་སོགས་ལྟར། དགེ་བ་དང་འདུན་པ་གཉིས་བརྟན་པའི་སྟོབས་ཀྱིས་ཐེག་དམན་དུ་ཉམས་པ་མི་སྲིད་ཅིང༌། གོང་ནས་གོང་འཕེལ་དུ་འགྲོ་བའི་མཚམས་ཤིག་ནས་གྲངས་མེད་གསུམ་གྱི་ཚོགས་ཀྱི་མགོ་རྩོམ་པར་གསུངས་པས། སེམས་བསྐྱེད་མ་ཐག་ནས་མ་ཡིན་པར་གསེར་ལྟ་བུའི་སེམས་བསྐྱེད་ཐོབ་པ་ནས་འཇོག་གསུང༌། མཚན་མ་མེད་པའི་ཤེས་རབ་ཀྱིས་ཟིན་པས་བཟང་བ་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་པས་འདུན་པ་བརྟན་པ་སྟེ་མདོར་ན་ཐབས་ཤེས་ཡ་མ་བྲལ་བར་ཉམས་སུ་ལེན་ནུས་པ་ནས་སྦྱིན་སོགས་རྣམ་མཁྱེན་གྱི་བར་རང་རྒྱུད་ལ་བསྐྱེད་པར་མཁས་པ་ཡིན་གསུང༌། ཐར་པ་ཆ་མཐུན་དེ་ཉིད་སྡུད་པར་འཆད་པའི་ཚེ། བདེ་གཤེགས་ཤེས་རབ། ཅེས་སོགས་ཤླཽ་ཀ་གསུམ་བྱུང༌། བདེ་བར་གཤེགས་པའི་བྱང་ཆུབ་དེའང་སྲིད་ཞི་གཉིས་ལ་བདེན་ཞེན་ཟད་པ་ཞིག་ལ་འཇོག་དགོས་པས། དེ་ཐོབ་པའི་རྒྱུའི་དུས་ནའང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པས་མཚན་མ་མེད་པའི་ཤེས་རབ་ལ་སློབ་དགོས་པ་དང༌། ཤེས་རབ་ཁྱད་པར་ཅན་གྱིས་ཐབས་ཆ་མ་ཚང་བ་མེད་པ་ལ་སློབ་པ་ནི་སྐབས་འདིའི་སྦྱིན་སོགས་རང་རྒྱུད་ལ་སྒྲུབ་པར་མཁས་པ་དང༌། གཤོག་པ་གཉིས་ལྡན་གྱི་བྱ་ནམ་མཁར་འཕུར་ནུས་པ་དང་འདྲ་བ་ཡིན་ཞིང༌། གཞན་དུ་ཐབས་ཤེས་རེ་རེ་ཙམ་གྱིས་ནི་འདབ་གཤོག་མ་ཚང་བའི་བྱ་ནམ་མཁའ་འཕུར་མི་ནུས་པར་ས་ལ་ལྟུང་བ་བཞིན་དུ་སངས་རྒྱས་ཀྱི་སར་བགྲོད་མི་ནུས་པར་དམན་ལམ་དུ་ལྟུང་བར་འགྱུར་བ་ཡིན་ནོ། །དཔེ་འདི་བརྒྱད་སྟོང་པ་དང་ཉི་ཁྲི་སོགས་སུ་འབྱུང་ཞིང༌། སྡུད་པ་འདིར་ཡང་དག་པར་སྒྲུབ་པ་ལ་མཁས་པ་འདི་ལ་འཕྲོས་ནས་གསུངས་ལ། བརྒྱད་སྟོང་པ་དང༌། ཉི་ཁྲི་ལས། ངོ་བོ་ཉིད་མཚན་གྱི་དཀའ་དང་ཞེས་སེམས་ཅན་མྱ་ངན་ལས་བཟླ་བར་དཀའ་བ་དེ་ལ་ཡར་སྦྱར་ནས་གསུངས། ཐར་པ་ཆ་མཐུན་དེ་ཉིད་བརྒྱད་སྟོང་པར་འཆད་པའི་ཚེ། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་འདས་པ་དང༌། མ་འོངས་པ་དང༌། ད་ལྟ་བ། ཞེས་སོགས་ནས་མཚན་མའི་ཚུལ་གྱིས་ཞེས་སོགས་གསུངས་སོ། །དད་སོགས་ཡུལ་ལྔ་ལ་མཁས་དགོས་ཏེ། ལམ་སྤྱིའི་ལུས་ཡོངས་རྫོགས་ཤིག་དད་སོགས་ཡུལ་ལྔའི་ནང་དུ་འདུ་བའི་ཕྱིར། དེ་ལྟར་ཡིན་ཏེ། གང་ཟག་གཅིག་འཚང་རྒྱ་བའི་ལམ་ཆ་ཚང་བ་གཅིག་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་འདུས་པ་གང་ཞིག སྐྱབས་འགྲོ་གཙོ་བོ་དང༌། ཆུང་འབྲིང་གི་ལམ་གཞན་རྣམས་སྐྱབས་འགྲོའི་ཡན་ལག་ཡིན་པས། སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ལམ་དད་པའི་དབང་པོ་དང༌། སྐྱེས་བུ་ཆེན་པོའི་ལམ་དབང་པོ་ཕྱི་མ་བཞིའི་ནང་དུ་འདུས་པའི་ཕྱིར། དེའང་ཡིན་ཏེ་བསྟན་པ་སྤྱི་ལ་འཇུག་པའི་སྒོ་སྐྱབས་འགྲོ་ནི་སངས་རྒྱས་སོགས་དམིགས་དད་པ་ཞེས་སོགས་ཀྱིས་བསྟན། བྱེ་བྲག་ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ནི། བསམ་པ་ཕུན་ཚོགས་དྲན་པ། ཞེས་པས་བསྟན། ཞུགས་ནས་ཕྱིན་དྲུག་སྤྱི་ལ་སློབ་ཚུལ། སྦྱིན་སོགས་སྤྱོད་ཡུལ་བརྩོན་ཞེས་པས་བསྟན། བྱེ་བྲག་ཐ་མ་གཉིས་ལ་སློབ་ཚུལ་རྣམ་པར་མི་རྟོག་ཅེས་སོགས་གསུམ་གྱིས་བསྟན་པའི་ཕྱིར། དད་སོགས་ཡུལ་ལྔ་ལ་མཁས་ཚད་ནི། སངས་རྒྱས་ལ་དད་པ་དེའང་བླུན་དད་དུ་མ་སོང་བར་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་ཏེ། སྤངས་པ་ཁྱད་པར་གསུམ་ལྡན། རྟོགས་པ་ཁྱད་པར་གསུམ་ལྡན་སོགས་འབྲས་བུ་ཕུན་སུམ་ཚོགས་པ་འདི་དག་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར་རྒྱུ་བརྩེ་བ་སྙིང་རྗེ་ཆེན་པོ་དང༌། བདག་མེད་རྟོགས་པའི་ཤེས་རབ་སོགས་བསམ་སྦྱོར་ཕུན་ཚོགས་ལས་འཁྲུངས་པར་འདུག་སྙམ་དུ་བདེན་གཉིས་ཀྱི་རྣམ་དབྱེ་དཔྱིས་ཕྱིན་པར་ཤེས་པ་དེ། འདིའི་དད་པ་ལ་མཁས་པའི་ཚད་དང༌། གང་ཉམས་སུ་ལེན་པའི་ཚེའང་ཐབས་ཤེས་ཡ་མ་བྲལ་བར་ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་ལེན་ཤེས་པ་དེ་བརྩོན་འགྲུས་ལ་མཁས་པའི་ཚད་དང༌། དང་པོ་ཀུན་སློང་གི་སྐབས་སེམས་གསལ་འདེབས་ཁུལ་བྱས་ཀྱང༌། དངོས་གཞི་དེར་འཇུག་གི་སྐབས་རྩིས་མེད་དུ་བྱེད་པ་ལྟ་བུ་མ་ཡིན་པར། དང་པོ་གསལ་བཏབ་པ་དེ་དྲན་པས་རྒྱུན་བསྐྱངས་ཏེ་སྦྱོར་དངོས་མཇུག་གསུམ་གང་གི་སྐབས་སུ་དྲན་འདུན་དུ་རེ་བ་ཡོད་དགོས་པའི་གནད་ཡོངས་སུ་ཤེས་པ་ནི། དྲན་པ་ལ་མཁས་ཚད་དང༌། ཐེག་ཆེན་གྱི་ཏིང་ངེ་འཛིན་ནི་བྱིང་རྒོད་དང་བྲལ་བ་ཙམ་མ་ཡིན་པར་དམན་པའི་ཡིད་བྱེད་དང་མ་འདྲེས་པའི་སེམས་རྩེ་གཅིག་པའི་ཐབས་ཁྱད་པར་ཅན་ལ་བྱས་ནས་དེ་སྟོང་ཉིད་རྟོགས་པའི་ཤེས་རབ་དང་ཡ་མ་བྲལ་བར་ཉམས་སུ་ལེན་ཤེས་པ་འདིའི་ཏིང་ངེ་འཛིན་ལ་མཁས་ཚད་དང༌། སྟོང་ཉིད་རྟོགས་པའི་ཤེས་རབ་དེའང་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྒོ་ནས་ཉམས་སུ་ལེན་ཤེས་པ་དེ། ཤེས་རབ་ཀྱི་དབང་པོ་ལ་མཁས་པའི་ཚད་ཡིན་པའི་ཕྱིར། དེའི་རྒྱུ་མཚན་གྱིས། རྣམ་པར་མི་རྟོག་ཏིང་ངེ་འཛིན་ཞེས་རྣམ་པར་མི་རྟོག་པ་ལ་གསུངས། ཆོས་རྣམས་རྣམ་པ་ཐམས་ཅད་དུ། །ཤེས་པའི་ཤེས་རབ། ཅེས་ཀུན་རྫོབ་པའི་ཡུལ་ཅན་དུ་གསུངས་པ་ཡིན་གསུང༌། ཐར་བར་བགྲོད་པའི་ལམ་གྱི་མགོ་ཚུགས་པ་ནས་ཐར་པ་ཆ་མཐུན་དང༌། མཐོང་ལམ་ལ་ཕན་འདོགས་པའི་ཉེ་རྒྱུ་ཡིན་པས་ངེས་འབྱེད་ཆ་མཐུན་ཞེས་གསུངས། ངེས་འབྱེད་ཆ་མཐུན་ནི། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་པ་མཐའི་གསལ་བྱེད་ཡིན་ལ། འདིར་ཞེས་ཉེ་ཚིག་སྨོས་པ་ནི་སྐབས་བཞི་པ་འདིར་ཞེས་བཤད་དགོས་པས། དེའི་རྒྱུ་མཚན་སྔར་སྐབས་དང་པོ་དེར། དམིགས་པ་མི་རྟག་ལ་སོགས་པ། །ཞེས་སོགས་ཀྱི་སྐབས་སུ་སྦྱོར་ལམ་ཤེས་རབ་ཀྱི་ཆ་རྣམས་ཆོས་ཉིད་ཀྱི་སྟེང་ནས་གཙོར་འདོན་བྱས་ནས་བཤད་ཟིན་པས། སླར་ཡང་ཟློས་ནས་བཤད་མི་དགོས་ལ། སྦྱོར་ལམ་ཀུན་རྫོབ་པའི་ཆ་རྣམས་སྐབས་བཞི་པ་འདིར་གཙོར་འདོན་བྱས་ནས་འཆད་ཅེས་པའི་དོན་ནོ། །དེའང་བྱམས་སོགས་བསྒོམ་པ་ལ་དང་པོ་ཆགས་སྡང་གིས་རིས་སུ་མ་ཆད་པའི་མཉམ་པ་སྒྲུབ་དགོས་པས་མཉམ་པའི་སེམས་དང༌། བདེ་བ་སྒྲུབ་པའི་བྱམས་པ་དང༌། སྡུག་བསྔལ་སེལ་བའི་ཕན་པ་དང༌། ཁོང་ཁྲོ་མེད་པ་དང༌། རྣམ་པར་མི་འཚེ་བའི་སེམས་ཀྱི་རྣམ་པ་ལྔ་དང༌། འདིར་ལྔ་ཚན་གཉིས་སུ་བྱས་པ་ནི། ཕྱི་མ་གཉིས་རེ་སྡོམ་དགོས་པའི་རྒྱུ་མཚན་གྱིས་ཡིན་ལ། རང་ལས་ན་ཚོད་རྒན་པ་རྣམས་ལ་ཕ་མའི་སེམས་དང༌། ན་ཚོད་མཉམ་པ་རྣམས་ལ་སྤུན་དང་སྲིང་མོའི་སེམས་དང༌། རང་ལས་ཆུང་བ་རྣམས་ལ་བུ་དང་བུ་མོའི་སེམས་དང༌། ཕན་པའི་བཤེས་དང༌། ཡིད་བརྟན་པའི་གྲོགས་དང༌། རང་གི་རིགས་སུ་གཏོགས་པའི་སྤུན་སོགས་ཀྱི་བདུན་བརྒྱུད་ཚུན་ཆད་གཉེན་དང༌། རིགས་སུ་མི་གཏོགས་ཀྱང་ཞང་པོ་སོགས་ཀྱི་བདུན་བརྒྱུད་ཚུན་ཆད་ནི་སྣག་གི་གཉེན་མཚམས་དང་ལྔ་སྟེ་བཅུ་པོ་དེ་དྲོད་ཀྱི་དམིགས་པ་ཡིན་ནོ། །རང་ཉིད་སྡིག་སྤོང་དགེ་སྒྲུབ་ལ་གནས་ཏེ་གཞན་དེ་ལ་འགོད་པ་དང༌། དེ་ལའང་རྗེས་སུ་ཡི་རང་བྱས་ནས་བསྔགས་པ་བརྗོད་པའི་སྒོ་ནས་སྤྲོ་བ་བསྐྱེད་དེ་གོང་འཕེལ་དུ་བྱེད་པ་ནི་རྩེ་མོའི་དམིགས་པ་དང༌། རང་གིས་བདེན་བཞིའི་འཇུག་ལྡོག་ཤེས་པར་བྱས་ཏེ་གཞན་དེ་ལ་འགོད་པ་དང༌། བཀོད་པ་དེ་ཙམ་གྱིས་མི་ཚིམ་པར་ཁྱོད་ཀྱིས་དེ་བྱས་པ་ལེགས། ད་དུང་ཡང་སྒྲུབས་ཤིག་ཅེས་སྤྲོ་བ་བསྐྱེད་དེ་གོང་འཕེལ་དུ་བྱེད་པ་ནི་བཟོད་པའི་དམིགས་པ་དང༌། རང་གཞན་གྱི་རྟེན་ཅན་སྨིན་པ་དང༌། གྲོལ་བར་བྱེད་པ་ནི་ཆོས་མཆོག་གི་དམིགས་པ་ཡིན་གསུང༌། སྦྱོར་ལམ་དེ་ཉིད་སྡུད་པར་འཆད་པའི་ཚེ། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང༌། །ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། དེའང་རྐང་པ་དང་པོ་དེ་བུདྡྷ་ཤྲཱིས། ཐར་པ་ཆ་མཐུན་ལ་ཡར་སྦྱར་བ་དང༌། སློབ་དཔོན་གྱིས་སྦྱོར་ལམ་ལ་མར་སྦྱར་བ་འདི་བློ་ངོར་བདེ་ཞིང༌། གཉིས་ཀ་ལྟར་ཡང་འགྲིག་སྟེ། བརྒྱད་སྟོང་པར། ཐར་པ་ཆ་མཐུན་གྱི་མཇུག་རྫོགས་མཚམས་སུ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ངེས་པར་འབྱུང་བར་འགྱུར་རོ་ཞེས་གསུངས་པ་དང༌། སྦྱོར་ལམ་གྱི་མགོ་ན་ངེས་པར་འབྱུང་བར་འཚལ་བས། ཞེས་གསུངས་པས་སློབ་དཔོན་གྱི་དེ་ལའང་ཤིན་ཏུ་འགྲིག་པའི་ཕྱིར། སེམས་སྙོམས་ཞེས་པས་ལྔ་ཚན་དང་པོའི་ཐོག་མ་དང༌། ཕ་མའི་འདུ་ཤེས་ཞེས་པས་ལྔ་ཚན་གཉིས་པའི་ཐོག་མ་དེ་སྨོས་པ་ཡིན་ལ། ཡང་ཕན་པའི་སེམས་ཞེས་སོགས་འབྱུང་བ་ནི། དཀའ་སེ་བ་ཞིག་འདུག་སྟེ་དཔྱད་དགོས་གསུང༌། བརྒྱད་སྟོང་པ་ལས། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ནས་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འཚལ་བས་ཇི་ལྟར་གནས་པར་བགྱི །ཇི་ལྟར་བསླབ་པར་བགྱི། ཞེས་སོགས་དྲོད་ཀྱི་དམིགས་པ་དང༌། བདག་ཉིད་ཀྱང་སྡིག་པ་ཐམས་ཅད་ལས་ལྡོག་པ་ལ་གནས་པར་བྱའོ། །ཞེས་སོགས་ཀྱིས་རྩེ་མོའི་དམིགས་པ་དང༌། དེ་བཞིན་དུ་བདེན་པ་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་བར་དང༌། ཞེས་པའི་ཚིག་འདིས་བཟོད་པ་དང༌། སེམས་ཅན་རྣམས་ཡོངས་སུ་སྨིན་པ་ལ་གནས། ཞེས་པ་ནས། གཞན་དག་ཀྱང་དེ་ལ་ཡང་དག་པར་བསྐུལ་བ་དང༌། དེའི་བསྔགས་པ་བརྗོད་པ་དང༌། དེ་ལ་རྗེས་སུ་ཡི་རང་བས་དགའ་བར་བྱའོ། །ཞེས་པ་ནས། དེ་བཞིན་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ། །ཞེས་པའི་བར་གྱིས་ཆོས་མཆོག་གི་དམིགས་པ་བསྟན་པ་ཡིན་གསུང༌། སྦྱོར་ལམ་རང་གི་ངོ་བོ་དང༌། དེ་ལ་ལོག་རྟོག་འགོག་ཚུལ་གྱི་ས་བཅད་གཉིས་ཡོད་པས། དེ་ལ་ལོག་རྟོག་འགོག་ཚུལ་ནི། སྤྱིར་འབྲས་བུ་ཆོས་སྐུ་སངས་རྒྱས་ཀྱི་ས་དང༌། སྐད་ཅིག་སྦྱོར་རྒྱུན་མཐར་འཇོག་པ་ལ་མཁས་པ་རྣམས་མི་མཐུན་པ་མེད་ཀྱང༌། མངོན་རྟོགས་དང་པོ་དྲུག་ལ་དངོས་བཏགས་དང་ས་མཚམས་སོགས་མི་མཐུན་པ་དུ་མ་ཞིག་གསུངས་སོ། །སྐབས་དང་པོར་རྣམ་མཁྱེན་ནས། བརྒྱད་པར་འབྲས་བུ་ཆོས་སྐུའི་བར་བཤད་པའི་གོ་རིམ་འདི་ལྟར་དུ་རྒྱུད་ལ་སྐྱེ་བའི་ཚེ་དང་པོར་སྐབས་དང་པོའི་རྣམ་མཁྱེན། དེ་ནས་གཉིས་པས་ལམ་ཤེས། དེ་ནས་གསུམ་པས་གཞི་ཤེས་སོགས་ཆོས་སྐུའི་བར་རིམ་གྱིས་ཐོབ་པར་འགྱུར་བ་ནི། ལམ་རྐྱང་པར་འདོད་པའི་ལུགས་དང༌། དང་པོ་གསུམ་གྱི་རྣམ་མཁྱེན་སོགས་གསུམ་དངོས་གནས་པ་ཡིན་ཞིང༌། འབྲས་བུ་སྔོན་དང་རྒྱུ་ཕྱིས་སུ་བཤད་པས་རྒྱུད་ལ་སྐྱེ་བའི་ཚེ་གོ་རིམ་བཟློག་དགོས་པ་དང༌། སྐབས་ཕྱི་མ་གསུམ་དུ་རྒྱུ་སྔོན་དང་འབྲས་བུ་ཕྱིས་བསྟན་པ་ནི། ལམ་ཁུག་པར་འདོད་པའི་ལུགས་ཡིན་ཏེ། དང་པོ་གསུམ་དང༌། ཕྱི་མ་གསུམ་གྱི་བཤད་ཚུལ་འདི་གཟུགས་སུ་གྲུབ་ན་ཁུག་པ་བྱས་ཡོད་པ་འདྲ་བ་ཞིག་ཡིན་གསུང༌། མཐར་གྱིས་སྦྱོར་བའི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་གྱི་ཐ་སྙད་མ་གསུངས་ཀྱང༌། དྲན་པ་ཉེར་བཞག་སོགས་གསུངས་པས་དེ་དང་དེའི་སྐབས་ཀྱི་དེ་ཡོད་པར་འགྱུར། སྐབས་དང་པོ་དྲུག་རེ་རེའི་ནང་དུ་སྦྱོར་མཐོང་སྒོམ་གསུམ་ཡང་ཡང་བསྟན་ཏོ། །འདི་ལ་གོལ་སར་ལྟུང་བའི་ཉེན་ཆེ་བས། དེའི་ཟློས་སྐྱོན་མེད་ཚུལ་ནི་སྐབས་དང་པོ་གསུམ་དུ་ཤེས་བྱ་མཁྱེན་གསུམ་གྱི་རང་བཞིན་གཏན་ལ་ཕབ་པ་དེ། ཐོས་བསམ་གྱིས་ཤེས་ནས་སྒོམ་བྱུང་གིས་ངེས་པ་དང༌། དེ་གོམས་པ་ལས་མངོན་སུམ་དུ་མཐོང་བ་དང༌། མཐོང་ཟིན་གོམས་པར་བྱེད་པ་གསུམ་དགོས་པ་དང༌། གཏན་ལ་དབབ་བྱའི་གཞི་གསུམ་སོ་སོ་ཡིན་པས་ཟློས་སྐྱོན་མེད་ལ་སྤོང་སླ། སྐབས་ཕྱི་མ་གསུམ་ནི། སྤྱིར་སངས་རྒྱས་པ་ལ་ལམ་སྒོམ་ཚུལ་མི་འདྲ་བ་དུ་མ་ཞིག་དགོས་པས། སྐབས་ཕྱི་མ་གསུམ་གྱིས་ཀྱང་བསྡུས་ནས་སྒོམ་པ་དང༌། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་ཆེད་དུ་གོ་རིམ་དཀྲུགས་ཏེ་ཐོད་རྒལ་ལམ་སྤེལ་ནས་སྒོམ་པ་དང༌། གོ་རིམ་མཐར་ཆགས་སུ་སྒོམ་པ་སོགས་སྒོམ་ཚུལ་དུ་མ་ཞིག་གསུངས་པས། སྒོམ་ཚུལ་དེ་དག་ཀྱང་སྔ་མ་དོར་ནས་ཕྱི་མ་སྒོམ་པ་ལྟ་བུ་མ་ཡིན་པར་རང་རང་སྒོམ་པ་ནས་རྒྱུན་མཐའི་སྔ་ལོགས་བར་དུ་སྒོམ་དགོས་པ་ཤེས་པའི་ཆེད་དུ་རེ་རེའི་ནང་དུའང་སྦྱོར་མཐོང་སྒོམ་གསུམ་ག་བསྟན་པ་ཡིན་པས་ཟློས་སྐྱོན་མེད་གསུང༌། བག་ལ་ཉལ་ཀུན་འཇོམས་པ་དང༌། །སོགས་གསུངས་པས་སྐབས་བཞི་པའི་སྦྱོར་ལམ་ས་བརྒྱད་པའི་ཡེ་ཤེས་སུ་འདོད་པ་སོགས་མི་འཐད་དེ། དེ་ལྟར་ན་སྐབས་དང་པོའི་སྦྱོར་ལམ་ཡང་དངོས་མ་ཡིན་པར་འགྱུར་ཏེ། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་སོགས་ཀྱི་ཏིང་ངེ་འཛིན་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ་ས་བརྒྱད་པ་ནས་ཡོད་པར་འདིའི་བཤད་བྱའི་མདོ་ན་གསུངས་པ་དང༌། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་སོགས་གསུངས་པའི་ཕྱིར་དང༌། དེར་མ་ཟད། ཁ་ཅིག ཇི་ལྟར་བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་མཆོག །ཅེས་གསུངས་པས་ཆོས་མཆོག་ལ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་བྱས་པ་མི་འཐད་པར་བརྩད་པའི་ལན་དུ་ཁྱོད་ལྟར་ན་ཆོས་མཆོག་དངོས་མ་ཡིན་གྱི། ས་བརྒྱད་པའི་ཡེ་ཤེས་ཡིན་པས་སྐྱོན་མེད་ཅེས་གསུངས་དགོས་པ་ལ་མ་གསུངས་པའི་ཕྱིར། ཆོས་མཆོག་ཡིན་གཞིར་བཞག་གི་སྟེང་ནས་ལུང་དེས་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་འདོད་ཚུལ་སྟོན་ལ། འདི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཡིན་པས་སྐྱོན་མེད་ཅེས་ལན་བཏབ་པ་དང༌། དེར་མ་ཟད་བཞི་པ་འདིར་ཐར་པ་ཆ་མཐུན་རྒྱུད་ལ་སྐྱེ་ཚུལ་བཤད་ནས་དེའི་འོག་ཏུ་སྦྱོར་མཐོང་སོགས་མི་བཤད་པར་བརྒལ་ཏེ་ས་བརྒྱད་པ་བཤད་པ་ནི་འབྲེལ་མེད་དུ་འགྱུར་བ་སོགས་ཀྱི་སྐྱོན་འོང་གསུང༌། གྲངས་མེད་གསུམ་གྱི་མགོ་ངོས་བཟུང་བའི་སྒོ་ནས་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ངོས་བཟུང༌། སྦྱོར་ལམ་དང་ཕྱིར་མི་ལྡོག་པའི་རྟགས་དང༌། སྐུ་གཉིས་འགྲུབ་ཚུལ་སོགས་ཡོད་པ་ལས། དང་པོ་སྦྱོར་མཐོང་སྒོམ་གསུམ་གྱི་ཕྱིར་མི་ལྡོག་པའི་རྟགས་མདོར་བསྟན་ནི། མཐོང་དང་གོམས་པའི་ལམ་དག །ཅེས་སོགས་ཤླཽ་ཀ་གཅིག་གིས་སྤྱིར་མདོར་བསྟན་ནས། བྱེ་བྲག་སྦྱོར་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་གཟུགས་ལ་ཞེས་སོགས་ཀྱིས་གཟུགས་སོགས་ལ་བདེན་ཞེན་ལྡོག་པ་སོགས་རྟགས་ཉི་ཤུ་པོ་མདོ་ལས་བརྗོད་པ་དེ་དག་སྦྱོར་ལམ་ལ་གནས་པའི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་ཞེས་མདོ་ན་སྦྱོར་ལམ་གྱི་སྐབས་ཡུལ་གཟུགས་སོགས་ལ་གཙོ་བོ་བདེན་ཞེན་བཀག་པ་དང༌། མཐོང་ལམ་གྱི་སྐབས་ཡུལ་ཅན་ལ་གཙོ་བོར་བདེན་ཞེན་བཀག་པའི་དབང་དུ་བྱས་པ་ཡིན་གསུང༌། གཟུགས་ལ་སོགས་ལས་ལྡོག་པ་དང༌། །ནས། སངས་རྒྱས་དགེ་བའི་སྤྱོད་པ་ཞེས་པའི་བར་གྱིས་རྟགས་ཉི་ཤུ་བོ་གྲངས་ཀྱི་སྒོ་ནས་རྒྱས་པར་བཤད་ནས། རྟགས་ནི་ཉི་ཤུ་ཞེས་སོགས་ཀྱི་ཤླཽ་ཀ་གཅིག་གིས་རྟགས་ཉི་ཤུ་དྲོད་རྩེ་བཟོད་མཆོག་བཞིའི་སྐབས་སུ་རིམ་བཞིན་འཇོག་ཚུལ་བསྟན་པ་ཡིན་ལ། དེའང་གཟུགས་སོགས་ཡུལ་ལ་བདེན་ཞེན་བཀག་པའི་དེ་དང༌། བདེན་བཞི་ལ་ཤེས་ནས་དད་པ་ཐོབ་པའི་སྟོབས་ཀྱིས་དཀོན་མཆོག་གསུམ་ལ་ཐེ་ཚོམ་ཟད་པ་སྟེ། དེའང་མཛོད་ལས། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང༌། །ཆོས་ལ་ཤེས་ནས་དད་པ་འཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང༌། །དེ་ཡི་དགེ་འདུན་དག་ལ་ཡང༌། །ཞེས་གསུངས་པ་ལྟར། སྡུག་ཀུན་གཉིས་དང་འགོག་བདེན་ཤེས་པས་ཆོས་ལ་ཡིད་ཆེས་དད་པ་དང༌། ལམ་བདེན་ལ་ཤེས་ནས་དད་པ་ཐོབ་པས། དེ་སྒྲུབ་པ་པོ་དགེ་འདུན་དང༌། སངས་རྒྱས་ལ་ཡིད་ཆེས་ཐོབ་པ་ཡིན་ལ། དེའི་རྒྱུ་མཚན་ཆོས་དཀོན་མཆོག་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཅེས་པ་ལྟར་འགོག་བདེན་ལ་འཇོག་དགོས་པས། འགོག་བདེན་ལ་དོན་གཉེར་སྐྱེ་བ་ལ་སྡུག་ཀུན་གྱི་ཉེས་དམིགས་མཐོང་དགོས་པའི་ཕྱིར་རོ། །སྤྱིར་མངོན་པ་ཀུན་བཏུས་སོགས་སུ་མངོན་རྟོགས་བདུན་གྱི་ས་བཅད་བྱས་པའི་སྟེང་ནས་གསུངས་ལ། མཛོད་ཀྱི་གནས་དྲུག་པ་འདིར་ཡང་ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་རིམ་གྱིས་བསྟན་པས་མངོན་རྟོགས་ལྔ་དང༌། གོང་གི་དེའི་མཇུག་ཏུ། རྫས་སུ་གཉིས་ཏེ་དད་པ་དང༌། །ཚུལ་ཁྲིམས་དྲི་མ་མེད་པ་ཡིན། །ཞེས་གསུངས་ཤིང༌། དཀོན་མཆོག་མངོན་རྟོགས་ནི་ངོ་བོ་ཉིད་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་དད་པ་ལ་འཇོག་པས་དེ་དང༌། ཀུན་ཏུ་མི་འབྱུང་བའི་མངོན་རྟོགས་ནི། ཚུལ་ཁྲིམས་ལ་འཇོག་ཅིང༌། ཚུལ་ཁྲིམས་ལ་ཡིད་ཆེས་པའི་སྟོབས་ཀྱིས་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ནམ་ཡང་མི་འབྱུང་བས་ཀུན་ཏུ་མི་འབྱུང་བའི་མངོན་རྟོགས་ཏེ་མངོན་རྟོགས་བདུན་གྱི་རྣམ་གཞག་བསྟན་པ་ཡིན་གསུང༌། ངན་སོང་གསུམ་དང་ལྷ་ཚེ་རིང་པོ་སྟེ་མི་མ་ཡིན་གྱི་མི་ཁོམ་པ་བཞི་དང༌། རྒྱལ་བའི་བཀའ་མེད་པ་སོགས་མིའི་མི་ཁོམ་པ་བཞི་སྟེ་མི་དལ་བ་བརྒྱད་ཟད་པ་དང༌། ཟད་པ་ནི་མཐའི་གསལ་བྱེད་ཡིན་པས་ཐེ་ཚོམ་ལའང་སྦྱོར་གསུང༌། སྙིང་རྗེས་གཞན་ཆོས་ལ་སྦྱོར་བ་ལ་རང་ཉིད་ཀྱིས་དེ་དང་མཐུན་པར་སྤྱོད་དགོས་པས། རང་སྡིག་སྤོང་དགེ་སྒྲུབ་ལ་གནས་ཏེ་གཞན་དེ་ལ་འགོད་པ་དང༌། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །ཞེས་སོགས་ལྟར། སྦྱིན་སོགས་འབྲས་བུ་དང་བཅས་གཞན་ལ་གཏོང་བར་བྱེད་པའི་གཞན་གྱི་རྟེན་ཅན་ཏེ། དེ་ཡིན་ཚུལ་ནི། ཉན་རང་གིས་ཟང་ཟིང་སོགས་ཀྱི་དངོས་པོ་གཞན་ལ་གཏོང་ཡང༌། རྣམ་སྨིན་ལ་རེ་ཞིང་རང་ཁོ་ནའི་དོན་གཞིར་གཞག་པའི་སྟེང་ནས་ཚུར་སྒྲུབ་པ་ཡིན་པས་རང་གི་རྟེན་ཅན་དང༌། བྱང་སེམས་ཀྱིས་ཟང་ཟིང་སོགས་ཀྱི་དངོས་པོ་གཏོང་བར་མ་ཟད། བཏང་བའི་འབྲས་བུ་རྣམས་ཀྱང་གཞན་གྲོལ་བར་གྱུར་ཅིག་ཅེས་གཞན་དོན་ཁོ་ན་གཞིར་བཞག་པའི་སྟེང་ནས་སྒྲུབ་པས་གཞན་གྱི་རྟེན་ཅན་ནོ། །སྟོང་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་སྟོབས་ཀྱིས་ཉི་ཚེ་བ་དང་ཕྱོགས་རེ་ཙམ་མ་ཡིན་པར་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་དབུས་དེ་ལས་མི་ཕྱེད་པ་དང༌། མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌། །མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། །ཞེས་སོགས་ལྟར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་དང༌། ཐ་ན་དབུགས་འབྱུང་རྔུབ་ཚུན་ཆད་གཞན་དོན་དུ་གོམས་པར་བྱས་པའི་སྟོབས་ཀྱིས་སངས་རྒྱས་པའི་ཚེའང་གང་བྱས་པ་ཐམས་ཅད་གཞན་དོན་དུ་འགྱུར་བ་ཞིག་ཡོང་བ་ནི། བྱམས་ལུས་སོགས་དང་ཞེས་པའི་དེ་ཡིན་ལ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དང༌། གཉིད་དང༌། རྨུགས་པ་དང༌། རྒོད་པ་དང༌། འགྱོད་པ་དང༌། ཐེ་ཚོམ་དང་ལྔ་སྤོང་བ་སྟེ་རྨུགས་གཉིད་གཉིས་གཅིག་དང༌། འགྱོད་རྒོད་གཉིས་གཅིག་ཏུ་བྱ་སྟེ། མཛོད་ལས། འདོད་ན་སྒྲིབ་རྣམས་མི་མཐུན་དང༌། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཅེས་གསུངས་པ་ལྟར་གཉེན་པོ་དང་ཟས་དང་བྱ་བ་གསུམ་གཅིག་པའི་ཕྱིར་རོ། །
མི་མཐུན་པ་ནི་གཉེན་པོ་སྟེ་རྨུགས་གཉིད་གཉིས་ཀྱི་གཉེན་པོར་སྣང་བའི་འདུ་ཤེས་སྒོམ་དགོས་པས་གཉེན་པོ་གཅིག་པ་དང༌། རྨུགས་གཉིད་གང་ལས་འབྱུང་བའི་གཞི་དེ་ལ་དེ་གཉིས་ཀྱི་ཟས་སུ་འཇོག་ཅིང༌། དེ་གཉིས་ལུས་ཐང་ཆད་པ་སོགས་ལས་བྱུང་བས་དེ་གཉིས་ཟས་གཅིག་པ་དང༌། དེ་གཉིས་ཀྱིས་སེམས་དགེ་བའི་ཕྱོགས་ལ་འགྲོར་མི་འཇུག་པར་ཞུམ་པར་བྱེད་པས་བྱ་བ་གཅིག་པ་ཡིན་ནོ། །འགྱོད་རྒོད་གཉིས་ཀྱི་གཉེན་པོ་ནི། དབུ་མ་སྙིང་པོ་ལས། རྒོད་པ་མི་རྟག་ལ་སོགས་པ། །ཡིད་ལ་བྱེད་པས་ཞི་བར་བྱེད། །ཅེས་ཀྱང་གསུངས་ལ། གཙོ་བོ་ཞི་གནས་ཀྱིས་སེལ་བར་བྱེད་པས་དེ་གཉིས་གཉེན་པོ་གཅིག་པ་དང༌། སྔོན་གྱི་ཉེ་དུ་དྲན་པ་དང༌། ཚུལ་མིན་ཡིད་བྱེད་སོགས་ལས་བྱུང་བས་དེ་གཉིས་ཟས་གཅིག་པ་དང༌། སེམས་མ་ཞི་བར་བྱེད་པས་དེ་གཉིས་བྱ་བ་གཅིག་པ་ཡིན་གསུང༌། བག་ལ་ཉལ་ཐམས་ཅད་བཅོམ་པ་མ་ཡིན་ཡང༌། འཇོམས་པའི་ནུས་པ་ཁྱད་པར་བ་ཞིག་ཐོབ་པ་དང༌། འགྲོ་བའི་ཚེ་ནའང་སྲོག་ཆགས་ཕྲ་མོ་ཡོད་མེད་ལ་བརྟགས་དཔྱད་བྱས་ཏེ་གོམ་པ་འདོར་བ་སོགས་སྒོ་གསུམ་གྱི་སྤྱོད་ལམ་གང་གི་སྐབས་སུའང་དགེ་མི་དགེ་སོགས་དོན་དང་ལྡན་མི་ལྡན་གང་དུ་འདུག་སྙམ་དུ་དྲན་ཤེས་ཀྱིས་བྱ་ར་བྱེད་པ་དང༌། གཙང་སྦྲ་མི་བྱེད་པ་ནི་ཤེས་རབ་འཆལ་བའི་རྒྱུ་ཡིན་པར་ཡོངས་འཛིན་རིན་པོ་ཆེས་གསུངས་ཤིང༌། སྒ་དང་ལྷམ་གྱིས་སྔས་བྱེད་པ་ལྟ་བུ་སོགས་གཏན་ནས་མི་རུང་བས་གཙང་སྦྲ་དང་ལྡན་པ་སྟེ། རྒྱལ་བས་སྤྱོད་ལམ་གྱིས་འདུལ་དགོས་པར་གཟིགས་པ་ལ་འཕགས་པ་རྟ་ཐུལ་གཏོང་བར་གསུངས་པ་ལྟ་བུའི་ལོ་རྒྱུས་སོགས་ཀྱང་ཡོད་པས། གཙང་སྦྲ་བྱེད་པ་འདི་ལ་དགོས་པ་ཆེན་པོ་ཞིག་ཡོད་པ་རེད་གསུང༌། ལུས་ལ་སྲིན་བུའི་རིགས་མི་འབྱུང་བ་དང༌། གཞན་འཁོར་དུ་བསྡུ་བ་སོགས་དྲང་པོ་མ་ཡིན་པའི་སེམས་གྱ་གྱུ་མེད་པ་དང༌། རྙེད་བཀུར་ཆེས་ཆེར་མི་བྱེད་པར་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པ་དང༌། སྦྱིན་སོགས་ལ་སློབ་པའི་ཚེ་སེར་སྣ་སོགས་འགོག་པ་དང༌། བློ་ངོར་བདེན་པ་གཉིས་འགལ་འདུ་ལྟ་བུར་སོང་ན་ཆོས་ཐམས་ཅད་བློ་ངོར་མ་འདུས་པ་ཡིན་པས། སྟོང་ཉིད་ལེགས་པར་དཔྱད་པའི་ཚེ་རྟེན་འབྱུང་ལ་ངེས་པ་འདྲེན་ནུས་པ་དང༌། རྟེན་འབྱུང་ལ་དཔྱད་པའི་ཚེ་སྟོང་ཉིད་ལ་ངེས་པ་དྲངས་ཏེ་གཅིག་གྲོགས་སུ་གཅིག་འགྲོ་བའི་ཚེ་ཆོས་ཉིད་དང་ལྡན་པར་འགྲོ་བའམ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ཡིན་ལ། སེམས་ཅན་གཅིག་གི་དོན་དུའང་བསྐལ་པ་མང་པོར་དམྱལ་བར་གནས་དགོས་པ་ལའང་མི་འཇིགས་པ་དང༌། རང་རྒྱུད་ཀྱི་རྟོགས་པ་ལ་ཡིད་ཆེས་རྙེད་པའི་སྟོབས་ཀྱིས་སུས་ཀྱང་ལམ་གཞན་དུ་ཁ་དྲངས་པར་མི་ནུས་པ་སྟེ། རང་ལམ་དུ་རིགས་ངེས་ཟེར་བ་དེ་ཡང་འདི་འདྲ་ཞིག་གི་སྟེང་ནས་བཞག་པ་ཡིན་ཏེ། དང་པོ་སྒྲ་སྤྱིའི་སྒོ་ནས་རྟོགས། དེ་ནས་དོན་སྤྱིའི་གསལ་སྣང་ཐོབ་སྟེ་ཉོན་མོངས་པ་མགོ་མནན་པའི་མཚམས་ཤིག་ནས་ཉོན་མོངས་པ་སྤོང་ནུས་པ་དང༌། ཆོས་ཉིད་མངོན་སུམ་དུ་རྟོགས་ནུས་པར་ཡིད་ཆེས་རྙེད་པས་རང་ལམ་དུ་རིགས་ངེས་སུ་འགྱུར་བའི་ཕྱིར། དཔེར་ན། ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་ཞེས་སོགས་གསུངས་པ་ལྟ་བུ་ཡིན་གསུང༌། བདུད་སྡིག་ཅན་གྱིས་དམྱལ་བ་སོགས་སྤྲུལ་ཏེ་བསླུ་བར་བྱེད་ཀྱང་ཕྱིར་ལྡོག་མི་ནུས་པ་དང༌། སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པས། སངས་རྒྱས་དགྱེས་པའི་ཕྱིར་མི་ལྡོག་པའི་རྟགས་རྣམས་སུ་ཡོད་པའི་ཕྱིར། དགེས་པ་ནི་བརྡ་རྙིང་དང༌། དགྱེས་པ་ནི་བརྡ་གསར་ཡིན་པས། དོན་གཅིག་ཡིན་གསུང༌། སྦྱོར་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་དེ་ཉིད་སྡུད་པར་འཆད་པའི་ཚེ། འཇིག་རྟེན་མགོན་ལ། ཞེས་སོགས་ཤླཽ་ཀ་གསུམ་དང་རྐང་པ་གསུམ་བྱུང༌། དེའང་ཤློ་ཀ་དང་པོའི་སྐབས་སུ་སྦྱོར་ལམ་པ་མཐུ་ཆེ་བ་དག་ཉོན་མོངས་སྤོངས་པ་ལས་མི་ཉམས་པའི་ཚུལ་དང༌། ཡོན་ཏན་གོང་འཕེལ་དུ་འགྲོ་བ་ལས་སླར་མི་ལྡོག་པའི་རྟགས་བསྟན་དུ་གསོལ། ཞེས་དྲི་བ་དང༌། མདོར་བསྟན་ནས། ཐམས་ཅད་འདུ་ཤེས་བྲལ་ཞེས་པས་འཁོར་འདས་གཉིས་སམ་ཆོས་ཐམས་ཅད་ལ་བདེན་ཞེན་བཀག་སྟེ། ཆོས་དབྱིངས་རོ་གཅིག་པའི་རྟགས་དང་པོ་དང༌། དགེ་སྦྱོང་དག་དང༌། ནས། རྟེན་གྱི་རབ་བྱེད་ཅེས་པས་དཀོན་མཆོག་ལ་ཡིད་ཆེས་པས་དགེ་སྦྱོང་སོགས་གཞན་གྱི་ཟེར་ཟེར་གྱི་རྗེས་སུ་མི་འབྲངས་ཤིང་རིགས་པ་དང་ལྡན་པར་གཞན་ལའང་སྨྲ་བར་བྱེད་པ་ཐེ་ཚོམ་ཟད་པའི་དེ་དང༌། ངན་སོང་གསུམ་སྤོང་ཞེས་པས། དེ་གསུམ་གྱིས་མཚོན་པའི་མི་ཁོམ་བརྒྱད་སྤོང་བའི་དེ་དང༌། དགེ་བཅུའི་ནས་བརྩོན་ཞེས་པས་དགེ་བཅུ་ལ་འགོད་པའི་དེ་དང༌། ཟང་ཟིང་མེད་པར་ནས་སྟོན་ཞེས་པས་གཞན་གྱི་རྟེན་ཅན་གྱི་དེ་དང༌། ཆོས་ལ་གཅིག་ཏུ་དགའ་ཞེས་པས་ཟབ་མོའི་དོན་ལ་སོམ་ཉིའམ་རྩེ་གཉིས་མི་བྱེད་པར་རྩེ་གཅིག་པའི་གཉེན་པོ་དངོས་སུ་བསྟན་པའི་ཤུགས་ལ་སྤང་བྱ་སྒྲིབ་པ་ལྔ་དང་བག་ལ་ཉལ་འཇོམས་པའི་དེ་གཉིས་གོ་བས་རྟགས་གསུམ་དང༌། རྟག་ཏུ་ཚིག་འཇམ་ལྡན་ཞེས་པས་འདིར་ངག་གི་དབང་དུ་བྱས་ཏེ་བྱམས་ལུས་སོགས་ཀྱི་དེ་དང༌། འགྲོ་འཆག་ཉལ་འདུག་ནས་འཁྲིལ་མེད་ཅེས་པས་ཐག་རིང་པོར་བརྐྱངས་ཏེ་འགྲོ་བས་འགྲོ་བ་དང༌། ཐག་རིང་མ་ཡིན་པར་རང་གི་ཁང་པའི་ནང་ལྟ་བུར་ཕར་འགྲོ་ཚུར་འགྲོ་བྱེད་པའི་འཆག་པ་སོགས་སྤྱོད་ལམ་བཞི་གང་གི་ཚེའང་དྲན་ཤེས་དང་ལྡན་པས་ཆོས་འདུལ་བ་ལྟར་གཉའ་ཤིང་གང་ཙམ་ལྟ་བ་སོགས་ཀྱི་དེ་དང༌། གཙང་བྱས་ནས། གསུམ་པོ་དབེན་ཞིང་དག་ཅེས་པས་ཟས་གོས་གནས་མལ་ལ་ལོངས་སྤྱོད་པའི་ཚེ་གཙང་མའི་གོས་འཆང་ཞིང་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་དག་པས་མཛེས་ཤིང་ཡིད་དུ་འོང་བའི་དེ་བསྟན་ལ། ལུས་དག་པས་སྲིན་བུ་མི་འབྱུང་བའི་དེ་དང༌། ཡིད་དག་པས་གྱ་གྱུ་མེད་པའི་དེ་དང་རྟགས་གསུམ་བསྟན་ཏོ། །རྙེད་འདོད་མ་ཡིན་ཞེས་པས་རྙེད་བཀུར་ལ་མི་ལྟ་བར་སྦྱངས་པའི་ཡོན་ཏན་ལེན་པའི་དེ་དང༌། རྗེས་ཐམས་ཅད་ཀྱི་ནང་ནས་བ་གླང་གི་རྗེས་མཆོག་ཅེས་ཟེར་བ་ལྟར་ཁྱུ་མཆོག་གི་རྗེས་སུ་ཞུགས་ཏེ་སོང་ན་གནོད་འཚེ་སོགས་མི་འབྱུང་ཞིང་རྩྭ་ཆུ་སོགས་དང་ལེགས་པར་འཕྲད་འོང་བ་ལྟར་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་དྲང་པོ་ནས་འགྲོ་བའི་དེ་དང༌། རྟག་ཏུ་ཆོས་འདོད་པ་ཞེས་པའི་ཆོས་ནི་རྣམ་པར་མི་འཚེ་བ་ལ་བྱས་ནས་གཞན་ལ་ཕན་པ་སྒྲུབ་པ་ལ་སྡུག་བསྔལ་སེལ་དགོས་པས་དེའི་སྡུག་བསྔལ་མྱོང་བའི་ཚབ་ཏུ་རང་ཉིད་བསྐལ་བར་དམྱལ་བར་མེ་ནང་དུ་གནས་དགོས་ཀྱང་མི་འཇིགས་པའི་དེ་དང༌། བདུད་ཀྱི་ནས་མི་འཇོག་ཅེས་པས་བདུད་ལ་བདུད་དུ་རྟོགས་པ། གཞན་དྲིང་མི་འཇོག་པ་དང༌། སངས་རྒྱས་དགྱེས་པའི་དེ་གསུམ་བསྡོམས་ནས་བསྟན་གསུང༌། རྟགས་དེ་དག་བརྒྱད་སྟོང་པར་འཆད་པའི་ཚེ། དེ་ནས་བཅོམ་ལྡན་འདས་ལ་ནས། རྣམ་པ་གང་དག་ལགས། རྟགས་གང་དག་ལགས། མཚན་མ་གང་དག་ལགས། ཞེས་སོགས་ཀྱིས་གཟུགས་སོགས་འདུ་ཤེས་ལྡོག་པའི་དེ་འཆད། དེ་བཞིན་ཉིད་དེ་དང༌། ནས། ནེམ་ནུར་མི་བྱེད། ཡིད་གཉིས་མི་བྱེད་ཅེས་སོགས་ཀྱིས་ཐེ་ཚོམ་མེད་པའི་དེ་དང༌། རབ་འབྱོར་ཡང་ཕྱིར་མི་ལྡོག་པའི་ནས། ངན་སོང་དུ་མི་སྐྱེ་ཞིང༌། བུད་མེད་ཀྱི་དངོས་པོ། ཞེས་སོགས་ཀྱིས་མི་ཁོམ་པ་ཟད་པའི་དེ་དང༌། རབ་འབྱོར་ནས་དགེ་བ་བཅུའི་ལས་ཞེས་སོགས་ཀྱིས་དགེ་བར་འགོད་པའི་དེ་དང༌། རབ་འབྱོར་གཞན་ཡང་ནས། ཆོས་བསྟན་པ་འདིས་ཀྱང་ཞེས་སོགས་ཀྱིས་གཞན་གྱི་རྟེན་ཅན་གྱི་དེ་དང༌། རབ་འབྱོར་ནས། ཆོས་ཟབ་མོ་བཤད་པ་ལ་ནེམ་ནུར་མི་བྱེད། ཅེས་སོགས་ཀྱིས་དོན་ལ་སོམ་ཉི་མེད་པའི་དེ་དང༌། དེ་ཕན་པའི་ནས། ཚིག་འཇམ་པར་འགྱུར་ཞེས་པས་བྱམས་ལུས་སོགས་ཀྱི་དེ་དང༌། རྨུགས་པ་དང་གཉིད་ཆུང༌། ཞེས་སོགས་ཀྱིས་སྒྲིབ་པ་ལྔའི་དེ་དང༌། བག་ལ་ཉལ་མེད་པར་འགྱུར་ཞེས་པས་བག་ལ་ཉལ་མེད་པའི་དེ་དང༌། དེ་དྲན་པ་ཉེ་བར་བཞག་ཅེས་སོགས་ཀྱིས་དྲན་ཤེས་ལྡན་པའི་དེ་དང༌། རབ་འབྱོར་ནས། ཆོས་གོས་ཡོངས་སུ་ཞེས་སོགས་ཀྱིས་གཙང་བའི་དེ་དང༌། སེམས་ཅན་ནས་སྲིན་བུ་ཞེས་སོགས་ཀྱིས་སྲིན་བུ་མེད་པའི་དེ་དང༌། རབ་འབྱོར་ནས་སེམས་ཡོངས་སུ་དག་པ་ཞེས་སོགས་ཀྱིས་གྱ་གྱུ་མེད་པའི་དེ་དང༌། རབ་འབྱོར་གཞན་ཡང་ནས། རྙེད་པ་དང༌། བཀུར་སྟི་དང༌། ཞེས་སོགས་ཀྱིས་སྦྱངས་པའི་ཡོན་ཏན་ཡང་དག་པར་ལེན་པའི་དེ་དང༌། ཕྲག་དོག་དང་སེར་སྣ་མང་བ་མ་ཡིན་ནོ་ཞེས་པ་འདིས་སེར་སྣ་མེད་པ་སོགས་ཀྱི་དེ་བསྟན་ཏེ་ཕྲག་དོག་ནི་རང་རྒྱུད་ཀྱི་དགེ་བ་གོང་འཕེལ་དུ་འགྲོ་བ་སོགས་ཉམས་པར་བྱེད་པའི་རྒྱུ་སྡུག་ཤོས་ཤིག་ཡིན་པས་འདིར་ཕྲག་དོག་ཐོག་མར་སྨོས་པ་ཡིན་གསུང༌། ཆོས་ཟབ་མོ་དག་བཤད་ན་ནས། འཇིག་རྟེན་གྱི་བཟོའི་གནས་ཞེས་སོགས་ཀྱིས་ཆོས་ཉིད་ལྡན་པར་འགྲོ་བའི་དེ་དང༌། རབ་འབྱོར་གལ་ཏེ་བདུད་སྡིག་ཅན་དེས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་མངོན་པར་སྤྲུལ་ཏེ། ཞེས་སོགས་ཀྱིས་གཞན་དོན་དུ་དམྱལ་བ་ཚོལ་བའི་དེ་དང༌། བམ་པོ་བཅུ་དྲུག་པ། རབ་འབྱོར་ནས། འཁོར་བའི་སྤྱོད་པ་ཡིན་ཏེ་ཞེས་སོགས་ཀྱིས་གཞན་དྲིང་མི་འཇོག་པའི་དེ་སོགས་བསྟན་པ་ཡིན་ཏེ། བདུད་སྡིག་ཅན་གྱིས་དང་པོར་ཆོས་ལས་ལྡོག་ཨེ་ནུས་བལྟས། དེ་མ་ནུས་པར་ཐེག་ཆེན་ལས་ལྡོག་ཨེ་ནུས་བལྟས་ཀྱང་ལྡོག་པར་མི་ནུས་པ་སོགས་ནི་ཕྱིར་མི་ལྡོག་པའི་རྟགས་མཚན་ཡིན་གསུང༌། མཐོང་ལམ་གྱི་རྟགས་བཅུ་དྲུག་ནི། སྦྲང་རྩི་རོ་གཅིག་པ་བཞིན་ནོ། །ཞེས་སོགས་ལྟར་མཉམ་གཞག་ཏུ་རོ་གཅིག་ཀྱང་མཉམ་གཞག་ཏུ་ཆོས་ཉིད་སྒོམ་སྟོབས་ཀྱིས་ལག་རྗེས་བཅུ་དྲུག་ཡོད་པའི་སྒོ་ནས་བཞག་ལ། དེའང་གཟུགས་སོགས་ཀྱི་འདུ་ཤེས་ཡུལ་ཅན་ལ་བདེན་ཞེན་བཀག་པའི་དེ་དང༌། ཉེར་ལེན་ནང་ན་ཡོད་ཀྱང་ཕྱིའི་རྐྱེན་སངས་རྒྱས་ཀྱིས་བྱིན་གྱིས་བརླབ་པ་ལའང་ངེས་པར་ལྟོས་པའི་བྱང་ཆུབ་ཀྱི་སེམས་བརྟན་པ་དང༌། རྒྱུ་སྙོམས་འཇུག་སོགས་སྤྱིར་སྒོམ་སྤང་ཡིན་ཀྱང་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ན་མཐོང་སྤང་ཡིན་པས་ཡན་ལག་ཡོངས་སུ་ཟད་པའི་དེ་སོགས་བཞི་ནི། སྡུག་བདེན་གྱི་རྣམ་པའི་རྟགས་དང༌། འདོད་པར་སྤྱོད་པའི་ཚེའང་འདོད་པའི་ཡོན་ཏན་ལ་མི་ཆགས་པར་ལམ་གྱི་གྲོགས་སུ་འཁྱེར་བ་སོགས་ཀུན་འབྱུང་གི་རྣམ་པ་དང༌། ཡུལ་ཕུང་ཁམས་སྐྱེ་མཆེད་དང༌། ཡུལ་ཅན་དབང་པོ་སོགས་ལ་བདེན་ཞེན་བཀག་པའི་འགོག་བདེན་གྱི་རྣམ་པ་བཞི་དང༌། སྦྱིན་སོགས་རྣམ་བྱང་ལ་བདེན་ཞེན་བཀག་པའི་ལམ་གྱི་རྣམ་པ་བཞི་སྟེ་བཅུ་དྲུག་ཡོད་པ་ཡིན་གསུང༌། མཐོང་ལམ་གྱི་རྟགས་དེ་ཉིད་སྡུད་པར་འཆད་པའི་ཚེ། བསམ་གཏན་བཞི་ལ་ཞེས་སོགས་ཤླཽ་ཀ་གསུམ་དང་རྐང་པ་གཅིག་བྱུང༌། དེའང་བསམ་གཏན་ཞེས་སོགས་རྐང་པ་གཅིག་གིས་ཡན་ལག་ཡོངས་སུ་ཟད་པའི་དེ་བསྟན་པར་ཡེ་ཤེས་ཞབས་ཀྱིས་གསུངས་ལ། སློབ་དཔོན་གྱིས་རྐང་པ་དང་པོ་འདི་སྦྱོར་ལམ་གྱི་རྟགས་ཀྱི་མཇུག་ལ་ཡར་སྦྱར་ཡང་བརྒྱད་སྟོང་པ་ཉི་ཁྲི་སོགས་ན་སྦྱོར་ལམ་གྱི་མཇུག་ཏུ་དེ་འདྲའི་ཚིག་མི་སྣང་བས་འདི་ལ་དཔྱད་རྒྱུ་ཞིག་ཡོད་ཚོད་རེད་གསུང༌། གྲགས་པ་ཞེས་སོགས་རྐང་པ་གཉིས་ཀྱིས་འདོད་པར་ཐབས་མཁས་ཀྱི་སྤྱོད་པའི་དེ་བསྟན། འཚོ་བའི་ཕྱིར་ནི་ཞེས་སོགས་རྐང་པ་གསུམ་གྱིས་རྟག་ཏུ་ཚངས་པར་སྤྱོད་པའི་དེ་དང༌། རབ་ཏུ་དབེན་པའི་ཞེས་སོགས་རྐང་པ་གཉིས་ཀྱིས། དབང་པོ་དང་གྲོང་ཁྱེར་སོགས་ལ་བདེན་ཞེན་བཀག་པའི་དེ་དང༌། ཀུན་མཁྱེན་འདོད་ཅིང་ཞེས་སོགས་རྐང་པ་གསུམ་གྱིས་རང་གི་ས་ལ་གནས་པའི་དེ་དང༌། ས་གསུམ་ལ་གནས་པའི་དེ་དང༌། ཆོས་ཕྱིར་སྲོག་ཀྱང་འདོར་ཞེས་པས་ཆོས་ཀྱི་དོན་དུ་སྲོག་གཏོང་བའི་མཐོང་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་དེ་བསྟན་པ་ཡིན་གསུང༌། མཐོང་ལམ་གྱི་རྟགས་དེ་དག་བརྒྱད་སྟོང་པར་འཆད་པའི་ཚེ། རབ་འབྱོར་གཞན་ཡང་ནས། འདོད་པ་ན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅེས་སོགས་ཀྱིས་ཡན་ལག་ཡོངས་སུ་ཟད་པའི་དེ་དང༌། རབ་འབྱོར་ནས། མིང་ཆེད་ཆེར་བྱེད་པ་མ་ཡིན། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ཆེད་ཆེར་བྱེད་པ་མ་ཡིན་ཞེས་སོགས་ཀྱིས་མི་དགེ་བ་དང་བྲལ་བ་ཉིད་ཀྱིས་ལུས་དང་སེམས་ཡང་བའི་དེ་སོགས་བསྟན་ལ། མིང་ལ་ཆེད་ཆེར་བྱེད་པ་མ་ཡིན་ཞེས་པ་འདི་ལུས་དང་སེམས་ཡང་བ་ལ་ཞེས་པ་འདིའི་མདོ་ཡིན་ཀྱང་གོ་དཀའ་བ་ཞིག་འདུག་གསུང༌། སྒོམ་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་དང་པོ་ནི། སྐྱེ་བ་དང་ནི་འགགས་པ་ཞེས་སོགས་ཟབ་མོ་བརྒྱད་ཀྱིས་བཤད་ལ། ཁྱད་ཆོས་ཕྱིར་མི་ལྡོག་པའི་རྟགས་ངེས་པ་ལ་ཁྱད་གཞི་སྒོམ་ལམ་ངེས་པ་སྔོན་དུ་འགྲོ་དགོས་པས། སྒོམ་ལམ་གྱི་ཟབ་ཁྱད་དང༌། ངོ་བོ་དང༌། གྲངས་དང༌། གྲངས་ཀྱི་རྩོད་པ་དང༌། བྱེད་པ་ལ་རྩོད་པ་དང༌། ཀུན་རྫོབ་ལ་ལྟོས་པའི་རྩོད་ལན་སོགས་ཡོད་ལ། སྟོང་ཉིད་ལ་སོགས་པ་ལ་ཡང་གཟུགས་མེད་ལ་ཞེས་མ་བརྟགས་མ་དཔྱད་པའི་བློ་ལྷན་སྐྱེས་ཀྱི་ངོར་ཡོད་ཡོད་འདྲ་བ་ལ། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་གཟུགས་ཅན་ལ་ཆ་ཤས་སོ་སོར་དང༌། དེ་མ་ཡིན་པ་རྣམས་ལ་སྐད་ཅིག་གིས་ཆ་སོ་སོར་བསལ་བའི་ཤུལ་དུ་ལུས་ཡོད་པ་ཞིག་མི་རྙེད་པས་རྟག་མཐའ་ལས་གྲོལ་བ་དང༌། སྟོང་བཞིན་དུ་སྣང་བ་ཙམ་གྱིས་བྱ་བྱེད་ཐམས་ཅད་རུང་བས་སྐུར་བའི་མཐའ་ལས་གྲོལ་ཞིང་སྣང་སྟོང་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བས་ན་སྟོང་པ་ཉིད་ཟབ་པ་ཡིན་ལ། ཡུལ་སྟོང་པ་ཉིད་དེ་ཟབ་པས། དེ་རྟོགས་པའི་ཡུལ་ཅན་ཡེ་ཤེས་དེའང་ཟབ་པ་ཡིན་ཞེས་ཡུལ་ཟབ་པས་ཡུལ་ཟབ་པར་འཇོག་པ་གཅིག་དང༌། དང་པོར་ཆོས་ཉིད་ཐོས་བསམ་གྱིས་ངེས་པ་རྙེད་ནས་དོན་སྤྱིའི་སྣང་བ་ཇེ་ཆུང་དང་ཆོས་ཉིད་ཀྱི་སྣང་བ་ཇེ་གསལ་དུ་སོང་བ་ནས་རིམ་གྱིས་མངོན་སུམ་དུ་རྟོགས་པའི་དོན་དེ་བསྐལ་ཆེན་གྲངས་མེད་གཉིས་སོགས་ཡུན་རིང་པོར་གོམས་པར་བྱས་པའི་སྟོབས་ཀྱིས་འབྲས་བུ་སངས་རྒྱས་པ་ནའང་བསམ་གྱིས་མི་ཁྱབ་པའི་ཁྱད་ཆོས་ཐོན་པ་ཞིག་འོངས་པས་ན་སྒོམ་ལམ་འདི་ཟབ་པ་ཡིན་ཞེས་ཡུན་རིང་པོར་གོམས་ཚུལ་གྱི་སྒོ་ནས་ཟབ་པར་འཇོག་ཚུལ་གཅིག་དང་གཉིས་འགྲེལ་ཆེན་ནས་གསུངས་པས་ཕྱི་མ་འདི་གཙོ་བོ་ཡིན་གསུང༌། སྒོམ་ལམ་གྱི་ཟབ་ཁྱད་བཤད་ནས་སྒོམ་ལམ་གྱི་ངོ་བོ་ནི། ཐོས་པས་ཡང་དང་ཡང་དུ་སེམས་པ་དང༌། བསམ་པས་འཇལ་བ་དང༌། སྒོམ་པས་ངེས་པར་རྟོགས་པ་ཞེས་བཤད་ཚུལ་གཅིག་དང༌། སྦྱོར་བ་ལས་བྱུང་བའི་ཏིང་ངེ་འཛིན་གྱིས་རིགས་པ་བཞིའི་ཡང་ཡང་སེམས་པ་དང༌། དངོས་གཞིའི་སྐབས་སུ་མཚན་ཉིད་ཇི་ལྟ་བ་བཞིན་འཇལ་བ་དང༌། མངོན་སུམ་དུ་རྟོགས་པའི་དོན་མཐོང་ཟིན་གོམས་པར་བྱེད་པས་ངེས་པར་རྟོགས་པ་ཞེས་བཤད་ཚུལ་གཅིག་དང་གཉིས་མདོ་ལས་འབྱུང་གསུང༌། འདིར་སྒོམ་ལམ་ཙམ་གོམས་པར་བྱེད་ཚུལ་བཤད་པས་ཆོག་མོད། ངེས་འབྱེད་ཡན་ལག་དང་མཐོང་བའི་ཞེས་སོགས་སྦྱོར་མཐོང་གཉིས་ཀྱི་སྐབས་སུ་གོམས་པར་བྱེད་ཚུལ་བཤད་པས་ཅི་བྱ་ཞེ་ན། སྐྱོན་མེད་དེ། དང་པོར་ཐོས་བསམ་གྱིས་ངེས་པ་རྙེད་པ་ནས་རིམ་གྱིས་དོན་སྤྱིའི་གསལ་སྣང་དང༌། དེ་ནས་མངོན་སུམ་དུ་མཐོང༌། དེ་ནས་མཐོང་ཟིན་གོམས་པར་བྱེད་ཚུལ་སོགས་བཤད་ནས་ཡུན་རིང་པོར་གོམས་པར་བྱས་ཚུལ་ལ་ངེས་པ་ལྷག་པར་སྐྱེས་པ་ཡིན་གྱི། སྒོམ་ལམ་གཅིག་པུ་གོམས་པར་བཤད་པས་དེ་ཙམ་གོ་མི་ནུས་པའི་ཕྱིར་ཏེ། དཔེར་ན་ཐག་རིང་པོ་ནས་འོང་བའི་མི་ཞིག་གིས་ང་དེ་རིང་འདིར་སླེབ་པ་ཡིན་ཞེས་སྨྲས་ན་ཡུན་རིང་པོར་འོང་བ་ལ་ངེས་པ་དེ་ཙམ་སྐྱེད་མི་ནུས་ལ། ང་དང་པོར་ཡུལ་དེ་ནས་ལམ་དུ་ཞུགས་དེ་ནས་ཡུལ་ཆེ་གེ་མོ་ཞིག་ཏུ་སླེབ། དེ་ནས་རིམ་གྱིས་ད་ལྟ་འདིར་སླེབ་ཅེས་སྨྲས་ན་ཐག་རིང་ནས་འོང་ཚུལ་ལ་ངེས་པ་འདྲེན་ལུགས་གཞན་དང་མི་འདྲ་བའི་ཕྱིར་དང༌། བ་སྟོང་གི་འོ་མ་བསྡུས་པ་རིམ་གྱིས་བསྡུས་ཚུལ་བཤད་ན་ངེས་པ་སྐྱེ་བ་བཞིན་ཡིན་གསུང༌། སྒོམ་ལམ་གྱི་ཟབ་ཁྱད་དེ་ཉིད་སྡུད་པར་འཆད་པའི་ཚེ། གཟུགས་དང་ཚོར་བ་ནས་ཐོབ་པར་འགྱུར་ཞེས་སོགས་ཤླཽ་ཀ་གསུམ་བྱུང༌། དེའང་ཤླཽ་ཀ་དང་པོས་བུམ་པ་སོགས་ཀྱི་བཏགས་དོན་བཙལ་ན་དོན་དམ་པར་མི་རྙེད་པས་ཆོས་ཉིད་ཟབ་པ་དང༌། དོན་དམ་པར་མེད་ཀྱང་སྣང་ཙམ་གྱིས་སྒྱུ་མ་ལྟར་རང་རང་གི་བྱ་བ་བྱེད་ནུས་པས་ཆོས་ཅན་ཟབ་ཚུལ་བསྟན་ནས། ཤླཽ་ཀ་གཉིས་པས། དང་པོར་ཐོས་བྱུང་རྙེད་ནས་དོན་སྤྱིའི་གསལ་སྣང་ཐོབ་སྟེ་མངོན་སུམ་དུ་རྟོགས་པ་དེ་ཙམ་གྱིས་ཆོག་མོད། མཐོང་ཟིན་གོམས་པར་བྱས་པས་ཅི་ཞིག་བྱ་ཞེས་དྲི་བ་གཅིག་བསྟན་ནས། ཤླཽ་ཀ་གསུམ་པས་ལན་དུ་སྐྱེས་བུ་ཆགས་ཅན་ཞིག་ལ་ཟག་བཅས་ཀྱི་བདེ་བ་ཆུང་ངུ་ཙམ་གྱི་ཆེད་དུ་ཉིན་གཅིག་ལ་བུད་མེད་ཀྱི་རྣམ་རྟོག་མང་པོ་སྐྱེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པའི་ཟག་མེད་ཀྱི་བདེ་བ་ནམ་ཡང་མི་འགྱུར་བ་དེ་ལྟ་བུ་མཐོང་ན་དེའི་ཆེད་དུ་ཡུན་རིང་པོའི་བར་དུ་ཅིའི་ཕྱིར་གོམས་པར་མི་བྱེད་ཅེས་བསྟན་གསུང༌། ཟབ་ཁྱད་དེ་བརྒྱད་སྟོང་པར། རབ་འབྱོར་གྱིས་གསོལ་བ་ནས་རབ་འབྱོར་ཁྱོད་གནས་ཟབ་མོ་ཞེས་སོགས་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང་ནས་ཐབས་ཞིབ་མོས་གཟུགས་ལས་ཀྱང་བཟློག་ལ་མྱ་ངན་ལས་འདས་པ་ཞེས་སོགས་ཀྱིས་བསྟན་ལ། འདིའི་རྣམ་ཐར་སྒོ་གསུམ་གཙོ་བོ་སྒོམ་ལམ་གྱི་བྱ་བྱེད་ལས་གསུམ་ལ་སྦྱོར་ཞིང༌། ཐབས་ཞིབ་མོ་ནི་དོན་དམ་པར་མེད་ཀྱང་ཐ་སྙད་དུ་བྱ་བྱེད་ཐམས་ཅད་དུ་རུང་བ་ལ་བྱེད་གསུང༌། སྒོམ་ལམ་གྱི་ངོ་བོ་བཤད་ཟིན་ནས་དེ་ལ་དབྱེ་བ་དུ་ཡོད་ཅེ་ན། སྤང་བྱའི་སྒོ་ནས་དགུ་ཡོད་དེ། སྤང་བྱ་རྣམ་རྟོག་ལ་ཆེ་འབྲིང་ཆུང་གསུམ་དང༌། དེ་རེ་རེ་ལའང་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བས་དགུ་ཡོད་པའི་ཕྱིར། སྒོམ་ལམ་ཆེན་པོས་ཆེན་པོ་སྤོང་བ་ནས་ཆུང་ངུས་ཆུང་ངུ་སྤོང་བའི་བར་ཡིན་ནམ་ཞེ་ན་མ་ཡིན་ཏེ། སྔར་སྐབས་གཉིས་པར་དྲི་མ་འཁྲུད་ཚུལ་གྱི་སྒོ་ནས་གསུངས་ལ། འདིར་ཡང་མུན་ནག་ཤིན་ཏུ་འཐིབ་པོ་དེ་སྣང་བ་ཆུང་ངུ་ཙམ་གྱིས་སེལ་ནུས། སྤུ་ཉག་མ་ཚུན་ཆད་མཐོང་བ་ལ་སྒྲིབ་པའི་མུན་པ་སྲབ་མོ་དེ་སྣང་བ་ཆེན་པོས་སེལ་དགོས་པ་བཞིན་དུ་སྒོམ་སྤང་རགས་པ་ཆེན་པོ་དེ་སྒོམ་ལམ་ཆུང་ངུས་སྤོང་ནུས། འབྲིང་འབྲིང་གིས་སྤོང་བ་འདྲ་ཞིང༌། བདེན་འཛིན་ཕྲ་མོའི་ཆུང་ངུ་སྤོང་བ་ལ་ཡུན་རིང་པོར་གོམས་པའི་སྒོམ་ལམ་སྐྱེ་དགོས་པའི་ཕྱིར་རོ། །སྒོམ་ལམ་གྱི་དབྱེ་བ་དེ་སྡུད་པར་འཆད་པའི་ཚེ། བྱང་ཆུབ་ནས། ཆར་མི་ཕོད། ཅེས་སོགས་ཤླཽ་ཀ་གཅིག་གིས་ཉན་རང་གི་སྦྱིན་སོགས་ཀྱིས་བྱང་སེམས་ཀྱི་དེའི་ཆར་མི་ཕོད་པར་བསྟན་པས་སྒོམ་ལམ་ཆུང་ངུ་དང༌། བྱང་ཆུབ་ནས་འཇིག་རྟེན་གསུམ་ན་མེད་ཅེས་པའི་ཤླཽ་ཀ་གཅིག་གིས་འབྲིང་དང༌། བསོད་ནམས་ནས། ཡོངས་སུ་འཛིན་ཞེས་པའི་ཤླཽ་ཀ་གཅིག་གིས་སྒོམ་ལམ་ཆེན་པོ་བསྟན་ལ། གསོབ་དང༌། ཡ་མ་བརླ་དང༌། སྙིང་པོ་མེད་གསུམ་རྣམ་ཐར་སྒོ་གསུམ་ལ་སྦྱར་ཞིང༌། ཡ་མ་བརླ་ནི་སྙིང་པོ་མེད་པའི་བརྡ་རྙིང་དུ་གསུངས་པའང་ཡོད་གསུང༌། གྲངས་ཀྱི་རྩོད་ལན་ནི། དེ་ལྟར་སྒོམ་ལམ་གྱི་གྲངས་དགུར་བཤད་པ་མི་འཐད་དེ། གྲངས་མེད་པ་ཡོད་པའི་ཕྱིར། དེའི་འབྲས་བུ་བསོད་ནམས་ལ་གྲངས་མེད། གཞལ་མེད་ཚད་མེད་གསུམ་མདོ་ལས་གསུངས་པའི་ཕྱིར་དང༌། འབྲས་བུ་ནི་རྒྱུ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར། ཞེས་རྩོད་པ་འགོད་ཚུལ་ནི། ཡོངས་གྲགས་ལྟར་དང༌། ཡང་ཕར་ཕྱིན་རྟོག་གེ་སྣང་བར་རྒྱུ་གཅིག་ལས་འབྲས་བུ་དུ་མ་མི་འབྱུང་བར་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་སུའང་མེད་པས་རྩོད་པ་དེ་ལྟར་འགོད་པ་མི་འཐད་ལ། འོ་ན་ཇི་ལྟར་འགོད་ན། འབྲས་བུ་གྲངས་མེད་པ་ཡོད་ན་རྒྱུ་སྒོམ་ལམ་གྱིས་སྤང་བྱ་རྣམ་རྟོག་གྲངས་མེད་པ་སྤོང་དགོས་པས་སྤང་བྱའང་གྲངས་མེད་པ་ཡོད་དགོས་ལ། དེ་ལྟར་ན་སྒོམ་ལམ་གྲངས་མེད་ཡོད་པར་འགྱུར་བས་དགུར་བཤད་པ་མི་འཐད་ཅེས་རྩོད་ཚུལ་ཅིག་གསུངས་ལ། འོན་ཀྱང་གསེར་ཕྲེང་རྣམ་བཤད་སོགས་ཀྱིས་སྔ་མ་ལྟར་བྱས་གསུང༌། དེ་ལྟར་དོགས་པ་ཁོངས་ནས་བསུས་ཏེ། ལན་ནི། གྲངས་མེད་ལ་སོགས་བསྟན་པ་རྣམས། །ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། འདིའི་དོན་དང་ཀུན་རྫོབ་ནི་དབུ་མའི་ལུགས་ཀྱི་རིགས་ཤེས་ཀྱི་དཔྱད་བཟོད་ལ་དོན་དམ་དང༌། ཐ་སྙད་ལ་ཀུན་རྫོབ་ཏུ་བྱས་ཚུལ་གཅིག་དང༌། བྱེ་སྨྲ་སོགས་ཀྱིས་རྫས་ལ་རང་མཚན་དང༌། ལྡོག་པ་ལ་སྤྱི་མཚན་དུ་བྱས་པའི་བཤད་ཚུལ་གཅིག་དང་གཉིས་ཡོད་པས་སྔ་མའང་གཏན་ནས་མི་འཐད་པ་མ་ཡིན་ན་ཡང་གཙོ་བོ་ཕྱི་མ་དང༌། རང་སྤྱིའི་དབང་དུ་བྱས་པ་དེ་ཡིན་པས་འབྲས་བུ་གྲངས་མེད་སོགས་སྐྱེད་བྱེད་ཀྱི་རྒྱུ་སྒོམ་ལམ་རེ་ཡོད་ཀྱང༌། དེ་དག་ལོག་པའམ་ལྡོག་པ་ཐ་དད་པ་ཙམ་ཡིན་གྱི། ངོ་བོ་ཐ་དད་པའམ་རྫས་ཐ་དད་པ་མེད་པས་གྲངས་མང་བར་ཐལ་བའི་སྐྱོན་མེད་དེ། སྒྲ་རྟོག་སེལ་འཇུག་ཡིན་པས། མི་རྟག་པ་ཞེས་བརྗོད་པས་ལོག་པ་རྒྱུ་རྐྱེན་གྱིས་འདུ་མ་བྱས་བཀག་ནས། འདུས་བྱས་བསྒྲུབ་མི་དགོས་པ་དང༌། འདུ་བྱས་ཞེས་བརྗོད་པས་ལོག་པ་རྟག་པ་བཀག་ནས་མི་རྟག་པར་སྒྲུབ་དོན་མེད་ལ། དེས་ན་ལོག་པ་ཐ་དད་དམ་ལྡོག་པ་ཐ་དད་ཙམ་ཡིན་པས་བུམ་པ་གཅིག་གི་གོ་སར་མི་རྟག་པར་གྱུར་པའི་བུམ་པ་དང༌། བྱས་པར་གྱུར་པའི་བུམ་པ་སོགས་ཡོད་ཀྱང༌། དེའི་གོ་སར་བུམ་པ་མང་པོ་ཡོད་མི་དགོས་པ་བཞིན་ཡིན་གསུང༌། གྲངས་མེད་གཞལ་མེད། ཚད་མེད་གསུམ་གྱི་དོན་གསེར་འཕྲེང་ལས་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་སུ་གྲངས་མེད་པ་དང༌། དུས་གསུམ་དུ་གཞལ་དུ་མེད་པ་དང༌། གང་ཟག་སུས་ཀྱང་འདི་ཙམ་ལས་སྒྲ་མེད་ཅེས་བཟུང་བར་མི་ནུས་པར་གསུངས་པས་དང་པོ་གཉིས་ཀྱི་དོན་ཅུང་དཀའ་བར་སྣང་བས། འཁོར་འདས་གཉིས་འདུས་བྱས་དང་འདུས་མ་བྱས་སུ་བཤད་པ་གསུང་རབ་སྤྱིའི་ཐ་སྙད་དུ་འདུག་པས་འདིར་ཡང་མངོན་མཐོ་དང་ངེས་ལེགས་ཀྱིས་བསྡུས་པའི་འབྲས་བུ་འདུས་བྱས་དང་འདུས་མ་བྱས་སུ་གྲངས་མེད་པ་དང༌། སྒོམ་ལམ་གྱི་འབྲས་བུ་འདི་ཚུན་ཆད་དུ་བྱུང་ལ་དེ་ཕན་ཆད་དུ་མ་བྱུང༌། མ་འོངས་པ་ནའང་དེ་ཕན་ཆད་དུ་མི་འབྱུང་ཞེས་ཚད་བཟུང་བར་མི་ནུས་པས་དུས་གསུམ་དུ་གཞལ་དུ་མེད་པ་ཞེས་དགོས་སམ་སྙམ་གསུང༌། གསུམ་པ་ནི་སོར་གཞག་ལྟར་གོ་སླ། འོ་ན་གྲངས་མེད་པ་སོགས་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། བྱིས་པའི་སྐྱེ་བོ་རྣམས་ལ་འབྲས་བུ་དེ་ལྟར་བསྟན་པས་དེ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །
སྒོམ་ལམ་གྱི་བྱེད་པའི་རྩོད་ལན་ལ་དོན་དམ་དང་ཀུན་རྫོབ་ཀྱི་དབང་དུ་བྱས་པ་གཉིས་ལས་དང་པོའི་རྩོད་པ་ནི། དངོས་པོ་བརྗོད་དུ་མེད་པ། ཞེས་སོགས་ཤླཽ་ཀ་གཅིག་གིས་དོན་དམ་པར་བྱེད་ན་སྒྱུ་མའི་གླང་པོ་གསོད་མི་ནུས་པ་བཞིན་དུ་མི་མཐུན་ཕྱོགས་ཉམས་པ་དང་གཉེན་པོ་གོང་འཕེལ་དུ་འགྲོ་བ་མི་འཐད་ཅེས་བརྩད་པའི་ལན་དུ། བྱང་ཆུབ་ཇི་ལྟ་ཞེས་སོགས་ཀྱི་ཤླཽ་ཀ་གཅིག་གིས་དོན་དམ་པར་ཉམས་པ་དང་འཕེལ་དུ་མི་རུང་བར་ཁོ་བོ་ཡང་འདོད་ལ། ཀུན་རྫོབ་ཏུ་རྒྱུ་ཚོགས་གཉིས་ལས་ཐ་སྙད་པས་འབྲས་བུ་སྐུ་གཉིས་ཐ་སྙད་པ་ཐོབ་ནས། གཞན་གྱི་དོན་ཐ་སྙད་པ་བྱེད་པར་འཐད་པས་ན་ཁྱབ་མེད་ཀྱི་ལན་བཏབ་པ་ཡིན་གསུང༌། དོན་དམ་གྱི་དབང་དུ་བྱས་པའི་བྱེད་པའི་རྩོད་ལན་དེ་ཉིད་སྡུད་པར་འཆད་པའི་ཚེ། སངས་རྒྱས་ཀྱིས་བཤད། ཅེས་སོགས་ཤླཽ་ཀ་གཉིས་བྱུང༌། དེའང་ཤླཽ་ཀ་དང་པོས་དོན་དམ་པར་ན་ཉམས་འཕེལ་མི་རུང་བའི་རྩོད་པ་བཀོད་ནས། ཤླཽ་ཀ་གཅིག་གིས་བདེན་པར་གྲུབ་ན་སྔ་ཕྱི་འབྲེལ་མེད་དོན་གཞན་དུ་འགྲོ་བས་བྱང་ཆུབ་ཐོབ་པ་སོགས་མི་འཐད་ལ། དོན་དམ་པར་མེད་པའི་རྒྱུ་མཚན་གྱིས་སྔ་མའི་ཤུགས་ཕྱི་མ་ལ་བརྒྱབ་སྟེ་བླ་མེད་བྱང་ཆུབ་ཐོབ་པར་ནུས་པས་ཀུན་རྫོབ་ཏུ་ཁྱབ་པ་མེད་པར་མ་ཟད་འགལ་ཁྱབ་ཀྱི་ལན་བཏབ་བོ། །ཀུན་རྫོབ་ཀྱི་དབང་དུ་བྱས་པའི་རྩོད་ལན་ནི། སེམས་ནི་སྔ་མས་ཞེས་སོགས་རྐང་པ་གཉིས་ཀྱིས་དེ་ལྟར་ཀུན་རྫོབ་ཏུ་འབྲས་བུ་སྐྱེད་པ་མི་འཐད་དེ། སེམས་སྐད་ཅིག་སྔ་ཕྱི་རེ་རེས་ཀྱང་མ་ཡིན། གསུམ་ག་དུས་མཉམ་དུ་ཚོགས་པས་ཀྱང་མ་ཡིན་པའི་ཕྱིར་ཞེས་པའི་རྩོད་པ་བཀོད་ནས། ལན་དུ་མར་མེའི་དཔེ་ཡིས་ཞེས་སོགས་རྐང་པ་གཉིས་ཀྱིས་དཔེར་ན་མར་མེ་སྐད་ཅིག་སྔ་མ་ཁོ་ནས་ཀྱང་སྡོང་བུ་རྫོགས་པར་མི་བསྲེགས་དུས་མཉམ་དུ་ཚོགས་པས་ཀྱང་མི་བསྲེགས་ལ། སྐད་ཅིག་གསུམ་ཕན་ཚུན་ལྟོས་པའི་སྒོ་ནས་བསྲེག་པ་བཞིན་དུ་རེ་རེ་ཁོ་ན་དང་དུས་མཉམ་དུ་ཚོགས་པས་མི་ཐོབ་ཀྱང་སྔ་ཕྱི་ཕན་ཚུན་ལྟོས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་འཐོབ་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་དབང་དུ་བྱས་པའི་བྱེད་པའི་ལན་དེ་ཉིད་སྡུད་པར་འཆད་པའི་ཚེ། འབྲུ་མར་སྙིང་པོ་ཞེས་སོགས་ཤླཽ་ཀ་ལྔ་བྱུང༌། མར་མེའི་དཔེ་ལ། ས་བོན་དང༌། ཆུ་ཐིགས་ཀྱི་དཔེ་གཉིས་ཀྱིས་ཁ་བསྐངས་ཏེ་བསྟན་ལ། དཔེར་ན་སིལ་སྡོང་ལྟ་བུའི་དང་པོ་མེ་ཏོག་ལ་གནོད་པ་མ་བྱས་ན་རྗེས་སུ་འགག་ཀྱང་འབྲས་བུ་སྐྱེ་ལ། དང་པོ་མེ་ཏོག་ལ་གནོད་པ་བྱས་ནས་འགག་ཀྱང་འབྲས་བུ་མི་སྐྱེ་བ་དེ་རྒྱུ་ལ་ལྟོས་པའི་རྟགས་ཡིན་གསུང༌། ཐལ་འགྱུར་བའི་ལུགས་ལ་སྐད་ཅིག་སྔ་མས་སྐྱེད་དམ་ཕྱི་མས་སྐྱེད་ཅེས་པའི་དཔྱད་པ་ཙམ་གྱིས་ཀྱང་དོན་དམ་གྱི་དཔྱད་པར་འགྲོ་ལ། དེར་མ་ཟད་རང་ལས་སྐྱེའམ་གཞན་ལས་སྐྱེ། རང་ལ་ལྟའམ་གཞན་ལ་བལྟ་བ་སོགས་མི་འཐད་པའི་རྒྱུ་མཚན་གྱིས་རང་རིག་མེད་དེ། དེ་མེད་པས་གཞན་རིག་ཀྱང་མེད་པ་ཡིན་གསུང༌། མར་མེའི་དཔེ་ཟབ་མོ་བརྒྱད་ལ་སྦྱར་བ་ཤིན་ཏུ་འཐད་ལ་དེ་ཡན་ཆད་ཀྱིས་ཁྱད་གཞི་སྒོམ་ལམ་བཤད་ནས། ཁྱད་ཆོས་སྒོམ་ལམ་གྱི་ཕྱིར་མི་ལྡོག་པའི་རྟགས་ནི། སྐྱེ་བ་དང་ནི་འགག་པ་དང༌། །ཞེས་སོགས་ཟབ་མོ་བརྒྱད་ཀྱིས་བསྟན་པ་ཡིན་གསུང༌། ཟབ་མོ་བརྒྱད་པོ་དེ་ཉིད་སྡུད་པར་འཆད་པའི་ཚེ། སྟོང་ཉིད་མཚན་མེད་ཅེས་སོགས་ཤླཽ་ཀ་གཅིག་བྱུང༌། འདིས་རྣམ་ཐར་སྒོ་གསུམ་གྱི་སྒོ་ནས་བསྟན།
