མཎྜལ་ཁྲིད་ཡིག་དཔག་བསམ་སྙེ་མ།
མཎྜལ་གྱི་ཁྲིད་ཡིག་དཔག་བསམ་སྙེ་མ་ཞེས་བྱ་བ་བཞུགས་སོ། །
གང་ལ་བརྟེན་ན་སྲིད་དང་ཞི་བ་ཡི། །ལེགས་ཚོགས་འབྲས་བུ་མ་ལུས་འབྱུང་བའི་ཞིང༌། །བླ་མ་ཡི་དམ་རིན་ཆེན་རྣམ་གསུམ་ལ། །སྙིང་ནས་འདུད་དོ་དངོས་གྲུབ་མཆོག་སྦྱིན་མཛོད། །ཡོན་ཏན་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཡི། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་སྤྱན་སྔ་རུ། །དབང་ཆེན་དཀྱིལ་འཁོར་མཁོ་དགུའི་ལོངས་སྤྱོད་བཅས། །མཆོད་པའི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བའི་ཚུལ། །མདོ་རྒྱུད་མན་ངག་གངས་རི་ལས་འོངས་ཤིང༌། །དྲི་མེད་ལུང་དང་རིགས་པའི་རླབས་འཕྲེང་ཅན། །བསོད་ནམས་གསེར་གྱི་བྱེ་མ་འབབ་པའི་ཀླུང༌། །བྱང་ཆེན་རྒྱ་མཚོའི་ངོགས་སུ་འདྲེན་ལ་སྤྲོ། །འཇིག་རྟེན་མུ་མཐའ་ཡས་པའི་ཆགས་ཚུལ་ཤེས། །སྲིད་འབྱོར་སྙིང་པོ་མེད་པའི་ངང་ཚུལ་རིག །བསོད་ནམས་ཚོགས་ཆེན་སྒྲུབ་པའི་ཚུལ་རྟོགས་པའི། །བློ་ལྡན་སྐལ་
བཟང་དེ་དག་འདིར་ཞུགས་ཤིག །དེའང་བླ་མ་གོང་མ་རྣམས་གདམས་པ་ཟབ་མོ་ཕལ་ཆེར་ཉམས་སུ་ལེན་པའི་སྔོན་འགྲོ་ལ། བསྟན་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང༌། ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ཕྱོགས་གཅིག་ཏུ་བསྡོམས་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད། སྡིག་པ་སྦྱོང་བ་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད། ཚོགས་གསོག་པ་མཎྜལ་གྱི་ཁྲིད། བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་བཞི་ལ་སྔོན་འགྲོ་ཁྲིད་ཆེན་བཞིའམ། སྔོན་འགྲོ་འབྲེལ་བ་ཅན་བཞིར་གྲགས་པ་ལས། འདིར་མཎྜལ་གྱི་རྣམ་གཞག་བཤད་པ་ལ། ངེས་པ་བསྐྱེད་པའི་ཕྱིར་སྤྱི་དོན་གྱི་སྒོ་ནས་གཏན་ལ་དབབ་པ་དང༌། དེ་ཉིད་ལག་ཏུ་ལེན་པའི་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་གསུམ། གང་ལས་གསུངས་པའི་ཁུངས་དགོད་
པ། མཎྜལ་གྱི་ངོ་བོ། དེའི་དབྱེ་བ་སོ་སོར་བཤད་པའོ། །དང་པོ་ནི་དཀོན་མཆོག་སྤྲིན་ལས། མེ་ཏོག་གི་རྣམ་པའམ། འབྲས་བུའི་རྣམ་པའམ། དཔག་བསམ་གྱི་ཤིང་ང་ཡིར་བྱ་བ་མེད་པ། ཡོངས་སུ་གཟུང་བ་མེད་པ་དེ་དག་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དབུལ་ལོ། །ཞེས་དང༌། བཟང་པོ་སྤྱོད་པར། མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །ཞེས་སོགས་དང༌། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་ལས། རིན་པོ་ཆེའི་རི་རྣམས་དང༌། ཐང་ལས་སྐྱེས་པའི་རིན་པོ་ཆེ་ལ་སོགས་པ་ཕྱོགས་བཅུ་ན་རྣམ་པར་གནས་པ་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་རྣམས་དབུལ་ལོ། །ཆུ་ཐམས་ཅད་དང་ཁ་ན་མ་ཐོ་བ་མེད་པའི་ཆུའི་དཀྱིལ་འཁོར་ཐམས་ཅད་དང༌། གསེར་གྱི་དཀྱིལ་འཁོར་ཐམས་ཅད་དང༌། འཇིག་རྟེན་གྱི་ཁམས་ཆགས་པ་རྣམས་ན་རོ་དང་རེག་པ་མཆོག་ཏུ་ཕུན་སུམ་ཚོགས་པའི་ས་ཞག་དང༌། བདུད་རྩིའི་མྱུ་གུ་དང༌། མ་རྨོས་མ་བཏབ་པའི་འབྲས་ས་ལུ་དང༌། བྱང་གི་སྒྲ་མི་སྙན་གྱི་གླིང་དང༌། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་ན་ཡོད་པ་མཆོག་ཏུ་ཉམས་དགའ་བའི་ལོངས་སྤྱོད་རྣམས་དབུལ་ལོ། །ཞེས་དང༌། གསལ་རྒྱལ་ལ་གདམས་པ་ལས། རང་གཞན་གྱི་དགེ་ཚོགས་ལ་རྗེས་སུ་ཡི་རང་བྱས་ཏེ་སངས་རྒྱས་རྣམས་ལ་ཕུལ་ནས་གཞན་དོན་དུ་
བསྔོ་བར་གསུངས་པས་མཚོན་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕུལ་ནས་སེམས་ཅན་ཀུན་གྱི་ཉེར་འཚོའི་རྒྱུར་བསྔོ་བ་བསླབ་བཏུས་ཀྱི་བཏང་བསྲུང་དག་སྤེལ་བཞིས་བསྡུས་པའི་བྱང་ཆུབ་སེམས་དཔའི་ཐབས་མཁས་ཀྱི་སྤྱོད་པ་རླབས་པོ་ཆེ་སྟོན་པ་ཕལ་ཆེར་མཎྜལ་གྱི་ཁུངས་སུ་འགྲོ་ལ། ཁྱད་པར་དུ་དཀྱིལ་འཁོར་ཆེན་པོའི་མདོ་ལས། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། །ཞེས་པ་ནས། ཕ་རོལ་ཕྱིན་དྲུག་འདི་རྣམས་ཉིད། །ཐུབ་པའི་མཎྜལ་བྱས་པས་ཐོབ། །ཅེས་སོགས་མཎྜལ་འབུལ་ཚུལ་གྱི་ཕྱག་ལེན་སྟོན་པའི་ཁུངས་ཡིན་ལ། གཙོ་བོར་ཚོམ་བུའི་གྲངས་ལ་སོགས་པ་ཆ་ཚང་བར་སྟོན་པའི་ཁུངས་མཐར་ཐུག་པ་ནི། འདུས་པའི་རྩ་རྒྱུད་ལེའུ་བརྒྱད་པ་ལས། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ལ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་པ་འདི་ཡིན་ཏེ། ཞིང་འདི་ཞེས་པ་ཡུལ་ཕྱོགས་རེ་རེ་ཙམ་ལ་ཟེར་བ་མིན་གྱི། བདག་ཅག་གི་སྟོན་པ་ལྟ་བུ་རྒྱུད་གཅིག་པའི་མཆོག་གི་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་དུས་མཉམ་དུ་བྱུང་བའི་ནང་ནས་མ་མཐའ་མཆོག་གི་སྤྲུལ་སྐུ་གཅིག་གི་འདུལ་ཞིང་དུ་གྱུར་པ་སྟེ། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང༌། །རི་རབ་དང་ནི་འདོད་ལྷ་དང༌། །ཞེས་པ་ལྟར།
རིའི་རྒྱལ་པོ་རི་རབ་རྩེ་མོར་རྣམ་པར་རྒྱལ་བའི་ཁང་བཟང་དང་བཅས། མཐའ་སྐོར་དུ་གླིང་བཞི་གླིང་ཕྲན་བརྒྱད་ཉི་ཟླ་ཟུང་གཅིག་དང་བཅས་པའི་ཚོམ་བུ་བཅོ་ལྔ་བསྟན། རིན་ཆེན་སྣ་བདུན་ཞེས་པས་རྒྱལ་སྲིད་རིན་ཆེན་སྣ་བདུན་བསྟན་ལ། སྒྲོན་གསལ་ལས། པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་དང༌། བཻ་ཌཱུརྱ་དང༌། མརྒད་དང༌། རྡོ་རྗེ་དང༌། མུ་ཏིག་དང༌། བྱུ་རུ་ཞེས་བྱ་བ་རིན་ཆེན་སྣ་བདུན་གྱིས་ཡོངས་སུ་བཀང་བ། ཞེས་རིན་ཆེན་བདུན་འདྲེན་ཚུལ་ཟུར་པ་ཞིག་ཀྱང་བཀོད་པ་ནི་མདོ་གཞན་ནས་འབྱུང་བའི་བཤད་པའི་རྣམ་གྲངས་ཡིན་ལ། གཙོ་བོར་རིན་པོ་ཆེའི་རིགས་སོགས་མཁོ་དགུའི་ལོངས་སྤྱོད་ཐམས་ཅད་འབྱུང་བའི་གཏེར་ཆེན་པོ་བསྟན་པ་ཡིན་པས། སྔ་མའི་སྟེང་དུ་བསྣན་པས་བརྒྱད་དེ་ཚོམ་བུ་ཉེར་གསུམ་མ་འདི་ནི་པཎ་ཆེན་ནཱ་རོ་པ་དང་སློབ་དཔོན་ཨ་བྷྱཱ་ཀ་ར་སོགས་རྒྱ་གར་གྲུབ་ཆེན་མང་པོའི་ཕྱག་བཞེས་ཡིན། རྗེ་བདག་ཉིད་ཆེན་པོ་ནས་བཟུང་དབེན་ས་པ་ཡབ་སྲས་ཀྱང་སྙན་བརྒྱུད་ཀྱི་གདམས་པ་མང་པོ་རྣམས་ལ་བཤད་སྒྲུབ་བྱེད་པའི་ཚེ་མཎྜལ་ཉེར་གསུམ་མ་སྔགས་དང་བཅས་པ་འདི་ཉིད་གཙོ་བོར་མཛད་དོ། །མཁས་པ་དག་གིས་ཡོངས་བཀང་ཞེས་པ་མཁས་པའི་དོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་མཁས་ཞེས་གསུངས་ཤིང༌། འོག་ཏུ། བསམ་གཏན་གྱིས་ཀྱང་ཐམས་ཅད་བསྐྱེད་པར་བྱའོ། །ཞེས་གསུངས་པ་གུང་བསྒྲིགས་ན་རྒྱལ་སྲིད་བདུན་སོགས་དངོས་སུ་ཡོད་པའང་དོན་དམ་པར་མ་གྲུབ་ཅིང༌། ཡིད་ཀྱིས་སྤྲུལ་བས་ཀྱང་ཚོགས་རྫོགས་པ་སོགས་ཀྱི་བྱ་བར་བསྙོན་མེད་དུ་ནུས་པས། སྣང་སྟོང་སྔ་མའི་
ཚུལ་གྱིས་མཆོད་པའི་ཚོགས་རབ་འབྱམས་སྤྲོ་མཁས་པ་ལ་བྱའོ། །དངོས་གྲུབ་འདོད་པས་སྦྱིན་པའི་ཕྱིར། །ཞེས་པ་དངོས་གྲུབ་འདོད་པ་ཙམ་གྱིས་མི་ཆོག་གི །བླ་མ་ལྔ་བཅུ་པ་ལས། དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བ། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་དངོས་གྲུབ་འབྱུང་མི་འབྱུང་བླ་མ་བསྟེན་ཚུལ་ལེགས་ཉེས་ཀྱི་རྗེས་སུ་འགྲོ་ལྡོག་མི་འཁྲུལ་ཞིང༌། ཁྱད་པར་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པ་བླ་མ་ཁོ་ན་ལ་ལྟོས་པས། རྒྱུད་དང་གྲུབ་ཆེན་མང་པོའི་གཞུང་དུ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུ་ཞེས་མཐུན་པར་གསུངས་ལ། སྒྲོན་གསལ་ལས་ཀྱང༌། དེའི་མན་ངག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་འདོད་པས། ཞེས་གསུངས་སོ། །ཤེས་རབ་ཅན་ཞེས་པ། སྤྱིར་ཤེས་རབ་ལ་དབྱེ་སྒོ་མང་ཡང་གཙོ་བོ་ཇི་ལྟ་བ་རྟོགས་པའི་ཤེས་རབ། ཇི་སྙེད་པ་རྟོགས་པའི་ཤེས་རབ་གཉིས་སུ་འདུས་པས། ཡུལ་ལ་སྦྱར་ན་ཇི་ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་བླ་མ་ཆོས་སྐུའི་རང་བཞིན་དུ་མཐོང༌། ཇི་སྙེད་པ་རྟོགས་པའི་ཤེས་རབ་ཀྱིས་བླ་མ་སྲིད་ཞིའི་རྒུད་པ་མཐའ་དག་ལས་སྐྱོབ་པའི་སྐྱབས་གནས་གཅིག་པུར་མཐོང༌། མཆོད་པ་ལ་སྦྱར་ན་ཇི་ལྟ་བ་རྟོགས་པའི་ཤེས་རབ་ཀྱིས་མཆོད་པའི་འཁོར་གསུམ་བདེན་མེད་དུ་རྟོགས། ཇི་སྙེད་པ་རྟོགས་པའི་ཤེས་རབ་ཀྱིས་མཆོད་པའི་ཕན་ཡོན་དང་མཐའ་ཡས་པར་སྤྲོ་ཚུལ་སོགས་ཤེས་པར་བྱེད་དོ། །མཎྜལ་འབུལ་བའི་ཡུལ་ལ་སྐྱབས་གནས་མཐའ་དག་ཡོད་ཀྱང༌། གཙོ་བོའི་དབང་དུ་བྱས་ན་
