གསང་བདག་འཁོར་ལོ་ཆེན་པོའི་བསྐྱེད་རིམ།
མཧཱགུཧྱསྱཱརལཱལིཏནཱམཤྲཱིགུཧྱསྱཔཏིམཧཱཙཀྲསྱརིཀྲམོབྱབསྭཱནཤྲཱིཀྲབིཛཧཱརཿ
དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྐྱེད་རིམ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་གསང་ཆེན་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། སྐུ་གསུཾམ་ཡེ་ཤེས་ལྔ་ལྡན་རྡོ་རྗེ་འཆང༌། །ས་གསུཾམ་འགྲོ་བའི་མིག་གཅིག་ཙོང་ཁ་པ། །སྐྱབས་གསུ༷མ་ཀུན་འདུས་འཇིགས་མེད་དབང་པོའི་སྡེ། །རྣམ་གསུཾམ་དབྱེར་མེད་ཐུགས་རྗེས་རྟག་སྐྱོངས་ཤིག །དུས་གསུཾམ་རྒྱལ་བའི་མཐུ་སྟོབས་ཀླུང་བརྒྱ་དབྱེར་མེད་གཅིག་ཏུ་འཁྱིལ་བའི་དངོས། །གསང་གསུ༷མ་ཆོས་ཚུལ་ཟབ་ཅིང་རྒྱ་ཆེ་དཔག་ཡས་རིན་ཆེན་འབྱུང་བའི་གནས། །དྲེགས་པ་གསུཾམ་འདུལ་ཕྲིན་ལས་རླབས་ཕྲེང་གནམ་དུ་རྐྱོང་བའི་གོས་སྔོན་ཅན། །སྒོ་གསུམ་མི་ཕྱེད་དད་པས་བསྟེན་ནོ་མཆོག་ཐུན་དངོས་གྲུབ་ཆར་དུ་སྙིལ། །ཀླུ་བདུད་གནོད་སྦྱཾིན་གདུག་པའི་སྦྱིཾན་སྐྱེས་དཔུང༌། །ཆེཾར་སྙིགས་ལྔ་བདོའི་མདའ་ཆཾར་འབེབས་པ་ན། །རྣམ་པར་རྒྱཾལ་བའི་རྒྱཾལ་མཚན་བསྒྲེངས་པ་ལ། །ལྷཾ་མཆོག་རྡོ་རྗེ་ཅན་འདི་ལྷཾག་པར་བསྔགས། །ཕྱི་ནང་ཉེར་
འཚེའི་འཛིན་ཁྲིས་ཡོངས་གང་བའི། །ཕྲ་རགས་འཁོར་བ་རྒྱ་མཚོའི་མཐར་བརྒལ་ཏེ། །ཟུང་འཇུག་ནོར་བུ་ལེན་འདོད་སྐལ་བཟང་རྣམས། །འཇིགས་བྲལ་དེད་དཔོན་འདི་ཉིད་བསྟེན་པར་རིགས། །རང་ལ་སྒྲུབ་པའི་ཉམས་མྱོང་མི་ལྡན་ཡང༌། །འཕགས་བོད་མཁས་པའི་ལེགས་བཤད་ལ་བརྟེན་ནས། །སངས་རྒྱས་འཁོར་ལོ་ཆེན་པོའི་བསྐྱེད་རིམ་གྱི། །ཟབ་གནད་གོ་སླའི་ངག་གིས་བཤད་པར་བྱ། །དེའང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་ཆེན་པོ་དེ་ཉིད་ངེས་པའི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བྱེ་བའི་བདག་པོར་གྱུར་ཅིང༌། ཐུན་མོང་སྣང་ཚོད་དང་མཐུན་པར་ཡང་ཡི་དམ་གྱི་ལྷ་ཆེས་མང་བའི་བསྙེན་སྒྲུབ་ལ་གཞོལ་བར་མཛད་ནའང༌། གསང་བདེ་འཇིགས་གསུམ་འཁོར་ཆེན་དུས་འཁོར་ཏེ་ལྔ་གཙོ་བོར་མཛད་པས་རྗེ་བླ་མའི་ཐུགས་དམ་གྱི་ལྷ་ལྔར་གྲགས་པ་བྱུང་ངོ༌། །དེའི་ནང་ནས་ཀྱང་
རྡོ་རྗེ་འཇིགས་བྱེད་དང་འཁོར་ལོ་ཆེན་པོ་གཉིས་ནི་མཐར་ཐུག་མཆོག་འགྲུབ་པར་མ་ཟད། ད་ལྟ་ཆེས་སྙིགས་མ་ལྔ་བདོ་བའི་དབང་གིས་ཕྱི་ནང་བགེགས་རིགས་ཀྱི་ཉེར་འཚེ་ཤིན་ཏུ་མང་བས་ཆོས་ཀྱི་མགོ་ཐོན་པ་ཆེས་ཆེར་དཀའ་བའི་དུས་འདིར་གནས་སྐབས་བར་ཆད་སེལ་བའི་ལམ་གྱི་དེད་དཔོན་ལྟ་བུར་ཡང་མེད་མི་རུང་དུ་བསྟེན་དགོས་པར་གསུངས་ཏེ། རྗེ་ཉིད་ཀྱི་ཞལ་ནས། བཅོམ་ལྡན་འདས་འཁོར་ལོ་ཆེན་པོ་དང་རྡོ་རྗེ་འཇིགས་བྱེད་གཉིས་ལ་ཡི་དམ་དང་བསྙེན་སྒྲུབ་བྱེད་པ་བྱུང་ན་བར་ཆད་བཟློག་པ་སོགས་ལ་ཕུལ་དུ་བྱུང་བ་ཡིན་ནོ། །ཞེས་དང༌། ཁྱད་པར་འཁོར་ལོ་ཆེན་པོ་ལ་ཡི་དམ་དུ་བྱས་ན་གནས་སྐབས་སུ་ཚེ་རིང་ཞིང་རིམས་ནད་སོགས་ཀྱང་འབྱུང་དཀའ་ཞིང་མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ་པའི་ཟབ་གནད་ཁྱད་པར་ཅན་ཡོད་དོ། །ཞེས་གསུངས་སོ། །དེས་ན་འདིར་བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་ཟབ་ལམ་ཉམས་སུ་ལེན་ཚུལ་གཏན་ལ་འབེབས་པ་ལ་གསུམ། གང་ལས་གསུངས་པའི་ཁུངས་དགོད་པ། དེ་ནས་གསུངས་པའི་ཡི་དམ་ལྷའི་མཚན་དོན་བསྟན་པ། མཚན་དོན་དེ་དང་མཐུན་པར་ལམ་གྱི་རིམ་པར་སློབ་ཚུལ་དངོས་བཤད་པའོ། །དང་པོ་ནི། འདིའི་རྩ་བ་དྲག་པོ་གསུམ་འདུལ་གྱི་རྒྱུད་དང༌། དེའི་བཤད་རྒྱུད་གསང་བའི་རྒྱུད་རྣམས་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་གཉིས་ནི་གཙོ་བོ་ཡིན་ལ། ཕྱག་ན་རྡོ་རྗེའི་བེ་ཅོན་ཅན་གྱི་རྒྱུད། རྡོ་རྗེ་གཏུམ་
པོ་མེ་ལྕེ་འབར་བའི་རྒྱུད་སོགས་དེའི་ཆར་གཏོགས་པའང་མང་ངོ༌། །བཤད་རྒྱུད་འདིའི་སྔགས་ལ་ལ་བོད་སྐད་ལྟ་བུར་ཡོད་པ་སོགས་ཀྱིས་བླ་མ་གོང་མ་ཁ་ཅིག་ཐེ་ཚོམ་གྱི་གཞིར་མཛད་ཀྱང༌། བཅོམ་ལྡན་རིག་རལ་དང་དམར་ཆོས་ཀྱི་རྒྱལ་པོ་སོགས་ཀྱིས་རྒྱུད་རྣམ་དག་ཏུ་བྱས་ནས་ཊཱི་ཀའང་མཛད་ལ། བུ་སྟོན་གྱིས་ཀྱང་འདི་རྩ་རྒྱུད་དང་འཇུག་པ་གཅིག་ཏུ་གསུངས་པས་རྒྱུད་ཕྱི་མ་ཡིན་པར་གསུངས་སོ། །འདི་དག་སློབ་དཔོན་ཛ་ཝ་རི་པ་དང༌། བྷ་བ་པ་སོགས་ཀྱིས་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཀྲལ་བས་དེ་ལ་མི་མཐུན་པ་མེད་ཀྱང་དེར་ཕ་མའི་རྒྱུད་གང་ཡིན་གྱི་གསལ་ཁ་མེད་པས། དམར་ལ་སོགས་པ་བླ་མ་གོང་མ་ཕལ་ཆེར་རྒྱུད་འདིར་རྩ་རླུང་ཐིག་ལེའི་རྣམ་གཞག་གཙོ་བོར་སྟོན་པས་རྣལ་འབྱོར་མ་རྒྱུད་དུ་གཏོགས་པར་བཞེད་དོ། །འོན་ཀྱང་བུ་སྟོན་རིན་པོ་ཆེས་ཕ་རྒྱུད་ལ་རིགས་དྲུག་ཏུ་ཡོད་པ་ལས་མི་བསྐྱོད་པའི་རིགས་ཀྱི་རྒྱུད་དུ་གཏོགས་པར་བཞེད་ཅིང༌། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱུད་སྡེ་སྤྱི་རྣམ་ལས་ཀྱང་རྡོ་རྗེའི་རིགས་ཀྱི་གཙོ་བོ་གསང་འདུས་དང༌། དེའི་རིགས་ཀྱི་སེམས་དཔའ་ཕྱག་རྡོར་འདི་ཡིན་པར་བཤད་ལ། འོན་ཀྱང་བཤད་རྒྱུད་ནི་བོད་མ་ཡིན་པར་བྱས་སྣང་ངོ༌། །དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་ཀྱང་མང་དུ་ཡོད་ནའང་གཙོ་བོར་གྱུར་པ་ནམ་གྲུའི་རིགས་ལས་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ཛ་ཝ་རི་པའི་གཞུང་རྣམས་ཡིན་ལ།
དེར་བརྒྱུད་ཚུལ་ཡང༌། སློབ་དཔོན་ས་ཝ་རི་པར་གྲགས་པ་མཚན་དངོས་བཛྲ་རཏྣ་དེ་བ་ཟེར་བ་དེ་ཉིད་བྱིས་པའི་དུས་མུ་སྟེགས་ཀྱི་མཁའ་འགྲོ་མ་ཞིག་གིས་དམོད་པ་བོར་བའི་རྐྱེན་གྱིས་ཀླུའི་གནོད་པས་ཟིན་ཏེ། བྲམ་ཟེ་གཞན་ལ་ཕན་པའི་བློ་ཅན་བྱ་བའི་སློབ་དཔོན་ཞིག་ལ་བརྟེན་ནས་རྡོ་རྗེ་རྣམ་འཇོམས་བསྒྲུབས་པས་ནད་ལས་གྲོལ། ས་ཝ་རི་ཟེར་བ་སྔོན་ལྷ་མོ་ཨུ་མ་བསྒྲལ་བའི་ནུ་མ་གཡས་ཡིན་པར་གྲགས་ཤིང་གདུག་པ་ཅན་གནས་པའི་རི་ཞིག་ཏུ་སྒྲུབ་པ་མཛད་པས་ཐུན་མོང་གི་དངོས་གྲུབ་བརྙེས་ནས་མཚན་ཡང་དེ་ལྟར་ཐོགས། དེ་ནས་མཆོག་སྒྲུབ་པའི་ཕྱིར་ཡི་དམ་ལྷས་ལུང་བསྟན་པ་ལྟར་ཨུ་རྒྱན་དུ་བྱོན་ནས་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དང་མཇལ་ཏེ་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་ཅིང༌། དྲག་པོ་གསུམ་འདུལ་གྱི་རྒྱུད་སོགས་གསན་ནས་ཚུར་བྱོན་ཏེ་སྔར་གྱི་གནས་དེ་ཉིད་དུ་བསྒྲུབས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས། སློབ་དཔོན་འདིས་འགྲེལ་པ་རིན་ཆེན་ཕྲེང་བ་སོགས་རྣམ་འཇོམས་ཀྱི་སྐོར་འགའ་ཞིག་མ་གཏོགས་འཁོར་ཆེན་གྱི་གཞུང་མ་མཛད་ཀྱང་གདམས་པ་རྣམས་ཛ་ཝ་རི་པ་ལ་རྫོགས་པར་གནང་ངོ༌། །ཛ་ཝ་རི་པ་ནི་རྒྱ་གར་ནུབ་ཕྱོགས་ཨོ་ཏནྟ་པུ་རིར་འཁྲུངས། དགེ་འདུན་གྱི་ཞལ་ཏ་པ་མཛད་པའི་ཚེ་ས་བདག་གི་ནད་ཀྱིས་ཟིན་པས་དེ་ཞི་བའི་ཕྱིར་ས་ཝ་རི་བའི་ཞབས་ལ་གཏུགས། བྱིན་གྱིས་བརླབས་པས་ནད་ཐམས་ཅད་སྦྲུལ་གྱིས་པགས་པ་བརྗེས་པ་ལྟར་སོས། ཆོས་སྐོར་འདི་གཏད་ནས་ཛ་ཝ་རི་ཟེར་བ་ལྷ་མོ་ཨུ་མ་བསྒྲལ་བའི་ནུ་མ་གཡོན་པར་གྲགས་པའི་གནས་དེར་སོང་ནས་སྒྲུབ་ན་མཆོག་འགྲུབ་པར་ལུང་བསྟན་པ་བཞིན་མཛད་པས་མཆོག་གི་དངོས་གྲུབ་བརྙེས་ཤིང་གནས་ཀྱི་མིང་གིས་
མཚན་ཡང་ཛ་ཝ་རི་བར་ཐོགས། བདག་ཉིད་ཆེན་པོ་འདི་ནི་འདིའི་ཐུན་མོང་མ་ཡིན་པའི་འཕྲིན་ལས་ཀྱི་བཀའ་བབ་ཡིན་པས་ཕྱི་རབས་ཀྱི་དོན་དུ་རྒྱུད་འགྲེལ་བདུད་རྩིའི་མྱུ་གུ །སྒྲུབ་ཐབས་རྒྱས་པ་འཁོར་ལོ་ཆེན་པོ། འབྲིང་བདུད་རྩིའི་ཐིགས་པ་སོགས་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་གསུམ། འཇིག་རྟེན་པའི་སྒྲུབ་ཐབས་གསུམ། ཞི་དྲག་གི་སྦྱིན་སྲེག་གཉིས། གཏོར་མའི་ཆོ་ག་སོགས་གཞུང་ཆ་ལག་དང་བཅས་པ་མང་དུ་མཛད་པས་ཛ་ཝ་རི་པའི་ཟབ་ཆོས་ཉི་ཤུ་ཞེས་གྲགས་པར་པཎ་ཆེན་ཡེ་ཤེས་རྩེ་མོས་གསུངས་ལ། ད་ལྟ་བསྟན་འགྱུར་རྣམས་སུ་བཅོ་བརྒྱད་ཡོད་པ་བུ་སྟོན་ཆོས་འབྱུང་གི་འདྲེན་ཚུལ་དང་འགྲིག་པར་སྣང༌། སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་བལ་བོའི་པཎྚི་ཏ་དེ་བ་པུརྞྞ་མ་ཏིས་གསན་ཏེ་བསྒྲུབས་པས་ཡི་དམ་ལྷའི་ཞལ་གཟིགས་ཤིང་བྱིན་གྱིས་བརླབས། དེ་ལ་ཤེའུ་ལོ་ཙཱ་བས་ཞུས་ཀྱང་གདམས་པ་ཐོར་བུ་ལས་མ་གནང༌། དེ་བོད་དུ་བསྒྱུར་བར་ཛ་ཝ་རི་བ་སྔ་འགྱུར་དུ་གྲགས་པ་འོན་ཀྱང་འཕྲིན་ལས་ཆེར་མ་རྒྱས། ཕྱིས་སུ་པཎྚི་ཏ་དེ་ལ་མགར་ལོ་ཙཱ་བ་ཆོས་ཀྱི་བཟང་པོས་ཞུས་ནས་གདམས་པ་རྫོགས་པར་ཐོབ་སྟེ་བོད་དུ་བྱོན། གཤེན་སྟོན་རིན་ཆེན་དངོས་གྲུབ་ལ་ཆོས་སྐོར་ཚང་བར་གནང་སྟེ་རང་ཉིད་རི་བོ་རྩེ་ལྔར་རྗེ་བཙུན་འཇམ་དབྱངས་ཀྱི་དྲུང་དུ་གཤེགས། གཤེན་སྟོན་གྱིས་གདམས་པ་རྣམས་དམར་ཆོས་ཀྱི་རྒྱལ་པོ་ལ་གནང༌། དམར་ཆོས་ཀྱི་རྒྱལ་པོས་རྒྱུད་འགྲེལ་གྱི་ཊཱི་ཀ །སྒྲུབ་དཀྱིལ། བསྐྱེད་རྫོགས། སྦྱིན་སྲེག་སོགས་ཡིག་ཆ་མང་དུ་མཛད་དེ། མདོར་ན། ཛ་ཝ་རི་པའི་འདི་སྐོར་གྱི་གཞུང་གང་
ཡོད་ལ་དམར་གྱི་གསལ་བྱེད་ཀྱི་ཡི་གེ་རེའང་ཡོད་པར་སྣང༌། བུ་སྟོན་རིན་པོ་ཆེས་ཀྱང་འདིའི་བསྟོད་པ་རྒྱས་པ་སྒྲུབ་ཐབས་ཀྱི་གནད་ཚང་བ་ཞིག་མཛད། རྗེ་བླ་མ་རང་གིས་དངོས་སུ་ཡིག་ཆ་མཛད་པ་མེད་ཀྱང་རྗེའི་གསུང་རྒྱུན་ལ་བརྟེན་ནས་འདུལ་འཛིན་གྱིས་འདི་ལ་སྒྲུབ་ཐབས་ཆེ་ཆུང་གཉིས་དང་དཀྱིལ་ཆོག་རྣམས་མཛད་ཅིང༌། འཇམ་དབྱངས་ཆོས་རྗེ། བྱམས་ཆེན་ཆོས་རྗེ། འབྲོམ་བཙུན་ཤེར་འབྱུང་བློ་གྲོས། ཤར་རྒྱལ་མོ་རུང་དུ་འཁྲུངས་པའི་རོང་སྟོན་བློ་བཟང་གྲགས་པ། པཎ་ཆེན་ཡེ་ཤེས་རྩེ་མོ་རྣམས་ཀྱིས་ཀྱང་འདིའི་བསྐྱེད་རྫོགས་ལ་སོགས་པའི་ཡིག་ཆ་མང་དུ་མཛད་དོ། །གཉིས་པ་དེ་ནས་གསུངས་པའི་ཡི་དམ་ལྷའི་མཚན་དོན་ནི། དྲག་པོ་གསུམ་འདུལ་གྱི་རྒྱུད་ལས། ཐིག་ལེའི་རང་བཞིན་མི་ཤིགས་པ། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །ཅེས་གསུངས་པའི་སྟེང་ནས་ཤེས་དགོས་ལ། མཚན་དོན་ནི་འདིའི་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་སྤྱི་ཆིངས་ལྟ་བུ་ཡིན་ཏེ། མཚན་དོན་དང་རྩ་སྔགས་ཀྱི་སྟེང་ནས་རང་ལམ་ཡོངས་རྫོགས་ལ་གོ་བ་རྙེད་དགོས་པ་རྒྱུད་སྡེ་མང་པོའི་སྤྱི་ལུགས་ཡིན་ནོ། །འདིར་ཡང་མཚོན་དོན་དེ་ཉིད་ཀྱིས་ལམ་རིམ་པ་གཉིས་ཀ་མཚོན་པ་ཡིན་ཏེ། བསྐྱེད་རིམ་ལ་སྦྱར་ན་གང་དུ་སྐྱེ་བ་ལེན་པའི་གནས་ཕ་མའི་ཁུ་ཁྲག་གི་ཐིག་ལེའི་མཚོན་བྱེད་ཉི་ཟླ་ཁ་སྦྱོར་གྱི་དབུས་དེར། བར་དོ་མཚོན་བྱེད་མི་ཤིགས་པའི་རླུང་སེམས་ཙམ་གྱི་རང་མདངས་ཧཱུཾ་ཡིག་དེ་ཉིད་ཞུགས་ནས་འདྲེས་པས་ཉི་ཟླ་ཁ་སྦྱོར་གྱི་རྣམ་པ་དེ་ཉིད་ཕྱག་མཚན་དུ་གྱུར་ཅིང༌། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་ནས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་
དྲངས་ཏེ་འདུས་ཤིང་ཐིམ་པ་ལས། ཕྱིའི་བགེགས་ཀྱི་རིགས་སུ་གཏོགས་པ་ས་འོག་ས་སྟེང་ས་བླ་དྲེགས་པ་གསུམ་གྱི་ཚོགས་ཐམས་ཅད་འཇོམས་པར་བྱེད་པའི་དྲག་ཤུལ་ཅན་ཁྲོ་བོ་ཆེན་པོའི་སྐུ་ཡོངས་སུ་རྫོགས་པའི་རྣམ་པར་བཞེངས་ཏེ། ཡུམ་མཛེས་ལྡན་མ་དང་སྙོམས་འཇུག་གི་སྦྱོར་བས་ཁྲོ་བོ་བདུད་ལས་རྒྱལ་བྱེད་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་གཞན་རྣམས་སྤྲོ་བར་བྱེད་པས་ན་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་གྱུར་ཚུལ་གསུངས་པ་ཡིན་པས་ལམ་འཁྱེར་ཕྱི་མ་གཉིས་གསལ་བར་བསྟན་ཅིང་འཆི་བ་ཆོས་སྐུའི་ལམ་འཁྱེར་ཤུགས་ཀྱིས་གོ་ནུས་ལ། ཡང་ན་བར་དོ་མཚོན་བྱེད་ཧཱུཾ་ཡིག་ལ་མི་ཤིགས་པའི་སྒྲས་བསྟན་པའི་དགོངས་པ་ཀུན་རྟོག་རགས་པ་མཐའ་དག་མི་ཤིགས་པ་ལ་བསྡུས་པའི་འཆི་བ་འོད་གསལ་ལས་ལྡང་བ་མཚོན་པའི་དོན་དུ་བྱས་ན་ལམ་འཁྱེར་གསུམ་ག་ལེགས་པར་གོ་ནུས་ཤིང༌། འཁོར་ལོའི་བདག་པོར་གསུངས་པའི་ཤུགས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་ཀྱང་འགྲུབ་བོ། །དེ་ལྟར་མི་ཤིགས་པ་ཞེས་པས་ཧཱུཾ་ཡིག་དང༌། བགེགས་རིགས་འཇོམས་ཞེས་པས་སྐུའི་ཁྲོ་ཉམས་རྫོགས་ཚུལ་དང༌། འཁོར་ལོའི་བདག་པོ་ཞེས་པས་སྙོམས་འཇུག་གི་སྦྱོར་བ་སོགས་བསྟན་པ་ཡིན་ཏེ། བཤད་རྒྱུད་ལས། བདག་པོའི་ས་བོན་ལས་བྱུང་བ། །ཟླ་ཉི་ཐོད་པ་རྡོ་རྗེ་ལས། །དྲག་པོའི་རྟགས་ལྡན་ཁྲོ་བོ་ཆེ། །མཛེས་ལྡན་སྐུ་ལ་ཡང་དག་འཁྲིལ། །ཞེས་པ་དང་རིམ་པ་བཞིན་རྩ་བཤད་སྦྱོར་དགོས་སོ། །གྲུབ་ཆེན་གྱི་གཞུང་ལས་རྩ་རྒྱུད་ཀྱི་ཚིགས་བཅད་དེ་རྫོགས་རིམ་ལ་སྦྱར་བ་མ་གཏོགས་བསྐྱེད་རིམ་དང་
དངོས་སུ་སྦྱར་བ་མེད་ཀྱང་ངེས་དོན་གྱི་ཁྲོ་བོ་ཆེན་པོ་བདེ་སྟོང་གི་ཡེ་ཤེས་དེ་ཉིད་བཞིན་ལག་གི་རྣམ་པར་ཤར་བ་དྲང་དོན་གྱི་ཁྲོ་བོའི་སྐུ་བསྐྱེད་རིམ་གྱི་བསྒྲུབ་བྱ་འདི་ཡིན་པས་དེལའང་སྦྱོར་དགོས་པའི་ཕྱིར་ཏེ། རོང་སྟོན་གྱི་བསྐྱེད་རིམ་ལས། ཚིགས་བཅད་སྔ་མ་ལ་ངེས་དོན་རྫོགས་རིམ་གྱི་བཤད་པ་རྒྱས་པར་མཛད། ཅེས་པ་ལས། དངོས་སུ་མི་གསལ་ཡང་དྲང་དོན་བསྐྱེད་རིམ་ལ་སྦྱར་བའི་བཤད་པ་གཅིག་ཀྱང་འཐོབ་དགོས། ཞེས་གསུངས་པའི་ཕྱིར་དང༌། བླ་མེད་ཀྱི་རྒྱུད་ལས་བསྐྱེད་རིམ་གསུངས་པ་རྣམས་ལ་དེས་མཚོན་རྒྱུའི་རྫོགས་རིམ་རེ་དང༌། རྫོགས་རིམ་བསྟན་པ་རྣམས་ལ་དེའི་སྨིན་བྱེད་དུ་གྱུར་པའི་བསྐྱེད་རིམ་རེ་གོ་རྒྱུ་ཡོད་པ་སྤྱི་སྲོལ་ལྟ་བུ་ཡིན་པའི་ཕྱིར། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་ཊཱི་ཀ་ལས། དངོས་སུ་བསྐྱེད་རིམ་བཤད་པའི་ཆ་རྣམས་ལ་ངེས་དོན་རྫོགས་རིམ་གྱི་བཤད་པ་རེ་ངེས་པར་འཐོབ་པ་ནི། མཐའ་དྲུག་ཚུལ་བཞིའི་བཤད་པ་འཇུག་པའི་བླ་མེད་ཀྱི་རྩ་རྒྱུད་རྣམས་ཀྱི་སྤྱི་ལུགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། མཚན་དོན་དེ་ཉིད་རྫོགས་རིམ་ལ་སྦྱོར་ཚུལ་ནི་ཛ་ཝ་རི་པའི་རྒྱུད་འགྲེལ་ལས། ད་ནི་རྫོགས་པའི་རིམ་པ་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ནས་བསྟོད་པ་ནི། ཐིག་ལེའི་རང་བཞིན་མི་ཤིགས་ལ། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །ཅེས་བྱ་བ་ལ་བདག་པོ་ནི་བཅོམ་ལྡན་འདས་ཀྱི་སྐུ་སྟེ་ལྷའི་བདག་ཉིད་དོ། །འཁོར་ལོ་ནི་སྤྲུལ་བ་དང༌། ཆོས་དང༌། ལོངས་སྤྱོད་དང༌། བདེ་བ་ཆེན་པོའོ། །ཐིག་ལེ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའོ། །རང་བཞིན་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་མི་རྟོག་པའོ། །མི་
ཤིགས་པ་ནི་དབྱེར་མི་ཕྱེད་པའམ་ཐ་མི་དད་པ་སྟེ། དེ་བས་ན་ཐབས་ཤེས་རབ་དབྱེར་མེད་ཅེས་བྱ་བའི་དོན་ནོ། །དེ་རང་བཞིན་ཇི་ལྟར་རྟོགས་པར་བྱ་ཞེ་ན། ཁ་སྦྱོར་ཞེས་བྱ་བ་ནི་འཁོར་ལོའོ། །ཉི་ཟླ་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱའོ། །འཕྲོ་འདུ་ཞེས་བྱ་བ་ནི་བསྲེགས་པ་དང༌། གསོ་བ་དང༌། སྲོག་དང་གནད་དུ་འཕྲོ་ཞིང་འདུ་བའོ། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པ། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་འཇོམས་པ་ལ་བྱའོ། །ཞེས་རྐང་པ་ཐ་མ་དང་དང་པོ་གཉིས་འཁོར་ལོ་ཆེན་པོའི་དོན་དང༌། རྐང་པ་གཉིས་པ་ནི་མངོན་དུ་བྱེད་པའི་ཐབས་དང༌། རྐང་པ་གསུམ་པ་དེའི་དགོས་པ་ལ་སྦྱར་ནས་གསུངས་སོ། །དེའང་གོ་སླ་བར་བརྗོད་ན། འཁོར་ལོ་ཞེས་པ་ལྟེ་བ་སྤྲུལ་བའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྟེ་གང་ལ་གནད་དུ་བསྣུན་པ་ལས་ངེས་དོན་གྱི་ལྷ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདྲེན་པའི་གནད་ཁྱད་པར་ཅན་གྱི་རྩ་འཁོར་བཞི་བསྟན། བདག་པོ་ཞེས་པས་རྩ་འཁོར་དེ་དག་གང་ལ་བརྟེན་པའི་ལུས་བསྟན་ཏོ། །འདིར་རྒྱུད་འགྲེལ་ལས། བདག་པོ་ནི་བཅོམ་ལྡན་འདས་ཀྱི་སྐུ་སྟེ་ལྷའི་བདག་ཉིད་དོ། །ཞེས་གསུངས་པའང་འབྲས་དུས་ཀྱི་ལྷ་སྐུ་དངོས་གནས་པ་ཁོ་ནར་མི་གཟུང་སྟེ། གཙོ་བོར་ལམ་དུས་མཚོན་དགོས་པས་ལྷའི་སྐུར་བསྒོམ་པའི་སྒྲུབ་པ་པོ་རང་གི་ལུས་ལའང་བྱེད་དགོས་པའི་ཕྱིར། ཤེར་འབྱུང་བའི་རྫོགས་རིམ་ལས། བཅོམ་ལྡན་འདས་ཀྱི་བདག་ཉིད་དེ་དེའི་ངོ་བོར་བསྒོམ་པའི་སྒྲུབ་པ་པོའི་སྐུ་སྟེ་ལུས་ཉིད་དོ། །ཞེས་སོ། །དེ་ལྟར་ན་རྐང་པ་ཐ་
མས་ངེས་དོན་གྱི་ལྷ་འགྲུབ་པའི་གཞི་བསྟན་ལ། ངེས་དོན་གྱི་ལྷ་དངོས་ནི་རྐང་པ་དང་པོས་བསྟན་ཏེ། དེའང་ཐིག་ལེ་ཞེས་པ་བྱང་སེམས་ཞུ་བའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང༌། རང་བཞིན་ཞེས་པ་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད། མི་ཤིགས་པ་ཞེས་པ་བདེ་བ་ཆེན་པོ་དེ་སྟོང་པ་ཉིད་དང་རོ་གཅིག་ཏུ་ཞུགས་པའི་བདེ་སྟོང་ཟུང་འཇུག་གམ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་བསྟན་པ་ཡིན་ལ། ཡང་ནང་གི་འཁོར་ལོ་བཞི་ལ་བརྟེན་ནས་དྲངས་པའི་ཐུགས་བདེ་སྟོང་གི་ཡེ་ཤེས་དང༌། བདག་པོ་ཞེས་དེའི་རྟེན་དུ་གྱུར་པ་སྐུ་དག་པ་སྒྱུ་མའི་སྐུ་གཉིས་ངོ་བོ་གཅིག་ཏུ་ཚོགས་པ་བདེན་གཉིས་ཟུང་འཇུག་གི་ཚུལ་ཡང་བསྟན་པ་ཡིན་ནོ། །རྐང་པ་གཉིས་པའི་བདེ་ཆེན་འདྲེན་ཚུལ་ནི། ཁ་སྦྱོར་ཞེས་པ་འཁོར་ལོ་བཞི་བོ་དེའང་སྤྱི་བོའི་རྩ་འཁོར་ཁ་ཐུར་ལྟ་དང༌། མགྲིན་པའི་རྩ་འཁོར་ཁ་གྱེན་དུ་ལྟ་བའི་ཁ་སྦྱོར། སྙིང་གའི་རྩ་འཁོར་ཁ་ཐུར་ལྟ་དང༌། ལྟེ་བའི་རྩ་འཁོར་ཁ་གྱེན་དུ་ལྟ་བའི་ཁ་སྦྱོར་གྱི་ཚུལ་དུ་གནས་པ་བསྟན། དེའི་ལྟེ་བ་དང་འདབ་མ་རྣམས་ལ་ཡི་གེ་སྒོམ་ཚུལ་ཡང་ཤུགས་ཀྱིས་འཐོབ་བོ། །ཉི་ཟླ་ཞེས་པ་ཉི་མ་སྟེ་ཁྲག་འབབ་པའི་རྩ་ར་ས་ནཱ་དང༌། ཟླ་བ་སྟེ་ཁུ་བ་འབབ་པའི་རྩ་ལ་ལ་ནཱ་གཉིས་བསྟན་ལ། དེའི་འཕྲོ་འདུ་ཞེས་པ་དེ་གཉིས་ཀྱི་རླུང་དབུ་མར་ཞུགས་པ་གསང་གནས་དང་ལྟེ་བའི་གཏུམ་མོ་སྦར་ནས་མེ་འོད་གྱེན་དུ་འཕྲོས་པས་ཡི་གེ་རྣམས་དང་ཁྱད་པར་སྤྱི་བོའི་ཧཾ་ཡིག་བསྲེགས་ཏེ་བཞུ་བ་དང་ཧཾ་ཡིག་ལས་བྱང་སེམས་ཞུ་བའི་རྒྱུན་འཁོར་ལོ་རྣམས་ཀྱི་ལྟེ་བར་འདུ་བའམ་འབབ་པས་བདེ་ཆེན་འདྲེན་ཚུལ་གསལ་བར་བསྟན་པ་ཡིན་ནོ། །རྐང་པ་གསུམ་པའི་བགེགས་འཇོམས་ཚུལ་ནི། བདེན་
འཛིན་དང་ཐ་མལ་གྱི་སྣང་ཞེན་བག་ཆགས་དང་བཅས་པ་འཇོམས་པ་ཡིན་ལ། བགེགས་འཇོམས་ཚུལ་འདིར་རྒྱུད་འགྲེལ་དུའང་ཕྱི་ནང་གི་བགེགས་འཇོམས་ཚུལ་གཉིས་གསུངས་སྣང་བས། དེའི་གཉེན་པོ་དང་དྲང་ངེས་ཀྱི་ལྷ་གཉིས་སུ་བྱས་ཏེ་བསྐྱེད་རྫོགས་གཉིས་ཀ་ལ་སྦྱོར་དགོས་པ་གྲུབ་ཆེན་རང་གི་དགོངས་པར་ཤིན་ཏུ་གསལ་ལོ། །ཚིགས་བཅད་འདི་ལ་རྫོགས་རིམ་དང་སྦྱར་བའི་བཤད་ཚུལ་གཞན་ཞིག་མཛད་འདུག་ནའང་མང་གིས་དོགས་པས་མ་བྲིས་ཏེ། མདོར་ན་འཁོར་ལོ་ཆེན་པོ་ཞེས་པ་བསྐྱེད་རིམ་ལ་སྦྱར་ན་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་གྱུར་པ་དང༌། རྫོགས་རིམ་ལ་སྦྱར་ན་འཁོར་ལོ་བཞི་ལ་བརྟེན་པའི་བདེ་སྟོང་གི་ཡེ་ཤེས་ཀྱི་སྟེང་ནས་འཇོག་དགོས་པས། འདིའི་ལམ་རིམ་པ་གཉིས་ཀྱི་གནད་ཐམས་ཅད་མཚན་དོན་འདིར་ཚང་བ་ཡིན་ནོ། །གསུམ་པ་མཚན་དོན་དེ་དང་མཐུན་པར་ལམ་ལ་རིམ་གྱིས་སློབ་ཚུལ་བཤད་པ་ལ། སྨིན་བྱེད་བསྐྱེད་རིམ་ལ་སློབ་ཚུལ་དང༌། གྲོལ་བྱེད་རྫོགས་རིམ་ལ་སློབ་ཚུལ་གཉིས། དང་པོ་ལ་དྲུག །གང་གིས་སྒོམ་པ་རྟེན་གྱི་མཚན་ཉིད། གང་དུ་སྒོམ་པ་གནས་ཀྱི་མཚན་ཉིད། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་བསྒོམ་དགོས་པའི་རྒྱུ་མཚན། བསྐྱེད་རིམ་སྒོམ་ཚུལ་དངོས། གོམས་པ་མཐར་ཕྱིན་པའི་ཚད། མཐར་ཕྱིན་ནས་དངོས་གྲུབ་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། བཤད་རྒྱུད་ལས། ཤེས་རབ་སྙིང་རྗེ་གསང་དབང་ལྡན། །ཞེས་གསུངས་ཏེ། ཤེས་རབ་ཅེས་པ་བླ་མ་དང་དཀོན་མཆོག་གི་ཡོན་ཏན། དལ་འབྱོར་རྙེད་དཀའ་སོགས་ལ་དཔྱད་སྒོམ་གྱི་ངེས་པ་རྙེད་པ་ནས་
བཟུང་མི་རྟག་པ་ཕྲ་རགས་དང་གནས་ལུགས་སྟོང་པ་ཉིད་རྟོགས་པའི་བར་ཤེས་རབ་ཀྱི་ཆ་ཐམས་ཅད་དང༌། སྙིང་རྗེ་ཞེས་པས་དང་པོར་འཁོར་བ་ཕྲ་རགས་ཀྱི་སྡུག་བསྔལ་ལ་འཇིགས་སྐྲག་རྣལ་མ་སྐྱེས་པ་ན་རང་ཉམས་ལ་དཔག་སྟེ་སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་དེས་དྲངས་པའི་བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བཅས་པ་ཐབས་ཀྱི་ཆ་རྣམས་བསྟན་ཏེ། མདོར་ན་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་པ་སྔོན་དུ་འགྲོ་དགོས་པར་བསྟན་པ་ཡིན་ནོ། །འདི་ལ་དགོངས་ནས་སྒྲུབ་ཐབས་བདུད་རྩིའི་ཐིགས་པར། བྱམས་པ་དང་ལྡན་པའི་སྒྲུབ་པ་པོས་ཞེས་གསུངས་ཤིང༌། སྒྲུབ་ཐབས་མདོར་བསྡུས་སུ། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་བ་ཞེས་གསུངས་པས་ཀུན་སློང་དེ་ལྟ་བུ་ཞིག་དགོས་ཀྱི། ད་ལྟ་ལྷ་ཁྲོ་བོའི་བསྒོམ་བཟླས་བྱེད་པ་ཕལ་ཆེར་མི་དང་མི་མ་ཡིན་ཅི་རིགས་པ་སྡང་སེམས་ཀྱིས་འཇུག་པ་ནི་འདིའི་ལྡོག་ཕྱོགས་ཁོ་ན་ཡིན་ནོ། །འདི་ལ་དགོངས་ནས་བླ་མ་སྔ་མ་རྣམས་ཚད་མེད་བཞིས་སེམས་བསྐྱེད་པ་ལ་རྣལ་འབྱོར་བསྲུང་བ་ཞེས་བཏགས་པ་ཡིན་ཏེ། དམར་གྱི་བསྐྱེད་རིམ་ལས། སེམས་ཅན་ཐམས་ཅད་འཁོར་བའི་དུཿ ཁ་དང་བྲལ་ཞིང༌། ཟག་མེད་ཀྱི་བདེ་བ་ལ་དགོད་པའི་ཕྱིར་བདག་གིས་ཁྲོ་བོ་ཆེན་པོ་བསྒོམ་པར་བྱའོ་ཞེས་སྨོན་སེམས་བསྐྱེད་དེ་མ་དང་བུ་གཅིག་པའི་དཔེའོ། །དེ་ནི་རྣལ་འབྱོར་བསྲུང་བའོ། །ཞེས་དང༌། རོང་སྟོན་གྱི་རྫོགས་རིམ་སྔོན་འགྲོའི་ཡིག་ཆུང་ལས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་ཡིད་འཁུལ་ངེས་པ་ཡིད་ཆེས་གཏིང་ནས་འདྲོང་བ་བྱ་སྟེ། འདི་ནི་རྣལ་འབྱོར་བསྒོམ་པ་དམན་པའི་ལམ་དུ་འགྱུར་བ་ལས་བསྲུང་
བའི་ཐབས་ཡིན་པས་རྣལ་འབྱོར་བསྲུང་བ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། བཤད་ཚུལ་འདི་ནི་ལེགས་པར་རྗེས་བླ་མས་ཀྱང་གསུངས་ཏེ། འདོད་འཇོ་ལས། བོད་ཀྱི་བླ་མ་སྔ་མ་མང་པོས་ཚད་ མེད་བཞི་བསྒོམ་པ་རྣལ་འབྱོར་བསྲུང་བ་དང༌། ཕུང་སོགས་བྱིན་གྱིས་རློབས་པ་བདག ་བསྲུང་བ་དང༌། སྲུང་འཁོར་བསྒོམ་པ་གནས་བསྲུང་བར་བཞེད་པའི་དང་པོ་ནི་ཇོ་བོ་ཆེན་པོའི་འགྲེལ་པ་དང་མཐུན་ནོ། །ཞེས་གསུངས་པའི་ཕྱིར། སྒྲུབ་ཐབས་འཁོར་ལོ་ཆེན་པོར་ཁྲུས་ཙམ་ལས་བྱམས་སོགས་བསྒོམ་པ་མ་གསུང་སྙམ་དུ་མི་འཛིན་ཏེ། རྒྱུད་དང་གྲུབ་ཆེན་གྱིས་ཁྲུས་ཞེས་གསུངས་པ་དེ་ཕྱིའི་ཁྲུས་ཙམ་མ་ཡིན་པར་བདེན་འཛིན་དང་རང་གཅེས་འཛིན་ཐ་མལ་གྱི་རྣམ་རྟོག་སོགས་འཁྲུད་ཚུལ་དུ་མ་ཞིག་གོ་དགོས་པས་ཤིན་ཏུ་རྒྱ་ཆེ་བའི་ཕྱིར། དཔེར་ན་རྒྱུད་རྡོ་རྗེ་རྩེ་མོར། ཁྲུས་བཞི་དག་ནི་རྟག་ཏུ་བྱ། །རྣལ་འབྱོར་ཇི་ལྟར་ཁྲུས་བྱ་བ། །གོ་རིམ་བཞིན་དུ་རབ་ཏུ་བཤད། །སྡོམ་པ་གསུམ་ལ་རབ་གནས་པ། །དང་པོའི་ཁྲུས་སུ་བརྗོད་པ་ཡིན། །གཉིས་པ་རྒྱུད་ལས་གསུངས་པ་ཡི། །བཤགས་དང་གསོལ་བ་འདེབས་པ་སོགས། །ཕྱག་རྒྱ་འཆིང་བ་གསུམ་པ་འོ། །བཞི་པ་ཆུ་སྟེ་ཐ་མ་ཡིན། །ཞེས་དང༌། སམྦུ་ཊི་ལས་ཀྱང༌། དང་པོར་སྟོང་ཉིད་རྣམ་བསམས་ཏེ། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །ཞེས་དང༌། ཁྱད་པར་དུ་འདིའི་ཕྱོགས་མཐུན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། ནང་གི་བདག་ཉིད་ཅན་དང་ཡང༌། །ཕྱི་ཡི་ཁྲུས་སོགས་རབ་བྱས་ལ། །ཞེས་པའི་འགྲེལ་པར། ནང་གི་བདག་ཉིད་ནི་ནང་སྟེ་ཕྱིའི་ཆོས་དང་ནང་གི་ཆོས་རང་བཞིན་
གྱིས་རྣམ་པར་དག་པར་བྱེད་པས་ཁྲུས་མཆོག་ཏུ་གསུངས་སོ། །ཞེས་དང༌། མེ་ལྕེའི་ཕྲེང་བའི་སྒྲུབ་ཐབས་ལས་ཀྱང༌། ནང་གི་ཁྲུས་ནི་མི་རྟོག་པས། །ཐམས་ཅད་དག་པར་འགྱུར་བ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ལམ་ཐུན་མོང་བས་རྒྱུད་སྦྱངས་པའི་འོག་ཏུ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་དྲུང་ནས་གསང་སྔགས་ཀྱི་འཇུག་སྒོ་ཐུན་མོང་མ་ཡིན་པ་དབང་རྣམ་པར་དག་པ་ཐོབ་ཅིང༌། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་བསྲུང་བ་ནི་ལམ་སྒོམ་པའི་རྟེན་ལ་མེད་མི་རུང་ཡིན་ཏེ། དཔུང་བཟང་གི་རྒྱུད་ལས། གང་དག་རིགས་དང་དབང་བསྐུར་ཆོ་ག་མེད། །གང་དག་དཀྱིལ་འཁོར་དུ་ནི་མ་ཞུགས་དང༌། །གང་དག་བྱང་ཆུབ་སེམས་ནི་མ་སྐྱེས་པ། །དེ་ཡིས་གསང་སྔགས་བཟླས་ན་ཕུང་བར་འགྱུར། །ཞེས་དང༌། སྡོམ་འབྱུང་ལས། ཇི་ལྟར་ཉེ་བར་བསྟན་པ་བཞིན། །ཕྱི་ནས་དམ་ཚིག་སྤྱོད་པར་བརྩོན། །སྣོད་དུ་བྱས་པའི་རྒྱུན་ལས་ནི། །འཁོར་ལོ་ལ་སོགས་སྒོམ་རིམ་གྱིས། །ཡང་དག་མན་ངག་ཕུན་ཚོགས་རྣམས། །འགྲུབ་པར་འགྱུར་རོ་གཞན་དུ་མིན། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། ལམ་སྒོམ་པ་ལ་གནས་ཕུན་སུམ་ཚོགས་པ་ཤིན་ཏུ་གལ་ཆེ་སྟེ། དཔེར་ན་འཕང་ལོ་བཞི་དང་ལྡན་པའི་ཤིང་རྟའི་འཁོར་ལོ་གཅིག་མ་ཚང་ན་བགྲོད་མི་ནུས་ལ། བཞི་ག་ཚང་ན་བགྲོད་པ་མྱུར་བ་བཞིན། ལམ་ཉམས་སུ་ལེན་པ་ལའང་མཐུན་པའི་ཡུལ་ན་གནས་པ་སོགས་ཐེག་མཆོག་འཁོར་ལོ་བཞི་ཚང་དགོས་པར་བཤེས་སྤྲིང་ལས་གསུངས་པ་བཞིན་ཡིན་པས། བདེ་གསང་འཇིགས་གསུམ་གྱི་རྒྱུད་སོགས་
སུ་གནས་ཀྱི་དེ་ཉིད་ཅེས་ཡང་ཡང་ནན་ཏན་དུ་གསུངས་ལ། འདིའི་རྩ་རྒྱུད་དུ་མི་གསལ་ཡང༌། བཤད་རྒྱུད་ལས། ལྕགས་འདྲའི་རི་དང་བྱ་སྐྱིབས་དང༌། །ནགས་ཚལ་འཐུག་དང་མཆོད་རྟེན་ནང༌། །ཞེས་གསུངས་ཤིང༌། དེའི་དགོངས་པར་མཛད་དེ་ཛ་ཝ་རི་པའི་སྒྲུབ་ཐབས་ཆེ་འབྲིང་གཉིས་ཀར། རྒྱལ་པོ་དང་རྐུན་པོ་དང༌། སྟག་ལ་སོགས་པ་ཡ་ང་བ་ཐམས་ཅད་དང་བྲལ་བའི་རིའམ། ཡིད་དུ་འོང་བའི་གནས་འདུ་འཛི་མེད་པ་ཞེས་གསུངས་སོ། །དེའང་ལྕགས་འདྲའི་རི་ཞེས་པ་ནི་གནོད་པ་གང་གིས་ཀྱང་ཚུར་མི་ཚུགས་པས་སྲ་བའི་དོན་ནམ། ཡང་ན་ཕྱིའི་ཁོར་ཡུག་གི་ལྕགས་རིས་རི་གླིང་རྒྱ་མཚོ་ཐམས་ཅད་བརྟེན་པ་ལྟར་འགལ་རྐྱེན་རྣམས་ཁེགས་ཤིང་མཐུན་རྐྱེན་འཛོམ་པའི་དོན་ནོ། །དེའང་རི་མཐོན་པོའི་རྩེ་མོར་སྒོམ་སྒྲུབ་བྱས་ན་རིག་པ་དྭངས་ཤིང་རྟོག་པ་ངར་ཆེ་ལ། འོན་ཀྱང་ཕལ་བས་མི་ནོན་པའང་སྲིད་དོ། །བྱ་སྐྱིབས་ཏེ་རྒྱབ་མཐོ་ལ་མདུན་གཞོལ་བ། གཡས་གཡོན་དུ་སྐྱོར་དང་བཅས་པའི་ས་ཕྱོགས་ཉམས་སྤྲོ་བ་དང་ནགས་ཚལ་མཐུག་པོའི་དཀྱིལ་སོགས་མདོར་ན་སྒྲུབ་པ་བྱེད་པ་ལ་བར་ཆད་རྩོམ་པའི་མི་དང་མི་མ་ཡིན་གྱི་ཉེར་འཚེ་རིགས་གང་ཡང་མེད་ཅིང༌། སྔོན་གྱི་སྐྱེས་བུ་དམ་པས་བྱིན་གྱིས་བརླབས་པ་གཞི་བདག་དང་ཡུལ་མི་རྣམས་ཀྱང་ཆོས་ལ་དཀར་བ། སྐྱེ་བོ་མང་པོའི་འདུ་འཛི་དང་གླག་ཅོར་གྱི་སྒྲ་སོགས་མེད་ཅིང་ཆུ་ཤིང་འཛོམ་ལ་བསིལ་དྲོད་སྙོམས་པའི་གནས་དེ་ལྟ་བུར་སྒྲུབ་པ་བྱས་ན་ལེགས་པས། དེ་ལྟ་བུའི་གནས་སུ་སྒྲུབ་ཁང་རྐྱེན་དང་འཚམ་པར་ཕྱག་དར་ལེགས་པར་བྱས་ལ། ཕྱི་རོལ་ཏུ་ཐོ་
སློང་ཚུལ་ནང་དུ་ཡི་དམ་ལྷའི་སྐུ་དང་དེའི་ཆོས་སྐོར་སོགས་སྐུ་གསུང་ཐུགས་རྟེན་དགྲམ་ཚུལ་ཕལ་ཆེར་སྤྱི་དང་འདྲའང༌། ཐུགས་ཀྱི་རྟེན་ལ་པཎ་ཆེན་ཡེ་ཤེས་རྩེ་མོས་རྡོར་དྲིལ་སོགས་གཙོ་བོར་མཛད་པ་ནི། སློབ་དཔོན་བྷ་བའི་གོས་སྔོན་ཅན་གྱི་སྒྲུབ་ཐབས་ལས། རྡོ་རྗེ་དྲིལ་སོགས་ཕྱག་མཚན་རྣམས། །ལུགས་དང་མཐུན་པས་མཛེས་པ་སྟེ། །ཐུགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་དང་བསྟུན་པར་སྣང་བས་ལེགས་སོ། །གནས་ཀྱི་བཀོད་པ་ཁ་བྱང་དུ་ཕྱོགས་ཏེ་སྡོད་པ་དང་སྟབས་འགྲིག་པ་བྱུང་ན་ལེགས་ཏེ། ཛ་ཝ་རི་པའི་གནོད་སྦྱིན་སྦྱོང་བའི་སྒྲུབ་ཐབས་ལས། བདག་ཉིད་ལྷོར་འདུག་བྱང་དུ་འོ། །ཞེས་གསུངས་པའི་ཕྱིར། འདིའི་དགོས་པ་གནོད་སྦྱིན་རྣམས་འདི་ནས་བྱང་གི་ཕྱོགས་ལྷུན་པོའི་ངོས་ལ་གནས་པའི་རྒྱུ་མཚན་གྱིས་ཡིན་ལ། དྲེགས་པ་གཞན་གཉིས་ཀྱང་གཙོ་བོར་རི་རབ་ཀྱི་སྟེང་ཕྱོགས་དང་རྩ་བར་གནས་པས། གདུལ་བྱའི་དབང་གིས་བྱང་དུ་ལྟ་བ་འབྲེལ་ཆགས་པར་མངོན་ནོ། །དངོས་སུ་དེ་ལྟར་སྡོད་པའི་སྟབས་མི་འགྲིག་ན་ཡིད་ཀྱིས་དེར་ཕྱོགས་པར་མོས་པས་ཆོག་པར་ཨཱ་བྷྱཱ་ཀ་རས་གསུངས་སོ། །གསུམ་པ་ནི། འབྲས་བུ་ཟུང་འཇུག་གི་གོ་འཕང་སྒྲུབ་པའི་ཉེ་རྒྱུ་རྫོགས་རིམ་རྣམས་ཡིན་ཀྱང་དེ་ལ་བསྐྱེད་རིམ་གྱི་རྣལ་འབྱོར་རྣམས་སྐས་ཀྱི་གདང་བུ་བཞིན་སྔོན་དུ་འགྲོ་དགོས་པར་རིམ་ལྔ་དང་སྤྱོད་བསྡུས་ལས་གསུངས་པ་ནི་བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་འདྲ་བས། སྐབས་འདིར་ཡང་ཁ་ཅིག་མཆོག་སྒྲུབ་པ་ལ་བསྐྱེད་རིམ་མི་དགོས་པར་སྨྲ་བ་དང༌། ལ་ལ་རྫོགས་རིམ་གྱི་སྔོན་འགྲོར་བསྐྱེད་རིམ་ཞིག་དགོས་ཀྱང་དེ་སྐད་ཅིག་དཀྲོང་བསྐྱེད་
ཙམ་གྱིས་ཆོག་པར་སྨྲ་བ་སོགས་མི་འཐད་དེ། གཞི་དུས་ཀྱི་སྐྱེ་ཤི་བར་དོའི་རྣམ་པ་ཇི་ལྟ་བ་བཞིན་དུ་སྐྱེས་པའི་རྫོགས་རིམ་གྱིས་དེ་གསུམ་ག་ས་བོན་དང་བཅས་པ་སྦྱངས་ཏེ་སྐུ་གསུམ་དུ་སྒྱུར་བར་བྱེད་པ་ལ་སྔོན་དུ་མོས་ངོ་ཙམ་ལ་དེ་དང་རྣམ་པ་མཚུངས་པར་སྐྱེས་པའི་ལམ་གྱིས་ཐ་མལ་གྱི་སྣང་ཞེན་མངོན་གྱུར་པ་མགོ་མནན་པ་ཞིག་སྔོན་དུ་འགྲོ་དགོས་པའི་ཕྱིར། སྤང་བྱ་གང་གི་ས་བོན་སྤོང་བ་མངོན་གྱུར་ཉམས་སྨད་པ་སྔོན་དུ་འགྲོ་དགོས་པ་དང༌། ལམ་གྱི་རྣམ་པ་བཅོས་མིན་སྐྱེ་བ་ལ་བཅོས་མ་སྔོན་དུ་འགྲོ་དགོས་པ་མདོ་སྔགས་སྤྱིའི་ལུགས་སྲོལ་ཡིན་པས། ཚུལ་འདི་དག་ཞིབ་པར་ནི་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་སོགས་ལས་ཤེས་པར་བྱའོ། །བསྐྱེད་རྫོགས་གཉིས་ལ་སློབ་པའི་དུས་ཀྱི་མཚམས་ཀྱང་འཕགས་པ་ཡབ་སྲས་རྣམས་རིམ་པ་དང་པོ་ལ་བརྟན་པ་མ་ཐོབ་བར་དུ་གཉིས་པ་མི་སྒོམ་པར་བཞེད་ལ། ལུགས་འདིའི་སློབ་དཔོན་ཆེན་པོ་བྷ་བས་ཀྱང༌། ཡང་ན་བསྐྱེད་རིམ་བརྟན་པ་ཡིས། །རྫོགས་པའི་མན་ངག་གང་བསྒོམས་ཀྱང༌། །ཞེས་སོགས་དེ་དང་ཕྱོགས་མཐུན་པར་སྣང་ངོ༌། །འོན་ཀྱང་བོད་ཀྱི་བླ་མ་སྔ་མ་རྣམས་ཀྱི་ཕྱག་ལེན་དུ་ཐུན་སྟོད་ལ་བསྐྱེད་རིམ་བསྒོམས་ནས་ཐུན་སྨད་ལ་རྫོགས་རིམ་བསྒོམ་པར་མཛད་པ་ནི། ཚེ་ལ་ཡིད་བརྟན་མེད་ཅིང་ཆོས་འདི་ལྟ་བུ་དང་ཡང་ཡང་མཇལ་དཀའ་བས་ལམ་གྱི་ལུས་ཡོངས་རྫོགས་ལ་བག་ཆགས་རེ་འཇོག་རྒྱུ་མི་ལུས་པའི་ཐབས་མཁས་སུ་སྣང་བས་ལེགས་པར་གསུངས་སོ། །བཞི་པ་བསྐྱེད་རིམ་བསྒོམ་ཚུལ་དངོས་ལ། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་
གཉིས། དང་པོ་ལ་གསུམ། ཐུན་གྱི་མགོར་ཇི་ལྟར་བྱ་བ་དང༌། དངོས་གཞི་ལ་ཇི་ལྟར་བྱ་བ་དང༌། མཇུག་ཏུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལའང༌། ནང་མཆོད་དང་སྔོན་འགྲོའི་མཆོད་གཏོར་བྱིན་གྱིས་བརླབས་ནས་དབུལ་བ་དང༌། བདག་བསྐྱེད་མཆོད་པ་བྱིན་གྱིས་བརླབས་ཤིང་རྡོར་སེམས་བསྒོམ་བཟླས་བྱ་ཚུལ་གཉིས། དང་པོ་ནི། གོང་དུ་བཤད་པ་ལྟར་བདུད་རྩི་རིལ་བུའམ་མེད་ན་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཁ་དག་པར་བྱེད་པ་ཕྱིའི་ཁྲུས་དང༌། རང་རྒྱུད་ལ་བརྟག་སྟེ་རླུང་རོ་དགུ་ཕྲུགས་སོགས་ཀྱི་སྒོ་ནས་ཀུན་སློང་ངན་པ་མཐའ་དག་བཀག་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཀུན་སློང་ཁྱད་པར་ཅན་གསལ་འདེབས་པ་ནང་གི་ཁྲུས་རྣམས་སྔོན་དུ་བཏང༌། མདོར་བསྡུ་ན། བདེ་བས་ཕོངས་ཤིང་སྡུག་བསྔལ་གྱིས་མནར་བའི་མ་རྒན་སེམས་ཅན་ཐམས་ཅད་གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་ཕྱིར་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཚེ་གཅིག་ཉིད་ལ་ཐོབ་པར་བྱ། དེའི་ཕྱིར་དུ་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་བསྐྱེད་རིམ་ཟབ་མོ་བསྒོམ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་ཤུགས་དྲག་པོ་ཞིག་གསལ་བཏབ་ལ། དེའི་ཤུགས་མ་ཉམས་པའི་དྲན་འདུན་དུར་རེ་བའི་ངང་ནས་རྣལ་འབྱོར་བསྒོམ་པ་ལ་འཇུག་པ་ནི་ཆོས་ཐེག་པ་ཆེན་པོའི་ཆོས་སུ་འགྲོ་བར་བྱེད་པའི་ཐབས་མཁས་ཀྱི་རྩ་བ་ཡིན་པས་གལ་པོ་ཆེར་བྱ། དེའང་རང་ཐ་མལ་གྱི་སྣང་ཞེན་ལ་གནས་ནས་མཆོད་གཏོར་སོགས་བྱིན་གྱིས་རློབ་མི་ནུས་པས་སྐད་ཅིག་དཀྲོང་བསྐྱེད་ཀྱིས་ལྷའི་སྐུར་
ལྡང་དགོས་ལ། ཉེར་ལེན་གྱི་ཕུང་པོ་འདི་ག་ལྷར་བསྐྱེད་པ་རང་མིན་པས་རང་གི་ལུས་འོད་སྔོན་པོའི་རྣམ་པར་ཞུ་ཞིང་རིམ་གྱིས་ཡལ་བར་མོས་ཏེ་སྟོང་ཉིད་ཀྱི་ལྟ་བ་བསྒོམ། དེའི་ངང་ནས་རང་གི་གོ་ས་དེར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དབུས་སུ་དེའི་ལྟེ་བ་དང་ཚད་མཉམ་པའི་ཉི་དཀྱིལ། དེའི་སྟེང་དུ་རང་བདེ་སྟོང་གི་ཡེ་ཤེས་སུ་གསལ་བ་དེ་ཉིད་སྐད་ཅིག་གིས་སངས་རྒྱས་འཁོར་ལོ་ཆེན་པོ་སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་སྟུག་པོ་ལྟ་བུ། གོས་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་མེ་ལྟར་འབར་ཞིང༌། ཁྲོ་གཉེར་སྨིན་ཕྲག་ཏུ་བསྡུས་པ་སོགས་ཁྲོ་བོའི་ཉམས་ཡོངས་སུ་རྫོགས་པ་ཕྱག་གཡས་ཀྱི་རྭ་རྩེ་ཤིན་ཏུ་གདེངས་པའི་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ཕྲག་གོང་དུ་འཕྱར་ཞིང༌། གཡོན་སྦྲུལ་ཞགས་དང་བཅས་པའི་སྡིག་མཛུབ་རབ་ཏུ་བསྒྲེང་བ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ་ལ་ཡུམ་ལྷ་མོ་མཛེས་ལྡན་མ་སྐུ་མདོག་མཐིང་ནག་གཡས་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང༌། གཡོན་པས་ཐོད་ཁྲག་ཡབ་ཀྱི་ཞལ་དུ་སྟོབ་པ། ཞབས་གཡས་བརྐྱང་ཞིང་གཡོན་པས་ཡབ་ལ་འཁྲིལ་ཏེ་སྙོམས་པར་འཇུག་བཞིན་པའི་སྐུར་བཞེངས་པར་བསམ་མོ། །རང་ལྷར་བསྐྱེད་པ་ནི་ཕྱག་རྒྱ་ཆེན་པོ་སྐུའི་དམ་ཚིག་ཡིན་ལ། ཡུམ་དང་སྦྱོར་བ་ཤེས་རབ་ཀྱི་དམ་ཚིག་ཡིན་པས། རྡོར་དྲིལ་བྱིན་རླབས་ཀྱི་ཚིག་དངོས་སུ་འདོན་མི་འདོན་གང་ལྟར་ཡང༌། ལམ་ཐུན་
