བཅུ་གཅིག་པ་དབུས་ལྗོངས་ནས་སླར་ཡང་མདོ་སྨད་དུ་བྱོན་ཏེ་བསྟན་འགྲོའི་དོན་མཛད་ཚུལ་རྣམ་ཐར་སྤྱིའི་བསྡུས་དོན་དང་བཅས་པའི་སརྒ།
འཛུམ་དཀར་གྱིས་སྒེག་ཞལ་གྱི་འོ་མཚོ་རུ། །མཁུར་ཚོས་དམར་བའི་མེ་ཏོག་རྩེ་མོ་ན། །ཡིད་འོང་ཟུར་མིག་གཡོ་བའི་བྷྲ་མ་རཿ། །སྨིན་མའི་ཟློས་གར་རོལ་བ་དེ་ཡིས་སྐྱོངས། །དེ་ནས་གོང་ས་རིན་པོ་ཆེ་ནས་གནང་བའི་གདུགས་དང་རྟ་དར་སོགས་མཁན་ཆས་རྣམས་སྤྲད་དེ་ཕེབས་པ། གཞུང་ནས་མགྲོན་གཉེར་སོགས་རྩེ་དྲུང་བཅུ་སྐོར་དང༌། རྗེ་དྲུང་སྤྲུལ་བའི་སྐུ། འབྲས་སྤུངས་བླ་མ་བདུན་དང༌། སྤྱི་སོའི་ལས་སྣེ། སེ་ར་བྱེས་ཀྱི་བླ་མ་ལས་སྣེ། སྒོ་མང་གི་ལས་སྣེ་དང་ཧར་གདོང་དགེ་རྒན་སོགས་སོ་སོ་ནས་ཕེབས་སྐྱེལ་དང་ཇ་ཐབ་ཞུས་ཤིང་ཨམ་བན་གྱིས་ཀྱང་ཐབ་སྐྱེལ་ཞུས། དེའི་ཟླ་བ་སྔོན་མ་ཞིག་ནས་འབྲས་སྤུངས་བདེ་ཡངས་སུ་ལྷ་ཐོར་མཆེད་ཚབས་ཆེ་ཡང་སྦས་ནས་ཡོད་པ་རྗེ་འདི་ཕེབས་པའི་ཕྱི་ཉིན་ལས་སྣེ་རྣམས་ཀྱིས་ཤེས་ཏེ་དེའི་རྐྱེན་གྱིས་ཟླ་བ་གཉིས་གསུམ་ཞིག་ལྷ་ས་དང་འབྲས་སྤུངས་བར་གྱི་རྒྱུ་འགྲུལ་ཆད་པ་བྱུང་འདུག་པས་སྔར་ཁོང་རྣམས་ནས་གསང་ཐབས་སྣ་ཚོགས་བྱས་པ་
དེ་སྤྱིར་མི་འཐུས་པའི་ལུགས་ཡིན་ཀྱང་རྗེ་ཉིད་ཀྱི་ཕེབས་བཞུད་སྐུ་དོན་སྒྲུབ་རྒྱུ་སོགས་ལ་གེགས་ཆ་མེད་པའི་མཐུན་རྐྱེན་དུ་སོང་བར་འདུག་པས་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་ཀྱིས་འཕྲིན་ལས་བསྒྲུབས་པ་ཡིན་པར་གདོན་མི་ཟའོ། །དེ་ནས་རིམ་གྱིས་ཕེབས་ཏེ་མཚོ་མོ་རར་བཞུགས་པའི་ཚེ་སྟག་ཕུ་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་ཆོས་ཀྱི་དབང་ཕྱུག་རྗེ་ཉིད་ལ་མཇལ་བར་ཕེབས་ཏེ་ཚིག་དོན་ཕུན་སུམ་ཚོགས་པའི་གསུང་བཤད་དང་བཅས་ཞབས་བརྟན་ཕུལ། དངོས་འབུལ་ཡང་རྟ་དངུལ། གོས་དར་སོགས་དང་ཉེ་བར་མཁོ་བ་བྱམས་ཆེན་གྱི་རྒྱུའི་ཟངས་དོ་བོ་ཁ་ཤས་ཁལ་མ་ལྔ་བཅུ་སོགས་སྤམ་མཐོ་བ་བཏེག །ཁོང་གིས་ཞུས་ངོར་དེར་ཉིན་ཁ་ཡར་བཞུགས་རིང་དང་ཞག་ཤས་ཆིབས་སྐྱེལ་དང་སྦྲགས་ནས་ཕེབས་པའི་ལམ་སྐབས་སུ་གསེར་ཆོས་བཅུ་གསུམ་དང་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སྩལ། ཐུགས་ནང་གཤིན་པའི་ཆོས་ཀྱི་གསུང་འཕྲོས་མང་དུ་མཛད། ཁོང་གི་སྐུ་ཚེ་སྔ་མ་རྗེ་ཉིད་ཀྱི་བླ་མ་ཡིན་པའི་རྒྱུ་མཚན་གྱིས་སྤྲུལ་བའི་སྐུ་ལ་ཡང་གསོལ་སྟོན་གཟབ་རྒྱས་ཀྱི་ཐོག །དངུལ་གྱི་མཎྜལ། སྐུ་གསུང་ཐུགས་རྟེན། ཧོར་གོས་སོགས་གོས་ཆེན་བཟང་བ་བཅུ་སྐོར། དངུལ་སྲང་བརྒྱ་དང་ལྔ་བཅུ། མཛོད་བཏགས་བག་ཆ་བཅོ་ལྔ་སྐོར། ཆིབས་ཆེན་གཉིས་སོགས་དངོས་འབུལ་གྱ་ནོམ་པ་དང་བཅས་བརྟན་བཞུགས་ཕུལ། ལྡང་ལའི་ན་མོ་ཆེར་ཞག་སྐབས་ཤིན་ཏུ་འཐིབས་ཏེ་ཁ་བ་འབབ་གྲབས་བྱས་པར་དྲུག་ཅུ་པ་བསྔོས་པས་དེ་མ་ཐག་ནམ་མཁའ་གཡའ་དག་པར་གྱུར། ཁོ་བོས་ལམ་རིམ་ཆུང་ངུའི་བཤད་ལུང་ཞིག་གི་སྙན་གསན་སྔར་ནས་ཕུལ་ཡོད་པ་བརྒྱད་པའི་ཚེས་བཅུ་ལ་དབུ་ཚུགས་ཏེ་བཅུ་བདུན་
བར་དུ་ཆོས་ཐུན་རེ་རེ་ཆག་མེད་དུ་གནང་ཞིང་ཞར་ལ་ལྗགས་རྩོམ་ཡང་འགའ་ཞིག་མཛད། དེ་སྐབས་གདན་ས་ནས་ཆིབས་བསུ་འོང་བ་རྣམས་འབྲི་ཆུ་ཁར་སླེབས་ཏེ་ཟླ་བ་ཁ་ཤས་སོང་ཡང་ནམ་ཕེབས་ཀྱི་གསལ་ཆ་མ་ཚོར་བས་སྨན་པ་ཤེས་རབ་དཔོན་གཡོག་ལྡང་ལ་འོག་མ་བརྒྱུད་དེ་སྔོན་ལ་སོང་བ་ཤག་ཆུ་ཁར་སླེབས་པ་ན་རྗེ་ཉིད་ལྡང་ལ་གོང་མ་ནས་ཕེབས་པའི་གཏམ་ཐོས་ཏེ་རྗེས་བསྙེགས་ནས་འོང་བའི་ཚེ་ཕྱི་ལམ་ཐམས་ཅད་དུ་ཁ་བ་པུས་ནུབ་ཙམ་བབས་ཏེ་བགྲོད་དཀའ་བར་ཡོད་པའི་གནས་ཚུལ་གླེང་བ་ན་ཞབས་འབྲིང་བ་རྣམས་ཀྱང་བདེ་བར་འགྲོ་རྒྱུ་བྱུང་བ་རྗེ་ཉིད་ཀྱི་ཐུགས་རྗེ་ཡིན་ཚུལ་ལ་གཟོད་ངེས་ཤེས་འདྲོངས་པ་བྱུང༌། སྔར་བོད་དུ་བཞུགས་སྐབས་ཆིབས་བསྒྱུར་ཧ་ཅང་འཕྱིས་ན་སྟོན་དགུན་ཁ་བའི་ཉེན་ཆེ་ཚུལ་ཞུས་པར་འབྲི་ཆུ་མ་བརྒལ་བར་དུ་མི་འབབ་མོད། དེ་ནས་བབས་ཀྱང་རང་ཡུལ་ཡིན་པས་སྐྱོན་མེད་གསུངས་པ་དང༌། རྗེས་ནས་དེའི་བར་དུ་ཅུང་ཟད་ཙམ་ཡང་མ་བབས་ཤིང༌། འབྲི་ཆུ་བརྒལ་བའི་ནུབ་མོ་ཅུང་ཞིག་བབས་པས་ཐམས་ཅད་བག་འཁུམ་པར་གྱུར་སྐབས་འོ་ན་ད་དུང་འབབ་མི་ཉན་པ་འདྲ་གསུངས་ཏེ་གནམ་འགོག་གི་ལུགས་ལྟར་བཀག་པའི་ཐ་སྙད་མེད་ཀྱང་སྤྱན་དམིགས་ཙམ་གྱིས་ཆོག་པར་སྣང་བས་མངོན་ཤེས་དང་གྲུབ་རྟགས་ཟུང་དུ་འཇུག་པའི་རྣམ་ཐར་ཡ་མཚན་པ་ཞིག་གོ །ཉི་ཤུ་གསུམ་གྱི་སྔ་དྲོ་སྔར་གྱི་བསུ་བའི་ཁྲོད་ནས་བླ་བྲང་ཆེན་མོའི་མི་སྣ་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས། སྤྱི་སོའི་མི་སྣ་དབོན་པོ་བློ་བཟང་སྐལ་ལྡན། དབོན་ཚང་གི་ཨེལ་ཆི་ཨེར་ཁེ་ཨེམ་ཆི་སོགས་སྔ་འགྲོས་ལ་བསུ་བར་འབྱོར། ཉི་ཤུ་ལྔ་ལ་ཆིབས་
བསུ་བ་མང་གིས་བསུས་ཏེ། ཆུ་དམར་ལེབ་ཏུ་འབྱོར། ཞག་ལྔར་བཅག་མལ་གནང་སྟེ་བསུ་བ་རྣམས་ནས་སྐྱབས་མགོན་མཆོག་དང་ཞབས་འབྲིང་དུ་འོང་བ་ཁོ་བོ་ཅག །དགའ་ལྡན་བྱང་རྩེའི་བླ་མ། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས་ཀྱི་སྤྲུལ་བའི་སྐུ་སོགས་དྲག་ཞན་མཐའ་དག་ལ་སྟོན་མོ་ཤིན་ཏུ་གཟབ་རྒྱས་བསྟར། མདུན་ནས་ཀྱང་བསུ་མི་ལྔ་བཅུ་ཙམ་འོང་བ་ཐམས་ཅད་ལ་སྟོན་མོའི་གསོལ་རས་གནང་སྟེ་དགུ་པའི་ཚེས་གཅིག་ལ་དེ་ནས་ཆིབས་ཁ་བསྒྱུར། པཱེ་ཧུ་ཚེ་དབང་དགེ་ལེགས་དང༌། པཱེ་ཧུ་བསོད་ནམས་ཕུན་ཚོགས་སོགས་ཡོང་ཤུལ་གྱི་མི་སྡེ་མཐའ་དག་ནས་བསྙེན་བཀུར་གཟབ་རྒྱས་བསྟར་ཞིང་ཡུལ་ལྷའི་བསང་མཆོད་ཅིག་ལྗགས་རྩོམ་ཞུས་པའི་རེ་བ་བསྐང༌། དེར་རྗེ་ཉིད་ཀྱི་སྐུ་ཚབ་བླ་མ་ཞིག་དགོས་ཚུལ་ཞུས་པ་སླར་གཏོང་རྒྱུའི་ཞལ་བཞེས་མཛད་དེ་རྒྱུན་གྱི་མཆོད་ཡོན་དུ་འབྲེལ། ལམ་ནས་ཉིན་རེ་བཞིན་ཁོ་བོ་ཅག་སོགས་ལ་ཆོས་ཀྱི་འཕྲོས་པ་མང་དུ་གནང་བས་སྔར་ཆོས་གྲྭར་སོང་སྟེ་གདན་ས་གསུམ་གྱི་མཁས་པའི་ཁྲོད་དུ་བདར་ཤ་བཅད་པ་ལས་ཀྱང་བློ་སྐྱེད་ཤིན་ཏུ་ཆེ་ངེས་པས་བཀའ་དྲིན་གཞལ་དུ་མེད་པར་གྱུར། དེ་ཡང་བློ་ཁ་མཐོ་དམན་ཅི་འདྲ་ཞིག་ལ་ཡིན་ཀྱང༌། གང་འཕྲོས་པ་གནང་བ་དེ་ཕ་རོལ་པོའི་བློའི་ཐེ་ཚོམ་གྱི་དྲ་བར་ཚུད་ཡོད་པའི་གནས་ཤིག་ཁོ་ན་ཡིན་པས་བློ་སྐྱེད་བདེ་སང་ངེ་བ་ཞིག་མི་ཡོང་མི་སྲིད་པ་ནི་གདུལ་བྱའི་ཁམས་དང་བསམ་པ་ལྐོག་ཏུ་མ་གྱུར་པའི་སོ་སོ་ཡང་དག་རིག་པ་བཞིའི་འབྲས་རྟགས་སུ་གདོན་མི་ཟའོ། །ཉི་ཤུ་གཉིས་ལ་ཝང་གི་ཨུརྒེ་དང་གདན་ས་ཆེན་པོར་ཕེབས་བཞུགས་སྐོར་གྱི་གསལ་ཆ་སྦྲན་པའི་ཨེལ་ཆི་རྫོངས་སྟ་མཛད། ཧོར་ཟླ་བཅུ་པའི་
ཚེས་བཅུ་གཅིག་ལ་གདན་ས་ནས་འོངས་པའི་ཆིབས་བསུ་བ་རྒྱུད་པའི་བླ་མ་དབུ་མཛད། དུས་འཁོར་རྡོ་རྗེ་འཛིན་པ་སོགས་རྟ་པ་ལྔ་བཅུ་ལྷག་ཙམ་གྱིས་བསུས་ཏེ་དཔག་ཆུང་ཞེས་པར་བཞུགས་ཞག་གནང༌། དེ་སྐབས་རྨ་ཆུ་ལ་བྱང་ཕྲན་བུ་ལས་མི་རྒྱུག་པས་རྒྱུས་ཡོད་རྣམས་ཟླ་བ་དེའི་ཉི་ཤུའི་ངོ་ཙམ་ལ་དར་ལམ་ཆགས་ཨེ་ཐུབ་སྙམ་པའི་ཚོད་དུ་འདུག་ཅེས་གླེང་ཚུལ་དང༌། བྱང་ཇེ་ཆེར་སོང་ནས་དར་མེད་རབ་མེད་ལྟར་སོང་ན་འགྲུལ་པ་གཏོས་ཆེ་བས་ཕྱིན་དཀའ་ཚུལ་ཞུས་པར་སྐྱོན་མེད་མོད་གསུངས། དེ་ནས་ཉིན་གསུམ་གྱི་རིང་ལ་གྲང་ངད་ལྷག་པར་ཆེ་བ་ཞིག་བྱུང་ཞིང༌། ཚེས་བཞིའི་དགུང་མོ་ཏིང་ནུལ་ཐུར་བཞུགས་སྐབས་རྨ་ཆེན་མཐོང་སའི་རི་མགོ་ཞིག་ཏུ་ཕེབས་ནས་བསང་མཆོད་གནང་བས་དེ་ནུབ་དར་ལམ་ཆགས་པ་བྱུང་འདུག །ཚེས་དྲུག་ལ་རྒྱུད་པ་སློབ་ཟུར་དཔའ་རི་སྤྲུལ་བའི་སྐུ་དཔོན་སློབ་རྣམས་དང༌། མི་འགྱུར་པེའི་སི་དཔོན་དཔོན་མོ་གཉིས་སྒྲོལ་མ་སྐྱབས་ཇ་སག་ཐེའི་ཇི་བཅས་བསུ་བར་འབྱོར་པ་ལ་སོ་སོར་བཀའ་མཆིད་ཞིབ་རྒྱས་གནང༌། སྒྲོལ་མ་སྐྱབས་ཇ་སག་གིས་གདན་འདྲེན་ཞུས་ཤིང༌། དེར་འཇིགས་མེད་པེའི་ལིའི་བསུ་བ་ཡང་འབྱོར། མི་འགྱུར་པེའི་སི་ལ་དྲག་པོ་སུམ་སྒྲིལ་གྱི་རྗེས་གནང་སྩལ་ཅིང༌། སྐྱེས་ཀྱི་བདོག་པ་གྱ་ནོམ་པ་གནང༌། ལ་མོའི་ཨུརྒེ་ནས་དཔོན་ཆུང་གྲགས་པ་སོགས་དང་ནོར་བུ་ཇ་སག་གི་ཨེལ་ཆི། ཆུ་བའི་མགོ་བ་བཅས་བསུ་བ་མང་དུ་འབྱོར། བཅུ་དྲུག་ལ་རྨ་ཆུར་དར་ལམ་གྱི་སྟེང་ནས་ཕེབས། ལོ་འདིར་བཅུ་པའི་ཟླ་མཇུག་ཚུན་ལ་ཕྱོགས་གང་དུ་
ཡང་དར་ལམ་ཆགས་པའི་གཏམ་མི་འདུག་ཀྱང༌། འདིར་ཕེབས་བགྲོད་ཕེར་ཙམ་གྱི་དར་ལམ་ཕྲ་མོ་ཞིག་གློ་བུར་དུ་ཆགས་པ་ནི་རྗེ་ཉིད་ཀྱི་ཐུགས་རྗེ་དང་རྨ་རྒྱལ་སྤོམ་རས་འཕྲིན་ལས་ཚུལ་བཞིན་དུ་བསྒྲུབས་པའི་ནུས་མཐུར་མཁས་བླུན་ཐམས་ཅད་མགྲིན་གཅིག་ཏུ་གླེང༌། བཅུ་བདུན་ལ་གདན་ས་ནས་བླ་བྲང་ཕྱག་མཛོད་ཆེན་མོ་དཔོན་གཡོག་དང༌། ཐོར་གོད་བླ་མ་ངག་དབང་དོན་གྲུབ། ཨུརྒེ་བླ་མ་དབུ་མཛད་སོགས་ཀྱིས་རིམ་པར་བསུས། ཞག་བབས་སྟེང་དུ་ས་སྐྱོང་མིའི་དབང་ཕྱུག་དམ་པ་ཇུན་ཝང་ངག་དབང་དར་རྒྱས་རྟ་པ་བརྒྱ་ཕྲག་དང་བཅས་ཆིབས་བསུར་འབྱོར། བཅོ་བརྒྱད་ལ་བསུ་བ་སེར་སྦྲེང་དང་བཅས་ལ་མོའི་ཨུརྒེར་ཕྱག་ཕེབས་ནས་བསྟན་པའི་གསལ་བྱེད་ཆེན་པོ་ཞབས་དྲུང་དཀར་པོ་དང་མཇལ་འཛོམ་གྱི་ཐོག་གསོལ་སྟོན་གཟབ་རྒྱས་ཞུས་པར་ཉིད་ནས་ཀྱང་སྐྱེས་ཀྱི་ཚུལ་དུ་བདོག་པ་ངོས་གཙང་ཞིང་སྤམ་མཐོ་བ་བསྟར། རིམ་གྱིས་ཕེབས་པར་ཝང་འཁོར་བཅས་ཀྱིས་རྟ་བསུ་གྲྭ་ཚང་གིས་སེར་སྦྲེང་དང་བཅས་ཨུརྒེར་བྱོན་ཏེ་ཞག་གསུམ་བཞུགས། དབུས་ཕྱོགས་ཀྱི་བཞེད་དོན་ལེགས་པར་གྲུབ་སྟེ་མཆོད་ཡོན་ཞལ་འཛོམས་པའི་དགའ་སྟོན་རྒྱས་པར་མཛད། པ་ཡན་ཧོ་ཤུས་ནས་བཟུང་སྟེ་གདན་སར་འབབ་རིང་ཚ་བབས་དང་ཞག་བབས་སོགས་ཀྱི་གྲ་སྒྲིགས་མདའ་ཚན་དང་ལྷ་སྡེ་སོགས་ནས་ཁུར་ལེན་ཞུས། ཨུརྒེར་ཕེབས་ཉིན་གདན་ས་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁྲི་ཆེན་ནམ་མཁའ་བཟང་བའི་སྤྲུལ་བའི་སྐུ་རྣམ་གཉིས་དང་རྒྱུད་པ་དཔོན་སློབ་ནམ་མཁའ་རྒྱལ་མཚན། གཞན་ཡང་ཞབས་དྲུང་དབོན་ཆོས་མཛད་སོགས་བསུ་བ་བརྒྱ་ཕྲག་ཙམ་ཞིག་འབྱོར། བཅུ་གཅིག་པའི་
ཚེས་བཞི་ལ་གདན་ས་ནས་ཚོགས་ཆེན་ཁྲི་ཐོག་པ་རབ་བརྟན་རྒྱ་མཚོ། ཁྲི་ཟུར་བསོད་ནམས་དབང་རྒྱལ་རྣམ་གཉིས་ཀྱིས་གཙོས་སུམ་བརྒྱ་སྐོར་དང༌། ཨ་མཆོག་དགོན་པ། ཁྱོམ་ཐོག །གཙོས། མཛོ་དགེ །རེབ་ཚ། ཆོས་རྫོང༌། བྲག་དཀར་སོགས་དགོན་ལག་དུ་མའི་བླ་མ་ལས་སྣེ་བཅས་རྟ་པ་སྟོང་ཕྲག་ལྷག་ཙམ་གྱིས་སོ་སོར་བསུས། ཚེས་ལྔ་ལ་བསང་གི་ལྷ་སྡེའི་སྐྱ་སེར་བརྒྱ་ཕྲག་དུ་མ་དང༌། གཅུ་འཁོར་དགོན། ལྷ་ཆབ། ཨ་ཁྱུང་སྒར་སོགས་དགོན་ལག་འགའ་ཞིག །རྒན་ཀྱའི་ཚེན་ཧུ་བསོད་ནམས་བཀྲ་ཤིས་སོགས་ཀྱིས་ཆིབས་བསུ་གཏོས་ཆེ་བ་དང༌། མཛོ་དགེ་སྨད་ནས་རི་ཁྲོད་པ་བསྟན་འཛིན་སྒྲུབ་སྡེའི་དགེ་སློང་རྣམས་དང་བཅས་པས་སེར་སྦྲེང་གི་ཚུལ་དུ་བསུ་བའི་བཀོད་པ་དང་བ་འདྲེན་པས་མདུན་བདར་ཏེ་ཁྱུང་རྩེའི་ཐང་དུ་བབས། དེར་གདན་ས་ནས་སློབ་ཟུར་སྐུ་ན་ཆེས་སྨིན་པ་འགའ་ཞིག་སོགས་བླ་དཔོན་ཆེ་ཕྲ་དུ་མ་འབྱོར་པ་ལ་བཀའ་མཆིད་ཞིབ་རྒྱས་སྩལ། ཚེས་དགུའི་ཉིན་སྤྱི་སོ་ནས་ཐབ་བསུ་དང༌། དུས་འཁོར་དཔོན་སློབ་དོན་ཡོད་ཚུལ་ཁྲིམས་པས་གཙོས་རྟ་པ་བཞི་བརྒྱ་སྐོར་གྱིས་ཆིབས་བསུ། ངུར་སྨྲིག་འཆང་བའི་དགེ་འདུན་ཉིས་སྟོང་སུམ་བརྒྱ་ལྷག་ཙམ་གྱིས་གདུགས་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པའི་མཆོད་རྫས་དུ་མ་བསྒྲེངས་ཤིང་རོལ་མོའི་བྱེ་བྲག་སྣ་ཚོགས་ཐོགས་ཏེ་དགའ་བའི་བཞིན་གྱི་མདངས་གསལ་ཞིང་དད་པའི་མིག་ནི་མངོན་པར་ཕྱེ་སྟེ་གསོལ་བ་འདེབས་པའི་གདངས་དབྱངས་སྙན་པོ་སྒྲོག་བཞིན་པས་མདུན་བསུས་ནས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོར་གཟིམས་ཆུང་
ཐུབ་བསྟན་ཕོ་བྲང་དུ་ཕྱག་ཕེབས། བླ་བྲང་ཆེན་མོ་དང་སྤྱི་སོ་ནས་བཞུགས་གྲལ་རྒྱས་པ། སྨད་སོག་ཐུན་མོང་གི་སྟོན་ཆེན། འདི་ཀའི་ནང་ཆེན་ཁག་དང༌། ཕྱོགས་ཀྱི་དགོན་ལག་སོ་སོ་སྦྱིན་བདག་ཕལ་ཆེ་བས་རིམ་པ་བཞིན་གསོལ་སྟོན་གཟབ་རྒྱས་ཟླ་བ་གཅིག་ཙམ་གྱི་བར་དུ་ཉིན་བཞིན་བསྟར། བཅུ་གཉིས་པའི་ཚེས་བདུན་ལ་ཚོགས་ཆེན་དུ་མང་ཇ་གསུམ་གྱི་ཐོག་ཕྲུག་དམར་པོ་ཉིས་བརྒྱ་ཙམ་གྱིས་གོང་སྣམ་རེའི་སྐུ་འགྱེད་དང༌། ཙན་དན་ལས་གྲུབ་པའི་ལོ་ཀི་ཤྭ་རའི་སྣང་བརྙན་ཁྱད་འཕགས་ཤིག་གསར་འཇོག་མཛད། སྨན་པའི་གྲྭ་ཁང་དུ་ཙན་དན་ལས་གྲུབ་པའི་ཐུབ་དབང་གི་སྐུ་ཁྲི་རྒྱབ་ཡོལ་ཅན། མཆོག་ཟུང་གཉིས་དང༌། ཉེ་སྲས་བརྒྱད་ཀྱི་ལྡེམ་སྐུ། གཞན་ཡང་དགོན་པའི་བླ་མ་སྤྲུལ་སྐུ་ཆེ་བགྲེས་སོགས་དང་ཕྱོགས་ཀྱི་བླ་དཔོན་མཐའ་ཡས་པ་ལ་འོས་བསྟུན་གྱི་གནང་ཆ་འཚེམ་མེད་དུ་སྩལ། ཤིས་ཚང་དཔོན་པོ་གནམ་ཐར་གྱིས་དད་པ་རྩེ་གཅིག་པས་ཁ་ཆེམས་ནན་ཏན་བཞག་ཚུལ་དང་བཅས་གདན་དྲངས་པར་ཕེབས་ཏེ་གཤིན་པོ་རྗེས་འཛིན་གྱི་ཆོ་ག་དང་འཕོ་བའི་སྤྱན་དམིགས་ཡང་དག་མཛད། ཨ་རུ་ཧོར་ཆེན་ནས་ཆོས་རྗེ་བློ་བཟང་ནམ་མཁའ་འབྱོར་ཏེ་སྐྱབས་མགོན་ཉིད་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབྱོར་གྱི་མཆོད་སྤྲིན་རྒྱ་ཆེ་བ་ཕུལ། བློ་གྲོས་ཐོ་ཡོན་གྱིས་གཟིམས་ཆུང་དུ་བརྟན་བཞུགས་ཞུས་ཏེ་དངོས་འབུལ་བཏེག །ཚེས་དགུ་ལ་ཨེར་ཁེ་དཔོན་པོ་རྒྱ་ནག་ཏུ་འཇམ་དབྱངས་གོང་མ་ཆེན་པོར་འཚམས་ཞུས་འབུལ་བར་རྫོངས་སྟ་མཛད། བཅུ་གཅིག་ནས་བཟུང་བདུན་གསུམ་གྱི་རིང་བཅད་རྒྱ་ཤིན་ཏུ་དམ་པར་མཛད་ཅིང༌། མཇུག་ཏུ་གྲྭ་པ་ཁ་ཤས་དང་བཅས་མགོན་ཆོས་
གཉིས་ཀྱི་བསྐང་གསོ་རྒྱས་པར་བཏང་སྟེ་དབུས་ཕྱོགས་སུ་ཕེབས་བཞུད་སྐོར་གྱི་བསྟན་འགྲོའི་དོན་རྣམས་ལ་འཕྲིན་ལས་སྡོང་གྲོགས་གཡེལ་མེད་ཚུལ་བཞིན་བསྒྲུབས་པའི་གཏང་རག་གི་མཆོད་སྤྲིན་སྤྲོས། དགུང་ལོ་དྲུག་ཅུར་ཕེབས་པ་མེ་མོ་ལུག་གི་ལོ་ཚེས་གཅིག་གི་ཉིན་ལྕང་སྐྱ་རྡོ་རྗེ་འཆང་ལོ་སྔ་མར་གཤེགས་པའི་གནས་ཚུལ་ལ་བརྟེན། རྗེ་ཉིད་ནས་ལོ་གསར་མ་མཛད་ཅིང་གྲྭ་མང་ལ་ལོ་གསར་གཏོང་དུ་བཅུག །ཚེས་གསུམ་ལ་བཅད་རྒྱ་གྲོལ་ཏེ་ཕྱོགས་སོ་སོ་ནས་འོང་བའི་འཚམས་ཞུས་པ་དང་དགོན་པའི་བླ་མ་ལས་སྣེ་སོགས་ལ་ཕྱག་དབང་གནང༌། བློ་གྲོས་ཐོ་ཡོན་གྱིས་ཞུས་ངོར་མན་ངག་བཀའ་རྒྱ་མ་དང༌། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་ནས་ཞུས་ངོར་རྒྱལ་དབང་ལྔ་པའི་ཡི་དམ་སྒྲུབ་སྐོར་གྱི་ལྗགས་ལུང༌། གཞན་ཡང་འགའ་ཞིག་གིས་ཞུས་ངོར་ཤྲ་མ་ཎའི་རྗེས་གནང༌། བླ་མཆོད་ཀྱི་ཁྲིད་སོགས་ཆོས་ཀྱི་ཆར་ཕབ། གསུང་ཆོས་ལ་སྐྱེས་རབས་དང༌། དགོངས་པ་རབ་གསལ་སྔར་རྒྱུན་གྱི་སྟེང་དུ་བུ་སྟོན་ཐམས་ཅད་མཁྱེན་པའི་རྣམ་ཐར་སྙིམ་པའི་མེ་ཏོག །གསུང་བཤད་ཞིབ་རྒྱས་དང་བཅས་པ་སྩལ་ཏེ་འདིའི་དགོངས་གཞི་ནི་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཤེས་པར་འདོད་པ་རྣམས་ཀྱིས་འཛིན་སྐྱོར་སྦྱངས་དང་བཤེས་གཉེན་མཁས་པ་བསྟེན་ཏེ། ལེགས་བཤད་ཚོལ་བ་ལ་ངོམས་པ་མེད་པ་སོགས་སྒོ་དུ་མ་ནས་སློབ་གཉེར་ལ་འབད་ཚུལ་དམ་པ་གོང་མའི་ཕྱག་བཞེས་དེ་ལྟ་བུ་རེ་དགོས་བའི་བརྡར་སྣང༌། རྒྱུད་པ་སློབ་ཟུར་དཀོན་མཆོག་བདེ་ཆེན་ཚོགས་ཆེན་གྱི་ཁྲིར་བསྐོས། ཁྲི་ཆེན་མཆོག་གི་སྤྲུལ་བའི་སྐུ་འཇིགས་མེད་ནམ་མཁས་གཙོས་བསྒྲུབ་བྱ་སུམ་ཅུ་སྐོར་
ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། གཉིས་པའི་ཚེས་ལ་སྔ་སོར་རྗེ་ཉིད་ནས་ངོས་འཛིན་གནང་བ་ལྟར། རྡོ་རྗེ་འཆང་མཚན་སྒྲོགས་མཁན་པོ་བློ་བཟང་དར་རྒྱས་ཀྱི་སྤྲུལ་སྐུ་ཁོང་གི་གྲྭ་པ་རྣམས་ཀྱིས་བཀྲ་ཤིས་འཁྱིལ་དུ་བཞུགས་ཆེད་གདན་དྲངས་པར་བཀུར་གཟོས་ཆེན་པོ་གནང༌། གཙུག་ཕུད་ཕུལ་བར་དགེ་བསྙེན་དང་རབ་བྱུང་བསྒྲུབས་ཏེ་མཚན་འཇམ་དབྱངས་བཤེས་གཉེན་དུ་བཏགས། བླ་བྲང་ནས་ཁོང་དཔོན་གཡོག་ལ་སྟོན་མོའང་གཟབ་རྒྱས་བསྟར། ཚེས་བཅུ་བདུན་ལ་ཨ་མཆོག་དགོན་པས་གདན་དྲངས་པར་ཕེབས། མཇལ་བ་བཞི་སྟོང་བརྒལ་བར་ཕྱག་དབང་གནང་ཞིང་བསྒྲུབ་བྱ་ཕྱེད་དང་ཉིས་བརྒྱ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག །སོ་སོ་ནས་གང་འབྱོར་གྱི་དགའ་སྟོན་གཟབ་རྒྱས་ཞུས་པར་མང་འགྱེད་དང༌། སྤྱི་འཇོག་ཏུ་རྗེའི་རྣམ་ཐར་ཞལ་ཐང་གྲས་མཚུངས་བཅུ་གསུམ་སོགས་བབས་འོས་ཀྱི་བདོག་སྐྱེས་གྱ་ནོམ་པ་སྩལ། སྔོན་པོ་ཐང་དུ་འདན་སྤྲུལ་སྐུ་ཚང་གིས་གཙོས་བླ་གྲྭ་ཐམས་ཅད་ནས་བསུ་བ་སེར་སྦྲེང་གསོལ་སྟོན་སོགས་བསྙེན་བཀུར་ཡང་དག་ཞུས་པས་སོ་སོར་ལུགས་གཉིས་ཀྱིས་ཚིམ་པར་མཛད། གདན་སར་ཕེབས་ཏེ་ཚོགས་མང་ནས་ཞབས་བརྟན་ཕུལ་བར་ཞལ་བཞེས་གནང༌། གསུམ་པའི་བཅུ་གཅིག་ལ་གདན་ས་ཆེན་པོ་སྐུ་འབུམ་དུ་ཆིབས་ཁ་བསྒྱུར། ལམ་ནས་སེ་ཆིང་སྒར་པའི་སེར་སྐྱ་གྲོས་མཐུན་གྱི་སྒོ་ནས་དགོན་པ་ཕུལ་བར་གནས་སྤོས་ཏེ་གཙང་དགོན་བྱེད་དགོས་ཀྱི་བཀོད་ཁྱབ་མཛད་ཅིང༌། དགོན་པ་འདེབས་ཡུལ་གྱི་ས་ལ་གཟིགས་ཏེ་ཕྱག་ནས་འཐོར། གཅུ་འཁོར་སྒར་པས་གདན་དྲངས་པར་ཕེབས་ནས་འདུ་ཁང་གསར་
པར་རབ་གནས་དང་སྐྱེ་བོ་དུ་མར་བསྙེན་གནས་ཀྱི་སྡོམ་པ་གནང༌། ཀ་མདོའི་འདུ་ཁང་གསར་བསྐྲུན་ལ་ཡང་རབ་གནས་མཛད་ཅིང་ཚེས་ཉེར་གསུམ་ལ་བླ་མ་ལས་སྣེ་ཁག་གིས་བསུ་བ་སེར་སྦྲེང་དང་བཅས་སྐུ་འབུམ་དུ་བབས། སྨན་པ་བླ་མ་མི་ཉག་སྤྲུལ་སྐུ་ཚུལ་ཁྲིམས་བསྟན་པའི་ཉི་མས་ཞུས་ངོར་སྨན་པ་གྲྭ་ཚང་ལ་མན་ངག་ལྷན་ཐབས་ཀྱི་ལུང་དང༌། ཚོགས་ཆེན་དང་རྒྱུད་པ་སོ་སོར་པཎ་ཆེན་མཆོག་གི་རྣམ་ཐར་ཚིགས་བཅད་མའི་ལྗགས་ལུང་སྩལ། སྐུ་འབུམ་མཁན་རིན་པོ་ཆེ་ཟི་ན་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་ནས་ཚོགས་མང་ལ་རྗེའི་རྣམ་ཐར་གྱི་ལུང་ཞིག་གནང་དགོས་པའི་སྙན་གསན་ཕུལ་བར་རྗེས་སུ་གནང་རྒྱུའི་ཞལ་བཞེས་མཛད་དེ་རྣམ་ཐར་དད་པའི་འཇུག་ངོགས་ཀྱི་དབུ་ནས་ཅུང་ཞིག་སྩལ། རྗེ་ཉིད་དབུས་ནས་ཕེབས་རིང་ལ་སྒུག་སྡོད་བྱས་པའི་བསྒྲུབ་བྱ་ཉིས་བརྒྱ་དགེ་ཚུལ་དང༌། སུམ་བརྒྱ་ལྷག་ཙམ་བསྙེན་རྫོགས་མཛད། ཚུལ་འདི་ནི་བསྟན་པ་རྨང་ནས་སྤེལ་བའི་མཛད་པ་རླབས་པོ་ཆེ་ཡིན་པར་མ་ཟད། མཁན་བུ་རྣམས་ཀྱིའང་རྣམ་པར་ཐར་པ་ཡིན་ཏེ། ད་ལྟ་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཐ་མར་སོང་བའི་དབང་གིས་དང་པོར་གང་གི་ཡང་རྟོག་དཔྱོད་མེད་པར་ཁྱི་དང་གློ་བ་འཕྲད་པ་བཞིན་གང་བྱུང་རེ་ལ་བླ་མར་བསྟེན་ཞིང་རྗེས་སུ་རང་གི་རབ་བྱུང་བསྙེན་རྫོགས་དང་གསང་ཆེན་རྡོ་རྗེ་ཐེག་པའི་དབང་བསྐུར་སོགས་ཞུས་ཡུལ་ལ་ཡང་དགྲའི་དྭངས་མར་ལྟ་བའི་བླ་མ་དང་མཁས་པའི་མིང་ཅན་མང་དུ་འབྱུང་བ་ནི་དགའ་རབ་དབང་ཕྱུག་གི་ཡང་གྲལ་མགོར་སོན་པས་བསྟན་པའི་ཆོམ་རྐུན་བླ་ན་མ་མཆིས་པ་དང༌། བསྐལ་བ་
བྱེ་བ་ཁྲག་ཁྲིག་ཏུ་ཡང་ཐར་པ་མེད་པ་རྡོ་རྗེ་དམྱལ་བའི་བུད་ཤིང་སྐམ་པོ་ཡིན་ནོ། །སྐུ་འབུམ་དུ་བཞུགས་སྐབས། ཁྲི་ཆེན་རྒྱ་ནག་པའི་སྤྲུལ་བའི་སྐུ་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་ལྡན་འཕྲིན་ལས་རྒྱ་མཚོ་དབུས་སུ་བྱོན་པའི་ལམ་ནས་སྐུ་འབུམ་དུ་ཕེབས་པར་ངེད་ཀྱི་བླ་མའི་སྤྲུལ་སྐུ་ཡིན་གསུངས་ཏེ་མཇལ་བར་ཕེབས་ནས་དངོས་འབུལ་བསྟར། ཕྱི་ཉིན་སྤྲུལ་བའི་སྐུ་ཚུར་ཕེབས་ཏེ་གསུང་གླེང་ཞིབ་རྒྱས་མཛད། དེའི་ཚེ་རྗེ་རང་གི་སྲས་ཀྱི་ཐུ་བོ་བསྟན་པའི་གསལ་བྱེད་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་མཇལ་དུ་ཕེབས་པར་སྨན་ཆོག་རྒྱས་པ་དང༌། རྟ་མགྲིན་གྱི་བསྙེན་སྒྲུབ་ལས་གསུམ་གཏེར་གཞུང་ལེ་ཚན་གསུམ། ཤངས་པའི་ཡིག་རྙིང་སོགས་ལྗགས་ལུང་འགའ་ཞིག་གནང་ཞིང་དབུས་ཕྱོགས་ཀྱི་སྐུ་དོན་མཐའ་དག་གི་གསུང་གླེང་ཞིབ་རྒྱས་གནང༌། དགོན་ལུང་དུ་གདན་དྲངས་པ་ལ་སླར་ཕེབས་རྒྱུའི་ཞལ་བཞེས་མཛད། ལྕང་སྐྱ་རྡོ་རྗེ་འཆང་གི་དགོངས་རྫོགས་སྒྲུབ་ཆེད་དུ་དབུས་སུ་འགྲོ་མི་མགྲོན་གཉེར་རྒྱ་མཚོ་དང་སྤྲུལ་སྐུའི་ཨང་ཉན་ལ་རྗེས་སུ་འབྱོར་བའི་མགྲོན་གཉེར་དགེ་ལེགས་གཉིས་མདུན་དུ་འོངས་ནས་དངུལ་སྲང་བརྒྱ་སོགས་ཀྱི་དངོས་འབུལ་བཏེག །དགོངས་རྫོགས་དང་སྤྲུལ་སྐུའི་དོན་སྐོར་ཞིབ་ཏུ་ཞུས་ཤིང༌། ལྷག་པར་རྡོ་རྗེ་འཆང་དེ་ཉིད་ཀྱང་རྗེ་ཉིད་ཀྱི་སྐུ་གོང་མས་ངོས་འཛིན་གནང་འདུག་པ་ལྟར་ད་ལན་ཡང་སྤྲུལ་སྐུའི་ངོས་འཛིན་ཉིད་ནས་མཛད་དགོས་ཞེས་ནན་གྱིས་ཞུས་པར་དབུས་ཕྱོགས་སུ་དགོངས་རྫོགས་སྒྲུབ་ཚུལ་དང༌། སྤྲུལ་སྐུའི་སྐོར་གྱི་ལུང་བསྟན་ཞུ་ཚུལ་སོགས་ཀྱི་བཀོད་ཁྱབ་ཞིབ་ཏུ་གནང༌། དེ་ནས་ཕྱག་བཏེགས་པའི་ལམ་
ཁར་མཁར་སྒང་དགོན་པ། སྣ་ཀྱ་སྒར་པ་སོགས་དང༌། རྨ་ཆུའི་ཚུར་ཁ་ནས་རོང་པོ་མར་ནང་དགོན་པ། ཀ་རིང་སྒར་པ་སོགས་དགོན་ཁག་དུ་མ་དང་མི་སྡེ་འགའ་ཞིག་གིས་གདན་དྲངས་ཏེ་བསྙེན་བཀུར་ཞུས་པ་སོ་སོའི་ཡིད་ཀྱི་རེ་འབྲས་སྨིན་པར་མཛད་དེ་བཞི་པའི་ཉི་ཤུ་གསུམ་ལ་གདན་སར་ཕེབས། དབྱིག་ཀྱ་སྤྲུལ་སྐུ་སོགས་བསྒྲུབ་བྱ་ཉིས་བརྒྱ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག །ལྔ་པའི་ཚེས་དགུ་ནས་ཞག་བདུན་གྱི་རིང་ཆབ་ཚན་གྱི་འཕྲོད་བསྟེན་གནང་ཞིང༌། བྱམས་ཆེན་བཞེངས་རྒྱུའི་ཟངས་བཟོ་རྡོ་བཟོ་ཤིང་བཟོ་རྣམས་གཞུང་ལ་ཞུ་རྒྱུ་དང༌། རྒྱལ་བ་ཡབ་སྲས་ཀྱི་འཚམས་ཞུས་ལ་མགྲོན་གཉེར་དཀོན་མཆོག་གྲགས་པ་ངོ་གཡོག་དང༌། ལྷ་སའི་གཟིམས་ཁང་གསར་རྒྱག་གི་ཁང་གཉེར་ལ་རྒྱུན་སྡོད་དུ་མ་ཆེན་རྫོངས་སྟ་མཛད། སྐུ་དྲག་སོ་སོར་འབུལ་རྒྱུའི་རྟ་ཆེན་བདུན་ཅུ་སྐོར་ཞིག་བསྐུར་བ་གནང༌། སྨད་ཕྱོགས་ནས་ཐུ་མེད་བེའི་སི་ཚེ་བརྟན་བཀྲ་ཤིས་ཀྱི་འཚམས་ཞུས་པ་ནང་སོ་ཤཀ་ཤཱ་པད་དང༌། ཇ་སག་གུང་མཧཱ་པཱ་ལའི་ནུ་བོ་ཐོ་ཡོན་སོགས་འབྱོར་ཏེ་སོ་སོ་ནས་དངོས་འབུལ་སྤམ་མཐོ་བ་བཏེག །ཐུ་མེད་པེའི་སིས་རྗེ་ཉིད་དེ་ཕྱོགས་སུ་གདན་འདྲེན་གྱི་ཞུ་བ་ཕུལ་བ་དང་ཁམས་སྟོང་སྐོར་གྱི་གདན་འདྲེན་པ་འོང་བ་བཅས་ལ་སླད་ཀྱི་རྟེན་འབྲེལ་དུ་དགོངས་ཏེ་ཞལ་བཞེས་མཛད། ཁྲི་ཐོག་པ་དཔའ་རིས་སྤྲུལ་བའི་སྐུ་དཀོན་མཆོག་བདེ་ཆེན་ནས་གསོལ་བ་བཏབ་པ་བཞིན། འདུ་ཁང་ཆེན་མོར་གྲྭ་མང་ལ་གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གཉིས་ཀྱི་བཤད་ལུང་
