Nitartha Digital Library
Tibetan
 
previousཕར་ཕྱིན་སྐབས་བཞི་པའི་བསྡུས་དོན།next

ཕར་ཕྱིན་སྐབས་བཞི་པའི་བསྡུས་དོན།


GTD002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཕར་ཕྱིན་སྐབས་བཞི་པའི་བསྡུས་དོན་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ལ་གནང་བ་བཞུགས་སོ། །


GTD002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བཞིའི་རིན་ཆེན་རྡུལ་བརྩེགས་རི་བོའི་སྤོར། །སྒྲིབ་བྲལ་དབྱིངས་རིག་དབྱེར་མེད་ལྡིང་ཁང་ན། །ལྔ་ལྡན་ལོངས་སྤྱོད་རྫོགས་པའི་འཆི་མེད་གཙོ། །སྣང་བརྙན་བྱེ་བ་བརྒྱར་འགྱེད་དེས་སྐྱོངས་ཤིག །གཞི་ཤེས་མཇུག་སྡུད་མདོ་ཚན་བཅུ་དགུ་སོགས། །སྤྱོད་པ་ཁྱད་པར་ཅན་གྱི་ལེ་འུ་ཡི། །མདོ་ཚན་གསུམ་གྱི་མཁྱེན་གསུམ་རྗོད་བྱེད་སྐབས། །གསུམ་པོ་རྫོགས་པ་ཡིན་པར་བསྟན་ཟིན་ནས། །དེ་ཡང་ཐོས་ཙམ་མིན་པར་བསྒོམ་དགོས་ཕྱིར། །དབང་དུ་བྱ་ཕྱིར་ཡང་ཞེས་གསུངས་པ་ལས། །གཞུང་ལ་སྦྱར་ནས་ཡང་སྒྲ་རྗེས་གཅོད་འཁྲུལ། །ལོ་ཆེན་མཚམས་སྦྱོར་གཞུང་ཚིག་སྔ་ཕྱི་ལ། །ཤེས་དང་སྒོམ་པའི་སྒྲ་ལས་མ་བྱུང་ཕྱིར། །དེ་དེ་ཙམ་ཕྱིར་ཡིན་པས་མི་ཟློས་ལོ། །གང་ཐོས་དེ་ཉིད་བསྒོམ་བྱར་གཞུང་བརྒྱས་འགྲུབ། །ལ་ལ་དང་པོ་གསུམ་དུ་མཁྱེན་གསུམ་གྱི། །རྣམ་པ་མི་གསལ་


GTD002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་མི་ཟློས་ཟེར། །རྒྱུ་འབྲས་ལ་སོགས་དོན་དང་ལམ་གསུམ་སོགས། །ཤེས་རྣམ་ཅི་རིགས་དེར་ཡང་གསལ་ཕྱིར་མིན། །༈ རང་ལུགས་ཡུལ་ངོ་བྱེད་ལས་གསུམ་ཕྱིར་ཏེ། །ཐོར་བུ་ཕྱེ་བ་འདིར་བསྡུས་བསྡུས་བསྒོམ་ཕྱིར། །སྐབས་འདིས་ལྷན་ཅིག་གསུངས་ལ་ཐོར་བུའི་དོན། །ཚང་བ་ལས་ཀྱང་ལྷག་ཕྱིར་འདིས་ཆོག་གོ །མ་ཡིན་མཁྱེན་གསུམ་སོ་སོའི་མཚན་ཉིད་དང། །སྒོམ་བྱེད་སྦྱོར་ཤེས་དགོས་པ་གཞན་ཕྱིར་ཏེ། །ལྡོག་ཆ་ཙམ་དང་སྒོམ་བྱེད་ཀྱིས་བསྙད་ཕྱིར། །གསུམ་པ་བྱེད་ལས་སྒོས་ཀྱང་མི་མཚུངས་ཏེ། །དེ་ཞི་བ་དང་གཉེན་པོའི་སྒྲས་བསྟན་ཕྱིར། །རིམས་ནད་ཞི་དང་ཞི་བའི་ཐབས་བརྗོད་བཞིན། །དང་པོ་བསྡུས་སྒོམ་དོན་ཡང་ལོ་ཆེན་གྱིས། །གཞི་ཡི་ཉེར་བདུན་ལམ་གྱི་སུམ་ཅུ་དྲུག །རྣམ་ཐར་རྣམ་གསུམ་བར་ཆད་མེད་ལམ་བཞི། །དེ་བཞིན་ཉིད་བཅས་དོན་དམ་དོན་གཅིག་ལས། །སྟོང་དང་བདག་མེད་གཞི་ལམ་དབྱེ་བས་བཞི། །


GTD002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔར་རྗེས་མཐུན་རྣམ་མཁྱེན་རྣམ་པའི་སྟོང། །ལྔ་པོ་སྟོང་པ་ཉིད་ཀྱི་རྣམ་པ་འོ། །གཞི་ལམ་དབྱེ་བས་འགོག་ལམ་ཞེ་གཉིས་དང། །རྣམ་པའི་མཚན་མེད་འགོག་ལམ་བར་ཆད་མེད། །ཞེ་ལྔ་མཚན་མེད་དོ་སྨོན་མེད་བཅོ་བརྒྱད་དེ། །སྡུག་ཀུན་གཞི་ལམ་དབྱེ་བས་བཅུ་དྲུག་སྟེང། །ཀུན་འབྱུང་བར་ཆད་མེད་དང་སྨོན་མེད་དོ། །སྟོང་སྨོན་ཐུན་མོང་སྡུག་བསྔལ་དངོས་ཉིད་མེད། །གསུམ་གའི་ཐུན་མོང་དེ་བཞིན་ཉིད་རྣམ་སྟེ། །ཐུན་མོང་རྣམ་ཐར་ཀྱང་བསྡུས་གཙོ་བོ་ནི། །ལྷག་མ་ཆོས་ཅན་རྣམ་པ་བརྒྱ་གཉིས་བཅས། ངོ་བོ་རྒྱུ་འབྲས་བདེན་སྟོང་སྤྲོས་བྲལ་དུ། །བསྡུས་ནས་བསྒོམ་པ་བསྡུས་སྒོམ་དོན་དུ་འདོད། །དོན་གཅིག་བདེན་མེད་ཡིན་པའི་ཕྱིར་བསམ་ན། །ལྷག་ལ་ཐལ་བར་འགྱུར་ཞེས་ལམ་སྒྲིག་གསུངས། །མདོ་སྒྲ་ཙམ་ལ་བརྟེན་ནས་མི་རྟག་སོགས། །རང་ལྡོག་མི་འདྲེན་ཆོས་ཉིད་འདྲེན་ན་ཡང། །རང་ལྡོག་ཇི་སྙེད་རྣམ་པར་འདོད་དགོས་ཤིང། །གྲངས་ཕན་ཀུན་རྫོབ་རྣམ་པ་བརྒྱ་དང་གཉིས། །དངོས་སུའང་ཁྱེད་འདོད་དེ་དག་སྒོམ་མམ་མིན། །བསྒོམ་ན་སྒོམ་ཚུལ་འཆད་ཚེ་འཆད་དགོས་ཕྱིར། །འགྲེལ་ཚིག་བསྒྱུར་ནས་སྟོང་ཙམ་བསྒོམ་གསུངས་འགལ། །མི་སྒོམ་རྟག་འཛིན་གཉེན་པོར་མི་རྟག་སོགས། །རིམ་གསུངས་རྩ་བ་འགྲེལ་པ་ཀུན་དང་འགལ། །ཁ་ཅིག་ཞི་ལྷག་ཡུལ་དུ་བསྡུས་འདོད་འཁྲུལ། །སེམས་བསྐྱེད་ཞི་གནས་ལ་རག་ཧ་ཅང་ཕྱིར། །རང་ལུགས་མཁྱེན་གསུམ་རྣམ་ཀུན་རྣམ་རྫོགས་ཀྱི། །འཛིན་སྟངས་ཡུལ་དུ་སྡུད་


GTD002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྡུས་སྒོམ་དོན། །སྒྲ་དོན་མ་ངེས་རྣམ་རྫོགས་སྦྱོར་བ་བཞིན། ། ༈ གཞུང་གི་དོན་ལ་རྣམ་རྫོགས་སྤྱི་དོན་དང། །ཐར་ཆ་ནས་བཟུང་རྒྱུད་ལ་སྐྱེ་རིམ་གཉིས། །དང་པོ་སྦྱར་ས་རྣམ་པ་སྦྱོར་མཁན་རྟེན། །སྦྱོར་བའི་ངོ་བོ་སྐྱོན་ཡོན་མཚན་ཉིད་དྲུག །རྒྱས་བཤད་དོན་དང་མདོར་བསྟན་ཤེས་རྣམ་བདུན། །དེར་ཡང་དངོས་དང་སྒོམ་བྱེད་སྦྱོར་རྣམ་གཉིས། །དེ་ཕྱིར་མདོར་བསྟན་རྐང་པ་དང་པོ་ཡིས། །ཟློག་ཕྱོགས་འགལ་ཟླའི་རྣམ་ལྡན་ཤེས་རྣམ་བསྟན། །རྣམ་པའམ་བྱེ་བྲག་ཅེས་པས་རྟག་འཛིན་དང། །བདེར་འཛིན་ལ་སོགས་སོ་སོའི་བྱེ་བྲག་གི །ངོས་སྐལ་གནོད་བྱེད་འཛིན་སྟངས་འགལ་བ་བསྟན། །མཚན་ཉིད་ཅེས་པས་འཛིན་སྟངས་འགལ་བ་དེ། །གོང་དུ་བཤད་པའི་ཤེས་རྣམ་སྦྱོར་རྣམ་གཉིས། །གཉེན་པོར་འཇོག་བྱེད་མཚན་ཉིད་ཡིན་པར་གསུངས། །ཁ་ཅིག་རྣམ་པའི་མཚན་ཉིད་འཆད་བྱེད་དུ། །བྱེད་པ་རྣམ་བཤད་ལས་ནི་བཀག་གོ་ཟེར། །བདེན་བཞིའི་སྟེང་དུ་རྟག་འཛིན་ལ་སོགས་པ། །འཇོམས་བྱེད་གཉེན་པོར་འགྱུར་ཚུལ་མ་སྦྱར་བར། །རྣམ་པ་ཤེས་རབ་བོ་ཞེས་འདྲ་ཁ་ཡན་ཙམ། །བཤད་ན་དགོས་པ་སྟོར་བ་དེ་དོན་ཡིན། །དེ་ཕྱིར་གཞི་མེད་རྣམ་པར་མ་སོང་བར། །རྣམ་པའི་དོན་དུ་མཛད་པ་ཡབ་སྲས་མཐུན། །ཚིག་གསལ་གཞི་ཡིས་གཞི་ཤེས་ཤེས་པ་ཞེས། །ལམ་དང་རྣམ་པས་རྣམ་མཁྱེན་བསྟན་ནོ་ཟེར། །རྣམ་པ་དེ་ལ་ ཀུན་མཁྱེན་ཉིད་གསུམ་གྱི། །ཤེསརྣམ next hit་རྩ་བར་གསུངས་ཕྱིར་མཐའ་རྐྱང་


GTD002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །རྗེ་སོགས་ལས་དང་བྱེད་པའི་རྣམ་པ་ལ། །དོན་རྣམ་ཤེས་རྣམ་ཐ་སྙད་རིམ་སྦྱར་བ། །གསུང་རབ་ཐ་སྙད་མིན་ཞེས་ཁ་ཅིག་ཟེར། །རྩ་བར་འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་ཞེས་པས་དོན་རྣམ་གསལ་བར་གསུངས། །དེ་བཞིན་ཤེས་པའི་རྣམ་པའང་ཡེ་ཤེས་ཀྱི། །རྣམ་པ་ཞེས་ནི་རིག་བྱིན་གསུངས་ཕྱིར་རོ། །དོན་རྣམ་ཤེས་རྣམ་གཉིས་ལས་བསྒོམ་བྱ་དངོས། །གང་ཡིན་ཁ་ཅིག་རྩོད་པ་དོན་ཆུང་སྟེ། །མི་རྟག་སྒོམ་པས་དེ་བློ་བསྒོམ་འགྱུར་ཞིང། །སྟོང་ཉིད་སྒོམ་ལ་ཤེར་ཕྱིན་བསྒོམ་གསུངས་ཕྱིར། །ཁ་ཅིག་མཐོང་ལམ་བར་ཆད་མེད་ལམ་གྱིས། །ཡེ་ཤེས་བསྒོམས་ན་ཤེས་པ་བསྒོམ་འགྱུར་ཟེར། །མ་ངེས་དེ་ལྟ་མིན་ན་ཡེ་ཤེས་དེར། །མཉམ་པར་བཞག་བློ་མེད་པར་ཐལ་བར་འགྱུར། །ཁྱེད་ཅག་བསྒོམ་བྱར་བྱས་ན་འཛིན་སྟངས་སུ། །བྱེད་དགོས་སྙམ་པ་འདི་ཡིས་ནོངས་པའི་ཕྱིར། །སྒོམ་ཚུལ་སྣ་ཚོགས་དབྱེ་བ་ཤེས་དགོས་ཏེ། །སྟོང་དང་བདེན་བཞི་འཛིན་སྟངས་ཡུལ་བྱས་བསྒོམ། །བྱམས་སོགས་ཡུལ་ཅན་ངོ་བོར་བསྐྱེད་ནས་བསྒོམ། །ཚོགས་ལ་དབང་སྟོབས་རྗེས་མཐུན་རྣམ་པས་བསྒོམ། །སོ་སྐྱེས་མཁྱེན་གསུམ་རྟོགས་རིགས་སྒོ་ནས་བསྒོམ། །ཕལ་པས་དངོས་བརྒྱད་མཚན་ཉིད་རྗེས་དཔྱོད་བསྒོམ། །རྒྱལ་ཀུན་གསང་གསུམ་སྨོན་ལམ་རྣམ་པས་བསྒོམ། །ལ་སོགས་འཕྲོས་དོན་སྣ་ཚོགས་ཤེས་པར་བྱ། །རང་ལུགས་འཛིན་སྟངས་ཡུལ་རྣམ་ཤར་བའི་སྒོས། །རང་གི་མི་མཐུན་ཕྱོགས་ལ་གནོད་བྱེད་ཀྱི། །ཆ་གཞག་རིག་པ་གཉེན་པོའི་མཚན་ཉིད་དེ། །ཆ་བཞག་འཛིན་སྟངས་མི་གསལ་ཁ་ཅིག་དང། །རང་གི་མི་མཐུན་ཕྱོགས་མེད་རྣམ་མཁྱེན་སྡུད། །འདིར་བསྟན་དེ་ནི་འདིར་བསྟན་གཉེན་པོའི་དོན། །ཆ་བཞག་མ་སྨོས་སྦྱོར་རྣམ་གཙོ་ཕྱིར་དཔྱད། །


GTD002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ལམ་ཞུགས་ཁོ་ནར་འདོད་མི་རིགས། །སྤོང་གཉེན་ཙམ་མིན་གཉེན་པོ་སྣ་ཚོགས་ཏེ། །གང་གང་སྐྱོན་མཐོང་རྣམ་པར་སུན་འབྱིན་གཉེན། །རྐུན་པོ་འབྱིན་འདྲའི་སྤོང་གཉེན་བར་ཆད་མེད། །བྲལ་ཐོབ་འཛིན་པའི་གཞི་གཉེན་རྣམ་གྲོལ་ལམ། །དེ་ཡན་ཁྱད་པར་ལམ་རྣམས་ཐག་བསྲིང་གཉེན། །བྱེ་སྨྲ་རྣམ་གྲོལ་ལམ་ཡང་འདིར་འདོད་ལོ། །གཞན་ཡང་ཚུལ་ཁྲིམས་སྐྱེས་བུ་ཆུང་ངུར་ཡང། །ཡོད་ཕྱིར་གཉེན་པོ་མིན་ན་མཛོད་སོགས་ལས། །མཚན་ཉིད་མི་མཐུན་ཕྱིར་རིང་འབྱུང་བཞི་དང། །མི་མཐུན་གཉེན་པོས་རིང་བ་ཁྲིམས་དང་འཆལ། །ཤར་ནུབ་ཡུལ་གྱིས་རིང་ཞིང་འདས་མ་འོངས། །དུས་ཀྱིས་རིང་སྟེ་བཞི་གསུངས་གཉིས་པར་འགལ། །ཁ་ཅིག་གཉེན་པོ་ཡིན་ན་སྤང་བྱ་དེར། །འཛིན་སྟངས་དངོས་འགལ་དགོས་འདོད་འཁྲུལ་བ་སྟེ། །འདུ་ཤེས་ཀུན་མཆོག་མི་རྟག་འདུ་ཤེས་སུ། །གསུངས་ཕྱིར་བདེན་འཛིན་གཉེན་པོར་གཞོལ་ཕྱིར་དང། །བདག་མེད་རྣམ་གཉིས་རྟོགས་པའི་ཡེ་ཤེས་གཉིས། །ཆགས་པར་དངོས་འགལ་ཡིན་པ་ཆགས་པ་དེ། །འཛིན་པ་གཉིས་ཕྱིར་སྒྲིབ་པ་གཉིས་ཀར་འགྱུར། །ཁ་ཅིག་མདོ་ཡིས་དོན་རྣམ་ཙམ་བསྟན་ཟེར། །མ་མཆིས་ཞེས་པས་དོན་དང་ཤེར་ཕྱིན་ཞེས། །ཤེས་རྣམ་གསུངས་ཤིང་གཞན་ཡང་ཅི་རིགས་པར། །རྒྱལ་དང་རབ་འབྱོར་གཉིས་ཀྱིས་དོན་ཤེས་ཀྱི། །རྣམ་པ་གཉིས་ཀ་གསུངས་ཕྱིར་མི་འཐད་དོ། །ལ་ལ་རྒྱས་བཤད་ཤེས་རྣམ་གཙོར་བསྟན་ཏེ། །ལམ་གྱི་རྣམ་པ་དེ་སྙེད་བསྟན་ཕྱིར་ཟེར། །ཤེས་རྣམ་ཡིན་ཀྱང་སྐབས་འདིར་ཤེས་རྣམ་དུ། །བྱས་ཏེ་མ་བསྟན་ཕྱིར་ན་མི་འགལ་ལོ། །ཁ་ཅིག་གཉེན་པོར་འཛིན་


GTD002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་རྣམ་འཆར་ན། །བར་ཆད་མེད་ལ་འཛིན་སྟངས་འཆར་འགྱུར་ཞིང། །འདོད་ན་རང་ཡུལ་འཆར་རམ་ཞེ་ན་མིན། །ཡུལ་ལ་དམིགས་ཡུལ་ལ་སོགས་སྣ་ཚོགས་ཤིང། །འཛིན་སྟངས་བདག་མེད་ཕྲ་རགས་གང་རུང་ཕྱིར། །ཚིག་ལ་གཟབ་ཅིང་ཤུགས་ཡུལ་གསུངས་པ་དཔྱད། །རྒྱས་པར་བཤད་གསུམ་དང་པོ་གཞི་ཤེས་ལ། །གྲུབ་འཕྲལ་འགྱུར་ལྡོག་མི་རྟག་མེད་པའི་དོན། །དོན་དམ་རྨོངས་པའི་ཉེར་ལེན་སྡུག་བསྔལ་ཏེ། །ཡང་ན་སྐད་ཅིག་ལས་ལྷག་མི་སྐྱེས་དང། །བདག་དབེན་བདག་གི་བ་ཡིས་མི་བརྫི་བཞི། །སྲེད་པ་བདེན་མེད་ཀུན་འབྱུང་ནམ་མཁའ་འདྲ། །རབ་ཏུ་སྐྱེད་བྱེད་ཚུལ་བཞིན་མ་ཡིན་པའི། །ཡིད་བྱེད་རྟོག་དཔྱོད་ལ་སོགས་བརྗོད་དུ་མེད། །ཡང་ན་རྟོག་དཔྱོད་མེད་ཕྱིར་རྗོད་བྱེད་མེད། །ཡང་སྲིད་རྐྱེན་གྱིས་ཚོར་སོགས་མིང་བཞི་མེད། །འགོག་པ་གཞན་གྱི་རྒྱུད་དུ་འགྲོ་བ་མེད། །གཏན་དུ་ཞི་ཕྱིར་རྐྱེན་གྱིས་མི་འཕྲོག་སྟེ། །དག་སྙིང་གཟུང་མེད་ལ་སྦྱར་གསེར་འཕྲེང་བཞེད། །ཆོས་དབྱིངས་ཉིད་ཕྱིར་ཐར་པ་མི་ཟད་དེ། །ཆོས་ཉིད་དྲི་བྲལ་འགོག་པ་སྐྱེ་བ་མེད། །ལམ་ལ་ཉོན་སྒྲིབ་གཉེན་པོ་རྣམ་བཞི་སྟེ། །ལམ་སྒོམ་བྱེད་པོ་དོན་དམ་རིག་པ་པོ། །གོང་མར་འཕོ་བོ་ཉོན་མོངས་འདུལ་བ་པོ། །བདག་མེད་རྟོགས་པའི་མཐོང་ལམ་ཟག་མེད་བཞི། །འཕོ་བ་རྒྱན་བཟང་འཆི་འཕོར་བཤད་ཀྱང་མིན། །ཉོན་མོངས་གཉེན་པོ་རྫོགས་ཕྱིར་ལྷག་བཅུ་གཅིག །འོས་མེད་རིགས་པས་ཤེས་སྒྲིབ་གཉེན་པོར་འགྲུབ། །དེ་སྤང་དཀའ་ཕྱིར་མཐོང་སྒོམ་གཉིས་ཕྱེ་བར། །མཉམ་གཞག་གཙོ་དང་མཉམ་རྗེས་སྤེལ་མ་རུ། །དུས་རིང་འབྱུང་ཕྱིར་ཟག་མེད་ཟག་བཅས་འབྱེད། །སློབ་དཔོན་ལམ་འདིས་རང་རྒྱལ་སྡུད་པའི་ཕྱིར། །ཤེས་སྒྲིབ་གཉེན་པོ་གསུངས་


