ངན་སོང་ཐམས་ཅད་སྦྱོང་བའི་དཀྱིལ་འཁོར་ཞལ་སྟོན་གྱི་བཤད་པ།
ངན་སོང་ཐམས་ཅད་སྦྱོང་བའི་དཀྱིལ་འཁོར་ཞལ་སྟོན་གྱི་བཤད་པ་ཆོས་དུང་དཀར་པོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བྷ་ག་ཝ་ཏི་བཻ་རོ་ཙ་ནཱ་ཡ། དཔལ་ལྡན་མཁས་ཀུན་རལ་པའི་ཟུར་ཕུད་རྩེར། །ཞབས་སྐྱེས་ནོར་བུའི་གདེངས་ཀ་ངལ་གསོ་བ། །འཇིགས་མེད་དབང་པོར་མཚན་གསོལ་རིགས་ཀྱི་བདག །བྱང་ཆུབ་བར་དུ་གཙུག་ན་མཛེས་གྱུར་ཅིག །ངན་སོང་ཀུན་སྦྱོང་ཐམས་ཅད་རིག་པ་ཡི། །དཀྱིལ་འཁོར་ཐར་པ་ཆེན་པོའི་གཞལ་མེད་དུ། །བགྲང་ཡས་ཐར་འདོད་གཞུག་ལ་སྔོན་འགྲོའི་གཏམ། །ཟབ་གསང་ཆོས་དུང་དཀར་པོའི་དབྱངས་འདི་སྒྲོགས།། དེའང་རྒྱལ་བ་མ་ཕམ་མགོན་པོས་ཐེག་པ་ཆེན་པོ་རྒྱུད་བླ་མར། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ན། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་
མཁས་པ་དང༌། །བཙུན་མོའི་འཁོར་གྱིས་བསྐོར་བ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌། །བྱང་ཆུབ་སྙིང་པོ་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ན། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་ པར་སྟོན། །ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འགྲོ་བ་སེམས ་ཅན་ཐམས་ཅད་ལ་རིས་སུ་མ་ཆད་པའི་བརྩེ་བ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཏེ་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཆོས་སྐུ་བདེ་བ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་རྗེས་ཐོབ་སྒྱུ་མའི་རོལ་པ་གང་ལ་གང་འཚམ་གྱི་སྤྲུལ་བའི་ཟློས་གར་དཔག་ཏུ་མེད་པ་སྟོན་པར་མཛད་པ་ཆོས་ཉིད་ཡིན་ལ། ཁྱད་པར་དུ་རང་ཅག་རྣམས་ཀྱི་འདྲེན་པ་མཉམ་མེད་ཐུབ་པའི་དབང་པོ་འདི་ཉིད་ཀྱང༌། ངག་གི་དབང་
ཕྱུག་གྲགས་པས།དཔལ་ལྡན་སྟུག་པོ་བཀོད་པ་ཉིད་དུ་དོན་དམ་ཐུགས་ཆུད་ཅིང༌། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ན་དམ་པ་ཏོག་དཀར་འགྱུར། །ཞེས་གསུངས་པ་ལྟར་བསྐལ་པ་བགྲང་དུ་ཡས་པའི་སྔ་རོལ་ནས་རྒྱལ་བ་དབང་པོའི་ཏོག་ཏུ་མངོན་པར་སངས་རྒྱས་ཏེ་སྐུ་བཞི་ཡེ་ཤེས་ལྔ་ལ་སོགས་པའི་ཡོན་ཏན་མཐའ་དག་མངོན་པར་བྱང་ཆུབ་ཏུ་ཟིན་ཀྱང༌། ཐུན་མོང་གདུལ་བྱའི་སྣང་ངོར་དགའ་ལྡན་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཞེས་ཤིང༌། དེ་ནས་གཟིགས་པ་ལྔ་ལ་གཟིགས་ཏེ་རྒྱལ་པོ་ཟས་གཙང་མའི་སྲས་སུ་བལྟམས་ནས་མཚན་གཞོན་ནུ་དོན་ཀུན་གྲུབ་པར་གསོལ་ཏེ་ལོ་ཉི་ཤུ་རྩ་དགུར་ཁབ་ཏུ་བཞུགས་ཤིང་ལོ་དྲུག་དཀའ་བ་སྤྱད་དེ་མཐར་བྱང་ཆུབ་ཀྱི་ཤིང་དྲུང་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྲོད་ལ་བདུད་བཏུལ་གུང་ལ་མཉམ་པར་བཞག་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་ཏེ་གདུལ་བྱ་རྣམས་ཀྱི་དབང་པོའི་རིམ་པ་དང་མཐུན་པར་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་བསྡུས་ན་ཉན་ས་དང་ཀུན་བཏུས་ལྟར་གསུང་རབ་ཡན་ལག་བཅུ་གཉིས་སམ་གསུང་རབ་ཡན་ལག་དགུ་དང༌། དེའང་མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །ཞེས་གསུངས་པ་ལྟར་མདོ་མངོན་འདུལ་བའི་སྡེ་སྣོད་གསུམ་མམ་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་འདུ་ལ། ཡང་ན་མདོ་སྡེ་གདམས་ངག་འབོག་
པའི་རྒྱལ་པོ་ལས། རྒྱུ་ལ་སྤྱོད་པ་རྒྱུ་ཆོས་ཀྱི། །འཁོར་ལོར་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པ་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན་དུ། རྒྱུ་ལམ་བྱེད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་ལམ་བྱེད་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་ཞིང༌། དེ་གཉིས་ཀྱི་ནང་ནས་ཀྱང་ཕྱི་མ་ནི་ཤིན་ཏུ་དཀོན་ཞིང་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །གང་གིས་ སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར ་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །ཞེས་གསུངས་ཤིང་བསྐལ་པ་བཟང་པོ་འདི་ལའང༌། རྣམ་འདྲེན་སྟོང་འབྱོན་པའི་ནང་ན་སྔགས་ཀྱི་བསྟན་པ་དར་བ་བསྟན་པ་འདི་ལས་གཞན་མ་བཤད་ཅིང༌། བླ་མ་གོང་མ་རྣམས་ཀྱི་གསུང་རྒྱུན་ལ་རིགས་པས་བསྒྲུབས་ཏེ་གསུམ་བཞི་ཙམ་འབྱུང་བར་གསུངས་པ་མ་གཏོགས་གཞན་ཐམས་ཅད་མདོ་ཕྱོགས་རྐྱང་པ་ཡིན་པས། དོན་འདི་ལ་དགོངས་ནས་རྗེ་བདག་ཉིད་ཆེན་པོས་ཀྱང༌། སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེའི་ཐེག །ཅེས་འདོམས་པར་མཛད་པ་ཡིན། འོ་ན་དེ་ཙམ་དུ་དཀོན་པ་དེར་སྔ་མ་ལས་ལྷག་པའི་ཁྱད་ཆོས་ཇི་ལྟ་བུ་ཞིག་ཡོད་
པ་ཡིན་སྙམ་ན། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་ཁྱད་པར་བཞི་བཤད་ཀྱང༌། རྗེ་བདག་ཉིད་ཆེན་པོའི་བཞེད་སྲོལ་ཐུན་མོང་མ་ཡིན་པ་ནི་མདོ་སྔགས་གཉིས་ལ་ཆོས་སྐུ་དང་རྣམ་པ་མཐུན་པའི་ལམ་སྟོང་ཉིད་བསྒོམ་པའི་ཡེ་ཤེས་ཡོད་པར་འདྲའང༌། གཟུགས་སྐུ་དང་རྣམ་པ་མཐུན་པའི་ལྷའི་རྣལ་འབྱོར་ཡོད་མེད་དང་དེ་ལ་བརྟེན་ནས་བྱིན་རླབས་འཇུག་ཚུལ་སོགས་མི་འདྲ་བ་ཡོད་པས་ཕྱི་མ་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལྟ་བུའི་གསང་སྔགས་རྡོ་རྗེ་ཐེག་པ་དེ་ལའང༌། རྒྱུད་སྡེའི་དབྱེ་བ་ཇི་ལྟ་བུ་ཡོད་ཅེ་ན། བླ་མ་སྔ་མ་རྣམས་མདོ་སྡེ་རྟོག་པའི་རྒྱུད། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྣལ་འབྱོར་གསང་མཐའི་རྒྱུད་དང་དྲུག་ཏུ་འདོད་པ་སོགས་བཞེད་ཚུལ་མང་ཡང༌། རང་ལུགས་ནི་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མེད་རྣལ་འབྱོར་དེ་ལྟག་ལའོ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་ཕྱིའི་བྱ་བ་གཙོ་བོར་གྱུར་པ་བྱ་རྒྱུད། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་ཆ་མཉམ་དུ་སྤྱོད་པ་སྤྱོད་རྒྱུད། རྣལ་འབྱོར་ཁོ་ན་གཙོ་བོར་གྱུར་པ་རྣལ་འབྱོར་རྒྱུད། རྣལ་འབྱོར་དེ་ལས་གོང་ན་མེད་པས་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་བཞིར་བཞག་པ་ཡིན་ལ། དེ་བཞིའི་འཇོག་བྱེད་གཞན་ཡང༌། སྒྲོན་གསལ་ལས། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །ཞེས་སོགས་གསུངས་པ་ལྟར་སྤྱིར་སྔགས་ཀྱི་
ཐེག་པ་ནི། དབང་རྣོན་ཆགས་བཅས་ཀྱི་ལམ་གྱིས་འཚང་རྒྱ་བའི་དབང་དུ་བྱས་པ་ཡིན་ལ། རིག་མའི་འདོད་ཡོན་ལ་ཆགས་པ་སྤྱོད་པའི་ཚུལ་ཡང༌། མངོན་པ་མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅང་དང༌། །རྒོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་རིགས་མི་འདྲ་བ་བཞིར་ཡོད་པ་བཞིན་དུ། སམྦྷུ་ཊ་ལས། རྒོད་དང་བལྟ་དང་ལག་བཅང་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞ། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་དེ་དག་རིམ་པ་ལྟར་ལམ་དུ་བྱེད་ནུས་པའི་གདུལ་བྱ་རིགས་བཞི་ཡོད་པའི་དབང་གིས་རྒྱུད་བཞིར་གསུངས་པའི་ནང་ནས་གསུམ་པ་རྣལ་འབྱོར་རྒྱུད། དེ་ལའང་རྩ་བཤད་ཕྱོགས་མཐུན་གྱི་རྒྱུད་མང་དུ་བཞུགས་ཀྱང་གཙོ་བོ་གྱུར་པ་སྔགས་རིམ་ལས། རྣལ་འབྱོར་རྒྱུད་རྣམས་ཀུན་གྱི་མཆོག་གྱུར་པ། །དཔལ་ལྡན་དེ་ཉིད་བསྡུས་པའི་འོ་མའི་མཚོ། །ཞེས་དེ་ཉིད་བསྡུས་པ་གཙོ་བོར་གསུངས་པ་དང༌། དེར་མ་ཟད་དཔལ་ནཱ་རོ་ཏ་པས། དེ་ཉིད་བསྡུས་པ་རྩ་རྒྱུད་དང༌། གསང་འདུས་རྩ་རྒྱུད་དེའི་རྒྱུད་ཕྱི་མ་དང༌། ལེའུ་བཅོ་བརྒྱད་པ་དེའི་འང་རྒྱུད་ཕྱི་མར་བཤད་པ་ནི་སྤྱོད་བསྡུས་ཀྱིའང་དགོངས་པ་ཡིན་པར་མཐའ་དཔྱོད་རིན་པོ་ཆེའི་མྱུ་གུར་གསུངས་ལ། དེའི་རྒྱུ་མཚན་ནི་འདུས་པའང་རྒྱུད་སྡེ་བཞིར་ཕྱེ་བའི་རྣལ་འབྱོར་རྒྱུད་མིན་ཀྱང༌། སྤྱིར་དེ་ལ་རྣལ་འབྱོར་རྒྱུད་ཅེས་གསུངས་པ་མང་ཞིང་གསུངས་པའི་དུས་ལ་ལྟོས་ཏེ་གཅིག་ཤོས་སྔ་བ་དང་འདུས་པར་དབང་གི་སྐོར་སོགས་འགའ་ཞིག་དེ་ཉིད་བསྡུས་པར་ཞལ་འཕངས་མཛད་པའང་ཡོད་པའི་གནད་ཀྱིས་ཡིན། འདི་དག་གི་སྐབས་