སྨིན་རྒྱས། འདུས་པ་འཕགས་སྐོར་གྱི་གཞུང་ཆེན་དུ་མའི་ཁོག་ཕུབ། དམ་པ་གོང་མའི་བཞེད་སྲོལ་མི་འདྲ་བས་ཟུར་བརྒྱན་པ་དང༌། རྡོ་རམས་པ་དགེ་འདུན་དཔལ་བཟང་གིས་ཞུས་ངོར་འཇིགས་བྱེད་བཅུ་གསུམ་མའི་དབང་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། མཛོ་དགེ་རི་ཁྲོད་པ་བསྟན་འཛིན་གྱིས་ཞུས་ངོར་ཁོང་དཔོན་གཡོག་ཉུང་བསྡུས་ལ་སྐྱེས་རབས་ཀྱི་ལུང་གནང༌། ཚ་ཁོ་ནས་ཅོག་ཙེ་རྒྱལ་པོའི་ཨེལ་ཆི་ད་རོ་ཤཱཀྱ་འབུམ་སོགས་ཁ་ཤས་འབྱོར་བར་ཕྱག་དབང་དང་བཀའ་མཆིད་ཞུ་ཡིག་སོ་སོའི་ལན་སོགས་འཚེམ་མེད་དུ་སྩལ། དུས་འཁོར་གྲྭ་ཚང་ནས་ཞུས་ངོར་བླ་མ་སྤྲུལ་སྐུ་དགེ་བཤེས་དོན་གཉེར་ཅན་སུམ་བརྒྱ་སྐོར་ལ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་གཉིས་ཀྱི་བཤད་ལུང༌། བུ་སྟོན་གྱིས་མཛད་པའི་དུས་འཁོར་གྱི་ཆོ་ག་བསྡུས་པ། མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་ཆོ་ག་རྒྱས་པ། དབང་ཆོག །མཆོད་འཕྲེང༌། ཐིག་ཆོག་དང་བཅས་པ། བློ་གྲོས་ཆོས་སྐྱོང་གིས་མཛད་པའི་དུས་འཁོར་གྱི་སྨོན་ལམ་ཤིས་བརྗོད། རྒྱལ་བ་བསྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་གྱི་བླ་བརྒྱུད་གསོལ་འདེབས་རྒྱས་པ་དང༌། རྗེ་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས་བསྡུས་པ། དུས་འཁོར་ལ་བརྟེན་པའི་བླ་མའི་རྣལ་འབྱོར་སོགས་དེའི་ཆོས་སྐོར་ཆ་ཚང་ལྟ་བུ་གནང་སྟེ་མཇུག་ཏུ་དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་པའི་ཚོགས་འཁོར་རྒྱས་པར་མཛད། དེ་སྐབས་ཁོ་བོ་ཅག་གཟུགས་གཞི་མ་བདེ་བར་སྐུ་རིམ་སོགས་གཏོས་ཆེ་བ་བསྒྲུབས་ཀྱང་མཇུག་དྭངས་པ་ཞིག་མ་བྱུང་བས་སྐྱབས་
མགོན་ཉིད་ལ་གསོལ་བ་བཏབ་སྟེ་ནང་དུ་གདན་དྲངས་ནས་འཇིགས་བྱེད་ཞི་བའི་སྦྱིན་སྲེག་ཅིག་མཛད་པའི་ཐུགས་རྗེ་ལ་བརྟེན་ནས་ཉེར་འཚེ་ཐམས་ཅད་ལྷག་མེད་དུ་ཞི་བས་བཀའ་དྲིན་བླ་ན་མེད་པར་གྱུར། དྲུག་པའི་ཚེས་བཅུ་སྐོར་ལ་དཀའ་བཅུ་མཁས་མཆོག་གིས་ཞུས་ངོར་འཇིགས་བྱེད་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་དང་དཔའ་བོ་གཅིག་པའི་རྗེས་གནང་སྩལ། བཅུ་བདུན་ནས་ཉིན་བཞིའི་རིང་གོས་སྐུ་ཐང་དུ་བཞུགས་སྒར་བཏབ་སྟེ་ཁོ་བོ་ཅག་སོགས་དབུས་ནས་ཞབས་འབྲིང་དུ་འོང་བ་རྣམས་དང་གཞིས་སྡོད་ཀྱི་ཞབས་ཕྱི་ཐམས་ཅད་ལ་སྟོན་མོ་གནང་བའི་ཐོག་ཟློས་གར་སོགས་ཀྱི་རྩེད་སྣ་དུ་མའི་གཟིགས་མོ་བསྟར། རྭ་འཕྲིན་ཤེས་རབ་སྔར་དཔོན་རིན་པོ་ཆེའི་དགོངས་ཕོག་གིས། ནོར་རྫས་གང་ཡོད་བླངས་ཏེ། ཁོ་རང་མཛོ་དགེ་ཕྱོགས་སུ་སོང་ནས་ལོ་ཁ་ཤས་དེ་ཕྱོགས་སུ་གླེང་བརྗོད་མེད་པར་བདེ་བར་བསྡད་ཡོད་པ་ལས་སླར་རྗེ་ཉིད་ལ་སྐྱབས་ཚོལ་གྱི་རེ་བས་ཕྱིར་འོང་བ་ཨུརྒེ་ནས་བཟུང་སྟེ་ཁྲིམས་ལ་སྦྱར་བར་ངོ་ཆེན་ནན་ཏན་གནང་ཡང་སྲོག་སྐྱོབ་མ་ནུས་པས་ཐུགས་གཏིང་ནས་སྐྱོ་བའི་རྣམ་པ་དང༌། རེ་ཞིག་བར་དུ་ཉིན་རེ་བཞིན་གཤིན་པོ་རྗེས་འཛིན་གྱི་ཆོ་ག་སོགས་ཀྱིས་སྤྱན་དམིགས་ནན་ཏན་མཛད། བདུན་པའི་ཚེས་ལ་དངུལ་རིའི་ལྷ་སྡེའི་སྟེང་དུ་ཆིབས་བསྒྱུར་བའི་ལམ་ནས་བསང་དང་ཁོ་ཚེའི་ལྷ་སྡེ་རྣམས་ཀྱིས་བསྙེན་བཀུར་ཞུས་ཤིང་ལམ་ནས་ཀླུ་འབུམ་ཇ་སག་གིས་གདན་དྲངས་ཏེ་གསོལ་སྟོན་ཞུས། དེ་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུས་གཙོས་རྟ་པ་བདུན་ཅུ་སྐོར་གྱིས་བསུས་ཏེ་བྲག་ལུང་
དགོན་པར་ཕེབས། བྱམས་མེ་སྙན་གྲགས་དུས་ཆོས་སུ་གྱུར་པའི་སར་གདན་དྲངས་པར་འཕོ་བ་སོགས་ཀྱིས་སྤྱན་དམིགས་མཛད། བྱམས་མེ་བུམ་སྐོར་དབལ་མང་བྲ་དགེ་ཨ་བུ་ཚང་སོགས་ཀྱི་སྦྱིན་བདག་སོ་སོའི་རེ་བ་བསྐངས། སླར་བྲག་ལུང་དུ་ཁྲི་ཆེན་སྤྲུལ་བའི་སྐུ་ནས་ཞུས་ངོར་སྤྲུལ་བའི་སྐུ་ཉིད་དང་ཐོར་གོད་བླ་མ་ངག་དབང་དོན་གྲུབ་བྲག་ལུང་གི་རི་ཁྲོད་པ་རྣམས་དང་ཐུ་མེད་དང་མཛོ་དགེ་ཕྱོགས་ཀྱི་སེར་མོ་བ་དུ་མ་བཅས་དོན་གཉེར་ཅན་ཉིས་བརྒྱ་ལྷག་ལ་སྟ་གོན་གཅིག་འཐུས་བྱས་ཏེ་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་དཔལ་འཁོར་ལོ་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔ་དང་ལུས་དཀྱིལ་ལྷ་རེ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་གནང༌། དང་པོ་སྙན་གསན་ཕུལ་སྐབས་ངས་རང་རེའི་དགོན་པ་རེར་དབང་སྐུར་རེ་བྱེད་ཀྱིན་ཡོད་ཅིང་ད་ལན་ཡང་འདིར་དེའི་ཆེད་དུ་འོང་བ་ཡིན་པས་ལེགས་གསུངས་ཏེ་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། ཚེས་བདུན་ལ་རྨ་ཆུ་ཕར་ཁར་ལྷ་སྡེའི་སྟེང་དུ་ཕེབས་ནས་ཟླ་བ་ཕྱེད་ཙམ་བཞུགས་ཏེ་སོ་སོར་འདོད་ཆོས་དང་ལུགས་གཉིས་ཀྱི་བཀོད་ཁྱབ་ཞིབ་རྒྱས་མཛད་སོ་སོར་སུ་རུག་བཞག་སྟེ་གནང་སྦྱིན་སྩལ་ཅིང་ཕྱོགས་ནས་སློང་མོ་བ་ཆེས་མང་དུ་འོང་བ་ཐམས་ཅད་ཀྱི་རེ་བ་རྫོགས་པར་བསྐངས། གླ་རི་མགོ་ཕྱོགས་སུ་ཧོར་སྤྲུལ་སྐུ་དང་དཔོན་བཙུན་ནམ་མཁའ་ཕུན་ཚོགས་སོགས་ཀྱིས་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་བསྒྲུབས་ནས་གསོལ་བ་བཏབ་པར་ཆོས་བཀའ་འགའ་ཞིག་གནང་སྟེ་གདན་སར་ཕེབས། ཐུ་མེད་པེའི་སིའི་མི་སྣ་ཤཀ་ཤཱ་པད་ཀྱིས་ཞུས་ངོར་ཚོགས་ཆེན་ལ་ལམ་རིམ་ཆུང་ངུའི་བཤད་ལུང་བཤད་པ་ཧ་ཅང་མི་རྒྱས་ཀྱང་དོན་གྱི་འགག་སྡོམ་ཐམས་
ཅད་བློ་ཡུལ་དུ་འཆར་བདེ་བའི་བཤད་པ་ངོ་མཚར་བ་མཁས་པ་རྣམས་ལ་ལྷག་པར་བློ་སྐྱེད་ཆེ་ངེས་འོང་བ་ཞིག་གནང༌། ཡང་ཤཀ་ཤཱ་པད་ཀྱིས་ཞུས་ངོར་ནུབ་གཅིག་ཁོ་རང་དང་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁོ་བོ་ཅག་སོགས་ཉུང་བསྡུས་ལ་དུག་དབང་རྨ་བྱ་རྒྱས་པ་དང་ལྗགས་ལུང་འགའ་ཞིག་ཀྱང་སྩལ། བཅུ་གཅིག་པའི་ཚེས་ལ་རོང་ཕྱོགས་ཀྱི་དགོན་ཁག་སོ་སོས་གདན་དྲངས་པར་ཆིབས་བསྐྱོད། ལམ་གྱི་མི་སྡེ་སོ་སོས་ཇ་ཐབ་ཞུས་ཤིང་གཙོས་དགོན་པའི་བླ་མ་ལས་སྣེ་བེ་རི་སྤྲུལ་སྐུ་སོགས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ཐོག་མར་རྒྱ་མཁར་དགོན་དུ་ཕེབས། ཡུལ་ལུགས་དང་བསྟུན་པའི་གསོལ་སྟོན་གཟབ་རྒྱས་ཞུས། དེར་ཅོ་ནེ་དཔོན་གྱི་འཚམས་ཞུས་པ་ཡང་འབྱོར་བར་དགྱེས་པའི་བཀའ་མཆིད་གནང༌། ཨ་མཆོག་བླ་ཟུར་སེ་ར་དགེ་བཤེས་ཀྱིས་རི་ཛི་དགོན་གསར་དུ་སྤྱན་དྲངས་ཏེ་ལྗགས་ལུང་འགའ་ཞིག་ཞུས། མཛོ་དགེ་སྒར་པས་གདན་དྲངས་ནས་དེ་ཀའི་བླ་མ་སྐུ་སྐྱེ་རྣམས་དང༌། སྒྲུབ་པའི་རྒྱལ་མཚན་འཛིན་པ་རི་ཁྲོད་པ་བསྟན་འཛིན་སོགས་བླ་གྲྭ་སྟོང་ཕྲག་བརྒལ་བར་བདེ་མཆོག་ཕྱི་ནང་གཉིས་ཀྱི་དབང་ཆེན་དང་རྒྱུད་པ་གྲྭ་ཚང་གིས་ཞུས་ངོར་གསང་འདུས་འཕགས་ལུགས་མི་བསྐྱོད་པའི་དབང་བཞི་ཡོངས་སུ་རྫོགས་པར་གནང༌། བསྒྲུབ་བྱ་སུམ་ཅུ་སྐོར་ཞིག་བསྙེན་རྫོགས་མཛད། རྐང་ཚའི་དགོན་པ་དགའ་ལྡན་བསམ་གྲུབ་གླིང་དུ་ཕེབས་ཏེ་འཇིགས་བྱེད་བཅུ་གསུམ་མའི་དབང་གནང༌། དེ་ནས་ཕྱག་བཏེགས་པར་ཆས་པ་སྤྲུལ་སྐུ་སོགས་ཀྱིས་བསུ་བ་སེར་སྦྲེང་དང་བཅས་ཆས་པ་རྒྱ་མཁར་དགོན་དུ་ཕེབས། དེར་ས་སྐྱོང་དམ་པ་
ཅོ་ནེ་དཔོན་ཡུམ་སྲས་མགོ་བ་ངོ་གཡོག་བདུན་ཅུ་སྐོར་མཇལ་བར་འོངས་ཏེ་དངོས་འབུལ་སྤམ་མཐོ་བ་བཏེག་པར་ཚེ་དབང་གནང་ཞིང་གསུང་གླེང་ཞིབ་རྒྱས་མཛད། སྐྱེས་ཀྱི་ཚུལ་དུ་གནང་ཆ་ཡང་རྒྱས་པར་བསྟར། ཚོགས་ཆེན་འདུ་ཁང་དུ་ཆས་པ་སྤྲུལ་སྐུ་དང་གུར་ཡག་བླ་མ་སོགས་ལ་གསང་འདུས་རྩ་རྒྱུད་ཀྱི་ལྗགས་ལུང་སྩལ་ཅིང༌། མཇལ་བ་སྟོང་ཕྲག་ལྷག་ལ་ཕྱག་དབང་གནང༌། དེ་ནས་ཆས་པ་ཀོ་ཡུ་ནང་དུ་ཕེབས་པའི་ལམ་ཁར་འབྲོག་པས་ཇ་ཐབ་ཕུལ་ཞིང་ཀོ་ཡུ་རི་ཁྲོད་དུ་ཕེབས། རྒྱུད་ཁང་གསར་པ་ལ་ཤིས་བརྗོད་གནང་ཞིང་ཀོ་ཡུ་དགོན་དུ་ཀོ་ཡུ་ཆོས་རྗེ་སྤྲུལ་སྐུ་རྣམ་པས་གཙོས་ཉན་མཁན་སྟོང་ཕྲག་ཉེ་བར་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང་དང་གསང་འདུས་བདག་བསྐྱེད་ཀྱི་ལྗགས་ལུང་སྩལ། བདེ་ཐང་མཁན་པོ་སོགས་དུ་མས་བསྙེན་བཀུར་བསྟར་བ་རྣམས་ལ་འདོད་ཆོས་ཅི་རིགས་གནང༌། ལྷ་ཁང་ལུང་པས་གདན་དྲངས་པར་ཕེབས་ཏེ་བསྟན་པའི་གསལ་བྱེད་བཀའ་འགྱུར་བ་བློ་བཟང་ཉི་མའི་སྤྲུལ་སྐུར་དགེ་ཚུལ་གྱི་སྡོམ་པ་ཕོག་ཅིང་ཐུགས་རྗེ་ཆེན་པོའི་རྗེས་གནང་སྩལ། གཙུག་གེ་དཔོན་པོས་རང་གི་རི་ཁྲོད་དུ་གདན་དྲངས་ཏེ་བསྙེན་བཀུར་ཞུས། གཙུག་གེ་སྤྲུལ་སྐུ་སོགས་བསྒྲུབ་བྱ་དུ་མར་དགེ་ཚུལ་སློང་གི་སྡོམ་པ་གནང༌། ལམ་དུ་ཚ་མདོ་སྒར་པ། རྒྱལ་མོ་དགོན། གྱི་ལིང་སྒར། ལོ་བེ་དགོན་སོགས་དགོན་ཁག་དུ་མ་དང༌། རེབ་ཚ་སྨན་པ་ངག་དབང་ནོར་བུ་སོགས་སྒེར་དུ་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་ཐམས་ཅད་ཀྱི་རེ་བ་བསྐངས། སྒོ་མང་གཞིས་ཀར་ཕེབས་ཏེ་ཞག་གསུམ་བཞུགས་ཤིང་རྡོ་དཀར་ཤར་དུ་བླ་མའི་རྣལ་འབྱོར་གྱི་ལྗགས་ལུང་སྩལ། ཙ་ཡུ་དགོན་དུ་གདན་དྲངས་པར་ཕེབས་པའི་ལམ་ནས་རྩམ་སྡེར་
སྒར་པས་ཇ་ཐབ་ཞུས། ཙ་ཡུ་ཨ་ལག་གིས་རི་ཁྲོད་དུ་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས་པར་རིག་བྱེད་མའི་རྗེས་གནང་སྩལ། དེ་ནས་ཕེབས་ཏེ་ཙ་ཡུ་འདུ་ཁང་དུ་དགའ་ལྡན་ལྷ་བརྒྱ་མ་དང་གསང་འདུས་སྨོན་ལམ་གྱི་ལྗགས་ལུང་གནང༌། སེར་སྐྱ་ཚང་མས་མགྲིན་གཅིག་ཏུ་ཙ་ཡུ་དགོན་པ་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཏུ་ཕུལ་ནས་ཡི་གེ་ལག་རྟགས་དང་བཅས་པ་བཞག་པར་འདི་ཕྱོགས་ཀྱི་དགོན་ཆེ་ཕྲ་ཐམས་ཅད་དགོན་ལག་གི་མིང་བཏགས་མ་བཏགས་གང་ལྟར་ཡང་མཆོད་རྟེན་ལ་བང་རིམ་གྱི་ཚུལ་དུ་གཞི་བཀྲ་ཤིས་འཁྱིལ་ལ་བརྟེན་ནས་ཆགས་དགོས་པས་དོན་གྱི་དགོན་ལག་ཡིན། ཁྱེད་རྣམས་ཀྱིས་ཀྱང་དགོན་པ་འདི་ལྟར་ཕུལ་བ་ལེགས་གསུངས་ཏེ་དགྱེས་ཚོར་མཛད་ཅིང་དེར་མ་ཟད། དགོན་འདིར་རྡོར་དབྱིངས་ཀྱི་ཆོ་ག་བཙུགས་པ་ཡང་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང་སྟེ། ཞལ་ནས། དགོན་པ་གཅིག་ལ་ཆོ་ག་ཐམས་ཅད་འཛུགས་དཀའ་ཡང༌། དགོན་ལག་དང་བཅས་པར་རྒྱུད་སྡེ་གོང་འོག་གི་བཤད་སྒྲུབ་ཀྱི་སྲོལ་གང་ཐུབ་ཅིག་ཚུགས་དགོས་གསུངས་ཏེ། གདན་ས་རང་དུ་གསང་བདེ་འཇིགས་གསུམ། དུས་འཁོར། ཀུན་རིག །རྣམ་སྣང་མངོན་བྱང༌། མི་འཁྲུགས་པ་ལྷ་དགུ །སྨན་བླ་རྣམས་དང༌། དགེ་འཕེལ་རི་ཁྲོད་དུ་དྲིལ་བུ་ལྷ་ལྔ་ལུས་དཀྱིལ་དང་བཅས་པ། ཡིད་དགའ་ཆོས་འཛིན་དུ་མི་འཁྲུགས་པ་ལྷ་བཅུ་གསུམ། གླ་རི་མགོར་ཀྱེ་རྡོར། རྐང་ཚའི་དགོན་པར་དམ་ཚིག་གསུམ་བཀོད། ཨ་མཆོག་ལམ་རིམ་གྲྭ་ཚང་དུ་ཐུགས་རྗེ་ཆེན་པོ། དམེ་ཤུལ་རི་ཁྲོད་དུ་ཁྲོས་ནག །གྱི་
ལིང་དགོན་དུ་གདུགས་དཀར་གྱི་ཆོ་ག་སོགས་འཛུགས་རྒྱུའི་བཀོད་ཁྱབ་གནང་སྟེ། འདི་ཡང་བསྟན་པ་ཡོངས་སུ་རྫོགས་པའི་ཁུར་རང་གིར་བཞེས་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཞིག་གོ །སླར་གདན་སར་ཕེབས་སྐབས་སྨད་ནས་ཨ་རུ་ཧོར་ཆེན་རྟག་བརྟན་པིའི་ལིའི་དགོངས་རྫོགས་སྒྲུབ་མཁན་འབྱོར་ཏེ་སྒུག་སྡོད་བྱས་ཡོད་པ་རྣམས་ཀྱིས་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབུལ་ཞུས་པར་བརྩེ་གཟིགས་ཀྱིས་སྤྱན་དམིགས་ཡང་དག་གནང༌། ཉི་ཤུ་གསུམ་ལ་བསྙེན་རྫོགས་ཁ་ཤས་བསྒྲུབས་ཏེ་དེའི་ཕྱི་དྲོ་ནས་བཟུང་ཞག་བདུན་གྱི་རིང་བཅད་རྒྱ་ཤིན་ཏུ་དམ་པར་མཛད། དགུང་ལོ་རེ་གཅིག་པ་ཕུར་བུ་ཞེས་པ་ས་སྤྲེལ་དུས་ཀྱི་རྒྱལ་མོའི་རང་ཞལ་གསར་དུ་ངོམས་པའི་དགེ་མཚན་གྱི་དུས་སྟོན་སོགས་སྔར་འཁྱུད་བཞིན་བསྟར་ཏེ་གྲྭ་མང་ལ་མཇལ་ཁ་གནང་ནས་སླར་ཡང་ཞག་བདུན་གྱི་རིང་སྐུ་མཚམས་མཛད། ཚེས་དགུ་ནས་གསུང་ཆོས་སོགས་ལ་འཆག་མེད་དུ་ཕེབས་ཤིང༌། མགོ་ལོག་དཔོན་པོ་ཁ་ཤས་འཚམས་ཞུས་སུ་འོང་བར་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། བཅོ་ལྔའི་ཉིན་ཕྱོགས་འདུས་ཀྱི་མཇལ་བ་བཞི་སྟོང་ལྷག་ལ་ཕྱག་དབང་གནང་ཞིང་བསྙེན་རྫོགས་མང་དུ་བསྒྲུབས། དོན་གཉེར་ཅན་འགའ་ཞིག་ལ། མགོན་པོ། ཆོས་རྒྱལ། དམ་ཅན་གསུམ་གྱི་རྗེས་གནང་སྩལ། བཅུ་དགུ་ནས་བཟུང་བདུན་གཉིས་ཀྱི་རིང་བཅད་རྒྱ་གནང་སྟེ་ཐུགས་དམ་གཙོར་འདོན་མཛད། གཉིས་པའི་ཡར་ཚེས་ལ་ཚོགས་མང་ནས་གནས་བཅུ་ཕྱག་མཆོད་དང་འབྲེལ་བའི་བརྟན་བཞུགས་ཀྱི་ཆོ་ག་བསྟར་ཏེ་གསོལ་བ་བཏབ་པར་ཞལ་བཞེས་
བཟང་པོ་གནང༌། དགེ་ཚུལ་ཞེ་ལྔ་དང་བསྙེན་རྫོགས་བརྒྱ་དང་བཅུ་སྐོར་ཞིག་གསར་བསྒྲུབས་མཛད། ཚེས་ལྔ་ནས་བརྩམས་ཏེ་ཞག་བཅུ་སྐོར་ཞིག་ལ་སླར་ཡང་བཅད་རྒྱ་གནང་བའི་ཐུན་མཚམས་སུ་ཁོ་བོ་ཅག་ལ་སྙན་དངགས་མེ་ལོང་གི་ཁྲིད་ཆ་ཚང་བར་གནང་ཞིང་ཉིན་རེ་བཞིན་གང་སོང་གི་རྩོམ་རྒྱུགས་ཕུལ་བར་གྲས་རྒྱག་པ་སོགས་ཕྱག་ལེན་བཞིན་བརྩེ་གཟིགས་བཀའ་དྲིན་བསྐྱངས། བཅོ་ལྔའི་ཉིན་བྱམས་ཆེན་གསར་བཞེངས་ཀྱི་ཞལ་འདེབས་སུ་དངུལ་སྲང་བརྒྱ་དང་གསེར་ཕྲན་བུ་བཅས་ཕུལ་ཏེ་བྱམས་ཆོས་སྡེ་ལྔའི་ལྗགས་ལུང་ཞུས་ནས་སྨོན་ལམ་བཏབ་པར་དགྱེས་པའི་ཞལ་བཞེས་མཛད། དེ་ནས་གདན་ས་ཆེན་པོའི་བླ་མ་ལས་སྣེ་འདུས་སྤྱི་བཅས་ཀྱིས་སྔར་ནས་ཡང་ཡང་གསོལ་བ་བཏབ་པ་བཞིན་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་སྟེ་སྐུ་གསུམ་གོ་འཕང་མངོན་དུ་གྱུར་པ་འཕགས་བོད་གཉིས་ཀར་རྒྱལ་བའི་བསྟན་པ་ཉིན་མོ་བཞིན་དུ་གསལ་བར་མཛད་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀི་ལ་ཐུགས་རྗེའི་དབང་ཕྱུག་རྒྱལ་བ་རྒྱ་མཚོས་དངོས་སུ་གནང་བའི་བྱིན་རླབས་ཀྱི་བཀའ་དུ་མ་ཕྱོགས་གཅིག་ཏུ་བསྡོམས་པར་མི་ཏྲ་བརྒྱ་རྩ་ཞེས་ཡོངས་སུ་གྲགས་པའི་དབང་ཆེན་ཟབ་མོ་གནང་བའི་ཉེར་བསྡོགས་བརྩམས་ཏེ་གདན་ས་ནས་ཚོགས་ཆེན་ཁྲི་ཐོག་པ་དཀོན་མཆོག་བདེ་ཆེན། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ། ཁྲི་ཆེན་ནམ་མཁའ་བཟང་བའི་སྤྲུལ་བའི་སྐུ། སྡེ་ཁྲི་རིན་པོ་ཆེའི་སྤྲུལ་བའི་སྐུ། སྒོ་མང་མཁན་པོ་ངག་དབང་དགེ་ལེགས་ཀྱི་སྤྲུལ་བའི་སྐུ། འགྱང་རོ་
སྤྲུལ་བའི་སྐུ་སོགས་དམ་པའི་སྐྱེ་འཕྲེང་འཛིན་པའི་སྤྲུལ་སྐུ་ཆེ་ཆུང་དུ་མ་དང༌། མཁས་གྲུབ་གཉིས་འཛོམ་གྱི་བླ་མ་གདན་ཟུར། གྲྭ་ཚང་བཞིའི་གྲྭ་རིགས་ཡོངས་རྫོགས། སྒྲུབ་སྡེ་གཉིས་དང་བཅས་པ་རྣམས་དང༌། ཕྱོགས་གཞན་ནས་འོང་བ་ཨ་མཆོག་གི་གྲྭ་ཚང་སོ་སོའི་བླ་མ། རེབ་ཙ་ལྷ་ཁང་ལུང་པ་དང་བཀའ་འགྱུར་བའི་སྤྲུལ་སྐུ། བེ་རི་སྤྲུལ་སྐུ། ཙ་ཡུ་ཨ་ལག །མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན། འགྱང་རོ་དབོན་ཆུང་བླ་མ། ཨ་ཁྱུང་སྐུ་སྐྱེ། མཁན་ཆེན་དྲུང་ཡིག །བྲག་དཀར་སྤྲུལ་སྐུ་སོགས་ཕྱོགས་རིས་མེད་ནས་དོན་གཉེར་ཅན་མང་དུ་འདུས་པ་བཅས་བླ་གྲྭ་སུམ་སྟོང་དང༌། ཁྱོན་སེར་སྐྱ་ལྔ་སྟོང་བརྒལ་བ་ལ་གཉིས་པའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོ་ནས་གསུམ་པའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་བར་དུ་ཉིན་རེ་བཞིན་ཆོས་ཐུན་གཉིས་རེ་བྱས་ཏེ་རྫོགས་པར་གནང༌། དེ་ཡང་དང་པོ་གཤེད་དམར་དང་སྦྲགས་ནས་བླ་མེད་ཀྱི་སྟ་གོན་གནང་ཞིང་ཚོགས་པ་ཆེས་པས་གཤེད་དམར་གྱི་དབང་ལ་མེ་ཏོག་འདོར་བ་སོགས་ཀྱིས་འགྱངས་ཏེ་དངོས་གཞི་ཆོས་ཐུན་གཉིས་ཀྱི་ཁོངས་སུ་རྫོགས། བླ་མེད་ཀྱི་དབང་ཐམས་ཅད་ཀྱི་སྐབས་མནའ་ཆུ། ཆུ་དབང༌། ཅོད་པན། རྡོ་རྗེ། དྲིལ་བུ། སློབ་དཔོན་གྱི་རྡོར་དྲིལ་ཟུང༌། གསང་རྫས་གཉིས་པ་རྣམས་ཐམས་ཅད་ལ་ཆག་མེད་དུ་བྲིམ། ཐོག་མའི་བདེ་མཆོག་ལ་བརྟུལ་ཞུགས་གསུམ་ཀ་དང༌། དེ་ཕྱི་ཉིན་གྱི་བདེ་མཆོག་ཡབ་བཀའ་དང་ཡུམ་བཀའ་མཧཱ་མ་ཡ་རྣམས་ལ་བརྟུལ་ཞུགས་དང་པོས་ཆོག་པར་མཛད། རྒྱལ་བ་རྒྱ་མཚོའི་དབང་གི་སྐབས་སུ་སློབ་མའི་གཙོ་བོ་ཁྲུས་སྟེགས་ལ་བཀོད་དེ་སློབ་དཔོན་གྱི་དབང་
གི་ཚེ་གདུགས་དང་རྒྱལ་མཚན་སོགས་གཞུང་གི་བཤད་པ་བཞིན་དུ་བསྟར་ཞིང་དབང་བཞི་པའི་དག་པ་བརྗོད་ཟིན་ནས། རོལ་མོའི་སྒྲ་སྐད་སྣ་ཚོགས་པ་བཅས་རྡོ་རྗེ་སློབ་དཔོན་གྱིས་སྣ་དྲངས་ཏེ། འདུ་ཁང་གི་སྟེགས་འགྲམ་ནས་དཀྱིལ་འཁོར་ལ་སྐོར་བ་ལན་གསུམ་བྱས་པའི་མཐར་སློབ་མ་ལྷ་ལ་འབུལ་བ་སོགས་ཕྱག་ལེན་ཕྲ་ཞིང་ཞིབ་པ་དམ་པའི་ཕྱག་བཞེས་ཅུང་ཟད་ཀྱང་མ་ཉམས་པ་དང༌། རྒྱུད་སྡེ་སོ་སོའི་སྐབས་སུ་རང་རང་གི་ལམ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་རིམ་གཉིས་ཡན་ལག་དང་བཅས་པའི་རྒྱུད་དོན་མ་ལུས་པ་ལམ་གྱི་རིམ་པར་བསྒྲིགས་ཏེ་དབང་གི་ཁོག་ནས་དྲངས་པའི་གསུང་བཤད་མཐའ་ཆོད་པ་དང་རང་རང་གི་ཐུན་མོང་མ་ཡིན་པའི་སྒོས་ཆོས་རྩལ་དུ་ཐོན་པ་སོགས་གནང་སྟེ་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པའི་བློ་གྲོས་དང་དད་པའི་འདབ་བརྒྱ་བྱིན་རླབས་ཉིན་མོའི་ཟེར་གྱིས་ཡོངས་སུ་ཕྱེ་སྟེ། ཐེག་མཆོག་ཆོས་ཀྱི་སྦྲང་རྩིའི་དུས་སྟོན་མཆོག་ཏུ་དར་བས་དགའ་བའི་རྐང་དྲུག་གི་གླུ་དབྱངས་ཀྱིས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །རྗེས་ཆགས་བདེ་བ་མཆོག་གི་ཆུ་གཏེར་ཆེ། །འོད་གསལ་རྟ་གདོང་མེ་ཡིས་ཁོལ་བ་ནི། །དཀྱིལ་འཁོར་རྒྱ་མཚོའི་རླབས་ཕྲེང་སྤྲོ་ན་ཡང༌། །གསང་ཆེན་རྒྱུད་སྡེའི་ཀླུང་བཞི་གཅིག་ཏུ་སྡུད། །སྒྲིབ་པའི་ཚོགས་ཀུན་གཞར་ཡང་མི་གནས་རྣམ་དག་ཐུགས་ཀྱི་ཟླ་ཤེལ་ཁམས། །སྐལ་ལྡན་གདུལ་བྱའི་ཚོན་བརྒྱར་འགྲོག་པའི་རང་རང་བློ་དང་སྐལ་བ་བཞིན། །དཀྱིལ་འཁོར་འཁོར་ལོ་བྱེ་བར་སྣང་བའི་ཡ་མཚན་གར་གྱི་རི་མོ་ནི། །གཡོ་བ་མེད་བཞིན་ཅི་ཡང་
བསྒྱུར་དེ་གསང་ཆེན་སྒྱུ་མའི་རོལ་རྩེད་ཡིན། །རྒྱུད་སྡེ་རྒྱ་མཚོའི་ཀློང་ནས་རྣམ་གྲོལ་གྱི། །ནོར་བུ་ལེན་པར་འདོད་པའི་དོན་མཐུན་རྣམས། །བྱིན་རླབས་བ་དན་དཀར་པོས་མཛེས་པ་ཡི། །སྨིན་བྱེད་དབང་གི་གྲུ་གཟིངས་འདིར་ཞུགས་ཤིག །ཐམས་ཅད་རྣལ་འབྱོར་འབྱོར་བས་རྩེན་པ་ཡིས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་དགའ་ཚལ་དུ། །ལུས་དང་ངག་ཡིད་ཉེས་པའི་ཕྲ་མེན་མ། །བྱིན་རླབས་རྣོ་ངར་མཚོན་གྱིས་བསད་པ་ན། །དབང་ཆོག་དྲི་བྲལ་ལང་ཚོ་དར་བ་མོ། །བདུད་རྩིས་རབ་མྱོས་མགྲིན་པའི་གླུ་དབྱངས་ལེན། །ཡིད་ནི་དགའ་བདེའི་འོད་ཀྱིས་ཁྱབ་པ་དེ། །གཞོན་ནུ་རིགས་ཀུན་བདག་པོའི་མགུལ་བར་འཁྱུད། །ཅེས་བྱ་བའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ནས་རྒྱུད་པ་གྲྭ་ཚང་གིས་སྔར་ནས་གསོལ་བ་བཏབ་པ་དང༌། གྲོ་ཚང་སྤྲུལ་བའི་སྐུས་མཚམས་སྦྱར་བར་བརྟེན། གསུམ་པའི་བཅུ་བདུན་གྱི་ཉིན་ཚོགས་མང་ལ་ལཱུ་ཨི་བའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང་ཆེན་སྟ་གོན་དང་བཅས་པ་སྩལ། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་ནས་ཞུས་ངོར་ཁོང་དང་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ། ཁྲི་ཟུར་བསོད་ནམས་དབང་རྒྱལ། སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན་སོགས་ཉུང་བསྡུས་ལ་བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལྗགས་ལུང་གནང༌། དེའི་ཚེ་དགོན་འདི་བཀའ་གདམས་ཀྱི་དགོན་པ་ཡིན་པས་སླར་ཚོགས་མང་ལ་ཡང་གླེགས་བམ་གྱི་ལུང་ཞིག་བྱེད་རྒྱུ་བྱུང་ན་ལེགས་ཞེས་གསུངས་པ་ནི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་ངེས། དེ་ནས་བཞི་བའི་ཚེས་ལ་ཧན་སྟག་ལུང་གི་འདུ་ཁང་རབ་གནས་སུ་གདན་
དྲངས་པར་ཕེབས་པའི་ལམ་ནས་རྒྱ་བོད་ཀྱི་སྡེ་དགོན་སོ་སོས་ཐབ་བསུ་སོགས་ཀྱིས་བསྙེན་བཀུར་ཡང་དག་ཞུས། ཧན་སྒར་པས་གདན་དྲངས་ཏེ་དངོས་འབུལ་བསྟར་ཞིང༌། དེ་ནས་ཉན་ཚ་ཚང་དང་སྟག་ལུང་གི་ནང་སོ། དགོན་པའི་ལས་སྣེ་སོགས་ཀྱིས་ཆིབས་བསུ་དང་གྲྭ་མང་གིས་སེར་སྦྲེང་བཅས་སྟག་ལུང་དགོན་པར་ཕེབས་ཏེ་ཤུར་མོ་དབོན་པོའི་ནང་དུ་བཞུགས། ཕྱི་ཉིན་ས་ག་ཟླ་བའི་བཅོ་ལྔའི་དུས་ཆེན་དང་འགྲིགས་པའི་གསོ་སྦྱོང་ལ་སོ་ཐར་གྱི་མདོ་གསུངས་ཤིང་སྨོན་ལམ་གྱི་ཚོགས་དབུ་གནང༌། སྟག་ལུང་ནང་སོ་དཀོན་མཆོག་འཕྲིན་ལས་སོགས་བསྙེན་རྫོགས་བཅོ་ལྔ་དང་རབ་བྱུང་བཅུ་ཕྲག་གཅིག་གསར་དུ་བསྒྲུབས། ཉི་མ་གསུམ་གྱི་རིང་ལ་སྟག་ལུང་གི་འདུ་ཁང་གསར་པ་དང་བྱམས་སྐུ་སོགས་ལ་དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་རབ་གནས་རྒྱས་པར་མཛད་དེ་ལྷ་ལ་དབང་བསྐུར་བ་དང༌། རབ་ཏུ་གནས་བྱའི་ལྷ་རྣམས་ཚིམ་པར་བྱེད་པའི་རྒྱས་པའི་སྦྱིན་སྲེག །ལྷག་ཆད་ཀྱི་ཉེས་པ་བསྐང་ཕྱིར་ཞི་བའི་སྦྱིན་སྲེག་སོགས་ཀྱི་ཕྱག་ལེན་མཐའ་དག་ཞིབ་ཐིགས་སུ་གནང༌། གྲྭ་གྲངས་བདུན་བརྒྱ་སྐོར་ལ་མང་འགྱེད་གྱ་ནོམ་པ་བསྟར་ཞིང་ཕྱོགས་འདུས་ཀྱི་མཇལ་བ་དུ་མ་དང་བཅས་པ་ལ་ལམ་གཙོའི་ལྗགས་ལུང་སྩལ། མཛོ་མོ་མཁར་གྱི་ཁྲི་པ་ཉན་ཚ་ཞབས་དྲུང་གིས་ཞུས་ངོར་འོད་དཔག་མེད་ལ་བརྟེན་པའི་འཕོ་ཁྲིད་གནང༌། རྒྱ་ནག་ཏཱ་མིང་རྒྱལ་པོས་ཕུལ་བའི་བྱམས་ཆེན་ཆོས་རྗེའི་གཟིམས་ཁྲི་དང་གསོལ་ལྕོག །རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྐུ་