བླ་མ་ལ་ཐུན་མོང་མ་ཡིན་པའི་མཆོད་པར་བྱེད་དགོས་ཏེ། དཔེར་ན་རྒྱལ་པོ་སྤྱན་དྲངས་པའི་ཚེ་གཙོ་འཁོར་ཐམས་ཅད་ལ་ཡོན་དང་འཚོ་བ་སྟོབ་དགོས་ཀྱང༌། སྙིང་ནོར་གཅེས་ཤོས་དེ་རྒྱལ་པོ་རང་ལ་ཕུལ་ནས་དགོས་དོན་གྱི་གཙོ་བོ་ཞུ་དགོས་པ་ལྟར། ཚེ་གཅིག་ཉིད་ལ་མཆོག་འགྲུབ་པ་བླ་མ་ཁོ་ན་ལ་ལྟོས་པས་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་མཎྜལ་དུ་སྤུངས་ནས་འབུལ་ཡུལ་བླ་མ་ལ་བྱེད་དགོས་སོ། །འདི་ལ་དགོངས་ཏེ་སྒྲོན་གསལ་ལས། ལྷ་རྣམས་དང་བླ་མའི་ཐུན་མོང་གི་མཆོད་པ་བསྟན་ནས། བླ་མ་ལ་ཁྱད་པར་གྱི་མཆོད་པ་བསྟན་པའི་ཕྱིར། རིན་ཆེན་འབྱུང་གནས་ཞེས་བྱ་བ། ཞེས་སོགས་ཀྱིས་ཕྱག་རྒྱ་འབུལ་ཚུལ་དང༌། དེའི་མཇུག་ཐོགས་སུ། བླ་མ་ལ་ཁྱད་པར་ཅན་གྱི་རྫས་དབུལ་བར་བྱ་བའི་དོན་དུ་ཚད་ཡོངས་སུ་ཆད་པ་མེད་པར་བསྟན་པར་བྱ་བའི་ཕྱིར། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །ཞེས་བྱ་བ་ལ་སོགས་པ་ཞེས་གསུངས་སོ། །འོ་ན་དེ་གཉིས་ཀ་བླ་མའི་སྒོས་མཆོད་ཡིན་ན་སྔ་མའི་མཇུག་ཏུ། སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་སྤྱི་ལ་སྦྱར་བ་དང་མི་འགལ་ལམ་སྙམ་ན། དོགས་པ་འདི་དཔལ་ལྡན་ཟླ་བ་ཉིད་ཀྱིས་སེལ་བར་མཛད་དེ། སྒྲོན་གསལ་ལས། སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས། བླ་མ་གཅིག་པུའང་སངས་རྒྱས་ཐམས་ཅད་ཀྱི་སྒྲས་རྣམ་པར་བརྗོད་དེ་དེ་ལ་དབུལ་ཞིང་རབ་ཏུ་བསྒྲུབ་པར་བྱའོ། །ཞེས་ཡུལ་གཅིག་ལ་ཕུལ་ནའང་སངས་རྒྱས་ཐམས་ཅད་ལ་ཕུལ་བའི་ཕན་ཡོན་འགྲུབ་པའི་ཐབས་མཁས་ཀྱི་སྒོ་ཆེན་པོ་བླ་མ་ལ་མཆོད་པ་འདི་ཡིན་པར་གོ་བའི་ཆེད་དུ་དེ་ལྟར་གསུངས་པ་ཡིན་ནོ། །ཡང་འདི་སྙམ་དུ། དེ་བླ་
མ་གཅིག་པུའི་ཁྱད་ཆོས་མ་ཡིན་ཏེ། དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་སྒྱུ་མ་མཁན་བཟང་པོས་ཞུས་པ་ལས། བཟང་པོ་རྒྱལ་བ་གཅིག་ལ་མཆོད་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་ལ་ནི་མཆོད་འགྱུར་ཏེ། །འདི་ལྟར་དེ་དག་ང་ཡི་ཆོས་དབྱིངས་དང༌། །ཐ་དད་བྱ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཤིང༌། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར་རོ་ཞེ་ན་བཤད་པར་བྱ་སྟེ། སངས་རྒྱས་གང་ཡང་རུང་བ་གཅིག་ལ་ཕུལ་བས་སངས་རྒྱས་ཐམས་ཅད་ལ་ཕུལ་བར་འགྲོ་བ་ནི། འབུལ་བ་པོ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ལ་ངེས་པ་གཏིང་ཚུགས་ཤིང༌། ཆོས་དང་ཆོས་ཉིད་ངོ་བོ་དབྱེར་མི་ཕྱེད་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཆོས་ཉིད་ཐམས་ཅད་དང་རོ་གཅིག་ཏུ་ཞུགས་ཤིང༌། སངས་རྒྱས་རྣམས་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་སོགས་ལ་མྱོང་བ་མཐར་སོན་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་ཏེ། དཔེར་ན་ས་ར་ཧའི་ཐོད་པའི་དཀྱིལ་ཆོག་ལས། འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར། །ཐ་དད་པར་ནི་བཟླས་མི་བྱ། །ཞེས་གསུངས་པའི་དགོངས་པ་ལེན་པ་ན། སྔགས་རིམ་ལས། འཁོར་གཙོ་བོའི་ཡན་ལག་ཡིན་པས་གུད་དུ་བཟླ་མི་དགོས་པར་གསུངས་པ་ནི་དངོས་པོ་ལ་དེ་ལྟར་ཡིན་པས་མི་ཆོག་གི །སྟོང་ཉིད་ལ་མཐར་ཐུག་པར་གཏུགས་ནས་གཉིས་སུ་མེད་པའི་ཡེ་ཤེས་ཉིད་རྟེན་དང་བརྟེན་པར་ཤར་བའི་ཚུལ་ལ་ངེས་པ་བརྟན་པོ་རྙེད་པ་ལ་དགོངས། ཞེས་གསུངས་པ་བཞིན་གང་ཟག་ཁྱད་པར་ཅན་གྱི་དབང་དུ་བྱས་པ་ཡིན་ཞིང༌། བླ་མ་ལ་ཕུལ་ན་ཐམས་ཅད་ལ་ཕུལ་བའི་ཕན་
ཡོན་འབྱུང་བ་བཀའ་དྲིན་གྱི་སྒོ་ནས་ཡིན་པས་ཕལ་པ་ལའང་འབྱུང་ངོ༌། །དེ་ལྟར་མཎྜལ་དབུལ་བ་དེ་རྟག་པར་དུས་དྲུག་ཏུ་མ་ཆག་པ་དགོས་པ་གོ་བའི་ཕྱིར། ཉིན་རེར་ཤེས་རབ་ཅན་གྱིས་དབུལ། །ཞེས་གསུངས་པ་ཡིན་གྱི། ཉིན་རེར་ལན་རེ་དབུལ་བ་ལྟ་བུ་མིན་ཏེ། འདིའི་དགོངས་པར་བྱས་ནས་བླ་མ་ལྔ་བཅུ་པར། མཆོག་ཏུ་དད་པས་དུས་གསུམ་དུ། །དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང༌། །ཞབས་ལ་སྤྱི་བོས་ཕྱག་བྱ་འོ། །ཞེས་དང༌། དེའི་ཊཱིཀྐ་ལས། དཀྱིལ་འཁོར་ཏེ་མཎྜལ་མེ་ཏོག་གི་ཚོམ་བུ་དང་བཅས་པ་དབུལ་བ་སྔོན་དུ་བཏང་ནས། ཞེས་སོ། །དུས་གསུམ་ཞེས་གསུངས་ནའང༌། ལྔ་ཊཱིཀ་ལས་སྔ་དྲོ་ལ་སོགས་པའི་དུས་གསུམ་ཞེས་འབྱུང་བས། ཉིན་ལ་དུས་གསུམ་དུ་བྱེད་པར་བསྟན་པའི་ཤུགས་ཀྱིས་མཚན་ལའང་གསུམ་དུ་བྱས་ཏེ་དྲུག་ཏུ་གོ་དགོས་ཤིང༌། རྩ་ལྟུང་རྣམ་བཤད་ལས་ཀྱང༌། རིན་འབྱུང་གི་དམ་ཚིག་ལན་དྲུག་ཏུ་བྱ་བར་གསུངས་པ་ནི་དམ་ཚིག་གཞན་རྣམས་ལའང་མཚོན་པ་སྟེ། ཞེས་གསུངས་པ་ལྟར་རོ། །གཉིས་པ་མཎྜལ་གྱི་ངོ་བོའི་དོན་ནི་མཎྜལ་ཞེས་པ་དཀྱིལ་འཁོར་གྱི་སྐད་དོད་ཡིན་ཞིང་དེ་ལ་མའི་སྒྲ་ལས་དྲངས་ནས་མ་ནུ་ས་ར་ཞེས་པ་སྙིང་པོ་དང༌། ལའི་སྒྲ་ལས་དྲངས་ཏེ་ལཱ་ལི་ཏ་བྱས་ན་འཛིན་པ་རོལ་པ་སོགས་ལ་འཇུག །ལ་ཏི་ན་བྱས་ན་ལེན་པ་དང་འདུས་པ་སོགས་ལ་འཇུག་པས་བསྡོམས་ན་སྙིང་པོ་ལེན་ཅིང་འཛིན་པ་ཞེས་པ་ཡིན། འོན་ཀྱང་སྐབས་སོ་སོ་ལ་སྦྱར་ན་དམན་མཆོག་གི་སྙིང་པོ་ལེན་ཚུལ་མི་འདྲ་བ་སོ་སོར་ཤེས་དགོས་ཏེ། བརྟག་གཉིས་ལས། དཀྱིལ་ནི་སྙིང་པོ་ཞེས་བརྗོད་དེ། །
བྱང་ཆུབ་སེམས་ནི་བདེ་ཆེན་པོ། །ལེན་པར་བྱེད་པས་དཀྱིལ་འཁོར་ཉིད། །འདུས་པ་དཀྱིལ་འཁོར་ཉིད་དུ་བརྗོད། །ཅེས་དང༌། དེའི་བཤད་རྒྱུད་སམྦྷུ་ཊ་ལས། དངོས་པོ་ཀུན་གྱི་སྙིང་པོ་མཆོག །ལེན་ཅིང་གཅོད་པ་ཉིད་ཀྱི་ཕྱིར། །ཞེས་གསུངས་ཏེ། དེས་ན་དབང་བཞི་གང་དུ་ཐོབ་པའི་ཡུལ་དང་རྫས་མི་འདྲའང༌། དེ་ལ་བརྟེན་ནས་ལེན་རྒྱུའི་སྙིང་པོ་བདེ་སྟོང་གི་ཡེ་ཤེས་སུ་འདྲ་བས། རས་བྲིས་ཀྱི་དཀྱིལ་འཁོར། བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར། བྷ་གའི་དཀྱིལ་འཁོར་ཞེས་སོགས་ཐམས་ཅད་ལ་དཀྱིལ་འཁོར་གྱི་སྒྲ་སྦྱར་བ་ཡིན་ནོ། །འོན་ཀྱང་སམྦྷུ་ཊ་ལས་ལེན་ཅིང་གཅོད་པ་ཞེས་དཀྱིལ་འཁོར་གྱི་སྒྲ་དོན་ཁོ་ན་མིན་ཏེ། བརྟག་གཉིས་སུ། དཀྱིལ་འཁོར་འཁོར་ལོ་ཅི་ཞེས་བརྗོད། །ཅེས་དྲི་བ་བཀོད་ནས་ལན་དུ་དཀྱིལ་འཁོར་གྱི་དོན་དང་འཁོར་ལོའི་དོན་སོ་སོར་གསུངས་པ་དེའི་དོན་བསྡུས་ནས། དོན་དམ་བྱང་ཆུབ་ཀྱི་སེམས་དེས་བདེ་ཆེན་གྱི་སྙིང་པོ་ལེན་པ་དང༌། སྒྲིབ་པའི་དྲི་མ་གཅོད་པ་གཉིས་ཀ་གོ་བའི་ཆེད་ཡིན་པའི་ཕྱིར། བརྟག་གཉིས་རྣམ་བཤད་མཁའ་འགྲོའི་གསང་མཛོད་ལས། འཁོར་ལོ་ཞེས་བྱ་བ་ནི་ནམ་མཁའི་ཁམས་ཏེ། ནམ་མཁའ་དང་འདྲ་བའི་ཡུལ་སྟོང་པ་ཉིད་དེ་རྟོགས་པས་སྒྲིབ་པ་གཅོད་པའི་ཕྱིར། ཞེས་དཀྱིལ་འཁོར་གྱི་སྒྲ་དོན་ལས་ལོགས་སུ་གསུངས་སོ། །རྣལ་འབྱོར་རྒྱུད་ཀྱི་སྐབས་སྦྱོང་རྒྱུད་ལས། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པའི། །རྒྱལ་བས་གསུངས་པའི་ཡེ་ཤེས་གང༌། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་པ་ཚིག་རིས་སྔ་མ་དང་ཆ་འདྲའང་དོན་ཟབ་
གསལ་གཉིས་མེད་ཀྱི་ཡེ་ཤེས་སྙིང་པོར་བཞག་སྟེ་དེ་ལེན་པ་ལ་བྱེད་དགོས་པས་མཚོན་ལས་དང་པོ་བས་སྣོད་བཅུད་ཀྱི་འཇིག་རྟེན་བློས་བླངས་ཏེ་ཕུལ་བ་ལ་མཎྜལ་ཞེས་པ་བསོད་ནམས་རླབས་པོ་ཆེའི་སྙིང་པོ་ལེན་པ་ལ་བྱེད་པ་སོགས་དཀྱིལ་འཁོར་གྱི་མིང་མཎྜལ་འདྲའང་དོན་སྣ་ཚོགས་ལ་སྦྱར་ཏེ་སྙིང་པོ་འདུས་ཚུལ་རེ་བྱེད་དགོས་པའི་ཕྱིར། ལྷ་མོ་བཞིས་ཞུས་ཀྱི་རྣམ་བཤད་ལས། དཀྱིལ་འཁོར་ཞེས་བཏགས་པ་རྣམས་ཀྱི་མིང་གི་དོན་ནིི་འདུས་པ་ཡིན་ལ། ཞེས་སོ། །ཐམས་ཅད་ལ་དེ་ལྟར་བཏགས་པའི་དགོས་པ་ནི་སྙིང་པོ་དང་ཡང་སྙིང་རིམ་པར་བླངས་ཏེ་མཐར་བདེ་སྟོང་ཟུང་འཇུག་གི་སྙིང་པོ་ལེན་པ་ལ་གཞོལ་བའི་ཆེད་ཡིན་ནོ། །སྤྱིར་སྟོང་གསུམ་སོགས་འཇིག་རྟེན་ཅི་ཙམ་རྒྱ་ཆེའང་སྡུག་བསྔལ་རྒྱ་ཆེ་བ་ཡིན་ནའང༌། འདི་ལྟར་ཐབས་མཁས་ཀྱིས་བསོད་ནམས་མི་ཟད་པའི་ལོ་ཏོག་སྤེལ་ཤེས་ན་གཏན་བདེའི་ཞིང་ས་རྒྱ་ཆེ་བ་ཡིན། འདི་ལྟར་བསོད་ནམས་སྤེལ་བ་དང་འཁོར་བར་ཡིད་འབྱུང་སྐྱེད་པ་གང་ལའང་མངོན་པ་གོང་འོག་ནས་འཇིག་རྟེན་ཆགས་ཚུལ་གསུངས་པའི་དོན་སྤྱི་ཆགས་པ་དགོས་ཀྱི། དེའི་སྤྱི་མ་ཤར་བར་ཁ་ནས་རི་རབ་གླིང་བཞི་ཞེས་ཅི་ཙམ་སྨྲས་ཀྱང་མཎྜལ་སྟེང་གི་འབྲུ་དེ་ཙམ་ལས་དམིགས་པའི་འཁྱེར་སོ་གཞན་མི་འབྱུང་ངོ༌། །གསུམ་པ་མཎྜལ་གྱི་དབྱེ་བ་ལ། བུམ་དབང་དང་འབྲེལ་བ་ཕྱིའི་མཎྜལ། གསང་དབང་དང་འབྲེལ་བ་ནང་གི་མཎྜལ། ཤེར་དབང་དང་འབྲེལ་བ་གསང་བའི་མཎྜལ། དབང་བཞི་པ་དང་འབྲེལ་བ་དེ་ཁོ་ན་ཉིད་ཀྱི་མཎྜལ་བཞི། དང་པོ་ནི་ཡོངས་གྲགས་ལྟར་གྱི་མཎྜལ་ཏེ། སྔ་ཕྱིར་བཤད་ཅིང་འཆད་པར་
འགྱུར་རོ། །ནང་གི་མཎྜལ་ནི། པགས་པ་རབ་མཛེས་གསེར་གྱི་ས་གཞིའི་སྟེང༌། །ཁྲག་ཆེན་བདུད་རྩིའི་ཆུ་ཡིས་ཆག་ཆག་བཏབ། །ཤ་ཁྲག་མེ་ཏོག་ཕང་ཕུང་ཚོམ་བུར་གྱུར། །ཡན་ལག་རྣམས་ལས་གླིང་ཆེན་བཞི་དང་ནི། །ཉིང་ལག་གླིང་ཕྲན་བརྒྱད་དུ་གྱུར་པའི་དབུས། །ཁོག་པ་རིན་ཆེན་རྡུལ་མང་བརྩེགས་པའི་རྩེར། །མགོ་བོ་རྣམ་པར་རྒྱལ་བའི་ཁང་བཟང་མཛེས། །མིག་གཉིས་མུན་སེལ་ཉི་མ་ཟླ་བ་དང༌། །སྙིང་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ། །དབང་པོ་ནང་ཁྲོལ་ཡོངས་སུ་གྱུར་པ་ལས། །ལྷ་མིའི་འདོད་ཡོན་དཔལ་འབྱོར་ཕུན་སུམ་ཚོགས། །ཞེས་པ་ལྟར་གཞན་རྣམས་གོ་སླ་ཞིང་། ཡན་ལག་དང་ཉིང་ལག་འབྱེད་ཚུལ་ནི། རྐང་ལག་གི་ལྷུ་གསུམ་གསུམ་འབྲེལ་བ་ཡན་དང་། ལག་པའི་མཁྲིག་མ་དང་རྐང་པའི་བྲེ་མོ་ལོང་གི་མཚམས་ནས་བྲེགས་ཏེ་མགོ་གཉིས་གཉིས་སུ་གཤག་པ་ཉིང་ལག་ཏུ་བྱེད་པར་གསུངས་སོ། །འོན་ཀྱང་གསང་དབང་གི་དགོས་པ་རྩ་ཁམས་སྦྱོང་བྱེད་ཡིན་ལ། མཎྜལ་དེའང་དེ་དང་འབྲེལ་བ་ཞིག་དགོས་པས། ཕྱིའི་ལུས་རགས་པ་ཙམ་མ་ཡིན་པར་དེ་དག་དངོས་སུ་སྨོས་པའི་ཤུགས་ཀྱིས་དོན་ལྔ་སྣོད་དྲུག་དབང་པོ་ལྔ་སོགས་སོ་སོ་དང་འབྲེལ་བའི་རྩ་རགས་པ་སྨན་གྱི་གཞུང་ལས་འབྱུང་བ་དང༌། ཞིབ་ཏུ་ཕྱེ་བས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཕྱིའི་ལུས་རགས་པའི་རྩ་བར་གྱུར་པའི་ནང་གི་ཁམས་སོ་དང་སེན་མོ་འབབ་པ་སོགས་བདེ་མཆོག་གི་རྒྱུད་ལས་གསུངས་པ་དེ་ཐམས་ཅད་མཎྜལ་དུ་བཀོད་པ་དགོས་སོ། །ཚུལ་འདི་ནི་འཇམ་མགོན་ས་པཎ་གྱི་ཕྱི་ནང་གསང་བའི་མཎྜལ་འབུལ་ཆོག་