GTD002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལོ་ཆེན་གྱིས། །རང་རྒྱལ་སྡུད་དགོས་ཞེས་པ་ཤེས་རྣམ་གྱི། །དབང་བྱས་ཡིན་ན་དོན་རྣམ་བཤད་སྐབས་འཆོལ། །དོན་རྣམ་ཡིན་ན་དེར་འདུ་ག་ལ་དགོས། །བདེན་པ་དང་པོ་གསུམ་དང་མཚུངས་ཞེས་ཟེར། །རྒྱལ་བས་སྡུག་ཀུན་སྤོང་ཕྱིར་ལམ་བསྒོམ་ཞེས། །གདམས་ཏེ་བསྐྱེད་བྱར་ཡིན་གྱི་ཤེས་བྱར་མིན། །འདིར་ཡང་གཞི་ཤེས་འབའ་ཞིག་སྐབས་ཡིན་ཕྱིར། །ལམ་འདིས་གཞི་ཤེས་རང་གི་ངོ་བོའི་སྒོས། །མཚོན་སླད་རང་ཡིན་ཚུལ་གྱིས་བསྡུས་པས་ན། །དམིགས་པར་བསྡུས་པའི་ཚུལ་དང་ག་ལ་མཚུངས། །གལ་ཏེ་ཁྱོད་ལྟར་དམིགས་པའི་དབང་བྱས་ཀྱང། །ཉན་རང་རང་རྒྱུད་ལུས་ཚོར་སེམས་ཆོས་ཙམ། །དམིགས་ཕྱིར་དམན་ཞེས་དབུས་མཐའི་འགྲེལ་པར་གསུངས། །འཕགས་པས་འདིའོ་ཞེས་དགག་ཚིག་མ་མཛད་ཕྱིར། །ཐེག་པ་གཉི་གའི་ཤེས་སྒྲིབ་གཉེན་པོ་ཀུན། །བཞེད་ཀྱི་སློབ་དཔོན་ལྟར་མིན་གསུངས་པ་ཡང། །མི་རིགས་དེས་ཀྱང་མཐོང་སྒོམ་ཉིད་གསུངས་ཕྱིར། །ཚིག་གསལ་ཕྱི་མ་འདི་གཉིས་སྒོམ་གཅིག་པུར། །གསུངས་པ་འགྲེལ་ཆུང་འགྱུར་ལ་བདེ་འདྲ་ཡང། །སྣང་བ་གཉིས་དང་མི་མཐུན་ཕྱིར་ན་དོར། །དེ་ཡང་སྒོམ་ལ་ངོ་བོ་ཉིད་མེད་ལྔ། །མཐོང་ལ་ཕྱི་དོན་ཀུན་ཉོན་རྣམ་བྱང་དང། །བག་ཆགས་དབྱེ་བའི་སྤྲོས་དང་རྟོགས་པའི་རློམ། །ཕྱི་དོན་རྟོགས་པ་ཐོབ་ཟིན་ཉམས་མེད་དྲུག །ཐ་མར་གསེར་འཕྲེང་སྟོང་ཉིད་མི་གཡོ་གསུངས། །འདི་དག་ལེགས་ལྡན་འདོད་ཚུལ་ལམ་སྒྲིག་གསལ། །འདིར་བསྟན་གཙོ་བོ་རྣམ་གཞག་རྟེན་ཤེས་ནས། །རྗེས་སུ་གཟུང་ཕྱིར་སེམས་དཔའི་བསྐྱེད་བྱ་ཙམ། །ཡིན་ཕྱིར་དམན་ལ་མིན་ཞིང་རྒྱལ་ལའང་མིན། །སྐབས་འདིར་གཙོར་བསྟན་ལམ་ཤེས་འང་གཞི་ཤེས་ཉིད། །


GTD002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་བདག་མེད་མངོན་སུམ་རྟོགས་པའི་བློས། །ཟིན་པའི་ཐེག་དམན་ཤེས་རབ་རྟོགས་རིགས་དེ། །གཞི་ཤེས་དམིགས་ལ་ལོག་ཞུགས་གཉེན་པོར་འདོད། །གཞི་ཤེས་དམིགས་པར་ལོག་ཞུགས་བདེན་འཛིན་ཡང། །ཡོད་ཅིང་མི་རྟག་རྟོགས་བློ་དེའི་གཉེན་པོར། །མི་རིགས་འདིར་བསྟན་གཉེན་པོ་རྣམ་པའི་དོན། །སྔར་བཤད་བཞིན་དུ་འཛིན་སྟངས་འགལ་དགོས་ཤིང། །གཉེན་པོ་ཙམ་ལ་བསམ་ན་སྐབས་འཆོལ་ཕྱིར། །གང་གི་གཉེན་པོ་བྱ་ཡུལ་སྒྲིབ་པ་ལ། །མཚན་ཉིད་ཟུར་དུ་ཆ་བཞག་མ་སྨོས་པར། །ཐར་དང་ཐམས་ཅད་མཁྱེན་ལ་བར་གཅོད་སྒྲིབ། །རིམ་བཞིན་སྒྲིབ་གཉིས་དོན་དུ་ཁ་ཅིག་འདོད། །གཞན་དག་སྔ་མའི་སྐྱོན་དུ་བདེན་འཛིན་འཕེན། །འཇིག་ཚོགས་ལྟ་བའི་གདོན་གྱིས་བྱང་ཆུབ་མཆོག །ཐོབ་ལ་བར་དུ་གཅོད་ཕྱིར་སྔ་མ་ཞིག །དགྲ་བཅོམ་བདེན་འཛིན་ལྡན་ཕྱིར་གནོད་ཙམ་གྱིས། །བར་གཅོད་མི་དགོས་ཕྱིར་ན་གཞན་དེའང་ཁེགས། །སྒྲིབ་དེ་གཉིས་སུ་ངེས་ཀྱང་མ་ཁྱབ་སྟེ། །སྟོབས་ཀྱི་སྒྲ་དོན་དབང་པོའི་རྡོ་རྗེ་བཞིན། །གང་ལ་ཐོགས་པ་མེད་ཚུལ་འཆད་པའི་སྐབས། །གནས་དང་གནས་མིན་མཁྱེན་པ་ལ་སོགས་དྲུག །ཤེས་སྒྲིབ་གོ་ཆས་འཐུམས་པ་འབིགས་བྱེད་དང། །བསམ་གཏན་རྣམ་ཐར་མཁྱེན་སོགས་ཁམས་གཅོད་པའི། །སྙོམས་འཇུག་སྒྲིབ་པའི་རྩིག་པ་གཞིག་བྱེད་གསུམ། །སྲིད་པའི་འདབ་རྒྱས་ཉོན་མོངས་ལྗོན་ཤིང་ཆེ། །གཅོད་བྱེད་ཟག་ཟད་སྟོབས་སུ་རྒྱུད་བླར་གསུངས། །འོན་ཀྱང་བྱིང་ཕྲ་དགེ་ལ་རགས་པ་ནི། །མ་སྒྲིབ་ལུང་མ་བསྟན་དུ་བཤད་པའི་ཕྱིར། །སྒྲིབ་གཉིས་ལས་གཞན་སྙོམས་འཇུག་སྒྲིབ་གང་དཔྱད། །སྙོམས་འཇུག་སྒྲིབ་ལ་སྒྲིབ་པས་ཁྱབ་གསུངས་ཤིང། །ལས་སྒྲིབ་དེ་ལས་བཟློག་ཕྱིར་དེ་ཉིད་ལ། །ངོ་ཚ་ཁྲེལ་མེད་དང་ལྡན་མེད་དམ་དཔྱད། །གཞན་ཡང་


GTD002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པའི་འཇོག་ཚུལ་དུ་མ་སྟེ། །དབུས་མཐའ་རྩ་འགྲེལ་སྒྲིབ་པའི་ལེ་འུ་ལས། །སྒྲིབ་པ་ཆེན་པོ་ནས་བཟུང་ཕར་ཕྱིན་དང། །ཁྱད་པར་འགྲོ་ལ་སྒྲིབ་བཅས་བཅུ་གསུངས་ཤིང། །དེ་ཡི་ཐ་མ་གཉིས་ཀྱིས་བསྡུས་པ་ཡི། །ཀུན་རྨོངས་ཉེར་གཉིས་བཅུ་གཅིག་གནས་ངན་ལེན། །སྒྲིབ་གཉིས་ལས་གཞན་ཁ་ཅིག་ཆགས་སྒྲིབ་དང། །ཐོགས་སྒྲིབ་གཉིས་ཀྱང་སྒྲིབ་གཉིས་ལས་གཞན་ཟེར། །མི་འཐད་ཇི་ལྟ་ཇི་སྙེད་ལ་རྨོངས་པའི། །ཆ་ནས་ཕྱེ་ཡང་ཤེས་སྒྲིབ་དང་གཅིག་ཕྱིར། །ཁ་ཅིག་འདོད་ཆེན་ཆོས་ལ་སྡང་བ་དང། །མུ་སྟེགས་བདག་ལྟ་ཉན་ཐོས་འཇིགས་སྲེད་དང། །རང་རྒྱལ་བརྩེ་མེད་སྒྲིབ་བཞིའང་གཉིས་མིན་ཟེར། །སྔ་གཉིས་སྲིད་མཐར་ལྟུང་བྱེད་ཉོན་སྒྲིབ་དང། །ཕྱི་གཉིས་ཞི་མཐར་ལྟུང་བྱེད་བདེན་འཛིན་གཙོ། །གཉེན་པོ་མོས་པ་ལ་སོགས་བཞི་ཡི་འབྲས། །གཙང་བདེ་རྟག་བདག་དམ་པའི་ཕར་ཕྱིན་བཞི། །གཞི་ཤེས་བཞིན་དུ་རང་གི་དམིགས་རྣམ་གཅིག །བྱས་ནས་ཉམས་ལེན་གཞི་ཤེས་སྦྱོར་བའི་དོན། །དམིགས་པ་བདེན་བཞི་རྣམ་པ་གཞི་ཤེས་ཀྱི། །འཛིན་སྟངས་ཉེར་བདུན་གང་རུང་སྒོམ་པ་ཡི། །རབ་ཕྱེ་སེམས་དཔའི་སྦྱོར་བ་འདིར་དངོས་སུ། །གཙོར་བསྟན་སེམས་དཔའི་གཞི་ཤེས་སྦྱོར་བའི་དོན། །དེ་དག་དོན་ལ་ཁ་ཅིག་ཤེས་སྒྲིབ་རགས། །ཤེས་སྒྲིབ་མིན་ཏེ་རགས་པ་ཡིན་པའི་ཕྱིར། །བདག་འཛིན་རགས་པ་བདག་འཛིན་མིན་བཞིན་ཟེར། །ཤེས་སྒྲིབ་ཡིན་པ་རྣམ་དག་སྐབས་ཀྱིས་འགྲུབ། །ཁ་ཅིག་བྱེད་པོ་བདག་མེད་རྟོགས་སོགས་བཞི། །བཅོ་ལྔར་དབྱེ་བའི་དོན་རྣམ་མ་ཡིན་ཏེ། །ལམ་གྱི་རྣམ་པ་སྒོམ་བྱེད་ཡིན་ཕྱིར་ཟེར། །མ་ངེས་ལམ་སྟེང་འདིར་བསྟན་དོན་རྣམ་ལ། །ལམ་དེའི་འཛིན་སྟངས་


GTD002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཞིག་མི་དགོས་ཕྱིར། །དེ་ལྟར་མེད་པ་ནས་བཟུང་མི་གཡོའི་བར། །གཞི་ལ་སྦྱར་ཕྱིར་ལམ་ལ་མཚམས་འབྱེད་བྱེད། །དངོས་སུ་མེད་ཀྱང་འདོད་ཆགས་བྲལ་རྣམ་ནས། །དངོས་མེད་དངོས་ཉིད་བར་ཞེས་དོན་གྱིས་འཐོབ། །རྒྱུད་བླར་མངོན་རྟོགས་རིམ་དང་འདིར་གསུངས་པ། །རྒྱུ་འབྲས་དོན་རིམ་ཕྱིར་ན་འགལ་བ་མེད། །ཀུན་འབྱུང་སྤོང་གཉེན་སྒོ་ནས་རྣམ་པ་བརྒྱད། །ལམ་ལ་དམ་བཅའ་འཐད་པའི་སྒོ་ནས་བདུན། །སྡུག་བདེན་རང་སྤྱིའི་སྒོས་ལྔ་འགོག་བདེན་ལ། །སྟོང་ཉིད་སྒོ་ནས་རྣམ་པ་བཅུ་དྲུག་སྟེ། །རྣམ་བཤད་ལྟར་ན་ཕན་ཡོན་རྣམ་པས་སོ། །དང་པོ་བདག་མེད་མངོན་མཐོང་ཡེ་ཤེས་དེ། །མ་འོངས་ལ་འདུན་མི་འབྲལ་འདོད་ཆགས་དང། །ཡང་སྲིད་ལ་དགའ་གསུམ་གྱི་གཉེན་པོ་སྟེ། །ཐོབ་འདོད་ཆགས་བྲལ་ཞེན་པས་མི་གནས་དང། །སྲེད་པ་ཞི་བའི་ཡེ་ཤེས་གསུམ་ཡིན་ཕྱིར། །གསེར་ཕྲེང་འདུན་པ་ཡུལ་ངེས་ལ་གསུངས་དཔྱད། །དེ་བཞིན་ཆགས་སྡང་རྨོངས་གསུམ་གཉེན་པོ་སྟེ། །དེ་ཡི་ཞེན་ཚུལ་མེད་པའི་རྣམ་ཅན་ཕྱིར། །བདག་འཛིན་གྱུར་བའི་ཞེ་སྡང་འདི་ཡིས་འགྲུབ། །གཙང་བདེ་སོགས་གསུམ་ཀུན་རྟོག་གཉེན་པོ་སྟེ། །ཀུན་ནས་ཉོན་མོངས་ཞེན་ཡུལ་མེད་རྟོགས་ཕྱིར། །རང་དབང་སེམས་ཅན་ཉིད་དུ་མངོན་ཞེན་པའི། །གཉེན་པོ་ཡིན་ཏེ་དེ་མེད་མཐོང་ཕྱིར་རོ། །དེ་ལྟར་མདོ་ལས་ཀུན་འབྱུང་སྤང་བྱ་རུ། །ཤེས་ཕྱིར་དངོས་སུ་མ་བསྟན་གཉེན་པོ་བརྒྱད། །བསྟན་ཏེ་འདིར་ནི་སྤོང་གཉེན་སྦྱར་ནས་གསུངས། །ལམ་སོགས་གསུམ་གྱི་དངོས་དང་འཐད་པ་ནི། །སེམས་ཅན་ཚད་མེད་ཐར་པའི་གོ་འབྱེད་དེ། །སྲིད་ཞིའི་མཐའ་དང་མ་འབྲེལ་འབྱེད་ཕྱིར་རོ། །ཆོས་དབྱིངས་ངོ་བོ་ཐ་དད་མེད་རྟོགས་ཏེ། །གཞན་མཆོག་མི་འཛིན་རྫོགས་བྱང་སྒྲུབ་ཕྱིར་རོ། །ཡོན་ཏན་


GTD002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱང་རྣམ་པར་མི་རྟོག་སྟེ། །ཐོབ་དང་མ་ཐོབ་གཞལ་དུ་མེད་རྟོགས་ཕྱིར། །འདིའི་མདོར་ཚད་མའི་ཐ་སྙད་གསུངས་པར་ནི། །ཉི་སྣང་དྲངས་ཕྱིར་ཤེས་རབ་རིན་ཆེན་སོགས། །ཚད་མ་ཕྱོགས་གླང་ཡབ་སྲས་བློས་བྱས་ལས། །རྒྱལ་བས་མ་གསུངས་ཐལ་རང་མི་འདོད་ཅེས། །སྨྲ་བ་ཁེགས་སོ་འོན་ཀྱང་བརྒྱད་སྟོང་དང། །ཉི་ཁྲི་རྒྱན་སྣང་སོགས་སུ་ཚད་མེད་ལ། །བསྒྱུར་ཅིང་ཉི་སྣང་ལས་ནི་འདི་ལྟར་གསུངས། །ཆགས་མེད་རྣམ་པར་མངོན་མཐོང་ངེས་འབྱིན་ཏེ། །འཐད་པ་མ་གསུངས་གདུལ་བྱ་ཉེ་བའི་དབང། །འོ་ན་གསེར་ཕྲེང་རྣམ་པ་ཉེར་བདུན་དང། །སོ་དྲུག་དག་ལ་དམ་བཅའ་འཐད་པའི་མདོ། །གྲངས་མཉམ་ཡོད་ཅིང་རྣམ་མཁྱེན་རྣམ་པ་ཡི། །བྱང་ཕྱོགས་སྡེ་ཚན་བདུན་ལ་མདོ་བདུན་དང། །སོ་བཞིའི་རྣམ་ཐར་སྙོམས་འཇུག་སྤོང་ལམ་ལ། །རེ་རེ་ལྷག་མ་བཅུ་གསུམ་རེ་རེ་སྟེ། །སོ་དགུའི་སྡེ་ཚན་བཞི་དང་ཐ་མ་གསུམ། །སོ་སོར་བྱས་པའི་བདུན་གསུངས་ཅི་ཞེ་ན། །མདོ་ལས་ནམ་མཁའི་རང་བཞིན་ཉིད་ཕྱིར་ཞེས། །འཐད་པ་གསུངས་ཀྱང་དེར་བསྟན་རྣམ་པ་ནི། །དམ་བཅའི་རྣམ་པར་གཅིག་སྟེ་བརྒྱད་སྟོང་ལས། །ཆགས་པ་མ་མཆིས་སླད་དུ་ཆགས་མེད་ཅེས། །གསུངས་ཕྱིར་སྔ་ཕྱིའི་ལུང་ལ་འགལ་བ་མེད། །སྡུག་བསྔལ་རང་མཚན་བཞི་དང་སྤྱི་ཡི་གཅིག །འཇིག་ཕྱིར་མི་རྟག་འཕགས་དང་མི་མཐུན་སྡུག །རྟེན་བྱེད་བདག་སྟོང་རང་ཉིད་བདག་མ་ཡིན། ། ༈ སྒྲུབ་པའི་དམ་བཅའ་དང་འཐད་པའི་མདོ་ནི། ཉི་ཁྲི་ལས། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ཀྱི་ཚད་དམིགས་སུ་མེད་པའི་ཕྱིར་རོ། །ཞེས་ཚད་ཅེས་པ་ལས་ཚད་མ་ཞེས་མི་འབྱུང་ཡང། ཉི་སྣང་དུ་ཇི་ལྟར་དེ་


GTD002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱ་བའི་རྣམ་པར་རྟོག་པ་མེད་ཅེས་བྱ་ཞེ་ན། གཞལ་དུ་མེད་པའི་རྣམ་པས་ཆོས་ཐམས་ཅད་ཀྱི་ཚད་མ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཞེས་མདོ་དྲངས་པར་ཡིག་ཆར་ཡང་སོར་བཞག་མཛད་པས་སྔ་མ་འགྱུར་སྐྱོན་ཡིན་ནམ་དཔྱད་གཞི་ཡོད་དེ། འདིའི་བརྒྱད་སྟོང་པར་ཡང་བཅོམ་ལྡན་འདས་ཆོས་ཉིད་ཚད་མ་མཆིས་པ་ཉིད་ཀྱི་སླད་དུ་འདི་ནི་གཞལ་དུ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་ཤིང། འདིར་སླད་དུ་ཞེས་པ་ཕྱིར་ན་ཞེས་འཐད་པའམ་རྒྱུ་མཚན་དུ་སྟོན་བྱེད་ཡིན་ནོ། །རྒྱན་སྣང་ལས་ཀྱང། གཞལ་དུ་མེད་པ་ཞེས་བྱ་བ་གསུངས་ཏེ་ཆོས་ཉིད་ཚད་མ་མཆིས་པའི་སླད་དུ་ཐོབ་པ་ཡོངས་སུ་ཉམས་པ་དང། ཞེས་སོགས་གསུངས་སོ། །ངེས་འབྱིན་ལའང་དམ་བཅའ་དང་འཐད་པའི་མདོ་སྔར་ལྟར་སོ་སོར་ཡོད་དེ། ཉི་ཁྲི་ལས། གསོལ་བ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆགས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་གསུངས། འོན་ཀྱང་ལམ་རིག་སྒྲུབ་པ་གསུམ་གྱི་སྐབས་སུ་བསྟན་པ་དང་མི་འདྲ་སྟེ། དེ་དག་གི་དམ་བཅའ་དང་འཐད་པས་བསྟན་པའི་རྣམ་པ་གཉིས་ལ་དོན་མི་འདྲ་བ་དང། བློར་འཆར་ཚུལ། འཛིན་སྟངས་སོ་སོ་བ་ཡོད་ལ་འདིར་ནམ་མཁའི་རང་བཞིན་ཞེས་པའང་ཆགས་པ་མ་མཆིས་པ་ལས་ལོགས་སུ་གོ་རྒྱུ་དང་སྒོམ་ཚུལ་མེད་དེ། བརྒྱད་སྟོང་པར། བཅོམ་ལྡན་འདས། ཆོས་ཐམས་ཅད་ཆགས་པ་མ་མཆིས་པའི་སླད་དུ་ཆགས་པ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་འང་སླད་དུ་ཞེས་པ་རྒྱུ་མཚན་སྟོན་བྱེད་ཡིན་པ་སྔར་དང་འདྲ་བས། དམ་བཅའ་དང་འཐད་པ་གཉིས་བསྐྱར་ནས་གསུངས་པ་ཙམ་ལས་མི་འདྲ་བ་མེད་པས་ཤེས་སོ། །དེའི་ཕྱིར་ལུང་སྔ་ཕྱི་འགལ་བ་མེད་ཚུལ་ཤེས་སོ། །བདེན་པས་སྟོང་པ་སྤྱི་ཡི་མཚན་ཉིད་དོ། །ཕྱི་དང་ནང་སོགས་བདེན་འཛིན་སྤངས་པ་ཡི། །འགོག་པ་བཅུ་དྲུག་སྟེང་གི་སྟོང་ཉིད་རྣམས། །འདིར་བསྟན་འགོག་བདེན་རྣམ་པ་བཅུ་དྲུག་


