དབེན་གནས་ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག
དབེན་གནས་ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཡང་དག་སྒྲུབ་པའི་འཇུག་ངོགས་ཞེས་བྱ་བ་དང། དེའི་ཟུར་འདེབས། ཨ་རུ་ཧོར་ཆེན་དགོན་བཀྲ་ཤིས་བསམ་འགྲུབ་གླིང་གི་བཅའ་ཡིག་བཅས་བཞུགས་སོ།།
ན་མོ་གུ་རུ་མུ་ནཱིནྡྲཱ་ཡ། གང་ལ་བརྟེན་ན་སྲིད་དང་ཞི་བའི་འཇིགས་པ་ཀུན་འཕྲོག་ཅིང། །ཏིང་འཛིན་ཤེས་རབ་འབྲས་བཅས་ཡོན་ཏན་མ་ལུས་འབྱུང་བའི་གནས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པ་མཉམ་མེད་དགེ་སྦྱོང་ཆེ། །ཐུབ་པའི་དབང་པོའི་ཞབས་སེན་བདུད་རྩིའི་འོད་ཀྱིས་ཤིས་པས་སྐྱོངས། །ཟབ་རྒྱས་མདོ་དང་མངོན་པའི་བཀའ་བབས་མ་ཕམ་འཇམ་པའི་དབྱངས། །ཆོས་འདུལ་བསྟན་པའི་རིན་ཆེན་མཛོད་འཛིན་འཕགས་པའི་གནས་བརྟན་ཚོགས། །བཤད་སྒྲུབ་སྣང་བས་ས་གསུམ་ཁྱབ་མཛད་རྒྱན་དྲུག་མཆོག་གཉིས་སོགས། །འཕགས་ཡུལ་མཁས་དང་གྲུབ་པའི་ཚོགས་རྣམས་ཀུན་ལ་གུས་པས་འདུད། །ཚུལ་གཉིས་གདམས་པའི་མཛོད་འཛིན་ལྔ་བརྒྱའི་གཙུག་རྒྱན་ཕུལ་བྱུང་ཞབས། །སྟོན་པ་ཆེན་པོ་ཐུགས་སྲས་སྐུ་མཆེད་གསུམ་དང་གླང་ཤར་
སོགས། །ལྷ་ཆོས་བདུན་ལྡན་རྣམ་ཐར་ལ་གནས་བཀའ་གདམས་གོང་མ་སོགས། །གངས་ཅན་ལྗོངས་འདིར་སྔོན་བྱོན་སྐྱེས་མཆོག་དེ་ཀུན་དང་བས་མཆོད། །ཁྱད་པར་རྒྱལ་བསྟན་མིང་གི་ལྷག་མ་ཙམ་དུ་གྱུར་པ་ན། །སྙིང་སྟོབས་ཆེན་པོས་ཉི་ལྟར་གསལ་མཛད་རྒྱལ་བ་གཉིས་པའི་ཞབས། །སྲས་མཆོག་རྣམས་དང་དེ་ཡི་སྐུ་འཕྲེང་གདན་རབས་རིམ་བྱོན་སོགས། །གསེར་མདོག་ཅོད་པན་འཆང་བའི་བསྟན་འཛིན་མ་ལུས་ཕྱག་གི་ཡུལ། །འཇ༷མ་དབྱ༷ངས་དགྱེས་བཞ༷ད་བློ་བཟང་འོད་འབར་ཐུབ་བསྟན་ཡངས་པ༷འི་མཁར། །འཇི༷གས་མེ༷ད་སྤོབས་པའི་དབ༷ང་སྒྱུར་རྒྱལ་པོ༷་རྡོ༷་རྗེ༷་ཉི་མའི་འོད། །ང+ག་དབ+ང་བཤད་སྒྲུབ་བསྟན+་པ+་སྦྲང་རྩིའི+་རྒྱ+ལ་མཚ+ན་རྒྱས་བྱེད་པའ། །འདྲེན་པ་མཚུངས་མེད་རྣམས་ཀྱིས་ད་དུང་བྱང་ཆུབ་བར་དུ་སྐྱོངས། །རང་ལ་བརྩེ་བ་མི་དམན་ལེགས་ཉེས་བླང་
དོར་ཤེས་འདོད་ཅིང། །ཐོས་རྗེས་སྒྲུབ་ལ་གཞོལ་བའི་དལ་འབྱོར་དོན་ལྡན་བྱེད་པ་རྣམས། །སྔོན་རབས་དམ་པའི་གསུང་གི་རྗེས་སུ་ཟློས་པ་འདི་མཉན་ཏེ། །སྒོ་གསུམ་བག་ཡོད་ལ་གནས་ཐུབ་པའི་བརྟུལ་ཞུགས་འདི་ལོངས་ཤིག །ཡེ་ཤེས་སྤྱན་ལྡན་སྲུང་མའི་ཚོགས་རྣམས་དང། །ཁྱད་པར་མ་གཅིག་འདོད་ཁམས་དབང་ཕྱུག་མས། །ལྷག་བསམ་དག་པས་ཁྲིམས་སུ་བཅས་པ་ཀུན། །ཡིད་ལ་སྨོན་བཞིན་འགྲུབ་པའི་འཕྲིན་ལས་མཛོད། །དེའང་རྒྱལ་བའི་སྲས་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར། ལུས་ཅན་ཡོངས་ཀྱི་སྡུག་བསྔལ་མ་ལུས་པ་སེལ་བའི་སྨན་དང། བདེ་ལེགས་ཐམས་ཅད་འབྱུང་བའི་གནས་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཁོ་ན་ཡིན་ལ། བསྟན་པའི་ངོ་བོ་ནི་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། བརྗོད་བྱ་བསླབ་པ་གསུམ་དུ་ངེས་པས་རྗོད་བྱེད་སྡེ་སྣོད་གསུམ་དུ་ངེས་པ་དང། དེའི་རྒྱུ་མཚན་གྱིས་བསྟན་པ་འཛིན་ཚུལ་ཡང། སྡེ་སྣོད་གསུམ་གྱི་འཆད་ཉན་དང། བསླབ་པ་གསུམ་གྱི་ཉམས་ལེན་ལས་གཞན་མེད་དོ། །དེ་ལྟར་ན་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་
ནི་དེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་པའི་དགེ་འདུན་གྱི་སྡེ་ལ་རག་ལས་པའི་ཚུལ། མཁས་གྲུབ་སྨྲ་བའི་ཉི་མས། སྐྱེ་དགུ་རྣམས་ཀྱི་ཕན་བདེ་ན། །མ་ལུས་རྒྱལ་བའི་བསྟན་ལས་བྱུང། །བསྟན་པའི་ཆུ་བོ་འཕེལ་བའི་གཞ། །དགེ་འདུན་ཆུ་གཏེར་ཆེན་པོ་སྟེ། །ཞེས་གསུངས་པ་ལྟར་ཡིན། དགེ་འདུན་ཡང་གྲངས་ཀྱི་མང་ཉུང་དང། འབྱོར་པའི་ཆེ་ཆུང་ལ་མི་ལྟོས་ཀྱི། ཆོས་འདུལ་བ་དང་མཐུན་པའི་བཅའ་ཁྲིམས་རྣམ་པར་དག་པ་དང་ལྡན་པ་གལ་ཆེ་སྟེ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས། སྤྱིར་བསྟན་དང་འགྲོ་ལ་ཕན་པའི་ཐབས། །ཞིང་དག་པ་དགེ་འདུན་སྡེ་ལ་རག །དོན་དེ་ཕྱིར་དགེ་འདུན་སྤྱི་ཁྲིམས་ལ། །ཐབས་མཁས་པའི་སྒོ་ནས་ཕན་བཏགས་ན། །ཆོས་འདུལ་བའི་ཕྱག་སྲོལ་ཡུན་རིང་གནས། །ཞེས་གསུངས་སོ། །དེས་ན་བསྟན་པའི་གཞི་མ་ཆོས་འདུལ་བའི་ཀུན་སྤྱོད་གཞིར་བྱས་ཤིང། མདོར་བསྡུས་རུང་མཐུན་དུ་གྲགས་པའི་དོན་བཞིན་བླ་མ་གོང་མ་རྣམས་ཀྱིས་ཡུལ་དུས་དང་བསྟུན་པའི་དགག་སྒྲུབ་ཀྱི་བསླབ་བྱ་འགའ་ཞིག་དང་བཅས་དགེ་འདུན་གྱི་སྤྱི་ཁྲིམས་སུ་མཛད་པའི་དོན་བཞིན་བརྗོད་པ་ལ། ཐོག་མར་འཇུག་པ་པོ་རྟེན་གྱི་གང་ཟག །ཞུགས་ནས་བླང་དོར་ཇི་ལྟར་བྱེད་ཚུལ། དེའི་ཡན་ལག་བསྒྲིག་ལམ་ཐོར་བུའི་སྐོར་དང་གསུམ། དང་པོ་ནི། མཁན་སློབ་ཚད་ལྡན་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས་ཤིང། གཞན་ནས་གནས་དབྱུང་བྱས་པ་