མོང་དང་ཐུན་མོང་མ་ཡིན་པའི་ཐབས་ཀྱི་ཆ་ཐམས་ཅད་རྡོ་རྗེས་མཚོན་ཚུལ་དང༌། ཤེས་རབ་ཀྱི་ཆ་ཐམས་ཅད་དྲིལ་བུས་མཚོན་ཚུལ་དྲན་པར་བྱས་ཏེ། རྡོ་རྗེ་ཐུགས་ཀྱི་དམ་ཚིག་དང་དྲིལ་བུ་གསུང་གི་དམ་ཚིག་གཉིས་བསྣན་ནས་དམ་ཚིག་གསུམ་མམ་བཞི་བོ་དེ་ཆོ་གའི་མགོ་མཇུག་ཐམས་ཅད་དུ་མ་བརྗེད་པར་བྱའོ། །ནང་མཆོད་བྱིན་གྱིས་བརླབ་པ་ལའང་བསང་སྦྱང་བསྐྱེད་ཅིང་བྱིན་གྱིས་བརླབ་པ་དང་བཞིར་ཡོད་པ་ལས། བསང་བ་ནི་ལས་སྔགས་བརྗོད་པ་ན་རང་གི་ཐུགས་ཀ་ནས་ངོ་བོ་བདེ་སྟོང་གི་ཡེ་ཤེས་ཡིན་པ་ལ་རྣམ་པ་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་མཆོད་པ་ལ་གནས་པའི་བགེགས་ཐམས་ཅད་རྒྱ་མཚོའི་ཕར་འགྲམ་དུ་བསྐྲད་པའི་མོས་པ་བྱེད། ཕྱིའི་བགེགས་ཟློག་པ་ལ་ཁྲོ་བོའི་རྣམ་པ་སྤྲོས་པས་ཆོག་ཀྱང༌། བགེགས་ཀྱི་རྩ་བ་ནང་གི་བདེན་འཛིན་སྤོང་བ་ལ་བདེ་སྟོང་གི་ཡེ་ཤེས་སུ་མོས་པ་ཤིན་ཏུ་གལ་ཆེའོ། །སྦྱང་བ་ནི་སྭ་བྷཱ་ཝའི་སྔགས་བརྗོད་པ་ན་ཐོག་མར་ཨོཾ་ཞེས་བརྗོད་པའི་ཚེ། དེའི་ཨ་ཨུ་མ་གསུམ་གྱིས་སྦྱང་གཞི་སྦྱོང་བྱེད་སྦྱངས་པའི་ངོ་བོ་གསུམ་ག་རང་བཞིན་གྱིས་མེད་པ་མཚོན་པས་ཐ་མལ་གྱི་སྣང་ཞེན་འགོག་ཅིང༌། སྐུ་གསུང་ཐུགས་རྡོ་རྗེ་གསུམ་ག་མཚོན་པས་མཆོག་གི་སྣང་ཞེན་བསྐྱེད་པ་ཡིན་ཏེ། རྒྱུད་སྡེ་རྣམས་སུ་ཨོཾ་ཡིག་གིས་མཆོག་སྟེར་བ་སོགས་སུ་གསུངས་པ་ནི་དེ་ལྟ་བུའི་དོན་དྲན་བཞིན་པའི་སྒོ་ནས་བརྗོད་ན་ཕན་ཡོན་དེ་དག་འབྱུང་བར་གསུངས་པ་ཡིན་ལ། རིག་བྱེད་པས་སྔགས་ཀྱི་ནུས་པ་བཤད་པ་ནི་ཀུན་སློང་ལ་མ་ལྟོས་པར་སྒྲ་ཙམ་ལ་དེ་འདྲའི་ནུས་
པ་རང་ཆས་སུ་ཡོད་པར་འདོད་པ་ཡིན་པས་གཏན་མི་འདྲ་བ་ཤེས་པར་བྱས་ཏེ། ཕན་ཡོན་འདོད་ན་ཀུན་སློང་འཆོས་པ་ལ་གཟབ་པར་བྱའོ། །སྭ་བྷཱ་ཝ་སོགས་ཀྱི་དོན་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདག་ཉིད་ངའོ་ཞེས་པ་ཡིན་པས། སྔགས་དོན་བཞིན་ནང་མཆོད་ལ་ཐ་མལ་བའི་སྣང་ཞེན་དང་བདེན་པའི་སྣང་ཞེན་སྦྱངས་ཏེ་སྟོང་པར་བསམ་ཞིང་དེ་རྟོགས་པའི་བློའང་འབྲས་དུས་ཀྱི་བདེ་བ་ཆེན་པོར་མོས། དེ་ལྟར་བྱས་ན་འོག་གི་བསྐྱེད་ཆོག་ཐམས་ཅད་བདེ་སྟོང་དེའི་རྣམ་རོལ་ཏུ་འཆར་བའི་གནད་དང༌། འབྲས་དུས་ན་སྒྲིབ་བྲལ་བདེ་སྟོང་གི་ཡེ་ཤེས་གཅིག་ཉིད་མཁའ་ཁྱབ་ཀྱི་ཞིང་དུ་གང་ལ་གང་འདུལ་གྱི་བརྟན་གཡོའི་བཀོད་པ་སྣ་ཚོགས་སུ་ཤར་ནས་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བའི་སྨིན་བྱེད་དང་རྟེན་འབྲེལ་གྱི་སྒོ་ཐོག་མ་ནས་བསྒྲིག་དགོས་སོ། །བསྐྱེད་པ་ནི། སྟོང་པ་དེའི་ངང་ལས་ནང་མཆོད་ཀྱི་གོ་སར་ཡཾ་སྔོ་སྐྱ་གྱེན་འགྲེང་ཞིག་ཐོལ་གྱིས་བྱུང༌། དེ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ལེབ་མོས་སུའམ་ཟླ་གམ་གྱི་དབྱིབས་ཅན་བཅད་ཁ་རང་ལ་བསྟན་པ་ཟུར་གཉིས་སུ་བུམ་པ་ནས་ཐོན་པའི་བ་དན་ལྷབ་ལྷབ་གཡོ་བཞིན་པ་གཉིས་ཀྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ཞིག་ཐོལ་གྱིས་བྱུང༌། དེ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པའི་ཟུར་གཅིག་རང་ལ་བསྟན་པ་མེ་འབར་བཞིན་པ། དེའི་སྟེང་དུ་ཨ་དམར་པོའམ་དཀར་པོ་ལས་མི་མགོ་རློན་པ་བཅད་མ་ཐག་པ་ལྟ་བུ་ལྟག་པ་གསུམ་ནང་དུ་བསྟན་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་
ཨ་དཀར་པོ་ཞིག་ཐོལ་གྱིས་བྱུང༌། དེ་འོད་དུ་ལྟེམ་གྱིས་ཞུ་བ་ལས་བྱུང་བའི་ཐོད་པ་སྟོང་ཉིད་མཚོན་བྱེད་ཕྱི་དཀར་ལ། བདེ་ཆེན་མཚོན་བྱེད་ནང་དམར་བ། བདེ་སྟོང་དབྱེར་མེད་པ་མཚོན་པས་དུམ་བུ་གཅིག་པ་སྟོང་གསུམ་ལྟར་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧྲཱིཿས་མཚན་པ། དེའི་ཤར་དུ་མེ་ལོང་ཡེ་ཤེས་དང་རྣམ་སྣང་གི་ངོ་བོ་བྷྲུཾ་ཡིག་དཀར་པོ་ཞིག་ཐོལ་གྱིས་བྱུང༌། དེ་ཡོངས་སུ་གྱུར་པ་ལས་བ་ལང་གི་ཤ་ལ་དེའི་མིང་གོ་ཡིག་དཀར་པོས་མཚན་པ། ལྷོར་མཉམ་ཉིད་ཡེ་ཤེས་དང་རིན་འབྱུང་གི་ངོ་བོ་ཨཾ་སེར་པོ་ལས་ཁྱིའི་ཤ་ལ་ཀུ་ཀུ་ར་ཞེས་པའི་མིང་ཡིག་དང་པོ་ཀུ་ཡིག་སེར་པོས་མཚན་པ། ནུབ་ཏུ་སོར་རྟོག་ཡེ་ཤེས་དང་འོད་དཔག་མེད་ཀྱི་ངོ་བོ་ཛྲིཾ་དམར་པོ་ལས་གླང་པོ་ཆེའི་ཤ་ལ་དནྟི་ཞེས་པའི་མིང་ཡིག་དང་པོ་ད་ཡིག་དམར་པོས་མཚན་པ། བྱང་དུ་བྱ་སྒྲུབ་ཡེ་ཤེས་དང་དོན་གྲུབ་ཀྱི་ངོ་བོ་ཁཾ་ལྗང་གུ་ལས་རྟའི་ཤ་ལ་ཧ་ཡ་ཞེས་པའི་མིང་ཡིག་དང་པོ་ཧ་ཡིག་ལྗང་གུས་མཚན་པ། དབུས་སུ་ཆོས་དབྱིངས་ཡེ་ཤེས་དང་མི་བསྐྱོད་པའི་ངོ་བོ་ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་མིའི་ཤ་ལ་ན་ར་ཞེས་པའི་མིང་ཡིག་དང་པོ་ན་ཡིག་སྔོན་པོས་མཚན་པ། མེར་སྤྱན་མའི་ངོ་བོ་ལཱཾ་དཀར་པོ་ལས་དྲི་ཆེན་ལ་བིཊ་ཞེས་པའི་བཾ་ཡིག་དཀར་པོས་མཚན་པ། བདེན་བྲལ་དུ་མ་མ་ཀཱིའི་ངོ་བོ་མཱཾ་སྔོན་པོ་ལས་རཀྟ་ལ་ཡི་གེ་དང་པོ་ར་ཡིག་སྔོན་པོས་མཚན་པ། རླུང་དུ་གོས་དཀར་མོའི་ངོ་བོ་བཾ་དམར་པོ་ལས་བྱང་སེམས་དཀར་པོ་ལ་ཤུ་ཀྲ་ཞེས་པའི་ཤུ་ཡིག་དམར་པོས་མཚན་པ། དབང་ལྡན་དུ་སྒྲོལ་མའི་ངོ་བོ་ཏཱཾ་ལྗང་གུ་ལས་རྐང་མར་ལ་མཉྫ་ཞེས་པའི་མ་ལྗང་གུས་མཚན་པ།
དབུས་སུ་མཱ་མ་ཀཱིའི་ངོ་བོ་བཾ་སྔོན་པོ་ལས་བྱུང་བའི་དྲི་ཆུ་ལ་མཱུ་ཏྲ་ཞེས་པའི་མཱུ་སྔོན་པོས་མཚན་པར་བསམ། ཤ་རྣམས་བུབས་ཚང་གི་རྣམ་པ་འམ། གཏུབ་ནས་སྤུང་བའི་རྣམ་པ་བློ་ངོར་གང་བདེ་དང་ཁ་དོག་རང་མདོག་ལ་མཚོན་བྱེད་ཀྱི་ཡི་གེ་རྣམ་གྱེན་འགྲེང་བྱའོ། །བྱིན་གྱིས་བརླབ་པ་ནི། རྫས་དེ་རྣམས་ཀྱིས་ཐོད་པ་ཕྱུར་བུར་ཁེངས་པའི་སྟེང་གི་བར་སྣང་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ཅིག་ཐོལ་གྱིས་བྱུང༌། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་ཏེ་རླུང་དཀྱིལ་བ་དན་དང་བཅས་པ་ལ་ཕོག་པས་བ་དན་གཉིས་ལྷབ་ལྷབ་བསྐྱོད་ཅིང་རླུང་གཡོས་མེ་སྦར་ཏེ་ཐོད་པའི་ནང་གི་རྫས་རྣམས་ཁོལ་བའི་ནང་དུ། རྡོ་རྗེ་ཟླ་གདན་དང་བཅས་པ་ལྷུང་ནས་དཀྲུག་པས། ཆུ་དང་འོ་མ་འདྲེས་པ་བཞིན་རྡོ་རྗེ་དང་རྫས་རྣམས་དབྱེར་མེད་དུ་གྱུར། ཧཱུཾ་ཡིག་ཐུགས་རྡོ་རྗེ་ས་བོན་ཡིན་པས་དེ་དང་རོ་མཉམ་དུ་འདྲེས་པའི་སྟོབས་ཀྱིས་སྐྱོན་མཐའ་དག་གི་རྩ་བ་བདེན་འཛིན་གྱི་དངོས་གཉེན་བདེ་སྟོང་གི་ངོ་བོར་བྱས་ནས་ཁ་དོག་དྲི་རོ་ནུས་པ་ངན་པ་དང༌། གྲིབ་དང་མི་གཙང་བ་ལ་སོགས་པ་ཐམས་ཅད་སྦྱངས་ནས་དངུལ་ཆུའི་མདོག་ཅན་ཤིན་ཏུ་དྭངས་ཤིང་འཚེར་བའི་རྣམ་པར་གྱུར། ཧྲཱིཿ ཡིག་གསུང་རྡོ་རྗེའི་རང་བཞིན་ཡིན་པས་དེའི་གདན་པདྨ་དང་བཅས་པ་ཞུ་ནས་རྫས་རྣམས་དང་འདྲེས་པས་མགྲོན་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་སྟེར་བར་ནུས་པའི་རོ་འཛིན་གྱི་ལོངས་སྤྱོད་བདུད་རྩིའི་ངོ་བོར་རྟོག་པར་བྱས་ཤིང་ཁ་དོག་དམར་སེར་དུ་གྱུར་
པར་བསམ། དེའང་བདུད་རྩིའི་སྐད་དོད་ཨ་མྲྀ་ཏ་ཞེས་པ་འཆི་བ་མེད་པ་ལ་འཇུག་ཅིང་གསུང་རྡོ་རྗེ་འོད་དཔག་མེད་ནི་འཆི་བ་མེད་པ་ཚེའི་ལྷ་ཡིན་པས། དང་པོ་ནས་དབུས་སུ་ཧྲཱིཿ ཡིག་བཀོད་པ་རྫས་ཐམས་ཅད་བདུད་རྩིའི་རང་བཞིན་དུ་བསྐྱེད་པའི་ཆེད་ཡིན་ནོ། །ཨོཾ་ནི་སྐུ་རྡོ་རྗེ་རྣམ་སྣང་གི་ས་བོན་ཡིན་ལ། དེ་ནི་གཟུགས་ཕུང་རྣམ་པར་དག་པའི་བདག་ཉིད་དེ་མ་དག་པའི་ཕུང་བོ་སྦྱངས་ནས་རྣམ་པར་དག་པའི་གཟུགས་ཀྱི་ཁམས་རྒྱ་ཆེར་སྤྲོས་པ་སོགས་འདིའི་བྱེད་པ་ཡིན་པས། དེའི་འོད་ཟེར་གྱིས་ཕྱོགས་བཅུའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྩི་བཀུག་ནས་བསྣན་ཅིང༌། ཨོཾ་ཡིག་ཀྱང་ལྟེམ་གྱིས་ཞུ་ནས་རྫས་རྣམས་དང་འདྲེས་པས་མགྲོན་རྣམས་ཀྱིས་ཇི་ཙམ་ལོངས་སྤྱད་ཀྱང་འཛད་པ་མེད་པའི་མང་པོར་སྦར་ཞིང་སྤེལ་བར་བསམས་ནས། ཨོཾ་ཨཱཿ ཧཱུཾ་ཧ་ཧོ་ཧྲཱིཿ ཞེས་སམ། ཨོཾ་ཧྲཱིཿ ཧཱུཾ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་པ་བརྟན་པར་བྱས་པར་བསམ། འདིའི་ཨོཾ་ཨཱཿ ཧཱུཾ་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ཡིན་ལ། ཧ་ཧོ་ཧྲཱིཿ གསུམ་ཡང༌། ཧ་སེར་པོ་སྣང་མཐའ། ཧོ་དཀར་པོ་རྣམ་སྣང༌། ཧྲཱིཿ སྔོན་པོ་མི་བསྐྱོད་པའི་རང་བཞིན་ཅན་གྱིས་རིམ་བཞིན་ཁ་དོག་དྲི་ནུས་ཀྱི་སྐྱོན་གསུམ་སྦྱང་བར་མོས་པ་ཡིན་ནོ། །ཐོག་མར་ནང་མཆོད་བྱིན་གྱིས་བརླབ་པ་ནི་འོག་གི་མཆོད་གཏོར་རྣམས་བསང་བའི་དོན་ཡིན་ལ། བསྐྱེད་པའི་སྣོད་ཐོད་པར་བྱས་པ་ཀ་པཱ་ལ་ཞེས་པའི་ངེས་ཚིག་གིས་བདེ་བ་སྐྱོང་བ་ལ་འཇུག་པས་ལམ་དང་འབྲས་དུས་ཀྱི་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་ཆེད་དང༌། གཞི་དུས་ནའང་བདེ་བའི་རྟེན་ཧཾ་ཡིག་གནས་པའི་སྣོད་
དུ་གྱུར་པའི་རྟེན་འབྲེལ་གྱིས་ཡིན་ནོ། །དེའི་ནང་གི་རྫས་བཅུའི་ཤ་ལྔ་དང་དྲི་ཆེན་དྲི་ཆུ་ཁམས་དཀར་དམར་བཞི་ལ་མི་མཐུན་པ་མེད་ཀྱང༌། བདུད་རྩི་ལྔ་པ་ལ་བཤད་རྒྱུད་རྡོར་ཕྲེང༌། སྡོམ་འབྱུང༌། གདན་བཞིའི་འགྲེལ་པ་རྣམས་ལས་ཤ་ཆེན། ཚིལ། རྐང༌། ཀླད་པ། ངར་སྣབས་ལུད་པ་སོགས་སུ་བཤད་ཚུལ་མི་མཐུན་པ་མང་ངོ༌། །འགོད་ཚུལ་ཡང་ཤ་གཤེགས་པ་དང་བདུད་རྩི་གཤེགས་མའི་ངོ་བོར་བྱེད་པ་དང༌། དེ་ལས་བཟློག་པ་དང༌། གཉིས་ཀ་གཤེགས་པའི་ངོ་བོར་བྱེད་པ་གསུམ་འབྱུང་བའི་དབང་གིས་དབུས་དང་ཕྱོགས་མཚམས་སྤེལ་མར་འགོད་ལུགས་གཉིས་དང༌། དབུས་དང་ཕྱོགས་བཞི་ཁོ་ནར་འགོད་པའི་ལུགས་སོ་སོ་འབྱུང༌། གང་ལས་སྐྱེད་པ་དང་གང་གིས་མཚོན་པར་བྱེད་པའི་ཡི་གེའང་ལྷའི་ས་བོན་དང་རང་མིང་གི་ཡི་གེ་ལ་བྱེད་ཚུལ་སྣ་ཚོགས་ཡོད་ལ། འདིའི་རྒྱུད་དུ་བདུད་རྩི་བསྐྱེད་ཆོག་གསུང་བ་མེད་ཅིང༌། གྲུབ་ཆེན་གྱི་གཞུང་དུའང༌། བདུད་རྩི་ཤ་ལྔ་ཅི་འབྱོར་བ། །མཚན་ལྡན་པདྨའི་སྣོད་དུའོ། །སྔོ་དང་དམར་བའི་དཀྱིལ་འཁོར་གཉིས། །དེ་སྟེང་ཨཱཿ ལས་ཀ་པཱ་ལ། །ལྕགས་ཀྱུ་ལྔ་དང་ས་བོན་ལྔ། །ཞེས་པ་ཙམ་ལས་སོ་སོའི་ངོས་འཛིན་དང་ཡི་གེ་འགོད་ཚུལ་ཕྱོགས་མཚམས་ཀྱི་ཁྱད་སོགས་གསལ་བར་མ་གསུངས་པས་གཞན་ཞིག་གིས་རྒྱས་འགེབ་དགོས་ལ། འདིའི་ཆོ་གའི་ཆ་ལག་གཤེད་སྐོར་དང་ཕྱོགས་མཐུན་པ་མང་བས་དེས་བཀབ་པ་ཡིན་ཏེ། འདིར་རྫས་བཅུ་འགོད་ཚུལ་དང་ཡི་གེ་རྣམས་གཤེད་དམར་གྱི་རྒྱུད་ལྟར་ཡིན་ནོ། །
གོང་འོག་གི་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པ་རྣམས་གྲུབ་ཆེན་གྱི་གཞུང་ལྟར་ཡིན་ཏེ། དེའི་གཏོར་ཆོག་ལས། དེ་ནས་མདུན་གྱི་བར་སྣང་ལ། །ཟླ་དཀྱིལ་སྟེང་ནས་ཡི་གེ་ཧཱུཾ། །དེ་གྱུར་རྩ་ལྔ་དེ་ཉིད་ཅན། །སྔོ་བསྐྱོད་མེ་འབར་རྫས་རྣམས་ཁོལ། །འོད་ཀྱིས་ཟླ་བ་རྡོ་རྗེ་ཞུ། །ཐིམ་པས་དངུལ་ཆུ་ལྟ་བུར་གནས། །དེ་ཡི་སྟེང་དུ་ཨོཾ་དཀར་པོའི། །འོད་ཀྱིས་གངྒཱའི་ཀླུང་སོགས་བཀུག །བདུད་རྩི་དྲངས་ཏེ་གཉིས་མེད་བསྟིམ། །འབྲུ་གསུམ་སྔགས་ཀྱིས་བྱིན་བརླབ་བྱ། །ཞེས་སོ། །འདི་དག་ཀྱང་འདུས་པ་ཕྱི་མ་ལས། རྡོ་རྗེ་ཧཱུཾ་ལས་བྱུང་བ་ནི། །བར་སྣང་ལ་གནས་བསམ་པར་བྱ། །ཞེས་རྫས་རྣམས་ཀྱི་སྟེང་གི་ནམ་མཁར་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་གིས་མཚན་པ་དགོད་པ་དང༌། སྦར་དང་དེ་བཞིན་བསྲེག་པ་དང༌། །སྣང་བར་བྱ་དང་གཟུགས་སྣང་ལས། །ཞེས་ཧཱུཾ་གི་འོད་ཀྱིས་མེ་སྦར་བ་དང༌། རྫས་རྣམས་ཁོལ་ནས་བསྲེག་པ་དང༌། ཤེལ་ལམ་དངུལ་ཆུ་ལྟར་དྭངས་ཤིང་མདོག་དཀར་པོར་སྣང་བ་དང༌། གཟུགས་སྣང་ཞེས་པ་རྗེས་སུ་ཉི་མ་འཆར་ཀའི་མདོག་ལྟར་དམར་སེར་དུ་འགྱུར་བ་རྣམས་བསྟན་པ་ཡིན་ནོ། །རྡོ་རྗེའི་ཁ་དོག་ཤཱནྟི་པས་སྔོན་པོ་དང༌། ཐུབ་པ་དཔལ་གྱིས་དཀར་པོར་བཤད་པས་དོན་ལ་འགལ་བ་མེད་ཀྱང་འདིར་ཕྱི་མ་ལྟར་མཛད་དོ། །དེ་གྱུར་རྩེ་ལྔ་དེ་ཉིད་ཅན། །སྔོ་བསྐྱོད་མེ་འབར་རྫས་རྣམས་ཁོལ། །ཞེས་པའི་སྔོ་ཞེས་པ་རླུང་དཀྱིལ་ཡིན་གྱི། །རྡོ་རྗེའི་ཁ་དོག་བཤད་པ་མིན་ནོ། །འབྲུ་གསུམ་གྱིས་བྱིན་གྱིས་རློབ་ཚུལ་ཡང་གཏོར་ཆོག་ལས། ཧཱུཾ་ཧྲཱིཿ ཨོཾ་གྱིས་བྱིན་བརླབ་བྱ། །ཞེས་
འབྱུང་བས། དེའི་ཧྲཱིཿ འདི་ཡོངས་གྲགས་ཀྱི་ཨཱཿའི་དོད་ཡིན་ཞིང༌། འབྲུ་གསུམ་བརྗོད་པའི་ཚེ་རང་གཞན་གྱི་སྒོ་གསུམ་གྱི་སྒྲིབ་པ་རྣམས་བཀུག་སྟེ་ཐིམ་པའི་དམིགས་པ་བྱེད་པར་གསུངས་པས་གོ་རིམ་མ་འཆོལ་ན་དེ་ལ་ཨོཾ་ཨཱཿ ཧཱུཾ་བརྗོད་ཀྱང་འགལ་བ་མེད་དོ། །སྔོན་འགྲོའི་མཆོད་གཏོར་བྱིན་གྱིས་བརླབ་པ་ནི། མཆོད་པ་རང་གི་གཡོན་དང་འབུལ་ཡུལ་གྱི་གཡས་ནས་མགོ་བརྩམས་པ་ཚར་ཅི་འཛོམ་བཤམས་ལ། བསང་སྦྱངས་བྱེད་ཚུལ་ནང་མཆོད་ལྟར་བྱས་ནས། སྟོང་པའི་ངང་ལས་ཞེས་སོགས་བརྗོད་པའི་ཚེ་མཆོད་པའི་སྣོད་རྣམས་ཀྱི་གོ་སར་ཨ་དཀར་པོ་རེ་རེ་ཐོལ་གྱིས་བྱུང་དེ་ཞུ་བ་ལས་ཐོད་པའི་སྣོད་སྟོང་གསུམ་ལྟར་ཡངས་པའི་ནང་དུ་ཧཱུཾ་སྔོན་པོར་ཞུ་བ་ལས་དགྲ་བགེགས་ཀྱི་སྙིང་ཁྲག་གི་མཆོད་ཡོན་དང་ཞབས་བསིལ། དབང་པོའི་མེ་ཏོག །ཤ་ཆེན་ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། ཁྲག་ཞག་མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། མིའི་རུས་པ་ལས་གྲུབ་པའི་རོལ་མོའི་བྱེ་བྲག །རྐང་གླིང༌། ཅང་ཏེའུ། གསང་བའི་རྔ་ཆུང་སོགས་མཐའ་ཡས་པ། དེ་ཐམས་ཅད་ངོ་བོ་བདེ་སྟོང་གི་ཡེ་ཤེས་རྣམ་པ་མཆོད་རྫས་རྣམས་དེ་དང་དེའི་རྣམ་པ་ཅན། བྱེད་ལས་དབང་པོ་སོ་སོའི་ཡུལ་དུ་བདེ་བ་ཁྱད་པར་ཅན་སྟེར་ནུས་པ་སྟེ་ཁྱད་ཆོས་གསུམ་ལྡན་དུ་བསྐྱེད་ནས། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ་ཞེས་སོགས་བརྗོད། འབྲུ་གསུམ་རྡོ་རྗེ་གསུམ་གྱི་ས་བོན་ཡིན་པས་དེ་དང་མཆོད་པའི་མིང་སྤེལ་ནས་ངག་ཏུ་བརྗོད་ཅིང་རྡོ་རྗེ་གསུམ་གྱི་རང་བཞིན་བདེ་སྟོང་གི་ངོ་བོར་མོས་པ་ནི་
བྱིན་གྱིས་བརླབ་པ་དངོས་གཞི་ཡིན་ནོ། །འདིར་ཆུ་བཞི་དབུལ་ན། སྙིང་ཁྲག་གི་ཞལ་བསིལ་དང་བསང་གཏོར་ལ། སྔགས་ཀྱང་ཨཉྫ་མཱ་ཎཱཾ་དང་པྲོཀྵཱ་ཎཱཾ་བཅུག་སྟེ་བྱིན་བརླབ་བྱ། སྔོན་འགྲོའི་གཏོར་མ་ནི་སྒྲུབ་གཞིའི་ཁྱད་ཙམ་ལས་བྱིན་གྱིས་རློབ་ཚུལ་ནང་མཆོད་དང་ཁྱད་པར་ཅི་ཡང་མེད་དོ། །དེ་ནས་མཛུབ་མོ་གཉིས་མདུད། གུང་མོ་གཉིས་རྩེ་སྤྲད། མཐེ་བོང་གཉིས་ཀྱང་རྩེ་སྦྱར་ཏེ་སོར་མོ་ལྷག་མ་བརྐྱང་བ་འབར་བའི་ཕྱག་རྒྱ་དཔྲལ་བར་བཞག་ནས་གཡོན་དང་གཡས་སུ་བསྐོར་ལ་མིག་གྱེན་དུ་བལྟ་ཞིང་ཕཻཾ་ཞེས་བརྗོད། རོང་སྟོན་གྱིས་སྤྱན་འདྲེན་ལ་ཕཻཾ་མ་བརྗོད་ཀྱང་རུང་གསུངས་ཀྱང༌། དེ་མཁའ་འགྲོ་འབོད་པའི་སྔགས་ཡིན་པས་སྔོན་འགྲོའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་བྱེད་ཚེ་འདུལ་འཛིན་གྱི་གསུང་བཞིན་བརྗོད་ན་བདེའོ། །པཎ་ཆེན་ཡེ་ཤེས་རྩེ་མོའི་བསྐྱེད་རིམ་དུ། སྔོན་འགྲོའི་གཏོར་མ་བྱེད་པ་གྲུབ་ཆེན་གྱི་གཞུང་དུ་མ་བཤད། ཅེས་འབྱུང་ཡང༌། དཀྱིལ་ཆོག་གི་ཡན་ལག་བདུན་པའི་གོང་དུ། མཁའ་འགྲོ་མ་ལ་གཏོར་མ་བཏང༌། ཞེས་འབྱུང་ཞིང་ཡན་ལག་བདུན་པ་དེ་ཆོ་གའི་མགོར་ཚོགས་བསགས་པ་ལ་སྦྱར་བའི་ཤུགས་ཀྱིས་སྔ་མ་དེས་སྔོན་འགྲོའི་གཏོར་མ་བསྟན་པ་གསལ་བར་གོ་ནུས་སོ། །དེ་ནས་རང་འཁོར་ལོ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ་ཕྱོགས་སྐྱོང་བཅོ་ལྔ། གནོད་སྦྱིན་ཆེན་པོ་བརྒྱད། ཀླུ་ཆེན་བརྒྱད་ལ་སོགས་པ་འཁོར་བཅས་སྤྱན་དྲངས། འོད་ཟེར་གྱིས་རེག་པ་དེའི་མཐུས་བདེ་བ་ཆེན་པོ་སྐྱེས་ཤིང༌། དེས་སྟོང་ཉིད་ལ་མཉམ་པར་བཞག་སྟེ་
སྐད་ཅིག་གིས་བདེ་སྟོང་དབྱེར་མེད་པའི་འོད་གསལ་དུ་བཅུག་པ་ལས། འཁོར་ལོ་ཆེན་པོ་ཡབ་ཡུམ་གྱི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་ནས་འབྲུ་ཙམ་ཨོཾ་གྱིས་མཚན་པའི་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་བར་གྱུར་པར་བསམས་ལ། སྔོན་དུ་ཨོཾ་ཨཱཿ ཧྲཱིཿ པྲ་ཝ་ར་སད་ཀཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་མཆོད་ཡོན་དང༌། དེ་བཞིན་དུ་ཨརྒྷཾ་གྱི་གནས་སུ། པཱདྱཾ་གྱིས་ཞབས་བསིལ་དང༌། ཨཉྫ་མཱ་ཎཱཾ་གྱིས་ཞལ་བསིལ་དང༌། པྲོཀྵ་ཎཱཾ་གྱིས་བསང་གཏོར་རྣམས་རིམ་པ་བཞིན་སྦྱར་བས་ཆུ་བཞི་དབུལ། དེ་ནས་སྔར་བྱིན་གྱིས་བརླབས་པའི་གཏོར་སྣོད་ལག་པ་གཉིས་རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་སྟེང་དུ་དངོས་སུ་བཞག་པའམ་བཞག་པར་མོས་ཏེ་ཕྱོགས་གཡོན་དང་མཚམས་གཡས་སུ་ལན་གཉིས་བསྐོར་ཏེ་སྔགས་དོན་དྲན་བཞིན་པས། ཨོཾ་ཁ་ཁ།.....ཟོ་ཟོ། ཁཱ་ཧི་ཁཱ་ཧི།.....ཟོ་ཞིག་ཟོ་ཞིག །སརྦ་ཡཀྵ།.....གནོད་སྦྱིན་ཐམས་ཅད། རཀྵ་ས།.....སྲིན་པོ། བྷཱ་ཏ།.....འབྱུང་པོ། པྲེ་ཏ།.....ཡི་དྭགས། པི་ཤ་ཙ།.....ཤ་ཟ། ཨུནྨཱ་ད།.....སྨྱོ་བྱེད། ཨ་པསྨ་ར།.....བརྗེད་བྱེད། བཛྲ་ཌཱ་ཀ.....རྡོ་རྗེ་མཁའ་འགྲོ། ཌཱ་ཀི་ནྱཱ་ད་ཡ།.....མཁའ་འགྲོ་མ་རྣམས་ལ་སྟེར་བས། ཨི་མཾ་བ་ལིཾ་གྲྀ་ཧྣཱནྟུ།.....གཏོར་མ་འདི་བཟུང་དུ་གསོལ། ས་མ་ཡ་རཀྵནྟུ།.....དམ་ཚིག་སྲུང་བར་གྱིས་ཤིག །མ་མ་སརྦྦ་སིདྡྷི་མྨེ་པྲ་ཡཙྪ།.....བདག་ལ་དངོས་གྲུབ་ཐམས་ཅད་
སྩལ་དུ་གསོལ། ཡ་ཐཻ་པཾ།.....དེ་ལྟར་འདོད་པ། ཡ་ཐཻཥྚྭཾ།.....དེ་ལྟར། བྷུ་ཛ་ཐ།.....བཟའ་བ། པི་པ་ཐ།.....བཏུང་བ། ཛི་གྷྲ་ཐ།.....མྱང་བར་གྱིས། མ་ཏི་ཀྲ་མ་ཐ།.....རིམ་པ་ལས་མ་འདས་པར། མ་མ་སརྦྦ་ཀརྟ་ཡ།.....བདག་གི་དགོས་པ་ཐམས་ཅད། སད་སུ་ཁཾ་བི་ཤུདྡྷ་ཡེ།.....བདེ་བ་དམ་པ་རྣམ་པར་དག་པའི། ས་ཧ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།.....གྲོགས་མཛད་དུ་གསོལ། ཞེས་ལན་གཉིས་བརྗོད་དེ་དབུལ། དེའི་ཚེ་དམིགས་པ་ནི། རང་གི་སྙིང་ག་ནས་ངོ་བོ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཡིན་པ་ལ། རྣམ་པ་ལྷ་མོ་རོ་རྡོ་རྗེ་མ་ཕྱག་ན་ཐོད་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། སྔར་བྱིན་གྱིས་བརླབས་པའི་བདུད་རྩི་ནས་ཐོད་པས་ལུམ་ལུམ་བཅུས་ཏེ་མགྲོན་དེ་རྣམས་ལ་ཕུལ་བས་ལྗགས་འོད་ཟེར་གྱི་སྦུ་གུ་གཏོར་མའི་སྟེང་དུ་ཟུག །བཅུད་ཐམས་ཅད་འོད་ཟེར་གྱིས་དྲངས་ཏེ་གཏོར་སྔགས་བརྗོད་པ་དང་དུས་མཉམ་དུ་རང་རང་གིས་གསོལ་བས་ཟག་མེད་ཀྱི་བདེ་བས་ཐུགས་རྒྱུད་ཚིམ་པར་བསམ། དེ་ནས་རོ་རྡོ་རྗེ་མ་རྣམས་སྙིང་གར་བསྡུས་ལ། མཆོད་ཡོན་སོགས་ཐོགས་པའི་ལྷ་མོ་རྣམས་རིམ་བཞིན་སྤྲོ་བསྡུའི་དམིགས་པ་དང་བཅས། ཆུ་གཉིས་ཉེར་སྤྱོད་རོལ་མོ་ནང་མཆོད་རྣམས་དབུལ། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཞེས་སོགས་མགྲོན་རིགས་ངོས་བཟུང་ནས་ཕྱག་བྱ། རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཞེས་སོགས་ཀྱིས་འདོད་དོན་སྤྱི་དང་ཁྱད་པར་སྒྲུབ་ཐབས་བསྒོམ་པ་ལ་བར་ཆད་མི་འབྱུང་བའི་འཕྲིན་ལས་བཅོལ་ཞིང་གསོལ་བ་གདབ་སྟེ་ཞལ་གྱིས་བཞེས་པར་བསམ། དེ་ནས་ཡིག་བརྒྱ་བཟླ་བའི་ཚེ་མགྲོན་རྣམས་ཀྱི་སྤྱི་བོའི་རིགས་བདག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོས་བསྐོར་བ་ལས་བདུད་རྩིའི་རྒྱུན་དཀར་པོ་བབས། དེ་རྣམས་ཀྱི་སྤྱི་བོ་ནས་ཞུགས་པས། དེ་དག་གི་སྡིག་སྒྲིབ་དང་ཆད་ལྷག་དང་མཆོད་གཏོར་ངན་པ་སོགས་ལ་བརྟེན་ནས་
བྱུང་བའི་མི་མཉེས་པ་དང་འཁོན་ལ་སོགས་པ་ཐམས་ཅད་བཀྲུས་ནས་དག་པར་བསམ། ལག་པ་གཡོན་པའི་རྒྱབ་ཚུལ་བསྟན་པའི་སེ་གོལ་ལན་གསུམ་བྱས་ནས། ཨོཾ་བཛྲ་མུཿ ཞེས་བརྗོད་པ་དང་མགྲོན་རྣམས་སྔར་གྱི་གནས་ནས་གཤེགས་ཏེ་འོག་ཏུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ལ་མི་ཐོགས་པའི་ཚོད་ཙམ་དུ་སྒྲུབ་པ་པོ་ལ་བར་ཆད་སྲུང་བའི་ཚུལ་གྱིས་བཞུགས་པའམ། ཡང་ན་སོ་སོའི་གནས་སུ་གཤེགས་ཏེ་བར་ཆད་སྲུང་བའི་བསམ་པས་བཞུགས་པར་མོས་པ་གང་བདེ་བྱའོ། །གཉིས་པ་ནི། བདག་བསྐྱེད་མཆོད་པ་བྱིན་གྱིས་རློབ་ཚུལ་སྔོན་འགྲོའི་སྐབས་དང་འདྲ། རྡོར་སེམས་བསྒོམ་བཟླས་བྱེད་པ་ལ་ཐོག་མར། དུས་གསུམ་འབྱུང་བའི་སངས་རྒྱས་དང༌། །ཐེག་ཆེན་དམ་ཆོས་འདི་དང་ནི། །དགེ་འདུན་སངས་རྒྱས་སྲས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་རྐང་པ་གསུམ་གྱིས་སྐྱབས་ཡུལ་དཀོན་མཆོག་གསུམ་རིམ་པར་བསྟན་ཅིང༌། ཐ་མས་དེ་ལ་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་ཚུལ་བསྟན། ངོ་མཚར་ཆེ་མཆོག་བྱང་ཆུབ་ནི། །བླ་མེད་དག་ནི་ཐོབ་ནས་སུ། །ཞེས་རང་དོན་བྱང་ཆུབ་སྔོན་ལ་མངོན་དུ་བྱེད་ཚུལ་དང༌། ཤིན་ཏུ་མཐར་ཐུག་མྱང་འདས་ལ། །འགྲོ་བ་མྱུར་དུ་དགོད་པར་བགྱི། །ཞེས་གཞན་དོན་ཕུན་ཚོགས་འགྲོ་བ་མཐའ་དག་མི་གནས་པའི་མྱང་འདས་ལ་འགོད་པར་འདོད་པའི་སེམས་བསྐྱེད་བསྟན་པ་རྣམས་དོན་དྲན་བཞིན་པས་སྐྱབས་སེམས་རྒྱུད་འཁུལ་ངེས་བྱ། པཎ་ཆེན་ཡེ་ཤེས་རྩེ་མོའི་བསྐྱེད་རིམ་དུ། སློབ་དཔོན་སྟོང་ཉིད་ཏིང་འཛིན་རྗེ། །ཞེས་སོགས་ཤོ་ལོ་
ཀ་གཉིས་ཀྱིས། ཞེས་པ་ནས། འདི་གཉིས་འདི་སྐོར་གྱི་ཛ་ཝ་རི་པའི་གཞུང་ན་མི་འདུག །ཅེས་གསུང་སྣང་བ་ནི། འདུལ་འཛིན་གྱིས་མཛད་པའི་སྒྲུབ་ཐབས་ཀྱི་དཔེ་ཁོང་གི་ཕྱག་ཏུ་བྱུང་བ་དེར། ཏིང་འཛིན་རྡོ་རྗེས་ཟེར་རྒྱུ་ལ། ཏིང་འཛིན་རྗེ། ཞེས་བྲིས་ཤིང་ཡིག་ཆུང་དཀྱུས་སུ་ཤོར་ཡོད་འདུག་པས་ལན་པར་སྣང་གི །འདི་ཛ་ཝ་རི་པའི་གཞུང་ན་ཡོད་མེད་དོགས་པ་བྱེད་དོན་མེད་དེ། སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པའི་གོས་སྔོན་ཅན་གྱི་སྒྲུབ་ཐབས་བ་རི་ལོ་ཙཱ་བས་བསྒྱུར་བ་བྱ་རྒྱུད་ཀྱི་གྲངས་སུ་ཡོད་པ་དེའི་ནང་གི་ཚིག་ཡིན་ནོ། །སྐྱབས་སེམས་གྲུབ་ནས། རང་གི་སྤྱི་བོར་བཾ་དཀར་པོ་ཞིག་ཐོལ་གྱིས་བྱུང༌། དེ་འོད་དུ་མེར་གྱིས་ཞུ་བ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ་གཅིག་ཏུ་གྱུར་པར་བསམ། དེའི་སྟེང་དུ་ཨ་དཀར་པོ་ཞིག་ཐོལ་གྱིས་བྱུང༌། དེ་འོད་དུ་མེར་གྱིས་ཞུ་ནས་ཟླ་བའི་དཀྱིལ་འཁོར་པདྨའི་ལྟེ་བ་དང་མཉམ་པ་གཅིག་ཏུ་གྱུར་པར་བསམ། དེའི་སྟེང་དུ་ཧཱུཾ་དཀར་པོ་ཞིག་ཐོལ་གྱིས་བྱུང༌། དེ་འོད་དུ་མེར་གྱིས་ཞུ་བ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ་གཅིག་ཏུ་གྱུར་པར་བསམ། དེ་ལས་འོད་ཟེར་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲོས་ཏེ་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ཏེ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་པ་ནི་རྒྱུའི་མཛད་པ་ཡིན་ལ། རྡོ་རྗེ་ཧཱུཾ་དང་བཅས་པ་འོད་དུ་མེར་གྱིས་ཞུ་བ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་
ཕྱུག་མ་དཀར་མོ་རྡོར་དྲིལ་འཛིན་པས་འཁྱུད་པ། གཉིས་ཀའང་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཅན། གནས་གསུམ་དུ་ཨོཾ་ཨཱཿ ཧཱུཾ་གིས་མཚན་པའི་ཧཱུཾ་ཡིག་གི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ། སླར་ཡང་དབང་ལྷ་སྤྱན་དྲངས་ཏེ་དབང་བསྐུར་བས་མི་བསྐྱོད་པར་དབུ་བརྒྱན་པར་བསམ། དེ་ནས་རང་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་ཉིད་ཐ་མལ་གྱི་རྣམ་པ་ཅན། མདུན་དུ་ཚེ་འདིའི་ཕ་མ། གཡས་སུ་སྤུན་ཟླ། གཡོན་དུ་གྲོགས་མཆོག།།རྒྱབ་ཏུ་གཉེན་བཤེས། དེའི་མཐའ་སྐོར་དུ་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་བཞིན་དུ་སྨུག་ཤིག་གེ་ཡོད་པར་བསམས་ལ། རང་གི་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་གདན་གྱི་དབུས་སུ་ཧཱུཾ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་ཕྱོགས་བཅུའི་སངས་རྒྱས་ཀྱི་གྲངས་དང་མཉམ་པ་སྤྲོས་པའི་སྣེ་ལ་མཆོད་ལྷ་མཆོད་རྫས་སྣ་ཚོགས་པ་ཐོགས་པ་རྣམས་ཀྱིས་སངས་རྒྱས་རྣམས་ལ་མཉེས་པའི་མཆོད་པ་ཕུལ་བས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ཏེ་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པས་རྡོ་རྗེ་སེམས་དཔའ་དེ་ཉིད་སེམས་ཅན་གྱི་སྡིག་སྒྲིབ་སྦྱོང་བ་ལ་མཐུ་སྟོབས་ནུས་མཐུ་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ། དེ་ནས་ཡིག་བརྒྱ་བརྗོད་པ་དང་མཉམ་དུ་རང་རང་གི་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀའི་སྔགས་ཕྲེང་ཧཱུཾ་དང་བཅས་པ་ལས་བདུད་རྩིའི་རྒྱུན་བབས་ཏེ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དང་འདྲེས་པ་སྦྱོར་མཚམས་ནས་ཐོན། རང་གི་སྤྱི་བོ་ནས་ཞུགས་ཚེ་འཁོར་བ་ཐོག་མ་མེད་
པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དང་བཅས་པ་ཐམས་ཅད་སོལ་ཁུ་དང་དུད་ཁུའི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ནག་འདུར་གྱིས་དེད་དེ་རྐང་པའི་སེན་མོའི་བར་དུ་བདུད་རྩིས་སྐྱ་མེར་གྱིས་གང་བས་ཕུ་ཆུ་བྲུབས་ཏེ་ཉལ་ཉིལ་ཐམས་ཅད་དེད་པ་བཞིན་ལུས་ཡས་རིམ་ནས་ཤེལ་སྒོང་གཡའ་དག་པ་ལྟར་གྱུར་པར་བསམ་པ་ནི་ཡས་འདེད་ཀྱི་དབང་དུ་བྱས་པ་དང༌། ཡང་སྔར་ལྟར་གང་སྟེ་སྣོད་ཆུས་ཁེངས་པས་རྡུལ་ཁ་ལ་གཡེང་བ་ལྟར་ཉེས་ལྟུང་ཐམས་ཅད་བདུད་རྩིའི་ཁར་གཡེང་སྟེ་སྒོ་ཐམས་ཅད་ནས་ཕྱིར་ཐོན་པས་མས་རིམ་ནས་ཤེལ་ལྟར་དག་པར་བསམ་པ་མས་འདེད་དང༌། ཡང་སྡིག་ལྟུང་ནག་ཕུང་ངེ་བའི་སྟེང་དེར་བདུད་རྩི་བབས་པ་ན་དངུལ་ཆུ་ཐལ་མོས་བཅར་བ་བཞིན་ཕྱོགས་ཐམས་ཅད་དུ་གཏོར་བ་ཕུང་འདེད་ཀྱི་དམིགས་པ་གང་བདེ་བྱ། དེ་ནས་རང་གི་སྤྱི་བོའི་རྡོ་རྗེ་སེམས་དཔའ་འམ་ཐུགས་ཀའི་སྔགས་ཕྲེང་ཧཱུཾ་དང་བཅས་པ་ལས་འོད་ཟེར་སེམས་ཅན་གྱི་གྲངས་དང་མཉམ་པའི་སྣེ་ལ་རྡོ་རྗེ་སེམས་དཔའ་ཡུམ་བཅས་རེ་རེ་བྱོན་ནས་སྤྱི་བོར་བཞུགས་པར་བསམས་ལ། དམིགས་པ་གོང་བཞིན་བྱེད། དེ་ནས་རང་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་དེ་རྣམས་སེམས་ཅན་རང་རང་གི་སྤྱི་བོ་ནས་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམ་མོ། །རྡོར་སེམས་སྒོམ་བཟླས་བྱེད་ཚུལ་ཡང་འདིའི་བཤད་རྒྱུད་དམར་གྱི་བསྐྱེད་རིམ་དུ་དྲངས་པ་ལས། ཡེ་ཤེས་འོད་ཀྱིས་གསོལ་བཏབ་ལ། །རྡོ་རྗེ་སེམས་
དཔའི་སྐུར་བྱ་འོ། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་འབུམ་བརྗོད་དོ། །རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར། ཞེས་དྲངས་ཤིང༌། ད་ལྟའི་བཤད་རྒྱུད་ཀྱི་དཔེ་རྣམས་སུ་ཕྱོགས་བཅུར་ཁ་བལྟས་ཏེ་རྡོ་རྗེ་ཐལ་མོ་སྦྱར་ཏེ་ཡེ་ཤེས་འོད་ཀྱིས་གསོལ་བ་བཏབ་ལ། རྡོ་རྗེ་སེམས་དཔའི་སྐུར་མོས་པར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་འབུམ་དུ་བརྗོད་ན་རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །ཞེས་ཚིག་ལྷུག་པར་འབྱུང་ལ། རོང་སྟོན་གྱིས་མཛད་པའི་རྫོགས་རིམ་སྔོན་འགྲོའི་ཡི་གེ་ལས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཐམས་ཅད་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་སེང་ཁྲིའི་སྟེང་དུ་གཅིག་ཏུ་འདྲེས་པ་ལས་རྡོ་རྗེ་སེམས་དཔའི་སྐུར་བཞེངས་པར་མོས་ཏེ་ཡན་ལག་བདུན་པ་མཎྜལ་དང་བཅས་པ་དབུལ། ཡི་གེ་བརྒྱ་པ་བཟླ་ཞིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་བཟུང་སྟེ་དབང་བཞི་ལེན་པ་སོགས་རྡོར་སེམས་བསྒོམ་བཟླས་དང་སྔོན་འགྲོའི་ཚོགས་གསོག་གཉིས་ཀ་དཀྱུས་གཅིག་ཏུ་བྱས་འདུག་པ་ནི་བཤད་རྒྱུད་ཀྱི་ལུང་དེར། ཕྱོགས་བཅུར་ཁ་བལྟས་ཏེ་ཞེས་པ་དང༌། ལུང་དེའི་འཕྲོ་དེ་མ་ཐག་ཏུ། རྡོ་རྗེ་རྡོ་རྗེ་འཇིགས་བྱེད་ཆེ། །ཞེས་སོགས་རིགས་ལྔ་ག་དང་སྦྱར་བའི་བསྟོད་ཕྱག་མཛད་པ་དང་འགྲིག་པར་སྣང་བས་མན་ངག་གི་རྒྱུན་དེ་འདྲ་ཞིག་ཀྱང་ཡོད་པར་མངོན། རྡོར་སེམས་བསྒོམ་བཟླས་ནི་ཆོ་ག་ཕལ་ཆེར་གྱི་སྔོན་འགྲོར་འབྱུང་ཞིང༌། དེ་དང་འབྲེལ་བར་ཡི་གེ་བརྒྱ་པ་ཉེར་གཅིག་རེ་བཟླས་ན་ལྟུང་བའི་འཕེལ་ཁ་ཆད་པ་དང༌། འབུམ་བཟླས་ན་རྩ་ལྟུང་ཡང་དག་པར་སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་དཀྱིལ་འཁོར་
སྤྱིའི་ཆོ་ག་སྙིང་པོ་རྒྱན་ལས་གསུངས་ཚུལ་ཙམ་ཞིག་གྲགས་ཆེ་ལ། ཚུལ་འདི་རྒྱུད་སྡེ་མང་པོ་ལས་ཀྱང་གསལ་བར་གསུངས་ཏེ། བཤད་རྒྱུད་སྔར་དྲངས་པ་དང༌། ཨ་བྷི་དྷ་ནའི་རྒྱུད་ལས། ཐོག་མ་བར་དང་ཐ་མར་ནི། །དཔའ་བོ་དང་ནི་རྣལ་འབྱོར་མའི། །འཁོར་ལོ་དག་ནི་བརྟན་བྱའི་ཕྱིར། །ཡི་གེ་བརྒྱ་པའི་གསང་སྔགས་བཟླ། །ཞེས་ཐོག་མར་རྒྱུད་སྦྱོང་བའི་བཟླས་པ། བར་དུ་ལྷའི་དངོས་གྲུབ་བརྟན་པའི་བཟླས་པ། ཐ་མར་ལྷག་ཆད་བསྐང་བའི་བཟླས་པ་བྱེད་ཚུལ་གསུམ་དུ་གསུངས་པས། དང་པོ་ནི་ཆོ་གའི་སྔོན་འགྲོར་རྡོར་སེམས་བསྒོམ་བཟླས་བྱེད་ཚུལ་འདི་ཡིན་པས། སློབ་དཔོན་བྷ་བའི་གོས་སྔོན་ཅན་གྱི་སྒྲུབ་ཐབས་ལས། ཡི་གེ་བརྒྱ་སོགས་ཆོ་ག་ཡིས། །ཉེས་པ་ཀུན་ནས་སྦྱངས་ནས་ཀྱང༌། །ས་གཞི་ལེགས་པའི་གནས་དག་ཏུ། །མཎྜལ་མེ་ཏོག་ལེགས་པར་བཀྲམ། །ཞེས་ཚོགས་ཞིང་གི་སྔོན་དུ་རྡོར་སེམས་བསྒོམ་བཟླས་བྱེད་ཚུལ་གསལ་བར་གསུངས་སོ། །མངོན་བརྗོད་ཀྱི་གསུམ་པ་ལས་ཀྱང༌། ཡི་གེ་བརྒྱ་པས་ཐམས་ཅད་དུ། །གསང་སྔགས་བརྟན་པར་བསྒོམ་ནས་སུ། །རང་གི་མིང་གཞི་ལྡན་པར་ནི། །གཅིག་ཏུ་སྤེལ་ནས་བཟླ་བར་བྱ། །ཞེས་གསུངས་ཤིང༌། དེ་ཉིད་བསྡུས་པ་ལས་ཡིག་བརྒྱ་བརྗོད་པའི་ཕན་ཡོན་གྱིས་མཚམས་མེད་བྱས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། ཉེས་པ་བྱེད་པའི་ལས་བྱེད་པའང་དག་ནས་སྒྲུབ་པ་པོ་ལ་རྡོ་རྗེ་སེམས་དཔའ་བརྟན་པར་འགྱུར་བ་དང༌། དངོས་གྲུབ་ཐམས་ཅད་འཐོབ་པར་གསུངས་ལ། ཡང་མཉམ་སྦྱོར་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་ཡང་བཤད། འཚོ་བའི་
དེ་ཁོ་ན་ཉིད་ལས་ཀྱང་རང་གི་ལྷག་པའི་ལྷའི་དངོས་གྲུབ་བརྟན་པར་གསུངས། སློབ་དཔོན་ཀུན་སྙིང་དང་ཤཱཀྱ་བཤེས་གཉེན་གཉིས་ཀས་དེ་ཉིད་བསྡུས་པ་ལྟར་བཤད་པས། དངོས་གྲུབ་བརྟན་པ་དང་ལྷའི་དངོས་གྲུབ་ཉེ་བ་དང་ལྷ་རང་ལ་ཉེ་བར་འདོད་པས་ཡི་གེ་བརྒྱ་པ་མན་ངག་ལྟར་འབད་པར་བྱ་བ་གནད་དུ་ཆེའོ། །གཉིས་པ་ཐུན་དངོས་གཞི་ལ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། རང་དོན་ཕུན་ཚོགས་སྲིད་པ་གསུམ་དག་པར་བྱེད་པའི་ལམ་འཁྱེར་གྱིས་སྐུ་གསུམ་སྒྲུབ་པ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་བཤད་པ། གཞན་དོན་ཕུན་ཚོགས་སྐུའི་འཕྲིན་ལས་སྒྲུབ་བྱེད་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་བཤད་པ། ཐུགས་དང་གསུང་གི་འཕྲིན་ལས་སྒྲུབ་བྱེད་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བཤད་པའོ། །དང་པོ་ལའང༌། ཉེ་རྒྱུའི་ཚོགས་གསོག་པ་སྔོན་དུ་བཏང་སྟེ་འཆི་བ་ཆོས་སྐུར་འཁྱེར་བའི་རྣལ་འབྱོར་བསྒོམ་ཚུལ། གང་དུ་འཚང་རྒྱ་བའི་གནས་གཞལ་ཡས་ཁང་བསྐྱེད་པ་དང་སྦྲགས་ཏེ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་བསྒོམ་ཚུལ། མངོན་བྱང་ལྔའི་སྒོ་ནས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་བསྒོམ་ཚུལ་དེ་ལྟ་བུའི་སྐུ་གསུམ་གྱི་གོ་འཕང་ཡང་འདོད་ཆགས་ཀྱི་ཆོས་ཀྱིས་ཐོབ་པར་བསྟན་པའི་ཕྱིར་རིག་མ་འདུ་བྱ་ཚུལ་དང་བཞི། དང་པོ་ལའང་གཉིས་ལས། ཚོགས་གསོག་པ་ནི་ཛ་ཝ་རི་པའི་སྒྲུབ་ཐབས་ལས། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་བསམས་ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་དང༌།
བླ་མ་དང་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་ཏེ་བྱོན་པར་བསམས་ལ་མཆོད་པ་ལྔས་ཡང་དག་པར་མཆོད་ལ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཞེས་བྱ་བ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཞེས་གསལ་བར་གསུངས་པ་བཞིན་བྱེད་དགོས་པས། རང་ཉིད་སངས་རྒྱས་འཁོར་ལོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་ཐུགས་ཀར་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་མཚོན་བྱེད་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སྙིང་གའི་མི་ཤིགས་པའི་ཐིག་ལེ་དཀར་དམར་མཚོན་བྱེད་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཤིན་ཏུ་ཕྲ་བའི་རླུང་སེམས་མཚོན་པའི་ཧཱུཾ་ཡིག་མཐིང་ག་གྱེན་དུ་བགྲེང་བ། ཨཱུ་བྱ་སྒྲུབ། ཧ་སོར་རྟོག །མགོ་བོ་མཉམ་ཉིད། ཟླ་ཚེས་མེ་ལོང༌། ཐིག་ལེ་ནཱ་ད་དང་བཅས་པ་ཆོས་དབྱིངས་ཡེ་ཤེས་ཏེ་ལྔ་དང༌། དེའི་གོ་རིམ་ལྟར་རིགས་ལྔའི་རང་བཞིན་ཅན་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་ཁེངས། སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས། འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས། ཕྱོགས་བཅུའི་ཞིང་ཐམས་ཅད་གསལ་ལམ་མེར་འོད་ཀྱིས་ཁྱབ་པར་མོས། འདི་ལྟ་བུའི་ཚེ་སྤྱིར་སྣོད་བཅུད་ཀྱི་འཇིག་རྟེན་ཕྱོགས་མཚམས་ཐམས་ཅད་དུ་མུ་དང་མཐའ་མེད་པར་ཁྱབ་པ་ཞིག་ཡིན་ནའང༌། རང་གི་བློས་འོད་ཟེར་ཇི་ཙམ་སྤྲོ་བར་ནུས་པ་ཞིག་སྤྲོས་པ་དེས་སྣོད་བཅུད་ཡོད་དོ་ཅོག་ལ་ཁྱབ་པར་ཐག་བཅད་པས་ཆོག་པ་མན་ངག་ཡིན་ནོ། །དེ་ལྟར་འོད་ཟེར་སྤྲོས་པའི་ཕྱོགས་བཅུའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྐོར་