ལས་ཀྱང༌། ལུས་ཀྱི་གཙོ་བོ་སྙིང་བླ་མ་ལྷག་པའི་ལྷར་བསམས་ཏེ། པགས་པ་གསེར་གྱི་ས་གཞི། ཁྲག་ཆུའི་བྱུགས་པ། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་གཉིས་ཉི་མ་དང་ཟླ་བ། ཉི་མ་ལྟར་དམར་བ་གསེར། ཟླ་བ་ལྟར་དཀར་བ་དངུལ། བྱང་ཆུབ་ཀྱི་སེམས་ལྷ་དང་མིའི་ལུས་ཕུན་སུམ་ཚོགས་པ། སྙིང་མ་གཏོགས་པའི་དོན་རྣམ་པ་ལྔ། སྣོད་རྣམས་གཅིག་ཏུ་བསྡོམས་པ་དང་དྲུག །སྣོད་ལ་གནས་པའི་བདེ་བའི་ཆ་དང་བདུན་རྒྱལ་སྲིད་རིན་ཆེན་སྣ་བདུན། སྤྱི་བོའི་ཧཾ་ལས་བྱང་ཆུབ་ཀྱི་སེམས་འབབ་པ་འདོད་འཇོའི་བ། ལུས་ལ་སྐུ་གསུམ་རང་ཆས་སུ་ཡོད་པ་མ་རྨོས་པའི་ལོ་ཏོག །རྩ་དཔག་བསམ་གྱི་ཤིང༌། གཞན་ཡོན་ཏན་གྱི་ཆ་དཔག་ཏུ་མེད་པ་ཡོད་པ་རྣམས་ཟས་གོས་དང༌། འབྲུ་དང་ལོངས་སྤྱོད་ལ་སོགས་པར་བསམ་པར་བྱའོ། །ཞེས་གསུངས་ཏེ། འདིར་སྐྱབས་ཡུལ་ནང་དུ་བསྒོམས་ནས་ཚུར་འབུལ་བར་གསུངས་པ་འགལ་བ་མེད་ཀྱང༌། ནང་གི་མཎྜལ་དུ་འགྲོ་བདེའི་ཆ་ནས་བཞག་པ་མིན་པས་དེ་ལྟར་དགོས་པའི་ངེས་པ་མེད་ཅིང་གཞན་རྣམས་ལེགས་པར་སྣང་ངོ་། །འདི་དང་ཕྱོགས་མཚུངས་པ་ཀུན་གཟིགས་ལྔ་པའི་བླ་མཆོད་ཆོ་གར་ཡང༌། འབྱུང་བ་བཞི་འདུས་ལུས་ཀྱི་ས་གཞིའི་སྟེང༌། །རྣམ་པར་ཤེས་པའི་ས་འཛིན་དབང་པོ་ལ། །ཕུང་ཁམས་གསེར་རི་རོལ་མཚོ་བདུན་གྱིས་བསྐོར། །སྐྱེ་མཆེད་བཅུ་གཉིས་གླིང་བཞི་གླིང་ཕྲན་བརྒྱད། །རོ་རྐྱང་ནམ་མཁའི་ནོར་བུ་མཚན་མོའི་མགོན། །དབང་པོ་ལྔ་ཡི་གཏེར་ཆེན་བུམ་པ་སོགས། །དཀྱིལ་འཁོར་གཙོ་བོ་དཔལ་ལྡན་བླ་མར་འབུལ། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །ཅེས་གསུངས། རང་གི་ལུས་
ཀྱི་ཆ་ཤས་སོ་སོ་ལས་གཞལ་ཡང་ཁང་བསྐྱེད་པ་ལ་ལུས་དཀྱིལ་དུ་བཞག་པ་ལྟར། རང་གི་ཕུང་ཁམས་ཕྲ་རགས་སྒྲུབ་གཞིར་བྱས་ཏེ། དེ་ཡོངས་སུ་གྱུར་པ་ལས་རི་རབ་གླིང་བཞི་སོགས་ཀྱི་རྣམ་པར་བྱས་ནས་ཕུལ་ནའང་ནང་གི་མཎྜལ་དུ་འགྲོ་སྟེ། རྒྱལ་དབང་བདུན་པའི་འཇིགས་བྱེད་ཀྱི་བླ་མའི་རྣལ་འབྱོར་ལས། བདག་ལུས་ངག་ཡིད་ཕུང་ཁམས་སྐྱེ་མཆེད་རྣམས། །ཡོངས་སུ་གྱུར་ལས་གྲངས་མེད་འཇིག་རྟེན་སྣོད། །འདོད་དགུའི་ཕུན་ཚོགས་གཏེར་གྱིས་གང་བ་འདི། །བླ་མ་ལྷ་ཡི་ཚོགས་ལ་གུས་པས་འབུལ། །ཞེས་གསུངས་པ་ལྟར་རོ། །གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། སྔ་མ་ཕལ་ཆེར་སོ་སོར་ཕྱེ་སྟེ་འཇོག་མ་ཐུབ་པར་གཅིག་ཏུ་བསྡོམས་ནས་བཤད་དེ། འཇམ་མགོན་ས་པཎ་གྱིས་ཀྱང༌། གསང་བ་ཟུང་འཇུག་སེམས་ཀྱི་མཎྜལ་ནི་དབང་ཡོན་ཏན་རིམ་པ་ལས། རང་སེམས་བླ་མར་སྣང་བ་དེ། །གཉིས་མེད་སློབ་དཔོན་དམ་པ་འོ། །ཞེས་བཤད་པས། རང་གི་སེམས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་རྩ་པའམ་གཞིར་གྱུར་པ་ནི་བླ་མ་ཡི་དམ་གྱི་ལྷ་ཡིན་པས། མཎྜལ་ནི་ཀུན་གཞི་འཁོར་འདས་ཀྱི་རྒྱུར་གྱུར་པ་གསེར་གྱི་ས་གཞི། དེ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་ཆུའི་བྱུགས་པ། ཆོས་ཐམས་ཅད་ཀྱི་རྩ་བ་རིའི་རྒྱལ་པོ་རི་རབ། དེ་ལས་ཚད་མེད་པ་བཞི་སྐྱེ་བ་ནི་གླིང་བཞི། ཐབས་ཤེས་རབ་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ཉི་ཟླས་བསྐོར་བ་བྱེད་པ། གཞན་དོན་རྒྱུན་མི་འཆད་པ་འབྱུང་བ་འདོད་འཇོའི་བ། ལོངས་སྐུ་སྤྲོས་པ་དང་བྲལ་བ་མ་རྨོས་པའི་ལོ་ཏོག །སྐུ་དང་ཡེ་ཤེས་མཛད་པ་
འཕྲིན་ལས་ལ་སོགས་པ་ཐམས་ཅད་དཔག་བསམ་གྱི་ཤིང་དང༌། འབྲུ་དང་ལོངས་སྤྱོད་ལ་སོགས་པར་བསམ། ཞེས་གསུངས་ཏེ། མིང་གསང་བའི་མཎྜལ་དུ་བཏགས་ཀྱང་ཟུང་འཇུག་གི་རྟོགས་པའང་དེར་བསྡུས་པས་དེ་ཁོ་ན་ཉིད་ཀྱི་མཎྜལ་དེ་ལས་ལོགས་སུ་བྱར་མེད་དོ། །ཀུན་གཟིགས་ལྔ་པ་ཆེན་པོས། རྡོ་རྗེའི་ལུས་ཀྱི་གསེར་ལྡན་ལྟོ་བ་ན། །མཉམ་སྦྱོར་རྡོ་རྗེ་པདྨའི་ལྷུན་པོ་མཆོག །བཅུ་དྲུག་དགའ་བའི་རི་མཚོ་གླིང་བཞིས་བསྐོར། །དབུ་མ་བཅུ་གཉིས་ཁྱིམ་གྱི་རྒྱུ་ལམ་དུ། །རོ་རྐྱང་རླུང་གི་ཉི་ཟླའི་དཀྱིལ་འཁོར་འཆར། །སྒྱུ་མའི་ལུས་སུ་ལྡང་བའི་རིན་ཆེན་བདུན། །ཟུང་འཇུག་བུམ་བཟང་ཡོངས་འདུ་ས་བརྟོལ་སོགས། །དཀྱིལ་འཁོར་མགོན་པོ་དཔལ་ལྡན་བླ་མར་འབུལ། །ཞེས་གསང་བའི་མཎྜལ་དང༌། དྲི་བྲལ་རང་སེམས་དག་པའི་ས་གཞི་ལ། །རང་བཞིན་གདོད་ནས་སྟོང་པའི་ས་འཛིན་ཆེ། །མེད་ཀྱང་རྫུན་པར་སྣང་བའི་གླིང་བཞི་སོགས། །རྨི་ལམ་ཡུལ་གྱི་རོལ་པ་ཇི་བཞིན་འབུལ། །ཞེས་དེ་ཁོ་ན་ཉིད་ཀྱི་མཎྜལ་དུ་མཛད་པ་དགོངས་པ་དྲངས་ནས་བཤད་ཆོག་ཀྱང་དངོས་ཟིན་དེ་ཙམ་མི་གསལ་བས། འདིར་རྗེ་བླ་མའི་དགོངས་པ་ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཐང་སག་པ་སོགས་ཀྱི་མན་ངག་ལས་འབྱུང་བ་ལྟར། དབང་གསུམ་པའི་རྟོགས་པ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང༌། དབང་བཞི་པའི་རྟོགས་པ་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྟོགས་པ་ཧཱུཾ་ཡིག་གི་རྣམ་པར་སྤྲོས་པ་ཡོངས་སུ་གྱུར་པ་ལས་རི་རབ་གླིང་བཞི་མཁོ་དགུའི་དཔལ་འབྱོར་སོགས་ཀྱི་རྣམ་པར་བསྒྱུར་ནས་འབུལ་བ་ལ་མཎྜལ་ཕྱི་མ་གཉིས་སུ་རྒྱལ་དབང་བདུན་པས་གསུངས་ཤིང༌། འབུལ་བའི་ཚིགས་བཅད་ཀྱང༌།
ཐབས་མཆོག་བདེ་ཆེན་རྡོ་རྗེའི་རོལ་རྩེད་ཀྱིས། །སྟོང་ཕྱོགས་ཤེས་རབ་པདྨར་རོལ་པ་ལས། །ཟག་མེད་ལྷན་སྐྱེས་དགའ་བའི་རང་བཞིན་གྱི། །སྣོད་བཅུད་དཀྱིལ་འཁོར་བཀོད་པས་མཉེས་གྱུར་ཅིག །ཅེས་དང༌། བདེ་ཆེན་ཀུན་ ཏུ་བཟང ་པོའི་རྣམ་རོལ་གྱི། །མཆོད་སྤྲིན་ཅིར་ཡང་སྣང་བའི་སྒྱུ་མ་རྣམས། །གདོད་ནས་རང་བཞིན་སྟོང་པར་ངེས་རྙེད་པའི། །ཟུང་འཇུག་བླ་མེད་མཆོད་པས་མཉེས་གྱུར་ཅིག །ཅེས་སོ། །དེ་ལྟར་ན་མཎྜལ་ཕྱི་མ་གཉི་ག་རང་བཞིན་བདེ་སྟོང་གི་ཡེ་ཤེས་ཡིན་པ་ལ་རྣམ་པ་རི་གླིང་སོགས་ཀྱི་རྣམ་པར་ཤར་བ་ཙམ་དུ་འདྲ་བས་ཁྱད་མེད་དུ་འགྱུར་རོ་སྙམ་ན་འདི་ནི་ཕྲ་ཞིང་ཆེས་རྟོགས་པར་དཀའ་བའི་གནས་ཤིག་ཡིན་ཏེ། རྩ་ཤེ་ལས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གསུངས་པ་བཞིན། རང་བཞིན་གྱིས་སྟོང་པ་ལ་བྱ་བྱེད་ཐམས་ཅད་འགྲུབ་རུང་ཡང༌། ཡུལ་དེ་རང་བཞིན་གྱིས་གྲུབ་པས་སྟོང་ཙམ་དང༌། བློས་རང་བཞིན་མེད་པར་རྟོགས་པ་ཙམ་གྱིས་བྱ་བྱེད་ཐམས་ཅད་སྒྲུབ་མི་ནུས། དེ་བཞིན་དུ་སྤྱོད་བསྡུས་སུ་རྒྱུད་དྲངས་པ་ལས། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །གསུངས་པ་བཞིན་དག་པའི་བརྟན་གཡོ་མཐའ་དག་བདེ་སྟོང་ཡེ་ཤེས་ཀྱི་རྣམ་འཕྲུལ་ཡིན་ཀྱང་དབང་གསུམ་པའི་རྟོགས་པ་དཔེ་དོན་གྱི་འོད་གསལ་འགྲུབ་པ་ཙམ་གྱིས་བརྟན་གཡོ་རབ་འབྱམས་གང་འདོད་དུ་སྤྲུལ་ཞིང་སྒྱུར་བར་བྱེད་མི་ནུས། མཐར་ཐུག་ཟུང་འཇུག་གི་གོ་འཕང་ཐོབ་པ་ན་སྔར་བཤད་པ་ཐམས་ཅད་ནུས་པ་གཅིག་ཏུ་རྫོགས་ནས་གང་འདོད་པ་
བཞིན་བྱེད་ནུས། དེའི་གནད་ཀྱིས་དེ་དང་བསྟུན་པའི་མཆོད་པ་ལའང་རྒྱ་ཆེ་ཆུང་གི་ཁྱད་པར་ཆེན་པོ་འབྱུང་ངོ༌། །སྔ་མ་རྣམས་མཆོད་པ་དེ་གཉིས་སོ་སོར་འབྱེད་མི་ཐུབ་པའི་རྒྱུ་མཚན་དབང་གསུམ་པའི་བདེ་སྟོང་དབྱེར་མེད་ལས་ལྷག་པ་ཞིག་དབང་བཞི་པ་ལ་སྦྱོར་རྒྱུ་མ་རྙེད་པས་དེ་ཙམ་ཞིག་ཟུང་དུ་འཇུག་ཚུལ་མཐར་ཐུག་ཏུ་བྱས་པའི་དབང་གིས་ཡིན་ནོ། །རང་ལུགས་རིམ་པ་བཞི་པ་མན་ཆད་དུ་ཀུན་རྫོབ་བདེན་པ་སྒྱུ་མའི་སྐུ་དང་དོན་དམ་བདེན་པ་འོད་གསལ་གྱི་ཡེ་ཤེས་གཉིས་རེས་འཇོག་ཙམ་ལས་མི་འབྱུང་བས་བདེན་གཉིས་ཡ་བྲལ་དུ་སོང་བ་ཡིན་ལ། ཟུང་འཇུག་གི་ཚེ་དེ་གཉིས་སྟོབས་མཚུངས་སུ་འབྱུང་བ་ཡུ་ག་ན་ད་སྟེ་ཡ་བྲལ་དུ་མ་སོང་བ་ཟུང་དུ་འཇུག་ཚུལ་སྔ་མ་ལས་ཆེས་ལྷག་པ་ཡིན་ནོ། །དེའི་ཚུལ་ནི་འདུས་པའི་རྩ་རྒྱུད་ལས། ན་ཆུང་གཞོན་ནུ་མིག་ཡངས་པ། །གཟུགས་ བཟང་གཞོན་པས་བརྒྱན་པ་ནི། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་ཀྱང་རབ་ཏུ ་བརྟག །ཅེས་པ་འདིས་གསུངས་ཏེ། སྒྲོན་གསལ་ལས། བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་མིག་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་མིག་ཡངས་པའོ། །ཞེས་དང༌། ལོ་གྲངས་ཉི་ཤུ་ལྔ་ལོན་པ། །ཞེས་བྱ་བ་ནི་ལྷའི་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའི་སྐུ་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན། ཞེས་ཟུང་དུ་འཇུག་ཚུལ་མདོར་བསྡུས་ན་སྒྱུ་འོད་གཉིས་སམ་སྐུ་ཐུགས་གཉིས་ཟུང་དུ་འཇུག་པ་ཡིན་ལ། ཞིབ་ཏུ་ཕྱེ་ན་ཕུང་པོ་ལྔ། ཁམས་ལྔ། དབང་པོ་ལྔ། ཡུལ་ལྔ། ཡེ་ཤེས་ལྔ་སྟེ་ཉེར་ལྔ་པོ་ཐམས་ཅད་ཟུང་དུ་འཇུག་པ་ཡིན་ནོ། །བརྩོན་འགྲུས་འཕགས་ཀྱི་རྒྱུད་ཊཱིཀ་ལས་ཁམས་བཞི་དབང་