ནས་གསུངས་པའི་དཀྱིལ་འཁོར་གྱི་དབྱེ་བ་ལ་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སོགས་མང་དུ་ཡོད་ནའང༌། དེ་ཐམས་ཅད་ཀྱི་རྩ་བ་ལྟ་བུར་གྱུར་པ་ནི་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་ཡིན་པས་འདི་ལྟ་བུའི་དཀྱིལ་འཁོར་དུ་ཞུགས་ཏེ་དབང་རྣམ་པར་དག་པ་མནོས་ནས་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་ཞིང༌། མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་སོགས་ལ་ཚུལ་བཞིན་དུ་བསླབ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་པས། དང་པོར་སློབ་དཔོན་མཚན་ཉིད་དང་ལྡན་པ་ལས་སྨིན་བྱེད་དབང་གི་ཆུ་རྒྱུན་ཉམས་པ་མེད་པར་ནོད་པ་ཤིན་ཏུ་གལ་ཆེ་སྟེ། རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་བ་ནི་མཆོག་ཡིན་ཏེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་མནོས། །ཞེས་དང༌། ཕྱག་ཆེན་ཐིག་ལེ་ལས། ལན་གཅིག་དབང་རྣམས་ཀྱི་ནི་བསྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་པ་འོ། །ཞེས་གསུངས་ཤིང༌། དབང་མ་ཐོབ་ན་ཅི་ཙམ་འབད་ཀྱང་ཡོན་ཏན་སྐྱེ་བར་མི་ནུས་པ་ནི་སངས་རྒྱས་ཐོད་པ་ལས། དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང༌། །དེ་བཞིན་དབང་དང་བྲལ་ན་ན། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །ཞེས་གསུངས་ཏེ། དེའི་རྒྱུ་མཚན་ནི་བུ་སྟོན་གྱིས་མཛད་པའི་འདུས་པའི་དཀྱིལ་ཆོག་ལས། གཏོར་ཕྱིར་དྲི་མ་འཁྲུད་པའི་ཕྱིར། །བླུགས་ཕྱིར་ནུས་པ་འཇོག་པའི་ཕྱིར། །དབང་ཕྱིར་འབྲས་བུ་མངོན་གྱུར་ཕྱིར། །ལྷག་མེད་གྲོལ་བ་སྟེར་ཕྱིར་དབང༌། །ཞེས་ཨ་བྷི་ཥེ་ཀའི་སྒྲ་ལ་ངེས་ཚིག་གི་བཤད་པ་བྱས་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་འཁྲུད་པ་དང༌། གདུལ་བྱའི་རྒྱུད་ལ་
ཡེ་ཤེས་ཀྱི་ནུས་པ་ལུགས་སུ་བླུགས་པ་དང༌། རྒྱུད་ཉན་བཤད་དང་ལམ་བསྒོམ་པ་སོགས་ལ་དབང་བར་བྱེད་པ་དང༌། འབྲས་བུ་བླ་མེད་བྱང་ཆུབ་ཐོབ་པར་བྱེད་པས་ན་དབང་ཞེས་བཤད་དེ། ཤཱཀྱ་འོད་ཀྱི་འདུལ་བ་སུམ་བརྒྱ་པར་ཡང༌། རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་པས་དང་པོར་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་གཞི་རྟེན་དུ་དབང་ཐོབ་པ་གལ་ཆེ་ལ། དེར་མ་ཟད་རྗེ་བདག་ཉིད་ཆེན་པོས་བླ་མ་ལྔ་བཅུ་པའི་ཊཱིཀྐར། དབང་བསྐུར་བ་ལ། སྨིན་བྱེད་རྒྱུའི་དབང་དང༌། གྲོལ་བྱེད་ལམ་གྱི་དབང་དང༌། གྲོལ་བ་འབྲས་བུའི་དབང་དང་གསུམ་དུ་ཡོད་ཀྱང༌། ཞེས་ཐོག་མར་འཇུག་པའི་སྒོ་དང༌། བསྐྱེད་རྫོགས་ཀྱི་ལམ་དང༌། འབྲས་བུ་ཟུང་འཇུག་གི་གོ་འཕང་སྟེ་སྔགས་ལམ་གྱི་གནད་ཐམས་ཅད་དབང་གི་ཁོངས་སུ་འདུས་པར་གསུངས་ཏེ། རྒྱུ་མཚན་འདི་དག་ལ་བརྟེན་ནས། སྔགས་རིམ་ཆེན་མོར། རྣལ་འབྱོར་གྱི་དབང་ཕྱུག་བིར་ཝ་པའི་གདམས་པ་འཛིན་པའི་བོད་ཀྱི་བླ་མ་མཁས་པ་འགའ་ཞིག་སྔགས་ཀྱི་ལམ་གྱི་གནད་ཐམས་ཅད་དབང་གི་ཁོག་ནས་ཚོལ་བར་མཛད་པ་ནི་རྨད་དུ་བྱུང་བའི་སྲོལ་དུ་མཐོང་ངོ༌།། ཞེས་ས་སྐྱ་བའི་ལམ་འབྲས་ཀྱི་གདམས་ངག་མ་ནོར་བ་རྣམས་ལ་བསྔགས་བརྗོད་མཛད་པ་ལྟ་བུས་མཚོན། དགོས་པ་བསམ་གྱིས་མི་ཁྱབ་པས་འདི་ལ་ནན་ཏན་དུ་བྱེད་དགོས་ཤིང༌། དེ་ལའང་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང༌། ཞུགས་ནས་དབང་བསྐུར་བ་གཉིས་སུ་ཡོད་པས། སྔ་མ་ནི་དགོས་པ་ཆེ་ཞིང་དགག་བྱ་ཆུང་བས་སྣོད་མིན་ལ་ལའང་བྱར་
རུང་སྟེ། རྩ་རྒྱུད་དེ་ཉིད་བསྡུས་པ་ལས། དཀྱིལ་འཁོར་ཆེན་པོ་འདིར་གཞུག་པ་ལ་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་བརྟག་མི་འཚལ་ལོ། །ཞེས་དང༌། རྩེ་མོ་ལས། དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིར་ནི་མ་ལུས་ཤིང་ལུས་པ་མེད་པའི་ སེམས་ཅན་གྱི་ཁམས་ཐམས་ཅད་འཇུག་ཏུ་རུང་ངོ༌། །སྣོད་དང་སྣོད་མ་ཡིན་པ་ཡོངས་སུ་བརྟག་པར ་མི་བྱ་སྟེ། ཞུགས་པ་ལ་མངོན་ པར་ཞེན་པ་ཡོངས་སུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས ་ཅན་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱི་མོད་ལ་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དད་པ་མེད་པ་དང༌། དགེ་བའི་རྩ་བ་མ་བསགས་པ་དང༌། རྒྱུད་ཡོངས་སུ་མ་སྨིན་པ་དང༌། མོས་པ་མེད་དུ་ཟིན་ཀྱང༌། འོན་ཀྱང་མཐོང་བ་ཙམ་གྱིས་སོ། །ཞེས་དང༌། གཞུག་པ་ཙམ་ཞིག་སྦྱིན་བྱ་ཡི། །རྣམ་པ་ཐམས་ཅད་བྱ་བ་མིན། །ཞེས་གསུངས་ཤིང༌། སངས་རྒྱས་གསང་བས་རྣམ་སྣང་མངོན་བྱང་གི་འགྲེལ་པ་དང༌། ཤཱནྟི་པས་དགྲ་ནག་གི་འགྲེལ་པར་ཡང་དེ་བཞིན་དུ་གསུངས་པས་རྒྱུད་སྡེ་བཞི་ག་མཐུན་པར་དཀྱིལ་འཁོར་དུ་འཇུག་པའི་སྐོར་རྣམས་ཀུན་ལ་བྱས་ཀྱང་འགལ་བ་མེད་ཅིང་མཐོང་བ་ཙམ་གྱིས་ཐར་པའི་ས་བོན་བསྐྲུན་པས་ཕན་ཡོན་ཆེ་ལ། དེ་ལའང་གདོང་གཡོགས་དང་བཅས་ཏེ་འཇུག་པ་དང༌། དཀྱིལ་འཁོར་མཐོང་བའི་བདག་ཉིད་དུ་འཇུག་པ་གཉིས། སྔ་མ་ལ་ཡོལ་བའི་ཕྱི་འཇུག་དང་ནང་འཇུག་ཅེས་བྱ་བ་ཕྱག་ལེན་ལ་ཡོལ་བ་བསལ་མ་བསལ་དང་བསྒོམ་དོན་ལ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བྱ་བ་དང་ནང་དུ་བྱ་བའི་སྐོར་གཉིས་ཡོད་པས། དང་པོ་ཕྱི་འཇུག་ལ། མཎྜལ་ཕུལ་ཏེ། དེའང་ངན་སོང་སྦྱོང་རྒྱུད་ལས། དེས་ཀྱང་
མོས་པས་སྤྱི་བོས་ཕྱག་འཚལ་ཏེ། །ཅི་སྟེ་ནོར་ཡོད་བླ་མ་ལ་དབུལ་བྱ། །ནོར་དང་གཏེར་དང་འབྲུ་དང་དབྱིག་དང་གསེར། །མདོར་ན་རང་གི་ལུས་ཀྱང་དབུལ་བར་བྱ། །ཞེས་གསུངས་པ་ལྟར་ལུས་ལོངས་སྤྱོད་ཐམས་ཅད་ཡོན་དུ་དབུལ་ཞིང་དེ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས། དགའ་བ་ཆེན་པོ་རྡོ་རྗེ་འཆང་གི་ངོ་བོར་བལྟས་ནས་གསོལ་བ་འདེབས་དགོས་པ་ནི་དཔལ་ལྡན་དཔའ་བོའམ་མཚན་གཞན་སློབ་དཔོན་ཆེན་པོ་བྷ་བི་ལྷས་བླ་མ་ལྔ་བཅུ་པར། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་གསུངས་ཤིང༌། དེའང་རྡོ་རྗེ་འཆང་བྱ་བའི་སངས་རྒྱས་ཤིག་ཟུར་དུ་ཡོད་པ་མ་ཡིན་པར། རྒྱུད་དེ་དང་དེ་གསུངས་པའི་ཚེ་དེའི་དཀྱིལ་འཁོར་གྱི་བདག་པོའི་སྐུར་བཞེངས་ནས་གསུངས་པ་བོ་དེ་ཉིད་ཡིན་པས་སྐབས་འདི་ལྟ་བུ་ལ་མཚོན་ན་རྩ་བའི་བླ་མ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ངོ་བོ་དབྱེར་མེད་དུ་མོས་དགོས་པ་ནི། སྦྱོང་རྒྱུད་ལས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དབང་བསྐུར་བར་བྱའོ། །ཞེས་པའི་དགོངས་པ་ཡིན་ལ། དེའི་འོག་ཏུ་མིག་དར་འཆིང་དགོས་པ་ནི། སྦྱོང་རྒྱུད་ལས། དར་ལ་སོགས་པས་མིག་གཉིས་གཡོགས་ནས་ན། །ཞེས་གསལ་བར་གསུངས་ཤིང༌། དེའི་ཁ་དོག་གི་ཁྱད་པར་དུས་འཁོར་གྱི་དཀྱིལ་ཆོག་ལས་ལས་མཐུན་གྱི་ཁ་དོག་ཏུ་གསུངས་ལ། ཨ་བྷྱཱའི་རྡོར་ཕྲེང་དུ་དམར་སེར་ཅི་རིགས་བྱ་བར་གསུང༌། བཞི་བརྒྱ་ལྔ་བཅུ་པར། དེ་ནས་གོས་དམར་གྱིས་གདོང་གཡོགས། །ཞེས་དམར་པོ་གཙོ་བོར་མཛད་པས་དེང་སང་ཕྱག་ལེན་ལའང་དེ་བཞིན་བྱེད་པར་སྣང་