GTD002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། །དེ་རྟོགས་སྦྱོར་བ་དོན་དམ་རྣམ་ཅན་གསུངས། །ཁ་ཅིག་ལམ་ཤེས་སྐབས་གསུངས་སྦྱོར་བ་ཀུན། །དོན་དམ་རྣམ་ཅན་འདོད་པ་མི་རིགས་ཏེ། །མ་འོངས་སྲིད་པའི་ཞེན་ཡུལ་མེད་པ་དེ། །དོན་དམ་མིན་ཡང་དེ་ཡི་འཛིན་སྟངས་ཕྱིར། །གཞན་དུ་སེམས་དཔའི་ལམ་ཤེས་སྦྱོར་བ་ལ། །ཐེག་པ་གསུམ་གྱི་རྟོགས་རིགས་མེད་འགྱུར་ཕྱིར། །གཉེན་པོའི་རབ་དབྱེ་ཤེས་པར་མི་འགྱུར་རོ། །ཐེག་ཆེན་རྟོགས་རིགས་འདིར་བསྟན་སྦྱོར་བར་ཡང། །ཀུན་རྫོབ་རྣམ་ཅན་ལམ་གྱི་གཉིས་སོགས་མང། །སྲིད་ཞིའི་མཐའ་གཉིས་སེལ་བར་བྱེད་པའི་ཕྱིར། །སྡུག་བདེན་སྟེང་གི་གཞི་ཤེས་སྦྱོར་བཞི་ཡང། །སེམས་དཔའི་རྒྱུད་ལ་ལམ་ཤེས་སྦྱོར་བར་གནས། །ཁ་ཅིག་ལམ་དེས་རྟོགས་བྱ་དེ་ཉིད་ཀྱི། །རྣམ་པའི་དོན་དུ་འདོད་ཀྱང་མཉམ་གཞག་བློ། །རང་གི་ཤེས་རྣམ་ཡིན་ཕྱིར་མི་རུང་ངོ་། ། ༈ རང་ལུགས་ལམ་ཤེས་དོན་རྣམ་གང་ཡང་རུང། །ཤར་ནས་སྒོམ་པའི་སེམས་དཔའི་སྦྱོར་བ་དེ། །འདི་ཡི་དངོས་བསྟན་ལམ་ཤེས་སྦྱོར་བའི་དོན། །འདིར་བསྟན་ལམ་ཤེས་འདོད་སྲེད་མ་སྤངས་ཤིང། །གཙོ་བོར་མི་སྤོང་རྒྱུད་ཀྱིས་བསྡུས་པས་ན། །ཟག་བཅས་སྒྲས་བསྟན་རྣམ་གྲངས་ཟག་བཅས་ཕྱིར། །རྒྱུ་ཡི་ལམ་ཤེས་ཁོ་ན་ཡིན་པར་གསུངས། ། ༈ རྣམ་མཁྱེན་རྣམ་པར་ཉན་ཐོས་བྱང་སེམས་ལ། །ཡོད་དང་རྗེས་མཐུན་རྣམ་མཁྱེན་རྣམ་པ་དང། །སངས་རྒྱས་ཁོ་ནའི་ཐུན་མོང་མིན་རྣམ་གསུམ། །འདི་ལ་ཁ་ཅིག་རྣམ་མཁྱེན་ཁོ་ན་དང། །རྟེན་ཡང་སངས་རྒྱས་ཁོ་ནར་བཤད་སྐབས་ཕྱིར། །གང་ཟག་གསུམ་ལ་ཡོད་ཅིང་མཁྱེན་གསུམ་དུ། །དབྱེ་བ་མི་རུང་ཞེས་རྩོད་ལན་ལ་ཡང། །ཁ་ཅིག་འཕགས་ཚོགས་ཡོན་ཏན་ཡར་ལྡན་དུ། །བསྡུས་ཕྱིར་གཞི་ཤེས་ལམ་ཤེས་བཏགས་


GTD002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟེར། །ཁ་ཅིག་རྒྱུར་བཤད་ཙམ་ལས་རྣམ་མཁྱེན་གྱི། །མ་ཡིན་གཞི་ལམ་རྣམ་པར་གོང་བགྲང་ཟེར། །དང་པོ་མི་འཐད་ཁྱོད་ཀྱིས་རྩ་བ་ལས། །ལམ་གྱི་བདེན་པའི་རྗེས་མཐུན་གསུངས་ཕྱིར་རོ། །བསམ་ན་འགལ་ཁྱབ་ཡིན་ཏེ་དེ་ཡི་དོན། །ཆ་འདྲར་མི་བྱེད་དེ་ལ་ཡོད་པ་དང། །མཐུན་པར་རྒྱལ་ལ་ཡོད་པའི་དོན་ཕྱིར་ཏེ། །ཆོས་སྐུའི་སྐབས་སུ་འདི་ལ་ཞལ་འཕངས་ཕྱིར། །གཉིས་པ་རྒྱུར་བཤད་པ་ཡང་མི་རིགས་ཏེ། །མཁྱེན་གསུམ་ཕྱེད་པའི་དོན་དང་རང་རང་གི །རིགས་འདྲ་གར་བསྐྱེད་ཇི་ལྟར་སྒོམ་ཚུལ་སོགས། །ཤེས་ཕྱིར་རྣམ་མཁྱེན་ཉིད་ལ་སོ་བདུན་སོགས། །ཕྱེ་བར་ཚིག་གསལ་མཁན་པོ་ཉིད་ཀྱང་བཞེད། །དེ་ཕྱིར་བར་ཆད་མེད་དང་དྲོད་སོགས་ཀྱང། །གསུངས་པ་རྒྱུན་ལ་དགོངས་ཕྱིར་འགལ་བ་མེད། །གསེར་འཕྲེང་ལྟར་ན་ཡུལ་དུ་བསྡུས་པ་སྟེ། །སྔ་མར་མི་ཟློས་དེར་ནི་མཁྱེན་པ་གཉིས། །རྟོགས་བྱེད་དང་འདིར་རྟོགས་བྱར་བསྟན་ཕྱིར་དང། །འདིར་ནི་དེར་བསྟན་རྣམ་ཀུན་ཡུལ་ཅན་ཕྱིར། །ཡུལ་ལ་བདེན་གསུམ་ཡོད་ཀྱང་ལམ་བསྡུས་ན། །ཤེས་རྣམ་རྐྱང་པ་མིན་ཕྱིར་དེ་བསྡུས་འགྱུར། །དེར་ཡོད་དང་མཐུན་ཐུན་མོང་ཞེས་བྱ་ཡི། །འཕགས་པ་འོག་མར་ཐུན་མོང་རྣམ་མཁྱེན་ཞེས། །མི་སྨོས་དམན་མཆོག་ཡོན་ཏན་འགལ་ཕྱིར་གསུངས། །ཁ་ཅིག་ཆུང་འབྲིང་ཐུན་མོང་ལམ་བཞིན་ཟེར། །སོ་བདུན་སོ་བཞི་ཉན་ཐོས་བྱང་སེམས་དང། །ཐུན་མོང་གསུངས་པ་རྟོགས་རིགས་ཕྱིར་མིན་ཏེ། །རིགས་ཅན་གསུམ་དོན་སྒྲུབ་སླད་སེམས་དཔའི་དེར། །རྣམ་ཐར་གསུམ་སོགས་དམན་པའི་རྟོགས་རིགས་མང། །དེ་བཞིན་འདིར་བསྟན་བྱང་ཕྱོགས་སོ་བདུན་ཡང། །དམན་པའི་རྟོགས་རིགས་མིན་ཏེ་འདིར་བསྟན་གྱི། །དྲན་ཉེ་སེམས་དཔའི་བསྒོམ་བྱ་གཙོ་ཞིང་དེ། །དམན་པའི་དེ་ལས་བཅུ་བཞིས་.....མདོ་སྡེ་རྒྱན་ལས། རྟེན་དང་


GTD002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་དག་དང་ནི། །དེ་བཞིན་དུ་ནི་འཇུག་པ་དང། །དམིགས་པ་དང་ནི་ཡིད་བྱེད་དང། །ཐོབ་པའི་སྒོམ་པ་ཁྱད་པར་འཕགས། །མཐུན་དང་རྗེས་སུ་འཇུག་པ་དང། །ཡོངས་སུ་ཤེས་དང་སྐྱེས་པ་དང། །ཆེན་པོ་དང་ནི་མཆོག་ཉིད་དང། །བསྒོམ་དང་ཡང་དག་འགྲུབ་པ་གཞན། །ཞེས་གསུངས། ཁྱད་འཕགས་ཏེ། །ཐེག་མཆོག་ཤེས་རབ་གསུམ་རྟེན་མཚན་འཛིན་གཉེན། །གཞན་བདེན་བཞིར་འཇུག་སེམས་ཅན་ཀུན་ལུས་དམིགས། །མི་དམིགས་ཡིད་བྱེད་དེ་བཞིན་ཐོབ་པའི་སྟེ། །ལུས་བྲལ་ཕྱིར་མིན་མི་འབྲལ་ཕྱིར་ཡང་མིན། །ཁ་ཅིག་ཆོས་སྐུ་ཟག་ཕུང་གཉིས་ལ་སྦྱར། །ལ་ལ་ཞིར་འཇུག་མིན་ཡང་འདོད་ལ་སྦྱར། །ཕར་ཕྱིན་དང་མཐུན་ཉན་རང་རྗེས་སུའང་འཇུག །སྒྱུ་འདྲར་ཡོངས་ཤེས་བསམ་བཞིན་སྲིད་པར་སྐྱེ། །རང་བཞིན་རྣོ་བས་བསྒོམ་པ་ཆུང་ངུའང་ཆེ། །དག་སར་འདྲེས་པ་ཉེ་བར་སྒོམ་ཕྱིར་མཆོག །ཤིན་ཏུ་བསྒོམ་པས་ལྷག་མེད་ཟད་མི་འགྱུར། །བཅུ་པའི་ས་དང་སངས་རྒྱས་ཡང་དག་འགྲུབ། །ཁ་ཅིག་སྟོབས་བཅུ་ཐུན་མོང་ཟེར་ཡང་མིན། །ངོ་བོ་ཐུན་མོང་མིན་ཏེ་སེམས་དཔར་མེད། །བསྒོམ་བྱར་ཡང་མིན་རྒྱལ་བས་མི་སྒོམ་ཕྱིར། །སོ་རིག་ཐོབ་ལ་ཆགས་ཐོགས་སྒྲིབ་པ་སྤངས། །དགོས་ཕྱིར་དགུ་བར་རྒྱན་གསུངས་རྗེས་མཐུན་ཙམ། །རང་ལུགས་ཐུན་མོང་དོན་ནི་རང་ཉིད་གར། །གཏོགས་པའི་སྡེ་ཚན་འཕགས་པ་འོག་མ་ལ། །ཡོད་པའོ་རང་གི་སྡེ་ཚན་ཞེས་བརྗོད་ན། །ཐུབ་པའི་བྱང་ཕྱོགས་སྡེ་ཚན་ཟག་མེད་ཀྱི། །ཡེ་ཤེས་སྡེ་ཚན་ཡིན་ཕྱིར་ཚིག་གིས་གནོད། །རྒྱས་བཤད་སོ་བདུན་སོ་བཞི་སོ་དགུ་པས། །དང་པོར་སྤྱི་དང་སོ་སོའི་རྣམ་གཞག་གཉིས། །དང་པོར་སྡེ་ཚན་དབྱེ་བས་རྣམ་པ་བདུན། །སྒོམ་ཚུལ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དང། །སྦྱོར་ལམ་གཉིས་གཉིས་མཐོང་


GTD002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་རིམ་བཞིན་གཙོ། །དང་པོར་འཕྲུལ་དང་མཐོང་ལའང་ལམ་མེད་མིན། །བྱེ་སྨྲ་ཚོགས་གཅིག་སྦྱོར་བཞི་སྒོམ་མཐོང་ལ། །རིམ་སྦྱར་བྱང་ལག་སྔར་སྨོས་གྲངས་བསྟུན་ཟེར། །ཚུལ་འདི་ཉན་ཐོས་ལ་སྦྱོར་རྨོངས་གཏམ་མོ། །མིང་གི་ལྡོག་ཆས་སོ་བདུན་རྫས་སུ་བཅུ། །དད་བརྩོན་དྲན་དང་ཤེས་རབ་ཏིང་འཛིན་དགའ། །བཏང་སྙོམས་རྟོག་དང་ཤིན་སྦྱངས་ཚུལ་ཁྲིམས་ཏེ། །ངག་དང་ལས་མཐའ་འཚོ་གསུམ་ཐ་མས་བསྡུས། །བསྡུ་བར་བྱང་ཕྱོགས་ལ་ནི་དད་སོགས་ལྔས། །མ་བསྡུས་ཚུལ་ཁྲིམས་གསུམ་དང་ཤིན་སྦྱངས་དགའ། །བཏང་སྙོམས་དྲུག་གམ་ཚུལ་ཁྲིམས་བསྡོམས་ན་བཞི། །གསུངས་ཏེ་རྟོག་པ་ཤེས་རབ་རྫས་ཕྱིར་བཀོལ། །དེ་ལྟར་བྱས་ན་སོ་བདུན་རྫས་དགུར་འདུས། །རྫུ་འཕྲུལ་ཏིང་འཛིན་འདུན་སོགས་རྐང་པ་རུ། །བྱེ་སྨྲ་འདོད་ཕྱིར་འདུན་སེམས་དཔྱོད་པའི་རྫས། །བསྣན་པས་བཅུ་གསུམ་ཉིད་དུ་འགྱུར་རམ་དཔྱད། །གྲུབ་མཐའ་གོང་མས་རྫུ་འཕྲུལ་སྤྲུལ་བསྒྱུར་དང། །རྐང་པ་ཏིང་འཛིན་འདུན་སོགས་དེའི་རྒྱུར་བཞེད། །དྲན་ཉེ་ངོ་བོ་ལུས་ཚོར་སེམས་ཆོས་བཞི། །གང་རུང་ལ་དམིགས་རང་སྤྱི་ཅི་རིགས་སུ། །སེམས་པའི་ཤེས་རབ་རིགས་གནས་མཁྱེན་པ་འོ། །ཁ་ཅིག་ཏིང་འཛིན་ཤེས་རབ་མཚུངས་ལྡན་འདོད། །རྫས་མཚུངས་ཉམས་ཕྱིར་རང་བཞིན་དྲན་ཉེ་དང། །ཤེས་རབ་ལྡན་མིན་ཏིང་འཛིན་ཏིང་འཛིན་དང། །མི་ལྡན་འང་འབྲེལ་བའི་དྲན་ཉེ་ཡིན་ཞིང་འདིར། །དམིགས་པ་དྲན་ཉེ་མ་གཏོགས་དངོས་ཡིན་ཏེ། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན་གསུངས་ཕྱིར། །ལུས་སོགས་བཞིར་དམིགས་རང་སྤྱིའི་མཚན་ཉིད་དུ། །རྟོགས་བྱེད་དྲན་ཉེའི་དོན་དུ་ཁ་ཅིག་སྨྲ། །མི་འཐད་ལམ་མ་ཞུགས་ན་ཡོད་ཕྱིར་དང། །ལུས་ཙམ་ལ་དམིགས་


GTD002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་ཉེ་གསུངས་ཕྱིར་ཏེ། །རང་ལུས་སེམས་ཅན་ཀུན་གྱི་ལུས་སུ་དང། །དེ་ཉིད་རྒྱལ་སྐུའི་གནས་སུ་སེམས་པ་ཡི། །དྲན་ཉེ་གཙུག་ན་རིན་ཆེན་མདོ་ལས་སོ། །མདོ་དོན་འགྲོ་བའི་སྡུག་བསྔལ་རང་བླངས་ཏེ། །དེ་ལུས་བདེ་ཆེན་ཟག་མེད་སྐུར་མོས་ཞེས། །ཁ་ཅིག་འདོད་ཀྱང་ལུང་དེའི་མཇུག་ཐོགས་སུ། །ཆོས་ཉིད་རྣམ་པར་གསུངས་ཏེ་གཙུག་ན་རིན་ཆེན་གྱི་ལུང་དེའི་འཕྲོར་ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ཟག་པ་མེད་པ་ལྟར། རང་གི་ལུས་ཀྱི་ཆོས་ཉིད་ལའང་དེ་བཞིན་དུ་རྟོག་གོ །དེ་ཟག་པ་མེད་པའི་ཆོས་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེའི་མཚན་ཉིད་དུ་རབ་ཏུ་ཤེས་སོ། །ཞེས་གསུངས། བསླབ་བཏུས་ལྟོས། །ཡིག་ཆར་སྤྱི་མཚན་གསུངས་པའི་དགོངས་པའང་ཡིན། །དམིགས་པ་ལུས་ཚོར་སེམས་ཆོས་བཞི་ག་ལ། །ཕྱི་ནང་གཉིས་ཀའི་དབྱེ་བས་གསུམ་གསུམ་སྟེ། །རང་གི་མིག་དབང་སོགས་དང་ཕྱི་ཡི་ཡུལ། །གཞན་གྱི་ལུས་ལ་དམིགས་པའི་ཚོར་བ་གསུམ། །རིམ་བཞིན་ཡིན་ཏེ་གཞན་གསུམ་ལ་ཡང་མཚུངས། །ལུས་ནི་གནས་ངན་ལེན་གྱིས་རབ་ཕྱེ་ཞིང། །ཚོར་བ་ཀུན་འབྱུང་གཙོ་བོ་སྲེད་པའི་རྒྱུ། །བདག་མེད་ན་ཡང་སྐྲག་པར་མི་འགྱུར་ཏེ། །སེམས་ཉིད་འགོག་པ་ཐོབ་པའི་གཞིར་ཡོད་ཕྱིར། །ཆོས་ཚུལ་བླང་དོར་ཤེས་པའི་ལམ་བསྒོམ་སྟེ། །དེ་ལྟར་རིམ་བཞིན་བདེན་པ་བཞིར་འཇུག་ཅིང། །མི་རྟག་སྡུག་བསྔལ་ལ་སོགས་གཞིར་མང་འཇུག །དགོས་པ་བདག་གི་གནས་དང་ལོངས་སྤྱོད་དང། །དངོས་དང་ཀུན་བྱང་གཞིར་ལྟ་སྤོང་ཕྱིར་གསུངས། །སྒོམ་ཚུལ་ལུས་ལ་ལུས་རྗེས་ལྟ་སོགས་ཏེ། །རང་ལུས་འང་རྟོག་པའི་གཟུགས་བརྙན་ཀེང་རུས་ཀྱི། །རྗེས་སུ་ལྟ་བར་རྒྱལ་སྲས་མ་ལས་གསུངས། །སྒོམ་ཚུལ་གཞན་ཡང་ཐོག་མར་འཇུག་པའི་རྒྱུ། །འདུན་དང་


GTD002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་སྐྱེད་བྱེད་བརྩོན་དང་རྩོལ། །སྐྱེས་པ་མི་ཉམས་བྱེད་རྒྱུ་རང་ལ་བརྟེན། །སྤྲོ་དང་གཞན་འཚེས་མི་སྐྱོ་མཐུན་པ་འོ། །ཁྱད་པར་བྱེད་རྒྱུ་ཡོན་ཏན་ཆུང་ངུས་ཀྱང། །རློམ་པས་ཆོག་འཛིན་ཕྱིར་ནུར་མེད་སོགས་བཞི། །རྩོལ་བ་འདི་ཡང་བྱིང་རྒོད་སྤོང་བྱེད་ཕྱིར། །རྫུ་འཕྲུལ་རྐང་པའི་སྒོམ་དང་ཁྱད་མེད་པས། །མཉམ་བསྒོམ་མཉམ་ཐོབ་ཡོད་དེ་རྒྱུ་མཚུངས་ཕྱིར། །དོན་སྤྱི་ཆགས་པའི་ལྟད་མོ་འདི་ཡིན་ནོ། །དེ་བཞིན་སྤོང་བ་སྒོམ་ཚེ་འབད་བརྩོན་གཉིས། །གསུངས་པའང་རིམ་བཞིན་བྱིང་རྒོད་གཉེན་པོར་སྦྱར། །འདི་ཡི་སྒོམ་ཚུལ་ཁྱད་པར་གསེར་ཕྲེང་གསལ། །དྲན་ཉེའི་སྒྲ་དོན་བྱེ་བྲག་སྨྲ་བ་རྣམས། །ཤིང་གཤག་ཁྱེའུ་འམ་འཛེར་པས་འཛིན་པ་ལྟར། །དྲན་པའི་སྟོབས་ཀྱིས་ཤེས་རབ་དམིགས་པ་ལ། །འཇོག་པར་འདོད་ཀྱང་སློབ་དཔོན་ཤེས་རབ་ཀྱིས། །རྣམ་པར་ཕྱེ་སྟེ་དྲན་པས་འཇོག་པར་གསུངས། །སྤོང་གཉེན་བླང་དོར་ལ་སྤྲོ་བརྩོན་འགྲུས་ཀྱི། །ཆ་ནས་བཞག་མཁྱེན་ཡང་དག་སྤོང་བ་སྟེ། །ཡང་དག་འཇོག་པ་ཞེས་ཀྱང་མཛོད་འགྲེལ་གསུངས། །ཁ་ཅིག་སྤང་གཉེན་བླང་དོར་ལ་བརྩོན་ཙམ། །དེ་དོན་སྨྲ་བ་མི་འཐད་ལམ་མིན་ཕྱིར། །ཁ་ཅིག་ཡང་དག་སྤོང་བར་ཉེར་ལེན་གྱི། །དྲན་ཉེ་སྔོན་སོང་དགོས་པར་འགྲེལ་གསུངས་ལོ། །ངོ་བོ་ཉིད་ཀྱི་དེ་གཉིས་རྒྱུན་གཅིག་ཏུ། །མི་རུང་བརྩོན་དང་ཤེས་རབ་རྫས་གཞན་ཕྱིར། །སྤྱི་ཙམ་ཡིན་ཡང་མཉམ་དུ་ཐོབ་རུང་བ། །གོང་དུ་སྒོམ་ཚུལ་བཤད་པས་ཤེས་ཕྱིར་རོ། །སྤོང་བཞི་གཉེན་པོ་སྟོབས་བཞིར་སྡུད་ཚུལ་ཡང། །སྡིག་སྐྱེས་སྤོང་བ་རྟེན་དང་སུན་འབྱིན་སྟོབས། །མ་སྐྱེས་མི་སྐྱེད་ཉེས་ལས་ལྡོག་པའི་སྟོབས། །སྐྱེད་དང་སྤེལ་བ་གཉེན་པོ་ཀུན་སྤྱོད་སྟོབས། །ཞེས་སུ་མཆིམས་གསུངས་ལམ་