པོ་དྲུག་ཅེས་འབྱུང་ཡང༌། སྒྲོན་གསལ་རྣམ་ངེས་སོགས་ལས་མཚན་གྱི་ཚིག་རིས་སོར་བཞག་པ་ཀུན་དང་འགྲིག་གོ །དེ་རྣམས་ཟུང་དུ་འཇུག་ཚུལ་ནི་ལྷན་ཅིག་ཏུ་ཚོགས་པ་དང་གཅིག་གིས་གཅིག་རྩིས་ཟིན་པ་ཙམ་ལ་མི་བྱ་ཡི། སྔ་མའི་རྫས་རྒྱུན་དང་ལྡོག་ཆ་ཙམ་གྱིས་སོ་སོར་བཞག་པ་མ་གཏོགས། དེ་ཐམས་ཅད་ངོ་བོ་དང་ནུས་པ་དང་བྱེད་ལས་གང་གི་ཆ་ནས་ཀྱང་མི་འདྲ་བའི་དབྱེ་བ་འབྱེད་རྒྱུ་མེད་པ་ཡིན་ནོ། །རྩ་རྒྱུད་ལེའུ་གཉིས་པར། ཁྱོད་ཀྱི་སེམས་ལུས་ལྟ་བུ་དང༌། ལུས་སེམས་ལྟ་བུ་དང༌། སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག །ཅེས་པའང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་བསྐྱེད་རིམ་པའི་སྐུ་གསུང་ཐུགས་བྱིན་རླབས་ལ་སྦྱར། སྤྱོད་བསྡུས་ཀྱིས་དེ་ལས་གོང་དུ་སོང་སྟེ་གསང་ཆེན་རིགས་གཅིག་གི་ལུས་དབེན་ལ་སྦྱར་བ་རྡོ་རྗེའི་ཚིག་གཅིག་ལ་དོན་དུ་མ་མི་འགལ་བས། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་ནས་འདིའི་དོན་ལམ་གྱི་བགྲོད་པ་མཐར་ཐུག་པའི་ཚེ་ཡེ་ཤེས་ཀྱང་གང་འདོད་ཀྱི་གཟུགས་སུ་ཤར་ནས་གཟུགས་ཀྱི་བྱ་བ་བྱེད། གཟུགས་ཀྱི་ཆ་ཐམས་ཅད་ཀྱིས་ཀྱང་ཇི་ལྟ་ཇི་སྙེད་མ་ལུས་པར་རྟོགས་པ་སོགས་ཡེ་ཤེས་ཀྱི་བྱ་བ་བྱེད། དེའང་ཡུལ་དུས་ཕྱོགས་རེ་བ་ཙམ་མ་ཡིན་པར་ཡིད་ལ་གང་འདོད་དང་ཚིག་ཏུ་གང་བརྗོད་ལྟར་འགྲུབ་ནུས་པ་ཡིན་པར་གསུངས་པ་ནི་ངོ་མཚར་བའི་ལེགས་བཤད་ཡིན་ཏེ། བདེ་མཆོག་རྩ་རྒྱུད་ལས། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང༌། །ཀུན་ཏུ་སྤྱན་ལྡན་དབུ་དང་ཞལ། །ཀུན་ཏུ་གསན་ལྡན་འཇིག་རྟེན་ན། །ཐམས་ཅད་གཡོགས་ཏེ་རྣམ་པར་
བཞུགས། །ཞེས་ཕུང་ཁམས་དང་དབང་པོ་རྣམས་རེ་རེས་ཀྱང་ཕྱག་གི་བྱ་བ་ལེན་ཅིང་འཛིན་པ། ཞབས་ཀྱི་བྱ་བ་འབྱོན་བཞུགས། སྤྱན་གྱི་བྱ་བ་གཟིགས་པ། ཞལ་གྱི་བྱ་བ་ཆོས་སྟོན་པ། སྙན་གྱི་བྱ་བ་སྒྲ་གསན་པ་སོགས་ཐམས་ཅད་འབྱུང་ལ། དེའི་རྩ་བ་ནི་དཔེར་ན་ཉི་འོད་ཀྱིས་ས་སྟེང་ཐམས་ཅད་གཡོགས་ཏེ་ཀུན་ལ་དྲོད་དང་སྐེམས་པ་སྨིན་པ་སོགས་ཀྱི་བྱེད་པ་འཇུག་པ་ལྟར། ཡེ་ཤེས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་རོ་གཅིག་པའི་ཚུལ་གྱིས་ཆོས་ཅན་མཐའ་དག་ཁྱབ་པར་གཡོགས་ནས་བཞུགས་པའི་དབང་གིས་དེ་ཐམས་ཅད་ལ་དེའི་བྱེད་པ་མ་ཚང་བ་མེད་པར་འཇུག་པ་ཡིན་ཏེ། བདེ་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་ཡིན་པས་སྐྲ་ཉག་མ་གཅིག་གིས་ཀྱང་ཉེས་པ་ཐམས་ཅད་བསྲེག་པ་དང་ཆོས་ཐམས་ཅད་གཟིགས་ཤིང་གསལ་བར་བྱེད་ནུས་ཚུལ། མཚན་བརྗོད་ལས། སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་གསུངས་སོ། །གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་བཞིན་གཤེགས་པའི་གཙུག་ཏོར་གྱིས་ཀྱང་གཟིགས་སོ། །དེ་བཞིན་དུ་མཛོད་སྤུས་ཀྱང་གཟིགས་སོ། །དེ་ལྟར་མཚན་རེ་རེས་ཀྱང་ཅིག་ཅར་ཕྱོགས་བཅུ་རྣམས་སུ་འཇིག་རྟེན་གྱི་ཁམས་རབ་འབྱམས་ཐམས་ཅད་གཟིགས་སོ། །ཞེས་གསུངས་པའི་དགོངས་པ་མཐར་ཐུག་ཀྱང་སྐུ་ཐུགས་དབྱེར་མེད་པ་འདིར་འབབ། འོན་ཀྱང་དེ་གཉིས་དབྱེར་མེད་དུ་སྒྲུབ་ཚུལ་གསལ་བར་མ་གསུངས་པས་སྔགས་སུ་མི་འགྱུར་རོ། །དེ་བཞིན་དུ་འཁོར་འདས་ཆོས་དབྱིངས་སུ་དབྱེར་མེད་པ་དང༌། ཡང་དག་པའི་མཐའ་མངོན་དུ་བྱ་བར་གསུངས་པའི་ཆོས་དབྱིངས་དང་འབྲས་བུ་མཐར་ཐུག་ཕར་ཕྱིན་ཐེག་པར་གསུངས་པ་དེ་སྔགས་ལ་དེ་ལྟར་ཡིན་ཀྱང༌། དེའི་ཐབས་ཚང་
བར་མ་བསྟན་པས་མདོ་སྔགས་ཁྱད་མེད་དུ་མི་འགྱུར་ལ། དེ་བཞིན་དུ་རིམ་པ་བཞི་པའི་སྐབས་སུ་འོད་གསལ་ལ་གནས་བཞིན་པའི་དུས་སྒྱུ་མའི་སྐུར་ལྡང་བ་སོགས་བྱེད་མི་ནུས། སྒྱུ་མའི་སྐུར་ལྡང་བ་ན་འོད་གསལ་གྱི་མཉམ་གཞག་ལས་གཡོ་དགོས་པས་དུས་ཉི་ཚེ་བ་དང་རེས་འཇོག་ཡིན། མཐར་ཐུག་གི་ཚེ་རྗེས་ཐོབ་ཀྱི་བྱ་བ་སྤྲུལ་བསྒྱུར་སོགས་ནམ་མཁའི་མཐའ་ཁྱབ་ཏུ་བསྟན་ཀྱང་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཟད་པས་ཡང་དག་པའི་མཐའ་ལས་ལྡང་མི་དགོས་པའི་ཕྱིར། མཁས་གྲུབ་ཐམས་ཅད་མཁྱེན་པས། ཁྱོད་ཐུགས་བདེ་བ་ཆེན་པོའི་ཉིན་བྱེད་འོད། །མཁའ་དབྱིངས་སྟོང་ཉིད་མཛེས་མའི་ལང་ཚོ་ལ། །རྟག་ཏུ་སྤྱོད་པའི་རྩེ་དགའ་མི་གཏོང་ཡང༌། །སྲིད་ཞིའི་དངོས་ཀུན་མ་འདྲེས་ས་ལེར་འབྱེད། །ཅེས་གསུངས་ཏེ། རླུང་དེ་ཟད་བྱེད་སྔགས་ལ་རག་ལས་པའི་གནད་ཀྱིས་རྗེ་བླ་མས་ཡང་དག་མཐའ་དཔྱིས་ཕྱིན་པ་སྔགས་ལ་རག་ལས་པར་གསུངས་པ་ཡིན་ནོ། །དེ་དག་གི་གནད་དོན་དང་དགོས་པ་མཐར་ཐུག་པ་སྒྲོན་གསལ་ལས། འདིའི་དོན་ཐེག་པ་ཆེན་པོའི་མདོ་སྡེ་ལས་ཀྱང་དགོངས་པས་བཤད་པས་སྟོན་ཏེ། སྐྲ་ཙམ་ཁྱོན་གཅིག་ལ་ཡང་སངས་རྒྱས་ནི། །རྣམ་མང་གངྒཱའི་ཀླུང་གི་བྱེ་སྙེད་བཞུགས། །ཞེས་བྱ་བ་དང༌། རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །ཅེས་བྱ་བ་གསུངས་པས་ལྷའི་དེ་ཁོ་ན་ཉིད་སྟོན་པ་ཡིན་ཏེ། ངེས་པའི་དོན་ཏོ། །ཞེས་དང༌། འདིའི་དགོངས་པ་བཞིན་དབུ་མ་འཇུག་པར་ཡང་སངས་རྒྱས་ཀྱི་གསང་བ་མཐར་ཐུག་པ་སྟོན་པའི་ཚེ། དག་པ་
འདི་ནི་བཞེད་པ་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲར་མི་འགྱུར། །ཞེས་རྡུལ་གཅིག་གི་གོ་སར་འཇིག་རྟེན་མཐའ་ཡས་པ་ཤོང་བ་དང༌། འཇིག་རྟེན་གྱི་ཁམས་མང་པོ་རྡུལ་གཅིག་གིས་ནོན་པ་སོགས་བཞེད་པ་འཇུག་པའི་ཡོན་ཏན་ཞེས། ཐུགས་ལ་གང་བཞེད་དང༌། ཚིག་ཏུ་གང་བརྗོད་ལྟར་འགྲུབ་ཐུབ་པ་འདི་ཟུང་འཇུག་ཁོ་ནའི་ཁྱད་ཆོས་ཡིན་ཏེ། སྒྲོན་གསལ་གྱི་མཆན་ལས། འདི་འདྲ་བས་གོ་གཅིག་མནན་པས་གཞན་བཞུགས་པ་ལ་གོ་མི་འགོག་པ་ནི་དེ་ཐམས་ཅད་ཀྱང་ཟུང་འཇུག་གི་སྐུ་བརྙེས་པའི་དབང་གིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། བྱེ་སྨྲས་ཀྱང་ཐམས་ཅད་མཁྱེན་པ་འདོད་ལ། ཕར་ཕྱིན་ཐེག་པར་ཡང་རྣམ་མཁྱེན་བཤད་མོད། ཤེས་བྱ་མཐའ་ཡས་ཀྱང་ཅིག་ཅར་གཟིགས་ཐུབ་པ་དང༌། འཇིག་རྟེན་མཐའ་ཡས་ཀྱང་དེ་ཐམས་ཅད་ཀྱི་དོན་ཅིག་ཅར་མཛད་ཆོག་པའི་རྩ་བ་མཐར་གཏུགས་ན་འདི་ལ་ཐུག་གོ །རྩ་བ་ཟུང་འཇུག་ལ་དེ་ལྟ་བུའི་ཁྱད་ཆོས་ཡོད་པའི་གནད་ཀྱིས་ཟུང་འཇུག་དང་འབྲེལ་བའི་མཆོད་པ་དེའང་སྔ་མ་རྣམས་ལས་ཆེས་ལྷག་པར་འགྲོ་བ་ཡིན་ཏེ། མཎྜལ་ལྟ་བུའི་ཚེའང་རང་གི་ལག་གི་མཎྜལ་དེར་ཞིང་རབ་འབྱམས་ཀྱི་རི་གླིང་འབྱོར་པ་ཐམས་ཅད་དགོད་ཅིང༌། ཞིང་རབ་འབྱམས་ཀྱི་ཚོགས་པའི་རྡུལ་རེ་རེ་ལའང་ནམ་མཁའི་མཐའ་ཁྱབ་ཀྱི་ཞིང་ཁམས་དང་རྒྱལ་བ་སྲས་བཅས་བཞུགས་ལ། རྒྱལ་བའི་སྐུའི་བ་སྤུའི་ཁུང་བུ་རེ་རེར་ཡང་རྒྱལ་བ་སྲས་བཅས་བཞུགས་པ་སོགས་ཕྱོགས་གང་ནས་ཀྱང་རྒྱར་མ་ཆད་པར་འབྱམས་ཀླས་པ་
དང༌། དུས་ཀྱང་ད་ལྟ་བ་ཁོ་ན་མ་ཡིན་པར་དུས་གསུམ་དུ་བྱུང་དང་འབྱུང་འགྱུར་ཐམས་ཅད་ལྷན་ཅིག་བཀོད་ནས་དུས་ཀྱང་ཉི་ཚེ་བར་མ་སོང་བས་སྔ་མ་ལས་རྒྱ་ཆེ་བ་ཡིན་ཏེ། ཕྱེད་བཅས་བཞི་བརྒྱ་པར། སྦྱིན་བྱ་ལ་སོགས་མི་དམིགས་ཀྱང༌། །སྦྱིན་སོགས་ཐ་མལ་ཉིད་གྱུར་པ། །བདག་མེད་ཐ་མལ་མི་གཞོམ་སྟེ། །འཁོར་ལོ་མཆོག་ལ་དེ་ཡོད་མིན། །ཞེས་པའི་ཐད་ཀྱི་ཤཱནྟི་པའི་འགྲེལ་པ་ལས། ཕྱོགས་དུས་ཡོངས་སུ་བཅད་པ་མེད་པ་གང་ཡིན་པ་དེ་ནི་ཆེན་པོ་ཡིན་པས་རྒྱ་ཆེ་བ་ཡིན་ལ། ཞེས་དང༌། སྔགས་རིམ་ལས། ཡུལ་དུས་ཕྱོགས་རེ་བའི་སྒོ་ནས་རྒྱ་ཡོངས་སུ་ཆད་པ་མེད་པས་ཐམས་ཅད་ཀྱི་དབང་དུ་བྱས་ནས་བསྒོམས་པས་རྒྱ་ཆེ་བ་ཡིན་ལ། དེ་འདྲ་བའི་ལྷའི་རྣལ་འབྱོར་མེད་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐ་མི་དད་པའི་ཟབ་མོའི་རྣལ་འབྱོར་ཡོད་ཀྱང༌། ཆོས་ཅན་གྱི་ངོས་ནས་རྒྱ་མ་ཆད་པར་སྒོམ་པ་མེད་པས་རྒྱ་ཆུང་བ་ཡིན་ནོ། །ཞེས་གསུངས་ཏེ། འདིས་མདོ་ལ་ཆོས་ཉིད་བསྒོམ་པ་ཡོད་ཀྱང་ལྷའི་རྣལ་འབྱོར་མེད་པས་སྔགས་དང་གཉི་ག་རྒྱ་ཆེ་ཆུང་དུ་འགྲོ་ལུགས་གཅིག་དང༌། རིམ་པ་བཞི་པའི་ཚེ་ཆོས་ཉིད་གཟིགས་ཚུལ་མཐར་ཕྱིན་ཀྱང་ཆོས་ཅན་བརྟན་གཡོ་རབ་འབྱམས་སུ་འཆར་བའི་སྒྱུ་འཕྲུལ་དྲ་བ་ལ་དབང་མ་འབྱོར་པས་ཟུང་འཇུག་དང་གཉི་ག་ལ་རྒྱ་ཆེ་ཆུང་འབྱུང་ཚུལ་གཅིག་ཀྱང་བསྟན་པ་ཡིན། ཚུལ་བཞིའི་ནང་གི་མཐར་ཐུག་ལ་འོད་གསལ་གྱི་མཐར་ཐུག་དང་ཟུང་འཇུག་གི་མཐར་ཐུག་གཉིས་སུ་འབྱེད་དགོས་པའི་རྩ་བའང་འདི་ལ་ཐུག་གོ །འདི་དག་གི་དམིགས་ལེགས་པར་ཕྱེད་ན་ཟ་མ་ཏོག་བཀོད་པར། བདུད་རྩིའི་ཐིགས་པ་ཞེས་བྱ་བ་དང་