ཞིང༌། འདིའི་སྔགས་དོན་ནི་ཡིད་དག་པར་བྱ་བའི་ཕྱིར་མིག་དར་ཆིངས་ཤིག་ཅེས་པ་ཡིན་ལ། དེའང་ཡིད་མི་གཡེང་བའི་ཐབས་ལ་འདོད་པ་སོགས་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང་རང་ལུགས་འབྲས་མ་སྨིན་གྱི་བར་དུ་བརྟོལ་མི་རུང་བ་ལྟར། དཀྱིལ་འཁོར་སྟོན་པའི་སྣོང་རུང་དུ་མ་གྱུར་གྱི་བར་དུ་མཐོང་ན་སྒྲིབ་པར་འགྱུར་བས་དེ་འགོག་བྱེད་ཡིན། དེ་ནས་མེ་ཏོག་གཏོད་པ་ནི། སྦྱོང་རྒྱུད་ལས། ཡོན་གྱིས་ལག་པ་བཀང་སྟེ་གཞུག་པར་བྱ། །ཞེས་སླར་དཀྱིལ་འཁོར་དུ་འཇུག་པའི་དུས་ཀྱི་ཕྱག་རྟེན་དུ་མེ་ཏོག་སྣ་ལྔ་པའི་ཕྲེང་བ་རེ་སྟེར་བ་ཡིན་ལ། ཟུང་འཇུག་གསལ་བར། བླ་མས་རབ་ཏུ་དང་ སེམས་ཀྱིས། །རྟག་པའི་གཟུགས་སུ་རྣམ་པར ་བསམ། །དེ་ལ་ཨཱ་ཁཾ་བཱི་ར་ཧཱུཾ་སྔགས་ཀྱི། །མེ་ཏོག་ཕྲེང་བ་རབ་བཟང་པོ། །གུས་པས་མེ་ཏོག་དོར་དོན་དུ། །འབད་པས་བློ་ལྡན་འཛིན་དུ་འཇུག །ཅེས་རྟག་པ་སྟེ་རྣམ་སྣང་གི་ངོ་བོར་བསྐྱེད་པར་གསུངས་པ་རྒྱུད་སྡེ་འོག་མའི་སྐབས་འདིར་མི་དགོས་ཀྱང༌། ཨཱ་སྣང་བ་མཐའ་ཡས། ཁཾ་དོན་ཡོད་གྲུབ་པ། བི་རྣམ་པར་སྣང་མཛད། ར་རིན་འབྱུང༌། ཧཱུཾ་མི་བསྐྱོད་པ་སྟེ་རིགས་ལྔའི་ས་བོན་ལས་ཡེ་ཤེས་ལྔར་བསྐྱེད་ནས་ཐ་མལ་གྱི་སྣང་ཞེན་དང་མ་འདྲེས་པ་དགོས་པས། དོན་འདི་ལ་དགོངས་ནས་ཀུན་རིག་ཊཱིཀ་ཆེན་དུ་དབང་རྫས་ལ་བསྐྱེད་ཆོག་བྱེད་པ་བླ་མེད་ཁོ་ནའི་ལུགས་ཡིན་པར་གསུང་བའི་དགོངས་པའང༌། ༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་དབང་དོན་དེ་ཉིད་ཡང་གསལ་ལས་རྒྱུད་སྡེ་འོག་མའི་སྐབས་ལྷ་སོ་སོའི་གཟུགས་སུ་མི་བསྐྱེད་པའི་དོན་ཡིན་གྱི། ཆུ་ཅོད་པན་སོགས་དག་པ་ཡེ་ཤེས་ཀྱི་རང་བཞིན་དུ་མོས་མི་དགོས་པ་ནི་མིན་ནོ། །ཞེས་འགྲེལ་པར་
མཛད་དོ། །དེའི་རྗེས་སུ། དབང་མེད་བདག་གིས་མི་དགེ་བགྱིས་པ་དང༌། །ཞེས་སོགས་ཀྱི་སྐབས་ནས་སྡིག་པ་བཤགས་པའི་ཡན་ལག་ལ་སོགས་པ་སྔོན་དུ་འགྲོ་བས་བྱང་སྡོམ་འཛིན་པ་ཡིན་ཏེ། དེའང་དབང་རྫོགས་པར་བསྐུར་བ་ལ། རྩེ་མོ་ལས། སྡོམ་པ་གསུམ་ལ་བཀོད་ནས་ན། །དེ་ནས་དཀྱིལ་འཁོར་བསྟན་པར་བྱ། །ཞེས་གསུངས་པ་ལྟར་སྔགས་སྡོམ་ཡང་འཛིན་དགོས་ལ། སྐབས་འདི་ལྟ་བུ་ལ་ནི། རྡོར་འཕྲེང་ལས། འདིར་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ལ་སྟེར་བ་དེ་ནི་ཐུན་མོང་བ་སྟེ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་དོ།། ཞེས་ཐུན་མོང་བ་བྱང་ཆུབ་སེམས་དཔའི་སྡོམ་པ་ཙམ་བཟུང་བས་ཆོག་ཅིང་འཛིན་པའི་ཆོ་གའང༌། ཉི་ཤུ་པ་སོགས་ཕལ་མོ་ཆེར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱི་སྒོ་ནས་འབོག་པར་བཤད་ཀྱང༌། འདིར་རང་གི་སྒོས་ཆོས་ལྟ་བུའི་རྒྱུད་རྣམས་ལས་བཏུས་པའི་ཚིགས་བཅད་འདི་དག་གི་སྒོ་ནས་འཛིན་པ་ཡིན། དེ་ནས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ལ་ཐམས་ཅད་ཅེས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་བྱས་ན་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་དུ་རྫོགས་པའི་བྱང་ཆུབ་ཐོབ་ པར་འདོད་པ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས ་ལ་མཚོན་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྟོགས་པའི་དོན་ཡིན་ལ། རྣལ་འབྱོར་ཅེས་པ། དབུས་མཐའ་ལས། དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །
ཞེས་ཞི་གནས་ཀྱི་སྟོབས་ཀྱིས་ སེམས་རྣལ་དུ་གནས་པར ་བྱས་པའི་སྟེང་ནས། ལྷག་མཐོང་གིས་སྤྲུལ་བསྒྱུར་སོགས་དོན་ཐམས་ཅད་ལ་དབང་འབྱོར་པར་བྱེད་པས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཐམས་ཅད་ལ་རྣལ་འབྱོར་དུ་བཤད་པ་ལྟ་བུ་ཡོད་ཀྱང༌། སྐབས་ཐོབ་ཀྱིས་འདི་ནི། འདུས་པ་ཕྱི་མ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཅེས་ནི་བྱ་བར་བཤད། །ཅེས་ཐབས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་དོན་དམ་བྱང་ཆུབ་ཀྱི་ སེམས་གཉིས་ཟླ་བ་དང་རྡོ་རྗེའི་རྣམ་པར ་ཟུང་འབྲེལ་དུ་བསྒོམ་པའི་དོན་ཡིན་ཏེ། དཔལ་མཆོག་ལས། གང་ཞིག་སྐྱེ་བ་ཙམ་གྱིས་ན། །སངས་རྒྱས་ཉིད་དུ་དོགས་མེད་པའ། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །ཞེས་དང༌། གྲུབ་ཆེན་མར་མེ་མཛད་ཀྱིས། རྣལ་འབྱོར་སེམས་ནི་ཡང་དག་བསྐྱེད། །སྙིང་གར་རྡོ་རྗེ་སྙིང་པོ་བསམ། །ཞེས་སོགས་དང་དགོངས་པ་གཅིག་གོ །འདི་དག་རྒྱས་པར་བཤད་ན། རྒྱུ་བཞི། རྐྱེན་བཞི། སྟོབས་བཞི། རྒྱུ་འབྲས་མན་ངག་བདུན་དང༌། བདག་གཞན་མཉམ་བརྗེའི་སྒོ་ནས་བསྐྱེད་ཚུལ། དཔེ་ས་སོགས་ཉེར་གཉིས། གྲོགས་འདུན་སོགས་ཉེར་གཉིས། མི་ཟད་པ་བརྒྱད་ཅུ་སོགས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གཞག་དང༌། མདོ་སྡེ་རྒྱན་ལས་གསུངས་པའི་དོན་དམ་བྱང་ཆུབ་ཀྱི་ སེམས་ཀྱི་ཁྱད་པར ་གསུམ་དང༌། དེའི་འཛིན་སྟངས་གནས་ལུགས་སྟོང་པ་ཉིད་ཀྱི་དོན་རིགས་པས་སྒྲུབ་ཚུལ་རྣམ་ལྔ་རྣམ་བདུན་མཐའ་བཞི་སྐྱེ་འགོག །མུ་བཞི་སྐྱེ་འགོག་རྟེན་འབྲེལ་ལ་སོགས་པ་
མཐའ་ཡས་ཀྱང་འདིར་བརྗོད་ཀྱིས་མི་ལང༌། དེ་ནས་རྡོ་རྗེ་འབྱུང་བ་ལས་གསུང་བའི་སྔགས། སུ་ར་ཏེ་ས་མ་ཡ། ཞེས་སོགས་ཀྱིས་དེ་ཉིད་བརྟན་པར་བྱས། བཛྲ་ས་མ་ཡ་ཧཱུཾ། ཞེས་པས་དཀྱིལ་འཁོར་གྱི་ནང་དུ་བཅུག་པ་ཡིན་ཏེ། ཨ་ས་མེ་ཞེས་སོགས་ཀྱང་རིགས་གསུམ་གྱི་ལྷ་དང་སྐལ་བ་མཉམ་པར་བྱས་པའི་དོན་ཡིན་པས། འདི་ཡན་ཆད་ཀྱིས་ཡོལ་བའི་ཕྱི་འཇུག་གམ། ཕྱི་སྐལ་མཉམ་དུ་བྱེད་པའི་རིམ་པ་སོང་ཟིན་པ་ཡིན། དེའང་སྤྱིར་དཀྱིལ་འཁོར་དུ་འཇུག་པའི་ཚུལ་ལ། བྱ་ནམ་མཁའ་ནས་འབབ་པ་ལྟར་སྟེང་ནས་ཐུར་དུ་འཇུག་པ་ཡེ་ཤེས་པའི་འཇུག་པ། ཁ་བ་བུ་ཡུག་འཚུབ་པ་ལྟར་ཕྱོགས་མཚམས་ཐམས་ཅད་ནས་ནང་དུ་འཇུག་པ་རྡོ་རྗེ་སེམས་དཔའི་འཇུག་པ། སའི་གཏིང་ནས་ཆུ་རྡོལ་བ་ལྟར་དཀྱིལ་འཁོར་གྱི་འོག་ནས་ཐོལ་བྱུང་གི་ཚུལ་གྱིས་སྟེང་དུ་འཇུག་པ་རྡོ་རྗེ་ཤུགས་ཀྱི་འཇུག་པ། རྒྱལ་པོའི་ཕོ་བྲང་དུ་སྒོ་བའི་རྗེས་སུ་འབྲང་ནས་འཇུག་པ་ལྟར་ཤར་སྒོ་ནས་འཇུག་པ་རྡོ་རྗེ་སློབ་མའི་འཇུག་པ་རྣམས་སུ་ཡོད་པའི་ནང་ནས་འདིར་ཕྱི་མ་ཡིན་ཏེ། རྒྱས་པར་བྱེད་ན་བཛྲ་ས་མ་ཡ་ཧཱུཾ། ཞེས་པའི་གོང་དུ་སྒོ་བ་བཞིའིསྔགས་རྒྱས་སྒོ་སོ་སོར་བཀུག་སྟེ། སླར་བཛྲ་ས་མ་ཡ་ཞེས་པས་ཤར་སྒོ་ནས་གཞུག་པར་གསུང༌། འདི་ལ་དབང་དོན་དེ་ཉིད་ཡང་གསལ་དུ་སྒོ་མ་རྣམས་ཀྱི། ཞེས་གསུངས་པ་ཡི་གེ་མ་དག་པར་མངོན་ཏེ། སྦྱོང་རྒྱུད་ཤཱཀ་ཐུབ་ཀྱི་སྐབས་ལས། དཔའ་བོ་ལྕགས་ཀྱུ་ཞགས་པ་དང༌། །ཞེས་སྒོ་བ་རྣམས་ལ་དཔའ་བོའི་མིང་གིས་བཏགས་ཤིང༌། རྩེ་མོར། ལྷ་སོ་བདུན་གྱི་གྲངས་གསུང་བའི་
སྐབས་སུའང༌། གསང་ཆེན་ལྷ་མོ་བཅུ་གཉིས་དང༌། །ཞེས་ལྷ་སོ་བདུན་གྱི་གྲངས་སུ་ལྷ་མོ་བཅུ་གཉིས་ལས་མ་གསུངས་པའི་ཕྱིར་རོ། །སྦྱོང་རྒྱུད་ལོ་ཆེན་གྱི་འགྱུར་ལས་ལྕགས་ཀྱུ་མ་ཞེས་སོགས་གསུངས་ཀྱང༌། དེ་འགྱུར་འཆུག་པ་ཡིན་པས་འདིའི་ཤེས་བྱེད་དུ་མི་འགྲོའོ། །དེའི་འོག་ཏུ་གནས་གསུམ་བྱིན་གྱིས་བརླབ་པ་ནི་སྦྱོང་རྒྱུད་ཀྱི་དགོངས་པ་ཡིན་ཞིང༌། དེ་རྗེས་ཡེ་ཤེས་འབེབས་པ་ལ་འདུས་པའི་རྩ་རྒྱུད་ལེའུ་བཅོ་ལྔ་བར་གནས་ཀྱི་ཁྱད་པར་ལ་སོགས་པ་རྒྱས་པར་གསུངས་ཀྱང༌། འདིར་རྡོ་རྗེ་འབྱུང་བ་ནས་བཤད་པ་བཞིན་སྒོ་དབྱེ་བའི་སྔགས་ཀྱིས་བླ་མ་དང་སློབ་མ་གཉིས་ཀའི་སྙིང་ག་ཕྱེ་སྟེ། བླ་མའི་ཐུགས་ཀའི་རྡོ་རྗེ་ལས་ཨ་ཡིག་དམར་པོ་ཞིག་བྱུང་ནས་སློབ་མའི་སྙིང་གའི་རྡོ་རྗེའི་དབུས་སུ་ཞུགས་པའི་འོད་ཟེར་གྱིས་ལུས་ཀུན་གང་བར་བསྒོམ་པ་དང༌། དེ་ཉིད་བསྡུས་པ་ལས་གསུངས་པའི་གསོལ་འདེབས་ཀྱི་ཚིག་དང༌། སྔགས་དང་ཕྱག་རྒྱ་ལ་སོགས་པ་ཚང་བའི་སྒོ་ནས་དབབ་དགོས་ཏེ། འབེབ་མ་ནུས་ན་སྤོག་ཆོག་བྱ་ཚུལ་དང༌། སྐུ་གསུང་ཐུགས་གང་ལ་གང་འབབ་དང་བབས་པའི་མཚན་མ་སོགས་རྒྱས་པར་དེ་ཉིད་ཡང་གསལ་སོགས་སུ་གསུངས་པ་ལྟར་ཡིན། དེ་ལྟར་ཡེ་ཤེས་དངོས་སུ་བབས་པའམ་བབས་པའི་མོས་པ་བརྟན་པོ་བྱས་པའི་སྟོབས་ཀྱིས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་ཞུགས་པ་ལ་ནང་སྐལ་མཉམ་གྱི་ཐ་སྙད་མཛད་པ་ཡིན་ཞིང༌། དེ་ནས་ཡང་སྦྱོང་རྒྱུད་ལས། རིན་ཆེན་མེ་ཏོག་ལ་སོགས་པ། །གང་ལ་བབས་པ་རིགས་ཀྱི་ལྷ། །གཙོ་བོའི་རིགས་དེ་སྒྲུབ་ན་ན། །དངོས་གྲུབ་མྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། དངོས་གྲུབ་
རབ་འབྲིང་ཐ་མ་གང་འགྲུབ་པ་དང༌། ལྷའི་རིགས་ཅི་འདྲ་ཞིག་སྒྲུབ་པའི་སྣོད་དུ་རུང་བ་དང༌། དེའི་དངོས་གྲུབ་མྱུར་བུལ་སོགས་ཀྱི་སྐལ་བ་མཆོག་དམན་རྟོགས་པའི་ཕྱིར་དུ་མེ་ཏོག་འདོར་དགོས་ཤིང་འདོར་བའི་སྔགས་ནི་ཨོཾ་བཛྲ་པྲ་ཏཱི་གྲིཧྞ་ཧཱུཾ། ཞེས་པ་འདི་ཡིན་ལ། ཕུལ་བའི་མེ་ཏོག་གི་ཕྲེང་བ་སློབ་མའི་སྤྱི་བོར་བཅིངས་ཏེ་མེ་ཏོག་ཕྲེང་བའི་དབང་བསྐུར་བའི་སྔགས་ནི་སྔགས་དེའི་འོག་མ་གཉིས་ཡིན་ པར་གསུང༌། དེ་རྗེས་མིག་དར་དབྱེ་བ་ལ། རྡོ་རྗེ་སེམས ་དཔའ་དེང་ཁྱོད་ཀྱི། །ཞེས་སོགས་ཚིགས་བཅད་ཤོ་ལོ་ཀ་གཅིག་པོ་འདི་དེ་ཉིད་བསྡུས་པ་ལས་འབྱུང་ཞིང༌། དེའི་མཇུག་ཏུ་སྦྱོང་རྒྱུད་ལས་གསུངས་པ་ལྟར། ཨོཾ་བཛྲ་ཧ་སྱ། ཞེས་སོགས་ཀྱིས་གདོང་གཡོགས་བཀྲོལ་ནས། ཨོཾ་བཛྲ་པཱ་ཤྱ་ཧོཿ ཞེས་པས་དཀྱིལ་འཁོར་བལྟ་བར་བསྐུལ་བ་ཡིན་ལ། འགའ་ཞིག་ཏུ་ཧེ་བཛྲ་པཱ་ཤྱ། ཞེས་ཀྱང་འབྱུང་བ་དེ་དང་དོན་གཅིག་ཅིང༌། དེ་འང་ཧེ་ནི་བོད་སྐད་དུ་བསྒྱུར་ན་ཀྱཻ་ཞེས་འབོད་པའི་ཚིག་དང༌། པཱ་ཤྱ་ཞེས་པ་ལྟོས་ཤིག་ཅེས་པ་ཡིན། གང་ལ་ལྟ་བ་ཡིན་ན་བཛྲ་ཞེས་པ་རྡོ་རྗེའི་སྐད་དོད་ཡིན་ཞིང༌། དེའང་མི་ཕྱེད་པ་ལ་འཇུག་པས། རྒྱུད་སྡེ་གོང་མ་ལྟར་ན་བདེ་སྟོང་དབྱེར་མི་ཕྱེད་པ་དང༌། རྒྱུད་སྡེ་འོག་མ་ལྟར་ན་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་བཞིན་ལག་གི་རྣམ་པར་ཤར་བ་རྟེན་བརྟེན་པའི་དཀྱིལ་འཁོར་ལ་བྱ་དགོས། ལ་ལས་དེ་ལྟར་མ་གོ་བར། ཧེ་བཛྲ་ཞེས་སྦྲེལ་ནས་ཀྱཻ་རྡོར་གྱི་དཀྱིལ་འཁོར་ཞལ་སྟོན་དུ་བཟུང་སྟེ། བདེ་མཆོག་ལྟ་བུ་ཙཀྲ་སམྦ་ར་པཱ་ཤྱ། ཞེས་སོགས་སུ་འདོན་པ་བསྒྱུར་དགོས་པར་
འདོད་པ་གཏན་མི་འཐད་པས་འདིར་གོང་དུ་བཤད་པ་བཞིན་བཛྲ་ཞེས་པ་སྤྱི་སྒྲ་བྱེ་བྲག་ལ་སྦྱར་ཏེ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ངོས་འཛིན་དགོས་ལ་དཀྱིལ་འཁོར་གྱི་དོན་ནི། རྣམ་སྣང་མངོན་བྱང་ལས། དཀྱིལ་ནི་སྙིང་པོའོ། །འཁོར་ནི་ལེན་པའོ། །ཞེས་གསུངས་ཤིང༌། དེའི་དོན་ཡང་ཇི་ལྟར་ཡིན་ཞེ་ན། སྦྱོང་རྒྱུད་ལས། རྒྱལ་བས་གསུངས་པའི་ཡེ་ཤེས་གང༌། །དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས། །ཞེས་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་ནང་གཟུགས་མེད་ཀྱི་དཀྱིལ་འཁོར་དང་གོང་དུ་བཤད་པའི་སྙིང་པོའང་ཡིན་ལ། དེ་ཉིད་ཕྱི་གཟུགས་ཅན་གྱི་དཀྱིལ་འཁོར་གྱི་རྣམ་པར་སྤྲུལ་བའི་སྒོ་ནས་དེ་ལ་ལོངས་སུ་སྤྱོད་པ་ནི་ལེན་པའི་དོན་ཡིན་ཏེ། འདུལ་འཛིན་གྱི་ཊཱིཀ་ཆེན་ལས་ཀྱང༌། མཎྜལ་ཞེས་པའི་མཎྜ་སྙིང་པོ་ལ་ལེན་པ་སྟེ། ཞེས་གསུངས་སོ། །དེ་ལྟ་བུའི་དཀྱིལ་འཁོར་དེ་ལ་དབྱེ་བའི་རྣམ་གྲངས་ཀྱང་མང་དུ་ཡོད་དེ། འཇམ་དབྱངས་དགའ་བློའི་གསང་འདུས་བསྐྱེད་རིམ་ལས། གང་དུ་ཞུགས་པའི་དཀྱིལ་འཁོར་ལ་དུ་ཡོད་སྙམ་ན་རྣམ་པ་བཞི་སྟེ། ཕྱི་རྡུལ་ཚོན་དང༌། རས་བྲིས་གཉིས། ནང་ལུས་ཀྱི་དཀྱིལ་འཁོར་དང༌། བསམ་གཏན་གྱི་དཀྱིལ་འཁོར་གཉིས་དང་བཞིའོ། །དེར་མ་ཟད་དུས་འཁོར་སོགས་དང་བསྟུན་ན་བློས་བསླང་དུའང་དབང་བསྐུར་བར་མངོན་ནོ། །ཞེས་གསུངས་པའི་ནང་ནས་སྔ་མ་གཉིས་ནི་སློབ་དཔོན་དྲིལ་བུ་པས། རི་མོར་བྲི་བའི་ལས་དང་ན། །ཐིག་ལས་ཚོན་དགྱེའི་རིམ་པ་དང༌། །ཞེས་པ་ནས། བཅོས་མ་གཉིས་ཀྱི་ངོ་བོ་གང༌། །དེ་ནི་གདུལ་བྱའི་དབང་ལས་འདོད། །ཅེས་ལས་དང་པོ་པ་ལ་ཆེད་དུ་བསྔགས་ཤིང༌། དེའི་ནང་
ནས་ཀྱང་རྡུལ་ཚོན་ནི། རྒྱུད་རྡོར་ཕྲེང་ལས། དཀྱིལ་འཁོར་ས་ཚོན་ཕྲ་རབ་དང༌། །མཚུངས་པའི་དེ་བཞིན་གཤེགས་པ་ཀུན། །མཆོད་པ་ཉིད་དུ་འགྱུར་བ་དང༌། །ཞེས་ཕན་ཡོན་ཆེ་བར་དངོས་སུ་གསུངས་པའི་རིགས་པ་རས་བྲིས་ལ་སྦྱར་དུ་རུང་ཞིང༌། ཅུང་ཟད་འཇུག་པ་བདེ་བའི་དབང་གིས་དེང་སང་ཕྱག་ལེན་ཕལ་ཆེར་འདིའི་སྟེང་ནས་བྱེད་པ་འདི་བཞིན་ཡིན། དེའང་སྐབས་འདིར་སྟོན་པའི་ཤེས་བྱེད་ནི། ཉི་ཤུ་པ་ལས། དེ་ནི་བློ་དང་ལྡན་པ་ཡིས། །དཀྱིལ་འཁོར་རིམ་བཞིན་བསྟན་པར་བྱ། །ཞེས་གསུངས་ཤིང་བལྟ་བའི་ཚེ་ཀུན་སློང་གི་ཁྱད་པར་ཇི་ལྟ་བུ་དགོས་པ་ནི། རྡོ་རྗེ་སྙིང་པོ་རྒྱན་དང་གསང་བ་སྤྱི་རྒྱུད་སོགས་ལས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཞེས་མཐུན་པར་གསུངས་པས་ཡིད་འཁུལ་ངེས་ཀྱི་དད་པ་ཤུགས་དྲག་པོ་བཅོས་མ་མ་ཡིན་པ་ཞིག་གསལ་འདེབས་པ་ཤིན་ཏུ་གལ་ཆེ། དེའང་དད་པའི་ངོ་བོ་ནི། མངོན་པ་ཀུན་ལས་བཏུས་ལས། དད་པ་གང་ཞེ་ན། ཡོད་པ་ཉིད་དང་ཡོན་ཏན་ཅན་དང༌། ནུས་པ་རྣམས་ལ་མངོན་པར་ཡིད་ཆེས་པ་དང༌། དང་བ་དང༌། འདོད་པ་སྟེ་འདུན་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར། སྐབས་འདི་ལྟ་བུ་ལ་མཚོན་ན་དཀྱིལ་འཁོར་འདི་ཉིད་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ཆེན་པོས་དུས་ནམ་གྱི་ཚེ་གནས་གང་དུ་གདུལ་བྱ་ཇི་ལྟ་བུ་ལ་གསུངས་ནས་དེ་ཉིད་སྨིན་གྲོལ་ལ་བཀོད་པ་སོགས་ཀྱི་དཔེ་དང་གཏན་ཚིགས་མཐོང་བའི་སྒོ་ནས་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་དང༌། འདིའི་རྟེན་བརྟེན་པ་མཐའ་དག་གདོས་བཅས་བེམ་ཆོས་
ཀྱི་རང་བཞིན་དང་ཐ་མལ་གྱི་གཙོ་འཁོར་དོན་གཞན་ལྟ་བུ་མ་ཡིན་པར་དག་པ་རབ་འབྱམས་འབའ་ཞིག་ཏུ་མཐོང་བའི་སྒོ་ནས་དང་བའི་དད་པ་བསྐྱེད་པ་དང༌། སླར་རང་རང་གིས་ཀྱང་འདི་ནས་གསུངས་པ་ལྟར་གྱི་ལམ་གྱི་ཆ་ཐམས་ཅད་ཚང་བར་ཉམས་སུ་བླངས་ན་དེ་དང་མཐུན་པའི་འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་རྫོགས་པར་འགྲུབ་ནུས་སུ་མཐོང་བའི་སྒོ་ནས་མངོན་འདོད་ཀྱི་དད་པ་སྐྱེད་པའི་ཚུལ་གསུམ་དུ་ཡོད་པས། དེ་དག་ཅུང་ཟད་རྒྱས་པར་བཤད་ན། དང་པོ་ལའང་སྟོན་པ་རྡོ་རྗེ་འཆང་ཆེན་པོས་རྒྱུད་འདི་དུས་ནམ་གྱི་ཚེ་གསུངས་པ་ནི། ཡོ་ག་ལ་མཁས་པ་མི་གསུམ་དུ་གྲགས་པའི་ནང་ནས་སློབ་དཔོན་ཤཱཀྱ་བཤེས་གཉེན་ནི། བདག་ཅག་གི་སྟོན་པ་འདི་ཉིད་ཟས་གཙང་སྲས་སུ་འཁྲུངས་ནས་དཀའ་བ་སྤྱད་པའི་བར་དུ་བྱང་སེམས་ཡིན་ལ། དེ་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་ཕྱིན་ཏེ། མངོན་བྱང་ལྔས་སངས་རྒྱས་ནས། རི་རབ་ཀྱི་རྩེ་མོར་རྣལ་འབྱོར་རྒྱུད་གསུངས་ཏེ། སླར་ནེ་རཉྫ་ནའི་འགྲམ་གྱི་རྣམ་སྨིན་གྱི་ལུས་ལ་ཞུགས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་པ་སོགས་ཀྱི་མཛད་པ་བསྟན་པར་བཞེད་ལ། སློབ་དཔོན་ཀུན་དགའ་སྙིང་པོ་སོགས་ནི། དེ་ཐམས་ཅད་དྲང་དོན་ཚུལ་བསྟན་ཁོ་ན་ཡིན་གྱི། ངེས་དོན་དུ་བསྐལ་པ་བགྲང་ལས་འདས་པའི་སྔ་རོལ་ནས་སངས་རྒྱས་ཟིན་པར་བཞེད་ཅིང༌། དེར་མ་ཟད་སྒྲོན་གསལ་ལས། རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ཏོ། །ཞེས་བདག་ཅག་གི་སྟོན་པ་དང་རྣམ་པར་སྣང་མཛད་ཆེན་པོ་གཉིས་ཐུགས་རྒྱུད་གཅིག་པར་གསུངས་ཤིང༌། དཔའ་བར་འགྲོ་བའི་མདོ་ལས་ཀྱང༌། ཤར་ཕྱོགས་སུ་