GTD002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་མཆན་བུ་ལས། །སྡིག་སྐྱེས་སྤོང་བ་ལྡོག་དང་སུན་འབྱིན་སྟོབས། །མ་སྐྱེས་མི་སྐྱེད་རྟེན་དང་གཉེན་པོའི་སྟོབས། །གསུངས་ཀྱང་སྔ་མ་ལེགས་པས་གཟུང་བར་བྱ། །བྱ་བ་སྒྲུབ་པའི་ཡུལ་དམིགས་ཏིང་ངེ་འཛིན། །དོན་གཉིས་སོགས་ཀྱི་འབྱོར་བའི་གནས་བྱེད་པའི། །ཆ་བཞག་མཁྱེན་པ་རྫུ་འཕྲུལ་རྐང་པའི་དོན། །རྫུ་འཕྲུལ་འབྱོར་པའོ་རྐང་པ་གནས་ཡིན་ཏེ། །དབུས་མཐར་དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར་ཞེས་གསུངས། །དེ་ནི་ར་དྷི་པཱ་དའི་དོན་ཡང་ཡིན། །ཁ་ཅིག་ཉེས་ལྔའི་གཉེན་པོ་འདུ་བྱེད་བརྒྱད། །ལྡན་པའི་ཏིང་འཛིན་འདི་ཡི་དོན་དུ་འདོད། །བྱིས་པར་ཡོད་ཅིང་རྒྱལ་ལ་མེད་ཕྱིར་འཁྲུལ། །ལམ་ཞུགས་སློབ་པ་གཅིག་ལའང་འདུ་བྱེད་བརྒྱད། །མི་ལྡན་ཞི་ཚེ་རྩོལ་བ་སྐྱོན་ཡིན་ཕྱིར། །གུས་སྦྱོར་འདུན་དང་རྟག་སྦྱོར་བརྩོན་འགྲུས་དང། །སེམས་ཀྱི་ས་བོན་གདམས་དོན་དཔྱོད་བཞི་ལས། །འདུན་བརྩོན་སེམས་དང་དཔྱོད་པའི་ཏིང་འཛིན་བཞི། །སྒྲུབ་པའི་འདི་བྱེད་བསྡུས་ན་ཐབས་བཞི་སྟེ། །དད་འདུན་རྩོལ་གསུམ་འབད་པར་བྱེད་པའི་ཐབས། །ཤིན་ཏུ་སྦྱངས་པ་ཕན་འདོགས་ཐབས་ཡིན་ཞིང། །དྲན་དང་ཤེས་བཞིན་གཏོད་པར་བྱེད་པའི་ཐབས། །ཤེས་བཞིན་འཕྲོ་བ་ཤེས་པར་དབྱིག་འགྲེལ་གསུངས། །ཏིང་འཛིན་ནོར་དང་བྱིང་རྒོད་རྐུན་པོ་གཉིས། །གང་ལ་དམིགས་ཀྱང་རུང་སྟེ་སྲུང་མ་བཞིན། །འདུ་བྱེད་དང་ནི་བཏང་སྙོམས་གཉེན་པོའི་ཐབས། །སྒྲུབ་པ་དྲུག་སྟེ་མཐོང་བ་སྤྱན་ལྔ་འོ། །གདམས་ངག་མངོན་ཤེས་དྲུག་གིས་འདོམས་པར་གསུངས། །གནས་པའམ་ཏིང་ངེ་འཛིན་གྱི་སྤྲུལ་པས་རྩེ། །


GTD002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྨོན་ལམ་མཆོག་དང་དབང་བཅུ་དང། །རྒྱལ་བའི་མ་འདྲེས་ཆོས་རྣམས་སྒྲུབ་པར་བྱེད། །བདེན་བཞིར་ཡིད་ཆེས་སོགས་ཀྱིས་དབང་བྱེད་པའི། །དད་སོགས་གཙོར་གྱུར་རིགས་གནས་མཁྱེན་པ་དེ། །དབང་པོའི་དོན་ནོ་ཁ་ཅིག་འཕགས་པའི་ལམ། །སྐྱེད་ལ་རང་དབང་གྱུར་བའི་མཁྱེན་པར་འདོད། །ཉན་ཐོས་སྦྱོར་ལམ་པ་དེ་གཞན་རྐྱེན་གྱིས། །འགྲོ་བར་གསུངས་ཕྱིར་རང་དབང་ཅན་མིན་ནོ། །རྣམ་བྱང་དབང་པོ་དད་སོགས་ལྔར་མ་ངེས། །མཚུངས་ལྡན་རྣམ་བྱང་དབང་པོ་གསུངས་ཕྱིར་རོ། །བྱེ་སྨྲས་ལམ་མ་ཞུགས་ཀྱི་དད་བརྩོན་གཉིས། །དབང་པོར་འདོད་དོ་དགེ་བ་གཞན་གསུམ་ཡང། །སྒྲ་དོན་རྒྱན་བཟང་དབང་པོ་ལྔ་ཡི་སྟེང། །འཕགས་ཆོས་བསྣན་ཏེ་རིམ་རིམ་དབང་བྱེད་ཟེར། །རང་ལུགས་འཕགས་ལམ་འགྲུབ་ལ་དབང་བྱེད་པའོ། །མངོན་གྱུར་མི་མཐུན་ཕྱོགས་བཅོམ་རབ་ཕྱེ་བའི། །བཟོད་པ་ཡན་གྱི་དད་སོགས་མཁྱེན་པ་དེ། །སྟོབས་ཀྱི་དོན་ནོ་ཁ་ཅིག་དབང་པོ་ལྔ། །སྟོབས་སུ་འདོད་ཀྱང་དྲོད་རྩེའི་རྗེས་ཐོབ་ཏུ། །མི་མཐུན་ཕྱོགས་ཀྱི་མ་དད་འབྱུང་སྲིད་ཕྱིར། །སྟོབས་མིན་མི་མཐུན་ཕྱོགས་དང་འདྲེས་ཕྱིར་རོ། །ཁྱབ་སྟེ་སྟོབས་ནི་གཉེན་པོ་འབའ་ཞིག་ཕྱིར། །དེ་ལ་ཁ་ཅིག་མ་དད་ཉོན་མོངས་ཀྱི། །ས་ཕྱིར་འཕགས་པར་ཡོད་ཅིང་དཀོན་མཆོག་ལ། །དྲོད་དུའང་མ་དད་ལྟ་ཅི་ཐེ་ཚོམ་ཡང། །ཟད་པར་འོག་ནས་གསུངས་ཕྱིར་མི་འཐད་ཟེར། །གང་ལས་དྲོད་སོགས་འཇོག་པའི་བདག་མེད་དེར། །ཡིན་ཏེ་མི་མཐུན་ཕྱོགས་ཞེས་བཀོལ་ཕྱིར་དང། །རང་གི་ངོས་སྐལ་མ་དད་མ་བཅོམ་ན། །བཟོད་པའི་དབང་པོར་སྟོབས་ཀྱིས་མ་ཁྱབ་གསུངས། །དབང་སྟོབས་གཉིས་ཀས་མངོན་པར་རྟོགས་པ་ལ། །སྦྱོར་ཞིང་འབྲེལ་ཡང་རིང་སྦྱོར་ཉེར་འབྲེལ་ལོ། །དེ་ཉིད་མངོན་སུམ་རྟོགས་


GTD002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲན་སོགས་ཀྱིས། །བསྡུས་པའི་མཐོང་ལམ་ཡན་གྱི་མངོན་རྟོགས་དེ། །ཟད་མི་སྐྱེ་ཤེས་བྱང་ཆུབ་ཡན་ལག་དོན། །ཡན་ལག་རྒྱུ་འོ་རྫོགས་བྱེད་ལ་ཡང་འཇུག །བདེན་བཞིའི་གནས་ལུགས་མཐར་ཐུག་མངོན་མཐོང་ཞེས། །ཁ་ཅིག་འདོད་ཀྱང་ཉན་ཐོས་ལམ་གྱིས་ཁེགས། །བསྡུ་བར་དེ་ལ་རྟོག་པའང་གསུངས་ཕྱིར་རོ། །འོ་ན་དེ་ཉིད་རྟོགས་པའང་མི་རིགས་ཏེ། །དེ་ཉིད་མཐོང་ལ་སྟོང་ཉིད་དགོས་ཕྱིར་ཏེ། །རྫས་ཡོད་བདག་མེད་དེ་ཉིད་མིན་ཕྱིར་ཟེར། །བདག་མེད་རྫུན་པ་ཡིན་ཕྱིར་ཐེག་དམན་གྱི། །འཕགས་རྣམས་བདེན་པ་མ་མཐོང་ཐལ་བར་འགྱུར། །མི་རྟོག་ཤེས་རབ་གཙོ་ཕྱིར་རང་བཞིན་དང། །དྲན་པས་མི་གཡེང་གནས་ཀྱི་ཡན་ལག་སྟེ། །བརྩོན་པས་སོ་སྐྱེ་ས་ལས་ངེས་པར་འབྱུང། །དགའ་བ་ལུས་སེམས་ཕན་འདོགས་ཡན་ལག་གོ །ཉོན་མོངས་མེད་པའི་ཡན་ལག་རྣམ་གསུམ་སྟེ། །ཉོན་མོངས་མེད་གཞིའི་ཡན་ལག་ཤིན་ཏུ་སྦྱངས། །ཉོན་མོངས་མེད་གནས་ཡན་ལག་ཏིང་ངེ་འཛིན། །ཉོན་མོངས་མེད་པའི་ངོ་བོ་བཏང་སྙོམས་སོ། །རྒྱུན་གྱི་རྒྱལ་བྱེད་དྲན་པ་འཁོར་ལོ་སྟེ། །ཤེས་རབ་མཚན་འཛིན་འཇོམས་པས་གླང་པོ་ཆེ། །མྱུར་དུ་རྟོགས་པར་བྱེད་པས་བརྩོན་འགྲུས་རྟ། །ཆོས་ཚུལ་སྣང་བས་རབ་དགའ་ནོར་བུའི་འོད། །འདི་གཉིས་གོ་རིམ་ཐལ་འཕྲེང་ཡི་གེ་ནོར། །ཤིན་སྦྱངས་ཟག་མེད་བདེ་སྟེར་བཙུན་མོ་སྟེ། །མཁོ་དགུའི་འབྱུང་གནས་ཏིང་འཛིན་ཁྱིམ་བདག་མཆོག །བཏང་སྙོམས་འདོར་ལེན་བྱེད་པས་བློན་པོ་འོ། །རང་འབྲས་འཕགས་ལམ་སྐྱེད་པའི་རིགས་གནས་ཀྱི། །མཁྱེན་པ་འཕགས་ལམ་ཡན་ལག་མཚན་ཉིད་དོ། །སྒྲ་དོན་འཕགས་པའི་ལམ་གྱི་གཞིར་གྱུར་པའོ། །ཁ་ཅིག་འཕགས་


GTD002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡན་ལག་སྒོམ་ལམ་དང། །སྦྱར་བ་མི་འཐད་མཐོང་ལ་ཡོད་ཕྱིར་ཟེར། །མ་ཁྱབ་དབྱིག་གཉེན་གྱིས་ཀྱང་སྦྱར་ཕྱིར་དང། །དེ་ཚེ་སོ་བདུན་ཐོབ་པར་རྒྱན་གསུངས་ཕྱིར། །འོན་ཀྱང་རྒྱུན་ཞུགས་ཞུགས་པས་མ་ཐོབ་སྟེ། །མི་ལྕོགས་མེད་ན་དགའ་བ་མེད་གསུངས་ཕྱིར། །མཐོང་དོན་རྗེས་སུ་དཔྱོད་པའི་ལྟ་བ་དང། །དེ་དོན་གཞན་ལ་སྟོན་བྱེད་རྟོག་པ་སྟེ། །ངག་ལུས་ཁྲིམས་དག་ངག་དང་ལས་ཀྱི་མཐའ། །ཡང་དག་འཚོ་བ་ལུས་ངག་གཉིས་གའི་སྟེ། །ཚུལ་འཆོས་ཁ་གསག་གཉིས་སོགས་སྤོང་ཕྱིར་རོ། །རྙེད་འདོད་ཡིད་གཅུགས་སྨྲ་བ་ཁ་གསག་སྟེ། །ནོར་བསྔགས་གཞོག་སློང་ངོ་སྦྱིན་བདག་དྲུང་ཕྱིན་ཏེ། །ཁྱོད་དྲུང་དགྲ་བཅོམ་བྱིན་པ་བསོད་ནམས་ཆེ། །ཞེས་བརྗོད་ཐོབ་ཀྱིས་འཇལ་བར་ཉི་སྣང་གསུངས། །བྱེ་སྨྲ་རྣམ་རིག་མ་ཡིན་གཟུགས་མེད་ན། །ཡན་ལག་བརྒྱད་པོ་མ་ཚང་འགྱུར་ཞེས་སྨྲ། །དེ་ཉིད་གཟུགས་སུ་མི་འདོད་སྡེ་དག་གིས། །སྒོམ་ཚེའང་ངག་དེས་དངོས་སུ་བརྗོད་དམ་ཅི། །ཞེས་རྩོད་ལན་དུ་བྱེ་སྨྲ་དེ་མིན་ཡང། །མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ། །ལོག་པའི་ངག་ལ་མི་འཇུག་རྒྱུ་མཚན་ཅན། །དངོས་སུ་མཐོང་ཕྱིར་དེ་ཡི་རྒྱུ་མཚན་གྱིས། །རིག་མིན་སྡོམ་པ་ཐོབ་པར་བཞག་གོ་ཟེར། །འོ་ན་སེམས་པའི་ཁྱད་པར་ཐོབ་པས་ཀྱང། །རུང་སྟེ་དངོས་སུ་བརྗོད་པ་མི་དགོས་ཤིང། །དེ་ཡང་རྒྱུ་མཚན་ཡིན་ཕྱིར་མགོ་མཚུངས་སོ། །སྒོམ་སྤང་རིམ་པ་དུ་མ་སྤོང་དགོས་ཀྱང། །མི་སྐྱོ་གཉེན་པོ་སྒོམ་ལ་ཡང་དག་རྩོལ། །རྒྱུ་མཚན་རྣམ་གསུམ་མི་བརྗེད་དྲན་པ་སྟེ། །ཞི་གནས་རྒྱུ་མཚན་རྒོད་ཚེ་མི་སྡུག་པ། །བསྒོམས་པའོ་རབ་ཏུ་འཛིན་པའི་རྒྱུ་མཚན་ནི། །བྱིང་ཚེ་སྡུག་པའི་མཚན་མ་ཡིད་ལ་བྱེད། །བཏང་སྙོམས་རྒྱུ་མཚན་ལྷུན་གྲུབ་འཇུག་པའི་ཚེ། །རྒྱུན་བསྲིང་བ་ལ་


GTD002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་མཐའི་འགྲེལ་བཤད་གསུངས། །མངོན་ཤེས་སོགས་སྒྲུབ་ཡང་དག་ཏིང་འཛིན་ནོ། །དེ་བརྒྱད་བསྡུ་ན་བཞི་སྟེ་ལྟ་བ་ནི། །མཉམ་གཞག་མཐོང་དོན་ཡོངས་གཅོད་ཡན་ལག་དང། །རྟོག་པ་དེ་དོན་གོ་བྱེད་ཡན་ལག་སྟེ། །ལས་གསུམ་ལྟ་ཁྲིམས་ཡོ་བྱད་བསྙུངས་པ་ལ། །གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ །གཉེན་པོའི་ཡན་ལག་རྩོལ་དྲན་ཏིང་འཛིན་ཏེ། །སྒོམ་སྤོང་དང་ནི་བྱིང་རྒོད་རྣམ་གཉིས་དང། །ཁྱད་འཕགས་ཡོན་ཏན་གེགས་རྣམས་འཇོམས་ཕྱིར་རོ། །ངག་སོགས་གཟུགས་སུ་འདོད་རྣམས་ལུས་ངག་ལས། །རྫས་གཞན་ཕྱིར་ན་བཅུ་གཅིག་རྫས་སུ་འགྱུར། །སེམས་དཔར་ཡོད་པ་དང་མཐུན་གཉེན་པོའི་ལམ། །སྤྲུལ་པའི་ལམ་དང་མཐོང་ཆོས་བདེར་གནས་ལམ། །འདས་ལམ་སྤོང་ལམ་སངས་རྒྱས་ལམ་དྲུག་ལས། །རྣམ་ཐར་སྒོ་གསུམ་མདོ་ལས་བསྟན་ཚུལ་ནི། །ལྟ་བའི་བྱས་པའི་རྣམ་པ་དམིགས་མེད་ཅེས། །སྟོང་པའི་རྣམ་པ་སྟོང་དང་བདག་མེད་གཉིས། །མཚན་མེད་སྟོན་པར་རྣམ་རྟོག་དམིགས་མེད་ཅེས། །མཚན་འཛིན་ཞི་དང་ཞི་བྱེད་འགོག་ལམ་བསྟན། །རྒྱུ་མཚན་ཅན་ཞེས་བསྒྱུར་དགོས་གསེར་ཕྲེང་གསལ། །སྨོན་ལམ་དམིགས་སུ་མེད་ཅེས་སྨོན་མེད་དེ། །སྲིད་སྨོན་སེལ་ཕྱིར་སྡུག་ཀུན་རྣམ་པ་དྲུག །འདི་ལ་འཆད་ཚུལ་གཞན་ཡང་དུ་མ་སྟེ། །བསྡུ་བར་སྟོང་མཚན་སྨོན་མེད་སྒྲས་བསྟན་དེར། །ཐོས་བསམ་སྒོམ་གསུམ་མོ་སྟོང་ཉིད་ལ་སོགས་ཀྱི། །ཏིང་འཛིན་སྒྲས་བསྟན་སྐྱེ་འཕགས་སྒོམ་བྱུང་གཉིས། །རྣམ་ཐར་སྒྲས་བསྟན་འདས་ལམ་སྒོམ་བྱུང་ཉིད། །སྔ་སྔ་སྤྱི་དང་ཕྱི་མ་བྱེ་བྲག་ཕྱིར། །མཆིམས་མཛོད་དང་པོར་སྒོམ་དང་གཉིས་པ་ལ། །སྒོམ་བྱུང་འདས་ལམ་མ་བཞག་


GTD002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འཐད་པར་དཀའ། །བྱེ་སྨྲ་ལམ་ཡང་སུན་འབྱིན་ལམ་གསུམ་གྱིས། །གཅོད་ཕྱིར་སྨོན་མེད་ལ་བསྣན་གཞན་རྣམས་མཚུངས། །རྒྱན་ལས་སྟོང་པར་བདག་མེད་རྣམ་གཉིས་དང། །སྨོན་མེད་དམིགས་པ་སྡུག་བསྔལ་ཕུང་པོ་སོགས། །དེ་དག་ཉེ་བར་ཞི་བ་མཚན་མེད་ཕྱིར། །བཅུ་དྲུག་སོགས་ལ་དངོས་སུ་མ་སྦྱར་ཞིང། །ཐུན་མོང་ཐུན་མོང་མ་ཡིན་གཉིས་ཀ་ཡང། །བསྡུས་ཕྱིར་སྟོང་པ་རྫས་ཡོད་བཀག་ཙམ་མིན། །བཀར་བཏགས་ཕྱག་རྒྱ་གཉིས་ཀྱིས་སྨོན་མེད་དང། །གསུམ་པས་སྟོང་པ་བཞི་བས་མཚན་མེད་འགྲུབ། །རྣམ་ཐར་བརྒྱད་ལས་སྤྲུལ་པའི་ལམ་གསུམ་སྟེ། །རྟེན་གྱི་གང་ཟག་ཐེག་ཆེན་ཚོགས་ལམ་ཆེ། །ཐེག་དམན་ལུས་མངོན་བྱེད་དང་རྒྱན་བཅས་སོ། །ཁ་ཅིག་མཛོད་ལྟར་མི་ཉིད་ཁོ་ན་ཟེར། །བྱང་སེམས་གཟུགས་དང་འདོད་ལྷར་སྐྱེས་པའང་ཡོད། །སེམས་རྟེན་མཛོད་ལས་རྣམ་ཐར་གསུམ་པ་ནི། །བཞི་པར་བརྟེན་ཡང་རྣམ་ཐར་དང་པོ་གཉིས། །བསམ་བཏན་དང་པོ་གཉིས་པོ་ཅི་རིགས་ཏེ། །འདོད་དང་དང་པོའི་སས་བསྡུས་ཁ་དོག་ལ། །ཆགས་བྲལ་གཉེན་པོར་མི་སྡུག་བསྒོམ་པར་འདོད། །གོང་དེར་ཆགས་དང་བྲལ་ཕྱིར་མིག་ཤེས་འང་མེད། །གྲུབ་མཐའ་གོང་མས་རྣམ་ཐར་གསུམ་ག་ཡང། །རབ་མཐའི་བསམ་གཏན་བཞི་པར་བརྟེན་པར་གསུངས། །ཉི་སྣང་གཟུགས་མེད་གསུངས་པ་དེ་ཐོབ་ན། །གཟུགས་ཀྱི་འདུ་ཤེས་གཞིག་པ་སླ་བར་དགོངས། །ཡིག་ཆར་བསམ་གཟུགས་གང་རུང་གསུངས་པའང་དེ། །གཞན་དུ་བསམ་གཏན་གཟུགས་མེད་པར་འགལ་བྱེད། །འདོད་ནས་སྲིད་རྩེའི་བར་དུ་སོང་འོང་གཉིས། །སླར་ཡང་འདོད་ནས་བཞི་པའི་བར་སོང་སྟེ། །མཐུན་པར་བྱ་བ་རབ་ཀྱི་དོན་ཡིན་ཞིང། །མཐའ་ནི་བསམ་གཏན་བཞི་པར་བྱེ་སྨྲ་འདོད། །གོང་མས་དེ་དོན་རབ་ཀྱིས་