རྡོ་རྗེའི་སྒོ་ཞེས་བྱ་བ་སོགས་བ་སྤུའི་ཁུང་བུ་རེ་རེར་ཡང་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་ཡས་པ་ཡོད་ཚུལ་གསུངས་པ་དེ་སྤྱན་རས་གཟིགས་ཁོ་ནའི་མ་ཡིན་པར་ཟུང་འཇུག་བརྙེས་པ་ཀུན་གྱི་ཡོན་ཏན་དུ་གོ་དགོས་ལ། དམ་ཆོས་པད་དཀར་དུ་དུས་ཕྱི་དྲོ་གཅིག་ལས་རུམ་ནས་ཐོན་པའི་བྱང་སེམས་གྲངས་མེད་པ་ཞིག་གིས་བར་གྱི་བསྐལ་པ་ལྔ་བཅུར་ཕྱག་འཚལ་ཞིང་བསྟོད་པར་གསུངས་པའང་ཟུང་འཇུག་གི་མཐུ་ཡིན་པར་གོ་བས། མདོ་སྔགས་གཉིས་སྐས་ཀྱི་གདང་བུ་བཞིན་གཅིག་གཅིག་གི་དོན་དུ་འགྱུར་ཚུལ་ཤེས་ཏེ་གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བར་འགྱུར་རོ། །གཉིས་པ་ལག་ཏུ་ལེན་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གསུམ། མཎྜལ་ཚོམ་བུ་སོགས་འདུ་བྱ་བའི་ཚུལ། དངོས་གཞི་ཇི་ལྟར་འབུལ་བའི་ཕྱག་ལེན་དང་དམིགས་རྣམ་སྐྱོང་ཚུལ། མཇུག་ཕན་ཡོན་དྲན་པས་དགའ་བ་སྐྱེད་ཅིང་བསྔོ་བས་རྒྱས་གདབ་ཚུལ་ལོ། །དང་པོ་ལ། མཎྜལ་གྱི་རྒྱུ་རབ་གསེར་དངུལ། འབྲིང་ལི་ཟངས་མཁར་བ། ཐ་མ་རྡོ་ལེབ་དང་ཤིང་སོགས་ཀྱང་རུང་སྟེ། རྗེ་བླ་མས་ཀྱང་འོལ་ཁ་ཆོས་ལུང་དུ་བསག་སྦྱང་མཛད་པའི་ཚེ་རྡོ་ཆེན་པོ་ངོས་མཉམ་པ་ཞིག་ལ་མཎྜལ་མཛད་དེ་ཕྱག་ངར་གྱིས་ཕྱིས་ནས་སྐུ་མཚལ་བྱུང་བའི་རྗེས་ད་ལྟའང་མཇལ་རྒྱུ་ཡོད་པ་བཞིན་ནོ། །ཚོམ་བུའང་རབ་རིན་ཆེན་སྣ་ཚོགས། འབྲིང་འགྲོན་བུ་དང་འབྲུ་གཙང་མ། གལ་ཏེ་མ་འབྱོར་ན་དཀར་གོང་གི་ཕྱེ་མས་ཀྱང་རུང་ལ། འབྱོར་པ་ཡོད་བཞིན་རྒྱུ་གང་ངན་ལ་མཆོད་པ་བྱ་བ་ནི་རང་གི་བསོད་ནམས་ཉམས་པའི་རྒྱུ་ཡིན་པས། དམུས་ལོང་གིས་མིག་ལྡན་ལ་མགོ་བསྐོར་བྱེད་པ་དང་འདྲ་བར་པོ་ཏོ་བས་གསུངས་སོ། །ཚད་ཁྲུ་
གང་ཡན་ཆད་བྱ་བར་སློབ་དཔོན་ཀམྤ་ལའི་མཎྜལ་ཆོ་ག་དང༌། ཡེ་ཤེས་རྡོ་རྗེས་དེ་ཉིད་མཐོང་བའི་ལམ་དུ་གསུངས་པ་ལྟར་བྱུང་ན་ལེགས། འོན་ཀྱང་ངེས་གཟུང་མི་དགོས་སོ། །དབྱིངས་ཀྱང་ཀམྤ་ལ་དང་ཨ་བྷྱཱས་ལས་མཐུན་གྱི་དབྱིབས་ཟླུམ་པོ། གྲུ་གསུམ། ཟླ་གམ། གྲུ་བཞི་རྣམས་འདམ་གར་གསུངས་ལ། གཞན་ཕལ་ཆེར་ཟླུམ་པོ་དང་གྲུ་བཞི་གང་རུང་གཙོ་བོར་མཛད་པས་དེ་བཞིན་བྱའོ། །མཎྜལ་གྱི་ནང་བ་བྱུང་གིས་བྱུགས་ཤིང་འབྲུ་སོགས་དྲི་བཟང་གི་ཆུས་སྦགས་པ་གལ་ཆེ་སྟེ། འདུས་པའི་རྩ་རྒྱུད་ལས། བཤང་གཅི་ཆུ་ལ་སོགས་པས་བྱུགས་པའམ། །རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ ཏུ་བྱ། །ཞེས་པའི་བཤང་གཅི་བ་བྱུང་ལྔ་དང༌། ཆུ་ཞེས་པ་དྲི་བཟང ་གི་ཆུ་ཡིན་ཞིང༌། དེས་སྒྲུབ་གནས་ལ་བྱུགས་པར་བསྟན་པས་མཎྜལ་ཡང་གོ་དགོས་ལ། བདེ་མཆོག་རྩ་རྒྱུད་ལས་ཀྱང༌། དེ་ལ་ལྕི་བ་ལྡིང་བ་ཡིས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུགས། །ཞེས་གསུངས་ཏེ། དེས་བ་བྱུང་ལྷག་མའང་མཚོན་པས་བ་བྱུང་ལྔས་བྱུག་གོ །ཞེས་སྦས་དོན་ཀུན་གསལ་དུ་གསུངས་སོ། །སངས་རྒྱས་གསང་བའི་མཎྜལ་གྱི་ཆོ་གར་དོན་གཞན་མ་བཤད་པར་བ་བྱུང་འཕབ་ཚུལ་དང་བྱུག་ཚུལ་སོགས་ཁོ་ན་ཞིབ་མོར་བཤད་སྣང་བས་འདི་ཤིན་ ཏུ་གལ་ཆེ་བ་ཡིན་ནོ། །རྒྱས་པར་བྱེད་ན། ཨོཾ་བཛྲོད་ཀེ་ཧཱུཾ། ཞེས་པས་བ་བྱུང་དང་དྲི་བཟང ་གི་ཆུ་བྱིན་གྱིས་བརླབ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་ཞེས་པས་མེ་ཏོག་བྱིན་གྱིས་བརླབ། ཨོཾ་ཨཱཿབཛྲ་རི་ཁེ་ཧཱུཾ་ཞེས་པས་མཎྜལ་བྱིན་གྱིས་རློབ་པ་དང༌། འཁྱིལ་བའི་སྔགས་ཀྱིས་མཚམས་གཅོད་པར་ཡང་
གསུངས་སོ། །སྐུ་གསུང་ཐུགས་རྟེན་དངོས་སུ་བཀྲམ་ཡོད་ན་དེས་འཐུས་ལ། མེད་ན་དམིགས་རྟེན་དུ་མཆོད་པའི་མཎྜལ་ལས་མཐོ་བའི་སྟེགས་ཀྱི་ཁར་མཎྜལ་ཚོམ་བུ་ལྔ་བཀོད་པའི་དབུས་སུ་བླ་མ། ཤར་དུ་ཡི་དམ། ལྷོར་སངས་རྒྱས། ནུབ་ཏུ་ཆོས། བྱང་དུ་དགེ་འདུན་གསལ་བཏབ་པ་ལ་སྒྲུབ་པའི་མཎྜལ་ཞེས་ཟེར་རོ། །བཀའ་བརྒྱུད་གོང་མ་རྣམས་འདི་གཙོ་བོར་ལག་ལེན་མཛད་དོ། །གཉིས་པ་དངོས་གཞིའི་ལག་ལེན་དང་དམིགས་རྣམ་སྐྱོང་ཚུལ་ནི། ལག་པ་གཡོན་པ་འབྲུ་དང་བཅས་པས་མཎྜལ་བཟུང༌། གཡས་པ་འབྲུ་དང་བཅས་བའི་ལག་ངར་གྱིས་མཎྜལ་གཡས་སྐོར་དུ་ལན་གསུམ་ཕྱིས་ན་དེའི་ངོས་ལ་བྱང་ཆུབ་ཀྱི་སེམས་ཀྱི་རྩ་ཡོད་པས་ལས་ཉོན་སྡིག་སྒྲིབ་སྦྱོང་བ་དང་བྱམས་སྙིང་རྗེས་རྒྱུད་བརླན་པའི་རྟེན་འབྲེལ་གྱི་སྒོ་ཡོད་ལ། དམིགས་པ་ཞིང་ཁམས་དེར་འདམ་རྫབ་རྡོ་གསེག་ཚེར་མ་སོགས་མ་དག་པའི་ཉེས་པ་རྣམས་བསལ་ནས་རིན་པོ་ཆེའི་རང་བཞིན་གྱི་ས་གཞི་ཡངས་ཤིང་ཁོད་སྙོམས་པ་མེ་ལོང་གི་ངོས་ལྟ་བུར་གྱུར་པར་བསམས་ན་ཞིང་དག་སྦྱོར་བའི་ཉམས་ལེན་དུ་འགྲོ་སྟེ། རྒྱན་ལས། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་སྒྲུབ་པ་ཡིས། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་གསུངས་ཏེ། འདིའི་ཐད་ཀྱི་བརྒྱད་སྟོང་བ་སོགས་སུ་མུ་གེའི་དགོན་པ་དང༌། གཅན་གཟན་གྱི་དགོན་པ་སོགས་སུ་ཕྱིན་པ་ན་དེའི་རྐྱེན་གྱིས་བློ་སྦྱོང་ཚུལ་གསུངས་པས་མཚོན་རྫོགས་སྨིན་སྦྱངས་གསུམ་གྱི་རྒྱལ་སྲས་ཀྱི་སྤྱོད་པའི་སྡོམས་ཆེན་པོར་གྱུར་པ་ཞིག་ཡིན་ནོ། །ཕྱིས་ཚར་མ་ཐག་ལག་པ་གཡས་པའི་ནང་གི་འབྲུ་དེ་མཎྜལ་གྱི་
དབུས་སུ་བཀོད། དབུས་སྟོང་པར་བཞག་ན་ཞིང་ཁམས་སྟོང་པར་སྐྱེ་བར་གསུངས་ཏེ། འགྲོ་བ་གཞན་མེད་པ་མིན་གྱིས་སངས་རྒྱས་མི་འབྱོན་པའི་མི་ཁོམ་པའི་གནས་སུ་སྐྱེ་བའི་དོན་ཡིན་པས་ཉེས་དམིགས་ཆེའོ། །དེ་ནས་ཞིང་ཁམས་འབུལ་བར་ཞུ་ཞེས་པ་ལྟ་བུས་སྙན་མནན་ལ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུཾ། ཞེས་བརྗོད་ཅིང་འོག་གཞི་དང་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་པ་སིལ་མར་བཀྲམ་པར་བསམས་ལ་ཐོག་ཁྱབ་པར་མེ་ཏོག་འགྲེམ། ཉེར་གསུམ་མ་སྔགས་དང་བཅས་པ་བྱེད་ན། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ་ཞེས་པས་ཕྱི་ལྕགས་རི་མུ་ཁྱུད། ཨོཾ་ཧཾ་སུ་མ་དྷྱ་མེ་ར་ཝེ་ནཱ་མ། ཞེས་པས་དབུས་སུ་རི་རབ་སོགས་བཀོད་ལ། སོ་བདུན་མའི་འདོན་ཆ་ལྟར་བྱེད་ཚེ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་རིའི་རྒྱལ་པོ་རི་རབ། ཅེས་བརྗོད་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་མཐའི་ལྕགས་རི་ཁོར་ཡུག་ཆེན་པོ་དང༌། གླིང་བཞི་པའི་འཇིག་རྟེན་སོ་སོའི་མཐའི་ལྕགས་རི་རྣམས་གསལ་བཏབ་ལ་མཎྜལ་གྱི་མཐའ་སྐོར་ལ་མེ་ཏོག་གིས་གཡས་སྐོར་དུ་བསྐོར། གླིང་བཞི་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་མཐའ་ཁོར་ཡུག་ཆེན་པོ་གཅིག་གིས་བསྐོར་བ་ནི་འོག་གཞིའི་རླུང་ཆུ་གསེར་དཀྱིལ་གསུམ་བརྩེགས་པ་གཅིག་གི་སྟེང་དུ་སྟོང་གསུམ་ཆགས་པར་འདོད་པ་ས་སྡེའི་ལུགས་ཡིན་གྱི། མཛོད་ལུགས་གླིང་བཞི་པའི་འཇིག་རྟེན་རེ་རེ་ལ་དེ་དག་བརྩེགས་པ་རེ་རེ་སོ་སོར་ཡོད་པས་སྟོང་གསུམ་ལྕགས་རི་གཅིག་གིས་བསྐོར་ཚུལ་མེད་དོ། །རྒྱན་སྣང་དུ་མཛོད་ཀྱི་ལུང་དྲངས་པ་ལས། དེ་སྟོང་
ལ་ནི་སྟོང་གསུམ་གྱི། །འཇིག་རྟེན་ཁམས་ནི་བླ་ན་མེད། །ཁོར་ཡུག་ཆེན་པོས་ཡོངས་སུ་བསྐོར། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཞེས་སྣང་བ་ནི་རྒྱ་བོད་ཀྱི་དཔེ་གང་རུང་ལ་མཆན་དཀྱུས་ཤོར་ལྟ་བུ་ཞིག་བྱུང་བར་མངོན། དེ་ནས་དབུས་སུ་ཚོམ་བུ་དགོད་ཅིང་རིའི་རྒྱལ་པོ་རི་རབ་འཕངས་དཔག་ཚད་ཁྲི་ཕྲག་བཅུ་དྲུག་ཡོད་པས་བརྒྱད་ཁྲི་རྒྱ་མཚོར་ནུབ་ཅིང༌། བརྒྱད་ཁྲི་སྟེང་དུ་འཕགས་པ། བང་རིམ་བཞི་ཅན། ནང་མ་ནང་མ་མཐོ་བའི་གསེར་རི་བདུན་བྲེ་ནང་དུ་བྲེ་བཅུག་པ་ལྟར་བྱས་པའི་བར་གྱི་རོལ་མཚོ་བདུན་དང་སྤེལ་མར་ཡོད་པ། རི་རབ་ཀྱི་རྩེ་མོ་སུམ་ཅུ་རྩ་གསུམ་གྱི་ལྷ་གནས། དབུས་སུ་རྣམ་པར་རྒྱལ་བའི་ཁང་བཟང་ཉི་མ་སྟོང་གི་གཟི་འོད་འབར་བ། མཐའ་སྐོར་དུ་ཡོངས་འདུ་ས་བརྟོལ་སོགས་དཔག་བསམ་གྱི་ཤིང་དང༌། ཁྲུས་ཀྱི་རྫིང་བུ་དང༌། རིན་པོ་ཆེའི་གཞལ་མེད་ཁང་དང༌། ལྷའི་བདུད་རྩི་དང༌། ལྷའི་གོས་པཉྩ་ལི་ཀ་དང༌། རིན་པོ་ཆེའི་འཕྲེང་བ་བརྗོད་ཀྱིས་མི་ལང་བ་དང༌། ལྷའི་རྔ་ཆེན་པོ་ཆོས་ཀྱི་དབྱངས་སྒྲོགས་པ་སོགས་མཆོད་རྫས་དཔག་ཏུ་མེད་པས་གང་བ། བང་རིམ་ལ་རྒྱལ་ཆེན་རིས་བཞི། གནོད་སྦྱིན་གཞོང་ཐོགས་སོགས་དང༌། རོལ་མཚོ་བདུན་ལ་ཀླུའི་རྒྱལ་པོ་རྣམས་དཔལ་འབྱོར་ཆེན་པོ་དང་བཅས་ཏེ་གནས་པར་བསམས། རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་དུ་གསུངས་པ་འདྲའང༌། ངོས་འཛིན་མི་འདྲ་བ་དུ་མ་ཡོད་དེ་མཛོད་རང་འགྲེལ་ལས། གསེར་གྱི་རང་བཞིན་དང༌། དངུལ་གྱི་རང་བཞིན་དང༌། བཻ་ཌཱུརྱའི་རང་བཞིན་དང༌། ཤེལ་གྱི་རང་བཞིན་ཏེ་ངོས་བཞི་དག་ཏུ་གྲངས་བཞིན་ནོ། །ཞེས་གསུངས་པ་བྱང་ནས་བརྩམས་ཏེ་གཡས་སྐོར་དུ་བྱས་ལ། དེའི་
ཕྱོགས་མདོག་དང་གླིང་གི་ནམ་མཁའི་མདོག་མཚུངས་དགོས་པས་ཤེལ་ཞེས་པ་ཤེལ་དམར་པོར་མཆིམས་མཛོད་ལས་བཤད་དེ་པདྨ་རཱ་ག་ཡིན་ནོ། །ས་སྡེར་བཻ་ཌཱུརྱ་དང་ཤེལ་གྱི་གོ་རིམ་བཟློག་སྟེ་འབྱུང་བས་རྟེན་སའི་མདོ་རེ་ཡོད་པར་མངོན་ལ། གདགས་པ་ལས་ཤར་ཤེལ་ལྷོ་བཻ་ཌཱུརྱ། ནུབ་དངུལ། བྱང་གསེར་དུ་གསུངས། དྲན་པ་ཉེར་གཞག་ལས། ཤར་དངུལ། ལྷོ་བཻ་ཌཱུརྱ། ནུབ་གསེར། བྱང་ཤེལ་དཀར་པོར་གསུངས་ལ། འདིར་རི་རབ་ཀྱི་དཔངས་དང་གླིང་གི་ཚད་མངོན་པ་གཉིས་ལས་ལྷག་པ་རེའང་གསུངས་སོ། །དུས་འཁོར་གྱི་ཚེ་དང་དབྱིབས་ཁ་དོག་རྭའི་ཡོད་ཚུལ་རྣམས་འདི་དང་གཏན་མི་མཚུངས་ཏེ། ཕྱི་ནང་གཞན་གསུམ་སྦྱོར་ཚུལ་གྱི་གནད་མང་པོ་ཡོད་པས་ལོགས་སུ་ཤེས་དགོས་སོ། །ཤར་ལུས་འཕགས་པོ་ཞེས་བརྗོད་པའི་ཚེ་ཤར་དུ་ཚོམ་བུ་དགོད་ཅིང་ཤར་ལུས་འཕགས་པོའི་གླིང་དབྱིབས་ཟླ་བ་ཕྱེད་པ་ལྟ་བུ། ས་གཞི་དང་བར་སྣང་ཐམས་ཅད་ཁ་དོག་དཀར་བ། མི་རྣམས་གཟུགས་བཟང་ཞིང་སེམས་རྒྱུད་འཇམ་པ། ལོངས་སྤྱོད་ཆེ་བ། རིན་པོ་ཆེ་མང་པོས་གང་བ་གསལ་གདབ། ལྷོ་འཛམ་བུའི་གླིང་ཞེས་བརྗོད་པའི་ཚེ་ལྷོར་ཚོམ་བུ་དགོད་ཅིང༌། ལྷོ་འཛམ་བུ་གླིང་དབྱིབས་ཤིང་རྟ་ལྟ་བུའམ་གྲུ་གསུམ་གྱི་རྣམ་པ། ས་གཞི་དང་བར་སྣང་ཐམས་ཅད་ཁ་དོག་སྔོ་བ། གྲུབ་པའི་གནས་མང་པོ་དང༌། མཆོད་རྫས་མང་པོས་གང་བ་གསལ་གདབ། ནུབ་བ་ལང་སྤྱོད་ཅེས་བརྗོད་པའི་ཚེ་ནུབ་ཏུ་ཚོམ་བུ་དགོད་ཅིང༌། ནུབ་བ་ལང་སྤྱོད་ཀྱི་གླིང་དབྱིངས་མཎྜལ་ལྟར་ཟླུམ་པོ། ས་གཞི་དང་བར་སྣང་ཐམས་ཅད་ཁ་དོག་