བའི་དཀྱིལ་འཁོར་གྱི་ལྷ་ཚོགས་དང༌། ཆོས་འདིའི་དབང་ཁྲིད་མན་ངག་སོགས་ཀྱི་བརྒྱུད་པའི་བླ་མ་རྣམས་དང་བཅས་པ་སྤྱན་དྲངས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་བསམ། གྲུབ་ཆེན་གྱིས་ཐུགས་ཀར་སྣ་ཚོགས་པདྨ་གསལ་འདེབས་པ་མ་གསུངས་ཀྱང་རྩ་རླུང་ཐིག་ལེ་གསུམ་གའི་མཚོན་བྱེད་ཚང་དགོས་པས་ཁ་བསྐངས་ན་ལེགས་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱང་སྤྱན་འདྲེན་གྱི་ཚིག་ལ་ཐོན་པས་འདུལ་འཛིན་གྱི་གསུང་དུའང་མ་བཀོད་འདུག་རུང༌། ཡེ་ཤེས་རྩེ་མོས་བྱེ་མ་སྙེད་ཀྱི་སངས་རྒྱས་དང་ཞེས་སོགས་ཀྱིས་མཚོན་པའི་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་དང༌། ཞེས་གསུངས་པ་ལེགས་སོ། །འདིར་འཁོར་གྱི་སངས་རྒྱས་བྱང་སེམས་གཞན་རྣམས་ཀྱང་ཕྱག་ན་རྡོ་རྗེའི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་འདྲེན་པ་ཡིན་ལ། ཡང་ན་ཐམས་ཅད་བསྡུས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆ་ཚང་བ་གཅིག་གི་རྣམ་པར་སྤྱན་དྲངས་ཀྱང་ཆོག་པར་གསུངས་སོ། །བླ་མ་སྤྱན་འདྲེན་ཚུལ་གཙོ་བོའི་རིགས་བདག་གི་ཚུལ་དུ་སྤྱན་འདྲེན་པ་དང༌། གཙོ་བོ་དང་ཐ་མི་དད་དུ་སྤྱན་འདྲེན་པ་གཉིས་ལས། ཡེ་ཤེས་རྩེ་མོས་ཕྱི་མར་གསུངས་ཀྱང༌། སངས་རྒྱས་རྣམས་དང་བླ་མ་ཞེས་དང་སྒྲས་ཕྱེ་ནས་གསུངས་ལ། སངས་རྒྱས་རྣམས་ཞེས་པས་དཀྱིལ་འཁོར་གྱི་ལྷ་མཚོན་པར་སྔར་གསུངས་པ་དང་མི་འགྲིག་པས་རང་ལུགས་སྔ་མ་ལྟར་བྱའོ། །དེ་ནས་སྔར་སྤྲོས་པའི་འོད་ཟེར་རྣམས་རང་གི་སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ་ཞིང༌། འདིས་མཚོན་སྔ་ཕྱིའི་འོད་ཟེར་དང་ལྷ་མོ་སྤྲོ་བསྡུ་སོགས་སྙིང་གའི་ཧཱུཾ་ལས་བྱེད་པས་ནི་འཁོར་འདས་ཐམས་ཅད་རང་གི་
སེམས་ཀྱིས་བཏགས་པ་ཙམ་དང༌། དེ་དག་གི་རྩ་བའམ་བྱེད་པ་པོ་མཐར་ཐུག་ཤིན་ཏུ་ཕྲ་བའི་སྙིང་གའི་རླུང་སེམས་ཡིན་པར་མཚོན་ཞིང༌། བསྡུ་བ་ན་སྙིང་གའི་ཧཱུཾ་ལ་ཐིམ་པར་མོས་པ་རྫོགས་རིམ་གྱི་སྐབས་སུ་རགས་པའི་རླུང་སེམས་ཐམས་ཅད་སྙིང་གར་ཐིམ་ནས་འོད་གསལ་འཆར་བའི་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་བའི་ཐབས་མཁས་བླ་ན་མེད་པ་ཡིན་ནོ། །དེ་ནས་དད་གུས་ཤུགས་དྲག་པོ་དང་བཅས་གྲུབ་ཆེན་གྱི་དཀྱིལ་ཆོག་ཏུ་འབྱུང་བའི་ཚིགས་བཅད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ཀྱིས་ཕྱག་བྱ། མཆོད་པའི་ཚིག་རྐང་གཉིས་ཀྱི་འཕྲོར་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་གསུངས་པའི་མཆོད་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་སོགས་ཀྱིས་ཆུ་གཉིས་ཉེར་སྤྱོད་རོལ་མོ་རྣམས་ཕྱག་རྒྱ་དང་བཅས་ཏེ་དབུལ། དེའང་ཨོཾ་ཞེས་བརྗོད་པའི་ཚེ་མཆོད་ལྷ་ཡུལ་གྱི་གྲངས་མཉམ་སྤྲོ་བ་དང༌། ཧཱུཾ་ཞེས་བརྗོད་པའི་ཚེ་སྙིང་གར་ཚུར་སྡུད་པ་ནི་སྐབས་ཀུན་ཏུ་རིགས་འགྲེའོ། །སྡིག་པ་བཤགས་པ་ལ་དགེ་འདུན་གྱི་དབྱེན་སོགས་མཚམས་མེད་ལྔ། དེའི་འདུ་སྒོ་འཕྲོག་པ་སོགས་ཉེ་བའི་མཚམས་མེད་ལྔ། མི་དགེ་བཅུ་རྣམས་དངོས་ཟིན་གོ་སླ་ལ། ལྕི་བ་བརྒྱད་ཅེས་པ་དམར་གྱི་རྒྱུད་འགྲེལ་གྱི་དཔེ་འགའ་ཞིག་ཏུ་དགེ་སློབ་མའི་ལྕི་བའི་ཆོས་བརྒྱད་ལ་བཤད། འདུལ་འཛིན་གྱིས་བྱང་ས་ནས་འབྱུང་བའི་ཕམ་པ་བརྒྱད་ལ་བླ་མ་སྔ་མ་རྣམས་བཞེད་པར་གསུངས་སོ། །འདིའི་སྐབས་སུ་སྟོབས་བཞི་ཚང་བར་བྱས་ཏེ་བཤགས་པ་བསྡམས་རྒྱུད་འཁུལ་ངེས་དགོས་ཤིང༌། དེ་ནས་རྗེས་སུ་ཡི་རང་བསྒོམ་པ། ཆོས་འཁོར་བསྐོར་
བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། བསྔོ་བ། ལུས་བྲན་དུ་དབུལ་བ། སྐྱབས་འགྲོ། སེམས་བསྐྱེད། ལམ་ལ་བརྟེན་པ། ཁྱད་པར་དུ་རིག་འཛིན་གྱི་སྤྱོད་པ་ལ་གནས་པར་དམ་བཅའ་བའི་སྒོ་ནས་སྔགས་སྡོམ་གསོ་བ་རྣམས་དོན་ཡིད་ལ་བསམ་སྟེ་རྒྱུད་དང་འདྲེས་ངེས་པ་གལ་ཆེ་ལ། ཚིག་རིས་ཙམ་ནི་གོ་སླ་བར་སྣང་ཞིང་ཡི་གེ་མང་གིས་དོགས་པས་མ་སྤྲོས་སོ། །འདི་དག་གི་སྒོ་ནས་ཞིང་མཆོག་ལ་ཟང་ཟིང་བཀུར་སྟི་སྒྲུབ་པའི་མཆོད་པ་གསུམ་གྱིས་ཚོགས་བསགས་པ་ཡིན་ལ། དེ་ཡིས་ཚད་མེད་བཞི་བསྒོམས་ཏེ་དམན་པའི་ཞིང་ལ་བརྟེན་ནས་ཚོགས་བསགས་པ་ཡིན་ནོ། །པཎ་ཆེན་ཡེ་ཤེས་རྩེ་མོས། ཚོགས་ཞིང་བསྡུ་བའི་ཚུལ་ལ་རང་མལ་འཇུག་པ་དང༌། འོད་གསལ་དུ་འཇུག་པ་དང༌། གནས་དེ་ཉིད་དུ་མི་དམིགས་པར་བསྒོམ་པ་དང༌། རང་བཞིན་གྱི་གནས་སུ་གཤེགས་པ་དང༌། རང་གནས་སུ་གཤེགས་པ་སོགས་མང་པོ་ལས་འདིར་ཕྱི་མའི་དབང་དུ་བྱས་པ་ཡིན། ཞེས་གསུངས་པ་འདུལ་འཛིན་གྱི་སྒྲུབ་ཐབས་དང་འགྲིག་པར་སྣང་ལ། ནང་གསེས་ཀྱི་ཁྱད་པར་ཅི་ཡོད་དཔྱད་དགོས་པར་སྣང༌། འོན་ཀྱང་རོང་སྟོན་གྱི་བསྐྱེད་རིམ་ལས། ཚོགས་ཞིང་གཤེགས་པ་སོགས་ལུགས་མང་དུ་གསུང་བ་རྣམས་ལས་སྤྱིར་གང་བྱས་ཀྱང་རུང་མོད། ཛ་ཝ་རི་པའི་སྒྲུབ་ཐབས་རྣམས་སུ་གཤེགས་པ་དང༌། རང་ལ་ཐིམ་པ་དང༌། དེ་བཞིན་ཉིད་དུ་དམིགས་པར་བྱེད་པའི་ཚིག་ཟུར་གང་ཡང་མེད་ལ་སྟོང་པར་བསྒོམ་པའི་ཞོར་ལ་འོད་གསལ་
དུ་སྡུད་པར་དགོས་པར་སྣང༌། ཞེས་གསུངས་པ་མད་པར་སྣང་སྟེ། ཛ་ཝ་རི་པའི་སྒྲུབ་ཐབས་ཆེ་བར་ཚོགས་ཞིང་བསྒོམ་ཚུལ་སྔར་དྲངས་པའི་འཕྲོས་དེ་མ་ཐག་ཏུ། དེ་ནས་གཅིག་དང་དུ་མ་དང་བྲལ་བའི་བློས་ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་ཞིང་བདག་མེད་པར་བསམ་མོ། །ཞེས་དང༌། དེའི་བདུད་སྤྱོད་པའི་སྒྲུབ་ཐབས་ལས། མདུན་དུ་བླ་མ་ཡི་དམ་ལྷ། །སྤྱན་དྲངས་མཆོད་ནས་སྟོང་ཉིད་བསྒོམ། །ཞེས་འབྱུང་བའི་ཕྱིར་རོ། །ཚུལ་འདི་ནི་བཤད་རྒྱུད་ལས། ཕྱག་འཚལ་སངས་རྒྱས་འདུས་པའི་སྐུ། །དེ་ནས་གསང་བའི་དཀྱིལ་འཁོར་གྱི། །ཞེས་གསུངས་པའི་དགོངས་པའང་ཡིན་ཏེ་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པ་ནི་སྦྱང་གཞི་དང་སྦྱར་ན་སྔགས་བླ་མེད་ཀྱི་ལམ་ལ་སྤྱོད་པའི་རྟེན་ཁྱད་པར་ཅན་འཛམ་བུ་གླིང་གི་མི་མངལ་སྐྱེས་ཁམས་དྲུག་ལྡན་དུ་སྐྱེ་བ་ལེན་པའི་རྒྱུད་ཕྱིས་ནས་མྱོང་འགྱུར་གྱི་དགེ་བའི་ལས་གསོག་པ་དང་ཆོས་མཐུན་པ་ཡིན་ནོ། །གཉིས་པ་འཆི་བ་ཆོས་སྐུའི་ལམ་འཁྱེར་བསྒོམ་པ་ནི་སྦྱང་གཞིའི་འཆི་བ་འོད་གསལ་འགྲུབ་ལུགས་དང༌། དེ་དང་རྣམ་པ་མཐུན་པའི་ལམ་གྱིས་སྦྱོར་ཚུལ་གཉིས་པོ་སྦྱར་ནས་ཤེས་དགོས་པས། འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ཞིག་རིམ་གྱིས་འཆི་བའི་འཆི་བ་འོད་གསལ་མངོན་དུ་བྱེད་པའི་ཚུལ་ནི། ཐོག་མར་ས་ཆུ་ལ་ཐིམ་པའི་སྐབས་ཕྱིའི་རྟགས་སུ་ལུས་ས་ལ་བྱིང་བའི་ཉམས་དང༌། ནང་དུ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། ཆུ་མེ་ལ་ཐིམ་པས་ཕྱིའི་རྟགས་ཁ་ལྕེ་སྐམ་ཞིང་སོ་དྲེག་ཆགས། ནང་དུ་དུ་བ་ལྟ་བུའི་སྣང་བ་འཆར། མེ་རླུང་ལ་ཐིམ་པས་ཕྱིའི་རྟགས་ལུས་ཀྱི་དྲོད་
སྡུད། ནང་རྟགས་སུ་མཁའ་སྣང་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང༌། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་དབུགས་ཆད་ཅིང༌། ནང་དུ་མར་མེ་འབར་བ་ལྟ་བུའི་སྣང་བ་འཆར། ཀུན་རྟོག་གི་རླུང་རྣམས་སྣང་བ་ལ་ཐིམ་པས་སྣང་བ་རང་དུས་སུ་སྟོན་གྱི་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་འབྱུང༌། དེ་མཆེད་པ་ལ་ཐིམ་ནས་མཆེད་པ་རང་དུས་སུ་སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་འབྱུང༌། དེ་ཉེར་ཐོབ་ཏུ་ཐིམ་པའི་ཉེར་ཐོབ་རང་དུས་སུ་ནམ་མཁའ་གཡའ་དག་ལ་སྲོད་ཀྱི་མུན་པ་མཐུག་པོས་ཁྱབ་པ་ལྟ་བུའི་སྣང་བ་འབྱུང༌། ཉེར་ཐོབ་འོད་གསལ་དུ་ཐིམ་པའི་འོད་གསལ་རང་དུས་སུ་སློད་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་ལྟ་བུའི་སྣང་བ་འཆར། དེའི་ཚེ་འཆི་བ་འོད་གསལ་མངོན་དུ་བྱས་པ་ཡིན་ཞིང་དེ་སྐབས་འདིའི་སྦྱང་གཞི་ཡིན། དེ་དང་རྣམ་པ་མཐུན་པར་དཔེ་དང་དོན་གྱི་འོད་གསལ་མཐར་ཐུག་པ་གཉིས་ཀྱི་སྐབས་སུ་ལུས་ལ་གནད་དུ་བསྣུན་པའི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་གཞིའི་འཆི་བ་འོང་ལུགས་དེ་ཇི་ལྟ་བ་བཞིན་དུ་ས་ཆུ་ལ་ཐིམ་པ་ནས་བཟུང་སྟེ་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་བར་རྟགས་དང་བཅས་པ་རྫོགས་རྗེས་ཐམས་ཅད་སྟོང་པ་འོད་གསལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འཆར་བ་ནི་དེ་སྦྱོང་བྱེད་ཀྱི་ལམ་ཡིན། སྦྱངས་པའི་འབྲས་བུ་མཐར་ཐུག་མངོན་དུ་བྱེད་པའི་ཚེའང་སྡུད་རིམ་དེ་ཇི་ལྟ་བ་བཞིན་བྱས་པའི་མཐར་མི་སློབ་པའི་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ཡིན། སྦྱང་གཞི་སྦྱོང་བྱེད་སྦྱངས་པའི་འབྲས་བུ་གསུམ་ག་ངོ་འཕྲོད་པར་བྱས་ཏེ་གཞི་དུས་
ཀྱི་དེ་སྦྱོང་སྙམ་པ་དང༌། ལམ་དུས་ཀྱི་དེའི་ལག་རྗེས་ལ་འདི་འོང་སྙམ་པ་ཡིན་ཞིང༌། སྒོམ་པའི་བློ་ནི་འབྲས་དུས་ཀྱི་དེ་ཁོ་ནའི་ངོ་བོར་ང་རྒྱལ་བཟུང་ནས་བསྒོམ་དགོས་པ་ཡིན་ནོ། །དེའང་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་བདེ་བ་ཆེན་པོའི་རང་བཞིན་གྱི་འོད་ཟེར་སྔོན་པོའམ་དམར་པོ་དཔག་ཏུ་མེད་པ་ཐུགས་ཀ་དང་ཡབ་ཡུམ་གྱི་སྦྱོར་མཚམས་སོགས་ནས་འཐོན་པ་ཕྱིའི་སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་རྣམས་དག་པའི་སྣོད་བཅུད་དུ་བསྒྱུར། སྣོད་ཐམས་ཅད་འོད་དུ་ལྟེམ་གྱིས་སྦྱངས་ནས་བཅུད་དང༌། དེ་ཐམས་ཅད་ཀྱང་འོད་དུ་ཞུ་བ་དང་ཚོགས་ཞིང་རྣམས་ཀྱང་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་འོད་དུ་ཞུ་བ་སྟོད་སྨད་ཐམས་ཅད་ནས་མེ་ལོང་གི་ཧ་ཡལ་བ་བཞིན་རིམ་གྱིས་སྙིང་གའི་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་གི་ཞབས་ཀྱུ་ནས་ཡར་བསྡུས་ཏེ་ནཱ་ད་ལ་ཐིམ་ཞིང་དེའང་མི་དམིགས་པའི་སྟོང་པར་བསྒྱུར་བར་བསམ། དེ་ལྟར་སྣོད་བཅུད་རང་ལ་ཐིམ་པ་དང༌། རང་ཧཱུཾ་ཡིག་ལ། དེའི་ཞབས་ཀྱུ་ཧ་ལ། ཧ་མགོ་བོ་ལ་ཐིམ་པ་བཞིའི་སྐབས་སུ་འབྱུང་བཞིའི་ཐིམ་རིམ་གྱི་རྟགས་རྣམས་དང༌། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད་ལ་ཐིམ་པ་ན་སྣང་མཆེད་ཐོབ་གསུམ་གྱི་རྟགས་རྣམས་ཤར་བའི་མོས་པ་བྱེད་ལ། ནཱ་དའང་མི་དམིགས་པར་གྱུར་པ་ན་དག་པ་གཉིས་ལྡན་གྱི་འོད་གསལ་མཐར་ཐུག་གི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་བྱའོ། །ཕར་ཕྱིན་ཐེག་པའི་ལུགས་ལྟར་དོན་དམ་གྱི་དཔྱད་པའི་སྒོ་ནས་སྟོང་ཉིད་ལེགས་པར་བསྒོམ་ནའང་ངེས་ངོར་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་འགག་པར་འགྱུར་བས་དེ་ཙམ་ལ་སྣོད་བཅུད་འོད་ཞུ་བྱས་མ་བྱས་ཁྱད་པར་མེད་
ནའང༌། སྡུད་རིམ་གྱི་དམིགས་པ་དང་སྦྲགས་ཏེ་བྱས་ན་གཉིས་སྣང་སྡུད་པ་ལ་ཁྱད་ཆེ་ཞིང༌། ལྷག་པར་སྙིང་གར་སྡུད་རིམ་བྱས་པས་སླར་གནས་དེར་རགས་པའི་རླུང་སེམས་ཐམས་ཅད་ཐིམ་ནས་དཔེ་དོན་གྱི་འོད་གསལ་སྐྱེ་བའི་སྨིན་བྱེད་དུ་འགྲོ་བས་སྤང་བྱ་སྤོང་ཚུལ་དང་ལམ་མྱུར་བུལ་མདོ་སྔགས་གཉིས་ནུས་པ་ཆེ་ཆུང་གི་ཁྱད་ཆེན་པོ་ཞུགས་པ་ཡིན་ཏེ། འདུས་པ་ཕྱི་མ་ལས། བསྟན་གྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའི་ཁམས་སུ་སྤྲོ་བར་བྱ། །ཞེས་དང༌། རིམ་ལྔ་གསལ་སྒྲོན་ལས། རིམ་གྱིས་འོད་གསལ་དུ་འཇུག་པས་བསྟན་པ་སྟེ་རྣམ་པར་དག་པ་ནམ་མཁའ་སྟེ་འཇིག་རྟེན་གྱི་ཁམས་རྣམས་སུ་སྤྲོ་བ་སྟེ། ཆོས་སྐུའི་ཚུལ་གྱིས་ཁྱབ་པར་བྱའོ། །ཞེས་དང༌། འཇིག་རྟེན་ཁམས་སུ་སྤྲོ་བའི་དོན་ནི་སྣོད་བཅུད་ཀུན་གྱི་ཆོས་ཉིད་ལ་བློས་ཁྱབ་པར་བྱེད་པའི་དོན་ནོ། །ཞེས་གསུངས་ཏེ། ཕར་ཕྱིན་ཐེག་པའི་ལུགས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཚེའང་ཆོས་དབྱིངས་ཀུན་འགྲོའི་ཚུལ་གྱིས་རྟོགས་པ་ཞེས་ཆོས་ཐམས་ཅད་ཀྱི་སྟེང་ནས་གཏན་ལ་ཕབ་པ་ཡིན་ཀྱང༌། ཆོས་མཆོག་ཐ་མའི་ཚེ་འདིའི་སྡུད་རིམ་ལྟ་བུའི་སྣོད་བཅུད་ཐམས་ཅད་གསལ་བཏབ་ནས་འོད་གསལ་དུ་འཇུག་པ་དང༌། དེ་དག་སྔོན་དུ་དག་པའི་སྣོད་བཅུད་ཀྱི་རྣམ་པར་བསྒོམ་པའི་ཐབས་མཁས་འདི་ལྟ་བུ་མེད་པས། དམིགས་བྱེད་བློ་ལ་ཤུགས་ཆེ་ཆུང་ཡོད་པར་མ་ཟད་དམིགས་པར་བྱེད་ཚུལ་གྱི་སྟེང་ནས་ཀྱང་ཤུགས་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེ་བར་འབྱུང་བ་ཡིན་ནོ། །ཐོག་མར་འཆི་བ་ཆོས་སྐུའི་ལམ་འཁྱེར་འོད་གསལ་སྟོང་པ་ཉིད་བསྒོམ་པ་འདི་ནི་ཡེ་ཤེས་ཀྱི་ཚོགས་
བསགས་པ་ཡིན་པས་གོང་དུ་བསོད་ནམས་ཀྱི་ཚོགས་བསགས་པ་དེ་དང་གཉིས་ཀ་ཟུང་འབྲེལ་དུ་འགྲོ་དགོས་ལ། དགོས་པའི་གཙོ་བོ་རང་ལ་འབྱུང་རྒྱུའི་གཞི་དུས་ཀྱི་འཆི་བ་རང་ག་བ་དེ་བཀག་ནས་དེའི་ཚབ་ལ་ལམ་དུས་ཀྱི་དཔེ་དང་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་དགེ་རྩ་སྨིན་པར་བྱེད་པ་དང༌། མཐར་ཐུག་འབྲས་དུས་ཀྱི་ཡེ་ཤེས་ཆོས་སྐུ་འགྲུབ་པའི་རྒྱུ་མཐུན་ཡིན་ལ། ཐོག་མར་སྟོང་ཉིད་བསྒོམ་པ་འདིས་ངེས་ངོའི་སྟོང་ཉིད་ཀྱི་འཛིན་སྟངས་མ་ཤོར་བ་བྱས་ནས་འོག་གི་མངོན་རྟོགས་རྣམས་རིམ་པ་བཞིན་དུ་བསྒོམས་པས། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུང་རྣམ་རྟེན་བརྟེན་པར་ཤར་བའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཁྱད་པར་ཅན་བསྐྱེད་དེ་འོག་གི་ཉམས་ལེན་ཐམས་ཅད་ཚོགས་གཉིས་ཟུང་འབྲེལ་དང་སྲིད་ཞིའི་མཐའ་གཉིས་ཀ་འགོག་བྱེད་དུ་འགྲོ་ལ། འབྲས་དུས་ན་སྤྲོས་བྲལ་ཆོས་སྐུའི་ངང་ལས་དག་པའི་བརྟན་གཡོ་རབ་འབྱམས་སྤྲུལ་བའི་ཆེད་ཡིན་ཏེ། རིམ་ལྔ་ལས། འདིར་ནི་མང་དུ་བཤད་ཅི་དགོས། །རྡོ་རྗེ་ཐེག་པར་རྣལ་འབྱོར་བས། །དེ་ཉིད་གང་གང་དམིགས་བྱ་བ། །དེ་དེ་སྒྱུ་མ་ཁོ་ནར་གསུངས། །ཞེས་དང༌། གསང་བ་གྲུབ་པ་ལས། སྤྲོས་པ་མེད་ཅིང་དག་པ་ལས། །འདི་དག་ཐམས་ཅད་རྣམ་པར་སྤྲུལ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་བགེགས་བཟློག་པའི་སྲུང་བའི་མཆོག་ཏུ་འགྱུར་བ་དང༌། དབང་པོ་རྟུལ་པོས་སྟོང་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པ་དང༌། འབྲིང་གིས་བརྗེད་པ་དྲན་པ་གསོ་བ་དང༌། རྣོན་པོས་རྟོགས་ཟིན་མི་ཉམས་པར་གོང་འཕེལ་དུ་འགྱུར་བ་སོགས་དགོས་པ་ཤིན་ཏུ་མང་སྟེ་རྗེ་ཡབ་སྲས་ཀྱི་
གསུང་རབ་རྣམས་ལས་ཤེས་པར་བྱའོ། །སྡུད་རིམ་རྣམས་ཚིག་ཏུ་མ་བརྗོད་པར་ཡིད་ལ་བསམས་ནས་སྔགས་བརྗོད་པས་རུང་ཡང་ལས་དང་པོ་པ་ལ་འཆར་བདེ་བའི་ཕྱིར་རྗེ་རོལ་བའི་རྡོ་རྗེའི་གསུང་དུ་བཀོད་པ་བཞིན་བྱས་ན་ལེགས། ཆོ་ག་མང་པོར་སྭ་བྷཱ་ཝ་དང་ཤཱུ་ནྱ་ཏཱའི་སྔགས་གཉིས་ཀར་བྱུང་ཡང་འདིར་ཕྱི་མ་གཅིག་པུ་ལས་མ་བཀོད་པ་ནི་ཛ་ཝ་རི་པའི་གཞུང་དང་བསྟུན་པར་སྣང་ལ། འོན་ཀྱང་དེའི་སྒྲུབ་ཐབས་གསུམ་གར་མཧཱ་ཤཱུ་ནྱ་ཏཱ་ཞེས་འབྱུང་ངོ༌། །སྔགས་དོན་ཡང་ཨོཾ་གྱི་ཨ་ཨུ་མ་གསུམ་ནི་འཁོར་གསུམ་བདེན་པས་སྟོང་པ། ཤཱུ་ནྱ་ཏ་སྟོང་པ་ཉིད་དེ་ཡུལ། ཛྙཱ་ན་ཡེ་ཤེས་ཏེ་ཡུལ་ཅན། བཛྲ་མི་ཕྱེད་པ་སྟེ་དེ་གཉིས་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་པ། སྭ་བྷཱ་ཝ་རང་བཞིན། ཨཱཏྨ་ཀཿ བདག་ཉིད། ཨ་ཧཾ་ནི་ངའོ་སྟེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་སྔར་བཤད་པ་ལྟར་གྱི་སྡུད་རིམ་ལ་བརྟེན་ནས་གཉུག་སེམས་མངོན་དུ་བྱས་ཤིང་དེ་བདེ་བའི་ངོ་བོར་བསྐྱེད་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའི་བདག་ཉིད་དེ་ངའོ་ཞེས་ཆོས་ཀྱི་སྐུ་ལ་ང་རྒྱལ་འཇོག་པ་ཡིན་ཞིང༌། ཨོཾ་གྱི་ཡི་གེ་གསུམ་གས་ང་དེ་གང་ལ་འདོགས་པའི་གཞིར་གྱུར་པའི་རང་གི་ལུས་ངག་ཡིད་གསུམ་མཚོན་པར་བྱས་ནའང་ཆོག་གོ །ཚོགས་ཞིང་སྐབས་འདིར་སྟོང་སྦྱང་བྱེད་རྒྱུ་ཡིན་ན་འཇིགས་བྱེད་ཀྱི་ཆོ་གའི་ཚིག་རིས་ལྟར། རང་དང་ཚོགས་ཞིང་གི་ལྷ་དང་དེ་དག་ལས་གཞན་པའི་ཕྱི་ནང་གི་དངོས་པོ་ཐམས་ཅད་བདེན་པའི་གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་རང་བཞིན་གྱིས་སྟོང་ཞིང་བདག་མེད་པར་གྱུར།
ཅེས་བརྗོད་ན་བདེའོ། །འདིར་གྲུབ་ཆེན་གྱི་གཞུང་དུའང་གཅིག་དུ་བྲལ་གྱི་རིགས་པས་དཔྱད་ཚུལ་སོགས་གསུངས་པས། ད་ལྟ་མཁས་རློམ་མང་པོ་ཞིག་སྟོང་ཉིད་རིགས་པས་སྒྲུབ་པ་མདོ་ལུགས་དང་རྟོག་གེ་བས་དཔྱད་ཚུལ་ཡིན་གྱི། གསང་སྔགས་ཟབ་མོའི་ཉམས་ལེན་སྐབས་མོས་སྒོམ་ཙམ་གྱིས་ཆོག་པར་ལྟ་བའི་ལོག་རྟོག་གི་ཁུངས་བརྟོལ་བ་ཡིན་ལ། ཚུལ་འདི་གལ་ཆེ་ཞིང་བཤད་པར་བྱ་བ་མང་ནའང་ཡི་གེས་འཇིགས་ནས་མ་སྤྲོས་སོ། །འདིའི་བསྐྱེད་རིམ་དམར་གྱིས་མཛད་པ་ལས། དག་བྱེད་གསུམ་དང་སྦྱར་ན་ཧཱུཾ་གི་འོད་ཀྱིས་བདག་གཞན་གྱི་རྣམ་རྟོག་སྤངས་པ་ནི་འཆི་བའི་སྲིད་པ་དག་བྱེད་དོ། །ཉམས་མྱོང་གི་ངོ་བོ་རྣམ་པ་ཧཱུཾ་ཙམ་དུ་གནས་པ་ནི་བར་དོའི་སྲིད་པ་དག་བྱེད་དོ། །ཧཱུཾ་གི་འོད་ཟེར་ལས་རང་ཁྲོ་བོར་གྲུབ་པ་ནི་སྐྱེ་བའི་སྲིད་པ་དག་བྱེད་དོ། །ཞེས་སྐུ་གསུམ་ལམ་འཁྱེར་ལ་དག་བྱེད་གསུམ་གྱི་ཐ་སྙད་མཛད་ཅིང༌། འཆི་སྲིད་དག་བྱེད་ལ་ནང་གསེས་ཀྱིས་བདག་གཞན་གྱི་རྣམ་རྟོག་སྤོང་བ་གཉིས་སུ་ཕྱེ་སྟེ། ཕྱིའི་སྣོད་བཅུད་བསྡུས་ནས་རང་ལ་བསྟིམ་པ་གཞན་གྱི་རྣམ་རྟོག་སྤོང་བ། རང་ཧཱུཾ་ཡིག་ལ་ཐིམ་པ་བདག་གི་རྣམ་རྟོག་སྤོང་བ་ཞེས་བཤད་དོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྐྱེད་པ་དང་སྦྲགས་ཏེ་བར་དོ་ལོངས་སྐུར་འཁྱེར་བའི་རྣལ་འབྱོར་བསྒོམ་པ་ལ། ལོངས་སྐུའི་ལམ་འཁྱེར་དང་གཞལ་ཡས་ཁང་བསྒོམ་པ་གཉིས་ལས། དང་པོ་ནི། དེ་ལྟར་སྣང་བ་ཐམས་ཅད་བསྡུས་པའི་འོད་གསལ་གྱི་ངང་ལས་འདི་སྙམ་དུ། བདག་ཡེ་ཤེས་ཆོས་སྐུ་ཁོ་ན་ལ་གནས་ན་གཞན་དོན་མི་
འགྲུབ་པས། གཞན་དོན་དུ་གཟུགས་ཀྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་སྟེ་རང་གི་སེམས་ཉིད་ཧཱུཾ་ཡིག་གྱེན་འགྲེང་གི་གཟུགས་ཤིན་ཏུ་ཕྲ་ཞིང་དྭངས་པའི་རྣམ་པར་ནམ་མཁའ་ལ་གནས་པར་བསམ། དེའང་གཞི་ལ་འཆི་བ་འོད་གསལ་འགགས་པ་དང་ལུགས་ལྡོག་གི་ཉེར་ཐོབ་འགྲུབ་པ་གཉིས་སྲང་མདའི་མཐོ་དམན་བཞིན་འབྱུང་དགོས་པས། དེ་དང་རྣམ་པ་མཐུན་པར་མངོན་རྟོགས་བསྒོམ་པའི་ཚེ་ནའང་ལམ་འཁྱེར་དང་པོ་གཉིས་ཀྱི་བར་དུ་གཞན་གྱིས་མ་ཆོད་པ་དགོས། འཇིགས་བྱེད་ཀྱི་ཆོ་ག་ལྟ་བུར་སྲུང་འཁོར་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བཏབ་མ་ཟིན་པར་རྒྱུ་རྡོ་རྗེ་འཛིན་པ་སྐྱེད་ཚུལ་མེད་པས། གཞལ་ཡས་ཁང་སོགས་བསྒོམ་ནའང་སེམས་བྱིང་འོད་གསལ་གྱི་ངང་དུ་གནས་པར་མོས་པའི་ངང་ནས་བློའི་ཟུར་གཅིག་གིས་དེ་དག་གསལ་འདེབས་པ་སོགས་བྱེད་དགོས་ལ། བདེ་མཆོག་ལྟ་བུར་སྟོང་སྦྱང་གི་ཚིག་དང་དམིགས་པ་རྫོགས་མཚམས་ནས་བར་དོ་མཚོན་བྱེད་ཀྱི་ནཱ་ད་ནམ་མཁར་བཞག་སྟེ། དེ་ལ་ང་རྒྱལ་འཇོག་བཞིན་པའི་ངང་ནས་འབྱུང་བཞིའི་དཀྱིལ་འཁོར་གཞལ་ཡས་ཁང་དང་བཅས་པ་གསལ་འདེབས་པ་བཞིན། འདིར་ཡང་འོད་གསལ་བསྒོམས་པའི་འཕྲོ་དེ་མ་ཐག་ཧཱུཾ་ཡིག་ནམ་མཁར་འཇོག་དགོས་སོ། །རྗེ་འདུལ་བ་འཛིན་པའི་ཆོ་གར། བར་སྲིད་མཚོན་པའི་ཡི་གེ་རྒྱུད་དང་རྒྱ་གཞུང་གཞན་ནས་འབྱུང་ཡང༌། སློབ་དཔོན་འདིའི་གཞུང་ནས་བཤད་པ་མ་བྱུང་ངོ༌། །ཞེས་གསུངས་ཏེ་ལོངས་སྐུའི་ལམ་འཁྱེར་མ་མཛད་ཀྱང༌། དེ་ནི་རོང་སྟོན་གྱིས་ཛ་ཝ་རི་པའི་སྒྲུབ་ཐབས་
སུ་བར་དོ་མཚོན་བྱེད་མི་གསལ་བའི་དགོས་པ་སློབ་དཔོན་མེད་པར་འཇུག་པ་དགག་པའི་ཕྱིར་ཅུང་ཟད་གབ་པ་ཡིན་ལ། དཀྱིལ་ཆོག་ཏུ། ཕྱི་ནང་སྟོང་པ་ཉིད་དུ་བསམ། །ཤཱུ་ནྱ་ཏཱ་ཡིས་བརྟན་པར་བྱས། །དེ་ནས་བདག་ཉིད་ཧཱུཾ་དུ་བསམ། །ཞེས་པས་གསལ་བར་བསྟན་ཡོད་ཀྱང་འདུལ་འཛིན་པའི་ཕྱག་དཔེ་དེར། བདག་ཉིད་ཧཱུཾ་དུ་བསམ་ཞེས་པ་ཆད་འདུག་པས་ལན་གསུངས་པ་མད་དམ་སྙམ་ལ། ཤེར་འབྱུང་པས་ཀྱང༌། རིམ་པ་དང་པོའི་སྐབས་སུ་བླ་མ་གོང་མ་རྣམས་ཀྱི་མན་ངག་ལ་འཆི་བ་དང༌། བར་དོ་དང༌། སྐྱེ་བའི་སྲིད་པ་དག་པར་བྱེད་པ་དག་བྱེད་གསུམ་དང་ལྡན་པ་ཞེས་འབྱུང་བས། བར་དོ་སྦྱོང་བྱེད་ཀྱི་ལམ་བསྒོམ་པ་གྲུབ་ཆེན་གྱི་དང་པོའི་མན་ངག་ལ་ཡོད་པར་ངེས་ལ། དེ་མེད་ན་བར་དོ་གང་དུ་སྐྱེ་བ་ལེན་པ་དང་མཐུན་པར་བསྒོམ་པའི་སྤྲུལ་སྐུའི་ལམ་འཁྱེར་ཡང་མི་ཡོངས་དགོས་ཤིང༌། དེ་ནི་འོག་ནས་འཆད་པ་ལྟར་བར་དོ་གང་དུ་ཉིང་མཚམས་སྤྱོར་བའི་ཕ་མའི་ཁུ་ཁྲག་མཚོན་པའི་ཟླ་ཉི་བསྒོམ་པར་གསུངས་ཤིང༌། དེའི་དུས་སུ་བར་དོ་མཚོན་བྱེད་ཀྱི་ཡི་གེ་སོགས་འཇུག་པ་མེད་ན་དེ་ལྟར་གསུངས་པ་ལ་སྦྱར་གཞི་དང་མཐུན་པའི་དགོས་པ་དང་འབྲེལ་བ་གང་ཡང་མེད་ལ། ཁུ་ཁྲག་མཚོན་པའི་ཟླ་ཉིའི་དབུས་སུ་བར་དོ་འཇུག་པ་ལའང་སྔོན་དུ་འཇུག་རྒྱུའི་ཡི་གེ་སོགས་བསྒོམ་པ་དགོས་ལ། དེ་སྐབས་གང་དུ་བསྒོམ་པའང་སྦྱང་གཞི་ལ་འཆི་སྲིད་འགགས་མ་ཐག་བར་སྲིད་འགྲུབ་པ་དང་མཐུན་པར་འཆི་བ་དག་བྱེད་ཆོས་སྐུའི་ལམ་འཁྱེར་སྟོང་ཉིད་བསྒོམ་པའི་མཇུག་ཐོགས་དེ་མ་ཐག་ཏུ་བསྒོམ་དགོས་སོ། །ཞེས་ནན་ཏན་ཏུ་བསྒྲུབས་སོ། །འདི་ནི་ཤིན་ཏུ་གལ་ཆེ་སྟེ་ཆོ་ག་
གསུམ་བསྐྱེད་ཀྱིས་ལྷའི་རྣལ་འབྱོར་བསྒོམ་པ་ཙམ་ཞིག་རྒྱུད་སྡེ་བཞི་ག་ལ་ཁྱད་མེད་དུ་ཡོད་ཀྱང༌། རྒྱུད་སྡེ་འོག་མའི་ལམ་ལ་བསྐྱེད་རིམ་གྱི་མིང་དོན་གཉིས་ཀ་མེད་པ་ནི་རྫོགས་རིམ་གྱི་སྨིན་བྱེད་དུ་གྱུར་པའི་སྐུ་གསུམ་ལམ་འཁྱེར་གྱི་གནད་འདི་མ་ཚང་བའི་སྟོབས་ཀྱིས་ཡིན་པས། འོག་མ་དེ་དག་ལས་ཁྱད་ཞུགས་པ་ལ་འདི་གསུམ་ཆར་ཚང་དགོས་ཀྱི། གཅིག་མ་ཚང་ན་སྲིད་པ་སྐྱེ་རིམ་ལྟར་མི་འགྲོ་བས་གཞན་གཉིས་ཀྱང་མཚན་ཉིད་པ་འོང་ཚུལ་མེད་པའི་ཕྱིར་དང༌། སྲིད་པ་དེ་གསུམ་དག་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པ་ལ་ངེས་པར་སྲིད་པ་སྐྱེ་རིམ་ཤེས་ནས་དེ་ལྟར་བསྒོམ་པ་དགོས་པའི་ཕྱིར། སྡོམ་འབྱུང་ལེའུ་གཉིས་པར་སྦྱང་གཞི་གསུམ་གསལ་བར་བསྟན་པའི་མཐར། སྲིད་པ་སྐྱེ་བའི་རིམ་ཤེས་པས། །རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །འདི་ནི་ཕུང་པོ་ཡོངས་མཁྱེན་པའི། །དེ་ཉིད་གསུང་བ་རྣམས་ཀྱིས་བཤད། །ཅེས་སོ། །སྐབས་འདིའི་ཧཱུཾ་ཡིག་གི་ཁ་དོག་ཀྱང་ཤེར་འབྱུང་བའི་བསྐྱེད་རིམ་ལས། ཧཱུཾ་ཡིག་དང་ནཱ་ད་སོགས་ཤིན་ཏུ་ཕྲ་བར་བསྒོམ་པ་ནི་བར་དོའི་ལུས་དེ་རླུང་སེམས་ཤིན་ཏུ་ཕྲ་བ་ལས་གྲུབ་པ་མཚོན་ལ། ཁ་དོག་དཀར་པོར་བསྒོམ་པ་ནི་དེའི་རླུང་ནི་སྲོག་འཛིན་ཙམ་ཡིན་ཞིང་དེའང་ཁ་དོག་དཀར་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ལ། དེ་ལ་དམར་པོའི་མདངས་ཆགས་པར་བསྒོམ་པས་ནི་བར་དོ་རང་གི་ཆགས་པས་བཅིངས་པ་མཚོན་ཏེ་སྐབས་གཞན་དུ་ཡི་གེ་གསུམ་གྱི་མཐའ་གཉིས་སུ་ཧོ་ཡིག་གཉིས་བསྒོམ་པ་བཞིན་ནོ། །ཞེས་དང༌། ཡེ་ཤེས་རྩེ་མོས།
ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་བྱེད་པའི་དགོས་པ་ནི་གཞི་ལ་བར་དོ་ཆགས་པས་བཅིངས་པ་དང་ལམ་ལ་སྒྱུ་མའི་སྐུའི་ཐུགས་རྒྱུད་བདེ་བ་ཆེན་པོས་བཅིངས་པ་དེ་ཡིན་པར་ནཱ་ད་དཀར་ལ་དམར་བའི་མདངས་ཅན་བྱེད་པའི་དགོས་པས་མཚོན་ནམ་སྙམ་མོ། །གཞན་ཡང་ཧཱུཾ་ཡིག་ཤིན་ཏུ་ཕྲ་བར་བསྒོམ་པ་ནི་བར་དོའི་ལུས་དེ་ཤིན་ཏུ་ཕྲ་བའི་རླུང་སེམས་ལས་གྲུབ་པ་མཚོན་ལ། ཁ་དོག་དཀར་པོར་བསྒོམ་པ་ནི་དེའི་རླུང་དེ་སྲོག་འཛིན་ཡིན་ཞིང་དེ་ཁ་དོག་དཀར་པོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ཞེས་བདེ་མཆོག་གི་ནཱ་ད་དཀར་ལ་དམར་བའི་མདངས་ཅན་བྱེད་པའི་རྒྱུ་མཚན་དེས་རྒྱས་བཀབ་ནས་གསུངས་སོ། །རོང་སྟོན་གྱིས་བསྐྱེད་རིམ་ལས་དེ་ལ་དགག་གཞག་དུ་མ་མཛད་དེ་རང་ལུགས་དམར་གྱི་ཡིག་ཆ་འགའ་ཞིག་ཏུ་སྔོན་པོར་བཤད་པ་དང་སྒོ་བསྟུན་ནས་གསུངས་སོ། །འོན་ཀྱང་འཇིགས་བྱེད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་དམར་སེར་བྱས་པ་ནི་དགོས་ཆོས་ཁྱད་པར་བ་ཞིག་ཡིན་ལ། བདེ་གསང་གཉིས་ཀས་དཀར་པོར་མཛད་པས་རྒྱས་འགེབ་ན་དེ་གང་རུང་གིས་རྒྱས་བཀབ་པ་བདེའོ། །དེ་ལྟར་ཆོས་སྐུའི་ང་རྒྱལ་ལས་ལྡང་བ་དང་དུས་མཉམ་དུ་རང་ཉིད་རླུང་སེམས་ཙམ་ལས་གྲུབ་པའི་བར་དོ་ལོངས་སྐུའི་བདག་ཉིད་ཧཱུཾ་ཡིག་གི་རྣམ་པར་བསྒོམ་པ་ནི་གཞི་ལ་འོད་གསལ་ལས་ལངས་མ་ཐག་བར་དོ་གྲུབ་པ་དང་ཆོས་མཐུན་ཞིང་དེ་སྦྱོང་བར་བྱེད། ལམ་ལ་དཔེ་དང་དོན་གྱི་འོད་གསལ་ལས་ལངས་མ་ཐག་ཏུ་མ་དག་པ་དང་དག་པའི་སྒྱུ་མའི་སྐུ་གྲུབ་པ་དང་ཆོས་མཐུན་ཞིང་དེའི་རྒྱུད་སྨིན་པར་བྱེད། སྦྱངས་པའི་འབྲས་བུ་ལ་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་བྱེད་པ་ཡིན་པས་བར་དོ་ལོངས་སྐུར་
འཁྱེར་བའི་ལམ་ཁྱེར་ཞེས་བཤད་པ་ཡིན་ནོ། །གཉིས་པ་གཞལ་ཡས་ཁང་བསྒོམ་པ་ལ་ཐོག་མར་འགལ་རྐྱེན་འགོག་པའི་སྲུང་འཁོར་སྒོམ་ཚུལ་ནི། གཞན་ལས་འབྱུང་བཞིའི་དཀྱིལ་འཁོར་གྱི་སྟེང་དུ་སྲུང་འཁོར་བསྒོམ་པར་བཤད་པ་མང་ཡང༌། འདི་ཡི་བཤད་རྒྱུད་ལས། དེ་ནས་གསང་བའི་དཀྱིལ་འཁོར་ནི། །རྡོ་རྗེ་འབར་བའི་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །ཞེས་རྡོ་ར་མེ་རི་དང་བཅས་པའི་ནང་དུ་ནམ་མཁའི་སྒྲས་བསྟན་པའི་ཆོས་འབྱུང་གི་དབུས་སུ་འབྱུང་བཞིའི་དཀྱིལ་འཁོར་བསྐྱེད་པར་གསུངས་སོ། །སྲུང་འཁོར་བསྐྱེད་པའི་ས་བོན་ནི་ཛ་ཝ་རི་པའི་སྒྲུབ་ཐབས་ལས། གུར་དང་རྭ་བ་ལ་སོགས་པ་ས་བོན་ལས་བསམས་ཏེ། ཞེས་ས་བོན་ཙམ་ལས་འདི་ཞེས་གསལ་ཁ་མ་མཛད་པ་ནི། བཤད་རྒྱུད་དུ། བདག་པོའི་ས་བོན་ལས་བྱུང་བ། །ཞེས་ཟླ་ཉིའི་བར་དུ་འཇུག་རྒྱུའི་ལོངས་སྐུའི་ངོ་བོ་ཧཱུཾ་ཡིག་དེ་ལ་བདག་པོའི་ས་བོན་ཞེས་བཏགས་ཡོད་པས། སྲུང་འཁོར་སྐྱེད་བྱེད་ཀྱང་བར་དོ་མཚོན་པའི་ཧཱུཾ་ཡིག་དེ་མིན་ནའང་ཧཱུཾ་ཡིག་ཙམ་ཞིག་ཡིན་པར་འདྲ་བས་དེ་ལྟར་བཏགས་པ་ཡིན་ཏེ། དཀྱིལ་ཆོག་ཏུ། དེ་ནས་བདག་ཉིད་ཧཱུཾ་དུ་གྱུར། །ཅེས་པས་ཀྱང་དངོས་སུ་བར་དོ་མཚོན་པའི་ཧཱུཾ་ཡིག་བསྟན་ནས་ཤུགས་ལ་གུར་གྱི་ས་བོན་བསྟན་པར་རོང་སྟོན་གྱིས་གསུངས་སོ། །དེས་ན་རང་ནམ་མཁའི་དབྱིངས་སུ་ཕྲ་བའི་རླུང་སེམས་ཀྱི་ངོ་བོ་ཧཱུཾ་གི་རྣམ་པར་གནས་པའི་ངང་ནས་འོག་ཏུ་དཀྱིལ་འཁོར་བསྒོམ་པའི་གོ་ས་དེ་རཾ་དམར་པོ་ལས་ཉི་དཀྱིལ་དང༌། དེའི་སྟེང་དུ་ཛ་ཝ་རི་པའི་དཀྱིལ་
ཆོག་ལས། སྟེང་དུ་སྤྲིན་སྒྲ་བསྣོལ་མ་ལས། །སྣ་ཚོགས་རྡོ་རྗེ་བསམ་པར་བྱ། །ཞེས་པ་ལྟར་ཧཱུཾ་ཡིག་བསྣོལ་མའམ། ཡང་ན་ཡོངས་གྲགས་ལྟར་ཧཱུཾ་སྔོན་པོ་ལས་སྣ་ཚོགས་རྡོ་རྗེ་ཕྱོགས་ར་དཀར་སེར་དམར་ལྗང་ལྟེ་བ་མཐིང་ནག་ལ་ཧཱུཾ་ཡིག་གིས་མཚན་པ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་འོག་ཏུ་ཉི་འོད་དུས་གཅིག་ཏུ་ཕོག་པ་ལྟར་འཕྲོས་པ་ལས་འོག་ཐམས་ཅད་ལྕགས་ཀྱི་རང་བཞིན་གྱི་རྡོ་རྗེའི་ས་གཞི། འོད་ཟེར་ལོགས་སུ་སྒོར་སྒོར་འཕྲོས་པ་ལས་ལོགས་ཐམས་ཅད་དུ་རྡོ་རྗེའི་ར་བ་ཟླུམ་པོ། ཧཱུཾ་གི་འོད་ཟེར་སྟེང་དུ་གདུགས་བཏེག་པ་ལྟར་འཕྲོས་པ་ལས་སྟེང་རྡོ་རྗེའི་གུར་སོག་གུར་གྱི་སྟོད་ལྟ་བུ། ཡང་འོད་ཟེར་སྟེང་དུ་འཕྲོས་པ་ལས་གུར་གྱི་འོག་རྭ་བའི་སྟེང་གི་མཚམས་དེར་རྡོ་རྗེའི་རང་བཞིན་གྱི་བླ་བྲེ། དེ་ཐམས་ཅད་ཀྱང་བར་མཚམས་ཕྲ་མོ་ཙམ་ཡང་མེད་པར་དུམ་བུ་གཅིག་ཏུ་གྱུར་ཅིང་རྡོ་རྗེ་ཆེ་བ་རྣམས་ཀྱི་ཁོང་གསེང་ལ་ཆུང་བ་རྡུལ་ཕྲ་རབ་ཙམ་གྱིས་བར་མཚམས་མེད་པར་གཏམས་པས། བལྟས་ན་རྡོ་རྗེའི་རྣམ་པ་ལྟ་བུ་ལ་རེག་ན་རྡོ་རྗེའི་ཞལ་ཞལ་བྱས་པ་ལྟ་བུར་འཇམ་པ། བསྐལ་པའི་མེ་རླུང་གིས་ཀྱང་འཇིག་པར་མི་ནུས་པའི་སྲ་ཞིང་མཁྲེགས་པར་བསམ། སྲུང་འཁོར་གྱི་དཔངས་སྟེང་ཚངས་པའི་འཇིག་རྟེན་ནས་འོག་གསེར་གྱི་ས་གཞི་ལ་ཐུག་གི་བར་རམ། སྟེང་འོག་མིན་ནས་འོག་རླུང་གི་དཀྱིལ་འཁོར་གྱི་བར་དང༌། རྒྱ་ཕྱིའི་ལྕགས་རི་ལ་ཐུག་པ་ཙམ་མམ། ཡང་ན་རང་གིས་ཇི་ཙམ་འདོད་པ་དེ་ཙམ་དུ་བསྒོམ་པས་ཆོག་ཅིང༌། རྡོ་རྗེ་དེ་ཐམས་ཅད་ལས་ཀྱང་རྡོ་རྗེ་འབར་བའི་མེ་སྟག་ཕྲོམ་ཕྲོམ་འཕྲོ་བ། ཕྱི་རོལ་ཏུ་རྭ་གུར་ལས་རྡོ་རྗེའི་མེ་བསྐལ་པ་
འཇིག་དུས་ཀྱི་མེ་ལྟ་བུ་ཁ་དོག་སྣ་ལྔ་པ་དྲག་པོའི་སྒྲ་དང་བཅས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་མུ་མེད་པར་འཕྲོ་ཞིང་འཚུབ་པས་གཡོགས་ཏེ་མེའི་ཕུང་པོ་གཅིག་ཏུ་གྱུར་པར་བསམ། དེའི་དབུས་སུ་ཤེས་རབ་སྟོང་པ་ཉིད་མཚོན་པའི་ཨེ་ཡིག་ཡོངས་སུ་གྱུར་པ་ལས་ཆོས་འབྱུང་གྲུ་གསུམ་པ། བྷ་གའི་དབྱིབས་ལྟར་ཟུར་གཅིག་འོག་ཏུ་བསྟན་ཅིང་གཉིས་སྟེང་དུ་བསྟན་པའམ། དམར་གཏོར་གྲུ་གསུམ་ནང་བྲུས་ཏེ་རྩེ་ཐུར་དུ་བསྟན་ཅིང་རྟིང་པའི་ཟུར་གསུམ་གྱི་གཅིག་མདུན་དང་གཉིས་རྒྱབ་ལ་བསྟན་པ་གང་བྱས་ཀྱང་ཆོག་པར་གསུངས་ལ། བློ་ངོར་ཕྱི་མ་འཆར་བདེའོ། །དེ་བསྒོམ་པའི་དགོས་པ་མཚོན་དོན་ཁྱད་པར་ཅན་དྲན་པའི་ཆེད་ཡིན་ལ། མཚོན་དོན་ནི་རྩེ་མོ་ཕྲ་བ་འོག་ཏུ་བསྟན་པ་ནི་ལས་དང་པོ་པའི་དུས་ཡོན་ཏན་གྱི་ཚོགས་ཆུང་བ་དེ་མཚོན། གདེངས་ཀ་ཆེ་བས་ནི་མོས་སྤྱོད་ནས་བཟུང་སྟེ་ཡོན་ཏན་ཇེ་རྒྱས་སུ་སོང་བ་མཚོན། ཕྱི་དཀར་ལ་ནང་དམར་བས་ཁམས་དཀར་དམར་མཚོན་ཞེས་ཡེ་ཤེས་རྩེ་མོས་གསུངས་ཀྱང༌། དེས་ཁམས་གཉིས་གཙོ་བོར་འབབ་པའི་ཟླ་ཉིའི་སྒྲས་བསྟན་པའི་རོ་རྐྱང་དང༌། དེ་གཉི་ག་གཞི་གཅིག་ལ་ཚང་བས་རོ་རྐྱང་གི་རྒྱུ་བ་དྷཱུ་ཏཱིར་བཙུད་པ་མཚོན་པར་བྱས་ན་གང་ལ་གནད་དུ་བསྣུན་པའི་ཡུལ་དང་སྦྱར་དགོས་པས་གོ་རྒྱུ་ལེགས་སམ་སྙམ། ཟུར་གསུམ་གྱིས་ཡུལ་དང་ཡུལ་ཅན་གྱི་རྣམ་ཐར་སྒོ་གསུམ་སྟེ་གང་ལ་གནད་དུ་བསྣུན་པ་ལས་བྱུང་བའི་བདེ་སྟོང་དབྱེར་མེད་ཀྱི་ཡ་གྱལ་སྟོང་པའི་ཆ་མཚོན། བྷ་གའི་དབྱིབས་སུ་ཡོད་པས་དེའི་ཡ་གྱལ་ལྷན་སྐྱེས་ཀྱི་བདེ་
བ་ཆེན་པོ་མཚོན། ནང་དུ་རྟེན་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་ཆུད་པར་བསྒོམ་པས་ལམ་དུས་སུ་བདེ་སྟོང་གི་ཡེ་ཤེས་གོམས་པ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་རྣམས་འབྱུང་བ་མཚོན་ནོ། །ཆོས་འབྱུང་གི་ནང་དུ་འབྱུང་བཞི་སྡོམ་ཚུལ་ཛ་ཝ་རི་པའི་དཀྱིལ་ཆོག་ལས། ཡཾ་དང་བཾ་ལས་རླུང་དང་ཆུ། །ལཾ་དང་རཾ་དང་ཨེ་ལས་ནི། །འབྱུང་བ་ལྔའི་ནི་གྱུར་པ་ལས། །ཞེས་གོ་རིམ་འཁྲུག་པར་འབྱུང་བས། དམར་པ་རྣམས་དང་བུ་སྟོན་རིན་པོ་ཆེས་ཀྱང་འབྱུང་བ་གོ་ལྡོག་ཏུ་མཛད་པ་དང༌། དེ་བཞུས་ནས་ཆོས་འབྱུང་དུ་བསྐྱེད་པར་འདོད་པ་རྣམས་ཀྱཻ་རྡོར་གྱི་གཞུང་འགའ་ཞིག་འབྲུ་མ་ནོན་པའི་སྐྱོན་ཡིན་པར་འདུལ་འཛིན་གྱིས་གསུངས། འབྱུང་བཞི་རིམ་ཅན་ནི་ཚད་ལྡན་དུ་མ་དང་མཐུན་ལ། དཀྱིལ་ཆོག་ཏུའང་ཐོག་མར་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པ་འབྱུང་བས་རིམ་ཅན་བྱེད་པ་གོ་བར་ནུས་པའི་ཕྱིར་རོ། །འོ་ན་འབྱུང་བཞིའི་མཐར་ཆོས་འབྱུང་བཤད་པས་གོ་ལོག་ཏུ་གོ་ནུས་སོ་སྙམ་ན། དཀྱིལ་ཆོག་ཏུ་ཚིག་དེ་ལྟར་འབྱུང་ཡང་ཆོས་འབྱུང་འབྱུང་བའི་མཐར་བསྐྱེད་པ་དགོངས་པ་མིན་ཏེ། བཤད་རྒྱུད་དུ། རྡོ་རྗེ་མེ་དཔུང་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །ཞེས་རྡོ་ར་མེ་རི་དང་བཅས་པའི་ནང་དུ་མཁའ་སྟེ་ཆོས་འབྱུང་དང༌། དེར་འབྱུང་བཞི་བསྐྱེད་པ་གསལ་བར་གསུངས་པའི་ཕྱིར་དང༌། དེའི་དགོངས་པ་གཞན་དུ་འདྲེན་དགོས་པའི་རྒྱུ་མཚན་ཟུར་ཙམ་མེད་ལ་རིགས་པས་ཀྱང་མི་འགྲུབ་པའི་ཕྱིར། འོ་ན་དཀྱིལ་ཆོག་ཏུ་གོ་རིམ་འཆོལ་བར་འབྱུང་བའི་དོན་གང་ཡིན་སྙམ་ན། རླུང་དང་ཆུའི་དཀྱིལ་འཁོར་གྱི་མཚོན་དོན་དཔྲལ་བ་དང་སྙིང་གའི་རྩ་འཁོར་
གཉིས་དབྱིབས་ཀྱང་ཟླུམ་པོ་ཐབས་ཀྱི་ཆ་ཝཾ་ཡིག་གི་དོན་དུ་ཕྱོགས་གཅིག་པར་གོ་བའི་ཆེད་དུ། ཡཾ་དང་བཾ་ལས་རླུང་དང་ཆུ། །ཞེས་བསྟན་པ་དང༌། ས་དང་མེའི་དཀྱིལ་འཁོར་གྱི་མཚོན་དོན་ལྟེ་བ་དང་མགྲིན་པའི་རྩ་འཁོར་གཉིས་དང་ཕྱིའི་ཆོས་འབྱུང་གསུམ་ག་ཕྱི་དབྱིབས་གྲུ་གསུམ་དུ་མཚུངས་ལ། ཤེས་རབ་ཀྱི་ཆ་ཨེ་ཡིག་གི་དོན་དུ་ཕྱོགས་མཐུན་པས་ལཾ་དང་རཾ་དང་ཨེ་ལས་ནི་ཞེས་དེ་ལྟར་གསུངས་པ་ཡིན་ཏེ། སམྦུ་ཊི་ལས། སྟེང་དང་འོག་ཏུ་སྙོམས་འཇུག་པས། །ཤེས་རབ་ཐབས་ཀྱི་རང་བཞིན་ནོ། །ཨེ་ཞེས་བྱ་དང་ཝཾ་ཉིད་ནི། །གཉིས་གཉིས་སུ་ནི་བརྗོད་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེར་མ་ཟད་ཆོས་འབྱུང་བཞུས་ནས་གཞལ་ཡས་ཁང་དུ་བསྐྱེད་པ་ནི་འདིའི་རྩ་བཤད་ཀྱི་རྒྱུད་གཉིས་ཀ་དང་འགལ་ཏེ། རྩ་རྒྱུད་ལས། དེ་ནས་ནམ་མཁའ་དེ་ཉིད་ལ་གཞལ་ཡས་ཁང་དང་ཞེས་གཞལ་ཡས་ཁང་གང་དུ་འགོད་པའི་གཞིར་གསུངས་པའི་ནམ་མཁའ་དེ་ཆོས་འབྱུང་ལ་བྱེད་དགོས་པས། གཞལ་ཡས་ཁང་བསྒོམ་པའི་སྔོན་དུ་བཞུས་ཟིན་ན་དེའི་གཞིར་འོང་ཚུལ་མེད་པའི་ཕྱིར། འདིའི་ནམ་མཁའ་ཞེས་པ་ཆོས་འབྱུང་ལ་བྱེད་དགོས་པས་བཤད་རྒྱུད་ཀྱིས་མཁའ་དང་འབྱུང་བ་ཞེས་གསུངས་པ་ཡིན་ལ། གྲུབ་ཆེན་གྱིས་ཨེ་ལས་ཆོས་འབྱུང་བསྐྱེད་པའི་ཁུངས་ཀྱང་རྩ་བཤད་འདི་གཉིས་ལ་བརྟེན་པ་ཡིན་ཏེ། འདིའི་ཐད་ཀྱི་རྒྱུད་འགྲེལ་ལས་ཀྱང༌། དྷརྨ་དྷཱ་ཏུ་ནམ་མཁའ་དཀྱིལ། །ཞེས་གསུངས་པའི་ཕྱིར། ཆོ་ག་གཞན་ལ་འབྱུང་བཞི་བཞུས་ནས་གཞལ་ཡས་ཁང་གི་གདན་སྣ་ཚོགས་རྡོ་རྗེ་བསྐྱེད་པ་དང༌། འབྱུང་བཞི་སོགས་བཞུས་ནས་གཞལ་ཡས་ཁང་
བསྐྱེད་པ་ཡོད་ཀྱང༌། འདི་ནི་འབྱུང་བཞི་བཞུས་ནས་གཞལ་ཡས་ཁང་གི་གདན་རི་རབ་བསྐྱེད་ཚུལ་མེད་ལ། རི་རབ་བསྐྱེད་དགོས་པའང་ཛ་ཝ་རི་པའི་དཀྱིལ་ཆོག་གི་བུམ་བསྐྱེད་སྐབས་ལས། བུམ་པ་མི་དམིགས་སྟོང་པ་ལས། །ཡི་གེ་དཀར་པོ་བཾ་དུ་གྱུར། །དེ་གྱུར་བདུད་རྩིས་གང་བ་ཡི། །རིན་པོ་ཆེ་ཡི་བུམ་པར་བསམ། །དེ་ཡི་སྟེང་དུ་སུཾ་ལས་ནི། །རིན་ཆེན་སྣ་བཞིའི་རི་རབ་བསམ། །ཞེས་རི་རབ་གསལ་བར་གསུངས་པ་ནི་བུམ་བསྐྱེད་ལ་མཚོན་ནས་བདག་བསྐྱེད་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་ངེས་པར་དགོས་པ་དགོངས་པ་ཡིན་ཏེ། བུམ་བསྐྱེད་ལ་དེ་ལྟར་དགོས་ལ་བདག་བསྐྱེད་དང་མདུན་བསྐྱེད་ལ་དེ་ལྟར་མི་དགོས་པའི་ཁྱད་པར་འབྱེད་མི་ནུས་སོ། །དེ་ལྟར་ཆོས་འབྱུང་གི་ནང་དུ་འབྱུང་བཞི་རི་རབ་དང་བཅས་པ་བསྐྱེད་དགོས་པས། དེའི་འོག་ཕྱོགས་ཀྱི་མཐིལ་དུ་ཡཾ་ཡིག་སྔོན་པོ་ཞིག་ཐོལ་གྱིས་བྱུང་དེ་ཡོངས་སུ་གྱུར་པ་ལས་རླུང་དཀྱིལ་ཁ་དོག་ལྗང་སྔོན་དབྱིབས་གཞུ་ལྟ་བུ་མཆོག་མ་གཉིས་སུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་པ་རཾ་གྱིས་མཚན་པ། དེའི་སྟེང་དུ་བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ་བུམ་པ་ཆུས་གང་བས་མཚན་པ། དེའི་སྟེང་དུ་ལཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི་པ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པས་མཚན་པ། དེའི་སྟེང་དུ་སུཾ་ལས་རི་རབ། ཤར་ཤེལ། ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ཏེ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། དེའི་སྟེང་དུ་པཾ་ཡིག་ལྗང་གུ་ལས་ཡུ་བ་འོག་ཟུར་འཕྲད་མཚམས་ནས་འཐོན་པའི་སྣ་ཚོགས་པདྨ་འདབ་མ་དཀར་སེར་དམར་ལྗང་སྤེལ་བའི་རེ་བཞིའམ། སོ་གཉིས་སམ། བཅུ་དྲུག་ཡོད་པ་པདྨ་དེའི་གེ་སར་