༈ སྐུ་གསུམ་འགྲུབ་བྱེད་ཀྱི་སྦྱོར་བ་གསུམ་ལས། དང་པོ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ནི། སྦྱོར་མཐོང་སྒོམ་གསུམ་གྱི་སློབ་པ་ཕྱིར་མི་ལྡོག་པའི་རྟགས་བཤད་ཟིན་པའི་འོག་ཏུ་མི་སློབ་པའི་ལམ་བཤད་པ་དེ་འབད་རྩོལ་རགས་པ་ཞི་བས་མི་སློབ་ལམ་རྗེས་མཐུན་པ་ཡིན་ན། ཕྱིར་མི་ལྡོག་པའི་སྒོམ་ལམ་ཆུང་ངུ་སྐོར་གསུམ་དུ་འདུས་པས་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། སྔ་མ་སློབ་ཚུལ་གྱི་སྒོ་ནས་བཤད། ཕྱི་མ་འདི་སྐུ་གསུམ་གྱི་འབྲས་བུའི་ལྡོག་ཆ་ནས་བསྟན་པས་འགལ་མི་དགོས་ཞེས་མཚམས་སྦྱར་ནས། ཆོས་ལོངས་སྤྲུལ་གསུམ་གྱི་ཆོས་སྐུ་ལ་ཡེ་ཤེས་དང༌། ངོ་བོ་ཉིད་སྐུ་གཉིས་ཡོད་པས། ཡེ་ཤེས་ཆོས་སྐུ་ནི་སྲིད་ཞི་མཉམ་ཉིད་དུ་མངོན་སུམ་དུ་གཟིགས་པ་མཐར་ཐུག་པ་ཞིག་ལ་འཇོག་ཅིང༌། དེ་ཐོབ་པ་དེ་དང་རིགས་འདྲ་བ་རྒྱུའི་དུས་ནས་སྒོམ་དགོས་པ་དང༌། ངོ་བོ་ཉིད་སྐུ་ནི་སྲིད་ཞི་གཉིས་ལ་བདེན་ཞེན་ཟད་པ་ལ་འཇོག་ཅིང༌། བདེན་ཞེན་དེ་སྤོང་བ་ལ་དེའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་དགོས་པས་སྐུ་དེ་གཉིས་དང་རྣམ་པ་མཐུན་པའི་རྒྱུའི་དབང་དུ་བྱས་ཏེ་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་བཞག་པ་ཡིན་གསུང༌། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། རྨི་ལམ་བཞིན་དུ་དགེ་མི་དགེའི་ལས་ལམ་རྫོགས་པ་མེད་པར་ཐལ་བ་དང༌། སེམས་ནི་དམིགས་པ་དང་བཅས་པར་སྐྱེ་ཞེས་གསུངས་པའི་ལུང་དང་འགལ་བར་ཐལ་བ་དང༌། རྨི་ལམ་ནའང་ལས་ལམ་རྫོགས་པ་ཡོད་པར་ཐལ་བའི་རྩོད་པ་གསུམ་པོ་དེའི་ལན་ལ། དོན་དམ་དུ་ཡིན་ན་དེ་དང་དེ་མེད་པར་འདོད་ལན་དང༌། ཀུན་རྫོབ་ཏུ་ཡིན་ན་ཁྱབ་མེད་ཀྱི་ལན་བཏབ་པས། མངོན་ཞེན་གྱིས་གསོས་བཏབ་ན་རྨི་ལམ་དུའང་ལས་ལམ་རྫོགས་པ་ཡོད་པར་འདོད་པ་ལ། འོ་ན་ཧ་ཅང་ཐལ་ལོ་ཞེས་པའི་ལན་བྱམས་པ་ལ་ཁ་འཕངས་ཤིང༌། དོན་གྱིས་ལན་བཏབ་པའང་ཡིན་གསུང༌། འདིར་ལས་མེད་པའི་རྩོད་པ་དངོས་སུ་བསྟན་པས་དེའི་དབང་དུ་བྱས་ནས་མགོ་མཚུངས་ཀྱི་རིགས་པས་བཀག་པ་ཡིན་ལ། སྐད་ཅིག་མ་ཉིད་ཀྱིས་རྒྱུ་མེད་པར་འཇིག་པ་ཡིན་ལ་ཞེས་པའི་རིགས་པས་བཀག་པ་དང༌། རྒྱུ་ནི་འཇིག་པ་ཕྱིས་འབྱུང་གི་རྒྱུ་ལ་བྱེད་གསུང༌། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེ། །ཞེས་པའི་ལུང་གིས་བཀག་པ་ཡིན་ནོ། །དོམ་དམ་པར་སུས་ཀྱང་སུའང་བསད་པ་མེད་ཅེས་པ་འདི་དང༌། རྒྱུན་འཇིག་པ་དང་འགལ་བའི་དངོས་པོ་སྐྱེ་བ་ལ་ཞེས་པ་འདི་ཅུང་གོ་དཀའ་བར་འདུག་པས། འདིའི་དོན་དམ་ནི་བདེན་གྲུབ་ལ་འོང་དོན་མེད་ཅིང༌། དེའང་འདི་ཡིན་ཏེ། བྱེ་བྲག་སྨྲ་བ་ཁྱོད་ཀྱི་ལུགས་ལའང་ལས་མེད་པར་ཐལ། འཆི་བ་ནི་དེ་དང་མི་མཐུན་པའི་རྐྱེན་སོགས་དུ་མ་ཞིག་འདུས་པའི་སྟེང་ནས་འཇོག་དགོས་པས། གང་ལ་བཅོམ་དང་བློ་ཡིས་གཞན། །ཞེས་སོགས་ལྟར་ཁྱོད་ཀྱིས་འདོད་པའི་ཆ་མེད་ཀྱི་རྡུལ་ཕྲན་ཡན་གར་བ་ལྟ་བུའི་དོན་དམ་དེར་མ་གྲུབ་པའི་ཕྱིར་དང༌། ཡང་མདོ་སྡེ་པ་ཁྱོད་ཀྱི་ལུགས་ལའང་ལས་མེད་པར་ཐལ། ཤི་བ་ནི་ལུས་སེམས་རྟེན་བརྟེན་པའི་འབྲེལ་བ་ཆད་པའི་སྟེང་ནས་འཇོག་པས། ཚིགས་སོགས་ཀུན་བཏགས་དངོས་མེད་ནི། །ཞེས་སོགས་ལྟར་ཁྱེད་ཀྱིས་འབྲེལ་བ་དངོས་མེད་དུ་ཁས་བླངས་ཤིང་རང་གི་གྲུབ་མཐའ་ཡིན་པའི་ཕྱིར། འདི་དག་ལ་དཔྱད་དགོས་གསུང༌། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་དེ་ཉིད་སྡུད་པར་འཆད་པའི་ཚེ། དེ་ལྟར་སྤྱོད་པའི། ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། ཉན་རང་གི་འཇིགས་སྲེད་ལྟར་འཁོར་བ་ལ་བདེན་ཞེན་གྱིས་འཇིགས་ནས་སྐྲག་པ་མེད་པ་དང༌། བྱང་ཆུབ་ཏུ་ལུང་བསྟན་པ་ལ་བདེན་ཞེན་གྱིས་རློམ་སེམས་མེད་པར་སྤྱོད་པ་ནི་ཤེར་ཕྱིན་ལ་སྤྱོད་པ་ཡིན་ཞེས་པའི་དོན་ནོ། །ཞིང་དག་སྦྱོར་བ་ནི་སྣོད་བཅུད་གཉིས་ཀ་དག་པར་སྒྲུབ་པ་ཡིན་ལ། དེའང་གསེར་འཕྲེང་ལས། ཞིང་སྦྱོང་བ་ནི་རང་གི་སེམས་སྦྱོང་བ་ཡིན་ནོ་གསུངས་པ་ལྟར་མཎྜལ་འབུལ་བ་སོགས་ཞིང་དག་པའི་རྒྱུའི་གཙོ་བོ་ཡིན་ཞིང༌། ལོངས་སྐུ་ནི་གནས་འོག་མིན་ཁོ་ནར་བཞུགས་ཤིང༌། བཀྲེས་སྐོམ་དང་རྡོ་བ་ཚེར་མ་སོགས་ཀྱི་མིང་ཙམ་ཡང་མི་འབྱུང་བའི་ཞིང་གི་འབྱོར་བ་ཕུན་ཚོགས་ལ་ལོངས་སྤྱོད་པ་དང༌། མཐུན་སྣང་དུའང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་སྐུའི་རྣམ་པ་གཞན་དུ་མི་འགྱུར་བས་ན་ཞིང་དག་སྦྱོར་བ་ལོངས་སྐུ་འགྲུབ་བྱེད་ཀྱི་རྒྱུར་བཞག སྤྲུལ་སྐུ་ནི་དག་མ་དག་ཐམས་ཅད་དུ་གདུལ་བྱའི་དོན་མཛད་པས་དེ་འགྲུབ་བྱེད་དུ་མ་བཞག་པ་ཡིན་ལ། སྔགས་ཀྱི་སྐབས་སུ་ཐེག་པ་ཆེན་པོའི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྒོ་ནས་ལོངས་སྐུར་བཞག་པ་ཡིན་གསུང༌། ཞིང་དག་སྦྱོར་བ་དེ་ཉིད་སྡུད་པར་འཆད་པའི་ཚེ། འཇིག་རྟེན་དགོན་པའི་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། སྤྱིར་དགོན་པ་ནི་གྲོང་ལས་རྒྱང་གྲགས་འདས་པ་དང༌། མྱ་ངམ་གྱི་ཐང་ཆུ་སོགས་མེད་པའི་ཕྱོགས་ལ་འཇོག་ཚུལ་གཉིས་ཡོད་པ་ལས་འདི་ནི་ཕྱི་མ་སྟེ། དེ་ལྟ་བུའི་འབྲོག་དགོན་པར་མུ་གེས་མནར་བ་དང༌། ནད་ཀྱིས་གདུངས་པ་སོགས་མཐོང་ནས་སྐྲག་པ་མེད་ཅིང་རང་ཉིད་སངས་རྒྱས་པའི་ཞིང་དུ་འདི་ལྟ་བུའི་མིང་ཙམ་ཡང་མེད་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་པ་དང༌། སྙིང་རྗེས་དེ་དག་གི་ནང་དུ་ཕྱི་མའི་མུ་མཐར་ཡང་གནས་པ་ལ་མི་སྐྱོ་བར་རྐྱེན་ངན་ལམ་དུ་འཁྱེར་ཤེས་པའི་དོན་ནོ། །བཀའ་གདམས་པ་རྣམས་ཀྱིས་རྐྱེན་ངན་ལམ་དུ་འཁྱེར་གསུངས་པ་དེ་ཤེར་ཕྱིན་གྱི་མདོ་འདི་དག་ནས་གསུངས་པ་འདི་ཀ་ཡིན་གྱི་གཞན་གཅིག་མ་ཡིན་གསུང༌། བརྒྱད་སྟོང་པར་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅན་གཟན་གྱི་དགོན་པའི་ནང་དུ་སོང་ན་དངངས་པར་མི་བྱ། ཞེས་སོགས་ཀྱིས་འཆད།
ཐབས་མཁས་སྦྱོར་བ་ནི། ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་པ་གཉིས་ཐབས་མཁས་སྦྱོར་བ་བཅུའི་གྲངས་ལ་མི་འདྲེན་པར་སྤྱི་ལྡོག་ལ་བྱེད་དགོས་ཤིང༌། ཡུལ་ལ་བཅུ་ཡོད་པས་ཁ་ཅིག་དྲན་པ་ཉེར་གཞག་སོགས་སྡེ་ཚན་བདུན་གྱི་སྟེང་དུ་རྣམ་ཐར་སྒོ་གསུམ་བསྣན་ནས་བཅུ་ལ་བྱེད་པ་དང༌། ཁ་ཅིག་སྙོམས་འཇུག་དགུའི་སྟེང་དུ་སྟོབས་མ་འདྲེས་པ་སོགས་སངས་རྒྱས་ཀྱི་སའི་ཡོན་ཏན་བསྣན་པས་བཅུར་བྱེད་པའང་ཡོད་གསུང༌། རིག་པའི་གནས་ལྔ་སོགས་དག་མ་དག་གི་གདུལ་བྱ་རིགས་ཅན་གསུམ་གྱི་དོན་མཐའ་དག་སྒྲུབ་ཚུལ་ལ་མཁས་པ་ནི་ཡུལ་དང༌། དེ་ལྟར་ཤེས་ནས་ཀྱང་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་བར་མ་དོར་ཡང་དག་མཐའ་མངོན་དུ་མི་བྱེད་པའི་སྦྱོར་བ་ནི་སྙིང་རྗེའི་ལག་རྗེས་ལ་འོང་ཞིང༌། རྒྱུ་མཚན་དེས་ན་ཐབས་མཁས་སྦྱོར་བ་ནི་དག་མ་དག་གི་གདུལ་བྱའི་དོན་བྱེད་པའི་སྤྲུལ་སྐུ་འགྲུབ་བྱེད་ཀྱི་རྒྱུ་ལ་བཞག་པ་ཡིན་གསུང༌། ཐབས་མཁས་སྦྱོར་བ་སྤྱིར་དེ་ཉིད་སྡུད་པར་འཆད་པའི་ཚེ། བྱང་ཆུབ་སེམས་དཔའི་རྒྱལ་བའི་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། གདོད་ནས་སྟོང་པར་ཤེས་ཀྱང་སྙིང་རྗེའི་དབང་གིས་གདུལ་བྱའི་དོན་ལ་འཇུག་པས་རང་ཉིད་ཞི་བདེ་ལ་ཞུགས་ནས་གཞན་དོན་རྒྱུན་ཆད་པ་མེད་པས་སངས་རྒྱས་ཀྱི་ཆོས་ལས་ཉམས་པར་མི་འགྱུར་བའི་དོན་ནོ། །ཐབས་མཁས་སྦྱོར་བ་བཅུའི་དང་པོ་བདུད་ལས་འདས་པའི་དེ་ཡིན་ལ། དེའང་སྤྱིར་བདུད་བཞི་པོ་དེ་ནི་འཆི་བདག་གི་བདུད་ཀྱི་ནང་དུ་འདུ་བ་ཡིན་ཏེ། འཆི་བ་དེ་ལ་གང་དུ་འཆི་བ། གང་གིས་འཆི་བ། གང་འཆི་བ། འཆི་བ་ལས་མི་འདའ་བར་བྱེད་པ་བཞིར་བྱས་ནས། ཉེར་ལེན་གྱི་ཕུང་པོ་ཞིག་བླང་ཕྱིན་ཆད་དེར་རང་དབང་མེད་པར་འཆི་བས་གང་དུ་འཆི་བ་ཕུང་པོའི་བདུད་དང༌། ལས་ཉོན་གྱི་དབང་གིས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁོར་བའི་འཁོར་ལོ་བསྐོར་ཏེ་རང་དབང་མེད་པར་འཁྱམས་པར་འགྱུར་བས་གང་གིས་འཆི་བ་ཉོན་མོངས་པའི་བདུད་དང༌། འཆི་བ་གང་ཡིན་པ་འཆི་བདག་གི་བདུད། འཆི་བ་ལས་མི་འདའ་བར་བྱེད་པའི་རྒྱུ་ལྷའི་བུའི་བདུད་དང་བཞི་ཡོད་པའི་ཕྱིར། འཆི་བ་ནི་རྒུད་པ་སྤྱི་ལ་བྱས་ན་དེ་ལས་གྲོལ་བ་ལ་འཆི་བ་མེད་པ་ཞེས་བྱ་སྟེ། མདོ་ལས་མྱང་འདས་ཐོབ་པ་ལ་བདུད་རྩི་བརྙེས། ཞེས་གསུངས་པ་དེ། བདུད་རྩིའི་སྐད་དོད་ཨ་མྲྀ་ཏའི། མྲྀ་ཏ་འཆི་བ་དང༌། ཨ་དགག་ཚིག་ཡིན་པས་འཆི་བ་མེད་པ་བརྙེས་པའི་དོན་ཡིན་པའི་ཕྱིར། དགྲ་ལས་འདས་པའི་དེ་ཉིད་སྡུད་པར་འཆད་པའི་ཚེ། དཔེར་ན་སྐྱེས་བུ། ཞེས་སོགས་ཤླཽ་ཀ་གསུམ་བྱུང༌། གཞན་ཕྱོགས་ཕམ་པར་བྱེད་པ་དང༌། རང་ཕྱོགས་བསྲུང་བའི་ཐབས་ལ་མཁས་པའི་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་རང་གི་ཉེ་དུ་རྣམས་དགྲའི་ཕྱོགས་སུ་ཁྲིད་དེ་འགྲོ་བའི་ཚེ་ལམ་སྐབས་སུ་ཡལ་བར་མི་འདོར་བར་བདེ་བའི་གནས་སུ་སྐྱེལ་བ་ལྟར། བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་རྣམས་འཁོར་བའི་གནས་སུ་ཡལ་བར་མི་འདོར་བར་བདུད་བཞིའི་དགྲ་ལས་རྒྱལ་བར་བྱེད་པའི་དོན་ནོ། །གཉིས་པ་མི་གནས་པའི་དེ་འཆད་པར། མཁའ་ལ་རླུང་བརྟེན། ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། ནམ་མཁའ་ལ་རླུང་དང་ཆུ་དང་གསེར་གྱི་དཀྱིལ་འཁོར་གསུམ་དང༌། དེ་ལ་འགྲོ་བ་རྣམས་བརྟེན་པ་དང༌། མཐར་ནམ་མཁའ་སྟོང་པར་འཇིག་པ་བཞིན་དུ། སེམས་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་ཚུལ་མིན་ཡིད་བྱེད་ཀྱི་རླུང་དང༌། ལས་ཉོན་གྱི་ཆུ་དཀྱིལ་མིང་གཟུགས་ཀྱི་ཕུང་པོའི་ས་དཀྱིལ་ཆགས་པ་དང༌། མཐར་རྒ་ན་འཆི་བའི་མེ་གསུམ་གྱིས་ཆོས་ཉིད་ནམ་མཁའ་ལྟ་བུ་དེའི་ངང་ལ་ཞིག་པར་འགྱུར་བའི་སེམས་ཅན་གྱི་དོན་བྱེད་ཅིང༌། ཞི་བདེ་ལ་ཐུགས་མི་གཞོལ་ཡང་བདེན་ཞེན་གྱིས་གནས་པའང་མིན་ནོ། །ཤུགས་ཀྱིས་འཕངས་པའི་དེ་འཆད་པར། གང་གི་ཚེ་ནའང༌། ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། དཔེར་ན་བྱ་གཤོག་པ་གཉིས་ལྡན་ནམ་མཁའ་ལ་འཕུར་བ་དེར་མི་གནས་པ་དང༌། ས་ལ་མི་ལྟུང་བ་ལྟར། ཐབས་ཤེས་གཉིས་དང་ལྡན་པའི་དེ་བདེན་ཞེན་གྱིས་མི་གནས་ཀྱང༌། ཐེག་དམན་གྱི་ས་ལའང་མི་ལྟུང་ངོ༌། །ཐུན་མོང་མ་ཡིན་པའི་དེ་འཆད་པར། དཔེར་ན་འཕོངས་བསླབ། ཅེས་སོགས་ཤླཽ་ཀ་གཉིས་བྱུང༌། དཔེར་ན་འཕོངས་བསླབ་པའི་སྐྱེས་བུའི་མདའ་བཞིན་དུ་རྫོགས་སྨིན་སྦྱངས་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མི་བྱེད་དོ། །འདི་དག་ལ་ཁྱད་པར་ཅུང་ཟད་རེ་མ་གཏོགས་དོན་འདྲ་གསུང༌། འཛིན་པ་མེད་པའི་དེ་འཆད་པར། དཔེར་ན་དགེ་སློང་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། དཔེར་ན་དགེ་སློང་རྫུ་འཕྲུལ་ཅན་གྱིས་ནམ་མཁར་གནས་བཞིན་དུ་སྤྱོད་ལམ་བཞི་སྟོན་པ་ལྟར། འདི་སྟོང་པར་གནས་པས་འགྲོ་བའི་དོན་བྱེད་ཀྱང༌། ངལ་དུབ་མེད་པའི་ཕྱིར་རོ། །མི་དམིགས་པའི་དེ་འཆད་པར། དཔེར་ན་མི་འགའ། ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། གདུགས་གཉིས་བཟུང་སྟེ་མཆོངས་ན་གཡང་སར་ལྟུང་བར་མི་འགྱུར་བ་དེ་བཞིན་དུ། ཐབས་ཤེས་གཉིས་ཀྱི་གདུགས་བཟུང་བས་ཐེག་དམན་གྱི་གཡང་སར་ལྟུང་བར་མི་འགྱུར་བའི་དོན་ནོ། །མཚན་མ་མེད་པའི་དེ་འཆད་པར། དཔེར་ན་རིན་ཆེན་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། དེད་དཔོན་བཞིན་དུ་རང་ཉིད་ཞི་བདེ་ལ་དགའ་ནས་སེམས་ཅན་སྡུག་བསྔལ་གྱི་གནས་སུ་མི་འཇོག་པའི་དོན་ནོ། །སྨོན་མེད་ཀྱི་དེ་འཆད་པར། དཔེར་ན་དོན་གཉེར་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། ཚོང་པ་གཞན་ལ་ལམ་རྒྱུས་སྟོན་པར་བྱེད་ཀྱང་མི་གནས་པ་དེ་བཞིན་དུ། ཐེག་གསུམ་གྱི་རྟོགས་རིགས་ཀྱི་ཚུལ་ཐམས་ཅད་ཤེས་ཀྱང་དེ་ལ་མི་གནས་པའི་དོན་ནོ། །ཕྱིར་མི་ལྡོག་པའི་དེ་དང༌། ཚད་མེད་པའི་དེ་གཉིས་འཆད་པར། གང་ཚེ་འགྲོ་ལ་ནས། རིག་བྱ། སྐབས་བཞི་པའོ། །ཞེས་པའི་ཤླཽ་ཀ་གསུམ་བྱུང༌། གདུལ་བྱའི་ཁམས་དང་བསམ་པ་སོགས་མི་ཤེས་པ་དང༌། ཤེས་ཀྱང་དེ་ལ་སྟོང་པ་ཉིད་སྟོན་པར་མི་བྱེད་ན་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པ་ཡིན་ཞེས་ལྡོག་ཕྱོགས་སྒོས་ཚད་མེད་པའི་དེ་དང༌། དེ་ལྟར་ཤེས་ཤིང་བློ་དང་འཚམ་པར་སྟོན་པ་ལ་མཁས་པ་ནི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་ཡིན་ཞེས་མི་ལྡོག་པའི་ཐབས་ལ་མཁས་པའི་དེ་བསྟན་པ་ཡིན་གསུང་ངོ༌། །
༈ ཉམས་ལེན་སྦྱོར་བཞི་ལ་དབང་དུ་བྱེད་པ་རྒྱུ་འབྲས་དང་བརྟན་པ་རྒྱུ་འབྲས་གཉིས་ཡོད་པས། དབང་དུ་བྱེད་པའི་རྒྱུ་རྣམ་རྫོགས་སྦྱོར་བ་བཤད་ཟིན་ནས། གཉིས་པ་འབྲས་བུ་རྩེ་སྦྱོར་འཆད་པ་ལ། རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལ། ཞེས་སོགས་བྱུང༌། དེའང་མཁྱེན་གསུམ་གྱི་རྣམ་པ་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་སྒོམ་བྱུང་གིས་ཉམས་སུ་བླངས་པ་དེ་ཐོར་བུ་ཐོར་བུར་འབྲེལ་མེད་ལྟ་བུར་མ་སོང་བར་གཅིག་གྲོགས་སུ་གཅིག་འགྲོ་བར་བྱས་ཏེ་མཁྱེན་པ་གསུམ་གྱི་རྣམ་པ་དང༌། བདེན་པ་བཞིའི་འཇུག་ལྡོག་གི་སྒོ་ནས་རྣམ་པ་མ་ལུས་པ་རྫོགས་པར་སྒོམ་པས་རྟོགས་པ་གོང་འཕེལ་དུ་སོང་བའི་རབ་ཀྱི་མཐར་ཕྱིན་པའམ་རྩེ་མོའི་མངོན་པར་རྟོགས་པ་འབྱུང་བས་ན་དེའི་འོག་ཏུ་རྩེ་སྦྱོར་བཤད་ལ། རྩེ་སྦྱོར་ལའང་སྦྱོར་མཐོང་སྒོམ་གསུམ་དང་བར་ཆད་མེད་པའི་རྩེ་སྦྱོར་དང་བཞི་ཡོད་པའི་དང་པོ་ལའང་དྲོད་རྩེ་བཟོད་མཆོག་གི་རྩེ་སྦྱོར་བཞི་ལས། དང་པོ་དྲོད་རྩེ་སྦྱོར་ནི། རྟགས་སྔོན་དུ་བཤད་ནས་དེའི་རྗེས་སུ་རྩེ་སྦྱོར་རང་གི་ངོ་བོ་སྟོན་པ་མིན་ཡང་གདུལ་བྱས་གོ་སླ་བས་རྟགས་དེ་དང་དེ་འབྱུང་བའི་རྟགས་ཅན་རྩེ་སྦྱོར་ནང་གི་ངོ་བོ་མཚོན་ནས་འཕངས་པ་ཡིན་གསུང༌། དྲོད་རྩེ་སྦྱོར་ལ་རྟགས་བཅུ་གཉིས་ཡོད་ལ། རྣམ་བཤད་ལྟར་ན་དང་པོ་ལྔ་རྨི་ལམ་དང༌། དེ་ནས་གཉིས་སད་རྨི་གཉིས་ཀ་དང༌། དེ་ནས་ལྔ་སད་པའི་སྐབས་དང་སྦྱར་ལ་བུདྡྷ་ཤྲཱིས་དང་པོ་དྲུག་རྨི་ལམ་དང༌། དེ་ནས་གཉིས་སད་རྨི་གཉིས་ཀ་དང༌། དེ་ནས་བཞི་སད་པའི་སྐབས་ལ་སྦྱར། མདོ་ལས་དང་པོ་དྲུག་རྨི་ལམ་དང༌། བདུན་པ་སད་རྨི་གཉིས་ཀ་དང་སྦྱར་ལ་ལྷག་མ་ལ་ཁྱད་པར་མ་སྦྱར་རོ། །ཉིན་པར་ཆོས་ཐམས་ཅད་མིང་གིས་ཕར་བཏགས་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་གོམས་པས། རྨི་ལམ་ནའང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བལྟ་ཞིང་བདེན་ཞེན་དྲག་པོ་མི་འབྱུང་བ་སྟེ་འདི་ནི་ཤེས་རབ་ཀྱི་རྟོགས་པ་བརྟན་པའི་ལག་རྗེས་དང༌། ཉིན་པར་ཡང་ཐབས་ལ་གོམས་པས་རྨི་ལམ་ནའང་དམན་པའི་ཡིད་བྱེད་མི་འབྱུང་བ་སྟེ་འདི་ནི་ཐབས་ཀྱི་རྟོགས་པ་བརྟན་པའི་རྟགས་ཡིན་ལ། རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །ཞེས་སོགས་ལྟར། ཐེག་ཆེན་གྱི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཀྱི་གཙོ་བོ་དམན་པའི་ཡིད་བྱེད་ལ་འཇོག་དགོས་ཤིང༌། ཐབས་ཤེས་ཀྱི་རྟགས་གཉིས་གཙོ་བོ་ཡིན་གསུང༌། སྐྱབས་ཀྱི་ངོ་བོ་ལ་ཡིད་ཆེས་བརྟན་པས་རྨི་ལམ་ན་དེ་བཞིན་གཤེགས་པ་འཁོར་བརྒྱ་སྟོང་གིས་བསྐོར་བ་མཐོང་བ་དང༌། སྐྱབས་ཀྱི་ཡོན་ཏན་ལ་ཡིད་ཆེས་བརྟན་པས་རྨི་ལམ་ན་སངས་རྒྱས་དེ་དག་གིས་རང་ལ་ཆོས་སྟོན་པ་མཐོང་བ་དང༌། སྙིང་རྗེ་གོམས་པས་རྨི་ལམ་ན་གཞན་སྡུག་བསྔལ་ལས་བསྒྲལ་བའི་ཆོས་སྟོན་པ་དང༌། རྨི་ལམ་ན་དམྱལ་བ་སོགས་མཐོང་བས་མི་སྐྲག་ཅིང་རང་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་འདི་ལྟ་བུའི་མིང་ཙམ་ཡང་མི་གྲགས་པར་ཤོག་ཅིག་ཅེས་སྨོན་ལམ་འདེབས་ཤིང་སད་པའི་ཚེ་ན་རྗེས་སུ་དྲན་ཏེ། སྣོད་བཅུད་དག་པའི་རྒྱུ་ལ་འབད་པའོ། །རྟགས་གཉིས་པ་ཐབས་ཀྱི་རྟོགས་པ་བརྟན་པའི་དེ་ཉིད་སྡུད་པར་འཆད་པའི་ཚེ། དགྲ་བཅོམ་པ་དག་ཅེས་སོགས་རྐང་པ་གཉིས་བྱུང༌། ཉན་ཐོས་དགྲ་བཅོམ་དང་རྐྱེན་རྟོགས་རང་རྒྱལ་གྱི་ས་ལ་རྨི་ལམ་དུ་འདོད་པ་མི་བསྐྱེད་ན་ཁམས་གསུམ་གྱི་ཡོན་ཏན་ལྟ་ཅི་སྨོས་ཞེས་པའི་དོན་ནོ། །
སངས་རྒྱས་མཐོང་བའི་དེ་དང་ཆོས་སྟོན་པའི་དེ་གཉིས་འཆད་པར། སངས་རྒྱས་རྣམས་མཐོང་ཞེས་སོགས་རྐང་པ་གཉིས་བྱུང༌། ངན་སོང་སྤོང་བ་རྗེས་སུ་དྲན་པའི་དེ་འཆད་པར། རྨི་ལམ་ན་ནི་ཞེས་སོགས་རྐང་པ་གཉིས་བྱུང༌། རྟགས་དང་པོ་བརྒྱད་ནི། བརྒྱད་སྟོང་པར་འཆད་པའི་ཚེ། རབ་འབྱོར་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོའི་རྨི་ལམ་གྱི་ནང་ན་ཡང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡང་དག་པར་ལྟ་ཞིང༌། ཞེས་པ་ནས་ལེའུ་ཉི་ཤུ་པའོ། །ཞེས་པའི་བར་གྱིས་རྒྱས་པར་བསྟན་ལ། འདིར་རང་ལ་འཁོར་བརྒྱ་སྟོང་གིས་བསྐོར་བ་སོགས་འགྲེལ་ཆེན་ལས་སྔར་ལྟར་བཤད་གསུང༌། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོག་པའོ། །ཞེས་པ་ཡན་ཆད་ཀྱིས་ཐབས་མཁས་སྦྱོར་བ་རྫོགས་ཀྱང་ཐབས་མཁས་ཀྱི་ལེའུའི་བར་དུ་རྟགས་འདི་དག་བཤད་འདུག་པས་མཚམས་འབྱེད་དཀའ་བར་སྣང་ཡང་འདིར་སྐབས་བཞི་པ་དང་ལྔ་པ་གཉིས་ཀྱི་མཚམས་སོ་སོར་ཕྱེ་སྟེ་གསལ་བར་བཤད་པས་འདི་འདྲ་རེའི་སྟེང་ནས་སྦས་དོན་གསལ་བར་བྱས་ཚུལ་འཇོག་དགོས་གསུང༌། གྲོང་ཁྱེར་མེས་ཚིག་པ་བདེན་ཚིག་བརྗོད་མ་ཐག་ཞི་བར་བྱེད་པའི་དེ་དང༌། གནོད་སྦྱིན་སོགས་ཀྱིས་གཞན་གྱི་ཡིད་བརླམ་པར་བྱས་ཏེ་གནོད་པ་བྱེད་པ་བདེན་ཚིག་བརྗོད་མ་ཐག་ཞི་བར་བྱེད་པ་སྟེ། ཕྱེད་མ་ལས་མ་ཞི་བ་ནི་བྱང་སེམས་རང་ཉིད་ཀྱི་སྔོན་གྱི་ཆོས་སྤོང་གི་ལས་ཀྱི་ལྷག་མ་ལུས་པའི་རྣམ་སྨིན་དུ་བརྒྱད་སྟོང་པར་གསུངས་ལ། ཉི་ཁྲི་ལས་ཡུལ་མི་དགེ་བའི་མཐོང་ཆོས་ཀྱི་ལས་ཀྱི་རྣམ་སྨིན་དུ་གསུངས་ཀྱང་གང་ཟག་གཉིས་ཀའི་ལས་ཀྱི་རྣམ་སྨིན་གྱི་ཆ་ཡོད་པས་མདོ་གཉིས་ཀ་སྒྲ་ཇི་བཞིན་དུ་ཁས་བླངས་ཆོག་གསུང༌། སྔ་མ་སེམས་ཅན་མ་ཡིན་པའི་འབྱུང་བ་དང༌། ཕྱི་མ་སེམས་ཅན་གྱི་གནོད་པའི་དབང་དུ་བྱས་པ་ཡིན་གསུང༌། དེ་གཉིས་སྡུད་པར་འཆད་པའི་ཚེ། བདེན་པའི་བྱིན་གྱིས་ཞེས་སོགས་ཤླཽ་ཀ་ཕྱེད་དང་གཉིས་བྱུང༌། དེ་ལྟར་ཞི་བ་ལའང་ཕྱིར་མི་ལྡོག་པའི་རྟགས་ཡིན་མིན་གྱི་མུ་བཞི་ཡོད་དེ། ང་རྒྱལ་དང་རློམ་སེམས་མེད་པར་ཞི་བ་དེ་ཕྱིར་མི་ལྡོག་པའི་རྟགས་ཡིན་ལ། བདུད་ཀྱི་མཐུས་ཞི་བ་དེ་མིན་པ་དང༌། ཆ་འགའ་རེ་ཞི། ཆ་འགའ་རེ་མ་ཞི་བ་ནི་གཉིས་ཀ་ཡིན་པ་དང༌། ལྡོག་པ་ནི་གཉིས་ཀ་མིན་པའོ། །གྲོང་ཁྱེར་མེས་ཚིག་པ་ཞི་བ་དང༌། གནོད་པ་རྟགས་དེ་གཉིས་ལས་འཕྲོས་ནས་མི་ལྡོག་པའི་རྟགས་མ་ཡིན་པ་དེ་སྡུད་པར་འཆད་པའི་ཚེ། ཅི་སྟེ་དེ་ནི། ཞེས་སོགས་ཤླཽ་ཀ་བརྒྱད་བྱུང༌། དེའང་དེ་ལྟར་བདེན་ཚིག་གིས་ཞི་བའི་ཚེ་བདག་ལུང་བསྟན་པར་འདུག་སྙམ་དུ་རློམ་སེམས་བྱེད་ཅིང་བྱང་སེམས་གཞན་ལ་བརྙས་པར་བྱེད་ན་དེ་བདུད་ཀྱི་ལས་སུ་ཤེས་པར་བྱ་བ་ཤླཽ་ཀ་དང་པོའི་དོན་ནོ། །དེ་འདྲའི་བྱང་སེམས་ལ་བདུད་ཀྱིས་ཀྱང་གླགས་རྙེད་པར་ཤེས་ནས་བྱང་སེམས་དེའི་ཕ་མ་སོགས་བདུན་བརྒྱུད་ཚུན་ཆད་དང་སྐྱེ་བ་སྔ་མ་སོགས་ཀྱི་མིང་ལུང་བསྟན་ནས་ཡིད་ཆེས་པར་བྱས་ཏེ། མ་འོངས་པ་ནའང་ཁྱོད་སངས་རྒྱས་པའི་མིང་འདི་ཡིན་ཞེས་བརྗོད་པའི་ཚེ་འདས་པའི་དེ་དག་བདེན་པས་མ་འོངས་པ་ལུང་བསྟན་པའང་བདེན་པར་འདུག་སྙམ་དུ་རློམ་པར་བྱེད་པ་དེ་ནི་བདུད་ཀྱིས་བསླད་པ་དང་བློ་གྲོས་ཆུང་བར་རིག་པར་བྱའོ། །ཞེས་པ་ནི་ཤླཽ་ཀ་གཉིས་པའི་དོན་ནོ། །སྤྱིར་དབེན་པ་ལ་ཕྱི་འདུ་འཛི་ལས་དབེན་པ་དང༌། ནང་རྣམ་གཡེང་གིས་དབེན་པ་གཉིས་ཡོད་པའི་ནང་ནས། བྱང་སེམས་ལ་ཐེག་ཆེན་ལས་གཡེང་བར་བྱེད་པའི་དམན་པའི་ཡིད་བྱེད་ཀྱིས་དབེན་པ་དེ་གཙོ་བོ་ཡིན་པས་དེ་མེད་པར་ནགས་ཁྲོད་ན་གནས་པ་དེ་གྲོང་ན་གནས་པའི་བྱང་སེམས་གཞན་ལ་སྨོད་པར་བྱེད་པ་ནི་བདུད་ཀྱིས་བསླད་པ་ཡིན་ལ། གྲོང་ན་གནས་ཀྱང་དམན་པའི་ཡིད་བྱེད་དང་མ་འདྲེས་པར་སེམས་ཅན་སྨིན་པར་བྱེད་པ་ནི་རྒྱལ་སྲས་ཀྱི་དབེན་པར་གསུངས་པ་དང༌། རྫ་རི་མཐོན་པོར་གཅིག་པུར་ང་རྒྱལ་གྱིས་གནས་ཀྱང་དམན་པའི་ཡིད་བྱེད་དང་འདྲེས་པར་གནས་པ་དང༌། འགྲོ་དོན་བརྩོན་པའི་བྱང་སེམས་གཞན་ལ་བརྙས་པར་བྱེད་པ་དེ་ལ་རྒྱལ་བ་མི་དགྱེས་པར་མ་ཟད་སྨད་པའི་གནས་སུ་གསུངས་པ་ནི་ཤླཽ་ཀ་བཞི་པའི་དོན་ནོ། །འོ་ན་གཅིག་པུར་བསྡད་པ་དེ་དབེན་པ་མིན་ན་དབེན་པ་ནི་གང་ཞེ་ན། གྲོང་ངམ་དགོན་པར་གནས་ཀྱང་རུང་དམན་པའི་ཡིད་བྱེད་དང་མ་འདྲེས་པར་འགྲོ་དོན་བྱེད་པ་དེ་ནི་རྒྱལ་བས་བསྔགས་པའི་དབེན་པར་གནས་པ་ཡིན་གསུངས་པ་ནི་ཤླཽ་ཀ་གཅིག་གི་དོན་ནོ། །རྟགས་བདུན་བརྒྱད་གཉིས་ཀྱི་འཕྲོས་དོན་དེ་ཉིད་བརྒྱད་སྟོང་པར་འཆད་པའི་ཚེ། རབ་འབྱོར་ཡང་དེ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཚིག་འདི་སྐད་དུ་སྨྲ་བར་འགྱུར་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་ཞེས་པ་ནས་བདུད་ཀྱི་ལས་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པའོ་ཞེས་པའི་བར་གྱིས་འཆད། དགེ་བའི་བཤེས་གཉེན་བསྟེན་པའི་དེ་སྡུད་པར་འཆད་པའི་ཚེ། དེ་ལྟ་བས་ན། ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། དེ་ལྟར་རྟགས་དང་རྟགས་མ་ཡིན་པའི་མཚམས་རང་སྟོབས་ཀྱིས་ངེས་པར་འབྱེད་མི་ནུས་པས་གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱའོ། །བཤེས་གཉེན་དེའི་ཡོན་ཏན་ཇི་ལྟ་བུ་ཞེ་ན། རང་ཉིད་ལ་ཡོན་ཏན་ཐམས་ཅད་བརྙེས་པའི་བཤེས་གཉེན་ནི་ཕྱིའི་ཡོངས་འཛིན་དང༌། ཐབས་ཤེས་ཁྱད་པར་ཅན་གཉིས་ཚང་བའི་ཕར་ཕྱིན་ནི་ནང་གི་ཡོངས་འཛིན་གྱི་དབང་དུ་བྱས་ལ། འབྱུང་པོ་དཔག་མེད་འཇིགས་པར་བྱེད། །ཅེས་སོགས་ལྟར། དཔལ་འབྱོར་ཐམས་ཅད་ས་ལ་བརྟེན་ནས་འབྱུང་བ་བཞིན་དུ། ཆོས་དང་ཆོས་མ་ཡིན་པ་སྟོན་པར་བྱེད་པའི་དགེ་བའི་བཤེས་གཉེན་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་ཚོགས་ཐམས་ཅད་འབྱུང་ཞིང༌། ནང་གི་ཡོངས་འཛིན་གྱིས་སྲིད་ཞིའི་མཐའ་བཀག་སྟེ་མི་གནས་པའི་མྱང་འདས་སུ་འཁྲིད་པར་བྱེད་དོ། །བརྒྱད་སྟོང་པ་ལས། བམ་པོ་བཅུ་དགུ་པ། དེ་ནས་ཡང་བཅོམ་ལྡན་འདས་ཞེས་པ་ནས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་གུས་པར་བྱ། ཞེས་སོགས་ཀྱིས་བཤད། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྟོན་པའོ་ལམ་མོ་ཞེས་པ་སྦྱོར་ལམ་དྲོད་དང༌། སྣང་བའོ་སྒྲོན་མའོ། །འོད་དོ་ཞེས་པ་གསུམ་ནི་སྣང་བ་མཆེད་པའི་ཏིང་ངེ་འཛིན་སོགས་གསུམ་དང༌། ཕ་རོལ་ཏུ་ཕྱིན་པ་སྐྱོབ་པའོ་ཞེས་སོགས་དྲུག་ནི་རིམ་བཞིན་ས་དྲུག་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །ཞེས་པ་དང་རྟོགས་པ་དང་སོགས་བཞི་ནི་ས་བདུན་པ་སོགས་བཞི་ལ་སྦྱོར་ཞིང༌། དེའང་ལམ་མཁན་གྱིས་ཁྲིད་དེ་བགྲོད་བྱེད་དངོས་ནི་རང་གི་རྐང་པ་ཡིན་པ་ལྟར། ཕྱིའི་ཡོངས་འཛིན་གྱིས་ལམ་བསྟན་ཏེ་ཐབས་ཤེས་ཁྱད་པར་ཅན་གྱི་ནང་གི་ཡོངས་འཛིན་གྱིས་སངས་རྒྱས་ཀྱི་སར་བགྲོད་པ་ཡིན་གསུང༌། ཤེར་ཕྱིན་ལ་སློབ་པའི་རྟགས་དེ་སྡུད་པར་འཆད་པའི་ཚེ། རྒྱལ་བ་འདས་དང༌། ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། སྒྲོན་མ་དང་སྣང་བ་སོགས་བརྒྱད་སྟོང་པར་བཤེས་གཉེན་གྱི་མཇུག་ཏུ་སྦྱར་ཞིང༌། སྡུད་པར་འདི་ལ་སྦྱར་འདུག་པ་འགྱུར་གྱི་ཁྱད་ཅིག་ཡིན་ནམ་གསུང༌། དོན་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཤེར་ཕྱིན་ལ་བརྟེན་ནས་བྱུང་བའོ། །བརྒྱད་སྟོང་པར་དེ་ཅིའི་ཕྱིར་ཞེ་ན། ནས། རབ་འབྱོར་འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་ཞེས་སོགས་ཀྱིས་འཆད། མངོན་པར་ཞེན་པ་མེད་པའི་རྟགས་དེ་སྡུད་པར་འཆད་པའི་ཚེ། དེ་ལྟར་ཤེས་རབ་ཕ་རོལ་ཞེས་སོགས་ཤླཽ་ཀ་བཞི་བྱུང༌། དོན་ནི་དུག་མ་ཟོས་ཀྱང་ཟོས་པར་འདུག་སྙམ་དུ་བདེན་པར་བཟུང་ནས་སྐྲན་ཞུགས་པའི་ལོ་རྒྱུས་ལྟར། བདག་མེད་བཞིན་དུ་བདག་དང་བདག་གིར་བཟུང་སྟེ་ལས་བསགས་ཏེ་ཉོན་མོངས་པའམ་སྡུག་བསྔལ་འབྱུང་བར་འགྱུར་བས་བདག་དང་བདག་གི་བར་ལྟ་མི་རུང་ཞིང་མི་དམིགས་པའི་སྒོ་ནས་ཤེར་ཕྱིན་ལ་བསླབ་པར་བྱའོ། །དེ་ལྟར་ན་ཕྱིར་མི་ལྡོག་པའི་རྟགས་དགུ་དངོས་སུ་ཚིག་ཟིན་ལ་བསྟན་པ་ཡིན་གསུང༌། མངོན་ཞེན་མེད་པའི་རྟགས་བརྒྱད་སྟོང་པ་ལས་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ལགས་ཞེས་སོགས་ཀྱིས་འཆད། བྱང་ཆུབ་ཉེ་བའི་དེ་བཅོམ་ལྡན་འདས་ནས་འཇིག་རྟེན་གྱིས་མི་བརྫི་བར་འགྱུར་རོ། །ཞེས་སོགས་ཀྱིས་འཆད་གསུང༌། རྩེ་མོའི་རྩེ་སྦྱོར་ནི་རྣམ་འཕེལ་བཅུ་དྲུག་གི་སྒོ་ནས་བཤད་པ་ཡིན་ལ། དེའང་དོན་བསྡུས་སྒྲོན་མེར་རྩེ་མོའི་རྩེ་སྦྱོར་རྣམ་འཕེལ་བཅུ་དྲུག་པོ་ཡིན་པས་བཅུ་དྲུག་གཅིག་ཅར་སྐྱེ་བར་བཤད་པ་མི་འཐད་དོ། །རང་ལུགས་ལ་རྣམ་འཕེལ་བཅུ་དྲུག་པོ་སྦྱོར་ལམ་རྩེ་སྦྱོར་གོང་འཕེལ་དུ་སོང་བའི་གནས་སྐབས་ལ་འཇོག་པས་སྔ་ཕྱིར་སྐྱེ་བ་ཡིན་ལ། འགྲེལ་པ་འདིར་ཡང་གོང་ནས་གོང་དུ་ཁྱད་པར་འཕགས་པ་ཞེས་སོགས་ཀྱིས་ཀྱང་རིམ་ཅན་དུ་སྐྱེ་བར་འགྲུབ་གསུང༌། རྣམ་འཕེལ་དང་པོ་སྡུད་པར་འཆད་པའི་ཚེ། འཛམ་བུའི་གླིང་ན་ཞེས་སོགས་ཤླཽ་ཀ་བཞི་བྱུང༌། བུདྡྷ་ཤྲཱིའི་སྡུད་འགྲེལ་ལྟར། འཇུག་པར་བྱ་ཡན་ཆད་ཀྱི་ཤླཽ་ཀ་དང་པོ་གཉིས་ཀྱིས་རྣམ་འཕེལ་དང་པོ་དང༌། དེ་ནས་ཤླཽ་ཀ་གཉིས་ཀྱིས་གཉིས་པ་དང༌། ཡང་གཉིས་ཀྱིས་རྣམ་འཕེལ་གསུམ་པ་བསྟན་པར་འདོད་ལ། འཛམ་གླིང་སོགས་སྟོང་གསུམ་གྱི་སེམས་ཅན་གྱིས་སངས་རྒྱས་ལ་མཆོད་པ་པས་ཤེར་ཕྱིན་ལ་བརྩོན་པ་བསོད་ནམས་ཆེ་བ་ཤླཽ་ཀ་དང་པོ་གཉིས་ཀྱི་དོན་དང༌། ཤེར་ཕྱིན་གཅིག་པུས་ཆོག་གམ་ཞེ་ན། གཞན་སྡུག་བསྔལ་ལས་སྒྲོལ་བའི་དམིགས་མེད་ལ་དམིགས་པའི་སྙིང་རྗེས་ཟིན་པར་བྱས་ཏེ་ཐབས་ཤེས་ཚང་བར་སློབ་དགོས་པ་ནི་ཤླཽ་ཀ་ཕྱི་མ་གཉིས་ཀྱི་དོན་ནོ། །འཛམ་བུའི་གླིང་ན་ཞེས་སོགས་ཀྱི་དོན་བརྒྱད་སྟོང་པར། རབ་འབྱོར་ཡང་གལ་ཏེ་འཛམ་བུའི་གླིང་ན་ཞེས་སོགས་ཀྱིས་འཆད། སྙིང་རྗེ་ཆེན་པོ་ཞེས་སོགས་ཀྱི་དོན། དེའི་སྙིང་རྗེ་ཆེན་པོ་ཞེས་སོགས་ཀྱིས་འཆད། ལྷ་མི་ངན་སོང་གསུམ་གྱི་ཞེས་སོགས་ཀྱི་དོན། དལ་བ་ཆུད་གཟོན་པ་དག ཅེས་སོགས་ཀྱིས་འཆད་གསུང༌། ཤེར་ཕྱིན་ཡིད་ལ་བྱེད་པའི་དེ་སྡུད་པར་འཆད་པའི་ཚེ་མི་ཞིག་སྔོན་ཆད་ཅེས་སོགས་ཤླཽ་ཀ་གཉིས་བྱུང༌། དབུལ་པོ་ཞིག་གིས་ཡིད་བཞིན་གྱི་ནོར་བུ་རྙེད་དཀའ་བར་གྱུར་པ་དེ་རྙེད་མ་ཐག་བོར་ན། སྡུག་བསྔལ་ཞིང་རྙེད་རྒྱུ་ཞིག་ཨེ་ཡོད་སྙམ་པ་ལས། གཞན་བསམ་རྒྱུ་མེད་པ་བཞིན་ཤེར་ཕྱིན་མིན་པ་བསམ་རྒྱུ་མེད་པའི་དོན་ནོ། །བརྒྱད་སྟོང་པར། དེ་ཅིའི་ཕྱིར་ཞེ་ན་ནས། དཔེར་ན་ནོར་བུ་རིན་པོ་ཆེ་ཞེས་སོགས་ཀྱིས་འཆད། མི་སྐྱེ་བའི་ཆོས་ལ་བཟོད་པ་སོགས་ཀྱིས་རྣམ་འཕེལ་གསུམ་བསྡོམས་ཏེ་སྡུད་པར་འཆད་པའི་ཚེ། ཉི་མ་སྤྲིན་དང་བྲལ་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། དེའང་སྟོང་པ་དང་ནི་མཚན་མ་མེད་སྤྱོད་པ། ཞེས་པས་འཁོར་གསུམ་མི་དམིགས་པར་ནས་མི་སྐྱེ་བའི་ཆོས་ལ་བཟོད་པའི་དེ་དང༌། བྱང་ཆུབ་དང་ཆུབ་བྱེད་མི་དམིགས་པའི་རྣམ་འཕེལ་གཉིས་བསྟན་ལ། དགྲ་བཅོམ་རང་རྒྱལ་བྱང་ཆུབ་སེམས་མང་ཟིལ་གྱིས་གནོན། །ཞེས་པས་ཁྱད་པར་འཕགས་པའི་དེ་བསྟན་ཏེ། ཐབས་ཤེས་ཚང་བར་སྒོམ་པའི་བྱང་སེམས་འདིས་སྦྱིན་སོགས་འཁོར་གསུམ་མི་དམིགས་པར་ཉམས་སུ་བླངས་པ་ལས་སྒྲིབ་པ་ཐམས་ཅད་བཅོམ་སྟེ་མི་གནས་པའི་མྱང་འདས་ཐོབ་པར་འགྱུར་བས་ན་རྟགས་དང་ལྟ་བས་མ་ཟིན་པའི་ཕར་ཕྱིན་དང་པོ་ལྔ་ལ་སློབ་པའི་བྱང་སེམས་རྣམས་ཟིལ་གྱིས་གནོན་པར་གསུངས་པའི་ཕྱིར། བརྒྱད་སྟོང་པར། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ན་ནས། གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་བདག་པོ་ཆེན་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཐབས་མཁས་པ་དང་བྲལ་བ་དེ་དག་ཐམས་ཅད་ཟིལ་གྱིས་གནོན་ཅིང༌། ཞེས་སོགས་ཀྱིས་འཆད། རྣམ་འཕེལ་དྲུག་པ་ལྷའི་རིས་ཐམས་ཅད་ཉེ་བར་འོང་བའི་དེ་ཉིད་སྡུད་པར་འཆད་པའི་ཚེ། དཔེར་ན་རྒྱལ་པོའི་བུ་ཞིག །ཅེས་སོགས་ཤླཽ་ཀ་གཉིས་བྱུང༌། དོན་ནི་རྒྱལ་པོའི་བུ་ཞིག་ཆུང་ངུའི་དུས་ནའང་ནོར་ཐམས་ཅད་གཏོང་བར་འདོད་ན་རྒྱལ་སྲིད་ལ་མངའ་གསོལ་བའི་ཚེ་སྨོས་ཅི་དགོས་ཞེས་ཐམས་ཅད་དགའ་བ་ལྟར། བྱང་ཆུབ་སེམས་དཔའ་འདིས་ཀྱང་ད་ལྟ་ནས་སེམས་ཅན་གྱི་ཕན་བདེ་སྒྲུབ་ཅིང་དོན་བྱེད་ན་སངས་རྒྱས་པའི་ཚེ་ལྟ་ཅི་སྨོས་སྙམ་དུ་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགའ་བར་འགྱུར་ཞིང༌། རྒྱལ་པོ་ཆེན་པོ་བཞི་སོགས་འོངས་ནས་དེ་ལ་བསྲུང་བར་འགྱུར་བ་ཡིན་གསུང༌། བརྒྱད་སྟོང་པར་དེ་ཅིའི་ཕྱིར་ཞེ་ན་ནས་འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་འོངས་ནས་ཞེས་པ་ནས། བརྒྱ་བྱིན་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་གསུམ་པའོ། །ཞེས་པའི་བར་གྱིས་བཤད་གསུང༌། བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་དེ་དང༌། སྟོན་པ་དང་འདྲ་བར་སྐྱེ་བོ་ལ་མཚུངས་པར་གནས་པའི་དེ་སྡུད་པར་འཆད་པའི་ཚེ། དེ་ཡི་ཚེ་ན་ཞེས་སོགས་ཤླཽ་ཀ་དྲུག་བྱུང༌། དེའང་ཤླཽ་ཀ་དང་པོའི་དོན་ནི། དེའི་ཚེ་བདུད་ཀྱིས་བྱང་ཆུབ་སེམས་དཔའ་འདི་ནི་བདག་གི་ཡུལ་ལས་འདའ་བར་འགྱུར་ཞིང༌། དེར་མ་ཟད་འདི་སངས་རྒྱས་ནས་སེམས་ཅན་མང་པོ་ཡང་འདའ་བར་བྱེད་པས་བདག་གི་ཡུལ་སྟོང་པར་འགྱུར་སྙམ་དུ་ཐེ་ཚོམ་ཟ་ཞིང་འཇིགས་པ་སྟོན་ཕྱིར་ཕྱོགས་སུ་སྐར་མདའ་གཏོང་བ་སོགས་ཉེར་འཚེ་དུ་མ་ཞིག་སྒྲུབ་པར་བྱེད་ཅེས་པའོ། །ཡིད་ནུར་འགྱུར་ཞེས་པའི་ཡིད་ཡར་བཅད་དེ། ནུར་འགྱུར་ཞེས་པ་ནེམ་ནུར་རམ་ཐེ་ཚོམ་ཟ་བའི་དོན་ཡིན་གསུང༌། བདུད་ཀྱིས་དེ་ལྟར་བྱས་ཀྱང་གླགས་མི་རྙེད་པའི་བྱང་སེམས་དེ་གང་ཞེ་ན། གང་ཚེ་མཁས་པ་ཞེས་སོགས་ཤླཽ་ཀ་གཅིག་གིས་འཆད། དེའང་དཔེར་ན་གཤོག་པ་གཉིས་ལྡན་གྱི་བྱ་ནི་སའི་ཚེར་མ་སོགས་ལ་མི་རེག་པར་མཁའ་ལ་འགྲོ་བ་ལྟར། ཐབས་ཤེས་གཉིས་ཚང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་ཀྱི་ཉེས་པ་དེ་དག་ལ་ཆགས་ཐོགས་མེད་པར་འགྲོ་བ་ཡིན་ལ། བདེན་པར་ཞེན་པས་ཉེས་ན་དེ་དག་གིས་རེག་པ་ཡིན་གསུང༌། འོ་ན་གླགས་རྙེད་པའི་བྱང་སེམས་དེ་གང་ཞེ་ན། གང་ཚེ་བྱང་ཆུབ་སེམས་དཔའ་ཞེས་སོགས་ཤླཽ་ཀ་གསུམ་གྱིས་འཆད། དེའང་བྱང་སེམས་ནང་ཕན་ཚུན་ཁྲོས་ཏེ་ཐོག་མར་ངག་གིས་མཚང་འབྲུ་བ་ལུས་ཀྱིས་ཕན་ཚུན་རྡེག་པ་སོགས་བྱེད་པའི་འཐབ་མོ་དང༌། རྒྱལ་པོའི་དྲུང་དུ་ཞལ་ལྕེ་གཅོད་པ་ཚུན་ཆད་ལ་ཐུག་པའི་རྩོད་པ་སྟེ། དེ་ལྟར་བྱང་སེམས་མི་མཐུན་པར་གྱུར་པ་དེ་སངས་རྒྱས་ཀྱི་ཡེ་ཤེས་ལས་རིང་བར་འགྱུར་བ་དང༌། ཤ་ཟ་དང་འདྲ་བར་འགྱུར་བ་དང༌། བདུད་ཀྱི་ཕྱོགས་རྣམས་དགའ་བར་འགྱུར་ལ། དེའང་ཤ་ཟ་ནི་གཞན་ལ་གནོད་འཚེ་འབའ་ཞིག་བྱེད་པ་ཡིན་ལ་བྱང་སེམས་དེ་དག་ཀྱང་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་དམ་བཅའ་ལས་ཉམས་པས་ཤ་ཟ་དང་འདྲ་བ་ཡིན་གསུང༌། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་ལས་རིང་ཚུལ་དང་བདུད་ཀྱིས་གླགས་རྙེད་ཚུལ་ཇི་ལྟར་ཞེ་ན། ལུང་བསྟན་མ་ཐོབ་བྱང་ཆུབ། །ཅེས་སོགས་ཤླཽ་ཀ་གཅིག་གིས་བཤད། ཁྲོ་སེམས་ཀྱི་གྲངས་ཀྱིས་དམྱལ་བར་གནས་དགོས་པ་དང༌། ལམ་ལ་གཞི་ནས་སློབ་དགོས་པ་སོགས་ཡིག་ཆ་ནས་གསལ་བར་གསུངས་པ་ལྟར་ཡིན་ལ། ཐ་བ་ནི་ལོ་ཏོག་སྐྱེ་མི་རུང་བའི་ཞིང་ལ་ཐ་བ་ཟེར་བ་ལྟར་ཐེག་པ་ཆེན་པོའི་ཡོན་ཏན་སེམས་རྒྱུད་ལ་སྐྱེ་མི་རུང་བར་བྱས་པ་དེ་ལ་ཐ་བ་སྐྱོན་ལྡན་ཟེར་གསུངས་སྙམ། དེ་དག་སྤོང་ཚུལ་ཇི་ལྟ་བུ་ཡིན་ཞེ་ན་སངས་རྒྱས་བཟོད་པའི་ཞེས་སོགས་ཤླཽ་ཀ་གཅིག་གིས་འཆད། བདུད་ཀྱི་བར་ཆད་དེ་དག་ཤེས་ནས་སྤོང་བར་བྱེད་དགོས་ཏེ། སངས་རྒྱས་རྣམས་ཀྱིས་ཀྱང་བཟོད་པའི་ཕར་ཕྱིན་བསྒོམས་ནས་བླ་མེད་བྱང་ཆུབ་ལ་རེག་པའི་ཕྱིར་རོ། །འདི་དང་ཕྱི་མར་མི་འདོད་པ་ཐམས་ཅད་ཀྱི་སྣ་དྲངས་ཏེ་འོངས་པས་ན་ཁྲོ་བའི་སེམས་འདི་ནི་བཟང་པོ་མིན་སྙམ་དུ་དྲན་ཤེས་བཞིན་གྱིས་བྱ་ར་བྱས་ཏེ་སྔར་བྱུང་ངམ་མ་བྱུང༌། བྱུང་བར་འདུག་ན་འགྱོད་སེམས་དྲག་པོ་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་སྡོམ་སེམས་བྱེད་ལ། བག་ཆགས་ངན་པའི་དབང་གིས་བྱུང་ནའང་དགའ་བར་མི་བྱེད་པ་དེ་ནི་སངས་རྒྱས་ཀྱི་ཆོས་འདིར་སློབ་པ་ཡིན་གསུང༌། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་མར་གྱུར་ཚུལ་དང་སངས་རྒྱས་དང་སེམས་ཅན་གཉིས་ཀ་ཚོགས་རྫོགས་པའི་ཞིང་ཡིན་པར་འདྲ་བས་ན་རྒྱུ་མཚན་དེ་གཉིས་ཀྱི་སྒོ་ནས་བྱང་སེམས་ནང་ཕན་ཚུན་ལ་ཁྲོ་མི་རིགས་པར་མ་ཟད་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་ལྟ་དགོས་པར་གསུངས་པས་ན་རྐང་པ་ཐ་མ་གསུམ་གྱིས་རྣམ་འཕེལ་བརྒྱད་པའང་བསྟན་པ་ཡིན་གསུང༌། འདིར་ཇོ་བོ་རྗེ་བོད་དུ་བྱོན་དུས་བཟོད་པའི་རྟེན་ཨ་ཙ་ར་སྤོ་ཅན་ཁྱེར་འོང་བའི་ལོ་རྒྱུས་སོགས་རྒྱས་པར་གསུངས། བརྒྱད་སྟོང་པར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བམ་པོ་ཉི་ཤུ་པ། དེ་ནས་ཡང་ནས། ང་རྒྱལ་གྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་བཞི་པའོ། །ཞེས་པའི་བར་གྱིས་རྣམ་འཕེལ་བདུན་པ་དང་བརྒྱད་པ་གཉིས་སོ་སོར་བསྟན་གསུང༌། བདག་གི་ཆ་མ་ཡིན་ནོ་ཞེས་པ་ནི་བདག་གི་ངང་ཚུལ་མ་ཡིན་ནོ་ཞེས་པའི་དོན་ཡིན་གསུང༌། སངས་རྒྱས་ཀྱི་རིགས་ཅན་དུ་གྱུར་པ་དང༌། འབྲས་བུ་སངས་རྒྱས་ཉིད་ཐོབ་པའི་རྒྱུ་མཚན་གྱི་དེ་གཉིས་སྡུད་པར་འཆད་པའི་ཚེ། གང་ཞིག་སློབ་ཚེ་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། ཐ་སྙད་དུ་སྟོབས་མི་འཇིགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སློབ་ཀྱང་དོན་དམ་པར་གང་ཡང་ཁས་མི་ལེན་པའི་དོན་ནོ། །སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་བའི་དེ་བརྒྱད་སྟོང་པར། དེ་ནས་ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ནས། སངས་རྒྱས་ཀྱི་ས་ལ་སློབ་བོ། །སྟོབས་དག་ལ་སློབ་བོ། །མི་འཇིགས་པ་དག་ལ་སློབ་བོ། །ཞེས་སོགས་ཀྱིས་འཆད་དམ་སྙམ། སངས་རྒྱས་ཐོབ་པ་ལ་དོན་དམ་པར་མེད་ཀྱང་ཐ་སྙད་དུ་དེ་དག་ཐམས་ཅད་ལ་སློབ་དགོས་པར་གསུངས་པ་ཡིན་ནོ། །སངས་རྒྱས་འཐོབ་པའི་རྒྱུ་མཚན་གྱི་དེ་འཆད་པར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ས་ཆེན་པོའི་ས་ཕྱོགས་ནས་གསེར་ས་ལེ་སྦྲམ་དངུལ་དག་འབྱུང་བ་དེ་ལྟ་བུ་ནི་ཉུང་གི་ཞེས་སོགས་ཀྱིས་བཤད། བ་ཚྭ་སོགས་འབྱུང་བའི་ཕྱོགས་མང་ལ་གསེར་སོགས་འབྱུང་བའི་ཕྱོགས་ཉུང་བ་ལྟར། ཐེག་ཆེན་གྱི་རིགས་ཅན་ཉུང་ལ་ཐེག་དམན་གྱི་རིགས་ཅན་སོགས་མང་བར་གསུངས་པ་ཡིན་ནོ། །
མི་མཐུན་པའི་སེམས་མི་སྐྱེ་བའི་དེ་སྡུད་པར་འཆད་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ཞིག་ཅེས་སོགས་ཤླཽ་ཀ་གཉིས་བྱུང༌། ཉི་མའི་འོད་ཀྱིས་ནོན་པའི་བར་སྣང་ལ་མུན་པ་མི་གནས་པ་བཞིན་དུ་ཕྱིན་དྲུག་ལ་དེ་ལྟར་སློབ་པས་ཚུལ་འཆལ་སོགས་མི་མཐུན་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་མི་མཐུན་ཕྱོགས་ཀྱི་སེམས་སྐད་ཅིག་ཙམ་ཡང་མི་སྐྱེ་བའི་དོན་ནོ། །བརྒྱད་སྟོང་པར་རབ་འབྱོར་གཞན་ཡང༌། ནས། ཐ་བ་དང་ལྡན་པའི་སེམས་མི་སྐྱེ་ཞེས་སོགས་ཀྱིས་བཤད། གཟུགས་སོགས་དང་ལྡན་པར་རྟོག་པའི་སེམས་མི་སྐྱེ་བའི་དེ་དང༌། ཕར་ཕྱིན་སྡུད་པའི་དེ་གཉིས་སྡུད་པར་འཆད་པའི་ཚེ། ཤེས་རབ་ཕ་རོལ་ཕྱིན་ལ་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། གསུང་རབ་ལ་གྲགས་པའི་དཔེ་འཇིག་ལྟའི་ནང་དུ་ལྟ་ངན་རེ་གཉིས་འདུ་བ་དང༌། འཇིག་རྟེན་ལ་གྲགས་པའི་དཔེ་སྲོག་གནས་ན་དབང་པོ་གཞན་འདུས་པ་ལྟར། གཟུགས་སོགས་ལ་མི་དམིགས་པར་སློབ་པའི་ཤེར་ཕྱིན་ནང་དུ་ཉམས་ལེན་ཐམས་ཅད་འདུས་པའི་དོན་ནོ། །བརྒྱད་སྟོང་པར། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ནས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནང་དུ་འདུས་པར་འགྱུར་རོ། །ཞེས་སོགས་ཀྱི་བར་གྱིས་གཟུགས་སོགས་དང་ལྡན་པར་མི་རྟོག་པའི་དེ་འཆད། འདི་ལྟ་སྟེ་དཔེར་ན་འཇིག་ཚོགས་ལ་ལྟ་ཞེས་སོགས་ཀྱིས་ཕར་ཕྱིན་སྡུད་པའི་དེ་འཆད་གསུང༌། ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པའི་དེ་དང༌། བྱང་ཆུབ་ཉེ་བའི་དེ་གཉིས་འཆད་པར། བྱང་ཆུབ་སེམས་མཁས་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། བྱང་སེམས་ཀྱིས་ཐེག་གསུམ་གྱི་རྟོགས་རིགས་ཐམས་ཅད་མ་ཚང་བ་མེད་པར་སློབ་ཀྱང་དེ་དག་གི་འབྲས་བུ་ཐོབ་ཕྱིར་དང༌། ངོམས་ཆོས་ལྟ་བུ་མ་ཡིན་པར་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་སྒོམ་པས་འབྲས་བུ་སངས་རྒྱས་བྱང་ཆུབ་ལ་ཉེ་བར་འགྱུར་བའི་དོན་ཏོ། །བརྒྱད་སྟོང་པར། རབ་འབྱོར་དེ་ལྟ་བས་ན། ནས་རྣམ་པར་རོལ་ཞེས་པའི་བར་གྱིས་བྱང་ཆུབ་ཉེ་བའི་རྣམ་འཕེལ་དེ་བསྟན་པ་ཡིན་གསུང༌། བཟོད་པ་དང་ཆོས་མཆོག་རྩེ་སྦྱོར་གཉིས་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་དང༌། སེམས་ཀུན་གནས་གཉིས་ཀྱིས་རིམ་བཞིན་མཚོན་ཏེ་སྟོན་པས་དང་པོ་ནི། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཞེས་སོགས་རྐང་པ་དང་པོ་གཉིས་ཀྱིས་ཤེས་རབ་དང་ཕྱི་མ་གཉིས་ཀྱིས་ཐབས་ཀྱི་ཆ་བསྟན་པ་ཡིན་པས། སྲིད་པའི་རྩ་བ་གཅོད་བྱེད་དངོས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ཀྱང་སྲིད་པ་ལས་གྲོལ་བ་ཙམ་ལྷུར་མི་ལེན་པར་ཡུན་རིང་གནས་པ་དེ་སྙིང་རྗེ་ཆེན་པོའི་དབང་གིས་ཡིན་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པ་ཐོབ་པའི་གནས་སྐབས་ན་ཞེས་པའི་ཚིག་གི་ནུས་པ་ལ་དེ་འདྲ་ཞིག་འོང་གསུང༌། དེ་ཉིད་སྡུད་པར་འཆད་པའི་ཚེ། མི་ལྡོག་བྱང་ཆུབ། ཅེས་སོགས་ཤླཽ་ཀ་གཅིག་བྱུང༌། རྗེས་སུ་ཡི་རང་གིས་དེའི་ཡུལ་ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་མཚོན་པར་བསྟན་པས་སྦས་དོན་ཡིན་གསུང༌། སེམས་ཀུན་གནས་དེ་ཉིད་སྡུད་པར་འཆད་པའི་ཚེ། དགེ་བ་དོན་གཉེར་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། བྱང་སེམས་ཀྱི་རྗེས་སུ་ཡི་རང་གིས་སེམས་ཅན་ཐམས་ཅད་ཀྱི་དགེ་རྩ་ཐམས་ཅད་སྡུད་པར་བྱེད་པའི་དོན་ལ་ཚེགས་མེད་པ་དམ་པའང་འདི་འདྲ་ཞིག་གི་སྟེང་ནས་འཇོག །འདི་བུདྡྷ་ཤྲཱིས་སེམས་ཀུན་གནས་ལ་སྦྱར་ཞིང་བརྒྱད་སྟོང་པར། བརྒྱ་བྱིན་གྱིས་ཡི་རང་གི་བསོད་ནམས་དྲིས་པའི་ལན་དུ་སེམས་ཀུན་གནས་གསུངས་པས་འདི་གཉིས་མདོ་ཚན་གཅིག་ཡིན་པས་མི་འགལ་ལམ་གསུང༌། སྤང་བྱ་རྟོག་པ་མ་བཤད་ན་དེའི་གཉེན་པོ་རྟོགས་པར་མི་ནུས་པས་འཇུག་པ་གཟུང་རྟོག་དགུ་ནི་སྤྱི་དང་ཁྱད་པར་གྱི་དབང་དུ་བྱས་པ་གཉིས་ལས། ཕྱི་མ་ནི་རྒྱུ་ལམ་འབྲས་བུ་གསུམ་གྱི་སྒོ་ནས་བསྟན་ལ། དེ་གཉིས་སྡུད་པར་འཆད་པའི་ཚེ། བྱང་ཆུབ་སེམས་དཔའ་ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། རྒྱུ་འབྲས་ངོ་བོ་གསུམ་ལ་རྣམ་ཐར་སྒོ་གསུམ་འཇོག་ཚུལ་ཡང་ཡོད་པས་དེའི་སྒོ་ནས་བསྟན་པ་ཡིན་ལ། ཤེས་རབ་གཉིས་ཀྱི་ཞེས་སྦྲེལ་མི་རུང་བས། ཤེས་རབ་ཀྱིས་བདེན་གྲུབ་བམ། གཉིས་སྣང་གི་ཚུལ་གྱིས་བྱང་ཆུབ་ཚོལ་བར་མི་བྱེད་ཅེས་པའི་དོན་ཡིན་གསུང༌། ལྡོག་པ་གཟུང་རྟོག་དགུ་ལ་རྒྱུའི་སྒོ་ནས་ལྔ་དང་འབྲས་བུའི་སྒོ་ནས་བཞི་བསྟན་པས། དེ་ཉིད་སྡུད་པར་འཆད་པའི་ཚེ། ནམ་མཁའི་ཁམས་དེ་ཞེས་སོགས་ཀྱིས་ཤླཽ་ཀ་གཅིག་བྱུང༌། འགལ་བ་ཞེས་པ་དེ་ལ་འགྲེལ་པ་དག་ཏུ་ཕན་ཚུན་སྤངས་ཏེ་འགལ་བ་ཞེས་འབྱུང་མོད་ཀྱང༌། ནམ་མཁའ་དེ་ཐོགས་རེག་བཅད་ཙམ་དུ་གནས་ཀྱི་གཟུགས་ཅན་གཞན་ལ་གེགས་མི་བྱེད་པ་ལྟར། དམན་ལམ་དེ་ཐེག་ཆེན་ལ་ལྟོས་ཏེ་ཐ་སྙད་དུ་ལྡོག་བྱར་རུང་ཡང་དོན་དམ་པར་དེ་གཉིས་གནོད་བྱ་གནོད་བྱེད་དུ་མི་རུང་བའི་དོན་ཡིན་ནམ་སྙམ་གསུང༌། དམིགས་ཡུལ་དེ་དག་ཀྱང་གསེར་འཕྲེང་ནས་གསུངས་པ་ལྟར་གདུལ་བྱ་ཉེ་བའི་བསམ་པས་ཡིན་གྱི་བདེན་གཉིས་དང་བདེན་བཞི་ལྟ་བུའི་དབང་དུ་བྱས་ཏེ་བཞག་པའི་ངེས་པ་མེད་ཀྱང་ཐེག་ཆེན་གྱི་ལམ་ཆ་ཚང་རེ་ཁོང་ན་ལེན་རྒྱུ་ཡོད་གསུང༌། སོ་སྐྱེ་ལ་བདེན་གྲུབ་ཏུ་སྣང་བ་ཤས་ཆེ་བ་དང༌། འཕགས་པ་ལ་སྒྱུ་མ་ལྟ་བུར་སྣང་བ་གཙོ་ཆེ་བས་རྫས་འཛིན་སོ་སྐྱེ་དང༌། བཏགས་འཛིན་འཕགས་པའི་རྟེན་དུ་གསུངས་པ་ཡིན་གྱི། མཐའ་གཅིག་ཏུ་ཁྱབ་མཐའ་བྱས་ནས་འཇོག་དཀའ་གསུང༌། རྫས་འཛིན་དགུ་བསྟན་པ་དེ་ཉིད་སྡུད་པར་འཆད་པའི་ཚེ་སྐྱེ་བོའི་དབུས་ན། ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། སྒྱུ་མའི་རྟ་གླང་སོགས་དོན་ལ་མ་གྲུབ་ཀྱང་སྤྱོད་ལམ་བཞི་སོགས་ཀྱི་བྱ་བྱེད་བསྙོན་མེད་དུ་སྣང་བ་ལྟར་དོན་དམ་པར་མེད་ཀྱང་ཐ་སྙད་དུ་བྱ་བྱེད་ཐམས་ཅད་རུང་བར་བསྟན་པའི་ལྡོག་ཕྱོགས་ནས་རྫས་འཛིན་བསྟན་པ་ཡིན་གསུང༌། བཏགས་འཛིན་དགུ་བསྟན་པ་དེ་ཉིད་སྡུད་པར་འཆད་པའི་ཚེ། དཔེར་ན་སངས་རྒྱས་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། འདིར་སྔ་མ་གཉིས་ལ་ཁྱད་པར་ཆེར་མེད་ཀྱང་མདོ་ལས་སྐབས་ལ་ལར་གཉེན་པོ་དང་ལ་ལར་སྤང་བྱའི་སྒོ་ནས་བསྟན་པ་དེ་བསྟན་བཅོས་ཀྱི་མདོའི་མཚམས་སོ་སོར་ཕྱེ་ནས་གསུངས་པ་ནི་སྦས་དོན་གསལ་བར་བྱས་ཚུལ་ཡིན་གསུང༌། དེ་ལས་འཕྲོས་ཏེ་བྱང་སེམས་ཀྱིས་དེ་ལྟར་ཉམས་སུ་བླང་བའི་ཕན་ཡོན་དེ་ཉིད་སྡུད་པར་འཆད་པའི་ཚེ། དེ་ལྟར་སྤྱོད་མཁས་ཞེས་སོགས་ཤླཽ་ཀ་གསུམ་བྱུང༌། རྐང་པ་དང་པོ་གཉིས་ཀྱིས་ལྷ་རྣམས་ཀྱིས་བཀུར་སྟི་དང་དེ་ནས་གཉིས་ཀྱིས་སངས་རྒྱས་ཀྱིས་བསྔགས་པ་བརྗོད་ཚུལ་དང༌། ཤླཽ་ཀ་ཕྱི་མ་གཉིས་ཀྱིས་བདུད་ཀྱིས་མི་ཚུགས་པར་བསྟན་པ་ཡིན་ལ། དེའང་བདུད་བཞིའི་དང་པོ་ལྷའི་བུའི་བདུད་ཀྱིས་མི་ཚུགས་ཚུལ། གངྒཱའི་ཀླུང་མཉམ་གྱི་སེམས་ཅན་རྣམས་བདུད་དུ་གྱུར་ཅིང་དེ་དག་གི་བ་སྤུའི་ཁུང་བུ་རེ་རེ་ཡང་སྔ་མའི་གྲངས་དང་མཉམ་པ་སྤྲུལ་ཀྱང་མི་ཚུགས་ལ། དེར་མ་ཟད་བདུད་བཞི་གང་གིས་ཀྱང་ཐུབ་པར་དཀའ་སྟེ། དེ་ལྟར་ཉམས་སུ་བླངས་པ་དང་ཕྱོགས་བཅུའི་སངས་རྒྱས་ཀྱིས་དགོངས་པའི་ཕྱིར་རོ། །སྡུད་པའི་ཚིག་འདི་ཡན་ཆད་ཀྱིས་བརྒྱད་སྟོང་པའི་ལེའུ་ཉེར་དྲུག་པ་རྫོགས་པ་ཡིན་གསུང༌། དེ་ལྟར་སྤང་བྱ་རྣམ་རྟོག་བཤད་ནས་དེའི་གཉེན་པོ་མཐོང་ལམ་སྟོན་པ་ལ་མཐོང་ལམ་དེ་རྒྱུ་གང་གི་སྟོབས་ཀྱིས་འཐོབ་ཅེ་ན་བྱང་ཆུབ་ཆེན་པོ་དེའི་རྒྱུ་ནི་རང་གིས་གདུལ་བྱ་གཞན་རྟོགས་པའི་ཆོས་འབྲས་བུ་མཐོང་ལམ་ལ་འགོད་ཅིང་སྟོན་པ་དང་དེའི་རྒྱུ་ལུང་གི་ཆོས་ལ་འགོད་པ་སྟེ་གཞན་རྒྱུད་སྦྱོང་བ་དང་གཉིས་དང༌། རང་ཉིད་ཀྱིས་མཉམ་གཞག་ཏུ་བསྒོམ་པ་སོགས་ཀྱིས་རང་རྒྱུད་སྦྱོང་བ་གཅིག་སྟེ་གསུམ་ཡོད་པའི་ཕྱིར། འདིར་སྟོན་པ་ཞེས་པ་གཞན་ལ་ཆོས་སྟོན་པ་ལ་བྱས་ན་ལུང་གིས་ཆོས་ལ་འགོད་པ་དང་ཟློས་པར་འགྱུར་ལ། འདི་ལ་གསེར་འཕྲེང་ལས་ལུང་སྟོན་པ་ཞེས་གསུངས་པ་དང༌། འདི་དག་གི་བཤད་བྱ་རྩ་བའི་མདོ་བརྒྱད་སྟོང་པའི་ལེའུ་ཉེར་བདུན་པ་མེ་ཏོག་སིལ་མའམ་མེ་ཏོག་བཀྲམ་པ་ཞེས་བྱ་བའི་ལེའུར་མཐོང་ལམ་ཐོབ་པའི་དགེ་སློང་དྲུག་སྟོང་མ་འོངས་པར་མེ་ཏོག་བཀྲམ་པ་ཞེས་བྱ་བར་མིང་མཐུན་པར་སངས་རྒྱས་ཏེ་བསྐལ་པ་སྐར་མ་ལྟ་བུར་འབྱུང་བར་ལུང་བསྟན་པའི་ཕྱིར་ན། ལུང་སྟོན་པ་ལ་སྦྱོར་བ་ཉིད་འཐད་པར་མངོན་གསུང༌། མཐོང་ལམ་གྱི་རྒྱུ་དེ་ཉིད་སྡུད་པར་འཆད་པའི་ཚེ། དེ་བཞིན་གཤེགས་ཡུམ། ཞེས་སོགས་ཤླཽ་ཀ་དྲུག་བྱུང༌། ཤེར་ཕྱིན་འདི་ལ་བྱང་ཆུབ་སེམས་དཔའ་རང་གིས་མོས་པར་བྱེད་ཅིང་བསམ་པ་ཐག་པས་གཞན་ལ་སྟོན་པར་བྱེད་པ་ནི་ཐབས་ཤེས་ཡ་མ་བྲལ་བ་ཡིན་པས་ཐམས་ཅད་མཁྱེན་པ་ཉིད་ལ་ཞུགས་པར་རིག་པར་བྱ་ཞེས་པའི་དོན་ནོ། །ཆུ་ནི་ཆོས་ཉིད་ཀྱི་དཔེ་ཉ་ཆུ་ལ་གནས་པ་ནི་བྱང་སེམས་ཆོས་ཉིད་ལ་གནས་པའི་དཔེ་དང་ཉ་ཆུར་གནས་ཀྱང་འཚུབ་སྟེ་མི་འཆི་བ་ལྟར་བྱང་སེམས་ཀྱིས་ཆོས་ཉིད་ཁོང་དུ་ཆུད་ཀྱང་མངོན་དུ་བྱས་ཏེ་ཞི་བདེས་ཐུགས་ཕྲོགས་ནས་གཞན་དོན་ལས་ཉམས་པར་འགྱུར་བ་མི་སྲིད་པའི་དོན་ཡིན་གསུང༌། ཆོས་ཀྱི་དབྱིངས་ཞེས་སོགས་ཀྱི་རྐང་པ་གཉིས་པོ་དབུས་མཐའི་ལུང་ཡིན་ལ། སྤྱིར་ནམ་མཁའ་གཟུགས་སུ་གྲུབ་ན་ཆོས་གཞན་ལ་གོ་འབྱེད་པ་དང༌། ཐོགས་རེག་བཅད་ཙམ་ཡིན་པས་གཟུགས་ཅན་གཞན་ལ་གེགས་མི་བྱེད་པ་བཞིན་དུ། གྲུབ་མཐའ་རང་རང་གི་ལུགས་ཀྱི་དགག་བྱ་དེ་གྲུབ་ན་བཅིངས་གྲོལ་སོགས་མི་རུང་བ་དང༌། དགག་བྱ་བཅད་ཙམ་གྱི་ཆོས་དབྱིངས་དེར་བྱ་བྱེད་ཐམས་ཅད་འཇོག་ཐུབ་པ་ཙམ་ཞིག་གྲུབ་མཐའ་སྤྱིའི་ཐུན་མོང་དུ་འདོད་ཀྱང་དགག་བྱའི་ཕྲ་རགས་ཀྱི་དབང་གིས་ནང་གསེས་ཀྱི་ཁྱད་པར་མི་འདྲ་བ་ཡིན་གསུང༌། དེ་ལྟར་རྒྱུ་གསུམ་གྱིས་དྲི་མ་ཟད་པའི་འབྲས་བུ་བྱང་ཆེན་འཐོབ་པ་མི་འཐད་དེ། སྤང་བྱ་རྟོག་པ་རྣམས་དོན་དམ་པར་རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར་ཞེ་ན། སྤང་བྱ་བདེན་པར་མ་གྲུབ་པའི་སྟོབས་ཀྱིས་གཉེན་པོའང་བློས་བཅོས་ནས་བསྒོམས་པས་དྲི་མ་ཟད་པའི་བྱང་ཆུབ་ཆེན་པོ་འཐད་པ་ཡིན་ཏེ། སྤང་བྱ་བདེན་འཛིན་གྱི་འཛིན་ཚུལ་ཕྱིན་ཅི་ལོག་ཡིན་པས་རྒྱབ་རྟེན་མེད་ལ། གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་འཛིན་ཚུལ་དོན་སྟེང་དུ་གྲུབ་པའི་རྒྱབ་རྟེན་ཚད་མ་ཡོད་པའི་ཕྱིར། བདེན་མི་བདེན་གཉིས་ལས་གང་བདེན་པའམ་དོན་ལ་གནས་པ་དེ་མཐར་རྒྱལ་བར་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་མིན་པར་དྲི་མ་ཟད་སྐྱེ་བདེན་པར་གྲུབ་ན་སྤང་གཉེན་གྱི་རྣམ་གཞག་དེ་དག་མི་འཐད་དེ། དེ་དག་གི་གཞི་མེད་པའི་ཕྱིར་ཏེ། རྩ་ཤེ་ལས། སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པ་ལྟར་བདེན་པར་གྲུབ་ན་དྲི་མ་ཟད་སྐྱེ་དྲི་མའི་གནས་ལུགས་ཡིན་དགོས་ལ་དེ་ལྟར་ན་རྒྱུ་རྐྱེན་ལ་མི་ལྟོས་པར་རྟག་ཏུ་སྐྱེ་བ་དང༌། གཉེན་པོ་ལ་མི་ལྟོས་པར་འཁོར་བ་ཐོག་མེད་ནས་ཟད་པར་འགྱུར་བས་རྟག་ཆད་གཉིས་ཀའི་མཐར་ལྟུང་བར་འགྱུར་བའི་དོན་ཡིན་གསུང༌། དེས་རིགས་པ་དང་འགལ་བ་བསྟན་ནས། ཁས་བླང་དང་འགལ་བ་ནི། ཆོས་ཐམས་ཅད་བདེན་པར་གྲུབ་པ་དང༌། སྟོན་པས་ཤེས་སྒྲིབ་སྤངས་པར་ཁས་བླང་བ་གཉིས་འགལ་འདུ་ཡིན་ཏེ། དངོས་པོ་དོན་དམ་པར་གྲུབ་ན་སྤང་བྱ་རྣམ་རྟོག་གི་ཞེན་ཡུལ་དོན་དུ་གྲུབ་པས་དེ་སུན་ཕྱུང་སྟེ་སྤོང་མི་ནུས་པའི་ཕྱིར་རོ། །འདིའི་ཕྱོགས་སྔའི་གཙོ་བོ་དོན་སྨྲ་སྡེ་པ་ཡིན་གསུང༌། འདིར་བདག་མེད་གསུམ་བསྟན་པ་ནི་ལྟ་བ་འོག་མར་བློ་སྦྱོང་སྟེ་གོང་མར་འཁྲིད་པའི་རིམ་པ་ཡིན་ལ། རྣམ་བཤད་སྙིང་པོ་རྒྱན་དང་དགོངས་པ་རབ་གསལ་གཉིས་ཀར། སྔོན་པོ་སྔོ་སྣང་ཤེས་པ་ལས་རྫས་ཐ་དད་ཁེགས་ནས། སྔོ་སྣང་ཤེས་པ་སྔོན་པོ་ལས་རྫས་ཐ་དད་པའི་གཟུང་འཛིན་རྫས་གཞན་མ་ཁེགས་པའི་གང་ཟག་གི་རིམ་པ་མི་འཐད་ལ། ཞེས་སོགས་དང༌། སུ་དབང་པོ་རྟུལ་ཡང་ཞེས་སོགས་མཐུན་པར་གསུངས་པས་རྣལ་འབྱོར་གྱི་ས་བཞིར་བྱེད་པ་དཔྱོད་པའི་གནས་ཡིན་ལ། འོན་ཀྱང་གཟུང་འཛིན་ཁེགས་པའི་རིམ་པ་གཉིས་གསུངས་པ་ནི། གསེར་འཕྲེང་ལས་རྣམ་བདེན་རྫུན་གྱི་ཁྱད་པར་ལ་སྦྱར་ཞིང༌། མཉམ་གཞག་དང་རྗེས་ཐོབ་ཀྱི་ངེས་པ་འདྲེན་ཚུལ་ལ་སྦྱར་ནའང་རུང་གསུང༌། འདི་ལ་ཀུན་བཏུས་ལས་རྗེས་བཟོད་བཞི་ཤེས་པའི་ཡུལ་ཅན་དུ་བཤད་པ་སོགས་ཀྱིས་དགག་བྱ་བཀག་ཤུལ་དུ་སེམས་གསལ་རིག་གི་ཆ་ལྷག་མར་ལུས་པར་བསམ་ནས་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་བསྒྲུབ་བྱ་ལ་གཟུང་འཛིན་རྫས་ཐ་དད་དུ་གྲུབ་པ་འཇོག་པ་མི་འཐད་དེ། རྩ་བའི་གཞུང་མདོ་སྡེ་དགོངས་འགྲེལ་ལས་ངོ་བོ་ཉིད་དེ་ཁོ་ནའི་ངོ་བོ་ཉིད་མ་མཆིས་པ་ཉིད་ཅེས་མེད་དགག་དགོས་པར་གསལ་བར་གསུངས་པའི་ཕྱིར་རོ། །འདིར་གཉིས་སྟོང་དང་བདེན་མེད་སྒྲུབ་བྱེད་ཀྱི་རིགས་པའི་གཙོ་བོ་ལྷན་ཅིག་དམིགས་ངེས་གཅིག་དུ་བྲལ་མཐའ་བཞི་སྐྱེ་འགག་སོགས་བསྟན་པ་ཡིན་ལ། གཉེན་པོ་དངོས་ཤེས་རབ་ཡིན་པས། མཐོང་ལམ་མཉམ་གཞག་ཏུ་དེ་རྐྱང་པས་ཆོག་གམ་སྙམ་པའི་ལོག་རྟོག་བསལ་བའི་ཆེད་དུ་ཕར་ཕྱིན་རེ་རེའི་ནང་དུ་དྲུག་དྲུག་ཚང་བར་ཉམས་སུ་ལེན་པའི་དྲུག་ཚན་དྲུག་གི་མཐོང་རྩེ་བསྟན་པ་ཡིན་གསུང༌། མཐོང་ལམ་གྱི་ངོ་བོ་དེ་ཉིད་སྡུད་པར་འཆད་པའི་ཚེ། བསླབ་པ་འདི་ནི་ཞེས་སོགས་ཤླཽ་ཀ་བཞི་བྱུང༌། ས་ལ་རྩི་ཤིང་ནགས་ཚལ་སོགས་སྐྱེ་ཡང་ས་ལ་ཟད་པ་སོགས་མེད་པ་ལྟར་ཐ་སྙད་དུ་བླང་དོར་ཐམས་ཅད་རུང་ཡང་དོན་དམ་པར་ཟད་པ་དང་འཕེལ་བ་མེད་པའི་དོན་ནོ། །མཉམ་གཞག་ཏུ་སྟོང་ཉིད་བསྒོམ་པ་ཙམ་གྱིས་མི་ཆོག་པར་རྗེས་ཐོབ་ཏུའང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་སོགས་ལ་འདྲིས་པར་བྱེད་དགོས་པས། དེ་ཉིད་སྡུད་པར་འཆད་པའི་ཚེ། སེམས་ཅན་ཐ་མ་ཞེས་སོགས་ཤླཽ་ཀ་གཉིས་དང་རྐང་པ་གཉིས་བྱུང༌། ཤླཽ་ཀ་དང་པོས་རྒྱུ་མ་རིག་པ་དང༌། རྐྱེན་ལས་དང་སྲེད་ལེན་སོགས་ཚོགས་པ་ལས་སྡུག་བསྔལ་གྱི་ཉོན་མོངས་འཕངས་འབྲས་ཕྱེད་བདུན་སོགས་འབྱུང་བའི་ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་དང༌། ཤླཽ་ཀ་གཉིས་པས་བདག་མེད་རྟོགས་པའི་ཡེ་ཤེས་ཀྱིས་གཞིར་བྱས་ཏེ་རྐྱེན་ཚོགས་ནས་མ་རིག་པ་འགག་པས་འཁོར་བར་འཕེན་བྱེད་ཀྱི་ལས་མི་གསོག་ལ། དེ་མ་བསགས་པས་སྡུག་བསྔལ་གྱི་འཁྲུལ་འཁོར་མི་འབྱུང་ཞིང༌། ཡེ་ཤེས་ཀྱི་འཁྲུལ་འཁོར་འབྱུང་བར་འགྱུར་བའི་རྣམ་བྱང་གི་རྟེན་འབྲེལ་དང༌། དེ་ནས་རྐང་པ་གཉིས་ཀྱིས་ཀུན་བྱང་གི་རྟེན་འབྲེལ་གྱི་རིམ་པ་ཐ་སྙད་དུ་དེ་ལྟར་རུང་ཡང་དོན་དམ་པར་ཟད་སྐྱེ་མེད་པར་བསྟན་ཏོ། །