GTD002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་ཅེས། །བསྡོམས་ཏེ་དེར་གྱུར་བསམ་གཏན་བཞི་ག་འདོད། །གཟུགས་ཀྱི་འདུ་ཤེས་བཞག་དང་གཞིག་པ་ནི། །འབྲས་དུས་གཞན་དོན་སྒྲུབ་ཚུལ་སྣ་ཚོགས་ཕྱིར། །སྡུག་དང་མི་སྡུག་སྤྲུལ་འདོད་མི་འདོད་ཀྱི། །གཉེན་པོར་རོ་མཉམ་སྡུག་པའི་རྣམ་ཐར་ཏེ། །དགའ་དང་མི་དགའ་གསུངས་ཀྱང་བསམ་གཏན་བཞི། །ཐོབ་སྟེ་དགའ་བ་སྤངས་ཕྱིར་འདོད་ལ་དགོངས། །དམིགས་ཡུལ་ཆེ་ཆུང་བཟང་ངན་སྣ་ཚོགས་སོ། །སྒྲ་དོན་འབྱུང་ཆ་སྙོམས་ཕྱིར་སྙོམས་འཇུག་དང། །རང་སའི་ཀུན་དཀྲིས་མ་འདྲེས་རྣམ་ཐར་རོ། །རྣམ་ཐར་སྔ་མ་ཕྱི་མའི་སྔོན་འགྲོ་བར། །གསུངས་ཕྱིར་དང་པོ་གསར་ཐོབ་ལུས་མངོན་བྱེད། །བཞག་པར་དཀའ་ཕྱིར་རྟེན་གྱི་ས་མཚམས་དཔྱད། །འདས་ལམ་བསམ་གཏན་གཟུགས་མེད་འགོག་སྙོམས་དགུ། །རིམ་གྱིས་ཐོབ་ཕྱིར་མཐར་གྱི་སྙོམས་འཇུག་གོ །འགོག་སྙོམས་རྟེན་ལ་ཁ་ཅིག་མིར་ངེས་ཟེར། །ལ་ལ་གཟུགས་མེད་རྟེན་ལ་གསར་སྐྱེ་འདོད། །ཕྱི་ནས་གཟུགས་སུའང་བསྒོམ་ལ་གསར་ཐོབ་མིར། །མཛོད་ལས་གསུངས་ཕྱིར་གཉིས་ཀ་རིམ་བཞིན་ཁེགས། །གསེར་ཕྲེང་ལ་བརྟེན་རྒྱལ་ལ་མེད་ཅེས་ཟེར། །མི་འཐད་ཆོས་སྐུར་སྙོམས་འཇུག་དགུ་གསུངས་ཤིང། །མྱང་འདས་ལ་སོགས་མདོ་སྡེ་དུ་མར་གསུངས། །སེམས་རྟེན་རྩོམ་པ་དང་པོར་སྲིད་རྩེ་དང། །ཕྱི་ནས་ས་དགུར་བརྟེན་པ་ཡུམ་ལས་གསུངས། །ཡིད་ལ་བྱེད་པ་ཏིང་འཛིན་རྩལ་སྦྱོང་ཕྱིར། །དགག་བྱ་ཚོར་འདུ་རགས་པ་འགོག་པ་སྟེ། །ངོ་བོ་ཟླ་གྲགས་ས་བཅུའི་མདོར་བརྟེན་ནས། །གཙོ་བོ་ཆོས་ཉིད་སྟེང་དུ་ཚོར་འདུ་སོགས། །བཀག་པའི་ཟག་མེད་ཡེ་ཤེས་ལ་འདོད་ཅིང། །འཕགས་སེང་ཚོར་འདུ་རགས་


GTD002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཀག་ཆ་དང། །དེ་ལ་མཉམ་གཞག་ཡུལ་ཅན་གཉིས་ཆར་བཞེད། །མདོ་སེམས་ཚོར་འདུ་རགས་པ་བཀག་ཙམ་གྱི། །ལྡན་མིན་ལ་འདོད་འདི་ལ་ཁ་ཅིག་གིས། །རྒྱལ་ཚབ་དེ་ལ་འདས་ལམ་མི་བཞེད་དེ། །འདས་ལམ་སྟོབས་ཀྱིས་ཐོབ་པའི་འདས་ལམ་དུ། །བཞག་ཅེས་རྣམ་བཤད་ལས་ནི་གསུངས་ཕྱིར་ཟེར། །དེ་མཐུས་ཐོབ་པ་ཙམ་ལ་དགོངས་ཕྱིར་ཏེ། །རྣམ་ཐར་སྐབས་སུ་དེ་ལ་ཚོར་བ་དང། །འདུ་ཤེས་རགས་པ་ཞི་བར་གནས་པའི་ལམ། །གསུངས་ཕྱིར་ཁྱབ་སྟེ་རགས་པ་སྨོས་དོན་ཕྱིར། །དེ་དང་འགོག་སྙོམས་མི་འདྲའང་མ་ཡིན་ཏེ། །འཕགས་པས་འགོག་སྙོམས་ཟུར་དུ་མ་གསུངས་པ། །རྣམ་ཐར་སྐབས་དང་གཅིག་པའི་རྒྱུ་མཚན་ཕྱིར། །གཞན་ཡང་དེ་ལ་འདས་ལམ་ཡོད་མིན་ན། །ཡེ་ཤེས་སྡེ་ཚན་ཉེར་གཅིག་མེད་པར་འགྱུར། །དེ་བཞིན་ཟླ་བས་ཆོས་ཉིད་མཉམ་གཞག་བློ། །འཕགས་སེང་ཚོར་འདུ་རགས་བཀག་ལྡན་མིན་ལ། །བཞེད་ཅེས་རྣམ་བཤད་ཚིག་ཟིན་ལ་གསུངས་ཀྱང། །དེ་བསྐྱེད་ངོ་བོར་བསྐྱེད་པ་ལ་དགོངས་སོ། །སྔ་མ་རྗེས་ཐོབ་པ་ལ་ཡོད་མེད་དཔྱད། །གཞན་ཡང་འཕགས་ལམ་མིན་ན་ཞིར་གནས་ལམ། །གསུངས་པར་འགལ་ཏེ་ཞི་དང་རྣམ་ཐར་སྒྲས། །བསྟན་པ་འདས་ལམ་ཉིད་དུ་བསྡུས་པས་འགྲུབ། །མཛོད་ལས་ཕྲ་བ་ཕྲ་བའི་མཇུག་ཐོགས་སུ། །གསུངས་ཕྱིར་ཕྲ་མོ་ཡོད་དེ་གཞན་དུ་ན། །སེམས་ལྡན་གྲངས་སུ་མི་འགྲོ་དེའི་ལུས་ཀྱང། །རུལ་བར་འགྱུར་ཞིང་ལུང་ཡང་མཆོད་སྦྱིན་མས། །ཞུས་པར་དགེ་སློང་འགོག་ལ་སྙོམས་འཇུག་དེའི། །རྣམ་ཤེས་ལུས་དང་མ་བྲལ་གསུངས་པར་འགལ། །རང་གི་གྲུབ་མཐའི་གང་ཟག་ངོས་འཛིན་མདོ། །གྲུབ་མཐའ་བཞི་ག་མཐུན་གྲུབ་དེ་ལས་ཀྱང། །ཇི་ལྟར་ཡན་ལག་ཚོགས་རྣམས་ཞེས་སོགས་ཀྱིས། །


GTD002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་བཞི་ཚོགས་དགོས་གསུངས་དེར་ཡང་འགལ། །དེ་ཕྱིར་དེ་ཚེ་སེམས་ཡོད་འདོད་པ་ནི། །ས་ཡི་སྙིང་པོ་འཁོར་ལོ་བཅུ་པ་སོགས། །ཐེག་པ་ཆེ་ཆུང་མདོ་སྡེ་དུ་མར་གསུངས། །སྤྱོད་འཇུག་འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ཞེས་དང། །ཉན་སར་ཚིག་རིས་དེ་མཚུངས་གསུངས་མོད་ཀྱང། །དགོངས་པ་ཚོར་འདུ་རགས་པ་བཀག་པར་མངོན། །དོན་གསང་ལས་གསུངས་འདོད་ཚུལ་གསུམ་ཡོད་དེ། །ཁ་ཅིག་ཚོར་འདུ་བཀག་ཙམ་བརྟག་འགོག་ཟེར། །ཐལ་འགྱུར་བ་ཡི་འགོག་སྙོམས་ཡུལ་དང་མཚུངས། །ལ་ལས་དེ་བཀག་ཆ་ཡི་ལྡན་མིན་ཟེར། །གཞན་དག་དེ་བསྒོམ་སེམས་ཀྱི་བག་ཆགས་ཏེ། །ལངས་པའི་ཚེ་ཡང་དེ་དང་ལྡན་ཕྱིར་ཟེར། །དང་པོ་མི་འཐད་མ་མཐའང་ཀུན་བཏུས་ལྟར། །འདུ་བྱེད་ཕུང་པོར་འཐད་ཀྱི་རྟག་པར་མིན། །རང་ལུགས་འཐད་ལྡན་གཉིས་པ་ཡང་མིན་ཏེ། །རྣམ་པར་ཐར་པ་ཡིན་ཕྱིར་ཤེས་པ་ཉིད། །གསེར་འཕྲེང་དེ་ཚེ་དབྱིག་བཤེས་སེམས་འདོད་པ། །ཐེག་བསྡུས་སོགས་ལས་བཀག་ཅིང་སྐུ་མཆེད་ཀྱི། །གཞུང་ལས་གཞན་དུ་མཁས་པས་མ་བཀྲལ་ཕྱིར། །ཐེག་ཆེན་སྤྱི་ཡི་སེམས་མེད་འདོད་ཕྱིར་ཏེ། །རྟག་ཏུ་ཡིད་ཤེས་འབྱུང་ཞེས་སྤྱིར་བསྟན་ནས། །སེམས་མེད་གཉིད་དང་བརྒྱལ་རྣམས་བསལ་ཕྱིར་དང། །འཇུག་ཤེས་ཡོད་ན་ཀུན་གཞི་མེད་ཀྱང་དེ། །ཤི་བར་ཐལ་བའི་སྐྱོན་བརྗོད་འབྲེལ་མེད་དོ། །དེ་ཕྱིར་སེམས་མེད་ཡིན་ཀྱང་སྙོམས་འཇུག་ཏུ། །གསུངས་པ་རྒྱུ་མིང་འབྲས་ལ་བཏགས་པ་འམ། །འདི་ཡིས་འབྱུང་བ་སྙོམས་པ་ལ་དགོངས་ཤིང། །རྒྱལ་བའི་ཡེ་ཤེས་ཆོས་སྐུར་བཤད་པ་ཡང། །མངོན་དུ་བྱེད་པར་ནུས་པ་ལ་དགོངས་ཞེས། །རྒྱས་པར་གསུངས་པའི་དགོངས་པ་བཙལ་བར་བྱ། །མདོ་


GTD002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དྲུག་པར་འགོག་པ་ཐོབ་གསུངས་པ། །ལུགས་འདིར་དུས་ལ་སྦྱོར་གྱི་འཛིན་སྟངས་མིན། །ཉི་མའི་སྙིང་པོར་ཞག་བདུན་ལས་ལྷག་འདིར། །ཞུགས་ན་སེམས་དཔའི་སྤྱོད་ལས་ཉམས་གསུངས་པ། །ཐེག་དམན་ལྟ་བུ་ཞི་བདེར་ཞེན་པ་ཡིས། །ཞུགས་ལ་དགོངས་ཏེ་པད་དཀར་སོགས་ཀྱིས་ཤེས། །སྤོང་བའི་ལམ་ལ་བར་ཆད་མེད་ལམ་བཞི། །ཆོས་ཤེས་རྒྱུན་མཐར་སྦྱར་ཡང་ཐུབ་དགོངས་ལས། །མཐོང་ལམ་ལ་གསུངས་འཕགས་སེང་དགོངས་པར་མཐུན། །སངས་རྒྱས་ལམ་ལ་སྦྱིན་སོགས་ཕར་ཕྱིན་བཅུ། །གང་དུ་གཏོགས་པའི་སྡེ་ཚན་མཚན་ཉིད་པ། །འོག་མར་མེད་པའི་རིགས་གནས་མཁྱེན་པ་དེ། །ཐུན་མོང་མ་ཡིན་རྣམ་མཁྱེན་རྣམ་པའི་དོན། །དབྱེ་ན་མི་མཐུན་ཕྱོགས་ཀུན་ལས་རྒྱལ་ཞིང། །དེ་ཡིས་བརྫི་བར་མི་ནུས་རིགས་གནས་སྟོབས། །གནས་དང་གནས་མིན་མཁྱེན་པ་ལ་སོགས་བཅུ། །འཁོར་དབུས་སྤངས་རྟོགས་ཆོས་སྟོན་འཇིགས་མེད་པའི། །ཆ་བཞག་མཐར་ཐུག་མཁྱེན་པ་མི་འཇིགས་པའོ། །ཆ་བཞག་མེད་ན་མཐར་ཐུག་གཞི་ཤེས་ཀྱང། །དེར་འགྱུར་དགོས་ལ་ཐེག་དམན་རྟོགས་རིགས་ཕྱིར། །ཐུན་མོང་མ་ཡིན་རྣམ་པར་འགལ་ཕྱིར་རོ། །འོན་ཀྱང་སངས་རྒྱས་ཁོ་ནའི་རྟོགས་རིགས་སུ། །མི་འཐད་དེ་བཞིན་ཉིད་རྣམ་སེམས་དཔའི་ཡིན། །རིགས་འདྲ་སྔ་མ་འཕགས་པ་འོག་མར་མེད། །སྨྲ་བའང་མི་རུང་ཉེར་ལེན་ལས་སྐྱེས་ཕྱིར། །རང་དོན་སྤངས་རྟོགས་གཉིས་དང་གཞན་གྱི་དོན། །བར་གཅོད་ཆོས་དང་ངེས་འབྱུང་ལམ་སྟེ་བཞི། །དམ་བཅས་པ་ལ་རྒོལ་མེད་མི་འཇིགས་བཞི། །འཆད་བྱ་འཆད་བྱེད་སྤོབས་པ་སོ་སོར་ནི། །ཆགས་ཐོགས་མེད་པར་སོ་སོར་གཟིགས་པ་ཡི། །རིགས་གནས་མཁྱེན་པ་སོ་སོར་ཡང་དག་རིག །རང་གི་སྡེ་ཚན་འཕགས་པ་


GTD002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་དང། །ཅུང་ཟད་ཙམ་ཡང་མ་འདྲེས་རིགས་གནས་ཀྱི། །མཐར་ཐུག་མཁྱེན་པ་སངས་རྒྱས་མ་འདྲེས་ཆོས། །དབྱེ་ན་རྟོགས་པ་སྤྱོད་པ་འཕྲིན་ལས་དང། །ཡེ་ཤེས་མ་འདྲེས་དྲུག་དྲུག་གསུམ་གསུམ་མོ། །སྟོབས་བཅུ་མི་འཇིགས་བཞི་དང་དྲན་ཉེ་གསུམ། །ཐུགས་རྗེ་ཆེ་དང་བཅོ་བརྒྱད་བྱེ་སྨྲའི་ལུགས། །ཡེ་ཤེས་ལས་འཕྲོས་དུས་གསུམ་རྣམ་གཞག་ལ། །ཆོས་སྐྱོབ་དངོས་འགྱུར་གསེར་བུམ་བཅོམ་བཞིན་ཟེར། །དབྱངས་སྒྲོགས་མཚན་ཉིད་ཤས་ཆེ་ཆགས་བཞིན་ཟེར། །དབྱིག་བཤེས་གནས་སྐབས་རྩིས་ཀྱི་རྡེའུ་བཞིན་འགྱུར། །མ་བུ་གཞན་གཞན་འགྱུར་འདོད་སངས་རྒྱས་ལྷ། །དང་པོ་མི་འཐད་གྲངས་ཅན་ལུགས་ཕྱིར་རོ། །གཉིས་པ་མི་འཐད་མཚན་ཉིད་འཆོལ་ཕྱིར་རོ། །བཞི་པ་མི་འཐད་གསུམ་གར་ཐལ་ཕྱིར་རོ། །གསུམ་པ་ཅུང་བཟང་འོན་ཀྱང་བྱ་བ་སོགས། །བྱེད་དང་མི་བྱེད་གནས་སྐབས་མེད་པར་འགྱུར། །ཁ་ཅིག་དུས་གསུམ་དངོས་པོར་འདོད་བཞིན་དུ་། །སྐྱེས་ལ་འགགས་དང་སྐྱེས་ལ་མ་འགག་པ། །སྐྱེ་རྒྱུ་ཡོད་ཀྱང་མ་སྐྱེས་དུས་གསུམ་ཟེར། །དེ་དག་དངོས་པོ་རང་ལ་མ་བརྩིས་པར། །སྨྲ་མཁན་དེ་ལ་ལྟོས་ཏེ་བཞག་པའི་ཕྱིར། །འགགས་ཟིན་ང་ལས་ནུ་དང་མ་སྐྱེས་པའི། །འཁོར་སྒྱུར་དུང་སོགས་ཡོད་མིན་མེད་མིན་འགྱུར། །རང་ལུགས་དངོས་པོ་གཞན་ཞིག་འགག་ཆ་དང། །དངོས་གཞན་སྐྱེ་རྒྱུ་ཡོད་ཀྱང་མ་སྐྱེས་ཆ། །འདས་དང་མ་འོང་ངོ་གཉིས་ཀ་མེད་དགག་ཉིད། །ཁ་ཅིག་སྐྱེ་གནས་འཇིག་གསུམ་མཉམ་གྲུབ་ཟེར། །སྐྱེ་བ་རྒྱུ་དུས་ཡིན་ལ་གཞན་གཉིས་ནི། །དེ་ཡི་ཁྱད་ཆོས་ཡིན་ཡང་ཚིག་ལ་གཟབ། །སྐད་ཅིག་གསུངས་པའང་རྫོགས་པར་གྲུབ་ཟིན་ནས། །སྐད་ཅིག་ལས་ལྷག་


GTD002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྡོད་དོན་ཡིན་ཏེ། །རབ་བྱུང་ལོ་ནི་མགོ་ཟླའི་ཚེས་གཅིག་དང། །མཉམ་གྲུབ་བཅུ་གཉིས་ཟླ་བར་སྡོད་ཕྱིར་རོ། །ཁ་ཅིག་འདས་པའི་མི་ཡོད་དྲན་ཕྱིར་ན། །མ་ཁྱབ་དྲན་མཁན་དེ་ལ་ལྟོས་ཕྱིར་རོ། །བུམ་པ་ཞིག་པ་བུམ་པའི་འདས་པ་སྟེ། །འོན་ཀྱང་བུམ་པའི་དུས་སུ་མ་འོང་ངོ་། །སྐབས་དོན་འདས་དང་མ་འོངས་ད་ལྟར་ཡང། །གཟིགས་ཚུལ་ད་ལྟར་བྱུང་བར་གཟིགས་མིན་ཡང། །ད་ལྟའི་དུས་སུ་སྔ་ཕྱིའི་བྱུང་ཚུལ་ཀུན། །མངོན་སུམ་གཟིགས་ཕྱིར་ཡེ་ཤེས་མ་འདྲེས་པའོ། །དེ་བཞིན་ཉིད་དང་རང་བྱུང་སངས་རྒྱས་ཀྱི། །རྣམ་པ་གསུམ་ལ་ཤེས་རྣམ་སྦྱོར་དགོས་ཏེ། །རྣམ་མཁྱེན་བདེན་སྟོང་དང་ནི་རང་རྒྱལ་དང། །སངས་འཕགས་མིག་ཤེས་གསུམ་གྱིས་མ་ངེས་ཕྱིར། །དེ་གསུམ་དོན་ནི་རིམ་བཞིན་ཡང་དག་མཐར། །མི་ལྡང་ཚུལ་གྱིས་མཉམ་གཞག་ཡེ་ཤེས་དང། །སློབ་དཔོན་གཞན་ལ་མ་ལྟོས་རང་བྱུང་གི །ཆོས་རྣམས་ཀུན་ལ་མངའ་བསྒྱུར་ཡེ་ཤེས་དང། །ཆོས་ཀུན་རྣམ་པ་མ་ལུས་མངོན་སུམ་དུ། །རྟོགས་པའི་རིགས་གནས་མཐར་ཐུག་མཁྱེན་པ་འོ། །རྣམ་གྲངས་ཟག་བཅས་ཟག་མེད་སྒྲས་བརྗོད་ཙམ། །ཡིན་གྱི་ཟག་བཅས་དངོས་མིན་སྔར་བཤད་དོ། །བདག་འཛིན་དངོས་སུ་འཇོམས་པའི་སྦྱོར་བའི་རྟེན། །ཁ་ཅིག་བྱང་སེམས་ཐམས་ཅད་ཤེར་ཕྱིན་གྱི། །སྣོད་རུང་ཟེར་ཞིང་ལ་ལ་ཕྱི་ནང་གི །བཤེས་གཉེན་གཉིས་ལྡན་བྱང་སེམས་ཐམས་ཅད་ཟེར། །བྱེ་སྨྲར་གྱུར་པའི་བྱང་སེམས་དང་པོའི་སྐྱོན། །འདི་ནི་དམན་སྒྲིབ་ལ་གནས་གསུངས་པ་དཔྱད། །ཉན་སྣོད་སེམས་ཙམ་བྱང་སེམས་གཉིས་པའི་སྐྱོན། །འདིར་བསྟན་སྦྱོར་བ་བསྒོམ་པའི་ཉན་ཐོས་ཀྱང། ཡོད་ཕྱིར་དེ་ནི་སེམས་དཔར་མ་ངེས་སོ། །རང་ལུགས་རྒྱལ་བསྟེན་དེ་ལས་དགེ་རྩ་བསྐྲུན། །ཐེག་ཆེན་


