མཁན་ཆེན་ངག་དབང་གྲགས་པ་ལ་བསྟོད་པའི་རབ་བྱེད།
མཁན་ཆེན་ངག་དབང་གྲགས་པ་ལ་བསྟོད་པའི་རབ་བྱེད་དོན་གསལ་ཞེས་བྱ་བ་བཞུགས་སོ།། རྒྱལ་ཀུན་ཡབ་གཅིག་འཇམ་མགོན་མཁྱེན་པའི་གཏེར། །རབ་ཁྲོས་ཕྱི་ནང་གསང་བའི་གཤིན་རྗེའི་གཤེད། །ངུར་སྨྲིག་འཆང་བའི་གར་རོལ་ཙོང་ཁ་པའི། །དབྱེར་མེད་ཐུགས་རྗེས་བྱང་ཆུབ་བར་དུ་སྐྱོངས། །ཡབ་རྗེ་ཆོས་ཀྱི་ལྷུན་པོའི་མདུན་ས་རུ། །རྣམ་དཔྱོད་ཟླ་བྲལ་གསེར་གྱི་རི་བོ་བཞིན། །ལུང་
རྟོགས་ཡོན་ཏན་ཉི་ཟླའི་ཅོད་པན་མཛེས། །ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །རྩེ་གཅིག་མོས་གུས་གདུང་ཤུགས་དྲག་པོ་ཡིས། །འཇམ་དབྱངས་བླ་མ་རིང་དུ་མཉེས་བྱས་ཚེ། །བྱང་ཆུབ་བར་དུ་སྐྱོང་བའི་ཞལ་བཞེས་མཛད། །ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དེ་ཡི་གསུང་གསང་ཟབ་རྒྱས་ཨ་མྲྀ་ཏས། །འདི་ཕྱིའི་སྣང་ཤས་མི་བཟད་སྲིད་པའི་ནད། །དྲུངས་ཕྱུང་འཆི་མེད་ཐར་པའི་སྲོག་ཐོབ་པ། །ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །མཁའ་མཉམ་འགྲོ་ལ་རྗེས་ཆགས་དྲི་བཞོན་གྱིས། །དྲངས་པའི་བྱང་ཆུབ་ཐུགས་ཀྱི་སྤྲིན་ཆེན་ལས། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་གྲུ་ཆར་འབེབས། །ངག་དབང་གྲགས་པའི་༝ སྤྲོས་བྲལ་དབྱིངས་ཀྱི་མཁའ་ལ་རྣམ་རོལ་ཡང། །ཀུན་བྱང་བླང་དོར་རྟེན་འབྱུང་འཛིན་མའི་ཁྱོན། །གསལ་བས་རྟག་ཆད་མུན་པའི་གོ་སྐབས་འཕྲོག །ངག་དབང་གྲགས་པའི་༝ དེ་ནས་གསང་ཆེན་རྡོ་རྗེ་ཐེག་པའི་སྒོར། །འཇིགས་མཛད་ཁྲོ་བོ་ཆེན་པོ་རང་ཉིད་ཀྱིས། །དངོས་སུ་བཅུག་སྟེ་དབང་བཞིའི་དགའ་སྟོན་སྩལ། །ངག་དབང་གྲགས་པའི་༝ རིམ་གཉིས་ལམ་གྱི་སྐུ་གསུམ་གསེར་འགྱུར་རྩིས། །གཞི་ཡི་སྐུ་གསུམ་ལྕགས་ཀྱི་ཁམས་སྦྱངས་ཏེ། །སྔགས་དང་ཡེ་ཤེས་ལྷ་ཡི་རྣམ་རོལ་བ། །ངག་དབང་གྲགས་པའི་༝ མི་འགྱུར་བདེ་བ་མཆོག་གི་ཏིང་འཛིན་ལས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོ་སྤྲོ་བསྡུའི་གར། །འབུམ་དུ་རྩེན་པའི་སྣོད་བཅུད་སྦྱོང་མཛད་པ། །ངག་དབང་གྲགས་