སངས་རྒྱས་ཀྱི་ཞིང་རྣམ་པར་སྤུངས་པ་ན། སངས་རྒྱས་རྣམ་པར་སྣང་མཛད་འོད་ཟེར་འཕྲུལ་གྱི་རྒྱལ་པོ་ཞེས་བྱ་བ་ཚེ་བསྐལ་པ་གྲངས་མེད་པ་བདུན་བརྒྱ་ཐུབ་པ་དེ་སྟོན་པ་འདི་ཉིད་ཡིན་པར་གསུངས་པ་སོགས་གསང་བ་བསམ་མི་ཁྱབ་ཀྱི་ངང་ཚུལ་དཔག་པར་དཀའ་ལ། དེ་དང་མཐུན་པར་རྒྱུད་འདིའང་འཁོར་བ་མ་སྟོངས་ཀྱི་བར་དུ་གདུལ་བྱ་སོ་སོའི་རྒྱུད་ལ་རྒྱུན་ཆད་མེད་པར་སྐོར་བར་མཛད་པ་ཡིན་ཀྱང༌། གདུལ་བྱ་ཐུན་མོང་བའི་ངོར་གསུང་ཚུལ་གྱི་དབང་དུ་བྱས་ན། སྦྱོང་རྒྱུད་ལས། ཚངས་པ་ཆེན་པོ་པདྨའི་གདན་ལ་བཞུགས་ཏེ། ཞེས་སོགས་གསུངས་པ་ལྟར་སུམ་ཅུ་རྩ་གསུམ་གྱི་གནས། རི་རབ་ཀྱི་རྩེ་མོ། རྣམ་པར་རྒྱལ་བའི་ཁང་བཟང་གི་བྱང་ཕྱོགས། ཐམས་ཅད་དགའ་བའི་ཚལ་ཞེས་བྱ་བར། བཅོམ་ལྡན་འདས་ཀྱི་སྐུ་ཆགས་བྲལ་གྱི་རྣམ་པ་ལས་འཁོར་ལོས་བསྒྱུར་བའི་རྣམ་པའམ་རྣམ་སྣང་ཆེན་པོའི་རྣམ་པར་བཞེངས་ཏེ་གསུངས་པར་ཀཱ་མ་དྷེ་ནུས་བཤད་ལ། ཁ་ཅིག་འདིར་ཚངས་པ་ཆེན་པོ་ཞེས་གསུངས་པའི་རྒྱུ་མཚན་ལྷ་སྐུ་ཞལ་བཞི་པའི་རྣམ་པར་བསྟན་པ་ལ་འདོད་པ་ནི་རྟོག་བཟོ་ཁོ་ན་ཡིན་ཏེ། འདི་ནི་ཆོས་མངོན་པ་མཛོད་ལས། དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ།། ཞེས་ཚངས་པའི་སྒྲ་ཐར་པ་ལ་བཤད་ཚུལ་གཅིག་དང༌། ཡང་རྟེན་བརྟེན་པ་མ་ཕྱེ་བར་སངས་རྒྱས་བཅོམ་ལྡན་འདས་ལ་བཤད་ཚུལ་གཅིག་དང་གཉིས་གསུངས་པའི་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། དེ་ལྟ་བུའི་ཚངས་པ་ཆེན་པོ་དེ་ཉིད་ཀྱིས་ཇི་ལྟ་བུར་གསུངས་ཚུལ་ནི། འཁོར་བྱེ་བ་ཁྲག་ཁྲིག་མང་པོའི་དབུས་སུ་
ངན་སོང་གི་རྒྱུད་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་ པར་ཞུགས་ཏེ་འོད་ཟེར་གྱི་སྤྲོ་བསྡུས་ངན་སོང་གི་སེམས ་ཅན་གྲངས་མེད་པ་གྲོལ་བར་བྱས་ཤིང༌། དེ་དག་གིས་ཀྱང་ཆེད་དུ་བརྗོད་པ་ལ་བརྟེན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་ལྷ་ཡུལ་ནས་ཚེ་འཕོས་པ་དེ་ཉིད་ཀྱི་སྐྱེ་གནས་ཞུས་པའི་ལན་དུ། མནར་མེད་ལ་སོགས་པའི་དམྱལ་བའི་གནས་རྣམས་སུ་སྡུག་བསྔལ་བཟོད་གླགས་མེད་པ་རིམ་གྱིས་མྱོང་བར་ལུང་བསྟན་པས་ལྷ་རྣམས་འཇིགས་ཤིང་སྐྲག་ནས་མྱ་ངན་གྱིས་བརྒྱལ་བར་གྱུར་ཏེ། སླར་ཡང་དེ་ལས་སྐྱོབ་པའི་ཐབས་ཞུས་པ་ན། དང་པོ་སྦྱོར་བའི་ཏིང་ངེ་འཛིན། དེ་ནས་དཀྱིལ་འཁོར་རྒྱལ་མཆོག །དེ་ནས་ལས་ཀྱི་ཆོ་ག་དཀྱིལ་འཁོར་བྲི་སྒྲུབ། བདག་ཉིད་འཇུག་ཅིང་སློབ་མ་ལ་དབང་བསྐུར་བའི་རིམ་པ་སོགས་དང༌། ཁྱད་པར་དུ་གཤིན་པོ་རྗེས་འཛིན་གྱི་ཆོ་ག་རྣམས་རྒྱས་པར་གསུངས་པ་བཞིན་བརྒྱ་བྱིན་གྱིས་ཆོ་ག་བྱས་པས་ལྷའི་བུ་དེ་ཉིད་དམྱལ་བ་ལས་ཐར་ཏེ་དགའ་ལྡན་དུ་སྐྱེས་ནས། ཨེ་མ་ཤཱཀྱ་མགོན་པོ་ཡི། །ཞེས་སོགས་ཆེད་དུ་བརྗོད་པ་བྱས་པ་ཡིན་པས། དང་པོར་ཆོ་ག་མཚན་ཉིད་དང་ལྡན་པ་ཞིག་སྔོན་དུ་འགྲོ་བ་མེད་མི་རུང་ཡིན་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པས། བླ་མ་ཆོ་ག་རྒྱུད་བཞིན་མི་ཤེས་ཤིང༌། །དམ་ཚིག་སྡོམ་ལ་མི་གནས་རྣལ་འབྱོར་བྲལ། །བསྙེན་སོགས་མ་དག་གང་བྱུང་ལག་ལེན་གྱིས། །སློབ་མ་རྗེས་འཛིན་དབང་གི་གཟུགས་བརྙན་ཡིན། །དབང་གིས་མ་སྨིན་སྐྱེ་བོའི་ཚོགས་ནང་དུ། །རྐང་སྟབས་ཕྱག་རྒྱ་སྔགས་དང་དཀྱིལ་འཁོར་སོགས། །གསང་བ་བསྒྲགས་
པས་རྙེད་བཀུར་དོན་གཉེར་བ། །གསང་སྔགས་ཆོམ་རྐུན་ཆོ་གའི་གཟུགས་བརྙན་ཡིན། །མོ་དང་རྩིས་ལུང་སྨན་པའི་ངག་མཉན་ནས། །དམ་ཚིག་སྡོམ་པ་སྤངས་པའི་སློབ་མ་ལ། །བརྒྱ་ཕྲག་དབང་བསྐུར་འབུལ་བའི་བརྗེ་ཚོང་ཅན། །དམྱལ་བའི་སྒྲུབ་ཐབས་དབང་གི་གཟུགས་བརྙན་ཡིན། །དབང་ཁྲིད་ལུང་གིས་ཟས་ནོར་ཚོལ་བ་དང༌། །ལྟོ་ཕྱིར་རྫུན་གྱི་ཆོ་ག་བྱུང་རྒྱལ་གྱིས། །ཕན་ སེམས་མེད་པར ་གྲོང་ཆོག་བརྩོན་པ་ན། །བདག་གཞན་བསླུ་བའི་གཞན་དོན་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་དང་པོར་ཆོ་ག་རྒྱུད་དང་མཐུན་པ་ཞིག་མ་བྱུང་ན། ཕྱི་མ་ཐམས་ཅད་ཀྱང་རྒྱུ་སྔོན་སོང་དང་མཐུན་པར་གཟུགས་བརྙན་ཙམ་ཞིག་ལས་མི་འོང་བས། དེ་ལྟ་བུའི་སྒོ་ནས་གཞན་དོན་བྱེད་པར་རློམ་ཡང་མཐར་རང་གཞན་གཉིས་ཀ་དམྱལ་བར་ལྟུང་བའི་རྒྱུར་འགྲོ་ཉེན་ཆེ་བས་ཤིན་ཏུ་གཟབ་དགོས་ཏེ། རང་གིས་བསྙེན་སྒྲུབ་སོགས་ཚུལ་བཞིན་མ་བྱུང་བས་འབྲས་བུའང་རྒྱུད་ཀྱི་བཤད་ཚོད་ལྟར་མ་བྱུང་བ་ན་ལྷ་སྔགས་སོགས་ལ་ཡིད་གཉིས་ཟ་བ་ནི། རང་གི་བློ་སྐྱོན་ཆོས་ལ་འགེལ་བ་ཡིན་ཏེ་བསྔགས་འོས་བསྔགས་བསྟོད་ལས། ཕྱི་ཡི་ཡན་ལག་སྟོབས་ཀུན་ན། །ཁྱོད་ཀྱིས་ཡང་དག་བསྒྲུབས་ལགས་ཏེ། །ནང་གི་སྟོབས་དག་མ་ཚང་བས། །བྱིས་པ་རྣམས་ནི་སྡུག་བསྔལ་བརྟེན། །ཞེས་གསུངས་པ་ལྟར་སྐྱབས་ཡུལ་རྣམས་ཀྱི་ངོས་ནས་རྒྱུ་ཚོགས་མ་ཚང་བ་མེད་ པར་བསྒྲུབ་ཏུ་ཟིན་ཀྱང་ལྷན་ཅིག་བྱེད་རྐྱེན་ཡིན་ལ། ཉེར་ལེན་རང་གི་སེམས ་སྟེང་ནས་འགྲུབ་དགོས་པས་དེ་མ་ཚང་ན་སྔ་མ་གཅིག་པུས་མི་ཆོག་སྟེ། ཞིང་ས་ཅི་
ཙམ་བཟང་ཡང་ས་བོན་མ་བཏབ་ན་མྱུ་གུ་མི་སྐྱེ་བ་དང་སྨན་པ་ཅི་ཙམ་མཁས་ཀྱང་དེས་བྱིན་པའི་སྨན་མ་བཏུང་ན་ནད་པ་གསོ་བར་མི་ནུས་པ་དང་འདྲ་བས། རང་ངོས་ནས་མ་བྱུང་བ་ཡིན་གྱི། ཡི་དམ་ལྷའི་ངོས་ནས་བསླུ་བ་ནམ་ཡང་མི་སྲིད་སྙམ་དུ་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་བསྐྱེད་དགོས། གཉིས་པ་རྟེན་བརྟེན་པ་ཐམས་ཅད་ཡེ་ཤེས་སྒྱུ་མའི་རྣམ་རོལ་ཏུ་མཐོང་བའི་སྒོ་ནས་དང་བའི་དད་པ་བསྐྱེད་པ་ལ་རྟེན་བརྟེན་པ་གཉིས་ལས། དང་པོ་ནི། དཔལ་མཆོག་ལས། མི་མཉམ་མེད་པའི་ཟུར་བཞི་སྟེ། །དྲན་དང་དབང་པོ་སྒོ་བཞི་ཡིན། །བསམ་གཏན་རྣམས་ཀྱི་རྟ་བབས་བཞ། །ཞེས་སོགས་དང་ཆོ་གའི་གཞུང་དུའང་གསུངས་པ་ལྟར་ཐབས་ཤེས་ཀྱི་ཆ་སོ་སོའི་ངོ་བོ་ཡིན་ལ་དེར་མ་ཟད་འོག་གཞིའི་རླུང་མེ་ཆུ་ས་རི་རབ་རྣམས་ཀྱང་ཡེ་ཤེས་ཀྱི་རང་བཞིན་ལས་མ་འདས་པས། དེ་དག་བསྐྱེད་པའི་ཚེའང་རང་རང་གི་ས་བོན་དེ་ཉིད་མཉམ་གཞག་ནམ་མཁའ་ལྟ་བུའི་ཡེ་ཤེས་དང་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་གཉིས་ཀྱི་བར་དུ་བཅུག་ནས་བསྐྱེད་པར་གསུངས་པའི་ཕྱིར་རོ། །འདིར་མི་མཉམ་མེད་པའི་ཟུར་བཞི་ཞེས་པའི་དོན་ཊཱིཀ་ཆེན་དང་ཆོ་གར། ཚད་མེད་པ་བཞིའི་ཚུལ་གྱིས་སེམས་ཅན་རྣམས་ལ་མི་མཉམ་པ་མེད་པས་གྲུ་བཞི། ཞེས་གྲུ་བཞི་ཚད་མེད་བཞིའི་ངོ་བོར་གནས་པའི་དོན་དུ་གསུངས་ལ། སྙེ་མ་བཅུ་གཉིས་པ་ལས། སངས་རྒྱས་དང་སངས་རྒྱས་མ་ཡིན་པ་མཉམ་པ་ཉིད་ཀྱིས་མི་མཉམ་པ་མེད་པས་གྲུ་བཞི་པ་སྟེ་ཟུར་བཞི་པའོ། །ཞེས་དང༌། སྙེ་མ་བཅོ་བརྒྱད་པ་ལས། དེ་བཞིན་གཤེགས་པ་དང་སོ་སོ་སྐྱེ་བོ་དག་དེ་ཁོ་ན་ཉིད་དུ་ན་གཉིས་སུ་མེད་པའི་