GTD002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་ཀྱིས་ཟིན་པ་གསུམ་ཚང་བའི། །འདིར་བསྟན་གདུལ་བྱ་འདིར་བསྟན་ཉན་པའི་སྣོད། །ཐོས་བསམ་སྒོམ་གསུམ་ལམ་གྱི་སྔོན་འགྲོ་ཕྱིར། །ལམ་ཞུགས་ལམ་མ་ཞུགས་དང་རིགས་ཅན་གསུམ། །ཉན་སྣོད་ཉན་ཐོས་དེ་ཡང་སྣོད་རུང་མིན། །ཚིགས་བཅད་གཉིས་པས་བསྟན་པ་རྣམ་བཞི་སྟེ། །སངས་རྒྱས་བསྙེན་བཀུར་དེ་ལ་ཐེ་ཚོམ་དྲི། །སྦྱིན་སོགས་སྤྱོད་དང་བཤེས་ཀྱིས་བྱིན་བརླབ་བཞིས། །རིམ་བཞིན་ཉན་དང་ཚིག་འཛིན་དོན་མི་བརྗེད། །ཚུལ་བཞིན་ཡིད་བྱེད་སྣོད་དེ་གཙོར་བྱས་ཀྱང། །དང་པོ་ཀུན་ལ་དགོས་ཕྱིར་སྤྱིར་ཞེས་གསུངས། །ཐ་མ་ཀུན་ལ་དགོས་པ་གཞུང་ཀུན་མཐུན། །ཉན་འཛིན་ཐོས་པའོ་བསམ་སྒོམ་ཐ་མ་གཉིས། །༈ དེ་ནས་བསྒོམ་བྱ་སྦྱོར་བའི་ངོ་བོ་ནི། །གཞི་ལམ་རྣམ་གསུམ་བདེན་སྟོང་སྤྲོས་བྲལ་དུ། །བསྒོམ་པའི་རིགས་གནས་སེམས་དཔའི་རྣལ་འབྱོར་རོ། །ཁ་ཅིག་དེ་འདྲའི་ཞི་ལྷག་ཟུང་འབྲེལ་ཟེར། །མི་འཐད་ཚོགས་ལམ་ལ་ཡང་ཡོད་ཕྱིར་རོ། །འདིས་ནི་མངོན་སུམ་མཐོང་བར་འདོད་པའང་ཁེགས། །དབྱེ་ན་གཟུགས་སོགས་ཡུལ་ལ་གནས་བཀག་དང། །སྦྱོར་བ་དེར་ཡང་མ་ཞེན་རྣལ་འབྱོར་བཀག །ཟབ་དཀའ་ཚད་མེད་གསུམ་སྟེ་ངོ་བོས་ལྔ། །ཚོགས་ལམ་ནས་བཟུང་རྒྱུན་མཐའི་བར་དུ་འཇུག །དེ་ཕྱིར་ཁ་ཅིག་དེ་ལྔའི་གནས་སྐབས་ལ། །ལྷག་མ་བཅུ་བཞི་བཞག་ཅིང་ཐ་མ་ནི། །སྦྱོར་བ་དེ་དག་འགྲུབ་པའི་རྒྱུ་འོ་ཟེར། །ཚེགས་ཆེན་ཡུན་རིང་རྟོགས་པའང་དང་པོ་ལྔའི། །གནས་སྐབས་ཡིན་པ་མི་རུང་སྟོང་ཉིད་ལ། །སྐྲག་པས་སྤངས་ཏེ་ངན་འགྲོར་འགྲོ་གསུངས་ཕྱིར། །མཐའ་གསུམ་རིམ་བཞིན་གཞི་ལམ་རྣམ་གསུམ་གྱི། །ཆོས་ཉིད་ཟབ་


GTD002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཚད་མེད་རྟོགས་པ་སྟེ། །གསེར་ཕྲེང་གཞི་ཤེས་ཐ་མལ་ལས་ལྷག་ཟབ། །ལམ་ཤེས་ཉན་རང་ཐུན་མོང་མ་ཡིན་དཀའ། །རྣམ་མཁྱེན་ཁྱད་པར་འགྲོར་མེད་གསུམ་རྟོགས་གསུངས། །ཤཱནྟིས་གསུམ་ལ་གནས་དང་རྣལ་འབྱོར་བཀག །གཉིས་གཉིས་དབྱེ་བས་སྦྱོར་བ་ཉེར་གསུམ་འདོད། །རྟེན་གྱི་སྒོ་ནས་ཚེགས་ཆེན་ལ་སོགས་བརྒྱད། །འཕེལ་འགྲིབ་མེད་སོགས་སྦྱོར་བའི་རྟོགས་ཐབས་བཞི། །སྟོན་བྱེད་མདོར་ཡང་ཤེར་ཕྱིན་ལ་སྤྱོད་ཚེ། །གསུངས་ཕྱིར་ཐབས་ཤེས་ཟུང་དུ་འབྲེལ་ཚུལ་ལོ། །རིན་ཆེན་སྦྱིན་སོགས་འབྲས་གཉིས་དུས་ཀྱིས་གཅིག །རིམ་བཞིན་ཚོགས་གཅིག་ངེས་འབྱེད་ཆ་ལ་བཞི། །ལྗོན་གསར་དཔེ་ཡིས་མཐོང་ལམ་བྱང་ཆུབ་ཉེ། །མ་དག་ས་ལ་སྦྲུམ་མ་ཉེ་བའི་དཔེའི། །སངས་རྒྱས་མྱུར་དེ་ས་བདུན་དྲི་མ་ནི། །མངལ་སྦུབ་འདྲ་བར་རྒྱུད་བླར་གསུངས་ཕྱིར་དང། །དེ་གྲོལ་ས་བརྒྱད་པ་ལ་གཞོན་ནུར་གྲགས། །དེར་ལྔ་ཆོས་འཁོར་བསྐོར་བའི་སྦྱོར་བའི་ནུས། །ཐོབ་ཕྱིར་གཞན་གྱི་དོན་དང་འཕེལ་འགྲེབ་མེད། །ཁམས་གསུམ་ཆོས་དང་ཆོས་མིན་སོགས་མི་མཐོང། །བསམ་མི་ཁྱབ་དང་རྣམ་པར་མི་རྟོག་པའོ། །འབྲས་བུའི་སྒོ་ནས་གཉིས་དེ་དགུ་པ་ལ། །སོ་རིག་བཞི་ཡིས་སེམས་ཅན་སྨིན་བྱེད་ཕྱིར། །རྒྱུན་ཞུགས་ནས་བཟུང་བླ་མེད་བྱང་ཆུབ་བར། །སྟེར་བའི་འབྲས་བུ་རིན་ཆེན་སྦྱིན་བྱེད་དང། །བཅུ་བར་ཉེས་སེལ་རྣམ་དག་སྦྱོར་བ་འོ། །དུས་ཀྱི་སྒོ་ནས་ས་མཚམས་སྦྱོར་བ་སྟེ། །བརྒྱད་པར་རྩོལ་མེད་འཇུག་ཕྱིར་ལོ་ཟླའི་མཚམས། །མི་དགོས་ཕྱིར་ན་ཚོགས་ནས་བདུན་པའི་བར། །འདི་དག་དོན་ལ་ཁ་ཅིག་ཚེགས་ཆེན་གྱི། །སྦྱོར་བར་སྟོང་ཉིད་རྟོགས་པ་མེད་ཅེས་ཟེར། །མི་འཐད་དབང་རྟུལ་ཚོགས་ལམ་ཆེན་པོ་ཡི། །སྟོང་


GTD002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་པའི་ཞི་གནས་དེ་ཡིན་ཕྱིར། །ཁ་ཅིག་དབང་རྣོན་རྒྱུད་ལ་འདོད་ཀྱང་མིན། །ཁ་ཅིག་ལུང་བསྟན་ཐོབ་པའི་སྦྱོར་བ་ཡིས། །ཐོབ་གསུངས་གཅིག་ཏུ་ཐོབ་ཟིན་ཁོ་ན་ཟེར། །ལ་ལས་རྒྱལ་ལས་དངོས་ཐོབ་ཁོ་ནར་འདོད། །གཞན་དག་དེ་གཉིས་བཀག་ནས་འཐོབ་ཅེས་པ། །མ་འོངས་ཚིག་སྟེ་ཉི་སྣང་དགོངས་པར་སྨྲ། །གསུམ་ག་མི་འཐད་དངོས་སུ་ཐོབ་པ་འམ། །དུས་དེར་སངས་རྒྱས་མེད་ཀྱང་སྔར་ཐོབ་མཐུས། །མི་རིང་གཞན་གྱིའང་ལུང་སྟོན་རྒྱན་སྣང་གསུངས། །༈ སྤྲོ་ཕྱིར་སྦྱོར་བའི་མཇུག་ཏུ་ཡོན་ཏན་ཏེ། །ཐེག་ཆེན་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི། །ཐེག་ཆེན་ལམ་ཞུགས་རྒྱུད་ཀྱི་ཡོན་ཏན་ནོ། །སྦྱོར་ལམ་བཞི་དང་ས་བཅུར་གཞོན་ནུ་དཔལ། །སྦྱར་ཡང་བཅུ་བཞི་ཚོགས་ནས་སངས་རྒྱས་བར། །ཁ་ཅིག་སྐྱོན་རྣམས་སྐྱེ་བའི་གེགས་ཡིན་ཕྱིར། །ཡོན་ཏན་འདི་རྣམས་སྦྱོར་བའི་རྒྱུ་འོ་ཟེར། །དེ་རྒྱུ་ལྟ་ཞོག་ནུས་དང་ནུས་ཅན་ཡང། །མིན་ཏེ་ཕན་ཡོན་གསུངས་ཕྱིར་འབྲས་བུ་འོ། །ཁ་ཅིག་སྦྱོར་བ་སྒོམ་རྟེན་ཡོན་ཏན་ཏེ། །ཐེག་ཆེན་སྦྱོར་བའི་ཡོན་ཏན་དོན་དུ་འདོད། །ལ་ལ་ཐེག་ཆེན་སྦྱོར་བ་བསྒོམ་སྟོབས་ཟེར། །དང་པོ་མི་འཐད་ཐེག་དམན་ལ་ཡོད་ཕྱིར། །གཉིས་པ་ཡང་མིན་སྦྱོར་བ་གསར་བསྒོམ་ཚེ། །རྒྱལ་ཀུན་བསྲུང་ཕྱིར་བདུད་ཀྱིས་མི་ཚུགས་ཀྱང། །སྦྱོར་བསྒོམ་སྔོན་སོང་མིན་ཕྱིར་ཡོན་ཏན་མིན། །ཁ་ཅིག་སེམས་དཔའ་ཁོ་ནར་འདོད་ཀྱང་འདིས། །ཡོན་ཏན་ལྔ་པར་ཆེན་པོ་གསུམ་གསུངས་སོ། །གསེར་གླིང་པ་དང་ཨར་སོགས་ཚན་པ་གཉིས། །རིམ་བཞིན་རྒྱུ་དང་འབྲས་བུའི་ཡོན་ཏན་འདོད། །ཁ་ཅིག་སྔ་ཕྱི་མིང་དོན་སྦྱོར་དགོས་ཟེར། །རང་ལུགས་


GTD002_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་བསྒྲུབ་བྱ་སྒྲུབ་བྱེད་དེ། །ཚེ་འདིར་རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །ཚེ་རབས་གཞན་དུ་བདུད་བཅོམ་ཡོན་ཏན་འབྱུང། །ཚེ་འདིར་བསྒོམ་པ་རྒྱལ་བའི་དགོངས་ཐོབ་ཕྱིར། །ཚེ་རབས་གཞན་དུ་དགོངས་ཤིང་མཁྱེན་ཉིད་འབྱུང། །ཚེ་འདིར་བསྒོམ་པ་ཡེ་ཤེས་ཀྱིས་གཟིགས་ཕྱིར། །གཞན་ཚེ་རྒྱལ་བས་མངོན་སུམ་མཛད་པར་འགྱུར། །འདི་གསུམ་རིམ་བཞིན་དགྲ་ཡི་མཚོན་བཅག་དང། །གཉེན་ལ་གོ་བསྐོན་ལག་ཏུ་མཚོན་གཏད་བཞིན། །སྦྱོར་བའི་ནུས་པ་ཆུང་འབྲིང་ཆེ་གསུམ་མོ། །ལྷག་ཀྱང་དེ་ལྟར་བསྒྲུབ་བྱ་སྒྲུབ་བྱེད་སྦྱར། །དྲུག་པར་འཕྲོས་ཏེ་བསྟན་པའི་གནས་ཚད་དཔྱད། །ཐེག་ཆེན་སྦྱོར་བ་སྐྱེ་གནས་གོང་འཕེལ་གསུམ། །ཅི་རིགས་གེགས་བྱེད་ཆ་ནས་བདུད་ལས་སུ། །བཤད་དེ་སྦྱོར་བའི་སྐྱོན་གྱི་མཚན་ཉིད་དོ། །འོན་ཀྱང་བདུད་ལས་དངོས་སུ་མ་ངེས་ཏེ། །ཆ་འདྲའམ་བདུད་ལས་རྒྱུ་ཕྱིར་བཤད་པ་མང། །ཁ་ཅིག་སྐྱེ་གནས་གེགས་སུ་འདོད་མོད་ཀྱང། །མ་ཡིན་སྦྱོར་བ་རྒྱུན་ལྡན་ལ་ཡོད་ཕྱིར། །སྐྱོན་གྱི་དབྱེ་བ་འགལ་རྐྱེན་ཉེར་གསུམ་སྟེ། །དོན་ཤེས་བར་གཅོད་སྤོབས་པའི་དབང་བྱ་བ། །ཚེགས་ཆེན་བུལ་དང་མྱུར་ཆེས་མི་བརྟན་གཉིས། །སྒོ་གསུམ་གནས་ངན་ལེན་གྱི་དབང་བྱས་གསུམ། །ཐེག་ཆེན་ཉམས་བྱེད་རྒྱུ་བདུན་ཡུལ་མང་ལ། །རྟོག་སོགས་གཡེང་བའི་རྒྱུ་བརྒྱད་རང་བརྟེན་ཞིང། །བདུད་ཀྱིས་འབྱེད་སོགས་མཐའ་གསུམ་གཞན་བརྟེན་ནོ། །མཐུན་རྐྱེན་མ་ཚང་སྙོམས་ལས་ཀྱིས་ཉམས་སོགས། །གཉིས་བརྟེན་ཉེར་གཅིག་རང་བརྟེན་འགྲོ་གཉིས་སོ། །ཡང་ན་རིམ་བཞིན་རང་གཞན་ཐུན་མོང་དང། །རང་དང་གཞན་བརྟེན་བཅུ་བཞི་གཉིས་བདུན་ནོ། །ཉམས་བྱེད་རྒྱུ་བདུན་ཚོགས་ལམ་མན་ཆད་དང། །གཞན་ཡང་ཕལ་ཆེར་སྦྱོར་ལམ་མན་ཆད་དེ། །ཕྲ་མོ་མ་དག་ས་


GTD002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བར་དུ་ཡོད། །ཚོགས་པའི་ཆོས་སྤྱོད་སྐབས་སུ་དཔོན་སློབ་གཉིས། །མ་མཐུན་སྟོབས་ཀྱིས་མི་སྦྱོར་སྐྱོན་ཡིན་གྱི། །སློབ་དཔོན་མཁས་པས་སློབ་མ་མི་མཁས་ཀྱང། །འཁྲིད་པ་སྐྱོན་མིན་དམ་པའི་ལུགས་སྲོལ་ལོ། །༈ དེ་ལྟར་སྐྱོན་ཡོན་བླང་དང་དོར་བའི་སྒོས། །སྦྱོར་བ་སྒོམ་ལ་མཚན་ཉིད་ཤེས་དགོས་ཕྱིར། །མདོ་ལས་ཤེས་མཚན་ལ་སོགས་རྣམ་བཞི་ལས། །ཕྱེ་བས་གོ་གཅིག་གསུངས་པ་རྗེ་བཙུན་གྱིས། །བསྡུས་ཏེ་བྱེད་སྒྲུབ་ལས་སྒྲུབ་གཉིས་སུ་མཛད། །གཞོན་ནུ་དཔལ་གྱིས་ཤེས་མཚན་ལ་སོགས་བཞི། །རིམ་བཞིན་ཕྱོགས་ཆོས་རྗེས་ཁྱབ་ལྡོག་ཁྱབ་དང། །དཔག་བྱར་འདོད་ཀྱང་ཡིན་འགོད་ཡོད་འགོད་གཉིས། །གང་གི་དབང་དུ་བྱས་ཀྱང་མ་ངེས་ཏེ། །སངས་རྒྱས་ལ་ཡང་ཤེས་མཚན་ཡོད་ཕྱིར་དང། །སྦྱོར་བའི་ངོ་བོ་ཉིད་མཚན་མེད་ཕྱིར་རོ། །འོན་ཀྱང་འདིར་བསྟན་ཤེས་མཚན་སངས་རྒྱས་ལ། །མེད་དེ་འདི་ནི་སྦྱོར་བའི་ཤེས་མཚན་ཕྱིར། །ཁ་ཅིག་ཀུ་མཱ་ར་ཡི་དེ་འཐད་དེ། །བྱེད་པའི་ནུས་དང་མི་ལྡན་རྣམ་བཅད་ནས། །ངོ་བོ་ཉིད་ལ་ནུས་ལྡན་རྗེས་འགྲོ་བསྒྲུབས། །ཁྱད་མཚན་གྱིས་ནི་ཉན་རང་ལ་སོགས་ལ། །ལྡན་པ་གཅོད་པས་ལྡོག་ཁྱབ་འགྲུབ་ཕྱིར་ཟེར། །དེ་ཙམ་རྗེས་ལྡོག་ཁྱབ་པའི་དོན་མིན་ཞིང། །ངོ་བོ་ཉིད་དུ་སྒྲུབ་ཕྱིར་སློབ་པར་ངེས། །དེ་ལ་མཁྱེན་གསུམ་མེད་ཕྱིར་ཆོས་ཅན་ཉམས། །གཽ་མིའི་དགོངས་པར་མཛད་དེ་ལོ་ཆེན་གྱིས། །སྦྱོར་བ་ཉི་ཤུའམ་རང་བཞིན་སྦྱོར་བ་ལྔ། །མཚན་གཞི་ངོ་བོ་ཉིད་ནི་མཚོན་བྱ་དང། །བྱེད་མཚན་ཁྱད་མཚན་གཉིས་ནི་མཚན་ཉིད་དེ། །མེ་ནི་མཚན་གཞི་སྲེག་བྱེད་མཚན་ཉིད་དང། །མེ་ཡི་ཐ་སྙད་བྱ་རུང་མཚོན་བྱ་དང། །མཚན་མཚོན་གཞི་གསུམ་


GTD002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གཅོད་ཚད་མ་ལ། །མཚོན་པར་བཤད་བཞིན་འདིར་ཡང་ཤེས་མཚན་གྱིས། །སྦྱོར་བ་དེ་དག་བྱེད་པ་ཁྱད་པར་དང། །ལྡན་པར་རྟོགས་ཕྱིར་མཚོན་པ་ཞེས་བྱ་ལ། །འོན་ཀྱང་འདིར་བསྟན་བཅུ་དྲུག་ཕྲག་གསུམ་གྱི། །བྱེད་མཚན་ཁྱད་མཚན་གཉིས་ལ་མ་དམིགས་ཕྱིར། །མཚོན་པ་དངོས་མིན་དོན་ཡང་དེ་ཡི་ཡུལ། །ཡིན་ཕྱིར་ཡུལ་གྱི་སྒོ་ནས་བསྟན་ཏོ་ཟེར། །མི་འཐད་དེ་བཞིན་གཤེགས་འབྱུང་ཞེས་སོགས་ཀྱིས། །ཤེས་མཚན་ཞེ་བརྒྱད་དངོས་སུ་ཚིག་ཟིན་ལ། །བསྟན་པ་རྩ་འགྲེལ་ཀུན་གྱིས་འགྲུབ་པའི་ཕྱིར། །ཡུལ་གྱིས་ཡུལ་ཅན་འཕངས་ཙམ་ག་ལ་ཡིན། །ཤེར་འབྱུང་སྔར་བཤད་མཁྱེན་གསུམ་ལ་བརྟེན་པའི། །བདེན་རྣམ་བཅུ་དྲུག་རྟོགས་པ་ཤེས་མཚན་དང། །དེ་གསུམ་ཐབས་ཤེས་གྲོགས་ཀྱིས་ཟིན་པའི་སྒོས། །སྐྱེད་ཕྱིར་སྐྱོན་རྣམས་ཀུན་བྲལ་རྣམ་དག་ཏུ། །འབྱུང་བའི་ལྡོག་ཆ་ནས་ནི་ཁྱད་མཚན་ཟེར། །རྣམ་པའི་སྐབས་དང་འདི་ཡི་མཁྱེན་གསུམ་སྦྱོར། །མིང་ཙམ་འདྲ་ཡང་སྐྱེད་ཚུལ་མི་མཚུངས་ཏེ། །སྔ་མ་བཅུ་དྲུག་བདེན་རྣམ་མཁྱེན་ཆ་དང། །འདི་ནི་དེ་བཞིན་གཤེགས་པ་འབྱུང་སོགས་ཡུལ། །ཞེ་བརྒྱད་མཁྱེན་པའི་ཆ་ནས་འཇོག་ཕྱིར་དང། །ཁྱད་མཚན་ཀུན་མཁྱེན་གསུམ་ལ་སྦྱར་བ་ཡང། །ནོར་ཏེ་སློབ་དཔོན་གཞི་ཤེས་བསལ་ཕྱིར་རོ། །བྱེད་མཚན་སྦྱོར་རྣམས་སངས་རྒྱས་སྐྱེད་བྱེད་དུ། །མཚོན་ཏེ་འདི་ཡི་མཚན་ཉིད་བྱེད་ཚུལ་ཟེར། །དོན་དུ་སངས་རྒྱས་སྐྱེད་བྱེད་ཡིན་མོད་ཀྱང། །འདིར་ནི་མཚོན་ཚུལ་དེ་ལྟར་མ་ཡིན་ཏེ། །གཞུང་ལམ་འབྲས་བུའི་ཤེར་ཕྱིན་གསུམ་ཤེས་ཏེ། །འབྲས་བུ་དོན་གཉེར་ཇི་བཞིན་སྐྱེ་བ་ལ། །ལམ་གྱི་མཚན་ཉིད་ལེགས་པར་ཤེས་དགོས་ཕྱིར། །ལམ་ཉིད་རང་གི་བྱེད་པ་ལ་སོགས་ལ། །སྦྱོར་བའི་མཚན་ཉིད་མིང་གིས་