ཐང་ཉིད་ཀྱི་ཕྱག་རྗེས་ཅན་སོགས་རྟེན་འགངས་ཆེ་བ་འགའ་ཞིག་ཕུལ་བར་དགྱེས་ཚོར་རྨད་དུ་བྱུང་བ་མཛད། སྟག་ལུང་རི་ཁྲོད། ཨ་མཚོ་དགོན་དང་རི་ཁྲོད་གཉིས། ཀྲང་ཀྱ་ཟི། ཕང་ཟི། སྒ་ཤོ་རི་ཁྲོད། མགོ་མོག་སྒར་པ། མོ་ཉི་ཀོའུ་རི་ཁྲོད་སོ་སོ་ནས་གདན་དྲངས་པ་རྣམས་ལ་མང་འགྱེད་སྩལ་ཅིང་སོ་སོའི་འདོད་པ་བཞིན་གྱི་ཆོས་བཀའ་ཅི་རིགས་གནང༌། གཞན་ཡང་བླ་དཔོན་འབྱོར་ལྡན་སོགས་ཀྱིས་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་སོ་སོའི་རེ་བ་བསྐང༌། ལྷག་པར་ཨ་མཚོའི་དགོན་དང་སྒྲུབ་སྡེ་གཉིས་སེར་སྐྱ་གྲོས་མཐུན་གྱིས་ཕུལ་བར་བླ་མ་བསྐོ་བཞག་དང་ཆོས་ཀྱི་བསླབ་བྱ་ཞིབ་རྒྱས་གནང༌། གདན་སར་ཆིབས་བསྐྱོད་པའི་ལམ་ནས་ཧོར་ཚང་གི་སྡེ་པ་གོང་འོག་ཐམས་ཅད་ཀྱིས་བསྙེན་བཀུར་གང་འབྱོར་ཞུས། ལྔ་པའི་ཚེས་ལ་ཁོ་བོ་ཅག་ནས་གསོལ་བ་བཏབ་པ་བཞིན་དོན་གཉེར་ཅན་དུ་མ་ལ་བྱང་ས་དང་རྒྱན། བསླབ་བཏུས་དང་སྤྱོད་འཇུག །སྐྱེས་རབས་དང་ཚོམས་ཏེ་བཀའ་གདམས་གཞུང་དྲུག་དང༌། དབུ་མ་རིགས་ཚོགས་དྲུག །བཞི་བརྒྱ་པ་རྣམས་ཀྱི་ལྗགས་ལུང་སྩལ། དགེ་འཕེལ་རི་ཁྲོད་པ་རྣམས་ཀྱིས་ཞུས་ངོར་ཁོང་རྣམས་དང་དགོན་པའི་བླ་མ་སྤྲུལ་སྐུ་དགེ་བཤེས་སོགས་ཧྲག་བསྡུས་ལྔ་བརྒྱ་སྐོར་ལ་ཉིན་གསུམ་གྱི་རིང་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔ་དང་ལུས་དཀྱིལ་ལྷ་རེ་གཉིས་ཀྱི་དབང་ཆེན་མ་རྒྱུད་སྤྱིའི་ཁྱད་ཆོས་དང༌། སྒོས་སུ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཟབ་གནད་ཀྱི་ཁྱད་པར། དབང་སོ་སོའི་སྐབས་ཀྱི་དབང་བརྡ་འཕྲོད་ངེས་པ་སོགས་གསུང་བཤད་ཞིབ་རྒྱས་དང་བཅས་པ་གནང་སྟེ་དོན་དམ་འོད་གསལ་
བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་འགྱུར་བའི་སྣོད་རུང་དུ་མཛད། ཡང་ཁོ་བོ་ཅག་ནས་ཞུས་ངོར་ཚེ་དཔག་མེད་འཇམ་ལུགས་ལྷ་ལྔ། མི་ཏྲ་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། བཀའ་གདམས་ལྷ་བཞི། བ་རི་ལུགས་ཀྱི་རྣམ་འཇོམས་ལྗང་སྔོན། འཇམ་དབྱངས་སྨྲ་སེང༌། ཕག་དཀར་ཤེས་རབ་གསལ་བྱེད། ཛམ་བྷ་ལ་དཀར་པོ། བེག་ཙེ་ལྕམ་སྲིང་སོགས་ཀྱི་རྗེས་གནང་སྩལ། དྲུག་པའི་ཚེས་ལ་ཧར་ཆེན་ཕྱོགས་ནས་ཐ་བུ་ནང་བསོད་ནམས་དབང་རྒྱལ་དུས་ཆོས་སུ་གྱུར་པའི་དགེ་སྒྲུབ་ལ་ཐོ་ཡོན་ཙནྟྲ་ཀིརྟི་ངོ་གཡོག་འབྱོར་ཏེ་ཚོགས་དབུས་སུ་གདན་དྲངས་ནས་དངོས་འབུལ་སྤམ་མཐོ་བ་བཏེག་པར་བསྔོ་སྨོན་གྱིས་མཚམས་སྦྱོར་མཛད། ཁྱི་རྭ་སྐོར་གསུམ་གྱི་འཆམ་གོས་དང་བྱམས་པ་གླིང་སྐོར་གྱི་གསོབ་རྣམས་བཅོས་རྒྱུའི་བཀོད་ཁྱབ་སྩལ། རེ་ཞིག་ཐར་པ་རྩེར་བཅད་རྒྱ་གནང་ཞིང་སྔར་པཎ་ཆེན་ཐམས་ཅད་མཁྱེན་པ་ཕོ་བྲང་དུ་ཆིབས་བསྒྱུར་སྐབས་བསྐུལ་མ་གནང་ཡོད་པ་ལྟར་ཐུན་མཚམས་སུ་རྣམ་འགྲེལ་ཊཱིཀ་ཆེན་གྱི་མཆོད་བརྗོད་སོགས་མགོ་མཇུག་གི་ཚིགས་བཅད་སྙན་ངག་གི་ལམ་ནས་དྲངས་པའི་ཤིན་ཏུ་གོ་དཀའ་བ་རྣམས་ལ་འགྲེལ་པ་གསལ་ཞིང་དོན་འདྲིལ་བ་ཟླ་མེད་པའི་ལེགས་བཤད་ཕུལ་དུ་ཕྱིན་པ་འདི་ཉིད་བཀའ་རྩོམ་མཛད། འདིའི་དོན་ལམ་གྱི་ཆིངས་དང་སྦྱར་ཏེ་སྤྱིའི་ས་བཅད་ཀྱི་ཁོག་ལེན་ཚུལ་དང་ནང་གསེས་ཀྱི་ཚིག་རེ་རེ་ལ་ཡང་ངོ་མཚར་བའི་བཤད་པ་གནང་ཚུལ་སོ་སོར་བཤད་ན་མཁས་པ་དགའ་བར་བྱེད་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡོད་ཀྱང་འདིར་མང་དུ་དོགས་ནས་མ་
བཀོད་པས་དཔྱོད་ལྡན་ལེགས་བཤད་ཀྱི་དགའ་སྟོན་འདོད་པ་རྣམས་ཀྱིས་དེར་གཟིགས་པས་ཤེས་པར་ནུས་སོ། །དྲུག་པའི་མར་ངོ་ཀླུ་སྡིངས་ཀྱི་སྐྱེད་ཚལ་ཤིན་ཏུ་ཡངས་པ་ས་ཁོད་སྙོམས་ཤིང་སྤང་ལྗོངས་མེ་ཏོག་སྣ་ཚོགས་པས་བརྒྱན་པ། དབུས་ན་དྭངས་བསིལ་གྱི་ཆུ་མཚོ་ཡོད་ཅིང་ཁོར་ཡུག་ཏུ་ལྗོན་ཤིང་གི་འཕྲེང་བ་དཀྲིགས་པའི་ཕྱི་རོལ་ནས་རྭ་བས་བསྐོར་བ་སོགས་ཀྱི་བཀོད་པ་ངོ་མཚར་བ་གསར་བསྐྲུན་དུ་བཞུགས་སྒར་མཛད་ནས་ཉིན་གསུམ་གྱི་རིང་སྐྱོ་སངས་ཀྱི་རྣམ་པས་དུས་སྟོན་རྒྱས་པ་བསྟར། སྔར་ནས་སྐུ་ཁམས་ཅུང་ཟད་མ་སྙོམས་པར་ཡོད་འདུག་ཀྱང་ཐུགས་སྣང་མཛད་པར་བདུན་པའི་ཚེས་ལ་ཅུང་ཞིག་མངོན་མཚན་ཆེར་སོང་བས་སྐུ་འཁོར་རྣམས་ནས་ཁུར་བླངས་ཀྱིས་ཞབས་བརྟན་རིམ་གྲོར། མགོན་ཆོས་ཀྱི་བསྐང་བ་འབུམ་ཕྲག་དུ་མ་དང༌། མགོན་པོའི་གཏོར་ཆེན། འབུམ་བརྒྱ་ཚར། སྒྲོལ་དཀར་གྱི་བསྟོད་པ་ས་ཡ། བཀའ་འགྱུར་དག་ཚར་ཁ་ཤས། གདུགས་དཀར་ཟློག་ཆེན་དང་སྒྲོལ་མ་གཡུལ་བཟློག །ཚེ་གཟུངས། རྟ་མགྲིན། རྣམ་འཇོམས། སེང་གདོང་མ། ཁྱུང་ཁྲ་རྣམས་ཀྱི་སྔགས་འགྲོ་གང་ཆེ་སོགས་ཚོགས་ཆེན་དང༌། གྲྭ་ཚང་ཕན་ཚུན། ཞབས་བརྟན་པ་ཟུར་དུ་འཚོགས་པ་སོགས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་བསྒྲུབས། ཚོགས་སུ་ཕོགས་ཆེན་གཉིས་ཀྱིས་གཙོས་པའི་སྐུ་འགྱེད་དུ་མ་སོགས་བསྙེན་བསྐུར་གཟབ་རྒྱས་བསྟར། མཇུག་ཏུ་རེབ་ཚའི་སྨན་རྒན་ངག་དབང་ནོར་བུ་འབོད་དུ་བཏང་བ་མ་འགྱངས་པར་འབྱོར་ཏེ་དད་གུས་རྩེ་གཅིག་པས་གསོལ་སྨན་དྲངས་ཤིང་ཞབས་བརྟན་སོགས་ཀྱི་སྙན་བསྐུལ་ཞུས་པ་རྣམས་ཀྱང་གསན་དགོངས་ཆེ་བར་
མཛད་པས་མཆོག་གསུམ་ཆོས་སྲུང་རྒྱ་མཚོའི་ནུས་མཐུ་དང༌། དཔོན་སློབ་རྣམས་ཀྱི་འདུན་པ་རྩེ་གཅིག་པའི་བདེན་སྟོབས་ཀྱིས་མ་འགྱངས་པར་སྙུན་གྱི་དྲི་མ་མཐའ་དག་ལྷག་མེད་དུ་ཞི་ནས་སྐུ་ཁམས་སྟོན་ཟླ་བཞིན་དུ་དྭངས་པར་གྱུར། བརྒྱད་པའི་ཚེས་ལ་ཚོགས་ཆེན་ཁྲི་རིན་པོ་ཆེ་དཀོན་མཆོག་བདེ་ཆེན་པས་གཙོས་གྲྭ་མང་ནས་ཞབས་བརྟན་ཕུལ་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་པར་དོན་སྨིན་གྱི་ཞལ་བཞེས་གནང༌། དེའི་ཉེར་གཉིས་ལ་གཞུང་ས་རིན་པོ་ཆེ་ནས་བཏང་བའི་དབུ་ཆེན་དབུ་ཆུང་བཅས་བོད་དང་བལ་པོའི་བཟོ་བོ་མཁས་པ་དྲུག་འབྱོར་པར་སྟོན་མོ་དང་གནང་ཆ་སྤམ་མཐོ་བ་སྩལ། སྐབས་དེར་ཕྱོགས་གཞན་ན་འབྲུམ་ནད་ལྕི་བ་ཞིག་ཡོད་ཚུལ་གསན་ནས་གསོལ་དཔོན་བསྟན་པ་དར་རྒྱས་ལ་བཀའ་ཕེབས་ཏེ་བཟོ་བོ་རྣམས་ལ་ལྷ་ཐོར་འདེབས་སུ་བཅུག་པས། ལུས་ལ་ཚེར་མ་ཟུག་པའི་སྡུག་བསྔལ་ཙམ་ཡང་མ་མྱོང་བར་བདེ་བར་གྲོལ་ཏེ་ཐམས་ཅད་ཀྱིས་བླ་མའི་ཐུགས་རྗེར་ངེས་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོ་ཐོབ། བཅུ་པའི་ཚེས་ནས་བཟུང་བདུན་གསུམ་གྱི་རིང་བཅད་རྒྱ་གནང་སྟེ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བར་མཛད། དེའི་ཉི་ཤུ་ལྔའི་དགེ་ལྡན་དུས་མཆོད་ཆེན་མོའི་ཉིན་ཁྲི་ཟུར་བསོད་ནམས་དབང་རྒྱལ་སོགས་ཞབས་འབྲིང་པ་བཅུ་སྐོར་དང་བཅས་འཇིགས་བྱེད་བཅུ་གསུམ་མའི་བདག་འཇུག་བཞེས། ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་གི་ཉིན་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཐོག་བྱམས་ཆེན་མཐོང་བ་དོན་ལྡན་གསར་བཞེངས་ཀྱི་ལས་མགོ་དངོས་གཞི་ཚུགས་པར་
སྟོན་ཆེན་དང་ལག་དཀར་གྱི་གནང་སྦྱིན་གྱ་ནོམ་པ་མཛད། དེ་སྐབས་གྲུབ་པའི་དབང་ཕྱུག་ཁྲི་ཟུར་བསོད་ནམས་གྲགས་པ་ཚང་ནས་གསེར་དངུལ་གོས་དར་རྟ་ནོར་སོགས་ཀྱི་ཞལ་འདེབས་གཏོས་ཆེ་བ་ཕུལ། ཁོང་གིས་འགའ་ཞིག་ལ་གསུང་འཕྲོས་ཀྱི་ཚེ་ངེད་སྔོན་དཀར་པོ་གཤོང་དུ་ཡོད་སྐབས་རྨི་ལམ་དུ་ངེད་རང་དང་བཅས་མི་མང་པོ་ཞིག་སྐུ་ཞབས་རིན་པོ་ཆེས་ཁྲིད་དེ་དགའ་ལྡན་དུ་འགྲོ་རྒྱུ་ཡིན་ཟེར་ནམ་མཁའ་ལ་འཕུར་ནས་འགྲོ་བའི་རྨི་ལམ་ཞིག་བྱུང༌། ད་རེས་བྱམས་ཆེན་བཞེངས་རྒྱུའི་ཞལ་འདེབས་ཡང་དང་པོ་ང་རང་གིས་འབུལ་རྒྱུ་བྱུང་བས་ཤིན་ཏུ་ལེགས་པ་འདྲ་གསུངས་ཤིང༌། དེའི་ཕྱི་ལོ་ཁོང་སྐུ་འདས་སོང་བས་རྨི་ལམ་དེ་དོན་ལ་གནས་པ་གོར་མ་ཆག་གོ །དེས་མཚོན་སྐྱབས་མགོན་ཉིད་ནས་བྱམས་ཆེན་གསར་བཞེངས་ཀྱི་ཟངས་སོགས་སྒྲུབ་མི་དང་ཆ་རྐྱེན་གྱི་འབུལ་སྡུད་པ་ཕྱོགས་མཐའ་དག་ཏུ་གཏོང་བར་མཛད་པ་རྣམས་ལ་ཡང་ཆེ་ཆུང་ལ་ལྟོས་པ་མེད་པས་འབྲེལ་རེ་ཨེ་ཞོག་ལྟོས་གསུངས་པ་ལ་དཔག་ན་གདུལ་བྱ་དེ་རྣམས་ལེགས་པའི་ལམ་དུ་བཀྲི་བའི་གཞན་ཕན་གྱི་དགོངས་པ་ཁོ་ནར་ངེས་སོ། །བཅུ་གཅིག་པའི་ཚེས་ལ་ཨམ་བན་ནས་རི་བོ་དགེ་ལྡན་པའི་བསྟན་དོན་ལ་རྒྱའི་ཕྱིར་དུ་འཇམ་དབྱངས་གོང་མས་གསེར་ཡིག་ཅིག་བབས་ཡོད་པར་གསན་ཆེད་བྱ་ཁྱུང་དུ་ཕེབས་དགོས་ཚུལ་ཞུས་པ་བཞིན་ཆིབས་བསྐྱོད། དེ་སྐབས་བྱ་ཁྱུང་གི་མཁན་སར་བཞུགས་པ་བསྟན་པའི་གསལ་བྱེད་ཆེན་པོ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་གཙོ་མཛད་ཆིབས་བསུ་མང་དུ་འབྱོར་ཅིང་དགེ་འདུན་མང་ནས་སེར་སྦྲེང་ཞུས་ཏེ་བྱ་ཁྱུང་དགོན་པར་ཕེབས། རྗེ་ཉིད་དང་
ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ། བསྟན་པའི་གསལ་བྱེད་ལ་མོ་ཞབས་དྲུང་དཀར་པོ། གཞན་ཡང་ཨམ་བན་གྱིས་ཡི་གེ་བཏང་ནས་བོས་པའི་བླ་མ་ཆེ་ཆུང་མང་ཙམ་ཚོགས་པའི་དབུས་སུ་གསེར་ཡིག་བསྒྲགས་པའི་བརྗོད་དོན་ལ། བོད་ཀྱི་གྲུབ་མཐའ་སོ་སོའི་ཆོས་ལུགས་ཐམས་ཅད་ཤཱཀྱ་ཐུབ་པའི་རྗེས་འབྲང་ཡིན་འདུག་ནའང་འགའ་ཞིག་ལ་བསྲེ་བསླད་དང་ནོར་འཁྲུལ་གྱི་སྐྱོན་བྱུང་བ་འདུག །ཞྭ་སེར་གྱི་གྲུབ་མཐའ་འདི་མདོ་སྔགས་གང་ལའང་སྐྱོན་ཅུང་ཟད་ཀྱང་མེད་པའི་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གཙང་མ་ཡིན་པར་འདུག་པས། ཐམས་ཅད་ཀྱིས་ཞྭ་སེར་གྱི་གྲུབ་མཐའ་ཁོ་ན་གཙོ་བོར་བྱེད་དགོས་ཚུལ་དང་དགེ་ལུགས་པའི་བསྟན་འཛིན་གྱི་གཙོ་བོ་རྒྱལ་བ་ཡབ་སྲས་གཉིས་ཡིན་ཚུལ་གྱི་བསྔགས་བརྗོད་ཕེབས་འདུག་པ་ལ། ལན་དུ་འཇམ་དབྱངས་གོང་མ་བདག་པོ་ཆེན་པོ་ནས་སྤྱིར་ས་སྟེང་གི་བསྟན་འགྲོ་ཐམས་ཅད་ལ་བརྩེ་གཟིགས་ཀྱི་བཀའ་དྲིན་ཆེ། ལྷག་པར་རྒྱལ་བ་ཡབ་སྲས་གཉིས་ལ་བཀུར་གཟོས་ཆེ་བར་མཛད་པ་ནི་ཞྭ་སེར་གྱི་བསྟན་པ་བསྟན་འཛིན་དང་བཅས་པ་ཐམས་ཅད་ཀྱི་དབུ་འཕང་བསྟོད་པ་ཡིན་པས་འདི་ངེད་ཅག་ཐམས་ཅད་ལ་བཀའ་དྲིན་གཞལ་དུ་མ་མཆིས་པ་ལགས་ཤིང༌། ད་ལན་ཡང་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མེད་པ་འདི་ལ་བསྔགས་བརྗོད་དང་གཞན་གྱིས་བསྲེ་བསླད་བྱས་མི་ཆོག་པའི་བཀའ་ལུང་ཕེབས་པ་ཐུགས་རྗེ་ཆེ་ཞེས་བསྟན་སྲིད་སྤྱིའི་བབས་དང་འབྲེལ་ཞིང་སྐབས་དོན་ལ་རྩལ་ཐོན་པའི་བཀའ་ལན་ཉུང་བསྡུས་ཤིག་རྗེ་ཉིད་ནས་ཞུས། ལོ་སྔ་མ་ཞིག་ནས་བཟུང་ལྕང་སྐྱ་
རྡོ་རྗེ་འཆང་ཞིང་གཞན་དུ་དགོངས་པ་གཏད་པའི་དབང་གིས་གཞན་ཕྱོགས་པ་རྣམས་ཁ་རྒྱལ་ཞིང༌། རང་ཕྱོགས་པ་གཏད་སོ་མེད་པས་ཅོལ་ཆུང་འགའ་ཞིག་གིས་ཀྱང་མི་འོས་པའི་བྱ་བ་མང་དུ་བརྩམས་པར། ཐུགས་མ་རངས་པའི་ཚུལ་གྱིས་འདི་ཚོས་ཅི་འདྲ་བསམ་ཡོད་མི་ཤེས་འདུག་སྟེ་འདོད་འདོད་རང་བྱེད་རྒྱུ་ཨེ་ཡོང་མི་ཤེས་ལས་སླ་གསུངས་པ་སོགས། མཐུ་སྟོབས་ནུས་པའི་གདེང་ཚད་དང་ལྡན་པའི་བཀའ་ཡང་ཡང་ཕེབས་དོན་བཞིན་རྗེ་ཉིད་ཀྱི་ཐུགས་རྗེ་དང་ཆོས་སྲུང་རྒྱ་མཚོའི་ཚོགས་ཀྱིས་འཕྲིན་ལས་བཀའ་བཞིན་དུ་བསྒྲུབས་པའི་ནུས་པ་མངོན་དུ་གྱུར་པ་འདི་ལ་བརྟེན་ནས་ཕ་རོལ་པོ་རྣམས་ཀྱིས་བྱ་བྱེད་མང་པོའི་དམ་བཅའ་མཐའ་དག་བྱེ་མའི་འཆིང་བུ་བཞིན་དུ་ཞིག་པར་གྱུར་ཏོ། །ལ་མོ་ཞབས་དྲུང་རིན་པོ་ཆེ་དང་ཨམ་བན་རྣམ་གཉིས་སོ་སོ་ནས་ཚུར་ཡང་ཕེབས་ཏེ་གསུང་འཕྲོས་རྒྱུན་རིང་མཛད། དེ་ནས་ལྕང་སྐྱ་ཐམས་ཅད་མཁྱེན་པའི་སྤྲུལ་བའི་སྐུ་ཆུ་བཟང་དགོན་པར་བཞུགས་པ་ལ་མཇལ་འཕྲད་ཀྱི་ཆེད་དེ་ཕྱོགས་སུ་ཕྱག་བཏེགས། ཀྱོ་ཀྱའི་གཟིམས་ཁང་དུ་ཐུའུ་བཀྭན་རིན་པོ་ཆེ་ཕེབས་པ་དང་ལྷན་དུ་བཞུགས་ནས་ལུགས་གཉིས་ཀྱི་གསུང་གླེང་ཞིབ་ཏུ་གནང༌། ལམ་སྐབས་ཧ་ཅང་མི་བདེ་བའི་དབང་གིས་ཕེབས་བྱམས་མ་ཁྱེར་བར་ཐུའུ་བཀྭན་རིན་པོ་ཆེ་ནས་ད་ལྟ་གྲང་ངད་ཆེ་བས་སྐུ་འོ་བརྒྱལ་བར་འདུག་གསུངས་ཏེ་དགོན་ལུང་ནས་ཕེབས་བྱམས་ལེན་དུ་བཅུག་སྟེ་ཕུལ། བཅོ་ལྔའི་ཉིན་བསུ་བ་སེར་སྦྲེང་དང་བཅས་ཆུ་བཟང་བླ་བྲང་ཆེན་མོར་ཕྱག་ཕེབས། མདོ་སྨད་བསྟན་པའི་གསལ་བྱེད་དམ་པ་ཆུ་བཟང་སྤྲུལ་བའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་ཕེབས་ཏེ་གསུང་གླེང་ཞིབ་རྒྱས་མཛད། ད་ལཱེ་ཧུ་ཐོག་ཐུ་སོགས་བླ་མ་སྐུ་སྐྱེ་དང་དགེ་
བའི་བཤེས་གཉེན་དུ་མ་མཇལ་བར་ཕེབས་པ་སོ་སོའི་ཁམས་དང་འཚམ་པའི་ལུགས་གཉིས་ཀྱི་བཀའ་མཆིད་གནང༌། ཕྱི་ཉིན་ཆུ་བཟང་རིན་པོ་ཆེའི་མདུན་དུ་ཕར་ཕེབས་ཏེ་འབེལ་གཏམ་ཞིབ་རྒྱས་དང༌། རང་གི་རིགས་ཀྱི་ཅོད་པན་དམ་པ་འཇམ་མགོན་བསྟན་པའི་སྲོག་ཤིང་དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་ལྕང་སྐྱ་རོལ་བའི་རྡོ་རྗེའི་སྤྲུལ་བའི་སྐུ་རིན་པོ་ཆེའི་དྲུང་དུ་མཇལ་བར་ཕེབས་ཏེ་རིན་ཆེན་མཎྜལ་བཟང་པོས་ཐོག་དྲངས་དངོས་འབུལ་གྱ་ནོམ་པ་བསྟར། སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཀྱང་སྐུ་འཕྲེང་དུ་མར་འབྲེལ་བའི་བག་ཆགས་ཀྱིས་དགྱེས་ཉམས་ཤིན་ཏུ་ཆེ་བ་མཛད། གསེར་ཁོག་ནས་ཞྭ་ལུ་བ་ཚང་གིས་དབུ་མཛད་བླ་གྲྭ་མང་དུ་མཇལ་བར་ཕེབས་པ་རྣམས་ལ་དགྱེས་གཟིགས་དང་འདོད་ཆོས་ཅི་རིགས་པ་གནང༌། ཆུ་བཟང་དགོན་པའི་བླ་མ་ལས་སྣེ་སོགས་ཀྱིས་ཕེབས་སྐྱེལ་དང་བཅས་ཆིབས་བསྒྱུར་བར་ཆུ་བཟང་བླ་བྲང་ནས་ཇ་ཐབ་ཞུས། དེ་ནས་དགོན་ལུང་གི་ཁྲི་པ་ཝང་ཞབས་དྲུང་རིན་པོ་ཆེ། རྒྱུད་པ་བླ་མ་ལྷ་རམས་པ། བདེ་དགུ་ཞབས་དྲུང༌། ཐུའུ་བཀྭན་སྐུ་ཚབ་ལོ་ཀར་ཆོས་རྗེ་དཀའ་བཅུ་སོགས་ཆིབས་བསུ་རིམ་པར་འབྱོར། དཔའ་རིན་ཐང་ནས་དགོན་ལུང་སྤྱི་སོས་ཇ་ཐབ་ཞུས། དེ་ནས་ཐུའུ་བཀྭན་རིན་པོ་ཆེ་ཡང་ཆིབས་བསུར་ཕེབས་ཏེ་ཡབ་སྲས་ཞལ་འཛོམ་ཞིང་དགེ་འདུན་ཉིས་སྟོང་ལྷག་པའི་སེར་སྦྲེང་དང་བཅས་དགོན་ལུང་དུ་ཕེབས་ནས་ཐུའུ་བཀྭན་བླ་བྲང་བཀྲ་ཤིས་འོད་འབར་དུ་བཞུགས་གནས་མཛད། གྲྭ་མང་ལ་མཇལ་ཁ་གནང་ཞིང་ཐུའུ་བཀྭན་རིན་པོ་ཆེ་དང་ཝང་ཞབས་དྲུང་སོགས་ཉུང་བསྡུས་ལ་མིད་ལའི་རྣམ་ཐར་
དང་མགུར་འབུམ། ལམ་རིམ་མྱུར་ལམ་སོགས་ཀྱི་ཀླག་ལུང་སྩལ། རྒྱུད་པ་གྲྭ་ཚང་ནས་ཞུས་ངོར་གསན་མཁན་སྔ་མ་རྣམས་དང་རྒྱུད་གྲྭ་ཡོངས་རྫོགས་གཞན་དོན་གཉེར་ཅན་དུ་མ་བཅས་ལྔ་བརྒྱ་སྐོར་ལ་འཇིགས་བྱེད་བཅུ་གསུམ་མའི་དབང་བཞི་ཡོངས་རྫོགས། དོན་གཉེར་ཅན་དགུ་བརྒྱ་སྐོར་ལ་ཀུན་རིག་གི་དབང་ཆེན་སོགས་ཆོས་བཀའ་དུ་མ་བཀའ་དྲིན་བསྐྱངས། རྗེ་ཉིད་ཀྱིས་ཐེབས་སྩལ་བའི་སྟེང་ནས་རྒྱུད་པའི་གྲྭ་ཁང་གསར་རྒྱག་གི་ལས་མཇུག་རྫོགས་པར་གྲུབ་པའི་དགའ་སྟོན་ཕུལ་བའི་ཐོག་གྲྭ་ཚང་ཡོངས་རྫོགས་ལ་བདེ་མཆོག་རྩ་རྒྱུད་ལེའུ་དང་པོའི་ལྗགས་ལུང་སྩལ། ཉིན་གསུམ་གྱི་རིང་སུམ་བྷ་མཁན་རིན་པོ་ཆེའི་སྐུ་གདུང་གི་མཆོད་རྟེན་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་སྤྱན་དབྱེ་བའི་ཆོ་ག་རྒྱས་པར་མཛད། རབ་སྟོན་དངོས་འབུལ་གཟབ་རྒྱས་ཞུས་ཤིང་སུམ་བྷ་དཀའ་བཅུ་ལ་ཆོས་རྗེའི་ཆོ་ལོ་གནང༌། ཕན་ཚུན་གྱི་ནང་ཆེན་སོ་སོས་གདན་དྲངས་ཏེ་བསྙེན་བཀུར་ཞུས་པར་འདོད་ཆོས་ཅི་རིགས་སྩལ། བཅུ་གཉིས་པའི་ཚེས་གཅིག་ལ་རྗེ་ཉིད་ཚོགས་དབུས་སུ་གདན་དྲངས་ཏེ་ལྕང་སྐྱ་བླ་བྲང༌། ཐུའུ་བཀྭན་བླ་བྲང༌། ཆུ་བཟང་བླ་བྲང༌། སུམ་བྷ་བླ་བྲང༌། ཝང་བླ་བྲང་སོགས་ནང་ཆེན་ཁག་དང་དགོན་ལུང་སྤྱི་སོ་ནས་དངོས་འབུལ་གྱ་ནོམ་པ་བཏེག་སྟེ་ཞབས་བརྟན་ཕུལ། ཐུའུ་བཀྭན་རིན་པོ་ཆེ་ནས་གསོལ་སྟོན་དང་བྱམས་ཆེན་གསར་བཞེངས་ཀྱི་ཐེབས་སུ་གསེར་དངུལ་སོགས་ཀྱི་བདོག་པ་ཤིན་ཏུ་རྒྱ་ཆེ་བ་བསྟར། ཐུའུ་བཀྭན་ཕྱག་མཛོད་དང༌། བདེ་དགུ་དཔོན་པོ། ཝང་ཞབས་དྲུང་གི་ཕྱག་མཛོད་གསུམ་ལ་ཡང་ཆོས་རྗེའི་ཆོ་ལོ་གནང༌། ཐུའུ་བཀྭན་རིན་པོ་ཆེས་གསར་འདེབས་ཀྱི་དགོན་པ་ཐར་པ་
གླིང་དུ་གདན་དྲངས་པར་ཕེབས་ཏེ་འདུ་ཁང་གསར་བསྐྲུན་དང་བཀའ་འགྱུར་ལྷ་ཁང་གཉིས་ལ་རབ་གནས་མཛད། ཁོང་གིས་གཙོ་མཛད་ཉན་མཁན་སྟོང་ཕྲག་ལྷག་ལ་ཐུགས་རྗེ་ཆེན་པོའི་དབང༌། བསྒྲུབ་བྱ་བདུན་ཅུ་སྐོར་ལ་ཚིགས་སྔ་ཕྱིའི་སྡོམ་པ་སོགས་ཆོས་ཀྱི་བཀའ་དྲིན་ཡང་དག་པར་སྩལ། དེ་ནས་བཀྲ་ཤིས་ཆོས་གླིང་དུ་ཕེབས་ཏེ་ལྗགས་ལུང་འགའ་ཞིག་གནང༌། རིམ་གྱིས་ཕྱག་བཏེགས་པར་གྲོ་ཚང་སྤྲུལ་སྐུ་དང༌། ཀ་རིང་སྤྲུལ་སྐུ་གཉིས་བསུ་བར་འབྱོར་ཏེ་ཕེབས་པའི་ལམ་ནས་གྲོ་ཚང་རྡོ་རྗེ་འཆང་གི་ལྷ་ཁང་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད། གྲོ་ཚང་སྤྲུལ་སྐུ་ནས་གོའུ་ཏམ་སྡེའི་ལྷ་ཁང་ལ་ཞིག་གསོས་གནང་ཡོད་པར་ཕྱག་ནས་འཐོར། སེར་སྦྲེང་དང་བཅས་གྲོ་ཚང་དགོན་དུ་ཕེབས་པར་གྲོ་ཚང་དང་ཀ་རིང་སྤྲུལ་སྐུ་གཉིས་ནས་ཤངས་ལེན་གཟབ་རྒྱས་ཞུས། ཁོང་རྣམ་གཉིས་ཀྱིས་གཙོས་ལྔ་བརྒྱ་སྐོར་ལ་ཀུན་རིག་གི་དབང་ཆེན་སྩལ། གོང་བ་ཚང་ནས་ཀྱང་བསྙེན་བཀུར་ཡང་དག་ཞུས། དེ་ནས་ཕེབས་པའི་ལམ་དུ་ཙོང་ཐར་རི་ཁྲོད། བྲག་ལུང་དགོན། ཉི་མ་ལུང་སོགས་ཀྱིས་གདན་འདྲེན་ཞུས་ཤིང་གཞན་ཡང་འབྱོར་ལྡན་དུ་མས་བསྙེན་བཀུར་ཡང་དག་བསྒྲུབས། དགུང་ལོ་རེ་གཉིས་པ་ས་མོ་བྱའི་ལོ་གསར་གྱི་དགའ་སྟོན་ལམ་སྐབས་སུ་མཛད་དེ། ཚེས་བཞི་ལ་ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་བའི་སྐུ། གྲྭ་ཚང་ཕན་ཚུན་གྱི་བླ་མ་གདན་ཟུར་ཁོ་བོ་ཅག་སོགས་རྟ་པ་སུམ་བརྒྱ་སྐོར་གྱིས་ཕེབས་བསུ་ཞུས་ཏེ་གདན་ས་ཆེན་པོར་ཕྱག་ཕེབས། གསུང་ཆོས་སོགས་ལ་རྒྱུན་པར་ཕེབས་ཤིང་གོང་མ་ཆེན་པོ་ནས་
གནང་བའི་གསེར་ཡིག་བསྒྲགས་ཏེ། འཇམ་མགོན་བླ་མའི་བསྟན་པ་འདི་ལ་སུས་ཀྱང་ལོག་སྒྲུབ་བྱས་མི་ཆོག་ཚུལ་གྱི་ཚོགས་གཏམ་དང་གསུང་རུས་པ་ཅན་མང་དུ་གནང༌། སྨོན་ལམ་འདོན་ཆའི་སྐོར་སོགས་རྗེ་རིན་པོ་ཆེའི་ཕྱག་བཞེས་ཇི་ལྟ་བ་བཞིན་བྱེད་དགོས་ལ། རང་རེའི་དགོན་འདིར་ད་སྐབས་ཕྱོགས་གཞན་ལ་ལྟོས་ན་ཕྱག་ལེན་ངོས་གཙང་ཡང་ད་དུང་ཆ་ཚང་ངེས་ཤིག་མི་འདུག་གསུངས་ནས་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་དང་མཆོད་པ་ཉེར་གཅིག །ཕྱོགས་སོ་སོའི་ཕྱོགས་སྐྱོང་གི་འཕྱར་དར་འཛུགས་རྒྱུ་དང༌། དེར་སྔགས་གྲྭ་རེས་མོས་ཀྱིས་ཕྱོགས་གཏོར་གཏང་དགོས་པ་སོགས་གང་ཅིར་དག་ཐེར་ཞིབ་ཏུ་མཛད། བར་སྐབས་རྣམས་སུ་དར་ཧན་ཕེའི་ལིའི་ཤོག་ནང་སོ་འཇིགས་མེད་རིན་ཆེན་སོགས་བསྒྲུབ་བྱ་བརྒྱ་སྐོར་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཞིང༌། དགེ་ཚུལ་ཡང་ཁ་ཡར་བསྒྲུབས། དུར་བེད་ཝང་གི་ཤོག་སྦྱིན་བདག་ཚེ་རིང་དཔལ་གྱིས་ཞུས་ངོར་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང་ཁྱུང་ནག་གི་རྗེས་གནང༌། དྭགས་པོ་ནོ་མིན་ཧན་གྱི་འཚམས་ཞུས་པ་རྣམས་ལ་མགོན་པོ་ཕྱག་དྲུག་པ་དང༌། ཐུགས་རྗེ་ཆེན་པོའི་རྗེས་གནང༌། རྒྱ་མཁར་དགོན་པའི་ཁྲི་པ་རྡོ་རམས་པ་ནམ་མཁའ་ལྷུན་གྲུབ་ལ་གུར་གྱི་རྗེས་གནང་སོགས་སོ་སོའི་མོས་པ་བཞིན་དུ་ཆོས་བཀའ་ཅི་རིགས་གནང༌། བཅོ་ལྔའི་ཉིན་ལོ་དེའི་སྨོན་ལམ་གྱི་སྦྱིན་བདག་ཧར་ཆེན་ནང་སོ་ཡི་དམ་སྐྱབས་ཀྱིས་ཚོགས་དབུས་སུ་གདན་དྲངས་ཏེ་དངོས་འབུལ་སྤམ་མཐོ་བ་བཏེག་ནས་ཞབས་བརྟན་ཕུལ། མར་ངོའི་ཆ་ལ་བཅད་རྒྱ་གནང་སྟེ་ཐུགས་དམ་གཙོར་འདོན་དང་ཐུན་བར་རྣམས་སུ་ཨུ་ཅུ་མུ་ཆིན་པེའི་ལིའི་ཤོག་རབ་འབྱམས་པ་ཀུན་དགའ་
ལ་འཇིགས་བྱེད་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་ལུང་སྩལ། གཡེར་གཤོང་སྤྲུལ་བའི་སྐུར་ཚོགས་ཆེན་གྱི་ཁྲིའི་བཀའ་བསྒྱུར་ཀྱང་དགོངས་པ་ནན་གྱིས་ཞུས་པས་ཁྲོལ་ཆ་གནང་སྟེ། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་རིན་པོ་ཆེ་ཁྲིར་བསྐོ་བཞག་མཛད། གཉིས་པའི་ཚེས་ལ་ཆས་པ་ཆོས་རྗེ་བློ་བཟང་ཆོས་ལྡན་ཁམས་མ་བདེ་བའི་སར་གདན་འདྲེན་དུ་འོངས་ཏེ་ནན་གྱིས་ཞུས་པར་ཞལ་བཞེས་གནང༌། ཚེས་བཅུ་གཉིས་ལ་བཅད་རྒྱ་གྲོལ་ཏེ་བཅོ་ལྔའི་ཉིན་དེ་ཕྱོགས་སུ་ཕྱག་བཏེགས། ལམ་གྱི་དགོན་ཁག་སོ་སོའི་བླ་མ་ལས་སྣེ་རྣམས་ཀྱིས་བསུ་སྐྱེལ་ཞུས། ས་དམར་བཞུགས་ཁྲི་ཐང་དུ་རྒྱ་མཁར་དཔོན་པོ་སོགས་ཀྱིས་བསུ་བ་དང་ཇ་ཐབ། དེ་ནས་ཕེབས་པར་ཅོ་ནེ་དཔོན་ཚང་གི་ཤོ་ཐུ་མགོན་པོ་དང་བླ་མ་སྐྱབས་གུར་ཡག་དཔོན་པོ་སོགས་བསུ་བ་རིམ་པར་འབྱོར་ཅིང་མདའ་རྒྱང་ཤིང་སྒོ་བརྒྱུད་དེ་ཀོ་ཡུ་ནང་དུ་ཕེབས། ཆས་པ་ཆོས་རྗེ་ལ་འཇིགས་བྱེད་ཀྱི་སྒོ་ནས་ཁྲུས་དབང་གནང་བར་དངོས་འབུལ་གཟབ་རྒྱས་བསྟར། ལྷ་བཟོ་དཔལ་འབྱོར་རྒྱ་མཚོས་ཞུས་ངོར་ཅོ་ནེ་མདོ་ནས་འོང་བའི་མ་ཎི་པ་ཉི་ཤུ་སྐོར་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་སྩལ། ཆས་པ་དགོན་སྤོ་ཡུལ་གྱི་ས་གནས་ལ་གཟིགས་ཏེ་ལྟོ་འཕྱེའི་ཐིག་གནང་ཞིང༌། རྒྱུད་པའི་གྲྭ་པ་རྣམས་ལ་འཇམ་དཔལ་མཚན་བརྗོད། བདེ་མཆོག་རྩ་རྒྱུད་ལེའུ་དང་པོ། ཆོས་སྤྱོད་འགའ་ཞིག་སོགས་ཀྱི་ལུང་དང༌། འགྲེལ་བ་བཞི་སྦྲགས་ཀྱི་དབུ་བཙུགས་ཏེ་གསང་བ་སྔགས་ཀྱི་བཤད་སྒྲུབ་འཕེལ་རྒྱས་སུ་འགྲོ་བའི་རྟེན་འབྲེལ་བསྒྲིགས། དགའ་ཚ་རི་ཁྲོད། ཡི་ཛ་རི་ཁྲོད། རྒྱ་རིས་དགོན། ཡུ་གུར་རི་ཁྲོད་སོ་
སོ་ནས་གདན་དྲངས་པར་ལུགས་གཉིས་ཀྱིས་བཀའ་དྲིན་བསྐྱངས། གཞན་ཡང་དད་ལྡན་དུ་མས་རང་འབྱོར་གྱི་བསྙེན་བཀུར་གཟབ་རྒྱས་ཞུས་པ་རྣམས་ཀྱི་རེ་བ་བསྐངས་ཏེ་ཐར་པའི་ས་བོན་བསྐྲུན། རིམ་གྱིས་གདན་སར་ཕེབས་ཏེ་དོན་གཉེར་ཅན་དུ་མ་ལ་ལུང་ཁྲིད་རྗེས་གནང་སོགས་ཆོས་བཀའ་མང་དུ་སྩལ། རྒྱའི་ལུགས་སྲོལ་ལ་ཟངས་ལྕགས་སོགས་གཏོས་ཆེ་བ་ཤིང་སྒོ་ནས་འདོན་པར་བཀག་ཆ་ཤིན་ཏུ་ཆེ་ཡང་ཕྱོགས་གཞན་ནས་དེ་ཙམ་གྱི་ཚན་ཅན་མི་རྙེད་པའི་དབང་གིས་ཟི་ཁྲོན་ཕྱོགས་ནས་བྱམས་ཆེན་གསར་བཞེངས་ཀྱི་ཟངས་སྒྲུབ་རྒྱུའི་དོན་ཆེད་གསུམ་པའི་ཚེས་ལ་ཟི་ལིང་དུ་ཕེབས་ནས་ཨམ་བན་བརྒྱུད་དེ་འཇམ་དབྱངས་གོང་མ་ཆེན་པོར་གྲེའུ་ཙེ་ཕུལ། དེར་བཞུགས་རིང་ལ་སྐུ་འབུམ་རྒྱུད་པ་དཔོན་སློབ། སྨན་པ་དཔོན་སློབ། བུམ་པར་ཞབས་དྲུང་སོགས་བླ་གྲྭ་དུ་མ་མཇལ་བར་ཕེབས་ཤིང་འགའ་ཞིག་གིས་ཞུས་ངོར་འཇིགས་བྱེད་བསྙེན་ཡིག །ལམ་གྱི་གཙོ་བོ་རྣམ་གསུམ། ལམ་སྒྲོན་སོགས་ཀྱི་ལུང་ཁ་ཤས་སྩལ། མི་འགྱུར་པེའི་སི་ཕོ་བྲང་ནས་ཡར་འཁོར་ཏེ་མཇལ་དུ་འོང་བར་དགྱེས་པའི་བཀའ་མཆིད་གནང༌། ཕྱིར་ཕེབས་ཏེ་ཀྱོ་ཀྱའི་གཞིས་ཀར་བཞུགས་ཐོག་ཐུའུ་བཀྭན་རིན་པོ་ཆེ་བྱ་ཁྱུང་ནས་དེར་ཕེབས་ཏེ། ཡབ་སྲས་གཉིས་ཀ་ཞག་གཉིས་ལྷན་དུ་བཞུགས་ནས་གསུང་འཕྲོས་ནང་སྦྱར་མང་དུ་མཛད། ཁོང་གིས་ཞུས་ངོར་གཟའ་བཅོས་ཉི་མ་མདུང་གང་མའི་ལྗགས་ལུང་སྩལ། ཕྱིར་བྱོན་པའི་ལམ་ཁར་ཀ་རིང་རི་ཁྲོད་ཐར་པ་གླིང་དུ་གདན་དྲངས་ཏེ་དཀར་སྤྲོའི་བསྙེན་བཀུར་གཟབ་རྒྱས་ཞུས་ཤིང༌། སྟག་གེ་སྤྲུལ་སྐུ་ལ་རབ་བྱུང་གི་སྡོམ་པ་གནང༌། ཁོང་གིས་གཙོས་ཐར་པ་གླིང་དང་