སེར་པོ། ལྟེ་བ་ལྗང་གུ །འདབ་མའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ་ཆ་ཕྲན་རེ་བརྒྱད། ལྟེ་བའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ་ཆ་ཕྲན་རེ་བཞི། དེའང་ཆོས་འབྱུང་གི་དབྱིབས་སྔ་མ་ལྟ་བུ་བྱས་ན་རྟེན་བརྟེན་པ་ཡོངས་རྫོགས་དེའི་ནང་དུ་ཆུད་པ་ཐད་ནས་ཕར་བལྟས་པ་ལྟ་བུར་བྱེད་ཅིང༌། ཕྱི་མའི་ལུགས་ལ་སྟེང་གི་ཟུར་གསུམ་གྱིས་རྡོ་རྭ་ལ་རེག་པར་བྱས་ནས་དེའི་ནང་དུ་རྟེན་བརྟེན་པ་ཡོངས་རྫོགས་ཆུད་པར་བསྒོམ་པ་དང༌། ཡང་པདྨ་ཆོས་འབྱུང་གི་ཁ་གཅོད་ལྟ་བུར་བསྒོམ་པའི་སྟེང་དུ་གཞལ་ཡས་ཁང་བསྐྱེད་པའི་བཞེད་པ་གཉིས་གང་བྱས་ཀྱང་འདྲ་བར་བཞེད་ལ། པདྨ་དང་རྡོ་རྭའི་བར་གྱི་རེ་ཁཱ་དེ་ཆོས་འབྱུང་གི་ཁ་མཚོན་བྱེད་ཡིན་པས་དཀར་པོ་བྱེད་དགོས་པར་གསུངས་སོ། །སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ཉལ་འགྲེང་གང་རུང་ལས་སྣ་ཚོགས་རྡོ་རྗེ་བསྐྱེད་དགོས་ལ། དེའང་ཕྱོགས་རེ་རེ་རྭ་གསུམ་གསུམ་ཡོད་པའི་བཅུ་གཉིས་སམ་ལྔ་ལྔ་ཡོད་པའི་རྭ་ཉི་ཤུ་པ་བྱེད་ཚུལ་ལུགས་གཉིས་ཡོད་ཀྱང༌། འདིར་གྲུབ་ཆེན་གྱི་ཐིག་རྩེར། སྒོ་དང་བཅུ་གཅིག་རྡོ་རྗེ་ལ། །ཆ་ཆེན་གཉིས་ནི་མཉམ་པར་གདབ། །ཅེས་རྭའི་སྲིད་ལ་ཆ་ཆེན་གཉིས་སུ་མཛད་ཅིང༌། རྭ་ལྔ་བྱེད་ན་ལྟེ་བའི་དཔངས་སུ་སྒོ་ཚད་ལྔ་འབྱུང་བས་ཐེམ་སྐས་བཞིའམ་ལྔ་དགོས་ལ། ཐེམ་སྐས་རེ་རེ་བཞིན་ཆ་ཕྲན་གསུམ་གསུམ་ཕྱིར་འཕགས་པའི་ཚེ་རྭའི་སྲིད་ཀྱི་ཚད་ལས་ཕྱིར་ཐལ་ནས་མི་འགྲིག་པའི་ཕྱིར། དེས་ན་འདིར་དབུས་རྭ་དང་གཡས་གཡོན་གྱི་རྭ་གཉིས་གཉིས་ཏེ་གསུམ་ལས་མེད་པས་ལེབ་མོར་ལ། ཁ་དོག་ཀྱང་ཕྱོགས་མདོག་ཏུ་བྱེད་པ་ལས་
རྭ་ཁྲ་བྱེད་པའི་ལུགས་འདིར་ཇི་བཞིན་མི་འགྲིག་གོ །རྭའི་སྦོམ་གྱི་ཚད་དབུས་རྭ་རྣམས་ཀྱི་རྩ་བ་ལ་ཆ་ཕྲན་གསུམ། དབུས་ཀྱི་སྦོམ་ལ་བཞི། རྩེ་མོ་ལ་གཅིག །ཕྱོགས་རྭ་རྣམས་ཀྱི་རྩ་བ་ལ་ཆ་ཕྲན་གཉིས། དབུས་ལ་གསུམ། རྭ་ཐམས་ཅད་ཀྱི་སྲིད་ལ་ཆ་ཕྲན་བརྒྱད། ཕྱོགས་རྭ་རྣམས་ཚངས་ཐིག་ནས་གཡས་གཡོན་དུ་ཆ་དྲུག་དྲུག་སོང་བའི་མཚམས་ནས་རྭའི་ཕྱི་འཐོན་ཞིང༌། བཞིའི་མཚམས་ནས་ནང་འཐོན་པ་གུག་པའི་ཚད་སོང་སྟེ་ཆ་ཕྲན་གཉིས་ཀྱི་མཚམས་ནས་དབུས་རྭ་ལ་ཟུག་པ། ཕྱོགས་རྭ་རྣམས་འགྲོ་བ་སྙིང་རྗེས་མི་གཏོང་བ་མཚོན་པའི་ཆུ་སྲིན་གྱི་ཁ་ནས་འཐོན་པ་བྱ། ལྟེ་བའི་དབྱིབས་གྲུ་བཞི་བྲེ་ལེབ་ཀྱི་རྣམ་པ་ཅན་རྒྱར་སྒོ་ཚད་བཅུ་གཉིས། དཔངས་སྒོ་ཚད་གཅིག་བྱེད་དགོས། རོང་སྟོན་གྱི་བསྐྱེད་རིམ་དུ་ཐིག་རིང་འདེབས་པའི་དབང་དུ་བྱས་གསུང་བ་ནི་ཡི་གེ་ནོར་བ་སྟེ། ཐིག་སྐུད་རིང་བའི་ཕྱོགས་ལྟར་ན་སྣ་ཚོགས་པདྨའི་ལྟེ་བའི་ཕྱི་མཐའ་ནས་ཕྱི་མཐའི་བར་ལ་སྒོ་ཚད་ཉི་ཤུ་དང༌། ཐུང་བའི་ཕྱོགས་ལྟར་ན་བཅུ་དྲུག་ཡིན་ཞིང༌། དེའང་གཞན་ལ་ཁྱད་པར་ཞུགས་པ་མིན་གྱི། རྭའི་སྲིད་ལ་སྒོ་ཚད་བཞིར་བྱས་པ་དང་གཉིས་སུ་བྱས་པའི་ཁྱད་ཡིན་ཞིང༌། འདིར་གཉིས་སུ་བྱེད་པ་གྲུབ་ཆེན་གྱི་དགོངས་པར་བཤད་ཟིན་པ་བཞིན་ཡིན་པའི་ཕྱིར། དེའི་ལྟེ་བར་བྷྲུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་པ་ནི་བསྡུས་པའི་བསྒོམ་ཚུལ་ཡིན་གྱི། རྒྱས་པ་བྱེད་ན་ཛ་ཝ་རི་པའི་སྒྲུབ་ཐབས་ཆེ་བ་ལས། ས་བོན་གྱི་ཡི་གེ་ལས་བྱུང་བ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་འཁོར་ལོ་
རྩིབས་བཞི་མུ་ཁྱུད་དང་བཅས་པ་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཞེས་པས་རྣམ་སྣང་གི་ས་བོན་ལས་བྱུང་བའི་འཁོར་ལོའམ་དེ་ཞུ་བ་ལས་བྱུང་བའི་རྣམ་སྣང་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་པ་གོ་བའི་ཕྱིར་དུ། ཡི་གེ་ལས་གཞལ་ཡས་ཁང་ཞེས་མ་སྨོས་པར། ཡི་གེ་ལས་བྱུང་བ་ཡོངས་སུ་གྱུར་པ་ལས་ཞེས་སྨོས་པ་ཡིན་ནོ། །དེས་ན་གསུམ་ག་འདམ་ང་འཛིན་གྱི་གཅིག་ལ་ངེས་གཟུང་མི་དགོས་ཏེ། མན་སྙེ་སོགས་ལས་རྣམ་སྣང་གི་ས་བོན་ཕྱག་མཚན་སྐུ་གང་རུང་ལས་བསྐྱེད་པར་གསུངས་པ་བཞིན་ནོ། །འབྱུང་བཞི་ཞུ་བ་ལས་གཞལ་ཡས་ཁང་བསྐྱེད་པར་འདོད་པ་ནི་བྷྲུཾ་ལས་བསྐྱེད་པར་གསུངས་པ་འདིས་ཀྱང་ཁེགས་སོ། །གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པའི་དབུས་ཚངས་ཟུར་གྱི་ཐིག་ཕྲད་མཚམས་ནས་ཕྱོགས་བཞིར་ཆ་ཕྲན་བཅུ་དྲུག་རེ་སོང་མཚམས་སུ་རྩིག་པ་འབྱུང་ལ། དེའང་ཕྱི་ནས་རིམ་པ་བཞིན་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་རིམ་པ་ལྔ་པོ་རེ་རེའི་ཞེང་ལ་ཆ་ཕྲན་གཅིག་གི་ལྔ་ཆ་རེ། བསྡོམས་པའི་ཞེང་ལ་ཆ་ཕྲན་གཅིག །རྩིག་པའི་དཔངས་ལ་ཆ་ཕྲན་བཅུ་གསུམ། རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་དམར་པོ་དཔངས་ཞེང་ཆ་ཕྲན་གཅིག་པ་ལ་རིན་པོ་ཆེ་ཟུར་གསུམ་གྲུ་བཞི་ཟླ་གམ་ཟླུམ་པོ་སོགས་ཀྱི་ཕྲ་བཏབ་པས་མཛེས་ཤིང་ཡིད་དུ་འོང་བ། འདིའི་ཞེང་ཆ་ཕྲན་ཕྱེད་གཉིས་བྱས་ཏེ་ཕྱེད་རྩིག་པའི་ཁ་ལས་ཕྱིར་འཐོན་པར་གསུང་བའང་ཡོད། ཕ་གུའི་སྟེང་དུ་རིན་པོ་ཆེ་སྣ་བདུན་ལྡན་གྱི་བྲེ་ཕུལ་བར་ཐག་འཚམ་པ་ཁོར་མར་ཡོད་པ། དེའི་སྟེང་དུ་གསེར་གྱི་སྣམ་བུ་ལེབ་མོ་ཁོར་
མར་བརྐྱང་བ། རིན་པོ་ཆེའི་བྲེ་ཕུལ་གསེར་གྱི་སྣམ་བུ་དང་བཅས་པ་ལ་དཔངས་ཆ་ཕྲན་ཕྱེད། དེ་འདྲ་བ་བཞི་རྩེག །བཞི་ག་བསྡོམས་པའི་དཔངས་ལ་ཆ་ཕྲན་གཉིས་ཏེ། རྩིག་པ་ཕ་གུ་གསེར་སྣམ་དང་བཅས་པའི་དཔངས་ལ་ཆ་ཕྲན་བཅུ་དྲུག །གཞལ་ཡས་ཁང་གི་ནང་གི་དབུས་ཟུར་ཐིག་དང་ཚངས་ཐིག་ཕྲད་མཚམས་ནས་ཕྱོགས་གཅིག་གི་རྩིག་པའི་བར་ལ་ཆ་ཕྲན་བཅུ་དྲུག་སྟེ། དེ་ལ་ནི་རྒྱ་ཕྱེད་དཔངས་མཉམ་ཞེས་ཟེར་རོ། །གཞལ་ཡས་ཁང་གི་ནང་དུ་རིན་པོ་ཆེའི་རྡུལ་ཕྲ་རབ་ལས་གྲུབ་པའི་ཀ་བ་བརྒྱད་ཕྱོགས་མདོག །ཀ་བའི་དཔངས་ལ་ཆ་ཕྲན་བཅུ་གསུམ། ཀ་བའི་སྟེང་དུ་བྲེ་གཞུ་ཐུང་གཞུ་རིང་གསུམ་གྱི་དཔངས་ལ་ཆ་ཕྲན་གཉིས། དེའི་སྟེང་དུ་གདུང་རིང་བསྣོལ་མར་བཏང་བ། གདུང་གི་དཔངས་ལ་ཆ་ཕྲན་གཅིག་སྟེ། གདུང་གི་སྟེང་དང་གསེར་སྣམ་གོང་མའི་ཁ་མཉམ་དུ་ཡོད་པ། གདུང་གི་སྟེང་དུ་ལྕམ། དྲལ་མ། རིན་པོ་ཆེའི་ཐོག་འདམ་རྣམས་རིམ་པར་བཀབ་པ། ལྕམ་གྱི་ནང་སྣེ་དབུས་ཀྱི་རེ་མིག་གྲུ་བཞི་པའི་གདུང་ལ་བཀལ་བའི་སྣེ་མོར་མུན་སེལ་གྱི་ནོར་བུ་དང༌། ལྕམ་སྣེ་ཕྱིར་འཐོན་པའི་སྣེ་མོར་ཆུ་སྲིན་མ་ཀ་རའི་ཁ་ནས་དྲ་བ་དྲ་ཕྱེད་འཕྱང་བ་རྣམས་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཉིལ་ལེ་བྱེད་པ། ལྕམ་སྣེ་དེའི་སྟེང་དུ་ཆ་ཕྲན་གཉིས་པའི་ལྕམ་ཐུང་ཆ་ཕྲན་ཕྱེད་སྣེ་འོག་མ་ལས་ཕྱིར་འཕགས་པ། དེའི་སྟེང་དུ་གསེར་གྱི་བྱ་འདབ་ཞེང་ཆ་ཕྲན་གཉིས་པས་བཀབ་པ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ་དཀར་པོ་ཆ་ཕྲན་གཅིག་པ་དབྱིབས་རིལ་བ་མཆུ་མེད་མགོ་ཐུར་དུ་བསྟན་པ་ལྟ་བུ། བྱ་འདབ་ཀྱི་སྟེང་དུ་མདའ་ཡབ་དཀར་པོ་པདྨ་འདབ་མ་ཕྱེད་
པའི་དབྱིབས་ཅན་དཔངས་ཞེང་གཉིས་ཀར་ཆ་ཕྲན་རེ་ཡོད་པ་པུ་ཤུ་ལྟར་བསླང་བ། ཟུར་བཞིར་གདུགས་དཀར་པོ་རེ། ཕྱོགས་ཕྱོགས་སུ་རྒྱལ་མཚན་དང་བ་དན་སྤེལ་མར་བཙུགས་པ། དབུས་ཀྱི་རེ་མིག་གྲུ་བཞི་པའི་གདུང་སྟེང་དུ་ཟུར་བཞི་ཀ་བ་གསེག་ཁ་ཅན་རེ་བཙུགས་པའི་སྟེང་དུ་གདུང་ལེབ། དེའི་སྟེང་དུ་འཁོར་ལོ་ཆེན་པོའི་རྒྱུད་བཞུགས་པའི་ཁང་བུ་བརྩེགས་པ་སྟེང་དུ་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་དང་བཅས་པ། གཞལ་ཡས་ཁང་གི་མཐིལ་ནས་སྟེང་གི་རྡོ་རྗེ་ནོར་བུ་རིན་པོ་ཆེའི་ཏོག་གི་བར་ལ་ཆ་ཕྲན་སོ་གཉིས་ཡོད་ལ། གཞལ་ཡས་ཁང་གི་ནང་གི་ཕྱོགས་གཅིག་གི་རྩིག་པའི་ནང་མཐའ་ནས་ཕྱོགས་གཅིག་གི་རྩིག་པའི་བར་ལ་ཆ་ཕྲན་སོ་གཉིས་ཡོད་པ་དེ་ལ་རྒྱ་མཉམ་དཔངས་མཉམ་ཞེས་ཐ་སྙད་བྱེད་དོ། །གཞལ་ཡས་ཁང་གི་ཕྱིའི་རྩིག་འགྲམ་དུ་འདོད་ཡོན་གྱི་སྣམ་བུ་དམར་པོ་དཔངས་ཞེང་གཉིས་ཀར་ཆ་ཕྲན་གཉིས་པས་བསྐོར་བའི་སྟེང་དུ་མཆོད་པའི་ལྷ་མོ་སྒོ་བཞིའི་གཡས་གཡོན་དུ་གཉིས་གཉིས་ཕྱག་ན་མཆོད་རྫས་དུ་མ་ཐོགས་པ་ཞལ་གཞལ་ཡས་ཁང་ལ་ཕྱོགས་ཏེ་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང༌། རྩིག་པའི་འོག་གི་ཕྱི་ནང་གི་ཟུར་རྣམས་སུ་ཟླ་ཕྱེད་དཀར་པོའི་དབུས་སུ་རིན་པོ་ཆེ་ཟུར་བརྒྱད་པ་དམར་པོ་དང་དེའི་སྟེང་དུ་རྡོ་རྗེ་སེར་པོ་རྩེ་ལྔ་པས་མཚན་པ་རེ་རེ། འདི་དག་ཕལ་ཆེར་འདུལ་འཛིན་གྱི་སྒྲུབ་ཐབས་སུ་འཇིགས་བྱེད་ཀྱི་ཆོ་གའི་ཚིག་རིས་རང་སོར་བཞག་འདུག་པ་བཞིན་དེ་དང་སྒོ་བསྟུན་ཆོག་ལ། ནང་གི་ཐིག་འདེབས་ལུགས་དང་
རྟ་བབས་སོགས་མི་འདྲ་བའི་ཆ་རྣམས་ཛ་ཝ་རི་པ་ཉིད་ཀྱི་ཐིག་རྩའི་སྟེང་ནས་གོ་བ་རྙེད་པ་ཞིག་བྱུང་ན་ཡིད་ཆེས་ཀྱི་ངེས་པ་འཐོབ་པར་འདུག་ཀྱང༌། སྔར་འབྲུ་མནན་པའི་བཤད་པ་མཛད་པ་མི་འདུག་པས་འདིར་འབྲུ་འགྲེལ་གྱི་ཚུལ་དུ་གོ་བདེ་བར་བརྗོད་ན། དང་པོ་ཐིག་ཆེན་བརྒྱད་བཏབ་པ་ལ། ཆ་ཆེན་ནི་བཅུ་དྲུག་ཏུ་ཕྱེ་སྟེ་གདབ། །པ་སྣ་ཚོགས་པདྨའི་ལྟེ་བའི་མཐའི་ཕྱི་ཐིག་ཡིན་ཞིང༌། དེ་ནས་ཆ་ཆུང་སུམ་ཅུ་རྩ་གཉིས། པའི་ནང་ཐིག་འདེབས་དགོས་པས། དང་པོར་ཆ་ཆེན་བགོ་ཚུལ་ཡང་ཕྱི་ཐིག་གི་ཕྱོགས་རེར་ཆ་ཆེན་བཅུ་དྲུག་རེ་ཡོད་པ། །དེའི། ཆ་ཆེན་བརྒྱད་ནི་ནང་དུ་གདབ། །ལ། དེའི་ཕྱི་རོལ་གཡས་སུ་བཞི། གཡོན་དུ་བཞི་སྟེ་ཆ་ཆེན་ལྷག་མ་བརྒྱད་ནི་ཕྱི་རུ་བཏང༌། །དོ།།དེ་ལྟར་རྩ་ཐིག་གི་ཕྱི་ངོས་གཉིས་བསྡོམས་པ་དང་ནང་གི་ཐིག་འདྲ་བར་ཆ་ཆེན་བརྒྱད་རེ་བྱས་ན་སླར་དེ་ལ། །ཆ་ཕྲན་བྱས་ཚེ་སུམ་ཅུ་རྩ་གཉིས་རེ་འབྱུང་བས་ཐོག་མར་ཆ་ཆེན་བགོས་ཏེ་གདབ་བོ། །དེ་ནས་ཞིབ་པར་ཆ་ཕྲན་བགོ་ཚུལ་ནི། ཐོག་མར་ཚངས་པའི་ཐིག་ནས་ཕྱིར་བགྲང་བ་ཡིས། །གཡས་གཡོན་དུ་ཆ་ཕྲན་བཅུ་དྲུག་རེ་ཕྱོགས་བཞིར་གདབ་ཅིང༌། སླར་ཡང་མི་ནོར་བའི་ཕྱིར་ཕྱོགས་རེ་དག་ནས་ནང་དུ་བརྩིས་པ་ཡི། །གྲངས་ཚང་ངེས་བྱུང་བ་ན་དབུས་སུ་སྐོར་ཐིག་གི་རྩ་བ་བཙུགས་ལ། ཐིག་དང་པོ་དབུས་ཀྱི་པདྨའི་ལྟེ་བའི་ཐིག་དེ་ཐིག་སྐུད་ཆ་ཕྲན་གཉིས། །གྱིས་བསྐོར་ན་གཡས་གཡོན་བསྡོམས་པས་ལྟེ་བ་ལ་ཆ་ཕྲན་བཞི་འབྱུང་ངོ༌། །དེ་ནས་ཐིག་གཉིས་པ། པདྨའི་ཟེའུ་འབྲུ་ཆ་ཕྲན་གཅིག་གིས་བསྐོར། ཐིག་གསུམ་པ་འདབ་མ་བརྒྱད་ཀྱི་གཞི་ལ་ཆ་ཕྲན་གསུམ། །གྱིས་བསྐོར། བཞི་པ། མུ་ཁྱུད་ལྔ་པ། ཉི་མའི་ཟེའུ་འབྲུ་སྟེ་འོད་འཕྲེང་གཉིས་ལ། །
ཆ་ཕྲན་རེ་རེ་མཉམ་པར་བསྐོར་ཏེ་གདབ་བོ། །དེ་དག་གི་དབུས་ནས་ཆ་ཕྲན་བཅུ་དྲུག་སོང་ཟིན་ཅིང༌། ཤུལ་ན་གཡས་གཡོན་དུ་བརྒྱད་རེ་ལུས་ཏེ་ནང་གི་ཕྱེད་ཀྱི་ཚད་ཡིན་པ་གོ་བའི་ཕྱིར་བཅུ་དྲུག་པ་ཞེས་སྨོས་པ་ཡིན་ཞིང༌། འདིར་འཁོར་ལོའི་རྩིབས་འགོད་དགོས་པས་ཐིག་དྲུག་པ་འདི་ལ་ཆ་ཕྲན་བཞི། །དང༌། བདུན་པ་མུ་ཁྱུད། ལ་ཆ་ཕྲན་གཉིས་སུ་གདབ་བོ། །འདིར་མུ་ཁྱུད་ཙམ་ལས་འོད་འཕྲེང་དངོས་སུ་མ་གསུངས་ཀྱང༌། གོང་དུ་མུ་ཁྱུད་ཉི་མའི་ཟེའུ་འབྲུ་ཞེས་མུ་ཁྱུད་ནང་མའི་ཕྱིར་འོད་འཕྲེང་དགོས་པར་གསུངས་པའི་རིགས་འགྲོས་ཀྱིས་འདིར་ཡང་ཆ་ཕྲན་གཅིག་པའི་འོད་འཕྲེང་གི་ཐིག་གདབ་དགོས་ལ་དེ་ཐིག་བརྒྱད་པ་ཡིན་ནོ། །དེ་ནས་དགུ་པ་གྲུ་ཚད་ལ་ནི་ཆ་ཕྲན་གཅིག །སྟེ་དེ་དག་གིས་ནང་ཐིག་རྫོགས་ཤིང་དེ་ནས་སྣ་ཚོགས་རྡོ་རྗེའི་རྭ་རྩེའི་བར་ལ་ཆ་ཆེན་བཞིར་གནས་པ་དེ། །ཕྱེད་དུ་བགོས་ཏེ་ཐིག་བཅུ་པ་སྒོ་ཁྱུད་སྒོ་ལོགས་སོགས་རྡོ་རྗེའི་ལྟེ་བའི་ཟད་མཚམས་ལ་ཐུག་པའི་བར་དང༌། ཐིག་བཅུ་གཅིག་པ་སྣ་ཚོགས་རྡོ་རྗེའི་རྭ་རྩེ་ལ། ཐུག་པའི་བར་གཉིས་ལ། །ཆ་ཆེན་གཉིས་རེ་ནི་མཉམ་པར་གདབ་བོ། །འདིར་བཅུ་གཅིག་ཅེས་གསུངས་པ་ལྟེ་བའི་ཐིག་ནས་འདིའི་བར་ལ་ཐིག་རིམ་པ་བཅུ་གཅིག་ཡོད་པ་གོ་བའི་ཕྱིར་མཐའི་གསལ་བྱེད་བྱས་པ་ཡིན་ནོ། །རྟ་བབས་ནི་སྒོ་ཚད་གསུམ་མ་མིན་གྱི་ཆ་ཆེན་གཅིག་ལ་རྟ་བབས། བྱེད་པ་ཡིན་ཏེ། ཤར་བུ། རིན་པོ་ཆེ། རྨིག་པ། མདའ་ཡབ་སྟེ་སྣམ་བུ་བཞིའང་ཆེ་ཆུང་མེད་པར་ཆ་ཕྲན་བཞི་རུ་གདབ་པར་བྱའོ། །སྣམ་བུ་འདི་བཞི་ལ། གདུང༌། བྲེ། བད་ཆེན། བད་ཆུང་ཞེས་ཀྱང་འགའ་ཞིག་ཟེར། འདིས་མཚོན་ཏེ།
ཆ་ཆེན་གཅིག་ལ་ཆ་ཕྲན་བཞི། རེ་ཡོད་པ་ནི་སྐབས་ཀུན་ཏུ་ཤེས་དགོས་སོ། །རྟ་བབས་ཀྱི་མདའ་ཡབ་སྟེང་དུ། ཆ་ཕྲན་ཕྱེད་ཀྱི་ནི་འཁོར་ལོའི་གདན་པདྨ་དང་ཟླ་བའོ། །དེའི་སྟེང་དུ་ཆ་ཕྲན་གཉིས་ནི་ཆོས་ཀྱི་འཁོར་ལོའོ། །དེའི་སྟེང་དུ་ཆ་ཕྲན་ཕྱེད་པས་གདུགས་ཀྱི་ཡུ་བ། བྱ་སྟེ། །ཆ་ཕྲན་ཕྱེད་གཅིག །ཤོས་ནི་མཛེས་པའི་གདུགས་ཀྱི་གནས་སུ་བྱའོ། །སྣ་ཚོགས་པདྨའི་འདབ་མ་དང་རྡོ་རྗེའི་རྭ་བ་མེ་རི་དུར་ཁྲོད་རྣམས་སྔར་བཤད་པའི་ཐིག་གི་ནང་དུ་མ་གཏོགས་པར་དེའི་ཕྱི་ན་ཡོད་ལ། དེའང་པད་འདབ་དང་རྡོ་རྭ་ཆ་ཕྲན་གཉིས་རེ། མེ་རི་དང་དུར་ཁྲོད་ཆ་ཆེན་རེ་གྲགས་ཆེ་ལ་འཁྲུལ་གཞི་ཆུང་བས་འདིར་གསལ་བར་མ་བཤད་ཀྱང་གཞན་དུ་འབྱུང་བ་ལས་ཤེས་པར་བྱའོ། །དེའང་ནང་ཐིག་གི་སྐོར་དེ་ཁོ་ན་བཞིན་བྱེད་དགོས་པ་ལ་དོགས་པ་མེད་ཀྱང༌། རྟ་བབས་བྱེད་ཚུལ་དེའི་སྒྲས་ཟིན་དང་བསྟུན་ཚེ་སྔར་བཤད་པ་ལྟར་སྒོ་ཚད་གཅིག་པོ་དེར་ཆ་ཕྲན་དུ་དགོས་ནས་བཞིར་བྱེད་པ་ཙམ་མ་གཏོགས། དགུ་མཉམ་གཉིས་མཉམ་དང༌། ལྔ་མཉམ་གསུམ་གསུམ་མཉམ་ལྟ་བུའི་སྣམ་བུ་བཅུ་གཅིག་ཏུ་འབྱེད་ཚུལ་གྱི་ཟུར་ཙམ་ཡང་མེད་པ་དང༌། འཁོར་ལོའི་སྟེང་དུ་གདུགས་ཡོད་པ་སོགས་ཀྱི་བཤད་ཚུལ་དེ་ཤྲདྡྷཱ་ཀཱ་ར་ཝ་རྨའི་ཐིག་རྩ་ལས། རྟ་བབས་ཡ་ཕུབས་དག་ལས་ནི། །ཆ་གཅིག་དོར་བའི་ཆ་ཆེན་ཚད། །ཆུར་ནི་ཆ་ཆེན་བཞི་པ་སྟེ། །སྐས་ལ་སོགས་པ་ཇི་བཞིན་འགྱུར། །རྟ་བབས་ཆ་གཅིག་པདྨའི་གནས། །ཆོས་ཀྱི་འཁོར་ལོ་ཆ་གཉིས་པ། །ཆུ་དང་ཞེང་མཉམ་གདུགས་ཀྱི་ཚད། །ཆ་གཅིག་པ་ལ་ཡུ་བ་ཕྱེད། །ཅེས་སོགས་དང༌། དེའི་རང་འགྲེལ་ལས། རྟ་བབས་ཀྱི་གནས་བསྟན་པའི་ཕྱིར། །རྟ་བབས་ཡ་ཕུབས་དག་ལས་ནི། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟ་བབས་ཀྱི་ཡ་ཕུབས་ཏེ་སྒོའི་སྟེང་གི་ཆ་ལས་ཆ་གཅིག་དོར་བ་ཞེས་བྱ་བ་དེའི་ཕྱི་རོལ་གྱི་ཆ་ཆུང་གཅིག་དོར་ཞིང་བཞག་ལ། ཞེང་དུ་ཆ་ཆེན་པོ་གཅིག་ཡོད་པ་ཆུར་ནི་ཆ་ཆེན་པོ་བཞིའི་ཚད་ཡོད་པ་བྱའོ། །ཞེས་སོགས་དང༌། ཆོས་ཀྱི་འཁོར་ལོའི་སྟེང་དུ་གདུགས་བྱ་སྟེ་དེའང་ཚད་ནི་དཔངས་སུ་ཆ་ཆུང་ངུ་གཅིག་གི་ཚད་དུ་བྱས་ལ་དེ་ལས་ཀྱང་ཆ་ཆུང་ཕྱེད་ནི་གདུགས་བྱ། ཕྱེད་ནི་ཡུ་བར་བྱའོ། །ཞེས་གསུངས་པ་རྣམས་འགྲོས་ཤིན་ཏུ་མཐུན་ལ། ཤྲདྡྷཱའི་ལུགས་ནི་སྣམ་བཞི་མ་ཡིན་ཞིང༌། རྟ་བབས་ཡོད་པའི་གནས་ཀྱང་སངས་རྒྱས་གསང་བ་དང་འདི་གཉིས་ཀས་སྒོ་ཁང་གི་སྟེང་དུ་ཡོད་པར་བཞེད་པའི་ཕྱིར། སངས་རྒྱས་གསང་བས། སྒོ་ལ་འོག་དང་སྟེང་ཡིན་ཏེ། །འོག་ནི་སྒོ་དང་སྒོ་ཁང་ཅན། །སྟེང་ནས་སྐས་དང་གླང་རྒྱབ་སོགས། །ཞེས་གསུངས་ཤིང༌། འདི་དང་ཤྲདྡྷཱའི་ཐིག་རྩར་སྐས་ཞེས་པ་དེ་ཤར་བུ་ལ་བྱེད་པའི་ཕྱིར། བུ་སྟོན་གྱིས་མཛད་པའི་གཞལ་ཡས་ཁང་གི་རྣམ་གཞག་ལས་ཤྲདྡྷཱའི་རྟ་བབས་སྒོ་ཚད་གཅིག་མའི་སྣམ་བུ་རང་པོ་ལ་སྐས་སུ་བཤད་པས་ཤར་བུ་དང་འགྱུར་ཁྱད་དུ་མངོན། ཞེས་པ་ནས། ཁོང་རང་གི་བཞེད་པས་རྟ་བབས་སྒོ་ཁང་གི་སྟེང་དུ་ཡོད་པར་བཞེད་པས། ཞེས་དང༌། ཤྲདྡྷཱས་དེའི་སྟེང་དུ་གདུགས་བཞེད་ཀྱང་ཨ་བྷྱཱས་མི་བཞེད། ཅེས་འཁོར་ལོའི་སྟེང་དུ་གདུགས་ཡོད་མེད་ཀྱི་བཞེད་ཚུལ་མི་མཐུན་པར་གསུངས་སོ། །འོན་ཀྱང་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོར་རྟ་བབས་སྒོ་སྟེང་དུ་བྱེད་པ་སངས་རྒྱས་གསང་བ་དང་ཤྲདྡྷཱའི་དགོངས་པ་མིན་
པར་གསུངས་སོ། །སྣམ་བུའི་གྲངས་དང་ཚད་ལ་འཕགས་ཡུལ་དུ་ལུགས་ཐ་དད་པ་མང་ཞིང༌། བོད་འདིར་ཡང་ས་ལུགས་སྣམ་བཞི་མ་གཙོ་བོ་དང༌། རྙིང་མ་པས་སྣམ་བརྒྱད་མང་དུ་བཤད་ཀྱང༌། ཨ་བྷྱཱ་ཀ་རའི་ལུགས་འདི་རྒྱུད་སྡེ་སྤྱི་འགྲོས་ལ་མཐུན་ཚབས་ཆེ་བའི་དབང་གིས་བཀའ་སྲོལ་འདི་ལ་སྣམ་བུ་བཅུ་གཅིག་པ་གཙོ་བོར་མཛད་དོ། །རོང་སྟོན་གྱིས་དོགས་པ་ཟུར་ཙམ་མཛད་པ་མ་གཏོགས། འདུལ་འཛིན་རིན་པོ་ཆེ་སོགས་ཐམས་ཅད་ཀྱིས་འདིའི་དཀྱིལ་འཁོར་ལའང་སྣམ་བུ་བཅུ་གཅིག་པ་གཞིར་བཞག་འདུག་པས། དེ་ལྟར་ན་གོང་གི་སྒྲས་ཟིན་དེའི་དགོངས་པ་གཞན་དུ་དྲངས་ཆོག་སྟེ། དཔེར་ན་བུམ་བསྐྱེད་ལས་བུམ་པའི་སྟེང་དུ་རི་རབ་བསྐྱེད་པར་གསུངས་ནའང༌། ནང་དུ་ལྷ་བསྐྱེད་ནས་སྟེང་དུ་རི་རབ་བསྐྱེད་ཚུལ་ཡེ་མེད་པས། དེ་ལྟར་གསུངས་པ་དེ་སློབ་དཔོན་ལ་མ་ལྟོས་པར་འཇུག་པ་དགག་པའི་ཕྱིར་མན་ངག་གབ་དཀྲུག་བྱས་པ་ཡིན་པར་དགོངས་པ་མེད་མི་རུང་དུ་འགྲེལ་དགོས་པ་བཞིན་འདིའང་དྲངས་ཆོག་གོ །ཡང་ན་འབྲུ་གནོན་ཚུལ་ཅུང་ཟད་ཀྱོགས་ནས་བཤད་ཀྱང་ཆོག་སྟེ། གོང་དུ། སྒོ་དང་བཅུ་གཅིག་རྡོ་རྗེ་ལ། །ཞེས་པའི་བཅུ་གཅིག་ཅེས་པ་དེ་སྣམ་བུ་བཅུ་གཅིག་ཏུ་བྱས། འོག་ཏུ། ཆ་ཕྲན་བཞི་རུ་གདབ་པར་བྱ། །གསུངས་པའང་དེ་ལ་ཆ་ཕྲན་བཞི་ཡོད་བྱས་པ་ཡིན་གྱི། སྣམ་བུ་རེ་དང་ཆ་ཕྲན་རེ་སྦྱོར་མི་དགོས་བྱས་ཆོག་ལ། གདུགས་ཆོས་འཁོར་གྱི་སྟེང་ན་ཡོད་པར་བཤད་པའང་དེ་དངོས་མིན་པར་མཐོ་དམན་དེའི་སྟེང་གི་ཚོད་དུ་འབབ་པ་ལ་བཀལ་ཆོག་པས། འདིར་གྲུབ་ཆེན་མང་དང་རྗེ་ཡབ་སྲས་དགོངས་པ་མཐུན་པའི་ཕྱོགས་དེ་དབང་བཙན་པར་བྱ། དེའང་སྒོ་
བཞི་སོ་སོའི་མདུན་དུ་ཐེམ་སྐས་བཞི་དང་བཅས་པའི་སེང་སྐས། གཡས་གཡོན་གྱི་མཆོག་གཉིས་སུ་དཔངས་འདོད་སྣམ་དང་མཉམ་པའི་སྟེགས་བུ་གྲུ་བཞི་པའི་སྟེང་དུ་ཆ་ཕྲན་ཕྱེད་ཀྱི་བུམ་པ་ལ་གནས་པའི་ཀ་བ་མགོ་མཇུག་ཕྲ་ལ་དབུས་ལྡིར་བ་ཆ་ཕྲན་ཕྱེད་གསུམ་ཅན་བཞི་བཞིས་བཏེག་པའི་རྟ་བབས་ཏེ། རྒྱུ་གསེར་ལས་གྲུབ་པའི་གསེར་སྣམ། གཞི་སྔོན་པོའི་སྟེང་དུ་བསྒྲིགས་པའི་ཤར་བུ་དཀར་པོ། གཞི་དམར་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཕ་གུ །གཞི་ལྗང་གུ་ལ་རྨིག་རྗེས་ལྟ་བུའི་རི་མོས་མཚན་པའི་རྟ་རྨིག །ཧར་སྟོང་གི་མུན་སྣམ་ཀ་བ་དང་བཅས་པ། དར་ལྕེ་བསྒྲིགས་པ་ལྟ་བུ་ཁ་དོག་སྣ་ཚོགས་པའི་ཝ་རཎྜ། ཡང་མུན་སྣམ། ཤར་བུ། རིན་པོ་ཆེ་རྨིག་པ་རྣམས་གོང་མཚུངས། སྟེང་དུ་མདའ་ཡབ་ཀྱི་སྣམ་བུ་དང་བཅས་པ། མདའ་ཡབ་ཀྱི་སྣམ་བུ་དེ་ཆ་བཅུར་བྱས་པའི་གཡས་གཡོན་གྱི་སྣེ་མོའི་ཆ་གཉིས་གཉིས་ལ་མདའ་ཡབ་གཉིས་རེ་ཡོད་ཅིང༌། བར་གྱི་ཆ་དྲུག་ལ་མེད་པས་སྣམ་བུའི་དབུས་དེར་པད་ཟླ་ལ་འཁོར་ལོ་རྩིབས་བརྒྱད་དམ་བཅུ། བཅུ་གཉིས་གང་རིགས། གཡས་གཡོན་དུ་རི་དྭགས་ཕོ་མོ། དེའི་རྒྱབ་ཀྱི་མདའ་ཡབ་ནང་མའི་སྟེང་དུ་སྤྲེའུ་གདུགས་འཛིན་པ་རེ་རེ་ཕྱི་མའི་སྟེང་དང༌། རྟ་རྨིག་གོང་འོག་ཝ་རཎྜའི་སྣམ་བུ་རྣམས་ཀྱི་སྣེ་མོར་བུམ་པ་ནས་ཐོན་པའི་རྒྱལ་མཚན་དང་བ་དན་སྤེལ་མར་བཙུགས་པ། སྣམ་བུ་འདི་དག་གི་དཔངས་ཚད་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། རྟ་བབས་སྣམ་བུ་དྲག་པོའི་ལས། །དཔངས་སུ་ཚད་ནི་སྒོ་ཡི་ཆ། །ནོར་ལྷ་ནོར་
ལྷ་ཉི་མ་དང༌། །རྒྱལ་བ་ནོར་ལྷ་རྒྱལ་བ་དང༌། །ཉི་མ་ནོར་ལྷ་ཉི་མ་དང༌། །རྒྱལ་བ་ནོར་ལྷ་གོ་རིམ་བཞིན། །ཞེས་གསུངས་ཏེ། ནོར་ལྷ་ཞེས་པ་བརྒྱད། ཉི་མ་བཅུ་གཉིས། རྒྱལ་བ་ཉེར་བཞིའི་མིང་ཡིན་པས། རྟ་བབས་ཀྱི་སྒོ་ཚད་དེའི་བརྒྱད་ཆ་དང་བཅུ་གཉིས་ཆ་སོགས་ཡོད་པའི་དོན་ཡིན་ཏེ། ལག་ཏུ་བླང་བདེ་བར་བྱེད་ན། རྟ་བབས་སྒོ་ཚད་གཅིག་གི་ཆ། །ཆ་མཉམ་བརྒྱད་དུ་བགོས་པ་ཡི། །གསུམ་པ་བདུན་པའི་ཕྱི་ནས་དང༌། །ལྔ་པའི་ནང་དུ་སུམ་ཆ་གདབ། །ཅེས་འབྱུང་བ་ལྟར་བྱ་སྟེ། སྣམ་བུ་གསུམ་པ་བདུན་པ་དགུ་པ་རྣམས་ལ་སྒོ་ཚད་ཀྱི་བཅུ་གཉིས་ཆ་རེ་དང༌། བཞི་པ་དྲུག་པ་བཅུ་པ་གསུམ་ལ་ཉེར་བཞིའི་ཆ་རེ། གཞན་ལྔ་ལ་བརྒྱད་ཆ་རེ་འབྱུང་བས་ལྔ་མཉམ་གསུམ་གསུམ་མཉམ་གྱི་ལུགས་ཡིན་ནོ། །སྒོ་ཚད་གསུམ་མ་ལའང་ལྔ་མཉམ་གསུམ་གསུམ་མཉམ་བྱེད་ལུགས་གཅིག་ཡོད་པ་དང༌། སྒོ་ཚད་གཅིག་མ་འདི་གཉིས་ཀའི་སྐབས་སྣམ་བུའི་འདྲེན་ཚུལ་ཡང༌། ཤར་བུ་རིན་པོ་ཆེ་རྨིག་པ་གསེར་ཆུ་སྲིན་གསེར་རྨིག་པ་རིན་པོ་ཆེ་རྨིག་པ་གསེར་མདའ་ཡབ་རྣམས་སུ་བྱེད་པ་ཨ་བྷྱཱའི་དགོངས་པར་སྔགས་རིམ་ལས་གསུངས་ཏེ། དེ་ལྟར་བྱས་ཚེ་རྨིག་པ་གསུམ་ལ་རྟ་བབས་ཀྱི་དཔངས་དེའི་བཅུ་གཉིས་ཆ་རེ། གསེར་གསུམ་ལ་ཉེར་བཞིའི་ཆ་རེ། གཞན་ལྔ་ལ་བརྒྱད་ཆ་རེ་འོང་བས་མཛེས་ཁྱད་ཐོན་པ་ཞིག་འོང་བར་སྣང་ཡང་ཆོ་གའི་དཀྱུས་སུ་ཡོངས་གྲགས་བཞིན་བཀོད་འདུག་པས་འདིར་ཡང་དེ་ལྟར་བྱས་པ་ཡིན་ནོ། །མདའ་ཡབ་དང་མདའ་ཡབ་ཀྱི་སྣམ་བུ་མི་གཅིག་པས་འཁོར་ལོ་སོགས་ཀྱི་འོག་ཏུ་མདའ་
ཡབ་ཀྱི་སྣམ་བུ་ཡོད་ཀྱང། མདའ་ཡབ་དེའི་གཡས་གཡོན་གྱི་བཞི་པོ་དེ་ལས་མེད་དེ་ཕྱོགས་ཅན་མདའ་ཡབ་བྱེད་པ་ལྟར་ན་བར་གྱི་ཆ་དྲུག་ལ་མདའ་ཡབ་མི་དགོས་པ་དང༌། ཆ་ཕྲན་བཅུ་གར་མདའ་ཡབ་མཐར་ཆགས་སུ་ཡོད་ན་འཁོར་ལོ་རི་དྭགས་སོགས་དེ་ལ་གནས་པར་བྱེད་དགོས་པ་རྡོར་ཕྲེང་དུ་སྔ་ཕྱིར་རི་དྭགས་མདའ་ཡབ་ལ་གནས་པའི་ལུགས་གཅིག་དང༌། ཀླུའི་བློའི་ལུང་དྲངས་ཏེ་ཕྱོགས་ཅན་མདའ་ཡབ་གསུངས་པའི་མཐར། དེ་ཉིད་ཀྱི་ཕྱིར་བཞེད་པ་འདི་ལ་ནི་རི་དྭགས་དང་རི་དྭགས་མོ་དག་མདའ་ཡབ་ལ་གནས་པ་མ་ཡིན་ནོ། །ཞེས་མི་གནས་པའི་ལུགས་གཉིས་གསུངས་པ་དང༌། སྔགས་རིམ་དང་དངོས་གྲུབ་རྒྱ་མཚོ་གཉིས་ཀར་མདའ་ཡབ་ཀྱི་སྣམ་བུ་ལ་གནས་ཀྱི་མདའ་ཡབ་ལ་མི་གནས་སོ། །ཞེས་གསུངས་ལ། ཀུན་མཁྱེན་བླ་མས་ཀྱང་མདའ་ཡབ་དང་མདའ་ཡབ་ཀྱི་སྣམ་བུ་མི་གཅིག་གསུངས་པའི་རྒྱུ་མཚན་འདི་ཡིན་ནོ། །འདི་ལ་པ་ཚབ་ཀྱི་འགྱུར་དུ་བྱ་ཅན་མདའ་ཡབ་ཅེས་འབྱུང་བས་ཡར་ངོ་མར་ངོའི་ཕྱོགས་སམ་གཡས་གཡོན་གྱི་ཕྱོགས་གཉིས་ལ་གོ་ཚུལ་གཅིག་ཀྱང་ཡོད་འདུག་པས། ཀླུའི་བློས་དེ་ལྟར་བཏགས་པ་དེ་བར་ན་མེད་པར་གཡས་གཡོན་ལ་ཡོད་པ་གོ་ཆེད་ཡིན་ལ་མདའ་ཡབ་ཆ་ཚང་བ་ཞིག་གི་སྟེང་དུ་དེ་གཉིས་ཡོད་ན་སྣམ་བུ་བཅུ་གཉིས་སུ་འགྱུར་བ་དང༌། ཨ་བྷྱཱས་ཕྱོགས་སྔ་མས་རྟ་བབས་ལ་མདའ་ཡབ་གཏན་མེད་དུ་ཁས་བླངས་པ་ལ་ཡོད་པར་སྒྲུབ་རྒྱུའི་གཙོ་བོ་བཞག་ནས་ཆ་ཤས་ཤིག་སྒྲུབ་པ་སྒྲུབ་ཚུལ་མ་མཁས་པའི་སྐྱོན་དུ་འགྱུར་རོ། །རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་སྲིད་ཞེང་སྒོ་ཚད་གཅིག་པ་ནས་འཐོན་པའི་
དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་སྣ་བདུན་དང་ལྡན་པ། དེའི་བར་བར་གྱི་ནམ་མཁའ་ལ་རང་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་སྐུ་མདོག་དང་ཕྱག་སྟབས་ཅན་གྱི་གྲུབ་ཐོབ་རེ། སྟེང་དུ་སྤྲིན་གྱི་སྦུབས་ནས་ལུས་ཕྱེད་ཙམ་འཐོན་པའི་ལྷའི་བུ་རྣམས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ནས་དཀྱིལ་འཁོར་ལ་མེ་ཏོག་གི་ཆར་འབེབས་པ། གཞལ་ཡས་ཁང་གི་སྟེང་འོག་ཐམས་ཅད་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བ། དཀར་པོ་རྣམས་འཁོར་ལོ། སེར་པོ་རིན་པོ་ཆེ། དམར་པོ་པདྨ། ལྗང་གུ་རལ་གྲི། སྔོན་པོ་རྣམས་རྡོ་རྗེའི་རྡུལ་ཕྲ་རབ་ལས་གྲུབ་པ། གསལ་ཞིང་འཚེར་བའི་འོད་ཀྱི་རང་བཞིན་ཅན། ཕྱོགས་བཞིར་འཁོར་ལོ་སོགས་ཀྱིས་མཚན་པའི་ཀ་བ་གཉིས་གཉིས་ཏེ་བརྒྱད་ཀྱིས་བཏེགས་པའི་རྡོ་རྗེའི་གདུང་གིས་མཛེས་པར་ཕུབ་པ་རྡོ་ར་མེ་རི་དང་བཅས་པའི་ཕྱི་རོལ་གྱི་ཕྱོགས་བཞི་དང་དབང་ལྡན་ནས་བརྩམས་ཏེ་མཚམས་བཞིར་རིམ་པ་བཞིན། གཏུམ་དྲག །ཀེང་རུས་ཅན། རྡོ་རྗེ་འབར་བ་ཅན། ཚང་ཚིང་འཁྲིགས་པ་བཞི་དང༌། ཧ་ཧ་རྒོད་པ། བཀྲ་ཤིས་ཚལ། མུན་པ་དྲག་པོ། ཀཱི་ལི་ཀཱི་ལིའི་སྒྲ་ཅན་བཞི། དེ་དག་ཏུ་ཤིརྵ། ཨ་མྲ། ཆུ་ཤིང༌། ཨ་ཤྭ་ཐའི་ཤིང་བཞི་དང༌། ནྱ་གྲོ་དྷ། ཀ་རཉྫ། པ་ཊ་པ་རྐ། ཨརྫུ་ཎའི་ཤིང་བཞི། ཤིང་གི་རྩ་བར་བརྒྱ་བྱིན། གཤིན་རྗེ། ཆུ་ལྷ། གནོད་སྦྱིན་བཞི་དང༌། དབང་ཕྱུག །མེ་ལྷ། སྲིན་པོ། རླུང་ལྷ་བཞི་སྟེ་ཕྱོགས་སྐྱོང་དང༌། ཤིང་གི་རྩེ་མོར་ཡལ་གའི་རྩེ་ནས་ལུས་ཕྱེད་འཐོན་པའི་ཞིང་སྐྱོང་བརྒྱད་ནི། གླང་པོ། མ་ཧེ། ཆུ་སྲིན། མིའི་གདོང་ཅན་བཞི་དང༌། གླང༌། ར། རོ་ལངས། ཤ་བའི་
གདོང་ཅན་བཞི། དུར་ཁྲོད་བརྒྱད་ཀའི་ཐུགས་རྗེའི་ཆུ་བརྒྱད་ལ། ནོར་རྒྱས། པདྨ་དཀར་པོ། ཀར་ཀོ་ཊ། འཇོག་པོ་བཞི་དང༌། པདྨ་ཆེན་པོ་དཀར་པོ། མཐའ་ཡས། རིག་ལྡན། དུང་སྐྱོང་བཞི། ཀླུ་རྣམས་ཀྱི་སྟེང་གི་ནམ་མཁར་སྤྲིན་བརྒྱད་ནི། སྒྲོག་པ། གཡོ་བ། དྲག་པོ། ཆེར་སྒྲོག་པ་བཞི་དང༌། གང་བ། བརྟན་པ། འབེབས་པ། གཏུམ་པོ་བཞི། རི་བརྒྱད་ནི། ལྷུན་པོ། མ་ལ་ཡ། ཀཻ་ལ་ཤ །མནྡ་ར་བཞི་དང༌། དབང་ཆེན། སྤོས་ངད་ལྡང༌། གངས་ཅན། དཔལ་གྱི་རི་བཞི། རི་རྣམས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བརྒྱད་དང་ཡེ་ཤེས་ཀྱི་མེ་བརྒྱད། གཞན་ཡང་ཀེང་རུས་བུབ་ཚང་དང་ཐར་ཐོར། རོ་མགོ་མེད་པས་ཤིང་ལ་དཔྱངས་པ་དང༌། ཕྱེད་མེས་བསྲེགས་པའམ། གཞན་གྱིས་ཟོས་པའི་ཕྱེད་པོ་ལྟ་བུ་དང༌། འུག་པ་བྱ་རོག་བྱ་རྒོད་སོགས་མི་རོ་ཟ་བའི་དྲག་པོའི་བྱ་དང༌། སེང་གེ་དང༌། སྟག་དང་ཅེ་སྤྱང་ལ་སོགས་པའི་གཅན་གཟན་འཇིགས་སུ་རུང་བ་དུ་མ་དང༌། རོ་ལངས་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་མི་མ་ཡིན་གདུག་པ་ཅན་ཧ་ཧའི་སྒྲ་སྒྲོག་པ་དུ་མ། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་བལྟ་བ་གཅེར་བུ་སྐྲ་བཤིག་པ་ཕྱག་རྒྱ་ལྔས་བརྒྱན་པ་ཅང་ཏེའུ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། ཧ་ཧ་ཞེས་རྒོད་ཅིང་དུར་ཁྲོད་དུ་འཇུག་པ་བརྒྱད་དང་བཅས་པའོ། །འདིར་དུར་ཁྲོད་ཀྱི་རྣམ་གཞག་འཇིགས་བྱེད་ཀྱི་ཆོ་གའི་ཚིག་རིས་ལྟར་མཛད་ཅིང༌། དེ་ནི་གཞི་སྡོམ་འབྱུང་ལས་གསུངས་པའི་སྟེང་དུ་རྟོག་བདུན་གྱི་རྟོག་པ་ལྔ་པའི་ཚིག་ཟིན་
ལ་གང་ཡོད་བསྣན་པར་འདུག་ལ། རྟོག་བདུན་རྭ་འགྱུར་དུ་སྐྱེས་བུ་བསྲེགས་པའང་བྲི་ཞེས་པ་ལས་སྐྱེས་བུ་ཟ་བ་མི་འབྱུང་བ་ནི་བྱིན་ཟ་ཞེས་པའི་སྟེང་ནས་འགྱུར་ཁྱད་ཅིག་ཡིན་ནམ་དཔྱད་དགོས། པཎ་ཆེན་ཡེ་ཤེས་རྩེ་མོས་འདིའི་རྒྱུད་ལས་དུར་ཁྲོད་གསལ་བར་མ་བྱུང་ཡང་གཞན་གྱིས་རྒྱས་འགེབ་དགོས་གསུངས་པ་ནི་ཐུགས་མཉམ་པར་མ་བཞག་པ་སྟེ། འདིའི་བཤད་རྒྱུད་ལས། དུར་ཁྲོད་བརྒྱད་དང་ལྡན་པའི་གནས། །ཞེས་གསལ་བར་གསུངས་པའི་ཕྱིར། དུར་ཁྲོད་ཀྱི་ཁྱད་པར་དེ་དག་གི་མཚོན་དོན་ཡང་ཐུན་མོང་བའི་དབང་དུ་བྱས་ཏེ། དུར་ཁྲོད་ཀྱིས་གནས་དང་རོས་ཆོས་དང་གང་ཟག་གི་ བདག་མེད་མཚོན། རུལ་ཞིང་འཐོར་བའི་ཁྱད་པར་སོ་སོས་མི་རྟག་པ ་དང་འཁོར་བའི་ཉེས་དམིགས་དང་མི་སྡུག་པའང་མཚོན། ཆུས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། ཀླུས་ཕར་ཕྱིན་དང་དེའི་ལག་གི་ནོར་བུས་བསྡུ་བ་བཞི། མཆོད་རྟེན་གྱིས་འབྲས་བུ་སྐུ་གསུམ་མཚོན་ནོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་ཤིང་གིས་རྩ་དབུ་མ། དེའི་རྩ་བའི་ཕྱོགས་སྐྱོང་གིས་ཐུར་སེལ། རྩེ་མོའི་ཞིང་སྐྱོང་གིས་སྲོག་འཛིན། མེས་གཏུམ་མོ། སྤྲིན་གྱིས་བྱང་སེམས་དཀར་པོ། དུར་ཁྲོད་བརྒྱད་དུ་ཕྱེ་བས་ཡས་བབ་མས་བརྟན་གྱི་དགའ་བ་བཞི་ཚན་གཉིས། རིས་དེ་ལྟ་བུའི་བདེ་སྟོང་དབྱེར་མེད་ཀྱི་ངང་ལས་གཟུང་འཛིན་གྱི་རྣམ་རྟོག་གིས་མི་གཡོ་བ། མཆོད་རྟེན་གྱིས་མི་སློབ་པའི་ཟུང་འཇུག །གྲུབ་ཐོབ་རྣམས་ཀྱིས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དེ་དག་ཉམས་སུ་ལེན་པའི་སྒྲུབ་པ་པོ་མཚོན་ཏེ། མདོར་ན་འཁོར་བའི་འཆིང་བ་གཅོད་ པ་ལ་བདག་མེད ་གཉིས་བསྒོམ་དགོས་པ་དང༌། དེའང་བྱང་ཆུབ་ཀྱི་སེམས་
རིན་པོ་ཆེས་ཀུན་ནས་བསླངས་ཏེ་སྔགས་ཀྱི་ཐབས་མཁས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྐྱེད་ནས་བསྒོམ་དགོས་པ་དུར་ཁྲོད་ན་གནས་པའི་ཤིང་རྣམས་དང་ཆུ་རྣམས་དང་ཀླུ་རྣམས་དང་དེ་དག་གི་ནོར་བུ་རྣམས་དང་སྟེང་གི་སྤྲིན་ཆར་དང་བཅས་པ་རྣམས་ཀྱིས་མཚོན་ཞིང༌། དེའང་ཚེ་འདིའི་འཁྲི་བ་བཅད་ནས་ལམ་འདི་ལ་སྒྲུབ་པ་སྙིང་པོར་བྱ་དགོས་པ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བའི་གྲུབ་ཆེན་རྣམས་ཀྱིས་མཚོན་པའི་ཚུལ་ལེགས་པར་བསམས་ཏེ་རྒྱལ་བའི་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་དུ་འཁྱེར་ཤེས་པ་གལ་ཆེའོ། །དེ་ནས་གཞལ་ཡས་ཁང་གི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བཞི་པ་ལྟེ་བ་མུ་ཁྱུད་དང་བཅས་པ་མུ་ཁྱུད་ལ་ཐོད་པའི་ཕྲེང་བས་མཚན་པའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་མུ་ཁྱུད་ལ་རྩེ་གསུམ་འབར་བས་བསྐོར་བའི་དབུས་སུ། གཡས་སུ་ཚངས་པ་དཀར་པོ་མགོ་གཡས་སུ་བསྟན་ཏེ་ཁ་སྦུབ་ཏུ་བསྒྱེལ་བའི་སོག་ཕྲག་ཏུ་ཟླ་བ། གཡོན་དུ་བརྒྱ་བྱིན་དམར་སེར་མགོ་གཡོན་དུ་བསྟན་ཏེ་ཁ་སྦུབ་ཏུ་བསྒྱེལ་བའི་སྲོག་ཕྲག་ཏུ་ཉི་མ། རྩིབས་བཞིའི་སྟེང་དུ་སྣ་ཚོགས་པདྨའི་གདན། དེའི་སྟེང་དུ་ཤར་གྱི་རྩིབས་ལ་དྲི་ཟ་ཕོ་མོ། ལྷོའི་རྩིབས་ལ་གཤིན་རྗེ་ཕོ་མོ། ནུབ་ཀྱི་རྩིབས་ལ་ཆུ་ལྷ་ཕོ་མོ། བྱང་གི་རྩིབས་ལ་གནོད་སྦྱིན་ཕོ་མོ་རྣམས་ཀྱི་སྟེང་དུ་ཉི་མའི་གདན་དང༌། སྒོ་བཞིར་སྣ་ཚོགས་པདྨ་དང་ཟླ་བའི་གདན་རེ་བསྒོམ་དགོས་ཏེ། གདན་གྱི་རྣམ་གཞག་འདིའི་རྩ་རྒྱུད་ལས་དབང་པོ་དང་ཉི་མའི་སྟེང་ན་བཞུགས་པ་ཞེས་པ་ཙམ་ལས་མ་གསུངས་ཀྱང༌། དེའི་དོན་གྲུབ་ཆེན་གྱི་འགྲེལ་
པར། དབང་པོ་ནི་འདོད་པའི་ཁམས་ཀྱི་བརྒྱ་བྱིན་དང་གཟུགས་ཀྱི་ཁམས་ཀྱི་ཚངས་པ་སྟེ་ཁ་སྦུབ་ཏུ་བསྣོལ་བའི་ཚངས་པའི་ཕྲག་པའི་སྟེང་ན་ཟླ་བ་ཉ་གང་བ་ལྟ་བུའོ། །བརྒྱ་བྱིན་གྱི་ཕྲག་པའི་སྟེང་ན་ཉི་མ་སྟེ་དེ་གཉིས་ཀྱི་སྟེང་དུ་བཞུགས་པ་ནི་བརྐྱང་བསྐུམ་དུ་བཞུགས་པའོ། །ཞེས་དབང་པོ་ལ་གཉིས་སུ་བྱས་ཤིང་དེའི་ཟླས་དྲངས་ཏེ་ཟླ་བའང་ཤུགས་ལ་བསྟན་པར་གསུངས་སོ། །འོན་ཀྱང་གཡས་གཡོན་གྱི་ཁྱད་མི་གསལ་བས། ཁ་ཅིག་གཡས་རོ་མ་དམར་པོ་ནས་ཁྲག་འབབ་པ་དང་གཡོན་རྐྱང་མ་དཀར་པོ་ནས་ཁུ་བ་འབབ་པས་དེ་གཉིས་ལ་ཉི་ཟླའི་སྒྲས་བསྟན་པ་དང་གོ་རིམ་མཐུན་པར་འདིར་ཡང་བརྒྱ་བྱིན་དང་ཉི་མ་གཡས། ཚངས་པ་དང་ཟླ་བ་གཡོན་དུ་བྱེད་ཟེར་ཡང་དེ་དང་སྒོ་བསྟུན་དགོས་པའི་ངེས་པ་མེད་ཅིང༌། འདིར་རང་གི་སྒོས་ཆོས་ཁྱད་པར་ཅན་དང་འབྲེལ་བའི་གནད་གཞན་ཞིག་ཡོད་དེ། འདིའི་བཤད་རྒྱུད་ལས། ཞལ་གསུམ་པ་དེ་འཇིགས་པ་ཆེ། །སྐུ་གསུམ་དག་གིས་རབ་ཏུ་མཚན། །ཕོ་ཉ་གསུམ་གྱིས་གདུག་པ་འདུལ། །ཞེས་སོགས་ཀྱིས་གཡས་ཞལ་དཀར་པོ་ལ་བརྟེན་ཕོ་ཉ་ཚངས་པ་སྤྲོས་ནས་ས་བླའི་དྲག་པོ་བདུད་འདུལ་བ་དང༌། གཡོན་ཞལ་དམར་པོ་ལ་བརྟེན་པའི་ཕོ་ཉ་བརྒྱ་བྱིན་སྤྲོས་ནས་ས་སྟེང་གི་དྲག་པོ་གནོད་སྦྱིན་འདུལ་བར་གསུངས་པའི་རིགས་པས་ཚངས་པ་གཡས་དང་བརྒྱ་བྱིན་གཡོན་གྱི་གདན་དུ་འཐད་པར་ཤེས་པར་བྱའོ། །ཕྱོགས་ཀྱི་ཁྲོ་བོ་བཞིའི་གདན་ཡང་པདྨ་མི་འགོད་པ་དང༌། པད་ཉི་གཉིས་ཀ་དྲི་ཟ་སོགས་ཀྱི་སྟེང་དུ་འགོད་པ་དང༌། གཉིས་ཀ་དེའི་འོག་ཏུ་འགོད་པའི་ལུགས་གསུམ་བྱུང་ཡང༌། པདྨའི་སྟེང་དུ་དྲི་ཟ་ཕོ་མོ་སོགས་དང་
དེའི་སྟེང་དུ་ཉི་གདན་བྱེད་པ་གྲུབ་ཆེན་གྱི་སྒྲུབ་ཐབས་དང་མཐུན་ཞིང་གཙོ་བོའི་གདན་དང་འགྲོས་མཐུན་པས་ལེགས་སོ། །དེ་ལྟར་འབྱུང་བཞི་རི་རབ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་ནི་གཞི་ལ་གང་དུ་སྐྱེ་བ་ལེན་པའི་གནས་རི་གླིང་སོགས་ཀྱི་སྣོད་མཚོན་ཞིང་དེ་སྦྱོང་བ་དང༌། ལམ་དང་འབྲས་བུའི་ཚེ་སློབ་པ་དང་མི་སློབ་པའི་ཟུང་འཇུག་པ་གང་དུ་བཞུགས་པའི་རྟེན་གཞལ་ཡས་ཁང་མཚོན་ཞིང་དེ་འགྲུབ་པའི་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་རོ། །གཞལ་ཡས་ཁང་གི་མཚོན་དོན་རྣམས་ནི་འོག་ཏུ་འཆད་པར་འགྱུར་ལ། རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པར་འདོད་པ་རྣམས་ཀྱིས་འདིའི་གནས་ཚུལ་ཐིག་གི་སྒོ་ནས་གཏན་ལ་འབེབས་ཚུལ་མེད་མི་རུང་དུ་ཤེས་དགོས་ཏེ། སྔགས་རིམ་ལས། སྔགས་ཀྱི་ལུགས་ཀྱིས་དང་པོར་སྣོད་རུང་དུ་བྱེད་པ་ལའང་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དགོས་ལ། བར་དུ་རིམ་པ་གཉིས་ཀྱི་རྣལ་འབྱོར་བས་ཀྱང་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱིས་ལམ་བགྲོད་དགོས་ཤིང༌། མཐར་འབྲས་བུ་མངོན་དུ་གྱུར་པ་ནའང་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་འཚང་རྒྱ་བས། དེ་ཐམས་ཅད་ལ་དཀྱིལ་འཁོར་གནད་ཆེ་ཞིང་དེའི་མཚན་ཉིད་ཐིག་གིས་གཏན་ལ་འབེབས་ལ་ཐིག་ཀྱང་རྡོ་རྗེ་ཕྲེང་བ་མཐའ་ཆོད་པར་སྣང་བས་དེའི་ལུགས་བཞིན་དུ་ལེགས་པར་བཤད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་མངོན་བྱང་ལྔའི་སྒོ་ནས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པ་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་རྣལ་འབྱོར་བསྒོམ་པ་ནི། གྲུབ་ཆེན་