འདི་དག་བུདྡྷ་ཤྲཱིའི་སྡུད་འགྲེལ་དུ་བྱང་ཆེན་ལ་སྦྱར་ཞིང༌། རྟེན་འབྲེལ་ལ་སྦྱོར་བ་སློབ་དཔོན་གྱི་སྡུད་འགྲེལ་གྱི་ཚིག་ལ་མི་གསལ་ཡང་གསུང་གི་བབ་ལ་སྦྱར་ཆོག་པ་འདྲ་བ་ཞིག་འདུག་གསུང༌། སྦྱོར་མཐོང་སྒོམ་གསུམ་དང་བར་ཆད་མེད་པའི་རྩེ་སྦྱོར་བཞི་ལས་དང་པོ་གཉིས་བཤད་ཟིན་ནས་སྒོམ་ལམ་རྩེ་སྦྱོར་ནི་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་སྤང་བྱ་རྟོག་པ་སྔོན་ལ་བཤད་ནས་སྤོང་བྱེད་གཉེན་པོ་རྗེས་སུ་བཤད་པ་དང༌། སྒོམ་ལམ་དུ་སྤོང་བྱེད་གཉེན་པོ་སྔོན་ལ་བཤད་ནས་སྤང་བྱ་རྟོག་པ་རྗེས་སུ་བཤད་པ་ནི་རེ་རེའི་འང་སྤང་གཉེན་གཉིས་ཀ་མཚོན་པའི་ཆེད་ཡིན་གསུང༌། སྒོམ་ལམ་ལ་དབྱེ་བ་མང་པོ་ཡོད་ཀྱང་འདིར་ཐོད་རྒལ་གྱི་སྙོམས་འཇུག་ཙམ་མཚན་གཞིར་བསྟན་པ་ནི་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་ཆེད་ཡིན་ལ། དེའང་བྱང་སེམས་ཀྱིས་སྤྲུལ་བསྒྱུར་སོགས་ཀྱི་སྒོ་ནས་གཞན་དོན་མཐའ་ཡས་པ་བྱེད་པ་ལ་ཏིང་ངེ་འཛིན་འདི་དག་ལ་གང་འདོད་འདོད་དུ་སྙོམས་པར་འཇུག་ཐུབ་པ་ཞིག་དགོས་པའི་རྒྱུ་མཚན་གྱིས་ཡིན་གསུང༌། སྦྱོར་བ་གཉིས་དང་དངོས་གཞི་གསུམ་སྟེ་ལྔ་གསུངས་པའི་སྦྱོར་བ་གཉིས་ཀྱང་ཐོད་རྒལ་གྱི་ཏིང་ངེ་འཛིན་ཡིན་ལ། རྩ་བའི་ཚིག་ཟིན་ལ་གཅིག་དང་གཉིས་གསུམ་ནས་འགོག་པའི་བར་དུ་ཞེས་བསམ་གཏན་དང་པོ་ནས་ཡར་བརྩིས་པ་ལྟ་བུར་འདུག་ཀྱང༌། དེ་ལྟར་བྱས་ན་གྲངས་ཀྱང་མི་འགྲིགས་པས་དང་པོར་འགོག་པ་གཅིག་པུ་བོར་ནས་སྲིད་རྩེ་ལ་ཞུགས། དེ་ནས་འདོད་སེམས་ལ་དང༌། དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བོར་ནས་ཅི་ཡང་མེད་ལ་འཇུག་པ་སོགས་གོང་ནས་མར་རྩི་དགོས་པ་ཡིན་གསུང༌། འགོག་སྙོམས་ཤིན་ཏུ་ཕྲ་བ་དང་འདོད་སེམས་ཤིན་ཏུ་རགས་པ་ལ་དང་པོར་ལྡང་མི་ནུས་པས་འགོག་པ་ནས་སྲིད་རྩེར་བབ་སྟེ་ཕྱིར་ནུར་ཅུང་ཟད་བྱས་པ་ན་འདོད་པ་ལ་ཇེ་ཉེར་སོང་བ་དང་འདོད་སེམས་ལ་ལྡང་བ་ལ་སྲིད་རྩེའི་ནུར་ཆུང་ཟེར་རོ། །མངོན་པ་ནས་སྲིད་རྩེ་དང་འདོད་པ་གཉིས་རིང་བ་རྣམ་པ་བཞིས་རིང་བར་བཤད་ཀྱང་སྐབས་གཞན་ཡིན་པས་མི་གནོད་པར་འགྲེལ་ཆེན་ནས་བཤད་གསུང༌། དེ་ཉིད་སྡུད་པར་འཆད་པའི་ཚེ། ཉི་མ་སྤྲིན་མེད། ཅེས་སོགས་ཤླཽ་ཀ་གསུམ་དང་རྐང་པ་གཉིས་བྱུང༌། བྱང་སེམས་ཀྱིས་བསམ་གཟུགས་བརྒྱད་ཐོབ་ཀྱང་རྒྱུ་སྙོམས་འཇུག་གི་ཡན་ལག་རྣམས་ཟད་པས་བསམ་གཟུགས་དེ་དག་གིས་ཁམས་གོང་མར་སྐྱེ་བའི་རྒྱུ་འམ་རྟེན་མི་བྱེད་པར་མ་ཟད་དེ་དག་ལྡན་བཞིན་དུ་འདོད་པར་གཞན་དོན་དུ་སྐྱེ་བ་དང༌། ཟག་པ་ཙམ་ཟད་པའི་ཕྱིར་དུའང་མི་གནས་པར་བླ་མེད་བྱང་ཆུབ་ཐོབ་བྱེད་ཀྱི་ཐབས་སུ་སྒྱུར་བར་བྱེད་པ་ཡིན་ལ། ཉན་རང་གིས་བསམ་གཏན་གྱི་དངོས་གཞི་ཐོབ་ན་དེའི་དབང་གིས་ཕལ་ཆེར་གཟུགས་སུ་སྐྱེ་བ་དང༌། གཟུགས་མེད་ཀྱི་དེ་ཐོབ་ཕྱིན་གཟུགས་མེད་དུ་སྐྱེ་བར་འགྱུར་བ་ཡིན་གསུང༌། ཡོན་ཏན་སོགས་པའི་ཞེས་པ་ནི་རྒྱུ་བ་སོགས་ཟེར་བ་ལྟར་སྤང་བྱ་རྣམ་རྟོག་དགུ་བཞི་སོ་དྲུག་དང༌། དེའང་ཁམས་ཀྱི་དབྱེ་བས་བརྒྱ་རྩ་བརྒྱད་དུ་ཕྱེ་བ་ཐམས་ཅད་སྤངས་པས་དགེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན་ཞེས་གསུངས་པ་ལྟར་ཡོན་ཏན་ཐམས་ཅད་སྡུད་པར་བྱེད་པའི་དོན་ཡིན་ལ། ངོ་མཚར་རྨད་བྱུང་གཉིས་འགྲེལ་ཆེན་ལས་རྒྱུ་དང་འབྲས་བུ་ལ་བཤད་གསུངས། འདི་དག་གིས་སྤང་བྱ་རྣམ་རྟོག་ལྡོག་ཆ་ནས་བསྟན་པ་ཡིན་གྱི་སློབ་དཔོན་གྱིས་མདོ་དང་ཟུར་དུ་སྦྱར་བ་མི་འདུག་གསུང༌། དེ་ནས་སྤང་བྱ་རྣམ་རྟོག་ལ། མདོར་བསྡུས་ལ་དགའ་བའི་གདུལ་བྱ་ལ་ཆོས་མདོར་བསྡུས་སྟོན་པ་ལ་འཇུག་བྱར་བདེན་པར་འཛིན་པ་སོགས་འཇུག་པ་གཟུང་རྟོག་དགུ་ཡོད་པས་དུས་གསུམ་ཡོན་ཏན་མེད་པ་ཞེས་པའི་སྐབས་ཀྱི་སྦྱོར་མཐོང་སྒོམ་གསུམ་གྱི་ཡོན་ཏན་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཡོད་པར་རྣམ་བཤད་ལས་གསུངས་པ་ནི་ཕྱི་མ་གསུམ་དང་ཁྱད་པར་ཆེར་མེད་དོ། །བསྟང་བས་ཡོངས་སུ་མ་བཟུང་ཞེས་པའི་བསྟང་བ་དེ་བཀུར་སྟི་དང་བསྟི་སྟངས་བྱེད་ཅེས་པའི་བསྟང་བ་ལ་བྱེད་དགོས་ཏེ། སངས་རྒྱས་ཀྱིས་རྒྱས་བསྡུས་གང་གིའང་ཆོས་སྟོན་པའི་སྣོད་དུ་མ་གྱུར་པས་རེ་ཞིག་བཏང་སྙོམས་སུ་བཞག་པ་ལ་བྱེད་དགོས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་མི་སྐྱེ་བ་ལ་དམིགས་པ་སོགས་ལྡོག་པ་གཟུང་རྟོག་དགུ་ཡོད་པས། སྒོམ་དང་སྒོམ་པ་མེད་པ་ཞེས་པ་ནི་དམན་པའི་ཡིད་བྱེད་དམ་བདེན་ཞེན་གྱིས་སྒོམ་པ་དང༌། རྣམ་མཁྱེན་ཡིད་བྱེད་དང་དམིགས་མེད་ཀྱི་སྒོམ་པ་མེད་པ་དང༌། སྒོམ་པའང་མིན་སྒོམ་མེད་པའང་མིན་པ་ནི་བརྟག་པ་མཐའ་བཟུང་གི་ཚུལ་དུ་ཡིན་གྱི། དོན་ལ་དེ་འདྲ་མི་སྲིད་ཅེས་བྱང་ཡེས་བཤད་ཀྱང༌། བཅོམ་ལྡན་རིག་རལ་གྱིས་གཉིས་ཀ་ཚོགས་པའི་སྟེང་ནས་འཇོག་པར་གསུངས་པ་གསེར་འཕྲེང་ནས་རང་ལུགས་སུ་བྱས་གསུང༌། འདིར་སེམས་དང་སེམས་བྱུང༌། ཞེས་པ། སྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་པ་དང་སྦྲེལ་དགོས་ལ། འདིའི་ཡུལ་ནི་ངོས་སྐལ་གྱི་སྤང་བྱ་དང༌། ཡུལ་ཅན་གྱི་དེའི་གཉེན་པོ་ལ་བྱེད་དགོས། ཕུང་པོ་ལྔ་སེམས་ཅན་དུ་བཏགས་པ་ལ་དམིགས་པ་སོགས་རྫས་འཛིན་རྟོག་པ་དགུ་ཡོད་པས་དང་པོ་གསུམ་ནི་ལམ་བདེན་གྱི་མ་ཐོབ་པ་ལ་བཏགས་པའི་སོ་སྐྱེ་དང་ལམ་བདེན་གྱི་ཐོབ་པ་ལ་བཏགས་པའི་འཕགས་པ་ལ་དམིགས་པ་ཡིན་ཏེ། འདིར་རྣམ་པ་ཐམས་ཅད་མཁྱེན་ལ་སོགས་པའི་ཆོས་ཞེས་སོགས་གསུངས་པའི་ཕྱིར། མཁྱེན་གསུམ་གྱི་སྒྲིབ་པ་ལ་ཀུན་རྨོངས་སོགས་ལ་དམིགས་སོགས་བཏགས་འཛིན་རྟོག་པ་དགུ་ཡོད་པས་མཚུངས་པར་ལྡན་མི་ལྡན་གྱི་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། དོན་ལ་སྒྲ་ཇི་བཞིན་དུ་འཛིན་ཞེས་པ་ནི། དབུ་མ་པས་སྟོང་ཉིད་སྟོན་པ་ངེས་དོན་དང་ཀུན་རྫོབ་སྟོན་པ་དྲང་དོན་དུ་བཞེད་པས་འདུས་བྱས་མི་རྟག་པར་སྟོན་པའི་མདོའི་བརྗོད་དོན་མི་རྟག་པ་རྟོགས་ཀྱང༌། དེ་ཙམ་གྱིས་མདོ་དེའི་དགོངས་པ་མ་རྫོགས་ཤིང་མི་རྟག་པ་དེ་འདུས་བྱས་ཀྱི་གནས་ལུགས་མ་ཡིན་པས་གནས་ལུགས་མཐར་ཐུག་དང་མདོའི་དགོངས་པ་མཐར་ཐུག་མི་རྟག་པ་དེ་ལས་གཞན་བདེན་མེད་དུ་དྲངས་དགོས་པའི་ཕྱིར། སེམས་ཙམ་པ་སོགས་ཀྱིས་དེ་ཙམ་ལ་ངེས་དོན་དུ་འདོད་པས་དོན་ལ་སྒྲ་ཇི་བཞིན་དུ་འཛིན་པ་ཡིན་ནོ། །དེ་ལྟར་ཡམས་ནད་ལྟ་བུའི་རྟོག་པ་འདི་རྣམས་གོང་དུ་བཤད་པའི་ཐོད་རྒལ་གྱི་ཏིང་ངེ་འཛིན་རྣམས་ལ་གོམས་པ་དབང་དུ་གྱུར་པའི་སྟོབས་ཀྱིས་ཟད་པ་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་སྡུད་པར་བྱེད་པ་ཡིན་ནོ། །སྟོང་གསུམ་གྱི་སྐྱེ་བོ་ཉན་རང་གི་རྟོགས་པ་ལ་བཀོད་པ་ལས་བར་ཆད་མེད་པའི་རྩེ་སྦྱོར་འདི་བསོད་ནམས་མང་བ་ཉིད་ཀྱིས་མཚོན་པར་བསྟན་ལ། དེའང་སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་ཉན་རང་གི་རྟོགས་པ་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལས་ཀྱང་འདི་བསོད་ནམས་ཆེ་བ་ཡིན་ཏེ། རྣམ་མཁྱེན་གྱི་དངོས་རྒྱུའི་ཚོགས་པ་ཚང་ཞིང་སྐད་ཅིག་མ་གཞན་གྱིས་བར་མ་ཆོད་པར་སངས་རྒྱས་ཐོབ་སྟེ་འགྲོ་བ་ཐམས་ཅད་ལ་ཕན་བདེའི་སྒོ་བརྒྱ་གཅིག་ཅར་འབྱེད་པ་ཡིན་པའི་ཕྱིར། འདིའི་སངས་རྒྱས། ཁ་ཅིག་གིས། གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །ཞེས་སོགས་ལྟར་སངས་རྒྱས་བཏགས་པ་བ་རྒྱུན་མཐའ་བ་ལ་བྱས་ནས་དེའི་རྒྱུད་ཀྱི་ལམ་བར་ཆད་མེད་པའི་རྩེ་སྦྱོར་ལ་འདོད་པ་ནི་མི་འཐད་དེ། སྤྱིར་ས་བཅུ་པ་བ་སངས་རྒྱས་སུ་གསུངས་པ་དང༌། སངས་རྒྱས་དང་ཡང་དག་པར་རྫོགས་པའི་སངས་རྒྱས་མིན་པ་སོགས་སྒྲས་བརྗོད་ཀྱིས་དབྱེ་བ་བྱས་པའི་སྐབས་ཡོད་ཀྱང་འདིར་སངས་རྒྱས་དངོས་དང༌། དེའི་ནང་ནས་ཀྱང་ཡེ་ཤེས་ཆོས་སྐུ་དང་དེའང་སྐད་ཅིག་གཞན་གྱིས་བར་མ་ཆོད་པའི་རྒྱུན་མཐའི་ཡེ་ཤེས་ཀྱིས་དྲངས་པའི་རྣམ་གྲོལ་ལམ་ལ་བྱེད་དགོས་གསུང༌། བར་ཆད་མེད་པའི་རྩེ་སྦྱོར་དེ་ཉིད་སྡུད་པར་འཆད་པའི་ཚེ། དཔེར་ན་འཛམ་གླིང་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། གོང་དུ་བཤད་པ་ལྟར་གཞན་ལ་བཀོད་པ་ལས་སངས་རྒྱས་ཀྱི་ས་ལ་བཀོད་པ་བསོད་ནམས་ཆེ་བ་དེ་འགོད་པའི་ཡུལ་ལ་མཆོག་དམན་མང་པོ་ཞིག་ཡོད་པའི་སྟོབས་ཀྱིས་ཡིན་ལ། གང་མཆོག་ཡིན་པ་དེ་ཤེས་ན་གཞན་ལ་མི་ཆགས་པས། འདིར་ཡང་དཔེར་ན་ལྷ་ཡུལ་དུ་འགྲོ་མ་མྱོང་བའི་འཛམ་གླིང་གི་མི་ཞིག་སྔོན་ཆད་རང་གི་གནས་དང༌། ལོངས་སྤྱོད་སོགས་མཛེས་ཤིང་ཡིད་དུ་འོང་བར་རློམ་ཡོད་པ་ལས་ཕྱིས་ལྷ་ཡུལ་དུ་ཕྱིན་ཏེ་ལྷའི་གནས་དང་ལོངས་སྤྱོད་སོགས་མཐོང་ནས་སླར་འདིར་འོང་ཡང༌། རང་གི་གནས་སོགས་ལ་སྐྱུག་ལོག་ཅིང་དེ་ལ་མི་ཆགས་པ་ལྟར། བྱང་སེམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མཐོང་བས་ཡོན་ཏན་རྣམས་ལ་ཆགས་པར་མི་བྱེད་ན། འཁོར་བའི་བདེ་བ་ལ་མི་ཆགས་པ་ནི་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་མི་ཆགས་ཀྱང་འཁོར་བའི་གནས་སུ་གཞན་དོན་དུ་སྐྱེ་བ་ལེན་པར་བྱེད་ལ། འདིའི་འདོད་པའི་ཁམས་ཞེས་པ་ཁམས་གསུམ་གྱི་འདོད་ཁམས་ལ་མི་བྱེད་པར། བྱང་སེམས་གང་དུ་སྐྱེ་བར་འདོད་པའི་ཁམས་དེར་སྐྱེ་ཞེས་པའི་དོན་ཡིན་ནམ་གསུང༌། བར་ཆད་མེད་པའི་རྩེ་སྦྱོར་གྱི་དམིགས་པ་ནི་ཆོས་ཐམས་ཅད་ཡིན་ལ་དེའང་བདེན་ཞེན་གྱིས་མིན་པར་བདེན་སྟོང་སྒྱུ་མ་ལྟ་བུར་དམིགས་པ་དང་རྣམ་པ་ནི་གདོད་ནས་ཆོས་དབྱིངས་སུ་ཉེ་བར་ཞི་བ་དང་བདག་རྐྱེན་ནི་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་གཏན་ལ་ཕབ་པ་དེ་མ་བརྗེད་པར་བསྐལ་ཆེན་གྲངས་མེད་གསུམ་དུ་དྲན་པའི་རྒྱུན་བསྐྱངས་ཏེ་གོམས་པར་བྱས་པ་དེ་ཡིན་ཏེ། དེས་རྣམ་མཁྱེན་རང་དབང་དུ་སྐྱེད་པར་བྱེད་པའི་ཕྱིར་རོ། །གང་རྟོགས་དཀའ་བ་དེ་རང་གི་བློར་མ་ཤོང་བ་ན་དེ་ལ་སྡང་བ་དང་ཕྱིན་ཅི་ལོག་ཏུ་སྨྲ་བ་ཆོས་ཉིད་ཡིན་པས། དངོས་སྨྲ་བས་བདེན་གཉིས་མི་འཐད་པའི་ཀླན་ཀ་འཕངས་པ་དེ་འདིའི་དམིགས་རྣམ་ཤིན་ཏུ་ཟབ་པའི་རྟགས་ཡིན་གསུང༌། ཀླན་ཀ་བརྒྱུད་མར་འབྱུང་བའི་དོན་ནི། དོན་དམ་པར་མེད་ན་ཡེ་མེད་དུ་གོ་ནས་དོན་དམ་པར་མེད་ཅེས་པ་ལ་གཏན་མེད་དུ་ཐལ་ཟེར་བ་དང༌། ཐ་སྙད་དུ་ཡོད་ཅེས་པ་ལ་འོ་ན་བདེན་གྲུབ་ཏུ་འགྱུར་རོ་ཟེར་བ་དང༌། བདེན་པར་མ་གྲུབ་ནའང་གཏན་མེད་ལས་མ་འདས་ཞེས་རྒོལ་བ་དེ་ཡིན་ལ། དཔེར་ན་རྣམ་འགྲེལ་ལས། ས་བོན་སོགས་ནི་མྱུག་སོགས་ལ། །ཞེས་སོགས་ཀྱིས་གཞན་དབང་དོན་དམ་པར་མེད་པ་མི་འཐད་པར་ཐལ། ས་བོན་ལས་མྱུ་གུ་སྐྱེ་བ་མངོན་སུམ་དུ་མཐོང་བའི་ཕྱིར་ཞེ་ན། ས་བོན་ལས་མྱུ་གུ་སྐྱེ་བ་ཀུན་རྫོབ་ཡིན་ནོ་ཞེས་པ་ལ། དེ་ལྟར་ན་ཅི་སྟེ་དོན་དམ་དུ་མེད་དེ། རང་ངོས་ནས་རྒྱུ་ལས་སྐྱེས་པའི་ཕྱིར་རོ། །ཞེས་ཟེར་བ་ལྟ་བུ་ཡིན་ལ། དངོས་སྨྲ་བ་རང་གི་ལུགས་ལ་འདི་རིགས་པ་རྣོ་ཤོས་ཡིན་ཀྱང༌། ཡོད་ན་དོན་དམ་དང་དོན་དམ་པར་མེད་ན་གཏན་མེད་དུ་སོང་བ་དེ་བདེན་གཉིས་ཀྱི་ཚུལ་རང་གི་བློ་ངོར་མ་ཤོང་བའི་དབང་གིས་ཡིན་གྱིས། དབུ་མ་པའི་ལུགས་ལ་ཆོས་གང་ཡོད་པར་སྣང་བ་ཙམ་གྱིས་བདེན་མེད་དུ་ངེས་པ་འདྲེན་ནུས་པ་དང༌། བདེན་པར་མེད་པའི་རྒྱུ་མཚན་གྱིས་ཐ་སྙད་དུ་ཡོད་པ་ལ་ངེས་པ་འདྲེན་ནུས་པ་དེའི་ཚེ་ལྟ་བའི་དཔྱད་པ་རྫོགས་པ་དང༌། བྱང་སེམས་ཐབས་ལ་མཁས་ཚུལ་ཡང་དེ་འདྲ་ཞིག་གི་སྟེང་ནས་འཇོག་དགོས་གསུང༌། དོན་དམ་བདེན་པ་རྟགས་སུ་བཀོད་པའི་སྒོ་ནས་ཀུན་རྫོབ་ཀྱི་ཕྱོགས་འགོག་པར་བྱེད་པ་དོན་དམ་སྒོ་ཅན་དང༌། ཀུན་རྫོབ་རྟགས་སུ་བཀོད་ནས་དོན་དམ་འགོག་པར་བྱེད་པ་ཀུན་རྫོབ་སྒོ་ཅན་གྱི་ཀླན་ཀ་ཡིན་ལ། དོན་དམ་སྒོ་ཅན་ལ་ཐ་སྙད་དུ་ཡོད་ཅེས་ཀུན་རྫོབ་སྒོ་ནས་ལན་འདེབས་པ་དང༌། ཀུན་རྫོ་བ་སྒོ་ཅན་ལ་དོན་དམ་པར་མེད་ཅེས་དོན་དམ་གྱི་སྒོ་ནས་ལན་འདེབས་གསུང༌། དེའང་ལམ་སྒོམ་པའི་དམིགས་པ་མི་འཐད་པའི་ཀླན་ཀ་སོགས་བཅུ་དྲུག་ཡོད་པས། དང་པོ་ནི། རྣམ་མཁྱེན་གྱི་དམིགས་པ་མི་འཐད་པར་ཐལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དོན་དམ་པར་མེད་པའི་ཕྱིར་ཞེས་པ་སྟེ་འདི་ནི་དོན་དམ་སྒོ་ཅན་དང༌། ཆོས་ཐམས་ཅད་དོན་དམ་པར་མེད་པ་མི་འཐད་པར་ཐལ། རྣམ་མཁྱེན་གྱི་དམིགས་པ་ཡོད་པའི་ཕྱིར་ཞེས་ཟློག་ན་ཀུན་རྫོབ་སྒོ་ཅན་དུ་འགྱུར་བས་བཅུ་དྲུག་པོ་རེ་རེ་ལའང་ཀུན་རྫོབ་དང་དོན་དམ་སྒོ་ཅན་གཉིས་གཉིས་བཞག་ཆོག་པ་འདྲ་གསུང༌། སྦྱིན་སོགས་ཀྱི་སྤྱོད་པ་མི་འཐད་པར་ཐལ། ཡུལ་འདི་ལ་རྫས་འདི་སྦྱིན་པར་བྱའོ་སྙམ་དུ་བསམ་མི་རུང་བའི་ཕྱིར་ཏེ། དེ་ལྟར་བསམ་ན་བདེན་ཞེན་དུ་འགྱུར་བར་ཁྱོད་ཀྱིས་ཁས་བླངས་པའི་ཕྱིར། ཞེས་བདུན་པ་ཚེགས་ཆུང་ངུས་ཚོགས་ཆེན་པོ་རྫོགས་པའི་ཐབས་མཁས་ཀྱི་སྤྱོད་པ་མི་འཐད་པའི་ཀླན་ཀ་དང༌། དེ་བཞིན་གཤེགས་པའི་མངོན་པར་རྟོགས་པ་མི་འཐད་པར་ཐལ། དངོས་པོ་དང་དངོས་མེད་གང་དུའང་རྟོགས་མི་ནུས་པའི་ཕྱིར། ཞེས་བརྒྱད་པ་ཐུབ་པའི་མངོན་རྟོགས་མི་འཐད་པའི་ཀླན་ཀ་དང༌། བྱང་སེམས་ཀྱིས་ལམ་བསྒོམ་པ་མི་འཐད་པར་ཐལ། ལམ་བསྒོམ་པ་འབྲས་བུའི་དོན་དུ་ཡིན་ལ་ཁྱོད་ཀྱིས་ཡང་དག་མཐའ་མངོན་དུ་མི་བྱའོ་ཞེས་འབྲས་བུ་ཐོབ་པ་བཀག་པའི་ཕྱིར། ཞེས་བཅུ་པ་ལམ་མི་འཐད་པའི་ཀླན་ཀ་དང་གསུམ་པོ་འདིའི་རྟགས་གསལ་གཉིས་ཀར་ཀུན་རྫོབ་བཀོད་པས་ཀུན་རྫོབ་རིགས་མཐུན་གྱི་ཀླན་ཀ་ཡིན་ལ། ཕྱི་མ་འདི་ལ་རྫོགས་སྨིན་སྦྱངས་གསུམ་བྱས་ནས་འབྲས་བུ་ཐོབ་པས་སྐྱོན་མེད་ཅེས་ལན་འདེབས་གསུང༌། བསལ་བྱ་ལོག་སྒྲུབ་ཕལ་པ་ལ་ཐལ་འགྱུར་སོགས་ཡོད་ཀྱང་གཙོ་བོ་བློ་ཡིན་ལ། དེ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་ཡོད་པ་ལས་རྒོལ་བ་ལ་དྲིས་ན་མཐར་ཐེ་ཚོམ་ཙམ་ལས་མེད་པས་འདིར་ཐེ་ཚོམ་ཞེས་བསྟན་གསུང༌། གཙོ་བོར་བྱང་སེམས་རང་རྒྱུད་ཀྱི་བདེན་གཉིས་འགལ་བར་འཛིན་པའི་ལོག་རྟོག་གི་དབལ་གཞོམ་དགོས་པ་ཡིན་གྱི། ཁ་ཕྱིར་བལྟས་ཁོ་ན་མི་རུང་ངོ་། །འདི་དག་ལ་རྣམ་མཁྱེན་གྱི་རྟེན་ཅན་ཞེས་གསུངས་པ་ནི་རྒྱལ་པོའི་བུས་ཉེས་པ་བྱས་པ་ལ་རྒྱལ་པོས་བྱས་པར་འཇོག་པ་ལྟར། རྣམ་མཁྱེན་གྱི་རྣམ་པ་ལ་བརྒལ་བས་རྣམ་མཁྱེན་ལ་བརྒལ་བར་འཇོག་གསུང༌། དེ་ཉིད་སྡུད་པར་བཤད་པའི་ཚེ། བདག་ཉིད་ཆེན་པོ་ཞེས་སོགས་ཤླཽ་ཀ་ལྔ་བྱུང༌། དཔེར་ན་མི་ཞིག་གིས་རིན་པོ་ཆེ་རྙེད་ཀྱང་དེ་ཚེ་རང་ལ་དགྲ་ཡོད་པའམ་ཆུད་ཟོས་པར་འགྱུར་ན་མི་ལེན་པར་ཕྱིས་དགྲ་མེད་ཅིང་རང་ལ་དགོས་པའི་དུས་སུ་བླངས་ནས་རང་གི་འདོད་པ་བསྒྲུབ་ཅིང་མི་ཆགས་པ་ལྟར་བྱང་སེམས་ཀྱིས་ཐེག་གསུམ་གྱི་ལམ་ཤེས་ཀྱང་དུས་མིན་དུ་འབྲས་བུ་མངོན་དུ་མི་བྱེད་པར་ཕྱིས་སྲིད་ཞིའི་མཐར་ལྟུང་བའི་ཉེན་མེད་པའི་ཚེ་མངོན་དུ་བྱེད་དོ། །གཅིག་པུར་བསྒྲུབ་ཀྱང་དམན་པའི་ཡིད་བྱེད་སྐྱེད་ན་གཡེང་བ་ཡིན་ལ། བྱང་སེམས་ཕྱི་རོལ་ཏུ་འདོད་ཡོན་ལྔ་ལ་གཡེངས་ཀྱང༌། ནང་དུ་དམན་པའི་ཡིད་བྱེད་མི་སྐྱེད་ན་མཉམ་པར་བཞག་པ་ཡིན་པར་ཤེས་པར་བྱ་ཞེས་པའི་དོན་ནོ། །
གཉིས་པ་བརྟན་པ་རྒྱུ་འབྲས་ལ་གཉིས་ལས་དང་པོ་ནི་གོང་དུ་དབང་དུ་བྱེད་པ་རྒྱུ་འབྲས་ཀྱིས་མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་ཀྱང་དེ་ཙམ་གྱིས་ཆོག་ཤེས་མི་བྱེད་པར་དེ་བརྟན་པར་བྱེད་དགོས་པས་བརྟན་པ་རྒྱུ་འབྲས་གསུངས་སོ། །སོ་སོ་བ་དང་བསྡུས་པའི་དོན་ནི། རྣམ་ཀུན་ཏུ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དུ་ཕྱེ་ནས་སྒོམ་པ་དང༌། རྩེ་སྦྱོར་གྱི་སྐབས་སུ་སྦྱོར་མཐོང་སྒོམ་ལམ་བར་ཆད་མེད་པའི་རྩེ་སྦྱོར་བཞིར་བསྡུས་ནས་སྒོམ་པའི་དོན་ཡིན་ནོ། །མཐར་གྱིས་སྦྱོར་བ་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ་ལམ་གྱི་ངོ་བོ་ངེས་པ་གྲངས་ངེས་པ་གོ་རིམ་ངེས་པ་ཤིན་ཏུ་གལ་ཆེ་གསུངས་པ་ལྟར། ལམ་གྱི་ངོ་བོ་ངེས་པ་གྲངས་ངེས་པ་གོ་རིམ་ངེས་པ་ཤིན་ཏུ་གལ་ཆེ་སྟེ། གཞུང་ཆེན་མོ་རྣམས་ནས་གསུངས་པ་ལྟར་ངོ་བོ་དང་གྲངས་ངེས་པར་བྱས་ཏེ་དང་པོར་འདི་སྒོམ་འདིའི་རྗེས་སུ་འདི་སྒོམ། དེའི་འོག་ཏུ་འདི་སྒོམ་ཞེས་གོ་རིམ་མཐར་ཆགས་སུ་ཉམས་སུ་བླངས་ན་རྒྱུད་ལ་གང་སྐྱེས་པ་དེ་བརྟན་པོ་ཞིག་འབྱུང་ལ། གོ་རིམ་མ་ངེས་པར་དང་པོར་སྒོམ་པ་རྗེས་སུ་ལེན་པ། རྗེས་སུ་སྒོམ་དགོས་པ་དང་པོར་བསྒོམས་ཀྱང་རྒྱུད་ལ་མི་སྐྱེ་སྟེ། ཁ་ཅིག་དང་པོར་སྟོང་ཉིད་བསྐྱེད་རྫོགས་སོགས་བསྒོམས་ནའང་སྐྱེ་སྐྱེ་འདྲ་བ་དེ་ལ་ངེས་འབྱུང་སྤུ་སུ་ཟེར་ལ། མཐར་གང་ཡང་མི་སྐྱེ་བར་དངོས་མེད་དུ་འགྲོ་བ་ཡིན་གསུང༌། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་པའི་དོན་ནི། སྤང་བྱ་ཕྱོགས་རེ་ཙམ་སྤངས་པས་ཉི་ཚེ་བ་དང༌། ཉན་རང་ཐར་པ་ཐོབ་པ་ལ་ཨང་ཐུང་བས་འབྲས་བུ་བཞིའི་མཚམས་སོ་སོར་བཅད་དེ་མང་པོ་ཞིག་བཞག་པས་ན་སྣ་ཚོགས་ཉིད་ཅེས་གསུངས་པ་ཡིན་ནམ་སྙམ། དངོས་པོ་ལྡན་དང་མི་ལྡན་ཞེས་པ་ནི། བདེན་འཛིན་གཙོ་བོར་སྤོང་མི་སྤོང་གི་ལམ་གྱི་ནུས་པ་རྒྱུན་ཆགས་སུ་འབྱུང་བ་དང་མི་འབྱུང་བའི་དོན་ནོ། །སྦྱིན་སོགས་ཕར་ཕྱིན་དྲུག་ཏུ་རྒྱལ་སྲས་ཀྱི་ལམ་གྱི་དབྱེ་བ་ཐམས་ཅད་འདུ་བས་ལམ་མཐར་གྱིས་པ་དང༌། སངས་རྒྱས་རྗེས་སུ་དྲན་པ་སོགས་རྗེས་དྲན་དྲུག་གིས་གེགས་སེལ་བོགས་འདོན་གྱི་སྒོ་ནས་ཁྱད་པར་དུ་བྱེད་པའི་ལམ་ཁྱད་པར་དུ་བྱེད་པའི་མཐར་གྱིས་པ་དང༌། དེ་དག་གི་ཚེའང་བདེན་པར་ཞེན་པ་ཟས་དུག་ཅན་ལྟར་འགྲོ་ཞིང་དངོས་མེད་ངོ་བོ་ཉིད་ཀྱིས་ཟིན་པར་བྱེད་དགོས་པས་ལམ་རྣམ་པར་དག་བྱེད་ཀྱི་མཐར་གྱིས་པ་གསུམ་ཡོད་དོ། །ཡང་ཁ་ཅིག །མཐར་གྱིས་པ་ཡི་བྱ་བ་བཞེད། །ཅེས་གསུངས་པས། མཐར་གྱིས་བྱ་བ་དངོས་སུ་བསྟན་ནས། མཐར་གྱིས་སློབ་པ་དང༌། མཐར་གྱིས་སྒྲུབ་པ་གཉིས་འདིར་ཤུགས་ལ་བསྟན་པར་འདོད་པ་མི་འཐད་ཅིང༌། རང་ལུགས་ལ་བྱ་བའི་སྒྲ་སྤྱི་སྒྲ་ཡིན་པས་གསུམ་ག་འདིར་དངོས་སུ་བསྡུས་པར་གསེར་འཕྲེང་ནས་གསུངས་པ་ལྟར་ཡིན་གསུང༌། ལམ་གྱི་ངོ་བོ་ཕྱིན་དྲུག་དང༌། སྒྲུབ་པའི་རྟེན་སངས་རྒྱས་དཀོན་མཆོག་དང༌། སྤང་བླང་གི་སྒོ་ནས་ཆོས་དཀོན་མཆོག །སྔ་མ་དགེ་འདུན་ཉི་ཤུའི་སྐབས་བཞིན་དུ་དགེ་འདུན་དཀོན་མཆོག་རྗེས་སུ་དྲན་པ་གསུམ་དང༌། རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་སྒོ་ནས་ཚུལ་ཁྲིམས་དྲན་པ་དང༌། དགེ་བ་ཐམས་ཅད་སྒྲུབ་པའི་གཏོང་བ་དྲན་པ་དང༌། རྣམ་པར་དག་པའི་ལྷ་སངས་རྒྱས་དང་བྱང་སེམས་ས་མཐོན་པོར་ཞུགས་པ་རྣམས་དང༌། འཇིག་རྟེན་སྐྱོང་བ་བཞི་པོ་རྣམས་ཐུགས་ཁྲེལ་བར་འགྱུར་བས་བྱ་བ་མ་ཡིན་པ་བྱེད་མི་རུང་སྙམ་དུ་དེ་དག་དཔང་པོའི་ཚུལ་དུ་དྲན་པ་དང༌། དམིགས་མེད་ཀྱིས་ཟིན་པའི་ཤེས་རབ་དང་བཅུ་གསུམ་ཡོད་པའི་ཕྱིར་རོ། །ཡང་ཁ་ཅིག་ལམ་གྱི་ངོ་བོ་ཕར་ཕྱིན་དྲུག་ཏུ་མི་འདུ་བར་ཐལ། ས་བཅུའི་ཕར་ཕྱིན་བཅུ་ལྷག་ཚུལ་སོ་སོར་ཡོད་པའི་ཕྱིར་ཞེ་ན་མ་ཁྱབ་སྟེ། ཕར་ཕྱིན་ཕྱི་མ་བཞི་ཤེས་རབ་ཀྱི་ཕར་ཕྱིན་ནང་དུ་འདུ་བའི་ཕྱིར། འདུ་ཚུལ་ནི། རང་གཞན་ཐམས་ཅད་ཀྱི་དགེ་རྩ་ལ་རྗེས་སུ་ཡི་རང་གི་ཚེགས་ཆུང་ངུས་བསོད་ནམས་རླབས་པོ་ཆེ་སྡུད་པར་བྱེད་པ་དེ་འདྲ་ཞིག་གི་སྟེང་ནས་ཐབས་མཁས་ཀྱི་ཕར་ཕྱིན་འཇོག་དགོས་ལ། དགེ་རྩ་ཅུང་ཟད་ཙམ་ལའང་ཁྱད་དུ་མི་གསོད་པར་ཡི་རང་བྱེད་པ་དེ་དགེ་བའི་ཡོན་ཏན་མཐོང་བའི་ཤེས་རབ་ལ་རག་ལས་པའི་ཕྱིར་ཏེ། དཔེར་ན་ནོར་བུ་རིན་པོ་ཆེ་ཤེས་མཁན་ཞིག་གིས་ནོར་བུ་ཆུང་ངུ་ཞིག་ལའང་གཅེས་སྤྲས་སུ་བྱེད་ལ། མི་ཤེས་པ་ཞིག་གིས་ནོར་བུ་ལས་ཀྱང་ཟན་གོང་ཞིག་ལ་གཅེས་པར་འཛིན་པའི་ཕྱིར་རོ། །སྨོན་ལམ་གྱི་ཕར་ཕྱིན་ནི་སྨོན་པའི་ཡུལ་སོགས་ཀྱི་ཁྱད་པར་ཤེས་དགོས་པས་ཤེས་རབ་ཏུ་འདུ། སྟོབས་ཀྱི་ཕར་ཕྱིན་ནི་མི་མཐུན་ཕྱོགས་ཀྱི་གཙོ་བོ་བདེན་འཛིན་གྱིས་མི་བརྫི་བ་ཡིན་ལ། དེའང་ཤེས་རབ་ལ་རག་ལས་པས་དེའི་ནང་དུ་འདུ་ལ། ཡེ་ཤེས་ཀྱི་ཕར་ཕྱིན་ཤེར་ཕྱིན་དུ་འདུ་བ་ཡོངས་སུ་གྲགས་པ་ལྟར་རོ། །འོ་ན་དེ་གཉིས་ལྷག་ཚུལ་ཁྱད་མེད་དུ་འགྱུར་ཞེ་ན་སྐྱོན་མེད་དེ། ཤེས་རབ་ནི་ཇི་ལྟ་བ་རྟོགས་ཚུལ་དང༌། ཡེ་ཤེས་ནི་ཇི་སྙེད་པ་རྟོགས་ཚུལ་གྱི་སྟེང་ནས་འཇོག་པར་དགོངས་པ་རབ་གསལ་དང་བྱང་ས་སོགས་ན་གསལ་བར་ཡོད་གསུང༌། ཕྱི་མ་ནི་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་པའི་རྗེས་སུ་ཏིང་ངེ་འཛིན་སྒོ་མཐའ་ཡས་པ་ཐོབ་པ་དེ་འདྲ་ཞིག་གི་སྟེང་ནས་འཇོག་གོ །སློབ་དཔོན་གྱིས་འདུ་ཚུལ་དེ་ལྟར་གསུངས་ལ། ཕར་ཕྱིན་དྲུག་རེ་རེའི་ནང་དུ་བཞི་ག་འདུ་བར་བཤད་དེ། ཐབས་མཁས་ཀྱི་ཕར་ཕྱིན་གཙོ་བོ་ལ་བསྡུ་དངོས་བཞི་འཇོག་ཅིང༌། དེའང་མཁོ་བ་སྦྱིན་པ་སྦྱིན་པར་འདུ། སྙན་པར་སྨྲ་བ་ཚུལ་ཁྲིམས་སུ་འདུ། དོན་མཐུན་པ་བཟོད་པར་འདུ། དོན་སྤྱོད་པ་བརྩོན་འགྲུས་སུ་འདུ་བ་སོགས་ཡིན་གསུང༌། མཐར་གྱིས་སྦྱོར་བ་བུདྡྷ་ཤྲཱིས་སྡུད་པར་སྦྱོར་བའི་ཚེ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཅེས་པ་ནས། སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་པའི་བར་གྱི་ཤླཽ་ཀ་བཞི་དང་སྦྱར་ཞིང་ལེགས་པར་སྣང་མོད། སློབ་དཔོན་གྱིས་དེ་ལྟར་མ་སྦྱར་བར། སེམས་ཅན་གང་དག་གཞན་ཕྱིར་ཞེས་སོགས་ཤླཽ་ཀ་གཅིག་དང་སྦྱར། དཔེར་ན་རྒྱལ་པོ་བཙན་པོའི་གཡོག་མོ་དེ་གཞན་དུ་བུད་འགྲོ་བ་ལྟ་བུའི་བྱ་བ་གང་ལའང་འཁྱོག་པོར་བྱ་མི་ནུས་པར་རྒྱལ་པོ་ལ་རག་ལས་ནས་འཇུག་པ་ལྟར། བྱང་སེམས་ཀྱིས་ལམ་གང་ཟིན་ཟིན་ནས་འཁྱོག་པོར་སྒོམ་པ་མ་ཡིན་གྱི་གོ་རིམ་མཐར་ཆགས་སུ་བསྒོམ་པས་རང་ཉིད་ཀྱི་བསམ་པའི་དམ་བཅའ་དེ་ལས་མི་འདའ་བའི་དོན་ཡིན་ནམ་སྙམ་སྟེ་དཀའ་གནས་ཡིན་པས་དཔྱོད་དགོས་གསུང༌། མཐར་གྱིས་པ་དེ་བརྒྱད་སྟོང་པར་ཡང༌། སེངྒེའི་སྒྲ་སྒྲོགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ། །ཞེས་ཚིག་གཅིག་པོ་འདི་ལས་མེད་གསུངས།