པའི་༝ ཁྱད་པར་མཐུ་སྟོབས་ཞོ་འཐུང་རུས་པའི་མཚོན། །རིག་སྔགས་རྩེ་བརྒྱ་འབར་བའི་གདེངས་ཀ་ཡིས། །རྒོལ་ངན་ས་འཛིན་ཡོངས་ཀྱི་བགྲོད་པ་བཅོམ། །ངག་དབང་གྲགས་པའི་༝ དམ་ཆོས་འཛིན་པའི་སྨོན་ལམ་གྲུབ་པའི་མཐུས། །ཚང་ལ་མ་ནོར་མདོ་སྔགས་ལམ་གྱི་སྲོལ། །ཕྱོགས་མཐར་གསལ་མཛད་ཐུབ་བསྟན་ཡོངས་ཀྱི་བདག །ངག་དབང་གྲགས་པའི་༝ མཐའ་འཁོབ་མགོན་མེད་འདུལ་དཀའི་འགྲོ་བ་ལ། །རབ་འབྱམས་རྒྱལ་བ་ལས་ལྷག་བཀའ་དྲིན་ཅན། །ཁམས་གསུམ་སྐྱེ་དགུའི་འདྲེན་པ་བླ་ན་མེད། །ངག་དབང་གྲགས་པའི་༝ སྔོན་དང་ཕྱི་མའི་སྐྱེས་རབས་ཀུན་ཏུ་ཡང། །མཁའ་ཁྱབ་བསྟན་དང་འགྲོ་བའི་མགོན་མཛད་ཅིང། །ཆོས་སྐྱོང་བྲན་འཁོལ་སྣང་སྲིད་ཟིལ་གྱིས་གནོན། །ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །དེ་ལྟར་ཁྱོད་ཀྱི་ཡོན་ཏན་ཆུ་གཏེར་ལས། །ཆ་ཤས་ཙམ་ཞིག་བརྗོད་པའི་བསོད་ནམས་མཐུས། །ཚེ་རབས་ཀུན་ཏུ་འཇམ་མགོན་ཡབ་སྲས་ཀྱིས། །འབྲལ་མེད་དགྱེས་བཞིན་རྗེས་སུ་འཛིན་པར་ཤོག །འདྲེན་པ་མཆོག་གི་རྣམ་པར་ཐར་པ་བཞིན། །ལམ་གྱི་གཙོ་བོ་གསུམ་གྱིས་རྒྱུད་སྦྱངས་ཏེ། །རྣམ་དག་དབང་ཐོབ་དམ་ཚིག་ཚུལ་བཞིན་བསྲུང། །བསྐྱེད་རིམ་མཐར་ཕྱིན་ལས་བཞི་ལྷུན་འགྲུབ་ཤོག །ལྷན་སྐྱེས་བདེ་ཆེན་བདག་ཉིད་རྣལ་འབྱོར་བཞིས། །ཀུན་རྟོག་བཞོན་པར་བཅས་པའི་དཔུང་བཅོམ་སྟེ། །དཔལ་ལྡན་དུས་དགྲའི་དབང་པོའི་སྐུར་བཞེངས་ནས། །མ་ལུས་འགྲོ་བ་སྲིད་ལས་སྒྲོལ་གྱུར་ཅིག །ལྗོངས་འདིར་ཐུབ་བསྟན་སྙིང་པོའི་བཤད་སྒྲུབ་
རྒྱས། །རྒྱལ་བློན་སྡེར་བཅས་ཆབ་སྲིད་ཡུན་དུ་འཕེལ། །འགྲོ་ལ་རྫོགས་ལྡན་གསར་པའི་ཆོས་སྲིད་ཀྱི། །བཀྲ་ཤིས་དགེ་མཚན་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་མཐའ་འཁོབ་འདུལ་བའི་མཆོག་འཕགས་པ་ཀ་ཏ་ཡ་ན་དང་ཆོས་མཚུངས་པ་རྗེ་བླ་མའི་ནང་ཐུགས་ཀྱི་སྲས་པོ་མཁན་ཆེན་ངག་དབང་གྲགས་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི། སྔར་དོན་གཉེར་ཅན་དུ་མས་རྣམ་ཐར་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ཡང། ས་བོན་མེད་སྟབས་རིམ་འགྱངས་སུ་སོང་བ་ལས། ཉེ་ཆར་མཁན་ཆེན་གྱི་སྐུ་གདུང་མཇལ་སྐབས་རང་རྒྱུད་དད་པས་ཉེ་བར་བསྐུལ་ཞིང། རྣམ་ཐར་ཡང་ཞིབ་