GTD002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཕྱིར་རོ། །༈ རང་ལུགས་ལ་ཡང་མཚོན་ཚུལ་དུ་མ་སྟེ། །མེ་ཡི་ཚ་བ་ལྟ་བུ་རང་མཚན་དང། །མི་རྟག་བདག་མེད་ལ་སོགས་སྤྱི་མཚན་དང། །བྱས་དང་མི་རྟག་ལ་ཡང་མ་བྱས་དང། །རྟག་སོགས་ལྡོག་ཆས་དབྱེ་བའི་མཚན་ཉིད་དང། །མ་ཁྱབ་ཁྱབ་ཆེས་གཉིས་བཀག་རིགས་མཐུན་ཙམ། །དེར་བསྒྲུབ་རིགས་མི་མཐུན་སེལ་མཚན་ཉིད་དང། །དོན་ལ་མི་དགོས་འང་ལོག་རྟོག་སེལ་བའི་ཕྱིར། །སྨོས་པ་ལོག་རྟོག་སེལ་བའི་མཚན་ཉིད་སོགས། །ཡོད་ཀྱང་འདིར་ནི་རིགས་མི་མཐུན་སེལ་དང། །ལྡོག་ཆའི་མཚན་ཉིད་གཙོ་སྟེ་སྦྱོར་བ་ལ། །ཤེས་ཁྱད་བྱེད་དོ་ལྡོག་པས་དབྱེ་ཕྱིར་ཏེ། །སྦྱོར་བ་རྟོགས་དང་འཕྲིན་ལས་མཐར་ཐུག་སྟེ། །དོན་གཉིས་ཕུན་ཚོགས་སྐྱེད་པའི་ནུས་ལྡན་པར། ཤེས་བྱེད་གཉིས་ཀྱིས་མི་ལྡན་རྣམ་གཅོད་དུ། །མཚོན་ཞིང་ནུས་པ་དེ་གཞན་ལ་ཡོད་ན། །ཐེག་ཆེན་ལམ་གྱི་དཀའ་སྤྱད་མི་དགོས་ཀྱང། །ཁྱད་མཚན་གྱིས་ནི་ཉན་རང་ལ་སོགས་པ། །གཞན་ལ་ལྡན་པ་རྣམ་བཅད་ཚུལ་གྱིས་མཚོན། །ཁྱད་མཚན་འདི་ཡིས་ཤེས་མཚན་སོ་གཉིས་ནི། །ཉན་རང་སྦྱོར་བ་ལས་ནི་རང་ལྡོག་སྒོས། །ཁྱད་པར་ཞུགས་པར་བསྟན་ཀྱང་གཞི་ཤེས་ཀྱིས། །བཅུ་དྲུག་དེ་ལྟར་མ་བསྟན་དེ་དག་ནི། །ཟིན་བྱེད་དབང་གིས་ནུས་པའམ་རྫས་ཀྱི་ཁྱད། །ཞུགས་ཀྱང་རང་ལྡོག་སྒོ་ནས་འཕགས་མིན་ཕྱིར། །ཁ་ཅིག་སྐབས་གསུམ་པར་བསྟན་ཟིན་དབང་བྱས་ཟེར། །སྒོམ་ལམ་གྱིས་བསྡུས་སྦྱོར་བའི་ཁྱད་མཚན་ནི། །འོག་ཏུ་འཆད་འགྱུར་ཕྱིར་ཞེས་མཁས་གྲུབ་གསུངས། །བར་བ་མཐོང་ལམ་སྨོས་པས་དེ་ཉིད་ཀྱིས། །རྒྱུ་འབྲས་སྦྱོར་སྒོམ་གཉིས་ཀྱང་མཚོན་པར་གསེར་ཕྲེང་གསུངས། །ངོ་བོ་ཉིད་ཀྱང་མཚན་


GTD002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་མོད་ཀྱི། །དང་པོ་གསུམ་ལ་ལྟོས་ནས་ཐ་མ་འདི། །རང་བཞིན་ནམ་མཚོན་བྱར་བཤད་ཅེས་གསེར་ཕྲེང་གསུངས། །མཚན་མཚོན་ཚུལ་ཡང་བྱ་རོག་བབ་པ་ཡི། །ཁང་བཟང་དེ་ཉིད་བྱ་རོག་དེ་བསྟན་ནས། །ཤེས་ལ་མཚོན་པར་བཤད་པ་ཙམ་ཡིན་གྱི། །རྣམ་པར་བཞག་འཇོག་མཚན་མཚོན་དངོས་མིན་ཕྱིར། །སྦྱོར་བར་མ་ཟད་སྦྱོར་བའི་ནུས་པ་ཡང། །མཚོན་བྱར་བཤད་ལ་འགལ་བ་ཡོད་མིན་ཏེ། །ནུས་དང་ནུས་ཅན་ངོ་བོ་གཅིག་ཕྱིར་རོ། །དབྱེ་ན་འདིར་བསྟན་ཤེས་མཚན་སྦྱོར་བའི་དོན། །མཁྱེན་གསུམ་དམིགས་པ་གང་རུང་ལ་དམིགས་ནས། །དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས། །གཙོ་བོར་གྱུར་པའི་འདིར་བསྟན་ཤེར་ཕྱིན་ནོ། །དེ་ལ་གཞི་ལམ་རྣམ་མཁྱེན་སྦྱོར་བ་གསུམ། །དོན་ནི་གཞི་ཤེས་དམིགས་པ་ལྟར་དམིགས་ནས། །དེ་བཞིན་གཤེགས་འབྱུང་ཤེས་སོགས་བཅུ་དྲུག་གི །ཆ་ནས་བཞག་པའི་འདིར་བསྟན་ལམ་ཤེར་ཕྱིན། །དང་པོའོ་དེ་བཞིན་ལམ་ཤེས་ལྟར་དམིགས་ནས། །སྟོང་ཉིད་མཚན་མེད་ཤེས་སོགས་རྣམ་མཁྱེན་ལྟར། །དམིགས་ནས་སངས་རྒྱས་ཉིད་ཀྱི་ཆོས་ཤེས་སོགས། །བཅུ་དྲུག་ཆ་བཞག་འདིར་བསྟན་ལམ་ཤེར་ཕྱིན། །རྣམ་མཁྱེན་སྦྱོར་བའོ་སྦྱོར་དང་ཤེས་མཚན་གཉིས། །འཆོལ་བར་མི་སེམས་སྦྱོར་བར་བྱེད་ལས་སྒོས། །ཤེས་མཚན་ལ་སོགས་མིང་གིས་བསྟན་ཙམ་ལས། །མཚན་ཉིད་སྦྱོར་ལས་གཞན་གྱུར་ཡོད་མིན་ཕྱིར། །མཚོན་བྱ་ལྟ་བུར་མཚོན་ཞེས་གསུངས་ཕྱིར་རོ། །འདིར་བསྟན་གཞི་ཤེས་ཤེས་མཚན་བཅུ་དྲུག་པོ། །གཞི་ཤེས་སྦྱོར་བ་ཡིན་ཀྱང་གཞི་ཤེས་ཀྱི། །ཤེས་མཚན་འཆད་བྱེད་དངོས་བསྟན་མ་ངེས་ཏེ། །འཇིག་རྟེན་འཇིག་མེད་ཅེས་པའི་དངོས་བསྟན་གྱི། །ཟིན་བྱེད་བདེན་མེད་


GTD002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ལམ་གསུངས་ཕྱིར། །རྒྱ་ཆེ་ཞེས་བྱ་སེམས་ཀྱི་གནས་ལུགས་ཏེ། །ཐ་སྙད་ཡོན་ཏན་འགྲུབ་རུང་ཆེན་པོར་མྱུར། །གྲངས་ཀྱིས་གཞལ་བར་མི་ནུས་ཚད་མེད་དང། །སེམས་དེ་དབང་ཤེས་ལ་ནི་བསྟན་མེད་པར། །མ་ཟད་སངས་རྒྱས་སྤྱན་ལྔས་བལྟར་ཡང་མེད། ། ༈ གཡོ་བ་སོགས་ཏེ་འདུ་བཀྲམ་བཅུམ་པ་བཞི། །དེ་ལས་ལུང་མ་བསྟན་ལྟ་བཅུ་བཞི་སྟེ། །སྔོན་མཐར་བརྟེན་པ་འཇིག་རྟེན་རྟག་སོགས་བཞི། །ཕྱི་མཐར་བརྟེན་པ་མཐའ་ལྡན་ལ་སོགས་བཞི། །མྱང་འདས་ལ་བརྟེན་གྲོལ་བདག་གྲོངས་ཕན་ཆད། །འབྱུང་དང་མི་འབྱུང་གཉིས་ཀ་གཉིས་མིན་བཞི། །ལུས་སྲོག་ལ་བརྟེན་རྫས་གཅིག་ཐ་དད་གཉིས། །སྒྲུབ་པ་མི་རུང་དགག་པ་དེར་མི་འོས། །དེ་ཕྱིར་ལུང་མ་བསྟན་པར་རྣམ་བཤད་གསུངས། །རྩ་ཤེས་ཊཱིཀ་ཆེན་གསུངས་ཚུལ་དེ་ལས་གཞན། །གྲོལ་བདག་ལེགས་ལྡན་སངས་རྒྱས་ཉིད་ལ་གསུངས། །གསེར་ཕྲེང་བདག་གམ་སེམས་ཅན་ཙམ་ལ་སྦྱར། །མཐའ་དང་མི་ལྡན་རྟག་དང་གྲོལ་བདག་འབྱུང། །གྲངས་ཅན་ལ་བརྟེན་གཡོ་བའི་ལྟ་བ་གསུམ། །ཟློག་ཕྱོགས་རྒྱང་འཕེན་ལ་བརྟེན་འདུ་བ་གསུམ། །གསེར་ཕྲེང་མཐའ་ལྡན་མཐའ་ནི་ཕྱི་མའི་ཆར། །མཛད་དེ་གྲངས་ཅན་པ་ལ་མཐའ་ལྡན་སྦྱར། །གཅེར་བུ་བ་དག་བུམ་པའི་གནས་སྐབས་ནི། །ཞིག་ཀྱང་རང་བཞིན་མི་འཇིག་སྨྲ་བའི་ཕྱིར། །དགག་སྒྲུབ་ཆ་མཉམ་བཀྲམ་པའི་ལྟ་བ་གསུམ། །གནས་མ་བུར་བརྟེན་ཟློག་ཕྱོགས་བཅུམ་པ་གསུམ། །བདག་འཛིན་མིན་ཡང་ཁྱད་གཞི་བཏགས་བདག་ལ། །བརྟེན་ཕྱིར་ཁྱད་ཆོས་འཛིན་པ་ལོག་ཞུགས་སོ། །རྣམ་མཁྱེན་ཤེས་མཚན་སྟོན་བྱེད་གཞུང་ཚིག་དེར། །དེ་བཞིན་ཉིད་ཀྱི་ཆོས་བརྟེན་ཞེས་གསུངས་སོ། །བརྗོད་དང་


GTD002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཛད་མངོན་སུམ་མཛད་གསུམ་དོན། །ཁ་ཅིག་ཐོས་བསམ་སྒོམ་གསུམ་དབང་བྱས་ཟེར། །ཡང་ན་ཉན་ཐོས་བྱང་སེམས་སངས་རྒྱས་གསུམ། །ཡང་ན་གདུལ་བྱ་སྤྱི་ལ་བརྗོད་མཛད་ཅིང། །སྨིན་པ་རྣམས་ལ་སྒོམ་པས་ཤེས་པར་མཛད། །རྣམ་གྲོལ་གདུལ་བྱས་མངོན་སུམ་མཐོང་མཛད་དོ། །བསམ་མི་ཁྱབ་སོགས་བཅུ་དྲུག་ཅི་རིགས་ཀྱིས། །ཐེག་དམན་ལས་འཕགས་ཆ་བཞག་ལམ་ཤེར་ཕྱིན། །སེམས་དཔའི་ཁྱད་མཚན་སྦྱོར་བའི་མཚན་ཉིད་དོ། །གཞན་ལ་ཕན་བདེ་སྐྱོབ་སོགས་བྱེད་པའི་ཆོས། །བཅུ་གཅིག་ཆ་བཞག་འདིར་བསྟན་ལམ་ཤེར་ཕྱིན། །འདིར་བསྟན་སེམས་དཔའི་བྱེད་མཚན་སྦྱོར་བ་སྟེ། །དང་པོ་དགུ་དང་མཐའ་གཉིས་རིམ་པ་བཞིན། །འགྲེལ་ཆེན་གཉིས་ལས་སྦྱོར་བ་གསུམ་དང་སྦྱར། །འགྲེལ་ཆུང་གཞི་ཤེས་ཙམ་གྱི་ལྡོག་པ་ནས། །གསུམ་ལས་མི་ནུས་ཕྱིར་ན་གོང་གསུམ་སྨོས། །གླིང་ལ་རྣམ་པ་གསུམ་སོགས་གསེར་འཕྲེང་གསལ། །མཚན་གཞིའི་སྦྱོར་བའི་དོན་ནི་ཤེས་ཁྱད་བྱེད། །གསུམ་གྱིས་མཚོན་པས་ལས་སྒྲུབ་ཀྱིས་བསྟན་པའི། །སྦྱོར་བའི་དངོས་ཉིད་སེམས་དཔའི་ཡེ་ཤེས་སོ། །གཞི་ཤེས་སྦྱོར་བཞི་གསུམ་གྱིས་མཚོན་ནམ་དཔྱད། །དགོས་ཏེ་རྩོད་སྤོང་དོན་ཡང་འདི་ཡིན་ནོ། །འདི་བཞིའང་གཞུང་གི་དངོས་བསྟན་ཟིན་བྱེད་གཙོ། །འདིར་བསྟན་མཚན་ཉིད་གོ་གཅིག་ཚོགས་ལམ་ནས། །རྒྱུན་མཐའི་བར་རོ་གཞན་དུ་རྒྱལ་བར་འབྱུང། །༈ ཐར་ཆ་ནས་བཟུང་རྒྱུད་ལ་སྐྱེ་རིམ་ལ། །གྲངས་མེད་གསུམ་གྱི་ཐོག་མ་ངོས་བཟུང་སྟེ། །རྒྱན་གྱི་ཆེད་བྱའི་གདུལ་བྱ་ངོས་འཛིན་དང། །དེ་ནས་སྨིན་བྱེད་ལམ་གྱི་སྐྱེ་རིམ་དང། །མངོན་རྟོགས་ཁྱད་པར་ཅན་གྱི་སྐྱེ་རིམ་གསུམ། །དང་པོ་སྔར་བཤད་མཁྱེན་གསུམ་རྣམ་པ་དང། །མཚན་ཉིད་བཞི་སོགས་བསྒོམས་


GTD002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས་འགའ་ཞིག་ལ། །ཐར་ཆ་གྲངས་མེད་ཚོགས་དང་མཉམ་འབྱུང་སྟེ། །དད་དང་དྲན་པར་མཁས་ཕྱིར་མི་ལྡོག་ཅིང། །བརྩོན་འགྲུས་མཁས་པས་འཇུག་སེམས་བསྐྱེད་ཕྱིར་དང། །ཏིང་འཛིན་ཤེས་རབ་མཁས་ཕྱིར་ལྟ་བ་ཡི། །དཔྱད་པ་རྫོགས་ཕྱིར་རོ་དེ་ལས་དང་པོ་གཉིས། །ཐེག་ཆེན་འཇུག་སྒོའི་སྔོན་འགྲོ་དངོས་གཞི་སྟེ། །དེ་ནས་གསུམ་པས་སྤྱོད་པ་སྤྱི་བསླབ་དང། །ཕར་ཕྱིན་མཐའ་གཉིས་སློབ་ཚུལ་མཐའ་གཉིས་སོ། །མདོ་ཡི་ཚིག་ཟིན་དད་སོགས་ཆུང་འབྲིང་དང། །དབང་པོ་རྟུལ་འབྲིང་ཉན་རང་ལ་ཡིན་ཕྱིར། །བྱང་སེམས་མིང་གིས་བཏགས་ནས་གསུངས་པ་ལས། །བྱང་སེམས་ཉིད་ལ་རིགས་ཅན་གསུམ་འདོད་འཁྲུལ། །ཁ་ཅིག་རྩ་བར་བཤད་པའི་རྣོ་རྟུལ་ཡང། །ཐེག་དམན་ལ་འདོད་མི་རིགས་དེ་གཉིས་ནི། །རྫོགས་བྱང་དོན་དུ་གཉེར་བར་མཚུངས་པ་ལ། །རྣོ་རྟུལ་དབང་གིས་དཀའ་སླ་གསུངས་ཕྱིར་རོ། །ཁ་ཅིག་རྣོ་རྟུལ་གཉིས་སུ་མ་ངེས་ཏེ། །འབྲིང་པོའོ་ཟེར་ཡང་དེ་ནི་རྟུལ་པོས་བསྡུས། །དད་སོགས་ལྔ་ལ་མཁས་པའི་རིགས་གནས་ཀྱི། །ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི། །རང་བཞིན་གྱིས་ནི་དབང་རྣོན་ཆོས་མངོན་རྟོགས། །འདི་ཡི་དངོས་བསྟན་ཐར་པ་ཆ་མཐུན་དོན། །གཞན་ནི་ཐབས་ཤེས་ཉི་ཚེས་ཟིན་པ་དང། །རང་བཞིན་དབང་འབྲིང་དབང་རྟུལ་མངོན་རྟོགས་སོ། །ཐར་པའི་ཆ་ལ་ཕན་ཕྱིར་ཐར་ཆ་སྟེ། །ལུས་རྟེན་སེམས་རྟེན་གཉིས་ནི་སེམས་བསྐྱེད་བཞིན། །རྒྱན་བརྟེན་ཡུལ་ལྔ་གང་རུང་རྟོགས་དགོས་ཀྱི། །ཐེག་ཆེན་རིགས་ཅན་དེ་ནི་བསྟན་བཅོས་འདིའི། །ཆེད་དུ་བྱ་བའི་གདུལ་བྱའི་དོན་གསུངས་ཤིང། །གདམས་དང་རྗེས་བསྟན་གང་རུང་དབང་བྱས་ན། །དེར་གྱུར་འཕགས་པ་ཡོད་


GTD002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་དཔྱད་བྱ་སྟེ། །བདེན་པ་མངོན་སུམ་མཐོང་ཚེ་ལུང་གི་ཆོས། །གཟིངས་དང་འདྲ་ཕྱིར་ཆེད་དུ་མི་བརྟེན་པས། །རྒྱན་ལས་རྟོག་གེར་ཆེད་དུ་བརྟེན་པ་དང། །དམ་བཅའ་གཞན་དུ་འགྱུར་ཕྱིར་མ་ངེས་དང། །ཆོས་ཀུན་ཡུལ་དུ་མི་བྱེད་མ་ཁྱབ་དང། །ཀུན་རྫོབ་ཙམ་ལས་དོན་དམ་མ་མཐོང་དང། །སྤོབས་པ་ཡོངས་སུ་གཏུགས་པའི་སྐྱོ་བ་ཅན། །འདི་ལྔ་སོ་སྐྱེ་ཁོ་ནར་སྦྱར་ཕྱིར་རོ། །བློ་བརྟན་རྟོག་གེའི་གཞུང་ལ་སྦྱར་ཏེ་བཤད། །༈ གཉིས་པ་སྨིན་བྱེད་ལམ་ལ་དངོས་དང་ནི། །མངོན་རྟོགས་གོ་རིམ་ལོག་རྟོག་སྤངས་པ་གཉིས། །མཉམ་གཞག་ཤེས་རབ་སྒོམ་ཚུལ་སྔར་བཤད་ནས། །རྗེས་ཐོབ་བརྩེ་སོགས་ཐབས་ཀྱི་རྟོགས་རིགས་རྣམས། །འདིར་གསུངས་བསྡོམས་པས་སྦྱོར་ལམ་ཡོངས་རྫོགས་འགྱུར། །འདིར་ནི་རྩ་བའི་ཚིག་དང་སྒོ་བསྡུར་ཏེ། །དྲོད་སོགས་སྤྱི་ལ་སྦྱར་ཡང་སྣང་བ་གཉིས། །ཕྱི་སྟེ་མཉམ་བྱམས་གཉིས་དང་ཕན་སོགས་གསུམ། །ཕ་མའི་སེམས་སོགས་ལྔ་དང་དྲོད་གསུམ་སྦྱར། །ཚིག་གསལ་སེམས་མཉམ་ཁོ་ནར་དྲོད་ཆུང་སྦྱར། །སྡིག་ལས་ལྡོག་ཅིང་གཞན་དགོད་བསྔགས་བརྗོད་དང། །སྦྱིན་སོགས་ལ་གནས་གཞན་འགོད་བསྔགས་པ་བརྗོད། །ནང་སྟོང་ཉིད་ལ་གནས་སོགས་རྩེ་མོ་གསུམ། །བདེན་བཞིར་ཤེས་སྤོང་སོགས་བྱེད་གཞན་འགོད་དང། །རྒྱུན་ཞུགས་འབྲས་སོགས་ཤེས་ཀྱང་མངོན་མི་བྱེད། །མཐོང་སོགས་ལ་གནས་གཞན་འགོད་བཟོད་པ་གསུམ། །སེམས་ཅན་སྨིན་དང་མངོན་ཤེས་བསྐྱེད་པ་དང། །རྣམ་མཁྱེན་བསྐྱེད་ཅིང་གཞན་འགོད་ཆོས་མཆོག་གསུམ། །ཁ་ཅིག་རྩ་བར་སེམས་ཅན་དམིགས་པ་དང། །བདེན་ཤེས་རྣམ་པར་གསུངས་ཀྱང་སློབ་དཔོན་གྱིས། །བདེན་