གཉིས་པ་སྐད་ཅིག་སྦྱོར་ནི། གོང་དུ་རྣམ་ཀུན་ཏུ་མཁྱེན་གསུམ་གྱི་རྣམ་པ་སོ་སོར་བཤད་པ་དང༌། རྩེ་སྦྱོར་གྱི་སྐབས་སུ་བསྡུས་ཏེ་གཏན་ལ་ཕབ་པ་དེ་མཐར་གྱིས་སྦྱོར་བའི་སྐབས་སུ་ངོ་བོ་གྲངས་ཚང་མ་ཚང་གོ་རིམ་རྣམས་ཞུ་དག་བྱས་ཏེ་བརྟན་པར་བྱས་པའི་འབྲས་བུ་ལ་གང་འོང་ན་སྐད་ཅིག་སྦྱོར་འདི་ཐོབ་པ་ཡིན་ལ། དེ་ལ་ལྡོག་པའི་སྒོ་ནས་རྣམ་པར་སྨིན་པ་མ་ཡིན་པ་དང༌། རྣམ་པར་སྨིན་པ་དང་མཚན་ཉིད་མེད་པ་དང༌། གཉིས་སུ་མེད་པའི་སྐད་ཅིག་སྦྱོར་བཞི་ཡོད་པ་ལས་འདིར་སྐད་ཅིག་སྦྱོར་ལ་རྣམ་པར་སྨིན་མ་སྨིན་གཉིས་སུ་འབྱེད་པ་མ་ཡིན་གྱི། ས་དྲུག་པ་མན་ཆད་ཀྱིས་སྟོང་ཉིད་སོགས་སྒོམ་པའི་ཚེ་མཚན་བཅས་རྩོལ་བཅས་དང༌། ས་བདུན་པར་མཚན་མེད་རྩོལ་བཅས་ཡིན་པའི་ཕྱིར་ན་འབད་རྩོལ་རགས་པ་དང་བཅས་པ་ཡིན་པས་ས་བདུན་པ་མན་ཆད་རྣམ་པར་མ་སྨིན་པ་དང༌། ས་བརྒྱད་པ་ཡན་ཆད་མཚན་མེད་རྩོལ་མེད་ཀྱི་སྒོ་ནས་འབད་རྩོལ་རགས་པ་ཞི་བས་ན་རྣམ་པར་སྨིན་པ་ཡིན་པས། སྐད་ཅིག་སྦྱོར་ལ་རྣམ་པར་སྨིན་མ་སྨིན་གྱི་སྐད་ཅིག་སྦྱོར་གཉིས་སུ་ཕྱེ་བ་ཡིན་ནོ། །དེ་ལྟར་འབྱེད་དགོས་པའི་རྒྱུ་མཚན་ཡང༌། དང་པོར་སོ་སྐྱེའི་སྐབས་ལ་སྟོང་ཉིད་རྟོགས་པའི་ཐབས་ལ་ཁྲིད། དེ་ནས་དོན་སྤྱིའི་སྒོ་ནས་རྟོགས། དེ་ནས་མངོན་སུམ་དུ་རྟོགས་ཏེ་མཚན་བཅས་རྩོལ་བཅས་དང༌། མཚན་མེད་རྩོལ་བཅས་དང༌། མཚན་མེད་རྩོལ་མེད་ཀྱི་སྒོ་ནས་རིམ་གྱིས་གོམས་པར་བྱས་པ་ཐམས་ཅད་ཀྱི་མཐར་ཐུག་པ་ནི་ལམ་དུས་ཀྱི་དབང་དུ་བྱས་ན་སྐད་ཅིག་སྦྱོར་འདི་ཉིད་ཡིན་ནོ་ཞེས་བསྟན་པར་བཞེད་ནས་དེ་ལྟར་ཕྱེ་བ་ཡིན་གསུང༌། དེའི་ཚེ་སྦྱིན་སོགས་ཟད་མེད་ཀྱི་ཆོས་གཅིག་མངོན་དུ་བྱས་པ་ན་ཐམས་ཅད་མངོན་དུ་བྱེད་ནུས་ཏེ། སྔར་སྦྱིན་སོགས་རེ་རེའི་ནང་དུའང་རྒྱལ་སྲས་ཀྱི་ལམ་ཚང་བར་བསྡུས་ནས་གོམས་པར་བྱས་པའི་ཕྱིར། དང་པོ་ནས་རེ་རེའི་ནང་དུ་ཐམས་ཅད་སྒོམ་དགོས་ན་རེ་རེ་ནས་ཇི་ལྟར་མཐར་ཕྱིན་པར་འགྱུར་ཞེ་ན་སྐྱོན་མེད་དེ། སྟོང་ཉིད་ལྟ་བུ་ལ་མཚོན་ན། ཆོས་གཅིག་གི་སྟེང་དུ་བཀག་པའི་དགག་བྱ་དེ་ཆོས་གཞན་ཞིག་གི་སྟེང་དུ་གྲུབ་ཡོད་ན་དེ་འདྲའི་སྟོང་ཉིད་དེའང་ཉི་ཚེ་བའི་སྟོང་ཉིད་དུ་སོང་ལ། འདིར་དེ་ལྟར་མ་ཡིན་པར་ཆོས་གཅིག་གི་དགག་བྱ་བདེན་གྲུབ་ཁེགས་པ་ན་དགག་བྱ་རིགས་མཐུན་པས་ན་ཆོས་གཞན་ཐམས་ཅད་ཀྱི་སྟེང་དུའང་རིགས་པའི་སྟོབས་ཤུགས་ཀྱིས་ཁེགས་པར་འགྱུར་བའི་ཕྱིར་རོ། །ལུགས་ལས་ཞེས་པ་ནི། གྲུབ་མཐའ་སྨྲ་བ་ཀུན་གྱིས་ཐུན་མོང་དུ་ཁས་ལེན་པའི་ལུགས་སྲོལ་ཡིན་པས། ལུགས་ལས་ཞེས་པ་གྲུབ་མཐའ་ལས་ཞེས་ཟེར་ཏེ། མངོན་པ་མཛོད་ལྟ་བུ་དེ་ཉན་ཐོས་སྡེ་པ་སྤྱིའི་གཞུང་ཡིན་པས་གྲུབ་མཐའ་ལས་ཞེས་དང༌། བཞི་བརྒྱ་པ་འདིའང་དབུ་མ་པ་ཀུན་གྱིས་ཁས་ལེན་པས་ལུགས་ལས་ཞེས་སྨོས་པ་ཡིན་གསུང༌། རྩ་ཤེས་ལས། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །ཞེས་པ་ལྟར་མྱང་འདས་དགག་བྱ་ཕྲ་མོ་གང་དུ་མ་གྲུབ་པ་དེར་འཁོར་བའང་མ་གྲུབ་དགོས་པར་གྲུབ་མཐའ་སྨྲ་བ་ཀུན་མཐུན་ལ། བོད་འདིར་ཇོ་ནང་པ་ལྟ་བུས་སྟོང་ཉིད་བདེན་གྲུབ་དང་ཆོས་གཞན་ཐམས་ཅད་བདེན་མེད་དུ་ཁས་ལེན་པ་ལ་སྲིད་ཞི་མཉམ་ཉིད་དུ་རྟོགས་ཚུལ་གཏན་ནས་མེད་པ་ཞིག་ཏུ་སོང་བས་རྗེ་རིན་པོ་ཆེས་དམིགས་ཀྱིས་བཀར་ནས་རྒྱས་པར་བཀག་པ་ཡིན་གསུང༌། གཞན་ཡང་འབྲས་བུའི་དུས་ན་གཅིག་ཅར་མངོན་དུ་བྱེད་ནུས་པའི་དཔེ་ནི། ཟོ་ཆུན་གྱི་འཁོར་ལོའི་ཡན་ལག་དང་ཆུ་ལེན་པའི་སྣོད་དང་གཅིག་ནས་གཅིག་ཏུ་འཕེན་པ་སོགས་གཅིག་ཆར་བྱེད་ཀྱང༌། རྒྱུའི་དུས་སུ་དེ་ཐམས་ཅད་གཅིག་ཅར་དུ་སྒྲུབ་ཚུལ་མེད་ཀྱང༌། སྔོན་བཟོ་ལེགས་པར་བྱས་པའི་མཐུས་ཞེས་པ་འདི་ལ་གོ་རྒྱུ་ཆེ་སྟེ། ཟོ་ཆུན་གྱི་འཁོར་ལོ་དང་ཆུ་འབོ་བའི་སྣོད་དང་ཐེག་པ་སོགས་རེ་རེ་ནས་ཀྱང་བཟོ་བོ་མཁས་པས་གྱ་དག་བྱས་ཏེ་རིམ་གྱིས་ལེགས་པར་བཟོས་པའི་མཐུས། འབྲས་བུའི་དུས་སུ་གཅིག་ཅར་བྱེད་ནུས་པ་བཞིན་ཡིན་གསུང༌། དེར་མ་ཟད་གསང་སྔགས་རྡོ་རྗེའི་ཐེག་པར། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་མྱུར་བར་གསུངས་པའང་ཐུད་ཚོན་པོ་མར་གྱི་དྲིན་ཞེས་ཟེར་བ་ལྟར་ཕར་ཕྱིན་ཐེག་པའི་ལམ་ཐུན་མོང་བས་རྒྱུད་སྦྱངས་ཏེ་ཚགས་སུ་ཚུད་པ་ན་རྡོ་རྗེ་ཐེག་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལས་དབང་བཞི་རྫོགས་པར་མནོས་ཏེ་བཤེས་གཉེན་བསྟེན་ཚུལ་སོགས་སྔར་ལས་ཀྱང་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པ་དང༌། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བའི་སྟེང་ནས་མཚན་བཅས་མཚན་མེད་དམ། རིམ་གཉིས་ཀྱི་རྣལ་འབྱོར་གང་རུང་ཉམས་སུ་བླང་ན་གསང་སྔགས་རྡོ་རྗེ་ཐེག་པ་མྱུར་བ་ཡིན་གྱི། ཕར་ཕྱིན་ཐེག་པའི་ལམ་ཐུན་མོང་བ་སྔོན་དུ་མ་སོང་ན་གསང་སྔགས་རྡོ་རྗེ་ཐེག་པ་ཁམ་ཆེ་བ་ཙམ་གྱིས་སྐད་ཅིག་གཅིག་ལ་རྫོགས་སངས་རྒྱ་མི་ནུས་ལ། ལམ་དེ་དག་སྔོན་དུ་སོང་ན་ཕར་ཕྱིན་ཐེག་པར་ཡང་སྐད་ཅིག་ལ་སངས་རྒྱ་ནུས་པར་བཤད་པ་ཡིན་ཞེས་ཡོངས་འཛིན་རིན་པོ་ཆེ་ནས་ཡང་ཡང་ཐོས་གསུང༌། གཞན་ཡང་ལམ་རིམ་ལྟ་བུའང་དལ་འབྱོར་རྙེད་དཀའ་སོགས་རེ་རེའང་དང་པོར་ལོ་དང་ཟླ་བའི་རྣམ་གྲངས་མཐའ་ཡས་པས་གཏན་ལ་དབབ་དགོས་པ་དེ་གོམས་ན་ཕྱིས་སྐད་ཅིག་གཅིག་ལའང་འཆར་བ་ནི། རྗེ་སྒྲུབ་ཁང་པ་ཡིན་ནམ་ཆིབས་གོང་དུ་ཞོན་པའི་བར་ལ་ལམ་རིམ་ཚར་གཅིག་སྐྱོང་ཐུབ་པར་གསུངས་པ་ལྟ་བུ་ཡིན་ལ། དཔེར་ན་ལམ་རྒྱུས་མེད་པ་ཞིག་ལ་བཤད་ནའང་མི་འཛད་པ་ལྟ་བུའི་ལམ་བར་དེ་རྒྱུས་ཡོད་ལ་སྐད་ཅིག་ལ་འཆར་བ་ལྟ་བུ་ཡིན་གསུང༌། རྣམ་པར་སྨིན་པའི་དེ་ནི་དག་པ་ས་གསུམ་དུའང་ཡོངས་སྦྱོང་སོ་སོའི་གོམས་པའི་མཐར་ཐུག་པ་ནི་སྐད་ཅིག་སྦྱོར་དང༌། མཚན་ཉིད་མེད་པའི་དེ་ནི་བདེན་སྟོང་སྒྱུ་མ་ལྟ་བུར་ཡུན་རིང་དུ་གོམས་པའི་མཐར་ཐུག་པ་ནི་སྐད་ཅིག་སྦྱོར་དང་གཉིས་སུ་མེད་པའི་སྐད་ཅིག་སྦྱོར་ནི་རྨི་ལམ་དང་དེའི་ཡུལ་གཉིས་འཁྲུལ་སྣང་ཙམ་ལས་དོན་དུ་མ་གྲུབ་པ་ལྟར་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་ཙམ་མ་གཏོགས་རང་ངོས་ནས་མ་གྲུབ་པར་གོམས་པའི་བྱང་སེམས་ཀྱི་ལམ་མཐར་ཐུག་ནི་སྐད་ཅིག་སྦྱོར་ཡིན་ལ། དེའི་ཚེ་སྐད་ཅིག་གཞན་གྱིས་བར་མ་ཆོད་པར་འཚང་རྒྱ་བ་ཡིན་ནོ། །སྐད་ཅིག་སྦྱོར་དེ་ཉིད་སྡུད་པར་འཆད་པའི་ཚེ། བུདྡྷ་ཤྲཱིའི་སྡུད་འགྲེལ་ལྟར་ན། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །ཞེས་པ་གཅིག་པུ་དང་སྦྱར་ལ་འདིའང་ལེགས་པར་འགྲིགས་ལ་ཡོངས་དག་ཅེས་སོགས་སྐབས་བརྒྱད་པ་དང་མཚམས་སྦྱོར་སླ་བ་ཞིག་ཡོད་གསུང༌། སློབ་དཔོན་ལྟར་ན། སྐད་ཅིག་སྦྱོར་དེ་ཉིད་སྡུད་པར་འཆད་པའི་ཚེ། སྤྱོ་བ་བྱས་སམ་ཞེས་སོགས་ཤླཽ་ཀ་གཉིས་བྱུང༌། བྲན་མོ་དེས་རྟག་ཏུ་རྗེ་བོའི་བྱ་བ་འབའ་ཞིག་བྱེད་ཀྱི་གཞན་མི་བྱེད་པ་ལྟར། བྱང་ཆུབ་སེམས་དཔས་ཀྱང་གཞན་དོན་གཅིག་པུ་བྱེད་ཀྱི་བྱ་བ་གཞན་མི་བྱེད་པའི་ཕྱིར། རྩྭ་དང་ཤིང་ལས་མེ་བྱུང་སྟེ་དེ་ཉིད་སྲེག་པར་བྱེད་པ་ལྟར། དང་པོར་སྟོང་ཉིད་དོན་སྤྱིའི་སྒོ་ནས་རྟོགས་དགོས་ཀྱང༌། གསལ་སྣང་ཐོབ་སྟེ་གོམས་པ་ལས་མཐར་གཉིས་སྣང་གི་དྲི་མ་ཐམས་ཅད་སྲེག་པར་བྱེད་པ་ཡིན་ནོ། །དེ་ཉིད་བརྒྱད་སྟོང་པར་འཆད་པའི་ཚེ། མི་འཁྲུགས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རིག་པར་བྱའོ། །ཞེས་པའི་ཚིག་གཅིག་པོ་འདི་ལས་མེད་ལ། མི་འཁྲུགས་པ་དང་མི་བསྐྱོད་པ་དོན་འདྲ་བས། སྐད་ཅིག་སྦྱོར་ཐོབ་པ་དེའི་ཚེ་དམན་པའི་ཡིད་བྱེད་དང༌། བདེན་འཛིན་སོགས་ཀྱིས་བསྐྱོད་པའམ་གཡོ་བ་མི་སྲིད་པའི་དོན་ནོ། །
༈ གསུམ་པ་འབྲས་བུ་ཆོས་སྐུ་ལ་བཞི་ལས། དང་པོ་ངོ་བོ་ཉིད་སྐུ་ནི། དྲན་པ་ཉེར་གཞག་སོགས་ལྡན་པའི་ཁྱད་པར་དང༌། ཆོས་ཀྱི་དབྱིངས་སོགས་ངོ་བོ་ཉིད་ཀྱི་ཁྱད་པར་དང༌། གློ་བུར་དྲི་མས་རྣམ་པར་དག་པའི་ཁྱད་པར་གསུམ་དང་ལྡན་ལ། རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་པ་ལྟར་སེམས་བདེན་པས་སྟོང་པ་དེ་ལ་དྲི་མས་ཅུང་ཟད་ཀྱང་མ་དག་པའི་གནས་སྐབས་ན་སེམས་ཅན་གྱི་ཁམས་དང༌། དྲི་མ་ཉི་ཚེ་བས་དག་པས་ན་བདེ་གཤེགས་སྙིང་པོ་དང༌། དྲི་མ་མཐའ་དག་གིས་དབེན་པས་ན་ཆོས་སྐུ་ཞེས་བརྗོད་དོ། །འདིར་ངོ་བོ་ཉིད་ཅེས་པ་ནི། རྩ་ཤེས་ལས། རང་བཞིན་དག་ནི་བཅོས་མིན་དང༌། །ཞེས་སོགས་ལྟར་རང་བཞིན་དང་དོན་འདྲ་བས། རང་བཞིན་ནི་སངས་རྒྱས་པའི་ཚེའང་ལྷག་པར་དག་རྒྱུ་མེད་ལ། ཐོག་མ་མེད་པ་ནས་དྲི་མས་དག་ཅིང་མ་བསླད་པའི་རྒྱུ་མཚན་གྱིས་སེམས་ཅན་གྱི་གནས་སྐབས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཟེར་བ་ཡིན་གསུང༌། དེ་ལྟར་ཆོས་ཉིད་ཀྱི་སྐུ་བཤད་པས་ཆོས་ཅན་གྱི་སྐུ་གསུམ་དེར་འདུས་སོ་སྙམ་ན། གོང་དུ་ཆོས་ཉིད་དུ་ཆོས་ཅན་རྣམས་བསྡུས་ནས་བཤད་པ་ཡོད་ཀྱང༌། འདིར་ཆོས་ཅན་གྱི་སྐུ་གསུམ་ཆོས་ཉིད་ཀྱི་སྐུ་ལས་ལོགས་སུ་བསྟན་པ་ལ་དགོས་པ་ཡོད་དེ། རྣམ་མཁྱེན་ནི་སངས་འཕགས་ཁོ་ནའི་ནང་ཕན་ཚུན་གྱི་སྤྱོད་ཡུལ་ཡིན་པས། དེ་རྣམས་ཀྱིས་རྟོགས་ཚུལ་གྱི་སྒོ་ནས་ཡེ་ཤེས་ཆོས་སྐུ་དང༌། ལོངས་སྐུ་ནི་རང་གི་འཁོར་བྱང་འཕགས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི་གཞན་གྱི་སྤྱོད་ཡུལ་མ་ཡིན་པས་བྱང་སེམས་དེ་དག་གི་མོས་པའི་སྒོ་ནས་དང༌། སྤྲུལ་སྐུ་ནི་ཉན་རང་དང་སོ་སྐྱེ་ལས་དག་ཡན་ཆད་ལ་མངོན་སུམ་དུ་སྣང་རྒྱུ་ཡོད་པས་དེ་དག་གི་སྣང་བ་དང་དོན་སྒྲུབ་ཚུལ་གྱི་སྒོ་ནས་བཞག་པ་ཡིན་གསུང༌། བྱང་ཆུབ་ཕྱོགས་མཐུན་ནས། མཁྱེན་གསུམ་གྱི་བར་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་ལ་ཡེ་ཤེས་ཆོས་སྐུ་ཞེས་བརྗོད་པ་ཡིན་ལ་ཕལ་ཆེར་གྱི་ངོ་བོ་སྐབས་བཞི་བར་བརྗོད་ཟིན་ལ། རྣམ་ཐར་ཟིལ་གནོན། ཟད་པར་གསུམ་གྱི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་ཚུལ་ནི། མདོ་སྡེ་རྒྱན་ལས། ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། རྣམ་ཐར་ནི་རང་སའི་ཀུན་དཀྲིས་ལས་གྲོལ་བས་འཇོག་ལ། སངས་རྒྱས་ཁམས་གསུམ་གྱི་སྒྲིབ་པ་ལས་གྲོལ་བ་དང༌། ཟིལ་གནོན་གྱི་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པ་ལ་དེ་དག་གི་ཟློག་ཟླ་ཟིལ་གྱིས་གནོན་པ་དང༌། ཟད་པར་གྱི་མཁྱེན་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་གཞན་དོན་བྱེད་པས་དེའི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པ་དང༌། ཡོངས་སུ་དག་པ་བཞི་ནི། མདོ་སྡེ་རྒྱན་ལས། ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། གདུལ་བྱའི་ངོར་ལུས་ལེན་པ་དང༌། སྐུའི་བཀོད་པ་གནས་པ་དང༌། ཆོས་ལ་བསྐུལ་བའི་ཕྱིར་མྱ་ངན་ལས་འདའ་བར་སྟོན་པས་ན་ལུས་སམ་རྟེན་དག་པ་དང༌། གཟུགས་ཆེ་ཆུང་དུ་མ་སྤྲུལ་ཞིང་བཟང་ངན་སྣ་ཚོགས་སུ་བསྒྱུར་བ་ལ་དབང་འབྱོར་བས་ན་དམིགས་པ་དག་པ་དང༌། ཏིང་ངེ་འཛིན་མཐའ་ཡས་པ་ལ་མངའ་བརྙེས་པས་ན་ཐུགས་དག་པ་དང༌། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མི་མངའ་བས་ཡེ་ཤེས་ཡོངས་སུ་དག་པས་དེའི་སྒོ་ནས་སངས་རྒྱས་དྲན་ནོ། །དབང་བཅུ་ནི་ཚེ་གཏོང་འཇོག་ལ་དབང་བས་ཚེ་ལ་དབང་བ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་དབང་བས་སེམས་ལ་དབང་བ་དང༌། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་སྒོ་ནས་སེམས་ཅན་ལ་སྦྱིན་པ་གཏོང་བའི་ཚེ་ལོངས་སྤྱོད་ཀྱིས་ནམ་ཡང་ཕོངས་པ་མེད་པས་ཡོ་བྱེད་ལ་དབང་བ་སྟེ་འདི་གསུམ་གཙོ་བོར་སྦྱིན་པའི་འབྲས་བུ་དང༌། ལས་གང་སྒྲུབ་ཀྱང་འགྲུབ་པས་ལས་ལ་དབང་བ་དང༌། གང་དུ་སྨོན་པ་དེར་སྐྱེ་བས་སྐྱེ་བ་ལ་དབང་བ་སྟེ་འདི་གཉིས་ཚུལ་ཁྲིམས་ཀྱི་འབྲས་བུ་དང༌། གདུལ་བྱས་གང་མོས་པ་ལྟར་གཞན་དོན་བྱེད་ནུས་པས་མོས་པ་ལ་དབང་བ་ཡིན་ལ། དེ་བཟོད་པའི་འབྲས་བུ་ཡིན་ཏེ། བཟོད་པས་ནི་སློབ་ལམ་དུ་སེམས་ཅན་གྱི་བསམ་པ་དང་མཐུན་པར་བྱས་པའི་ཕྱིར་རོ། །སྨོན་ལམ་ལ་དབང་བ་བརྩོན་འགྲུས་ཀྱི་འབྲས་བུ་དང༌། རྫུ་འཕྲུལ་ལ་དབང་བ་བསམ་གཏན་གྱི་འབྲས་བུ་དང༌། ཡེ་ཤེས་དང་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ལ་དབང་བ་སྟེ་འདི་གཉིས་ཤེས་རབ་ཀྱི་འབྲས་བུ་ཡིན་ལ་ཕྱི་མ་རྣམས་གོ་སླ་གསུང༌། སྟོབས་བཅུ་ནི། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང༌། །ཞེས་སོགས་ལྟར་མི་མཐུན་ཕྱོགས་འཇོམས་པའི་སྒོ་ནས་སྟོབས་སུ་བཞག་པ་གཅིག་དང༌། བདུད་ཀྱི་སྤྱོད་པ་ཟིལ་གྱིས་གནོན་པའི་སྒོ་ནས་སྟོབས་སུ་བཞག་པ་གཅིག་དང་གཉིས་ཡོད་པ་ལས་ཕྱི་མ་ནི་མདོ་སྡེ་རྒྱན་ལས། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་བསླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། གནས་དང་གནས་མིན་མཁྱེན་པའི་སྟོབས་ནི་གང་ཞིག་བྱས་ན་ངན་སོང་དུ་སྐྱེ་མི་སྲིད་ལ། གང་ཞིག་བྱས་ན་ངན་སོང་དུ་སྐྱེ་བ་དང༌། གང་ཞིག་བྱས་ན་བདེ་འགྲོར་སྐྱེ་མི་སྲིད་ལ། གང་བྱས་ན་བདེ་འགྲོར་སྐྱེ་བ་དེ་བདུད་ཀྱིས་ལོག་པར་སྟོན་ལ། སངས་རྒྱས་ཀྱིས་བདུད་ཟིལ་གྱིས་མནན་ཏེ་ཕྱིན་ཅི་མ་ལོག་པར་སྟོན་པ་དང༌། ལས་དང་དེའི་རྣམ་སྨིན་མཁྱེན་པའི་སྟོབས་ནི། ངན་འགྲོ་ལས་གྲོལ་ཏེ་བདེ་འགྲོ་ཐོབ་པ་དེའང་རང་ཉིད་ཀྱིས་བླང་དོར་ཚུལ་བཞིན་བྱེད་པ་ལ་རག་ལས་པར་ཤེས་ཏེ་སྐྱབས་དངོས་ཆོས་དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པས་སངས་རྒྱས་ལ་སྐྱབས་སྟོན་པ་དང༌། དགེ་འདུན་ལ་སྐྱབས་བསྒྲུབ་པའི་ཟླ་གྲོགས་སུ་གོ་ལ། དེ་ལྟར་ན་ལས་འབྲས་དང༌། སྐྱབས་འགྲོ་གཉིས་སྐྱེས་བུ་ཆུང་ངུའི་ཆོས་སྐོར་གྱི་གཙོ་བོ་ཡིན་པས། སངས་རྒྱས་ཀྱིས་བདུད་ཀྱི་སྤྱོད་པ་ཟིལ་གྱིས་མནན་ཏེ་གདུལ་བྱ་སྐྱེས་བུ་ཆུང་ངུའི་ལམ་ལ་འགོད་པ་དང༌། བསམ་གཏན་རྣམ་ཐར་སོགས་མཁྱེན་པའི་སྟོབས་ནི། ཕྱི་རོལ་པ་རྣམས་ཀྱིས། འདོད་པ་ལས་ཆགས་པ་དང་བྲལ་བ་ལ་ཐར་པར་འཁྲུལ་ནས་སྲིད་རྩེ་ལས་གྲོལ་པ་མཐར་ཐུག་ཏུ་རློམ་པ་དེ་དག་ཉི་ཚེ་བ་དང༌། མཐར་ལྟུང་བའི་ཆོས་ཅན་ཡིན་པས་བདུད་ཀྱིས་བསླུས་པ་ཡིན་ལ། སངས་རྒྱས་ཀྱིས་བདུད་ཀྱི་སྤྱོད་པ་དེའང་ཟིལ་གྱིས་མནན་ཏེ་གདུལ་བྱ་སྐྱེས་བུ་འབྲིང་གི་ཆོས་སྐོར་ལ་འགོད་པ་དང༌། དབང་པོ་མཆོག་དང་མཆོག་མིན་པ་མཁྱེན་པའི་སྟོབས་ནི། ཐེག་དམན་རྣམས་དབང་པོ་མཆོག་མིན་ལ། ཐེག་ཆེན་རིགས་ཅན་རྣམས་དབང་པོ་མཆོག་ཡིན་པས་དེ་ཐེག་ཆེན་ལ་ངེས་པར་འབྱུང་བ་སྐྱེས་བུ་ཆེན་པོའི་ཆོས་སྐོར་ལ་འགོད་པས་དེའི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པ་དང༌། བསྲུང་བ་མེད་པ་གསུམ་སོགས་ཀྱི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་ཚུལ་ནི། མདོ་སྡེ་རྒྱན་ལས། བསྲུང་མེད་བསྙེལ་བ་མི་མངའ་བར། །འཁོར་གྱི་ནང་དུ་བག་བརྐྱང་གསུངས། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་ཕྱི་རོལ་ནས་ཆོས་དང་མཐུན་པར་བཅོས་ཀྱང་ལྐོག་ཏུ་ཉེས་པ་བྱས་ན་མང་པོའི་ནང་དུ་གཞན་གྱིས་ཤེས་དོགས་ནས་ནོངས་པ་དེ་རང་གི་ཞེ་ཕུགས་ན་སྐྱོན་ཅིག་ཡོད་པའི་རྟགས་ཡིན་ལ། སངས་རྒྱས་ནི་མངོན་ལྐོག་མི་མངའ་བས་གཞན་གྱིས་ཤེས་དོགས་ནས་སྤྱོད་ལམ་བསྒྲིམ་མི་དགོས་པར་འཁོར་གྱི་ནང་དུ་བག་བརྐྱངས་ཏེ་བཞུགས་པས་ན། བསྲུང་བ་མེད་པ་ཞེས་བྱ་ཡི། བསྲུང་བྱ་བསྲུང་བ་མེད་ཅེས་པ་མིན་གསུང༌། ཆོས་སྟོན་པའི་ཚེ་འདི་ནི་བདག་ལ་གུས་པར་འདུག་སྙམ་དུ་ཆགས་པ་དང༌། འདི་ནི་མི་གུས་པར་འདུག་སྙམ་དུ་སྡང་བའི་ཉོན་མོངས་གཉིས་པོ་སྤངས་པས་ན་དྲན་པ་ཉེར་གཞག་ཅེས་བྱ་ཡི། དྲན་པ་ཉེར་གཞག་བཞི་དང་མི་འདྲ་གསུང༌། གདུལ་བྱའི་ངོས་ནས་རྒྱུ་རྐྱེན་ཚོགས་ན་སངས་རྒྱས་ཀྱི་འཕྲིན་ལས་རྒྱ་མཚོའི་རླབས་བཞིན་དུས་ལས་མི་ཡོལ་བས་ན་བསྙེལ་བ་མི་མངའ་བ་སྟེ། འདི་གསུམ་མདོ་སྡེ་རྒྱན་དུ་བསྡུས་ཏེ་བསྟན་ཏོ། །ཉན་རང་དགྲ་བཅོམ་ལ་སྔོན་གྱི་ཉོན་མོངས་ཀྱི་བག་ཆགས་མ་སྤངས་པས་ནགས་ཚལ་དུ་ཀུ་ཅོ་འདོན་པ་དང༌། སྦྲུལ་ལྡོག་པས་བརྫིས་པ་སོགས་ཡོད་ལ། སངས་རྒྱས་ནི་རྟག་ཏུ་མཉམ་པར་བཞག་པས་བག་ཆགས་ཡང་དག་བཅོམ་པ་དང༌། སྙིང་རྗེ་ཆེན་པོ་དང༌། ཐུགས་རྗེ་ཆེན་པོ་གཉིས་ལ་བྱེ་སྨྲའི་ལུགས་ལ་ཁྱད་པར་ཡོད་ཀྱང༌། འདིར་སྙིང་རྗེ་ཆེན་པོའི་ནུས་པ་ཡོངས་སུ་རྫོགས་པའི་ཚེ། ཐུགས་རྗེ་ཆེན་པོ་ཞེས་བྱ་བ་ཡིན་ནོ། །བྱང་ཆུབ་ཕྱོགས་མཐུན་སོགས་ཟག་མེད་དུ་གྱུར་པའི་ཡེ་ཤེས་སྡེ་ཚན་ཉེར་གཅིག་ངོ་བོ་ཉིད་སྐུ་ལས་ལོགས་སུ་ཡེ་ཤེས་ཆོས་སྐུ་ཞེས་དོན་བདུན་ཅུའི་རྐང་གྲངས་གཅིག་ཏུ་བརྗོད་པ་ནི་སྐུ་བཞིར་འདོད་པ་ཁ་ཅིག་ལའོ་ཞེས་སློབ་དཔོན་རང་གིའང་བཞེད་པའོ། །གཞན་དག་སྐུ་བཞིར་འདོད་པ་དག་ན་རེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཞེས་སོགས་ཚིགས་བཅད་གཅིག་གིས་ངོ་བོ་ཉིད་སྐུ་མདོར་བསྟན་ནས། ངོ་བོ་ཉིད་སྐུ་གང་གི་རང་བཞིན་དུ་འགྲོ་སའི་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། །ནས། རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཞེས་པའི་བར་གྱིས་རྒྱས་པར་བཤད་ཅིང༌། ངོ་བོ་ཉིད་སྐུ་ཟག་མེད་ཀྱི་ཆོས་དེ་དག་གི་ངོ་བོ་ཉིད་དམ་རང་བཞིན་ཡིན་ཞེས་སྟོན་པ་ལ། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་པ་འདི་བྱུང་ཟེར་རོ། །དེ་ལ་སྐུ་བཞིར་འདོད་པ་དག་ན་རེ། འོ་ན་རྐང་པ་ཐ་མས་ཆོས་ཉིད་ཀྱི་སྐུ་ཞེས་སྨོས་རིགས་ཀྱི། ཆོས་ཀྱི་སྐུ་ཞེས་སྨོས་མི་རིགས་སོ་ཞེ་ན། སྐྱོན་མེད་དེ། དྷརྨཱ་ཀཱ་ཡ་ཆོས་སྐུ་དང༌། དྷརྨཱ་ཏ་ཀཱ་ཡ་ཆོས་ཉིད་ཀྱི་སྐུ་ཡིན་པ་ལས་འདིར་སྡེབ་སྦྱོར་གྱི་དབང་གིས་ངོ་བོའི་རྐྱེན་ཏ་མི་མངོན་པར་བྱས་ཏེ་ཆོས་སྐུ་ཞེས་བརྗོད་པ་ཡིན་ཟེར་རོ། །ཉི་ཁྲི་རྣམ་འགྲེལ་ལས་གང་ཉིད་ཀྱི་རྐྱེན་ཕྱིས་པས་ཞེས་འབྱུང་བ་འདི་དང་དོན་ཁྱད་པར་མེད་གསུང༌། སྐུའི་བསྟན་ཚུལ་ལ་རྩོད་ཀྱི་གྲངས་ངེས་ལ་རྩོད་པ་མིན་ནོ། །ཡང་སྐུ་བཞི་འདོད་པ་དག་ན་རེ། ཆོས་སྐུའི་ནང་ནས་གལ་ཆེ་ཤོས་ཁྱད་པར་གསུམ་ལྡན་གྱི་ཡེ་ཤེས་ཆོས་སྐུ་དེ་ཉིད་ཆད་པར་འགྱུར་བས་མི་རུང་བའི་ཕྱིར་ཆོས་སྐུའི་ནང་ནས་གལ་ཆེ་ཤོས་ཡིན་པའི་རྒྱུ་མཚན་ནི། ངོ་བོ་ཉིད་སྐུ་ནམ་མཁའ་ལྟ་བུའི་ངང་ནས་གདུལ་བྱ་ལ་དོན་ཁྱད་པར་ཅན་གཟུགས་སྐུ་གཉིས་ཀྱི་སྣང་བ་སྐྱེད་པའི་སྒོ་ནས་ཆོས་སྟོན་པ་སོགས་ཀྱིས་དོན་མཛད་པ་ཐམས་ཅད་གང་གི་སྟོབས་ཀྱིས་ཡིན་ན་ཡེ་ཤེས་ཆོས་སྐུ་དེ་ཉིད་ཀྱི་སྟོབས་ཀྱིས་ཡིན་པས་ན་གལ་ཆེ་ཤོས་དང་ཆད་མི་རུང་བའི་ཕྱིར་ཟེར་རོ། །ཁྱད་པར་གསུམ་ནི། ངོ་བོའི་ཁྱད་པར་གཟུང་འཛིན་གཉིས་སུ་མེད་པ་དང༌། སྤངས་པའི་ཁྱད་པར་སློབ་པའི་ཚེ་གཉིས་སྣང་གི་ཟག་པ་དང་བཅས་པ་ལས་གནས་གྱུར་ནས་རྣམ་པར་དག་པ་དང༌། བྱེད་ལས་ཀྱི་ཁྱད་པར་གཟུགས་སྐུ་གཉིས་སུ་སྣང་བ་སྐྱེད་པའི་སྒོ་ནས་ཆོས་སྟོན་པ་སོགས་ཡིན་ནོ། །དེ་ལ་སྐུ་གསུམ་དུ་འདོད་པ་དག་ན་རེ། ངོ་བོ་ཉིད་ཅེས་པ་ནས་ཡང་དག་བརྗོད་ཅེས་པའི་བར་གྱིས་ཚིགས་བཅད་འདིའི་ངོ་བོ་ཉིད་ཅེས་པའི་དེ་མ་ཐག་ཏུ་ཆོས་སྐུ་ཞེས་མི་འབྱུང་བས་ལུས་མདོར་བསྟན་གྱིས་ཀྱང་སྐུ་གསུམ་ཁོ་ནར་འགྲུབ་བོ་ཞེས་ཟེར་རོ། །དེ་ལྟར་མ་ཡིན་པར་སྐུ་བཞིར་བསྟན་ན། ལུས་མདོར་བསྟན་གྱི་ངོ་བོ་ཉིད་ཅེས་པའི་དེ་མ་ཐག་ཏུ་ལོངས་སྐུ་འབྱུང་བས་མདོར་བསྟན་རྒྱས་བཤད་གོ་རིམ་མི་མཐུན་པས་ན་རྩ་བ་དང་ཡང་འགལ་ལོ་ཞེ་ན། དེ་སྐུ་བཞིར་འདོད་པ་དག་ན་རེ། དགོས་པ་ཡོད་ན་བསྟན་བཤད་གོ་རིམ་མ་མཐུན་ཀྱང་མི་འགལ་བ་ནི། དཔེར་ན། སྔར་སྦྱོར་ལམ་གྱི་ལུས་མདོར་བསྟན་དུ་ཡོངས་འཛིན་སྔོན་ལ་བཤད་ཅིང༌། རྒྱས་བཤད་དུ་ཁྱད་ཆོས་དེ་དག་ཡོངས་འཛིན་གྱི་སྟོབས་ཀྱིས་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་མཇུག་ཏུ་བཤད་པས་གོ་རིམ་མི་མཐུན་ཡང་འགལ་བ་མེད་པར་ཁྱོད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར་རོ། །འོ་ན་དགོས་པ་གང་ཞེ་ན། སྐུ་གསུམ་གྱི་མཇུག་ཏུ་ཆོས་སྐུ་སྦྱར་བ་ལ་དགོས་པ་ཡོད་དེ། གོང་དུ་དོན་ཁྱད་པར་ཅན་སྣང་བ་བསྐྱེད་པའི་སྒོ་ནས་ཆོས་སྟོན་ཞེས་སོགས་ཀྱིས་ཉེ་བར་བསྟན་པའི་དགོས་པ་དེའི་ཤུགས་ཀྱིས་སམ་ཆེད་དང༌། སྡེབ་སྦྱོར་གྱི་ངོ་དང༌། ཡེ་ཤེས་ཆོས་སྐུ་དང་མཛད་པ་སྦྱོར་བ་གསུམ་གྱི་ཆེད་ཡིན་པའི་ཕྱིར་རོ། །རྣམ་བཤད་ལྟར་ན་རྟགས་འདི་གསུམ་གྱི་ཕྱི་མ་ཕྱི་མ་བསྒྲུབ་བྱ་དང༌། སྔ་མ་སྔ་མ་སྒྲུབ་བྱེད་དུ་བྱས་སོ། །ཡེ་ཤེས་མཛད་པ་དང་བཅས་པ་ཞེས་སྦྱར་ནའང་སྡེབ་སྦྱོར་ལེགས་མོད་འདིར་སྡེབ་སྦྱོར་ལེགས་པའི་དོན་ནི་ཚིག་གི་སྡེབ་སྦྱོར་ཙམ་མིན་གྱི་ཡེ་ཤེས་དང་མཛད་པ་སྦྱར་བས་མི་གོ་ལ། ཆོས་སྐུ་དང་མཛད་པ་སྦྱར་བས་གོ་ནུས་པ་གཅིག་ཡོད་དེ་ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་ཅེས་པ་འདི་རྣམ་ཀུན་མཁྱེན་ཉིད་ཅེས་པ་ལ་བསྟན་བཤད་སྦྱོར་བའི་ཚིག་ཡིན་པ་བཞིན་དུ་གཞན་རྣམས་ལའང་ཡོད་ཅིང༌། ཆོས་སྐུ་ལའང་ཡོད་དགོས་པས་ཡེ་ཤེས་ཞེས་སྨོས་ན་བསྟན་བཤད་སྦྱར་བ་མེད་སྙམ་དུ་དོགས་པ་མི་སེལ་ལ། དངོས་པོ་བརྒྱད་ཀྱི་རྐང་གྲངས་ཀྱི་ཆོས་སྐུ་སྤྱི་ལྡོག་དེའི་མིང་ནས་སྨོས་པས་དོགས་པ་སེལ་ལ། བསྟན་བཤད་སྦྱར་བའང་གོ་བའི་ཕྱིར་རོ། །ཉོན་མོངས་པ་མེད་པ་དང༌། སྨོན་གནས་མཁྱེན་པ་གཉིས་རྟོགས་དཀའ་ཞིང་ནོར་ས་ཡོད་པས། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་སོགས་ཀྱིས་རྒྱས་པར་བཤད་གསུང༌། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི། མདོ་སྡེ་རྒྱན་ལས། སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འཇོམས། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར། ཉན་ཐོས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི། ཉན་ཐོས་དགྲ་བཅོམ་གྲོང་ཁྱེར་སོགས་སུ་རྒྱུ་བའི་ཚེ་རང་ལ་དམིགས་ཏེ་གཞན་རྒྱུད་ལ་ཉོན་མོངས་སྐྱེད་པར་མཐོང་ན་བྱོལ་ནས་འགྲོ་ཞིང༌། རང་ཉིད་ཀྱིས་གཞན་གྱི་ཉོན་མོངས་ཀྱི་དམིགས་རྐྱེན་བྱེད་པ་དེ་འགོག་པ་ཙམ་ཡིན་ལ། དེའང་མཛོད་ལས། ཉོན་མོངས་མེད་པ་ཀུན་རྫོབ་ཤེས། །ཞེས་སོགས་ལྟར་ཉོན་མོངས་མ་འོངས་པ་ལ་དམིགས་པ་ཡིན་ནོ། །སངས་རྒྱས་ཀྱི་ཉོན་མོངས་མེད་པའི་ཏིང་ངེ་འཛིན་ནི། སངས་རྒྱས་རང་ལ་དམིགས་ཏེ་གཞན་རྒྱུད་ལ་ཉོན་མོངས་སྐྱེ་བར་མཐོང་ན་བྱོལ་ནས་མི་འགྲོ་བར་མ་ཟད། དེ་ལ་བརྩེ་བས་ལྷག་པར་གཟིགས་ཏེ་དེའི་རྒྱུད་ཀྱི་ཉོན་མོངས་ཀྱི་ས་བོན་རྒྱུན་གཅོད་པར་མཛད་པ་ཡིན་གསུང༌། སྨོན་གནས་མཁྱེན་པ་ནི། མདོ་སྡེ་རྒྱན་ལས། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟོག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ལ། སངས་རྒྱས་སྨོན་གནས་ཞེས་སོགས་དང་ཁྱད་པར་མེད་ཅིང༌། དེའང་སངས་རྒྱས་ཀྱི་སྨོན་གནས་མཁྱེན་པ་ནི་འབད་རྩོལ་མེད་པར་རང་གིས་ངང་གིས་འཇུག་པ་དང༌། མཚན་འཛིན་གྱི་བག་ཆགས་སྤངས་པས་ཆགས་སྤངས་དང༌། ཤེས་བྱ་ཐམས་ཅད་ལ་ཞུགས་པས་ཐོགས་པ་མེད་པ་དང༌། རིགས་འདྲ་རྒྱུན་མི་ཆད་པར་གཞན་དོན་དུ་རྟག་ཏུ་གནས་པ་དང༌། ཕ་རོལ་པོ་ལ་དོགས་པ་ཇི་ལྟར་སྐྱེས་པ་དང༌། དེ་ལ་ལན་གང་ཞིག་བཏབ་པས་སེལ་བ་སོགས་མཁྱེན་ནས་དྲི་བས་ལན་འདེབས་པ་ཡིན་ལ། ཉན་ཐོས་ཀྱི་སྨོན་གནས་མཁྱེན་པ་ནི་ཁྱད་ཆོས་ལྔ་པོ་དེ་ལས་ལྡོག་པ་ཡིན་གསུང༌། འོ་ན་སངས་རྒྱས་གཞན་དོན་དུ་རྒྱུན་མི་ཆད་པར་རྟག་ཏུ་བཞུགས་ཡོད་ན། དེ་བཞུགས་བཞིན་དུ་བདག་ཅག་ད་དུང་འཁོར་བར་ལུས་པ་ཅི་ཡིན་ཞེ་ན། བཤགས་བསྟོད་ལས། ཕྱི་ཡི་ཡན་ལག་སྟོབས་ཀུན་ནི། །ཁྱོད་ཀྱིས་ཡང་དག་བསྒྲུབས་ཟིན་གྱི། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་བསྟེན། །ཞེས་གསུངས་པ་ལྟར། གདུལ་བྱའི་ངོས་ནས་རྒྱུ་མེད་པས་བྲག་ཕུག་ཁ་བྱང་བལྟས་ལྟ་བུར་སོང་བ་ཡིན་གྱི་རྒྱུ་ཚོགས་ཚང་ན་སངས་རྒྱས་ཀྱི་འཕྲིན་ལས་དུས་ལས་ཡོལ་བ་མི་སྲིད་ཅིང་སྔོན་གྱི་སྨོན་ལམ་གྱི་མཐུ་དང༌། རྣམ་ཐར་ཟིལ་གནོན་སོགས་ཀྱི་སྒོ་ནས་སྤྲུལ་བསྒྱུར་སྣ་ཚོགས་ལ་དབང་འབྱོར་པ་གཉིས་ཟུང་དུ་འབྲེལ་བའི་སྟོབས་ཀྱིས་ལ་ལར་དགེ་བའི་བཤེས་གཉེན་གྱི་རྣམ་པ་དང༌། ཉི་མས་གདུངས་པ་ལ་ཤིང་གྲིབ་དང༌། ཆུས་ཁྱེར་བ་ལ་ཟམ་དང༌། ནད་ཀྱིས་གདུངས་པ་ལ་སྨན་པ་ལ་སོགས་པ་དེ་འདྲའི་གདུལ་བྱ་གང་དང་གང་ལ་སྐབས་སུ་བབས་པ་དེའི་ཚེ་ཕན་པར་གྱུར་པའི་སྣོད་བཅུད་དང༌། དེར་དངོས་སུ་སྣང་ནས་དོན་མཛད་པའི་ཕྱིར་ཏེ། སྡོང་པོ་བཀོད་པ་ལས། དེ་དག་ཀུན་ཏུ་འཚོ་བའི་ཆོས་འཛིན་ཅིང༌། །བླ་ན་ཡོད་དང་བླ་ན་མེད་རྣམས་དང༌། །རལ་བ་རིགས་དང་གཞོན་ནུའི་བརྟུལ་ཞུགས་ཅན། །དེ་དག་གི་ཡང་སློབ་དཔོན་འབྱུང་བ་ཡིན། །དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་རིན་ཆེན་མི་ཟད་གཏེར་རྣམས་དང༌། །ཡིད་བཞིན་ནོར་བུ་འདོད་པ་སྦྱིན་ཤིང་དང༌། །ལམ་གོལ་འཁྱམས་པ་རྣམས་ལ་ལམ་སྟོན་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་ཅི་ཕྱིར་གདུལ་བྱ་ཐམས་ཅད་ལ་མི་སྣང་ཞེ་ན། དེ་དཔེའི་སྒོ་ནས་སྟོན་པ་ནི། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་ས་བོན་རུལ་བ་སོགས་མི་རུང་བར་གྱུར་པ་ལ་མྱུ་གུ་མི་འཁྲུངས་པ་ལྟར་སྐལ་བ་མེད་པ་ལ་མི་སྣང་ངོ༌། །འདིར་ལྷའི་རྒྱལ་པོ་ནི་བརྒྱ་བྱིན་ལ་འདོད་པ་དང༌། རྒྱལ་ཆེན་བཞིས་རང་གི་གོས་རྒྱ་མཚོར་བཅུག་སྟེ་སྤྲུགས་ནས་ཆར་འབེབས་སོ་ཞེས་གསུངས་པ་སོགས་ཡོད་ལ། གང་ལྟར་ཡང་འཇིག་རྟེན་དུ་དགེ་བ་བྱས་པས་དེ་དག་གི་སྟོབས་སོགས་འཕེལ་ཞིང༌། དེས་དགའ་ནས་འཇིག་རྟེན་ལ་ཕན་པའི་དོན་དུ་ཆར་འབེབས་སོ། །སྔར་སྨོན་གནས་མཁྱེན་པའི་སྐབས་སུ་སངས་རྒྱས་འཁོར་བ་ཇི་སྲིད་པར་རྟག་ཏུ་བཞུགས་པར་བཤད་པ་དང༌། དུས་ཐམས་ཅད་དུ་ཁྱབ་པ་ཞེས་བརྗོད་པ་མི་རིགས་པར་ཐལ། རྣམ་མཁྱེན་དེ་སྐད་ཅིག་རེ་རེ་ལ་སྐྱེ་ཞིང་འཇིག་པའི་ཕྱིར་དང༌། རྣལ་འབྱོར་པ་རང་རང་གིས་ལམ་སྒོམ་སྟོབས་ཀྱིས་རྒྱུད་ལ་བཟོས་པས་སོ་སོར་ངེས་པའི་རྟེན་གྱི་རྒྱུད་ལ་ཡོད་པའི་ཕྱིར་ཞེས་པའི་རྩོད་པ་ཁོང་ནས་བསླངས་ཏེ། ལན་ནི་འདུས་བྱས་ཀྱི་མཚན་ཉིད་འཇིག་པ་དེར་མེད་པས་རྟག་པ་དང༌། ཕྱི་རོལ་པས་ལྷ་ཆེན་ཁྱབ་འཇུག་གིས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ན་ཁྱབ་པར་བཤད་པ་དེ་ལྟ་བུ་མ་ཡིན་གྱི། རྣམ་མཁྱེན་གྱི་རིགས་འདྲ་ཕྱི་མ་འཁོར་བ་མ་སྟོངས་བར་དུ་ཟད་པའམ་རྒྱུན་ཆད་པ་མེད་པར་གནས་པས་རྟག་པ་དང༌། སངས་རྒྱས་ཀྱི་འཕྲིན་ལས་གང་ཟག་འདི་ལ་འདི་འཇུག་འདི་ལ་འདི་མི་འཇུག་ཅེས་མཐའ་འཛིན་མི་ནུས་པས་ན་ཁྱབ་པ་ཞེས་བརྗོད་པ་ཡིན་ནོ། །སྤྱིར་ལྟ་བ་བཀར་བརྟག་གི་ཕྱག་རྒྱ་བཞི་ཞེས་པ་ནི། རྒྱལ་པོའི་མངའ་འབངས་སུ་གཏོགས་པ་རྣམས་རྒྱལ་པོའི་བཀའ་ཁྲིམས་སམ་ཕྱག་རྒྱ་ལས་འདའ་མི་ནུས་པ་བཞིན་དུ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་རྣམས་ཀྱང་ཕྱག་རྒྱ་བཞི་པོ་འདི་ལས་འདའ་མི་རུང་ཞིང༌། གལ་ཏེ་འདས་ན་སངས་རྒྱས་ཀྱི་བསྟན་པ་ལས་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་ན་བཞི་པོ་འདི་ལ་ཕྱག་རྒྱ་ཞེས་ཟེར་རོ། །དེས་ན་ཉན་ཐོས་སྡེ་པ་ན་རེ། ཐེག་ཆེན་བཀའ་མ་ཡིན་ཏེ། ཕྱག་རྒྱ་བཞི་པོ་འདི་དང་འགལ་བའི་ཕྱིར་ཏེ། ལོངས་སྐུ་རྟག་པར་བཤད་པས་ན་འདུས་བྱས་ཐམས་ཅད་མི་རྟག་པར་བཤད་པའི་ཕྱག་རྒྱ་དང་འགལ། བདེ་ནས་བདེ་འགྲོར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་བྱང་སེམས་སོ་སྐྱེ་བདེ་བའི་རང་བཞིན་དུ་བཤད་པས་ཟག་བཅས་ཐམས་ཅད་སྡུག་བསྔལ་བར་བཤད་པའི་ཕྱག་རྒྱ་དང་འགལ། བདེ་གཤེགས་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བཤད་པ་དེ། བདག་ཁས་བླངས་པར་སོང་བས་ཆོས་ཐམས་ཅད་བདག་མེད་པར་བཤད་པའི་ཕྱག་རྒྱ་དང་འགལ། དམ་ཆོས་པད་དཀར་ལས། ཁྱོད་ནི་ད་དུང་མྱ་ངན་ཡོངས་མ་འདས། །སངས་རྒྱས་ཐེག་པ་འདི་ནི་བཙལ་བར་བྱ། །ཞེས་མྱ་ངན་ལས་འདས་པ་སླར་འཁོར་བར་སྐྱེ་བ་ལེན་པར་བཤད་པས་མྱ་ངན་ལས་འདས་པ་ཞི་བར་བཤད་པ་དང་འགལ་བའི་ཕྱིར་ཏེ། མྱ་ངན་ལས་འདས་པ་ཞི་བའི་དོན་ནི་སླར་སྐྱེ་བ་མི་ལེན་པར་མར་མེ་ཤི་བ་ལྟར་བེམ་རིག་རྒྱུན་ཆད་པ་ལ་འདོད་པ་གང་ཞིག ཁྱོད་ཀྱིས་དེ་སླར་སྐྱེ་བ་ལེན་པར་འདོད་པས་མ་ཞི་བའི་ཕྱིར་ཞེས་ཟེར་རོ། །དེས་ན་འདི་དག་གི་ཕྱོགས་སྔའི་གཙོ་བོའང་ཉན་ཐོས་སྡེ་པ་ཡིན་ནམ་གསུང༌།
༈ གསུམ་པ་ངོ་བོ་ཉིད་སྐུ་དང་ཡེ་ཤེས་ཆོས་སྐུ་གཉིས་བཤད་ཟིན་ནས་ལོངས་སྤྱོད་རྫོགས་པའི་སྐུ་ནི། གནས་འོག་མིན་ཁོ་ནར་འཁོར་ཐེག་ཆེན་འཕགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་ཆེན་གྱི་ཆོས་ལ་གཙོ་བོར་ལོངས་སྤྱོད་ཅིང༌། གདུལ་བྱ་དེ་དག་གི་ངོར་མཚན་དཔེ་སོགས་ཀྱི་སྐུའི་རྣམ་པ་མི་འདོད་པར་རྟག་ཏུ་བཞུགས་པའི་ཕྱིར། སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ལོངས་སྤྱོད་ཀྱི་གཙོ་བོ་ཐེག་ཆེན་གྱི་ཆོས་ཡིན་ལ། འདིར་དེ་ལ་རྫོགས་པར་ལོངས་སྤྱོད་པའི་རྟེན་གྱི་གང་ཟག་ལ་ལོངས་སྐུར་བཞག་པ་དང༌། སྔགས་ཕྱོགས་ནས་ཆོས་ལ་རྫོགས་པར་ལོངས་སྤྱོད་པར་བྱེད་པོ་ནི་གསུང་ཡིན་པས་ན་གསུང་ལ་གཙོ་བོར་ལོངས་སྐུར་བཞག་པ་ཡིན་ནོ། །ངེས་པ་ལྔ་ལྡན་ཞེས་ཡོངས་སུ་གྲགས་ཀྱང༌། གསེར་འཕྲེང་ལས། ཐེག་བསྡུས་ལྟར་ན་དེ་ལ་གནོད་པའང་སྣང་བས་དཔྱད་པར་བྱའོ། །ཞེས་གསུངས་པ་ལྟར་དོགས་གཞི་ཆེ་བ་ཞིག་ཡིན་རྒྱུ་རེད་གསུང༌། རིན་ཆེན་ཕྲེང་བར། འཁོར་ལོས་བསྒྱུར་བ་ཐམས་ཅད་ལ། །འདི་དག་ཡོད་པར་འདོད་མོད་ཀྱི། །དག་དང་མཛེས་དང་གསལ་བ་ནི། །སངས་རྒྱས་རྣམས་ཀྱི་ཆར་མི་ཕོད། །ཅེས་སོགས་ལྟར། འཁོར་སྒྱུར་ཐམས་ཅད་དང༌། དག་ས་གསུམ་ལ་གནས་པ་ལའང་མཚན་བཟང་རྗེས་མཐུན་པ་ཡོད་ལ་དེར་མ་ཟད་རང་རྒྱལ་འགའ་ཞིག་ལའང་དེ་དག་ཆ་འདྲ་ཡོད་ཀྱང་སངས་རྒྱས་ཀྱི་ནི་གསལ་ལ་རྫོགས་པ་དང༌། དེའི་ནང་ནས་ཀྱང་ལོངས་སྐུས་ནི་དེ་དག་གི་རྣམ་པ་རྟག་ཏུ་མི་གཏོང་བ་ཡིན་ནོ། །མཚན་དང་དེའི་རྒྱུ་གཉིས་དཀྱུས་གཅིག་ལ་བཤད་ན་གོ་སླ་བས། གཞོན་ནུ་ནོར་བཟང་གིས་རང་གི་དགེ་བའི་བཤེས་གཉེན་རྣམས་ལ་ཕྱག་དང་བསྐོར་བ་མང་པོ་དང་བསུ་སྐྱེལ་སོགས་མདོ་ལས་རྒྱས་པར་འབྱུང་བ་ལྟ་བུ་བྱས་པའི་སྟོབས་ཀྱིས་ཕྱག་ཞབས་འཁོར་ལོས་མཚན་པ་སྟེ། དེའང་རི་མོ་བྲིས་པ་ལྟ་བུ་མ་ཡིན་པར་བསྟོད་སྤྲིན་རྒྱ་མཚོར། རྒྱ་ལས་རྒྱ་ཡི་འབུར་ནི་གསལ་བ་བཞིན། །ཞེས་པ་དང༌། རྭ་དང་བ་སོ་ལ་བརྐོས་པ་བཞིན་དུ་འབུར་དུ་དོད་པ་དང༌། བདག་ཅག་གི་སྟོན་པ་འདི་སྔོན་སེངྒེ་ཡི་དམ་བརྟན་པ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཚེ་དམ་བཅའ་བརྟན་པར་བྱས་པ་ལྟ་བུ་སོགས་ཀྱིས་ཞབས་གཉིས་ཀྱི་མཐིལ་རུས་སྦལ་གྱི་ལྟོ་བ་བཞིན་མཉམ་པ་དང༌། ཐམས་ཅད་སྒྲོལ་དུ་སྐྱེས་པའི་ཚེ་བསྡུ་དངོས་བཞི་བརྟེན་པ་ལྟ་བུ་སོགས་ཀྱིས་ཕྱག་ཞབས་ཀྱི་སོར་ཚིགས་དང་པོ་ནས་བརྩམས་ཆ་སེང་མེད་པར་དྲ་བས་འབྲེལ་ཡང་སོར་གདུབ་སོགས་ཀྱི་གོ་མི་འགོག་པ་དང༌། བཟའ་བ་ཟན་དང་བཅའ་བ་ཤིང་ཐོག་སོགས་བྱིན་པས་གཞོན་ཤ་ཆགས་པ་སྟེ་ཤ་ཚགས་དམ་པ་དང༌། བལྡག་པ་སོགས་གྱ་ནོམ་བྱིན་པས་ཕྱག་ཞབས་ཀྱི་རྒྱབ་དང་ཐལ་གོང་དང་ལྟག་པའི་ཕྱོགས་ན་རྐོང་པོ་མེད་པར་སྐུ་ཤས་གང་བས་བདུན་དག་མཐོ་བ་ཉིད་དང༌། སྟོན་པ་འདི་སེམས་ཅན་ཆེན་པོར་འཁྲུངས་པའི་ཚེ་སྟག་མོ་བཀྲེས་པས་རང་གི་ཕྲུ་གུ་ཟ་བར་ཉེ་བ་ན་ལུས་སྦྱིན་པར་བཏང་བས་སྟག་མོ་བུ་དང་བཅས་པའི་སྲོག་བསྐྱབས་པ་ལྟ་བུ་སོགས་ཀྱིས་སོར་མོ་རིང་བ་དང༌། སྟོན་པ་འདི་རྒྱལ་པོ་མེ་ལོང་གདོང་དུ་སྐྱེས་པའི་ཚེ་དྲང་སྲོང་ལྟེའུ་ཅན་སོགས་ཕན་ཚུན་མི་མཐུན་པར་གྱུར་པ་དེ་ཐབས་མཁས་ཀྱིས་བདེ་བར་བྱས་པ་ལྟ་བུ་སོགས་ཀྱིས་ཞབས་ཀྱི་བཞི་ཆ་ཕྱིར་འཕགས་རྟིང་པ་ཡངས། ཞེས་གསུངས་པ་ལྟར་རྟིང་པ་ཡངས་པ་ཉིད་དང༌། དེད་དཔོན་དུ་གྱུར་པའི་ཚེ་བྱིས་པ་ཆུང་ངུའི་དུས་ནས་སྲོག་ཆགས་གྲོག་སྦུར་སོགས་ཀྱིའང་སྲོག་གཅོད་པ་སྤངས་པའི་བདེན་ཚིག་གིས་རྒྱ་མཚོར་གྲུ་བོ་ཆེ་མི་མཐུན་པའི་རླུང་གིས་བསྐྱོད་པའི་འཇིགས་པ་ལས་གྲོལ་བར་བྱས་པ་ལྟ་བུ་སོགས་ཀྱིས་སྐུ་ཆེ་ཞིང་དྲང་བ་ཉིད་དང༌། དགེ་བའི་ཆོས་ཡང་དག་པར་བླངས་པས་ཞབས་ལོང་བུ་མི་མངོན་པ་ཉིད་དང༌། དགེ་བ་ཡང་དག་པར་བླང་བ་སྤེལ་བས་སྤུ་གྱེན་དུ་ཕྱོགས་པ་དང༌། རིགས་བཟོ་སོགས་ལ་མཁས་ཀྱང་ཁྱད་དུ་མི་གསོད་པར་བྱིན་པས་བྱིན་པ་ཤ་ར་ཎའམ་ཨེ་ན་ཡའི་ལྟར་ཟླུམ་ཞིང་འདྲིལ་བ་ཉིད་དང༌། བྱི་བི་བའི་རྒྱལ་པོར་གྱུར་པའི་ཚེ་སློང་བ་བོའི་ཚིག་ཕྱིར་མི་བཟློག་པར་བྱིན་པ་ལྟ་བུ་སོགས་ཀྱིས་ཕྱག་རིང་ཞིང་མཛེས་པ་དང༌། སྐྱེ་བོ་ཐམས་ཅད་ཚངས་སྤྱོད་ལེན་དུ་འཇུག་པ་དང༌། གསང་ཚིག་བསྲུངས་པས་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང༌། གདིངས་པ་གྱ་ནོམ་བྱིན་པས་མདོག་གསེར་ལྟར་གསལ་བ་དང༌། ཁང་བཟང་སོགས་བྱིན་པས་པགས་པ་འཇམ་པ་ཉིད་དང༌། འདུ་འཛི་སོགས་སྤངས་པས་བ་སྤུའི་ཁུང་བུ་རེ་རེ་ན་སྤུ་གཉིས་རེ་མེད་པར་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང༌། བླ་མ་དང་ཕ་མ་དང་གྲོགས་རྣམས་གོ་རིམ་ལྟར་རང་རང་གི་ཚོད་ཀྱི་བཀུར་བཟོས་ལེགས་པར་བྱས་པའི་སྟོབས་ཀྱིས་ཞལ་མཛོད་སྤུས་བརྒྱན་པ་སྟེ། དེའང་སྨིན་མཚམས་ཀྱི་བར་ཐིག་ལེའི་གནས་ན་འཇམ་ལ་དཀར་བ་མཉེན་པ་དྲངས་ན་འདོམས་ཡིན་ནམ་ཁྲུ་གང་དང་ཁྲུ་གཉིས་དང་ཁྲུ་གསུམ་ལ་སོགས་པའི་ཚད་འབྱུང་བ་བཏང་ན་གཡས་སུ་འཁྱིལ་བ། རྩེ་མོ་གྱེན་དུ་ཕྱོགས་པ་སྐྱུ་རུ་རའི་འབྲུའི་ཚད་ཙམ་པ་དངུལ་འབུར་གྱི་རྣམ་པའོ། །སྟོན་པ་འདི་ཁྱུ་མཆོག་ཏུ་གྱུར་པའི་ཚེ་སྤྲེའུ་ཞིག་གིས་གཙེས་པ་ལ་ནགས་དེ་ན་གནས་པའི་གནོད་སྦྱིན་གྱིས་ཁྱོད་ཀྱིས་འདི་ལ་རྭ་ཡུག་གཅིག་གིས་ཆོག་མོད་ཅེས་སྨྲས་པ་ན། མ་ཐུབ་པ་ལ་བཟོད་པ་བསྒོམ་པའི་མིང་ཅི་ཡོད་གསུངས་ནས་བཟོད་པ་བསྒོམས་པ་ལྟ་བུ་སོགས་ཀྱིས་རོ་སྟོད་སེངྒེ་འདྲ་བ་ཉིད་དང༌། སྙན་སྨྲ་སོགས་ཀྱིས་དཔུང་མགོ་ཟླུམ་པ་ཉིད་དང༌། སྨན་སོགས་བྱིན་པས་ཐལ་གོང་རྒྱས་པ་སྟེ། གོང་མ་ནི་ཤས་གང་བ་ཡིན་ལ། འདིར་དཀྱིལ་ཆེ་བའོ། །སྐྱེ་བོ་ནད་པའི་གཡོག་བྱས་པས་རོ་བྲོ་བའི་མཆོག་མཁྱེན་པ་སྟེ། རྒྱལ་པོ་ཞིག་གིས་སངས་རྒྱས་འཁོར་བཅས་ལ་རྟ་ཆས་ཕུལ་བ་ན་ཀུན་དགའ་བོས་སངས་རྒྱས་ཀྱིས་གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་ཟས་འདི་འདྲ་བཞེས་དགོས་པ་ཅི་ཡིན་ནམ་སྙམ་དུ་ཡིད་མུག་པས། སངས་རྒྱས་ཀྱིས་ཚེམས་བར་ནས་འབྲུ་གཅིག་གནང་བའི་ཚེ་ཀུན་དགའ་བོས་སྔར་མ་མྱོང་བའི་རོ་ཞིམ་པོར་རྟོགས་པ་ལྟ་བུ་ཡིན་ལ། སངས་རྒྱས་ཀྱི་གསོལ་དུ་བཀོད་ཚེ་རོ་མི་ཞིམ་པའང་རོ་ཞིམ་པོར་གྱུར་པ་ཡིན་གྱི། རོ་མི་ཞིམ་པ་སངས་རྒྱས་ལ་རོ་ཞིམ་པོར་སྣང་བ་མ་ཡིན་ཞེས་སྡེ་བདུན་ནས་བཤད་པ་ལྟར་ཡིན་གསུང༌། ཀུན་དགའ་རྭ་བ་གཙུག་ལག་ཁང༌། །ཞེས་སོགས་ལྟར་བྱས་པས་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ། སྤྱི་གཙུག་ནས་ཞབས་ཀྱི་མཐིལ་བར་དང་འདོམ་གཡས་གཡོན་གྱི་རྩ་བར་བརྐྱངས་ན་མཉམ་པ་ཡིན་ལ། དགོངས་རྒྱན་དུ་ནྱ་ག་ནི་དམའ་བ་སྟེ་སྐུ་སྨད། རོ་དྷ་ནི་མཉམ་པ་སྟེ་ལྟེ་བ་ནས་བཟུང་ནས་སྐུ་སྨད་དང༌། སྐུ་སྟོད་ཚད་མཉམ་པའོ་ཞེས་གའི་སྲོག་གི་རོ་ཕྲལ་ནས་རོ་དྷ་བྱས་པ་ཡིན་གསུང༌། གཙུག་ལག་ཁང་སོགས་བྱིན་པས་དབུ་གཙུག་ཏོར་དང་ལྡན་པ་ཉིད་དང༌། འཇམ་པ་སོགས་གསུངས་པས་ལྗགས་རིང་བ་སྟེ་འདུལ་བ་ལུང་ནས་ཞལ་གྱི་དཀྱིལ་འཁོར་ཁེབས་པར་བཤད་པ་ལ་གཞན་ཡང་ཚད་མེད་པར་གསུངས་པ་ཡོད། འཇིག་རྟེན་སོགས་ཀྱིས་ཡན་ལག་ལྔ་ལྡན་གྱི་ཚངས་དབྱངས་ཏེ། ལྔའི་ནང་གི་བཏང་མི་བྲ་བ་ཞེས་པ་ནི། འཇིག་རྟེན་ན་མི་བྲ་ཟེར་བ་དེ་ཡིན་ཞིང༌། སངས་རྒྱས་ཀྱི་གསུང་ཉན་སྐབས་ཉན་འཕྲོ་བཞག་སྟེ་གཞན་དུ་འགྲོ་བ་ལ་ཕངས་པ་ལྟ་བུ་ཡིན་གསུང༌། ཚིག་ཀྱལ་སྤངས་པས་འགྲམ་པ་སེངྒེ་འདྲ་བ་ཉིད་དང་། སྐྱེ་བོ་སོགས་ཀྱིས་ཚེམས་དཀར་བ་ཉིད་དང༌། འཚོ་བ་དག་པས་ཚེམས་རིང་ཐུང་མེད་པར་མཉམ་པ་དང༌། བདེན་པའི་ཚིག་གིས་ཀུན་ཏུ་སྤྱད་པས་ཚེམས་བར་སྟོང་མེད་པར་ཐགས་བཟང་བ་ཉིད་དང༌། ཕྲ་མའི་ཚིག་སྤངས་པས་ཚེམས་བཞི་བཅུ་མངའ་བ་དང༌། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་གཟིགས་པས་སྤྱན་འབྲས་བུང་བ་ལྟར་གནག་པ་དང༌། དེའི་གཡས་གཡོན་གཉིས་དཀར་བ་དང༌། གྲྭ་ཟུར་གཉིས་དམར་བ་དང༌། ཁ་སོ་སྔོ་བ་དང༌། སྟེང་དུ་གསེར་མདོག་ལྟར་སེར་བ་སྟེ། དེ་ལྟར་ན་ཁྱད་པར་ལྔ་དང་ལྡན་གསུང༌། ཁོང་ཁྲོ་སོགས་མེད་པར་བལྟས་པས་རྫི་མ་བའི་ལྟ་བུ་ཉིད་དོ། །འདིའི་རྫི་མ་ནི་འཇིག་རྟེན་ན་སྨིན་མ་ཟེར་བ་དེ་ཡིན་ལ། འཇིག་རྟེན་ན་རྫི་མ་ཟེར་བ་དེ་གསུང་རབ་ནས་བཤད་པའི་སྨིན་མ་ཡིན་ནོ། །སྨིན་མ་སྡེབ་ཟེར་བ་དེ་གསུང་རབ་ནས་རྫི་མ་འཁྲབ་པར་གསུངས་ལ། དེ་ལྷ་ལ་འཆི་ཚེ་ཡོད་ཀྱི་རྒྱུན་དུ་རྫི་མ་འཁྲབ་པ་དེ་མེད་གསུང༌། རྒྱུ་དེ་དག་ཀྱང་སངས་རྒྱས་ཀྱི་མཛད་པ་སྟོན་ཚུལ་དང༌། གདུལ་བྱའི་མོས་པ་དེའི་ངོར་དེ་ལྟར་གསུངས་ཀྱང་ཡོན་ཏན་དེ་དག་ཐམས་ཅད་འབྲས་བུ་ཆོས་སྐུ་ཡིན་པར་འདྲ་བས་རྒྱུ་ལ་བཟང་ངན་མེད་དེ། རིན་ཆེན་འཕྲེང་བ་ལས། རང་སངས་རྒྱས་ཀུན་ལས་བྱུང་དང༌། །སློབ་དང་མི་སློབ་ལས་བྱུང་དང༌། །འཇིག་རྟེན་མ་ལུས་དཔག་མེད་གང༌། །ཞེས་སོགས་ལྟར་ཉན་རང་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་གཅིག་ཏུ་བསྡུས་པ་བཅུར་བསྒྲེས་པས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་འགྲུབ། བ་སྤུ་ཉི་ཁྲི་ཆིག་སྟོང་གི་བར་དེ་དང་འདྲའོ། །བ་སྤུའི་བུ་ག་ཐམས་ཅད་བསྐྱེད་པའི་བསོད་ནམས་གཅིག་ཏུ་བསྡུས་པ་བརྒྱར་བསྒྲེས་པས་དཔེ་བྱད་བཟང་པོ་གཅིག་འགྲུབ། དཔེ་བྱད་བརྒྱད་ཅུའི་བར་དེ་དང་འདྲའོ། །དཔེ་བྱད་བརྒྱད་ཅུ་འགྲུབ་པའི་བསོད་ནམས་གཅིག་ཏུ་བསྡོམས་པ་བརྒྱར་བསྒྲེས་པས་མཚན་བཟང་གཅིག་འགྲུབ། མཚན་སོ་གཉིས་ཀྱི་བར་དེ་དང་འདྲ། མཚན་བཟང་དེ་དག་འགྲུབ་པའི་བསོད་ནམས་ཐམས་ཅད་སྟོང་དུ་བསྒྱུར་བས་ཟླ་བ་ཉ་འདྲའི་མཛོད་སྤུ་གཅིག་འགྲུབ། མཛོད་སྤུའི་བསོད་ནམས་དག་སྟོང་ཕྲག་བརྒྱར་བསྒྱུར་བས་སངས་རྒྱས་ཀྱི་གཙུག་ཏོར་འགྲུབ། གཙུག་ཏོར་བསྐྱེད་པའི་བསོད་ནམས་བྱེ་བ་གྲངས་མེད་བཅུ་ཡིས་ཡན་ལག་དྲུག་ཅུའི་གསུངས་དབྱངས་འགྲུབ་སྟེ། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་ཞེས་གསུངས་པའི་ཕྱིར། སློབ་དཔོན་འཕགས་པ་ལྟར་ན་ངོ་བོ་ཉིད་སྐུ་དང༌། ལོངས་སྐུ་དང༌། སྤྲུལ་སྐུ་དང༌། འཕྲིན་ལས་དང་བཞི་འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་སུ་འདོད་པ་དང༌། སློབ་དཔོན་སེངྒེ་བཟང་པོ་ལྟར་ན་ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྤྲུལ་གྱི་སྐུ་གཉིས་དང་བཞི་ལ་འདོད་པས་ལོངས་སྐུ་ནི་མཚན་དང་དཔེ་བྱད་ཀྱི་བདག་ཉིད་འཁོར་བ་མ་སྟོང་བར་དུ་ས་ཆེན་པོ་ལ་བཞུགས་པ་རྣམས་དང་ཐབས་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པའི་མཚན་ཉིད་ཅན་ཡིན་ལ། མཚན་ཉིད་དེ་དག་གི་ནང་ནས་མཚན་དཔེ་ནི། སྔགས་ལྟར་ན་དབྱངས་སོ་གཉིས་རྣམ་པར་དག་པ་མཚན་དང༌། གསལ་བྱེད་བརྒྱད་ཅུ་རྣམ་པར་དག་པ་དཔེ་བྱད་བཟང་པོར་འདོད་ལ། དེའང་རླུང་སེམས་འཇུག་པ་གཅིག་པའི་སྟོབས་ཀྱིས་ཕྱི་རོལ་ནས་གདོས་བཅས་དང་བེམ་ཆོས་ལྟ་བུ་མ་ཡིན་པར་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་བཞིན་ལག་གི་རྣམ་པར་ཤར་བ་དང༌། དེའང་ངག་དབེན་གྱི་སྦྱང་གཞིའི་གཙོ་བོ་རླུང་ངག་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་དྲི་མ་སྦྱངས་ཏེ་རླུང་དག་པ་ན་ངག་དག་པ་སོགས་ཀྱི་ཡེ་ཤེས་ཀྱི་རང་མདངས་གཟུགས་སྐུར་ཤར་བ་ཡིན་གསུང༌། མདོ་ཕྱོགས་ནས་འདི་འདྲ་དངོས་ཤིག་མི་འདོད་ཀྱང་ཡེ་ཤེས་ཀྱི་རང་མདངས་གཟུགས་སྐུར་ཤར་བར་འདོད་དེ། སངས་རྒྱས་ཀྱི་གཙུག་ཏོར་མཛོད་སྤུ་སོགས་ཀྱིས་ཀྱང་ཆོས་ཐམས་ཅད་མཁྱེན་པར་གསུངས་པ་ལྟར་ཁས་ཀྱང་ལེན་དགོས་ལ། ཡེ་ཤེས་དེ་ཉིད་གཟུགས་སྐུར་ཤར་བ་མ་ཡིན་ན་དེ་ལྟར་མཁྱེན་པ་མི་སྲིད་གསུང༌། དཔེ་བྱད་ནི། འདུ་བྱེད་ཐམས་ཅད་ལ་འདོད་ཆགས་དང་བྲལ་བ་ཉིད་ཀྱིས་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་དང༌། སེམས་ཅན་ལ་ལྷག་པའི་བསམ་པ་ཉིད་ཀྱིས་སེན་མོའི་མདོག་སྐྱ་ཤར་རེ་མི་བྱེད་པར་སྣུམ་པ་ཉིད་དང༌། བྱམས་པའི་དུས་སུ་བྲམ་ཟེའི་རིགས་ལ་མཆོག་དང༌། བདག་ཅག་གི་སྟོན་པའི་དུས་སུ་རྒྱལ་རིགས་ལ་མཆོག་ཏུ་བྱེད་པ་ལྟར་རིགས་ཀྱི་མཆོག་ལས་སྐྱེས་པས་སེན་མོ་མཐོ་བ་ཉིད་ལ། རིགས་མཆོག་ལས་སྐྱེས་པ་སེན་མོ་མཐོ་བའི་རྒྱུར་འོང་དོན་མེད་པས་དཔེ་བྱད་ཀྱི་སྐབས་ཀྱི་འདི་དག་མཚན་བཟང་གི་སྐབས་ལྟར་རྒྱུས་འབྲས་བུ་སྒྲུབ་པ་མ་ཡིན་གྱི། དེའི་ཚེ་ཡོད་པའི་ཕྱི་རོལ་གྱི་རྟགས་འདི་དག་ནི་ནང་གི་ཡོན་ཏན་དེ་དག་དཔོག་བྱེད་ཀྱི་རང་བཞིན་གྱི་རྟགས་ལྟ་བུ་ཞིག་ཡིན་གསུང༌། རང་བཞིན་གྱིས་ཉེས་པ་དེ་བྱས་ན་བྱེད་པ་པོ་དེ་གནོང་གིས་ཐེབས་ནས་གཞན་ལ་སྨྲ་མི་ནུས་པས་ཉེས་པ་དེ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཟེར་བ་ཡིན་ལ། དེ་མེད་པ་ཉིད་ཀྱིས་སོར་མོ་ཟླུམ་པ་ཉིད་དང༌། དགེ་བའི་རྩ་བ་སོགས་ཀྱིས་སོར་མོ་རྒྱས་པ་ནི་སོར་ཚིགས་འབུར་བ་དང༌། གཉེར་མ་མེད་པ་སོགས་སོ། །སོར་མོ་བྱིན་གྱིས་ཕྲ་བ་ནི་བགས་ཀྱིས་ཕྲ་བ་དང་དོན་འདྲ་བས་སོར་མོའི་རྩ་བ་ནས་རྩེའི་བར་ཇེ་ཕྲར་སོང་བ་ལ་བྱེད་གསུང༌། སོར་མོ་དང་སེན་མོའི་དཔེ་བྱད་འདི་དྲུག་ནི་ཕྱག་སོར་རིང་བའི་མཚན་གྱི་འཁོར་དང༌། དབུ་རྒྱས་པ་དང་དབུ་སྐྲ་དྲུག་སྟེ་བདུན་ནི་གཙུག་ཏོར་དང་སྤུ་གཡས་སུ་འཁྱིལ་བའི་འཁོར་ཡིན་པ་སོགས་སློབ་དཔོན་ཆོས་བཤེས་ཀྱིས་རྒྱས་པར་བཤད་ལ། མཚན་རྫོགས་པ་དང༌། ཕྱག་རིང་ཞིང་རྒྱས་པ་གཉིས་སྦྱར་དགོས་པ་ཆད་པ་དང༌། གསུང་ལ་གསུམ་བྱས་པ་ལྷག་ལ། དེ་མ་གཏོགས་གཞན་རྣམས་གསེར་འཕྲེང་ནས་དེ་ལ་ཆགས་བཞག་བྱས་པ་ལྟ་བུ་ཞིག་རེད་གསུང༌། རྩ་ཕྱི་རོལ་ཏུ་མི་མངོན་པ་དང༌། རྩ་གཅིག་གི་སྟེང་དུ་གཅིག་བསྣོལ་ཏེ་ཕྱི་རོལ་ནས་མི་མངོན་པ་རྩ་མདུད་པ་མེད་པ་དང༌། ལོང་བུ་མི་མངོན་པ་ནི། མཚན་གྱི་དེ་དང་འདི་གཉིས་ཆེ་ཆུང་དང་ཕྱི་ནང་གི་ལོང་བུ་ལ་བཤད་པ་དང༌། ཞབས་རིང་ཐུང་མེད་པས་མི་མཉམ་པ་མེད་པ་དང༌། མཚན་གྱི་དེ་ཞབས་མཐིལ་མཉམ་པས་ས་ལ་ཞབས་རྗེས་རྫོགས་པར་འབབ་བ་དེ་ཡིན་གསུང༌། སེངྒེ་རི་དྭགས་གཞན་ལ་འཇིགས་པ་མེད་པ་རི་དྭགས་ཀྱི་རྒྱལ་པོ་ཡིན་པ་བཞིན་དུ། སངས་རྒྱས་ནི་རྣམ་རྟོག་གི་ཆོས་གང་ལའང་འཇིགས་པ་མི་མངའ་བ་ཉིད་ཀྱིས་མི་ཡི་སེངྒེ་དང༌། གླང་པོ་ཆེ་རྣམས་ཁྱུ་མཆོག་གི་རྗེས་སུ་འབྲང་ན་གནོད་པ་སོགས་མེད་པ་ལྟར། སངས་རྒྱས་ཀྱི་རྗེས་སུ་ཞུགས་ན་ལམ་མི་གོལ་བར་དྲང་པོར་འགྲོ་བ་ཉིད་ཀྱིས་མི་ཡི་ཁྱུ་མཆོག་ཡིན་པས་ན་དེ་དང་དེའི་སྟབས་སུ་གཤེགས་པ་མདོ་དང་ཉི་སྣང་གི་དགོངས་པ་དང༌། སློབ་དཔོན་གྱི་འདི་གཉིས་མདོ་གཞན་ཞིག་གི་རྗེས་སུ་འབྲངས་པ་ཡིན་གསུང༌། ངང་པའི་སྟབས་སུ་གཤེགས་པ་སོགས་གཉིས་དང༌། རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་ཞལ་གཡོན་ཕྱོགས་སུ་འཁོར་ནས་འགྲོ་བ་མི་སྲིད་པར་ཞབས་གཡས་སྔོན་ལ་སྤོ་བ་དང་གཡས་ཕྱོགས་སུ་འཁོད་ནས་ཕེབས་པས་གཡས་སུ་གཤེགས་པ་སོགས་གཉིས་དང༌། ལམ་གོང་འོག་ཏུ་མི་འགྲོ་བར་དྲང་པོར་ཕེབས་པས་མི་ཡོ་བར་གཤེགས་པ་སོགས་གཉིས་དང༌། གསེར་བཙོ་མ་ལྟ་བུ་སྐུ་ལ་རྡུལ་སོགས་མི་ཆགས་པས་བྱི་དོར་བྱས་པ་ལྟ་བུ་དང༌། བློ་དང་འཚམས་པར་ཆོས་སྟོན་པས་ཕྲ་སར་ཕྲ་སྦོམ་སར་སྦོམ་པ་སོགས་ལས་འདི་ལ་ཕྲ་སྦོམ་མི་འཚམ་ཟེར་བ་ལྟ་བུ་ཞིག་མི་སྲིད་པས་སྐུ་རིམ་པར་འཚམ་པ་སོགས་ལྔ་དང༌། ཆ་ལག་ཡངས་པས་སྐུའི་ཁོ་ལག་ཡངས་པ་དང༌། གོམ་པ་རིང་ཐུང་མེད་པས་གོམ་པ་སྙོམས་པ་དང༌། སྤྱན་ལ་ར་རི་མི་མངའ་བས་རྣམ་པར་དག་པ་སོགས་བདུན་དང༌། སྐུ་ཞེས་པ་མ་དག་པས་དཀུར་བརྟེན་ནས་ཟེར་བ་ལྟར་དཀུ་རྐེད་ཟླུམ་པ་ཉིད་དང༌། སྐུ་སྐབས་ཕྱིན་པ་ཉིད་དང༌། བྲང་སོགས་ཀྱི་ངོས་ལ་རྐོ་རྐོ་མེད་པས་མ་རྐོངས་པ་དང༌། ལྟོ་བའི་ངོས་མཐོ་དམན་མེད་པས་ཕྱལ་ཕྱང་ངེ་བའམ་ཕྱ་མེ་བ་དང༌། ལྟེ་བའི་བུ་ག་ཟབ་པ་དང༌། ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་སོགས་གསུམ་དང༌། སྐྱེས་བུ་ཆུང་ངུ་ལ་སྟོང་ཉིད་སྟོན་པ་སོགས་དུས་མིན་དུ་གདུལ་བྱ་འདུལ་བའམ་ནག་པོའི་ཆོས་སྟོན་པ་ནི་དུས་མ་ཡིན་པའི་ཆོས་འདུལ་བ་ཡིན་ལ། དེ་དང་བྲལ་བ་ཉིད་ཀྱིས་སྐུ་ལ་སྨེ་བ་གནག་བག་མེད་པ་སོགས་བཞི་དང༌། སངས་རྒྱས་ཀྱིས་གསུངས་པ་ལྟར་ཉམས་སུ་བླངས་ན་ནམ་ཞིག་གཏན་གྱི་འདུན་མ་འགྲུབ་པར་འགྱུར་བས་ན་ཕྱི་རྗེས་སུ་ཡོངས་སུ་དག་པའི་ཆོས་ཡིན་ལ་དེ་སྟོན་པར་མཛད་པས་ཕྱག་གི་རི་མོ་རིང་བ་ཉིད་དང༌། གནང་བའི་རྗེས་སུ་དགག་པ་དང༌། བཀག་པའི་རྗེས་སུ་གནང་བ་སོགས་བསླབ་པ་རབ་ཏུ་མང་པོ་སྟོན་པར་མཛད་པ་ཉིད་ཀྱིས་ཞལ་ཧ་ཅང་མི་རིང་བ་དང༌། མཆུ་ནི་ནང་དུ་གཟུགས་བརྙན་འཆར་བའི་བིམ་པ་ལྟར་དམར་བ་སོགས་དྲུག་དང༌། གོང་མ་ལྟར་ན་ཉོན་མོངས་ཐམས་ཅད་ཀུན་སྦྱོར་དང༌། བྱེ་སྨྲ་ལྟར་ན་རྩ་ཉོན་དྲུག་ལས་མཆོག་འཛིན་གཉིས་ལོགས་སུ་ཕྱེ་བ་དང༌། ཕྲག་དོག་སེར་སྣ་གཉིས་བསྣན་པས་ཀུན་སྦྱོར་བཅུ་སྟེ་འདི་དག་ཡང་སྲིད་དུ་སྦྱོར་བར་བྱེད་པའི་རྐྱེན་གྱི་གཙོ་བོ་ཡིན་པས་ན་ཀུན་སྦྱོར་ཞེས་བྱ་ལ། དེ་བསྡམས་པ་ཉིད་ཀྱིས་མཆེ་བ་ཟླུམ་པ་སོགས་གསུམ་དང༌། ས་བཅུ་པ་བའང་ནང་ཕན་ཚུན་ཡོན་ཏན་མི་མཉམ་ལ། སངས་རྒྱས་ཐམས་ཅད་མཉམ་ཉིད་གསུམ་གྱིས་མཉམ་པས་ན་མཉམ་པའི་ས་ཡིན་ལ་དེར་གནས་པ་ཉིད་ཀྱིས་མཆེ་བ་མཉམ་པ་དང༌། མཆེ་བ་ཇེ་ཕྲར་སོང་བས་བྱིན་གྱིས་ཕྲ་བ་སོགས་ལྔ་དང༌། སྤྱན་དཀར་ནག་མ་འདྲེས་པས་ན་འབྱེས་ཤིང་པདྨའི་འདབ་མ་རངས་པ་ལྟ་བུ་སོགས་གཉིས་དང༌། ལུས་སྦྱིན་པར་གཏོང་བ་སོགས་ཕྱི་རོལ་ནས་བལྟས་ན་དཀའ་བར་སྣང་ཡང༌། དེ་དག་ལ་ནང་དུ་ཟན་ཆངས་གཅིག་གཏོང་བའི་འདུ་ཤེས་ལས་མི་འབྱུང་བ་ལྟར་ཡིན་ལ། འཇིག་རྟེན་གྱི་བདེ་བ་ཆུང་ངུ་རེའི་ཆེད་དུའང་ལུས་ལ་གཏར་སྲེག་བྱེད་པ་སོགས་དཀའ་སྤྱད་དགོས་ཀྱང༌། ཆོས་འདི་ལ་དཀའ་རྒྱུ་དེ་ཙམ་མེད་པར་བདེ་ནས་བདེ་བར་འཁྲིད་པས་ན་ཆོས་འདུལ་བ་འཇམ་པོ་སྟེ་དེ་ལ་མཁས་པ་ཉིད་ཀྱིས་སྨིན་མ་འཇམ་པ་སོགས་གཉིས་དང༌། སྐྲ་ཧ་ཅང་འཇམ་པས་ཁོའུ་རུལ་ལྟར་འཆིང་བ་མིན་པས་མི་འཛིངས་པ་ཉིད་དང༌། དབུ་སྐྲ་ཧ་ཅང་རྩུབ་པས་གྱེན་དུ་མ་བརྫེས་པས་མི་གཤོར་བ་ཉིད་དང༌། བྱང་ཆུབ་ཡན་ལག་གི་མེ་ཏོག་བཀྲམས་པས་དབུ་སྐྲ་དྲི་ཞིམ་པ་ཉིད་དང༌། ཐམས་ཅད་ལ་ཕན་པ་ཁོ་ན་སྒྲུབ་པའི་འབྲས་རྟགས་སུ་ཐུགས་ཀ་ན་བཀྲ་ཤིས་པའི་དཔལ་བེའུ་དང༌། མགྲིན་པ་ན་དུང་གཡས་འཁྱིལ་གྱི་རི་མོ་ཡོད་པ་སོགས་བཀྲ་ཤིས་པའི་དགེ་མཚན་གྱིས་བརྒྱན་པ་ཡིན་གསུང་ངོ༌། །