ཀ་རིང་དགོན་གྱི་གྲྭ་མང་ཕྱོགས་འདུས་ཀྱི་མཇལ་བ་དུ་མར་རྗེ་ཉིད་ཀྱིས་མཛད་པའི་སྨྱུང་གནས་ཀྱི་ཆོ་ག་དང༌། སྦྱོར་བའི་ཆོས་དྲུག །པཎ་ཆེན་བློ་བཟང་ཆོས་རྒྱན་གསུང་གི་བརྒྱ་རྩ་བསྡུས་པ་སོགས་ཀླག་ལུང་འགའ་ཞིག་དང༌། དབེན་པའི་གནས་འདིར་སྒྲུབ་པ་ཉམས་ལེན་ཁོ་ན་ལྷུར་བཞེས་དགོས་ཚུལ་གྱི་བསླབ་བྱ་བློ་འཁུལ་ངེས་པ་གནང༌། གདན་སར་ཕེབས་ནས་དྭགས་པོ་ཀུན་གྲོལ་ནོ་མིན་ཧན་གྱིས་བསྐུལ་ངོར་ས་ལམ་གྱི་རྣམ་གཞག་ཐེག་གསུམ་མཛེས་རྒྱན་ལྗགས་རྩོམ་མཛད། ཆོས་སྡེ་ཆེན་པོ་བྱ་ཁྱུང་གི་ཁྲི་པ་ཐུའུ་བཀྭན་རིན་པོ་ཆེ་ནས་ཁྲི་ཁུར་སྤོས་པར། བླ་མ་གདན་ཟུར་དགེ་འདུན་མང་དང་བཅས་འདུན་པ་ཆིག་དྲིལ་གྱིས་རྗེ་བླ་མ་ཉིད་ཆོས་ཀྱི་གདན་ཁྲིར་མངའ་གསོལ་བར། ཁྲི་ཟུར་གདོང་འཇུག་དཔོན་སློབ། ཐུའུ་བཀྭན་རིན་པོ་ཆེའི་སྐུ་ཚབ་གྲྭ་རྒན་ཁ་ཤས་བཅས་བཞི་པའི་བཅོ་ལྔའི་ཉིན་འབྱོར་ཏེ་སྙན་འབུལ་ཞུས་པ་ལ་དགྱེས་པའི་ཞལ་བཞེས་གནང༌། རབ་བྱུང་ལྔ་དང་བསྙེན་རྫོགས་སུམ་ཅུ་སྐོར་གསར་དུ་བསྒྲུབས། ཨེ་ཝཾ་ཆོས་འཁོར་གླིང་ནས་ཞུས་ངོར་འདི་ཀའི་བླ་མ་སྤྲུལ་སྐུ་དགེ་བཤེས་སོགས་ཧྲག་བསྡུས་སྟོང་ཕྲག་ཙམ་དང༌། རོང་པོ་དགོན་གྱི་ཁྲི་པ་ཟུར་པ་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་དུ་མ་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱལ་པོའི་དབང་སྟ་གོན་དང་བཅས་པ་རྣལ་འབྱོར་བཞིས་བསྡུས་པའི་ལམ་གྱི་གནད་འདྲིལ་བའི་གསུང་བཤད་ཕྱག་ལེན་སོགས་ཞིབ་ལ་རྒྱས་པ་དང༌། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི་དུས་འཁོར་གྱི་ཆོ་ག་རྒྱས་པ། པཎ་ཆེན་གྱིས་
མཛད་པའི་དེའི་ཆོ་ག་བསྡུས་པ། རྣམ་སྣང་མངོན་བྱང་གི་བདག་བསྐྱེད། རྗེ་ཉིད་ཀྱིས་མཛད་པའི་གཅོད་ཀྱི་ཉམས་ལེན་མདོར་བསྡུས་སོགས་ཀྱི་ལྗགས་ལུང་སྩལ། ལྔ་པའི་ཚེས་ལ་སྔར་གོང་མ་ཆེན་པོར་གྲེའུ་ཙེ་ཕུལ་བའི་ལན་དུ་བྱམས་པ་བཞེངས་རྒྱུའི་དོན་འདི་ལ་བླང་ཆོག་ཅིང་གཞན་ལ་དེ་ལྟར་མི་ཡོང་ཞེས་ཨམ་བན་ལ་བཀའ་བབས་པའི་གནས་ཚུལ་སྐྱེལ་བར་ཐོང་ཤི་ཆེད་མངགས་འབྱོར་ཏེ་རྒྱུ་མཚན་ཞུས་པས་དགྱེས་ཚོར་ཤིན་ཏུ་ཆེ་བར་མཛད། ཁོ་བོས་ཞུས་ཏེ་དོན་གཉེར་ཅན་དུ་མ་ལ་སློབ་དཔོན་ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པ་དང༌། འོད་ལྡན་ཇོ་བོའི་ཆོས་ཆུང་བརྒྱ་རྩ་སོགས་རྒྱ་གཞུང་ཁ་ཤས་ཀྱི་ལྗགས་ལུང་སྩལ། ལྔ་པ་ཉིས་བརྩེགས་ཀྱི་རྗེས་མའི་ཚེས་ལ་རྐང་ཚ་དཀའ་བཅུ་བློ་བཟང་བསྟན་འཛིན་གྱིས་གཙོས་སེར་སྐྱ་ཐམས་ཅད་གྲོས་མཐུན་གྱི་སྒོ་ནས་རྐང་ཚའི་སྡེ་པ་ཐམས་ཅད་སྐུ་ཞབས་རིན་པོ་ཆེའི་ལྷ་སྡེ་བྱེད་རྒྱུ་དང༌། ད་ནའི་ས་ཆ་ཕུལ་ཏེ་དགོན་པ་ཞིག་འདེབས་དགོས་ཀྱི་ཞུ་བ་ཕུལ་བར་ཞལ་གྱིས་བཞེས་ཏེ། ད་ནའི་མགོ་སྐྱིད་ཐང་དུ་ས་བརྟགས་བསླང་དང་ལྟོ་འཕྱེའི་ཐིག་སོགས་གནང༌། དབུས་ཕྱོགས་སུ་རྒྱལ་བ་ཡབ་སྲས་ལ་འཚམས་ཞུ་དང༌། དཔོན་སློབ་སངས་རྒྱས་རྡོ་རྗེའི་མཆོག་སྤྲུལ་ཆོས་འཁོར་རྒྱལ་གྱི་མཁན་རིན་པོ་ཆེ་ཕེབས་བསུ་བསྡོམས་པར་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་ངོ་གཡོག་རྫོངས་སྟ་མཛད། ཞག་བདུན་གྱི་རིང་ཆབ་ཚན་གྱི་འཕྲོད་བསྟེན་གནང་ཞིང་དོན་གཉེར་ཅན་དུ་མ་ལ་འདོད་ཆོས་དང་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་སྩལ། དྲུག་པའི་ཚེས་ལ་བྱ་ཁྱུང་དུ་ཆིབས་བསྐྱོད་པར་ལམ་གྱི་སྡེ་དགོན་སོ་སོ་ནས་བསྙེན་བཀུར་ཕུལ་དུ་ཕྱིན་པ་ཞུས་ཤིང༌། བྱ་ཁྱུང་གི་བླ་མ་
ལས་སྣེ་ཆེ་བགྲེས་སོགས་ཀྱིས་ཐབ་བསུ་དང༌། ཆིབས་བསུ་སྔ་ཕྱི་རིམ་པར་འབྱོར། ངུར་སྨྲིག་འཆང་བའི་འཕགས་པའི་དགེ་འདུན་རྣམས་ཀྱིས་མཆོད་པའི་ཡོ་བྱད་དུ་མ་ཐོགས་ཏེ་གསོལ་བ་འདེབས་པའི་གདངས་དབྱངས་སྙན་པོར་སྒྲོགས་པའི་སེར་སྦྲེང་གིས་མདུན་བསུས་ཏེ། ཡུལ་མདོ་སྨད་ཀྱི་དགོན་ཆེན་ཕལ་མོ་ཆེའི་མ་དགོན་ལྟ་བུར་གྱུར་པ་བཤད་སྒྲུབ་བསྟན་པའི་དགའ་ཚལ་གདན་ས་ཆེན་པོ་བྱ་ཁྱུང་བྱམས་པ་གླིང་དུ་ཕེབས། གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ཐོག་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་སེན་ཉེ་བར་བཀོད་པའི་དགའ་སྟོན་དུ། ཐུའུ་བཀྭན་བླ་བྲང་ནས་སྐུ་ཚ་ནོ་མིན་ཧན་སྤྲུལ་སྐུ་བློ་བཟང་བསྟན་འཛིན་དར་རྒྱས་ཆེད་མངགས་ཀྱིས་ཁྲི་འབུལ་སྤམ་མཐོ་བ་བཏེག །དེ་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས། དཔལ་ལྡན་མཁས་གྲུབ་བྱེ་བའི་ཟུར་ཕུད་ལ། །བཀྲ་ཤིས་འཁོར་ལོས་མཚན་པའི་ཞབས་སེན་གྱིས། །ངོ་མཚར་ཅོད་པན་འགོད་པའི་བསྟན་འགྲོའི་མགོན། །མཚུངས་བྲལ་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ། །གང་གི་ཞལ་གྱི་པདྨོ་ལས་འོངས་པའི། །ཟབ་རྒྱས་ལེགས་བཤད་སྦྲང་རྩིས་མྱོས་པ་ཡི། །རིགས་པ་སྨྲ་བ་རྐང་དྲུག་གཞོན་ནུ་དེས། །དགེ་བའི་ཞུ་མཆིད་དར་དིར་དབྱངས་འདི་སྒྲོགས། །ཚད་མའི་སྟོན་པ་ཀུན་མཁྱེན་ཙོང་ཁ་པའི། །ཡོངས་སུ་འཛིན་པའི་ནོར་བུའི་ཅོད་པན་མཆོག །དོན་ཀུན་གྲུབ་པའི་རིན་ཆེན་ཞེས་གྲགས་པ། །གང་དེའི་ཆོས་ཀྱི་རྒྱལ་སྲིད་ཡངས་པའི་ཁྲིར། །སྟོབས་བཅུ་མངའ་བ་སྙིགས་མའི་མགོན་པོ་ཁྱོད། །རྣམ་འདྲེན་ཀུན་གྱིས་མགྲིན་གཅིག་བླངས་པའི་དབྱངས། །ཕུན་ཚོགས་ཤིས་པའི་ཚིག་གིས་མངའ་གསོལ་ཞིང༌། །བསྔགས་
པའི་མེ་ཏོག་གསར་པ་སིལ་མ་བཀྲམ། །ལེགས་བཤད་འོད་ཟེར་སྟོང་གི་དྲ་བ་ཅན། །བཤེས་གཉེན་སྨྲ་བའི་ཉི་མ་ཁྱོད་ཤར་བས། །བླང་དོར་རི་མོ་སྒྲིབ་པ་རྨོངས་ཆེན་གྱི། །མུན་པའི་གཡུལ་ལས་ས་འདི་རྣམ་པར་རྒྱལ། །ཕྱོགས་རེའི་ཡོན་ཏན་འོད་འཕྲོ་རྒྱུ་སྐར་གཟུགས། །མང་ཡང་མདོ་སྔགས་རིག་གནས་ཆ་ཤས་ཀུན། །རྫོགས་པའི་ཟླ་བ་ད་གཟོད་འོངས་སོ་ཞེས། །བློ་ལྡན་ཀུན་དའི་ཚོགས་རྣམས་འཛུམ་དཀར་བཞད། །གདུལ་བྱའི་རླུང་གིས་ཅི་ཙམ་བསྐུལ་བ་བཞིན། །རྣམ་པར་དགེ་བའི་དྲི་བཟང་ཆེར་ལྡང་བ། །ཁྱོད་ཀྱི་ཡོན་ཏན་ཕུང་བོ་ཙན་དན་ཤིང༌། །མཁས་རློམ་ལྗོན་པ་ཕལ་གྱིས་བསྒྲུན་དུ་མེད། །གནའ་དུས་ལུང་རྟོགས་ཡོན་ཏན་ཨ་མྲྀ་ཏས། །ཡོངས་གང་མཁན་བརྒྱུད་གསེར་གྱི་ཀ་ལ་ཤ །འཕྲེང་བར་བསྒྲིགས་པས་རིམ་བཞིན་སྐལ་བཟང་ལ། །ལེགས་བཤད་བདུད་རྩིའི་དགའ་སྟོན་ཅི་ཡང་སྤེལ། །བར་སྐབས་ཤིག་ནས་དུག་གསུམ་བ་ཚྭའི་ཆུས། །ཉེར་གཏམས་བླུན་པོ་རྫ་ཡི་བུམ་པ་འགའ། །ཚུལ་འཆོས་རྨ་བྱའི་སྒྲོ་ཡིས་ཁ་བརྒྱན་ནས། །རིགས་མཐུན་བླུན་པོའི་མགོ་ལ་དབང་རབ་བསྐུར། །སྐབས་འགར་སྟོབས་འབྱོར་འདུ་འཛིས་རབ་བཏེག་པའི། །མཐོན་པོའི་ཁྲི་ལ་འགྱིང་བའི་བླ་ཆེན་འགའ། །ལེགས་བཤད་གསུང་གི་སྣང་བ་མི་སྩོལ་བར། །ལྷ་སྐུའི་གསོབ་བཞིན་མཆོད་ཡུལ་ཙམ་དུ་བཞུགས། །དེ་ཕྱིར་ལེགས་བཤད་གཞུང་ལུགས་ཕལ་མོ་ཆེ། །རྒྱུད་ཆད་པི་ཝང་ཇི་བཞིན་སྒྲ་མེད་དུ། །གྱུར་འདི་ཁྱོད་གསུང་ཚངས་པའི་དབྱངས་སྙན་པོ། །སྐལ་བཟང་རྣ་བའི་བཅུད་དུ་དེང་བསྒྲགས་གསོལ། །ཤར་ཕྱོགས་རིག་པའི་དཔའ་བོས་ཆོས་ཀྱི་རྔ། །བརྡུང་བས་འགྲོ་མང་མ་རིག་
གཉིད་ལས་བསླངས། །དེ་བཞིན་མཁས་པའི་དབང་པོ་ཁྱོད་ཀྱིས་དེང༌། །ལེགས་འདོམས་བདུད་རྩིས་སྐལ་ལྡན་ཚིམ་མཛད་གསོལ། །ཁྱད་པར་འཕགས་བོད་མཁས་གྲུབ་མ་ལུས་པའི། །ཐུགས་ཀྱི་ཉིང་ཁུ་སྐྱེས་བུ་གསུམ་གྱི་ལམ། །ཚུལ་བཞིན་ཉམས་བསྟར་མང་ཐོས་བསམ་གཏན་པས། །དབེན་པའི་རི་སུལ་འགེངས་པའི་བཀའ་དྲིན་སྩོལ། །འདི་སྣང་རྣ་གོང་ཨུཏྤལ་ཕོན་པོ་ནི། །རྒས་པའི་བ་མོའི་རེག་པས་སྙིགས་གྱུར་ཅིང༌། །ཕྱི་མའི་དོན་འགྲུབ་ཆོས་ཀྱི་ནོར་བུའི་རྒྱན། །མ་རྙེད་གྱི་ནར་ལུས་པའི་སློབ་གཟུགས་བདག །མདོ་སྨད་ས་ཡི་ཐིག་ལེ་སྐུ་འབུམ་ཞེས། །ལུམ་པའི་སྐྱེད་ཚལ་གཉིས་པ་གང་དེ་ཡི། །ཆོས་ཀྱི་ཁྲི་ལ་འདུག་པར་འོས་སོ་ཞེས། །འདུས་པའི་ཚོགས་ཀྱིས་མགྲིན་གཅིག་གླེང་བ་ན། །བོང་བ་གསེར་དུ་གཟིགས་པའི་དགེ་འདུན་སྡེའི། །བཞེད་པ་སྐོང་ཕྱིར་ཆོས་ཀྱི་སྡེ་ཆེན་དེའི། །ལུགས་གཉིས་ཟུང་དུ་འཇུག་པའི་ཁུར་ཆེན་པོ། །ལྷག་བསམ་དཔུང་པས་འདེགས་ལ་མངོན་དུ་ཕྱོགས། །དམ་པའི་དྲིན་ལས་ཆོས་བཞིན་སྤྱོད་པ་ཡི། །གོམ་སྟབས་ལེགས་ལམ་དྲང་བོར་འགོད་ཤེས་ཀྱང༌། །ངན་གཡོ་སྤྲེ་འུའི་རྩལ་ལ་མ་སྦྱངས་པས། །སྙིགས་དུས་སྡེ་དགོན་ནགས་ཁྲོད་འགྲིམ་ལ་རྨོངས། །དེ་ཕྱིར་མཁྱེན་རབ་ལག་འགྲོའི་སྙིང་པོ་ལས། །བླང་དོར་སྟོན་པའི་བསླབ་བྱ་དྲི་བསུང་ཅན། །བཀའ་འཕྲིན་མ་ལ་ཡར་རླུང་དང་འགྲོགས་ཏེ། །རྨོངས་པའི་ཚ་གདུང་སེལ་བའི་བཀའ་དྲིན་ཞུ། །སྙན་ཚིག་དབྱངས་ཀྱི་ང་རོའི་རྒྱུད་མངས་པོ། །སྙིམ་པར་ཐོགས་པའི་ཞུ་མཆིད་གནྡྷ་རྦྷ། །
བཀྲ་ཤིས་དར་གྱི་པཉྩ་ལི་ཀ་ཅན། །ཁྱོད་དྲུང་ཆོས་ཀྱི་མདུན་ས་ཆེ་དེར་སོངས། །ཞེས་སྙན་ཚིག་གི་ལམ་ནས་དྲངས་པའི་ཞུ་ཤོག་ཕུལ། ནང་ཆེན་སོ་སོ་ནས་ཀྱང་ལེགས་འབུལ་བསྟར་ཞིང༌། དེར་བཞུགས་རིང་སྤྱི་སྒེར་ཀུན་ནས་གསོལ་སྟོན་བསྙེན་བཀུར་སོགས་ཀྱི་རིམ་པ་གཟབ་རྒྱས་ཞུས། གྲྭ་དཔོན་སློབ་ཐམས་ཅད་ནས་རྗེ་བླ་མའི་བསྟན་པ་དང་རང་རང་གི་འདི་ཕྱིའི་དོན་རྣམས་ཐུགས་ལ་བཞག་སྟེ་སྤྱིར་བསླབ་པ་གསུམ་གྱི་ཉམས་ལེན་དང༌། ཁྱད་པར་དུ་བསྟན་པའི་གཞི་མ་དགེ་འདུན་གྱི་སྒྲིགས་ལམ་ཀུན་སྤྱོད་ཆོས་འཆད་ཉན་སོགས་ལ་བརྩོན་པ་གནང་དགོས་ཚུལ་གྱི་ཚོགས་གཏམ་ཞིབ་རྒྱས་འཆུན་ཆེ་ཞིང་བློ་འཁུལ་ངེས་པ་དང༌། ཆོས་གྲྭར་བརྩི་བཞག་ཀྱང་རེ་ཞིག་གནང༌། ཚོགས་མང་ལ་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཆ་ཚང་བ་དང༌། གཞན་དོན་གཉེར་ཅན་ཁ་ཤས་ལ་གུར་ལྷ་དགུ་དང་ཤྲ་མ་ཎའི་རྗེས་གནང༌། ཡི་ངོགས་བསམ་གཏན་རྒྱ་མཚོས་མཛད་པའི་བླ་མཆོད་ཁྲིད་ཡིག །རྗེ་ཉིད་ཀྱི་བཀའ་རྩོམ་འགའ་ཞིག་གི་ལྗགས་ལུང་སོགས་འདོད་ཆོས་མང་དུ་སྩལ། རི་ཁྲོད་པ་འཇིགས་མེད་རབ་རྒྱས་ཀྱིས་སྔར་ནས་དྲིལ་བུ་ལུས་དཀྱིལ་གྱི་དབང་གི་སྙན་གསན་ཕུལ་བར་ཁྱེད་རང་རྗེས་སོར་བྱ་ཁྱུང་དུ་འོངས་ནས་ཨ་ར་པ་ཙའི་སྒྲུབ་ཁང་དུ་མཚམས་ཤིག་བསྡམས་ན་ལེགས་ཤིང༌། དབང་ཡང་དེ་སྐབས་བྱེད་ཅེས་ཞལ་བཞེས་ཡོད་པ་ལྟར་ཁོང་ཆེད་གཏད་ཀྱིས་འོང་བ་ལ་ཉི་ཤུ་བཞིའི་སྲོད་ལ་སྟ་གོན་དང༌། ལྔའི་ཐོ་རངས་བདག་འཇུག་བཞེས་ནས་ནམ་ལངས་བར་དུ་དབང་ཡོངས་སུ་རྫོགས་པར་སྩལ། དེ་སྐབས་སྐུ་ཞབས་ཐུའུ་བཀྭན་རིན་པོ་ཆེ་སྐུ་འབུམ་
གྱི་ཁྲིར་གསར་དུ་བཞུགས་པ་ལ་ལེགས་སྐྱེས་ཀྱི་ཚན་གྲངས་བསྟར་ཞིང་གདན་ས་ནས་བྱ་ཁྱུང་དུ་དམ་བཅར་ཁྲིད་འོང་བའི་གྲྭ་པ་བཞི་ལ་དེར་ཡང་ཆེད་མངགས་ཀྱིས་ཁྲི་སྟོན་དང་འབྲེལ་བར་དམ་བཅའ་འཇོག་རྒྱུའི་བཀོད་ཁྱབ་གནང་སྟེ་ལུགས་གཉིས་ཀྱི་དགའ་སྟོན་སྤེལ། དེའི་ཚེ་ཆབ་ཤོག་གནང་བ་ནི་འདི་ལྟར། མཁྱེན་བརྩེའི་གདེངས་ཀ་འབུམ་དུ་དར་བའི་སྤྲིན། །མི་ཟད་འདོད་དགུའི་སྙིང་པོ་འཆང་བའི་དཔྱིད། །རྒྱལ་དང་དེ་སྲས་རྡུལ་བཞིན་འཁྲིགས་པ་ཡིས། །དེང་འདིར་དགེ་ལེགས་མེ་ཏོག་ཆར་དུ་སྙིལ། །བློ་བཟང་སྟོབས་བཅུ་མངའ་བའི་བཞེད་དགོངས་མཆོག །མདོ་སྔགས་ཆོས་ཀྱི་འདབ་སྟོང་ཟུམ་པ་གང༌། །ཇི་བཞིན་འབྱེད་ལ་མཁྱེན་དཔྱོད་ཉི་མ་ལྟར། །འབར་བའི་སྐྱེས་མཆོག་དམ་པ་གང་དེའི་དྲུང༌། །སྙོམ་ལས་ངང་དུ་ན་ཚོད་ཡོལ་གྱུར་ཀྱང༌། །སྒྲུབ་ལ་མི་གཞོལ་ཆོས་བརྒྱད་བ་ཚྭའི་རོ། །བདུད་རྩིའི་བཅུད་དུ་རློམ་པས་དུས་འདའ་བ། །དགེ་སྦྱོང་རྒན་པོ་གང་དེས་མཆིད་འདི་གསོལ། །དབང་བོའི་ཏོག་གི་སྤྱན་སྔར་ཐུགས་བསྐྱེད་བཞིན། །ཞིང་འདིར་ཟབ་དང་རྒྱ་ཆེ་བསྟན་པའི་སྲོལ། །ཕྱེ་བས་ཐར་འདོད་ཡོངས་ཀྱི་དབུགས་འབྱིན་པ། །གང་དེ་ཐུབ་པ་ཀུན་གྱི་གདུང་འཚོབ་ཉིད། །ཉམ་ཐག་སྙིགས་མའི་འགྲོ་རྣམས་རྗེས་བཟུང་སླད། །མགོན་དེ་མི་ཡི་སྲིད་པར་རོལ་པའི་གནས། །མདོ་སྨད་ཙོང་ཁ་སྤྲུལ་བའི་སྐུ་འབུམ་ཞེས། །གྲགས་སྙན་རོལ་མོ་ས་གསུམ་རྣ་རྒྱན་གྱུར། །ནོར་འཛིན་ཐིག་ལེ་གང་དེར་ཡབ་རྗེ་ཡི། །ཐུགས་བསྐྱེད་ལ་བརྟེན་ངུར་སྨྲིག་འཆང་བའི་སྡེ། །ཚར་དུ་དངར་བའི་ཡིད་
འོང་ཟུར་ཕུད་ཀྱིས། །གུས་པས་བཏུད་པའི་མི་འཇིགས་ཆོས་ཀྱི་ཁྲིར། །ཡོངས་འཛིན་ནོར་བུའི་ཅོད་པན་གཙུག་ཐོགས་ནས། །ལུང་རྟོགས་དབྱིག་འཛིན་ཁྱོན་ལ་དབང་བསྒྱུར་བ། །མཚུངས་བྲལ་སྨྲ་བའི་རྒྱལ་པོ་ཁྱོད་འཁོད་པས། །དཀར་ཕྱོགས་སྐྱོང་རྣམས་འཛུམ་དཀར་རྒོད་པས་བྲེལ། །བདག་ཀྱང་ཚུལ་དེ་ཐོས་ཚེ་འབྲུག་གི་སྒྲ། །རྣ་བར་སོན་པའི་གཙུག་ཕུད་ཅན་བཞིན་དུ། །རབ་དགའ་མྱོས་པའི་རྣམ་འགྱུར་གསལ་བའི་ཆེད། །ལེགས་སྐྱེས་མེ་ཏོག་ཟེགས་མ་ཙམ་དུ་འཐོར། །འཆད་ཉན་འོད་དཀར་སྣང་བ་དང་བྲལ་ན། །དགེ་འདུན་བློ་གསལ་འདུས་པའི་ཀུ་མུད་ཚལ། །རྒྱ་ཆེན་རྣམ་དཔྱོད་འདབ་མ་ཁ་ཕྱེ་ནས། །ཡོན་ཏན་དྲི་བསུང་འཕྲོ་བ་སུ་ཞིག་དམིགས། །དེ་སླད་ཐུགས་བསྐྱེད་བཙན་པོའི་གོ་གྱོན་ཏེ། །རབ་འབྱམས་གཞུང་ལུགས་འཆད་དང་སྟོན་པ་ཡི། །ལེགས་བཤད་གསེར་གྱི་དྲིལ་བུ་རྣམ་སྟོང་དུ། །འཁྲོལ་བས་དམ་ཆོས་དགའ་སྟོན་རྒྱས་པར་མཛོད། །དད་དང་བརྩོན་པའི་འདབ་གཤོག་རབ་གཡོ་ཞིང༌། །རྩོད་ངག་རིགས་ལམ་དབྱངས་སྙན་སྒྲོགས་མཁས་པ། །བློ་གསལ་མཁའ་འགྲོ་དཀར་པོའི་ཕྲེང་བ་ཡིས། །ཆོས་སྡེའི་མཚོ་ཆེན་ཡོངས་སུ་གང་བར་མཛོད། །རྣམ་དཀར་དམ་ཆོས་སྒྲུབ་ལ་གཞོལ་རྣམས་ཀྱང༌། །ཟས་གོས་མཐུན་རྐྱེན་འཚོ་བའི་དངོས་པོ་ལ། །ལྟོས་ཕྱིར་རྙེད་དང་བཀུར་སྟིའི་སྤྲིན་ཕུང་གིས། །འདུས་པའི་སྡེ་ཆེན་རི་རྩེ་བརྒྱན་པར་མཛོད། །ངུར་སྨྲིག་བགོས་ཀྱང་རྩིང་པོའི་སྤྱོད་པ་ཡིས། །རང་གཞན་ཕུང་ལ་སྦྱོར་རྣམས་ཚར་བཅད་དེ། །ཆོས་ལ་དཀར་ཞིང་ཚུལ་ལྡན་དོན་གཉེར་རྣམས། །བྱམས་བརྩེས་སྐྱོང་ལ་ལྷོད་པ་མེད་པར་མཛོད། །མི་རིགས་ཁམས་དང་བསམ་
པ་དབང་པོ་དང༌། །བག་ལ་ཉལ་སོགས་རྨ་བྱའི་མདོངས་བཞིན་དུ། །སོ་སོ་བཀྲ་ཕྱིར་མགུ་བར་ཆེས་དཀའ་བས། །གང་འདུལ་ཐབས་མཁས་མཛད་པས་སྐྱོང་བར་མཛོད། །མདོར་ན་ཆོས་སྡེ་ཆེན་པོའི་ལུགས་གཉིས་ཀྱི། །འཕེལ་རྒྱས་ཇི་ལྟ་ཇི་ལྟར་གནང་འོས་པ། །དེ་ལྟ་དེ་ལྟར་ཐུགས་ཁུར་ལྷུར་བཞེས་ཏེ། །དབྱར་གྱི་ཆུ་གཏེར་དཔལ་ལ་འགྲན་པར་མཛོད། །གཅམ་བུ་ཙམ་མིན་གསོང་པོའི་ཚུལ་ཉིད་དུ། །སྨྲས་པའི་ཚིག་ཕྲེང་རྒྱུད་མངས་སྦྲེང་འདྲ་འདིས། །གང་གི་སྙན་དབང་སིམ་ཞིང་གསལ་བའི་ཐུགས། །རབ་ཏུ་དགྱེས་པའི་རྩེ་དགའ་འཛིན་གྱུར་ཅིག །དེ་ལྟའི་ཞུ་མཆིད་དཔྱིད་ཀྱི་ཕོ་ཉ་ཁྱོད། །སྐུ་འབུམ་མ་ལ་ཡ་ཡི་རིར་སོང་ལ། །དམ་པའི་མདུན་ས་འཁྲི་ཤིང་གསར་པའི་རྩེར། །དོན་ལྡན་ཚིག་གི་དབྱངས་སྙན་འབུལ་བར་མཛོད། །ཅེས་པའོ། །རྗེ་ཉིད་སྐུ་དོན་རྒྱ་ཆེ་བའི་དབང་གིས་དེར་རྒྱུན་ཆགས་སུ་བཞུགས་མི་ནུས་ཤིང་འཆད་ཉན་གྱི་གྲྭ་ཚང་ཆེན་པོ་ཡིན་གཤིས་བརྩི་བཞག་སོགས་སྟར་ཆགས་གཏོང་དགོས་པའི་གནད་ཀྱིས་སློབ་ཆུང་ལྟ་བུར་ཁྲི་ཟུར་གདོང་འཇུག་ཞབས་དྲུང་རིན་པོ་ཆེ་བསྐོ་བཞག་དང༌། གཞན་གྱི་ལས་སྣེ་སོ་སོར་ཡང་རང་རང་གི་ཁུར་དུ་གང་བབས་པའི་སྒྲིགས་ལམ་གནོན་ཚུལ་གྱི་བསླབ་བྱ་ཞིབ་ཏུ་མཛད། དེ་ནས་བྱ་ཁྱུང་གི་བླ་མ་ལས་སྣེས་ཆིབས་སྐྱེལ་ཞུས་ཏེ་སྐུ་འབུམ་དུ་ཕྱག་བཏེགས། བསུ་བ་སེར་སྦྲེང་དང་བཅས་དང་པོར་སྐུ་འབུམ་བླ་བྲང་དུ་ཕེབས་པར་དེ་ནས་གསོལ་སྟོན་ཞུས་ཤིང་རྒྱུན་པར་ཉིད་ཀྱི་གཟིམས་ཁང་འཇམ་དབྱངས་སྒར་པར་བཞུགས། སྔ་མོ་ཞིག་ནས་རྗེའི་གསུང་འབུམ་གྱི་ལྗགས་ལུང་བཀའ་དྲིན་བསྐྱང་དགོས་
པའི་གསོལ་བ་བཏབ་འདུག་ནའང༌། དུས་ལ་མ་སླེབས་པ་ལྟ་བུས་ཐོག་ཏུ་མ་ཁེལ་བ་ལ། འདི་སྐབས་ཐུའུ་བཀྭན་རིན་པོ་ཆེ་ནས་ནན་ཏན་མཛད་པས་བདུན་པའི་ཚེས་གཉིས་ནས་ཉི་ཤུ་གསུམ་གྱི་བར་དུ་སྐུ་འབུམ་གྱི་མཁན་སར་བཞུགས་པ་བསྟན་པའི་རྩ་ལག་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་དང་མཁན་ཟུར་ཟི་ན་ཚང༌། རྒྱུད་པ་དཔོན་སློབ། སྨན་པ་དཔོན་སློབ། བཱ་ཇུས་བླ་མ། བཱ་ཇུས་ཞབས་དྲུང༌། བུམ་པར་ཞབས་དྲུང་། རྒྱ་ཡག་ཞབས་དྲུང་སོགས་དོན་གཉེར་ཅན་ཧྲག་བསྡུས་ལྔ་བརྒྱ་སྐོར་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་པོ་ཏི་བཅུ་བདུན་གྱི་ལྗགས་ལུང་ཡོངས་སུ་རྫོགས་པར་སྩལ། མཇུག་ཏུ་ཐུའུ་བཀྭན་རིན་པོ་ཆེ་ནས་བླ་མ་དང་ཆོས་ཀྱི་ཆེ་བ། ལྷག་པར་དེང་དུས་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་དུ་རྗེ་ཉིད་ཞབས་པད་རིང་དུ་བརྟན་དགོས་པའི་རྒྱུ་མཚན་སོགས་ཀྱི་གསུང་བཤད་ཟབ་ཅིང་བརླིང་ལ་དོན་འདྲིལ་ཞིང་ཟུར་ཕྱིན་པ་གནང་སྟེ་གཏང་རག་གི་ཡོན་འབུལ་བཏེག །བཀའ་ཆོས་ཀྱི་སེང་བར་དུ་དགེ་ཚུལ་བརྒྱ་དང་བཅུ་བཞི་བསྙེན་རྫོགས་དགུ་བཅུ་གོ་དགུ་གསར་དུ་བསྒྲུབས། ལྷ་ཁང་ཆེན་མོ་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད་དེ། འཇམ་མགོན་རྒྱལ་བ་གཉིས་པའི་གདན་སར། འཇམ་མགོན་བསྟན་པའི་རྩ་ལག་དུ་མ་ལ། འཇམ་དབྱངས་བླ་མའི་གསུང་གི་བདུད་རྩིའི་དགའ་སྟོན་སྤེལ་བའི་རྣམ་དཀར་གྱི་མཐུ་ལ་བརྟེན་ནས། བློ་བཟང་འཇམ་དཔལ་སྙིང་པོའི་རིང་ལུགས་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་གྱིས་མཚམས་སྤྱོར་ནན་ཏན་མཛད། ཞབས་ཕྱིའི་ཁྲོད་ནས་གུ་ཤྲཱི་སྐལ་བཟང་ལ་བྱ་ཁྱུང་དང་གདན་ས་འདི་
གཉིས་སུ་དོན་གཉེར་ཅན་མང་པོར་དབྱངས་ཅན་སྒྲ་མདོ་དང༌། ཀ་ལཱ་པ་གཉིས་ཞིབ་ཏུ་སློབ་བཅུག་པས་བློ་གསལ་དུ་མ་ལ་ཕན་པའི་གསོས་སུ་གྱུར། ཉི་ཤུ་ལྔ་ལ་ཐུའུ་བཀྭན་རིན་པོ་ཆེར་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སྩལ། དེར་གསུང་འཕྲོས་ཤིག་གི་ཚེ་ཐུའུ་བཀྭན་རིན་པོ་ཆེ་ནས། ངེད་བྱ་ཁྱུང་གི་ཁྲིར་སྡོད་སྐབས་ངོར་པ་ཀུན་བཟང་གི་གསུང་འབུམ་པོ་ཏི་བཞི་དང༌། ད་རེས་ཁྲི་འདོན་གྱི་སྐབས་སུ་འབྲུག་པ་པད་དཀར་གྱི་གསུང་འབུམ་པོ་ཏི་བཞི་བཅས་སྔ་ཕྱིར་རྗེ་བླ་མ་ལ་དགག་པ་གཏོང་མཁན་གཉིས་ཀྱི་ངག་རྩོམ་རྣམས་བསྐུར་གནང་མཛད་པ་དགོངས་གཞི་གང་ཡིན་ཞུས་པར། བཞད་མོ་མཛད་ཅིང༌། ཁྱེད་རང་ཐུགས་རབ་གཞན་དང་མི་འདྲ་བས་ཁོང་ཚོའི་ཡིག་ཆ་དེ་མཐོང་ན་རྗེ་བླ་མའི་ལེགས་བཤད་ལ་དད་པ་གཏིང་ནས་སྐྱེས་ཡོང་བསམ་ནས་བསྐུར་བ་ཡིན་ཞེས་གསུངས། བསོད་ནམས་རྡོ་རྗེ་ཝང་སོགས་མཚོ་སྔོན་གྱི་སྦྱིན་བདག་དུ་མས་གདན་དྲངས་ཏེ། ཉི་ཤུ་དྲུག་ལ་སྐུ་འབུམ་ནས་ཕྱག་བཏེགས་པར་བླ་མ་ལས་སྣེ་རྣམས་ཀྱིས་ཕེབས་སྐྱེལ་དང་བྱམས་པ་ལུང་པར་སྤྱི་སོས་ཇ་ཐབ་ཞུས། རིམ་གྱིས་བྱོན་པའི་ལམ་ནས་སྟོང་སྐོར་དགོན་པས་གདན་དྲངས་པར་འདོད་ཆོས་འགའ་ཞིག་སྩལ། དེར་བཞུགས་སྐབས་དཔོན་ས་རྒས་གདན་འདྲེན་གྱི་ཞུ་བ་ཕུལ་བ་བཞིན་ཆིབས་བསྐྱོད་དེ་ཀུན་རིག་གི་ཁྲུས་དབང་སོགས་སྩལ་ནས་རེ་བ་བསྐངས། པེའི་སི་ཚེ་བརྟན་རྡོ་རྗེ་བསུ་བར་འོངས་ནས་རང་གི་ཨུརྒེར་གདན་དྲངས་ཏེ་དངོས་འབུལ་གཟབ་རྒྱས་ཞུས་པར་འཇིགས་བྱེད་དཔའ་བོ་གཅིག་པའི་
དབང་སྟ་གོན་དང་བཅས་པ་གནང༌། དུས་འཁོར་པཎྚི་ཏ་དང༌། དགེ་བཤེས་འགའ་ཞིག་སོགས་སྨད་ཕྱོགས་ཀྱི་གྲྭ་རྒྱུན་དུ་མ་དབུས་ནས་རང་ཡུལ་དུ་ཕྱིར་འགྲོ་བའི་ལམ་ཞོར་གྱིས་མཇལ་བར་འོང་བ་ལ་བཀའ་མཆིད་གནང་ཞིང་དུས་འཁོར་པཎྚི་ཏའི་སྤྲུལ་བའི་སྐུ་ནས་དངོས་འབུལ་ཀྱང་གྱ་ནོམ་པ་བཏེག །གསེར་ཏོག་ནོ་མིན་ཧན་གྱིས་གདན་དྲངས་པར་ཕེབས་ཏེ་རྗེས་གནང་འགའ་ཞིག་སྩལ། མཚོ་སྐྱེས་པེའི་སིས་ཨུརྒེར་གདན་དྲངས་ཏེ་གསོལ་སྟོན་དང་དངོས་འབུལ་གྱ་ནོམ་པ་བཏེག །དེ་ནས་མི་འགྱུར་པེའི་སིས་གདན་དྲངས་པའི་ལམ་ནས་དར་གོ་དར་ཧན་ནང་སོ། བསྟན་འཕེལ་ཐོ་ཡོན། ཤཱི་རཱེ་བླ་མ་སོགས་ཀྱིས་བསྙེན་བཀུར་ཡང་དག་ཞུས། པེའི་སི་དང་བླ་མ་ཆེ་ཆུང་སོགས་བསུ་བར་འབྱོར་ཏེ་རིམ་གྱིས་ཨུརྒེར་ཕྱག་ཕེབས། སྔ་མའི་སྦྱིན་བདག་གི་རྩ་བ་ཡིན་པས་ཐུགས་ཕབ་ནས། ཉིན་ཁ་ཤས་བཞུགས་ཏེ་བསྐང་གསོ་བཏང་ཞིང་ལྷ་གུར་རྣམས་ལ་རབ་གནས་མཛད། སྲས་ཆུང་ལ་མིང་བཏགས་ཤིང་ཚེ་དཔག་གི་རྗེས་གནང་སྩལ། བོ་ཁའི་ཆུའི་ཕར་འགྲམ་དུ་བསོད་ནམས་རྡོ་རྗེ་ཝང་གིས་གཙོས་རྟ་པ་དུ་མ་ཆིབས་བསུར་འབྱོར་ཏེ་ཝང་གི་ཨུརྒེར་ཕེབས། དེ་ནས་བཏེག་པའི་ཉིན་ཏ་ལཱེ་ཧུ་ཐོག་ཐུ་ཡང་ཆིབས་བསུར་བྱོན། དེའི་ཕྱི་ཉིན་གྲྭ་པ་བཞི་བརྒྱ་སྐོར་གྱི་སེར་སྦྲེང་དང་བཅས་ཝང་གི་དགོན་པར་ཕེབས། དུས་འཁོར་གྲྭ་ཁང་དུ་གསོལ་སྟོན་རྒྱས་པ་བསྟར་ནས་ཝང་གི་ཡ་མེན་རྒྱབ་ཀྱི་རྭ་བར་གཟིམས་གུར་ཕུབ་སྟེ་བཞུགས། སྔར་ནས་གསོལ་བ་ནན་ཏན་དུ་བཏབ་པ་བཞིན་ཚེས་དགེ་བར་ཉན་མཁན་ཧྲག་བསྡུས་ལ་སློབ་མ་རྗེས་འཛིན་གནང་སྟེ། དེ་ནས་འདུ་ཁང་ནང་དུ་ཏ་ལཱེ་ཧུ་ཐོག་ཐུ་
དང༌། བསོད་ནམས་རྡོ་རྗེ་ཝང༌། ནུ་བོ་ཚངས་པ་སྐྱབས། སྐུ་འབུམ་གྱི་སྨན་པ་བླ་མ་མི་ཉག་ཞབས་དྲུང༌། དུར་གེ་མཁན་པོ་ཀུན་དགའ་ཡེ་ཤེས་བཟང་པོ། ཏ་ལཱེ་ཆོས་རྗེ། རོང་པོ་ཞབས་དྲུང༌། མ་ཎི་པའི་ཞབས་དྲུང༌། ཅོ་ནེ་ཞབས་དྲུང༌། ཡོན་ཏན་ཞབས་དྲུང༌། ལྷ་རམས་པ་ཁ་ཤས་སོགས་གྲྭ་པ་ཕྱེད་དང་བཞི་བརྒྱ་བཅས་སེར་སྐྱ་བདུན་བརྒྱ་སྐོར་ལ་མི་ཏྲ་བརྒྱ་རྩའི་དབང་ཆེན་ཡོངས་སུ་རྫོགས་པར་སྩལ་ཏེ་སྐུ་བཞིའི་ས་བོན་གྲུང་པོ་སྨིན་པར་མཛད། དེའི་སེང་བར་ནས་ཝང་སོགས་ཉུང་བསྡུས་ལ་མན་ངག་བཀའ་རྒྱ་མའི་ལུང་གིས་མཚོན་འདོད་ཆོས་རིམ་པ་མང་དུ་གནང༌། དགུ་པའི་ཚེས་ཉེར་བཞི་ལ་ཝང་གི་ཨུརྒེར་ཕེབས། རིམ་གྱིས་བྱོན་པའི་ལམ་ཁར་དད་པ་དང་གཏོང་བའི་རྒྱན་གྱིས་མཛེས་པའི་སྦྱིན་བདག་དུ་མས་བསྙེན་བཀུར་ཕུལ་དུ་ཕྱིན་པ་ཞུས། བདེ་ཆེན་དུ་དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན་སྟ་གོན་དང་བཅས་པ་སྩལ། ཟི་ལིང་དུ་ཕེབས་ཏེ་བྱམས་ཆེན་གྱི་ཟངས་ཀྱི་དོན་སྐོར་ལ་བཀའ་དྲིན་གནང་བའི་གཏང་རག་ཏུ་གོང་མ་ཆེན་པོར་ཚེ་དཔག་མེད་ཀྱི་སྐུ་དང་ནང་མཛོད་ཁ་བཏགས་གཅིག་བཅས་གྲེའུ་ཙེ་ཕུལ། བཅུ་པའི་ཉི་ཤུ་བརྒྱད་ལ་བྱ་ཁྱུང་དུ་བབས་ཏེ། དེའི་ཕྱི་ཉིན་འཆམ་སོགས་ལ་གཟིགས་རྟོག་ཞིབ་ཏུ་གནང༌། བཅུ་གཅིག་པའི་ཚེས་གསུམ་ནས་བརྩི་བཞག་གནང་ཞིང་གྲྭ་པ་རྣམས་ལ་རང་རང་གི་བློ་གྲོས་ཀྱི་རྩལ་དང་བསྟུན་པའི་དཔེ་འཛིན་སོགས་ཀྱི་རྒྱུགས་བཞག་སྟེ་ཐོས་བསམ་བྱེད་ཚུལ་གྱི་བསླབ་བྱ་ཞིབ་ཏུ་མཛད། དེར་བཞུགས་རིང་ལ་དགོན་པའི་ནང་དང་ཕན་ཚུན་