སོགས་ཁ་སྨྲས་ངན་པས་ཕོག་པ་མ་ཡིན་པ། རྩ་བཞི་ཆང་སོགས་ཀྱི་མཐོང་ཐོས་དོགས་གསུམ་མེད་པས་ཚུལ་ཁྲིམས་རྣམ་པར་དག་པ་གཙོ་བོ་ཡིན་ཏེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པ་ལྟར་ཚུལ་ཁྲིམས་ནི་བདེ་ལེགས་ཐམས་ཅད་ཀྱི་གཞི་རྩ་ཡིན་ཞིང། ཚུལ་ཁྲིམས་འཆལ་བས་དགེ་འདུན་གྱི་རྫས་ཏིལ་འབྲུ་ཙམ་ཡང་ལོངས་སྤྱོད་མི་རུང་བའི་ཚུལ། མདོ་ལས། ལྕགས་གོང་མེ་ལྕེ་འབར་འདྲ་བ། །ཟོས་པར་གྱུར་པ་ཆེས་སླ་ཡི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་དང། བུ་སྟོན་ཐམས་ཅད་མཁྱེན་པས། །ཚུལ་འཆལ་ཡུལ་འཁོར་བསོད་སྙོམས་སྤྱོད་པ་ན། །ལྕགས་གོང་མེ་ལྕེ་འབར་བ་ཟ་བར་སྐྱེ། །ཚུལ་འཆལ་དགེ་འདུན་བཏུང་བ་འཐུང་བ་ན། །ཟངས་ཞུན་འབར་བ་འཐུང་བར་སྐྱེ་བར་འགྱུར། །ཤེས་ལྡན་ཁྱེད་ལ་མང་དུ་སྨོས་ཅི་དགོས། །ཚུལ་ཁྲིམས་འཆལ་བས་ས་ནི་གོམ་གང་དང། །ཟས་ནི་ཁམ་གཅིག་བཏུང་བ་ཆུ་ཕོར་གང། །ཙམ་ཞིག་དགེ་འདུན་རྫས་ལ་ལོངས་སྤྱད་ན། །ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་གསུངས། །ཞེས་སོགས་ལྟར་ཉེས་དམིགས་ཤིན་ཏུ་ཆེ་བས། ཚུལ་འཆལ་གྱི་དོགས་གནས་ཙམ་ཡོད་ནའང་སྡེ་འདིར་ཞུགས་མི་ཆོག །ལོའང་བསྒྲིག་ལམ་འཁུར་མི་ནུས་པའི་ཧ་ཅང་རྒས་ཆེས་པ་དང་གཞོན་ཆེས་པ་མ་ཡིན་པ། ཞར་འཐེང་སྒུར་པོ་སོགས་མཛེས་པའི་བར་ཆད་དང་བྲལ་ཞིང། གཏད་པ་གསུམ་མམ་བཞིའི་སྒོ་ནས་སྡེ་འདིར་ཚེ་དང་སྒྲུབ་པ་མཉམ་སྟེ་སྡོད་པའི་འདུན་པ་ཅན་ཚོགས་འདོན་གྱི་སྐོར་ཕལ་ཆེར་ཚགས་སུ་ཚུད་པ་དགོས། དགེ་
སློང་ཡིན་ན་ཆོས་གོས་རྣམ་གསུམ་དང། དགེ་ཚུལའང་བླ་གོས་མཐང་གོས་གདིང་བ་ལྷུང་བཟེད་སོགས་ཚད་དང་ལྡན་པ། ལིའམ་ཟངས་སེར་སོགས་ཀྱི་མཎྜལ། སྒོམ་ཞྭ། ཟླ་གམ། གཟན་སོགས་ཀྱི་མཐའ་གཉིས་སུ་མ་ལྷུང་བ། ཕྲེང་སེར་རམ་བོ་ཏི་ཙེ། ཆབ་རིལ་གཡོགས་མ་ཆབ་ཐུར་ཅན་སོགས་མདོར་ན་འཇུག་པའི་རྟེན་དང་ཡོ་བྱད་ཚུལ་དང་མཐུན་པ་དགོས། དགེ་འདུན་གྱི་ཞལ་གྲངས་ཧ་ཅང་མང་ན་འུར་དང་གཡེང་བ་ཆེ་བས་དབེན་པ་ཚད་ལྡན་ཞིག་མི་ཡོང་ཞིང་། ཧ་ཅང་ཉུང་ན་ཚོགས་འདོན་སོགས་མི་འཆུན་པས་གྲངས་སོ་གཉིས་ཀྱི་བཅད་པ་བྱས་ཡོད་སྟབས་སྔར་ནས་སྙན་གསན་ཕུལ་ཏེ་ཞལ་གྲངས་དང་བསྟུན་ནས་འཇུག་མཚམས་དོད་པ་ན་བླ་མ་དང་གནས་བརྟན་ལ་མཇལ་ཏེ་ཚོགས་སུ་འཇུག་ཅིང་བགྲེས་པ་ཚད་ལྡན་རེ་བརྟེན་ནས་བསྒྲིག་ལམ་ཕྲ་ཞིབ་ངེས་པ་བྱེད་དགོས།གཉིས་པ་ཞུགས་ནས་བླང་དོར་བྱེད་ཚུལ་ལ། རྒྱུན་གྱི་སྤང་བླང་དང་དགེ་སྦྱོར་བྱ་ཚུལ་སྤྱིར་བསྟན་པ་དང། ཚོགས་ཀྱི་བསྒྲིག་ལམ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། བླང་དོར་ཚུལ་བཞིན་བྱེད་པ་ལ་ཐོག་མར་ཐོས་པའི་སྒོ་ནས་མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཁེགས་པ་ཞིག་གལ་ཆེ་བས། སྤྱིར་ཐོས་པ་གང་བྱས་ཁ་ཕྱིར་བལྟས་སུ་མ་སོང་བར་ཆོས་ཀྱི་མདེའུ་སྣེ་ནང་དུ་བསྐོར་ཏེ་ཉམས་སུ་ལེན་ཤེས་པ་དང། ཁྱད་པར་དུ་སྡོམ་གསུམ་སོ་སོའི་བསླབ་བྱ། ལམ་རིམ་རྒྱས་བསྡུས་ཅི་རིགས་སོགས་མཉན་ཏེ་གཅིག་ཤེས་གཉིས་ཤེས་ལག་ལེན་དུ་ཐེབས་པ་དགོས། མཉན་པའི་ཡུལ་ཡང་རང་གི་ཉེ་
ཕྱོགས་ཙམ་ལ་མ་ཡིན་པར་བླ་མ་མཚན་ཉིད་དང་ལྡན་ངེས་ཤིག་ལེགས་པར་བརྟག་ནས་བཙལ་དགོས་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པས། ཉིན་ཞག་གཅིག་གི་ལམ་གྱི་སྐྱེལ་མ་ལའང། བློ་གཏད་ཐུབ་མི་ཐུབ་སྣ་ཚོགས་པ་ཡོད་ན། སྐྱེ་བ་གཏན་གྱི་འདུན་མ་རྩ་བའི་བླ་མ་འཚོལ་བའི་ཚེ་མཚན་ཉིད་ཚང་མ་ཚང་ཐེ་ཚོམ་མི་སྐྱེ་ཞིང། རང་བཟའ་བཏུང་དང་གཅམ་བུའི་ངག་གིས་བཀྲིས་པ་ཙམ་རྒྱུ་མཚན་དུ་བྱས་ནས། ཁྱི་དང་གློ་བ་ཕྲད་པ་ལྟར་འཇུག་ག་ལ་རིགས། ཞེས་གསུངས་པ་ལྟར་རོ། །དུས་དབང་གིས་བླ་མ་མཚན་ཉིད་ཐམས་ཅད་དང་ལྡན་པ་ཞིག་མ་རྙེད་ནའང། དོན་དམ་སྙེ་མ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་འགྱུར་བ་འོ། །ཞེས་གསུངས་པ་ལྟར། སྐྱོན་ཡོན་གཉིས་ལས་ཡོན་ཏན་ལྷག་པ་དང། དེའི་ནང་ནས་ཀྱང་སྙིང་པོར་གྱུར་པ་ཡུན་དུ་འགྲོགས་པ་ན་ཚེ་འདི་ཕྱི་གཉིས་ལས་ཕྱི་མའི་དོན་དང། ཆོས་འཇིག་རྟེན་གཉིས་ལས་ཆོས་ཀྱི་ཕྱོགས་སུ་བློ་སྣ་འཁྲིད་ཅིང་ཚུལ་ཁྲིམས་གཙང་མ་ལ་སྦྱོར་བ་ཞིག་མེད་མི་རུང་དུ་བསྟེན་དགོས། བླ་མར་མ་བསྟེན་པའི་གོང་དུ་མཚན་ཉིད་དང་ལྡན་མི་ལྡན་ལྟ་བ་མ་གཏོགས། ཆོས་འབྲེལ་བཞག་ཟིན་ནས་མཛད་པ་ཅི་སྣང་ཡང་རང་སྣང་བ་མ་དག་པ་ཡིན་སྙམ་ནས་སྐྱོན་རྟོག་འགོག་དགོས་ཏེ། རང་ངོས་ནས་དད་པ་སྦྱོང་ནུས་ན་བླ་མའི་ངོས་ནས་ཇི་ལྟར་ཡིན་ཀྱང་སངས་རྒྱས་ཐམས་ཅད་དེར་འདུས་ཏེ་བྱིན་གྱིས་རློབས་པའི་ཚུལ། པོ་ཏོ་བས། བླ་མ་ཡོན་