ཏུ་བརྟག་ཚེ་རྗེ་བླ་མའི་དགྱེས་པའི་ཞལ་བཞེས་དང། ཐུན་མོང་བ་ལམ་གཙོ་རྣམ་གསུམ་ཐུན་མོང་མ་ཡིན་པ་འཇིགས་བྱེད་ཀྱི་རིམ་གཉིས་གདམས་པའི་ཡིག་ཆུང་དུ་མ་བཅས་སྩལ་བ་རྣམས་གུང་བསྒྲིག་ན། དེང་དུས་བླ་མས་བཤད་ལོ་དང། སློབ་མས་ཐོས་ལོའི་རྣམ་གྲངས་གང་ཁོམ་དུ་བྱས་པ་ལྟ་བུ་མ་ཡིན་པར། རྒྱ་གར་གྲུབ་ཆེན་རྣམས་ལ་ལྷ་དང་བླ་མས་ཉམས་རྟོགས་ཀྱི་རིམ་པ་དང་བསྟུན་ནས་གདམས་ངག་འབོག་པའི་རིམ་པ་ཇི་ལྟ་བ་བཞིན་ཡིན་འདུག་པས་དེ་ཉིད་གཞིར་བྱས་ཏེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཆོད་སྡོང་རིན་པོ་ཆེའི་མདུན་ནས་འཕྲལ་དུ་སུག་བྲིས་བགྱིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །༈ བགྲང་ཡས་རྒྱལ་བའི་འཁོར་ལོ་བསྡུས་པའི་གར། །བློ་བཟང་འཇམ་དཔལ་སྙིང་པོའི་ཞལ་སྐྱིན་དུ། །ལེགས་བསྒྱུར་ལྷ་དང་མིར་བཅས་འགྲོ་བའི་མགོན། །རྗེ་བཙུན་བླ་མ་ལུས་ཅན་གཙུག་ན་རྒྱལ། །ཡེ་ཤེས་རྟ་གདོང་མེ་རི་སྟོང་པའི་མཚོར། །ཞུགས་ལས་བདེ་བ་ཆེན་པོར་ཁོལ་བའི་རླབས། །ཅིར་ཡང་འཆར་བའི་ལྦུ་འཕྲེང་གཟུགས་ཀྱི་སྐུའི། །བཀོད་
པ་མི་ཟད་གསང་བ་གསུམ་གྱི་མཛོད། །སྨྲ་བར་བསྐུལ་ཚེ་དབྱངས་ཀྱི་རྒྱལ་མོ་ཡང། །ཟོལ་སྐྱེས་ཕང་འགྲོའི་རྒྱུད་ལ་སྤྱན་གཏོད་ན། །བྱིས་པའི་ཧུབ་ཀྱིས་གངྒཱ་གཞལ་མིན་ཡང། །ཅི་ཙམ་བཏུང་བས་རང་གི་གདུང་བ་སེལ། །གསེར་ཐུབ་རྒྱལ་བའི་ཉི་མ་འཛུམ་རླབས་ཀྱིས། །ཐེག་མཆོག་རིགས་ཀྱི་ས་བོན་སྨིན་པ་ལས། །དམིགས་མེད་སྙིང་རྗེའི་སྡོང་བུ་མངོན་དགའི་རྩེར། །རིན་ཆེན་བྱང་ཆུབ་སེམས་ཀྱི་འདབ་བརྒྱ་གྲོལ། །ལེགས་པར་བསྡམས་པའི་ཤེས་རབ་གྲུ་བོ་ཆེ། །བརྟན་ཞིང་རྐྱེན་བཟོད་མཁོ་དགུ་སྦྱིན་པའི་གཏེར། །བསྡུ་བཞིའི་བ་དན་བརྩོན་པའི་དྲི་བཞོན་གྱིས། །བསྐྱོད་ཚེ་འཁོར་བ་རྒྱ་མཚོའི་མཐའ་ཡང་ཐུང། །ཁྱད་པར་ཚེ་གཅིག་འཚང་རྒྱ་མྱུར་བའི་ལམ། །མཐའ་བྲལ་ལྟ་བའི་བཅུད་ལྡན་རྡོ་རྗེའི་ཐེག །ཀླུ་སྒྲུབ་ལུགས་བཟང་གསལ་བའི་ལེགས་བཤད་ཀྱི། །འོད་དཀར་འབུམ་འགྱེད་ཟླ་བ་གྲུབ་པའི་གཙོ། །སླར་ཡང་དུས་མཐར་འཇམ་མགོན་བསྟན་པའི་གདུགས། །མདོ་སྔགས་ཟབ་གནད་རྩིབས་སྟོང་རྫོགས་པ་འདི། །བསྒྲེངས་ཕྱིར་ངུར་སྨྲིག་གར་གྱིས་རྣམ་རོལ་པའ། །ཁྱབ་བདག་རྡོ་རྗེ་སེམས་དཔའ་དེ་ལ་འདུད། །མགོན་ཁྱོད་གཟིགས་པ་ལྔ་ཡི་ཉི་གཞོན་ཟེར། །སྐྱེ་དགུའི་ལེགས་བྱས་མཁའ་ལ་འཕོས་པ་ཡིས། །རྒུད་པའི་མུན་པ་དུམ་བུར་བཅད་པའི་ཁྲག །ངོ་མཚར་ལྟས་བཟང་འཆར་ཁའི་སྤྲིན་དུ་འཁྲིགས། །སྔོན་གོམས་འཕགས་ཆེན་སྤྱོད་པའི་བག་ཆགས་ཀྱིས། །བྱིས་པའི་རོལ་གར་ཆོས་སུ་རྩེན་པས་ཀྱང། །སྡེ་དང་བཅས་པའི་བདུད་རྣམས་གདུང་བྱེད་ཅིང། །སྐལ་ལྡན་འགྲོ་ལ་ཐར་པའི་ལམ་བཟང་མཚོན། །དེ་ཚེ་སྲིད་འབྱོར་སྦྲུལ་གདུག་ལྕེ་རྩེ་
ལྟར། །འཇིགས་བཅས་གཡོ་བའི་ངང་ཚུལ་གཟིགས་པ་ཡིས། །ངེས་འབྱུང་མེ་ཆེན་འབར་ལ་འདི་སྣང་གི །བསླུ་བྲིད་མཐའ་དག་བུད་ཤིང་གཞན་བཞིན་གྱུར། །དེ་ནས་དབུས་འགྱུར་ཞེས་གྲགས་བསིལ་ལྗོངས་ཀྱི། །བྱང་ཆུབ་སྙིང་པོར་གཤེགས་ཚེ་བླ་མ་ལྷའ། །ལུང་བསྟན་དབུགས་དབྱུང་དབྱར་རྔ་དང་འགྲོགས་པའ། །གནས་བདག་སྲུང་མའི་བསུ་སྐྱེལ་ན་བུན་གཏིབས། །བཤེས་གཉེན་མང་བཀུར་གཞོན་ནུ་ནོར་བཟང་བཞིན། །བརྣག་དཀའི་དཀའ་སྤྱད་བཟོད་ལ་རྟག་ཏུ་ངུ། །གཞུང་ལུགས་འབུམ་སྡེའི་མཛོད་འཛིན་དབྱིག་གི་གཉེན། །གཉིས་པ་གཞན་ཞིག་གངས་རིའི་ཁྲོད་འདིར་བྱུང། །བསྐལ་པར་གོམས་པའི་རྣམ་དཔྱོད་གསེར་མིག་ཏུ། །འཁྱིལ་བའི་མཁའ་ལྡིང་ན་ཚོད་ཕྲ་ན་ཡང། །ཁེངས་མཁས་ལྡན་རློམ་འདབ་ཆགས་རྒན་པོའི་ཁྱུ། །ཅིག་ཅར་ནོན་པའི་རིགས་ཀྱི་མཐུ་དེ་རྨད། །གཞི་ལྔའི་རང་བཞིན་ཕྱོགས་ཀྱི་འཁོར་ལོའི་ཁྱོན། །མ་ལུས་ཇི་བཞིན་གཟིགས་པའི་དཔའ་བོ་ཁྱོད། །མ་ཕམ་ཐུགས་བཅུད་བདུད་རྩིའི་སྟོབས་རྒྱས་ཤིང་། །ཡོན་ཤཱཀ་གདམས་པའི་དོན་གྱི་གོ་བགོས་ཏེ། །རྟོག་གེའི་ཚིག་དོན་གྲགས་པའི་གནམ་རུ་ལས། །ཉེར་དྲངས་མཐའ་བྲལ་དབུ་མའི་རིགས་པའི་མཚོན། །དངོས་འཛིན་འབོད་སྒྲོག་གནད་དུ་བསྣུན་པའི་ཁྲག །བདེ་བ་ཆེན་པོར་བཏུང་བའི་དགའ་བས་མྱོས། །སྡེ་སྣོད་འཛིན་མའི་མཐར་འཁྱུད་འདུས་པའི་མཁའ། །འདབ་ཡངས་མཁྱེན་པས་སྐད་ཅིག་གིས་གཞལ་ཚེ། །སྒྲ་དང་བཟོ་གསོ་སྙན་དངགས་སྡེབ་སྦྱོར་སོགས། །རི་བོ་སྟོང་ཕྲག་བགོམ་ལ་མཚར་དུ་ཅ། །དཔལ་ལྡན་མཁས་པ་མ་ལུས་