གྱི་གཞུང་གི་ཚིག་ཟིན་ལ་ཆོ་ག་གསུམ་བསྐྱེད་ཤིན་ཏུ་གོ་སླ་བར་ཡོད་པ་བཞིན་འདུལ་འཛིན་རིན་པོ་ཆེས་ཀྱང་གསུངས་པ་ནི་བསྐྱེད་ཚུལ་བསྡུས་པ་ཡིན། རྒྱས་པར་མངོན་བྱང་ལྔ་ལས་བསྐྱེད་པའང་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཡིན་ཏེ། བཤད་རྒྱུད་ལས། བདག་པོའི་ས་བོན་ལས་བྱུང་བ། །ཉི་ཟླ་ཐོད་པ་རྡོ་རྗེ་ལས། །དྲག་པོའི་རྟགས་ལྡན་ཁྲོ་བོ་ཆེ། །ཞེས་དང༌། དེའི་དགོངས་པ་བཀྲལ་ཏེ་གྲུབ་ཆེན་གྱི་སྒྲུབ་ཐབས་ཆེ་བ་ལས། ཡི་གེ་ཧཱུཾ་ལས་བྱུང་བའི་ཉི་ཟླའི་ཐོག་ཏུ་ནི། སྤྲིན་སྒྲའི་ཡི་གེ་ཡོངས་སུ་གྱུར་པ་ལས་ཐོད་པ་དང་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་བསམ་མོ། །དེའི་འོད་ཀྱིས་ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་སྤྱན་དྲངས་ཏེ་བསྟིམས་ནས་དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་གོས་སྔོན་པོ་ཅན་ཞལ་གསུམ་ཕྱག་དྲུག་པ། ཞེས་སོགས་གསུངས་སོ། །འདིར་ཉི་ཟླའི་ཐོག་ཏུ་ཞེས་འབྱུང་ཡང་གདན་གྱི་ཉི་ཟླ་ལ་འཁྲུལ་བར་མི་བྱ་སྟེ། གདན་གྱི་ཉི་ཟླ་ནི་གོང་དེ་མ་ཐག་ཏུ། ཚངས་པ་དང་བརྒྱ་བྱིན་གྱི་ཐོག་ན་ཉི་མ་དང་ཟླ་བ། ཤར་དྲི་ཟ། ལྷོར་གཤིན་རྗེ། ནུབ་ཆུ་ལྷ། བྱང་གནོད་སྦྱིན་དེ་རྣམས་ཀྱི་སྟེང་དུ་ཉི་མའོ། །ཞེས་གདན་གྱི་ཉི་ཟླ་གོང་དུ་བཤད་ཟིན་པའི་ཕྱིར། འདིར་ཐོག་ཏུ་ཞེས་པ་ནི་བར་དོ་མཚོན་པའི་ཧཱུཾཾ་ཡིག་སྟེང་གི་ནམ་མཁར་བཞག་པ་དེ་ཉི་ཟླའི་བར་དེར་སྟེང་ནས་མར་འཇུག་པའི་དོན་ཡིན་ཏེ། གྲུབ་ཆེན་གྱི་དཀྱིལ་ཆོག་ལས། ཧཱུཾ་ལས་ཉི་མ་ཟླ་བ་བསམ། །དེ་ཡི་བར་དུ་ས་བོན་ལས། །གཙོ་བོ་ཡབ་ཡུམ་སྐུ་བསྐྱེད་དོ། །ཞེས་གསུངས་པའི་ཕྱིར། སྤྱིར། བདག་ཉིད་ཡི་གེ་ཧཱུཾ་དུ་གྱུར། །ཅེས་པས་ས་
བོན་ལས་བསྐྱེད་པར་འགྲུབ་ཀྱང་དེ་ཙམ་རྒྱུད་སྡེ་ཀུན་ལ་ཡོད་པས་དེས་ལོངས་སྐུའི་ལམ་འཁྱེར་ཡོད་པར་མི་འགྲུབ་མོད། འདིར་གདན་གྱི་ཉི་ཟླ་ལས་ལོགས་སུ་ཧཱུཾ་ཡིག་དེ་འཇུག་པའི་ཉི་ཟླ་ཞིག་བཤད་པ་དང་བསྡོམ་ཚེ་བླ་མེད་ཀྱི་ཆོ་ག་གཞན་གྱི་འགྲོས་བཞིན་མངོན་བྱང་ལྔ་བསྐྱེད་དང་ལོངས་སྐུའི་ལམ་འཁྱེར་ཡོད་པ་གསལ་བར་འགྲུབ་པ་ཡིན་ནོ། །དེ་ལྟར་ན་བཤད་རྒྱུད་ཀྱི་བདག་པོའི་ས་བོན་ལས་བྱུང་ཞེས་པ་དང༌། སྒྲུབ་ཐབས་སུ། ཡི་གེ་ཧཱུཾ་ལས་བྱུང་ཞེས་པ་བར་དོ་མཚོན་བྱེད་ཀྱི་ཧཱུཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་ཉི་ཟླ་བསྐྱེད་པའི་དོན་མིན་གྱི། རང་ཉིད་ཧཱུཾ་ཡིག་དེ་ལ་ང་རྒྱལ་བཞག་བཞིན་པར་ཡོད་པས། དེའི་རང་སྣང་ལས་ཉི་ཟླ་སོགས་གསལ་འདེབས་པའི་དོན་ཡིན་ནོ། །འོན་ཀྱང་ཉི་ཟླ་སྐྱེད་བྱེད་ལ་རྒྱས་པར་བྱེད་ན་དབྱངས་གསལ་དང༌། བསྡུས་པར་ཧཱུཾ་ཡིག་ནི་དབྱངས་གསལ་གཉིས་འདྲེས་པ་ཐབས་ཤེས་དབྱེར་མེད་མ་ནིང་གི་ཡི་གེ་ཡིན་པས། དེའི་དབྱངས་ཀྱི་ཆ་ལས་ཟླ་བ་དང་གསལ་བྱེད་ཀྱི་ཆ་ལས་ཉི་མ་བསྐྱེད་པ་ཡིན་པས། བར་དོ་མཚོན་བྱེད་ཀྱི་ཧཱུཾ་ཡིག་གསུང་བའི་ཞར་བྱུང་ཙམ་ལ་ཉི་ཟླའི་ས་བོན་གྱི་ཧཱུཾ་ཡིག་ཀྱང་བསྟན་པར་བྱས་ཆོག་གོ །དེ་ལྟར་ན་ཉི་ཟླ་ཞེས་པས་ཉི་མ་ལས་བྱང་ཆུབ་པ་དང་ཟླ་བ་ལས་བྱང་ཆུབ་པ་གཉིས་བསྟན། ཐོད་པ་རྡོ་རྗེ་ལས་ཞེས་པས་གོང་གི་ས་བོན་ཧཱུཾ་ཡིག་དེ་ཟླ་ཉིའི་བར་དུ་ཞུགས་ཏེ་འདྲེས་པ་ལས་རྡོ་རྗེ་དང་ཐོད་པ་ཧཱུཾ་གིས་མཚན་པར་གྱུར་པ་ཕྱག་མཚན་ས་བོན་དང་བཅས་པ་ལས་བྱང་ཆུབ་པ་བསྟན། དེ་ནས་འོད་ཟེར་མཁའ་ཁྱབ་ཏུ་སྤྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད་ཅིང་བསྐུལ་ནས་བདེ་བ་ཆེན་པོའི་རང་བཞིན་
གཅིག་ཏུ་འདྲེས་པའི་འཕྲོ་འདུ་ལས་བྱང་ཆུབ་པ་སྟེ། འདི་རྩ་རྒྱུད་ཀྱི། ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །ཞེས་པ་དེས་བསྟན་པ་ཡིན། དེ་ནས་ཁྲོ་བོ་ཆེན་པོའི་རྣམ་པར་བཞེངས་པ་སྐུ་རྫོགས་པ་ལས་བྱང་ཆུབ་པར་བསྟན་པ་ནི་རྟོགས་སླའོ། །དེའང་མངོན་བྱང་ལྔར་འབྱེད་ཚུལ་འདི་ཅི་བརྟག་གཉིས་དང་ཤིན་ཏུ་མཐུན་ཏེ། དེ་ཉིད་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱིས་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་བྱུང་བས་རྐང་པ་གཉིས་པ་མ་གཏོགས་སམྦུ་ཊི་ལས་ཀྱང་དེ་ཇི་ལྟ་བ་བཞིན་འབྱུང་ངོ༌། །དེས་ན་ཡེ་ཤེས་ལྔ་དང་སྦྱོར་ཚུལ་ཡང་ཟླ་བ་བསྒོམ་པ་མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ་དང༌། བདུན་གྱི་ས་བདུན་པ་ཞེས་རྟ་བདུན་གྱིས་དྲངས་པའི་ཤིང་རྟ་བདུན་པ་ཉི་མ་བསྒོམ་པ་ནི་མཉམ་ཉིད་ཡེ་ཤེས་ལས་བྱང་ཆུབ་པ། ཕྱག་མཚན་ས་བོན་དང་བཅས་པ་སོར་རྟོག་ཡེ་ཤེས་ལས་བྱང་ཆུབ་པའང་འོད་ཟེར་འཕྲོ་འདུ་ཐམས་ཅད་གཅིག་ཏུ་འདྲེས་པ་བྱ་སྒྲུབ་བམ་བྱ་བ་ནན་ཏན་གྱི་ཡེ་ཤེས་ལས་བྱང་ཆུབ་པ། སྐུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པ་ཡིན་ནོ། །དེའང་ཉི་ཟླའི་བར་དུ་ཧཱུཾ་ཡིག་ཞུགས་པར་བསྒོམ་པ་ནི་གཞི་ལ་ཁམས་དཀར་དམར་འདྲེས་པའི་མའི་སྐྱེ་གནས་ཀྱི་དབུས་སུ་བར་སྲིད་ཞུགས་ཏེ་སྐྱེ་བ་ལེན་པ་དང་ཆོས་མཐུན་ཞིང་དེ་སྦྱོང་བར་བྱེད་པ་དང༌། ལམ་ལ་སྒྱུ་མའི་སྐུ་དངོས་གནས་དང་རྗེས་མཐུན་པ་ཕུང་པོ་རྙིང་པ་ལ་ཞུགས་ཏེ་རགས་པའི་སྤྲུལ་སྐུ་འཛིན་པ་
དང་ཆོས་མཐུན་པའི་སྒོ་ནས་དེའི་རྒྱུད་སྨིན་པར་བྱེད་པ་དང༌། སྦྱངས་པའི་འབྲས་བུ་ལ་སངས་རྒྱས་ཀྱི་སྤྲུལ་སྐུ་འགྲུབ་པར་བྱེད་པས་ན་སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བྱ་སྟེ། ཟླ་བའི་དཀྱིལ་འཁོར་གྱིས་ཕའི་ཁམས་དཀར་པོ། ཉི་མས་མའི་ཁམས་དམར་པོ་མཚོན་ལ། དེའི་དབུས་སུ་བར་དོའི་ངོ་བོ་ཧཱུཾ་ཡིག་ཞུགས་པ་ནི་བར་དོ་ཉིང་མཚམས་སྦྱར་བ་དེ་མཚོན། དེ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་གཉིས་བསྐྱེད་པ་ནི་མངལ་དུ་སེམས་ཅན་དེའི་ལུས་གྲུབ་པ་མཚོན། དེ་ལས་འོད་ཟེར་གྱི་སྤྲོ་བསྡུ་བྱས་ཏེ་ཕྱག་མཚན་གཉིས་ལ་ཐིམ་པ་ནི་མངལ་གྱི་སེམས་ཅན་དེའི་མངལ་གྱི་གནས་སྐབས་ལྔ་རིམ་གྱིས་རྫོགས་པ་དེ་མཚོན། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་གཙོ་བོ་ཡབ་ཡུམ་གྱི་སྐུར་རྫོགས་པ་ནི་ཕྱི་རོལ་ཏུ་བཙས་པ་དང་ཆོས་མཐུན་ལ། དེ་ལྟ་བུའི་དམ་ཚིག་སེམས་དཔར་བསྒོམ་པ་དང༌། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་གསུམ་ངོ་བོ་དབྱེར་མེད་དུ་བྱས་ནས་བསྒོམས་པས་ནི་གཞི་ལ་མངལ་གྱི་སེམས་ཅན་དེའི་རགས་པ་གནས་སྐབས་པའི་ལུས་དང༌། ཕྲ་བ་གཉུག་མའི་ལུས་རྣམས་སྦྱོང་ཞིང་རྫོགས་རིམ་པའི་སེམས་དཔའ་གསུམ་གྱི་རྒྱུད་སྨིན་པར་བྱེད་ཅིང༌། འབྲས་དུས་ཀྱི་སེམས་དཔའ་གསུམ་འགྲུབ་པར་བྱེད་པ་ཡིན་ནོ། །མངོན་བྱང་ལྔར་བྱས་པ་ནི་གཞི་ལ་ཕུང་པོ་ལྔ་དང་ཉོན་མོངས་ལྔ་སྦྱོར་ཞིང་རིགས་ལྔ་དང་ཡེ་ཤེས་ལྔ་འགྲུབ་པའི་རྫོགས་རིམ་གྱི་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་རོ། །དེ་ལྟར་མངོན་བྱང་ལྔས་འབྲས་བུ་
རྡོ་རྗེ་འཛིན་པ་བསྐྱེད་དེ་མངོན་རྟོགས་བཞིན་རིམ་གྱིས་གསལ་གདབ་ཚུལ་ནི། རང་ཉིད་སངས་རྒྱས་འཁོར་ལོ་ཆེན་པོ་གོས་སྔོན་པོ་ཅན་སྐུ་མདོག་མཐིང་ནག་མིག་སྨན་དང་འདྲེས་པའི་ཨིནྡྲ་ནཱི་ལའི་ལྷུན་པོ་བསྐལ་པའི་མེས་འཁྱུད་པ་ལྟ་བུ། མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་པ། ཞབས་གཡས་བསྐུམ་ཞིང་དེ་ནས་མཐོ་ལྔའི་བར་དུ་གཡོན་དྲང་པོར་བརྐྱང་བ། རྩ་ཞལ་མཐིང་ག་དབྱར་གྱི་ཆར་སྤྲིན་སྟུག་པོ་ལྟར་ཤིན་ཏུ་གནག་པ་ཞལ་རབ་ཏུ་གདངས་ཤིང་རྔམ་པས་གཤིན་རྗེ་ཁྲོས་པ་ལྟ་བུ་ཕྱི་དབྱིབས་གྲུ་བཞིའི་རྣམ་པ། གཡས་ཞལ་དུང་ལྟར་དཀར་ཞིང་ཡ་སོས་མ་མཆུ་མནན་པ་ཟླ་གམ་གྱི་དབྱིབས་ཅན། གཡོན་ཞལ་པདྨ་རཱ་ག་ལྟར་དམར་ཞིང་སྣུམ་ལ་དྲག་ཏུ་བཞད་པ་ཟླུམ་པོའི་དབྱིབས་ཅན། ཞལ་གསུམ་ག་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟར་ཤ་རྒྱས་པ་ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་མེའི་ཕུང་པོ་འདྲ་བས་མེ་སྟག་འཕྲོ་བའི་སྨིན་མ་དང་དཔྲལ་བའི་མཚམས་སུ་རི་མོ་གསུམ་པའི་ཁྲོ་གཉེར་བསྡུས་ཤིང་མི་བཟོད་པ་ལྟ་བུར་ཤིན་ཏུ་ཁྲོས་པ། ལྗགས་གློག་ལྟར་འདྲིལ་ཞིང་གངས་རི་ལྟ་བུའི་མཆེ་བ་གཙིགས་པ། ཧཱུཾ་ཧཱུཾ་དང་ཨ་ལ་ལའི་སྒྲ་ཆེན་པོ་འབྲུག་ལྟར་ཕྱོགས་བཅུར་སྒྲོགས་ཤིང༌། ཚད་རླངས་འཕྱུར་བའི་དྲག་པོའི་དབུགས་རྒོད་མེ་ལྕེ་ལྟར་རབ་ཏུ་འབར་བ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ལས་ནམ་མཁའ་འགེངས་པའི་མེ་ལྕེ་ལྷབ་ལྷབ་འབར་ཞིང་ཕྱོགས་ཕྱོགས་སུ་མེ་སྟག་དམར་ཁྲོམ་ཁྲོམ་འཕྲོ་བ། རལ་པའི་ཅོད་པན་ལ་སངས་རྒྱས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞི་མ་ཁྲོའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་
གཡས་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའི་རིགས་བདག་རང་ཆས་སུ་ཡོད་པ། ལྟོ་བ་ཡངས་ཤིང་གསུས་ཁྱིམ་ཤིན་ཏུ་ཆེ་ལ་མ་རྐོང་བར་སྨད་ཀྱི་ཆ་སྒོར་འཁྱིལ་ལེ་ཡོད་པ། གཡས་གཡོན་གཉིས་སུ་སོག་པའི་དཀར་ཡོལ་ཁ་གཅིག་ནས་ཐོན་པའི་དཔུང་པ་སྟེང་འོག་ཏུ་བསྒྲིགས་པའི་ཕྱག་གསུམ་གསུམ་ཅན། ཕྱག་གཡས་ཀྱི་དང་པོས་རྭ་རྩེ་ཅུང་ཟད་ཕྱིར་གདེངས་པའི་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་འཕྱར་ཞིང༌། གཡོན་དང་པོས་སྡིགས་མཛུབ་མཛད་པ། བར་བ་གཉིས་ཐལ་མོའི་སྒྲ་སྒྲོགས་པས་ཡུམ་ལ་འཁྱུད་པ། ཐ་མ་གཉིས་ཀྱིས་གདོལ་པའི་རིགས་སྟོབས་རྒྱུ་དང་རིགས་ལྡན་ནག་པོའི་རྐེད་པ་ནས་བཟུང་སྟེ་མགོ་བོ་རྩ་ཞལ་དུ་གསོལ་ཞིང༌། མཇུག་མ་ཞབས་འོག་ཏུ་མནན་པ། གོས་སྔོན་པོའི་སྟོད་གཡོགས་དང་སྡེར་འཕྲེང་གཡོ་བའི་སྟག་གི་པགས་པ་རློན་པའི་ཤམ་ཐབས་འཕྱང་བ། རྒྱལ་རིགས་ནོར་རྒྱས་དང་དུང་སྐྱོང་སེར་པོ་ཡིད་བཞིན་གྱི་ནོར་བུའི་གཙུག་རྒྱན་ཅན་གྱིས་དབུ་སྐྲ་བཅིངས་ཤིང༌། རྗེའུ་རིགས་དགའ་བོ་དང་ཉེ་དགའ་བོ་དམར་པོ་གཙུག་ན་པདྨ་རཱ་ག་འབར་བ་ཐོགས་པས་སྙན་རྒྱན་བྱས་པ། བྲམ་ཟེའི་རིགས་པདྨ་དང་ཆུ་ལྷ་དཀར་པོ་གཙུག་ན་ནོར་བུ་མཐོན་ཀ་དང༌། པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་ཐོགས་པས་ཕྱག་གདུབ་དང་དཔུང་རྒྱན་དང་ཞབས་གདུབ་བྱས་པ། གདོལ་པའི་རིགས་སུ་གཏོགས་པ་ཨིནྡྲ་ནཱི་ལ་ལྗང་ནག་འབར་བས་སྤྲས་པ་སྟོབས་རྒྱུ་སྔོན་པོས་མཆོད་ཕྱིར་ཐོགས་བྱས་ཤིང༌། རིགས་ལྡན་ནག་པོས་སྐ་རགས་བྱས་ཏེ་ཀླུ་རིགས་བཞིས་སྐུ་
ལ་བརྒྱན་པའོ། །ཛ་ཝ་རི་པའི་རྒྱུད་འགྲེལ་ལས། རྐང་པས་སྦྲུལ་གདུག་པ་འབར་བ་མནན་ཞིང་ཟ་བ། ཀླུའི་རྒྱལ་པོ་འདབ་བཟང་སྐ་རགས་སུ་བཅིངས་ཤིང༌། ཀླུ་ནག་པོ་སེ་རལ་ཁར་ཐོགས་པ་ཞེས་བྱ་བ་ནི་སྟོབས་ཀྱི་རྒྱུ་དང༌། རིགས་ལྡན་གཉིས་ནག་པོ་ཁར་བཅུག་ནས་སེ་རལ་ཁར་དྲངས་པ། ཞེས་འབྱུང་བ་དང༌། སྒྲུབ་ཐབས་འཁོར་ལོ་ཆེན་པོ་དང་བདུད་རྩི་ཐིགས་པ་གཉིས་གར་ཡང༌། སྟོབས་ཀྱི་རྒྱུ་དང་རིགས་ལྡན་ཁར་ཟ་བའི་སྐ་རགས་ཅན། ཞེས་གསུངས་པ་ལྟར་ན་སྟོབས་རྒྱུ་རིགས་ལྡན་ནག་པོ་གཉིས་ཀྱི་མགོ་བོ་རྩ་ཞལ་དུ་གསོལ་བའི་ལྷག་མ་ཞལ་གྱི་གྲ་གཉིས་ནས་འཐོན་པ་ག་ཤལ་གྱི་ཚུལ་དུ་བྱས། དེའི་ལྷག་མ་སྐ་རགས་སུ་བཅིངས་ཏེ། དེའི་ལྷག་མ་ཕྱག་གཉིས་ཀྱིས་དཀུ་གཡས་གཡོན་གྱི་ཐད་དུ་བརྐྱངས་ཏེ་མཇུག་མ་ཞབས་འོག་ཏུ་མནན་པ་འདྲ་བ་ཞིག་འདུག་ལ། རྩ་རྒྱུད་ལས་འདབ་བཟང་སྐ་རགས་སུ་བཅིངས་པར་གསུངས་ཀྱང། བཤད་རྒྱུད་ཀྱིས་སེ་རལ་འདབ་བཟང་ཞེས་དེ་སེ་རལ་ཁར་གསུངས་པས་ཀྱང༌། ཞལ་དུ་གསོལ་རྒྱུ་དང་སེ་རལ་བྱེད་རྒྱུ་སྐ་རགས་སུ་བཅིང་རྒྱུ་རྣམས་སོ་སོ་མ་ཡིན་ནམ་སྙམ། འོན་ཀྱང་བོད་ཀྱི་བླ་མ་སྔ་ཕྱི་རྣམས་དེ་ལྟར་མ་གསུངས་ཤིང༌། ཁུངས་ཐུབ་ཀྱི་བྲིས་འབུར་རྣམས་ལའང་སོ་སོར་བྱས་འདུག་པས། དེ་ལྟར་ན་ཕྱག་ཏུ་བསྣམས་པ་དང་ག་ཤལ་སྐ་རགས་སོགས་བྱེད་རྒྱུའི་ཀླུ་རྣམས་གདོལ་པའི་ཀླུ་རིགས་དེ་གཉིས་སུ་མཚུངས་པ་ལ་བྱེད་དགོས་སོ། །བདུད་རྩི་ཐིགས་པར། རལ་པའི་ཅོད་པན་ལ་སྦྲུལ་མགོ་བརྒྱད་ཀྱི་ཅོད་པན་ཡོད་པ། ཞེས་པའི་དོན་དབུ་ལ་སྦྲུལ་བརྒྱད་ཀྱི་གདེངས་ཀ་ཡོད་ཅེས་པ་མིན་གྱི།
སྒྲུབ་ཐབས་ཆེ་བར། རལ་པའི་ཅོད་པན་ལ་སོགས་པ་ལ་སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་ཡོད། ཅེས་པ་དང་མཐུན་པར་སོགས་ཁོངས་ནས་སྙན་རྒྱན་གདུ་བུ་སོགས་བསྡོམས་པར་ཀླུ་ཆེན་བརྒྱད་ཀ་ཡོད་པའི་དོན་དུ་རོང་སྟོན་གྱིས་བཀྲལ་ལོ། །འོན་ཀྱང་གདུ་བུར་བྱས་པ་ལ་གདེངས་ཀའི་ཐ་སྙད་ཅུང་ཟད་མི་འབྲེལ་ཞིང༌། གྲུབ་ཆེན་གྱི་བསྟོད་པའི་ནང་དུ། བྲང་འགྲོ་བརྒྱད་ཀྱིས་སྐུ་བརྒྱན་ཀླུ་དབང་འདུལ། །ཞེས་དང༌། རལ་པའི་ཅོད་པན་སྦྲུལ་གྱི་གདེངས་ཀས་བརྒྱན། །ཅེས་སོ་སོར་གསུངས་པས། དབུའི་སྟེང་དུ་སྦྲུལ་མགོ་བརྒྱད་ཀྱི་གདེངས་ཀ་རྒྱབ་ཡོལ་གྱི་ཚུལ་དུ་ཡོད་པར་བྱེད་དགོས་སམ་སྙམ་སྟེ་དཔྱད་པར་རིགས་སོ། །གཙོ་བོའི་པང་ན་ཡུམ་ལྷ་མོ་མཛེས་ལྡན་མ་ཡབ་ལས་སྐུ་བོངས་ཅུང་ཟད་ཆུང་བ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པས་ཡུ་བ་བྱས་པའི་གྲི་གུག་འཛིན་པས་ཡབ་ཀྱི་མགུལ་ལ་གཡོན་ཕྱོགས་ནས་འཁྱུད་ཅིང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཡབ་ཀྱི་ཞལ་དུ་སྟོབ་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཛ་ཝ་རི་པས་མཛད་པའི་བསྟོད་པར། ཡུམ་མཆོག་མཛེས་ལྡན་མཐིང་ནག་ཞལ་གཅིག་མ། །ཕྱག་གཡས་གྲི་གུག་དུང་དམར་ཞལ་དུ་སྟོབ། །རུས་པའི་ཕྲེང་བརྒྱན་བསྐལ་པའི་འོད་ཟེར་འཕྲོ། །ཞེས་པ་ལྟར་ན་ཐལ་བ་མ་གཏོགས་པའི་རུས་པའི་རྒྱན་ལྔའང་བྱར་རུང་བར་མངོན། ཞབས་གཡས་པ་ཡབ་ཀྱི་ཞབས་
གཡོན་དང་ལྷན་ཅིག་ཏུ་བརྐྱངས་ཤིང༌། གཡོན་པ་ཡབ་ཀྱི་བརླའི་སྟེང་ནས་འཁྲིལ་ཏེ་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ། ཡབ་ཡུམ་གྱི་སྐུ་གདོས་བཅས་རགས་པ་ལྡེར་སྐུ་དང་རས་བྲིས་ལྟ་བུ་མ་ཡིན་པར་མེ་ལོང་ནང་གི་གཟུགས་བརྙན་བཞིན་སྣང་ལ་རང་བཞིན་ མེད་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་བསྒོམས་ཏེ་དཀྱིལ་འཁོར་གྱི་བདག ་པོ་བཅོམ་ལྡན་འདས་འཁོར་ལོ་ཆེན་པོ་ངའོ་སྙམ་དུ་ང་རྒྱལ་གཟུང་ངོ༌། །དེ་ནས་རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཤིན་ཏུ་ཕྲ་བའི་རླུང་གི་ངོ་བོ་ཡེ་ཤེས་སེམས་དཔའ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ་གདེངས་ཤིང༌། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། གོས་སྔོན་པོའི་སྟོད་གཡོགས་དང་སྟག་གི་པགས་པའི་ཤམ་ཐབས་ཅན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཉི་དཀྱིལ་གྱི་དབུས་སུ་ཤིན་ཏུ་ཕྲ་བའི་གཉུག་སེམས་ཀྱི་ངོ་བོ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་མཐིང་ནག་འོད་ཟེར་ལྔ་འཕྲོ་བ་མར་མེ་ལྟར་གསལ་ཞིང་གྱེན་འགྲེང་དུ་གནས་པར་བསྒོམ་མོ། །དེའང་སེམས་དཔའ་སུམ་བརྩེགས་ཞེས་པའི་སེམས་དཔའ་ནི། སྤྱིར་སེམས་ཅན་དུ་གདགས་པའི་གཞིར་གྱུར་པ་དང༌། ཁྱད་པར་དུ་གཞན་དོན་ལ་རྩེ་གཅིག་ཏུ་སེམས་པའི་སྒོ་ནས་འཇོག་པ་གསུམ་གར་འདྲ་ལ། ཁྱད་པར་ནི་ཡེ་ཤེས་ཀྱི་ལྷ་འཕྲོ་འདུའི་གཞིར་གྱུར་པས་ན་དམ་ཚིག །བདེ་སྟོང་དབྱེར་མེད་ཀྱི་རང་འོད་ཤིན་ཏུ་ཕྲ་བའི་སྐུ་ཡིན་པས་ན་ཡེ་ཤེས། གང་ལ་དམིགས་ནས་འོད་གསལ་གྱི་ཏིང་ངེ་འཛིན་བསྐྱེད་པའི་གཞིར་གྱུར་པས་ན་ཏིང་ངེ་འཛིན་
སེམས་དཔའ་ཞེས་བཏགས་པ་ཡིན། དམ་ཚིག་སེམས་དཔའ་ནི་རགས་པ་གནས་སྐབས་པའི་ལུས་དང༌། ཡེ་ཤེས་སེམས་དཔའ་ནི་ཕྲ་བ་གཉུག་མའི་ལུས་དང༌། ཏིང་ངེ་འཛིན་སེམས་དཔའ་ནི་ཕྲ་བ་གཉུག་མའི་སེམས་དང་ཆོས་མཐུན་ལ། ཡང་ཏིང་ངེ་འཛིན་སེམས་དཔས་མི་སློབ་པའི་ཟུང་འཇུག་གི་ཡ་གྱལ་དོན་དམ་འོད་གསལ་གྱི་སེམས་དང༌། ཡེ་ཤེས་སེམས་དཔས་ཟུང་འཇུག་དེའི་ཡ་གྱལ་སྒྱུ་ལུས་དང༌། དམ་ཚིག་སེམས་དཔས་སྒྱུ་ལུས་ཀྱི་རགས་པའི་སྤྲུལ་སྐུ་བཟུང་བའི་ཟ་མ་ཏོག་ལྟ་བུའི་སྐུ་རགས་པ་དེ་མཚོན་པ་ཡིན་པས། བསྐྱེད་རིམ་གྱིས་སེམས་དཔའ་སུམ་བརྩེག་བསྒོམ་པ་འདི་རྫོགས་རིམ་གྱི་གཞི་འདིང་བའི་སྨིན་བྱེད་ཁྱད་པར་ཅན་ཡིན་པ་ཤེས་དགོས་སོ། །བཞི་པ་རིག་མ་འདུ་བྱ་ཚུལ་ནི། དེའང་གྲུབ་ཆེན་གྱི་དཀྱིལ་ཆོག་ལས། དཀྱིལ་འཁོར་གཙོ་བོ་བསྐྱེད་པ་ནི། །སྦྱོར་བ་དང་པོའི་ཏིང་ངེ་འཛིན། །སྟོང་པ་ཉིད་ནི་བསྒོམ་པ་འོ། །དཀྱིལ་འཁོར་རྒྱལ་མཆོག་ཏིང་ངེ་འཛིན། །ལྷ་བསྐྱེད་གསལ་བར་བསྒོམ་པ་འོ། །ཞེས་སྐུ་གསུམ་ལམ་འཁྱེར་གྱི་སྒོ་ནས་གཙོ་བོ་བསྐྱེད་པ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་གཞན་རྣམས་བསྐྱེད་པ་དཀྱིལ་འཁོར་རྒྱལ་མཆོག་ཏུ་གསུངས་པ་ཙམ་གྲགས་ཆེའང༌། རིག་མ་འདུ་བྱ་བ་ཏིང་ངེ་འཛིན་དེ་གཉིས་གང་དུ་སྡུད་ངེས་པ་མེད་དེ། སྒོམ་བདེའི་འཇིགས་བྱེད་བསྐྱེད་རིམ་ལས། རྗེས་ཆགས་ཀྱི་ང་རྒྱལ་ཡན་ཆད་དང་པོ་སྦྱོར་བར་སྡུད་པའི་ལུགས་གཅིག་དང༌། རིག་མ་འདུ་བྱ་བ་མན་ཆད་དཀྱིལ་འཁོར་རྒྱལ་མཆོག་ཏུ་བསྡུ་བའི་ལུགས་གཉིས་ལས། རང་གི་
ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ལྕགས་ཀྱུས། ཞེས་པ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་ཐོག་མར་བྱས་ཏེ་འཆད་པར་བྱེད་པ་ཡིན། ཞེས་ཕྱི་མ་རང་ལུགས་མཛད་པ་ནི་རྗེ་ཡབ་སྲས་ཀྱི་གསུང་ཕལ་ཆེར་དང་འགྲིག་གོ །འོ་ན་ཟླ་བའི་རྡོར་སེམས་སྒྲུབ་ཐབས་ལས། ད་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕྱིར་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྟན་པའི་སྐབས་ལ་འཇུག་པར་བྱ་སྟེ། ཞེས་པ་ནས། འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་འདི་བསྟན་པའི་དོན་དུ། འདིས་འདོད་པ་ཀུན་ལ་ལོངས་སྤྱོད་པའི་ཏིང་ངེ་འཛིན་འདིས་གནས་པར་བྱའོ། །ཞེས་རིག་མ་འདུ་བྱ་བ་དཀྱིལ་འཁོར་རྒྱལ་མཆོག་ཏུ་གསུངས་ལ། རྒྱལ་བ་དགེ་འདུན་རྒྱ་མཚོས་ཀྱང༌། རང་རིགས་ཕྱག་རྒྱར་གཞོལ་བའི་ཐབས་མཁས་ཀྱིས། །སྤྲུལ་བའི་སྤྲིན་གྱིས་ས་གསུམ་ཁྱབ་བྱས་ནས། །མ་དག་སྣོད་བཅུད་དྲི་མ་ཀུན་སྦྱངས་ཏེ། །དག་པའི་རྟེན་དང་བརྟེན་པར་རྟག་འཆར་བ། །གཞན་དོན་ཕུན་སུམ་ཚོགས་པའི་བདག་ཉིད་ཅན། །དཀྱིལ་འཁོར་རྒྱལ་མཆོག་ཏིང་འཛིན་མཐར་ཕྱིན་ཤོག །ཅེས་གསུངས་པ་ཅི་ཡིན་ཞེ་ན། སྔ་མ་ནི་དེའི་དགོས་པ་དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་སྤྲོ་བའི་དོན་དུ་བསྟན་པ་ཡིན་པས་དེ་ཙམ་གྱིས་དཀྱིལ་འཁོར་རྒྱལ་མཆོག་ཏུ་བསྡུ་མི་དགོས་ཏེ། གཞན་དུ་ན་དང་པོ་སྦྱོར་བས་རང་དོན་སྐུ་གསུམ་སྒྲུབ་པའང་གཞན་དོན་དཀྱིལ་འཁོར་རྒྱལ་མཆོག་སོགས་ཀྱི་ཕྱིར་ཡིན་པས་དེའང་དེར་འདུས་པར་ཐལ་བའི་ཕྱིར་རོ། །ལུང་ཕྱི་མ་ནི་མཚམས་སྦྱོར་ཚུལ་གྱི་ཚིག་གི་འབྲེལ་ལ་དེ་ལྟར་གསུངས་ཀྱང༌། དོན་སོ་སོར་སྡུད་པའི་ཚེ་རྐང་པ་དང་པོ་སྔ་མའི་ཁོངས་སུ་སྡུད་དགོས་པར་སྒོམ་སྡེས་
གསུངས་པ་ལེགས་སོ། །དེར་མ་ཟད་བླ་མེད་ཀྱི་དང་པོ་སྦྱོར་བའི་སྒྲ་དོན་ལ་བརྟེན་ནས་ཀྱང་རྗེས་ཆགས་བསྒོམ་པ་དེའི་ནང་དུ་འདུ་བར་ཤེས་ཏེ། སྔགས་རིམ་ལས། བླ་མེད་ཀྱི་དབང་དུ་བྱས་ན་དང་པོ་སྦྱོར་བ་ནི་དཀྱིལ་འཁོར་པའི་ལྷ་སྤྲུལ་བ་པོ་གཙོ་བོ་ཡབ་ཡུམ་གྱི་ཏིང་ངེ་འཛིན་ཏེ་ལྷག་མ་གཉིས་ཀྱི་ཐོག་མར་བྱུང་བས་དང་པོ་དང་ཐབས་ཤེས་གཉིས་མེད་དུ་སྦྱོར་བས་སྦྱོར་བའོ། །ཞེས་གསུངས་པའི་ཕྱིར་དང༌། གྲུབ་ཆེན་གྱིས། སྦྱོར་བ་དང་པོའི་ཏིང་ངེ་འཛིན། །སྟོང་པ་ཉིད་ནི་བསྒོམ་པ་འོ། །ཞེས་དང་པོ་སྦྱོར་བའི་མཐའ་སྟོང་ཉིད་བསྒོམ་པར་གསུང་བའང་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་བདེ་ཆེན་དྲངས་ནས་སྟོང་ཉིད་བསྒོམ་པའི་བདེ་སྟོང་སྦྱར་བ་ལས་གཞན་དུ་བྱ་ས་མེད་པས་ལུགས་འདི་ལ་ལྷག་པར་ཡང་མཚམས་འབྱེད་ཚུལ་དེ་བཞིན་བྱེད་དགོས་སོ། །དེའང་ཡབ་ཡུམ་གྱི་མཁའ་གསང་སྟོང་པར་སྦྱངས་ཏེ་མི་དམིགས་པའི་ངང་ལས་ཡབ་ཀྱི་གསང་གནས་ཀྱི་གོ་སར་ཧཱུཾ་ཡིག་སྔོན་པོ་ཞིག་བྱུང་བ་དེ་ཡོངས་སུ་གྱུར་པ་ལས་ཕྱི་དབྱིབས་རྟགས་ཀྱི་རྡོ་རྗེའི་རྣམ་པ་ལ་ནང་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དབུས་རྭའི་བུ་ག་ནོར་བུའི་ནང་དུ་ཧར་རེ་ཡོད་པའི་ནང་དུ་ཧཱུཾ་ཡིག་གིས་མཚན་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨཱཿ དམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། ཟེའུ་འབྲུ་ལ་ཨཱཿ ས་མཚན་པར་བསམ་མོ། །འདིར་གང་གིས་མཚན་པར་བྱེད་པའི་ཡི་གེ་གཉིས་ནི་ཐུར་སེལ་རེངས་པ་མཚོན་པའི་ཕྱིར་མགོ་ནང་བསྟན་དང་ཁ་དོག་སེར་པོར་བྱེད་དགོས་སོ། །རྡོ་རྗེ་གཏུམ་
པོ་ཐུགས་གསང་བའི་རྒྱུད་ཕྱི་མ་ལས། ཉིད་ཀྱི་མཁའ་ལ་ཧཱུཾ་ཨོཾ་ལྡན། །རྡོ་རྗེ་དང་ནི་ནོར་བུར་ལྡན། །རྡོ་རྗེ་རྩེ་མོའི་སྦུབ་མར་ཕཊ། །ཅེས་འབྱུང་བ་ལྟར་ན་འཇིགས་བྱེད་ཆོ་གའི་མཁའ་གསང་བྱིན་རླབས་ཇི་ལྟ་བ་བཞིན་བྱས་ཆོག་པར་མངོན། ལུགས་འདིར་མཁའ་གསང་བྱིན་རླབས་རྒྱས་པར་བྱེད་ན། ཛ་ཝ་རི་པའི་དཀྱིལ་ཆོག་ལས། དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །པང་ན་གནས་པའི་ལྷ་མོ་རྣམས། །སྤྱི་བོའི་གཙུག་ཏུ་སྤྱན་དྲངས་ཏེ། །ཚངས་པའི་བུ་གའི་ལམ་དུ་ཞུགས། །གསང་བའི་པདྨའི་གེ་སར་ལ། །མཛེས་པའི་ལྷ་མོ་ལྔ་རུ་བསམ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ནི། །སྤྱི་བོའི་གཙུག་ཏུ་སྤྱན་དྲངས་ནས། །ཚངས་པའི་བུ་གའི་ལམ་ཞུགས་ནས། །རྡོ་རྗེ་བུམ་པའི་འཁོར་ལོ་ལ། །རྒྱལ་བ་སངས་རྒྱས་ལྔ་རུ་གྱུར། །ཅེས་པ་ལྟར་རང་གི་ཐུགས་ཀའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་རྒྱལ་བ་ཐམས་ཅད་སྤྱན་དྲངས་པ་སྤྱི་བོ་ནས་ཞུགས། རྡོ་རྗེ་ནོར་བུའི་ནང་དུ་འཁོར་ལོ་ཆེན་པོ་ཁྲོ་བོ་བཞི་དང་བཅས་པའི་རྒྱལ་བ་ལྔར་གྱུར། རྒྱལ་བའི་ཡུམ་ཐམས་ཅད་སྤྱན་དྲངས་པ་ཡུམ་གྱི་སྤྱི་བོ་ནས་ཞུགས་ཏེ་ཞུ་བ་གསང་བའི་པདྨར་མཛེས་ལྡན་མ་ལ་སོགས་པའི་ཡུམ་ལྔར་གྱུར་པར་བསམ་ལ། མཁའ་གསང་བྱིན་རླབས་སྔར་བཞིན་བྱས་ཏེ་སྙོམས་པར་ཞུགས་པས་ཡབ་ཡུམ་དེ་དག་ཀྱང་ཞལ་སྦྱོར་གྱི་ཚུལ་དུ་སྙོམས་པར་ཞུགས་པའི་མོས་པ་བྱེད་དེ། ཚུལ་འདི་ནི་ལུགས་འདིའི་སྒོས་ཆོས་ཁྱད་པར་བ་ཞིག་ཏུ་སྣང་ངོ༌། །ཡབ་ཀྱི་རྡོ་རྗེ་རྩེ་ལྔ་པ་ནོར་བུའི་དབུས་ཀྱི་རྩ་འདབ་བཞི་དབུ་མ་
དང་བཅས་པ་མཚོན། ཡུམ་གྱི་པདྨའི་འདབ་མ་བརྒྱད་ཀྱིས་དེའི་གསང་གནས་ཀྱི་རྩ་འདབ་བརྒྱད་དང༌། བུ་ག་བཀག་པས་ནི་ཐུར་སེལ་གྱི་རླུང་བཅིངས་པས་ཁམས་ཕྱི་རོལ་ཏུ་མི་འཕོ་བར་གནས་པ་མཚོན། དེ་ལྟར་མཁའ་གསང་བྱིན་གྱིས་བརླབས་རྗེས་འཁྱུད་པ་ལ་སོགས་པའི་བྱེད་པ་དུ་མ་དང་བཅས་རང་ཡབ་ཡུམ་ལྷར་གསལ་བར་དམིགས་པ་ལུས་ལྷའི་འདུ་ཤེས། མཁའ་གསང་བྱིན་གྱིས་བརླབས་ཤིང་ཡི་གེ་འགོད་པ་སྔགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་ཟག་མེད་ཀྱི་བདེ་བ་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ་འདུ་ཤེས་གསུམ་དང་ལྡན་པས་ཕན་ཚུན་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་བདེ་བ་ཆེན་པོ་མོས་པ་ཚུན་ཆད་ཀྱིས་བསྐྱེད་ཅིང་བློ་བདེ་བའི་ངོ་བོར་སོང་བ་དེས་རང་ལྷ་སྐུར་གསལ་བ་ལ་སོགས་པ་ཆོས་ཐམས་ཅད་རང་བཞིན་མེད་པར་ངེས་པར་བྱ་བའི་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་ནི་རིམ་པ་དང་པོའི་སྐབས་འདིའི་བསྒྲུབ་བྱའི་གཙོ་བོ་ཡིན་ཞིང༌། རྟེན་བརྟེན་པ་བསྐྱེད་པ་དང༌། སྐབས་འདིར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་བདེ་སྟོང་དེ་ཉིད་ཀྱི་རྣམ་རོལ་ཏུ་འཆར་བའི་ཐབས་མཁས་རྨད་དུ་བྱུང་བ་དང༌། སླར་རྫོགས་རིམ་དང་འབྲས་བུའི་སྐབས་ཀྱི་ལྷན་སྐྱེས་ཀྱི་བདེ་སྟོང་ཁྱད་པར་ཅན་སྐྱེ་བ་སོགས་ཀྱི་སྨིན་བྱེད་ཁྱད་པར་ཅན་དུ་འགྱུར་བ་ཡིན་ནོ། །གཉིས་པ་གཞན་དོན་ཕུན་ཚོགས་སྐུའི་འཕྲིན་ལས་སྒྲུབ་བྱེད་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་བཤད་པ་ལ། སྙོམས་པར་ཞུགས་པའི་ཐིག་ལེ་སྤྲོས་ཏེ་འཁོར་གྱི་ལྷ་རྣམས་བསྐྱེད་པ། ཡེ་ཤེས་པ་གཞུག་ཅིང་གནས་
གསུམ་བྱིན་གྱིས་རློབ་པ། དབང་བསྐུར་ཅིང་རིགས་བདག་གིས་རྒྱས་གདབ་པའི་ཚུལ་གསུམ། དང་པོ་ནི། རང་གི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བྱང་སེམས་སྤྱན་དྲངས། རང་གི་ཞལ་ནས་ཞུགས། བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་ཐིག་ལེའི་རྣམ་པར་གྱུར། སྐུའི་དབྱིབས་བརྒྱུད་དེ་ནོར་བུའི་བར་དུ་སོན་པས་རིམ་གྱིས་དགའ་བཞི་དྲངས་ཤིང་ལྷན་སྐྱེས་ཀྱི་དུས་སུ་བདེ་སྟོང་སྦྱར་ཏེ་བསྒོམ། རྡོ་རྗེའི་ལམ་ནས་ཐིག་ལེ་ཡུམ་གྱི་པདྨར་ཡིད་ཀྱིས་དབྱུང་བ་ལས་ཐིག་ལེ་ཁ་སྦྱོར་བརྒྱད་དུ་གྱུར་པ་རྣམས་ཡུམ་གྱི་པདྨ་ནས་འཐོན་ཏེ་རྩིབས་བཞི་དང་སྒོ་བཞིའི་གདན་གྱི་སྟེང་དུ་འཕྲོས། ཐིག་ལེ་ཁ་སྦྱོར་རེ་རེའང་ཆ་གཉིས་གཉིས་སུ་སོང༌། རྩིབས་ཀྱི་ཐིག་ལེ་བཞིའི་ཆ་རེ་རེ་ཧཱུཾ་དང་དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་བཞིར་གྱུར། ཆ་གཞན་བཞི་ཧཱུཾ་ལས་བྱུང་བའི་ཐོད་པ་བཞིར་གྱུར། ཤར་སྒོའི་ཐིག་ལེ་ཆ་ཤས་གཉིས་ཛཿ ཛཿ ལས་ལྕགས་ཀྱུ་གཉིས་དང༌། ལྷོ་སྒོའི་ཆ་གཉིས་ཧཱུཾ་ཧཱུཾ་ལས་ཞགས་པ་གཉིས། ནུབ་སྒོར་བཾ་བཾ་ལས་ལྕགས་སྒྲོག་གཉིས། བྱང་སྒོར་ཧོཿ ཧོཿ ལས་དྲིལ་བུ་གཉིས་རྣམས་སུ་གྱུར། དེ་དག་ཡོངས་སུ་གྱུར་པ་ལས་རྩིབས་བཞི་ལ་ཁྲོ་བོ་བདུད་ལས་རྒྱལ་བྱེད་དཀར་པོ། རྡོ་རྗེ་གཟི་བརྗིད་སེར་པོ། རྔམ་པ་སྒྲ་སྒྲོག་དམར་པོ། བདུད་རྩི་འཁྱིལ་པ་ལྗང་གུ་རྣམས་རིམ་པ་བཞིན་ལྷ་མོ་འོད་ཟེར་ཅན་མ། མདངས་ཅན་མ། སྒྲ་གཅན་མ། རླུང་འབྱིན་མ་བཞི་དང་ཡབ་ཡུམ་ཞལ་སྦྱོར་དུ་བཞུགས་པ། སྒོ་བཞིར་ཡང་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་བཞི་དང༌། ལྕགས་
ཀྱུ་མ་ལ་སོགས་པའི་ཁྲོ་མོ་བཞི་ཞལ་སྦྱོར་དུ་བཞུགས་པའི་སྐུར་བཞེངས་པར་བསམ་མོ། །འདུལ་འཛིན་རིན་པོ་ཆེའི་གསུང་དུ་རྩིབས་ཀྱི་ཁྲོ་བོ་རྣམས་སྔར་སྤྲོས་ཏེ་སྒོ་བ་རྣམས་ཀྱིས་སྤྲོས་པ་ལྟ་བུར་ཡོད་པ་ནི་བརྗོད་བདེ་བའི་ཕྱིར་ཡིན་གྱི། མངལ་འབྱིན་བྱེད་ལུགས་ལ་ལྷ་རེ་རེ་ནས་སྤྲོ་བ་དང་ལྷ་ཚོགས་ཚང་བར་མཉམ་དུ་སྤྲོ་བ་གཉིས་ལས་མེད་པས་འདིར་འཁོར་གྱི་ལྷ་བཅུ་དྲུག་པོ་མཉམ་དུ་སྤྲོ་དགོས་སོ། །གྲུབ་ཆེན་དང་འདུལ་འཛིན་གྱི་གཞུང་དུ་ཐིག་ལེ་ལས་ཕྱག་མཚན་དང་དེ་ལས་ལྷ་བསྐྱེད་པ་མ་གཏོགས། བར་ནས་ས་བོན་དུ་སྤྲོས་ཚུལ་དངོས་སུ་མ་གསུངས་ཀྱང༌། ཆོ་ག་གསུམ་བསྐྱེད་ལ་སྦྱང་གཞི་ལུས་ངག་ཡིད་གསུམ་སྦྱོང་བའི་གནད་ཆེ་བ་དང༌། ཕ་རྒྱུད་འདུས་པ་གསུམ་དང་གཤིན་རྗེ་གཤེད་དམར་ནག་གཉིས་ལ་སོགས་པའི་ལྷ་མངལ་བསྐྱེད་བྱེད་པ་ཐམས་ཅད་ལ་ཆོ་ག་གསུམ་བསྐྱེད་བྱེད་པར་གསུང་བས། འདིར་ཡང་དེ་རྣམས་དང་མཐུན་པར་བྱས་ན་ལེགས་པར་ཤེར་འབྱུང་བ་དང་ཡེ་ཤེས་རྩེ་མོས་གསུངས་པ་བཞིན་ཡིན་ནོ། །འཁོར་རྣམས་ཀྱི་ས་བོན་གྲུབ་ཆེན་གྱི་གཞུང་དུ་མི་གསལ་ཡང་འདུལ་འཛིན་རིན་པོ་ཆེས་འདི་ལྟར་གསུངས་པ་ནི། རྩིབས་ཀྱི་ཁྲོ་བོ་ཡབ་ཡུམ་གྱི་ཕྱག་མཚན་འགོད་ལུགས་གཙོ་བོར་མཚུངས་ཤིང༌། གཞན་བཞི་ལའང་གཙོ་བོའི་མིང་བཏགས་པ་ས་བོན་མཚུངས་པའི་ཆ་ནས་ཡིན་པར་དགོངས་ཏེ་གཙོ་བོ་ཡབ་ཡུམ་གྱི་རིགས་འགྲེ་སྦྱར་བ་ཡིན། སྒོ་བའི་ས་བོན་ཛཿ ཧཱུཾ་བཾ་ཧོཿ བྱེད་པ་རྒྱུད་འགྲེལ་དུ་དེ་བཞིའི་སྔགས་ཚིནྡྷ་ཚིནྡྷ་སོགས་ཀྱི་མཇུག་ཏུ་ཛཿ སོགས་བཞི་
བཏགས་པ་ས་བོན་ཡིན་པའི་དབང་དུ་བྱེད་པ་ཡིན་ལ། སྒྲུབ་ཐབས་བསྡུས་པར། སྙིང་པོ་བཞིས་ཐ་མི་དད་པར་བྱ། ཞེས་གསུངས་པའང་དེ་བཞི་སྒོ་བའི་ས་བོན་ཡིན་པའི་དོན་དུ་གསལ་བས་ས་བོན་འགོད་ཚུལ་འདི་ཤིན་ཏུ་ལེགས་པར་མངོན། ཕྱག་མཚན་འགོད་ཚུལ་དམར་པ་རྣམས་རྩིབས་བཞི་ལ་གྲི་གུག་དང་ཐོད་པ་བྱེད་པ་དཀྱིལ་ཆོག་དང་མཐུན་པས་གདམ་ང་ཅན་ཞིག་ཡིན་ནམ་བརྟག་དགོས་སོ། །གྲུབ་ཆེན་གྱི་རྒྱུད་འགྲེལ་ལས་འོད་ཟེར་ཅན་མ་སོགས་ཀྱིས་གཡོན་ཕྱོགས་ནས་འཁྲིལ་བར་གསུངས་པའི་དོན། ཕྱག་གཡས་པས་ཡབ་ཀྱི་མགུལ་བའི་གཡོན་ཕྱོགས་ནས་འཁྱུད་པའི་དོན་དུ་གོ་དགོས་ཀྱི་རྣལ་འབྱོར་རྒྱུད་བཞིན་དུ་ཞལ་སྦྱོར་མིན་པའི་དོན་དུ་འཁྲུལ་བར་མི་བྱ་སྟེ། སྒྲུབ་ཐབས་དང་འགྲེལ་པ་རྣམས་སུ་ཞལ་སྦྱོར་དུ་གསལ་བའི་ཕྱིར་རོ། །སྒྲུབ་ཐབས་ཆེ་བར་ཐིག་ལེ་སྤྲོ་བའི་སྐབས་སུ་རྩིབས་བཞི་ལ་ཐིག་ལེ་ཁ་སྦྱོར་སྤྲོས། ཞེས་འབྱུང་ཡང༌། སྒོ་བཞིའི་སྐབས་སུ། ཐིག་ལེ་འཕྲོས་ཞེས་པ་ཙམ་ལས་ཁ་སྦྱོར་གྱི་གསལ་ཁ་མེད་པས། སྒོའི་ཁྲོ་བོ་ཡབ་ཡུམ་གྲལ་བསྒྲིགས་སུ་བྱེད་དགོས་པར་བུ་སྟོན་གྱིས་གསུངས་སོ། །འོན་ཀྱང་འདིའི་བཤད་རྒྱུད་ལས། འགུག་པ་ལྕགས་ཀྱུ་ལྕགས་ཀྱུ་ཆེ། །སྡུད་པ་ཞགས་པ་ཞགས་པའི་བདག །སྡོམ་པ་ལྕགས་སྒྲོག་ལྕགས་སྒྲོག་སྟེ། །ཞི་བ་དྲིལ་བུ་དྲིལ་བུ་ཞི། །ཁ་སྦྱོར་ཞེས་འབྱུང་ལ། ཁ་སྦྱོར་གྱི་དོན་བསྐྱེད་རིམ་ལ་སྦྱར་བའི་ཚེ་ལྷ་ཡབ་ཡུམ་ཞལ་སྦྱོར་ལས་གཞན་དུ་འགྲོ་ས་མེད་པ་དང༌། སྒྲུབ་ཐབས་ཆེ་བར་སྒོ་བ་རྣམས་གསུང་བའི་མཐར། ཐབས་ཤེས་རབ་ཀྱི་ཚུལ་གྱིས་བཞུགས་པ། ཞེས་པ་
དང་ཡབ་ཡུམ་སྙོམ་པར་བཞུགས་པ་ལས་མ་འདས་པས། སྒོའི་ཁྲོ་བོ་ཁྲོ་མོ་རྣམས་ཀྱང་ཞལ་སྦྱོར་དུ་བྱེད་དགོས་སོ། །ཕྱག་མཚན་གཞུང་དུ་གསལ་བ་ལྟར་ཡིན་ལ། བདུད་ལས་རྒྱལ་བྱེད་ཀྱི་གཡོན་དང་པོའི་ཕྱག་མཚན་རྒྱུད་འགྲེལ་ལས་ཁ་ཊྭཱཾ་ག་ཞེས་གསུངས་ཀྱང༌། སྒྲུབ་ཐབས་དང་བསྟོད་པར་རྩེ་གསུམ་དུ་བཤད་པ་བཤད་རྒྱུད་དང་མཐུན་པས། ཁ་ཊྭཱཾ་ག་ཞེས་པའང་མཚོན་ཆའི་ཁ་ཊྭཱཾ་རྩེ་གསུམ་ཞེས་གྲགས་པ་ལ་བྱེད་ཀྱི་མ་རྒྱུད་ནས་བཤད་པའི་ཁ་ཊྭཱཾ་དངོས་མིན་ནོ། །སྒྲ་གཅན་མའི་ཕྱག་མཚན་ལ་བཤད་རྒྱུད་དུ་སྟེའུ་ཞེས་འབྱུང་བ་ནི་སྟ་རེ་དང་འགྱུར་ཁྱད་ཙམ་མོ། །གྲུབ་ཆེན་གྱིས་མཛད་པའི་བསྟོད་པར་འཁོར་གྱི་ཁྲོ་བོ་རྣམས་ཀྱི་སྟོད་གཡོགས་གོས་སྔོན་པོ་སྟག་རིས་ཅན་དུ་གསལ་བར་གསུངས། རྒྱུད་དང་གྲུབ་ཆེན་གྱི་གཞུང་དུ་འཁོར་གྱི་ཁྲོ་བོ་རྣམས་ལ་སྟག་ཤམ་གསལ་བར་གསུང་བ་མེད་ཀྱང་གཙོ་བོ་ལ་སྟག་ཤམ་རྒྱུད་འགྲེལ་དང་བསྟོད་པ་གཉི་གར་འབྱུང་བའི་རིགས་འགྲོས་སྦྱར་ཏེ་ཕྱིས་ཀྱི་དམ་པ་རྣམས་གསུང་བ་ལེགས་སོ། །གཉིས་པ་ཡེ་ཤེས་པ་གཞུག་ཅིང་གནས་གསུམ་བྱིན་གྱིས་བརླབ་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས། དེ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་རང་བཞིན་ཆོས་སྐུའི་ངང་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སངས་རྒྱས་འཁོར་ལོ་ཆེན་པོ་ལྷ་བཅོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་བཞེངས་པ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ། དེའང་འཁོར་ལོ་ཆེན་པོའི་རྟེན་དང་བརྟེན་པ་བགྲང་
གིས་མི་ལང་བས་ནམ་མཁའ་གང་བའམ། ཡང་ན་རྟེན་དང་བརྟེན་པ་ཆ་ཚང་གཅིག་གི་རྣམ་པར་སྤྱན་འདྲེན་པ་གང་བདེ་བྱ། འདིར་རྟེན་གྱི་དཀྱིལ་འཁོར་སྤྱན་འདྲེན་པ་ཆོ་གའི་དཀྱུས་ན་མེད་སྙམ་དུ་མི་གཟུང་སྟེ། འཁོར་ལོ་ཞེས་པ་ཚོགས་ལ་འཇུག་པས་ལྷའི་ཚོགས་ལ་བཤད་ཆོག་ཅིང༌། ཡང༌། འཁོར་ལོ་མགོན་པོ་ལྷ་དག་གི །ཞེས་པ་ལྟ་བུ་རྟེན་གཞལ་ཡས་ཁང་ལ་འཇུག་པའི་སྐབས་ཀྱང་ཡོད་པས། འདིར་དབྱེ་བ་མ་བྱས་པར་རྟེན་བརྟེན་པ་གཉིས་ཀ་ཡང་འཁོར་ལོའི་སྒྲ་སྦྱར་བ་ཡིན་ནོ། །དེ་ནས་རང་གི་ཐུགས་ཀའི་ཧཱུཾ་ལས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྲོས། ཡེ་ཤེས་པ་དེ་ཉིད་ཀྱི་ཕྱིར་འབྲང་གི་བགེགས་རྣམས་བསྐྲད་པར་མོས་ལ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་ཞེས་སོགས་ཡི་གེ་ཉེར་གཅིག་པ་བརྗོད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་ཀྱིས་ཕྱག་དང༌། ཤཔྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པའི་བར་གྱིས་མཆོད་པ་རྣམས་ཚོགས་ཞིང་གི་སྐབས་ལྟར་བྱ། དེ་ནས་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང༌། བཛྲ་ཨཾ་ཀུ་ཤ་ཛཿ ཞེས་བརྗོད་པ་ན་ཤར་སྒོ་བས་ལྕགས་ཀྱུ་ཕྱར་ཙམ་བྱས་པས་ཡེ་ཤེས་པའི་རྟེན་དང་བརྟེན་པ་རྣམས་དམ་ཚིག་པའི་རྟེན་དང་བརྟེན་པ་སོ་སོའི་སྟེང་དུ་ཞལ་ལྟ་ཕྱོགས་མཐུན་པར་བརྩེགས་པར་བསམ། རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང༌། བཛྲ་པཱ་ཤ་ཧཱུཾ། ཞེས་བརྗོད་པའི་ཚེ་ལྷོ་སྒོ་བས་ཞགས་པ་འཕེན་སྟབས་ཙམ་གྱི་བརྡ་བྱས་པས་ཡེ་ཤེས་པའི་རྟེན་བརྟེན་པ་དམ་ཚིག་པའི་རྟེན་བརྟེན་པ་སོ་སོར་ཞུགས་ཤིང་མ་འདྲེས་པ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན་དུ་བསམ། རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་དང༌། བཛྲ་སྥོ་ཊ་བཾ། ཞེས་བརྗོད་པའི་ཚེ་