༈ བཞི་པ་སྤྲུལ་སྐུ་ནི། སྟོན་པ་ཤཱཀྱ་ཐུབ་པ་སོགས་མཆོག་གི་སྤྲུལ་སྐུ་དང༌། བདག་ཅག་གི་སྟོན་པའི་སྤྲུལ་པ་བཟོ་བོ་བི་ཤྭ་ཀརྨ་ལྟ་བུ་བཟོ་བོ་སྤྲུལ་སྐུ་དང༌། སྐུའི་རྣམ་པ་དྲི་ཟའི་རྒྱལ་པོར་སྤྲུལ་པ་དང༌། འཁོར་སྒྱུར་དང༌། བྱ་དང་རི་དྭགས་སོགས་སུ་སྤྲུལ་པ་ནི་སྐྱེ་བ་སྤྲུལ་སྐུ་ཡིན་ལ། མཉམ་དུ་མཛད་པའི་སྐུ་ཞེས་པའི་དོན་ནི། ལོངས་སྐུ་ཡང་མཛད་པ་བཅུ་གཉིས་སོགས་སྤྲུལ་སྐུའི་མཛད་པ་དེ་དག་མཛད་པ་པོ་ཡིན་ཀྱང་དངོས་སུ་སྣང་ནས་དོན་མཛད་ཅིང༌། བྱང་འཕགས་ཡན་ཆད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པས་མཛད་པ་ཕྱོགས་རེ་བ་ལྟ་བུར་སོང་ལ། སྤྲུལ་སྐུ་ནི་འཁོར་བ་ཇི་སྲིད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དག་མ་དག་གི་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་སྣོད་བཅུད་མཐའ་ཡས་པའི་རྣམ་པ་སྟོན་པས་ན་དོན་མཉམ་པ་ཉིད་དུ་མཛད་པའི་ཕྱིར་རོ། །ཡེ་ཤེས་ལ་སོགས་པ་ལ་ལྟོས་ནས། ཞེས་པའི་དོན་ཁ་ཅིག་གིས་བཤད་པ་མི་འཐད་ལ། རྣམ་བཤད་ལས། ཡེ་ཤེས་ཆོས་སྐུ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་ལྟོས་ནས་བྱུང་བ་དང༌། ལོངས་སྐུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་ལྟོས་ནས་བྱུང་བ་དང༌། མཆོག་གི་སྤྲུལ་སྐུ་ཚོགས་གཉིས་ཀའི་ཆ་ལ་བརྟེན་པར་གསུངས་པའི་ཕྱི་མ་འདི་གདུལ་བྱ་ལ་གཙོ་བོར་ཆོས་སྟོན་པའི་མཛད་པ་དེའི་ཆ་ནས་ཚོགས་གཉིས་ཀ་ལ་བརྟེན་པར་བཤད་པ་ཡིན་ནམ། འདི་ལ་ད་དུང་དཔྱད་རྒྱུ་ཞིག་ཡོད་པ་འདྲ་གསུང༌། སྔར་ཡེ་ཤེས་ཀྱི་རང་མདངས་གཟུགས་སྐུར་ཤར་བར་བཤད་པའང༌། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་ཞེས་སོགས་གསུངས་པ་འདིའི་རྒྱུ་མཚན་གྱིས་ཡིན་གསུང༌། འཕགས་པ་ལྟར་ན་སྤྲུལ་སྐུའི་དེ་མ་ཐག་ཏུ་འཕྲིན་ལས་ལ་མཚམས་སྦྱོར་བ་ཡིན་ལ། ཆོས་སྐུ་མཛད་པ་ཞེས་འབྱུང་བ་ནི་བསྟན་བཤད་སྦྱོར་བའི་ཆེད་དུ་ཆོས་སྐུ་སྤྱི་ལྡོག་ཙམ་སྨོས་པར་བཞེད་དོ། །སློབ་དཔོན་ལྟར་ན་སྤྲུལ་སྐུའི་དེ་མ་ཐག་ཏུ་འཕྲིན་ལས་འཆད་ཀྱང༌། ཡེ་ཤེས་ཆོས་སྐུའི་འཕྲིན་ལས་ལ་མཚམས་སྦྱར་བ་ལ་དགོས་པ་ཡོད་དེ། ཡེ་ཤེས་ཀྱི་རང་མདངས་གཟུགས་སྐུར་ཤར་ནས་བྱ་བ་གང་བྱེད་ཅེ་ན་འཕྲིན་ལས་ཉེར་བདུན་གྱི་སྒོ་ནས་གདུལ་བྱའི་དོན་མཛད་པ་འདི་ཉིད་ཡིན་ལ་དེའང་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་ནོ་ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །སྡུད་པར་སྐུ་བཞི་རེ་རེ་ནས་སྦྱོར་རྒྱུའི་ཚིག་མེད་པས་སྐབས་བརྒྱད་པ་བསྡོམས་ཏེ་འཆད་པར། བདག་གི་བདེ་བ་བཏང་ནས་རེ་བ་མེད་སེམས་ཀྱིས། །ཞེས་སོགས་ཤླཽ་ཀ་གཅིག་བྱུང༌། རེ་བ་མེད་པའི་སེམས་དེ་འོང་བ་ལ་རང་དོན་ཡིད་བྱེད་ཀྱི་འཁྲི་བ་རྩད་ནས་ཆོད་པ་ཞིག་དགོས་ལ། དེ་ལའང་བདེན་འཛིན་གྱི་བག་ཆགས་དྲུངས་ནས་ཕྱུང་བ་ཞིག་དགོས་པས། རྙེད་མ་རྙེད་བདེ་མི་བདེ་ལ་སོགས་པའི་ཆོས་བརྒྱད་རགས་པ་ནི་སྤོང་སླའང༌། དེང་སང་གི་ཆོས་པ་ཕལ་ཆེར་ཆོས་བརྒྱད་ཕྲ་མོའི་དབང་དུ་མ་སོང་བ་མེད་ཅེས་ཡོངས་འཛིན་རིན་པོ་ཆེ་ནས་གསུངས་ལ། ཆོས་བརྒྱད་དཀར་པོས་མ་གོས་པ་བདེན་འཛིན་གྱི་བག་ཆགས་མ་སྤང་བར་དུ་མི་འབྱུང་ཞིང་དེ་མ་སྤང་ན་རང་དོན་གྱི་ཡིད་བྱེད་ཀྱི་འཁྲི་བ་མི་ཆོད་པ་དང༌། ཐོག་མ་མེད་པ་ནས་རང་བདེན་པར་འཛིན་པའི་བག་ཆགས་ཨ་འཐས་སུ་སོང་བའི་སྟོབས་ཀྱིས་དེའི་རིང་ལ་གཞན་དོན་བྱེད་པ་ཐམས་ཅད་ལ་གཡོ་རྒྱུས་མ་བསླད་པ་ཞིག་དཀའ་གསུང༌། རང་རེའི་ཡིག་ཆར་བདེན་འཛིན་སྟོང་ཉིད་ལ་རྣམ་གཡེང་དུ་གསུངས་པའི་རྒྱུ་མཚན་ཡང༌། སྤྱིར་རྣམ་གཡེང་ནི་སེམས་ཡུལ་ལ་ཕྱིན་ཅི་ལོག་ཏུ་འཕྲོ་བར་བྱེད་པའི་ལས་ཅན་ཞིག་ཡིན་ལ། བདེན་པར་འཛིན་པའི་བག་ཆགས་ཀྱིས་ཀྱང་སེམས་སྟོང་ཉིད་ལ་རྩེ་གཅིག་ཏུ་གནས་པ་དེ་ལས་ཕྱིན་ཅི་ལོག་ཏུ་འཕྲོ་བར་བྱེད་པས་ན་དེ་ལྟར་བཤད་གསུང༌། དེས་ན་རྗེ་རིན་པོ་ཆེ་ལའང༌། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །ཞེས་བསྟོད་པའང་ཆོས་བརྒྱད་རགས་པ་ཙམ་སྤངས་པ་ལ་བྱས་ན་རྗེ་ལ་ལྟོས་ཏེ་ཡི་རང་ཡུལ་དེ་ཙམ་མ་ཡིན་ཀྱང་ཆོས་བརྒྱད་དཀར་ནག་ཁྲ་གསུམ་སྤངས་པ་ལ་བྱེད་ན་སངས་རྒྱས་དགོས་པས་རྗེའི་རྣམ་ཐར་ཆེ་ཤོས་ཡིན་གསུང༌། དེ་ལྟར་རེ་བ་མེད་པའི་སེམས་ཀྱིས་ཉིན་མཚན་དུས་དྲུག་ཏུ་གཟིགས་ཏེ་བུ་གཅིག་པ་ལ་མས་རིམ་གྲོ་བྱེད་པ་ལྟར་བསམ་པ་ཐག་པས་འཕྲིན་ལས་རྣམ་པ་ཉེར་བདུན་གྱི་སྒོ་ནས་གཞན་དོན་ལ་སྐྱོ་བ་མེད་པར་འཁོར་བ་མ་སྟོངས་བར་དུ་གནས་པར་བྱ་ཞེས་པའི་དོན་ནོ། །དེ་ཉིད་བརྒྱད་སྟོང་པར་འཆད་པའི་ཚེ་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་ལྟར་རྗེས་སུ་རིག་པར་བྱེད་པ་དང༌། རྣམ་པར་སྤྱོད་པ་དང་འཇུག་པ་དང༌། རྟོགས་པར་བྱེད་པ་དང༌། སེམས་པ་དང་འཇལ་བ་དང༌། ཉེ་བར་རྟོགས་པ་དང༌། སྒྱུ་དང་གཡོ་ཐམས་ཅད་རྣམ་པར་སྤངས་པའི་ཡིད་ལ་བྱེད་པ་དང༌། ཞེས་པ་ནས། སྐྱེ་བོ་ཐམས་ཅད་སྤངས་པའི་ཡིད་ལ་བྱེད་པ་དག་གིས་སྒོམ་པར་འགྱུར་བ་དེའི་ཚེ་དེ་ལ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་བླ་ན་མེད་པ་དང༌། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་རྙེད་དཀའ་བར་མི་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་རྗེས་སུ་རིག་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པའོ། །འདིའི་དོན་འགྲེལ་ཆེན་དུ། ཡིད་ལ་བྱེད་པ་དག་གིས་རྗེས་སུ་རིག་པར་བྱེད་པ་དང༌། ཞེས་ཡིད་བྱེད་རྣམས་གོང་དུ་བླངས་ནས། ཉེ་བར་རྟོགས་པ་དང་ཞེས་པ་དེའི་མཇུག་ཏུ་སྒོམ་པར་འགྱུར་བ་དེའི་ཚེ་ཞེས་སོགས་སྦྱར་ནས་བཤད་གསུང༌། དེའང་ཡིད་ལ་བྱེད་པ་དེ་དག་གི་སྒོ་ནས་ཆོས་བཅུའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་རིག་པར་བྱེད་པ་དང༌། རྣམ་མཁྱེན་དེ་ཐོབ་པ་ལ་རིགས་ཅན་གསུམ་གྱི་དོན་སྒྲུབ་པའི་ལམ་ཤེས་པ་ཉིད་ཀྱི་སྒོ་ནས་རྣམ་པར་སྤྱོད་པ་དང༌། དེ་ལའང་སྐྱེས་བུ་ཆུང་འབྲིང་ཐུན་མོང་གི་ལམ་ལ་བློ་སྦྱང་བ་སྔོན་དུ་འགྲོ་བའི་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་གཞི་ཤེས་ཀྱི་ཡུལ་ལ་འཇུག་པ་དང༌། འགྲེལ་ཆེན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་སྒོ་ནས་འཇུག་པར་བྱ་ཞེས་རང་རེའི་ཡིག་ཆར་མཐར་གྱིས་སྦྱོར་བའི་སྒོ་ནས་དྲངས་པའང་འདི་ཡིན་ནོ། །མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བསྡུས་ནས་བསྒོམ་པས་རྣམ་རྫོགས་སྦྱོར་བའི་སྒོ་ནས་རྟོགས་པར་བྱེད་པ་དང༌། དེ་ལྟར་སྒོམ་པ་དེ་ལ་རྩེ་སྦྱོར་གྱི་སྒོ་ནས་གོམས་པ་དབང་དུ་བྱེད་པའི་སྒོ་ནས་ཡང་དང་ཡང་དུ་སེམས་པ་དང༌། གྲངས་དང་གོ་རིམ་སོགས་ལ་ལོག་པར་རྟོག་པ་བསལ་ཏེ་འཇལ་བ་དང༌། དེ་ལྟར་བསྐལ་ཆེན་གྲངས་མེད་གསུམ་དུ་གོམས་པས་ཟོ་ཆུན་གྱི་འཁྲུལ་འཁོར་ལྟར་སྐད་ཅིག་གཅིག་ལ་མངོན་དུ་བྱེད་ནུས་པའི་སྐད་ཅིག་སྦྱོར་གྱི་སྒོ་ནས་ཉེ་བར་རྟོགས་པ་དང༌། སྐུ་བཞི་བསྒོམ་པར་འགྱུར་བ་དེའི་ཚེ་དེ་ལ་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་དང༌། ཞེས་སོགས་ཀྱིས་འབྲས་བུ་ཆོས་སྐུ་བསྟན་ལ་དེའང་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཞེས་པས་སྤངས་རྟོགས་ཀྱི་སྐུ་གཉིས་དང༌། ཞིང་བླ་ན་མེད་པ་ཞེས་པས་ལོངས་སྐུ་དང༌། སངས་རྒྱས་ཀྱིས་ཆོས་རྣམས་ཡོངས་སུ་རྫོགས་པར་ཞེས་སོགས་ཀྱིས་སྤྲུལ་མཛད་དང་བཅས་པ་བསྟན་གསུང་ངོ༌། །
༈ འཕྲིན་ལས་ནི་གསེར་འཕྲེང་ནས་རྩ་འགྲེལ་གཉིས་དཀྱུས་གཅིག་ཏུ་བཤད་ལ། རྣམ་བཤད་ལས། རྩ་བ་འཕགས་པའི་ཉི་སྣང་ལྟར་དང༌། འགྲེལ་པ་སློབ་དཔོན་གྱིས་འདི་ལྟར་གསུངས་པས་ཕྱི་མ་དེའི་དབང་དུ་བྱས་ན། དང་པོ་རྩ་བ་ནི། དེ་བཞིན་ཞེས་སོགས་རྐང་པ་དང་པོ་གཉིས་ཀྱིས་དུས་ཀྱིས་སྒོ་ནས་མདོར་བསྟན། འགྲོ་རྣམས་ཞེས་སོགས་ཤླཽ་ཀ་དྲུག་གིས་དབྱེ་བའི་སྒོ་ནས་རྒྱས་པར་བཤད། ཆོས་ཀྱི་སྐུ་ཞེས་སོགས་རྐང་པ་ཐ་མ་གཉིས་ཀྱིས་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་དང་གསུམ་ལས། གཉིས་པ་དབྱེ་བའི་སྒོ་ནས་རྒྱས་པར་བཤད་པ་ལ་ལམ་ལ་འགོད་པ་དང༌། ལམ་གྱི་འབྲས་བུ་ལ་འགོད་པ་གཉིས་ལས་དང་པོ་ལ། འགྲོ་རྣམས་ཞི་བའི་ལས་དང་ནི། །ཞེས་བདེ་འགྲོ་དང་ངན་འགྲོའི་འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་དོན་གཉེར་གྱི་བསམ་པ་ཕུན་ཚོགས་དང༌། བསྡུ་རྣམ་བཞི་ལ་འགོད་པ་དང༌། །ཞེས་སྦྱོར་བ་ཕུན་ཚོགས་དང༌། ཀུན་ནས་ཉོན་མོངས་བཅས་པ་ཡི། །རྣམ་པར་བྱང་བ་རྟོགས་པ་དང༌། །ཞེས་ཀུན་ཉོན་སྡུག་ཀུན་གཉིས་དང༌། རྣམ་བྱང་འགོག་ལམ་གཉིས་རྟོགས་པའི་ལྟ་བ་ཕུན་ཚོགས་ལ་འགོད་པ་དང་གསུམ་སྟེ་ཚོགས་ལམ་ལ་འགོད་པ་གསུམ་མོ། །དང་པོས་ལམ་གྱི་རྟེན་ལ་འགོད་པ་ཤུགས་ལ་འཕང་གསུང༌། སེམས་ཅན་རྣམས་དོན་ཇི་བཞིན་གྱི། །དོན་དང་ཞེས་པས་རང་གི་གནས་ལུགས་ཀྱི་དོན་ཇི་བཞིན་དུ་རྟོགས་པ་དེ་སེམས་ཅན་གཞན་རྣམས་ཀྱིས་ཀྱང་རྟོགས་ན་ཅི་མ་རུང་སྙམ་དུ་བསམ་པ་ཕུན་ཚོགས་ལ་འགོད་པ་དང༌། ཕ་རོལ་ཕྱིན་དྲུག་དང༌། སངས་རྒྱས་ལམ་དང༌། ཞེས་པས་ཕར་ཕྱིན་དྲུག་དང༌། དགེ་བཅུའི་ལམ་གྱིས་བསྡུས་པའི་སྤྱོད་པ་ཕུན་ཚོགས་ལ་འགོད་པ་གཉིས་དང༌། རང་བཞིན་དང༌། སྟོང་པ་ཉིད་དང་ཞེས་པས་ལྟ་བ་རྣམ་དག་ལ་འགོད་པ་སྟེ་སྦྱོར་ལམ་ལ་འགོད་པ་བཞིའོ། །གཉིས་ཟད་དང༌། ཞེས་པས་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པས་མཐོང་སྤང་གཟུང་འཛིན་གྱི་རྟོགས་པ་ཟད་པར་སྤངས་པའི་ས་དང་པོ་ལ་འགོད་པ་གཅིག་གོ །བརྡ་དང་ཞེས་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རྟོགས་པའི་ས་གཉིས་པ་ས་གསུམ་པ་གཉིས་ལ་འགོད་པ་གཅིག་གོ །དམིགས་པ་མེད་པ་དང༌། ཞེས་ས་བཞི་པར་བྱང་ཆུབ་ཕྱོགས་མཐུན་ལ་མཁས་པའི་ཤེས་རབ་ལྷག །ས་ལྔ་པར་བདེན་བཞི་ལ་མཁས་པའི་ཤེས་རབ་ལྷག །ས་དྲུག་པར་དེ་ཁོ་ན་ཉིད་ལ་མཁས་པའི་ཤེས་རབ་ལྷག་པས། བདེན་ཞེན་འཇོམས་ཚུལ་གྱི་སྒོ་ནས་ས་དེ་གསུམ་ལ་འགོད་པ་གཅིག་གོ །ལུས་ཅན་རྣམས་ནི་ཡོངས་སྨིན་དང༌། །ཞེས་ཐབས་མཁས་ཀྱི་ཕར་ཕྱིན་གྱི་སྒོ་ནས་ས་བདུན་པ་ལ་འགོད་པ་གཅིག་གོ །བྱང་ཆུབ་སེམས་དཔའི་ལམ་དང་ནི། །ཞེས་ལམ་གསུམ་ཤེས་པའི་ལམ་ཤེས་ལ་འགོད་པ་དང༌། མངོན་པར་ཞེན་པ་བཟློག་པ་དང༌། །ཞེས་བདེན་འཛིན་མངོན་གྱུར་ཞི་བ་ལ་འགོད་པ་དང༌། བྱང་ཆུབ་ཐོབ་དང་ཞེས་སངས་རྒྱས་དཀོན་མཆོག་བཏགས་པ་བ་དང༌། རྡོ་རྗེའི་ལུས་རྗེས་མཐུན་པ་ཐོབ་པ་ལ་འགོད་པ་དང༌། སངས་རྒྱས་ཞིང༌། རྣམ་པར་དག་དང༌། ཞེས་ཞིང་དག་སྦྱོར་བ་ལ་འགོད་པ་སྟེ་ས་བརྒྱད་པ་ལ་འགོད་པ་བཞིའོ། །ངེས་པ་དང༌། ཞེས་ས་བརྒྱད་པ་ཐོབ་མ་ཐག་ཏུ་སྔར་ཐོབ་མ་མྱོང་བའི་ཞི་བདེས་ཐུགས་འཕྲོགས་ཏེ་ཞུགས་པས་ཡང་དག་མཐའ་མངོན་དུ་མ་བྱེད་ཅེས་གདམས་དགོས་ལ། ས་དགུ་པ་ནས་ཞི་བདེ་ལ་ཡུན་རིང་གོམས་ཤིང་དམན་ལམ་དུ་ལྟུང་བའི་དོགས་པ་ཙམ་ཡང་མེད་པས་རང་སངས་རྒྱ་བར་ངེས་པ་ལ་འགོད་པ་དང༌། སེམས་ཅན་དོན་ནི་ཚད་མེད་དང༌། །ཞེས་སེམས་ཅན་གྱི་དོན་ཚད་མེད་སྒྲུབ་པ་ལ་འགོད་པ་སྟེ་ས་དགུ་པ་ལ་འགོད་པ་གཉིས་སོ། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང༌། །ཞེས་ས་བཅུ་པས་བསྡུས་པའི་བཤེས་གཉེན་བསྟེན་པ་དང༌། དམ་པའི་ཆོས་ཉན་པ་དང་མཆོད་པ་སོགས་ཀྱི་ཡོན་ཏན་ཁྱད་པར་ཅན་ལ་འགོད་པ་དང༌། རྟོགས་པ་གོང་ནས་གོང་དུ་འཕེལ་བ་ལ་འགོད་པ་ལ་བརྒྱད་ལས། བྱང་ཆུབ་ཡན་ལག་ཅེས་བྱང་ཆུབ་ཀྱི་རྒྱུའི་ནུས་པ་ཡོངས་སུ་རྫོགས་པ་ལ་འགོད་པ་དང༌། ལས་རྣམས་ནི། ཆུད་མི་ཟ་དང་ཞེས་ལས་འབྲས་ཀྱི་འབྲེལ་བ་ཆུད་མི་ཟ་བར་མངོན་སུམ་དུ་མཐོང་བ་ལ་འགོད་པ་དང༌། བདེན་མཐོང་དང༌། ཞེས་བདེན་བཞི་མཐོང་བ་ལ་འགོད་པ་དང༌། ཕྱིན་ཅི་ལོག་ནི་སྤངས་པ་དང༌། །ཞེས་གཙང་བདེ་རྟག་བདག་གི་ཕྱིན་ཅི་ལོག་མངོན་གྱུར་སྤངས་པའི་སྟོབས་ཀྱིས་ཕར་ཕྱིན་དམ་པ་བཞི་མྱུར་དུ་འདྲེན་པ་ལ་འགོད་པ་དང༌། དེ་གཞི་མེད་པའི་ཚུལ་དང་ནི། །ཞེས་ཕྱིན་ཅི་ལོག་བཞི་སྐྱེད་པའི་བདེན་འཛིན་མེད་པའི་ཚུལ་ལ་འགོད་པ་དང༌། རྣམ་པར་བྱང་དང་ཞེས་བྱང་སེམས་ཀྱི་སྤྱོད་པ་ལ་འགོད་པ་གཅིག་དང༌། ཚོགས་དང་ནི། ཞེས་ཚོགས་གཉིས་ལ་འགོད་པ་དང༌། འདུས་བྱས་འདུ་མ་བྱས་པ་ལ། །ཐ་དད་ཡོངས་སུ་མི་ཤེས་དང༌། །ཞེས་སྲིད་ཞི་མཉམ་ཉིད་དུ་རྟོགས་པ་ལ་འགོད་པ་སྟེ་ས་བཅུ་པ་ལ་འགོད་པ་དང་དགུའོ། །མྱ་ངན་འདས་ལ་འགོད་པ་སྟེ། །ཞེས་འབྲས་བུ་མི་གནས་པའི་མྱང་འདས་ལ་འགོད་པ་ལ་གཅིག་གོ །ཉེར་བདུན་པོ་འདི་དག་འཕགས་པའི་ཉི་སྣང་ལྟར་རོ། །སློབ་དཔོན་གྱི་འགྲེལ་པ་འདི་ལྟར་ན་འཕྲིན་ལས་ཉེར་བདུན་གྱི་དང་པོ་ལམ་གྱི་རྟེན་ལ་འགོད་པ་གཅིག །ཚོགས་ལམ་ལ་འགོད་པ་ལྔ། སྦྱོར་ལམ་ལ་འགོད་པ་གཅིག །ས་དང་པོ་གཉིས་སུ་མེད་པའི་ཆོས་ལ་འགོད་པ་གཅིག །འདི་འཕགས་པ་དང་ཁྱད་པར་མེད་གསུང༌། ས་གཉིས་པ་ས་གསུམ་པ་ས་བཞི་པ་ལྔ་པའི་བར་ལ་འགོད་པ་གཅིག །ས་དྲུག་པ་ལ་འགོད་པ་གཅིག །ས་བདུན་པ་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་འགོད་པ་གཅིག །འདི་ལའང་འཕགས་སེང་གཉིས་འདྲ་གསུང༌། ས་བརྒྱད་པ་ལ་འགོད་པ་གཉིས། །ས་དགུ་པ་ལ་འགོད་པ་གཅིག །ས་བཅུ་པ་ཐོབ་མ་ཐག་པར་ཞིང་སྣ་ཚོགས་རྣམ་པར་དག་པ་ལ་འགོད་པ་གཅིག་སྟེ། ཞིང་དག་པ་ལ་འགོད་པ་འཕགས་པས་ས་བརྒྱད་པའི་ཞིང་དག་སྦྱོར་བ་དང་སྦྱར་ལ། སློབ་དཔོན་གྱིས་ས་བཅུ་པར་འོད་ཟེར་ཆེན་པོའི་དབང་བསྐུར་བས་སྣོད་བཅུད་ཀྱི་ཞིང་དག་པ་ལ་སྦྱར་ནས་བཤད་གསུང༌། འོད་ཟེར་ཆེན་པོའི་དབང་བསྐུར་ཚུལ་ལ། སྣང་བའི་འཕྲིན་ལས་སྒྲུབ་པ་དང༌། མཆོད་པའི་དབང་བསྐུར་བའོ། །དང་པོ་ལ་སྣོད་དང་བཅུད་དག་པའི་སྣང་བའི་འཕྲིན་ལས་སྒྲུབ་པ་གསུམ་ལས། སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་མཉམ་པའི་པདྨ་རིན་ཆེན་དུ་མས་སྤྲས་པའི་གདན་དང༌། དེའི་འཁོར་དུ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པའི་པདྨས་གང་བར་སྣང་བ་ནི་སྣོད་དག་པ་དང༌། ས་བཅུ་པ་རང་ཉིད་གདན་དེ་ལ་འཚམ་ཞིང་རྐྱེན་དུ་བབ་པར་འདུག་ལ་འཁོར་གྱི་པདྨ་ལ་ས་བརྒྱད་པ་དང་དགུ་པ་སོགས་ཀྱི་བྱང་སེམས་རྣམས་བཞུགས་པས་བསྐོར་ཏེ་འདུག་པར་སྣང་བ་ནི་བཅུད་དག་པ་ཡིན་ནོ། །བྱང་སེམས་དེའི་སྐུའི་ཆ་ལས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་སྣང་བར་བྱས་ནས་དུཿཁ་རྣམས་ཞི་བར་བྱེད་པ་སོགས་ནི་འཕྲིན་ལས་སྒྲུབ་པ་དང༌། ཡང་འོད་ཟེར་གྱིས་ཕྱོགས་བཅུའི་དབང་བསྐུར་ཐོབ་པའི་བྱང་སེམས་རྣམས་དང་དེ་བཞིན་གཤེགས་པ་རྣམས་སྣང་བར་བྱས་ཏེ་དེ་དག་གི་སྐུ་ལ་ནུབ་པར་བྱེད་པ་ནི་མཆོད་པ་དང༌། རྒྱལ་བ་སྲས་དང་བཅས་པ་དེ་དག་གིས་བྱང་སེམས་དེ་དབང་བསྐུར་བའི་དུས་ལ་བབས་པར་གཟིགས་ཏེ་དེ་དག་གི་སྐུ་ལས་འོད་ཟེར་འཕྲོས་པ་བྱང་སེམས་དེའི་ལུས་ལ་ནུབ་ནས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་སོགས་ཏིང་ངེ་འཛིན་མཐའ་ཡས་པ་ལ་དབང་འབྱོར་བར་བྱིན་གྱིས་བརླབས་པ་ནི་དབང་བསྐུར་བ་ཡིན་གསུང༌། དེས་ན་ཕར་ཕྱིན་ཐེག་པ་ཡང་དབང་བསྐུར་བ་ཙམ་ཡོད་དོ། །དེའི་འོག་ཏུ་སྐྱེ་བ་གཅིག་ཐོགས་ལ་འགོད་པ་གསུམ། སྲིད་པ་ཐ་མ་ལ་འགོད་པ་བརྒྱད་འབྲས་བུ་ལ་འགོད་པ་གཅིག་སྟེ་ཉེར་བདུན་ཡོད་པའི་ཕྱིར་རོ། །སློབ་དཔོན་གྱི་ལུགས་ལ་འཕྲིན་ལས་དོན་བདུན་ཅུའི་གྲངས་ཀྱི་ཐ་མ་མིན་ཀྱང་དེ་ལྟར་བྱས་ལ། དང་པོ་སེམས་སྐྱེད་ལའང་ས་ལྟ་བུ་ཚོགས་ལམ་ཆུང་ངུ་དང༌། གསེར་ལྟ་བུ་འབྲིང་ནས་འཇོག་པ་ནས། སྤྲིན་ལྟ་བུའི་སེམས་བསྐྱེད་མཆོག་གི་སྤྲུལ་སྐུའི་རྒྱུད་ལ་འཇོག་པའི་བར་ཐོག་མཐའ་གཉིས་ལ་ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་ཆ་ཚང་རེ་གསུངས་པས་དོན་བདུན་ཅུ་པོ་རེ་རེའི་སྟེང་དུའང་ལམ་གྱི་རིམ་པ་ཆ་ཚང་རེ་ཡོད་པར་གོ་ནུས་ཤིང་བཤད་ཚུལ་ཡོད་དེ། གདམས་ངག་ལྟ་བུ་ལའང༌། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི། །ཞེས་སོགས་ལྟར་ཚོགས་ལམ་ཆེན་པོས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཉན་པར་གསུངས་ཀྱང༌། སྤྱིར་ལས་དང་པོ་བས་ཀྱང་ཉན་དགོས་པ་དང༌། དེ་ནས་ས་དང་པོར་སངས་རྒྱས་བརྒྱ་དང༌། གཉིས་པར་སྟོང་དང༌། གསུམ་པར་འབུམ་ལ་ཉན་པ་སོགས་དང༌། དེར་མ་ཟད། མདོ་སྡེ་རྒྱན་ལས། སེམས་དཔའ་མཆོག་གི་སྟོན་པ་ནི། །ལུང་དང་རྟོགས་དང་དབང་འབྱོར་ལས། །ཁ་དང་གཟུགས་ནི་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །ཞེས་གསུངས་པ་ལྟར་མོས་སྤྱོད་དང༌། མ་དག་ས་བདུན་དང༌། དག་ས་གསུམ་གྱི་སྐབས་སུ་ཉན་པར་གསུངས་པ་སོགས་ལའང་ལམ་གྱི་ལུས་ཆ་ཚང་བ་རེ་སྦྱོར་རྒྱུ་ཡོད་པ་ལྟར་ཐམས་ཅད་ལའང་ཡོད་པའི་ཕྱིར་རོ། །སྡུད་པར་བྱང་ཆུབ་སེམས་དཔའ་གང་ཞིག །ཅེས་པ་ནས། བཟོད་པའི་ཕ་རོལ་ཕྱིན་ལ་གནས། །ཞེས་པའི་བར་ཤླཽ་ཀ་བཅུ་བཞི་བྱུང༌། བཟོད་པའི་སྐབས་འདི་དག་བྱང་ཆུབ་སེམས་དཔའ་རྟག་ངུས་ཐེག་ཆེན་གྱི་ཆོས་ཚོལ་བའི་ཕྱིར་དུ་མགོ་དང་རྐང་ལག་གཅོད་པ་སོགས་དཀའ་སྤྱད་ཐམས་ཅད་བཟོད་པར་བྱས་པས་རྟག་ངུའི་ལེའུ་དང་སྦྱོར་དགོས་སྙམ་གསུང༌། ཡང་སྡུད་པར། ཚུལ་ཁྲིམས་ཀྱིས་ནི་ཞི་བ་ནས། །ཡར་གྱི་ངོ་བཞིན་ནོ། །སྐབས་ལྔ་པའོ། །ཞེས་པའི་བར་ཤླཽ་ཀ་བཅོ་ལྔ་བྱུང༌། ཚུལ་ཁྲིམས་ཀྱི་སྐབས་འདི་དག་ཆོས་འཕགས་ཀྱི་ལེའུ་ལ་སྦྱོར་དགོས་སམ་སྙམ་སྟེ། ཆོས་འཕགས་ནི་འདོད་པའི་ཡོན་ཏན་ལྔ་ལ་རོལ་བ་ཡིན་ཀྱང༌། ནང་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་སྐྱོན་གྱིས་མ་གོས་པའི་ཕྱིར་རོ། །འདི་དག་ཏུ་ཕར་ཕྱིན་དྲུག་ལུགས་ལྡོག་ཏུ་བཤད་པ་ལྟ་བུར་ཡང་སྣང་གསུང༌། བྱང་ཆུབ་སེམས་དཔའི་སྦྱིན་པས་སོགས་སྡུད་པའི་སྐབས་དྲུག་པ་བུདྡྷ་ཤྲཱི་ལྟར་ན་རྒྱན་གྱི་སྐབས་དྲུག་པའི་ལམ་མཐར་གྱིས་པ་ལ་སྦྱར་བ་དང༌། ཆོས་འདི་ཡོངས་རྫོགས་བྱས་ནས་བྱང་ཆུབ་སེམས་དཔའ་དེ། །ཞེས་པ་སྐབས་བདུན་པ་དང༌། ཡོངས་དག་ཞིང་དང་ཞེས་སོགས་རྒྱན་གྱི་སྐབས་བརྒྱད་པ་དང་སྦྱར་བ་ཡིན་ལ། ཡོངས་གྲགས་ཀྱི་སྡུད་པའི་སྐབས་འབྱེད་ཚུལ་འདི་དག་ཀྱང་བུདྡྷ་ཤྲཱིའི་སྡུད་འགྲེལ་ལྟར་བྱས་སྣང་གསུང༌།
༈ གསུམ་པ་བསྡུས་དོན་གཞན་བཤད་པ་ནི། མཁྱེན་གསུམ་ལ་མཚན་ཉིད་ཅེས་གཅིག་ཏུ་བྱས་པ་དང༌། ཉམས་ལེན་སྦྱོར་བཞི་དང༌། རྣམ་སྨིན་ཆོས་སྐུ་དང་དྲུག་ཏུ་བསྡུས་པ་དང༌། མཁྱེན་གསུམ་ཡུལ་དང༌། སྦྱོར་བཞི་རྒྱུ་དང༌། ཆོས་སྐུ་འཕྲིན་ལས་དང་བཅས་པ་འབྲས་བུ་དང་གསུམ་དུ་བསྡུས་པ་ཡོད་དོ། །གང་ཟག་སོ་སོའི་དབང་དུ་བྱས་ན་རྒྱས་པ་ལ་དད་པ་ལ་དངོས་པོ་བརྒྱད་དང༌། འབྲིང་ལ་དད་པ་ལ་དངོས་པོ་དྲུག་དང༌། བསྡུས་པ་ལ་དད་པ་ལ་དངོས་པོ་གསུམ་དུ་བསྡུས་པ་ཡིན་ལ། གང་ཟག་གཅིག་གི་དབང་དུ་བྱས་ནའང་དེ་ལྟར་བསྟན་པ་ལ་དགོས་པ་ཡོད་དེ། མངོན་རྟོགས་རང་རང་གི་མཚན་ཉིད་དང་དབྱེ་བ་ལ་སྒྲོ་འདོགས་མ་ལུས་པ་བཅད་པའི་ཕྱིར་དུ་བརྒྱད་དུ་བཤད་པ་དང༌། དེ་དག་གི་གོ་རིམ་ལ་ལོག་རྟོག་བསལ་བའི་ཆེད་དུ་དྲུག་ཏུ་བཞག་པ་དང༌། རྣམ་མཁྱེན་དང་ཆོས་སྐུ་ལ་ཟློས་སྐྱོན་སྤོང་བའི་ཆེད་དུ་གསུམ་དུ་བསྟན་པ་ཡིན་པའི་ཕྱིར། ཟློས་སྤོང་ལ་སྦྱར་བ་འདི་ལ་གསེར་འཕྲེང་ནས་བསྔགས་བརྗོད་མཛད་གསུང་ངོ༌། །ལ་ལ་ལས་དོན་ཞེས་སོགས་ཀྱི་དོན་ནི། ལ་ལ་ཡུམ་བརྒྱད་སྟོང་པ་ལས་ཚིག་མི་རྒྱས་ཀྱང་དོན་ཚང་བ་དང༌། གཞན་ཉི་ཁྲི་ལས་ཚིག་དོན་གཉིས་ཀ་འཚམ་པ་དང༌། དེ་གཉིས་ལས་གཞན་རྒྱས་པ་ལས་དོན་རེ་རེ་ལའང་མིང་གི་རྣམ་གྲངས་དུ་མས་གསུངས་པའི་ཕྱིར། ཡུམ་གསུམ་གྱི་དོན་ལ་ཁྱད་པར་མེད་ཅིང་ཚིག་གིས་ཕྱེ་བ་དེ་ལྟར་མ་ཡིན་ན། ཡུམ་ཐམས་ཅད་ཀྱི་བརྗོད་བྱའི་དོན་གྱི་རིམ་པ་མདོ་བརྒྱད་སྟོང་པས་ལེགས་པར་བསྡུས་པ་མ་ཡིན་པར་འགྱུར་དགོས་པ་ལ། དེའང་མ་ཡིན་ཏེ་སློབ་དཔོན་ཕྱོགས་གླང་གིས། དེ་ལྟར་ཇི་སྐད་བཤད་དོན་གྱིས། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་པར་འདོད། །ཅེས་གསུངས་པའི་ཕྱིར་རོ། །ཡུམ་གསུམ་ལ་དོན་ཁྱད་པར་མེད་ན་ཟློས་པར་ཐལ་ལོ། །ཞེ་ན། དེ་ལ་ཚིག་བསྡུས་པ་དང༌། འབྲིང་དང་རྒྱས་པ་ལ་སོགས་པའི་རབ་ཏུ་དབྱེ་བས་ཁྱད་པར་ཡོད་པ་ཁོ་ནར་ཟད་པའི་ཕྱིར་རོ། །
གོ་བར་སླ་ཕྱིར་ཚིག་དང་ནི། །ངག་སོགས་སྦྱོར་བ་མ་བྱས་པར། །ཞེས་པ་ནི་མདོའི་ཚིག་ཁུངས་སུ་འདྲེན་པ་དང༌། དེའི་དོན་བཤད་པའི་ངག་སོགས་སྦྱོར་བ་མ་བྱས་པར་བསྟན་བཅོས་ཀྱི་ཚིག་དོན་ཙམ་ཞིག་གོ་བདེ་བར་བཀྲལ་བ་ཡིན་ནོ། །མཁན་པོ་ཡང་དག་རྣམ་སྣང་མཛད་ནི། མཁན་ཆེན་ཞི་བ་འཚོ་ཡིན་གསུང༌། ཞེས་པ་འདི་ནི། ཡོངས་རྫོགས་བསྟན་པའི་མངའ་བདག་མཚུངས་མེད་ཆོས་ཀྱི་རྗེ་༸གུང་ཐང་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་མང་ལ་འགྲེལ་པ་དོན་གསལ་གྱི་སྟེང་ནས། བརྒྱད་སྟོང་པ། མདོ་སྡུད་པ། མངོན་རྟོགས་རྒྱན་གསུམ་ག་སྦྱར་ཞིང༌། གསེར་འཕྲེང༌། རྣམ་བཤད་སྙིང་པོ་རྒྱན། རྟོགས་དཀའི་སྣང་བ་སོགས་ཀྱི་བཤད་པས་ཟུར་བརྒྱན་ཏེ་གཟབ་བཤད་རྒྱས་པར་གནང་སྐབས་སུ་དྷཱིཿཞེས་བྱ་བའི་མིང་ཅན་གྱིས་རང་བློའི་ཟིན་ཚོད་ཅིག་ཟིན་བྲིས་སུ་བགྱིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།