རང་བཞིན་ཉིད་ཀྱིས་མི་མཉམ་པ་མེད་པ་གསལ་བར་བྱེད་པ་རྣམ་པར་དག་པས་དང༌། འཕགས་པའི་བདེན་པ་བཞི་རྣམ་པར་དག་པས་གྲུ་བཞི་པའོ། །ཞེས་མི་མཉམ་པ་མེད་པའི་དོན་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་སྟོན་པའི་ཡེ་ཤེས་ལ་གསུངས་ཀྱང་ཐབས་ཤེས་དབྱེར་མི་ཕྱེད་པས་སྔ་མ་དང་འགལ་བར་མི་འགྱུར་རོ།། གཉིས་པ་བརྟེན་པ་ལྷའི་རྣམ་དག་ནི། འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས། རྒྱལ་བའི་ཡེ་ཤེས་ལྔ་དང་རྣམ་ཐར་བཞ། །སྟོང་ཉིད་རྟོགས་པ་བཅུ་དྲུག་སྦྱིན་སོགས་བརྒྱད། །དད་བརྩོན་དྲན་དང་ཏིང་འཛིན་ཡོན་ཏན་རྣམས། །སུམ་ཅུ་རྩ་བདུན་ལྷ་ཡི་རྣམ་པ་རུ། །ཇི་བཞིན་ཤར་བ་ཟབ་གསལ་གཉིས་མེད་ལ། །ཞེས་གསུངས་པ་ལྟར་ཟབ་པ་སྟོང་པའི་དེ་ཉིད་དང༌། གསལ་བ་ལྷའི་འཁོར་ལོ་ཟུང་དུ་འཇུག་པའི་ཡེ་ཤེས་གཅིག་པུ་དེ་ཉིད་ལ། ཇི་སྐད་དུ། དབུས་མཐའ་རྣམ་འབྱེད་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་ པར་སེམས ་ལས་བྱུང༌། །ཞེས་གསུངས་པ་ལྟར་ལྡོག་ཆ་སོ་སོ་དང་བྱེད་ལས་ཀྱི་ཁྱད་པར་མི་འདྲ་བའི་སྒོ་ནས་ཕྱེ་བ་ཆོས་དབྱིངས་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་དང༌། ཡུལ་ཅན་རྣམ་པར་ཐར་པའི་སྒོ་བཞི་དང༌། སྟོང་ཉིད་རྟོགས་པའི་ཡེ་ཤེས་བཅུ་དྲུག་དང༌། སྦྱིན་སོགས་ཕར་ཕྱིན་དྲུག་གི་སྟེང་དུ་སྨོན་ལམ་དང་ཐབས་མཁས་ཀྱི་ཕར་ཕྱིན་བསྣན་པས་བརྒྱད་དང༌། དད་བརྩོན་དྲན་པ་ཏིང་ངེ་འཛིན་གྱི་སྟོབས་རྣམས་ཀྱི་ངོ་བོ་ལྷ་སོ་བདུན་གྱི་རྣམ་པར་ཤར་བ་ཡིན་གྱི། རྒྱུད་ཐ་དད་པའི་གཙོ་འཁོར་དུ་མ་འདུས་པ་ལྟ་བུ་མ་ཡིན་ནོ། །དེའང་སྐབས་
འདི་དང་བླ་མེད་ཀྱི་སྐབས་ནས་རྣམ་དག་གསུང་ཚུལ་ཅུང་ཟད་མི་འདྲ་སྟེ། སྔགས་རིམ་ཆེན་མོ་ལས། རྟེན་བརྟེན་པའི་རྣམ་དག་ལ། ཡོ་ག་ནས་དད་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་སུ་དག་ཚུལ་ཉིད་བཤད་ལ། བླ་མེད་ནས་ལམ་གྱི་དག་པ་དང་ཕུང་སོགས་ཀྱི་དག་པ་གཉིས་ཀ་གསུངས་སོ། །ཞེས་བླ་མེད་ཀྱི་སྐབས་སུ་གཟུགས་ཀྱི་ཕུང་པོ་དག་པའི་རྣམ་སྣང༌། ཚོར་ཕུང་དག་པ་རིན་འབྱུང་དུ་གསུངས་པ་ལྟ་བུ་ཡོད་ཀྱང༌། འདིར་དེ་འདྲ་མ་གསུངས་པ་ནི་གོང་དུ་དབང་རྫས་སོགས་ཀྱང་ཡེ་ཤེས་ཀྱི་ངོ་བོར་མོས་པ་ཙམ་ལས་ལྷར་མི་སྐྱེད་པར་བཤད་པ་དང་གནད་གཅིག་སྟེ་ལམ་དུས་སུ་ཇི་ལྟར་མོས་པ་དེ་ཉིད་འབྲས་དུས་སུའང་འགྲུབ་དགོས་པའི་ཕྱིར་རོ། །གསུམ་པ་རང་གིས་ཀྱང་ལམ་འདི་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་མ་ལུས་པ་བསྒྲུབ་ནུས་སུ་མཐོང་བའི་སྒོ་ནས་མངོན་འདོད་ཀྱི་དད་པ་བསྐྱེད་པ་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གདམས་པ་རིན་པོ་ཆེའི་ཕྲེང་བ་ལས། དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བའོ། །གང་ཕྱིར་མངོན་པར་མཐོ་ཐོབ་པས། །རིམ་གྱིས་ངེས་པར་ལེགས་པར་འབྱུང༌། །ཞེས་དང༌། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས། མངོན་མཐོ་ངེས་ལེགས་སྒྲུབ་བྱེད་དད་ཤེས་གཉིས། །ཞེས་སོགས་གསུངས་པ་ལྟར་གདུལ་བྱ་རྣམས་ཀྱིས་དོན་དུ་གཉེར་བྱའི་འབྲས་བུ་ནི། གནས་སྐབས་མངོན་པར་མཐོ་བ་དང༌། མཐར་ཐུག་ངེས་པར་ལེགས་པ་གཉིས་སུ་གྲངས་ངེས་པའི་གནད་ཀྱིས། སྟོན་པས་ཆོས་ཕུང་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་
ཀྱང་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ་མངོན་མཐོའི་ཆོས་སྐོར་དང༌། ཆེ་འབྲིང་གིས་བསྡུས་པ་ངེས་ལེགས་ཀྱི་ཆོས་སྐོར་གཉིས་སུ་འདུ་ལ། དེར་མ་ཟད། མངོན་རྟོགས་རྒྱན་ལས། འགྲོ་རྣམས་ཞི་བའི་ལས་དང་ན། །ཞེས་པ་ནས། མྱ་ངན་འདས་ལ་འགོད་པ་སྟེ། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་འཕྲིན་ལས་ཉེར་བདུན་པོ་ཐམས་ཅད་ཀྱང་དང་པོར་འགྲོ་བ་ཞི་བའི་འཕྲིན་ལས་མངོན་མཐོ་ལ་འགོད་པ་ནས་མཐར་ངེས་ལེགས་མི་གནས་པའི་མྱང་འདས་ལ་འགོད་པའི་འཕྲིན་ལས་སུ་འདུ་བ་ཤ་སྟག་ཡིན་ལ། དགོས་པ་དེ་གཉིས་ནི་ལམ་བཟང་འདི་ལ་བརྟེན་ནས་བདེ་བླག་ཏུ་བསྒྲུབ་པར་ནུས་པ་ནི། སྦྱོང་རྒྱུད་ལས། གང་ཕྱིར་ངན་སོང་བདག་ཅག་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །ཅེས་ངན་སོང་སྦྱངས་ཏེ་མངོན་མཐོའི་རྟེན་ལ་འགོད་ཅིང༌། རྟེན་དེ་ལ་གནས་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་ཏེ་ངེས་ལེགས་ཐར་པ་སྒྲུབ་པར་གསུངས་པའི་ཕྱིར། དང་པོ་ངན་སོང་སྦྱོང་ཚུལ་ནི་ལྷོ་སྒོར་གྲགས་པ་འདི་ཉིད་གཙོ་བོ་ཡིན་ལ། འདིའང་དོན་བསྡུས་ན་བགེགས་སྡིག་དྲི་མ་སྦྱང་བ་གསུམ་དུ་འདུ་བས། དང་པོ་བགེགས་སྦྱང་བ་ནི། སྦྱོང་རྒྱུད་ལས། དེ་ནས་གདོན་རྣམས་གཞོམ་པའི་ཕྱིར། །མངོན་སྤྱོད་ཀྱང་ནི་བརྩམས་བྱས་ཏེ། །ཞེས་སོགས་གསུངས་པ་ལྟར་ཨོཾ་སརྦ་བིགྷྣན་སོགས་ཀྱིས་གཏོར་མ་བསྔོ་བ་ནི་རྫས་སྔགས་ཏིང་ངེ་འཛིན་གསུམ་ཞི་བ་ཡིན་པས་ཞི་བས་སྦྱང་བ་དང་། ཏིང་ལོ་བསྐོར་ཞིང་སུམ་བྷ་ནི་བརྗོད་པ་རྫས་ཞི་བ་དང་སྔགས་དྲག་པོ་ཏིང་ངེ་འཛིན་ཕྱེད་མ་ཡིན་པས་ཞི་དྲག་ཕྱེད་མས་སྦྱང་བ། བདེན་སྟོབས་
བརྗོད་དེ་དྲག་སྔགས་བརྗོད་ཅིང་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ་པ་ནི་གསུམ་ག་དྲག་པོ་ཡིན་པས་དྲག་པོས་སྦྱང་བ་སྟེ། དེ་རྣམས་ཀྱི་སྒོ་ནས་མངོན་མཐོ་ལ་བར་དུ་གཅོད་པའི་བགེགས་སྦྱོང་ཞིང༌། དེ་རྗེས་སྡིག་པ་སྦྱོང་བ་ལ། སྦྱོང་རྒྱུད་ལས། སྦྱིན་སྲེག་བྱས་པར་གྱུར་ན་ན། །དམྱལ་བ་ཆེན་པོར་གྱུར་པ་ཡི། །སྡིག་པ་དེ་ལས་ཐར་བར་འགྱུར། །ཞེས་དང༌། སྦྱིན་སྲེག་མངོན་པར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་སྒོ་ནས་སྡིག་པ་སྦྱོང་བ་དང༌། ཡང་དེ་ཉིད་ལས། ཐལ་བ་ཉུངས་ཀར་བྱེ་མ་སོགས། །རང་གི་མིང་སྨོས་སྔགས་བཏབ་པས། །བཟླས་པ་བྱས་ཏེ་སོང་ནས་ཀྱང༌། །རྒྱ་མཚོར་འབབ་པའི་ཀླུང་དོར་ན། །དེ་ལྟར་ཡང་ནི་སྡིག་ཅན་ཡང༌། །ངན་སོང་ལས་ནི་ཐར་འགྱུར་ན། །ཞེས་སོགས་བྲབ་སྔགས་ཀྱི་སྒོ་ནས་སྡིག་པ་སྦྱོང་བ་གཉིས་སུ་ཡོད། དེ་ནས་དྲི་མ་སྦྱོང་བ་ལ། ལྷ་ལ་ཁྲུས་གསོལ་བའི་ཆུ་དང༌། རྣམ་རྒྱལ་གྱི་བུམ་ཆུ་བསྡུས་ཏེ་ཕྱིན་དྲུག་གི་ཚིགས་བཅད་སོགས་བརྗོད་ནས་ཁྲུས་བྱེད་པ་ནི། གཙུག་དགུ་ལས། རུས་པའམ་གོས་སམ་མིང་ལ་ན། །རྡོ་རྗེ་ཆུ་ཡིས་བཀྲུ་བར་བྱ། །སྡིག་པ་བཀྲུ་བའི་སྔགས་ཀྱིས་ན། །སྲིད་གསུམ་དྲི་མ་བཀྲུ་བར་བྱ། །ཞེས་སོགས་ཀྱིས་གསུངས་ཤིང༌། དེ་རྗེས་གང་སེར་མའི་ཤིས་བརྗོད་སོགས་ཀྱིས་མི་ཤིས་པ་སྦྱོང་བ་ནི། དེ་ཉིད་ལས། སླར་ཡང་བཀྲ་ཤིས་ཚིགས་བཅད་ཀྱིས། །དུས་གསུམ་དུ་ནི་ཁྲུས་བྱ་འོ། །ཞེས་པའི་དགོངས་པ་ཡིན་ཏེ་སྦྱང་བ་འདི་དག་ཐམས་ཅད་རྒྱུད་འདིའི་སྐོར་ཁོ་ན་ལས་གསུངས་པ་མ་གཏོགས་གཞན་དུ་མི་གསལ་