ནུབ་སྒོ་པས་ལྕགས་སྒྲོག་གཟས་པ་ཙམ་གྱི་བརྡ་བྱས་པས་ཡེ་ཤེས་པ་དང་དམ་ཚིག་པ་ཐམས་ཅད་ཆུ་ལ་ཆུ་བཞག་པ་བཞིན་དུ་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང༌། བཛྲ་གཎྜེ་ཧོཿ ཞེས་བརྗོད་པ་དང་མཉམ་དུ་བྱང་སྒོ་བས་དྲིལ་བུ་དཀྲོལ་ཙམ་བྱས་པས་ཡེ་ཤེས་པ་དེ་རྣམས་མི་དགྱེས་པ་མེད་པར་དགྱེས་བཞིན་དུ་བཞུགས་ཤིང་སྒྲུབ་པ་པོས་དབང་དུ་བྱས་པར་བསམ། དེའང་ཡེ་ཤེས་པ་དང་དམ་ཚིག་པ་གཉིས་ཀྱི་སྤྱན་དང་ཤངས་དང་ཕྱག་གཉིས་ཀྱི་སེན་མོ་སོགས་ཀྱི་རྡུལ་ཕྲ་རབ་ཚུན་ཆད་ཀྱང་དབྱེར་མེད་རོ་གཅིག་ཏུ་འདྲེས་པ་དང༌། ཕྱིའི་རྡོ་ར་མེ་རི་དུར་ཁྲོད་ཀྱི་བར་དུའང་ཡེ་ཤེས་པ་བསྟིམས་ནས་འདྲེས་པའི་མོས་པ་བྱ། དེ་ལྟར་བྱས་པའི་དགོས་པ་ནི་ཇོ་བོ་ཆེན་པོས་ བདག་དང་ཡེ་ཤེས་པ་ཐ་དད་དུ་རྟོག་པ་འགོག་པ་དང༌། དབྱེར་མེད ་ཀྱི་ང་རྒྱལ་བརྟན་པ་དང༌། བྱིན་གྱིས་བརླབས་པའི་དོན་དུ་ཡིན་པར་གསུངས་སོ། །དེ་རྗེས་གནས་གསུམ་བྱིན་གྱིས་རློབ་པར་སྒྲུབ་ཐབས་གསུམ་ག་དང་དཀྱིལ་ཆོག་ལས་ཀྱང་གསུངས་ལ། རློབ་ཚུལ་དམར་གྱི་རྩ་རྒྱུད་འགྲེལ་བཤད་དུ། ཕྱོགས་བཅུའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་སྤྱན་དྲངས་ཡི་གེ་གསུམ་དུ་གྱུར་པ་གནས་གསུམ་དུ་འགོད་པར་བཤད་དོ། །དེའི་རྒྱུ་མཚན་སྒྲུབ་ཐབས་ཆེ་བར། སངས་རྒྱས་གངྒཱའི་ཀླུང་གི་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར་ཨོཾ་དང་ཨཱཿ དང་ཧཱུཾ་སྟེ་དཀར་པོ་དང་དམར་པོ་དང་མཐིང་གའི་རིམ་པས་སྤྱི་བོ་དང་མགྲིན་པ་དང་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པར་བསྒོམ་མོ། །ཞེས་གསུངས་པ་ལ་བརྟེན་པར་
སྣང་ཡང༌། ཡི་གེ་སོགས་ཀྱི་རྣམ་པར་གཞན་ནས་སྤྱན་འདྲེན་མི་དགོས་པར་གནས་དེ་ཉིད་དུ་བསྒོམས་ཏེ་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བསྒོམ་ཚུལ་འདུལ་འཛིན་གྱིས་གསུངས་པ་བཞིན་བྱས་པས་ཆོག་གོ །ཡི་གེ་གསུམ་གྱི་གདན་ལ་སྒྲུབ་ཐབས་སུ་ཉི་དཀྱིལ་ལས་མ་བཤད་ཀྱང༌། སྤྱི་བོའི་ཨོཾ་དཀར་པོར་བཤད་པའི་ཤུགས་ཀྱིས་སྤྱི་འགྲོས་བཞིན་ཟླ་གདན་བྱེད་དགོས་པར་འགྲུབ་བོ། །དེ་ལྟར་གནས་གསུམ་བྱིན་གྱིས་བརླབས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་བཟུང་སྟེ་བསྒོམ་པ་ལ་བརྟེན་ནས་གནས་དེ་རྣམས་ཀྱི་རྩ་རླུང་ཐིག་ལེ་ལས་རུང་དུ་བྱེད་པ་དང༌། རྫོགས་རིམ་དང་འབྲས་བུའི་སྐབས་སུ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དངོས་གནས་ལས་འགྲུབ་པའི་རྒྱུད་སྨིན་བྱེད་ཁྱད་པར་ཅན་ཡིན་ནོ། །གསུམ་པ་དབང་བསྐུར་རྒྱས་གདབ་ནི། མངོན་རྟོགས་བསྒོམ་པའི་སྐབས་འདིར་ཡང་དབང་བཞི་བསྐུར་ཚུལ་ཇོ་བོའི་བདེ་མཆོག་དང་གྲུབ་ཆེན་མཚོ་སྐྱེས་ཀྱི་ཀྱེ་རྡོར་སྒྲུབ་ཐབས་སུ་བཤད་པ་ནི་སྡོམ་པ་གསར་ཐོབ་དང་ཉམས་པ་སོར་ཆུད་པ་མི་འོང་ཡང་ཐོབ་ཟིན་བརྟན་པ་སོགས་ཀྱི་དགོས་པ་ཆེ་བས་རྗེ་བདག་ཉིད་ཆེན་པོས་ཀྱང་བསྔགས་པ་མཛད་དོ། །འོན་ཀྱང་ད་ལྟ་ཕྱག་བཞེས་ལ་ཆུ་དབང་ཙམ་བྱེད་པ་ཤས་ཆེ་བས། དེའི་དོན་དུ་སླར་ཡང་རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་དང་སྤྱན་མ་ལ་སོགས་པ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ་སྔར་ལྟར་མཆོད། དེ་བཞིན་གཤེགས་པ་རྣམས་ཀྱིས་བདག་ལ་མངོན་པར་
དབང་བསྐུར་དུ་གསོལ་ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་ཀྱི་གླུ་དབྱངས་ལེན་པ་སྔོན་དུ་བཏང་སྟེ་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་བུམ་པ་དཀར་པོ་ཡེ་ཤེས་ལྔའི་རང་བཞིན་གྱི་བདུད་རྩི་ལྔའི་ཆུས་གང་བ་ཐོགས་ཏེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ཞེས་སོགས་ཀྱི་ཚིགས་བཅད་སྔགས་དང་བཅས་པ་བརྗོད་བཞིན་པར་ཆུ་རུབ་ཀྱི་ཚུལ་དུ་གཙོ་འཁོར་ཐམས་ཅད་སྤྱི་བོ་ནས་དབང་བསྐུར་བས་སྐུ་ལུས་ཀྱི་ནང་ཐམས་ཅད་བདེ་བའི་རང་བཞིན་གྱི་བདུད་རྩིས་གང༌། སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་ཕུ་ཆུ་དྲག་པོས་རྩྭ་སྦུར་དེད་པ་བཞིན་དུ་སངས་ཏེ་དག་བདེ་བ་ཆེན་པོ་མྱོང༌། ལུས་བདུད་རྩིའི་ཆུས་གང་བའི་ལྷག་མ་སྤྱི་བོར་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ཀྱི་དབུ་ལ་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་མཱ་མ་ཀཱི་ལ་འཁྱུད་པ་རེ་རེས་རྒྱས་བཏབ་ཅིང་དབང་ལྷ་རྣམས་རང་ལ་ཐིམ་པར་བསམ་མོ། །དེ་ལྟར་རྒྱས་བཏབ་པ་ལ་བརྟེན་ནས་ཀྱང་བདེ་བ་ཆེན་པོ་སྐྱེས་ཤིང་དེས་སྟོང་ཉིད་ལ་མཉམ་པར་བཞག་སྟེ་བདེ་སྟོང་སྦྱོར་བ་གལ་ཆེ་ལ། བདེ་བ་སྐྱེས་པའི་དམིགས་པ་འཆར་བདེ་བ་བྱེད་ན་རིགས་བདག་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདེ་བ་ཆེན་པོའི་རང་བཞིན་བྱང་སེམས་དཀར་དམར་གྱི་རྒྱུན་དཔག་ཏུ་མེད་པ་བབས། རང་གི་ལུས་ཐམས་ཅད་ལ་ཞུགས་པས་དགའ་བདེས་ཚིམ་པའི་མོས་པ་བྱས་ཀྱང་ཆོག་གོ །རྒྱས་གདབ་པའི་དགོས་པ་ནི།
ཕ་ལ་སོགས་པས་རང་རིགས་ཀྱི་བུ་ངོ་ཤེས་པ་བཞིན་དུ་རྒྱས་བཏབ་བྱ་དང་འདེབ་བྱེད་གཉིས་རིགས་དང་རིགས་ཅན་དུ་ངོ་ཤེས་པའི་ཆེད་ཡིན་ལ། འདིར་ཕྱག་རྡོར་མི་བསྐྱོད་པའི་རིགས་ཡིན་པས་དེས་རྒྱས་བཏབ་པ་ཡིན་ནོ། །ཁ་ཅིག་འདི་ལ་དང་པོ་ནས་རིགས་བདག་རང་ཆས་སུ་ཡོད་པ་དང་གྲུབ་ཆེན་གྱི་སྒྲུབ་ཐབས་རྣམས་དབང་བསྐུར་ཙམ་ལས་རྒྱས་གདབ་མི་གསལ་བས་མི་དགོས་ཟེར་བ་མི་འཐད་དེ། རང་ཆས་སུ་ཡོད་པའི་དེ་དང་འདི་གཉིས་ངོ་བོ་མི་བསྐྱོད་པར་གཅིག་ཀྱང་འདི་དབང་གི་སྐབས་ལྟར་ཡོངས་གྲགས་ཀྱི་རིགས་ལྔའི་ནང་ཚན་ཞི་བ་ཡུམ་བཅས་སྐྱིལ་ཀྲུང་གིས་བཞུགས་པའི་རྣམ་པ་ཅན་ཡིན། གཅིག་ཤོས་ཡབ་རྐྱང་ཁྲོ་ཉམས་དང་བཞེངས་སྟབས་ཡིན་པས་རྣམ་པ་མི་འདྲ་བ་ལྟར་དགོས་པའང་སྤྱི་དང་བྱེ་བྲག་གི་ཁྱད་པར་མི་འདྲ་ལ། སྒྲུབ་ཐབས་སུ་རྒྱས་གདབ་མི་གསལ་ཡང༌། གྲུབ་ཆེན་གྱི་དཀྱིལ་ཆོག་ཏུ། མི་བསྐྱོད་དབུ་ལ་བརྒྱན་པར་བསམ། །ཞེས་གསལ་བར་གསུངས་པས་རྒྱས་གདབ་ངེས་པར་དགོས་སོ། །གསུམ་པ་ཐུགས་དང་གསུང་གི་འཕྲིན་ལས་སྒྲུབ་བྱེད་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་བསྒོམ་ཚུལ་ལ་གསུམ། མཆོད་བསྟོད་བྱ་བའི་ཚུལ། བསྐྱེད་རིམ་ཕྲ་རགས་ཀྱི་དམིགས་པ་ཡིད་ལ་བྱ་བའི་ཚུལ། བཟླས་པ་བྱ་ཞིང་དག་པ་དྲན་ཚུལ་ལོ། །རྒྱལ་མཆོག་ཕྱི་མ་འདི་ལ་ཐུགས་དང་གསུང་གི་འཕྲིན་ལས་སྒྲུབ་བྱེད་ཅེས་པའི་ས་བཅད་ལེན་ཚུལ་འདི་ནི་པཎ་ཆེན་ཡེ་ཤེས་རྩེ་མོའི་གསུང་བཞིན་བྱས་པ་ཡིན་ཞིང༌། དེའི་ཁྱད་པར་ནི་རྒྱལ་མཆོག་སྔ་མས་ལྷ་ཚོགས་སྤྲོས་པའི་ཆ་ནས་སྐུའི་འཕྲིན་ལས་དང༌། འདིར་ཕྲ་རགས་ཀྱི་དམིགས་པ་ཡིད་ལ་བྱེད་ཅིང་རྟེན་བརྟེན་པ་ཐམས་ཅད་ཡེ་ཤེས་ཀྱི་རང་མདངས་སུ་བལྟས་
ཏེ་དག་པ་དྲན་པ་ཐུགས་ཀྱི་འཕྲིན་ལས་དང༌། བཟླས་པའི་སྐབས་ཀྱི་སྔགས་ཕྲེང་སྤྲོ་བསྡུ་སོགས་གསུང་གི་འཕྲིན་ལས་སུ་བྱས་པར་སྣང་ངོ༌། །རྒྱལ་མཆོག་འདི་གཉིས་གཞི་དུས་དང་སྦྱང་གཞི་སྦྱོང་བྱེད་དུ་སྦྱོར་རྒྱུ་མེད་ཀྱང༌། འབྲས་དུས་སུ་གཞན་དོན་གང་ལ་གང་འཚམ་གྱི་མཛད་པ་སྟོན་ཚུལ་དང་ཆོས་མཐུན་པ་དགོས་པས་ཕྲ་ཐིག་གིས་སྐུ་དང་ཕྱག་མཚན་མཐའ་ཡས་པ་སྤྲོ་བསྡུ་དང་བཟླས་པའི་སྤྲོ་བསྡུའི་དམིགས་རྣམ་ཡང་ཏིང་འཛིན་གསུམ་གྱི་ཁོངས་སུ་བསྡུས་པ་ལེགས་ཏེ། ཤཱནྟི་པ་སོགས་ཀྱིས་དང་པོ་སྦྱོར་བ་ནི་རང་གི་དོན་ཐོག་མར་གྲུབ་པ་ལྷའི་ཚོགས་སྤྲུལ་བྱེད་ཡིན་པས་ངོ་བོ་ཉིད་སྐུའམ་ཆོས་སྐུར་བྱས་ལ་དེའི་དབང་གིས་བྱུང་བའི་གཞན་དོན་སྒྲུབ་བྱེད་ཀྱི་གཟུགས་སྐུ་ཐོག་མར་བྱུང་བ་རྣམས་ཡིན་པས་དཀྱིལ་འཁོར་རྒྱལ་མཆོག་ལོངས་སྐུ་དང་དེས་རང་གནས་ན་གནས་བཞིན་དུ་རང་རང་ལས་སྤྲོས་པའི་ལྷའི་ཚོགས་ཀྱིས་ཕྱོགས་བཅུར་སེམས་ཅན་གྱི་དོན་མཛད་པས་ལས་རྒྱལ་མཆོག་སྤྲུལ་སྐུར་བཞག་པའང་འདི་ལ་དགོངས་པ་ཡིན་ནོ། །དེས་ན་བཟླས་པ་ཡན་ཆད་ཐུན་གྱི་དངོས་གཞིར་བྱ་དགོས་ཏེ། དེ་ཏིང་འཛིན་གསུམ་གྱིས་བསྡུས་ཚུལ་དེ་ལྟར་ཡིན་ཞིང་ཏིང་འཛིན་གསུམ་ག་ཐུན་དངོས་གཞིའི་ཉམས་ལེན་དུ་བྱེད་པ་སྤྱི་ལུགས་ཡིན་པའི་ཕྱིར་རོ། །འོ་ན་སྒྲུབ་ཐབས་འཁོར་ལོ་ཆེན་པོར། གཙོ་བོ་ནས་བྱང་སྒོ་ལ་ཐུག་པར་བསྒོམ་མོ། །སྐྱོ་ན་ཐུན་མཚམས་བཞིར་རྣལ་འབྱོར་པས་བསྙེན་པ་དབུལ་བར་བྱའོ། །ཞེས་དང༌། སློབ་དཔོན་མར་མེ་མཛད་ཀྱིས། ཐུན་མཚམས་སུ་ནི་རབ་བསྒྲིམ་བཟླས། །ཞེས་སོགས་ཀྱིས་བཟླས་པ་ཐུན་མཚམས་ཀྱི་ཉམས་
ལེན་དུ་བསྟན་པ་མ་ཡིན་ནམ་ཞེ་ན། ཤིན་ཏུ་མ་ཡིན་ཏེ་ཐུན་དངོས་གཞིར་བཟླས་པ་མ་གཏོགས་བསྙེན་གྲངས་སུ་མི་གཞུག་པར་བཤད་པ་དང་འགལ་ཞིང༌། བསྙེན་པའི་སྒྲ་དོན་ལྷ་ཉེ་བར་བྱེད་པ་ཡིན་པས་དེ་ཐུན་གྱི་དངོས་གཞིར་མི་འོང་བ་རིགས་པས་ཀྱང་མི་འཐོབ་པའི་ཕྱིར། སྔ་མའི་ལུང་གིས་མི་གནོད་དེ། དེར་ཐུན་མཚམས་ཞེས་པ་ཐུན་སྔ་ཕྱིའི་བར་མཚམས་ལ་ཟེར་བ་མིན་གྱི། ཐུན་ཚན་པ་སོ་སོར་བཅད་པ་ལ་ཟེར་བའི་ཕྱིར། སྔགས་རིམ་ལས། ཐུན་སོ་སོར་བཅད་ནས་བསྒོམ་དགོས་པས་ཐུན་མཚམས་ཐམས་ཅད་ལ་ཞེས་གསུངས་ཞེས་པ་ལྟར་ཡིན་པའི་ཕྱིར། དེས་ན་ལུང་དེ་དག་གིས་བཟླས་པ་ཐུན་མཚམས་ཀྱི་ཉམས་ལེན་ཙམ་དུ་བསྟན་པ་མ་ཡིན་པར་མ་ཟད། འདི་ཤིན་ཏུ་གལ་ཆེ་བས་ཐུན་མཚམས་རེ་ཙམ་དང་ནམ་ཁོམ་དུ་བཟླས་པས་མི་ཆོག་གི་ཐུན་བཞིར་བཅད་ནས་འབད་དགོས་ཞེས་དངོས་གཞིའི་ཉམས་ལེན་གྱི་གཙོ་བོ་ཞིག་ཏུ་བསྟན་པ་ཡིན་ལ། རིགས་པས་ཀྱང་འགྲུབ་སྟེ་འདི་གཞན་དོན་འཕྲིན་ལས་ཕུན་ཚོགས་ཀྱི་ནང་ནས་གསུང་གི་མཛད་པ་དང་སྦྱོར་དགོས་ཤིང་དེ་མཛད་པ་ཀུན་གྱི་མཆོག་ཏུ་གསུངས་པའི་ཕྱིར་རོ། །དེ་ལ་དང་པོ་མཆོད་བསྟོད་བྱ་ཚུལ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པས་སྐབས་གང་ཡིན་གྱི་མཆོད་པ་གཙོ་འཁོར་ཐམས་ཅད་ཀྱི་གནས་སོ་སོར་ཕུལ་བ་རྣམས་བཞེས་ནས་བདེ་བ་ཆེན་པོས་ཐུགས་རྒྱུད་ཚིམ་པར་བསམས་ལ། གཞན་ཡང་ནག་པོ་པས། དོགས་པ་དང༌། ངེས་པའི་ཤེས་པ་དང་བྲལ་བ་དང༌། དངོས་པོར་ལྟ་བ་མེད་པ་དང༌། རེ་བ་དང་བཅས་པ་མེད་པ་དགོས་པར་གསུངས་པ་བཞིན། འདི་འབུལ་དུ་རུང་ངམ་མི་རུང༌། ལྷ་མཉེས་པར་
འགྱུར་རམ་མི་འགྱུར་སྙམ་པ་ལ་སོགས་པའི་ཐེ་ཚོམ་དང༌། ངེས་པའི་ཤེས་པ་སྟེ་ཐ་མལ་གྱི་སྣང་བ་འདི་ག་སོར་བཞག་ཏུ་འཐད་སྙམ་པའི་ཞེན་པ་དང༌། མཆོད་པའི་འཁོར་གསུམ་བདེན་པའི་ངོ་བོར་ལྟ་བ་དང༌། མཆོད་པ་ཕུལ་བ་ལ་བརྟེན་ནས་ནད་གདོན་ཞི་བ་དང་ཚེ་བསོད་རྒྱས་པ་སོགས་རང་དོན་ཁོ་ནའི་གནས་སྐབས་ཀྱི་འདོད་པའི་འབྲས་བུ་ལ་རེ་བ་བཞི་སྤོང་བ་གལ་ཆེའོ། །བྱིན་རླབས་གོང་དུ་མ་བྱས་ན་མཚམས་འདིར་བྱ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པཱ་ཎི་ནཱི་ལཾ་བ་ར་དྷ་ར་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་དང༌། དེ་བཞིན་དུ་སྦྱར་ཏེ་ཤཔྟའི་བར་གྱིས་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། རྒྱས་པར་སྤྲོ་ན་ཚིགས་བཅད་སྔགས་དང་བཅས་པས་དབུལ། དེའང་འདུལ་འཛིན་རིན་པོ་ཆེའི་དཀྱིལ་ཆོག་ནས་འབྱུང་བ་ལྟར་བྱས་ཀྱང་ཆོག་ལ། འདི་གྲུབ་ཆེན་གཉིས་ཀྱི་གསུང་བདུད་རྩི་འོ་མའི་མཆོད་ཆོག་ནས་འབྱུང་བ་དེ་བྱས་ན་སྐབས་དང་འབྲེལ་བས། ཧཱུཾ། འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། །གཟུང་འཛིན་དྲི་མའི་སྐྱོན་སྤངས་ནས། །མཉེས་པས་སྐུ་གསུང་ཐུགས་ལ་དབུལ། །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ། །ཞེས་པའི་མཐར་གོང་གི་སྔགས་ལ་ཨརྒྷཾ་སོགས་བཏགས་པས་ཆུ་བཞི་དང༌། ཧཱུཾ། མེ་ཏོག་དམ་པ་འདི་དག་དང༌། །དེ་བཞིན་མཛེས་པའི་མེ་ཏོག་རྣམས། །བདེ་གཤེགས་ཐུགས་ལ་དབུལ་བར་བགྱི། །ཆགས་མེད་ཐུགས་རྗེས་བཞེས་སུ་གསོལ། །ཞེས་སྔགས་དང་སྦྲེལ་བས་མེ་ཏོག །ལྷན་ཅིག་སྐྱེས་དང་སྦྱར་བ་ཡི། །ལྷ་རྫས་བདུག་སྤོས་དམ་པ་འདི། །གཙོ་འཁོར་བཅས་ལ་
དབུལ་བར་བགྱི། །རྟོག་མེད་ཐུགས་རྗེས་བཞེས་སུ་གསོལ། །ཞེས་བདུག་སྤོས། མུན་པའི་ཕྱོགས་ནི་འཇོམས་བྱེད་ཅིང༌། །ཕྱོགས་བཅུ་གསལ་བའི་མར་མེ་འདི། །ཀུན་མཁྱེན་ཡེ་ཤེས་ཐོབ་བྱའི་ཕྱིར། །ཡེ་ཤེས་ཐུགས་མཆོག་བཞེས་སུ་གསོལ། །ཞེས་མར་མེ། ལྷན་ཅིག་སྐྱེས་དང་སྦྱར་བའི་དྲི། །དྲི་མཆོག་དམ་པ་འདི་དག་ནི། །རང་རང་ཐུགས་ལ་དབུལ་བར་བགྱི། །ཀུན་བཟང་ཐུགས་རྗེས་བཞེས་སུ་གསོལ། །ཞེས་དྲི་ཆབ། ཁ་དོག་དྲི་དང་ལྡན་པའི་མཆོག །བཟའ་བའི་མཆོག་དང་ཡང་དག་ལྡན། །ཐམས་ཅད་སྦྱར་བའི་བཤོས་འདི་དག །རང་རིག་ཡེ་ཤེས་བརྙེས་ལ་འབུལ། །ཞེས་ཞལ་ཟས། བླ་མེད་ཐེག་པ་མཆོག་གི་དོན་སྟོན་པ། །ཤེས་རབ་མཆོག་གི་རྗེས་འགྲོ་རོལ་མོའི་སྒྲ། །བདུད་ཀྱི་འཁོར་ལོ་གཞོམ་ཕྱིར་དབུལ་བར་བགྱི། །ཐུགས་རྗེས་འགྲོ་ལ་མངའ་བརྙེས་འདི་བཞེས་ཤིག །ཅེས་རོལ་མོ་རྣམས་དབུལ། འདིར་ཆུ་གཅིག་ལས་མི་གསལ་ལ། འདུལ་འཛིན་གྱི་ལྷན་ཐབས་སུ་ཆུ་གཉིས་ལས་མ་གསུངས་ཀྱང༌། གྲུབ་ཆེན་གྱི་དཀྱིལ་ཆོག་ལས། བསང་གཏོར་བྱ་ཞིང་གཏོར་མ་དབུལ། །ཞེས་དང༌། ཞབས་བསིལ་གདན་དང་སྐུ་ཁྲུས་གསོལ། །དེ་ནས་མཆོད་པ་རྣམ་ལྔ་དབུལ། །ཞེས་འབྱུང་བས་ཆུ་བཞི་འབུལ་དགོས་སོ། །འདོད་ཡོན་ལྔ་དང་རྒྱལ་སྲིད་སྣ་བདུན་འབུལ་བ་འདིའི་གཞུང་གང་དུའང་མ་བྱུང་ཡང་ཆོ་ག་གཞན་ནས་འབྱུང་བས་ཁ་བསྐངས་ཏེ་བྱས་ཆོག་པར་འདུལ་འཛིན་གྱི་དཀྱིལ་ཆོག་ཏུ་གསུངས་སོ། །དེ་དག་ནི་མཆོད་པ་བཞི་ལས་ཕྱི་བུམ་དབང་དང་འབྲེལ་བའི་མཆོད་པ་ཡིན་ལ། དེ་དག་གི་ཚེ་ཨོཾ་ཞེས་བརྗོད་པ་ན། ཐུགས་ཀ་ནས་འོད་ཟེར་དང་མཆོད་པའི་ལྷ་
མོ་ཕར་སྤྲོ་ཞིང༌། མཆོད་སྔགས་ཀྱི་མཇུག་ཏུ་ཧཱུཾ་ཞེས་བརྗོད་པ་ན་མཆོད་པའི་བྱ་བ་ཟིན་ཏེ་ཚུར་སྙིང་གར་སྡུད་པའི་དམིགས་པ་སྐྱོང་བ་ནི་རྫོགས་རིམ་གྱི་སྐབས་རླུང་སྡུད་སླ་བའི་དགོས་པ་ཁྱད་པར་ཅན་ཡོད་ཅིང༌། གསང་བ་འདུས་པར། བརྗོད་ནས་རྡོ་རྗེ་སྤྲོ་བ་ནི། །རྫོགས་ནས་རབ་ཏུ་བསྡུ་བར་བྱ། །ཞེས་པའི་དགོངས་པའོ། །དེའི་མཚོན་བྱེད་ལ། ཨོཾ་ཞེས་བརྗོད་པའི་ཚེ་སེ་གོལ་ཕྱིར་འགྱེད་པ་ཡིན་ལ། འོན་ཀྱང་བདག་བསྐྱེད་ལ་ལག་པའི་ཁ་ནང་དུ་བསྟན་བཞིན་པར་ཕྱིར་བཀྱེད་པ་དང༌། མདུན་བསྐྱེད་ལ་ཁ་ཕྱིར་བསྟན་ནས་བཀྱེད་པའི་ཁྱད་ཙམ་ཞིག་ཡོད། ཧཱུཾ་ཞེས་བརྗོད་པའི་ཚེ་ལག་པ་ཕན་ཚུན་དུ་བསྣོལ་བས་སེ་གོལ་སྙིང་གར་བཏུད་ཙམ་བྱས་ལ་གཏོག་གོ །ནང་གསང་དབང་དང་འབྲེལ་བའི་མཆོད་པ་ནི། སྔར་བྱིན་གྱིས་བརླབས་པའི་ནང་མཆོད་གཡོན་པའི་མཐེབ་སྲིན་གྱིས་གཡས་སྐོར་དུ་ལན་གསུམ་དཀྲུགས་པ་ལས་དབུས་ནས་བདུད་རྩིའི་སྙིང་པོ་ཕྱུངས་ལ། དེའང་ངོ་བོ་སྲིན་ལག་ཡབ་ཀྱི་རྡོ་རྗེ་དང་མཐེ་བོང་ཡུམ་གྱི་པདྨ་གཉིས་བསྲུབས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པ་བདེ་སྟོང་གི་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་ལ། རྣམ་པ་ཁམས་དཀར་དམར་གྱི་བདུད་རྩི་ཕུལ་བ་ན་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་ནས་འབྲུ་ཙམ་ཨོཾ་གྱིས་མཚན་པའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམ། དེ་ལྟ་བུའི་མཚོན་དོན་དྲན་པའི་ཕྱིར་གཡོན་པའི་མཐེབ་སྲིན་གྱིས་བླངས་ཏེ་འབུལ་དགོས། འབུལ་ཚུལ་ཡང་སྤྱི་བོའི་རིགས་བདག་
གི་ཐུགས་ཀར་ཟླ་བའི་གདན་ལ་དབུས་སུ་སེང་ཁྲི་པད་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དེའི་མདུན་ནས་གཡས་སྐོར་དུ་བརྒྱུད་པའི་བླ་མ་རྣམས་བཞུགས་པར་མོས་པའམ། རང་གི་མདུན་ཐད་ཀྱི་ནམ་མཁར་རྩ་བའི་བླ་མའི་མཐའ་སྐོར་དུ་བརྒྱུད་པའི་བླ་མ་རྣམས་ཁྲོམ་ཚོགས་ཀྱིས་བཞུགས་པར་མོས་པ་ལ་ཕུལ་ཡང་རུང་བས་དེ་གཉིས་གང་རུང་གི་སྒོ་ནས། ཨོཾ་མཆོད་དོ་ཞེས་སོགས་ཀྱིས་རྩ་བའི་བླ་མ་ལ་ནང་མཆོད་སྤྱི་གཙུག་ནས་གྱེན་དུ་འཐོར་ཏེ་དབུལ། དེ་ནས་བརྒྱུད་པའི་བླ་མ་རྣམས་ལ་སྨིན་མཚམས་ཀྱི་ཐད་ནས་དབུལ། ཨོཾ་ནཱི་ལཱཾ་བ་ར་དྷ་ར་ཞེས་པ་ནས་ནཱ་ཤ་ཡ་ཧོ། ཨོཾ་ཨཱཿ ཧཱུཾ། ཞེས་པའི་བར་གྱིས་བསྒོམས་པའི་དཀྱིལ་འཁོར་པ་རྣམས་ལ་སྙིང་གའི་ཐད་ནས་དབུལ། དེ་ནས་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་མདུན་གྱི་ནམ་མཁར་སྐད་ཅིག་གིས་གསལ་བཏབ་པ་ལ་སྙིང་གའི་ཐད་ནས་འབུལ་བའམ། ཡང་ན་སྤྱི་བོར་རྩ་བའི་བླ་མས་བསྟེན་པའི་ཡི་དམ། མགྲིན་པར་བརྒྱུད་པའི་བླ་མས་བསྟེན་པའི་ཡི་དམ། སྙིང་གར་རང་གིས་བསྟེན་པའི་ཡི་དམ་རྣམས་སྐད་ཅིག་གིས་གསལ་བཏབ་ནས། གནས་དེ་གསུམ་དུ་ཐིག་ལེ་རེ་བྱས་ནས་འབུལ། ཕྱོགས་སྐྱོང་རྣམས་རྡོ་རྭའི་ནང་ངམ། ཡང་ན་རང་རང་གི་གནས་སུ་བཞུགས་པར་མོས་ནས་ལྟེ་བའི་ཐད་ནས་དབུལ། དེ་ནས་ཡུལ་ཉེར་བཞི་སོགས་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་དང༌། ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་ཆེན་བརྒྱད་སོགས་ལའང་ལྟེ་བའི་ཐད་ནས་འབུལ། པུས་མོའི་ཐད་ནས་མཆོག་སྦྱིན་གྱི་ཕྱག་རྒྱས་གཏོར་ཞིང་སེམས་ཅན་ཐམས་ཅད་འཁོར་ལོ་ཆེན་པོའི་སྐུར་གྱུར་པ་ལ་ཕུལ་བས་དེ་དག་ཐམས་
ཅད་ཟག་མེད་ཀྱི་བདེ་བས་དགྱེས་པར་བསམ་མོ། །གསང་བ་ཤེར་དབང་དང་འབྲེལ་བའི་མཆོད་པ་དང༌། དེ་ཁོ་ན་ཉིད་དབང་བཞི་པ་དང་འབྲེལ་བའི་མཆོད་པ་གཉིས་འདུལ་འཛིན་གྱིས་མ་བཀོད་ལ། རོང་སྟོན་གྱིས་གསང་མཆོད་ཛ་ཝ་རི་པའི་དཀྱིལ་ཆོག་ནས་འབྱུང་བས་བྱ་དགོས་གསུངས་ཀྱང་བཞི་པ་ལ་གསལ་ཁ་མ་མཛད་དོ། །དཀྱིལ་ཆོག་ལས། ནང་དང་གསང་བ་བླ་མེད་དང༌། །དངོས་དང་ཏིང་ངེ་འཛིན་གྱིས་དབུལ། །ཞེས་མཆོད་པ་བཞི་ག་གསལ་བར་གསུངས་པས་བཞི་ག་དགོས་པར་ཁྱད་མེད་དོ། །དེས་ན་རང་གཙོ་བོ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་སྔར་ལྟར་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པས་དགའ་བཞི་རིམ་གྱིས་དྲངས་ཏེ་མཐར་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མྱོང་བ་ན། འཁོར་རྣམས་ཀྱང་རང་དང་རྒྱུད་གཅིག་པས་བདེ་བ་ཆེན་པོ་མྱོང་ནས་ཚིམ་པར་བསམ་པ་གསང་མཆོད་དང༌། དེ་ལྟར་སྙོམས་པར་ཞུགས་པའི་བདེ་བ་དེས་སྟོང་པ་ཉིད་ཡུལ་དུ་བྱས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་གཙོ་འཁོར་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་མོས་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱའོ། །དེ་ནས་ལྷ་མོ་དཔག་ཏུ་མེད་པ་སྤྲོས་པ་དང་འཁོར་གྱི་ལྷ་རྣམས་ཀྱིས་བྲག་ཅའི་དབྱངས་བཞིན་དུ་གཙོ་བོ་ལ་བསྟོད་པར་མོས་ཤིང༌། བསྟོད་པ་ནི། ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །ཅེས་པ་ནས། འཕྲིན་ལས་སྒྲུབ་མཛད་ཡབ་ཡུམ་བསྟོད། །ཅེས་པའི་བར་ད་ལྟ་ཆོ་ག་རྣམས་སུ་བཀོད་པ་ལྟར་དང༌། ཡང་ན། ཕྱག་ན་རྡོ་རྗེ་དྲག་པོ་ཆེ། །རྡོ་རྗེ་ཁྲོ་བོ་དྲག་ཆེན་འཇོམས། །རྡོ་རྗེ་གཟི་བརྗིད་སྔགས་ཀྱི་གཙོ། །རྡོ་རྗེ་མི་ཐུབ་
འཇིགས་བྱེད་ཆེ། །རྡོ་རྗེ་འཕྲིན་ལས་ཀུན་དོན་མཛད། །ཐབས་འདུལ་འཁོར་ལོ་ཆེ་སྐུ་ལ། །འབྱུང་བ་ལྔ་ཡི་བདག་ཉིད་ཆེ། །མཛེས་ལྡན་འོད་ཟེར་ཅན་དང་ནི། །མདངས་ཅན་སྒྲ་དབྱངས་རླུང་འབྱིན་ཏེ། །སྐྱེད་བྱེད་ལས་ཀུན་སྒྲུབ་པ་ལ། །འགུགས་ཤིང་སྡུད་དང་སྡོམ་ཞི་མཛད། །མཐའ་བརྟུལ་ལས་རྣམས་སྒྲུབ་པ་ལ། །ཐིག་ལེའི་རང་བཞིན་མི་ཤིགས་ལ། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པའི། །འཁོར་ལོའི་བདག་པོ་ཁྱོད་ལ་བསྟོད། །ཅེས་རྩ་རྒྱུད་ལས་འབྱུང་བའི་བསྟོད་པ་དང༌། ཡང་ན་དཀྱིལ་ཆོག་ལས་འབྱུང་བ་བཞིན། ཐབས་དང་ཤེས་རབ་གཉིས་མེད་པའི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །བགེགས་རིགས་སྟོང་ཕྲག་འཇོམས་མཛད་པའི། །འཁོར་ལོའི་བདག་པོ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །དྲི་ཟའི་གདུག་པ་འདུལ་མཛད་པའི། །བདུད་ལས་རྒྱལ་ལ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །གཤིན་རྗེའི་གདུག་པ་འདུལ་མཛད་པའི། །རྡོ་རྗེ་གཟི་བརྗིད་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །ཆུ་ལྷའི་གདུག་པ་འདུལ་མཛད་པའི། །རྔམ་སྒྲ་སྒྲོགས་ལ་ཕྱག་འཚལ་བསྟོད། །ཐབས་དང་ཤེས་རབ་སྦྱོར་བ་ཡི། །ཁ་སྦྱོར་ཉི་ཟླའི་འཕྲོ་འདུ་ལས། །གནོད་སྦྱིན་གདུག་པ་འདུལ་མཛད་པའི། །རྡོ་རྗེ་འཕྲིན་ལས་ཕྱག་འཚལ་བསྟོད། །ཅེས་པའི་འཕྲོར། འབྱུང་བ་ལྔ་ཡི་བདག་ཉིད་ཆེ། །ཞེས་སོགས་རྩ་རྒྱུད་ནས་འབྱུང་བའི་
ཚིག་རྐང་དྲུག་སྦྱོར་ཞིང་རྐང་པ་ཐ་མར། ལས་རྣམས་སྒྲུབ་ལ་བསྟོད། ཅེས་བསྒྱུར་ནས་བསྟོད་ཀྱང་ཆོག་གོ །དམར་གྱིས་མཛད་པའི་དཀྱིལ་ཆོག་ཏུ་དེའི་མགོར། དེ་ནས་གསང་བའི་དཀྱིལ་འཁོར་ནི། །རྡོ་རྗེ་མེ་དཔུང་འོད་དང་ལྡན། །དེ་ཉིད་མཁའ་དང་འབྱུང་བ་ལས། །དུར་ཁྲོད་བརྒྱད་དང་ལྡན་པའི་གནས། །ཞེས་སྦྱར་ནས་འབྱུང་བ་ནི་རྟེན་བརྟེན་པ་ཐམས་ཅད་ལ་བསྟོད་པའི་དབང་དུ་བྱས་པར་མངོན་ནོ། །བསྟོད་པ་སྔ་མ་ནི་རྗེའི་གསུང་ལ་འདུལ་འཛིན་གྱིས་ཟིན་བྲིས་སུ་བཏབ་པའི་མངོན་རྟོགས་ལས། རྒྱུད་ཀྱི་བསྟོད་པའི་ལེའུ་ནས་འབྱུང་ཞེས་གསུངས་ཤིང༌། དོན་ནི། ནང་གི་ཁྲོ་བོ་ལྔ་ལ། ཉོན་མོངས་དུག་ལྔ་དག་ཅིང་ཕུང་པོ་ལྔ་གནས་གྱུར་པ་དང་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་ཚུལ་དང༌། འདུལ་བྱ་གདོན་གསུམ་སྤྱི་དང་ཁྱད་པར་དུ་དྲི་ཟ་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་རྣམས་ཀྱི་གཉེན་པོར་གྱུར་ཚུལ་གྱི་སྒོ་ནས་བསྟོད། སྒོ་བ་རྣམས་ལ་ཚད་མེད་བཞིའི་ངོ་བོར་གྱུར་ཅིང་འཕྲིན་ལས་བཞི་སྒྲུབ་ཚུལ་གྱི་སྒོ་ནས་བསྟོད་པ་ཡིན་ནོ། །རྩ་རྒྱུད་ནས་འབྱུང་བའི་བསྟོད་པའི་དོན་ཡང༌། གཙོ་བོ་ནི་འཇིག་རྟེན་གྱི་དྲག་པོ་ཀླུ་བདུད་གནོད་སྦྱིན་གསུམ་ག་འདུལ་བས་དྲག་པོ་ཆེན་པོར་གྱུར་པ་དང༌། ཤར་གྱི་ཁྲོ་བོ་བདུད་ལས་རྒྱལ་བྱེད་ཀྱིས་དྲག་པོ་སྟེ་དབང་ཕྱུག་ཆེན་པོ་འཇོམ་པ་དང༌། ལྷོའི་ཁྲོ་བོ་རྡོ་རྗེ་གཟི་བརྗིད་ཀྱིས་ཕྱིའི་གཤིན་རྗེ་འཇོམ་པར་མ་ཟད་ནང་གི་གཤིན་རྗེ་བདེན་འཛིན་ལ་སོགས་པ་འཇོམས་པས་ན་ཡིད་སྐྱོབ་པའི་སྔགས་ཀྱི་གཙོ་བོར་གྱུར་པ་དང༌། ནུབ་ཀྱི་ཁྲོ་བོ་རྔམ་པ་སྒྲ་སྒྲོག་གི་གསུང་གི་ང་རོས་མ་
རུངས་པ་རྣམས་འཇིགས་པར་བྱེད་པ་དང༌། བྱང་གི་ཁྲོ་བོ་བདུད་རྩི་འཁྱིལ་པ་ནི་འཕྲིན་ལས་ཀྱི་ལྷ་ཡིན་པས་ལས་རབ་འབྱམས་སྒྲུབ་ཚུལ་གྱི་སྒོ་ནས་ཆེ་བ་བརྗོད་ཅིང༌། ཐབས་འདུལ་འཁོར་ལོ་ཆེ་སྐུ་ལ། །ཞེས་པ་ནི་ཐབས་སམ་ཡབ་ཀྱི་རྣམ་པས་གདུག་ཅན་འདུལ་ཞིང་དཀྱིལ་འཁོར་གྱི་ལྷའི་གཙོ་བོར་གྱུར་པ་རྣམས་ལ་བསྟོད་ཅེས་པ་ཡིན་ཏེ། འདིའི་ཚིག་རྐང་ཐ་མར་ལ་ཞེས་འབྱུང་བ་དང༌། འོག་ཏུ་ལས་ཀུན་སྒྲུབ་པ་ལ་ཞེས་དང༌། ལས་རྣམས་སྒྲུབ་པ་ལ་ཞེས་སྨོས་པ་རྣམས་ཕྱི་མ་འདྲེན་པའི་ཚིག་ཡིན་ཞིང་མཇུག་ཏུ་ཁྱོད་ལ་བསྟོད་ཅེས་འབྱུང་བ་མཐའི་གསལ་བྱེད་ཡིན་པས། བསྟོད་ཅེས་པ་དེ་གོང་མ་གསུམ་གའི་མཐར་སྦྱར་ནས་འགྲེལ་དགོས་ལ། ཚིག་ཏུ་བརྗོད་པ་ནའང༌། ཐབས་འདུལ་འཁོར་ལོ་ཆེ་ལ་བསྟོད། །ཅེས་དང༌། སྐྱེད་བྱེད་ལས་ཀུན་སྒྲུབ་ལ་བསྟོད། །ཅེས་བརྗོད་དགོས་ཏེ། མཐའ་བརྟུལ་ལས་རྣམས་སྒྲུབ་ལ་བསྟོད། །ཅེས་གྲུབ་ཆེན་རང་གིས་གསུངས་པ་དེས་གཞན་གཉིས་ཀྱང་གོ་ནུས་སོ། །འབྱུང་བ་ལྔ་ཡིས་ཞེས་སོགས་ཀྱིས་ཡུམ་ལ་བསྟོད་ པ་ཡིན་ཞིང༌། གཙོ་བོའི་ཡུམ་མཛེས་ལྡན་མ་ནི་ནམ་མཁའི་ཁམས་ཆོས་དབྱིངས་རྣམ་པར་དག་པས་བདག་མེད ་དང༌། འོད་ཟེར་ཅན་སོགས་བཞི་རིམ་བཞིན་སྤྱན་སོགས་དང་འདྲ་བར་ས་ཆུ་མེ་རླུང་དག་པའི་བདག་ཉིད་ཡིན་པས། དེ་ལྟ་བུའི་རྒྱལ་བ་རྣམས་སྐྱེད་བྱེད་ཀྱི་ཡུལ་ལྷན་སྐྱེས་བདེ་ཆེན་སྩོལ་བའི་ལས་ཀུན་སྒྲུབ་པ་རྣམས་ལ་བསྟོད་ཅེས་པ་ཡིན་ནོ། །འགུགས་ཤིང་ཞེས་སོགས་ཀྱིས་སྒོ་བ་བཞི་ལ་བསྟོད་པ་སྟེ། ཡེ་ཤེས་པ་འགུག་པ་དང༌། ལྷན་ཅིག་ཏུ་སྡུད་པ་དང༌། དབྱེར་མེད་དུ་སྡོམ་པ་དང༌། དགྱེས་ཤིང་ཞི་བར་མཛད་པ་
སྟེ། དེས་མཚོན་ནས་མཐའ་ཡས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་གདུལ་བྱའི་རྒྱུད་ལ་སྦྱོར་བར་མཛད་པའི་ཚུལ་གྱིས་བསྟོད་པ་ཡིན་ནོ། །ཚིགས་བཅད་ཐ་མ་ནི་ལྷ་ཚོགས་དེ་ཐམས་ཅད་ཀྱང་ངོ་བོ་ཐ་དད་པ་མ་ཡིན་པར་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་སྟོང་གི་ཡེ་ཤེས་དེ་ཉིད་ཕྱི་ནང་གི་བགེགས་རིགས་ཐམས་ཅད་འདུལ་བའི་ཕྱིར་རྣམ་པ་ཐ་དད་ཙམ་དུ་བསྟན་པའི་ཚུལ་གྱིས་བསྟོད་པ་ཡིན་ལ། ཚིགས་བཅད་ཐ་མ་འདིར་རྒྱུད་འགྲེལ་དུ་རྫོགས་རིམ་དང་སྦྱར་བའི་བཤད་པ་མཛད་པའི་ཤུགས་ཀྱིས་བསྐྱེད་རིམ་དང་སྦྱོར་ཚུལ་ཡང་ཅུང་ཟད་གོ་ནུས་པར་སྣང་མོད། གོང་མ་རྣམས་འགྲེལ་བརྒྱབ་པ་མི་སྣང་བས་ཁ་ཚོན་གཅོད་དཀའ་འང་གཞུང་སྤྱིའི་འགྲོས་ལ་ཞིབ་ཏུ་དཔྱད་པའི་ཁོག་ནས་བྲིས་པ་ཡིན་པས་ད་དུང་མཁས་པ་རྣམས་ཀྱིས་དཔྱད་པར་བྱའོ། །གྲུབ་ཆེན་གྱིས་མཛད་པའི་བསྟོད་པ་ནི་སྔ་མ་དེ་དག་གི་ཤུགས་ཀྱིས་གོ་ནུས་པར་སྣང་བ་དང་ཡི་གེ་མང་གིས་དོགས་པས་མ་སྤྲོས་སོ། །གཉིས་པ་བསྐྱེད་རིམ་ཕྲ་རགས་ཀྱི་དམིགས་པ་ཡིད་ལ་བྱེད་ཚུལ་ནི། ཐ་མལ་བའི་སྐྱེ་ཤི་བར་དོ་སྟེ་གཞིའི་སྐུ་གསུམ་པོ་དེ་ཉིད་སྦྱང་གཞི་ཡིན་ལ། སྦྱོང་བྱེད་གཙོ་བོ་དོན་གྱི་འོད་གསལ། དག་པའི་སྒྱུ་མའི་སྐུ། སློབ་པའི་ཟུང་འཇུག་གི་སྤྲུལ་སྐུ་སྟེ་ལམ་གྱི་སྐུ་གསུམ་དང༌། སྦྱངས་པའི་འབྲས་བུ་སངས་རྒྱས་ཀྱི་སྐུ་གསུམ་སོ་སོར་སྦྱར་ནས་ངོ་འཕྲོད་པར་བྱས་ཏེ་བསྐྱེད་རིམ་གང་བསྒོམ་པ་ན་མོས་ངོས་འབྲས་དུས་ཀྱི་དེ་དང་དེ་དངོས་ཡིན་སྙམ་པ་བྱེད་དགོས་ཀྱང༌། དངོས་སུ་རྫོགས་རིམ་སོ་སོའི་སྨིན་བྱེད་དུ་འགྲོ་བ་དགོས་པས་དེའི་ཚུལ་གོང་དུ་རྒྱས་པར་བཤད་
ཟིན་པ་དེ་ཁོ་ན་ཡིན་ནོ། །འོན་ཀྱང་བསྒོམ་ཚུལ་དེ་དག་ཐ་མལ་གྱི་སྣང་ཞེན་འགོག་བྱེད་དུ་འགྲོ་བ་ལ། སྣང་བ་འགོག་བྱེད་ལྷའི་རྣམ་པ་ལ་སློབ་ཚུལ་དང༌། ཞེན་པ་འགོག་བྱེད་ལྷའི་ང་རྒྱལ་སློབ་ཚུལ་གཉིས་ཀ་ཤེས་དགོས་སོ། །སྔ་མ་ནི་སྒྲུབ་ཐབས་ཀྱི་མགོ་ནས་བཟུང་སྟེ་ཐད་ཀ་ཐད་ཀའི་དམིགས་རྣམ་གསལ་བཏབ་སྟེ། སྔ་མ་མ་བརྗེད་པའི་སྟེང་དུ་ཕྱི་མ་བསྣན་གྱིན་བསྒོམ་པས་འོལ་ཙམ་ཤར་ཡོད་པ་དེ་ལ་མཚམས་འདིར་གསལ་སྣང་དུས་གཅིག་ཏུ་སྒྲུབ་རྒྱུའི་དབང་དུ་བྱས་པ་ཡིན་ཀྱང༌། དེང་དུས་བར་ནས་མ་གཡེང་བར་བྲེང་ཆགས་སུ་དེ་བཞིན་འོང་བ་དཀའ་བས། མཚམས་འདིར་སླར་ཡང་གཙོ་བོ་ཞལ་གཅིག་ཕྱག་གཉིས་པ་ལྟ་བུའི་སྐུའི་དབྱིབས་ལམ་ཙམ་ནས་རིམ་པར་བསྒོམས་ཏེ་དེ་གསལ་བ་ན་ཞལ་ཕྱག་ཡོངས་རྫོགས་རྒྱན་ཆ་ལུགས་ཡུམ་དང་བཅས་པ་ལ་བསླབ། དེ་ལ་སྔར་ལྟར་གསལ་སྣང་ཐོབ་པ་ན་སྔ་མ་མ་བརྗེད་པའི་ངང་ནས་འཁོར་གྱི་ལྷ་གཉིས་པ་དང་སྦྲེལ་བ་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་དུར་ཁྲོད་དང་བཅས་པ་ཆ་ཚང་བསྒོམ། དེའི་ཚེ་དམིགས་རྣམ་གཞན་ཤར་ཡང་དེའི་རྗེས་མི་འདེད་པར་གང་སྒོམ་དགོས་སྙམ་པ་དེ་ཇི་ལྟར་གསལ་བཏབ་པ་ལྟར་འཆར་བ་དང་དེའང་ཇི་སྲིད་འདོད་ཀྱི་བར་སེམས་གནས་པའི་གནས་ཆ་བཙལ། དེ་ལ་བརྟན་པར་གོམས་པ་དང་ང་རྒྱལ་ལ་སློབ་པ་ནི། ཐ་མལ་གྱི་ཞེན་པ་བསལ་ནས་ལྷ་དེ་དང་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བཅོས་མ་མ་ཡིན་པ་བསྐྱེད་པ་ལ་འབད་པར་བྱ་སྟེ། སྣང་ཞེན་གཉིས་ཀྱི་ནང་ནས་ཞེན་པས་འཆིང་བར་གསུངས་པས་གསལ་སྣང་ལས་ཀྱང་ང་རྒྱལ་འཇོག་པ་ལ་གཙོ་བོར་འབད་དགོས་སོ། །དེའི་
སྟེང་དུ་ལྟ་བས་རྒྱས་བཏབ་སྟེ་བསྒོམ་ཚུལ་ཡང་བརྟག་གཉིས་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་བསྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །ཞེས་གསུངས་པ་བཞིན་གསལ་སྣང་ཐོབ་པ་དང་དམིགས་པ་ལྷའི་འཁོར་ལོ་ལ་དམིགས་ནས། རྣམ་པ་རང་བཞིན་མེད་པར་ངེས་ཤེས་དང་ལྡན་པར་སྐྱོང་བ་སྟེ་བསྐྱེད་རིམ་པའི་ཟབ་གསལ་གཉིས་མེད་ཅེས་ཀྱང་ཟེར་རོ། །འདིར་དམིགས་པ་ལྷ་ལ་དམིགས་པའི་ཁྱད་ཙམ་མ་གཏོགས། དྲན་ཤེས་བསྐྱེད་ཚུལ། བྱིང་རྒོད་གཅོད་ལུགས། ཞི་གནས་དངོས་དང་རྗེས་མཐུན་པར་སོང་མཚམས་སོགས་ནི་ཕར་ཕྱིན་ཐེག་པའི་སྐབས་དང་འདྲའོ། །ཕྲ་ཐིག་བསྒོམ་ཚུལ་འདིའི་རྒྱུད་དང་རྒྱ་གཞུང་རྣམས་ལས་དངོས་སུ་མ་བྱུང་ཡང་གཞན་གྱིས་རྒྱས་བཀབ་ནས་བསྒོམ་དགོས་ཏེ། རིམ་ལྔ་གསལ་སྒྲོན་ལས། ནོར་བུའི་ནང་དུ་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་བསྒོམ་པ་ནི་རོ་རྐྱང་གི་རླུང་གཉིས་དྷུ་ཏཱིར་སྡུད་པའི་ཐབས་ཡིན་པས། དེ་ལ་བརྟེན་ནས་སྔར་བཤད་པའི་བདེ་བ་ཆེན་པོ་དྲངས་པ་ན་ལུས་དབེན་གྱི་དངོས་གཞི་བསྒོམ་པ་ཡིན་པས་ཕྲ་མོའི་བསྐྱེད་རིམ་དང་དེ་ལྟར་འབྲེལ་ལོ། །ཞེས་རྫོགས་རིམ་གྱི་རྟོགས་པ་དངོས་སུ་བསྐྱེད་པའི་རིགས་འདྲའི་རྒྱུ་ལ་བསྐྱེད་རིམ་གྱི་མཐར་འདི་ལྟ་བུའི་བསྒོམ་ཚུལ་ཞིག་མེད་མི་རུང་ཡིན་ནོ། །བསྐྱེད་རིམ་རགས་པ་མཐར་མ་ཕྱིན་པའི་གོང་དུའང་ཕྲ་ཐིག་བསྒོམ་དགོས་ཏེ། རགས་པའི་རྣལ་འབྱོར་ལ་སློབ་པའི་སྐབས་དེར་ཕྲ་ཐིག་བསྒོམ་པ་ནི་བྱིང་རྒོད་གཅོད་པའི་ཐབས་ཡིན་པས། བྱིང་ཤས་ཆེ་ན་སྟེང་གི་སྣ་རྩེར་རྡོ་རྗེ་རྩེ་ལྔ་པ་ཉུངས་ཀར་གྱི་
ཚད་ཙམ་དང༌། རྒོད་ཤས་ཆེ་ན་འོག་གི་སྣ་རྩེར་ཐིག་ལེ་དེ་ཙམ་ཞིག་བསྒོམ་པ་ཡིན་པས། རེས་འཇོག་གི་ཚུལ་གྱིས་ཅུང་ཟད་རེ་མ་གཏོགས་ཆིག་དྲིལ་དུ་སྒོམ་པར་མི་བྱེད་དོ། །རགས་པ་མཐར་ཕྱིན་པ་ན་ཕྲ་ཐིག་སྒོམ་པ་ནི་བརྟན་པ་ཕུལ་ཕྱིན་སྒྲུབ་པའི་ཆེད་ཡིན་པས་ཉིན་མཚན་ཀུན་ལ་ཆིག་དྲིལ་དུ་འབད་དགོས་ཏེ་ཕྲ་ཐིག་བསྒོམ་པའི་སྐབས་གཉིས་ཀྱང་སོ་སོར་ཕྱེད་པ་དགོས་སོ། །བསྒོམ་ཚུལ་དངོས་ནི། འདིར་ལམ་གྱི་ཆ་ལག་མི་གསལ་བ་རྣམས་འདུས་པས་རྒྱས་འགེབ་དགོས་ཚུལ་གོང་དུ་བཤད་པ་བཞིན་ཡིན་པས། སྐབས་འདིར་ཡང་འདུས་པའི་རྩ་རྒྱུད་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །ཉུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་ཏུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ནས་སྤྲོ། །བརྟན་པར་མ་གྱུར་དེ་མི་སྤྲོ། །སངས་རྒྱས་འབར་བའི་འོད་མཉམ་པའི། །རབ་མཆོག་སྤྲིན་ནི་སྤྲོ་བར་བྱ། །ཞེས་སྣ་རྩེར་ཐིག་ལེ་དང་ཕྱག་མཚན་རྡོ་རྗེ་རྩེ་ལྔ་པ་བསྒོམས་ནས་རེག་མཐོང་ལྟ་བུའི་མཚན་མ་བརྟན་པོ་མ་རྙེད་པར་དུ་ཕར་སྤྲོ་བའི་དམིགས་པ་མི་བྱེད་ཅིང༌། བརྟན་པ་རྙེད་པ་ན་དེ་ལས་ཕྱག་མཚན་རིམ་པས་ཇེ་མང་གིས་མཁའ་ཁྱབ་ཏུ་སྤྲོ་ཞིང༌། སྤྲོས་པའི་རིམ་པ་མ་འཆོལ་བར་ཕྱིར་སྡུད་པ་ལ་སློབ་པ་དང༌། དེ་ལ་གོམས་པ་དབང་དུ་གྱུར་པ་ན་ཕྱག་མཚན་དེ་ལྷ་སྐུ་ཡབ་ཡུམ་གྱི་རྣམ་པར་གྱུར་པས་སྙོམས་འཇུག་གི་སྦྱོར་བས་བུ་དང་ཚ་བོའི་ཚུལ་དུ་རིམ་པར་མཐའ་ཡས་པ་སྤྲོ་ཞིང་ཐུན་གྱི་མཐར་རིམ་པ་མ་འཆོལ་བར་ཕྱིར་སྡུད་པར་གསུངས་ལ། འོག་གི་ཐིག་ལེའི་ནང་དེར་དཀྱིལ་འཁོར་ཡོངས་རྫོགས་དང་དེའི་གཙོ་བོ་ཡབ་ཡུམ་གྱི་ཐིག་ལེའི་ནང་
དེར་ཡང་དཀྱིལ་འཁོར་ཡོངས་རྫོགས། དེའི་གཙོ་བོའི་སྦྱོར་མཚམས་སུའང་སྔར་བཞིན་བསྒོམ་པ་སོགས་ཐུག་མེད་དུ་བསྒོམ་པའང་འདིའི་དགོངས་པར་གནས་སོ། །དེ་དག་ལུགས་འདིར་སྦྱོར་ཚུལ་ནི་འདིའི་རྩ་རྒྱུད་ལས། ཐིག་ལེའི་རང་བཞིན་མི་ཤིགས་ལ། ཞེས་པ་དང༌། ཛ་ཝ་རི་པའི་རྒྱུད་འགྲེལ་ལས། བདག་པོ་ནི་ཕྱག་མཚན་རྡོ་རྗེའི་རང་བཞིན་ཏེ། ཞེས་པ་གཉིས་ཀྱིས་མཚན་ཉིད་མཚུངས་པའི་སྒོ་ནས་ཐིག་ལེ་དང་ཕྱག་མཚན་བསྒོམ་ཚུལ་སྔར་བཤད་པ་བཞིན་བྱེད་པ་ཤུགས་ལ་འཕང་བར་བྱས་ཆོག་ལ། བརྟན་པ་ཐོབ་རྗེས་ལྷ་སྐུ་སྤྲོ་བསྡུ་བྱེད་ཚུལ་ཡང༌། ཛ་ཝ་རི་པའི་དཀྱིལ་ཆོག་གི་གསང་དབང་སྐབས་ལས། རྡོ་རྗེ་བུམ་པའི་འཁོར་ལོ་ལ། །རྒྱལ་བ་སངས་རྒྱས་ལྔ་རུ་གྱུར། །ཅེས་སོགས་ཀྱིས་ཡབ་ཡུམ་སྦྱོར་མཚམས་སུ་འཁོར་ལོ་ཆེན་པོ་གཙོ་འཁོར་རྣམས་ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་པ་གསལ་བར་གསུངས་པས། དེའི་གཙོ་བོའི་སྦྱོར་མཚམས་སུའང་སྔར་བཞིར་བསྒོམ་པ་སོགས་གོ་བདེ་ཞིང༌། ཕྱི་མ་འདིས་འདུས་པས་རྒྱས་འགེབ་ཚུལ་ལའང་ངེས་པ་བསྐྱེད་སླའོ། །འདི་ལྟར་བསྒོམས་པས་ཕྱག་མཚན་ཕྲ་མོ་སྤྲོ་བསྡུ་སོགས་ལ་གང་འདོད་བཞིན་དུ་བརྟན་པ་རྙེད་པ་ན་ལུས་སེམས་ཀྱི་ཤིན་སྦྱངས་ཁྱད་པར་ཅན་སྐྱེ་བར་ཤཱཀྱ་བཤེས་གཉེན་གྱིས་གསུངས་པས། དེའི་ཚེ་ཞི་གནས་འགྲུབ་པ་ཡིན་ཞིང་བསྐྱེད་རིམ་མཐར་ཕྱིན་པར་འཇོག་གོ །གསུམ་པ་བཟླས་པ་བྱ་ཞིང་དག་པ་དྲན་པ་ལ། ཐོག་མར་བགྲང་ཕྲེང་བྱིན་གྱིས་བརླབ་པ་ནི། མི་རུས་ཀྱི་ཕྲེང་བ་སོགས་ཚད་དང་ལྡན་པ་བསངས་སྦྱངས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་གསུང་རྡོ་རྗེ་རྔམ་པ་སྒྲ་
སྒྲོག་ཡབ་རྐྱང་དུ་ཆོ་ག་གསུམ་གྱིས་བསྐྱེད་དེ་ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་རྒྱས་གདབ་མཆོད་བསྟོད་དང་བཅས་པའི་མཐར་འོད་དུ་ཞུ་ནས་མི་མགོ་རློན་པའི་ཕྲེང་བ་ཁྲག་འཛག་པའི་རྣམ་པར་བསམ། ལྷ་སོ་སོའི་ཐུགས་ཀར་ཉི་གདན་ལ་གནས་པའི་ཧཱུཾ་ཡིག་ལ་སོགས་པ་རང་རང་གི་ས་བོན་གྱི་མཐར་བཟླས་བྱའི་སྔགས་ཕྲེང་འོད་ཟེར་རབ་ཏུ་འབར་བས་བསྐོར་བའི་ཧཱུཾ་ལ་སོགས་པའི་རང་རང་གི་ས་བོན་སྔགས་ཕྲེང་དང་བཅས་པའམ། ས་བོན་གྱི་སྟེང་གི་ནཱ་ད་ལས་དབུགས་ཕྱིར་འགྲོ་བ་དང་ལྷན་དུ་འཁོར་ལོ་ཆེན་པོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས་རྩ་ཞལ་གྱི་སྣ་བུག་གཡས་པ་ནས་ཐོན། སེམས་ཅན་ཐམས་ཅད་ལ་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབ་པས་དབང་བསྐུར་བའམ་འོད་ཟེར་འཕྲོས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། འཁོར་ལོ་ཆེན་པོའི་གོ་འཕང་ལ་བཀོད། དབུགས་ཚུར་རྔུབ་པ་ན་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་མ་ལུས་པ་དང་ལྷན་ཅིག་སྣ་བུག་གཡོན་ནས་ཞུགས་ཏེ་སྤྲོ་གཞི་ལ་ཐིམ་པར་བསམ། སྤྲོ་བསྡུ་ལྷའི་རྣམ་པར་བྱེད་མི་བདེ་ན་འོད་ཟེར་གྱི་རྣམ་པས་ཀྱང་རུང་ཞིང༌། དབུགས་ཐེངས་གཅིག་ལ་མ་ནུས་ན་ཇི་ཙམ་གྱིས་ནུས་པའི་ཚོད་དང་སྦྱོར་ཞིང༌། སྐབས་འགར་སྔགས་ཕྲེང་ལས་མེ་དཔུང་འཕྲོས་ཏེ་ལུས་ཀྱི་ནང་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེག་པ་ལྟར་བསྲེགས་པ་དང༌། དེ་ནས་ཀྱང་མེ་འོད་ཕྱིར་འཕྲོས། དགྲ་བགེགས་ལ་སོགས་པ་བསྲེགས་པའི་མོས་པ་དང༌། ཡང་རེས་འགའ་ཧཱུཾ་ཡིག་སྔགས་ཕྲེང་དང་བཅས་པ་འོད་ཟེར་རབ་ཏུ་འབར་བ་ལ་སེམས་མ་ཡེངས་པར་གཏད་ནས་བཟླ། སྔགས་གང་བཟླ་བའི་ཚེ་གཙོ་འཁོར་
ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་འུར་འུར་སྒྲོག་པར་མོས་པས་དེ་སྙེད་ཀྱི་འགྱུར་འབྱུང་བར་གསུང་ཞིང༌། ཕྲེང་བ་འདྲེན་པའི་ཚེ་རྡོག་པོ་རེ་རེའི་ནང་དུ་འཁོར་ལོ་ཆེན་པོ་རེ་རེ་བཞུགས་པ་ལས་རང་འདྲ་གཉིས་པ་རེ་མཐེ་བོང་ལྕགས་ཀྱུའི་རྣམ་པས་བཀུག་སྟེ་རང་ལ་ཐིམ་པར་བསམ་ན་བྱིན་རླབས་མྱུར་དུ་འཇུག་པའི་གནད་ཁྱད་པར་ཅན་ཡོད་པར་གསུངས་སོ། །བཟླས་བྱའི་སྔགས་ནི། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧྲི་ད་ཡ་མཧཱ་ཀྲོ་དྷ་སཏྭ་ཧཱུཾ་ཕཊ། ཅེས་པ་ཡབ་ཀྱི་སྙིང་པོ་ཡི་གེ་ཉེར་གཅིག་པ་དང༌། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པ་ཉེ་སྙིང་ཡིན་ཞིང༌། གྲུབ་ཆེན་གྱི་འགྲེལ་པར། བསྙེན་པ་ནི་བཅོ་ལྔ་པའམ་ཉི་ཤུ་རྩ་གཉིས་པས་བྱའོ། །ཞེས་གསུངས་པའི་སྔགས་ནི་འདི་གཉིས་ཡིན་ཀྱང་གྲངས་མི་འདྲ་བ་བཛྲ་ཞེས་པ་གཅིག་དང་གཉིས་སུ་འདྲེན་ཚུལ་དང་སྭཱཧཱ་བགྲངས་མ་བགྲངས་སོགས་ཀྱི་ཁྱད་ཡིན་པས། སྒྲུབ་ཐབས་བསྡུས་པར་དེ་ལ་ཡི་གེ་རྩ་གཅིག་པ་ཞེས་སོགས་གསུངས་སོ། །ཡང་སྒྲུབ་ཐབས་བསྡུས་པ་ལས། ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་མཧཱ་ཀྲོ་དྷ་སཱ་དྷ་ཧཱུཾ། ཉེ་བའི་སྙིང་པོ་དང་ཡང་སྙིང་སྟེ་བཅུ་བདུན་པའོ། །ཞེས་འབྱུང་བས་ཉེ་སྙིང་གཉིས་ཡོད་ཀྱང་བཟླ་ཚེ་གང་རུང་གིས་ཆོག་གོ །རྩ་སྔགས་སམ་ཕྲེང་སྔགས་ནི། ཏདྱ་ཐཱ། བྷོ་བྷོ་བཱན། ཞེས་པ་ནས། རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པའི་བར་རྩ་རྒྱུད་ལས་གང་འབྱུང་བ་དེ་ཆ་ཚང་བར་བཤད་རྒྱུད་དུའང་བཀོད་དེ་མཇུག་ཏུ་ཕྲེང་བའི་སྔགས་སོ། །སངས་རྒྱས་གངྒཱའི་ཀླུང་གིས་གསུངས་པའི་རིག་སྔགས་འདིས་ནི་སྡིག་པ་ཐམས་
ཅད་འདག་པ། མ་རུང་བ་ཐམས་ཅད་འཇོམས་པ། ལས་ཐམས་ཅད་འགྲུབ་པ་ཡིན་ཏེ། ཞེས་སྔགས་ཀྱི་ནང་ནས་འདོར་ལེན་མ་བྱས་པར་མཉམ་དུ་ཕྲེང་སྔགས་བྱས་ནས་གསུངས་སོ། །རོང་སྟོན་གྱིས་དེ་རྒྱུ་མཚན་དུ་བཀོད་དེ་གཙོ་བོ་ཡབ་ཡུམ་གྱི་སྔགས་ལ་འཁོར་གྱི་སྔགས་མཐར་ཆགས་སུ་བཏགས་ནས་མཇུག་གི་སྔགས་གསུམ་སྦྱར་བ་རྩ་སྔགས་སུ་འདོད་པ་བཀག་གོ །ལས་སྦྱོར་གྱི་སྤེལ་ཚིག་དང་བཅས་ཤིན་ཏུ་རྒྱས་པར་བྱས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་ཡང༌། རྩ་སྔགས་ཀྱི་བསྙེན་གྲངས་གསོག་པ་ལ་ལས་སྦྱོར་གྱི་ཚིག་རྣམས་དོར་ནས་བཟླས་པས་ཆོག་པར་ཤེར་འབྱུང་བ་དང་ཡེ་ཤེས་རྩེ་མོས་གསུངས་པ་རྒྱུད་དང་གྲུབ་ཆེན་གྱི་དགོངས་པར་སོང་སྣང་སྟེ། རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས། ཏདྱ་ཐཱ། བྷོ་བྷོ་ཞེས་པ་ནས་ཨུ་ཏ་སྥ་བྷན་བྷ་བིཥྱཾ་ཏེ་ལས་ཐམས་ཅད་པའི་སྔགས་སོ། །ལས་སོ་སོ་ལ་ཀླུ་འདུལ་བའི་སྔགས། ཏདྱ་ཐཱ། བུདྡྷ་བུདྡྷ་ཞེས་སོགས་ཀྱིས་སྔ་མ་སྤྱིར་ལས་རུང་དུ་བྱེད་པའི་བསྙེན་པ་དང༌། ཕྱི་མ་སྐབས་ཐོབ་ཀྱི་ལས་སྦྱོར་ལ་ཁ་ཚར་གདགས་ཚུལ་ཡིན་པར་གསུངས་པའི་ཕྱིར་དང༌། རྒྱུད་འགྲེལ་ལས་ཀྱང། སྒྲུབ་པའི་སྔགས་ལ་ལས་ཀྱི་སྔགས་དེ་རྣམས་བཏགས་ཏེ། ཞེས་སཱ་དྷ་ནི་བྷ་བི་ཤུདྡྷ་ཞེས་པ་ཡན་ལ་སྒྲུབ་པའི་སྔགས་དང༌། ཏདྱ་ཐཱ། བུདྡྷ་ཞེས་སོགས་ལས་སྔགས་སུ་འཇོག་ཚུལ་ཡང་དེ་ཡིན་པའི་ཕྱིར་རོ། །དེས་ན་སྒྲུབ་ཐབས་འཁོར་ལོ་ཆེན་པོར། སངས་རྒྱས་གངྒཱའི་ཀླུང་གིས་གསུངས་པ་འདི་བཟླས་པ་བྱ་བ་སྟེ། ཏདྱ་ཐཱ། བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ་ཨི་དཾ་ནཱི་ལཱམྦ་ར་དྷ་ར་ཤ་རཱི་རཾ་བཛྲ་པཱ་ཎི་ཧྲི་ད་ཡཾ་ཡ་ས་མ་ཏི་ཀྲ་མཱ་ཏི་ཨུཏྶཱ་བྷ་ནཾ་བྷ་བི་ཤུདྡྷི་ཧཱུཾ་ཧཱུཾ།
ཨོཾ་བཛྲ་ཀྲ་མ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཨོཾ་བི་དཱ་ར་ཎཱ་ཡ་ཕཊ། ཀྲྀ་དྷ་སཱ་དྷ་ནཱ་ཡ་ཕཊ། ནཱི་ལཱཾ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བཱ་ལ་ཡ་ཕཊ། ཧ་ར་ཧ་ར། དྷ་ར་དྷ་ར། པྲ་ཧ་ར་པྲ་ཧ་ར། མཱ་ར་ཡ་མཱ་ར་ཡ། ཚིནྡ་ཚིནྡ། ཧ་ས་ཧ་ས། བྷིནྡ་བྷིནྡ། ནཱ་ཤ་ཡ་ནཱ་ཤ་ཡ། ཞེས་བྱ་བའི་གསང་སྔགས་བཟླས་པར་བྱའོ། །ཞེས་གསུངས་པ་ནི་རྒྱུད་དོན་མན་ངག་གིས་ཕྱེ་ནས་ལག་ཏུ་བླང་བདེ་བར་གསུངས་པ་ཡིན་པས་གཙོ་བོར་འདི་བཞིན་བྱེད་དགོས་ཏེ། མཐའ་གཅིག་ཏུ་ལས་སྦྱོར་གྱི་སྔགས་དང་བཅས་པ་རྒྱུད་ཀྱི་ནང་ན་ཡོད་པའི་རིམ་པ་དེ་ཁོ་ན་ལྟར་བཟླ་དགོས་ན་གྲུབ་ཆེན་གྱིས་འདིར་ཡབ་ཡུམ་ཐུན་མོང་བའི་སྔགས་རྫོགས་མཚམས་ལ་ཧཱུཾ་ཧཱུཾ་ཞེས་པ་བཏགས་ནས་མཚམས་ཕྱེ་བ་དང༌། ཧ་ར་ཧ་ར་ཞེས་སོགས་སྔགས་ཚན་བཞི་རྒྱུད་ན་གོང་དུ་གཏོར་ནས་ཡོད་པ་འོག་ཏུ་བླངས་ཏེ་གོ་རིམ་བཞིན་བསྡེབས་པ་རྣམས་དེ་ལྟར་གདོན་ཚུལ་མེད་པས་དགོས་པ་ཅིའང་མེད་པར་འགྱུར་བའི་ཕྱིར་རོ། །སྒྲུབ་ཐབས་ཆེ་བར། སརྦྦ་བིགྷྣཱན་ཞེས་པ་ནས་རཱ་ཛཱ་པ་ཡ་ཏི་སྭཱཧཱ། ཞེས་པའི་བར་སྔགས་ཚན་གསུམ་མ་བཏགས་ཀྱང་དེ་མི་དགོས་པ་མིན་ཏེ། གོང་མ་རྣམས་ལ་འདོར་ལེན་དང་གོ་རིམ་བསྡེབ་རྒྱུ་སོགས་ཡོད་པས་གསལ་བར་སྨོས་ཤིང༌། འདི་གསུམ་སྔ་མའི་འཕྲོ་རང་ཡིན་པས་རྟོགས་སླ་བར་དགོངས་ནས་མ་སྦྱར་བ་ཡིན་ནོ། །སྔགས་དོན་བོད་སྐད་དུ་བཀྲོལ་ན། རྒྱུད་འདི་གཙོ་བོར་ཆོས་སྒྲུབ་པ་པོ་རྣམས་སྙིགས་མའི་དུས་སུ་མ་རུང་བའི་ཀླུ་སོགས་དྲག་པོ་གསུམ་གྱི་འཚེ་བ་མང་བས་དེ་དག་ལ་བསྡིགས་ཤིང་དམ་བསྒྲག་བྱེད་པ་ཡིན་ཏེ།
དེའི་ཚུལ་ཡང༌། ཏདྱ་ཐཱ་ནི་འདི་ལྟ་སྟེ། བྷོཿ བྷོཿ ནི་ཀྱེ་ཀྱེ། བཱན་ནཱ་ག་ཨ་དྷི་པ་ཏ་ཡེ་ནི་བྲང་གིས་འགྲོ་བའི་ཀླུའི་མངའ་བདག་ལ་ཞེས་པ་སྟེ། དྲིལ་བས། འདི་ལྟ་སྟེ། ཀྱེ་ཀྱེ་བྲང་གིས་འགྲོ་བའི་ཀླུའི་བདག་པོ་རྣམས་ཞེས་ཀླུའི་གཙོ་བོ་རྣམས་ལ་བོས་པ་ཡིན་ནོ། །དེ་ནས་ཨི་དཾ་ནི་འདི་ལས་ཞེས་པ་ཡིན་ཞིང༌། འོག་གི་ཀྲ་མ་ཐཱ་ཞེས་པ་མ་འདའ་ཞིག་ཅེས་པ་ཡིན་པས། གང་ལས་མི་འདའ་ཞེ་ན། ནཱི་ལཱཾ་ནི་སྔོན་པོ། བ་ར་ནི་གོས། དྷ་ར་ནི་འཛིན་པའམ་འཆང་བ། ཤ་རཱི་རཾ་ནི་སྐུ། བཛྲ་ནི་རྡོ་རྗེ། པཱ་ཎི་ནི་ཕྱག་ན། ཧྲྀ་ད་ཡཾ་ནི་སྙིང་པོ། ཡ་ས་ཡུམ། མ་ཏི་ཤེས་རབ་སྟེ་དྲིལ་བས། གོས་སྔོན་པོ་འཆང་བའི་སྐུ་ཕྱག་ན་རྡོ་རྗེ་ཡུམ་ཤེས་རབ་མ་དང་བཅས་པའི་སྙིང་པོ་འདི་ལས་མ་འདའ་ཞེས་པ་ཡིན་ནོ། །དེའི་འཕྲོར་རྩ་རྒྱུད་ལས་ཨུཏྶཱ་དྷ་ནཾ་བྷ་བི་ཤུདྡྷི་ཞེས་དང༌། བཤད་རྒྱུད་ལས་མཱ་ཀུ་ལ་ཨུཏྶཱ་ད་ནཾ་བྷ་བིཥྱ་ནྟི་ཞེས་འབྱུང་བས། སྔ་མ་ལྟར་ན་ཨུཏ་ནི་ཐབས། སཱ་དྷ་ནཾ་ཡབ། བྷ་བི་ནི་རྣམ་པ། ཤུདྡྷེ་ནི་དག་པ་སྟེ། གོང་དུ་ཡུམ་ཤེས་རབ་ཅེས་པ་དེ་དང་སྦྲེལ་བས། ཡབ་ཡུམ་རྣམ་པར་དག་པའི་རིམ་པ་འདི་ལས་འདའ་བར་མ་བྱེད་ཅིག་ཅེས་པར་འགྲོ། ཕྱི་མ་ལྟར་ན། མཱ་ཀུ་ཡ་རིགས། ཨུཏྶཱ་ད་ནཾ་བྷ་བིཥྱ་ནྟི་ནི་བརླག་པར་མི་འགྱུར་རོ། །ཞེས་པ་སྟེ། གོང་གི་དམ་ཚིག་དེ་ལས་མ་འདས་ན་བརླག་པར་མི་འགྱུར་ཞེས་པ་ཡིན་ནོ། །རྒྱུད་གཉིས་ལས་འདིའི་འཕྲོར་ཏདྱ་ཐཱ་བུདྡྷཱ་ཞེས་སྦྲེལ་ནས་འབྱུང་ཡང༌། གྲུབ་ཆེན་གྱི་སྒྲུབ་ཐབས་སུ་ཧཱུཾ་ཧཱུཾ་ཞེས་བཏགས་ཤིང༌། རྒྱུད་འགྲེལ་དུ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་བཏགས་ནས་གསུངས་པས། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས། འདི་ལ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ་ཞེས་པ་འགྲེལ་པའི་ལུགས་དང༌། དེའི་ཤུལ་
དུ་ཧཱུཾ་ཧཱུཾ་ཞེས་བཅུག་པ་སྒྲུབ་ཐབས་ཀྱི་ལུགས་གཉིས་ཡོད། ཅེས་བཤད་ཀྱང་སྒྲུབ་ཐབས་ཀྱི་དགོངས་པ་དེའི་འཕྲོར་འཁོར་སྔགས་ནས་བཟུང་སྟེ་རཱ་ཛྙཱ་པ་ཡ་ཏི་སྭཱཧཱའི་བར་སྦྲེལ་ནས་འདོན་རྒྱུའི་དབང་དུ་བྱས་པ་དང༌། རྒྱུད་འགྲེལ་གྱི་དགོངས་པ་འཕྲོར་སྔགས་གཞན་མི་སྦྱོར་བར་ཡབ་ཡུམ་གྱི་སྔགས་རྐྱང་གདོན་ན་རཱ་ཛྙཱ་པ་ཡ་ཏི་ཞེས་པ་ཡར་ལེན་རྒྱུའི་དབང་དུ་བྱས་པ་ཡིན་ནམ་སྙམ། སྔགས་ལྷག་མའི་དོན་ནི་དམ་ལས་འདས་ན་ཉེས་པ་ཅི་འབྱུང་ཞེ་ན། ཏདྱ་ཐཱ་ནི་འདི་ལྟ་སྟེ། བུདྡྷ་གཉིས་ནི་སངས་རྒྱས་གཉིས། བི་བུདྡྷ་ནི་རྣམ་པར་སངས་རྒྱས། མ་ཏི་ཀྲ་མ་ཐཱ་ནི་རིམ་པ་ལས་མ་འདའ་ཞིག་ཅེས་པ་སྟེ། དྲིལ་བས། དུས་གསུམ་གྱི་སངས་རྒྱས་ཀྱི་བཀའི་རིམ་པ་ལས་མ་འདའ་ཞིག་ཅེས་པ་ཡིན་ཀྱང༌། སྔ་མ་དང་སྦྲེལ་བའི་ཚེ་ཚིག་གི་ནུས་པས། གསང་བའི་བདག་པོའི་བཀའ་ལས་འདས་ན་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བཀའ་ལས་འདས་པར་འགྱུར་ཞེས་པ་ཡིན་ནོ། །ད་ལྟ་དཔེ་ཕལ་ཆེར་དུ་བི་བུདྡྷ་གཉིས་འབྱུང་ཡང༌། རྒྱུད་འགྲེལ་དུ་གཅིག་བྱས་པ་དུས་གསུམ་སངས་རྒྱས་དང་སྦྱར་བ་ལ་འགྲིག་པར་སྣང་ངོ༌། །དེའི་བཀའ་བཅག་པའི་ཉེས་པ་ནི། ཧ་ར་འཕྲོས་པ་ལ་འཇུག་ཀྱང༌། འདིར་ཧ་ར་ཧ་ར་ཞེས་པ་ཟ་བ་ཟ་བ། ནཱ་ག་ཀླུ། ནཾ་མནན་ནས་ཞེས་པ་སྟེ། དྲིལ་ན་ཀླུ་རྣམས་མནན་ནས་ཟ་བ་དང༌། པྲ་ཧ་ར་གཉིས་ནི་རབ་ཏུ་ཟ་བ། ནཱ་ག་ནི་སྔར་དང་འདྲ་བས། དེ་གཉིས་ཀྱི་ཁྱད་པར་རང་གིས་ཟ་བར་མ་ཟད་གཞན་ལ་བགོས་ནས་ཟ་བའི་དོན་དུ་འགྲོ་སྟེ། རྒྱུད་འགྲེལ་ལས། ཀླུ་རྣམས་གདན་དུ་བྱས་ནས་ཟ་བ་དང༌། མནན་ནས་གཙོ་བོ་
ལ་སྟེར་བ་དང༌། ཞེས་གསུངས་པའི་དགོངས་པའོ། །ཚིནྡྷ་ཚིནྡྷ་ནི་ཆོད་ཆོད། ནཱ་ག་ནི་ཀླུ། ཧྲི་ད་ཡ་ནི་སྙིང་སྟེ། དྲིལ་བས་ཀླུ་རྣམས་ཀྱི་སྙིང་ཆོད་ཆོད། ཡང་བིནྡྷ་བིནྡྷ་ཞེས་པ་ཕུག་པར་འཇུག་པའི་སྐབས་ཡོད་ཀྱང༌། འདིར་ཆིངས་ཆིངས་ཞེས་པ་དང༌། ནཱ་ག་ཀླུ། མརྨ་ཎི་གནད་དམ་ལུས་ཏེ། རྒྱུད་འགྲེལ་དུ་ལུས་བཅིངས་པ་དང་ཞེས་སོ། །བི་ཤིརྱནྟུ་བསྡུས་ཞིག་གམ་རྣམ་པར་གཞིག་ཏུ་གསོལ། ནཱ་ག་ཤ་རཱི་རཾ་ནི་ཀླུའི་ལུས་རྣམས་ཏེ། དྲིལ་བས་ཀླུ་རྣམས་ཀྱི་ལུས་བསྡུས་ནས་སེམས་དང་ཕྲལ་ཏེ་ལུས་སེམས་ཁྲོལ་ཅིག་ཅེས་པ་སྟེ། འདིར་སེམས་ཀྱི་སྐད་དོད་མ་བྱུང་ཡང་འགྲེལ་པར། ཀླུའི་ལུས་དང་སྙིང་འདྲལ་བར་བྱེད་པ་ཞེས་འབྱུང་བས་དོན་གྱིས་ཐོབ་པར་མངོན། བི་སྥོ་ཊ་ཡ་ནི་ཁོས་ཤིག་གམ་རྣམ་པར་ཤོགས་ཤིག །ནཱ་ག་ནཱ་ཡ་ནཱཾ་ནི་ཀླུའི་མིག་རྣམས་ཏེ་མིག་ཕྱུང་ཞེས་པར་འགྲོ་ལ། རྒྱུད་འགྲེལ་དུ་ལུས་གཤོག་ཅེས་པ་མ་དག་གམ་དཔྱད། ནཱ་ག་བི་དཱ་ར་ཎ་ནི་ཀླུ་རྣམ་པར་འཇོམས་པ་དང༌། ནཱ་ག་ཀྲོ་དྷ་སཱ་དྷ་ནཱ་ཡ་ནི་ཀླུ་ཁྲོ་བོས་རླག་པར་བྱེད་པ་ལ་རྒྱུད་འགྲེལ་ལས་གསུངས་པས། དཔེ་དུ་མར་ནཱ་གོ་ཏ་སཱ་ད་ནཱ་ཡ་ཞེས་འབྱུང་བ་ནི་རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས། ནཱ་ག་ཨུཏྶཱ་ད་ནཱ་ཞེས་འབྱུང་བ་དེ་མཚམས་སྦྱར་བ་ཡིན་ན་ཁྲོ་བོའི་སྐད་དོད་མི་ཚང་ལ། རྩ་སྔགས་སུ་ཀྲོ་དྷ་མེད་ན་འཁོར་གྱི་ཁྲོ་མོ་མདངས་ཅན་མའི་སྔགས་མི་ཚང་བར་འགྱུར་རོ། །དེར་ཡང་ནཱ་གོ་ཏཱ་ད་ནཱའི་མགོར་ཨོཾ་སྦྱར་བས་ཆོག་མོད་སྙམ་ན། ཀྲོ་དྷ་སཱ་ད་ནཱ་ཞེས་པ་སྔགས་དངོས་གཞི་ཡིན་ལ། ནཱ་ག་གོང་དུ་སྦྱར་བ་སྤེལ་ཚིག་གིས་ཁ་བསྒྱུར་བ་ཡིན་ཏེ་འདིར་གཙོ་བོ་ཀླུ་ལ་དམ་བསྒྲགས་པ་དང་སྦྱར་བའི་དབང་གིས་དེ་ལྟར་
གསུངས་ཀྱང༌། གནོད་སྦྱིན་ལ་གཙོ་བོར་དམ་བསྒྲག་ཚེ། ཡཀྵ་བི་དཱ་ར་ཎཱ་དང༌། ཡཀྵ་ཀྲོ་དྷ་སཱ་ད་ནཱ་སོགས་སུ་བསྒྱུར་དགོས། ཡི་དྭགས་ཤ་ཟ་སོགས་བདུད་རིགས་ལ་དམ་བསྒྲགས་པའི་ཚེ། པྲེ་ཏ་པི་ཤ་ཙི་བི་དཱ་ར་ཎཱ་དང༌། པྲེ་ཏ་པི་ཤ་ཙི་ཀྲོ་དྷ་སཱ་ད་ནཱ་སོགས་སུ་སྒྱུར་དགོས་པར་བཤད་རྒྱུད་ལས་གསུངས་པའི་ཕྱིར་དང༌། གྲུབ་ཆེན་གྱི་འཇིག་རྟེན་པའི་སྒྲུབ་ཐབས་རྣམས་སུའང་སྦྱོར་ཚུལ་སོ་སོར་མཛད་པའི་ཕྱིར་རོ། །དེས་ན་འདི་ནི་དབྱངས་མཚམས་སྦྱོར་བའི་རིགས་འགྲེ་ཐལ་ཆེས་ཏེ་འདི་ལྟར་བྱས་པའི་དཔེ་རྒྱུན་མ་དག་པ་ཞིག་མཆེད་པ་ཡིན་ནམ་བརྟག་དགོས་སོ། །གནོད་སྦྱིན་ལ་གཙོ་བོར་དམ་བསྒྲག་ཚེ། གོང་གི་བྷོ་བྷོ་བཱ་ན་ཞེས་པ་དེའང་བྷོ་བྷོ་བཱ་ད་ཞེས་རྐང་པས་འགྲོ་བ་ལ་བསྒྱུར་དགོས་པར་གསུངས། བི་དཱ་ར་ནས་རོ་ཥ་ཎའི་བར་སྔགས་བརྒྱད་ཀྱིས་བསྟན་པའི་ཁྲོ་བོ་ཁྲོ་མོ་བརྒྱད་ཀྱིས་གདུག་པའི་གནོད་སྦྱིན་དང་བདུད་རྣམས་གཞོམ་པར་བྱེད་པས་དེ་དག་གནོད་སྦྱིན་དང་བདུད་ལ་དམ་བསྒྲགས་པའི་ཁོངས་སུའང་གཏོགས་ཤིང༌། སྔགས་དང་པོ་གཉིས་བཤད་ཟིན་པས་དེ་དང་ནཱི་ལཾ་བ་ས་ནཱ་ཡ་གོས་སྔོན་པོ་ཅན། ཨ་པྲ་ཏི་ཧ་ཏ་བཱ་ལཱ་ཡ་གཞོམ་དུ་མེད་པའི་སྟོབས་ཏེ་དེ་བཞི་ནི་འོད་ཟེར་ཅན་མ་སོགས་ཁྲོ་མོ་བཞིའི་སྔགས་སོ། །དེ་ནས་བ་རཱ་ཀྲ་མཱ་ཡ་ཕ་རོལ་གནོན་པ། ཀྲི་ཏཱནྟཱ་ཡ་མཐར་བྱེད། ཀྲྀ་ཏཱནྟ་རཱུ་པཱ་ཡ་མཐར་བྱེད་ཀྱི་གཟུགས་ཅན། རོ་ཥ་ཎ་ཡ་གཏུམ་པོ་སྟེ་བདུད་ལས་རྒྱལ་བྱེད་སོགས་ཁྲོ་བོ་བཞིའི་སྔགས་སོ། །ཧཱ་ས་ན་ཞེས་སྐྲག་པར་བྱེད་པ་བདུད་རིགས་སྤྱི་ཙམ་དང༌། ལྷག་མས་རིགས་གཏོགས་ཀྱི་གྲུལ་བུམ་ཡི་དྭགས་སོགས་སོ་སོར་བསྟན་པར་བྱེད་དགོས་ཏེ།
སྔགས་འདི་དག་གི་ཐོད་ཀྱི་རྒྱུད་འགྲེལ་ལས། བདུད་རྣམས་དང༌། གྲུལ་བུམ་རྣམས་དང༌། སྲོག་འཕྲོག་པར་བྱེད་པའི་ཡི་དྭགས་རྣམས་དང༌། ཞེས་སོགས་གསུངས་པའི་ཕྱིར། དེས་ན་སྐབས་འདིའི་བདུད་ཅེས་པ་ལྷའི་བུའི་བདུད་འདོད་པའི་ལྷར་གཏོགས་པ་དེ་ཙམ་ལ་མི་བྱེད་དེ། བདུད་སེལ་བའི་སྒྲུབ་ཐབས་ཀྱི་མཚན་ལ་ཡང་རྒྱ་གར་སྐད་དུ། ཀུཥྨ་ནྜོདྷ་པྲེ་ཏ་པི་ཤཱ་ཙ་ཡ་བི་ཤོ་དྷ་ཡ་ཧ་ར་སཱ་དྷ་ཞེས་དང༌། བོད་སྐད་དུ། ཡི་དྭགས་དང་ཤ་ཟ་དང་གྲུལ་བུམ་དང་སྲུལ་པོ་རྣམས་རྣམ་པར་སྦྱོང་ཞིང་སེལ་བའི་སྒྲུབ་ཐབས། ཞེས་འབྱུང་ངོ༌། །ཀུཥྨ་ཎ་གྲུལ་བུམ། ཌོཎྶཱ་དྷ་ན་སྲུལ་པོ། པྲེ་ཏ་ཡི་དྭགས། པི་ཤཱ་ཙི་ཤ་ཟ། བི་ནཱ་ཤ་ཀ་རཱ་ཡ་རྣམ་པར་ཞི་བར་མཛོད་ཅེས་ས་བླའི་གཞོམ་བྱ་རྣམས་དང༌། ཡཀྵ་གནོད་སྦྱིན། ཨ་པསྨ་ར་བརྗེད་བྱེད་དེ་ས་སྟེང་གི་གཞོམ་བྱ་རྣམས་བསྟན་ཏོ། །འཇོམས་ཚུལ་བི་ན་ཤ་ཀ་རཱ་སྟེ་ཞི་བར་གྱིས་ཞེས་མདོར་བསྟན་ནས། རྒྱས་པར་ན། ཧ་ས་གཉིས་ནི་ཟ་བའམ་བཞད་པའི་གད་རྒྱངས་ཀྱིས་སྤ་བཀོང་བའོ། །དྷ་ར་གཉིས་ནི་ཟུང་ཟུང༌། མཱ་ར་ཡ་གཉིས་ནི་སོད་སོད། ནཱ་ཤ་ཡ་གཉིས་ནི་ཞི་བར་གྱིས་ཞེས་ཡིན་ལ། རྒྱུད་འགྲེལ་ལས་འདི་བཞིའི་དོན། བརྡེག་པ་དང༌། འཇོམས་པ་དང༌། གསོད་པ་དང༌། གནོད་པར་བྱེད་པ་ཞེས་འབྱུང་ངོ༌། །འདི་བཞི་ནི་སྒོ་མ་བཞིའི་སྔགས་ཡིན་ལ། སྒོ་བ་བཞིའི་སྔགས་ནི་གོང་གི་ཀླུ་ལ་དམ་བསྒྲག་པའི་ལས་སྔགས་ཀྱི་ནང་ནས་བཏུས་པ་ཡིན་ནོ། །ནཱ་ཤ་ཡ་ཞེས་པའི་ཚབ་ཏུ་སྒྲུབ་ཐབས་ཆེ་བར་དྷཱ་ར་ཡ་ཞེས་འབྱུང་བ་རོང་སྟོན་གྱིས་ཡི་གེ་མ་དག་པ་ཡིན་གསུངས་ཀྱང༌། སྒོ་མ་བཞིའི་ཐད་ཀྱི་བསྟོད་པའི་འགྱུར་ལ། འགུགས་ཤིང་སྡུད་དང་སྡོམ་ཞི་མཛད། །ཅེས་
པ་གཅིག་དང༌། འགུགས་ཤིང་སྡུད་དང་སྡོམ་ཞིང་འཛིན། །ཞེས་པ་གཉིས་འབྱུང་བའི་ཕྱི་མ་དྷཱ་ར་ཡ་ཞེས་པ་དང་འགྲིག་པས་རྒྱ་དཔེ་ལ་ལུགས་གཉིས་ཡོད་པར་མངོན། འོན་ཀྱང་ནཱ་ཤ་ཡ་ཞེས་པ་རྩ་བཤད་ཕྱོགས་མཐུན་གྱི་རྒྱུད་དང་འགྲེལ་པ་མང་པོར་མཐུན་ཚབས་ཆེ་ལ། ཁྱད་པར་དུ་བཤད་རྒྱུད་ལས། ཞི་མཛད་དྲིལ་དུ་དྲིལ་བུ་ཞི། །ཞེས་ཞི་བའི་སྒྲས་གསལ་བར་གསུངས་པ་དང་མཐུན་པས་དེ་གཙོ་བོར་བྱེད་དགོས་སོ། །དེ་ནས་བགེགས་སྤྱི་ལ་སྦྱར་བ་ནི་སརྦྦ་བིགྷྞན་བི་ནཱ་ཤ་ཀ་རཱ་ཡ་ནི་བགེགས་ཐམས་ཅད་རྣམ་པར་ཞི་བར་མཛོད། སརྦྦ་ཤ་ཏྲུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ནི་དགེ་འདུན་གྱི་དགྲ་ཐམས་ཅད་རྣམ་པར་ཞི་བར་མཛོད་ཅེས་པ་ཡིན་ནོ། །འདུལ་འཛིན་ཆོ་གའི་མཆན་དུ། དགྲའི་ཚོགས་ཐམས་ཅད་རྣམ་པར་ཞི་བར་མཛོད་ཅེས་འབྱུང་བ་ལྟར་ན། ལྕང་སྐྱ་ཐམས་ཅད་མཁྱེན་པས། སརྦྦ་ཤ་ཏྲུཾ་ག་ཎ་བི་ནཱ་ཤ་ཀ་རཱ་ཞེས་གསུངས་པ་ལྟར་བྱེད་དགོས་ཀྱང༌། རྒྱུད་དང་གྲུབ་ཆེན་གྱི་གཞུང་ཀུན་ཏུ་སརྦ་ཤ་ཏྲཱུཾ་སཾ་གྷ་ཞེས་འབྱུང་ལ། རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས་ཀྱང༌། སརྦྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། དགེ་འདུན་གྱི་དགྲ་འདུལ་བའོ། །ཞེས་གསུངས་པ་དང༌། དེར་མ་ཟད་རྒྱུད་འགྲེལ་དུ་སཾ་གྷ་ཞེས་པའི་ཚབ་ལ་བུདྡྷྱ་དང་དྷརྨྨ་ཡ་གཉིས་ཀྱང་བཅུག་སྟེ་བསྟན་དགྲ་བཟློག་པའི་ལས་སྦྱོར་བྱེད་ཚུལ་ཡང་གསུངས་སོ། །འོན་ཀྱང་འདིར་དགེ་འདུན་ཙམ་སྨོས་པ་ནི་ད་ལྟ་དགྲ་རྣམས་ཀྱིས་བསྟན་པ་ལ་གནོད་པ་བྱེད་ཚེ་བྱ་བའི་ཡུལ་དངོས་ནི་དགེ་འདུན་ཡིན་པས་དེ་གཙོ་བོར་སྨོས་པ་ཡིན་ནོ། །སྔགས་ཐ་མ་ནཱི་ལཱཾ་བ་
ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཞེས་པ་ནི་གོས་སྔོན་པོ་འཛིན་པའི་ཕྱག་ན་རྡོ་རྗེའི་བཀའ་བསྒོ་བར་བྱེད་དོ་ཞེས་པ་ཡིན་ནོ། །ཏདྱ་ཐཱ། བྷོ་བྷོ་ཞེས་པ་ནས་བྷ་བི་ཥྱ་ཏི་ཧཱུཾ་ཧཱུཾ་ཞེས་པ་འདི་ཡབ་ཡུམ་ཐུན་མོང་གི་སྔགས་ཡིན་པས་ནང་མཆོད་སོགས་འདིས་ཐུན་མོང་དུ་ཕུལ་ཆོག་ཀྱང་ཡུམ་ལ་སྔགས་ཟུར་པ་མེད་པས་ཡུམ་གྱི་སྔགས་གྲངས་གསོག་ཚེ་འདི་ལ་བྱེད་དགོས། དེའི་མཐར་ཨོཾ་བཛྲ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟཱ་ཡ་ཕཊ། ཅེས་པ་ནས། ནཱ་ཤ་ཡ་ཞེས་པའི་བར་དང༌། མཇུག་ཏུ་སརྦྦ་བིགྷྣཱན་ཞེས་སོགས་ཚན་གསུམ་བཏགས་པ་ལ་རྩ་སྔགས་སུ་བྱས་ཆོག་པར་ཤེར་འབྱུང་བ་དང་ཡེ་ཤེས་རྩེ་མོས་གསུངས་ལ། དེ་ནི་རྒྱུད་ཀྱི་ལས་དོན་གྲུབ་ཆེན་གྱིས་གསལ་བར་མཛད་པ་ཡིན་ནོ། །འོན་ཀྱང་སྦྱོར་ཚུལ་འདི་རྒྱུད་འགྲེལ་གྱི་བཤད་པར་ཡེ་ཤེས་རྩེ་མོས་གསུངས་པ་ནི་ཡི་གེ་ནོར་བར་སྣང་སྟེ་སྒྲུབ་ཐབས་ཆེ་བས་བཤད་པ་ལས་རྒྱུད་འགྲེལ་ན་མི་གསལ་ལོ། །བཟླ་བྱའི་སྔགས་ཀྱི་དོན་ལེགས་པར་བཤད་ཡོད་དོ། །དེ་ཇི་ལྟར་བཟླ་བའི་ཚུལ་ནི་གོང་དུ་བཤད་པ་ལྟར་སྤྲོ་བསྡུའི་དམིགས་པ་དང་བཅས་ཏེ་བཟླས་པ་ལ་དམ་ཚིག་གི་བཟླས་པ་ཞེས་ཟེར་ཞིང་སྙིང་པོ་ཉེ་སྙིང་རྣམས་གཙོ་བོར་བཟླ་ཚུལ་ཡིན་ནོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ང་རྒྱལ་གྱིས་སྔགས་ཕྲེང་རང་གི་ཞལ་དུ་ཞུགས་པ་རྡོ་རྗེའི་ལམ་ནས་འཐོན་ཏེ་ཡུམ་གྱི་པདྨར་སོང་ཞིང༌། ཡུམ་གྱི་རྩ་དབུ་མ་ལས་གྱེན་དུ་བྱུང་སྟེ་ཡུམ་གྱི་ཞལ་ནས་བྱུང་བ་རང་གི་ཞལ་དུ་ཞུགས་ཤིང༌། རང་གི་རྩ་དབུ་མའི་ནང་ནས་འཁོར་བར་བསྒོམ་པ་ཡི་གེ་ལྷོད་ཅིང་ཞི་བའི་རྣམ་པར་བཟླ་བ་ཁྱོགས་ཀྱི་བཟླས་པ་དང༌། དང་པོར་ཡུམ་གྱི་ཞལ་དུ་ཞུགས་ནས་སྔར་བཞིན་འཁོར་བ་སྡུག་ཅིང་རྩུབ་པའི་
ཡི་གེ་ཅན་དུ་བྱེད་པ་ཁྲོས་པའི་བཟླས་པ་སྟེ་འདི་གཉིས་རྩ་སྔགས་བཟླ་ཚུལ་ལོ། །རང་གཞན་གཉིས་ཀས་ཐོས་པར་དྲག་ཏུ་བརྗོད་པ་ཁྲོ་བོའི་བཟླས་པ་དང༌། ཐུགས་ཀའི་ས་བོན་ལ་སྔགས་རྣམས་མགོ་གྱེན་དུ་བསྟན་པའི་རྣམ་པས་འགྲེང་སྟེ་ཟླུམ་པོར་བསྐོར་བ་མར་མེ་ལྟར་འོད་འབར་བའི་རྣམ་པ་ཅན་ལ་སེམས་ཀྱིས་བྲིས་པ་བཞིན་དུ་དམིགས་ནས་བཟླ་བ་གོང་བུའི་བཟླས་པ་སྟེ་འདི་གཉིས་ཀྱིས་སྔགས་གསུམ་ག་བཟླའོ། །ལྕེ་མཆུ་མི་འགུལ་ཞིང་སྒྲ་མེད་པར་ཡིད་སྦྱོར་ལྟ་བུ་བྱེད་པ་ལ་བསྐྱེད་རིམ་པའི་རྡོར་བཟླས་ཞེས་གསུངས་སོ། །འདིའི་ཐུན་མོང་མ་ཡིན་པའི་དམིགས་པ་དྲག་པོ་གསུམ་འདུལ་ཚུལ་ནི་འོག་ཏུ་འཆད་པར་འགྱུར་རོ། །དེའང་གཞན་ལ་དབང་བསྐུར་བ་དང༌། རང་ཉིད་བདག་འཇུག་བྱེད་པ་དང༌། རབ་གནས་སོགས་བྱེད་པ་ལ་དབང་བ་ལ་སྔོན་དུ་བསྙེན་པའི་གྲངས་ཚད་དུ་ཕྱིན་པ་མ་བྱས་པར་བྱར་མི་རུང་སྟེ། སྙིང་པོ་མདོར་བསགས་ལས། དཀྱིལ་འཁོར་མཆོག་གི་སློབ་དཔོན་གྱིས། །སྔོན་དུ་བསྙེན་པ་ལ་འབད་ནས། །དེ་ནས་དཀྱིལ་འཁོར་དེ་ཉིད་ནི། །ཤིན་ཏུ་དུལ་བས་བརྟག་པར་བྱ། །ལྷ་ནི་མཉེས་པར་མ་བྱས་པར། །བདག་ཉིད་རྣམ་པར་སུན་འབྱིན་ཡིན། །ཞེས་བསྙེན་པ་སྔོན་དུ་འགྲོ་དགོས་པས་གཙོ་བོའི་སྙིང་པོའམ་རྩ་སྔགས་འབུམ། ཡུམ་ལ་སོགས་པ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་ཁྲི་ཕྲག་རེ། ཐུན་མོང་དུ་ཡེ་ཤེས་འབེབས་པའི་སྔགས་འབུམ་མམ་ཁྲི། དེའི་མ་དག་པ་ཁ་སྐོང་བའི་སྦྱིན་སྲེག་དང་བཅས་པ་ཤིན་ཏུ་གལ་ཆེ་ལ། རྒྱུན་གྱི་བསྙེན་པར་རྩ་སྔགས་གཙོ་བོ་བྱེད་དགོས་པར་རྒྱུད་ལས་གསུངས་སོ། །དེའང་
གྲངས་སོང་བ་ཙམ་གྱིས་མི་ཆོག་གི །བཟླ་བའི་ཚེ་ཤིན་ཏུ་མྱུར་བུལ་གཉིས་དང༌། ཤིན་ཏུ་གསལ་མི་གསལ་དང༌། རིང་ཐུང་གོ་བཟློག་པ་དང༌། གཏམ་གཞན་གྱིས་བར་ཆོད་པ་དང༌། སེམས་གཞན་དུ་གཡེང་བ་སོགས་སྤངས་ཤིང༌། ཁྱད་པར་དུ་སེམས་གཞན་དུ་མ་ཡེངས་པ་གལ་ཆེ་སྟེ། གདོང་དྲུག་གི་རྒྱུད་ལས། གཞན་དུ་མི་འགྲོའི་སེམས་ཀྱིས་ནི། །དེ་ལྟའི་ཚུལ་དུ་བཟླས་པ་བྱ། །ཡུལ་གཞན་བློ་ནི་འགྲོ་བ་ཡིས། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང༌། དགྲ་ནག་གི་རིམ་པ་བཅུ་གཉིས་པ་ལས། བཟླས་པ་གང་ཞིག་རབ་བཟླས་ན། །དངོས་གྲུབ་ཡངས་པ་ཐོབ་པ་ནི། །མྱུར་བར་མ་ཡིན་དལ་བར་མིན། །རིང་དུ་མ་ཡིན་ཐུང་ངུ་མིན། །ཞེས་དང༌། ནག་པོའི་འགྲེལ་པ་ལས་ཀྱང༌། མྱུར་བར་མ་ཡིན་ཏེ་སྟུག་པོ་མི་རྫོགས་ཤིང་རིང་པོ་ཐུང་ངུར་འགྱུར་བའི་ཕྱིར། དལ་བར་མ་ཡིན་ཏེ་སྟུག་པོ་ལྷག་པར་འཕེལ་ཞིང་ཐུང་ངུ་རིང་པོར་འགྱུར་བའི་ཕྱིར་རོ། །རིང་དུ་མ་ཡིན་ཏེ་ལྷག་པ་འཇུག་པའི་ཕྱིར་རོ། །ཐུང་ངུ་མ་ཡིན་ཏེ་ཁོངས་ནས་འབྱུང་བ་མེད་པའི་ཕྱིར་རོ། །ཞེས་སོགས་ཀྱིས་སྔགས་འབྲུ་རང་རང་ཀློག་པའི་ཚད་ལས་རིང་ཐུང་དུ་གྱུར་ན་ཆད་ལྷག་སོགས་ཀྱི་སྐྱོན་དུ་འགྱུར་བས་སྒྲ་དག་ཅིང་གསལ་ལ་རིང་ཐུང་རན་དགོས་པར་ནན་ཏན་དུ་གསུངས་སོ། །དེའང་ཐུན་གྱི་ངོ་བོ་ལ་མ་ཡེངས་པར་སྨྲ་བ་གཞན་བཅད་ནས་བཟླས་པ་རྣམས་གྲངས་སུ་གཞུག་གི །ཐུན་བར་དུ་བཟླས་པ་དང༌། སེམས་ཡེངས་ནས་བཟླས་པ་སོགས་ནི་གྲངས་ལ་མི་ཕན་ཡང་སྤྱོད་ལམ་ཀུན་གྱི་ཚེ་བཟླས་ན་བསོད་ནམས་འཕེལ་ཞིང་བར་ཆད་སྲུང་བ་སོགས་ཀྱི་དགོས་པ་ཆེ་བར་བདེ་མཆོག་རྩ་
རྒྱུད་སོགས་ལས་གསུངས་སོ། །བཟླས་པའི་མཐར་གཙོ་འཁོར་རྣམས་ཀྱི་སྤྱི་བོའི་རིགས་བདག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་གི་མཐར་ཡིག་བརྒྱ་ཁ་དོག་དཀར་པོས་བསྐོར་བ་ལས་བདུད་རྩིའི་རྒྱུན་དཀར་པོ་བབས་སྤྱི་བོ་ནས་ཞུགས། ཆད་ལྷག་ལ་སོགས་པ་ལས་བྱུང་བའི་ཉེས་པ་ཐམས་ཅད་དུད་ཁུ་ལ་སོགས་པའི་རྣམ་པར་ཕྱིར་དེད་ནས་བཀྲུས་པར་བསམས་པ་ནི་རང་ཅག་ལས་དང་པོ་བ་ལ་ཤིན་ཏུ་མཁོ་བའི་མན་ངག་དམ་པ་ཡིན་ནོ། །འདིར་བཟླས་པ་བྱས་པ་ནི་གསུང་གི་འཕྲིན་ལས་ཆོས་སྟོན་པ་དང་མཐུན། ཕྲ་ཐིག་བསྒོམས་པ་དང་དག་པ་དྲན་པ་སོགས་ཐུགས་ཀྱི་འཕྲིན་ལས་ནང་དུ་ཡང་དག་འཇོག་ལ་ཞུགས་པ་དང་ཆོས་མཐུན་པས་འདི་གཉིས་ལས་རྒྱལ་མཆོག་གཙོ་བོ་ཡིན་ཞིང༌། མཆོད་བསྟོད་བདག་གིར་མཛད་པ་ནི་སྟོན་པས་འཇིག་རྟེན་གྱི་ཡོན་གནས་མཛད་པ་དང་རྣམ་པ་མཐུན་པར་བྱས་པའི་ཡན་ལག་ཡིན་ནོ། །མཚམས་འདིར་མཆོད་བསྟོད་མདོར་བསྡུས་ཤིག་བྱས་ཀྱང་རུང་ངོ༌། །དེ་ནས་དག་པ་དྲན་པ་ནི། དེའང་གཙོ་བོའི་སྐུ་མདོག་མཐིང་ནག་ནི་ཆོས་དབྱིངས་ཡེ་ཤེས་མཚན་མས་མི་གཡོ་བ་དང༌། གཡས་ཞལ་དཀར་བ་ནི་ཡེ་ཤེས་དེ་ལ་ཉེས་པའི་སྐྱོན་གྱིས་མ་གོས་པ་དང༌། དེའི་ཡ་སོས་མ་མཆུ་མནན་པ་ནི་ཐབས་ཤེས་དབྱེར་མེད་ཅིང་གདུག་པ་ཅན་རྣམས་བསྡིགས་པར་མཛད་པ་དང༌། གཡོན་ཞལ་དམར་ཞིང་རྒོད་པ་ནི་སེམས་ཅན་རྣམས་ལ་རྗེས་སུ་ཆགས་པ་དང༌། དེ་ཟླུམ་ཞིང་རྒྱས་པ་ཆོས་སྐུ་སྤྲོས་པ་དང་བྲལ་ཞིང་ཟག་མེད་ཀྱི་བདེ་བས་རྒྱུད་གང་བ་དང༌། ཞལ་རྣམས་སྤྱན་གསུམ་གསུམ་དང་ལྡན་པ་ནི་རྣམ་ཐར་
སྒོ་གསུམ་དང་ལྡན་ཞིང་དུས་གསུམ་གཟིགས་པ་དང༌། སྤྱན་རྩ་དམར་བ་སྙིང་རྗེས་འགྲོ་བ་མི་གཏོང་བ་དང༌། མཆེ་བ་གཙིགས་པས་དུག་གསུམ་རྩད་ནས་གཅོད་ཅིང་སྡང་བ་དང་མ་རུང་པ་སྐྲག་པར་མཛད་པ་དང༌། ཧཱུཾ་ཧཱུཾ་དང་ཨ་ལ་ལའི་སྒྲ་ཆེན་པོ་འབྲུག་ལྟར་སྒྲོགས་ཤིང་དབུགས་མེ་ལྕེ་ལྟར་འབར་ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་ཚར་གཅོད་ཅིང་སྨིན་པར་མཛད་པ་དང༌། སྨིན་མ་དང་དཔྲལ་བའི་མཚམས་སུ་ཁྲོ་གཉེར་གསུམ་གསུམ་བསྡུས་པ་ནི་སྐུ་གསུམ་དང་ལྡན་པ་དང༌། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ་ནི་རླུང་སེམས་གཙུག་ཏོར་དུ་བརྟན་པ་དང༌། ཕྱག་དྲུག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དག་པ་དང། གཡས་ཀྱི་རྡོ་རྗེ་ནི་ཡེ་ཤེས་ལྔ་ཐུགས་སུ་ཆུད་པ་དང༌། གཡོན་གྱི་སྡིགས་མཛུབ་ནི་དེ་མ་རྟོགས་པ་ལ་སྟོན་པ་དང༌། བར་པ་གཉིས་ཐལ་མོ་བརྡེབ་ཅིང་ཡུམ་ལ་འཁྱུད་ པ་ནི་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བདག ་ཏུ་འཛིན་པའི་རི་བོ་འཇོམས་པ་དང༌། ཕྱག་ཐ་མའི་སྦྲུལ་ནི་ཞེ་སྡང་རྣམ་པར་དག་ཅིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་འགྱུར་བ་དང༌། ཡུམ་དང་སྦྱོར་བ་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་གཟུང་འཛིན་གྱི་རྣམ་རྟོག་སྤངས་པ་དང༌། གོས་སྔོན་པོའི་སྟོད་གཡོགས་དང་སྟག་ལྤགས་ནི་ང་རྒྱལ་དག་པ་དང༌། ཀླུ་བརྒྱད་ཀྱིས་བརྒྱན་པ་ནི་དུག་གསུམ་རྣམ་པར་དག་ནས་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་སྣ་ཚོགས་འབྱུང་བ་དང༌། ཞབས་གཡས་ཐབས་ཀྱི་ཆ་བསྐུམ་པས་ཚངས་པ་དང་ཟླ་བ་མནན་པ་ནི་ཆད་པ་མྱང་འདས་ཀྱི་མེད་མཐའ་སྤངས་པ་དང༌། གཡོན་ཤེས་རབ་ཀྱི་ཆ་བརྐྱང་བས་བརྒྱ་བྱིན་དང་ཉི་མ་མནན་པ་ནི་རྟག་པ་འཁོར་བའི་ཡོད་མཐའ་
སྤངས་པ་མཚོན་ལ། མདོར་ན་ཕུང་བོ་ལྔ་དང་ཉོན་མོངས་ལྔ་རྣམ་པར་དག་པ་གཙོ་བོ་ལ་སོགས་པ་རིགས་ལྔ། ཁམས་ལྔ་རྣམ་པར་དག་པ་མཛེས་ལྡན་མ་ལ་སོགས་པའི་ཡུམ་ལྔ། ཚད་མེད་པ་བཞི་དང་འཕྲིན་ལས་བཞི་རྣམ་པར་དག་པ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཁྲོ་བོ་བཞི་དང་ལྕགས་ཀྱུ་མ་ལ་སོགས་པའི་ཁྲོ་མོ་བཞི་སྟེ། མདོར་ན་གཙོ་བོ་དཔལ་འཁོར་ལོ་ཆེན་པོའི་ཡེ་ཤེས་ཀྱི་གཟུང་ཆ་ཁོ་ན་རྟེན་བརྟེན་པའི་དཀྱིལ་འཁོར་རྣམ་པ་སྣ་ཚོགས་པར་སྣང་བ་ཡིན་གྱི། དེ་ལས་དོན་གཞན་དུ་གྱུར་ པ་ཅིའང་མེད་པས་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བདག ་ཉིད་འབའ་ཞིག་གོ་སྙམ་དུ་དྲན་པར་བྱ་སྟེ། དག་པ་འདི་དག་ནི་གཙོ་བོར་རྒྱུད་འགྲེལ་བདུད་རྩིའི་མྱུ་གུ་ལ་བརྟེན་ཅིང་གྲུབ་ཆེན་གྱིས་མཛད་པའི་བསྟོད་པ་དང་གཞུང་གཞན་ནས་རིགས་འགྲེ་སྦྱར་ཏེ་ཁ་བསྐངས་པའང་ཅི་རིགས་སྣང་ངོ༌། །དེར་མ་ཟད་བཞུགས་ཚུལ་གྱི་སྟེང་ནས་ཀྱང་ཕྱིའི་དྲེགས་པ་གསུམ་འདུལ་ཚུལ་མཚོན་ནུས་ཤིང༌། དེ་ནང་ལ་སྦྱར་ཚེ་དུག་གསུམ་འདུལ་བ་དང༌། ཁྱད་པར་སྔགས་ལམ་གྱིས་སྣང་མཆེད་ཐོབ་གསུམ་དག་པ་ལས་ངེས་དོན་གྱི་རྡོ་རྗེ་འོད་གསལ་གྱི་ཡེ་ཤེས་འགྲུབ་པ་སོགས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བགྲོད་ཚུལ་ཐམས་ཅད་ཀྱང་སྐུའི་དག་པའི་སྟེང་ནས་ཤེས་པར་ནུས་སོ། །དེར་མ་ཟད་རྟེན་གཞལ་ཡས་ཁང་གི་འོག་བཞིའི་པདྨས་འཁོར་བའི་སྐྱོན་གྱིས་མ་གོས་པ་དང༌། ཆོས་འབྱུང་གིས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རང་མདངས་ལས་མ་འདས་པ་དང༌། སྣ་ཚོགས་རྡོ་རྗེས་འཕྲིན་ལས་བཞི་ལྷུན་
གྱིས་གྲུབ་པ་དང༌། རྟ་བབས་བཞིས་བསམ་གཏན་བཞི་དང༌། འདོད་སྣམ་བཞིས་ཏིང་ངེ་འཛིན་བཞི་དང༌། གྲུ་བཞིས་ཐབས་ཀྱི་དབང་དུ་བྱས་ཚེ་ཚད་མེད་བཞིའི་ཚུལ་གྱིས་མི་མཉམ་པ་མེད་ཅིང༌། ཤེས་རབ་ཀྱི་དབང་དུ་བྱས་ཚེ་འཁོར་འདས་མཐའ་དག་ཆོས་དབྱིངས་སུ་མི་མཉམ་པ་མེད་པ་དང༌། སྒོ་བཞིས་བསྡུ་བ་བཞིས་སེམས་ཅན་རྣམས་བསྡུས་ཏེ་སྨིན་པར་བྱེད་པ་དང༌། རྩིག་པ་ལྔ་སྦྲགས་ཀྱིས་ཡེ་ཤེས་ལྔའི་བདག་ཉིད་དུ་གནས་པ་དང༌། དྲ་བ་དྲ་ཕྱེད་ཀྱིས་བྱང་ཆུབ་ཡན་ལག་བདུན་དང༌། དྲིལ་བུ་གཡེར་ཁས་གདུལ་བྱ་ལ་ཆོས་སྟོན་པ་སོགས་མདོར་ན་རྟེན་གཞལ་ཡས་ཁང་གི་ཆ་ཐམས་ཅད་ཀྱང་གཙོ་བོའི་ཐུགས་བདེ་སྟོང་གི་ཡེ་ཤེས་ཀྱི་ཁྱད་པར་སོ་སོ་བ་རྣམས་དེ་དང་དེའི་རྣམ་པར་ཤར་བ་ཡིན་ནོ། །དེ་ལྟར་དག་པ་བསྒོམ་པ་ནི་གཙོ་འཁོར་དང་རྟེན་བརྟེན་པའི་རྣམ་པར་སྣང་བ་རྣམས་ཐ་མལ་གྱི་སྣོད་བཅུད་ལྟར་དོན་གཞན་དུ་འཛིན་པ་འགོག་ཆེད་ཡིན་ཞིང༌། དེའི་མཐུས་མ་དག་པའི་སྣོད་བཅུད་མཐའ་དག་སྦྱངས་ཏེ་རྟེན་བརྟེན་པ་ཐམས་ཅད་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ནའི་རྣམ་འཕྲུལ་དུ་འབྱུང་བས། གསང་བ་སྒྲུབ་པ་ལས། བརྗོད་མིན་ཀུན་ལ་ཁྱབ་པའི་གནས། །ཐམས་ཅད་དེ་ཡི་རྣམ་འཕྲུལ་ལོ། །ཞེས་གསུངས་སོ། །དེས་ན་དག་པ་བསྒོམ་པ་ཤིན་ཏུ་གལ་ཆེ་བའི་ཚུལ་བརྟག་གཉིས་ལས། དག་པས་བདུད་རྩིར་འགྱུར་བ་སྟེ། །ཞེས་སོགས་ཀྱིས་ནན་ཏན་དུ་གསུངས་ཤིང༌། བཏག་པ་སྔ་ཕྱིར་རིམ་གཉིས་སོ་སོ་ལ་ལྟོས་པའི་དག་པ་བསམ་ཚུལ་མི་འདྲ་བར་གསུངས་པ་རྣམས་ནི་རྡོ་རྗེ་གསུམ་གྱི་སྣང་བར་བཤད་ཟིན་ཏོ། །དག་པ་བསྒོམ་པའི་མཚམས་
ནི་འགའ་ཞིག་ཏུ་མཆོད་བསྟོད་དང་བཟླས་པའི་བར་དུ་བྱེད་པ་དང༌། བདེ་མཆོག་ལྟ་བུར་ལུས་དཀྱིལ་བསྒོམ་པའི་སྔ་ཕྱིར་བྱེད་ལུགས་གཉིས་སོགས་ཡོད་པས་གཅིག་ཏུ་ངེས་གཟུང་མི་དགོས་སོ། །སྔ་མ་འགའ་ཞིག་དང་ཡེ་ཤེས་རྩེ་མོས་མངོན་རྟོགས་གསལ་འདེབས་པ་དང་དཀྱུས་གཅིག་ཏུ་བྱས་པ་ནི་འཇུག་པ་མི་བདེ་བར་རོང་སྟོན་གྱིས་གསུང་བ་མད་པར་སྣང་བས། འདིར་འདུལ་འཛིན་གྱི་གསུང་སོགས་ཕལ་ཆེར་བཟླས་པའི་འཕྲོར་བྱས་འདུག་པ་མངོན་བརྗོད་དང་མཐུན་པར་སྣང་ངོ༌། །གསུམ་པ་ཐུན་གྱི་མཇུག་ཏུ་ཇི་ལྟར་བྱ་བ་ལ་གཏོར་མ་འབུལ་ཚུལ་དང༌། ཉེར་བསྡུ་བྱས་ཏེ་ཐུན་མཚམས་སུ་ལྡང་ཚུལ་གཉིས། དང་པོ་ལ་གཏོར་མའི་རྒྱུ་ནི་ཛ་ཝ་རི་པའི་གཏོར་ཆོག་ལས། བདུད་རྩི་ཤ་ལྔ་ཅི་འབྱོར་བ། །ཞེས་དང༌། བཟའ་བ་བཅའ་བ་འཇིབ་དང་བཏུང༌། །རིན་ཆེན་སྣོད་དུ་རབ་ཏུ་བཤམ། །ཞེས་པ་ལྟར་གཙང་ཞིང་གྱ་ནོམ་པའི་གཏོར་རྫས་ཅི་འབྱོར་བ་དང༌། མ་མཐའ་ཤ་དང་ཆང་གཉིས་མེད་མི་རུང་ལྟ་བུ་ཡིན་ལ། གལ་ཏེ་མ་འབྱོར་ན་ཟན་དང་ཆུ་ཙམ་གྱིས་རུང་བར་གསུངས་སོ། །བྱིན་རླབས་བྱེད་ཚུལ་སྔོན་འགྲོའི་མཆོད་གཏོར་དང་འདྲ། གཏོར་མགྲོན་བསྐྱེད་ཚུལ་དམ་པ་གོང་མ་རྣམས་ཀྱི་བཞེད་པ་མི་འདྲ་བ་སྣ་ཚོགས་འདུག་ཀྱང༌། རོང་སྟོན་གྱི་གསུང་ཚུལ་འདི་གྲུབ་ཆེན་རང་གི་གཞུང་དང་མཐུན་ཚབས་ཆེ་བར་སྣང་བས་དེ་བཞིན་དུ་བཤད་པར་བྱའོ། །དེའང་གྲུབ་ཆེན་གྱི་གཏོར་མའི་ཆོ་ག་ལས། དེ་རྗེས་མདུན་གྱི་མཁའ་སྟེང་ལ། །བཾ་ལས་ཆུ་སྐྱེས་འདབ་བརྒྱད་བསྐྱེད། །དེ་དབུས་ཧཱུཾ་ལས་འདོད་ལྷ་བསྐྱེད། །ལྟེ་འཁོར་དག་ལ་
ཨོཾ་ལས་ནི། །ཕྱོགས་བཞིར་སངས་རྒྱས་བཞི་ཡང་བསྐྱེད། །འདབ་མ་མཚམས་བཞིར་ཁྲོ་མོ་སྟེ། །གོང་རས་སྒོ་བ་བཞི་བོ་འོ། །ཞེས་འཇིག་རྟེན་ལས་འདས་པའི་གཏོར་མགྲོན་དང༌། དམར་བའི་ས་བོན་འདབ་བརྒྱད་དམར། །ཕུཿ ལས་འདབ་མར་ཀླུ་བརྒྱད་བསྐྱེད། །ཟེའུ་འབྲུ་བཅུ་དྲུག་སྣ་ཚོགས་ལ། །བདུད་དང་གནོད་སྦྱིན་སྣ་ཚོགས་བསྐྱེད། །ཅེས་འཇིག་རྟེན་པའི་མགྲོན་གསལ་འདེབས་ཚུལ་གསུངས་སོ། །དེའང་རྒྱུད་འདིའི་གསུང་ཚུལ་ལ་མཁའ་ཞེས་པ་ཕལ་ཆེར་ཆོས་འབྱུང་ལ་གོ་དགོས་པ་གོང་དུ་བཤད་པ་བཞིན་ཡིན་པས། རང་གི་མདུན་དུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་པ་ཕྱི་དཀར་ལ་ནང་དམར་བ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པའི་ནང་གི་སྟེང་གི་ཆ་ལ་པཾ་ལས་པདྨ་འདབ་བརྒྱད། དེའི་ལྟེ་བར་ཧཱུཾ་ལས་སངས་རྒྱས་འཁོར་ལོ་ཆེན་པོ་ཡབ་ཡུམ། དེའི་མཐའ་སྐོར་འདབ་མ་བརྒྱད་ཀྱི་ཕྱོགས་བཞི་ལ་ཧཱུཾ་བཞི་ལས་བདུད་ལས་རྒྱལ་བྱེད་སོགས་ཁྲོ་བོ་བཞི། མཚམས་ཀྱི་འདབ་མ་བཞི་ལ་ཧཱུཾ་བཞི་ལས་འོད་ཟེར་ཅན་མ་སོགས་ཁྲོ་མོ་བཞི། འདབ་མ་རྣམས་ཀྱི་གོང་རས་བརྒྱད་ལ་ཛཿ ཧཱུཾ་བཾ་ཧོཿ བཞི་ཚན་གཉིས་ལས་རྡོ་རྗེ་ལྕགས་ཀྱུ་སོགས་བཞི་དང་ལྕགས་ཀྱུ་མ་སོགས་བཞི་འགོད་དགོས་ཏེ། འདིར་མཚམས་ཀྱི་འདབ་མ་བཞིར་ཡུམ་བཞི་འགོད་པ་གསལ་བར་གསུངས་པས་ཡབ་བཞི་ཕྱོགས་སུ་འགོད་པ་དང་གྲལ་བསྒྲིག་ལྟ་བུ་ལས་ཞལ་སྦྱོར་མིན་པ་གོ་ནུས་ཤིང༌། འདབ་མ་བརྒྱད་བྱུང་ཚེ་གོང་རས་བརྒྱད་ལ་སྒོ་བ་ཡབ་ཡུམ་སོ་སོར་འགོད་པ་གསལ་བར་འགྲུབ་བོ། །ཕྱོགས་ཀྱི་ཁྲོ་བོ་བཞིའི་ས་བོན་ཨོཾ་དུ་གསུངས་པ་འགྱུར་མ་དག་པར་སྣང་བས་ཕྱིས་ཀྱི་དམ་པ་རྣམས་
ཧཱུཾ་ལ་མཛད་པ་ལེགས་སོ། །དེ་ལྟར་འདས་ལྷ་རྣམས་སྟེང་ངོས་ཀྱི་པདྨ་ལ་བསྐྱེད་པར་གསུངས་པའི་ཤུགས་ཀྱིས་འཇིག་རྟེན་པ་རྣམས་འོག་ཟུར་གྱི་པདྨར་བསྐྱེད་པ་གོ་ནུས་ཤིང༌། སྟེང་འོག་ཏུ་པདྨ་གཉིས་སོ་སོར་གསལ་འདེབས་དགོས་པ་ནི། གོང་དུ། བཾ་ལས་ཆུ་སྐྱེས་འདབ་བརྒྱད་བསྐྱེད། །གསུངས་ཏེ། འདིར་སླར་ཡང༌། དམར་བའི་ས་བོན་འདབ་བརྒྱད་དམར། །ཞེས་ས་བོན་པཾ་ཡིག་དམར་པོ་ལས་པདྨ་འདབ་བརྒྱད་བསྐྱེད་ཚུལ་བསྐྱར་ནས་གསུངས་པས་ཤེས་སོ། །འོ་ན་འོག་གི་པདྨ་ལ་འདབ་མ་བརྒྱད་ལས་མ་བཤད་པས་དེར་མགྲོན་ཚན་གསུམ་ག་ཇི་ལྟར་བསྐྱེད་སྙམ་ན། དེ་ནི་གྲུབ་ཆེན་རང་གི་གཞུང་དུ་གསལ་བ་དེ་དག་སྒྲ་ཇི་བཞིན་པར་བྱས་ཆོག་སྟེ། འདབ་མ་བརྒྱད་ལ་ནོར་རྒྱས་ལ་སོགས་པའི་ཀླུ་བརྒྱད་དང༌། དེའི་ནང་དུ་འདབ་མ་ལས་མཐོ་བར་ཁ་དོག་སྣ་ཚོགས་པའི་ཟེའུ་འབྲུ་བཅུ་དྲུག་གི་བརྒྱད་སྟེང་དུ་ཡར་ཕྱོགས་ཤིང༌། དེའི་ཕྱི་མ་བརྒྱད་འདབ་མའི་ངོས་ལ་ཅུང་ཟད་ཐུར་དུ་འཕྱང་བ། ཟེའུ་འབྲུ་རྣམས་རྩ་བ་ཕྲ་ལ་རྩེ་ལེབ་མོ་འདབ་མའི་རྣམ་པ་ལྟ་བུ་གདན་དུ་བྱས་ཆོག་པའི་སྟེང་མ་བརྒྱད་ལ་དགའ་རབ་དབང་ཕྱུག་ལ་སོགས་པའི་བདུད་བརྒྱད། འོག་མ་བརྒྱད་ལ་བོང་བུའི་རྣ་བ་ལ་སོགས་པའི་གནོད་སྦྱིན་བརྒྱད་བསྐྱེད། ས་གསུམ་གྱི་འབྱུང་པོ་ཐམས་ཅད་བཀུག་ནས་དེ་དག་ལ་བསྟིམ། དེ་དག་འོད་གསལ་དུ་བཅུག་པའི་ངང་ལས་སྟེང་གི་རྣམས་སྐུའི་འཁོར་ལོ་ཆེན་པོ་དཀར་པོ། བར་གྱི་རྣམས་གསུང་གི་འཁོར་ལོ་ཆེན་པོ་དམར་པོ། འོག་གི་རྣམས་ཐུགས་ཀྱི་འཁོར་ལོ་ཆེན་པོ་མཐིང་