ཏན་ཆེ་དང་ཆུང་མིན། །གང་ལ་དད་པ་དེ་ཡིས་དེ་འདུལ། །ཞེས་གསུངས་པ་ལྟར་ཡིན། དེང་སང་ཆོས་ཤེས་པར་རློམ་པ་མང་པོ་ཞིག་རང་གི་བླ་མ་ལ་སྨད་ར་རེ་བཏང་ནས་ང་ལ་ཆོས་འབྲེལ་ཞིག་ཀྱང་ཡོད། དེ་ཡིན་ནའང་ངས་དྲང་པོ་བཤད་པ་ཡིན་ཟེར་བ་ནི་རང་གི་དོན་སྙིང་རུལ་བ་ཕྱིར་ངོམ་པ་ཡིན་པས་བདུད་ཀྱི་ཚིག་ཏུ་ཤེས་པར་བྱོས་ལ་དུག་བཞིན་སྤོངས། རང་གིས་དེ་འདྲ་མི་གླེང་བར་མ་ཟད་དྲུང་དུ་བླ་མའི་སྐྱོན་བརྗོད་མཁན་བྱུང་ན་རང་གི་ཚིག་འགྲོ་ཚེ་ངའི་བླ་མ་ཡིན་པས་དེ་འདྲ་མ་ཟེར་ཞེས་འགོག་དགོས་ལ། དེ་མི་ནུས་ན་ཐབས་ཀྱིས་གཞན་དུ་བཤོལ་ནས་འགྲོ་ཞིང་ཕྱིས་དེ་འདྲ་ལ་འདྲིས་འགྲོགས་མི་བྱེད། དེས་མཚོན་ཏེ་དམ་ཚིག་ཉམས་པའི་མི་དང་འགྲོགས་ཤིང་དེའི་རྫས་ལ་སྤྱད་ན་དངོས་གྲུབ་ཀྱི་སྒོ་འགག་པར་འགྱུར་བས་འགོ་བའི་ནད་བཞིན་ཤིན་ཏུ་འཛེམ་དགོས། ཉམས་ལེན་བྱེད་པ་ལ་ཉམས་སུ་ལེན་རྒྱུ་དང་འདོར་རྒྱུའི་བྱེ་བྲག །དེའི་ཕན་ཡོན་དང་ཉེས་དམིགས་ཀྱི་ཁྱད་པར་ཕྱོགས་ཙམ་ཞིག་མ་གོ་བར་སྔགས་ཀྱི་གྲངས་བསགས་པ་ཙམ་གྱིས་བོགས་མི་ཐོན་པ་ནི། མི་ལ་བཞད་པའི་རྡོ་རྗེས། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཇུས་པ་འདྲ། །ཞེས་དང། རྗེ་བླ་མས། བླང་དོར་གནས་ལ་ཀུན་ནས་འཐོམ་པའི་མུན། །ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །ཞེས་གསུངས་པ་ལྟར་ཡིན་པས་ཐོས་པ་གལ་ཆེ་ལ། ཐོས་པ་དེའང་ཐོས་ལོ་ཙམ་གྱི་གྲངས་གསོག་པ་དང། ཚེ་འདིའི་རྙེད་འཚོལ་སོགས་
ཀྱི་ལག་ཆར་མ་སོང་བར་སྒོམ་སྒྲུབ་ཀྱི་ཡན་ལག་ཏུ་འགྱུར་ངེས་པའི་ཐོས་པ་བྱེད་ཚུལ་དང་ཉན་པའི་ཡུལ་སོགས་ཚུལ་དང་མཐུན་པ་དགོས། བསླབ་བྱ་སོགས་ཉན་ཡང་དེ་འཕྲལ་ནས་ལག་ལེན་དུ་མ་བཏབ་ན་རྒྱུད་དྲེད་ནས་སླར་ཅི་བྱས་ཀྱང་མི་ཕན་པ་ཞིག་འབྱུང་བས་བསླབ་བྱ་རྒྱས་བསྡུས་གང་འཚམ་རེ་བྱང་བར་བཟུང་ནས་བླ་མའི་གསུང་དང་གཉིས་ཀ་སྦྱར་ཏེ་ལག་ཏུ་ལོན་ངེས་ཀྱིས་ཉན་པའི་དགོས་དོན་མ་འཆུག་པ་བྱ། དེའང་ཐུན་དྲུག་གི་རྣལ་འབྱོར་མ་ཆག་པར་བྱ་བའི་ཞར་ལ་ལྟུང་བ་བསྔོ་བགྲང་བྱས་ཏེ་སྔགས་བྱང་སེམས་ཀྱི་བཅས་འགལ་རྣམས་ཉིན་ཞག་གི་དྲུག་ཆའི་ནང་དུ་བཤགས་པ་དང། སོ་ཐར་གྱི་ཉེས་པ་རྣམས་ཀྱང་ཉལ་ཁ་ཚུན་ལ་བཤགས་ཏེ་ལྟུང་བ་དང་ཞག་ཏུ་མི་འགྲོགས་པ་བྱེད། འགྲོ་འདུག་སྤྱོད་ལམ་གང་གི་སྐབས་སུའང་ཤེས་པ་རྒྱ་ཡན་ལ་མ་བཏང་བ་དབང་པོའི་སྒོ་བསྡམས་ཏེ་དྲན་ཤེས་རྒྱུན་ཆགས་སུ་བསྟེན་ནས་ལྟུང་བས་མ་གོས་པ་ལ་འབད། ཁྱད་པར་བྱང་སེམས་ལ་དམིགས་པའི་ཁོང་ཁྲོ་སྐད་ཅིག་མ་གཅིག་སྐྱེས་ནའང་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པར་སྤྱོད་འཇུག་ལས་གསུངས་ཤིང། བྱང་སེམས་གར་ཡོད་མི་ཤེས་པ་དང། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ལ་ཁྲོས་ན་འཁོར་སྒྱུར་གྱི་སྐྱེ་བ་གྲངས་མེད་པ་འགྲུབ་པའི་རྒྱུའི་བསོད་ནམས་ཉམས་པར་མདོ་ལས་གསུངས་ལ། བླ་མ་གཅིག་གི་དྲུང་ནས་དབང་ཉན་པའི་གྲོགས་རྡོ་རྗེ་སྤུན་ལ་ཁྲོས་ན་རྩ་ལྟུང་དུ་འགྱུར་བས་རྡོ་རྗེ་དམྱལ་བར་སྐྱེ་བ་སོགས་ཉེས་དམིགས་བསམ་གྱིས་མི་ཁྱབ་ཅིང། དུས་དབང་གིས་འབྱུང་ཉེ་བས་ཤིན་ཏུ་བསྒྲིམས་ཏེ་འགོག་དགོས། མཚང་ནས་རྒོལ་བའི་ཁ་འཛིང་བྱས་ན་བརྒྱ་ཕྱག་
མཆོད་མེ་སྙན་དར་བཅས་དང། ལག་འདྲེས་པ་བྱུང་ན་གནས་ནས་དབྱུང། མ་བྱིན་ལེན་དུ་འགྲོ་བ་ལ་མཐའ་གཅིག་ཏུ་གཞན་གྱི་རྫས་རྐུ་མི་དགོས་པར། ཕ་རོལ་ལ་སྟེར་དགོས་པའི་གླ་རྔན་རིན་ཐང་ཚང་བ་ལྟ་བུ་ཐབས་ཅི་རིགས་ཀྱིས་མ་བྱིན་ནའང་ཕམ་པར་འགྲོ་བས། བློ་རྒོད་མདོག་ཁ་པོའི་རིགས་ལ་འདི་འདྲ་འབྱུང་ཉེ་ཞིང། དེ་བྱུང་ན་རྒྱལ་ཁ་ལོན་པ་མ་ཡིན་གྱི། རང་གི་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་ཆད་པའི་ཕམ་ཚབས་དེ་ལས་ཆེ་བ་མེད། དེར་མ་ཟད་རྫས་ཕྲན་ཚེགས་ཙམ་བརྐུས་ནའང་བློ་ལང་ལ་ཤོར་ཏེ་རྫས་ཆེན་པོ་རྐུ་བ་ལའང་ཅི་མི་སྙམ་པ་འབྱུང་བས། རྐུས་ཀྱི་རིགས་ཆེ་ཆུང་གང་བྱས་ཀྱང་གནས་ནས་དབྱུང། བྲེ་ལོག་སྲང་ལོག་བུན་སྐྱེད་བྱས་པ་སོགས་ཀྱང་རྐུས་དང་ཁྱད་པར་མེད། དེ་བཞིན་དུ་མྱོས་འགྱུར་གྱི་རིགས་འཐུང་བ་དང། ཁྲིམས་གྲོགས་མེད་པར་ཉེ་དུ་མ་ཡིན་པའི་བུད་མེད་དང་གནས་གཅིག་ཏུ་ཉལ་བ་ལ་ཕམ་པ་དང་པོར་མི་འགྲོ་བའི་རྒྱུ་མཚན་ཡང་དག་མི་འདུག་པ་དང། ལག་བསྟར་ཏེ་སོ་ནམ་བྱས་པ་དང་མཚོན་ཆ་ཐོགས་པ་དང། གྲོང་གི་ཁ་མཆུ་སོགས་ཀྱི་གསེབ་ཏུ་ཐེ་གཏོགས་བྱས་པ་དང། བསྒྲིག་འགལ་གྱི་ཆད་ལས་བཞག་པ་ངོས་མི་ལེན་ཞིང་ལན་སློག་པ་སོགས་ཀྱང་གནས་ནས་ཕྱུང་སྟེ་སླར་མི་བསྙེན། ཐ་མ་ཁ་འཐེན་པ། ཁྱིམ་པ་ཕོ་མོའི་གོས་དང་མཚོན་ཆ་སོགས་ནང་དུ་བཞག་པ། ཁྱིམ་པ་སུན་འབྱིན་དུ་འགྲོ་བའི་གཏམ་འཛེམ་མེད་དུ་སྨྲ་བ། གོང་དུ་བཀག་པའི་གོས་ཀྱི་རིགས་གྱོན་པ། གཟན་ཤམ་མེད་པར་སྲང་དུ་འགྲོ་བ། རླུང་ནད་ཅན་ལྟ་བུ་མ་ཡིན་པར་ཕྱི་དྲོའི་ཁ་ཟས་དང་སྒོག་བཙོང་འཛེམ་མེད་དུ་ཟ་བ། མིང་