བཞིན་གྱི་སྣོད། །ནོར་བུའི་ཁྲི་ལ་རྣམ་དཔྱོད་སྟངས་སྟབས་ཅན། །ཁྱོད་ཀྱི་བློ་གྲོས་ར་བ་ལས་འགོངས་པའ། །ཆོས་དེ་མཁའ་ཡི་འདབ་སྟོང་རྩེ་ན་མཛེས། །རིས་སུ་མ་ཆད་བསྟན་པ་རྒྱ་མཚོའི་གནད། །ཕྲ་ཞིང་ཕྲ་བ་ཀུན་ཀྱང་མ་འདྲེས་པར། །ཇི་བཞིན་འབྱེད་ལ་འཇམ་མགོན་བླ་མ་དང། །མགོན་ཁྱོད་ཐ་དད་དབྱེ་བ་གང་ལས་ཤེས། །དེ་ལྟར་ཐོས་པའི་མཐར་སོན་གནད་རྣམས་ཀུན། །གཅིག་ཏུ་བསྒྲུབ་པ་སྙིང་པོར་མཛད་པ་ཁྱོད། །མི་མངོན་དབེན་པའི་ནགས་སུ་གཞོལ་ན་ཡང། །གྲགས་པའི་ཕོ་ཉ་ཕྱོགས་ཀྱི་ཕ་མཐར་སྤྲོས། །དེ་ཚེ་ལེགས་སྨོན་དྲི་བཞོན་གྱིས་དྲངས་ཤིང། །ལེགས་བཤད་སྦྲང་རྩིའི་དོག་པ་ལ་ཆགས་པའ། །སྐལ་བཟང་རྐང་དྲུག་བྱེ་བའི་དགའ་སྟོན་དུ། །འཁོར་ལོ་གསུམ་གྱི་འདབ་བརྒྱ་ཅིག་ཅར་བཞད། །ཁྱད་པར་ཤེར་ཕྱོགས་བྱང་དུ་དར་རོ་ཞེས། །ལུང་བསྟན་རྦ་རླབས་འཁྲི་ཤིང་གཡོ་བའི་རྩེར། །བཀྲ་ཤིས་རི་མོ་གཡས་སུ་འཁྱིལ་བའི་དུང། །ཐོན་པའི་དགེ་མཚན་སྒྲ་ཡིས་ས་གསུམ་ཁྱབ། །སྒྲུབ་དང་སུན་འབྱིན་མི་བཟད་མཆུ་སྡེར་ཅན། །རྩོད་ངག་རྩལ་རྫོགས་གདོང་ལྔའི་དབང་པོ་ཁྱོད། །ལུང་རིགས་རལ་ཁུར་ཅུང་ཟད་གསིག་པས་ཀྱང། །རྒོལ་ངན་གླང་མོ་ལོག་ལྟའི་མངལ་ཁུར་ འཕེན ། །འཕགས་བོད་གཞུང་བརྒྱའི་ཆུ་གཏེར་ལས་ཐོན་ཞིང། །སྙན་བརྒྱུད་མན་ངག་རི་དྭགས་མཚན་མ་ཅན། །བློ་གསལ་བློ་ཡི་ཀུནྡ་རྒྱས་བྱེད་པའ། །གསར་བཤད་ཟླ་རིས་ཐུབ་བསྟན་མཁའ་ལ་མཛེས། །ཉུང་ངུའི་གཏམ་གྱི་སྦྱོར་བ་རེ་རེར་ཡང། །མདོ་དང་རྒྱུད་སྡེའི་དཀའ་གནད་མ་ལུས་པ། །གསལ་འཆར་རྩོམ་པའི་དྭངས་ཤེལ་འདི་མཐོང་
ཚེ། །གཞན་ཟེར་འགྲིག་འགྲིག་རྡོ་བའི་མེ་ལོང་བཞིན། །སྣང་ཞེན་དྲི་བྲལ་ཡེ་ཤེས་ཨ་དརྴ། །གང་འདུལ་མོས་པའི་ཚོན་བརྒྱར་འགྲོགས་པ་ལས། །ཞི་ཁྲོ་རབ་འབྱམས་རྟེན་དང་བརྟེན་པ་ཡི། །དཀྱིལ་འཁོར་འཁོར་ལོའི་རོལ་བ་ཅིར་ཡང་འཆར། །ལས་ཀྱི་རྒྱལ་མཆོག་སྒྱུ་འཕྲུལ་དྲ་བའི་གར། །འབུམ་དུ་བསྒྱུར་བས་འགྲོ་ཀུན་རྗེས་འཛིན་ཅིང། །བློ་མཆོག་གདུལ་བྱ་དབང་བཞིས་སྨིན་མཛད་ནས། །ཉམས་ཁྲིད་ཟབ་མོས་གྲོལ་བྱེད་ལམ་ལ་སྦྱོར། །ཁྱོད་གསུང་དྲི་མེད་ནོར་བུའི་ཅོད་པན་གྱིས། །ཟུར་ཕུད་མཛེས་བྱས་རྒྱལ་ཕྲན་བྱེ་བ་བརྒྱས། །རྒྱ་མཚོའི་གོས་ཅན་ཁྱོན་ཀུན་བཟུང་བ་ཡིས། །སྙན་བརྒྱུད་ཟབ་གསང་གནས་ལ་ཤིད་ཟན་བཏང་། །མདོར་ན་དགེ་ལྡན་བསྟན་པའི་གསེར་ལྡན་མ། །ཆེར་སྙིགས་དུས་ཀྱི་ཆུ་མཚོར་བྱིངས་པ་ན། །རུས་སྦལ་ཟོལ་གྱིས་འདེགས་པའི་ཐ་གུའི་ལྟོ། །སྙིང་སྟོབས་གཏེར་ཆེན་ཁྱོད་མཚུངས་གཞན་ཡོད་མིན། །དེ་ཕྱིར་ཁྱོད་ཀྱི་ཡོན་ཏན་ཆུ་གཏེར་ལས། །དང་སེམས་ཀུ་ཤའི་རྩེ་མོ་ལ་ཆགས་པའ། །བསྟོད་བསྔགས་མུ་ཏིག་ཟེགས་མ་འཐོར་བ་ཡི། །རྣམ་དཀར་ལྷན་སྐྱེས་བསིལ་བའི་རང་བཞིན་དེས། །དེང་ནས་བཟུང་སྟེ་སྐྱེ་ཞིང་སྐྱེ་བ་རུ། །མི་ཁོམ་བརྒྱད་ཀྱི་གདུང་བ་རབ་ཞི་ཞིང། །མཐོ་རིས་ཡོན་ཏན་བདུན་ལྡན་རྟེན་ཐོབ་ནས། །ཁྱོད་ཞབས་པདྨོ་འབྲལ་མེད་རྟེན་གྱུར་ཅིག །དེ་ཚེ་ཁྱོད་མཉེས་འབའ་ཞིག་སྒྲུབ་བྱེད་ཅིང། །གསུང་གི་བདུད་རྩི་ངོམས་མེད་བཏུང་བ་ཡིས། །བཤེས་ལ་མི་གུས་དལ་འབྱོར་ཆུད་གཟོན་སོགས། །ལོག་པའི་བློ་སྣ་མཐའ་དག་འགག་པར་ཤོག །
བཤེས་གཉེན་སངས་རྒྱས་དངོས་སུ་མཐོང་བ་སོགས། །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ཏེ། །སྨིན་བྱེད་གསང་ཆེན་ལམ་གྱི་སྒོར་ཞུགས་ནས། །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་བར་ཤོག །ཐ་མལ་སྐྱེ་ཤི་བར་དོའི་ལྕགས་ཀྱི་ཁམས། །སྐུ་གསུམ་གསེར་དུ་བསྒྱུར་བའི་ཐབས་མཁས་རྩ། །རིམ་གཉིས་ལམ་བཟང་སྐས་ཀྱི་གདང་བུ་ལ། །བརྟེན་ནས་ཟུང་འཇུག་རྒྱལ་བའི་སར་བགྲོད་ཤོག །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་བསྟོད་པའི་རབ་ཏུ་བྱེད་པ་ཉིན་བྱེད་སྣང་བ་ཞེས་བྱ་བ་འདི་ནི། མདོ་སྔགས་རིག་གནས་མཐའ་དག་ལ་རྣམ་དཔྱོད་ཀྱི་འཇུག་པ་པདྨའི་འདབ་མ་ལྟར་ཡངས་པའི་དགེ་བཤེས་བློ་བཟང་འཇིགས་མེད་ཀྱིས་བསྐུལ་བ་ལ་བརྟེན་ནས། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་བྲིས་པའོ།། ༈ འཇམ་དཔལ་དབྱངས་བསྟན་པདྨ་དཀར་པོའི་ཚལ། །བཞད་པའི་རྣམ་དཔྱོད་ཉིན་བྱེད་རྩེ་དགའ་ཡིས། །སྐལ་བཟང་རྐང་དྲུག་བྱེ་བའི་གཉེན་གྱུར་པ། །མི་བསྐྱོད་དགྱེས་བཞད་རྡོ་རྗེ་གཙུག་ན་རྒྱལ། །བསྐལ་པ་བརྒྱར་གོམས་ཐུགས་བསྐྱེད་གྲུབ་པའི་མཐུས། །འཕགས་བོད་མཁས་གྲུབ་སྐྱེ་ཕྲེང་རོལ་པའི་གར། །འབུམ་དུ་བསྒྱུར་བས་རྒྱལ་བསྟན་རིན་ཆེན་གདུང། །འདོད་དགུར་སྤེལ་བའི་རང་བཞིན་བརྗོད་ལས་འདས། །ཁྱད་པར་ཆེར་སྙིགས་གདུལ་དཀའི་འགྲོ་བ་རྣམས། །ཐབས་མཁས་ཐུགས་རྗེའི་སྤྱོད་པ་བརྒྱ་ཕྲག་གིས། །ཐར་པའི་ལམ་དུ་བཀྲི་བའི་མིག་གཅིག་པུ། །འཇིགས་མེད་དབང་པོའི་ཞབས་ལ་སྙིང་ནས་འདུད། །གང་ཐུགས་བདེན་གཉིས་ཟུང་འཇུག་ལྟེ་བ་རུ། །གསང་གསུམ་སྒྱུ་འཕྲུལ་རྩིབས་སྟོང་རྫོགས་པ་ཡི། །ངོ་མཚར་ཚུར་མཐོང་
བློ་ཡི་ཡུལ་མིན་ཀྱང། །ཆ་ཙམ་དྲན་པས་དད་པའི་སྤུ་ལོང་གཡོ། །མགོན་ཁྱོད་སྲིད་ཞིའི་ཡོན་ཏན་རིན་ཆེན་ཚོགས། །གང་ལས་འབྱུང་བའི་རྩ་བ་བཤེས་གཉེན་དུ། །གཟིགས་ནས་སྔོན་རབས་དམ་པའི་ལམ་བསྟེན་པས། །མཚུངས་མེད་དགེ་མཚན་སྐྱ་རེངས་དང་པོ་ཤར། །དེ་དག་ཐུགས་བཅུད་ཡན་ལག་བརྒྱད་ལྡན་ཆབ། །ལུང་རིགས་རླབས་ཀྱི་ཕྲེང་བས་མངོན་དགའ་ཞིང། །མན་ངག་མུ་ཏིག་ལྦུ་བའི་འཛུམ་དཀར་ཅན། །མཐའ་དག་ཁྱོད་ཐུགས་ཆུ་བོའི་གཏེར་དུ་འཁྱིལ། །དེ་ཕྱིར་མདོ་འདུལ་མ་མོ་རྡོ་རྗེ་ཐེག །སྒྲ་ཚད་བཟོ་གསོ་ཡན་ལག་ཀུན་དང་བཅས། །རིས་མེད་བསྟན་པ་རྒྱ་མཚོའི་མཐར་སོན་ནས། །ངེས་དོན་ཆོས་ཀྱི་རྒྱལ་ས་རང་གིར་མཛད། །གདུལ་བྱའི་མོས་པར་གཟིགས་པའི་ལེགས་བཤད་གཏམ། །ཐར་འདོད་སྙིང་གི་གདུང་སེལ་བདུད་རྩི་སྟེ། །རྒོལ་ངན་ལྟ་བའི་ཚང་ཚིང་མ་ལུས་པ། །སྲེག་བྱེད་བསྐལ་པའི་མེ་ཡང་གཞན་ཡོད་མིན། །རྩོམ་པའི་ཟླ་རིས་ཉམས་འགྱུར་འབུམ་རྫོགས་ཤིང། །ཟབ་རྒྱས་དོན་བཟང་རི་དྭགས་མཚན་མ་ཅན། །ཀུན་གྱིས་ཡིད་དང་འཚམ་པར་འཆར་བ་ཡི། །ངོ་མཚར་གྲགས་སྙན་སྲིད་པའི་ཁོངས་ལས་བརྒལ། །གཞན་ཕན་ཁོ་ནར་རྗེས་ཆགས་ཁྱོད་ཀྱི་ཐུགས། །ཀུན་སྦྱོར་བག་ཆགས་བཅས་པ་ལས་འདས་ཕྱིར། །བསྲུང་མེད་གསུམ་གྱི་རང་བཞིན་འདི་མཐོང་ཚེ། །བཙུན་པར་སྣང་བ་ཕལ་ཆེར་འཇའ་ཚོན་བཞིན། །ལྷ་མཐོང་ལུང་བསྟན་མནོས་པའི་སྒྲ་བོ་ཆེ། །མི་སྤྱོམ་ཐུབ་པའི་རང་ལུགས་ལ་གནས་ཀྱང། །དོན་གཉིས་དགའ་སྟོན་འདོད་དགུར་དཔྱིད་འཇོ་བའི། །