ནག །ཐམས་ཅད་ཀྱང་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་སྡིགས་མཛུབ། བར་པ་གཉིས་ཀྱིས་ཐལ་མོའི་སྒྲ་སྒྲོག་པ། ཐ་མ་གཉིས་ཀྱིས་སྦྲུལ་གདུག་པའི་རྐེད་པ་ནས་བཟུང་སྟེ་མགོ་བོ་ཞལ་དུ་གསོལ་ཞིང་མཇུག་མ་ཞབས་འོག་ཏུ་མནན་པ་རེ་རེར་གྱུར་པར་མོས་པའམ། རིམ་པ་བཞིན་སྐུ་གསུང་ཐུགས་རྡོ་རྗེ་དཀར་དམར་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་པདྨ་རྡོ་རྗེ་གསུམ་དང་གཡོན་དྲིལ་བུ་འཛིན་པའི་སྐུར་གྱུར་པར་བསམ། ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་རྣམས་ལ་བསྟིམ་ཞིང༌། དབང་ལྷ་སྤྱན་དྲངས་པས་ཐམས་ཅད་ལ་དབང་བསྐུར་ཏེ་འདས་ལྷ་རྣམས་ལ་མི་བསྐྱོད་པ་དང༌། འཇིག་རྟེན་པ་གསུམ་ལ་རྣམ་སྣང་འོད་དཔག་མེད་མི་བསྐྱོད་པ་གསུམ་གས་རིམ་བཞིན་རྒྱས་གདབ་བོ། །འདིར་གྲུབ་ཆེན་གྱི་གཞུང་དུ་རང་གི་སྙིང་གའི་འོད་ཀྱིས་ནི། །འཕྲོས་པས་སངས་རྒྱས་གངྒཱ་ཡི། །བྱེ་སྙེད་དཀྱིལ་འཁོར་ལྷ་ལ་བསྟིམ། །ཀླུ་དང་གནོད་སྦྱིན་བདུད་དང་ནི། །ས་འོག་ས་སྟེང་ས་བླ་ཡི། །ཐམས་ཅད་དེ་གསུམ་དག་ལ་བསྟིམ། །སྤྱན་ལ་སོགས་པས་དབང་བསྐུར་ཏེ། །སྐུ་དང་གསུང་དང་ཐུགས་ལྷར་གྱུར། །ཅེས་འབྱུང་ཡང༌། གོང་འོག་འཁྲུགས་པ་སྡེབ་ཚུལ་འདི་ནི་མན་ངག་ཡིན་ནོ། །འོ་ན་ཀླུ་བརྒྱད་ཕུཿ ལས་བསྐྱེད་པར་གསུངས་ཀྱང་གཞན་གཉིས་ལ་ས་བོན་མི་འབྱུང་བ་ཅི་ཡིན་སྙམ་ན། གནོད་སྦྱིན་ནི་དེའི་སྒྲུབ་ཐབས་སུ་ཀྵ་ལས་བསྐྱེད་པར་གསུངས་པ་དེ་བཞིན་དུ་བྱེད་དགོས། བདུད་ནི་བདུད་བཟློག་པའི་ཆོ་གར་ཧཱུཾ་ལས་ཞེས་འབྱུང་ཡང་འདས་ལྷ་མ་གཏོགས་འཇིག་རྟེན་པ་རྣམས་རང་རང་གི་མིང་
ཡིག་ལས་བསྐྱེད་པ་སྤྱི་ལུགས་ཡིན་ཞིང༌། གྲུབ་ཆེན་རང་གིས་ཀྱང་ཀླུ་དང་གནོད་སྦྱིན་བསྐྱེད་ཚུལ་གསུངས་པ་དེས་རིགས་འགྲེ་སྦྱར་ན་མིང་ཡིག་དང་པོ་ལས་བསྐྱེད་པ་འཐོབ་པས། ཧཱུཾ་ཞེས་པ་ནི་མ་དག་པ་ཡིན་པར་རོང་སྟོན་གྱིས་གསུངས་པ་འཐད་དོ། །མིང་ཡིག་དང་པོ་གང་ཡིན་ན་བདུད་ཟློག་པར་སྡེ་ཚན་འགའི་མིང་སྨོས་པའི་དང་པོའི་མིང་ཡིག་གི་ཐོག་མ་བྲེལ་བྱེད་པར་བཤད་ཀྱང་དེ་བྱེ་བྲག་པ་ཙམ་ཡིན་ལ། བདུད་རིགས་ཀྱི་ཁོངས་སུ་སྡེ་ཚན་དེ་ཐམས་ཅད་འདུ་བས་འདིར་བདུད་ཀྱི་མིང་རཀྴ་ཞེས་པའི་ཡི་གེ་དང་པོར་ལས་བསྐྱེད་པ་ལེགས་སམ་སྙམ། རྡོ་རྗེ་གསུམ་དང་སྦྱོར་ཚུལ་ཞལ་གསུམ་གྱིས་དྲག་པོ་གསུམ་འདུལ་ཚུལ་དང་འགྲིག་པས་སྔར་བཞིན་བྱེད་དགོས་ཀྱི་ཤེར་འབྱུང་བ་དང་ཡེ་ཤེས་རྩེ་མོ་སོགས་ཀྱིས་བདེ་མཆོག་གི་མཁའ་ལ་སྤྱོད་པ་ཐུགས་རྡོ་རྗེ། ས་ལ་སྤྱོད་པ་གསུང་རྡོ་རྗེ་སོགས་སུ་གསུངས་པའི་རིགས་འགྲེ་དང༌། གཏོར་ཆོག་ཏུ། ཀླུ་དང་གནོད་སྦྱིན་བདུད་དང་ནི། །ཞེས་དང༌། སྐུ་དང་གསུང་དང་ཐུགས་ལྷར་གྱུར། །ཅེས་པ་སྦྱར་ནའང་ཀླུ་རྣམས་སྐུ་རྡོ་རྗེར་བྱེད་པ་འཐད་པའི་ཕྱོགས་བྱས་མོད་ཀྱང་བདེ་མཆོག་གི་དེ་དང་འདི་མཐུན་དགོས་དོན་མེད་ལ། གཏོར་ཆོག་གི་བཤད་ཚུལ་ཚིག་སྦྱོར་གྱི་དབང་དང་མན་ངག་ལ་ལྟོས་པའི་ཕྱིར་གོ་རིམ་བཟློག་པ་ཡིན་པས་མཐར་ཆགས་བྱེད་མི་དགོས་ཏེ། གཞན་དུ་ན་དེ་གསུམ་བསྐྱེད་ཚུལ་གསུངས་པའི་ཚེ། ཀླུ་དང་བདུད་དང་གནོད་སྦྱིན་གསུང་བ་དེར་ཡང་འགྲིག་དགོས་པར་འགྱུར་རོ། །ཡེ་ཤེས་པ་བསྟིམ་ཚུལ་གོང་དུ་བཤད་པའི་རིམ་པ་བློར་མི་བདེ་ན་གཏོར་མགྲོན་བསྐྱེད་ཟིན་པ་དང་ཡེ་ཤེས་པ་
སྤྱན་དྲངས་ཏེ་དམ་ཚིག་པ་ལ་བསྟིམ། དེ་ནས་ས་གསུམ་གྱི་འབྱུང་པོ་རྣམས་འཇིག་རྟེན་པའི་མགྲོན་ཚན་གསུམ་ལ་བསྟིམ་སྟེ་འོད་གསལ་དུ་བཅུག །ལྷར་བསྐྱེད་ནས་རྒྱས་གདབ་མཉམ་དུ་བྱས་ཀྱང་རུང་ངོ་། །གཏོར་སྔགས་འདིའི་རྩ་རྒྱུད་དུ་ཨ་ཀཱ་རོས་འབུལ་བར་གསུངས་ཤིང༌། བརྟག་གཉིས་ལས་ཀྱང་སྔགས་དེ་གཏོར་མའི་སྤྱི་སྔགས་སུ་གསུངས་པས། བསྡུ་ན་ཐམས་ཅད་ལ་ཐུན་མོང་དུ་དེ་ཉིད་ལན་གསུམ་གྱིས་དབུལ་ལ། རྒྱས་པར་བྱེད་ཚེ་གཙོ་བོ་དང་ཡུམ་དང་འཁོར་གྱི་སྔགས་ལ་ཨ་ཀཱ་རོ་བཏགས་པ་གསུམ་གསུམ་དང༌། འཇིག་རྟེན་པ་རྣམས་ལ་ཨ་ཀཱ་རོ་རྐྱང་པ་ལན་གསུམ་སོགས་ཀྱིས་སོ་སོར་ཕུལ་བ་ན་ལྗགས་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་བས་ཟག་མེད་ཀྱི་བདེ་བས་ཚིམ་པར་བསམས་ལ་ཕྱི་ནང་གི་མཆོད་པ་དང་བསྟོད་པ་འདོད་དོན་གྱི་གསོལ་འདེབས་རྣམས་བྱས་པས་འཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པར་བསམ། སྐབས་འདིར་འཕྲིན་བཅོལ་གྱི་ཚིགས་བཅད། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཞེས་སོགས་ཀྱིས་བྱས་ནའང་ཤིན་ཏུ་འབྲེལ་ཆགས་པར་འབྱུང་ངོ༌། །དེ་ནས་ནོངས་པ་བཟོད་པར་གསོལ་ཞིང་ཡིག་བརྒྱས་ལྷག་ཆད་བསྐངས་ཏེ། ཨོཾ་ཨཱཿ ཧཱུཾ་བཛྲ་མུཿ འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས་ཤིང༌། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཐིམ་པར་གྱུར་པར་བསམ་མོ། །གཉིས་པ་ཉེར་བསྡུ་བྱས་ཏེ་ཐུན་མཚམས་སུ་ལྡང་བ་ལ། ཉེར་བསྡུའི་ཚུལ་སྣ་ཚོགས་ཡོད་ཀྱང་འདིར་ནི་སྣོད་བཅུད་ཐམས་ཅད་དུར་ཁྲོད་སྲུང་འཁོར་དང་བཅས་པ་ནས་གཙོ་བོ་ཡབ་ཡུམ་གྱི་བར་དང༌། དེ་ནས་ཡུམ་ཡབ་དང༌། དེ་ཡེ་ཤེས་སེམས་དཔའ། དེ་ཏིང་ངེ་འཛིན་སེམས་དཔའ་
ནས། ནཱ་དའི་བར་དུ་སྡུད་པའི་ཚུལ་འདི་དོན་ཤིན་ཏུ་ཆེ་སྟེ། རྫོགས་རིམ་གྱི་སྐབས་སུ་སྒྱུ་ལུས་དངོས་དང་རྗེས་མཐུན་པ་གཉིས་དཔེ་དང་དོན་གྱི་འོད་གསལ་དུ་བསྡུས་པའི་སྒོ་ནས་ལྷན་སྐྱེས་མངོན་དུ་བྱེད་པའི་སྨིན་བྱེད་དུ་བསྒོམ་པ་དགོས་པའི་གཙོ་བོ་ཡིན་ལ། འོད་གསལ་འཆར་བའི་གནས་ཀྱང་སྙིང་ག་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་དེའི་ཚེ་ཆོས་སྐུ་ལ་ང་རྒྱལ་འཇོག་པའི་ཚུལ་གོང་དུ་ཇི་སྐད་བཤད་པ་དྲན་པར་བྱེད་ཅིང༌། འོད་གསལ་དེའི་ངང་ལས་འཁོར་ལོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་བཞེངས་པའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པའི་ཧཱུཾ་ཡིག་ལས་འོད་ཟེར་ཕྱོགས་ཀུན་ཏུ་འཕྲོས། སྟེང་འོག་ནས་པདྨ་དམར་པོ་འདབ་བརྒྱད་སྦུབས་ཡངས་ཤིང་རྒྱ་ཆེ་བ་གཉིས་ཁ་སྦྱར་བའི་གུར་ཁང་གི་རྣམ་པར་གྱུར། སླར་ཡང་འོད་ཟེར་དཔག་མེད་འཕྲོས། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱིན་རླབས་དང་མཐུ་སྟོབས་རྣམས་བསྡུས་ཏེ་བསྟིམ་པས་དག་པའི་སྣང་བ་ལ་ཤིན་ཏུ་བསིལ་བའི་པདྨའི་གུར་ཁང་བདེ་བ་སྟེར་བ་དང༌། གདོན་བགེགས་རྣམས་ཀྱི་སྣང་བར་བསྐལ་པའི་མེ་དཔུང་གཅིག་ཏུ་གྱུར་པ་ལས་མེའི་ཚྭ་ཚྭ་ནམ་མཁའ་གང་བ་སྤྲོས་ཏེ་གདུག་པ་ཅན་རྣམས་བསྲེགས་ཤིང་ཚར་བཅད། ཕྱི་མིག་ཙམ་ཡང་ལྟ་མི་ནུས་པར་རྒྱང་རིང་དུ་བསྐྲད་པར་བསམ་མོ། །འདི་ནི་ལུགས་འདིའི་སྲུང་འཁོར་སྒོམ་ཚུལ་གྱི་མན་ངག་ཁྱད་པར་བ་ཞིག་ཡིན་ལ། རྒྱུན་འཁྱེར་དང་རང་གཞན་ལ་གློ་བུར་གྱི་སྲུང་བ་སོགས་བྱེད་དགོས་བྱུང་བ་གང་གི་ཚེའང་ལག་ཏུ་བླང་བདེ་ཞིང་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་གདམས་པ་ཉེ་བར་མཁོ་བ་ཞིག་ཡིན་ནོ། །
གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བ་ནི། གྲུབ་ཆེན་ལཱ་ལི་ཏས། ཁ་ཟས་ཅི་ཟ་བདུད་རྩིར་བརླབ། །ཁ་ཡི་ཧོམ་ཁུང་བསྲེག་ཁང་དུ། །ལྷ་རྣམས་ཚིམ་བྱ་བསྲེག་རྫས་རྣམས། །ལག་པའི་གཟར་བུས་བཏབ་པར་བྱ། །ཕྱི་ཡི་ཁྲུས་རྣམས་བྱེད་པ་ན། །འགྲོ་བ་རང་བཞིན་དག་བསམ་ནས། །དབང་བསྐུར་བ་ཡི་ཆོ་ག་བཞིན། །ལྷ་མོས་བུམ་ཆུས་བཀྲུ་བར་བསམ། །ཕྱི་ཐུན་ལ་ཡང་དེ་བཞིན་དུ། །དཀྱིལ་འཁོར་བསྡུ་བའི་བར་དུ་བྱ། །བཟའ་བ་ཟོས་ནས་ཉལ་བའི་ཚེ། །ཤེས་རབ་སྙིང་རྗེ་ལྡན་པར་ཉལ། །ལྡང་བའི་ཚེ་ན་དཔལ་ལྡན་མོ། །ལྷ་མོའི་དབྱངས་ཀྱིས་བསྐུལ་བར་བསམ། །ཞེས་གསུངས་པ་ལྟར་བཟའ་བཏུང་རྣམས་ཡེ་ཤེས་ཀྱི་བདུད་རྩིར་མོས་ཤིང་བྱིན་གྱིས་བརླབས་ཏེ། ཁ་ཐབ་ཁུང་དང༌། ལག་པ་གཉིས་དགང་བླུགས། བཟའ་བཏུང་བསྲེག་རྫས་ཀྱི་ཚུལ་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་གི་ཐིག་ལེའི་དབུས་སུ་སྟེང་དུ་བླ་མ་རྣམས་དང༌། དེའི་འོག་ཏུ་རྒྱུད་སྡེ་བཞིའི་ལྷ་ཚོགས་ལ་སོགས་པ་མཆོད་ཡུལ་རྣམས་རིམ་པར་བཞུགས་པ་ལ་ཕུལ་བ་བཞེས་ནས་བདེ་བ་ཆེན་པོས་ཚིམ་པར་བསམས་ཏེ་ལོངས་སྤྱོད། བཟའ་བཏུང་ཅུང་ཟད་ཞུ་བའི་འོག་ཏུ་ལྟེ་བའི་རླུང་ཁ་སྦྱོར་བུམ་པ་ཅན་ཅུང་ཟད་འཛིན་པ་ནི་ཁ་ཟས་ཀྱི་རྣལ་འབྱོར་དང༌། ལྷ་མོ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བའི་ཚུལ་དུ་བྱེད་པ་ཁྲུས་ཀྱི་རྣལ་འབྱོར་དང༌། ཉལ་བའི་ཚེ་རང་ལྷར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་སྣོད་ཐམས་ཅད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་ལྷར་གྱུར་དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་སྐུའི་སྟོད་སྨད་ནས་རིམ་གྱིས་
འོད་དུ་ཞུ་བ་སྙིང་གའི་ཧཱུཾ་ལ་ཐིམ། ཧཱུཾ་ཡང་ཞབས་ཀྱུ་ནས་རིམ་བཞིན་བསྡུས་ཏེ་མི་དམིགས་པར་གྱུར་པའི་འོད་གསལ་གྱི་ངང་དུ་འཇོག་པ་ཉལ་བའི་རྣལ་འབྱོར་དང༌། ལྡང་བའི་ཚེ་ཚད་མེད་བཞིའི་རང་བཞིན་ལྷ་མོ་རྣམས་ཀྱིས་བསྐུལ་ནས་ཆོས་སྐུ་ལས་གཟུགས་སྐུར་ལྡང་བའི་མོས་པ་བྱེད་པ་ལྡང་བའི་རྣལ་འབྱོར་དང༌། མདོར་ན་ལཱ་ལི་ཏས། སྤྱོད་ལམ་དག་གི་ཚེ་ན་ཡང༌། །ལུས་ངག་ཡིད་ཀྱི་བྱ་བ་ཀུན། །ཕྱག་རྒྱ་སྔགས་ཀྱི་བདག་ཉིད་དུ། །བསམས་ཏེ་བྱ་བ་ཀུན་བྱ་འོ། །ཞེས་གསུངས་པ་བཞིན་སྤྱོད་ལམ་གང་གི་སྐབས་སུའང་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་སྣང་གྲགས་ཐམས་ཅད་ལྷའི་སྐུ་དང་མཛད་པ་སྔགས་ཀྱི་རང་སྒྲ་སོགས་སུ་མོས་ཏེ་ཐུན་དངོས་གཞིའི་སྐབས་ཀྱི་དམིགས་རྣམ་དེའི་རྩི་མ་ཡལ་བར་བྱེད་དགོས་ཀྱི། གཡེང་ཞིང་བག་མེད་པས་རྒྱ་ཡན་དུ་བཏང་ན་ཐུན་མང་ཡང་སྐྱེད་ཐོན་རྒྱུ་མི་ཡོང་སྟེ། སློབ་དཔོན་དཔའ་བོས། རྒྱུན་མི་འཆད་པའི་རྣལ་འབྱོར་གྱིས། །བསམ་གཏན་སྒྲུབ་ལ་བརྩོན་པར་བྱ། །ཡང་དང་ཡང་ཞིང་ངལ་བསོས་ན། །གཙུབ་པས་མེ་ཕྱིན་མི་འགྱུར་ཏེ། །རྣལ་འབྱོར་ཚུལ་ལའང་དེ་བཞིན་དུ། །ཁྱད་པར་མ་ཐོབ་གཏང་མི་བྱ། །ཞེས་གསུངས་པ་ལྟར་ཤིང་གཉིས་དྲུད་པ་ལས་དྲོད་ཅུང་ཟད་བྱུང་བ་ནས་ངལ་མ་བསོས་པར་གཙུབ་ན་མེ་འབྱུང་གི །བར་བཞག་ན་མེ་འབྱུང་བའི་སྐབས་མེད་པ་ལྟར་བསྐྱེད་རིམ་གྱི་ང་རྒྱལ་དང་གསལ་སྣང་ལའང་དགེ་མི་དགེ་ལུང་མ་བསྟན་གྱི་གཡེང་བ་གཞན་གྱིས་བར་བར་དུ་ཆོད་ན་མཐར་ཕྱིན་པའི་སྐབས་མི་སྲིད་པས་ཆུ་བོའི་རྒྱུན་བཞིན་དུ་འབད་དགོས་སོ། །ལྔ་པ་བསྐྱེད་རིམ་མཐར་
ཕྱིན་པའི་ཚད་ལ། ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་པའི་ཚད་ནི་ཕྲ་ཐིག་གི་སྐབས་སུ་སྔར་བཤད་ཟིན་པས་ཤེས་ལ། རགས་པའི་རྣལ་འབྱོར་ནི་རྟེན་བརྟེན་པའི་དཀྱིལ་འཁོར་རྣམས་ཀྱི་ཁ་དོག་དང་དབྱིབས་དང་ཞལ་ཕྱག་གི་གྲངས་དང༌། ཕྱག་གི་ཕྱག་མཚན་རྒྱན་ལ་སོགས་པ་དང་སྤྱི་བོའི་རིགས་བདག་མན་ཆོད་ལྷ་སོ་སོའི་སྤྱན་གྱི་དཀར་ནག་གི་ཆ་ཚུན་ཆད་མ་འདྲེས་པར་མཉམ་དུ་ཡིད་ངོར་གསལ་བར་སྣང་ཞིང༌། དེ་དང་དེ་དངོས་ཡིན་སྙམ་དུ་ང་རྒྱལ་འཕོས་པའི་འཛིན་སྟངས་དང་བཅས་པ་ལ་མཉམ་པར་བཞག་པ་ན་ཐ་མལ་གྱི་རྣམ་རྟོག་གིས་བར་མ་ཆོད་པར་ཇི་ཙམ་འདོད་ཀྱི་བར་དུ་རང་གི་ངང་གིས་འཇུག་པའི་གོམས་པ་དབང་དུ་གྱུར་པ་ནི་རགས་པའི་རྣལ་འབྱོར་མཐར་ཕྱིན་པའི་ཚད་ཡིན་ནོ། །དམ་ཚིག་རྣམ་པར་དག་ཅིང་བསྒོམ་ཚུལ་གནད་དུ་སོང་ན་ཟླ་བ་དྲུག་གམ། འགྱང་ནའང་ལོ་གཅིག་གིས་བསྐྱེད་རིམ་མཐར་ཕྱིན་པར་དེ་ཉིད་བསྡུས་པའི་སྟོད་འགྲེལ་སོགས་ལས་གསུངས་ཀྱི། དེ་ལས་རིང་བ་པཎ་གྲུབ་སུས་ཀྱང་མ་གསུངས་པས་མཚམས་འདིར་སླེབ་ན་དེ་ཙམ་མི་དཀའ་འང༌། བཀའ་གདམས་གོང་མ་རྣམས་སྐྱེས་བུ་ཆུང་ངུའི་ཆོས་སྐོར་ལོ་གསུམ་གྱིས་རྫོགས་ན་ཕོ་རྒོད་པ་ཡིན་གསུང་བ་ལྟ་བུ་ཐུན་མོང་བའི་རྨང་གཞི་ཟིན་པ་དེ་ཆོས་དཀའ་བར་བྱུང་བ་ཡིན་ནོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་སྐས་ཀྱི་གདང་བུ་འཛེག་པ་བཞིན་འོག་མ་འོག་མ་བརྟན་པར་བྱས་ཏེ་བསླབ་ན་རྒྱལ་བས་བསྔགས་པའི་ལམ་བཟང་པོ་དཔྱིས་ཕྱིན་པར་མངོན་དུ་བྱེད་ནུས་པར་འགྱུར་རོ། །དྲུག་པ་བསྐྱེད་རིམ་མཐར་ཕྱིན་ནས་དངོས་གྲུབ་སྒྲུབ་པའི་ཚུལ་ནི། སྒྲོན་གསལ་ལས། ཞི་སོགས་བྱ་བའི་
ཆོ་ག་དང༌། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་དང༌། སྔགས་རིམ་ལས། རབ་སངས་རྒྱས་ཀྱི་གོ་འཕང་དང༌། འབྲིང་གྲུབ་པ་བརྒྱད་དང༌། ཐ་མ་ཞི་རྒྱས་དབང་དྲག་གི་འཕྲིན་ལས་འགྲུབ་པ་གསུམ། ཞེས་རིམ་པ་གསུམ་གསུངས་པས། དང་པོ་རང་གཞན་གྱི་ནད་གདོན་བར་ཆད་ཞི་བར་བྱེད་པ། ཚེ་དང་བསོད་ནམས་སྤེལ་བ། སྐྱེ་འགྲོ་དབང་དུ་སྡུད་པ། གདུག་ཅན་ཚར་གཅོད་པ་སྟེ་འཕྲིན་ལས་བཞི་པོ་ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་པ་རྣམས་ཀྱིས་བསམ་གཏན་ཙམ་ལ་བརྟེན་ནས་སྒྲུབ་ནུས་ལ། བསྐྱེད་རིམ་རགས་པ་ཙམ་མཐར་ཕྱིན་པའམ། དེ་མཐར་མ་ཕྱིན་ཀྱང་ལྷའི་རྣལ་འབྱོར་བརྟན་ཅིང་བསྙེན་པའི་གྲངས་ཚུལ་བཞིན་སོང་བས་སྦྱིན་སྲེག་དང་འཁྲུལ་འཁོར་སོགས་ལ་བརྟེན་ནས་སྒྲུབ་པའི་ཚུལ་གཞན་ནས་འབྱུང་བ་ལྟར་ལག་ཏུ་ལེན་པ་ནི་དངོས་གྲུབ་ཆུང་ངུ་དང༌། གྲུབ་པ་ཆེན་པོ་བརྒྱད་ལ་སོགས་པ་བསྒྲུབ་པ་ནི་དངོས་གྲུབ་འབྲིང་དང༌། བསྐྱེད་རིམ་ལ་གོམས་པའི་མཐར་རྫོགས་རིམ་རྣལ་འབྱོར་བཞི་ལ་བསླབ་ནས་རབ་ཚེ་འདི་ཉིད་དང༌། དེར་མ་གྲུབ་ཀྱང་མི་རིང་བར་དཔལ་གསང་བའི་བདག་པོའི་གོ་འཕང་མངོན་དུ་བྱེད་པའི་ཚུལ་ལ་སློབ་པ་ནི་དངོས་གྲུབ་ཆེན་པོའི་སྒྲུབ་ཚུལ་ཡིན་ལ། དེ་དག་གི་གནད་ཕྲ་ཞིང་ཞིབ་པ་རྣམས་ནི་གཞུང་གཞན་དུ་གསལ་བ་ལས་ཤེས་པར་བྱའོ། །འདིར་བཤད་རྒྱུད་ལས། སྐུ་གསུམ་དག་གིས་རབ་ཏུ་མཚན། །ཕོ་ཉ་གསུམ་གྱིས་གདུག་པ་འདུལ། །ཞེས་པ་ལྟར་རང་གཞུང་གི་སྒོས་ཆོས་ཕྱི་ནང་གི་དྲག་པོ་
གསུམ་འདུལ་བའི་དམིགས་པའི་གནད་ཅུང་ཟད་ཕྱེ་སྟེ་བཤད་ན། དང་པོ་ལའང་བཞི་ལས། འོག་གི་ཀླུ་འདུལ་བ་ནི། རྒྱ་མཚོ་ཆེན་པོ་སྔོ་ལ་དྭངས་པའི་ནང་དུ་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དེའི་ཤར་ངོས་ཀྱི་རྒྱ་མཚོའི་གཏིང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་གདན་གྱི་སྟེང་དུ་སྦྲུལ་ནག་ཆེན་པོ་གཡས་སུ་འཁྱིལ་བའི་སྟེང་དུ་རང་ཉིད་ཕྱག་རྡོར་ཞལ་གསུམ་ཕྱག་དྲུག་པ། ཞབས་རྒྱ་མཚོའི་གཏིང་དུ་བགྲད་པ། སྐུ་རྒྱབ་རི་རབ་ལ་གཏད་པ། དབུ་རི་རབ་ལས་ཡར་འཕགས་པ། སྐུ་མདོག་ཕྱག་མཚན་སོགས་སྒྲུབ་ཐབས་ལྟར་བསྐྱེད་ནས་ཡེ་ཤེས་པ་བཅུག་དབང་བསྐུར་རྒྱས་གདབ་བྱ། འདབ་མ་བརྒྱད་ལ་ནོར་རྒྱས་ལ་སོགས་ཀླུ་ཆེན་བརྒྱད་སྟོད་མི་དང་འདྲ་བ་ལ་ཤིན་ཏུ་མཛེས་པ་སྦྲུལ་མགོའི་གདེངས་ཀ་ཅན། སྨད་སྦྲུལ་མཇུག་ལན་བདུན་དུ་འཁྱིལ་བ་ཕྱག་གཉིས་ཐལ་མོ་སྦྱར་ཏེ་རང་ཉིད་ལ་གུས་པས་ལྟ་བར་བསམ། རྩ་ཞལ་གྱི་སྨིན་མཚམས་སུ་ཐུགས་རྡོ་རྗེའི་ངོ་བོ་གནམ་ལྕགས་ལས་གྲུབ་པའི་བྱ་ཁྱུང་མཆུ་སྡེར་ཤིན་ཏུ་རྣོ་བ་གསེར་མིག་འཁྱིལ་བ་ཉི་ཟླ་ལྟར་འབར་བ། ལག་པ་གཉིས་ཀྱིས་སྦྲུལ་གཉིས་བཟུང་སྟེ་མགོ་བོ་ཁར་བཅུག་ཅིང་མཇུག་མ་རྐང་འོག་ཏུ་མནན་པ། འཕུར་ལ་ཁད་ཀྱི་གཤོག་པ་བསྡེབ་པས་ས་བདག་ཀླུ་གཉན་སྐྲག་པར་བྱེད་པ་ཞིག་བསྒོམས་ཏེ་སྔགས་ཕྲེང་སྤྲོ་བའི་དམིགས་པ་དང་བཅས་རྩ་སྔགས་བཟླའོ། །དེ་ལྟར་བྱས་པས་གདོན་གྱི་ཆོ་འཕྲུལ་མངོན་དུ་ཐོན་ནས་ལྷོངས་ཚད་བྱུང་ན་ཁྱུང་དེ་སྨིན་མཚམས་ནས་འཕུར་ཏེ་ཕྱག་གཡོན་པའི་སྡིགས་མཛུབ་ཀྱི་རྩེར་བབས་ཏེ་སྔར་བཞིན་རྔམ་སྟབས་བྱས་ན་ཞི་
བར་འགྱུར་རོ། །གལ་ཏེ་མ་ཞི་བར་འཚུབ་ན་མཁའ་ལྡིང་དེ་ལས་མཁའ་ལྡིང་གི་ཚོགས་བྱེ་བ་སྤྲོས་པས་ས་བདག་ཀླུ་གཉན་ཐམས་ཅད་སྦྲུལ་གྱི་རྣམ་པར་བྱས་ཏེ་གཤོག་པས་གཏུབ། སྟོབས་ཉམས་པར་བྱས་ནས་ཏོག་ཏོག་ཟོས་ཏེ་ལྷག་མ་མེད་པར་བྱས་པར་བསམས་ལ་གཟུངས་རིང་བཟླ་ཞིང་མཐར་ཕོ་ཉ་སྨིན་མཚམས་སུ་བསྡུའོ། །ལྷོངས་ཚད་མ་བྱུང་གོང་དུ་གཟུངས་རིང་གི་མགོར་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་བཏགས་ནས་བཟླ་ཞིང༌། ལྷོངས་ཚད་ཀྱི་འཚུབ་ཆེ་ཚེ་གཟུངས་ཀྱི་མགོར་ཨོཾ་བཛྲ་པཱ་ཎི་ཧཱུཾ་ཞེས་བཏགས་ཏེ་བཟླ་བ་དང༌། དེའང་སྔ་མ་ལ་དེ་བཞིན་གཤེགས་པ་ལྟར་བཟླ་བ་དང༌། ཕྱི་མ་ལ་བྱང་སེམས་ལྟར་བཟླ་བ་ཞེས་ཡིག་རྙིང་རྣམས་ལས་བཤད་དོ། །ཐུན་གྱི་མཇུག་ཏུ་རྩ་ཞལ་གྱི་སྨིན་མཚམས་ནས་བདུད་རྩིའི་རྒྱུན་དཀར་པོ་བབས། ཀླུ་བརྒྱད་ཀྱི་ལུས་ལ་ཕོག་པས་དེ་རྣམས་ཀྱི་བྱེ་ཚན་ལ་སོགས་པའི་སྡུག་བསྔལ་ཞི་སྟེ་མཉེས་ཤིང་ཚིམ་པར་བྱས་པར་བསམ་ལ་རང་གནས་སུ་གཤེགས། བསྔོ་བས་མཐའ་བརྒྱན་པ་སོགས་བྱའོ། །བར་གྱི་གནོད་སྦྱིན་འདུལ་བ་ནི། རི་རབ་ཀྱི་སྟེང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རུས་སྦལ་དང་གླང་པོ་ཆེའི་གདན་ལ་འཁོར་ལོ་ཆེན་པོ་གཞུང་བཞིན་དང༌། འདབ་མ་བརྒྱད་ལ་གནོད་སྦྱིན་བརྒྱད་བསྐྱེད། གཡོན་ཞལ་གྱི་སྨིན་མཚམས་ནས་གསུང་རྡོ་རྗེའི་ངོ་བོ་བརྒྱ་བྱིན་དམར་སེར་གླང་ཆེན་དཀར་ཁྲ་ལ་ཆིབས་པ། གཡས་གསེར་གྱི་རྡོ་རྗེ་གཡོན་སྡིགས་མཛུབ་མཛད་པ་གཅིག་གིས་གནོད་སྦྱིན་གྱི་ཚོགས་སྐྲག་པར་བྱེད་པ་དང༌། དེས་མ་ནོན་པར་
འཚུབ་ན་རིམ་བཞིན་ཕར་སྤྲོས་ཏེ་རློག་པར་བྱེད་པའི་དམིགས་པ་དང་སྔགས་བཟླ་ཚུལ། ཕོ་ཉ་སྡུད་ཚུལ། ཡང་གཡོན་ཞལ་གྱི་སྨིན་མཚམས་ནས་བདུད་རྩི་དམར་པོའི་རྒྱུན་བྱུང་སྟེ་འདབ་མའི་གནོད་སྦྱིན་རྣམས་ཚིམ་པར་བྱེད་ཚུལ་སོགས་གོང་དང་འདྲ། སྟེང་གི་བདུད་འདུལ་བ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ཐད་ཀྱི་ནམ་མཁར་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རང་ཉིད་ཕྱག་རྡོར། འདབ་མ་བརྒྱད་ལ་བདུད་བརྒྱད་བསྐྱེད། དེ་ཐམས་ཅད་ཀྱང་ཁ་དོག་དཀར་པོ་དང་ཐལ་མོ་སྦྱར་ནས་གུས་པའི་ཚུལ་གྱིས་འཁོད་པར་བསམས་པ་ལ་རྟེན་འབྲེལ་གྱི་གནད་ཡོད་པར་གསུང༌། དེ་ནས་གཡས་ཞལ་གྱི་སྨིན་མཚམས་ནས་སྐུ་རྡོ་རྗེའི་ངོ་བོ་ཚངས་པ་དཀར་པོ་གཡས་རལ་གྲི་དང་གཡོན་པདྨ་འཛིན་པ་བདུད་ཚར་གཅོད་པའི་དམིགས་རིམ་སྔ་མ་དང་འདྲ། འདི་དག་གི་ཚེ་ནག་ཕྱོགས་པ་རྣམས་ཕོ་ཉས་ཚར་གཅོད་པའི་དམིགས་པ་དང༌། དཀར་ཕྱོགས་པ་རྣམས་བདུད་རྩིས་ཚིམ་པར་བྱེད་པའི་དམིགས་པ་གཉིས་སྤེལ་མར་བྱེད་པའི་ཕྱག་བཞེས་ཀྱང་ཡོད་དོ། །བཞི་པ་དྲག་པོ་གསུམ་ཐུན་མོང་དུ་འདུལ་བ་ནི། རྒྱ་མཚོ་ཆེན་པོ་སྔོ་ལ་དྭངས་པའི་ནང་དུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ལ་སྟེགས་འདུག་གི་ཚུལ་དུ་བཞུགས་པའི་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། ཞབས་ཀྱི་པུས་མོ་མན་ཆད་རྒྱ་མཚོའི་ནང་དུ་ནུབ་ཅིང༌། པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་གདན་ལ་གཡས་བསྐུམས་པས་རུས་སྦལ་དང༌། གཡོན་བརྐྱངས་པས་ཆུ་སྲིན་མནན་པ། པད་འདབ་བརྒྱད་ལ་སྔར་བཞིན་ཀླུ་བརྒྱད། རི་རབ་ཀྱི་
སྟེང་གི་སྐུའི་ལྟེ་བའི་ཐད་དུ་གནོད་སྦྱིན་བརྒྱད། སྐུ་སྟོད་རི་རབ་ཀྱི་སྟེང་དུ་ལྷག་པས་ཞལ་གཞན་འཕྲུལ་དབང་བྱེད་ཀྱི་ཐད་དུ་ཡོད་ཅིང༌། དབུ་སྐྲ་ཚངས་པའི་འཇིག་རྟེན་དུ་ལྷག་གེར་ཡོད་པ་དེའི་ཞལ་རས་ཀྱི་ཐད་དུ་བདུད་བརྒྱད་སྔར་བཞིན་བསམ། རང་ལྷར་གསལ་བའི་སྐུའི་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་ཆུང་དཔག་ཏུ་མེད་པ་དང་མེ་དཔུང་ས་གསུམ་ཁྱབ་པར་འཕྲོ་ཞིང༌། ཁྱད་པར་དུ་སྐུ་སྨད་ཀྱི་ཆ་ལས་ག་རུ་ཊ་དཔག་ཏུ་ མེད་པ་འཕྲོས་པས་ཀླུ་དང་ས་བདག ་འདུལ་བ། སྐུའི་བར་གྱི་ཆ་ལས་བརྒྱ་བྱིན་གྱི་ཚོགས་འཕྲོས་པས་གནོད་སྦྱིན་དང་བཙན་དང་རྒྱལ་པོ་ལ་སོགས་པ་འདུལ་བ། སྐུ་སྟོད་དང་ཞལ་རས་ལས་སྔར་བཞིན་ཚངས་པའི་ཚོགས་འཕྲོས་པས་བདུད་དང་གཟའ་དང་རྒྱུ་སྐར་སོགས་འདུལ་བར་བསམ། རོང་སྟོན་གྱིས་ཞལ་གསུམ་གའི་སྨིན་མཚམས་ནས་ཕོ་ཉ་གསུམ་མཉམ་དུ་སྤྲོས་ཏེ་དྲག་པོ་གསུམ་འདུལ་བར་གསུངས་པའང་ལེགས་པས་དམིགས་པ་གཉིས་ཀའམ་གང་བདེ་བྱ། སྔགས་བཟླ་ཚུལ་སོགས་འདྲ། དམིགས་སྐོར་འདི་བཞི་ལ་བཞུགས་ཚུལ་བཞིའི་སྒོ་ནས་བར་ཆད་སེལ་བ་ཞེས་ཀྱང་ཟེར་རོ། །དེ་དག་གིས་མ་ནོན་པར་ཤིན་ཏུ་འཚུབ་ན་བོགས་འབྱིན་བྱ་ཚུལ་ཡང་སྐུ་གསུང་ཐུགས་ལ་བརྟེན་པ་གསུམ་སྟེ། སྐུ་རབ་གནས་ཅན་བྲིས་འབུར་ཅི་རིགས་བཤམས་ཏེ་བདག་བསྐྱེད་དང༌། དེའང་ལྷར་བསྐྱེད་ནས་ཡེ་ཤེས་པ་གཞུག་པ་སོགས་བྱས་ཏེ་བདག་མདུན་གཉིས་ཀ་ལས་ཕོ་ཉ་སྤྲོ་བ་སོགས་ཀྱི་དམིགས་པ་དང་བཅས་རྩ་སྔགས་ཀྱི་མཇུག་ཏུ་གནོད་བྱེད་དེའི་སྲོག་སྙིང་ངམ་མིང་གི་
མཐར་མཱ་ར་ཎ་སོད་སོད། མཱ་ར་ཎ་བྱིང་བྱིང༌། མཱ་ར་ཎ་མུག་མུག མཱ་ར་ཎ་ཧལ་ཧལ། མཱ་ར་ཎ་དུན་དུན། མཱ་ར་ཎ་མྱོས་མྱོས། མཱ་ར་ཎ་བྱེད་བྱེད། ཐུཾ་རི་ལི་རི་ལི། ཐུཾ་རི་ལི་རི་ལི་ཛཿ ཞེས་པའི་གཤམ་བུ་བཏགས་པ་བཟླའོ། །ཐུགས་མཆོད་རྟེན་ལ་བརྟེན་པ་ནི། རྣལ་རྒྱལ་མཆོད་རྟེན་སོར་བཅུ་གཉིས་པའམ་བརྒྱད་པ་སངས་རྒྱས་སམ་བླ་མ་དམ་པའི་རིང་བསྲེལ་གདུང་རུས་གནས་ཆེན་གྱི་ས་སྣ་སོགས་དང༌། མེད་མི་རུང་ལ་རྩ་སྔགས་སྙིང་པོ་རྣམས་གསེར་དངུལ་གྱིས་དབུ་ཅན་དུ་བྲིས་པ་ཚར་ཉེར་གཅིག་སོགས་ཅི་འབྱོར་གྱི་ནང་རྟེན་ཅན་རབ་གནས་མ་ཞིག་བཤམས་ནས་བདག་མདུན་སྒྲུབ་ཚུལ་སྔགས་གཤམ་བུ་དང་བཅས་པ་བཟླ་ཚུལ་སོགས་རིགས་འདྲ། རོང་སྟོན་གྱིས་གསུངས་པ་བཞིན་སྐུ་དང་མཆོད་རྟེན་ལ་སྐོར་བ་བྱེད་བཞིན་པར་སྔགས་བཟླས་ན་ལས་མྱུར་ཁྱད་ཆེའོ། །གསུང་བུམ་པ་ལ་བརྟེན་པའི་གཟུངས་ཆོག་བྱ་ཚུལ་ནི། མནྜལ་མདའ་གང་གི་ཁར་འཁོར་ལོ་སྔོན་པོ་རྩིབས་བཞི་པ་གཅིག་བྲིས་ལྟེ་བར་བུམ་པ་སྔོན་པོ་མགུལ་ཆིངས་དར་སྔོན་པོས་བྱས་པ་དྲི་བཟང་གིས་བྱུགས་པ་ཆུས་བཀང་བ་བཞག །རྩིབས་བཞིའི་སྟེང་དུ་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའམ་བཞི་པ་ལ་ཁྲོ་བོའི་སྔགས་བྲིས་པས་གོང་ལ་བཙུགས་ཏེ་བཞག །བདག་བསྐྱེད་གྲུབ་ནས་བུམ་པ་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་གཙོ་བོ་དང༌། ཕུར་བུ་བཞི་ཁྲོ་བོ་བཞི་ཡབ་རྐྱང་དུ་བསྐྱེད། ཡེ་ཤེས་པ་བསྟིམ་ཞིང་སྔགས་སོགས་འདྲ། ཁྱད་པར་བཟླས་པའི་མཚམས་མཚམས་སུ་གནམ་ལྕགས་འདྲེས་པའི་གྲི་ལྕགས་ཀྱི་སྦུ་གུ་སྦོམ་ཕྲ་མཛུབ་མོ་ཙམ་མཐོ་གང་བ་ཞིག་བུམ་པའི་ནང་དུ་སྣེ་བཅུག་དབུགས་
ཕྱིར་མ་ཤོར་བར་ཕུ་བཏབ་པས་བུམ་ཆུ་ཁོལ་བ་འབྱུང་ཞིང༌། དེའི་ཚེ་སྒོས་དོན་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པའི་དབུས་རྭ་ནས་སྔགས་ཕྲེང་མེ་རླུང་དང་བཅས་པ་འུར་རུ་རུ་སོང་སྟེ་ལྷའི་ཐུགས་རྒྱུད་བསྐུལ་བས་ཁྲོས་འཁྲུག་རྔམ་པར་གྱུར་ནས་གནོད་བྱེད་རྣམས་ཐལ་བར་བརླག་པར་བསམ་མོ། །ལས་སྦྱོར་འདི་དག་རྡོ་རྗེ་བེ་ཅོན་གྱི་རྒྱུད་དང༌། རྡོ་རྗེ་གཏུམ་པོ་གསང་བའི་རྒྱུད་རྒྱུད་ཕྱི་མ་དང་བཅས་པས་ཁ་བསྐངས་ཤིང་གཙོ་བོར་བཤད་རྒྱུད་ལ་བརྟེན་པར་སྣང༌། སྐུ་ལ་བརྟེན་པ་སོགས་མན་ངག་གིས་ཁ་བསྐངས་པའང་ཅི་རིགས་འདུག་ཀྱང༌། ཁུངས་རྣམས་སོ་སོར་སྨོས་ན་མང་གིས་དོགས་པས་མ་སྤྲོས་སོ། །དེར་མ་ཟད་འདིའི་ལས་སྦྱོར་ལ་རྨི་ལྟས་སྒྲུབ་པ། ཕོངས་པ་ནོར་ལྷ་སྒྲུབ་པ། རྒྱས་གདབ་དགྲོལ་བསྒྲུབ་པ། སྒོ་ལྕགས་དབྱེ་བ་སྒྲུབ་པ་སྟེ་སྒྲུབ་པ་བཞི་དང༌། མདུད་པ་སྔོན་པོ་ལ་སྟོང་སྦྱངས་བྱས་ཏེ་གསང་བའི་བདག་པོའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་རྒྱ་གྲམ་དུ་མོས་ནས་བཏགས་པས་རིམས་ནད་སོགས་བསྲུང་བ། མར་རྙིང་དང་ཡུངས་ཀར་ལ་བརྟེན་ནས་འཇིགས་པ་ཐམས་ཅད་བསྲུང་བ། བྱིས་པའི་གདོན་བསྲུང་བ། ཆོམ་རྐུན་པ་བསྲུང་བ། དུག་བསྲུང་བ། བདག་བསྲུང་བ། གཞན་བསྲུང་བ་སྟེ་སྲུང་བ་བདུན། གདོན་གསུམ་གྱི་གནོད་པའང་རྟགས་ཀྱི་སྒོ་ནས་ངོས་བཟུང་བ། དེ་དང་དེ་ལ་ཐུན་མོང་མ་ཡིན་པའི་སེལ་ཐབས་བྱེད་ཚུལ་སྦྱིན་སྲེག་དང་གཏོར་མའི་ལས་སྦྱོར་སོགས་མཐའ་ཡས་པ་ནི་རྒྱུད་འགྲེལ་སོགས་གྲུབ་ཆེན་གྱི་གཞུང་རྣམས་དང༌། དམར་གྱི་ཡིག་ཆ་སོ་སོར་གསལ་བ་ལས་ཤེས་
པར་བྱའོ། །འདི་དག་ནི་ཐུན་མོང་བའི་དངོས་གྲུབ་སྒྲུབ་ཚུལ་ཡིན་ལ། ནང་གི་དྲག་པོ་གསུམ་བཏུལ་ཏེ་མཆོག་སྒྲུབ་པའི་ཚུལ་ནི། རྡོ་རྗེའི་རྭ་གུར་གྱི་ནང་དུ་རང་ཉིད་ཕྱག་རྡོར་སྒྲུབ་ཐབས་ལྟར་བསྐྱེད། ཡེ་ཤེས་པ་བཅུག་དབང་བསྐུར་ཆུའི་ལྷག་མ་ཡར་ལུད་པ་ལས་རྩ་ཞལ་གྱི་དབུ་ལ་བླ་མ་ཐུགས་རྡོ་རྗེ་མི་བསྐྱོད་པ་རྡོར་དྲིལ་འཛིན་པ། གཡས་ཞལ་གྱི་དབུ་ལ་བླ་མ་སྐུ་རྡོ་རྗེ་རྣམ་སྣང་འཁོར་ལོ་དང་དྲིལ་བུ་འཛིན་པ། གཡོན་གྱི་དབུ་ལ་བླ་མ་གསུང་རྡོ་རྗེ་འོད་དཔག་མེད་པདྨ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་བསམས་ལ། བླ་མ་མི་བསྐྱོད་པ་ལ་བདག་རྒྱུད་ཀྱི་ཉོན་མོངས་པ་ཞེ་སྡང་དང་དེས་བསྐྱེད་པའི་ལས་ཉོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་དེའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་མཆོད་པ་ཕུལ། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་སྤྱི་དང་ཁྱད་པར་དུ་ཞེ་སྡང་བག་ཆགས་དང་བཅས་པ། དེའི་དབང་གིས་བྱུང་བའི་སྡིག་སྒྲིབ་ནད་གདོན་ལ་སོགས་པ་ཐམས་ཅད་དག །རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀ་ནས་ཞེ་སྡང་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་འོད་སྔོན་པོའི་རྣམ་པར་བསྡུས་ཏེ་སྤྱི་བོའི་མི་བསྐྱོད་པའི་ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ལས་འོད་དང་བདུད་རྩི་སྔོན་པོའི་རྒྱུན་དཔག་ཏུ་མེད་པ་བྱུང༌། སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ཞེ་སྡང་དང་དེའི་བག་ཆགས། དེས་བསྐྱེད་པའི་ཆགས་སོགས་ཉོན་མོངས་པ་དང་ནད་གདོན་སྡིག་སྒྲིབ་ཐམས་
ཅད་དག །ལུས་ཤེལ་གོང་གཡའ་དག་པ་བཞིན་དུ་སོང་བར་བསམ། དེ་བཞིན་དུ་གཡོན་གྱི་བླ་མ་འོད་དཔག་མེད་ལ་འདོད་ཆགས་སོགས་ཞི་བའི་དོན་དུ་གསོལ་བ་བཏབ་པས་དེའི་ཐུགས་ཀའི་ཨཱཿ ཡིག་ལས་འོད་འཕྲོས། དོན་གཉིས་བྱས། སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་འདོད་ཆགས་རྣམ་པར་དག་པའི་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་འོད་དམར་པོའི་ཚོགས་བསྡུས་པ་ཐུགས་ཀའི་ཨཱཿ ལ་ཐིམ། དེ་ལས་འོད་དང་བདུད་རྩི་དམར་པོའི་རྒྱུན་བབས་པས་ཉོན་མོངས་པ་འདོད་ཆགས་ས་བོན་འབྲས་བུ་དང་བཅས་པ་སྦྱངས་པའི་མོས་པ་བྱེད། གཡས་ཀྱི་རྣམ་སྣང་ལ་གཏི་མུག་བག་ཆགས་དང་བཅས་པ་སྦྱོང་བའི་ཕྱིར་གསོལ་བ་བཏབ་པས། དེའི་ཐུགས་ཀའི་ཨོཾ་ཡིག་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་སྦྱངས། རྒྱལ་བ་རྣམས་ལ་མཆོད་པ་ཕུལ་ཏེ་གཏི་མུག་རྣམ་པར་དག་པ་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་འོད་དཀར་པོའི་རྣམ་པར་བསྡུས་ཏེ་བསྟིམ་པ་ལས་འོད་དང་བདུད་རྩི་དཀར་པོའི་རྒྱུན་བྱུང་ནས་གཏི་མུག་བག་ཆགས་དང་བཅས་པ། དེས་བསྐྱེད་པའི་སྡིག་སྒྲིབ་ནད་གདོན་དང་བཅས་པ་སྦྱངས་པའི་དམིགས་པ་བྱེད། དེའང་རང་རྒྱུད་ལ་དུག་གསུམ་གང་ཤས་ཆེ་བརྟག་ནས་དེའི་གཉེན་པོ་ལ་གཙོར་འདོན་བྱེད་ཅིང༌། དང་པོ་དུག་གསུམ་སོ་སོར་སྦྱོང་བའི་དམིགས་རྣམ་དང༌། དེ་རྗེས་མཉམ་དུ་སྦྱོང་བའི་དམིགས་པ་སྐྱོང་དགོས་པར་གསུངས་སོ། །དེ་ལྟར་ན་མཆོག་སྒྲུབ་པའི་ལམ་གྱི་གནད་ཐམས་ཅད་འདིའི་ནང་དུ་ཚང་སྟེ། སྐུ་རྡོ་རྗེ་བསྒྲུབ་པས་བུམ་དབང་གི་ལམ་བསྐྱེད་རིམ་གྱི་གནད་དང༌། གསུང་རྡོ་རྗེ་
བསྒྲུབས་པས་གསང་དབང་གི་ལམ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ། ཐུགས་རྡོ་རྗེ་བསྒྲུབ་པས་ཤེར་དབང་གི་ལམ་དོན་དམ་འོད་གསལ་གྱི་རྫོགས་རིམ། རྡོ་རྗེ་གསུམ་མཉམ་དུ་བསྒྲུབས་པས་དབང་བཞི་པའི་ལམ་དབྱེར་མེད་ཟུང་འཇུག་གི་རྫོགས་རིམ་གྱི་གནད་བསྡུས་པ་ཡིན་ལ། དེ་དག་གིས་རིམ་བཞིན་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་མཐར་ཐུག་སྐུ་བཞིའི་གོ་འཕང་ཡང་བདེ་བླག་ཏུ་འགྲུབ་པར་ནུས་པས་བསྟན་པའི་སྙིང་པོ་ཚང་ལ་མ་ནོར་བ་ཡིན་ནོ། །དེར་མ་ཟད་སྟོན་པ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཤིང་དྲུང་དུ་མངོན་པར་འཚང་རྒྱ་ཚུལ་སྟོན་པའི་ཐོག་མར་དཀྱིལ་འཁོར་གྱི་འཁོར་ལོ་འདིའི་སྒོ་ནས་བདུད་བཏུལ་བའི་ཚུལ་རྒྱུད་འགྲེལ་བདུད་རྩིའི་མྱུ་གུར་གསུངས་པ་དང༌། རྗེ་བླ་མས་ཀྱང་ལྷ་མཆོག་འདིའི་སྒོ་ནས་བདུད་ཀྱི་སྡེ་ཕམ་པར་མཛད་ཚུལ་གསང་བའི་རྣམ་ཐར་ལས་འབྱུང་བ་བཞིན་ཡིན་པས། རང་ཅག་རྗེས་འཇུག་རྣམས་ཀྱང་བྱང་ཆུབ་སྒྲུབ་པ་ལ་ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་སེལ་ཞིང༌། དངོས་གྲུབ་མ་ལུས་པ་བདེ་བླག་ཏུ་སྩོལ་བའི་ཡི་དམ་ཁྱད་པར་ཅན་འདི་ལྟ་བུ་ཞིག་ལ་ཚུལ་བཞིན་དུ་བསྟེན་དགོས་ཏེ། བཤད་རྒྱུད་དྲག་པོ་གསུམ་འདུལ་ལས། རིག་སྔགས་འདིས་ནི་སྡིག་པ་ཐམས་ཅད་འདག་པ། མ་རུང་པ་ཐམས་ཅད་འཇོམས་པ། ལས་ཐམས་ཅད་འགྲུབ་པ་ཡིན་ཏེ། དེའང་རིག་པ་འཛིན་པས་བསྒྲུབ་སྟེ་དམ་ཚིག་དང་ལྡན་པས་སོ། །དེ་ཡང་བླ་མ་ལ་གུས་ཤིང༌། །ཡི་དམ་དཀོན་མཆོག་ལ་དད་ཅིང༌། །བྱང་ཆུབ་སེམས་དང་སྡོམ་པ་དང༌། །ལྷ་དང་སྔགས་ལ་གུས་པ་དང༌། །རྒྱུན་དུ་རྣལ་འབྱོར་དང་ལྡན་ཏེ། །རྒྱུད་
དང་དོན་ལ་བརྩོན་ལྡན་ན། །ལས་རྣམས་ཐམས་ཅད་འགྲུབ་པ་འོ། །ཞེས་གསུངས་པ་བཞིན་ཡིན་པས། དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང༌། དད་བརྩོན་ཕུན་སུམ་ཚོགས་པ་ཐབས་ཤེས་ཁྱད་པར་ཅན་གྱི་སྒོ་ནས་ལྷའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པ་ལྷུར་བྱས་ཏེ་ཕྱི་ནང་གི་བར་ཆད་མཐའ་དག་བསལ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་རང་གཞན་གྱི་རྒྱུད་ལ་སྤེལ་བར་བྱེད་དགོས་པ་ཡིན་ནོ། །ཟབ་གསཾང་རྒྱ་ཆེའི་གཏིང་མཐའ་མི་མངོན་དངོས་གྲུབ་རིན་ཆེཾན་ཚོགས་ཀྱིས་གཏམས། །འཕྲིན་ལས་རླབས་ཀྱི་ཕྲེང་བ་འབུམ་འགྱེད་བདུད་སྡེའི་སྙིང་ལ་འཇིགས་པ་སྟེར། །གྲོལ་བྱེད་བྱིན་རླབས་བང་རིམ་བཞི་ལྡན་སྐུ་གསུམ་ལྷུན་པོའི་སྙིང་པོ་ཅན། །གྲུབ་དབང་གདེངས་ཅན་བྱེ་བའི་རོཾལ་གནས་གདམས་པའི་མཚོཾ་ཆེན་ཡོངས་སུ་གྲུབ། །གང་གི་ཐུགས་རྗེ་ཟེར་གྱིས་རེག་པ་ཡིས། །ཟབ་དོན་འབྱེད་པའི་བློ་གྲོས་མཆོག་སྦྱིན་པ། །དཔལ་ལྡན་བླ་མ་རྡོ་རྗེ་འཆང་བའི་ལྷས། །ད་དུང་བྱང་ཆུབ་བར་དུ་རྟག་སྐྱོངས་ཤིག །འཇམ་མགོན་བླ་མའི་ཐུགས་དམ་ལྷ་ལྔ་ཞེས། །ཞྭ་སེར་འཆང་བའི་ཕ་ཆོས་ལགས་ན་ཡང༌། །སྔོན་ཆད་ལྷ་མཆོག་འདི་ཉིད་སྒྲུབ་པའི་ཐབས། །ཕྲ་ཞིབ་རྒྱས་པར་བཀྲལ་བ་མི་སྣང་བས། །དེང་འདིར་ཡབ་རྗེ་རྒྱལ་བ་མཆོད་པའི་སྤྲིན། །དགེ་ལྡན་བསྟན་འཛིན་ཡོངས་ཀྱི་སྤྱི་ནོར་དང༌། །རང་ཉིད་ལམ་བཟང་སྒྲུབ་པའི་དཔུང་གཉེན་དུ། །བསམས་ནས་ཚུལ་འདིར་འབད་པའི་ངལ་བ་བསྟེན། །རྩ་བཤད་རྒྱུད་དང་འཕགས་བོད་གཞུང་རྣམས་ལ། །དཔྱད་ནས་བཀོད་ཀྱང་བྱིས་བློས་ནོངས་གྱུར་
ཚེ། །བླ་མ་ལྷ་ཡི་སྤྱན་སྔར་མཐོལ་བགྱིད་ན། །ནོངས་པ་རྒྱུར་བཅས་བྱང་ཞིང་དག་པར་མཛོད། །དགེ་བའི་བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །ཐུན་མོང་ལམ་སྦྱངས་སྔགས་ཀྱི་སྒོར་ཞུགས་ཏེ། །རྒྱལ་ཀུན་གསུང་གི་གསང་མཛོད་འཛིན་པ་ལ། །གསང་བའི་བདག་པོ་ཉིད་དང་མཚུངས་པར་ཤོག །མིང་ཙམ་ལྷག་མར་གྱུར་པའི་བསྟན་པ་འདི། །སླར་ཡང་གསོ་ཕྱིར་བརྩོན་པའི་སྐྱེས་མཆོག་རྣམས། །ཕྱི་ནང་བདུད་སྡེའི་གཡུལ་ལས་རྣམ་རྒྱལ་ཏེ། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་ཚུགས་པར་ཤོག །ཅེས་དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྐྱེད་རིམ་གྱི་རྣམ་གཞག་རྒྱ་ཆེར་བཤད་པ་གསང་ཆེན་རོལ་མཚོ་ཞེས་བྱ་བ་འདི་ནི། གནམ་གྱི་ལྷ་ྋའཇམ་དབྱངས་མི་ཡི་རྗེ་བོས་སློབ་དཔོན་འཕགས་པ་ཆེན་པོར་བསྔགས་པ་ས་སྟེང་བསྟན་འགྲོ་ཡོངས་ཀྱི་ཕན་བདེའི་རྩ་ལག་ཁྲི་ཆེན་རྒྱ་ནག་པའི་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ནན་ཧེ་པོ་ཏ་ལའི་གནས་བཅུའི་འདྲ་ཐང་ཁྱད་འཕགས་ལྷ་དར་བཅས་གནང་སྟེ་བཀའི་བསྐུལ་མས་མཚམས་སྦྱར་ཞིང༌། འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་སྤེལ་བ་ལ་རླབས་པོ་ཆེའི་ཐུགས་བསྐྱེད་ཀྱི་མཐུ་གྲུབ་པ་ཁྲི་ཆེན་ནམ་མཁའ་བཟང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་གསུང་ནན་ཆེན་པོས་བསྐུལ་མ་ཡང་ཡང་གནང་བར་བརྟེན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རང་ལ་ཉམས་ལེན་ མེད་ཀྱང་དཔལ་གསང་བའི་བདག་པོ་མིའི་གར་གྱིས་རོལ་པ ་ཡབ་རྗེ་ྋདཀོན་མཆོག་འཇིགས་མེད་དབང་པོའི་ཞབས་དྲུང་ནས་འདིའི་སྨིན་བྱེད་ཀྱི་རིམ་པ་ལེགས་པར་མནོས་ཤིང༌། བླ་མ་དང་
ཡི་དམ་དབྱེར་མི་ཕྱེད་པ་ལ་མོས་གུས་དམ་ཚིག་གཙང་མའི་བྱིན་རླབས་ཀྱིས་ཟབ་དོན་སྨྲ་བའི་སྤོབས་པ་ཅུང་ཟད་སྐྱེས་ཏེ། རབ་བྱུང་བཅུ་བཞི་པའི་བགྲང་བྱ་བརྒྱད་པ་དངོས་པོ་ཞེས་པ་ཤིང་ཕོ་ཁྱིའི་ལོ། རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་དབྱར་ཁས་ལེན་གྱི་སྐབས་མཚམས་ཀྱི་ཐུན་གསེང་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་གཙུག་ལག་གི་གཞུང་ལ་བློ་མིག་ཡངས་པ་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡུན་དུ་གནས་པར་གྱུར་ཅིག །དཀོཾན་མཆོཾག་ཐུགས་རྗེའི་བདེན་མཐུས་ལེགས་བཤད་འདི། །བསྟཾན་པཾའི་སྒྲཾོན་མཾེར་ཡུན་དུ་གནས་པ་དང༌། །འབྲེལ་ཐོགས་འགྲོ་ཀུན་གནས་སྐབས་དགའ་བདེས་འཚོ། །མཐར་ཐུག་རྣམ་མཁྱེན་རྒྱལ་བའི་གནས་ཐོབ་ཤོག །ཅེས་པ་འདིའང་སུ་ཉིད་ཤོག་ནས་རྣམ་དཔྱོད་ཡངས་པ་རབ་འབྱམས་ཀུན་དགའ་རྣམ་རྒྱལ་གྱིས་འདི་ཀའི་ངག་རྩོམ་པར་དུ་མ་འཁོད་པ་རྣམས་བརྐོ་དགོས་ཚུལ་ཐེབས་དང་བཅས་ཏེ་བསྐུལ་བ་བཞིན་བསྒྲུབས་པའི་ཚེ་བྲིས་པའོ།། །།