ནས་བསྙེན་བཀུར་ཞུ་མི་མང་དུ་བྱུང་བ་སོ་སོའི་རེ་བ་བསྐངས། བཅུ་གཅིག་པའི་ཟླ་མཇུག་ལ་དེ་ནས་ཕེབས་པའི་ལམ་དུ་རྗེས་ཚང་སྨྱུང་གནས་པའི་གྲྭ་པ་རྣམས་ཀྱིས་རི་སྙིང་པོར་གདན་དྲངས་ནས་ཁོང་གི་གདུང་རྟེན་ལ་རབ་གནས་ཞུས། ཚ་གན་ནོ་མོན་ཧན་གྱིས་གདན་དྲངས་ཏེ་ལ་མོ་བདེ་ཆེན་དུ་ཞག་ཁ་ཤས་བཞུགས། གྲམ་པ་ནང་དུ་རྙཱེ་ཚང་དང༌། དཔལ་ལྡན་བཀྲ་ཤིས་ཀྱི་སྐུ་སྐྱེ་བཅས་ལ་ཕྱག་ཆེན་གྱི་ཁྲིད་སྨིན་རྒྱས་སུ་སྩལ། དེའི་ཚེ་ཀ་རིང་དང་གླིང་ཀྱ་གཉིས་འཁྲུག་ནས་ཕན་ཚུན་གྱི་མི་འགའ་ཞིག་བསད་དེ་ཚབས་ཆེ་བའི་སྐབས་ཡིན་པར་བརྩེ་གཟིགས་ཀྱིས་སོ་སོའི་སར་ཕེབས་ཏེ་ཐབས་ལ་མཁས་པའི་གསུང་གི་ཆར་རྒྱུན་གྱིས་ཞེ་སྡང་གི་མེ་དཔུང་བཅིལ་ནས་འདུམ་པར་མཛད་དེ་ཚེ་འདིར་སྲོག་དང་ཕྱི་མར་ངན་འགྲོའི་གཡང་ས་ལས་བསྲུང་བས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བླ་ན་མེད་པ་སྩལ། སྔ་ཕྱིར་འདི་འདྲའི་གཡུལ་འཁྲུག་དུ་མ་ཞི་བར་མཛད་པ་ཡང་རང་གི་དོན་ལ་མ་ཆགས་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ཞིག་ཡིན་ཏེ། སྔོན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡང་འཁྲུལ་ལོང་དུ་མའི་བར་དུ་ཕེབས་ནས་འདུམ་པར་མཛད་པ་དང༌། འཕགས་པ་དྲི་མ་མེད་པར་གྲགས་པའི་བསྟན་པ་ལས་ཀྱང༌། གཡུལ་ཆེན་འདྲེས་པའི་ནང་དུ་ནི། །དེ་དག་ཕྱོགས་ལ་མཉམ་པར་འགྱུར། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །འདུམ་ཞིང་འདུ་བར་དགའ་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ནས་ཞོ་འཕོང་བརྒྱུད་དེ་བཅུ་གཉིས་པའི་ཚེས་ལ་གདན་ས་ཆེན་པོར་ཕྱག་ཕེབས། སུ་ཉིད་གཡོན་རུའི་ཐོ་ཡོན་དང་ནེ་མན་ཞབས་དྲུང་སོ་སོ་ནས་ཚོགས་
དབུས་སུ་གདན་དྲངས་ཏེ་དངོས་འབུལ་བཏེག །བསྒྲུབ་བྱ་ཁ་ཤས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཞིང་འདོད་ཆོས་འགའ་ཞིག་སྩལ། མར་ངོའི་ཆ་ལ་བཅད་རྒྱ་གནང་སྟེ་ཐུགས་དམ་ཟབ་མོའི་རྣལ་འབྱོར་གྱིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བར་མཛད་དོ། །ལྕགས་ཁྱི་ཟླ་བ་དང་པོའི་ཚེས་གསུམ་ལ་བཅད་རྒྱ་གྲོལ་བར་སྤྱི་བླ་བྲང་ཐམས་ཅད་ནས་ལོ་གསར་གྱི་དགའ་སྟོན་ཕུལ། ཕྱོགས་སོ་སོའི་བླ་དཔོན་ཆེ་ཕྲ་དུ་མའི་མི་སྣ་སོགས་ཆེད་གཏད་ཀྱིས་འོངས་པ་རྣམས་ལ་བབས་འོས་ཀྱིས་བཀའ་དང་ཇ་གྲལ་གནང༌། སྨོན་ལམ་གསུང་ཆོས་ལ་ཡང་ལན་ཁ་ཡར་བྱོན་ཏེ་སྐྱེས་རབས་དང༌། བུ་སྟོན་རྣམ་ཐར་གྱི་འཕྲོ་གསུངས་ཤིང༌། བསྟན་པའི་འཕེལ་རྒྱས་ཀྱི་དོན་དུ་སྤྱན་དམིགས་ནན་ཏན་མཛད། བསྒྲུབ་བྱ་བརྒྱར་ཉེ་བ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། ཧལ་ཧ་ཆེ་ཆེན་ཧན་གྱི་བླ་མ་ཡེ་ཤེས་རྒྱ་མཚོ་བཤུལ་རིང་གི་ལམ་ནས་དཀའ་བ་ཁྱད་དུ་བསད་དེ་རྗེ་ཉིད་ལ་རྡོ་རྗེ་ཕྲེང་བའི་དབང་སོགས་ཟབ་རྒྱས་ཆོས་ཀྱི་བཀའ་དྲིན་ཞུ་བའི་ཕྱིར་ཆེད་གཏད་ཀྱིས་འོང་བ་ལ། མིད་ལའི་རྣམ་མགུར། སྙིང་པོ་དོན་གསུམ། རྗེ་རང་གི་གསུང་ཁ་ཤས་བཅས་ཀྱི་ལྗགས་ལུང་གནང༌། རྡོར་ཕྲེང་གི་དབང་དབྱར་ཐོག་གནང་རྒྱུའི་ཞལ་བཞེས་དང༌། གཞན་མའི་ཆོས་རྒྱུན་གང་དགོས་རྣམས་དགོན་པ་ནས་བླ་སྤྲུལ་དགེ་བཤེས་སོགས་ཆོས་རྒྱུན་ཁུངས་དག་ཡོད་པ་སོ་སོ་ལས་ཉན་རྒྱུའི་བཀོད་ཁྱབ་སྩལ་ཏེ་ཐབས་མཁས་ཀྱི་སྒོ་ནས་རེ་འབྲས་ཡོངས་སུ་རྫོགས་པར་མཛད། དབེན་ས་ནས་བརྒྱུད་པའི་འཁྲུལ་འཁོར་གྱི་མན་ངག་སོགས་སྐྱབས་མགོན་
ཉིད་ནས་སྩལ་ཏེ་འཕེལ་རྒྱས་སུ་ཡོད་ཀྱང་དཔལ་ལྡན་སྲད་རྒྱུད་ཀྱི་གདམས་པའི་ཉིང་ཁུ། ཀུན་མཁྱེན་གོང་མའི་དུས་དཀའ་བ་དཔག་མེད་ཀྱིས་བཙལ་བའི་འཁྲུལ་འཁོར་དང༌། ལྕགས་མཁར་གྱི་མན་ངག་རྣམས་དང༌། གཞན་ཡང་གཏོར་སྒྲུབ་དང་གཏོར་ཆེན་གྱི་ཁྲིད། གཟུངས་གཞུག་གི་ཁྲིད། ཀླུའི་བུམ་གཏེར་གྱི་ཁྲིད། འཇམ་དབྱངས་དཀར་པོའི་ལས་ཚོགས་ཀྱི་ཁྲིད། ལས་བཞིའི་སྦྱིན་སྲེག་གི་ཁྲིད་སོགས་རྗེ་གོང་མ་ནས་བརྒྱུད་པའི་གདམས་པ་ཟབ་མོ་དུ་མ་ཆད་ལ་ཉེ་བ་ཐུགས་ཀྱིས་མ་བཟོད་པར། ལོ་སྔ་མ་བྱ་ཁྱུང་ནས་ཚུར་ཕེབས་སྐབས་གསང་ཆེན་གདམས་པའི་གཏེར་མཛོད་བྲག་དཀར་དཀའ་བཅུ་ངག་དབང་གྲགས་པ་ཞབས་ཕྱིར་ཁྲིད་ནས་ཕེབས་ཡོད་པ། ཁོང་གི་དྲུང་ནས་ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་བའི་སྐུ་དང༌། དབལ་མང་ཞབས་དྲུང་སོགས་དོན་གཉེར་ཅན་ཁ་ཤས་ལ་སློབ་རྒྱུའི་ལྗགས་བཀོད་བླ་སློབ་ཀུན་ལ་ནན་ཏན་དུ་གནང༌། ད་ལྟ་བསྟན་འཛིན་ཆེན་པོར་རློམ་པ་ཕལ་ཆེར་ནི་ཟང་ཟིང་གི་འདུ་འགོད་སོགས་ལ་སྤྱན་མིག་འཇའ་ཚོན་ལྟར་བཀྲ་ཡང༌། ཆོས་ལ་བསྐོར་ཚེ་རང་གིས་ཉམས་ལེན་ནུས་ན་མང་པོ་མི་དགོས་མདོག་གིས་ཆོག་ཤེས་དང༌། གདམས་པ་ཟབ་མོ་ཀུན་ལ་རོ་མཉམ་གྱི་རྟོགས་པ་ཀློང་དུ་གྱུར་པའི་དབང་གིས། ཆོས་རྒྱུན་མན་ངག་མཐའ་དག་ནམ་ལང་གི་སྐར་མ་བཞིན་ཡལ་བར་རྩོམ་ཞིང་རང་རང་གི་ཐོག་མའི་འབྱུང་ཁུངས་རྣམས་སུ་ཡང་མིང་ཙམ་ལྷག་མར་གྱུར་བའི་དུས་འདིར། རྗེ་བླ་མ་ཐུགས་རྗེའི་བདག་ཉིད་ཅན་འདི་ཁོ་ནའི་བཀའ་དྲིན་ལས་སྡེ་འདིར་དེ་དག་ཐམས་ཅད་གྲུ་བཞི་ལམ་གྱིས་ཚང་བར་བཞུགས་པ་ནི། རྒྱུད་ཆེན་དེ་
དག་འཁྲུངས་རབས་གྲས་སུ་བཞག་པ་ཙམ་མ་ཡིན་པར་ཕ་ཤུལ་བུས་ཟིན་ངེས་པའི་རྣམ་ཐར་རྨད་དུ་བྱུང་བ་དང༌། འབྲས་བུའི་རྟགས་ཀྱིས་སྒྲུབ་ཚུལ་ཡིན་པར་ཤེས་པར་གྱིས། དེར་མ་ཟད་ཁོང་ལ་སྔར་སྐུ་ན་གཞོན་པའི་དུས་ནས་བཟུང༌། འདིའི་སྐོར་གྱི་མན་ངག་ཕྲ་ཞིབ་ཐམས་ཅད་ལེགས་པར་རྩད་གཅོད་དགོས་ཀྱི་བསྐུལ་མ་ཡང་ཡང་མཛད་ཅིང༌། མཚམས་དེར་རྒྱུན་ཞིག་སྤེལ་རྒྱུར་མ་སོང་ན་སླར་བླ་སློབ་ཀུན་ནས་རྟེན་འབྲེལ་འཛོམ་དཀའ་བའི་འབྱུང་འགྱུར་འདི་ཐམས་ཅད་མངོན་སུམ་དུ་གཟིགས་ཏེ། རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་མེད་པར་མཛད་པ་ནི་འཕྲིན་ལས་མ་འདྲེས་པའི་ཁྱད་ཆོས་བླ་ན་མེད་པའོ། །ལོ་སྔ་མ་རྣམས་སུ་རྔ་བའི་ཕྱོགས་ནས་གདན་འདྲེན་དང༌། དགོན་གསར་འདེབས་ཀྱི་ཞུ་བ་ནན་ཆེར་ཕུལ་བ་བཞིན་དུ་འབྱོར་པར་བརྩམས་པ་ལ། དེ་སྐབས་སྐུ་ཁམས་ཤིན་ཏུ་ལྟེམ་པར་ཡོད་པས་ཐམས་ཅད་ཀྱིས་བློས་མ་འཁྱུད་པར་བཤོལ་བཏབ་ཀྱང༌། ཕྱོགས་དེར་འཁོད་ཀྱི་གདུལ་བྱའི་ཐ་མ་རྣམས་རྗེས་སུ་བཟུང་བ་དང༌། པཎ་ཆེན་དགེ་འདུན་གྲུབ་ཀྱིས་དགྲ་མཁར་དགྲ་ཡུལ་དུ་བརྩིགས་དགོས་གསུངས་པའི་དཔེ་བཞིན། ལྟ་གྲུབ་མི་མཐུན་པ་དུ་མས་གང་བའི་ས་དེར་དགེ་ལྡན་རིང་ལུགས་དྲི་མ་མེད་པ་འཛུགས་བཞེད་ཀྱི་དགོངས་པ་ཟབ་མོ་ཟློག་ཏུ་མེད་པས་གཉིས་པའི་ཚེས་ལ་དེར་ཆིབས་བསྒྱུར། ལམ་ནས་དད་ལྡན་གྱི་སྦྱིན་བདག་དུ་མས་བསྙེན་བཀུར་དང་ཕུ་དུད་གཟབ་པར་ཞུས། རྡོར་ཞར་དཔོན་པོ་གཉིས་དང༌། དམེ་དཔོན་པོ། དམེ་སྐོར་དཔོན་པོ་སོགས་ཉིན་མང་པོའི་ལམ་དུ་བསུ་བ་རིམ་པར་འབྱོར། གནམ་ལྕགས་
རི་ཁྲོད་དུ་གདན་དྲངས་པར་འདོད་ཆོས་འགའ་ཞིག་སྩལ་ཏེ་ཉི་ཤུ་གསུམ་ལ་རུ་རུའི་ཐང་དུ་སྒར་ཕབ། ཝམ་པ་དགེ་བཤེས། ཨ་མཆོག་དགེ་བཤེས། ཨ་འཁྱམས་དཔོན་པོ་སོགས་ཕྱོགས་སྣ་ཚོགས་ནས་འདུས་པའི་མཇལ་བ་ཆེ་ཕྲ་ཐམས་ཅད་བབས་འོས་ཀྱི་གསུང་དང་ཆོས་བཀའ་ཕྱག་དབང་སོགས་ཀྱིས་ཚིམ་པར་མཛད། དོན་གཉེར་ཅན་དྲུག་བརྒྱ་སྐོར་ལ་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན་སྩལ། དཔོན་འབངས་ཐམས་ཅད་ནས་ཀྱང་རང་འབྱོར་དང་བསྟུན་པའི་འབུལ་ནོད་གཟབ་རྒྱས་རྩྭ་ཤིང་ཚུན་ཆོད་ཀྱིས་བསྙེན་བཀུར་ཕུལ་དུ་ཕྱིན་པ་བསྒྲུབས། རྡོར་ཞར་གྱི་རུའི་དོན་དུ་དམེ་དཔོན་པོ་ལ་འཕྲལ་ཡུན་དུ་ཕན་པའི་བསླབ་བྱ་གནང་ཡང༌། ལས་ཀྱི་སྒྲིབ་པའི་དབང་གིས་དུང་དཀར་སེར་སྣང་བཞིན་སྐྱོན་རྟོག་འབའ་ཞིག་ཏུ་ཁྱེར་ཏེ། བཀའ་དང་དུ་མ་བླངས་པར་རང་བབས་སུ་ལུས། ཁོ་པ་ཚོར་ཡང་ཞིང་ཁྱད་པར་ཅན་ལ་སྡིག་བསགས་པའི་དབང་གིས་མ་འགྱངས་པར་མིས་འཕྱ་ལ་ཁྱིས་སྨོད་པའི་གནས་སུ་གྱུར་པའི་རྣམ་སྨིན་ཐོག་ཏུ་བབས་པ་ནི། སྐྱེས་རབས་ལས། ཕན་པར་སྨྲ་བ་ཤིན་ཏུ་དཀོན། །དེ་བས་ཀྱང་ནི་ཉན་པ་དཀོན། །ཞེས་དང༌། ཕན་པའི་ངག་ལ་མ་ཉན་ན། །རུས་སྦལ་ཁ་ནས་ཤིང་ཤོར་འབྱུང༌། །ཞེས་གསུངས་པ་ལྟར་རོ། །དཔལ་སྤུངས་ནས་ཆབ་ཚ་ཀརྨ་རིན་ཆེན་གྱི་སྤྲུལ་སྐུ་དཔོན་གཡོག་སུམ་ཅུ་སྐོར་མཇལ་བར་ཕེབས་པ་ལ་བཀའ་མཆིད་རྒྱས་པར་གནང་ཞིང་མན་ངག་ལྷན་ཐབས་ཀྱི་ལྗགས་ལུང་སྩལ། ལོ་སྔ་མར་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ཚ་ཁོ་ད་ཚང་དགོན་པར་བོན་པོ་སོགས་ལྟ་གྲུབ་མི་མཐུན་
པ་དུ་མའི་སྡང་ཞུགས་ཀྱིས་འཁྲུག་པ་ཆེ་བར་བྱུང་སྟེ་རྗེ་ཉིད་ལ་དགོན་པ་ཕུལ་ནས་སྐྱབས་ཚོལ་ཞུས་པའི་དོན་དུ། ཟོང་འཕན་ཏཱ་ཞིན་དང༌། ཚ་ཁོའི་རྒྱལ་ཁག་ཏུ་མི་སྣ་ཆེད་གཏོང་གིས་འཁྲུག་པ་ཞི་བར་བྱས་ཏེ། འཁྲུན་ཆོད་པའི་མཇུག་སྡོམ་དུ། ད་ཚང་ནས་བླ་གྲྭ་བརྒྱ་སྐོར་དང༌། ཅོག་ཙེ་ད་རོ་གསུམ་བཅས་ཀྱིས་བོན་པོའི་བླ་མ་འདུལ་བ་སྐུ་མདུན་དུ་ཁྲིད་ནས་འོང༌། འདི་ཡང་ཕྱོགས་དེའི་བོན་པོ་ཐམས་ཅད་ཀྱི་ཁུངས་གཏུགས་སའི་རྩ་བ་ལྟ་བུ་ཡིན་ཀྱང༌། ཕྱིན་ཆད་ལྟ་བ་ངན་པ་དོར་ཏེ་དགེ་ལུགས་ཀྱི་ཆོས་རྒྱུན་གཙང་མ་བྱེད་རྒྱུའི་དམ་བཅའ་ཕུལ། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་ཅིང་དགའ་ལྡན་ལྷ་བརྒྱ་མའི་ལུང་སོགས་འདོད་ཆོས་འགའ་ཞིག་ཞུས་པ་ཡང་དགྱེས་བཞིན་གནང༌། སླར་གདན་སར་ཆིབས་བསྒྱུར་པའི་ལམ་ནས་ཡོན་བདག་དུ་མས་དངོས་འབུལ་བསྟར་ཞིང༌། སྐྱེ་བོ་བགྲང་ལས་འདས་པ་མཐོང་ཐོས་དྲན་རེག་གི་སྒོ་ནས་སྨིན་གྲོལ་ལམ་ལ་བཀོད། ཁྲི་ཆེན་ནམ་མཁའ་བཟང་སྤྲུལ་བའི་སྐུས་གདན་དྲངས་པ་ལྟར་བྲག་ལུང་རི་ཁྲོད་དུ་ཕེབས་ཏེ་ཆོས་བཀའ་འགའ་ཞིག་གནང་ཞིང༌། ཚ་གན་བེ་ཤིང་དུ་རི་ཁྲོད་ཀྱི་གནས་ལ་གཟིགས། རིམ་གྱིས་བྱོན་ཏེ་བཞི་པའི་ཉི་ཤུ་དགུ་ལ་གདན་སར་བབས། ཧལ་ཧ་བླ་མ་ཡེ་ཤེས་རྒྱ་མཚོས་དབང་གི་དོན་དུ་སྒུག་སྡོད་བྱས་ཡོད་པར། ཚུར་ཕེབས་མ་ཐག་གི་སྐབས་བཞེངས་བཞུགས་གཏན་མི་ཐུབ་ཀྱང༌། རེབ་ཚ་སྨན་པ་ངག་དབང་ནོར་བུས་ཉིན་ཁ་ཤས་བར་དུ་བཅིང་ལུམ་སོགས་ཀྱི་དཔྱད་ཞུས་པས་ཅུང་ཟད་དྭངས་སྐྱེད་བྱུང་མ་ཐག་ནས་དབང་གནང་རྒྱུའི་སྦྱོར་བ་
བརྩམས་ཏེ། ལྔ་པའི་ཚེས་དྲུག་ལ་ཁོང་དང༌། དགོན་པའི་བླ་མ་གདན་ཟུར། ཕྱོགས་ཀྱི་བླ་སྤྲུལ་དགེ་བཤེས་དུ་མ་སོགས་ཚོགས་པ་ཉིས་སྟོང་བདུན་བརྒྱ་སྐོར་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ཨཎྜ་ཨུ་ལའི་གཙུག་ལག་ཁང་དུ་སློབ་དཔོན་འཇིགས་མེད་འབྱུང་གནས་ལ་དངོས་སུ་གནང་བའི་སྨིན་བྱེད་དབང་གི་བཀའ་བབས་གཅིག་ཏུ་དྲིལ་བ་རྡོ་རྗེ་ཕྲེང་བའི་དབང་རྫོགས་པར་བསྐུར་ཚུལ་བསྡུས་པ་ཉིན་བཅོ་བརྒྱད་པའི་ལུགས་སུ་སྩལ་ཏེ། རྡོ་རྗེ་རིགས་ཀྱི་གདུལ་བྱ་མཐའ་དག་ཡིད་ཀྱི་བུམ་བཟང་བྱིན་རླབས་བདུད་རྩིའི་ཟིལ་མངར་གྱིས་ཡོངས་སུ་གཏམས་པས་རབ་དགའི་གླུ་དབྱངས་སྲིད་རྩེའི་བར་དུ་སྒྲོགས་པར་གྱུར་ཏོ། །སླར་ཡང་ཧལ་ཧ་བླ་མས་ཞུས་ངོར་གཟིམས་ཆུང་དུ་དོན་གཉེར་ཅན་བརྒྱ་ལྷག་ལ་བླ་མ་མཆོད་པ་དང་འབྲེལ་བའི་དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཤིན་ཏུ་རྒྱས་པ་རྒྱ་བོད་ཀྱི་གྲུབ་མཐའ་སོ་སོའི་ལྟ་བའི་ཁྱད་པར་དང༌། ལྷག་པར་བོད་སྔ་མ་མང་པོས་བཞེད་ཚུལ་མི་འདྲ་བའི་སྤུ་རིས་ཕྲ་ཞིང་ཞིབ་པ། རྗེ་བླ་མའི་རིང་ལུགས་འདི་ཐམས་ཅད་ལས་ཁྱད་དུ་ཐོན་ཚུལ་སོགས་གསུང་བཤད་མཐའ་ཆོད་ཅིང་མྱོང་སྟེང་དུ་བསྐོར་ཏེ་གཏན་ལ་འབེབས་ཚུལ་གྱི་མན་ངག་ཞིབ་རྒྱས་སུ་སྩལ་ཏེ། མཇུག་ཏུ་ཐམས་ཅད་ཀྱིས་རང་རང་གི་བློ་ནུས་དང་བསྟུན་ནས་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་གནང་ལ་བག་ཆགས་ཅི་ཐེབས་རེ་ཅིས་ཀྱང་བྱེད་དགོས་ཞེས་རྒྱུན་གྱི་བཀའ་ཆོས་དང་མི་འདྲ་བར་ནན་ཏན་ཤིན་ཏུ་ཆེ་བ་མཛད། དྲུག་པའི་ནང་དུ་ཝང་གི་ཨུརྒེར་གདན་དྲངས་ཏེ་བསྙེན་བཀུར་གཟབ་རྒྱས་ཞུས་ཤིང་སྐུ་རིམ་འདོད་མོས་ལྟར་གནང༌། ཉེ་སྐོར་གྱི་སྡེ་པ་སོ་སོས་
གདན་དྲངས་པ་ཐམས་ཅད་ལ་སྡེ་འདི་དགོན་པའི་སྦྱིན་བདག་ཐུན་མོང་མ་ཡིན་པ་ཡིན་ཞེས་ཤིན་ཏུ་བརྩེ་བའི་སྟངས་ཀ་མཛད་ཅིང་ཆོས་བཀའ་སོགས་གང་ཞུས་ཐམས་ཅད་ཀྱིས་འདུན་པ་བསྐངས་ཏེ་བདུན་པའི་ཚེས་ལ་གདན་སར་བབས། དངོས་འབུལ་རྟ་ནོར་ལྔ་བརྒྱ་སྐོར་དང༌། ལུག་ཉིས་སྟོང་ཙམ་བྱུང་བའི་ནང་ནས་དགོན་པར་འགྱེད་ཆེན་ཞིག་གནང༌། བཅད་རྒྱའི་ཁོང་ནས་བཀའ་རྩོམ་འགའ་ཞིག་དང༌། ཀུན་མཁྱེན་གོང་མའི་གསུང་གི་བསྟན་རྩིས་ལ་ཡང་ལོ་ཚིགས་སྔ་ཕྱི་སོགས་ཀྱི་དག་ཐེར་ཞིབ་ཏུ་མཛད། ཆོས་འཁོར་རྒྱལ་གྱི་མཁན་པོ་སྤྲུལ་བའི་སྐུ་གྲགས་པ་རྒྱལ་མཚན་པ་དབུས་ནས་གསར་དུ་འབྱོར་པར་དགྱེས་པའི་བཀའ་མཆིད་དང་གསོལ་སྟོན་གནང༌། གྲྭ་ཚང་དུ་དམ་བཅའ་འཇོག་དགོས་ཀྱི་བཀའ་ཕེབས་ཏེ་ཕན་ཚུན་ཀུན་ལ་ལུང་དང་རིགས་པའི་དགའ་སྟོན་གྱི་སྐྱེས་བཟང་སྤེལ་དུ་བཅུག །རྒྱུན་པར་ཡང་དགེ་བཤེས་ཡོན་ཏན་ཅན་གྱི་རིགས་མདུན་དུ་འོང་ཚད་ལ་ཆོས་ཀྱི་འབེལ་གཏམ་ཁོར་མོ་ཡུག་ཏུ་མཛད་ཅིང་ཟླ་བོ་སོགས་ཀྱི་སྟབས་འགྲིག་ཚེ་ཚོགས་གླེང་བྱེད་པའམ། དམ་བཅའ་ཚུགས་པ་སོགས་སྒོ་དུ་མ་ནས་ཕན་ཚུན་ཀུན་གྱི་རྒྱུད་ལ་བག་ཆགས་ཁྱད་པར་ཅན་འཇོག་ཅིང༌། བློ་ཁ་འཕེལ་བའི་ཐབས་ལ་སྦྱོར་བར་མཛད་པ་ཡང་ཆོས་ཀྱིས་ངོམས་པ་མེད་པའི་རྣམ་ཐར་ཡིན་ཏེ། རྗེ་ཉིད་ཀྱི་ཞལ་ནས། རྟག་ཏུ་ལེགས་པར་བཤད་པའི་འབེལ་གཏམ་ལ། །རབ་དགྱེས་ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་དོན། །དྲི་ཞིང་རྨེད་ལ་ངོམས་པ་མི་མངའ་བ། །ཞེས་མཆོག་དམན་ཀུན་གྱི་མཐུན་སྣང་དུ་
གྲུབ་པའི་རྣམ་ཐར་དུ་རྗེ་རང་གིས་ཀྱང་ཞལ་གྱིས་བཞེས་པ་འདི་ལྟ་བུ་ནི། བློ་གྲོས་དང་ལྡན་པ་རྣམས་ཀྱིས་གདམས་པའི་ཆེ་བ་བླ་ན་མེད་པ་ཡིན་པར་ཤེས་པར་གྱིས། སྟོན་མཇུག་འདིར་གསེར་ཁང་ཆེན་མོའི་སྐྱ་བཟོ་རྫོགས་ཤིང༌། བྱམས་ཆེན་གྱི་བཟོ་ཡང་ལེགས་པར་གྲུབ། མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན་ལ་གཟུངས་གཞུག་བྲི་སྒྲུབ་སོགས་ཀྱི་མན་ངག་ཆ་ཚང་བ་ཞལ་ཏ་ཞིབ་རྒྱས་དང་བཅས་གཟུངས་གཞུག་གི་ལས་ཁུར་ཕོག་པར། ཁོང་གིས་ཀྱང་བཀའ་སྤྱི་བོས་བླངས་ཏེ་བླ་བྲང་ནས་གནང་བའི་ཐེབས་ཀྱི་སྟེང་དུ་དངུལ་སྲང་སྟོང་ཕྲག་བརྒལ་བའི་དངོས་ཆས་བསྣན་ནས། ཤིན་ཏུ་དངོས་གཙང་ཞིང་ཕྱག་ལེན་གྱི་ཆ་ཕྲ་མོ་ཙམ་ཡང་སླ་ཆོས་སུ་མ་སོང་བའི་རྣམ་པར་དག་པ་རྒྱུད་སྡེའི་དགོངས་པ་བཞིན་བསྒྲུབས་ཏེ་ཕུལ། ཕྲན་ལ་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ད་ཚང་དགོན་གྱི་བླ་མར་འགྲོ་དགོས་ཀྱི་བཀའ་ནན་ཕེབས་པར་ཁས་ལེན་ཞུས། འགྲོ་ཁའི་ཚེ་སྐྱབས་འཇུག་གི་གསོལ་བ་བཏབ་པ་ལ། བརྩེ་བ་ཆེན་པོས་ལུགས་གཉིས་ཀྱི་ཞལ་ཏ་རྒྱས་པ་དང༌། མཇུག་ཏུ་ངེད་རང་རྣམས་ད་དུང་མཇལ་ཡོང་གསུངས་པ་འབྱུང་འགྱུར་གཟིགས་པའི་གསུང་སྒྲ་ཇི་བཞིན་པ་ཡིན་འདུག་ཀྱང༌། དེ་འཕྲལ་སྙིང་ཚ་ཧང་ངེ་བ་ཞིག་བྱུང་བ་མ་གཏོགས་དོགས་གཞི་གཞན་མ་སྐྱེས་པ་ནི་ལས་ཀྱིས་བསྒྲིབས་པར་སྣང༌། ཨ་མཆོག་བདེ་མོ་ཐང་དགའ་ལྡན་ཆོས་འཁོར་གླིང་དུ་གནང་ཆ་སྩལ་བའི་ཐོག་ནས་འདུ་ཁང་ཀ་བ་བརྒྱད་ཅུ་མ་ཚོན་རྩི་ལྡེབས་རིས་དང་བཅས་རྫོགས་པར་གྲུབ་པ་ལ་བཀྲ་ཤིས་སྙེ་མའི་སྒོ་ནས་སྤྱན་དབྱེའི་ཆོ་ག་རྒྱས་པར་བསྟར། ཚོགས་པར་ཡང་མང་འགྱེད་དང་སྤྱི་འཇོག་
གནང་སྟེ་སྒྲིགས་ལམ་ཀུན་སྤྱོད་སོགས་ཀྱི་བསླབ་བྱ་ནན་ཏན་སྩལ། རོང་པ་ལྗགས་ནག་པའི་སྐྱེ་བརྒྱུད་ཀིརྟི་སྤྲུལ་བའི་སྐུ་མཇལ་བར་ཕེབས་པ་ལ་བསྙེན་བཀུར་དང་ལེགས་སྐྱེས་ཀྱི་ཤངས་ལེན་གཟབ་རྒྱས་གནང་། སྔོན་པོ་ཐང་དགོན་པས་གདན་དྲངས་པར་བྱོན་ཏེ་ལུགས་གཉིས་ཀྱིས་རེ་འབྲས་ཡོངས་སུ་སྨིན་པར་མཛད། ལོ་མཇུག་ཏུ་ཐུགས་དམ་བཅད་རྒྱ་གནང་སྟེ་ཟབ་གསང་རྡོ་རྗེའི་རྣལ་འབྱོར་ལ་གཅིག་ཏུ་གཞོལ། རེ་བཞི་པ་ལྕགས་ཕག་གི་ཟླ་བ་དང་པོའི་ཚེས་གཉིས་ལ་བཅད་རྒྱ་གྲོལ་བར་ཐམས་ཅད་ཀྱིས་གནམ་ལོ་གསར་པའི་དགའ་སྟོན་ཕུལ། གསུང་ཆོས་ལ་ཐེངས་འགའ་ཕེབས་ཏེ་སྐྱེས་རབས་ཀྱི་འཕྲོ་དང༌། རྟེན་འབྲེལ་གྱི་ཚུལ་དུ་ཉིད་ཀྱི་བཀའ་རྩོམ་པཎ་ཆེན་ཐམས་ཅད་མཁྱེན་པའི་རྣམ་ཐར་ཉི་མའི་འོད་ཟེར་གྱི་དབུ་ནས་གསུང་བཤད་གནང༌། ཚེས་བཅུ་གསུམ་ལ་རིགས་པ་སྨྲ་བའི་ཁྱུ་མཆོག་དགེ་བཤེས་བསོད་ནམས་ཀྱིས་ཚོགས་སུ་གདན་དྲངས་ཏེ་ཞབས་བརྟན་གྱི་བཤད་པ་ཕུན་སུམ་ཚོགས་པ་ཞུས། རིན་ཆེན་མཎྜལ་བཟང་པོས་ཐོག་དྲངས་ན་བཟའ་ཉེར་སྤྱད། གསེར་རྡོ་ཚད་ལྔ། མར་ཁལ་བཞི་བརྒྱ་སོགས་ཀྱིས་མཆོད་སྤྲིན་སྤྲོས། བཅོ་ལྔའི་ཉིན་སྨོན་ལམ་སྦྱིན་བདག་ཧར་ཆེན་ཐུ་མེད་ཀྱི་ཇ་ཧུ་བླ་མ་མཁས་པའི་དབང་པོ་ངག་དབང་ཤེས་རབ་ཀྱིས་ཚོགས་དབུར་སྤྱན་དྲངས་ཏེ། དངུལ་སྲང་སྟོང༌། བཟང་གོས་ཡུག་ཆེན་དུ་མ་སོགས་བདོག་པའི་དངོས་པོ་གྱ་ནོམ་པའི་ལེགས་འབུལ་རྒྱ་ཆེར་བཏེག །ཉིན་དེར་སྨོན་ལམ་གྱི་མགོན་དུ་ཕེབས་ནས་འདོན་ཆ་བྱིངས་བསྡུས་པའི་ལུགས་ལྟར་བྱས་ཀྱང༌། བསྔོ་བ་
རྒྱས་པ་དང༌། བསྟན་འབར་མ་ཡོངས་རྫོགས་གསུངས་པ་ནི། སྐུ་ཚེ་དེ་ཉིད་ལ་སྨོན་ལམ་གྱི་མགོན་དུ་ཕེབས་པའི་ཐ་མ་ཡིན་པའི་བརྡ་དང༌། སླད་ཀྱི་བསྟན་པའི་འཕེལ་རྒྱས་ལ་གཟིགས་པའི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། བཀྲ་ཤིས་ལྷུན་པོའི་འབུལ་སྡུད་པ་འབྱོར་པར་གྲྭ་མང་ལ་པཎ་ཆེན་མཆོག་གི་ན་བཟའ་སོགས་ལ་རྟེན་མཇལ་གཏོང་དུ་བཅུག་སྟེ། དངུལ་སྲང་བདུན་བརྒྱ་སོགས་གནང་ཆ་སྤམ་མཐོ་བ་བསྟར། ཉང་ཚང་ཧུ་ཐོག་ཐུ་བློ་གྲོས་ཀུན་དགའ་བསྟན་འཛིན་ཞི་བར་གཤེགས་པའི་དགོངས་རྫོགས་སྒྲུབ་མི་རྣམས་ནས་ཚོགས་སུ་གདན་དྲངས་ཏེ། ཁྱད་ནོར་དུ་མ་དང༌། དངུལ་སྲང་ལྔ་བརྒྱ་སོགས་ཀྱི་དངོས་འབུལ་བཏེག་པ་ལ་ཡང་ཐུགས་དམ་སྤྱན་དམིགས་ཤུགས་དྲག་གནང༌། ཕྱོགས་རིས་མེད་ཀྱི་མཇལ་བ་སྟོང་ཕྲག་དུ་མར་ཕྱག་དབང་སོགས་ཀྱི་སྒོ་ནས་ཐར་པའི་ས་བོན་བསྐྲུན་ཏེ་འཁོར་བ་མཐའ་ཅན་དུ་བྱས། མཚོ་སྔོན་ནས་བྱམས་ཆེན་རབ་གནས་ཀྱི་སྦྱིན་བདག་ཏུ་ཆེད་གཏད་ཀྱིས་ཕེབས་པ། བསོད་ནམས་རྡོ་རྗེ་ཝང༌། མི་འགྱུར་པེའི་སི། ཚངས་པ་ཇ་སག །འཇིགས་མེད་པེའི་ལིའི་ནུ་བོ་དཔལ་ལྡན་ཨ་བེ། མཚོ་སྐྱེས་པེའི་སའི་སྐུ་ཚབ་རྣམ་སྲས་ཐའི་ཇི་རྣམས་ནས་གང་ཅིའི་མཐུན་རྐྱེན་མཐའ་དག་ལེགས་པར་བསྒྲུབས་པའི་ཐོག་ཧོར་ཟླ་གཉིས་པའི་ཚེས་བཅུ་གཉིས་ནས་བཟུང་ཉིན་གསུམ་གྱི་རིང་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་ཉིད་ནས་དབུ་མཛད། དགོན་པའི་བླ་མ་གདན་ཟུར། སྤྲུལ་སྐུ་ཆེ་ཆུང༌། དགེ་བཤེས་ཆེ་ཁག་སོགས་དྲུག་ཅུ་སྐོར་གྱིས་རབ་ཏུ་གནས་པའི་ཆོ་ག་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་སྒོ་ནས་སྤྱན་དབྱེ་བའི་ཆོ་
ག་རྒྱུད་སྡེའི་དགོངས་པ་བཞིན་བྱས་ཏེ། སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་གཅིག་ཏུ་བསྡུས་པའི་བྱིན་རླབས་ཀྱི་གཏེར་ཆེན་པོར་བསྒྲུབས། དེ་ཡང་རབ་གནས་གྲུབ་མ་ཐག་ནས་སྐུའི་གཟི་བྱིན་ཇེ་ཆེར་སོང་བ་དེར་འཁོད་ཀྱི་མཆོག་དམན་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པས་ཀུན་ཡ་མཚན་དུ་གྱུར་ཅིང༌། དམ་པའི་སྐྱེ་བོ་འགའ་ཞིག་ལ་གཟིགས་སྣང་ཁྱད་པར་ཅན་གཞན་དང་གཞན་ཡང་མང་དུ་བྱུང་བར་སྣང༌། མཚོ་སྔོན་གྱི་དཔོན་ཁག་སོ་སོ་ནས་མཆོད་འབུལ་རྒྱ་ཆེ་བ་དང༌། དཔོན་སློབ་ཀུན་ལ་རབ་ཡོན་གྱི་འབུལ་བ། གྲྭ་ཚང་ལ་མང་འགྱེད་སོགས་ལྷ་མཆོད་མི་མཆོད་གྱ་ནོམ་པ་བསྟར་ཏེ་ཐམས་ཅད་དགྱེས་པའི་རང་བཞིན་དུ་གྱུར། སླར་སོ་སོ་ལ་ཡང་སྟོན་མོ་གཟབ་རྒྱས་དང༌། ཐོན་ཕྱག་སོགས་ཀྱི་གནང་ཆ་སྤམ་མཐོ་བ་སྩལ། དཔོན་ཚང་ནས་རབ་སྟོན་དུ་ཚོགས་པར་མང་ཇ་སྦྱོར་སྦྲེལ་གྱི་ཐོག་ཇ་བག་ཕྱེད་རེའི་སྐུ་འགྱེད་བསྟར། དེ་ཡང་བྱམས་ཆེན་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་གྱི་དོན་སྐོར་ལ་ཐོག་མཐའ་བར་གསུམ་དུ་སླ་ཆོས་ཀྱི་རིགས་ཅུང་ཟད་ཙམ་ཡང་མི་མཛད་པར་མ་ཟད། འཁོར་ལོ་གསུམ་གྱིས་བསྡུས་པའི་བསྟན་པའི་འབྱུང་ཁུངས་ཡིན་པས་རྟེན་འབྲེལ་གྱི་སྒོ་དང༌། མདོ་རྒྱུད་ནས་འབྱུང་བའི་ཆ་ཚད་དམ་པ་སྔ་མ་རྣམས་ཀྱི་ཕྱག་བཞེས་བཟང་པོའི་སྤྱན་ལྟོས་སོགས། ཆ་ཐམས་ཅད་ནས་བསྟན་པའི་དམིགས་རྐྱེན་དུ་འགྱུར་བར་དགོངས་ཏེ། གཞུང་ས་རིན་པོ་ཆེར་ཞུས་ནས། དབུ་ཆེན་མཁས་པ་གཅིག་གིས་གཙོས་ཟངས་བཟོ་དྲུག །ཤིང་བཟོ་དང༌། རྡོ་བཟོའི་དབུ་མཛད་རེ་བཅས་བོད་