ཡང༌། དེང་སང་གསང་བདེ་འཇིགས་གསུམ་སོགས་དཀྱིལ་འཁོར་ཕལ་ཆེར་དང་སྦྱར་ནས་བྱེད་པ་ནི་བླ་མ་གོང་མ་རྣམས་ཀྱིས་རྒྱུད་འདིའི་རིགས་པས་རྒྱས་བཀབ་པ་ཡིན་པས་དེ་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ནི་རྒྱུད་འདི་ཉིད་ཡིན་ནོ། །དེ་རྗེས་ངེས་ལེགས་ཐར་པ་འགྲུབ་ཚུལ་ནི། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང༌། །དེ་བཞིན་གཞན་པ་སྤྲུལ་བ་ན། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་པ་ལྟར་ངེས་ལེགས་ཐར་པ་དོན་དུ་གཉེར་པ་རྣམས་ཀྱི་ཐོབ་བྱ་མཐར་ཐུག་གི་འབྲས་བུ་ནི། དག་པ་གཉིས་ལྡན་གྱི་ཆོས་དབྱིངས་ངོ་བོ་ཉིད་ཀྱི་སྐུ་དང་རོ་གཅིག་ཏུ་གྱུར་པའི་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང༌། ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པས་ན་ལོངས་སྐུའམ་གཞོམ་མེད་ཀྱི་གསུང་དང༌། གདུལ་བྱའི་མོས་པ་བཞིན་གང་འཚམ་དུ་སྤྲུལ་བའི་གཟུགས་ཀྱི་སྐུ་དང༌། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་མཛད་པ་དང་བཅས་པ་མདོར་བསྡུས་ན་སྐུ་གསུང་ཐུགས་འཕྲིན་ལས་དང་བཞི་པོ་འདིར་ངེས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་སྲིད་པའི་རྒུད་པ་ལས་གྲོལ་ཞིང་བརྩེ་བ་སྙིང་རྗེ་ཆེན་པོའི་དབང་གིས་གཟུགས་སྐུའི་རྣམ་པར་བསྟན་ནས་འཁོར་བ་ཇི་སྲིད་བར་དུ་བཞུགས་པས་ཞི་བའི་རྒུད་པ་ལས་གྲོལ་ཏེ། དེ་ལྟར་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པས་རང་དོན་ཡོངས་སུ་རྫོགས་ཤིང༌། དེ་ནས་འཕྲིན་ལས་བཞིའི་སྒོ་ནས་གདུལ་བྱའི་དོན་རྒྱུན་ཆད་མེད་པར་མཛད་ཅིང༌། ཁྱད་པར་དུ་
མཛད་པའི་མཆོག་གསུང་གི་སྒོ་ནས་ཆོས་འཁོར་བསྐོར་ཏེ་གདུལ་བྱ་མཐའ་དག་བྱང་གྲོལ་ལ་བཀོད་པས་གཞན་དོན་ཡོངས་སུ་རྫོགས་པའི་ཕྱིར་དང༌། འབྲས་བུ་དེ་བཞི་ནི་ཕྱག་ཆེན། དམ་རྒྱ། ཆོས་རྒྱ། ལས་རྒྱ་བཞིའི་སྒོ་ནས་ལེགས་པར་སྒྲུབ་ནུས་པའི་ཕྱིར་རོ། །འདི་ལ་ཁ་ཅིག་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་ལོངས་སྐུ་ནི་མཚན་དཔེས་སྤྲས་པའི་གཟུགས་སྐུ་ལ་བཤད་པས་གསུང་ལོངས་སྐུར་འཇོག་པ་མི་འཐད་སྙམ་ན། དེ་ནི་མདོའི་དབང་དུ་བྱས་ལ། སྔགས་ཀྱི་སྐབས་འདིར་ལོངས་སྐུ་གཙོ་བོར་གསུང་ལ་འཇོག་དགོས་ཏེ། སྔགས་རིམ་ལས། ལོངས་སྐུ་ནི་སྒྱུ་ལུས་ལའང་བཤད་པས་ཆོག་མོད་ཀྱང༌། སྔགས་ཀྱི་སྤྱི་སྐད་ལ་དེ་བཞིན་གཤེགས་པའི་གསུང་ལ་བཤད་པ་མང་བས་འདིར་དེ་ལྟར་བཤད་དོ།། ཞེས་གསུངས་ཤིང་དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་མཚན་བརྗོད་ཊཱིཀྐར་ཡང༌། མདོ་ལུགས་ཀྱིས་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་ཀྱི་བྱེད་པ་པོའི་དབང་དུ་བྱས་པ་དང༌། སྔགས་ཀྱིས་ལོངས་སྤྱོད་བྱེད་ཀྱི་བྱེད་པའི་དབང་དུ་བྱས་པར་གསུངས་སོ། །འོན་ཀྱང་སྔགས་ལུགས་ལའང་ལོངས་སྐུར་ལྷ་སྐུ་བཞིན་ལག་གི་རྣམ་པ་ཅན་གཏན་མི་འདོད་པ་མིན་ཏེ། སྔགས་རིམ་གྱི་ལུང་དེར་སྒྱུ་ལུས་ཀྱང་གསུངས་པའི་ཕྱིར་དང་དབང་དོན་དེ་ཉིད་ཡང་གསལ་ལས། སྔགས་སྤྱི་ཙམ་དུ་མ་ཟད་དུས་འཁོར་གྱི་ལུགས་ལའང་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་བྱེད་པ་པོའི་ལོངས་སྐུ་མཚན་དཔེས་བརྒྱན་པའང་ཡོད་པར་བཞེད་
དོ། །ཞེས་གསུངས་པའི་ཕྱིར། འོ་ན་སྐུ་གསུང་ཐུགས་འཕྲིན་ལས་བཞི་པོ་དེ་ཕྱག་རྒྱ་བཞིས་འགྲུབ་ལུགས་ཇི་ལྟར་ཡིན་སྙམ་ན། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པ་ལས། རྡོ་རྗེ་སྐུ་གསུང་ཐུགས་རྣམས་ཀྱི། །གཟུགས་བརྙན་སྦྱོར་བ་འདི་དག་ན། །ཕྱག་རྒྱ་ཀུན་གྱི་ཁྱད་པར་ཏེ། །ཞེས་དང༌། རྒྱུད་ཕྱི་མར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །གཟུགས་བརྙན་གྱི་ནི་སྦྱོར་བ་ཡིས། །བདག་ཉིད་ཆེན་པོ་ཕྱག་རྒྱ་ཆེ། །དེ་ལྟར་ཤེས་ནས་འགྲུབ་པར་འགྱུར། །ཞེས་དང༌། ཨ་བ་ཏ་ར་ལས་ཀྱང༌། ཕྱག་རྒྱ་དེའང་འདིར་སྐུ་ལ་སོགས་པའི་བྱེ་བྲག་གིས་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དང༌། དམ་ཚིག་དང༌། ཆོས་དང་ལས་ཀྱི་ཕྱག་རྒྱ་དང་རྣམ་པ་བཞིར་བསྟན་ཏེ། ཞེས་གསུངས་པ་ལྟར། ལྷ་དེ་དང་དེའི་སྐུའི་རྣམ་པ་རྗེས་སུ་དྲན་ཅིང༌། རང་གི་ལུས་ཀྱང་དེར་མོས་ཏེ་ལྷའི་སྐུ་དང་རང་གི་ལུས་དབྱེར་མེད་དུ་བསྲེ་བ་ནི་ཕྱག་ཆེན་གྱིས་རྒྱས་བཏབ་པའི་དོན་ཡིན་ཞིང༌། དེ་ལྟར་མོས་པ་ཡིད་བྱེད་ཀྱིས་གོམས་པ་ལས་མཐར་ལྷ་སྐུ་དངོས་གནས་པར་བཞེངས་པས་གཟུགས་སྐུ་འགྲུབ་པ་ཡིན་ལ། དེས་མཚོན་ནས། ཆོས་རྒྱས་རང་གི་ངག་དང་སངས་རྒྱས་ཀྱི་གསུང་དབྱེར་མེད་དུ་རྒྱས་འདེབས་དང༌། དམ་རྒྱས་རང་གི་ཡིད་དང་སངས་རྒྱས་ཀྱི་ཐུགས་དབྱེར་མེད་དུ་རྒྱས་འདེབས། ལས་རྒྱས་རང་གི་སྒོ་གསུམ་གྱི་བྱ་བ་དང་སངས་རྒྱས་ཀྱི་འཕྲིན་ལས་དབྱེར་མེད་དུ་རྒྱས་འདེབས་པ་ཡིན་ཏེ། གོང་དུ་གཟུགས་བརྙན་སྦྱོར་བ་ཞེས་པའི་དོན་དང་པོར་མོས་པ་ཡིད་བྱེད་ཀྱིས་དེ་དང་ཆ་འདྲ་ཙམ་བསྒོམས་ནས་མཐར་དེ་དངོས་གནས་པར་འགྲོ་བའི་དོན་ནོ། །དེའང་ཕྱག་རྒྱ་བཞིའི་ནང་ནས་ཆོས་རྒྱའི་ཚེ་ལྕེ་
ལ་ཆོས་ཀྱི་ཡི་གེ་འགོད་པ་ནི་རླུང་སྔགས་ཐ་མི་དད་དུ་བྱས་ཏེ་གསུང་འགྲུབ་པའི་མཚོན་དོན་དང༌། ལས་རྒྱའི་ཚེ་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་བསྒོམ་པ་འཕྲིན་ལས་རྣམ་བཞི་སོགས་ལས་སྣ་ཚོགས་འགྲུབ་པའི་མཚོན་དོན་དང༌། ཕྱག་ཆེན་གྱི་ཚེ་དང་པོའི་རྡོ་རྗེ་བསྒོམ་པ་གཟུགས་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའི་ཕྱག་མཚན་ཡིན་པའི་གནད་ཀྱིས་ཡིན་ནམ་སྙམ་ལ། དམ་རྒྱའི་ཚེ་སྙིང་གར་ཐོག་མཐའ་མེད་པའི་ཆོས་ཉིད་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་གསལ་འདེབས་པ་འདིའི་དོན་ཅུང་ཟད་རྟོགས་དཀའ་བར་སྣང་ཡང་འདི་ལྟར་འཆད་དགོས་སམ་སྙམ་སྟེ། དེའང་དམ་རྒྱ་ཞེས་པ་ནི་ཚིག་བསྡུས་པ་ཙམ་ལས་དོན་དུ་དམ་ཚིག་གི་ཕྱག་རྒྱ་ཞེས་པ་ཡིན་ལ། དམ་ཚིག་གི་དོན་ནི། ཀུན་རིག་ཊཱིཀ་ཆེན་ལས། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་གསང་བ་ནི་ངེས་ཚིག་གི་ཚུལ་གྱིས་ཡང་དག་པར་རྟོགས་པར་བྱ་བའི་ཕྱིར་རམ་ཡང་དག་པར་ཐོབ་པའམ། མི་འདའ་བའི་དོན་གྱིས་དམ་ཚིག་སྟེ། ཞེས་གསུངས་པ་ལྟར་དམ་ཚིག་གི་སྐད་དོད་ས་མ་ཡ་ཞེས་པ་རྟོགས་པ་དང༌། ཐོབ་པ་དང༌། མི་འདའ་བ་སོགས་ལ་འཇུག་ཚུལ་གསུངས་པ་ནི། རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་སོགས་ལུགས་འབྱུང་ལྡོག་གི་བཤད་པའི་སྐབས་སུ་ཡེ་ཤེས་ཕུན་ཚོགས་ལ་སྦྱར་ནས་རྟོགས་པ་དང༌། སྤངས་པ་ཕུན་ཚོགས་ལ་སྦྱར་ནས་ཐོབ་པའམ་མངོན་དུ་བྱས་པ་ལ་བཤད་པ་ལྟར། འདིར་ཡང་སྤངས་པ་དང་ཡེ་ཤེས་གཉིས་ཀ་ལ་སྦྱོར་དགོས་ཤིང༌། དེའང་ངོ་བོ་སོ་སོ་བ་མ་ཡིན་པར་མི་འདའ་བའམ་མི་ཕྱེད་པས་ན་དམ་ཚིག་ཅེས་བཤད་པ་ཡིན་ལ། རྡོ་རྗེའི་སྐད་དོད་བཛྲ་ཞེས་པའམ་མི་ཕྱེད་པ་ལ་འཇུག་པས། ཐོག་མཐའ་
མེད་པའི་ཆོས་ཀྱི་དབྱིངས་དང་དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་ན་ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་ལྟ་བུ་འགྲུབ་པ་ནི་སྐབས་འདིའི་ཕྱག་མཚན་གྱི་མཚོན་དོན་ཡིན་ནོ། །དེར་མ་ཟད་ཕྱག་རྒྱ་བཞི་འཇོག་ཚུལ་ལ་གཞི་ལམ་འབྲས་གསུམ་དང་སྦྱར་བའི་བཤད་ཚུལ་དུ་མ་ཡོད་དེ། བཤད་རྒྱུད་ཐམས་ཅད་གསང་བ་ལས། རྣམ་པར་ཤེས་པ་རྣམ་པ་བཞ། །ཕྱག་རྒྱ་བཞི་ཡི་ཆོ་ག་ཡིས། །གསང་བ་གཉིས་མེད་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ནི་ཡང་དག་འབྱུང༌། །ཞེས་དང༌། འབྱུང་བ་ཆེན་པོ་བཞི་པོ་ཡང༌། །ཕྱག་རྒྱ་བཞི་ཞེས་བཤད་པ་ཡིན། །ཞེས་སོགས་གསུངས་པ་ལྟར། གཞིའི་ཕྱག་ཆེན་ཐ་མལ་གྱི་ལུས་དང༌། ཀུན་གཞིའི་རྣམ་ཤེས་སའི་ཁམས་རྣམས་ནི་སྦྱང་གཞི་ཡིན་ལ། དེ་སྦྱོང་བྱེད་དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ནས་གསུངས་པའི་བྱང་ཆུབ་ཀྱི་ སེམས་དང༌། ཡུལ་ཅན་རྣམ་པར ་ཐར་པའི་སྒོ་སྟོང་པ་ཉིད་ནི་ལམ་གྱི་ཕྱག་ཆེན་ཡིན་ཞིང༌། སྦྱངས་པའི་འབྲས་བུ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་སྐུ་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པ་རྣམས་ནི་འབྲས་བུའི་ཕྱག་ཆེན་ཡིན་ནོ། །དེས་མཚོན་ཏེ་སྦྱང་གཞི་ཐ་མལ་གྱི་སེམས་དང༌། ཆུ་ཁམས། ཉོན་ཡིད་རྣམས། སྦྱོང་བྱེད་དུམ་བུ་གཉིས་པ་ནས་གསུངས་པའི་ལམ་སྦྱིན་པའི་ཕར་ཕྱིན་དང་མཚན་མེད་སོགས་ཀྱིས་སྦྱངས་པའི་འབྲས་བུ་སངས་རྒྱས་ཀྱི་ཐུགས་དང་རིན་འབྱུང་མཉམ་ཉིད་ཡེ་ཤེས་རྣམས་ནི་འབྲས་བུའི་དམ་རྒྱ། སྦྱང་གཞི་ཐ་མལ་གྱི་ངག་དང༌། མེ་ཁམས། དྲུག་པ་