ངན་འདོགས་པ། གཞན་ལ་ཉེས་མེད་ཀྱི་སྐུར་བ་འདེབས་པ་སོགས་བྱས་ནའང་ལྟུང་བཤགས་དང་ཕྱག་སྦྲགས་ནས་བཤགས་པ་བྱེད་དུ་འཇུག །ལོང་གཏམ་མང་ན་ཆགས་སྡང་སྣ་ཚོགས་དྲངས་ཏེ་དོན་མེད་དུ་ཉེས་པ་ཆེན་པོ་གསོག་པས་སྨྲ་བ་ཉུང་བར་བྱ། གཞན་གྱིས་ངན་སྨྲས་བྱས་པ་སོགས་ཕ་རོལ་པོ་ལ་བཤད་དེསེམས་མི་མཐུན་པར་སོང་ན་བདེན་རྫུན་ལ་མ་ལྟོས་པར་དབྱེན་གྱི་ཉེས་པ་འབྱུང་ཞིང་དགེ་འདུན་ཐུགས་མི་མཐུན་པ་སོགས་ཀྱི་དགག་བྱ་ཆེ་བས་དེ་འདྲའི་རིགས་མི་གླེང། ལྷག་པར་ངག་འཆལ་སྣ་ཚོགས་སྨྲས་ཏེ་གཞན་གྱི་དགེ་སྦྱོར་ལ་བར་ཆད་བྱས་ན་ཉེས་པ་ལྕི་བའི་ཚུལ། དེ་བཞིན་གཤེགས་པའི་ཡེ་ཤེས་མཛོད་ཀྱི་མདོ་ཀླུ་སྒྲུབ་ཀྱི་མདོ་ཀུན་བཏུས་སུ་དྲངས་པ་ལས། ཆོས་འདོད་པ་རྣམས་ལ་རྣམ་པར་གཡེང་བར་བྱེད་པ་ནི་ཚིག་ཀྱལ་པ་རྣམས་ཀྱི་ནང་ན་ཆེན་པོ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་པས། ཕན་ཚུན་གྱི་ཤག་དང་སྐོར་ལམ་སོགས་སུ་འཚོགས་ནས་ལོང་གཏམ་མི་བྱ་ཞིང། ལྷག་པར་མཚམས་དང་སྔ་དགུང་གི་ཐུན་གྱི་སྐབས་ཕན་ཚུན་གྱི་ནང་དུ་མི་འགྲོ། ཞོགས་ཀ་བརྡ་གཏོང་བའི་བར་ཐུན་གཉིས་དང། དགུང་མོ་ཐུན་བརྡ་བཏང་ནས་ཐུན་གཉིས་ཏེ་ཐུན་བཞི་མ་ཆག་པར་བྱེད་པ་འདི་རྒྱུན་གྱི་དགེ་སྦྱོར་གྱི་གཞུང་ལྟ་བུ་ཡིན་པས། ཞོགས་ཀ་ནམ་གྱི་སུམ་ཆ་ལུས་པ་ཙམ་ན་བཞེངས་པའི་རྣལ་འབྱོར་ཞུ་བ་གླུས་བསྐུལ་ལྟ་བུའི་དམིགས་པ་དང། མ་མཐའ་འང་ཉིན་དེར་དགེ་སྦྱོར་ལ་འབད་ནས་ཆུད་ཟོས་སུ་མི་གཏོང་སྙམ་པའི་འདུན་པ་ཤུགས་དྲག་བཏང་ལ། ངག་བྱིན་རླབས་འགྱུར་སྔགས་ཕྲེང་སྔགས་སོགས་དང། དུས་དྲན་བསྟེན་པ། བླ་མའི་རྣལ་འབྱོར། རྡོར་སེམས་བསྒོམ་བཟླས་རྣམས་སྔོན་དུ་
བཏང་ནས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་ཆ་ཚང་བའི་ཐུན་གཉིས། དགུང་མོའང་བློ་ནུས་དང་བསྟུན་པའི་མདོ་སྔགས་ཀྱི་ཉམས་ལེན་སྔར་བཞིན་ལ། ཁྱད་པར་ལྟུང་བའི་བསྔོ་བགྲང་གཙོ་བོར་བྱས་ལ་ཉིན་དེར་ལྟུང་བ་བྱུང་མ་བྱུང་བརྟགས་ནས་གཤགས་བསྡམས་དང། ཆོས་སྐྱོང་ལ་གཏོར་མ་ཕུལ་ཏེ་དགེ་སྦྱོར་མཐར་ཕྱིན་པའི་འཕྲིན་ལས་བཅོལ་བ་བཅས་ཐུན་གཉིས་བྱས་ལ་སང་སྔ་བར་བཞེངས་རྒྱུའི་འཕེན་པ་བཏང་སྟེ་ཉལ་བའི་རྣལ་འབྱོར་གྱི་སྒོ་ནས་སེང་གེའི་ཉལ་སྟབས་སུ་གཟིམ། དེ་སྐད་དུ་བཤེས་སྤྲིང་ལས། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང། །མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ན། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །ཞེས་གསུངས་པ་བཞིན་ནོ། །ལྷག་པར་དགུང་རེ་བཞིན་ཉིན་མོ་དེ་ལ་དགེ་སྦྱོར་ཚད་ལྡན་བྱུང་འདུག་གམ་མི་འདུག་བརྟགས་ཏེ་བྱུང་འདུག་ན་དགའ་བ་སྐྱེད། སྡིག་ལྟུང་དུ་མས་གོས་པའམ་ལེ་ལོ་དང་སྙོམ་ལས་སོགས་ཀྱིས་དོན་མེད་དུ་འདས་འདུག་ན། ཀྱེ་མ་བདག་ཕ་ཡུལ་གཉེན་བཤེས་ཐམས་ཅད་བསྐྱུར་ནས་དབེན་གནས་འདིར་འོངས་པ་ཡིན་ཀྱང། དགེ་སྦྱོར་ལ་མི་འབད་པར་ཚེ་སྟོང་ཟད་དུ་བཏང་ན་དབེན་པར་སྡོད་པའི་གཅན་གཟན་རི་དྭགས་སོགས་དང་ཁྱད་ཅི་ཡོད། རང་གིས་རང་བསླུས་པར་འདུག་སྙམ་དུ་བསམ་དགོས་ཏེ། མཁས་གྲུབ་ཐམས་ཅད་མཁྱེན་པས། ཕ་ཡུལ་ཉེ་དུ་ལོངས་སྤྱོད་ཀུན་བོར་ནས། །རྩེ་གཅིག་དམ་ཆོས་སྒྲུབ་པར་དམ་བཅས་ཏེ། །གཞན་གྱི་ཡུལ་དུ་རྣམ་གཡེང་འདུ་འཛི་ཡིས། །དལ་འབྱོར་དོན་མེད་
བྱེད་པ་སྨྱོན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དེས་མཚོན་ཏེ་སྡོད་ས་རི་ཁྲོད་དུ་བསྡད་ཀྱང་བསམ་རྒྱུ་རྙེད་བཀུར་སྙན་གྲགས་ཁོ་ན་བསམ་པ་དང་སྒོམ་ལྟར་སྣང་ལ་མགོ་འཁོར་བ་ནི་དོན་མེད་ཁོ་ན་ཡིན་པས། འཇམ་མགོན་ས་པཎ་གྱིས། དམ་པའི་གདམས་པས་སྤྲོས་པ་མ་ཆོད་པར། །ཞི་གནས་བྱིང་པོ་ཞིག་ལ་སེམས་བཟུང་ནས། །གཏི་མུག་མུན་པ་ཡང་ཡང་སྤེལ་བྱེད་པ།། ཕྱི་བ་ཚང་དུ་ཉལ་བའི་སྒོམ་ཆེན་ཡིན། །དད་དང་འདུན་པས་སེམས་རྒྱུད་མ་ཐུལ་བར། །འགྲན་འདོད་དབེན་པའི་རི་ལ་གནས་བཅས་ཏེ། །འདོད་ཡོན་དགོས་དགུ་རྟག་ཏུ་ཡིད་བྱེད་པ། །གཅན་གཟན་རི་ལ་ཉལ་བའི་སྒོམ་ཆེན་ཡིན། །ཐར་པའི་ལམ་སྟོར་ཉེས་པ་ཀུན་སྤེལ་ནས། །བཟང་འདོད་རི་བྲག་གནས་པས་དུས་འདས་ཏེ། །དེ་རྗེས་ཡོན་བདག་ཕོ་མོའི་གྲོང་