དམར་བ། ལོངས་སྤྱོད་ཚད་མེད་པ་དང་ལྡན་པ་གསལ་གདབ། བྱང་སྒྲ་མི་སྙན་ཞེས་བརྗོད་པའི་ཚེ་བྱང་དུ་ཚོམ་བུ་དགོད་ཅིང༌། བྱང་སྒྲ་མི་སྙན་གྱི་གླིང་དབྱིབས་གྲུ་བཞི་པ། ས་གཞི་དང་བར་སྣང་ཐམས་ཅད་ཁ་དོག་སེར་བ། མི་རྣམས་གཟུགས་བཟང་ཞིང་འོད་དང་ལྡན་པ། ལོངས་སྤྱོད་ལྷ་དང་མཉམ་པ། མཆོད་རྫས་ཁྱད་པར་དུ་འཕགས་པས་ཡོངས་སུ་གང་བ་གསལ་གདབ། གླིང་སོ་སོའི་རྒྱ་ཁྱོན་གྱི་ཚད། མཛོད་ལས། འཛམ་བུ་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །ཤར་གྱི་ལུས་འཕགས་ཟླ་གམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུ་འོ། །བ་གླང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །ཞེས་འབྱུང་ཞིང༌། སའི་དངོས་གཞིར་ལྷོ་གླིང་གི་ངོས་ཆུང་ཤོས་ལ་དཔག་ཚད་ལྔ་བརྒྱ། ཤར་གླིང་གི་ངོས་ཐུང་པར་དཔག་ཚད་སྟོང་ཡོད་པར་གསུངས། དྲན་ཉེར་ལྷོ་ནུབ་ཤར་བྱང་རྣམས་ལ་རིམ་པ་བཞིན་དཔག་ཚད་སྟོང་ཕྲག་བདུན་དང་བརྒྱད་དང་དགུ་དང་བཅུ་ཡོད་པར་གསུངས། གླིང་གཞན་གྱི་མིའི་ལུས་ཚད་ཀྱང་ཏ་ལ་བདུན་སོགས་སུ་གསུངས་པས། མཛོད་ལས། འཛམ་བུའི་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །ཤར་དང་བ་གླང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་སྐྱེད། །ཅེས་པ་དང་ཆེས་མི་འདྲའོ། །གླིང་ཕྲན་ནི་གླིང་དེ་དང་རྩ་བ་མཚོ་ནང་ན་འབྲེལ་ནས་ཡོད་པ་དེའི་གླིང་ཕྲན་དུ་བཞག་པ་ཡིན་ཅིང༌། ཕལ་ཆེན་ལས་གླིང་བཞི་ལ་གླིང་ཕྲན་བྱེ་བ་བརྒྱད་ཅུ་ཡོད་པར་གསུངས་པ་ལྟ་བུ་ཆེས་མང་ཡང༌། དབྱིབས་དང་
ལོངས་སྤྱོད་མིའི་ཤ་ཚུགས་སོགས་གླིང་གཙོ་བོ་ལས་ཅུང་དམན་ཡང་ཆ་འདྲ་བའི་གླིང་ཕྲན་ཆེ་ཤོས་བརྒྱད་དུ་ཡོད་པས། ལུས་དང་ལུས་འཕགས་ཞེས་བརྗོད་པའི་ཚེ་ཤར་གྱི་ཚོམ་བུའི་གཡས་གཡོན་དུ་ཚོམ་བུ་རེ་དགོད་ཅིང་དེའི་གླིང་ཕྲན་གཉིས་བསམ། རྔ་ཡབ་དང་རྔ་ཡབ་གཞན་ཞེས་བརྗོད་དེ་ལྷོའི་ཚོམ་བུའི་གཡས་གཡོན། གཡོ་ལྡན་དང་ལམ་མཆོག་འགྲོ་ཞེས་བརྗོད་ཅིང་ནུབ་ཀྱི་ཚོམ་བུའི་གཡས་གཡོན། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་ཞེས་བརྗོད་ཅིང་བྱང་གི་ཚོམ་བུའི་གཡས་གཡོན་དུ་ཚོམ་བུ་རེ་བཀོད་ལ་གླིང་རང་རང་གི་གཡས་གཡོན་དུ་གླིང་ཕྲན་གཉིས་གཉིས་བྱུང་བར་བསམ། རིན་པོ་ཆེའི་རི་བོ་ཞེས་བརྗོད་ཅིང་ཤར་གླིང་གི་ཚོམ་བུའི་ནང་ལོགས་སུ་ཚོམ་བུ་ཞིག་བཀོད་དེ་གླིང་དེའི་འབྱོར་པའི་གཙོ་བོ་རིན་པོ་ཆེའི་རི་དཔངས་མཐོ་ལ་ངོས་ཡངས་པ་རིན་པོ་ཆེའི་འོད་སྣ་ཚོགས་འཆར་བ་དང༌། དཔག་བསམ་གྱི་ཤིང་ཞེས་བརྗོད་པའི་ཚེ་ལྷོ་གླིང་གི་ནང་དུ་ཛམ་བུ་པྲྀཀྵའི་ལྗོན་པ་རྩེ་མོ་དགུང་ལ་བསྙེགས་ཤིང་གོས་དང་རྒྱན་སྣ་ཚོགས་པས་སྤུད་པ་བསམ། འདོད་འཇོའི་བ་ཞེས་ནུབ་ཀྱི་ནང་དུ་འོ་མའི་རྒྱུན་ཟད་པ་མེད་པ་ཤ་རྒྱས་ཤིང་སྤུ་སྡུག་པའི་ཁྱུ་བསམས། མ་རྨོས་པའི་ལོ་ཏོག་ཅེས་བྱང་གི་ནང་དུ་མ་རྨོས་མ་བཏབ་པར་སྐྱེས་པའི་ལོ་ཏོག་རོ་བཅུད་ཕུན་སུམ་ཚོགས་པ་སྟེ་གླིང་རང་རང་གི་ལོངས་སྤྱོད་ཀྱི་གཙོ་བོ་རྣམས་གསལ་གདབ། འཁོར་ལོས་བསྒྱུར་རྒྱལ་ལ་ཚེས་བཅོ་ལྔའི་ཐོ་རངས་ཤར་ཕྱོགས་ཀྱི་ནམ་མཁའ་ནས་ལྷའི་དབང་པོས་གསེར་གྱི་འཁོར་ལོ་སོགས་སྦྱིན་པར་གསུངས་པས་འཁོར་ལོ་རིན་པོ་ཆེ་ཞེས་ཤར་གྱི་རིན་པོ་ཆེའི་
རིའི་ཚོམ་བུའི་ནང་ལོགས་སུ་ཚོམ་བུ་ཞིག་དགོད། དེ་བཞིན་དུ་ལྷོའི་ནང་ངོས་ལ་ནོར་བུ་རིན་པོ་ཆེ། ནུབ་ཏུ་བཙུན་མོ་རིན་པོ་ཆེ། བྱང་དུ་བློན་པོ་རིན་པོ་ཆེ། ཤར་ལྷོའི་གླིང་ཕྲན་གཉི་གའི་བར་གྱི་ནང་ལོགས་སུ་གླང་པོ་རིན་པོ་ཆེ། ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེ། ནུབ་བྱང་དུ་དམག་དཔོན་རིན་པོ་ཆེ། བྱང་ཤར་དུ་འདོད་དགུའི་ལོངས་སྤྱོད་འབད་མེད་དུ་འབྱུང་བའི་གཏེར་ཆེན་པོའི་བུམ་པ་དགོད། རྒྱལ་སྲིད་སྣ་བདུན་སོ་སོའི་ཡོན་ཏན་དང་བྱེད་ལས་སོགས་ཀྱི་ཁྱད་པར་ནི། རྗེ་བླ་མས། ཛམ་བུའི་ཆུ་བོའི་གསེར་ལས་ལེགས་བྱས་ཤིང༌། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་པ། །ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། །ཅེས་སོགས་མདོ་དྲན་པ་ཉེར་གཞག་གི་དོན་ཇི་ལྟ་བ་བཞིན་དུ་བཀོད་པ་དང༌། མངོན་འབྱུང་གི་མདོ་ལས། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སོགས་གསུངས་པའི་དོན་རྣམས་ཀྱང་ལེགས་པར་ངེས་པར་བྱས་ཏེ་དམིགས་རྣམ་གསལ་ཐེབས་པ་བྱ། དེར་མ་ཟད་མདོ་སྡེ་རྒྱན་ལས། ཤེས་བྱ་མ་རྒྱལ་རྒྱལ་བའི་ཕྱིར། །དྲན་པ་དག་ནི་ཀུན་ཏུ་སྤྱོད། །ཅེས་སོགས་ལྟར་བྱང་ཆུབ་ཡན་ལག་བདུན་གྱི་སྒོ་ནས་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་རྟེན་འབྲེལ་དུ་འགྱུར་ཚུལ་དང༌། སངས་རྒྱས་གསང་བའི་དཀྱིལ་འཁོར་གྱི་ཆོས་མདོར་བསྡུས་པ་ལས། རིན་ཆེན་བདུན་ནི་འདི་ཡིན་ཏེ། །དབང་གིས་འཁོར་ལོ་རིན་ཆེན་དང༌། །ཞེས་སོགས་དབང་ལམ་འབྲས་བུ་ཅི་རིགས་ལ་སྦྱར་བ་དང་ཀཱ་མ་ངྷེ་ནུས་སྡོང་པོ་བཀོད་པའི་མདོ་དྲངས་པ་ལས། ཕ་རོལ་ཕྱིན་པ་རྟག་འབྱུང་འཁོར་ལོ་
ཡིན་ཏེ་མངོན་པར་ཤེས་པ་གླང་པོ་མཆོག །ཅེས་སོགས་ཀྱིས་ཀྱང་ལམ་གྱི་ཁྱད་པར་ཅི་རིགས་ལ་སྦྱར་བའི་མཚོན་དོན་ལེགས་པར་ངེས་ན་དེའི་ཚོད་ཀྱིས་བློ་འཁུལ་ཚབས་ཆེ་བ་འབྱུང༌། འཁོར་ལོ་ལ་སོགས་པ་དེ་དག་ཀྱང་རེ་རེ་ཙམ་མིན་ཏེ། ཡེ་ཤེས་རྡོ་རྗེའི་དེ་ཉིད་མཐོང་བའི་ལམ་དུ་རྒྱལ་སྲིད་སྣ་བདུན་རེ་རེའི་མཐར་དེ་དང་དེས་གང་བར་བསམས། ཞེས་འབྱུང་བས་བགྲང་ལས་འདས་པ་བསམ་དགོས་སོ། །དེའང་མཛོད་ལས། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང༌། །གསུམ་དང་བཞི་ལ་མས་རིམ་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང༌། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་ཟངས་ལྕགས་ཀྱི་འཁོར་སྒྱུར་གཉིས་གཞན་ལ་བསད་རྨས་སོགས་ཀྱི་གནོད་པ་མི་དགོས་ཀྱང་གཡུལ་བཤམས་པ་དང་མཚོན་བརྩམས་པ་ཙམ་གྱིས་ཕ་རོལ་པོ་འདུལ་བར་འགྱུར་བས་དམག་དཔོན་རིན་པོ་ཆེ་དགོས། གསེར་དངུལ་གྱི་འཁོར་ལོས་སྒྱུར་བས་གཡུལ་བཤམས་པ་ཙམ་ཡང་མི་དགོས་པས། འདིར་འཁོར་ལོ་གསེར་གྱི་འཁོར་ལོ་ལ་གསུངས་ཀྱང་རིན་ཆེན་བདུན་གྱི་གྲངས་སུ་དམག་དཔོན་གསུངས་པའི་དགོས་པ་ནི་རྩོད་ལྡན་ཆེས་སྙིགས་མའི་དུས་འདིར་ཆོས་ཚུལ་བཞིན་དུ་སྒྲུབ་པ་པོ་རྣམས་ལ་རྒྱུ་མེད་པར་སྡང་བ་མང་བས། དེ་དག་གི་གནོད་པས་མི་བརྫི་བའི་ཐབས་སུ་བླ་མ་ལ་དམག་དཔོན་རིན་པོ་ཆེ་ཕུལ་ཏེ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བའི་རྟེན་འབྲེལ་བསྒྲིགས་ན་དོན་ཤིན་ཏུ་ཆེ་བ་ལ་དགོངས་པ་ཡིན་ནོ། །ཀུན་མཁྱེན་འཇམ་དབྱངས་
བཞད་པའི་འཕྲིན་ཡིག་རྣམ་གཞག་ཏུ། ཁྱིམ་བདག་མི་འདྲེན་པར་དམག་དཔོན་དང་བློན་པོ་གྲངས་རེ་རེར་འདྲེན་པ་ལ་རིན་ཆེན་གཅིག་ཆད་པའི་སྐྱོན་ཡོད་གསུངས་པ་དང་འདྲེན་ཚུལ་དེ་དག་མི་འགལ་ཏེ། ཁྱིམ་བདག་ཅེས་མ་སྨོས་ནའང་བློན་པོ་དང་དམག་དཔོན་ཞེས་བགྲང་བའི་ཚེ་བློན་པོས་ཁྱིམ་བདག་དང་གཉི་གའི་གོ་ཆོད་པས། མངོན་འབྱུང་གི་མདོར། བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་དེ། །བློན་པོ་རིན་ཆེན། ཞེས་གསུངས་པ་བཞིན་ནོ། །ཞིང་འདི་རིན་ཆེན་སྣ་བདུན་ཞེས་པས་དངོས་ཟིན་གྱི་རིན་ཆེན་བདུན་ཡང་བློན་པོ་དང་དམག་དཔོན་ཞེས་འདྲེན་ན་ཁྱིམ་བདག་བློན་པོའི་ཁོངས་སུ་སྡུད་དགོས་ཤིང༌། བློན་པོ་དང་ཁྱིམ་བདག་ཅེས་འདྲེན་ན་དམག་དཔོན་བློན་པོའི་ཁུངས་སུ་སྡུད་དགོས་ཏེ། སྒྲོན་གསལ་ལས། བུད་མེད་དང༌། སྐྱེས་པ་དང༌། རིན་པོ་ཆེ་དང༌། འཁོར་ལོ་དང༌། རལ་གྲི་དང༌། གླང་པོ་དང༌། རྟ་རིན་པོ་ཆེ་ཞེས་པའི་ཐད་ཀྱི་མཆན་ལས། རལ་གྲི་འཛིན་པའི་དམག་དཔོན་ཞེས་གྲགས་པ་བློན་པོ་རིན་པོ་ཆེ་ཞེས་གསུངས་པ་ལྟར་རོ། །དེ་ནས་ཕྱོགས་ཀྱི་འཁོར་ལོ་སོགས་བཞིའི་ནང་དུ། སྒེག་མོ། འཕྲེང་བ་མ། གླུ་མ། གར་མ་བཞི་དང༌། མཚམས་ཀྱི་གླང་པོ་སོགས་བཞིའི་ནང་དུ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ་རྣམས་ཀྱི་ཚོམ་བུ་དགོད། དེ་དག་ཀྱང་རྗེ་བླ་མས། ཏིང་འཛིན་པིར་གྱིས་བྲིས་པའི་སྨིན་ལེགས་གཟུགས། །འཁྲི་ཤིང་གཞོན་ནུ་བཞིན་དུ་ལུས་ཕྲ་ཞིང༌། །བཞིན་རས་རྒྱས་པས་ཟླ་བའི་མཛེས་པ་འཕྲོག །ཨུཏྤལ་སྔོན་པོའི་མིག་ཅན་མཆུ་སྒྲོས་དམར། །ཞེས་སོགས་ལྟར་ཤིན་ཏུ་ཡིད་འཕྲོག་པའི་མཆོད་པའི་ལྷ་མོ་རང་རང་གི་མཆོད་རྫས་
དེ་དང་དེ་ཐོགས་པ་བསམ་ཞིང༌། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས། མཆོད་པའི་ལྷ་མོ་བརྒྱད་པོ་དེ་དག་ཀྱང་རེ་རེ་ཙམ་མིན་པར་ནམ་མཁའི་ཁམས་ཡོངས་སུ་གང་བ། རང་རང་གི་མཚན་དང་མཐུན་པའི་མཆོད་རྫས་ཐོགས་ཏེ་མཆོད་པ་བྱེད། ཅེས་གསུངས་པ་ལྟར་རོ། །ཉེར་གསུམ་མའི་སྟེང་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་འདི་བརྒྱད་བསྣན་པ་ཡིན་ལ། སྣོན་པའི་རྒྱུ་མཚན་ནི་ཁམས་གསུམ་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་རྟེན་འབྲེལ་དུ་རྒྱལ་སྲིད་སྣ་བདུན་ཕུལ་བ་ཡིན་ཞིང༌། དེ་ཉིད་བསྡུས་པར་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་འགོད་ཚུལ་འཁོར་ལོས་སྒྱུར་བའི་རྒྱལ་ཐབས་ཀྱི་ཚུལ་དུ་བྱས་པ་ཡིན་པས། ནང་གི་གྲྭའི་ལྷ་མོ་བཞི་སྲས་རྣམས་ཀྱི་བཙུན་མོའི་ཚུལ་དང༌། ཕྱིའི་གྲྭའི་ལྷ་མོ་བཞི་ཕོ་ཉ་མོ་དང༌། བྲན་མོ་དང༌། མངགས་གཞུག་མ་དང༌། གསོལ་ཁ་མའི་ཚུལ་དུ་གསུངས་པ་དེར་བསྟུན་པ་ཡིན། ནག་པོ་བའི་དཀྱིལ་ཆོག་སོགས་སུ། སྒེག་དང་བཅས་པས་འཕྲེང་བ་འཕང༌། །ཞེས་སོགས་དབང་གི་མཐའ་རྟེན་རྒྱས་པ་བྱས་ཏེ་གསང་སྔགས་ཟབ་མོའི་འདོད་ཡོན་ལམ་བྱེད་ཀྱི་གནད་མང་པོ་ཡོད་པར་གསུངས་པའང་དྲན་པར་བྱ་དགོས་སོ། །དེ་ནས་ཉི་མ་ཟླ་བ་ཞེས་བརྗོད་ཅིང་རི་རབ་ཀྱི་ཚོམ་བུའི་མདུན་རྒྱབ་ཏུ་ཚོམ་བུ་རེ་བཀོད་པ་ན། རིའི་རྒྱལ་པོ་རི་རབ་སྟོད་ཆ་རྒྱ་མཚོ་ནས་ཡར་འཕགས་པ་ལ་དཔག་ཚད་བརྒྱད་ཁྲི་ཡོད་པའི་ཕྱེད་དཔག་ཚད་བཞི་ཁྲིའི་མཚམས་རི་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པའི་ཐད་ཤར་ཕྱོགས་ཀྱི་ནམ་མཁར་ཉི་མའི་དཀྱིལ་འཁོར་མེ་ཤེལ་གྱི་རང་བཞིན་དཔག་ཚད་ལྔ་བཅུ་
རྩ་གཅིག་པ། ནུབ་ཕྱོགས་ཀྱི་ནམ་མཁར་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ཆུ་ཤེལ་གྱི་རང་བཞིན་དཔག་ཚད་ལྔ་བཅུ་པ། གཉིས་ཀའི་འོད་ཀྱིས་གླིང་དང་གླིང་ཕྲན་རོལ་མཚོའི་བར་སོགས་མཐའ་དག་གི་མུན་པ་སེལ་བ། ཁྱད་པར་དུ་ཉི་འོད་ཀྱིས་ལོ་འབྲས་ཐམས་ཅད་སྨིན་པར་བྱེད་ཅིང༌། ཟླ་བས་ཚ་གདུང་སེལ་བར་བསམས། བདེ་གཤེགས་ཀུན་བཟང་གི་ཞིང་དུ་ཉི་མ་གཅིག་གིས་སྟོང་གསུམ་ཀའི་མུན་པ་སེལ་བར་གསུངས་པ་ལྟ་བུའང་ཡོད་ལ། ཉི་མའི་འོད་ཀྱིས་ས་ལ་གླིང་གཉིས་ཙམ་ལས་ལྷག་ཁྱབ་མི་ནུས་པར་གསུངས་པ་ལྟ་བུའང་ཡོད། སྤྱིར་ཉི་འོད་ཀྱིས་ཁྱབ་པར་ཟླ་འོད་མི་མངོན་ཡང༌། སྐབས་འདིར་གཉི་གའི་འོད་ཀྱིས་འཇིག་རྟེན་ཀུན་ལ་ཁྱབ་པར་བསམ་དགོས་ཏེ། དེ་གཉིས་ཀྱི་མཚོན་དོན་ཉི་མ་མུན་པ་དྲུངས་ནས་འབྱིན་པའི་གཉེན་པོ་ཡིན་པ་ལྟར། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་སྲིད་པའི་རྩ་བ་བདེན་འཛིན་གྱི་མུན་པ་དྲུངས་ཕྱུང་སྟེ་སྲིད་མཐའ་འགོག་པ་དང༌། ཟླ་བ་བསིལ་བའི་རང་བཞིན་ཡིན་པས་ཚ་གདུང་སེལ་བ་ལྟར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི་སྙིང་རྗེའི་རྩ་བ་ཅན་ཡིན་པས་རང་གཅེས་འཛིན་བསལ་ཏེ་གཞན་ཕན་ལྷུར་བྱེད་པས་ཞི་མཐའ་འགོག་པར་བྱེད། ཐབས་ཤེས་དེ་གཉིས་ཀྱང་ཡ་བྲལ་དུ་མ་སོང་བར་གཅིག་གིས་གཅིག་ཟིན་པ་དགོས་ཤིང༌། སྔགས་ལུགས་ཀྱིས་དེ་ལས་ཀྱང་ལྷག་པ། རོ་གཅིག་དངོས་པོའི་སེམས་ཉིད་དོ། །ཞེས་པ་བློ་གཅིག་གི་ངོ་བོར་ཚང་དགོས་པའི་རྒྱུ་མཚན་གྱིས་ཡིན་ནོ། །བློ་གྲོས་ཀྱི་རྩལ་དང་ལྡན་ཞིང་གོམས་པ་ཕུལ་དུ་ཕྱིན་པ་རྣམས་ནི་འདིའི་ཁོངས་ནས་ཀྱང་གཞི་ལམ་འབྲས་བུའི་ཨེ་ཝཾ་ཐམས་ཅད་ཀྱི་དོན་འཆར་བས་སྔགས་བླ་མེད་ཀྱི་ཟབ་
གནས་མ་ལུས་པ་ལ་བག་ཆགས་འཇོག་ནུས་སོ། །དེ་ནས་རི་རབ་ཀྱི་ཚོམ་བུའི་གཡས་གཡོན་དུ་ཚོམ་བུ་རེ་དགོད་ཅིང༌། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཞེས་བརྗོད་པ་ན་ལྷོ་ཕྱོགས་ཀྱི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ནམ། སྔོན་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་གདུགས་ཕུལ་ཚུལ་གསུངས་པ་བཞིན་ཡུ་བ་བཻ་ཌཱུརྱ་དང༌། གདུགས་ཁེབས་གསེར་ལས་བྱས་པ། དར་གྱི་ཤམ་བུ་ཉི་ལེ་བར་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་མེ་ཤེལ་རྣམས་ཀྱིས་ཉི་མའི་བྱ་བ་ས་གསུམ་སྣང་བར་བྱེད་ཅིང༌། ཆུ་ཤེལ་རྣམས་བདུད་རྩིའི་རྒྱུན་བབས་པས་སངས་རྒྱས་རྣམས་ལ་སྐུ་ཁྲུས་གསོལ་ཞིང༌། སེམས་ཅན་རྣམས་སྐོམ་པ་སོགས་སེལ་བ་དང༌། དྲིལ་བུ་གཡེར་ཁ་རྣམས་སྙན་པའི་སྒྲ་དབྱངས་འབྱུང་བས་སངས་རྒྱས་རྣམས་ལ་རྒྱུ་དང་འབྲས་བུའི་ཡོན་ཏན་བརྗོད་ནས་བསྟོད་ཅིང༌། སེམས་ཅན་སོ་སོར་གང་འདོད་ཀྱི་ཆོས་སྟོན་པ་སོགས་དོན་གཉིས་རྒྱ་ཆེན་པོ་བྱེད་ནུས་པ་དེ་ལྟ་བུར་བསམ་པར་གསུངས་སོ། །མིང་གི་རྣམ་གྲངས་ཨ་མ་ར་ཀོ་ཥར། གདུགས་ནི་གདུང་བ་སྐྱོབ་པ་སྟེ། །ཞེས་འབྱུང་བས་ཚཏྟྲཾ་གདུགས། ཨཱ་ཧ་པ་ཏྲཾ་གདུང་སྐྱོབ་ཅེས་སོ་སོར་བཤད་ཀྱང་གདུགས་ཀྱི་སྐད་དོད་ཚཏྟྲཾ་ལའང་གདུང་བ་སྐྱོབ་པའི་དོན་ཚང་སྟེ། འདོད་འཇོ་ལས། ཚཏྟྲཾ་འགེབ་པར་བྱེད་བས་གདུགས་ཏེ་ཥཱནྡའོ། །ཞེས་སོ། །བྱང་ཕྱོགས་སུ་རྒྱལ་མཚན་ནི་རྗེ་བླ་མས། མཛེས་པའི་སྲོག་ཆགས་མཚན་མ་ཡོད་མེད་ཀྱི། །ཞེས་གསུངས་ཏེ། འདུལ་བའི་མདོར་ཡང༌། སེང་གེ་
རྐང་པ་བརྒྱད་པ་དང༌། ཉ་སྤུ་རྒྱས་པ་སོགས་སྲོག་ཆགས་གཉིས་འདུས་ཀྱི་གཟུགས་ཁྱད་པར་བས་མཚན་པའི་རྒྱལ་མཚན་གསུངས་པ་བཞིན་ཡིན་པས་མཚན་མ་དེ་འདྲ་ཡོད་པ་རྒྱལ་མཚན་དང༌། མེད་པ་བ་དན་དུ་འཇོག་ལ། གཉི་གའང་དར་ལྕེ་གསུམ་པ་ཡོངས་གྲགས་ཀྱི་འཕན་ལྟ་བུ་ཞིག་ཡིན་ནོ། །འོན་ཀྱང་ཨ་མ་ར་ཀོ་ཥར། བ་དན་དང་ནི་རྒྱལ་མཚན་དང༌། །དམག་དར་རུ་དར་ཞེས་དེ་བཞི་ཀ་རྣམ་གྲངས་སུ་གསུངས་པ་སྒྲ་ཡངས་དོག་ཡིན་པས། གང་ལྟར་ཡང་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཤེས་བྱེད་ཀྱི་མཚན་མ་ཡིན་པས་རྒྱལ་མཚན་ཞེས་སྨོས་པ་ཡིན། འདི་ནི་རང་འཇིགས་པ་ཐམས་ཅད་ལས་གྲོལ་ཏེ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་རང་དོན་ཕུན་ཚོགས་ཀྱི་རྟེན་འབྲེལ་དང༌། གདུགས་ནི་འགྲོ་བ་མཐའ་དག་རྒུད་པའི་ཚ་གདུང་ལས་སྐྱོབ་པའི་མགོན་དང་སྐྱབས་སུ་འགྱུར་བ་གཞན་དོན་ཕུན་ཚོགས་ཀྱི་རྟེན་འབྲེལ་ཏེ། རིམ་པ་བཞིན་རྒྱལ་སྲས་ཞི་བ་ལྷས། དེ་བས་རྒྱལ་བ་འགྲོ་བའི་མགོན། །ཞེས་གསུངས་པ་ལྟར་རོ། །དེ་ནས་དབུས་སུ་ཚོམ་བུ་ཞིག་ཕྱུར་བུར་བཀོད་ཅིང་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་ཐམས་ཅད་ཀུན་ ཏུ་བཟང ་པོའི་མཆོད་སྤྲིན་གྱི་རྣམ་པར་ས་དང་བར་སྣང་ཡོངས་སུ་བཀང་ནས་ཕུལ་བར་བསམས་ལ། དབུས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཞིང་ཁམས་རྣམ་པར་དག་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། མཉམ་མེད་ཤཱཀྱའི་རྒྱལ་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་
དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་སོགས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད། ཕྱོགས་ཀྱི་སྟོན་ཚུལ་ཤར་རང་ངོས་ལ་སྟོན་པ། འབུལ་ཡུལ་ལ་སྟོན་པ། གཉི་ག་འདམ་ངར་མཛད་པ་དང༌། དངོས་པོ་ལ་རང་འཛམ་གླིང་དུ་ཡོད་པས་ལྷོ་རང་ལ་སྟོན་པ་སོགས་སྣ་ཚོགས་ཡོད་ནའང༌། འབུལ་རྒྱུའི་རྫས་གང་ཡིན་ཀྱང་འབུལ་ཡུལ་དེ་ལ་ཁ་བལྟས་ནས་འབུལ་དགོས་པ་སྤྱི་ལུགས་ཡིན་པས་ཤར་འབུལ་ཡུལ་ལ་བསྟན་ན་ལེགས་ཞེས་སྐྱབས་མགོན་རྡོ་རྗེ་འཆང་འཇིགས་མེད་དབང་པོས་གསུངས་སོ། །དེའང་དང་པོར་རི་རབ་གླིང་བཞི་དང་བཅས་པ་ཆ་ཚང་རེ་རེ་ལེགས་པར་གསལ་གདབ། གོམས་པ་ན་བཅུ་བརྒྱ་སྟོང་སོགས་རྒྱ་ཇེ་ཆེར་བཏང་སྟེ་སྟོང་གསུམ་གྱི་བར་དུ་འབུལ། ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་དང་ཕལ་ཆེན་ལས་གསུངས་པ་ལྟར་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་མཚམས་སྦྱོར་དང༌། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་རྒྱུད་དང་པོ། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་རྒྱུད་བར་མ། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་རྒྱུད་གསུམ་པའམ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་སུ་འཇོག་ཅིང་དེ་ནི་སྤྲུལ་སྐུ་གཅིག་གི་འདུལ་ཞིང་དུ་གསུངས་པས་དེ་ལྟ་བུར་མོས། ཞིང་གི་དབྱིབས་བཀོད་ཀྱང་མདོ་སྡེ་ས་བཅུ་པ་ལས། འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པ་དང༌། ཐ་གྲུ་ཆེ་བ་དང༌། ཚད་མེད་པ་དང༌། རགས་