འབྲས་བུའི་མཚན་མ་འདི་ལས་ཅིས་མི་དཔོག །ཨེ་མ་གང་གི་མཛད་པའི་ཕྱོགས་རེར་ཡང་། །རྒྱལ་ཀུན་གསང་གསུམ་སྒེག་མོས་གར་བསྒྱུར་ན། །བློ་དམན་བྱིས་པའི་བློ་དང་འཚམ་པ་རུ། །བསྟོད་འདིས་བདག་ལ་ནོངས་པར་མི་འགྱུར་གྲང། །མདོར་ན་གཟིགས་པ་སྒྲིབ་མེད་མཁྱེན་པ་དང། །མཁའ་མཉམ་འགྲོ་ལ་རྗེས་ཆགས་བརྩེ་བ་ཆེ། །མི་མཐུན་ཚོགས་ལས་རྒྱལ་བའི་མཐུ་ནུས་གསུམ། །མཐར་ཕྱིན་ཁྱོད་ནི་སྐྱབས་ཀྱི་དམ་པ་ལགས། །རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས། །བརྩེ་བའི་འདབ་སྟོང་བཞད་པའི་པད་དཀར་འཆང། །བདུད་དཔུང་ཐལ་བར་བརླག་མཛད་རྡོ་རྗེ་ཅན། །དཀོན་མཆོག་འཇིགས་མེད་དབང་པོར་གསོལ་བ་འདེབས། །དོན་དམ་དཀོན་མཆོག་རང་བཞིན་རྫོགས་པའི་ཐུགས། །འཇིགས་མེད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་གསུང། །ས་འཛིན་དབང་པོ་ལྟ་བུར་བརྗིད་པའི་སྐུ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བླ་མེད་ཡེ་ཤེས་དཀྱིལ་འཁོར་རབ་རྒྱས་ཤིང། །བརྩོན་འགྲུས་ལྷོད་མེད་ཐུགས་བསྐྱེད་རི་མོ་ཅན། །གྲགས་པ་མི་མཉམ་བསིལ་ཟེར་སྤྲོ་བའི་ཟླ། །མི་བསྐྱོད་དགྱེས་བཞད་རྡོ་རྗེར་གསོལ་བ་འདེབས། །གང་གི་ཞབས་རྡུལ་ནོར་བུས་གཙུག་མཛེས་ཤིང་། །གཞུང་བརྒྱ་འབྱེད་པའི་བློ་གྲོས་ལུས་སྟོབས་རྒྱས། །ཚུལ་ཁྲིམས་ཆུ་གཏེར་ལ་གནས་གདེངས་ཅན་གཙོ། །དཀོན་མཆོག་བསྟན་པའི་སྒྲོན་མེར་གསོལ་བ་འདེབས། །དེང་ནས་བཟུང་སྟེ་ཚེ་རབས་ཕྲེང་བ་རུ། །བཤེས་གཉེན་དམ་པས་འབྲལ་མེད་རྗེས་བཟུང་སྟེ། །ཟབ་ཅིང་རྒྱ་ཆེ་གསུང་གི་ཨ་མྲྀ་ཏས། །ལས་
ཉོན་སྒྲིབ་པའི་དུག་དབལ་གཞོམ་པར་ཤོག །འཁོར་ལོ་བཞི་ལྡན་དལ་འབྱོར་ཤིང་རྟ་ཆེ། །ངེས་འབྱུང་བྱང་སེམས་ལྟ་དང་རིམ་གཉིས་སོགས། །ཡོན་ཏན་རིན་ཆེན་བྱེ་བས་ལེགས་གཏམས་ཏེ། །བྱང་ཆེན་ཐར་པའི་གྲོང་དུ་འཇུག་གྱུར་ཅིག །ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་༸རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞབས་ལ་བསྟོད་པ་རྣམ་ཐར་དང་འབྲེལ་བ་འདི་ནི་རྣམ་དཔྱོད་མཆོག་ཏུ་ཡངས་པ་དཀའ་བཅུ་དཀོན་མཆོག་བསམ་འགྲུབ་ཀྱིས་སྦྱོར་ཚུལ་འདི་ལྟ་བུ་ལ་ཞར་བྱུང་ངོས་ཀྱང་ཚང་བ་ཞིག་དགོས་ཚུལ་གྱི་བསྐུལ་མ་བྱུང་བར་བརྟེན་གང་གི་སློབ་མའི་ཐ་ཤལ་༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།