ཆོག་མཁན། །ཝ་འདྲ་ལུང་སྟོང་འགྲིམ་པའི་སྒོམ་ཆེན་ཡིན། །ཆོས་བརྒྱད་འདོད་པ་རྩྭ་ཡི་མེ་བཞིན་འབར། །ཁ་ཕྱིར་ཀུན་ཏུ་རྒྱུ་བའི་བརྩོན་འགྲུས་ཅན། །ལོག་པའི་འཚོ་བས་རྟག་ཏུ་འཚོ་བྱེད་པ། །ཁྱི་རྐུན་གྲོང་མཐའ་ཉུལ་བའི་སྒོམ་ཆེན་ཡིན། །རྒྱལ་པོ་ངན་པའི་ཚུལ་འཛིན་ངུར་སྨྲིག་ཅན། །ཆགས་སྡང་མཚོན་སྦྱོར་དུ་མའི་འཁོར་གྱིས་བསྐོར། །མི་དགེའི་ཕྲིན་ལས་ཕྱོགས་བཅུར་རྒྱས་བྱེད་པ། །ངན་སོང་གནས་གསུམ་སྤེལ་བའི་སྒོམ་ཆེན་ཡིན། །ཞེས་གསུངས་པ་རྣམས་ཀྱི་དོན་ལ་བསམས་ཏེ་རང་སེམས་ལ་ཞུ་དག་བཏང་ནས། སྒོམ་ཆེན་ཐ་མའི་མཚན་ཉིད་དེ་ལྟ་བུར་མ་སོང་བར། རབ་བྱུང་ན། ལྟ་བ་སྤྲོས་བྲལ་རྣམ་དག་ཤུགས་འཆང་ཞིང། །གཡེང་མེད་སྒོམ་པ་རྣམ་དག་ཡན་ལག་ལྡན། །སྤྱོད་པ་རྣམ་དག་གཡུ་ཡི་རལ་
པ་ཅན། །སེང་གེ་གངས་ལ་གནས་པའི་སྒོམ་ཆེན་ཡིན། །ཞེས་པ་ལྟ་བུ་ལྟ་སྒོམ་སྤྱོད་གསུམ་གྱི་ཡང་རྩེར་སོན་ཞིང་དོན་གཉིས་ཕུན་སུམ་ཚོགས་པ་སྒྲུབ་ནུས་པ་ཞིག་བྱུང་ན་ལེགས་ལ། མ་མཐའ་འང་། ཐེག་མཆོག་སྒྲུབ་པ་ཚུལ་བཞིན་མ་ནུས་ཀྱང། །དབང་བཞིའི་དམ་ཚིག་མེ་ཏོག་ཆུན་པོ་ན། །མགོ་ཡི་ཐོད་བཞིན་རབ་ཏུ་སྲུང་བྱེད་ན། །སྲིད་པ་མྱུར་དུ་སྒྲོལ་བའི་སྒོམ་ཆེན་ཡིན། །ཞེས་པ་ལྟ་བུ་ས་ལམ་གྱི་ཉམས་ལེན་རྒྱ་ཆེན་པོ་མ་ལྕོགས་ཀྱང་ཁས་བླངས་པའི་དམ་སྡོམ་ཚུལ་བཞིན་དུ་བསྲུང། ཕྱི་མ་ཕན་ཆད་ཀྱི་བསམ་བློ་རྒྱུན་དུ་བཏང་སྟེ་འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གི་སྒོ་ཁེགས་པ་ཞིག་ཅི་ནས་ཀྱང་བྱ་དགོས། དེ་ལྟར་ཉིན་མཚན་དུས་ཀུན་དོན་མེད་དུ་མ་སོང་བ་དང། དགུང་ཞོགས་ཀྱི་ཐུན་རྣམས་གཟུགས་བརྙན་དུ་མ་སོང་བར་ཚུལ་དང་མཐུན་པ་སེམས་ལ་འཛིན་རྒྱུ་ཡོད་པ་བྱ། དགེ་སྦྱོར་གནད་དུ་འགྲོ་བ་ཨུ་ཚུགས་ཁོ་ནའི་ཁ་ན་མེད་པར་བྱེད་ཚུལ་མཁས་དགོས་པས། ཐུན་གྱི་བར་མཚམས་སུ་ལམ་རིམ་བློ་སྦྱོང་། དམ་པ་གོང་མའི་རྣམ་ཐར། ལས་འབྲས་ཀྱི་རྣམ་གཞག་གཙོ་བོར་སྟོན་པ་མཛངས་བླུན་དང་ལས་བརྒྱ་པ་འདུལ་བ་ལུང་ལྟ་བུ། རིམ་གཉིས་ཀྱི་ཁྲིད་ཡིག་སོགས་མདོ་སྔགས་ཀྱི་གཞུང་ཆེ་བ་རྣམས་ལ་དཔེ་ཀློག་རྒྱུད་དང་འདྲེས་ངེས་པ། སྦྱོར་བའི་ཆོས་དྲུག་ལྟར་གནས་ཁང་གི་ཕྱི་ནང་དུ་གད་དར་གཙང་སང་ངེ་བ་དང། མཆོད་པ་གཙང་མ་གང་འབྱོར་ཆག་མེད་དུ་འབུལ་བ། ཕྱག་དང་སྐོར་བ་བྱེད་པ། སཱཙྪ་འདེབས་པ་སོགས་སྒོ་མཐའ་དག་ནས་ཚོགས་གསོག་སྒྲིབ་སྦྱོང་གི་ཐབས་ལ་འབད། ཆོས་
མཐུན་གྱི་ཡོ་བྱད་ཕྲན་ཚེགས་སྒྲུབ་དགོས་པ་རྣམས་ཀྱང་ཞར་ལ་ཚགས་སུ་ཚུད་པར་བྱ། ནོར་རྫས་ཡོ་བྱད་ཀྱང་ཆོག་ཤེས་ཀྱིས་ཚོད་མ་བཟུང་བར་མཁོ་བའི་བསམ་མནོ་ཁོ་ན་བཏང་ན་སྲེད་པ་ཇེ་ཆེར་སོང་ནས་མི་དགོས་དགུ་དགོས་ཤིང། ཇི་ཙམ་ཡོད་ཀྱང་ཆོག་རྒྱུ་མེད་པ་ཞིག་འབྱུང་སྟེ། ཚོམས་ལས། གངས་ཅན་དང་ནི་མཉམ་པ་ཡི། །གསེར་གྱི་རི་བོ་ཡོད་གྱུར་ཀྱང། །ནོར་དེས་གཅིག་ཀྱང་མི་ཚིམ་པ། །ཤེས་པར་གྱིས་ལ་འདོད་འདུན་སྐྱུངས། །ཞེས་དང་། འབའ་ར་བས། གླིང་བཞིའི་ནོར་ལ་དབང་བསྒྱུར་ཀྱང། །མེད་ཀྱིན་ཆད་པ་མ་གཏོགས་པ། །འདང་ཞིང་ལྷག་པ་ཡོང་དུས་མེད། །ཅེས་གསུངས་པ་ཡིན་ལ། རང་གིས་ཆོག་ཤེས་བསྟེན་ཐུབ་ན་ཡོ་བྱད་ཀྱིས་གང་དུ་མི་ཕོངས་ཏེ། ཤེས་རབ་སྡོང་བུ་ལས། ཆོག་ཤེས་[7]དེས་པའི་བདག་ཉིད་ཅན། །འཚོ་བ་གང་ནའང་བཙལ་མི་དཀའ། །རྩྭ་དང་ལོ་མ་ཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཁྱད་པར་དུ་རབ་ཏུ་བྱུང་ནས་ཚུལ་ཁྲིམས་རྣམ་དག་ཅིག་བསྲུང་ན་བཅོམ་ལྡན་འདས་ཀྱི་ཐུགས་རྗེས་འཚོ་བས་དབུལ་བ་ཞིག་མི་འོང་སྟེ། མདོ་ལས། ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀྱིས། །སེན་མོའི་སྟེང་དུ་ཞིང་རྨོས་ཀྱང། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚོ་བས་ཕོངས་པར་མི་འགྱུར་རོ། །ཞེས་གསུངས་པས། རྡོ་རྗེའི་ཚིག་གིས་ནམ་ཡང་བསླུ་མི་སྲིད་དོ། །ལྷག་པར་སྒོམ་ཆེན་ཐུར་དུ་མ་འདྲིལ་ན། ཟན་གོང་གྱེན་དུ་འདྲིལ་བའི་དཔེ་ལྟ་བའི་སྒོམ་སྒྲུབ་རྣམ་དག་ཅིག་མ་བྱུང་དོགས་པའི་སེམས་ཁྲལ་མ་གཏོགས། ལོ་ཟླ་མང་པོའི་ལྟོ་གོས་ཀྱི་སེམས་ཁྲལ་རྒྱབ་ཏུ་བསྐྱུར་ཏེ་འཕྲལ་གྱི་རྙེད་པ་འཕྲལ་དུ་ཟ་ཞིང་རྒྱུ་ནོར་མང་པོ་མེད་པས་གཞན་ཞིག་ཏུ་འགྲོ་ནའང། ལྷམ་སྣ་བསྒྱུར་བས་བན་གཞིས་རྫོགས་