ཡིད་ཤེས་རྣམས། སྦྱོང་བྱེད་དུམ་བུ་གསུམ་པ་ནས་གསུངས་པའི་ལམ་ཤེས་རབ་ཀྱི་ཕར་ཕྱིན་དང༌། སྨོན་མེད་སོགས་ཀྱིས་སྦྱངས་པའི་འབྲས་བུ་སངས་རྒྱས་ཀྱི་གསུང་དང༌། འོད་དཔག་མེད། སོར་རྟོག་ཡེ་ཤེས་རྣམས་ནི་འབྲས་བུ་ཆོས་རྒྱ། སྦྱང་གཞི་ཐ་མལ་གྱི་བྱ་བ་དང༌། རླུང་གི་ཁམས། སྒོ་ལྔའི་རྣམ་ཤེས་རྣམས་སྦྱོང་བྱེད་དུམ་བུ་བཞི་པ་ནས་གསུངས་པའི་ལམ་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་མངོན་པར་འདུ་མི་བྱེད་པ་སོགས་ཀྱིས་སྦྱངས་པའི་འབྲས་བུ་སངས་རྒྱས་ཀྱི་འཕྲིན་ལས་དང་དོན་ཡོད་གྲུབ་པ། བྱ་གྲུབ་ཡེ་ཤེས་རྣམས་ནི་འབྲས་བུའི་ལས་རྒྱ་སྟེ། མདོར་བསྡུས་ན་མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས་ནས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ཆེན་པོའི་གོ་འཕང་བདེ་བླག་ཏུ་སྟེར་བར་བྱེད་པས། ངེས་ལེགས་ཐར་པ་སྒྲུབ་པ་ལའང༌། ཐབས་འདི་ལས་མཆོག་ཏུ་གྱུར་པ་མེད་པར་མཐོང་ནས་མངོན་འདོད་ཀྱི་དད་པ་བཅོས་མ་མ་ཡིན་པ་བསྐྱེད་དགོས། དེ་ལྟར་རྒྱུད་ཀྱི་ཆེ་བ་ཁོང་དུ་ཆུད་ནས་དད་པ་སྐྱེད་པ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལུགས་ཡིན་ལ། དེ་ཙམ་མི་ནུས་ནའང༌། དཀྱིལ་འཁོར་མཐོང་བའི་ཕན་ཡོན་ཙམ་ཞིག་ཤེས་པ་ངེས་པར་སྔོན་དུ་འགྲོ་དགོས་པས། དེ་ནི་རྣམ་སྣང་མངོན་བྱང་ལས། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །འདི་འདྲའི་དཀྱིལ་འཁོར་མཐོང་བ་ཡིས། །དེ་མ་ཐག་ཏུ་ཟད་འགྱུར་ན། །ཞེས་དཀྱིལ་འཁོར་མཐོང་བ་ཙམ་གྱིས་བསྐལ་པ་མང་པོའི་སྡིག་པ་འདག་པ་དང། འཇམ་དཔལ་རྩ་རྒྱུད་ལས། རས་བྲིས་མཐོང་བ་ཙམ་གྱིས་ན། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །
ཞེས་དང༌། མཚམས་མེད་པ་དང་སྡིག་ཅན་ཡང༌། །རས་བྲིས་མཐོང་བ་ཙམ་གྱིས་ན། །སྐད་ཅིག་གིས་ནི་གྲོལ་བར་འགྱུར། །ཞེས་དང༌། རྡོ་རྗེ་རྩེ་མོའི་ལུང་གོང་དུ་དྲངས་པ་ལྟར། རས་བྲིས་ཐང་གཅིག་མཐོང་བས་ཀྱང་ཐར་པའི་ས་བོན་ཁྱད་པར་ཅན་བཞག་སྟེ་ཚེ་རབས་ཕྱི་མ་རྣམས་སུའང་ལམ་བཟང་འདི་དང་མཇལ་ཞིང༌། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་སྟེ་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་སོགས་ལ་ཚུལ་བཞིན་དུ་བསླབས་ཏེ་རིང་པོར་མི་ཐོགས་པར་མངོན་བྱང་ལྔའི་སྒོ་ནས་རྣམ་སྣང་ཆེན་པོའི་གོ་འཕང་མངོན་དུ་འགྱུར་བ་སོགས་གནས་སྐབས་མངོན་པར་མཐོ་བ་དང་མཐར་ཐུག་ངེས་པར་ལེགས་པ་ལས་བརྩམས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བར་གསུངས་པས་འདི་ལྟ་བུའི་དཀྱིལ་འཁོར་མཐོང་བ་བདག་སྐལ་བ་བཟང་སྙམ་པའི་དགའ་སྤྲོ་དང༌། ངེད་ཀྱིས་ཇི་ལྟར་བརྡ་སྤྲད་པ་དེའི་ཚེ་རས་བྲིས་སུ་བྲིས་པ་འདི་ཉིད་མཚོན་བྱེད་དུ་བྱས་ཏེ། དེས་མཚོན་པར་བྱ་བ་དག་པའི་རྟེན་དང་བརྟེན་པ་དེ་དག་མངོན་སུམ་དུ་མཐོང་བའི་མོས་པ་ལྷན་ཅིག་པའི་སྒོ་ནས་གཟིགས་དགོས་པ་ཡིན་ལ། དཀྱིལ་འཁོར་སྟོན་པའི་རིམ་པ་ནི་གྲུབ་ཆེན་དཔལ་འཛིན་སོགས་ཀྱིས་བྱང་སྒོ་པ་ནས་བཟུང་སྟེ་མས་རིམ་བཞིན་སྟོན་པར་བཞེད་ལ། ལྭ་བ་པ་ལ་སོགས་པས་ཤར་སྒོ་པ་ནས་སྟོན་པར་བཞེད་པས་གང་ལྟར་བྱས་ཀྱང་འགལ་བ་མེད་པར་གསུངས་ལ། འོན་ཀྱང་འདིར་ནི། རྡོ་རྗེ་རྩེ་མོ་ལས། སྒོ་བ་རྡོ་རྗེ་ལྕགས་ཀྱུ་ནས་བཅོམ་ལྡན་འདས་ལ་ཐུག་གི་བར་དུ་བསྟན་ཏོ། །ཞེས་དང༌། རྡོ་རྗེ་འབྱུང་བ་ལས་ཀྱང༌། དེ་ནས་རྡོ་རྗེ་ལྕགས་
ཀྱུ་ནས་བརྩམས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ།། ཞེས་གསུངས་པ་དང་མཐུན་པར་བྱེད་ན། འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་རྩེ་མོར་བསྲུང་བའི་འཁོར་ལོ་མེ་རི་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་རིམ་པ་གཉིས་སུ་ཡོད་པའི་ནང་མའི་ཤར་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་ཞགས་པ། ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག །བྱང་སྒོར་རྡོ་རྗེ་འབེབས་པ། ཕྱིའི་ཤར་ལྷོར་བདུག་སྤོས་མ། ལྷོ་ནུབ་ཏུ་མེ་ཏོག་མ། ནུབ་བྱང་དུ་མར་མེ་མ། བྱང་ཤར་དུ་དྲི་ཆབ་མ། ནང་གི་ཤར་ལྷོར་སྒེག་མོ། ལྷོ་ནུབ་ཏུ་ཕྲེང་བ་མ། ནུབ་བྱང་དུ་གླུ་མ། བྱང་ཤར་དུ་གར་མ། ཤར་གྱི་རྩིབས་དང་པོ་ལ་རྡོ་རྗེ་སེམས་དཔའ། གཉིས་པ་ལ་རྡོ་རྗེ་རྒྱལ་པོ། གསུམ་པ་ལ་རྡོ་རྗེ་ཆགས་པ། བཞི་པ་ལ་རྡོ་རྗེ་ལེགས་པ། ལྷོའི་རྩིབས་དང་པོ་ལ་རྡོ་རྗེ་རིན་ཆེན། གཉིས་པ་ལ་རྡོ་རྗེ་གཟི་བརྗིད། གསུམ་པ་ལ་རྡོ་རྗེ་རྒྱལ་མཚན། བཞི་པ་ལ་རྡོ་རྗེ་བཞད་པ། ནུབ་ཀྱི་རྩིབས་དང་པོ་ལ་རྡོ་རྗེ་ཆོས། གཉིས་པ་ལ་རྡོ་རྗེ་རྣོན་པོ། གསུམ་པ་ལ་རྡོ་རྗེ་རྒྱུ། བཞི་པ་ལ་རྡོ་རྗེ་སྨྲ་བ། བྱང་གི་རྩིབས་དང་པོ་ལ་རྡོ་རྗེ་ལས། གཉིས་པ་ལ་རྡོ་རྗེ་བསྲུང་བ། གསུམ་པ་ལ་རྡོ་རྗེ་གནོད་སྦྱིན། བཞི་པ་ལ་རྡོ་རྗེ་ཁུ་ཚུར། ནང་གི་ཤར་ལྷོར་སྤྱན་མ། ལྷོ་ནུབ་ཏུ་མཱ་མ་ཀཱི། ནུབ་བྱང་དུ་གོས་དཀར་མོ། བྱང་ཤར་དུ་སྒྲོལ་མ། ཤར་དུ་ངན་སོང་སྦྱོང་བའི་རྒྱལ་པོ། ལྷོར་རྒྱལ་མཆོག་རིན་ཆེན། ནུབ་ཏུ་ཤཱཀྱ་རིག་དབང༌། བྱང་དུ་མེ་ཏོག་ཆེར་རྒྱས། དེ་དག་ཐམས་ཅད་ཀྱི་དབུས་སུ་རྟེན་
དང་བརྟེན་པ་མཐའ་དག་སྤྲོ་ཞིང་སྡུད་པའི་དཀྱིལ་འཁོར་གྱི་བདག་པོ་བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཆེན་པོ༌སྟེ་ལྷ་སོ་བདུན་གྱི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་མཐོང་བའི་མོས་པ་མཛོད་ཅིག །ཅེས་བརྡ་སྤྲད་པར་བྱའོ།། སྨྲས་པ། རྣམ་དཔྱོད་འོ་མའི་རྒྱ་མཚོ་བསྲུབས་ལས་སྐྱེས། །སྔོན་མེད་ལེགས་པར་བཤད་པའི་དགའ་སྟོན་འདི། །འཛམ་གླིང་མཁས་པ་བདེ་འབྱུང་མ་ལུས་པའ། །གཙུག་རྒྱན་གསར་ཚེས་ཟླ་བའི་མྱུ་གུ་ཡིན། །བཤད་པར་འདོད་པས་མགྲིན་པ་བསྲང་ན་ཡང༌། །རྨོངས་པའི་ལྕགས་ཀྱུས་རོ་འཛིན་ཕྱིར་དྲངས་ཏེ། །ལྐོག་མར་སྙིང་དང་སྦྱར་བ་དེ་དག་ལ། །དབུགས་འབྱུང་བདུད་རྩིའི་ཆུ་རྒྱུན་འདི་སྦྲེངས་སོ། །དགེ་བས་མི་བཟད་ངན་སོང་གསུམ་གྱི་རྒྱུད། །ཡོངས་སུ་སྦྱངས་ཏེ་ལམ་བཟང་འདི་ཉིད་ལ། །བརྟེན་ནས་མཁའ་མཉམ་འགྲོ་བ་མ་ལུས་པ། །རྣམ་སྣང་ཆེན་པོའི་ས་ལ་འགོད་པར་ཤོག །ཅེས་ངན་སོང་ཐམས་ཅད་སྦྱོང་བའི་དཀྱིལ་འཁོར་ཞལ་སྟོན་གྱི་བཤད་པ་ཆོས་དུང་དཀར་པོའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་དབང་གི་སྐབས་སུ་ཉེ་བར་མཁོ་ཞིང༌། སྤྱིར་ཡང་རང་དང་སྐལ་མཉམ་རྣམས་འདིའི་རྒྱུད་དོན་རགས་རིམ་ཙམ་ལ་བློ་ཁ་ཕྱོགས་པའི་ཐབས་སུ་ཕན་དུ་རེ་ནས། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཁན་ཆེན་ངག་དབང་གྲགས་པའི་གདན་ས་ད་ཚང་ལྷུན་གྲུབ་གླིང་དུ་བྲིས་པ་འདིས་ཀྱང་ཡོ་གའི་ལུགས་སྲོལ་དྲི་མ་མེད་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག། །། སརྦ་མངྒ་ལཾ།།