GTD002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དམིགས་པར་བྱས་ཏེ་དམིགས་པ་ཡི། །སེམས་ཅན་ཆད་པའི་ཕྱིར་ན་མི་འཐད་ཟེར། །སློབ་དཔོན་རྩེ་མོ་བཞིན་དུ་གཞན་ལ་ཡང། །སྦྱོར་གསུངས་ཕྱིར་ན་སེམས་ཅན་ཆད་པ་དང། །བདེན་པ་དམིགས་པར་གསུངས་པའི་སྐབས་མེད་དོ། །རྩོད་ཚུལ་འདི་ནི་སྤྱི་ལ་མི་རུང་ངམ་དཔྱད། །རང་ལུགས་གཙོ་བོར་ཐབས་ཆས་ཁྱད་པར་དུ། །བྱས་པའི་སེམས་དཔའི་རྒྱུད་ཀྱི་དོན་མངོན་རྟོགས། །ཐེག་ཆེན་ངེས་འབྱེད་ཆ་མཐུན་དོན་ཡིན་ནོ། །མངོན་རྟོགས་གོ་རིམ་ལོག་རྟོག་སྤོང་ཚུལ་ནི། །ཁ་ཅིག་སྦྱོར་མཐོང་སྒོམ་གསུམ་སྐབས་དྲུག་ཏུ། །གསུངས་ཀྱང་མི་ཟློས་དང་པོ་གསུམ་གྱི་དེ། །བསྒོམ་བྱ་མི་མཚུངས་ཕྱིར་ན་མི་ཟློས་ཤིང། །བཞི་པར་ས་བརྒྱད་ཡེ་ཤེས་ཆེ་ཆུང་གསུམ། །ལྔ་པར་དགུ་དང་བཅུ་པའི་སྟོད་ཆ་དང། །དྲུག་པར་བཅུ་པའི་སྨད་ཆར་སྦྱོར་མཐོང་སོགས། །མིང་གིས་བཏགས་པའི་ཕྱིར་ན་མི་ཟློས་སོ། །ཕྱི་མ་འདི་ལ་ཡིག་ཆར་སྟོད་ཆ་གསུངས། །དེ་དག་དེ་ཡི་རྒྱུ་མཚན་རྩ་བ་ལས། །བག་ལ་ཉལ་ཀུན་འཇོམས་ཞེས་གསུངས་ཕྱིར་དང། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཡོངས་རྫོགས་པར། །གསུངས་ཕྱིར་ཞེ་ན་མཚུངས་ཏེ་སྐབས་དང་པོར། །སྦྱོར་ལམ་སྐབས་སུ་དག་པ་ལྔ་གསུངས་དང། །དཔའ་བར་འགྲོ་དང་རློམ་ཟད་གསུངས་ཕྱིར་རོ། །དེ་དག་མོས་སྒོམ་ཙམ་དང་རྒྱུར་གནས་ལ། །འདོད་ན་ཁྱོད་ཀྱིས་དེ་ཡང་དེ་དང་འདྲ། །དེ་ཕྱིར་རྐྱང་པའི་དབང་བྱས་མི་རིགས་ཏེ། །ཕྱིར་མི་ལྡོག་རྟགས་རྫོགས་རྗེས་སློབ་པའི་ཆོས། །བཤད་ཟིན་ད་ནི་མི་སློབ་དགེ་འདུན་ཞེས། །གཉིས་སུ་ཕྱེ་ཕྱིར་ས་བརྒྱད་གཅིག་པུར་འགལ། །སྡུད་འགྲེལ་སློབ་དཔོན་སྔ་མའི་ཕྱོགས་བཟུང་སྟེ། །གསུངས་ཀྱང་རང་ལུགས་ཁུག་པའི་དབང་བྱེད་


GTD002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ། །འགྲེལ་ཆེན་བཞིན་ནོ་དེ་ཡང་སྐབས་དྲུག་ལས། །དང་པོ་གསུམ་ནི་བླང་བྱའི་དབང་བྱས་ཤིང། །གཞན་གསུམ་ཉམས་སུ་ལེན་བྱེད་དབང་བྱས་ལ། །ནང་གསེས་ཀྱི་ཡང་མི་འདྲ་སྦྱོར་བ་གསུམ། །རིམ་པས་རེ་རེ་ཙམ་ཞིག་བསྒོམ་སྙམ་པའི། །ལོག་རྟོག་བསལ་ནས་མཉམ་དུ་འཇུག་ཕྱིར་རོ། །༈ གསུམ་པ་མངོན་རྟོགས་གོང་མ་སྐྱེ་རིམ་ལ། །སྦྱོར་མཐོང་སྒོམ་གྱི་ཕྱིར་མི་ལྡོག་རྟགས་དང། །སྐུ་གསུམ་འགྲུབ་བྱེད་ལམ་གསུམ་བཤད་པ་གཉིས། །ཁ་ཅིག་རྟགས་ནི་ལུས་ངག་མཚན་མ་ཟེར། །དེར་གྱུར་བདེན་ཞེན་མངོན་གྱུར་ལོག་ཆ་དང། །ཐེ་ཚོམ་མི་ཁོམ་ཟད་ཆ་བྱམས་ཡིད་སོགས། །ལུས་ངག་མཚན་མ་མིན་ཕྱིར་མི་འཐད་དོ། །གཞན་དག་རྟགས་ནི་གཞན་གྱིས་དཔོག་པའི་དུས། །ཁོ་ནར་བསམས་ཏེ་སྦྱོར་ལམ་ཐོབ་མ་ཐག །མེད་ཅེས་སྨྲ་བ་དག་ཀྱང་འདིས་ཁེགས་སོ། །ཁ་ཅིག་རྟགས་འདི་འབྲས་རྟགས་ཁོ་ན་དང། །ལ་ལ་རང་བཞིན་རྟགས་འདོད་གཞན་དག་ནི། །གཏན་ཚིགས་སྒོ་ནས་དཔོག་པ་མེད་ཅེས་ཟེར། །གསུམ་ག་མི་འཐད་མདོ་ལས་འབྲས་རང་གཉིས། །ཅི་རིགས་སྒོ་ནས་རྟོགས་པ་གསུངས་ཕྱིར་རོ། །གཡོ་ཅན་སེམས་དང་ལུས་ངག་མི་མཐུན་ཀྱང། །ལུས་ངག་སྒོ་ནས་དཔོག་པ་མི་འགལ་ཏེ། །དམ་པ་རྣམས་ནི་དགོས་དབང་མ་གཏོགས་པ། །ནང་གི་སེམས་དང་སྤྱོད་པ་མཐུན་ཕྱིར་རོ། །ཁ་ཅིག་གཟུགས་ལས་ལྡོག་སོགས་རྟགས་ཞེ་བཞི། །གང་རུང་ཐོབ་པའི་སེམས་དཔའ་ཕྱིར་མི་ལྡོག །དགེ་འདུན་དོན་དུ་འདོད་པ་རྒྱལ་བས་ཁེགས། །སློབ་པའི་དབང་བྱས་ན་ཡང་མཐོང་ལམ་པ། །དབང་རྟུལ་དེ་ཡིས་རྟགས་རྣམས་མ་ཐོབ་ཀྱང། །སློབ་དང་ཕྱིར་མི་ལྡོག་གཉིས་ཡིན་ཕྱིར་འགལ། །རོང་སྟོན་མ་དག་ས་ལ་སྦྱོར་བའི་སྒོས། །ཕྱིར་མི་ལྡོག་རྟགས་ཐོབ་ཀྱང་བསམ་


GTD002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པས་མིན། །རང་ཙམ་དོན་དུ་ཐར་པ་འདོད་ཕྱིར་ཏེ། །ལུང་ལས་ཇི་སྲིད་ས་བརྒྱད་མ་ཐོབ་པ། །དེ་སྲིད་ཐེག་པ་དམན་པས་འཇིགས་གསུངས་ཕྱིར། །ཞེས་ཟེར་སེམས་བསྐྱེད་ཉམས་པའི་བྱང་འཕགས་མཚར། །ལུང་འདི་རྒྱུད་བླ་དང་ནི་ལང་གཤེགས་ཞེས། །མང་པོ་འཁྲུལ་ཡང་རྡོ་རྗེ་རྩེ་མོའི་ཡིན། ། ༈ རང་ལུགས་བསམ་སྦྱོར་གཉིས་སྒོས་གཟུགས་སོགས་ལ། །བདེན་ཞེན་མངོན་གྱུར་ལྡོག་སོགས་རྟགས་ཞེ་བཞི། །གང་རུང་ཐོབ་པའི་སེམས་དཔའ་ཕྱིར་མི་ལྡོག །རྟགས་ཐོབ་བྱང་ཆུབ་སེམས་དཔའི་དོན་དུ་འདོད། །སྦྱོར་མཐོང་སྒོམ་ལ་ཉི་ཤུ་བཅུ་དྲུག་བརྒྱད། །སྦྱོར་ལམ་བཞིར་ཡང་བཅུ་གཅིག་དྲུག་གཉིས་གཅིག །མཐོང་ལམ་སྐད་ཅིག་བཅུ་དྲུག་གསུངས་པ་ནི། །ཤེས་བཟོད་བཅུ་དྲུག་ལག་རྗེས་ལུས་ངག་གི །བྱ་བར་རྒྱུ་ཡི་མིང་གིས་བཏགས་པ་འོ། །རེ་རེར་རྣམ་པ་རྟགས་དང་མཚན་མ་གསུམ། །དེ་ཡི་ཁྱད་པར་འགྲེལ་ཆེན་གཉིས་ལ་ལྟོས། །མཐོང་ལམ་ལས་འཕྲོས་དབང་པོ་ཉེར་གཉིས་ལ། །ཀུན་བཏུས་བསྡུ་བ་མཛོད་ཀྱི་བཤད་ཚུལ་མང། །སྒོམ་ལམ་ཁྱད་ཆོས་ངོ་བོ་དབྱེ་བ་གསུམ། །དབྱེ་བ་ལས་འཕྲོས་གྲངས་དང་བྱེད་པ་ལ། །རྩོད་པ་སྤོང་ཚུལ་གཉིས་སོ་དང་པོ་ནི། །གྲངས་མེད་ལ་སོགས་བསྟན་པ་ཞེས་སོགས་གསུངས། །འདི་ཡི་བདེན་པ་དབུ་མ་རང་ལུགས་ཀྱི། །བདེན་པ་གཉིས་ལ་འགྲེ་སོགས་འདོད་ཀྱང་མིན། །རྫས་སམ་དངོས་པོ་རང་མཚན་དོན་དམ་དང། །ལྡོག་པ་སྤྱི་མཚན་ཀུན་རྫོབ་བདེན་པ་སྟེ། །དངོས་པོ་གཅིག་ཀྱང་ལྡོག་པ་ཐ་དད་ཕྱིར། །བྱེད་པར་དོན་དམ་ཐ་སྙད་ལ་ལྟོས་པའི། །རྩོད་པ་གཉིས་སོ་བྲི་འཕེལ་དོན་དམ་པར། །མེད་པར་ཐལ་བ་འདོད་པ་


GTD002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་དང། །ཐ་སྙད་དུ་ནི་རེ་རེ་བ་སོགས་ཀྱི། །མིན་ཡང་མ་ངེས་རྟེན་འབྲེལ་ཚོགས་པས་སོ། །ཆོས་སྐུ་འགྲུབ་བྱེད་སྲིད་ཞི་མཉམ་ཉིད་སྦྱོར། །ངོ་བོ་རྗེས་ཐོབ་སོགས་ཀྱི་སྐབས་སུ་ཡང། །བདེན་འཛིན་མངོན་གྱུར་སྐྱེ་བའི་སྐབས་བཅོམ་པའི། །ཆ་ནས་བཞག་པའི་དག་སའི་ཡེ་ཤེས་སོ། །ཁ་ཅིག་སྟོང་ཉིད་རྟོགས་པ་ཁོ་ནར་འདོད། །དག་སའི་བདག་མེད་ཕྲ་རགས་གསུམ་རྟོགས་པའི། །ཡེ་ཤེས་གསུམ་ཡང་ཤེས་རབ་ཆ་ཡིན་ཞིང། །ཆོས་སྐུའི་ལག་རྗེས་གཙོ་བོར་འཇོག་བྱེད་ཕྱིར། །འདིར་གསུངས་རྟགས་འདིས་ཤེས་རབ་ཆ་ཀུན་འགྲུབ། །གསེར་འཕྲེང་ཚོགས་ལམ་ལ་ཡང་སྦྱོར་བ་གསུམ། །སྒོམ་ཚུལ་གསུངས་པར་འཁྲུལ་ནས་ཐོབ་བོ་ཞེས། །ཁ་ཅིག་འདོད་ཀྱང་མི་འཐད་རྗེས་ཀྱི་ཚེ། །བདེན་འཛིན་མངོན་གྱུར་གོ་སྐབས་མ་བཅོམ་ཕྱིར། །རྩོད་ཚུལ་འདི་དག་ཁ་ཅིག་དབུ་སེམས་དང། །ཁ་ཅིག་ཐལ་རང་ཁོ་ནའི་རྩོད་ཚུལ་ཟེར། །ལ་ལ་དེ་གཉིས་མི་འཐད་འདི་དག་ནི། །མདོ་ལས་དངོས་བསྟན་རྩོད་པ་ཡིན་ཕྱིར་ཟེར། །གསུམ་ག་མི་འཐད་འདི་ལ་དོན་སྨྲ་དང། །སེམས་ཙམ་རང་རྒྱུད་པ་ཡིས་རྩོད་ཚུལ་ཏེ། །ཐལ་རང་སེམས་ཙམ་གསུམ་གྱིས་ལན་རེ་ཡང། །ཡོད་པའི་ཕྱིར་ཏེ་གྲུབ་མཐའ་རང་རང་གི །བདེན་གཉིས་འཇོག་མཚམས་ཕྲ་རགས་མི་མཚུངས་ཕྱིར། །མདོར་གསུངས་གྲུབ་མཐའི་རྩོད་ཚུལ་མིན་དགོས་ན། །གྲུབ་མཐའི་རྩོད་ཚུལ་མདོ་དོན་མིན་པར་འགྱུར། །ཁ་ཅིག་གཞན་གསོད་རྨིས་པ་མངོན་ཞེན་གྱིས། །བསད་པས་སྲོག་གཅོད་ལས་ལམ་རྫོགས་པར་སྨྲ། །རྨི་ལམ་མི་ལ་སེམས་མེད་ཕྱིར་ན་དེ། །མི་འཐད་ཕ་མ་བསད་པར་ཐལ་བར་འགྱུར། །དེ་ཕྱིར་ཕྱི་ནས་ལས་ལམ་རྫོགས་གསུངས་པ། །གནོད་སེམས་བྱས་བསགས་ཚང་བ་ཡིན་ནམ་དཔྱད། །རོང་སྟོན་དེར་སྡིག་


GTD002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གསོག་ན་ཕམ་པ་ཡང། །འབྱུང་ཞེས་རྩོད་དེ་བཅས་དབང་མ་དགོངས་སོ། །འདི་ལས་འཕྲོས་ཏེ་མདོར་གསུངས་ཀླན་ཀ་ནི། །ལས་མེད་ལས་འབྲས་དོན་དམ་ཐལ་བ་དང། །ལུང་འགལ་རྨི་ལམ་ལས་གསོག་ཐལ་བ་བཞི། །ཉིན་ཡང་ལས་མེད་ཀླན་ཀ་དང་པོ་འོ། །དོན་དམ་དུ་འདོད་ཀུན་རྫོབ་ཏུ་ན་དཔེ། །མ་གྲུབ་ཞེན་པས་གསོས་ན་བྲི་འཕེལ་ཕྱིར། །འོ་ན་རྨི་ལམ་ལས་ཀྱང་བྲི་འཕེལ་དུ། །འགྱུར་ཕྱིར་དོན་དམ་ཐལ་བ་གཉིས་པ་འོ། །ལས་ནི་དམིགས་བཅས་སྐྱེ་ཕྱིར་མངོན་ཞེན་གྱིས། །འཕེལ་བ་བདེན་ཕྱིར་མ་ཡིན་རྫུན་ཕྱིར་མིན། །གཉིས་པར་བརྒྱད་སྟོང་བདེ་གཤེགས་ལས་གསོག་འཕངས། །དམིགས་བཅས་སྐྱེ་ན་མདོ་ལས་ཆོས་རྣམས་ཀུན། །དབེན་གསུངས་ལུང་འགལ་ཀླན་ཀ་གསུམ་པ་འོ། །དབེན་པ་དོན་དམ་སྐྱེ་བ་རྫུན་ཕྱིར་རུང། །རྨི་ལམ་ལས་ལམ་རྫོགས་འགྱུར་བཞི་པ་སྟེ། །རབ་འབྱོར་མ་འོངས་རྒྱལ་འབྱུང་དོན་ཡོད་ཕྱིར། །བྱམས་པར་ཁ་འཕངས་དེས་ཀྱང་ཀླན་ཀ་ཡི། །འཁོར་གསུམ་མི་དམིགས་གསུངས་ཏེ་དོན་གྱི་ལན། །དེ་ནས་ལོངས་སྤྲུལ་འགྲུབ་བྱེད་ཞིང་དག་དང། །ཐབས་མཁས་གཙོར་བསྟན་ཀུན་ཀྱང་ཚོགས་གཉིས་འབྲས། །ཁྱད་པར་ཐབས་མཁས་འབྲས་བུ་བདུད་ལས་རྒྱལ། །བདུད་ཀྱང་བཞི་སྟེ་གང་ཞིག་འཆི་བ་ནི། །ཉེ་བར་ལེན་པའི་ཕུང་པོ་ཕྲ་རགས་དང། །གང་གིས་འཆི་བ་ཉོན་མོངས་བག་ཆགས་བཅས། །འཆི་བའི་ངོ་བོ་ཕྲ་རགས་འཆི་བདག་བདུད། །དེ་ལས་འདའ་བའི་བར་གཅོད་འདོད་ལྷ་དང། །དེ་ཡི་བྱེད་པ་ཅི་རིགས་ལྷའི་བུའི་བདུད། །ཁ་ཅིག་བདུད་བཞི་རྒྱུན་ཆད་མི་རིགས་ཏེ། །འདོད་ལྷ་དེ་ནི་སངས་རྒྱས་འགྱུར་ཕྱིར་ཟེར། །མ་ཁྱབ་ངན་འགྲོ་རྒྱུན་ཆད་གསུངས་


GTD002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །བདུད་བཞི་རགས་པ་ཙམ་ལས་འདའ་ཚུལ་ནི། །ཐེག་དམན་ལྷག་མེད་ཚེ་དང་དགྲ་བཅོམ་ཚེ། །གཉིས་ལས་རྣམ་གྲོལ་ཚེ་དང་མཐོང་ལམ་ཚེ། །རིམ་བཞིན་ཕྱི་མ་ཐེག་ཆེན་སྦྱོར་ལམ་དུས། །གཞན་གསུམ་ས་བརྒྱད་ཚེ་འོ་ཁ་ཅིག་གིས། །རགས་པ་མི་སྦྱོར་ཐེག་དམན་གང་ཟག་བཞིར། །སྔར་བཞིན་བཤད་པ་མི་རིགས་བདུད་བཞིའི་གཡུལ། །གཅིག་ཅར་བཅོམ་དང་ལྷུན་གྲུབ་འཕྲིན་ལས་ཀྱི། །གཏེར་མངའ་སྐུ་གསུམ་མངོན་གྱུར་དུས་མཉམ་ཕྱིར། །ཚུལ་འདིར་འབད་པ་ལས་བྱུང་ལེགས་བྱས་མཐུས། །ཐོས་པའི་རྗེས་འཇུག་སྒྲུབ་པ་མཐར་ཕྱིན་ཅིང། །ཁྱད་པར་བྱམས་མགོན་ཉིན་བྱེད་ཤར་བའི་ཚེ། །གསུང་གི་བདུད་རྩིའི་རོ་ཡིས་ཚིམ་པར་ཤོག ། ༈ ཤེས་བྱའི་འཁོར་ལོ་ཡངས་པའི་འཆི་མེད་ལམ། །བགྲོད་པའི་མཁྱེན་དཔྱོད་ཟླ་ཤེལ་འཛུམ་རླབས་ཅན། །ལེགས་བཤད་ག་བུར་ཐིགས་པ་འབུམ་གཡོ་བ། །དཔལ་ལྡན་བླ་མ་སྙིང་གི་མུན་སེལ་རྒྱལ། །སྐབས་བཞི་པའི་ཚིག་དོན་ཀུན་ཚང་ཞིང། དཀའ་གནད་རྣམས་གསལ་བར་ཕྱེ་སྟེ་མདོར་བསྡུས་པ་འདི་ལྟ་བུ་ཞིག་དགོས་ཞེས་གསོལ་བ་ཡང་ཡང་བཏབ་པ་བཞིན། ༸རྗེ་བླ་མ་མཚན་བརྗོད་པར་དཀའ་བ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་ཉིད་དགུང་ལོ་ཉེར་ལྔ་བཞེས་པ་མེ་རྟའི་ལོར་ལྷ་ལྡན་མཚན་བཏགས་གནང་ནས་མདོ་སྨད་དུ་ཕེབས་ཁར་ཕེབས་རྒྱུའི་གྲ་སྒྲིག་དང། དོན་གཉེར་བ་གྲངས་མེད་པ་ལ་འདོད་ཆོས་མང་པོ་གནང་དགོས་པས་བྲེལ་བ་ཤིན་ཏུ་ཆེ་སྟབས་ཕྱག་དཔེ་ལ་གསར་དུ་གཟིགས་ལོང་མ་བྱུང་ཡང་འཕྲལ་དུ་ཐུགས་ལ་གང་བཞུགས་རྣམས་སྒོ་མང་བླ་མ་སངས་རྒྱས་རྡོ་རྗེའི་སྐུ་སྐྱེ་གྲགས་པ་རྒྱལ་མཚན་བདག་ལ་དཔལ་ལྡན་འབྲས་སྤུངས་ཆོས་སྡེ་ཆེན་པོར་འཛིན་ཆོས་སུ་བརྩེ་བས་རྗེས་སུ་གནང་བ་ཡིན་ནོ། །རྒྱལ་བསྟན་སྤྱི་


GTD002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇམ་མགོན་བཤད་སྒྲུབ་བསྟན། །འཕེལ་རྒྱས་འགྲོ་ལ་བདེ་སྐྱིད་འབྱུང་བའི་སླད། །དགའ་བ་བརྒྱ་ལྡན་ཕོ་བྲང་གན་མཛོད་ནས། །ཆོས་སྦྱིན་འཛད་མེད་གངྒའི་རྒྱུན་འདི་སྤེལ། །སརྦ་མངྒ་ལཾ།། །།


previousཕར་ཕྱིན་སྐབས་བཞི་པའི་བསྡུས་དོན།next