པ་བཀའ་གདམས་གླེགས་བམ་ལས། འཕྲལ་ལ་ཟས་འཚོ་བྱ་དང་འདྲ། །ཀག་སྟེ་ལང་བས་གཞིས་རྫོགས་པ། །གསུངས་པ་དེ་བཞིན་ཞིག་བྱུང་ན་བཀའ་གདམས་གོང་མའི་གསུང་སྒྲོས་ལས། སྔར་ངའི་ཁས་ཟས་མི་རྙེད་པ་ལ། ད་ཟས་ཀྱིས་ངའི་ཁ་མི་རྙེད་པར་འདུག་གསུངས་པ་ལྟར་འགྲོ་བ་ཀུན་གྱི་མཆོད་པའི་གནས་སུ་འགྱུར་བ་མ་གཏོགས་ཡོ་བྱད་ཀྱིས་བྲེལ་མི་སྲིད་པས་ཁ་རག་སྒོམ་ཆུང་གིས། སོ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང། །སྒོམ་ཆེན་འཁྱག་གམ་ལྟོག་ནས་ཤི་བ་གང། །སྔོན་ཆད་མཐོང་ཞིང་ཐོས་པ་མ་བྱུང་སྟེ། །མ་འོངས་པ་ནའང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེས་ན་ཉམས་ལེན་གནད་དུ་མི་འགྲོ་བའི་རྐྱེན་སྡུག་ཤོས་ལྟོ་རྒྱབ་ཀྱི་དོན་དུ་ནོར་རྫས་ལ་སྲེད་པ་ཆེ་ཞིང་ཆོག་མི་ཤེས་པ་འདིར་སྣང་བས། ལྟོ་གོས་གང་བྱུང་གིས་ཆོག་ཤེས་པ་འཕགས་པའི་རིགས་བཞི་ལ་གནས་པ་ངེས་པ་དོན་གྱི་དགེ་སྦྱོང་གི་ཚུལ་དང་མཐུན་པར་བྱེད། གཉིས་པ་ཚོགས་ཀྱི་བསྒྲིག་ལམ་བྱེ་བྲག་ཏུ་བཤད་པ་ལ། ཚོགས་བརྡ་བཏང་བ་དང་མ་འགྱང་བར་སྤྱོད་ལམ་མཛེས་པས་འདུ་ཞིང་སྒོ་འབྱོར་དུ་བཞུགས་ནས་དུང་བཏང་བ་དང་དམིགས་བརྩེ་མ་གསུང་བཞིན་པར་ནང་དུ་ཕེབས། གྲིབ་མ་སོར་གཅིག་ཡན་ཆད་ཀྱི་བསླབ་པའི་རྒན་གཞོན་བརྩིས་ཏེ་ཆོས་འདུལ་བ་ཇི་ལྟ་བ་བྱུང་ན་ཤིན་ཏུ་ལེགས་ལ། འོན་ཀྱང་འདུལ་བ་མདོར་བསྡུས་ཀྱི་དོན་བཞིན་ཡུལ་དུས་དང་བསྟུན་དགོས་པས། དགག་བྱ་དང་དགོས་ པ་ཡོད་ཚེ་དགོན་པའི་གྲལ་རིམ་དང་མཐུན་པར་བྱེད། གྲལ་དུ་བཞུགས་ཚུལ་ཧ ་ཅང་དགྱེ་བ་དང་སྒུར་བ་མ་ཡིན་ཞིང་ཡ་ཡོ་འཁྱག་འཁྱོག་ཏུ་མ་སོང་བ་དགོས།
སྐུ་དྲང་པོར་བསྲང་ཞིང་དབུ་ཅུང་ཟད་སྒུར་ཏེ་ལོ་ཡག་གི་སྙེ་མ་ལྟར་བཞུགས་པ་ལས། ཁ་བཏུམ་གཞོག་གཅུས། གཡས་ལྟ་གཡོན་ལྟ། ཀ་བ་དང་རྩིག་པ་ལ་བསྙེ་བ། ལོང་གཏམ་སྨྲ་བ། གཞན་ལ་མིག་བརྡ་དང་མཆུ་ཚུགས་བྱེད་པ། ཟླ་གམ་གྱི་མདུན་ཕྱེ་ནས་སྡོད་པ་སོགས་སྤྱོད་ལམ་མི་མཛེས་པའི་རིགས་སྤངས་ཏེ་ཚུལ་དང་མཐུན་པར་བཞུགས། ཚོགས་འདོན་གྱི་རིམ་པ་རྒྱུན་ཆགས་སུ་སྐྱབས་འགྲོ་སྔོན་དུ་འགྲོ་བའི་བླ་མའི་རྣལ་འབྱོར་དང་འབྲེལ་བར་དམིགས་བརྩེ་མ་གང་འགྲོ་རེ། ཡན་ལག་བདུན་པ་མཎྜལ་དང་བཅས་པ། བྱིན་རླབས་སྤུངས་ཞུས། སངས་རྒྱས་ཆོས་ཚོགས་མ་ཚར་གསུམ་གྱིས་སེམས་བསྐྱེད་པ་རྣམས་ངེས་ཅན་ལ་སྔོན་དུ་གཏོང་ཞིང། གནས་བཅུའི་ཕྱག་མཆོད། ཤེར་སྙིང་བདུད་ཟློག་དང་བཅས་པ། སྒྲོལ་མ། ཚེ་གཟུངས། སེང་གདོང་མ་སོགས་དང་གཏོར་འབུལ། གཏོར་མ་བརྒྱ་རྩ་ཆུ་སྦྱིན་བཅས་མ་ཆག་པར་བྱེད། ཞལ་འདོན་དལ་བྲེལ་འཚམ་ཞིང་རྟ་འདུར་གང་ཡིན་སྔར་རྒྱུན་མ་ཉམས་པ་དང། གཡས་འཐེན་གཡོན་འཐེན་དུ་མ་སོང་བར་དབུ་མཛད་དང་བསྟུན་ནས་མགྲིན་གཅིག་ཏུ་འུར་ཆེམ་གྱིས་གསུངས། ཌཱ་དྲིལ་རོལ་མོ་སོགས་ཀྱང་སྔ་ཕྱི་མ་ཤོར་བར་འགྲིག་པ་བྱེད། བཞི་པའི་ནང་དུ་བདག་འཇུག་རྣམས་དང། བཅུ་གཉིས་པར་ཚེས་གཏོར་གྱི་འདོན་པ་རྟ་དབྱངས་རོལ་ཆ་དང་བཅས་གཤར་སྦྱང་བྱེད། གསར་ཞུགས་རྣམས་ཀྱིས་དེའི་སྔོན་ནས་དབྱངས་སོགས་ངེས་མཁན་རེའི་རྩར་སློབ་དགོས། ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་བཟུང་ཟླ་བ་བཞིའི་རིང་། ཚེས་ལྔ་ལ་འཇིགས་བྱེད་ཀྱི་བདག་འཇུག །ཚེས་བརྒྱད་ལ་བླ་མཆོད། སྨན་བླ།
འཇིགས་བྱེད། ཚེས་བཅུ་ལ་བདེ་མཆོག །ཚེས་བཅུ་གསུམ་ལ་བདེ་ལམ། ཚེས་བཅོ་ལྔ་ལ་གསང་འདུས། ཉི་ཤུ་ཐམ་པ་ལ་མི་འཁྲུགས་པ། ཉི་ཤུ་ལྔ་ལ་བདེ་མཆོག་གི་བདག་འཇུག །ཉི་ཤུ་བརྒྱད་ལ་བླ་མཆོད་དང་ཕྱག་ཆེན། ཉི་ཤུ་དགུ་ལ་མགོན་ཆོས་ལྷ་མོ་གསུམ་གྱི་བསྐང་གསོ་བཅས་དུས་བཟང་དགུ་རེ་དང། རྒྱུན་པར་ཚེས་ལྔ། ཚེས་བཅུ། ཉི་ཤུ། ཉེར་ལྔ་མ་གཏོགས་པའི་དུས་བཟང་ལྔ་རེ་བྱེད། ཟླ་བ་དེ་བཞི་དང་གསུམ་པ་བཞི་པ་སྟེ་ཟླ་བ་དྲུག་གི་རིང་གསོ་སྦྱོང་ལ་སྔགས་བྱང་སེམས་སོ་ཐར་གསུམ་གའི་ཕྱིར་བཅོས་དང། རྒྱུན་པར་སོ་ཐར་གྱི་ཕྱིར་བཅོས་སྔོན་དུ་གཏོང་། བསྟན་པའི་གཞི་མ་ཆོས་འདུལ་བ་ཡིན་ཞིང། དེ་ལ་ལས་བརྒྱ་རྩ་ཞིག་ཡོད་ནའང། ད་ལྟ་དུས་དབང་གིས་ཕལ་ཆེར་འགྲིབ་སྟེ་ཤུལ་ན་མ་ཉམས་པར་ཡོད་པ་གཞི་གསུམ་གྱི་ཕྱག་ལེན་ཙམ་དུ་སྣང་བས་འདི་ལ་རྩིས་པོ་ཆེར་བྱ། གསོ་སྦྱོང་གི་སྐབས་ནད་པ་ཐུ་མོ་དང་བསྙེན་མཚམས་ལྟ་བུ་མ་ཡིན་པའི་མཚམས་པ་དཀྱུས་མ་སོགས་སུ་ཡང་མ་ལུས་པ་ཕེབས། མ་ཕེབས་པ་རྣམས་ཀྱང་འདུན་པ་དང་ཡོངས་དག་ཕུལ་བ་སོགས་གཞི་གསུམ་གྱི་ཕྱག་བཞེས་ཕྲ་ཞིབ་ཚུལ་དང་མཐུན་པར་བྱེད། མདོར་ན་བསྟན་པའི་གཞི་མ་ཆོས་འདུལ་བའི་ཀུན་སྤྱོད་ལ་རག་ལས་པས་ནང་རེ་བཞིན་འབྲལ་སྤང་ཐུབ་དབང་གི་སྐུའི་མདུན་དུ་དུས་དྲན་བསྟེན་ནས་མེ་ལ་རེག་པ་སོགས་ཀྱི་ཚེ་དེ་དྲན་པར་བྱེད་པ། རུང་ཁང་བྱིན་རླབས། དགུང་རེ་བཞིན་ཡོ་བྱད་གང་བྱུང་བརྟག་སྟེ་བྱིན་རླབས་བྱེད་པ། ནུབ་ལྷག་བསྲུང་བ། བཟའ་བཏུང་དང་ཟགས་པ་དོར་རྗེས་ཆབ་ལེན་པ། རུང་ཆུ་འདེབས་པ། བཟའ་བཏུང་གི་དུས་དང་གཙུག་ལག་ཁང་དུ་