པ་དང༌། ཕྲ་བ་དང༌། འཆོལ་བ་དང༌། སྟེང་གཡོགས་མེད་ཅིང་གཞི་ཕྱལ་བ་དང༌། འཇུག་པའི་ཁྱིམ་ཅན་ཞེས་སོགས་དང༌། མདོ་སྡེ་ཕལ་པོ་ཆེ་ལས། ཕྱོགས་རྣམས་ཀུན་ན་ཞིང་ཁམས་རྒྱ་མཚོ་སྣང༌། །ལ་ལ་ཟླུམ་པོ་ལ་ལ་ཟུར་གསུམ་སྟེ། །དེ་དག་ལ་ལ་ཕྱོགས་ནི་གྲུ་བཞིར་གནས། །ནོར་བུ་པདྨ་འཁོར་ལོ་ཡན་ལག་བརྒྱད། །ཀུན་ཀྱང་ལས་རྣམས་རྒྱ་མཚོས་རྣམ་པར་བྲིས། །ཞེས་སོགས་མང་དུ་གསུངས་པ་བཞིན་དབྱིབས་བཀོད་རྒྱ་ཁྱོན་སོགས་མི་འདྲ་བ་སྣ་ཚོགས་སུ་ཡོད་པ་དེ་བཞིན་བསམ་དགོས། འོན་ཀྱང་མ་དག་པའི་སྐྱོན་གྱི་ཆ་མི་བསམ་པར། དག་པའི་ཞིང་ལྟར་སྣོད་བཅུད་ཐམས་ཅད་ཡོན་ཏན་ཕུན་སུམ་ཚོགས་པར་བསམ་དགོས་ཏེ། འདིར་ཞིང་འབུལ་ཚུལ་ནི་སངས་རྒྱས་རྣམས་ལ་བཞུགས་གནས་སུ་ཕུལ་ཏེ་འདིར་བཞུགས་ནས་ཞིང་འདིའི་གདུལ་བྱ་མཐའ་དག་སྨིན་གྲོལ་ལ་འགོད་པར་མཛད་དུ་གསོལ། ཞེས་ཞུ་དགོས་པའི་ཕྱིར། མདོ་ལས། བདེ་བར་གཤེགས་པའི་ཕོ་བྲང་མཆོག །མཎྜལ་གང་ཞིག་བྱེད་པ་དང༌། །ཞེས་དང༌། སློབ་དཔོན་ཤཱི་ལ་སམྦྷ་ཝའི་དེ་ཁོ་ན་ཉིད་བསྡུས་པའི་མན་ངག་ལས། རིན་ཆེན་ལས་བྱུང་གཞལ་ཡས་ཁང༌། །མཛེས་པ་ཉིད་དུ་གྱུར་པར་བསམ། །དེ་དབུས་བླ་མ་ཡི་དམ་ལྷ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །སྲས་དང་བཅས་པ་སྤྱན་དྲངས་ལ། །ཞེས་གསུངས་སོ། །དེ་ལ་དགོངས་ཏེ་སྐྱབས་མགོན་རྡོ་རྗེ་འཆང་ནས་ཀྱང༌། སངས་རྒྱས་ཞིང་ལ་དམིགས་ཏེ་ཕུལ་བ་ཡིས། །བྱས་ན་སངས་རྒྱས་རྣམས་འབུལ་ཡུལ་གྱི་ཞིང་ལ་བཤད་པ་ལྟ་བུར་འགྲོ། ཞིང་ཐམས་ཅད་སངས་རྒྱས་ཀྱི་ཞིང་དངོས་སུ་སོང་བར་
བསམ་དགོས་པས། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །བྱས་ན་ལེགས་གསུངས་སོ། །དེ་ནས་བློའི་མཐུ་ཆེར་གོམས་པ་ན་ཕྱོགས་བཅུའི་ཞིང་རབ་འབྱམས་དང༌། འཇིག་རྟེན་ཁམས་ན་མཆོད་པའི་དངོས་པོར་འོས་པ་གང་ཡོད་མཐའ་དག་བློས་བསླངས་ནས་འབུལ་དགོས་ཏེ། སྤྱོད་འཇུག་ལས། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པར། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བསླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཞེས་པ་ལྟར་རོ། །མདོ་ལུགས་ལ་འདི་ལས་གོང་མར་གྱུར་པའམ་རྒྱ་ཆེ་བའི་མཆོད་པ་འབུལ་ཚུལ་མེད་པས་བླ་ན་མེད་པའི་མཆོད་པ་ཞེས་བྱ་ལ། སྔགས་ལུགས་ཀྱི་དབང་བཞི་པ་དང་འབྲེལ་བའི་མཆོད་པ་གོང་དུ་བཤད་པ་ལྟར་ཞིང་རབ་འབྱམས་དེ་ཐམས་ཅད་ཀྱི་རྡུལ་རེ་རེ་ལའང་ཞིང་ཁམས་མཐའ་ཡས་པ་ད་ལྟར་ཡོད་པ་ཙམ་དུ་མ་ཟད། སྔར་བྱུང་ཟིན་པ་དང་སླར་འབྱུང་འགྱུར་ཚུན་ཆད་བཀོད་དེ་འབུལ་བ་ཡིན་པས་སྔ་མ་ལས་ཆེས་ཤིན་ཏུ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ནོ། །གསུམ་པ་མཇུག་ཏུ་ཕན་ཡོན་དྲན་པས་དགའ་བ་སྐྱེད་ཅིང་བསྔོ་བས་རྒྱས་གདབ་པ་ལ། མཎྜལ་གྱི་ཕན་ཡོན་ནི་མདོ་ལས། བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་ཉུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་དང་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ལ་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་བ་འོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་
འདི་དྲུག་ཐོབ། །གསེར་གྱི་མདོག་འགྱུར་འདི་དག་སྟེ། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཟླ་བ་ལྟར་མཛེས་གསལ་བ་ཡིས། །ལྷ་དང་མི་ནི་དམ་པར་སྐྱེ། །ནོར་དང་གསེར་ནི་འབྱོར་པ་ཡི། །རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །ཞེས་གནས་སྐབས་ཀྱི་ཉེར་འཚེ་ཞི་ཞིང་འདོད་དོན་མཐའ་དག་འགྲུབ་པ་དང༌། གཙོ་བོར་འདིའི་ཉམས་ལེན་དུ་ཕར་ཕྱིན་དྲུག་ཀ་ཚང་བར་གསུངས་ལ། དེ་ཚང་ན་མངོན་མཐོ་ངེས་ལེགས། དོན་གཉིས། བསླབ་པ་གསུམ། ཚོགས་གཉིས་ལ་སོགས་པའི་གནས་སྐབས་མཐར་ཐུག་གི་དགོས་དོན་མཐའ་དག་དེའི་ཁོངས་སུ་འགྲུབ་འགྲོ་བར་མདོ་སྡེ་རྒྱན་གྱི་ཕྱིན་དྲུག་གི་གྲངས་ངེས་སྒྲུབ་པའི་སྐབས་སུ་གསུངས་པ་བཞིན་ནོ། །དགྲ་ལས་རྣམ་རྒྱལ་གྱི་མཎྜལ་གྱི་ཆོ་གར་ལུང་འདི་དྲངས་ཀྱང་ལུང་ཁུངས་མ་སྨོས་ལ། ཨ་བྷྱཱའི་བྱང་ཆུབ་གཞུང་ལམ་དུ་དྲངས་པ་ལས། ཆུ་བཅས་ལྕི་བ་སྦྱིན་པ་སྟེ། །ཡང་དག་བྱུགས་པ་ཚུལ་ཁྲིམས་ཡིན། །གྲོག་སྦུར་ཕྲ་སེལ་བཟོད་པ་སྟེ། །ཞེས་སོགས་རྐང་པ་དང་པོ་དྲུག་ཀའང་ཚིག་ཐུང་དུ་འབྱུང་བས་འགྱུར་ཁྱད་ཙམ་མ་གཏོགས་སྔ་མ་དང་འདྲ་ལ། ལུང་ཁུངས་མཎྜལ་གྱི་ཕན་ཡོན་བསྟན་པའི་མདོ་ཞེས་གསུངས། ཡེ་ཤེས་རྡོ་རྗེའི་དེ་ཉིད་མཐོང་བའི་ལམ་དུ་ལུང་དྲངས་པ་ཕྱི་མ་དང་འདྲ་ཞིང་ལུང་ཁུངས་དཀྱིལ་འཁོར་ཆེན་པོའི་མདོ་ཞེས་གསུངས་པས་གང་ལྟར་མདོ་ཚིག་ཡིན་ནོ། །ཕྱི་མས་དྲངས་པའི་ལུང་གི་མཇུག་ཏུ། སངས་རྒྱས་གྱུར་ནས་ཡོངས་སུ་ཞིང་ཁམས་དག །ཅེས་གསུངས་པའང་ཤིན་ཏུ་དོན་ཆེ་སྟེ། སངས་རྒྱས་ཀྱི་ཞིང་སྦྱོང་ཚུལ་ནི་ཞིང་དང་རྣམ་པ་མཐུན་པའི་རྒྱུ་ཚོགས་ཡང་ཡང་གསལ་བཏབ་སྟེ་
མོས་པ་སྐྱེད་ཅིང༌། དགེ་རྩ་རྣམས་དེའི་དོན་དུ་སྨོན་པས་མཚམས་སྦྱོར་བ་ལ་རག་ལས་པ་སློབ་དཔོན་ཆོས་བཤེས་ཀྱི་ཚིག་གསལ་ལས། སངས་རྒྱས་ཀྱི་ཞིང་སྦྱོང་བ་ནི་རང་གི་སེམས་སྦྱོང་བ་སྟེ། ཞིང་གི་རྒྱུར་ཚོགས་བསགས་ནས་སྨོན་ལམ་འདེབས་པའོ། །ཞེས་དང༌། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་ལས། འདི་ནི་སངས་རྒྱས་ཀྱི་ཞིང་སྦྱོང་དུའང་འགྱུར་ཏེ། དཔེར་ན་རང་ཉིད་གང་དུ་འཚང་རྒྱ་འགྱུར་གྱི་ཞིང་དང་རྣམ་པ་མཐུན་པར་རྟེན་གཞལ་ཡས་ཁང་བསྐྱེད་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། ཟ་མ་ཏོག་ལྟ་བུའི་གཏམ་ལས་ཀྱང༌། མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང༌། །སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་ཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་པ་དྲུག་ཐོབ་འགྱུར། །ཞེས་གནས་སྐབས་ཚེ་རིང་ཞིང་ནད་མེད་པ་སོགས་མངོན་མཐོའི་ཡོན་ཏན་དང་མཐར་ཐུག་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་ངེས་ལེགས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གསུངས་སོ། །འོན་ཀྱང་དབུ་མ་རིན་ཆེན་འཕྲེང་བ་ལས། དང་པོ་མངོན་པར་མཐོ་བའི་ཆོས། །ཕྱིས་ནས་ངེས་པར་ལེགས་འབྱུང་བའོ། །གང་ཕྱིར་མངོན་པར་མཐོ་ཐོབ་པས། །རིམ་གྱིས་ངེས་པར་ལེགས་པ་འབྱུང༌། །ཞེས་པ་ལྟར། མངོན་མཐོ་ནི་ངེས་ལེགས་སྒྲུབ་པའི་ཐབས་ཙམ་དུ་དོན་དུ་གཉེར་བ་ཡིན་གྱི། སྨོན་པའི་དམིགས་ཡུལ་གཙོ་བོ་གཞན་དོན་དང་བླ་མེད་བྱང་ཆུབ་ལ་དམིགས་དགོས་སོ། །རང་ཅན་རྣམས་ཁ་ནས་སྨོན་པའི་ཚིག་ཟབ་ཅིང་རྒྱ་ཆེ་བ་ཇི་ཙམ་ཞིག་
བརྗོད་ཀྱང་ཡིད་ཀྱིས་འཁོར་བའི་ཕུན་ཚོགས་གང་ཡང་རུང་བ་རེའི་རྒྱུར་བསྔོས་ན་ལེགས་ཉེས་ཀུན་གྱི་རྩ་བ་སེམས་དབང་ཆེ་བས་དགེ་རྩ་ཆུད་ཟོས་སུ་འགྱུར་བ་མང་བ་ལ་དགོངས་ནས། རྗེ་བླ་མས། ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང༌། །འཁོར་དང་ལོངས་སྤྱོད་རྙེད་དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །ཅེས་གོལ་ས་རྣམས་རྗེན་པར་ཕྱུང་ནས་གསུངས་པ་བཞིན་བསྔོ་བ་ལོག་པའི་སྐྱོན་རྣམས་རིང་དུ་དོར་ཏེ་དག་པའི་ཞིང་ཁྱད་པར་ཅན་སྦྱོང་ཞིང་བླ་ན་མེད་པའི་བྱང་ཆུབ་མྱུར་དུ་ཐོབ་པ་དང༌། ཕན་བདེའི་འབྱུང་གནས་བློ་ བཟང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ ་རྒྱས་པའི་རྒྱུར་བསྔོ་བ་སོགས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བར་བྱའོ། །སྨྲས་པ། དལ་འབྱོར་ལུས་ཀྱི་དབང་ཆེན་དཀྱིལ་འཁོར་དུ། །མཁོ་དགུའི་ལོངས་སྤྱོད་རི་གླིང་ཁོར་ཡུག་ཅན། །བྱང་ཆེན་མཁར་བསྙེགས་དགེ་བའི་ལྷུན་པོར་བཅས། །བླ་མ་མཆོག་གསུམ་མཆོད་དོ་བརྩེ་བས་སྐྱོངས། །ཚུལ་གནས་ཐོས་བསམ་སྒོམ་པའི་ས་བོན་དང༌། །ཞིང་གི་མཐུ་བརྟེན་ཚོགས་བསགས་དྲོད་གཤེར་གཉིས། །ཡ་བྲལ་གྱུར་ལ་འབྲས་བུ་མི་སྨིན་པས། །ཟུང་དུ་འབྲེལ་བར་མཛོད་ཅིག་ཤེས་ལྡན་དག །འདུན་ལྡན་བློ་གྲོས་དགའ་ཚལ་ལས་འཁྲུངས་པ། །རྨད་བྱུང་ལེགས་བཤད་དཔག་བསམ་གསར་པའི་ལྗོན། །ཇི་བཞིན་སྒྲུབ་པས་ཡོངས་སྨིན་བསོད་ནམས་ཀྱི། །སྙེ་མ་མི་ཟད་གཡུར་དུ་ཟ་བར་ཤོག །རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་འོད་སྟོང་གིས། །ཞིང་ཁམས་རྒྱ་མཚོ་ཀུན་ཏུ་ཁྱབ་གྱུར་ཏེ། །སེམས་ཅན་རྒྱ་མཚོ་
སྨིན་ཅིང་གྲོལ་བྱས་ནས། །ཡེ་ཤེས་རྒྱ་མཚོ་མྱུར་དུ་རྟོགས་གྱུར་ཅིག །ཅེས་མཎྜལ་གྱི་ཁྲིད་ཡིག་དཔག་བསམ་སྙེ་མ་ཞེས་བྱ་བ་འདི་ནི་ཧལ་ཧ་ཇ་སག་ཐུ་རྒྱལ་པོའི་ཤོག་ནས་ལྷག་བསམ་བློ་གྲོས་ཀྱི་ནོར་ལྡན་དཀོན་མཆོག་སྨོན་ལམ་གྱིས་སྔོན་འགྲོ་ཁྲིད་ཆེན་བཞི་རྒྱས་པ་ཞིག་བྱེད་དགོས་ཚུལ་ནན་ཆེར་བྱུང་བར་བརྟེན་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་སྡེ་སྣོད་འཛིན་པ་དུ་མ་ལ་སྐྱབས་ཁྲིད་ཉིན་ལྔ། བླ་མའི་རྣལ་འབྱོར་ཉིན་གསུམ། རྡོར་སེམས་བསྒོམ་བཟླས་དང་མཎྜལ་ཉིན་རེ་བྱས་ཏེ་ཁྲིད་ཕོག་སྐབས་མཎྜལ་ལ་བཤད་པ་བགྱིས་པ་རྣམས་དེ་བཞིན་ཡི་གེར་འཁོད་པ་ཞིག་དགོས་ཞེས་གཞུང་ལུགས་སྨྲ་བའི་དབང་པོ་དུས་འཁོར་རྡོ་རྗེ་འཛིན་པ་དཔལ་ལྡན་གྲགས་པས་བསྐུལ་བ་ལྟར་ཁྲིགས་ཆགས་སུ་བཀོད་པའི་ཡི་གེ་པ་ནི་སྔགས་རམས་པ་དཀོན་མཆོག་ཀུན་དགའོ།། །།