ནས་བླངས། སྐུ་རྒྱུའི་ཟངས་དབུས་དང་ཁམས་ཕྱོགས་ནས་རྩོལ་སྒྲུབ་གནང་ཡང་ཧ་ཅང་ཕོན་ཆེ་བ་མ་འབྱོར་བས། གོང་མ་ཆེན་པོར་སྙན་སྒྲོན་གྱིས་ཟི་ཁྲོན་ཕྱོགས་ནས་དངུལ་སྲང་སུམ་སྟོང་དུ་ཉེ་བའི་ཟངས་སླད་མེད་རྒྱུ་གཙང་བསྒྲུབས། ཕྲ་རྒྱན་ཨིནྡྲ་ནཱི་ལ། མརྒད། རྡོ་རྗེ་ཕ་ལམ། པད་རག །ནོར་བུ་བྱི་མིག །མུ་ཏིག །གཡུ། བྱུ་རུ། མུ་མེན། སྤོས་ཤེལ། མན་ཧོ་སོགས་འགངས་ཆེ་བའི་རིགས་བླ་བྲང་མཛོད་ན་སྔར་ཡོད་ཀྱི་ཐོག །པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ནས་གནང་བའི་དུང་དཀར་གཡས་འཁྱིལ། ཀློང་རྡོལ་བླ་མ་རིན་པོ་ཆེ་སོགས་བླ་སྤྲུལ། དཔོན་རིགས་མི་ཆེན་སོ་སོས་ཕུལ་བའི་སྤྱི་ཁེབས་གསེར་སྐོར་མ་དང༌། དཔྲལ་གཡུ། ཀོང་རྣ་སོགས་བཟོ་བྱས་མ་བྱས་ཀྱི་རིན་པོ་ཆེའི་རིགས་བསམ་གྱིས་མི་ཁྱབ་པ་རིན་ཐང་གཞལ་དུ་མེད་པ་ལྟ་བུ། ཐ་ན་ཁྲི་རྒྱབ་ཡོལ་གྱི་ཕྲ་ཁུང་ལྷོང་ཆེ་བ་སོ་སོར་མདོག་དབྱིབས་སོགས་དེ་དང་དེར་གང་འཚམ་གྱི་ཤེལ་ཁ་དོག་སྣ་ཚོགས་པའི་ཕྲ་རྒྱན་ཆེད་གཏད་ཀྱིས་བསྒྲུབས་པ་ལ་ཡང་དངུལ་སྲང་སྟོང་ཕྲག་བརྒལ་བ་སོང༌། བཟོ་བོ་དབུ་ཆེན་ལ་དངུལ་སྲང་བདུན་བརྒྱ་སྐོར་དང༌། གཞན་ལྔ་ལ་བཞི་བརྒྱ་རེ། ལྷ་བྲིས་པ་དང༌། རྒྱ་བོད་ཀྱི་ཤིང་བཟོའི་འགོ་དཔོན་ཆེ་ཆུང་ཀུན་ལ་བབས་འོས་ཀྱི་དངུལ། གོས་དར། གྱོན་པ་སོགས་གནང་ཆ་སྤམ་མཐོ་བ། ལག་གཡོག་དཀྱུས་མ་སུམ་བརྒྱ་སྐོར་རེ་ལོ་གསུམ་གྱི་རིང་སྟར་ཆགས་སུ་བྱུང་བ་ཐམས་ཅད་ལ་གླ་ཕོགས་སོགས་ཡིད་ཚིམ་ངེས་པ་གནང་སྟེ། གསེར་ཁང་ཆེན་མོ་ཐོག་སོ་ལྔ་སྤེན་བད་དང་བཅས་པ། སྟེང་དུ་གསེར་གྱི་རྒྱལ་མཚན་དང༌།
གཉྫིར། ངོས་ལ་རྣམ་བཅུ་དབང་ལྡན། གྲུ་སོ་སོར་གསེར་ཟངས་ལས་གྲུབ་པའི་སེང་གེའི་གཟུགས་ཤིན་ཏུ་འཇིགས་སུ་རུང་བ་སོགས་བཀོད་པ་ཁྱད་ཐོན་པ་དང༌། ནང་གི་ལྡེབས་རིས་ལ་ཆོ་འཕྲུལ་གྱི་བཀོད་པ། སྐྱབས་མགོན་མཆོག་གི་འཁྲུངས་རབས། ཡི་དམ་ཆོས་སྲུང་དུ་མའི་སྣང་བརྙན་མཐའ་ཡས་པ། ཤིང་རྐོས་ཚོན་རིས་སོགས་ཀྱང་བཀྲ་ཤིས་ལྷུན་པོའི་གསེར་གདུང་ལྷ་ཁང་སྔ་ཕྱིའི་དཔེ་ལྟར་གྱི་ཤིན་ཏུ་སྤུས་གཙང་བ་དང༌། སྟེང་གི་ངོས་ཐམས་ཅད་ལ་མང་ནུག་དམར་སྔོན་གཉིས་ཀྱི་བླ་བྲེ་གྲས་མཚུངས་གོ་མཚམས་མེད་པར་བཀྲམ་ཞིང༌། ཧོར་གོས་ཁ་དོག་སྣ་ཚོགས་པ་དང༌། མཛོད་ཀྱི་བཅད་ལྡན་སྣ་ལྔའི་ཀ་འཕན་ཆེ་ལེགས་གྲས་མཚུངས་སོགས་མཆོད་རྫས་མཐའ་ཡས་པ་གསར་དུ་བསྒྲུབས། ནང་དུ་རྟེན་གྱི་གཙོ་བོ་བྱམས་ཆེན་མཐོང་བ་དོན་ལྡན་ཁྲི་རྒྱབ་ཡོལ་དང་བཅས་ཐོག་སོ་བཞིའི་ཚད་ཅན། བྲིས་སྒྲུབ་ཚུལ་བཞིན་དུ་བྱས་པའི་གཟུངས་གཞུག་གི་རིགས་མཐའ་ཡས་པ་དང༌། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་རྒྱ་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེའི་རིང་བསྲེལ་ན་བཟའ། དབུ་ལོ་བྱིན་རྟེན་གྱི་རིགས་ཁུངས་དག་བསམ་གྱིས་མི་ཁྱབ་པས་ཕྱུར་བུར་གཏམས་ཤིང༌། རིན་པོ་ཆེའི་ཚོགས་མཐའ་ཡས་པའི་ཕྲ་ཚོམ་གྱིས་མཛེས་པར་སྤུད་པ་བཟོ་དང་གསེར་མདངས་ཕུན་སུམ་ཚོགས་པ་ཉི་འོད་འཁྱུག་པའི་གསེར་གྱི་རི་བོ་བཞིན་དུ་མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་རྒྱུད་ལ་ཐར་བའི་ས་བོན་ཁྱད་པར་ཅན་ངེས་པར་བསྐྲུན་ནུས་པ་འདི་ཉིད་སྤྱན་དབྱེའི་རིམ་པ་དང་བཅས་པ་ལེགས་
པར་གྲུབ་པའི་ཐོག་མཐའ་བར་གསུམ་གྱི་རྒྱུ་དངོས་གང་སོང་གི་རིམ་པ་དངུལ་ཐོག་ཏུ་ཕབ་ན་སྲང་ཁྲི་ཕྲག་གསུམ་དང་བཞི་སྟོང་བརྒལ་བ་སོང༌། འདིའི་ཆེད་དུ་བསམ་སྦྱོར་གྱི་འབྲེལ་བ་ཐོགས་པ་ཐམས་ཅད་ཀྱང་ཕྱི་མ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐྱེས་ནས་མགོན་པོ་བྱམས་པའི་གསུང་གི་བདུད་རྩི་ལ་སྤྱོད་པའམ། མ་འོངས་པ་ན་རྒྱལ་བ་བྱམས་པའི་བསྟན་པ་དང་མཇལ་ཏེ་ཡང་དག་པའི་ལམ་བཟང་མངོན་དུ་འགྱུར་བའི་སྨོན་ལམ་རླབས་པོ་ཆེའི་མཚམས་སྦྱོར་དར་གྱི་སྲད་བུ་རྣམ་འདྲེན་མི་ཕམ་མགོན་པོའི་ཕྱག་ཏུ་གཏད་དེ་གདུལ་བྱ་རྣམས་སྲིད་པའི་བཙོན་དོང་ནས་འདྲེན་པའི་ཐབས་མཁས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་མཛད་དོ། །མི་མཉམ་ཐུགས་བསྐྱེད་དགེ་བའི་ཚོན་རིས་ཀྱི། །སྟོང་ཕྲག་ཉི་མ་འབར་བའི་གདེངས་ཀ་ནི། །ལེགས་བྱས་མཁའ་དབྱིངས་ཁྱབ་པར་སྤྲོ་བ་བཞིན། །མཻ་ཏྲིའི་སྣང་བརྙན་ལྷུན་པོའི་དོ་ཟླ་འཕགས། །གསེར་ཞུན་རྡུལ་མང་བརྩེགས་པ་ཤར་རིའི་སྤོར། །སྒྲིབ་བྲལ་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལ། །འདབ་ཡངས་པདྨོ་རྒྱས་པའི་སྤྱན་མངའ་ན། །བྱམས་མགོན་མཛེས་སྐུའི་སྣང་བའི་དཔེ་ཟླར་འོས། །ཕོ་བྲང་གསེར་གྱི་རྒྱལ་མཚན་མངོན་མཐོ་འཆི་མེད་གནས་ལ་ཅོ་འདྲི་བགྱིད། །སྣ་ཚོགས་མཆོད་སྤྲིན་རྣམ་པར་བཀྲ་བས་དབང་གཞུའི་མཛེས་པ་དམན་པར་བྱེད། །སྲིད་ཞིའི་མཛེས་སྡུག་རྫོགས་པའི་སྙིང་པོ་མཚན་དཔེའི་དཔལ་འབར་སྐུ་དང་བཅས། །དཔག་ཡས་ངོ་མཚར་འདི་འདྲ་ཆེར་རློམ་ཕལ་གྱི་བསམ་པའི་ཡུལ་ཡང་མིན། །ཐུན་མཚམས་སྤྲིན་གྱིས་འཁྱུད་པའི་ཟླ་ཤེལ་བཞིན། །ངུར་སྨྲིག་འཆང་བ་དཀྱིལ་འཁོར་འཁོར་ལོའི་
མགོན། །གཅིག་ལས་དུ་མར་སྤྲོ་བའི་ཡེ་ཤེས་ཀྱི། །ཟླ་སྣང་རྟེན་གྱི་རྫིང་བུ་འབུམ་དུ་འཆར། །དེ་ཚེ་དགེ་ལེགས་རྒྱ་མཚོའི་དགའ་ཆར་གྱིས། །སྲིད་པའི་གདུང་སེལ་ཆོ་ག་རྫོགས་པ་ན། །སྐལ་བཟང་འབྲུག་སྒྲས་མྱོས་རྣམས་རེ་བའི་མིག །ཡིད་དགའ་ཆོས་འཛིན་སྤྲིན་གྱི་ཁོངས་སུ་གཏོད། །སྔོན་ཚེ་ཐུབ་པའི་ཅོད་པན་ནོར་བུའི་འོད། །མ་ཕམ་མགོན་ལ་བཅིངས་ཏེ་དབང་བསྐུར་བཞིན། །ཉིད་ཀྱི་ཞལ་སྐྱིན་འདི་ཡིས་མཛད་བཞེད་ན། །ཆོས་ཚུལ་འདོམས་པ་མེད་པས་ཤིན་ཏུ་ཕམ། །འོན་ཀྱང་ལྔ་ཕུང་མེ་ཏོག་འདབ་མའི་ཚོགས། །རིང་མིན་དུས་ཀྱི་རེག་པས་བསིལ་བ་ན། །ཉམ་ཆུང་སེམས་ཀྱི་སྦྲང་བུ་མ་སྨས་པར། །དགའ་ལྡན་པདྨོའི་ཚལ་དེར་དྲང་དུ་གསོལ། །ཞེས་བྱ་བ་ནི་ཡིད་ལ་བརྣགས་པའི་ཚིགས་སུ་བཅད་པའོ། །དོན་གཉེར་ཅན་ཁ་ཤས་ལ་རྒྱལ་ཐང་བའི་ལུགས་ཀྱི་གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་ཆོས་བཀའ་མང་དུ་སྩལ། རྡོ་རམས་པ་ངག་དབང་ཤེས་རབ་ཀྱིས་ཞུས་ངོར། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་ཆ་ཚང་བ། མན་ངག་ལྷན་ཐབས་ཀྱི་ལུང་སོགས་དང༌། དགེ་བཤེས་བསོད་ནམས་ཀྱིས་ཞུས་ངོར། གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལྷ་སོ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པར་གནང༌། དགེ་ཚུལ་བཅུ་དང༌། བསྙེན་རྫོགས་དོན་ལྔ་གསར་སྒྲུབ་མཛད། དེ་ཡང་གདན་ས་འདིར་བཀའ་འགྱུར་བ་བློ་བཟང་ཉི་མས་ལུང་གནང་བ་དེ་ཤིན་ཏུ་ཁུངས་དག་ཡིན་འདུག་ཀྱང༌། བར་སྐབས་སུ་ཆད་དེ་རྒྱུན་མི་བཞུགས་ཤིང༌། གཞན་
མདོ་དབུས་ཀུན་ཏུ་རྩད་གཅོད་ནན་ཆེར་མཛད་ཀྱང་རྙིང་ཕྱོགས་དང་མ་འབྲེལ་བའི་བརྒྱུད་པ་གཙང་ངེས་ཐུགས་ཚིམ་པ་ཞིག་མ་རྙེད་པར་ཡོད་པ་ལ། བྱ་ཁྱུང་གི་ཁྲིར་ཕེབས་སྐབས། ཆ་ཧར་ཕྱོགས་ནས་ཆོས་རྗེ་བློ་བཟང་བཀྲ་ཤིས་མཇལ་དུ་ཕེབས་པ་དང་གསུང་འཕྲོས་གནང་བས་ལུང་རྒྱུན་ཁུངས་བཙུན་ཡོད་པར་གཟིགས་ཏེ། སླར་བཀྲ་ཤིས་འཁྱིལ་དུ་བཀའ་འགྱུར་གྱི་ལུང་ཞིག་བྱེད་དགོས་ཀྱི་བཀའ་ཕེབས། དེ་དོན་བཞིན་ལོ་སྔ་མའི་མཇུག་ཏུ་ཁོང་ཆེད་གཏད་ཀྱིས་བྱོན་པར་བསུ་བ་ཁལ་རྟ་སོགས་དང་དགོན་པར་བཞུགས་རིང་དཔོན་གཡོག་ཀུན་ལ་ཡོ་བྱད་གང་དགོས་ཀྱི་མཐུན་རྐྱེན་ཕུལ་དུ་ཕྱིན་པ་བསྒྲུབས། དང་པོར་སྤྲུལ་སྐུ་དགེ་བཤེས་སོགས་སྙན་གསན་འབུལ་མི་སུམ་ཅུ་ཙམ་བྱུང་སྟེ། བླ་མས་ཀྱང་ལུང་གི་མགོ་ཚུགས་རྩིས་གནང་སྐབས། ད་དུང་ཉན་མཁན་ཁོ་འབྱོར་མ་བྱུང་གསུངས་ཏེ། རི་ཁྲོད་པ་རབ་རྒྱས་རང་ཡུལ་ན་ཡོད་པ་ལ་བཀའ་ཤོག་ནན་ཅན་བསྐུར་ནས་འབོད་པ་གནང༌། དེ་ནས་ལུང་གི་མགོ་བྱམས་ཆེན་རབ་གནས་ཀྱི་སྦྱོར་བ་དང་ཕྱོགས་མཚུངས་སུ་ཚུགས་རྒྱུའི་བཀོད་ཁྱབ་སྩལ། དེའི་དགོངས་གཞི་ནི་རྗེ་བླ་མ་མཆོག་གི་ཐུགས་མཁྱེན་བརྩེའི་ཡེ་ཤེས་ཀྱིས་འགྲོ་ཀུན་ནམ་ཡང་མི་གཏོང་བར་འདུ་འབྲལ་མེད་པར་རྟག་ཏུ་འགྲོགས་ཀྱང༌། ཐུན་མོང་གདུལ་བྱའི་སྣང་ངོར་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་ཏེ། སྐུའི་ཞལ་སྐྱིན་དུ་བྱམས་ཆེན་མཐོང་བ་དོན་ལྡན་དང༌། གསུང་གི་དོད་པོར་རྒྱལ་བའི་ལུང་གི་བསྟན་པ་ཆ་ཚང་བའི་བྱིན་རླབས་ཀྱི་རྒྱུན་མ་ཉམས་པ་ཞིག་གནང་བཞེད་པ་གོར་མ་
ཆག་གོ །དེར་མ་ཟད་སྔ་སོར་བོད་དུ་བཞུགས་སྐབས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་བཀའ་མཆིད་གནང་སྐབས་ཤིག་ངེད་ཀྱིས་བོད་སྔ་ཕྱིའི་མཁས་པ་ཐམས་ཅད་ཀྱི་ལེགས་བཤད་ཆ་ཚང་བ་བཀྲ་ཤིས་འཁྱིལ་དུ་འབྱོར་བ་ཞིག་བྱེད་བསམ་པ་ཡོད་གསུངས་པ་ཡང་འདི་དང་གནད་གཅིག་སྟེ། རྒྱལ་བའི་བཀའ་དང༌། འཕགས་བོད་ཀྱི་བསྟན་བཅོས་མ་ལུས་པའི་གླེགས་བམ་ཙམ་ཞིག་བཞུགས་ན་ཡང༌། དེའི་བྱིན་རླབས་ལ་བརྟེན་ནས་བཤད་སྒྲུབ་ཀྱི་བསྟན་པ་འཕེལ་རྒྱས་སུ་འགྲོ་བ་དང༌། དགོན་པར་ཕྱག་དང་སྐོར་བ་ལན་གཅིག་བྱས་པ་ཙམ་གྱིས་ཀྱང་དེ་ཐམས་ཅད་ལ་འབྲེལ་ཐོགས་པ་སོགས་དགོས་པ་བསམ་གྱིས་མི་ཁྱབ་པས། རྫ་བུམ་ཞིག་ཏུ་འབྲུ་སྣ་ཁ་ཤས་རེ་བླུགས་པ་ལ་སའི་བཅུད་དུ་བཏགས་པ་དང་མི་འདྲ་བར། གནས་ཀྱིས་གང་ཟག་བྱིན་གྱིས་རློབ་ནུས་པའི་མཐུ་དང་ལྡན་པར་བསྒྲུབས་པར་ཤེས་པར་གྱིས་ལ་བཀའ་དྲིན་རྗེས་སུ་དྲན་པར་བྱོས་ཤིག །ཆོས་ཉན་པའི་གྲངས་དེར་མཁས་པའི་དབང་པོ་ཆོས་རྒྱུན་སྤེལ་ནུས་པ་དུ་མ་ཡོད་ཀྱང༌། ཀུན་གྱི་ནང་ནས་རབ་རྒྱས་ལ་ཆེད་གཉེར་གྱིས་བཀའ་ཕེབས་པ་ནི། དེ་ཕྱིན་གྱི་ལོ་བདུན་པོ་འདིའི་བར་དུ་ཡང་ཁོང་གིས་གདན་ས་འདི་དང༌། སྐུ་འབུམ་བྱམས་པ་གླིང༌། ཅོ་ནའི་ཕྱོགས་སོགས་སུ་བཀའ་འགྱུར་གྱི་ལུང་ཚར་ལྔ་ཙམ་བྱས་ཏེ། རྒྱལ་བའི་འཕྲིན་ལས་སྤེལ་བའི་བཀའ་འགྱུར་བ་ཆེན་པོ་ཞིག་ཏུ་སོང་བ་འདི་ཉིད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་གཟིགས་པར་སྣང༌། བཀའ་འགྱུར་བ་བློ་བཟང་བཀྲ་ཤིས་ཀྱིས་ཞུས་
ངོར་ལུང་གི་བརྒྱུད་འདེབས་ཤིག་ལྗགས་རྩོམ་གནང་ཡང་སྦྱར་བྱང་མ་བཏབ་པས། ཡང་བསྐྱར་གྱིས་ཞུས་པ་ལ་མཛད་བྱང་སླར་འདྲི་ཞེས་གནང་བ་ནི་གདན་ས་འདིར་བཀའ་རྩོམ་གྱི་ཐ་མ་ཡིན་པས་སླད་ཀྱི་རྟེན་འབྲེལ་ལ་དགོངས་པར་མངོན། གསུམ་པའི་ཉེར་དྲུག་ལ་བྱ་ཁྱུང་དུ་ཆིབས་བསྒྱུར་སྐབས་དགོན་པའི་མཐའ་ནས་ཕེབས་བྱམས་ཕྱིར་བསྐོར་ཏེ་དགོན་པར་གཟིགས་པ་སོགས་རྒྱུན་ལྡན་དང་མི་འདྲ་བ་ཞིག་གནང༌། བཞི་པའི་སྨོན་ལམ་གྱི་རིང་བྱ་ཁྱུང་དུ་བཞུགས་ཏེ་ལུགས་གཉིས་ཀྱིས་རེ་བ་བསྐངས་ཤིང༌། རྒྱུད་པ་བླ་མ་གདན་ཟུར་གཉིས། བདེ་ཡངས་ཞབས་དྲུང༌། དཀའ་བུག་ཞབས་དྲུང་སོགས་དོན་གཉེར་ཅན་དུ་མ་ལ་འདོད་སྦྱར་གྱི་ཆོས་བཀའ་འགའ་ཞིག་སྩལ། རིམ་གྱིས་ཕྱག་བཏེག་སྟེ་ལྔ་པའི་ཚེས་གསུམ་ལ་སྒོ་མེ་ཆུ་ཚན་ཁར་འབྱོར། དགེ་འདུན་གུང་ཚང་ནས་ཨེམ་ཆི་རྒྱལ་མཚན་བོས་ཏེ་གསོལ་སྨན་དྲངས་ཤིང༌། བདུན་ཕྲག་གཅིག་ཏུ་ཆབ་ཚན་གྱི་འཕྲོད་བསྟེན་གནང་བས་ཅུང་ཟད་ཕན་ངོ་དོད་པ་བྱུང༌། དེའི་སེང་བར་དུ་མང་ཐོས་སྒྲུབ་ལ་གཞོལ་བ་ངག་དབང་ཉི་མ་དང༌། བློ་བཟང་རྒྱལ་མཚན་རྣམ་གཉིས་སོགས་རི་ཁྲོད་པ་བཅུ་སྐོར་ལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རྫོགས་གཉིས་ཀྱི་ཁྲིད་མན་ངག་དུ་མའི་ཟབ་གནད་དང་བཅས་པ་སྩལ། ཕྱིར་ལམ་ཤུག་ཆུ་རི་ཁྲོད་དུ་གདན་དྲངས་པར་འཇིགས་བྱེད་བཅུ་གསུམ་མའི་དབང་སྟ་གོན་དང་བཅས་པ་གནང་སྐབས་ནམ་མཁའི་ངོས་ཐམས་ཅད་འཇའ་ཚོན་ཟླུམ་པོ་དུ་མས་ཁྱབ་པ་སོགས་ལྟས་ངོ་མཚར་བ་མང་དུ་བྱུང་བས་ཀུན་ཡ་མཚན་དུ་
གྱུར། བད་ཁོར་རི་ཁྲོད་དུ་ཚེ་བློས་བཏང་གི་རི་ཁྲོད་པ་བློ་བཟང་རྒྱལ་མཚན་དང་ངག་དབང་ཉི་མ་གཉིས་ལ་དཔའ་གཅིག་དང༌། ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ལྗགས་ལུང་གནང༌། བདེ་ཆེན་དུ་སེར་སྐྱ་ལྔ་བརྒྱ་སྐོར་ལ་དངོས་སྟ་འབྲེལ་མ་བྱས་ཏེ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་ཆེན་སྩལ་ནས་ངན་སོང་གི་སྒོ་འཕར་དམ་དུ་བཅད། ལམ་གྱི་མི་ཁྱིམ་མཐའ་དག་གིས་རང་འབྱོར་དང་བསྟུན་པའི་བསྙེན་བཀུར་ཞུས་པ་ཐམས་ཅད་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ་འཁོར་བ་མཐའ་ཅན་དུ་མཛད། དྲུག་པའི་ཚེས་གསུམ་ལ་སྐུ་འབུམ་དུ་བབས། དེའི་ཚེས་དྲུག་སྟོན་པས་ཆོས་འཁོར་བསྐོར་བའི་དུས་ཆེན་གྱི་ཉིན་ཨ་ལག་ཤཱ་དགེ་སློང་སོགས་གྲྭ་པ་སུམ་བརྒྱ་སྐོར་ལ་ཀུན་རིག་གི་དབང་ཆེན་སྩལ། སྨན་པ་བླ་མ་གྲོ་ཚང་སྤྲུལ་སྐུ། སེར་རིས་སྤྲུལ་སྐུ་སོགས་དོན་གཉེར་ཅན་དུ་མ་ལ་སྨྱུང་གནས་ཆོ་ག །གནས་བཅུ་ཕྱག་མཆོད། སྨན་གྱི་རྒྱུད་བཞི་སོགས་འདོད་མོས་བཞིན་གྱི་ཆོས་བཀའ་ཅི་རིགས་གནང༌། ཁ་ཏི་ཁ་བ་སྨན་པ་དཀོན་མཆོག་ཡར་འཕེལ་གྱིས་ཞུས་ངོར་བརྒྱད་སྟོང་པའི་ལྗགས་ལུང་གནང་སྐབས་ཕྱག་གཡས་པའི་མཐེ་བོང་གིས་རྐན་ཕུག་ཏུ་ཡང་ཡང་རེག་པར་ཆོས་ཉན་པ་འགའ་ཞིག་གིས་བལྟས་པས། ཨ་དཀར་པོ་འོད་ཀྱི་རང་བཞིན་ཅན་ཞིག་གི་མཐོང་སྣང་བྱུང་བ་ནི་སྤྲུལ་བའི་བཀོད་པ་འདི་ཉིད་མི་རིང་བར་རང་བཞིན་གྱི་ཡུམ་ཆེན་མོ་ཆོས་ཀྱི་སྐུ་དག་པ་གཉིས་ལྡན་གྱི་དབྱིངས་དེར་སྡུད་པའི་བརྡ་ཐབས་སུ་མངོན། ལུང་གི་མཇུག་ཏུ་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་བཅས།
སེམས་བསྐྱེད་ཀྱི་ཆོ་ག་རྒྱས་པར་གནང་ཞིང༌། ད་སྐལ་བ་བཟང་པོ་བྱུང་ཞེས་དགྱེས་ཚོར་ཚད་མེད་པ་མཛད། བཅུ་བཞིའི་ཉིན་ཤར་ཕྱོགས་རྒྱ་མཚོའི་འགྲམ་ནས་ཐོར་གོད་ཚེ་རིང་རྣམ་རྒྱལ་ཧན་གྱི་མི་སྣ་ཁཱ་ཤུ་བོ་ཆི་ཙང་གི་དགེ་འདུན་སོགས་ཉི་ཤུ་སྐོར་དང༌། ཧལ་ཧ་དོན་གྲུབ་པེའི་ལིའི་མི་སྣ་བཅས་གསར་སླེབས་རྣམས་ཀྱིས་འབྱོར་ཕྱག་ཞུས་པར་དགྱེས་པའི་བཀའ་མཆིད་གནང༌། སོ་སོའི་མོས་པ་བཞིན་དུ་དགེ་བསྙེན་དགེ་ཚུལ་དགེ་སློང་སོགས་ཀྱི་སྡོམ་པ་ཕོག །ཁོང་རྣམས་ཀྱིས་ཞུས་ངོར་དོན་གཉེར་ཅན་ཕྱེད་དང་དྲུག་བརྒྱ་སྐོར་ལ་འཇིགས་མཛད་རྡོ་རྗེའི་སྨིན་བྱེད་ཀྱི་དབང་ཟབ་མོའི་བཀའ་དྲིན་རྫོགས་པར་བསྐྱངས། ཐོར་གོད་རྒྱལ་པོའི་ཞུ་ཡིག་གི་རྟེན་སོགས་སུ་རིན་པོ་ཆེའི་རིགས་འགངས་ཆེ་བ་མང་པོས་མཚོན་ཁྱད་ནོར་དུ་མ་དང༌། དངུལ་སྲང་ཉིས་སྟོང་དུ་ཉེ་བ་སོགས་དངོས་འབུལ་གཏོས་ཆེ་བར་བྱུང་བ་ཀུན་ལ་བབས་འོས་ཀྱི་བཀའ་ལན་སོགས་འཚེམ་མེད་དུ་སྩལ། གྲོ་ཚང་སྤྲུལ་སྐུས་གསོལ་བ་བཏབ་པ་བཞིན་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་དབང་ཆེན་དང༌། རྒྱུད་གྲྭ་སྤྱི་ནས་ཞུས་ངོར་བདེ་གསང་འཇིགས་གསུམ་གྱི་ཆོ་གའི་ལྗགས་ལུང་གནང༌། རྟ་ཚག་རྗེ་དྲུང་རིན་པོ་ཆེ་རྒྱ་ནག་ཏུ་བྱོན་པའི་ལམ་ནས་སྐུ་འབུམ་དུ་ཕེབས་ཏེ་མཇལ་འཛོམ་གནང་བཞེད་ཡོད་ཀྱང༌། བར་སྐབས་སུ་འཇམ་དབྱངས་གོང་མ་ཆེན་པོ་ནས་སླར་བོད་དུ་ཕེབས་ཏེ་རྒྱལ་ཚབ་གནང་དགོས་ཀྱི་བཀའ་བབས་པས། ཕྱག་མཛོད་ནང་སོ་ངོ་གཡོག་འཚམས་ཞུས་སུ་འོངས་ཏེ། ཞུ་ཤོག་རྟེན་ཆས་རྣམས་ཕུལ་བར། ཐུགས་ནང་ཉེ་བའི་གསུང་ལན་ཞིབ་རྒྱས་ཆིབས་ཆེན་གཉིས་ཀྱིས་གཙོས་པའི་ལེགས་
སྐྱེས་གྱ་ནོམ་པ་བཅས་འབུལ་བ་གནང༌། བསྒྲུབ་བྱ་ཞེ་དྲུག་ལ་བསླབ་པའི་གཞི་བཅུ་འཛིན་པའི་དགེ་ཚུལ་གྱི་སྡོམ་པ་ཕོག་ཅིང༌། ཉེར་གཅིག་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། ཚོགས་ཆེན་དང་གྲྭ་ཚང་སོ་སོར་མང་འགྱེད་བསྟར་ཞིང༌། ལྷ་ཁང་ཆེན་མོ་སོགས་སུ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་སྨོན་པ་ཤུགས་དྲག་རྒྱུན་རིང་དུ་གནང༌། དེར་བཀའ་ཆོས་སྔ་ཕྱིའི་སྐབས་སུ་གྲྭ་པ་ཕལ་ཆེར་ཡིད་སྐྱོ་ཆིང་ངེ་བས་མཆི་མ་རང་དབང་མེད་པར་འཆོར་བ་ཡང་ཡང་བྱུང་ཞིང༌། ལྷག་པར་དེ་ནས་ཆིབས་བསྒྱུར་པའི་ཉིན་གྲྭ་པ་ཐམས་ཅད་སྐྱོ་ཤས་ཀྱི་དབང་གིས་འབྲལ་མི་ཕོད་པ་དང་རྗེ་ཉིད་ནས་ཀྱང་ལྷག་པར་ཐུགས་བརྩེ་བས་སྟངས་ཀ་མཛད། དེ་ནས་བྱ་ཁྱུང་དུ་ཕེབས་ཏེ་བདུན་པའི་ཚེས་གཅིག་ནས་བཟུང་བརྩི་བཞག་གནང༌། དགོན་པའི་སྒྲིགས་ལམ་སྤྱི་དང་ཁྱད་པར་སློབ་གཉེར་བྱེད་ལུགས་སོགས་ཀྱི་ཚོགས་གཏམ་ཞིབ་རྒྱས། ལས་ཚན་སོ་སོར་ཡང་སྒྲིགས་ཀྱི་རྟིང་གནོན་བྱེད་ཚུལ་སོགས་བསླབ་བྱ་ཞིབ་ཏུ་གནང༌། རང་རང་གི་འདོད་སྦྱར་གྱི་ཆོས་བཀའ་ཆེ་ཆུང་དང༌། གསུང་རབ་མང་པོའི་དཀའ་གནས་ལ་དྲི་བ་ཞུས་པ་ཐམས་ཅད་ཀྱང༌། ཁམས་དང་མོས་པ་བཞིན་དུ་རྗེས་སུ་བཟུང་བས་གྲྭ་སློབ་ཐམས་ཅད་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་རྙེད། དགོན་པའི་མཆོད་གཞིས་སུ་གཏོགས་པ་ཐམས་ཅད་དུ་འབྲུ་བསོད་ལ་སྐུ་དངོས་ཀྱིས་ཕེབས་ཏེ་མཆོག་དམན་མཐའ་དག་ལ་འདོད་ཆོས་དང་ཕྱག་དབང་སོགས་བརྩེ་གཟིགས་ཀྱིས་
ཐར་པ་བླ་ན་མེད་པའི་ས་བོན་བསྐྲུན། ཨ་ཁྱུང་གནམ་རྫོང་དུ་ཕེབས་སྐབས་མཁས་པ་མི་གསུམ་གྱི་སྒྲུབ་ཁང་དུ་སྤྱན་འདྲེན་ཁྲུས་གསོལ་དང་བསྔོ་བ་སྨོན་ལམ་བསྟན་འབར་མ་སོགས་གསུངས་ཏེ་སྤྱན་དམིགས་རྒྱུན་རིང་མཛད། དཀོན་གཉེར་གྱིས་འདིའི་གནས་བདག་གང་ཡིན་ཞུས་པར། གཞན་མི་ཤེས་ཀྱང་མདང་རྨི་ལམ་དུ་མི་དཀར་པོ་རྒྱ་ཆས་སྤྲད་པ་གཉིས་འོང་བ་ཞིག་རྨིས་གསུངས། དེའི་མཚན་མོ་ཡང་མནལ་ལམ་དུ་གྲྭ་པ་འགའ་ཞིག་གིས་དཔེ་ཆ་མང་པོ་ཞིག་ཕུལ་བའི་ཁྲོད་ནས་གཅིག་གི་རྒྱབ་ཡིག་ལ་གཟིགས་པས་ཐར་པར་འཇུག་པའི་གྲུ་བོ་ཆེ་ཟེར་བ་དང༌། དེའི་འོག་ན་བུ་སྟོན་གྱིས་མཛད་ཅེས་མཆན་ཞིག་ཀྱང་བཏབ་འདུག་པ་རྨིས་གསུངས་པ་ནི། སྔོན་དང་ཕྱི་མའི་རྟེན་འབྲེལ་གྱི་གནད་མང་པོ་ཚང་བ་ཞིག་ཡིན་འདྲ་ཡང༌། འཕགས་ཆེན་དམ་པའི་གསང་བ་ཟབ་མོར་ཚུར་མཐོང་གི་བློས་ཁ་ཚོན་གཅོད་མི་ནུས་པས་བཏང་སྙོམས་སུ་བཞག་གོ །དེར་ཕེབས་པ་ནས་བཟུང་བཞེས་པ་ཆེར་མི་གནང་ཞིང༌། ཞལ་ནས་ཀྱང་བདག་ལ་ཟས་ཀྱི་འདོད་པ་མེད་གསུངས་པ་ནི་དགོངས་པ་གཏད་པའི་བརྡར་མངོན་ལ། གནས་དེར་དག་པའི་ཞིང་དུ་འབྱོན་པར་བསྐུལ་བའི་གཟིགས་སྣང་ཁྱད་པར་ཅན་ཞིག་ཀྱང་བྱུང་བ་གདོན་མི་ཟའོ། །དགུ་པའི་ཟླ་མཇུག་ལ་སྒོ་མེ་ཆུ་ཚན་དུ་ཁོར་ཙམ་ཕེབས་ནས་འཕྲོད་བསྟེན་གནང༌། དེ་སྐབས་གདན་ས་ནས་སྤྱི་གཉེར་སོགས་འཚམས་ཞུས་པ་འབྱོར་ཏེ། དགེ་བསྐོས་གསར་པའི་འོས་ཐོ་ཕུལ་བར། ད་རེས་མིང་ལེགས་པ་ཞིག་བསྐོ་དགོས་གསུངས། དབྱར་ཐོག་ཕྲན་ལ་རྔ་བར་དགོན་པ་གསར་རྒྱག་གི་དོན་དུ་འགྲོ་དགོས་པའི་
བཀའ་ཤོག་བྱུང་བ་ལྟར་ཕྱིན་ནས། ཟུང་འཕན་ཏཱ་ཞིན་དེར་འོང་བ་དང་དངོས་ཕྲད་ཀྱི་ཐོག་དགོན་པའི་གཞི་འདིང་རྒྱུའི་ལས་དོན་རྣམས་ལེགས་པར་གྲུབ་པའི་གནས་ཚུལ་གྱི་ཞུ་ཡིག་ཕུལ་བ་སྤྱན་ལམ་དུ་བསྟར་བས་དགྱེས་ཚོར་ཆེ་བར་མཛད་དོ། །དེ་ཡང་སྐྱེ་བོ་བློ་གྲོས་ཀྱི་ནོར་དང་ལྡན་པ་ཞིག་གིས་རྗེ་བླ་མ་མཆོག་འདིའི་མཛད་པའི་འཕྲིན་ལས་ཀྱི་ཕྱོགས་རེ་རེ་ཙམ་མཐོང་ན་ཡང་རིང་མོ་ཞིག་ནས་གོམས་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པས་མཁའ་མཉམ་བསྟན་འགྲོ་ཡོངས་ཀྱི་སྲོག་ཟུངས་ཁོ་ནར་འགྱུར་ཚུལ་དང༌། མཁས་བཙུན་བཟང་གསུམ་ཡ་མ་བྲལ་བའི་འཕགས་ཆེན་དམ་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་འབའ་ཞིག་ཏུ་དཔོག་པར་ནུས་མོད་ཀྱང༌། རང་དང་སྐལ་བ་མཉམ་པ་རྣམས་ཀྱིས་གོ་བདེ་བའི་ཕྱིར་ཕྱོགས་གཅིག་ཏུ་བསྡེབས་ཏེ་ཉུང་ཟད་ཙམ་ཞིག་བརྗོད་ན་འདི་ལྟ་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པའི་ཞལ་ནས། ཁྱོད་ནི་སྔོན་དུས་དཔག་མེད་བསྐལ་པ་ནས། །སངས་རྒྱས་གསེར་ཐུབ་དྲུང་དུ་ཐུགས་བསྐྱེད་དེ། །འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་རབ་བཞེས་པས། །དམ་བཅའི་སྨོན་ལམ་གྲུབ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་སྔོན་སངས་རྒྱས་གསེར་ཐུབ་ཀྱི་དྲུང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། དེ་ནས་བརྩམས་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་ཞུམ་པ་མེད་པར་བསླབས་པས་ཚོགས་གཉིས་ཀྱི་ལུས་རྩལ་ཡོངས་སུ་རྫོགས་ཏེ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྣམས་ཀྱི་དོན་དུ་སྤྲུལ་བའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྟོན་པར་
མཛད་ཅིང༌། ཁྱད་པར་དུ་ཡང་རྣམ་འདྲེན་ཤཱཀྱ་སེང་གེའི་མདུན་སར་ཆོས་སྨྲ་བའི་སྤོབས་པ་བླ་ན་མེད་པ་རྒྱལ་བའི་སྲས་པོ་དྲི་མེད་གྲགས་པ། མཐའ་བྲལ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་རིག་འཛིན་སར་གཤེགས་གྲུབ་པའི་དཔའ་བོ་སངས་རྒྱས་བསྐྱངས། དངོས་སྟོབས་རིགས་པའི་དཔུང་གིས་སྨྲ་ངན་འདམ་བུའི་ཚལ་ཀུན་འཇོམས་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཀླུ་སྒྲུབ་ལུགས་བཟང་མདོ་སྔགས་ཟུང་འཇུག་ཀུནྡའི་དགའ་ཚལ་བཞད་པར་མཛད་པ་དཔལ་ལྡན་ཟླ་བ་གྲགས་པ། འཕགས་མཆོག་འཇམ་པའི་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། འབྲོམ་སྟོན་ཐུགས་ཀྱི་སྲས་མཆོག་བཀའ་གདམས་བསྟན་པའི་སྲོག་ཤིང་པོ་ཏོ་བ་རིན་ཆེན་གསལ། ཐབས་ཤེས་གཅོད་ཀྱི་གདམས་པས་བདུད་བཞི་རང་སར་གྲོལ་བ་མ་ཅིག་སྲས་པོ་སྟོང་སྡེ་ངག་གི་དབང་ཕྱུག །འཇམ་མགོན་རྒྱལ་བ་གཉིས་པའི་རིགས་ཀྱི་ཅོད་པན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དབུ་མ་པ་དཔའ་བོ་རྡོ་རྗེ། མངོན་སྤྱོད་ལས་ཀྱི་རྩེ་བརྒྱ་གདེངས་པས་མ་རུངས་བསྟན་དགྲ་ཕྱེ་མར་བརླགས་མཛད་ཞྭ་ལུ་བ་ལེགས་པ་རྒྱལ་མཚན། རྒྱུད་པ་གཉིས་ཀྱི་གདམས་པའི་བཀའ་བབས་གཅིག་ཏུ་འདྲེས་པའི་གསང་མཛོད་འཛིན་པ་རྒྱུད་ཆེན་བརྩོན་འགྲུས་འཕགས། སྙན་བརྒྱུད་མན་ངག་བདུད་རྩིས་སྐལ་བཟང་གདུལ་བྱ་མཐའ་དག་ཚིམ་པར་མཛད་པ་རྒྱུད་ཆེན་དཀོན་མཆོག་རྒྱ་མཚོ། འཇམ་མགོན་རྒྱལ་བ་གཉིས་པའི་བཤད་སྒྲུབ་བསྟན་པ་ཡོངས་ཀྱི་མངའ་བདག་ཀུན་མཁྱེན་
འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས། གསེར་གྱི་རི་བོ་ལྟ་བུའི་སྐྱེས་རབས་ཀྱི་ཕྲེང་བ་རིམ་པར་བརྒྱུད་དེ་རྒྱ་བོད་གཉིས་ཀར་ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེངས་པར་མཛད། ལྷག་པར་ཡང་སྐུ་འཕྲེང་འདི་ཉིད་ལ་སྲས་བཅས་རྒྱལ་བ་ཀུན་གྱི་གསང་གསུམ་རྨད་དུ་བྱུང་བའི་མཛད་པ་མཐའ་དག་རང་ཉིད་གཅིག་པུའི་ཕྱག་མཚན་དུ་བཞེས་ཏེ། དུས་ཀྱི་ཐ་མ་སྙིགས་མའི་རང་མཚང་མཚོ་ལྟར་རྡོལ་བའི་སྐབས་འདིར། བློ་བཟང་འཇམ་དཔལ་སྙིང་པོའི་རིང་ལུགས་དྲི་མ་མེད་པ་མདོ་སྔགས་བཤད་སྒྲུབ་གང་གི་ཡང་གྲྭ་ཟུར་ཉམས་པ་མེད་པར་མཐའ་དབུས་ཀུན་ཏུ་སྤེལ་བ་འདི་ནི་རྣམ་ཐར་ཐམས་ཅད་ཀྱི་འགག་སྡོམ་ལྟ་བུ་ཡིན་པས། དེ་ལ་མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བཤད་པའི་བསྟན་པ་སྤེལ་ཚུལ། བཙུན་པའི་ཡོན་ཏན་བསླབ་གསུམ་ཉམས་ལེན་གྱི་སྒོ་ནས་སྒྲུབ་པའི་བསྟན་པ་སྤེལ་ཚུལ། བཟང་པོའི་ཡོན་ཏན་རླབས་ཆེན་ཐུགས་བསྐྱེད་ཀྱི་སྒོ་ནས་བསྟན་འགྲོའི་གསོས་སུ་གྱུར་པའི་མཛད་པ་རླབས་པོ་ཆེ་བདེ་བླག་ཏུ་འགྲུབ་པའི་ཚུལ་གསུམ། དང་པོ་མཁས་པའི་ཡོན་ཏན་བརྙེས་པའི་ཚུལ་ཡང༌། གནས་ཚོད་ལ་རིང་མོ་ཞིག་ནས་ཆོས་ཀུན་མངོན་པར་བྱང་ཆུབ་ཟིན་པ་ཡིད་ཆེས་ཚད་མའི་ལུང་གིས་འགྲུབ་ལ། སྐུ་འཕྲེང་འདིའི་སྣང་ཚོད་ཀྱི་དབང་དུ་བྱས་ན་ཡང༌། སྐྱེས་ཐོབ་ཀྱི་བློ་གྲོས་ཐོགས་པ་མེད་པའི་དབང་གིས་གསུང་རབ་ཀྱི་དགོངས་དོན་མ་ལུས་པ་རང་དབང་དུ་འབྱེད་པར་ནུས་པ་ཞིག་ཡོད་ཀྱང༌། སློབ་
དཔོན་ལ་མ་བརྟེན་པའི་ཡོན་ཏན་དེ་ནི། ཤེས་རབ་སྡོང་བུ་ལས། རིགས་པ་གླེགས་བམ་ལས་བསླབས་ཀྱི། །བླ་མའི་ཐད་ནས་མ་བསླབ་པ། །འཕྱོན་མའི་བུད་མེད་སྦྲུམ་མ་བཞིན། །ཚོགས་པའི་ནང་ན་མི་མཛེས་སོ། །ཞེས་གསུངས་པ་ལྟར། རང་གཞན་གང་ལ་ཡང་ཕན་པ་ཆེར་མི་འབྱུང་བས། ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་མ་ནོར་བའི་རྟེན་འབྲེལ་གྱི་གནད་འདི་ལ་རག་ལས་སོ། །ཞེས་རྗེས་འཇུག་རྣམས་ལ་འདོམས་པའི་ཕྱིར། རྗེ་བཙུན་བླ་མ་ཉིད་ནས་དང་པོར་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་གྱི་ཞབས་རྡུལ་རྙོག་པ་མེད་པ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ལེགས་པར་བསྟེན་པའི་ཚུལ། ཉིད་ཀྱི་གསན་ཡིག་ལས། བསམ་དང་སྦྱོར་བས་དམ་པའི་ཞབས་བསྟེན་ནས། །ཡིད་བཞིན་ནོར་ལྟར་རྙེད་དཀའི་ཟབ་ཆོས་ཀུན། །ངོམས་པ་མེད་པར་ཚོལ་བས་མི་ངལ་བ། །གང་དེ་ཐུབ་བསྟན་རྒྱ་མཚོའི་རྩ་ལག་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་མཁས་པའི་དེད་དཔོན་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀུན་ལ་ཐོས་བསམ་མཐར་ཕྱིན་པར་མཛད་པས། དེ་དག་གང་དང་གང་གི་དོན་ལས་བརྩམས་ཏེ་འཆད་པ་དང༌། རྩོད་པ་དང༌། རྩོམ་པ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་ཀློང་རྡོལ་ཏེ་ཚད་མར་གྱུར་བའི་མདོ་རྒྱུད་ཀྱི་གཞུང་ཆེན་མོ་གང་ཞིག་འཆད་ཀྱང༌། འོལ་ཚོད་དང་ཕྱོགས་རེ་བ་ཙམ་མ་ཡིན་པར་དོན་གྱི་ཆ་མཐའ་དག་ཉམས་འོག་ཏུ་ཚུད་པའི་དབང་གིས་གོང་འོག་འཁྲུག་པ་དང༌། སྐབས་སུ་མ་བབས་ཤིང་མི་དགོས་སར་སྤྲོ་བ་དང༌། སྤྲོས་ཏེ་བཤད་དགོས་པའི་དཀའ་གནས་རྣམས་བྱིལ་བྱིལ་བོར་ལུས་པ་དང༌། བཤད་
ཚུལ་གྱི་དབང་གིས་གཞུང་སིལ་བུར་འཐོར་ནས་དགོངས་པ་མི་ལོན་པ་སོགས་འཆད་པའི་སྐྱོན་མཐའ་དག་དང་བྲལ་ཞིང༌། སྤྱི་དོན་ཆོད་ཆེ་བ་རེ་རེའི་ནང་དུ་འགག་སྡོམ་ཆེ་ཤོས་ཐམས་ཅད་བསྡུས་ཏེ་གསུངས་པས་གཞུང་གི་སྤྱི་ཁོག་བློ་ཡུལ་དུ་འཆར་བདེ་ལ། བྱེ་བྲག་གི་དོན་ཚན་སོ་སོའི་སྐབས་ཕྱེ་སྟེ་གསུངས་པས་བརྗོད་བྱ་ཐ་དད་ཀྱི་མཚམས་མི་འཆུག་པར་ངེས་པ་སྙེད་སླ་བ་དང༌། ཚིག་དོན་སྤྲོས་ཏེ་གསུངས་པའི་ཚེ་གཞུང་གི་ཚིག་གཅིག་ཀྱང་མི་ལུས་པར་བཤད་པ་འགྲོ་བས་བློ་སྐྱེད་མཐའ་ཆོད་ཅིང༌། ལྷག་པར་རང་རང་ལ་གང་དུ་ཐེ་ཚོམ་ཡོད་པའི་ཐད་དེར་དོགས་པ་དེ་ཉིད་གསལ་བར་བཀོད་ནས་འཐད་མི་འཐད་ཀྱི་གསལ་ཁ་ལེགས་པར་ཕྱེ་སྟེ་གསུངས་པ་ན་བློ་ངོ་དང་འཕྲོད་པས་འདི་ང་རང་ལ་གསུངས་པར་འདུག་སྙམ་པ་ལྟ་བུ་རེ་ཀུན་ལ་ངེས་པར་འོངས་ཤིང༌། མདོར་ན་ཆོས་ཉན་གྱི་གྲལ་དེར་ཡོད་པའི་མཁས་པ་ཆེན་པོ་རྣམས་ལ་གཞུང་གི་དཀའ་གནས་ཀྱི་སྟེང་ནས་བློ་སྐྱེད་རྒྱ་ཆེན་པོ་དང༌། བློ་དམན་པ་རྣམས་ལ་ཡང་རང་རང་དང་འཚམ་པའི་བློ་སྐྱེད་རེ་མི་འབྱུང་མི་སྲིད་པ་ནི་གཅམ་བུ་ཙམ་མ་ཡིན་པར་གསུང་གི་བདུད་རྩི་མྱངས་པའི་སྐལ་བཟང་ཅན་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པ་ཞིག་ཡིན་ནོ། །དེར་མ་ཟད་གཞུང་ཆེན་མོ་འགའ་ཞིག་ལ་མཚམས་མཚམས་ནས་དོན་བསྡུ་ལྟ་བུའི་བཤད་པ་མདོར་བསྡུས་རེ་གནང་བ་ཚོར་ཡང༌། རྗེས་སུ་བརྟག་ཚེ་དཀའ་གནད་འགངས་ཆེ་ཤོས་རྣམས་མ་ལུས་པར་འདིའི་ཐད་དུ་འདི་གསུངས་ཞེས་བློ་ལ་འཛིན་རྒྱུ་རེ་ངེས་པར་འོང་བ་དང༌། བཤད་པ་རྒྱས་བསྡུས་གང་ཡིན་ཀྱང་གསུང་གི་
ཚིག་རིས་མ་ཉམས་པར་འཛིན་ཐུབ་ན་གང་གསུངས་དེ་གྱུ་རུ་ལུགས་སུ་བཀོད་ཚེ། ཚིག་གི་སྡེབ་སྦྱོར་ཀྱང་གསར་དུ་བཟོ་མི་དགོས་པར་ཆད་ལྷག་ཟློས་པ་སོགས་ཀྱི་སྐྱོན་གང་གིས་ཀྱང་མ་རེག་པའི་གཞུང་ཆ་ཚང་བ་གཞན་གྱི་ལོ་ཟླ་བའི་བར་དུ་བྲིས་བསུབ་མང་པོ་བྱས་པ་དག་གིས་ཀྱང་བསྒྲུན་དུ་མེད་པ་རེ་འབྱུང་ལ། ཁྲིད་སོགས་ཀྱི་སྐབས་སུ་མྱོང་བ་ལ་བསྐོར་ནས་བློ་འཆུན་ངེས་པ་གེགས་སེལ་བོགས་འབྱིན་སོགས་ཀྱི་མན་ངག་དང་བཅས་ཉམས་སུ་བླངས་བདེ་བ་དང༌། དབང་རྗེས་གནང་སོགས་ལ་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་ཕྱག་ལེན་ཐམས་ཅད་ཟུར་ཅུང་ཙམ་ཡང་མ་ཉམས་ཤིང་ལྷ་སྔགས་ཀྱི་ཆེ་བ་ཡིད་འགྱུར་ངེས་དང༌། སྐབས་ཐོབ་ཀྱི་དམིགས་རིམ་བརྡ་འཕྲོད་ངེས་པ་སོགས་གནང་བས་མདོ་སྔགས་རིག་གནས་གང་གི་སྐབས་སུ་ཡང་འཆད་ཚུལ་འགྲན་པའི་ཟླ་དང་བྲལ་བ་ཞིག་ཡོད་ལ། རྩོད་པ་ནི་མཁས་པ་འཇུག་པའི་སྒོ་ལས། རྒོལ་བ་རྣམ་གཉིས་རང་རང་གི །གྲུབ་མཐའ་བཟུང་ནས་རྩོད་པ་ནི། །སྔོན་གྱི་མཁས་པ་རྣམས་ཀྱི་ལུགས། །ཞེས་གསུངས་པ་ལྟར་འཕགས་པའི་ཡུལ་དུ་ཕྱི་ནང་གི་པཎྚི་ཏ་རྣམས་རྩོད་པའི་ཚེ་རྒོལ་ཕྱི་རྒོལ་དཔང་པོ་གསུམ་བྱས་ཏེ་གྲུབ་མཐའ་བྱིངས་ལས་བརྩམས་པའི་རྩོད་པ་ལྟ་བུ་ནི། འཆད་རྩོད་རྩོམ་གསུམ་དུ་ཕྱེ་བའི་རྩོད་པའི་ཡོན་ཏན་ཡིན་ལ། གཞུང་ཁོལ་བུར་བཏོན་ནས་དགག་སྒྲུབ་བྱེད་པ་ལྟ་བུ་བཤད་པའི་སྐབས་ཀྱི་རྩོད་པར་གསུངས་ན་ཡང༌། བོད་འདིར་ཕྱི་མ་ཙམ་ལས་སྔ་མའི་སྲོལ་ཆེར་མ་བྱུང་ངོ༌། །འོན་ཀྱང་རྗེ་བླ་མ་འདིས་ནི་སྔར་གྲྭ་སར་བཞུགས་པའི་སྐབས་སོགས་སུ་སྨྲ་བའི་དབང་ཕྱུག་ཆེན་པོར་གྲགས་པ་
དུ་མ་དང་རྩོད་པ་གནང་བའི་ཚེ་རྗེ་འདིའི་རིགས་པའི་རྣམ་འགྱུར་ལ་སུས་ཀྱང་འགྲན་དུ་མེད་པའི་ཚུལ་ཐོར་བུ་ཞིག་གོང་དུ་སོང་ཟིན་ལ། ཕྱིས་སུ་ཡང་བརྒལ་བརྟག་གི་རིགས་པའི་གསང་ཚིག་ཕྲ་མོ་རྩོད་བཞིན་པ་རྣམས་ཀྱིས་ཀྱང་ངེས་དཀའ་བ་མཐའ་དག་ནམ་ཡང་བསྙེལ་བ་མེད་པར་ཐུགས་ལ་ངེས་ཤིང༌། གཞན་གྱིས་སྒྲུབ་བྱེད་བརྒྱ་སྟོང་བཀོད་པ་ལས་ཀྱང་རྗེ་འདིས་རིགས་པའི་སྒོ་རེ་རེ་ཕྱེ་བ་དེ་རྣམ་དཔྱོད་ཅན་རྣམས་ལ་བློའི་འཇུག་པ་རྒྱས་པའི་ཕུལ་སྟེར་ཚབས་ཆེ་བ་དང༌། དགག་སྒྲུབ་བརྐྱངས་ཏེ་མཛད་སྐབས་རིགས་པ་སྔ་མ་སྔ་མ་ལས་ཕྱི་མ་འཕྲུལ་ཆེ་བ་ཤ་སྟག་གི་སྒོ་ནས་མཐར་ཕ་རོལ་པོ་ལན་གྱིས་ཕོངས་ཏེ་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པ་མ་གཏོགས། ཉིད་ཀྱི་སྤོབས་པ་ཡོངས་སུ་གཏུགས་ནས་རྩོད་པ་མཚམས་བྱས་པ་ཞིག་ཡུལ་དུས་གང་དུ་ཡང་བྱུང་ཚུལ་སུས་ཀྱང་བསྙད་དུ་མེད་དོ། །དེར་མ་ཟད་ཤིན་ཏུ་ཕྲ་ཞིང་མཛངས་པས་བློ་གྲོས་ཅན་ཞིག་གིས་ལེགས་པར་བརྟགས་ན། གསུང་རབ་ཀྱི་དགོངས་དོན་འཆད་པའི་སྐབས་ཀྱི་གསུང་ཟུར་རེ་རེ་ལ་ཡང༌། རྩོད་རིགས་ལས། སྒྲུབ་པའི་ཡན་ལག་མི་བརྗོད་ཅིང༌། །སྐྱོན་མི་བརྗོད་པ་གཉིས་པོ་དག །ཚར་བཅད་པ་ཡི་གནས་ཡིན་གྱི། །གསུངས་པ་ལྟ་བུའི་རང་གི་དམ་བཅའི་སྒྲུབ་བྱེད་ཀྱི་ནུས་པ་མ་ཐོན་ཞིང༌། ཟློག་ཟླ་ཁེགས་མི་ནུས་པ་དང༌། ཐ་ན་རྟགས་ཀྱི་ཚེར་མ་དབྱུང་ དགོས་པ་མ་བསལ་བ་ལྟ་བུའི་སྐྱོན་སྦགས་པ་ནམ་ཡང་མི་སྲིད་པས། ཐལ་དང ་ཕྱིར་སོགས་སྦྱར་མ་སྦྱར་གང་ལྟར་ཡང་གསུང་གི་ཆ་ཐམས་ཅད་ལ་རྟོག་
གེའི་རིགས་ལམ་ཡོངས་སུ་བྱང་བའི་རྒོལ་བ་མཐའ་དག་གིས་གླགས་རྙེད་པའི་གོ་སྐབས་མ་མཆིས་པ་ནི་རྩོད་པའི་ཡོན་ཏན་ཡོངས་སུ་རྫོགས་པའི་གཏན་ཚིགས་བླ་ན་མེད་པའོ། །རྩོམ་པ་ནི། དེང་དུས་ཁ་ཅིག་སྦྱར་བྱང་སྤོས་ཙམ་གྱིས་རྩོམ་པའི་མིང་བཞག་པ་ལ་དགོས་པ་ཅི་ཡང་མེད་ཅིང༌། ལ་ལས་སྙན་དངགས་ཕྱོགས་འགྲོ་རེ་ཙམ་སྦྱངས་ཏེ། ཡོངས་སུ་མ་གྲགས་པའི་མངོན་བརྗོད་ཀྱི་བརྡས་བཅིངས་པའི་ཚིགས་བཅད་དམ་དུམ་རེ་བསྒྲིགས་པ་ལ། རྩོམ་པའི་རྣམ་དཔྱོད་ཆེ་བར་རློམ་པ་དང༌། འགའ་ཞིག་ཚིག་སྦྱོར་རྣ་བར་སྙན་པའི་འགྲིག་ཙམ་ཡོད་ཀྱང་གསུང་རབ་ཀྱི་དགོངས་དོན་དང་མ་འབྲེལ་བ་རྣམས་ནི། གྲུབ་པའི་དབང་ཕྱུག་ངག་དབང་བྱམས་པའི་ཞལ་ནས། ཧ་ཅང་མངོན་བརྗོད་བརྡ་ཚིག་དམ་པ་ཡིས། །ཀུན་ནས་བཅིངས་པའི་གླེགས་བམ་གྲངས་མང་ཡང༌། །ཡི་དྭགས་ཕྱུག་པོའི་ནོར་གྱི་ཕུང་པོ་ལྟར། །སུ་ལའང་མི་ཕན་མེད་པ་ཉིད་དང་མཚུངས། །ཞེས་དང༌། འཁོར་བར་འཁོར་ཚུལ་ཐར་ལམ་བགྲོད་ཚུལ་སོགས། །ཡང་དག་དོན་གྱིས་སྟོང་པའི་ཚིག་སྦྱོར་རྣམས། །མ་ནིང་གཟུགས་མཛེས་རྒྱན་གྱིས་སྤྲས་པ་ལྟར། །མཐོང་ན་མཚར་ཀྱང་འདོད་པའི་དོན་མི་འགྲུབ། །ཅེས་གསུངས་པ་ལྟར་ཐར་བ་དོན་དུ་གཉེར་བའི་སྐྱེས་བུའི་འདོད་བྱ་ཅི་ཡང་མི་འགྲུབ་བོ། །བརྗོད་བྱ་གཞུང་གི་དོན་དང་འབྲེལ་ཡང་རྗོད་བྱེད་དམན་ན་སྐྱོན་དུ་འགྱུར་བས་གཉིས་ཀ་ཕུན་སུམ་ཚོགས་པ་ཞིག་དགོས་ཏེ། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །ཞེས་
གསུངས་པ་ལྟར་རོ། །དེ་ལ་བདག་ཉིད་ཆེན་པོ་འདི་ནི་རྒྱལ་བའི་གསུང་རབ་མཐའ་དག་ལ་ནང་བྱན་ཚུད་པས་བཀའ་རྩོམ་ཐམས་ཅད་བརྗོད་བྱ་ཟབ་ཅིང་བརླིང་ལ་འདུས་ཆེ་བ་དང༌། སྒྲ་སྙན་སྡེབ་སྦྱོར་སོགས་ཀྱི་རིག་གནས་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་རྗོད་བྱེད་སྙན་ཞིང་བརྗིད་ལ་འབྲེལ་ཆགས་པ་སོགས་ཚིག་དོན་གང་གི་ཆ་ནས་ཀྱང་མཁས་པ་རྣམས་ཀྱི་ཡིད་རང་དབང་མེད་པར་འཕྲོག་ཅིང༌། ཐུབ་བསྟན་རིན་པོ་ཆེའི་མཛེས་རྒྱན་དུ་གྱུར་པ་ཤ་སྟག་ཡིན་པ་ནི། བློ་མིག་ཡངས་པ་རྣམས་ཀྱིས་བཀླགས་པས་ཤེས་པར་འགྱུར་རོ། །ཁྱད་པར་དུ་སྙན་དངགས་རང་གི་ལམ་སྲོལ་ལ་ཡང་ལྷོ་ཕྱོགས་བཻ་ངྷརྦྷ་དང༌། ཤར་ཕྱོགས་གོ་ཌཱ་པའི་ལུགས་གཉིས་ཡོད་པ་ལས་ཤས་ཆེར་ལྷོ་པས་སྦྱོར་ཚུལ་དང་བསྟུན་ཏེ་ཚིག་སྔ་ཕྱི་སྙོམས་ཤིང་ཤིན་ཏུ་འཇམ་པའི་རྣ་བར་སྙན་པ། སྔ་མའི་ཚིག་ཕྲད་ཀྱིས་ཕྱི་མ་འབད་མེད་དུ་འདྲེན་ནུས་པས་ངག་ཏུ་བརྗོད་བདེ་ལ། ཚིག་ཉུང་ངུས་ཀྱང་དོན་རྒྱ་ཆེན་པོ་མ་འདྲེས་ཤིང་གསལ་བར་སྟོན་ཐུབ་པ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྟ་བུ་ཡིན་ནོ། །གཉིས་པ་བཙུན་པའི་ཡོན་ཏན་བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བགྱིས་ན། སོ་སོ་ཐར་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་ཐམས་ཅད་ལ་འདོར་ལེན་ཚུལ་བཞིན་དུ་བསྒྲུབས་པས་ཉེས་ལྟུང་གི་དྲི་མས་ནམ་ཡང་མ་གོས་ཤིང༌། སྐུ་ཁམས་ཤིན་ཏུ་མ་སྙོམས་པ་ལྟ་བུའི་ཚེ་ཡང་འདུལ་བའི་ཕྱག་ལེན་ཕྲ་ཞིང་ཕྲ་མོ་ཙམ་ལའང་སླ་ཆོས་ཀྱི་རིགས་གཏན་ནས་མི་མཛད་པ་
དང༌། དེའི་དབང་གིས་སྐུ་ལས་ཚུལ་ཁྲིམས་ཀྱི་དྲི་ངད་རྒྱང་རིང་པོར་འཕྲོ་ཞིང༌། ཐ་ན་མདུན་དུ་རྒྱུན་རིང་བཞག་པའི་ཉེར་སྤྱད་སོགས་ལ་ཡང་དེའི་དྲི་མི་ཡལ་བར་སྡོད་པ་སོགས་ནི་ཀུན་ལ་མཐུན་སྣང་དུ་གྲུབ་བོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཡང་དེའི་མི་མཐུན་ཕྱོགས་མཐའ་དག་གིས་དབེན་ཞིང༌། ཁྱད་པར་མཛད་པ་གང་གནང་ཐམས་ཅད་གདུལ་བྱ་རྣམས་ལ་འཕྲལ་ཡུན་དུ་ཕན་པའི་ཐབས་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཆ་ཚང་བ་ཞིག་གནས་པའི་ཐབས་འབའ་ཞིག་གི་དགོས་པ་མ་གཏོགས། དེང་དུས་ཀྱི་བླ་ཆེན་བསྟན་པ་སྤྱིའི་མནོ་བསམ་གང་ཡང་མེད་པར། རང་གི་སྡེ་དགོན་རིས་སུ་ཆད་པ་རེར་གྲྭ་སློབ་ཡོན་བདག་ཐམས་ཅད་འཛོམ་པ་ཞིག་བྱས་ཏེ། ཆོས་བརྒྱད་ཀྱི་བང་རྩལ་འགྲན་པ་དག་གི་ངང་ཚུལ་རྒྱང་རིང་དུ་བསྲིང་བ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཡོངས་སུ་དག་པའི་ཡོན་ཏན་གྱི་སྡོམ་ཡིན་ནོ། །རྡོ་རྗེ་ཐེག་པའི་འདུལ་བ་ལ་ཡང་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་ཡིན་པར་དགོངས་ཏེ་བླ་མ་སུམ་ཅུ་བསྟེན་པའི་གཅིག་ལ་ཡང་དམ་ཚིག་གི་སེལ་ཕྲ་མོ་ཙམ་ཡང་འཇུག་མ་མྱོང་བ་སོགས། རྩ་བ་དང་ཡན་ལག་གི་དམ་ཚིག་མ་ལུས་པ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས་པས་ཉེས་ལྟུང་ཕྲ་མོས་ཀྱང་གོས་པ་མི་སྲིད་ལ། འོན་ཀྱང་ཐུགས་གཙང་བའི་ཕྱིར་སྐབས་ནམ་འགྲིག་ཏུ་བདག་འཇུག་བཞེས་པ་སོགས་ལྟུང་བ་དག་པའི་ཐབས་ལ་བརྩོན་པ་ལྷུར་བཞེས་ཏེ་ཉིན་མཚན་དུས་ཀུན་ཏུ་བག་ཡོད་པའི་བརྟུལ་ཞུགས་ལ་གནས་པས་མངོན་ལྐོག་གང་གི་སྐབས་སུ་ཡང་མཛད་སྤྱོད་ཀྱི་བབས་གཅིག་ཏུ་བཞུགས་པ་མ་གཏོགས།
ཕྱོགས་ཀྱི་ཆེ་ཆེ་མོ་དང༌། མཁས་པའི་སྐྱེ་བོ་ཅི་ཙམ་ཚོགས་ཀྱང་དེའི་མིག་སྔར་འཆོས་པ་ལྟ་བུ་གཏན་མི་སྲིད་པ་ནི། འགྲེལ་པ་དོན་གསལ་ལས། སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པས་འདི་ལ་ཕྱིན་ཅི་ལོག་གི་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་པས་བསྙེང་བས་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་ཞེས་བྱ་བ་བསྲུང་བ་མེད་པ་རྣམ་པ་གསུམ། ཞེས་གསུངས་པ་ལྟར་ཐོག་མ་ཉིད་ནས་སྤྱོད་པ་རྣམ་པར་དག་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ལ། གཞན་ཡང་སྡོམ་པ་གསུམ་གྱི་བཅས་མཚམས་སོགས་ཐུགས་དམ་དགེ་སྦྱོར་ལ་གཅིག་ཏུ་གཞོལ་བའི་སྒོམ་ཆེན་མང་པོས་ཀྱང་རྗེ་འདིའི་ཞབས་ལ་བརྟེན་པ་ན། ཡུན་ཅི་ཙམ་བསྲིངས་པ་བཞིན་དུ་རང་གི་སྤྱོད་པའི་སྐྱོན་ངོས་ཟིན་ཏེ་འཇིགས་ཞུམ་པ་དང༌། བླ་མའི་རྣམ་ཐར་ལ་དད་པ་ཇེ་ཆེར་འགྲོ་བ་ནི། བཀའ་གདམས་གོང་མ་རྣམས་ཀྱིས། བཀྱེད་ཀྱིན་གསལ་བ་ཧས་པོའི་གངས་ལྟ་བུ། །བཏུད་ཀྱིན་གསལ་བ་རྨ་བྱའི་མདོངས་ལྟ་བུ། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་བླ་མའི་ཆེ་བ་རྨད་དུ་བྱུང་བ་ཡིན་གྱི། ད་ལྟ་མཁས་པ་དང་བཙུན་པའི་དཔེར་བྱེད་པ་མ་མཐོང་རྒྱང་ན་སྒྲ་ཆེ་བ་ཕལ་ཆེར་ལེགས་པར་བཏུད་ན་བོང་བུའི་འོ་མ་བསྲུབས་པའི་དཔེར་འགྲོ་བ་མང་བར་སྣང་ངོ༌། །དེར་མ་ཟད་སྟོད་ཛ་ཏིའི་མེ་ཏོག་བཀྲ་བ་ནས་ཤར་ཕྱོགས་རྒྱ་མཚོའི་མཐའ་བར་གྱི་ཆེ་དགུ་མ་ལུས་པའི་ཟུར་ཕུད་ནོར་བུའི་རྩེ་ཕྲན་གྱིས་གང་གི་ཞབས་སྐྱེས་པདྨོར་ཉེ་བར་བཏུད་པ་འདི་ཡང་སྟོབས་འབྱོར་ཁ་དྲག་སོགས་ཀྱིས་བསྡུས་པ་མ་ཡིན་པས། ཚུལ་ཁྲིམས་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་འབྲས་རྟགས་ཡིན་ཏེ། འཇམ་མགོན་ཙོང་ཁ་པ་ཆེན་པོས། སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་གསུངས་པ་ལྟར་རོ། བསམ་གཏན་གྱི་བསླབ་པ་ལ། ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང་ལྡན་པ་ནི། གསུང་རབ་ལས་བཤད་པའི་མངོན་ཤེས་འགྲུབ་པ་ལ་སེམས་རྟེན་དེ་ལྟ་བུ་ཞིག་ངེས་པར་དགོས་ཤིང༌། རྗེ་འདི་ནི་མངོན་ཤེས་ཐོགས་པ་མེད་པའི་ཚུལ་ཐོར་བུ་གོང་དུ་སྨོས་པ་ལྟར་དང༌། ལྷག་པར་ཕ་རོལ་པོའི་སེམས་ཀྱི་རྒྱུ་བ་མཐའ་དག་མངོན་སུམ་དུ་གཟིགས་ཏེ། གཞུང་གི་དཀའ་གནས་ལ་དོགས་པ་སྐྱེས་པ་སོགས་མ་ཞུས་པར་ཡང་ཐོལ་བྱུང་དུ་གསུངས་པ་ཤིན་ཏུ་མང་བས། ཀློང་རྡོལ་གྲུབ་དབང་རིན་པོ་ཆེའི་ཞལ་ནས་ཀྱང༌། འཇམ་དབྱངས་བཞད་པ་ཚང་གིས་མཆོག་དམན་བར་མའི་སྐྱེ་བོ་ཐམས་ཅད་ཀྱི་སེམས་ལ་གང་ཤར་བ་མངོན་སུམ་དུ་གཟིགས་ཡོད་པས་ཁོང་གི་ལད་མོ་སུས་ཀྱང་མི་ཡོང་ཞེས་ཡང་ཡང་གསུངས་ཏེ། མངོན་ཤེས་འདི་ལྟ་བུ་ནི་མཉམ་མེད་ཇོ་བོ་ཆེན་པོས། ཇི་ལྟར་འདབ་གཤོག་མ་རྫོགས་པའི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །གཞན་དོན་འགྲུབ་པར་ཡོངས་མི་འགྱུར། །མངོན་ཤེས་ལྡན་པས་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་དེ། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། གཞན་དོན་སྒྲུབ་པ་ལ་ས་ཆོད་ཤིན་ཏུ་ཆེ་བས་གཙོ་བོ་ཞིག་ཏུ་མཛད་པ་ཡིན་ཏེ། དེའི་སྟེང་ན་ཡང་གདུལ་བྱ་གར་ཡོད་ཀྱི་ཞིང་དུ་འགྲོ་བ་ནས་བཟུང་
མཐར་ཟག་པ་ཟད་པར་བྱེད་པའི་བར་གཞན་དོན་སྒྲུབ་པའི་ཐབས་ཀྱི་རྣམ་པ་ཆ་ཚང་བ་ཞིག་ཡོད་པའི་ཚུལ་མདོ་སྡེ་རྒྱན་ལས། གཤེགས་ནས་སྤྱོད་པ་མཁྱེན་མཛད་ཅིང༌། །དེ་ཡི་སྐད་ཀྱི་སེམས་ཅན་གྱི། །འོང་དང་འགྲོ་བ་ངེས་འབྱུང་བ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །ཐུན་མོང་མ་ཡིན་པ་རིམ་གཉིས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པོ་བརྙེས་པའི་ཚུལ་ཡང༌། གཞུང་དོན་གྱི་དཔྱད་པར་ཐུགས་འབྱམས་པའི་ཚེ་གཞན་གྱིས་ཞུ་བ་སོགས་ཕུལ་ཀྱང་མི་གསན་པ་ཞིག་གྲྭ་སར་བཞུགས་སྐབས་ནས་ཡོད་ཀྱང༌། ཐུགས་དམ་གྱི་ཚེ་དེ་ལྟར་མཛད་པ་རྒྱ་ནག་ཏུ་ཕེབས་པ་ནས་ཡིན་ཞེས་ཞབས་འབྲིང་བ་རྟོག་དཔྱོད་ཅན་དག་གླེང༌། དེའི་དབང་གིས་དག་པའི་རྟེན་དང་བརྟེན་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་བྱུང་ཚུལ་ལོ་རྒྱུས་མང་ཡང་ལོགས་སུ་བཀོད་ཡོད་པས་འདིར་རྣམ་ཐར་ཐུན་མོང་བའི་དབང་དུ་བྱས་ཏེ་མ་བྲིས་སོ། །ལྷག་པའི་ཤེས་རབ་ཀྱང་ཇི་ལྟ་བ་དང༌། ཇི་སྙེད་པ་དང༌། སེམས་ཅན་གྱི་དོན་སྒྲུབ་ཚུལ་མཐའ་ཡས་པ་མཁྱེན་པའི་ཤེས་རབ་ཀྱི་རིགས་མ་ཚང་བ་མེད་པར་མངའ་ལ། ཁྱད་པར་སྲིད་པའི་ནད་བརྒྱ་སེལ་བའི་སྨན་གཅིག །མཐར་འཛིན་འཆིང་བརྒྱ་གཅོད་པའི་རལ་གྲི །གནས་ལུགས་སྟོང་པ་ཉིད་ཀྱི་དོན་འདི་ལ་ལྷག་པར་ནན་ཏན་མཛད་དེ། སྔ་སོར་ལྕང་སྐྱ་རྡོ་རྗེ་འཆང་གི་མདུན་ནས་རྩ་ཤེས་ཀྱི་མཛུབ་ཁྲིད་གསན་ཅིང་དམ་བཅའ་མཛད་དེ་ཉིན་རེ་བཞིན་རྣམ་བཤད་དགོངས་པ་རབ་གསལ་གྱི་སྟེང་ནས་ལྟ་བའི་དཔྱད་པ་ཚར་རེ་མ་ཆག་པར་གནང༌། ཀློང་རྡོལ་རིན་པོ་ཆེ་ནས་ཀྱང་ལྟ་བ་
ལ་ད་ལྟ་རྗེ་འདི་ལས་ལྷག་པ་མེད་གསུངས་ནས། ལེགས་བཤད་སྙིང་པོའི་བཤད་ལུང་ཆེད་གཏད་ཀྱིས་ཞུས་པ་དང༌། ལྟ་མགུར་འགྲེལ་པ་མཛད་སྐབས་ལྕང་སྐྱ་རྡོ་རྗེ་འཆང་ནས་གསུང་ཚུལ་གོང་དུ་སྨོས་པ་ལྟར། འཕགས་ཆེན་དམ་པ་རྣམས་ནང་ཕན་ཚུན་དུ་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་གཞལ་བར་བྱ་བ་ཞིག་ཡིན་འདུག་པས། རང་ཅག་ལྟ་བུས་ཇི་ལྟ་བ་བཞིན་ཤེས་པར་ག་ལ་ནུས་ཀྱང་འབྲས་བུའི་རྟགས་སུ་གྱུར་པའི་ཟབ་མོའི་ལེགས་བཤད་འདི་རྣམས་ལ་བརྟེན་ནས་དེའི་རྒྱུ་ལྷག་པའི་ཤེས་རབ་ཀྱི་ཡོན་ཏན་ལ་ཡང་མོས་པ་ཡིད་ལ་བྱེད་པ་ཙམ་རེ་ངེས་པར་བྱས་ན་སྐལ་བ་བཟང་བར་སེམས་སོ། །གསུམ་པ་བཟང་པོའི་ཡོན་ཏན་ཐུགས་བསྐྱེད་རླབས་པོ་ཆེའི་འབྲས་བུ་སྨིན་པའི་ཚུལ་ནི། རྒྱལ་བའི་སྲས་པོ་ཞི་བ་ལྷས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །ཅེས་གསུངས་པ་ལྟར་བདག་ཉིད་ཆེན་པོ་རྣམས་ནི་རང་དོན་གྱི་འཁྲི་བ་ཡོངས་སུ་སྤངས་ཏེ་མཛད་པ་མཐའ་དག་འགྲོ་བའི་དོན་དུ་འགྱུར་བ་ཞིག་ཡིན་ལ། འགྲོ་བའི་དོན་ཞེས་པ་ཡང་གནས་སྐབས་ཀྱི་ལྟོ་གོས་སྦྱིན་པ་ཙམ་ལ་མི་ཟེར་གྱི། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཞེས་གསུངས་པ་ལྟར་བསྟན་པའི་སྲོལ་སྔར་མེད་གསར་དུ་བཙུགས་ཤིང་ཉམས་པ་གསོ་བའི་སྒོ་ནས་དེ་དག་གི་ཤེས་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པ་ཞིག་གི་སྟེང་ནས་འཇོག་དགོས་པས་དབུས་གཙང་གི་ཆ་ཐམས་ཅད་དང་མདོ་སྨད་ཀྱི་ཡུལ་མཐའ་དག་ནས་བཟུང་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་ཞབས་ཀྱིས་བཅགས་ཏེ། གདུལ་བྱ་སོ་སོའི་སྐལ་བ་
ཇི་ལྟ་བ་བཞིན་དུ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་སྦྱར་ཞིང་ཐ་ན་ནད་རིམས་དང་གདོན་བགེགས་སོགས་ཀྱི་འཇིགས་པ་ལས་བསྐྱབས་པའི་ལོ་རྒྱུས་ཀྱང་བགྲང་གིས་མི་ལང་ངོ༌། །དེ་ཡང་བསྟན་པ་ཡུན་དུ་གནས་པ་ལ་དེའི་རྩ་བ་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ཏེ་གསར་འདེབས་དང་ཉམས་གསོས་ཅི་རིགས་ཀྱི་སྒོ་ནས་འཛིན་སྐྱོང་གནང་བའི་དགོན་སྡེ་ཡང་བཞི་བཅུར་ཉེ་བ་ཙམ་ཡོད་ཅིང༌། དེ་ཐམས་ཅད་དུ་ཡང་ཞལ་བདག་མཛད་པ་ཙམ་མ་ཡིན་པར་ཡུལ་དུས་དང་བསྟུན་པའི་བཤད་སྒྲུབ་ཀྱི་རྒྱུན་ཚུགས་གང་ཐུབ་དང༌། ཁྱད་པར་གདན་ས་ཆེན་པོ་འདི་ཉིད་དེ་ཐམས་ཅད་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས། གཙོ་བོར་མདོ་སྔགས་ཀྱི་འཆད་ཉན་བྱེད་ཚུལ་དང༌། དེའི་ཡན་ལག་ཏུ་གང་དགོས་པའི་རིམ་པ་གར་ཐིག་དབྱངས་གསུམ། སྨན་དཔྱད། སྒྲ་སྙན་དངགས་སྡེབ་སྦྱོར། ས་རིས། ཡིག་རིགས་སྣ་ཚོགས། པར་བརྐོས། གཏོར་མའི་བཅའ་བཟོ། འཆམ་ཆེན་དང༌། ཁྱི་ར་སྐོར་གསུམ། མེ་ཏོག་མཆོད་པ། ལྕགས་མཁར། གཏོར་སྒྲུབ། གཏོར་ཆེན་སོགས་ཀྱི་ཕྱག་ལེན་ཞིབ་ཏིག །རབ་གནས། སྦྱིན་སྲེག །གཟུངས་གཞུག །འཁོར་ལོ་བྲི་ལྟེབ། བཟོའི་རིགས་སོགས་ཆོས་སྲིད་གཉིས་ཀའི་ཆ་ནས་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་གནང༌། འདིར་ཡང་གནད་མ་གོ་བ་ཁ་ཅིག་འབྱོན་བཞུད་སོགས་ཀྱི་སྤྲོས་པ་མང་བ་ལ་ཟ་ཟིའི་གཡེང་བ་ལྟ་བུར་གོ་བ་ཡོད་མོད་ཀྱང༌། ཚུལ་འདི་ནི་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་ཞལ་ནས། ལས་དང་པོ་བ་ཡི་གང་ཟག་
བཞིན། །དོན་བྱ་བ་ཉུང་བ་ལྷུར་ལེན་པ། །སྤྱིར་དམ་པས་བསྔགས་འོས་མཆོག་ཡིན་ཀྱང༌། །ཁྱེད་སེམས་དཔའ་ཆེ་ལ་མཛེས་མ་ཡིན། །ཞེས་གསུངས་པ་ལྟར་གཞན་དོན་སྒྲུབ་པའི་ཐབས་མཁས་ཀྱི་སྤྱོད་པ་ཡིན་པས་འདོར་མི་རིགས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་བསླབ་བཏུས་སུ་དྲངས་པ་ལས། གཅིག་ཏུ་དབེན་པར་གཞོལ་བས་གཞན་དོན་རྒྱ་ཆེ་བ་དོར་ན་བྱང་ཆུབ་སེམས་དཔའི་བདུད་ལས་སུ་འགྱུར་བར་གསུངས་སོ། །སྦྱིན་བདག་རྣམས་ཀྱི་དད་འབུལ་བྱུང་བ་ཐམས་ཅད་ཀྱང་ཆུད་ཟོས་སུ་མི་གཏོང་བར་གོང་དུ་བརྗོད་ཟིན་པ་བཞིན་སྲང་བཞི་ཁྲིར་ཉེ་བས་བྱམས་ཆེན་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས། སྲང་ཉི་ཁྲིར་ཉེ་བས་འདུ་ཁང་ཆེན་མོ་གསར་བསྐྲུན། སྲང་ཁྲི་ཕྲག་བརྒལ་བའི་མཆོད་རྫས་དང་སྤྱི་འཇོག །སྲང་བདུན་ཁྲི་ལྷག་ཙམ་གྱིས་དབུས་གཙང་གཉིས་ཀར་བསྟན་པ་ལ་སྲི་ཞུ་མཛད་ཅིང༌། གཞན་ཡང་མདོ་སྨད་ཀྱི་དགོན་ཆེན་ཐམས་ཅད་དང༌། དགོན་ལག་སོ་སོར་གང་དགོས་ཀྱི་འདུ་ཁང་སྤྱི་འཇོག་མཆོད་རྫས་སོགས་ཚད་མེད་པ་གནང༌། ཕྱག་དཔེ་གསར་དུ་བསྒྲིགས་པ་ཁོ་ན་ཡང་པོ་ཏི་ཁྲི་ཕྲག་བརྒལ་བས་མཚོན་མཛད་པ་ཐམས་ཅད་ཆ་གང་ནས་བལྟས་ཀྱང་ཤིན་ཏུ་རྒྱ་ཆེ་བ། ཆེར་རློམ་ཕལ་ཆེར་གྱི་བློའི་རྭ་བ་ལས་འགོང་བས། དབུ་མ་རིན་ཆེན་ཕྲེང་བར། རྒྱ་རབས་ཆེ་ཕྱིར་རྒྱ་ཆེན་རྣམས། །བསྙེངས་བྲལ་སྤྲོ་བ་སྐྱེད་བྱེད་ཅིང༌། །དམན་རྣམས་སྤྲོ་བ་འཇོམས་བྱེད་པ། །ཞེས་གསུངས་པ་ལྟ་བུ་ཤ་སྟག་ཡིན་ནོ། །དེ་ལྟར་མཁས་བཙུན་བཟང་གསུམ་གྱི་སྙན་པར་གྲགས་པས་ནོར་འཛིན་གྱི་ཁྱོན་འདི་
ཡོངས་སུ་ཁྱབ་པ་ལ་བརྟེན་ནས། ཇི་སྐད་དུ། རྗེ་བདག་ཉིད་ཆེན་པོས། རྒྱ་ཆེན་མང་དུ་ཐོས་པས་སྒྲོ་འདོགས་བཅད། །སྐྱོན་བྲལ་སྡོམ་པ་གསུམ་གྱིས་རང་རྒྱུད་བཏུལ། །ལུང་རྟོགས་འཁོར་ལོ་གཉིས་ཀྱིས་བསྟན་པ་སྤེལ། །མཉམ་མེད་ཁྱོད་ནི་བསྟན་འཛིན་གཙུག་གི་རྒྱན། །ཞེས་གསུངས་པ་ལྟར། མཁས་པ་དང་གྲུབ་པའི་དབང་ཕྱུག་མ་ལུས་པའི་གཙུག་གི་ཅོད་པན་དུ་གྱུར་ཏེ། གནས་སྐབས་དེར་བྱུང་བའི་མཁས་པ་ལེགས་བཤད་ཀྱི་སྐྱེས་དོན་གཉེར་ཞིང་གཟུ་བོར་གནས་པའི་ཁྲོད་ན་རྗེ་འདིའི་སློབ་མར་མ་གྱུར་པ་མེད་པ་ལྟ་བུ་ཡིན་པས་ཞིབ་ཏུ་བགྲང་བར་རྔོ་མི་ཐོགས་ཀྱང༌། རགས་པ་ཙམ་སྨོས་ན་རྗེ་ཉིད་ཀྱི་བླ་མའི་ཁྲོད་ན་ཚུར་ཆོས་གསན་པ་མཁན་ཆེན་རྡོ་རྗེ་འཆང་དགེ་འདུན་རྒྱ་མཚོ། ཀློང་རྡོལ་གྲུབ་པའི་དབང་ཕྱུག་ངག་དབང་བློ་བཟང༌། འཇམ་དབྱངས་འཁོན་གྱི་གདུང་བརྒྱུད་ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་ཆོས་སྐྱོང༌། རྣལ་འབྱོར་པ་ཆེན་པོ་ཞང་ཞུང་ཡེ་ཤེས་མཐའ་ཡས། མཚན་སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་སོགས་ཡོད་ཅིང༌། དགེ་ལྡན་བསྟན་པའི་རྩ་ལག་རྒྱལ་སྲས་སྤྲུལ་བའི་སྐུ་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ཡང་རྗེ་འདི་ལས་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན་པའི་སློབ་མའི་གཙོ་བོ་ཞིག་ཡིན་ཀྱང་ཚུར་ཡང་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སོགས་ཕུལ་བས་བླ་སློབ་གཉིས་ཀར་གཏོགས་སོ། །གཞན་ཡང་སློབ་མའི་གཙོ་བོར་གྱུར་པ་དབུས་ཀྱི་ཕྱོགས་ན་རྒྱལ་དབང་མཆོག་གི་ཆོས་སྲིད་འཕྲིན་ལས་ཀྱི་བྱེད་པོ་བ་སོ་རྗེ་དྲུང་སྤྲུལ་
བའི་སྐུ་ཡེ་ཤེས་བསྟན་པའི་མགོན་པོ། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཁྲི་ཆེན་བློ་བཟང་སྨོན་ལམ། ཁྲི་ཆེན་བློ་བཟང་བཀྲ་ཤིས། བྱང་རྩེ་མཁན་པོ་བློ་བཟང་ཤེས་རབ། ཤར་རྩེ་མཁན་པོ་མངའ་རིས་པ་བློ་བཟང་སྦྱིན་པ། བྱང་རྩེ་མཁན་པོ་ངག་དབང་སྙན་གྲགས། ཤར་རྩེ་མཁན་པོ་ངག་དབང་བཀྲ་ཤིས། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས། སྒོ་མང་དཔོན་སློབ་སྐལ་བཟང་དངོས་གྲུབ། སྒོ་མང་དཔོན་སློབ་བློ་བཟང་ཆོས་དར། སྒོ་མང་དཔོན་སློབ་མཐུ་སྟོབས་ཉི་མ། བློ་གསལ་གླིང་དཔོན་སློབ་བློ་བཟང་སྦྱིན་པ། བློ་གསལ་གླིང་བླ་མ་འཕྲིན་ལས་སྙན་གྲགས། བདེ་ཡངས་བླ་མ་ཀོ་ཏུ་རལ། འདུལ་ཤག་རྒྱལ་གསུམ་གྱི་ཡང་བླ་ཐོག་ཁ་ཤས་སོགས། གདན་ས་གསུམ་གྱི་བླ་མ་སྤྲུལ་སྐུ་དགེ་བཤེས་ཀྱི་རིགས་ཕལ་ཆེ་བ་དང༌། ཉི་མ་ཐང་པ་ངག་དབང་དོན་གྲུབ། ཀོང་པོ་བླ་མ་ཆོས་མཛད་སྐལ་བཟང་བསྟན་འཛིན། མངའ་རིས་སྤྲུལ་སྐུ་བློ་བཟང་རྣམ་རྒྱལ། དགེ་བཤེས་བློ་བཟང་བསྟན་པ། དགེ་བཤེས་ཁྱབ་བདག་རྡོ་རྗེ་སོགས་སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་གྱི་དབང་པོ་ཡང་ཤིན་ཏུ་མང་ངོ༌། །གཙང་ཕྱོགས་སུ་མཁས་ཤིང་གྲུབ་པ་བརྙེས་པ་ལོ་ཆེན་རིན་ཆེན་བཟང་པོའི་སྤྲུལ་བའི་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན། པཎ་ཆེན་གོང་མའི་ཡོངས་འཛིན་བློ་བཟང་ཆོས་འཕེལ། པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་ཡོན་ཏན་རྒྱལ་མཚན། ཡོངས་འཛིན་བློ་བཟང་ཚུལ་ཁྲིམས། ཡོངས་འཛིན་བློ་བཟང་བསྟན་འཛིན། དྲུང་པ་ཧུ་ཐོག་ཐུ་བློ་བཟང་སྦྱིན་པ། ཇ་སག་བླ་མ་བློ་བཟང་མཁས་མཆོག །སྔགས་པ། ཤར་རྩེ།
དཀྱིལ་ཁང༌། ཐོས་བསམ་གླིང་བཞིའི་བླ་མ་གདན་ཟུར། དགེ་བཤེས་ཀྱི་རིགས། སྲད་རྒྱུད། རྟག་བརྟན། ཁྲོ་ཕུ། ལྷུན་པོ་རྩེ། གངས་ཅན་ཆོས་འཕེལ། སྣར་ཐང༌། ཞྭ་ལུ་རི་ཁུད། རི་མཐིལ། ཤངས་དགའ་ལྡན་ཆོས་འཁོར། དབེན་དགོན། རི་བོ་མདངས་ཅན། མཚན་སྒྲོགས། དཔལ་འཁོར་བདེ་ཆེན་སོགས་གཙང་ཁུལ་གྱི་དགོན་ཆེ་ཕྲ་དུ་མའི་བླ་མ་སོགས་ཆོས་ཀྱི་གདན་ཁྲི་འཛིན་པའི་སློབ་དཔོན་ཆེས་མང་བ་བྱུང༌། ཁམས་ཕྱོགས་སུ་བསྟན་པའི་གསལ་བྱེད་ལོ་ཆེན་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་བྲག་ཡབ་ཆེ་ཚང་སྤྲུལ་བའི་སྐུ་དཔལ་ལྡན་བསྟན་པའི་རྒྱལ་མཚན། རྔོག་ལེགས་པའི་ཤེས་རབ་ཀྱི་རྣམ་འཕྲུལ་ཆུང་ཚང་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་དབང་ཕྱུག །ཁམས་སྟོང་སྐོར་སྤྲུལ་བའི་སྐུ། ཆབ་ཚ་ཀརྨ་རིན་ཆེན་གྱི་སྤྲུལ་སྐུ། ཚ་བ་མ་ཎི་ཞབས་དྲུང༌། གླིང་གྲགས་པ་སྐུ་སྐྱེ་སོགས་དམ་པའི་སྐྱེ་བརྒྱུད་འཛིན་པའི་བླ་སྤྲུལ་ཆེ་ཆུང་དང༌། གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་དུ་བྱུང༌། མདོ་སྨད་ཀྱི་ལྗོངས་འདིར་མཁས་གྲུབ་བྱེ་བའི་གཙུག་རྒྱན་ནང་གི་ཐུགས་སྲས་དམ་པ་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མ། དགོན་ལུང་བྱམས་པ་གླིང་གི་ཁྲི་པ་ཝང་ཞབས་དྲུང་སྐལ་བཟང་ཡེ་ཤེས་དར་རྒྱས། བདེ་དགུ་དར་རྒྱས་རྒྱ་མཚོ་སོགས་ཚོགས་ཆེན་དང༌། རྒྱུད་པ་དཔོན་སློབ་ངག་དབང་བསམ་འགྲུབ། རྒྱུད་པ་དཔོན་སློབ་དམ་ཆོས་བཅས་རྒྱུད་པའི་བླ་ཐོག་ཁ་ཤས། གསེར་ཁྲི་སྤྲུལ་བའི་སྐུ་ཐུབ་བསྟན་ཉི་མ། སེམས་ཉིད་ཞབས་དྲུང་སོགས་སྐུ་
སྐྱེས་ཆེ་ཆུང་མང་པོ་དང༌། གདན་ས་ཆེན་པོ་སྐུ་འབུམ་ནས། བསྟན་པའི་སྣང་བྱེད་ཨ་ཀྱ་ཞབས་དྲུང༌། སྟག་མཚེར་དཔོན་སློབ་ཡེ་ཤེས་སྐལ་བཟང༌། མགོན་གྱ་ཞབས་དྲུང་གྲགས་པ་རྒྱལ་མཚན། ཆེ་ཤོས་དཔོན་སློབ་བློ་བཟང་བསྟན་པ། ཟི་ན་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། གྲོ་ཚང་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ། སེར་དྲིས་སྤྲུལ་སྐུ། རྒྱུད་པ་དཔོན་སློབ་མི་ཉག་ཞབས་དྲུང་ཚུལ་ཁྲིམས་བསྟན་པའི་ཉི་མ། སྨན་པ་བླ་མ་བསོད་ནམས་བསྟན་འཛིན་སོགས་བླ་མ་གདན་ཟུར་དགེ་བའི་བཤེས་གཉེན་དེ་སྐབས་བཞུགས་པ་ཐམས་ཅད་ཡིན་ལ། གསེར་དགོན་དམ་ཆོས་གླིང་ནས། སྐྱེ་དགུའི་འདྲེན་མཆོག་དམ་པ་སྨིན་གྲོལ་ནོ་མིན་ཧན་ངག་དབང་འཕྲིན་ལས་རྒྱ་མཚོ། ཞྭ་ལུ་པའི་སྤྲུལ་བའི་སྐུ། རྒྱུད་པ་ཞབས་དྲུང་སོགས་དང༌། ཆུ་བཟང་དུ་ཏཱ་ལེ་ཧུ་ཐོག་ཐུ། ཁྲི་ཟུར་འཕྲིན་ལས་དཔལ་བཟང༌། ཁྲི་པ་ཞྭ་དམར་འབྱུང་གནས། དགེ་རྒན་མཁན་པོ་མདུང་ནག་ཞབས་དྲུང༌། གདན་ས་ཆེན་པོ་བྱ་ཁྱུང་དུ་གདོང་འཇུག་དཔོན་སློབ། མདོ་པ་ཞབས་དྲུང༌། དགེ་བཤེས་ངག་དབང་བསོད་ནམས་སོགས་གྲྭ་ཚང་ཕན་ཚུན་གྱི་བླ་མ་གདན་ཟུར་དང༌། དགེ་བཤེས་རི་ཁྲོད་པ་སོགས་ཆེས་མང་ངོ༌། །གཞན་ཡང་སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ། སྟག་ལུང་སྤྲུལ་སྐུ་ཐུབ་བསྟན་ཡེ་ཤེས་རྒྱ་མཚོ། གསེར་ཐོག་ནོ་མིན་ཧན་སྤྲུལ་བའི་སྐུ། ལ་ཁ་ཏ་ལེ་ཧུ་ཐོག་ཐུ། གཙང་སྤྲུལ་བའི་སྐུ་བསྟན་པ་རྒྱ་མཚོ། མཚོ་སྔོན་ཞབས་དྲུང་མེར་གེན་པཎྚི་ཏ་སོགས་དཔའ་རིས་ཁ་སྟོད་སྨད་ཀྱི་དགོན་ཆེ་ཆུང་མཐའ་དག་དང༌། མཚོ་སྔོན་གྱི་ཆར་གཏོགས་པ་ལེགས་པར་བཤད་
པའི་བདུད་རྩི་དོན་དུ་གཉེར་པའི་ཁྲོད་ན་འདྲེན་པ་མཆོག་འདིའི་ཞབས་ལ་མ་བརྟེན་པ་འགའ་ཡང་མེད་དོ། །དེ་བཞིན་དུ་རེབ་ཀོང་གི་ཕྱོགས་སུ། གཡེར་གཤོང་སྤྲུལ་བའི་སྐུ་དགེ་འདུན་ཟླ་བ་གྲགས་པ། མཁན་ཆེན་རིན་པོ་ཆེའི་སྤྲུལ་སྐུ་དཀོན་མཆོག་ཡར་འཕེལ། ལྕང་ལུང་དགེ་འདུན་བསྟན་འཛིན། རོང་པོའི་ཁྲི་པ་དགེ་བཤེས་དཔོན་པོ། སྟག་གེ་སྤྲུལ་བའི་སྐུ། རོང་པོའི་རྒྱུད་པའི་བླ་རབས་ཁ་ཤས། ལ་མོ་བདེ་ཆེན་གྱི་སློབ་ཟུར་རྙེ་ཚང༌། རྫོང་དཀར། རྫོང་སེར། བདེ་ཆེན། ཆུ་དམར་སོགས་དགོན་དང་སྒྲུབ་སྡེ་ཕལ་ཆེར་གྱི་བླ་སྤྲུལ་ཡོད་དོ་ཅོག་དང༌། གདན་སའི་ལྷོ་རྒྱུད་ཀྱི་ཆ་ནས་ཚ་ཁོའི་རྒྱལ་ཁག་སོ་སོའི་ནང་སོ། ཕྱོགས་བཞི་ཚང༌། གཉན་རྩེ་སྤྲུལ་སྐུ། ཝམ་པ་དགེ་བཤེས། ཧམ་མཐའ་སྤྲུལ་སྐུ། ཁྲིམ་བླ་མ། ཁ་ཤེ །ཧོར། ཐང་ལ། གྲོ་གདུ་བུ་སོགས། ཚ་ཁོ་རྔ་བ་མགོ་ལོག་དབལ་ཤུལ་མཛོ་དགེ་ཟམ་ཚ་ཆེ་འཁོར་རྣམས་ཀྱི་བླ་སྡེ་ཁག་དང༌། ཨ་མཆོག་གི་མི་དོ་དཔོན་སློབ། རྔ་རྒོད་དཔོན་སློབ། སེ་ར་དགེ་བཤེས། སྔོན་པོ་ཐང་གི་འདན་ཆོས་འཁོར་མཁན་པོ། ཙ་ཡུ་ཨ་ལགས། གཙོས་བེ་རི་སྤྲུལ་སྐུ། རེབ་ཙ་བཀའ་འགྱུར་བ་བློ་བཟང་ཉི་མ། ལྷ་ཁང་ལུང་པ། ཅོ་ནེ་ཕྱོགས་ཀྱི་ཆས་པ་ཀོ་ཡུ་ནང་པ། ཁྱ་དགེ་སྤྲུལ་སྐུ་བསྟན་པ་ཆོས་ལྡན། ཆས་པ་རྒྱ་མཁར་བླ་མ་རྒན་པ། བདེ་ཐང་མཁན་པོ་སྤྲུལ་སྐུ། རེབ་ཚ་ཙི་ཞུ་སྤྲུལ་སྐུ། གུར་ཡག་བླ་མ་ངག་དབང་བཀྲ་ཤིས། ཅོ་ནེ་ནང་སོ་སོགས་དང༌། ཁ་ཀྱ་རྒན་ཀྱ། རྒྱའི་ཁ་སྟོང༌། གནམ་ལ་ཧོར་ཚང་སོགས་ཕྱོགས་འདི་
དག་གི་བླ་གྲྭ་ཐམས་ཅད་ཀྱང་ཆོས་སྲིད་གཉིས་ཀའི་བཀའ་དྲིན་གྱིས་བསྐྱངས་པའི་བུ་སློབ་ཏུ་གྱུར་པ་ཤ་སྟག་ཡིན་ནོ། །ཆེན་པོ་ཧོར་གྱི་ཡུལ་དུ་འགྲོ་བའི་འདྲེན་མཆོག་ཨ་ལག་ཤཱ་དྭགས་པ་ཀུན་གྲོལ་ནོ་མིན་ཧན། དར་རྒྱས་ནོ་མིན་ཧན། ཧལ་ཧ་འཇམ་དཔལ་རྡོ་རྗེ་ནོ་མིན་ཧན། གཙང་པ་ནོ་མིན་ཧན། ཨིལ་ཀུག་ཚན་ནོ་མིན་ཧན། ཨེར་ཏི་ནི་ཆོས་རྗེ་ངག་དབང་དཔལ་བཟང༌། ཨེར་ཏི་ནི་ནོ་མིན་ཧན་གྱི་སྤྲུལ་སྐུ་བློ་བཟང་དགེ་ལེགས། ཆེ་ཆེན་ཧན་གྱི་བླ་མ་ཡེ་ཤེས་རྒྱ་མཚོ། མཚོ་བདུན་གྱི་ཐམ་ཀ་བླ་མ་པེ་ལིག་ཐུ་ནོ་མིན་ཧན། དུས་འཁོར་པཎ་ཌི་ཏའི་སྤྲུལ་སྐུ་ཡེ་ཤེས་བསྟན་པ་དར་རྒྱས། ཆ་གན་ཏི་ཡན་ཆིའི་སྤྲུལ་སྐུ་སྐལ་བཟང་བསྟན་འཛིན་ཕུན་ཚོགས། མཚན་ཉིད་བླ་མ་སྐལ་བཟང་བསྟན་དར། ཨོང་ཉོད་དབང་ཆེན་ཐོ་ཡོན། ཨུ་ཅུ་མུ་ཆིན་ཧོ་བིལ་གན་བླ་མ། སུ་ཉིད་གཡོན་རུའི་ཐོ་ཡོན་ཆོས་རྗེ་འཇམ་དབྱངས་དགེ་འདུན་རྣམ་རྒྱལ། ཀོན་ཏུང་ཞབས་དྲུང་ཡེ་ཤེས་ཆོས་འབྱོར། སྨོན་ལམ་བླ་མ་བཀྲ་ཤིས་དར་རྒྱས། ཧར་ཆེན་ཞབས་དྲུང་ཡེ་ཤེས་ཕུན་ཚོགས། ཐུ་མེད་ལོ་ཙཱ་བ་ཞབས་དྲུང་ཡེ་ཤེས་འཇིགས་མེད་དབང་པོ། ཀྱ་ཧུ་བླ་མ་ངག་དབང་ཤེས་རབ། བཀའ་འགྱུར་སུ་མིའི་ཧོ་བིལ་གན་བླ་མ། ཨ་རུ་ཧོར་ཆེན་བླ་མ་ཞབས་དྲུང༌། གནམ་སྔོན་ཞབས་དྲུང༌། བལ་ཅོལ་བླ་མ། དུར་བེད་ལྷ་རམས་པ་རབ་རྒྱས། ཆ་ཧར་ང་ཡན་ཆི། བཀའ་འགྱུར་བ་བློ་བཟང་བཀྲ་ཤིས། ཆོས་སྐྱབས་ད་ཡན་ཆི། ནེ་མན་ཞབས་དྲུང་དཀོན་མཆོག་རྒྱལ་མཚན། ཨོ་ཐོག་ཝང་གི་ཆ་གན་ཞབས་དྲུང་སོགས། སོག་པོ་ཚོ་ཆེན་ཞེ་དགུའི་མགོན་དུ་གྱུར་པའི་བླ་མ་ཕལ་ཆེ་བ་དང༌། མཁན་པོ་
སངས་རྒྱས་འོད་ཟེར། རྒྱ་ཏིག་གྲགས་པ། མདུང་ནག་ཞབས་དྲུང༌། ཇ་སག་བླ་མ་ནམ་མཁའ་སོགས་ཕོ་བྲང་ནང་དུ་གཏོགས་པའི་བླ་མ་ཡང་མང་དུ་མཆིས་སོ། །གདན་ས་རང་ནས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྤྲུལ་སྐུ་ངག་དབང་བསྟན་པའི་རྒྱལ་མཚན། ཁྲི་ཆེན་དཔལ་ལྡན་གྲགས་པའི་སྤྲུལ་སྐུ་འཇིགས་མེད་རིགས་པའི་སེངྒེ། ཁྲི་ཆེན་ནམ་མཁའ་བཟང་གི་སྤྲུལ་སྐུ་འཇིགས་མེད་ནམ་མཁའ། རྗེ་གོང་མའི་བུ་ཆེན་ཁྲི་རྒན་རིན་པོ་ཆེའི་སྤྲུལ་སྐུ་ངག་དབང་འཇམ་དབྱངས་བཀྲ་ཤིས། སྡེ་རྒན་རིན་པོ་ཆེའི་སྤྲུལ་སྐུ་འཇིགས་མེད་ལུང་རིགས་རྒྱ་མཚོ་དང་དེའི་ཡང་སྲིད་འཇམ་དབྱངས་ཐུབ་བསྟན་ཉི་མ། སྒོ་མང་དཔོན་སློབ་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུ་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན། སྒོ་མང་དཔོན་སློབ་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ་སྐལ་བཟང་དགེ་ལེགས་རྒྱ་མཚོ། འགྱང་རོ་སྤྲུལ་སྐུ། མཚན་སྒྲོགས་མཁན་པོའི་སྤྲུལ་སྐུ་སོགས་དམ་པའི་ཡང་སྲིད་དུ་མ། གོང་དུ་སོ་སོར་སྨོས་པ་བཞིན་གདན་ས་ཆེན་པོ་འདི་ཉིད་དུ་གྲྭ་ཚང་སོ་སོའི་ཆོས་ཀྱི་ཁྲི་ལ་བཞུགས་ཏེ་བཀའ་པོཏ་ཆེན་པོ་ལྔ་དང་རྒྱུད་སྡེ་བཞིའི་འཆད་ཉན་གྱི་རྒྱལ་མཚན་སྒྲེང་བར་བྱེད་པའི་མཁས་གྲུབ་གཉིས་འཛོམ་གྱི་ཁྲི་ཐོག་པ་རིམ་བྱོན་དང༌། སྔགས་གྲྭ་ཕན་ཚུན་གྱི་བླ་རབས་གོང་གསལ་ཐམས་ཅད་ཡིན་ཞིང༌། མང་དུ་ཐོས་པའི་དོན་ལ་སྒྲུབ་པ་ལྷུར་མཛད་པའི་བུ་ཆེན་ཡང༌། གསུང་རབ་མ་ལུས་གདམས་པར་ཤར་བའི་བཤེས་གཉེན་ཆེན་པོ་རིན་ཆེན་ཆོས་བཟང༌། གཞུང་ལུགས་རྒྱ་མཚོའི་ཕ་
རོལ་ཏུ་སོན་པ་དགེ་བཤེས་བཟོད་པ། ཆོས་དྲུག་གི་རྣལ་འབྱོར་ལ་མྱོང་བ་ཐོན་པ་ངག་དབང་ཆོས་འཕེལ། ཀུན་སྤངས་ཆེན་པོ་རྔ་རྒོད་སྨྱུང་གནས་པ། འཕགས་པས་བྱིན་གྱིས་བརླབས་པ་རྗིས་ཚང་སྨྱུང་གནས་པ། ཚེ་འདིའི་འཁྲི་བ་ཆོད་པ་ཚ་ཁོ་སྨྱུང་གནས་པ། ཚེ་དང་སྒྲུབ་པ་མཉམ་པ་བློ་བཟང་མཁས་མཆོག །ཉམས་ལེན་ལ་གཅིག་ཏུ་གཞོལ་བ་སྨོན་ལམ་རྒྱ་མཚོ། བཀའ་འགྱུར་བ་འཇིགས་མེད་རབ་རྒྱས་སོགས་གདན་ས་ནས་ཐོན་པ་དང། དགོན་ལུང་དུ་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པ་ངག་དབང་རབ་བརྟན། བྱང་པ་སྒོམ་ཆེན་བློ་བཟང་ཟླ་བ། སྐུ་འབུམ་ནས་མང་ཐོས་སྒྲུབ་ལ་གཞོལ་བ་ངག་དབང་ཉི་མ། བཤེས་གཉེན་ཆེན་པོ་བློ་བཟང་རྒྱལ་མཚན། སེམས་ཉི་རབ་འབྱམས་པ་བློ་བཟང་ཡོན་ཏན་སོགས་དང༌། སྡེ་སྣོད་འཛིན་པ་ཆེན་པོ་དགེ་བཤེས་བསོད་ནམས། གསང་ཆེན་གདམས་པའི་བཀའ་བབས་བྲག་དཀར་དཀའ་བཅུ། འཇིགས་མཛད་རྡོ་རྗེའི་རྣལ་འབྱོར་བ་ཧོར་སྤྲུལ་སྐུ། བླ་མ་སངས་རྒྱས་དངོས་སུ་མཐོང་བ་མཛོ་དགེ་རི་ཁྲོད་པ་མཁས་གྲུབ་བསྟན་འཛིན། འདུལ་བ་འཛིན་པ་ཁ་གྲོས་ནང་པ། རེབ་ཚའི་བྲག་སྒོམ་པ། ཤུག་ཚང་སྒོམ་པ་ཡེ་ཤེས་སོགས་མདོར་ན་དམ་པའི་སྐྱེ་ཕྲེང་འཛིན་པའི་སྤྲུལ་སྐུ། འཆད་ཉན་གྱི་སྲོལ་ཀ་སྐྱོང་བའི་དཔོན་སློབ། ཐུགས་དམ་ཟབ་མོར་གཞོལ་བའི་ཉམས་རྟོགས་མཁན། གཞུང་ལུགས་བརྒྱ་ཕྲག་སྨྲ་བའི་དགེ་བཤེས། སྒྲ་སྙན་སྡེབ་སྦྱོར་སོགས་ལ་བྱང་བའི་ཐ་སྙད་མཁན་པོ། མཐོན་པོའི་རིགས་སུ་སྐྱེས་པའི་ལྷ་བཙུན། ཐོས་བསམ་ལ་བརྩོན་པ་ལྷུར་བྱེད་པའི་བློ་གསར་བ་སོགས་ལེགས་པར་གསུངས་པའི་ཉིན་བྱེད་ཟེར་གྱིས་བློ་
གྲོས་འདབ་བརྒྱ་མངོན་པར་ཕྱེ་སྟེ། བསླབ་གསུམ་སྦྲང་རྩིའི་སྙིང་པོ་གསལ་བར་གྱུར་པའི་བསྟན་འཛིན་པདྨོའི་ཕྲེང་བ་ཚར་དུ་དངར་བས་རྒྱ་མཚོའི་གོས་ཅན་ཡངས་པའི་ཁྱོན་ཀུན་ཅི་ཡང་མཛེས་པར་གྱུར་ཏེ། དེ་ཡང་སྔོན་སྣང་རར་བཞུགས་སྐབས་ལན་གཅིག་མནལ་ལམ་དུ། རྗེ་ཉིད་ནས་དུང་དཀར་ཞིག་འབུད་པ་གནང་བས་དེ་ལས་དུང་མང་པོ་བྱུང་ཞིང༌། དེ་རེ་རེ་ལས་དུང་རང་འདྲ་མང་དུ་ཐོན་ཏེ་ཕྱོགས་ཐམས་ཅད་དུ་ཁྱབ་པར་རྨིས་པ་ཡང་གསུང་ལས་སྐྱེས་པའི་བུ་སློབ་དང་ཡང་སློབ་ས་སྟེང་འགེངས་པ་ལྟ་བུས། ཉིད་ཀྱི་གདམས་པའི་རྒྱུན་ཕྱོགས་མཐར་སྤེལ་བ་འདིའི་མཚན་མ་ཡིན་ཏེ། བརྒྱད་སྟོང་པ་ལས། ཕྱི་མའི་དུས་ཕྱི་མའི་ཚེ་ན་བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆར་རྒྱས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱི་མའི་དུས་ནི་མདོ་གཞན་ལས་ལྔ་བརྒྱ་ཐ་མའི་དུས་སུ་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པ་དེ་དང་དོན་གཅིག་ཅིང་བྱང་ནས་བྱང་ཞེས་པ་དང༌། བྱང་གི་ཡུལ་དང་བྱང་གི་ཕྱོགས་ཀྱི་ཆ་ཞེས་པའི་བྱང་སྔ་མ་གཉིས་དབུས་གཙང་དང༌། ཕྱི་མ་གཉིས་མདོ་སྨད་ལ་བྱེད་དགོས་པ་སྤྱིར་བོད་དང་བོད་ཆེན་གཉིས་སུ་ཕྱེ་བའི་བོད་ཆེན་པོ་མདོ་སྨད་ལ་ཟེར་ཞིང༌། འདིའི་བརྒྱུད་པ་དང་པོ་དབུས་གཙང་ནས་ཆད་པས་དེའི་ཆར་གཏོགས་ལྟ་བུ་ཡིན་པས་སོ། །ལྔ་བརྒྱ་ཐ་མ་ཡང་རྟགས་ཙམ་འཛིན་པ་དང༌། ལྔ་བརྒྱ་པ་ཕྲག་བཅུའི་ཕྱི་མ་ལྔ་ལ་བྱེད་པའི་ལུགས་གཉིས་གནོད་འཇོམས་སུ་བཀོད་པ་ལས་ཕྱི་མ་གསེར་ཕྲེང་གིས་འཐད་ཕྱོགས་སུ་མཛད་པ་ལྟར་རིགས་པ་དང་ལུང་གིས་འགྲུབ་སྟེ། དེ་རྟགས་ཙམ་འཛིན་
པ་ལ་བྱེད་ན་དེའི་ཚེ་བསྟན་པ་དར་བར་བཤད་པ་དང་འགལ་ལ། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ལས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་རྒྱས་པར་འགྱུར་རོ། །ཞེས་གསུངས་པས་སོ། །དེ་བཞིན་དུ་དུས་ཚོད་ཀྱི་མཚམས་ཡང༌། ཉིས་སྟོང་ལྔ་བརྒྱའི་མཇུག་གི་ཆ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དེ་ཉིད་འཁྲུངས་ཏེ། ལྔ་བརྒྱ་ཐ་མའི་མགོ་ནས་ལོ་བཞི་བཅུ་རྩ་ལྔའི་མཚམས་སུ་ཆོས་སྡེ་འདི་ཉིད་ཕྱག་འདེབས་གནང་བ་ཡིན་པས། ལོ་ཚིགས་འདི་ཕྱོགས་གཞན་གང་ལ་ཡང་དྲང་ཐད་དུ་མི་འབྱོར་བ་སོགས་ཀྱིས་ཤེས་ནུས་སོ། །དེར་མ་ཟད་ཀུན་མཁྱེན་བླ་མ་ཉིད་ཀྱི་གསུང་ལས་ཀྱང༌། ད་དུང་ལྔ་ཕྲག་དྲུག་སྐད་བདེན་སྙམ་ནས། །ཐུབ་དབང་འཁོར་གྱི་རྒྱལ་སྲས་དཔའ་མང་གིས། །ཐུབ་བསྟན་སྤེལ་བའི་ཐུགས་བསྐྱེད་མི་འདོར་བས། །འདི་བྱས་སྐལ་མཉམ་ལ་བསམ་གཡར་ཁྲལ་འང་ཡིན། །ཞེས་ལྔ་བརྒྱ་པ་ཕྲག་དྲུག་པའི་མཚམས་འདིར་ཤེར་ཕྱིན་རྒྱས་པར་བྱེད་པའི་དམ་བཅའ་རྒྱལ་སྲས་དཔའ་བོའི་ཚོགས་དུ་མ་དང་ལྷན་དུ་ཐུབ་པའི་དབང་པོའི་སྤྱན་སྔར་ཞལ་གྱིས་བཞེས་པའི་དུས་བབས་ཀྱི་གཡར་ཁྲལ་ལྟ་བུར་གསུངས་ལ། དེས་ན་རྡོ་རྗེ་གཅོད་པར། ལྔ་བརྒྱའི་ཐ་མ་དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་ཀྱང༌། སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་
པ་མ་ཡིན་གྱི། རབ་འབྱོར་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་ཤིང་སངས་རྒྱས་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་འབྱུང་ངོ༌། །ཞེས་སོགས་ཀྱིས་ཀྱང་གདན་ས་འདི་ཉིད་དང༌། གཙོ་བོར་ཀུན་མཁྱེན་བླ་མའི་སྐུ་ཕྲེང་སྔ་ཕྱི་འདི་དག་ལུང་བསྟན་པ་ཡིན་ཏེ། བྱང་ཕྱི་མ་དེ་ལྟར་བྱེད་དགོས་པ་དང༌། ཤེར་ཕྱིན་ཟབ་མོའི་དགོངས་དོན་སྟོང་པ་ཉིད་ཀྱི་གནད་ལ་དེང་དུས་རྗེ་འདི་ལས་ལྷག་པ་མེད་པར་ཚད་མར་གྱུར་པའི་སྐྱེས་མཆོག་དུ་མ་ཞལ་མཐུན་པས་རྣམ་དཔྱོད་ཅན་རྣམས་ཀྱིས་གུང་བསྒྲིགས་ཏེ་གཟུ་བོའི་བློས་ལེགས་པར་དཔྱད་ནས་མི་ལྡོག་པའི་དད་པ་བསྐྱེད་པར་བྱའོ། །སྨྲས་པ། བདེ་གཤེགས་འཕྲིན་ལས་བྱེད་པོ་དབྱར་གྱི་རྔ། །ཟབ་ཡངས་སྙན་པར་རྒོད་པའི་སྒྲ་བརྒྱ་ཡིས། །དད་བརྩོན་བློ་ཡི་མདོངས་མཐའ་རོལ་པ་མོ། །རྣམ་གྲོལ་ས་བོན་སྨིན་པའི་མངལ་གྱིས་སྒེག །དོན་མེད་ཚིག་ཚོགས་རྒྱས་པའི་ཨེ་རནྚ། །འགལ་འདུའི་ངག་སྒྲོས་དཱ་རི་དྲ་ཡིས་ཕྱེ། །ཁུངས་དང་མི་ལྡན་ལྟག་ཆུ་ཆད་པའི་རྫིང༌། །མ་ཡིན་ལེགས་བཤད་ཆུ་བོའི་གཏེར་དུ་གྲུབ། །རིགས་ལམ་འཁྱོག་པོར་བགྲོད་པ་གདུག་པའི་སྦྲུལ། །སྨོད་པའི་ལྕེ་གཉིས་དུག་གི་ཟེར་མ་ཅན། །གཞོམ་བཟོད་མཁའ་ལྡིང་རིགས་པའི་གཤོག་རླབས་ཀྱིས། །ས་གསུམ་དཀྱིལ་འཁོར་མ་ལུས་འདར་བ་སྙམ། །ཕ་རོལ་སྒྲུབ་དང་སུན་འབྱིན་ཆུ་བོ་བརྒྱས། །འབར་བ་ཡང་དག་དམ་བཅའི་རྟ་གདོང་མེ། །བཟོད་དཀའི་ཤུགས་ཀྱིས་གདུངས་པ་ཚ་བའི་རླབས། །སྨྲ་བ་
ངན་པའི་ཉ་ཆུང་མཐར་བྱེད་ཡིན། །དབྱངས་སྙན་དོན་དང་བྲལ་བ་སྦྲང་མའི་གླུ། །དོན་བཟང་རྒྱན་གྱིས་མ་སྤྲས་གཅེར་བུའི་ལུས། །དེ་ཕྱིར་ཚིག་དོན་ཕུན་ཚོགས་རྩོམ་པའི་རྒྱུ། །ཚང་བའི་ལེགས་བཤད་ཆོས་ཀྱི་རྒྱལ་མཚན་ཡིན། །མཁྱེན་རབ་གཏིང་མཐའ་བྲལ་བའི་ཆུ་གཏེར་ལས། །འཕོས་པའི་ལེགས་བཤད་གསར་བའི་ཟླ་བ་ཡིས། །ཐུབ་བསྟན་སྔོ་བསངས་སྡེ་ལ་འགྲོ་གསུམ་གྱི། །རྨོངས་པའི་མུན་སེལ་འོད་ཀྱི་རྩེ་དགའ་འཛིན། །ཚུལ་ཁྲིམས་དག་པའི་ཤིང་ཤུན་གོས་འཆང་ཞིང༌། །ཏིང་འཛིན་མི་གཡོ་ཞི་བའི་ལྟ་སྟངས་ཅན། །ཤེས་རབ་ཟབ་མོའི་སྲེག་བླུགས་སྦྱོར་བ་ཡིས། །རྩེན་པ་གང་དེ་ཐུབ་པའི་དྲང་སྲོང་མཆོག །བརྟན་གཡོ་ཀུན་ཁྱབ་ཁྱབ་འཇུག་འཇུག་པ་བཅུས། །འགྲན་པར་མི་བཟོད་བཟོད་དཀའ་དཀའ་ཐུབ་ཀྱིས། །སྤྲོས་ཀུན་ཉེར་ཞི་ཞི་བདེ་བདེ་བ་ཆེར། །འདྲེན་མཁས་བླ་མ་མ་ལུས་ལུས་ཅན་མགོན། །དེ་ཡི་གྲགས་པ་མཚམས་སྤྲིན་སྨུག་རྩི་ཡིས། །མཁུར་ཚོས་དམར་བའི་ཐུབ་བསྟན་སྔོ་བསངས་མ། །དེ་ནི་སྐྱེ་དགུ་དགའ་བའི་སྤུ་ལོང་ཅན། །ནོར་འཛིན་གཞོན་ནུའི་མཛའ་གཅུགས་གྲོགས་སུ་གྱུར། །ཁྱོད་གསུང་བདུད་རྩིའི་དཔལ་ལ་ཆགས་པ་ཡིས། །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གིས་བསྟེན། །ཨེ་མ་རྐང་དྲུག་ཕྲེང་བས་བསྐོར་བ་དེ། །པད་དཀར་སྡོང་བུ་འདེགས་ཕྱིར་ཡིན་ནོ་ལོ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་དབུས་ལྗོངས་ནས་སླར་ཡང་མདོ་སྨད་དུ་བྱོན་ཏེ་བསྟན་འགྲོའི་དོན་མཛད་ཚུལ་རྣམ་ཐར་སྤྱིའི་བསྡུས་
དོན་དང་བཅས་པའི་སརྒ་སྟེ་བཅུ་གཅིག་པའོ།། །།