འགྲོ་བའི་ཚེ་མཆིལ་ལྷམ་མི་བགོ་བ། འགྲོ་བའི་ཚེ་གཟན་སྐྱོར་བྱས་ནས་ཟླུམ་པོར་བགོ་བ་སོགས་སྤྱོད་ལམ་གང་གི་ཚེའང་སྟོན་པའི་བཅས་པ་རྗེས་སུ་དྲན་པའི་ཤེས་བཞིན་གྱིས་ཟིན་པ་བྱས་ན་ཚོགས་གསོག་སྒྲིབ་སྦྱོང་རླབས་པོ་ཆེ་ཞོར་ལ་འགྲུབ་པས་དོན་ཆེ་བ་ཡིན་གྱི། རྒྱུན་པར་སྒོ་གསུམ་བག་མེད་རྒྱ་ཡན་དུ་བཏང་ནས་ཆོས་བྱེད་དུས་ཤིག་ཟུར་ན་ཡོད་པ་བཞིན་བྱས་པས་གོ་མི་ཆོད་དེ། འབྲི་གུང་འཇིག་རྟེན་མགོན་པོས། དྲན་པ་གཡེངས་མེད་ཅིག་མ་ཤེས་ན། །ལུས་ངག་ཏབ་ཏབ་ཀྱི་ཁ་ན་མེད། །ཅེས་གསུངས་པ་བཞིན་ནོ།། གསུམ་པ་དེའི་ཡན་ལག་བསྒྲིག་ལམ་ཐོར་བུའི་སྐོར་ནི། བསླབ་པ་བགྲེས་པ་དང་སྐུ་ཡོན་ཅན་རང་ལས་བློ་ཁ་མཐོ་བའི་རིགས་ལ་ཞྭ་ཕུད་གཟན་འབེབ་ཞེ་ས་སོགས་བཀུར་གཟོས་བྱེད། ནད་པ་ལ་མང་མས་ཁུར་ལེན་གྱིས་དོ་དམ་བྱེད་ཅིང་ཁོ་རང་ལ་ཆ་རྐྱེན་མེད་ན་སྤྱི་རྫས་སྟེང་ནས་སྨན་རིམ་གྲོ་དང་། སྐམ་ཚོགས་ཀྱིས་སྐུ་རིམ་ནན་ཏན་བྱེད། ནད་སོས་ནས་འབྱོར་ན་རང་དྲན་གྱིས་སྤྱི་རྫས་སོགས་བསབ་ན་ལེགས། དེ་འདྲའི་སྐབས་སྤྱི་པའི་གདན་ཆ་མཆོད་ཆ་སོགས་གཡར་ཀྱང་ཕངས་མེད་མི་བྱེད་པར་དོ་དམ་པ་རྣམས་ཀྱིས་ཕྱིར་རྩིས་སྤྲོད་ཅིང་ཕྱོགས་གཞན་དུ་སྤྱི་རྫས་གཡར་པོ་མི་བྱེད། གྲྭ་པ་གཤེགས་སྐབས་ཆ་རྐྱེན་གང་ཡོད་ཚོགས་ཆེ་ཆུང་ལ་ཞལ་འདེབས་འགྲོ་ངེས་བྱེད། སྤྱིལ་བུ་རི་ཁྲོད་དུ་གསར་ཞུགས་ལ་འཚོང་བ་ལས་གཞན་ལ་བཙོང་མི་ཆོག་ཅིང། སྤྱིལ་བུ་བཤིག་པ་དང་སྤྱིལ་བུ་གཉིས་གཅིག་ཏུ་འདྲིལ་བ་སོགས་ཀྱང་མི་བྱེད། དེ་འདྲའི་འཚོང་ཡུལ་མ་འགྲིག་ན་བླ་མའམ་སྤྱི་ལ་འབུལ་ཞིང་དེས་དགེ་ཐེབས་སྤྲོད་པ་དང། སླར་རི་ཁྲོད་པ་གསར་ཞུགས་ལ་གཏོད་པ་བྱེད། སྤྱིལ་བུ་གཅིག་ཏུ་
སྒོམ་པ་གཉིས་ལྷན་དུ་སྡོད་པ་མི་བྱེད་ཅིང། བདུན་ཅུ་བརྒལ་བས་གང་ཡང་མི་འཛོམ་པ་མ་གཏོགས་གྲྭ་པ་བསྟེན་མི་ཆོག །གྲྭ་པ་གཤེགས་པའི་ཆས་སོགས་ཉོ་ཚོང་གང་ལའང་ཡུལ་དུས་ཀྱི་རིན་ཐང་ཚད་མ་མ་གཏོགས་གཅིག་གིས་གཅིག་ལ་བཙོང་ཕྱོགས་མི་བྱ། གཞན་གྱིས་ཉོ་བའི་བར་དུ་མི་འཚང་ཞིང་རིན་ཐང་འོས་ངེས་བཅད་པ་ལས་ཆད་ལྷག་ཏུ་མི་འཇལ། འདི་ནས་ཕྱོགས་གཞན་ལ་གྲོང་ཆོག་ཏུ་སོང་མི་ཆོག་པར་མ་ཟད་གཞན་དུ་ཆུ་སྤོས་པའི་སྐབས་དེ་ནས་ཀྱང་གྲོང་ཆོག་ལ་མི་འགྲོ། སྤྱིར་གནས་སྐོར་དང་གཉན་ཁྲོད་འགྲིམ་པ་སོགས་ཀྱང་དོན་ཆེའང་སྡེ་འདིར་ཞུགས་ཟིན་ནས་དྲན་རྒྱུ་མང་ན་དགེ་སྦྱོར་མཐར་མི་ཐོན་ཅིང་མིག་ལྟོས་ལ་གནོད་པས། རྒྱལ་དབང་ཀུན་དགའ་དཔལ་འབྱོར་གྱིས། ཁྱོད་ཡང་ན་ཚེ་དང་སྒྲུབ་པ་སྙོམས། །ཡང་ན་ཕྱོགས་མེད་ཀྱི་ལྡུམ་བུ་གྱིས། །ཟླ་འགའ་ཟས་འཚོལ་གྱི་གནས་སྐོར་དེ། །འགྲོ་མིན་སྡོད་མིན་ཅིག་མ་ལགས་སམ། །གསུངས་པའི་དཔེ་ལྟར་ངོས་བཟུང་མེད་པ་ཞིག་འབྱུང་བས། ཇོ་བོ་ཆེན་པོས། ཕན་ཚུན་འགྲོ་བའི་དུས་མ་ཡིན། ས་གཅིག་ཏུ་སྡོད་པའི་དུས་ཡིན། གསུངས་པ་དང་། པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང། རི་ཁྲོད་མཐུན་པའི་གྲོགས་དང་བཅས་པའི་གནས་དེར་དགེ་སྦྱོར་འཕེལ་ན། འཕོ་སྐྱེས་མང་པོ་དགེ་སྦྱོར་གྱི་སད་ཡིན་པས་གཞི་བཟུང་། གསུངས་པ་བཞིན་སྡོད་ཚུགས་པ་བྱེད། དང་པོ་རི་ཁྲོད་དུ་འཇུག་པའི་ཚེའང། རྗེ་མི་ལ་རས་པས། ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང། །སྡུག་པ་དགྲ་ཡིས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །གསུངས་
པ་ལྟ་བུ་བསམ་བློ་ཞིབ་ཏུ་བཏང་ནས་ཚེ་མཇུག་རི་ཁྲོད་འདིར་སྐྱེལ་ཐུབ་པ་ཞིག་བྱེད་དགོས་སྙམ་ནས་ཡོང་བ་ཡིན་སྟབས། རྒྱལ་སྲས་ཞི་བ་ལྷས། དང་པོར་འབྱོར་པ་བརྟག་ནས་ན། །བརྩམ་མམ་ཡང་ན་མི་བརྩམ་བྱ། །བརྩམས་ནས་ལྡོག་པར་མི་བྱ་འོ། །ཞེས་གསུངས་པ་བཞིན་དམ་བཅའ་མཐར་ཐོན་པ་ཞིག་བྱེད་པ་མ་གཏོགས་གཡས་འགྲོ་གཡོན་འགྲོ་མང་པོའི་འགོ་མི་རྩོམ། ལོ་རེ་བཞིན་ལོ་མཚམས་པ་གཉིས་གསུམ་རེ་བྱུང་ན་ལེགས་ཤིང། ཞལ་གྲངས་ཉུང་སྟབས་ཚོགས་ལ་གནོད་ན་མི་ལེགས་པས་བཞི་ལས་ལྷག་པ་མི་བྱེད། ལས་རུང་མ་སོང་བ་རྣམས་སྟོན་དཔྱིད་ལ་གསང་བདེ་འཇིགས་གསུམ་སོགས་ཀྱི་ལས་རུང་ལྟ་བུར་ཟླ་མཚམས་རེ་བྱེད་པར་དམིགས་བསལ་གཏོང་ཞིང་། དེ་མིན་ཚོགས་འདོན་མ་ཉམས་པ་གཙོ་བོར་བྱེད་དགོས་པའི་སྟབས་ནམ་འགྲིག་ཏུ་མཚམས་བྱེད་ཟེར་བ་ལ་གནང་བ་མི་སྦྱིན། ལོ་མཚམས་པ་དང་འགྲོ་འདུག་མི་ཐུབ་ངེས་པས་ནད་པ་ཐབས་སྡུག་ཡུན་རིང་ཅན་མ་གཏོགས་པ་ཚོགས་སུ་མ་འོངས་པ་ལ་ཇ་ཐུག་དང་མར་གྱི་སྐལ་བ་མི་གཏོང་། ཧམ་པ་གང་ཆེའི་དབང་དུ་མ་བཏང་བར་ཇ་སྐལ་སོགས་ཆ་སྙོམས་པར་བགོ་ལུགས་ཚུལ་དང་མཐུན་པར་བྱེད། འགྱེད་ཕོགས་ཚ་ར་གང་ལའང་སྐུ་སྐལ་མན་ཆད་སུ་ལའང་སྐལ་འཕར་མི་གཏོང། གནས་བརྟན་ལ་བསྔོ་རྟེན། སྤྱི་འཇོག་རྣམ་གཞག་སོགས་ཀྱང་སྦྱིན་བདག་གི་འབྱོར་བསྟུན་ལས་ཚད་བཟུང་གིས་ཞེ་སུན་མི་སྐུར། འབྲུག་པ་སངས་རྒྱས་རྡོ་རྗེས། རྒྱུ་འབྲས་ཞིབ་ཏིག་ངང་ནས། །དགོན་པའི་ཞབས་ཏོག་རེམ་ན། །དེ་ཀ་ཆོས་རང་ཡིན་པས། །འབད་ན་ལེགས་སོ་དྲུང་ཆེན། །ཞེས་པ་ལྟར་སྤྱི་དོན་དུ་བསམ་པ་རྣམ་དག་གིས་ཚོང་
བསྒྱུར་བྱེད་དགོས་བྱུང་ནའང། བྲེ་དང་སྲང་གཡོ་སྒྱུས་མགོ་སྐོར་སོགས་དགེ་འདུན་ལོག་འཚོ་ལ་སྦྱོར་བའི་ཞབས་འདྲེན་བྱེད་མི་རུང་སྟེ། ཟླ་བ་སྒྲོན་མའི་མདོ་ལས། ལས་གང་སངས་རྒྱས་ཀྱིས་ནི་རྟག་སྨད་པ། །སྲང་དང་ཚད་ལ་གཡོ་སྒྱུ་བྱེད་པར་ཞུགས། །དེ་འདྲ་སྡིག་པ་ཉོན་མོངས་ལས་བྱས་པ། །ལས་ངན་བྱེད་པ་དེ་དག་ངན་སོང་འགྲོ། །ཞེས་གསུངས་སོ། །མདོར་ན་བེའུ་བུམ་སྔོན་པོ་ལས། སྙིང་ནས་ཐར་པ་འདོད་པ་རྣམས་ཀྱིས། །སྐྱེས་པའི་ཡུལ་སྤངས་ཉེ་དུ་ཐག་བསྲིངས། །མཐུན་པའི་ཡུལ་འདུག་བཤེས་གཉེན་རྟག་བསྟེན། །འདུ་འཛི་ཀུན་སྤངས་ཚུལ་བཞིན་ཡིད་བྱེད། །དེ་ལ་ཐར་པ་རིང་བ་མ་ཡིན། །ཞེས་གསུངས་པ་ལྟར། རང་ཡུལ་གྱི་འཁྲི་བ་ཆོད་ཅིང་གྲོང་པའི་སྐྱེ་བོ་སོགས་མང་པོ་དང་འདྲིས་པའི་གྲོགས་མི་བྱེད། ཆེན་པོའི་ངོ་འཛིན་སོགས་ཀྱིས་སྣ་ཐག་མི་ལ་མི་གཏོད། མང་པོའི་འདུ་འཚོགས་དང་དོན་མེད་ཀྱི་འཆལ་གཏམ། འགྲོ་འདུག་ཉོ་ཚོང་སོགས་བྱ་བྱེད་མང་པོ་མི་རྩོམ་པར། ད་རེས་ཚེ་ལྷག་འདིའི་སྟེང་ནས་མདོ་སྔགས་ཆ་ཚང་བའི་བསྟན་པ་ཡོངས་རྫོགས་འདི་འདྲ་དང་མཇལ་བའི་ཚོད་ཀྱི་ཉམས་ལེན་རྨད་དུ་བྱུང་བས་ཟུང་འཇུག་གི་གོ་འཕང་བསྒྲུབས་ཏེ་མ་རྒན་སེམས་ཅན་ཐམས་ཅད་ཀྱི་མགོན་བྱེད་ཐུབ་པ་ཞིག་དང། མ་མཐའ་འང་ཐོག་མར་རང་ཉིད་ཕྱི་མ་ངན་སོང་དུ་མི་ལྟུང་བའི་བློ་རྩེ་ཡོད་པ་ཞིག་མི་བྱེད་པའི་ཐབས་ག་ལ་ཡོད་སྙམ་དུ་རང་སེམས་ནང་དུ་བསྐོར་ནས། སྡོམ་པ་གསུམ་གྱི་བཅས་མཚམས་ལ་གནས་མི་གནས། ཆོས་དང་མཐུན་མི་མཐུན་དྲན་ཤེས་རྒྱུན་དུ་བསྟེན་ཏེ་ཉི་མ་གཅིག་དང། ཇ་བར་གཅིག་ཀྱང་
ཆུད་ཟོས་སུ་མ་སོང་བ་ཞིག་མཛད་ན་ངེས་པར་གཏན་གྱི་བདེ་སྐྱིད་འགོ་ཚུགས་པ་ཞིག་འོང་སྟེ། མཉམ་མེད་ཇོ་བོ་ཆེན་པོས། རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱི་གྲོས་ལ་གསན་པར་རིགས། །དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཡང་སྐྱིད་པར་མཆིས། །ཞེས་དང། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཞལ་ནས། ཆོས་བྱེད་ན་དེ་བཞིན་མཛད་ན་དགའ། །དེ་སུས་བྱས་སྐྱིད་པའི་རྒྱ་མཚོར་གནས། །ཞེས་གསུངས་པ་ལྟར་ཡིན་པས། དེ་ལྟར་ཅི་ནས་ཀྱང་ལག་ལེན་དུ་ཐེབས་པ་ཞིག་མཛོད་མཛོད། དུས་ལས་མི་ཡོལ་ཐུགས་བསྐྱེད་རྒྱ་མཚོའི་མཐུས། །མཐའ་ཡས་འགྲོ་བའི་མགོན་དང་སྐྱབས་གྱུར་པ། །བླ་མ་ཡི་དམ་དཀོན་མཆོག་རྣམ་གསུམ་མཐུས། །སྨོན་པའི་རེ་འབྲས་ལྷུན་གྱིས་གྲུབ་པར་མཛོད། །བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང། །ཁྱད་པར་མ་གཅིག་འདོད་ཁམས་དབང་ཕྱུག་མས། །སྡེ་འདིར་ཆོས་སྲིད་དགེ་མཚན་འཕེལ་བ་དང། །བཅའ་ཁྲིམས་ཉམས་པ་མེད་པའི་སྡོངས་གྲོགས་མཛོད། །རྣམ་དག་ཁྲིམས་ལྡན་དགེ་འདུན་འདུས་པའི་སྡེ། །ཐུགས་མཐུན་བཤད་སྒྲུབ་དབྱར་མཚོ་བཞིན་དུ་རྒྱས། །མཐོང་ཐོས་དྲན་རེག་སྐྱེ་བོ་ཐམས་ཅད་ཀྱང་། །བླ་མེད་བྱང་ཆུབ་དཔལ་ལ་སྦྱོར་གྱུར་ཅིག །ཅེས་དབེན་གནས་ཡིད་དགའ་ཆོས་འཛིན་གྱི་བཅའ་ཡིག་ཡང་དག་སྒྲུབ་པའི་འཇུག་ངོགས་ཞེས་བྱ་བ་འདི་ནི། མང་ཐོས་སྒྲུབ་ལ་གཞོལ་བའི་གནས་བརྟན་རྡོ་རམས་པ་དཀོན་མཆོག་དགེ་འདུན་གྱིས་ནན་ཆེར་བསྐུལ་ཞིང། རང་གིས་ཀྱང་འདི་འདྲ་བ་ཞིག་གལ་ཆེ་བར་མཐོང་སྟེ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པ་འདི་དོན་བཞིན་དགེ་འདུན་རྣམས་ནས་ཕྱག་ལེན་དུ་
ཐེབས་པ་དང། དམ་ཅན་སྲུང་མ་རྣམས་ཀྱིས་འཕྲིན་ལས་གཡེལ་བ་མེད་པར་མཛོད་མཛོད།། མཉམ་མེད་དྲང་སྲོང་ཆེན་པོའི་རྗེས་ཞུགས་ཏེ། །ཐོས་དོན་ཡང་དག་སྒྲུབ་ལ་གཞོལ་རྣམས་ཀྱི། །ཁྲིམས་སུ་བྱ་བ་ཐར་པའི་གཞུང་ལམ་མཆོག །པར་དུ་བསྐྲུན་པའི་ལེགས་བྱས་དགེ་ཚོགས་མཐུས། །གསུང་རབ་གདམས་པར་ཤར་བའི་ཉམས་ལེན་གྱིས། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཚུགས་པ་དང། །དེ་ཡི་མཐུ་ལས་མཁའ་མཉམ་ལུས་ཅན་ཀུན། །ཡང་དག་ལམ་གྱི་དགའ་སྟོན་མྱོང་གྱུར་ཅིག །ཅེས་པ་འདི་ནི་མཁྱེན་དཔྱོད་ཡངས་པ་ཀྱཱ་ཧུ་ཏཱ་བླ་མ་འཇིགས་མེད་དགེ་འཕེལ་དང་སྔགས་རམས་པ་མཁས་གྲུབ་རྒྱ་མཚོ་གཉིས་ཀྱིས་ལྷག་བསམ་དག་པས་རྒྱུ་ཡོན་སྦྱར་ཏེ་འདི་ཉིད་པར་དུ་བསྒྲུབས་པའི་པར་བྱང་དུ། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ།།