ཉམས་མྱོང་རྒན་པོའི་འབེལ་གཏམ།
ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད་ཅེས་བྱ་བ་བཞུགས་སོ། །
སྐྱེ་བའི་ས་བོན་སྤངས་པ་ཡིས། །རྒ་ཤིའི་སྡུག་བསྔལ་མི་འབྱུང་བ། །ཟག་ཟད་ཐུབ་པ་རྣམས་ལ་འདུད། །འཁོར་བའི་རྒྱུན་ལམ་གཅད་དུ་གསོལ། །སྲིད་པའི་འབྲོག་དགོན་ཐང་དཀྱིལ་ན། །རྒས་འཁོག་རྒན་པོ་ཉལ་བ་ལ། །ལང་ཚོས་དྲེགས་པའི་གཞོན་ནུ་ཞིག །འོངས་ཏེ་ཅོ་འདྲི་འདི་སྐད་གླེང། །རྒན་པོ་འགྲོ་འདུག་བྱ་བྱེད་ཀུན། །གཞན་དང་མི་མཐུན་ཅལ་ཅོལ་རང། །བྱེད་པའི་རྒྱུ་མཚན་ཅི་ཡིན་ཟེར། །དེ་ལ་རྒན་པོས་ལན་སྨྲས་པ། །ཡོག་ལི་ཤ་དར་ཁྲག་དར་གྱི། །འཕུར་མ་ལྡིང་ཁྱོད་ང་ལ་ཉོན། །ང་ཡང་ལོ་འགའི་སྔོན་ཙམ་ན། །ཁྱོད་ལས་ལྷག་སྒོས་ལྷག་ཅིག་ཡིན། །བརྒྱུག་ན་གྱི་ལིང་རྟ་ཡང་ཟིན། །བཟུང་ན་བྱང་ཁའི་འབྲོང་ཡང་ཐུབ། །ཡང་ཟོར་ནམ་མཁའི་བྱ་དང་མཚུངས། །མཛེས་པ་ལྷ་ཕྲུག་གཞོན་ནུ་འདྲ། །བཀྲག་མདངས་ཅན་གྱི་གོས་ཀྱང་གྱོན། །རིན་ཐང་ཅན་གྱི་རྒྱན་ཡང་བཏགས། །ཞིམ་མངར་ཅན་གྱི་ཟས་ཀྱང་ཟོས། །བང་རྩལ་ཅན་གྱི་རྟ་ཡང་ཞོན། །རྩེ་རྒོད་མ་བྱས་གཅིག་ཀྱང་མེད། །དགའ་སྐྱིད་མ་མྱོང་གཅིག་ཀྱང་མེད། །འཆི་བ་འོངས་དོགས་ག་ལ་ཡོད། །རྒ་བའང་ཐོག་ཏུ་འོངས་མ་སྙམ། །མཛའ་བཤེས་འདུ་འཛིའི་འར་འུར་གྱིས། །གཡེང་ནས་མགོ་བོ་འཁོར་བའི་ཐོག །རྒ་བའི་སྡུག་བསྔལ་གཡོ་ཅན་འདིས། །འཇབ་ནས་འོངས་ཏེ་ཅར་གྱིས་མནན། །རང་རྒས་རང་གིས་མ་ཚོར་ལ། །ཚོར་བའི་དུས་སུ་
འཕྱིས་ནས་གདའ། །ཤེལ་གྱི་མེ་ལོང་ལ་བལྟས་ཚེ། །རང་ལུས་ལ་ཡང་སྐྱུག་རེ་བྲོ། །སྤྱིར་ན་ལུས་སེམས་ཐམས་ཅད་ཉམས། །ལྷག་པར་མགོ་ནས་ཐུར་ཉམས་ཏེ། །རྒས་པ་ཨ་བྷི་ཥཱིཉྩའི་ཆུས། །མགོ་ནས་དབང་རབ་བསྐུར་བ་འདྲ། །སྐྲ་ལོ་དུང་ལྟར་དཀར་བ་འདི། །ནག་ནོག་དྲི་མ་དག་པ་མིན། །འཆི་བདག་མཆིལ་མའི་རྒྱང་མདའ་དེ། །བ་མོའི་ཟོལ་གྱིས་བབས་པ་ཡིན། །དཔྲལ་པའི་རྭ་གཉེར་ཁྲིག་ཁྲིག་འདི། །བུ་ཆུང་རྒྱག་པའི་ཞོ་གཉེར་མིན། །ཚེ་ཚད་ལོ་མང་འདས་པའི་གྲངས། །དུས་ཀྱི་ཕོ་ཉས་བྲིས་པ་ཡིན། །བལྟ་འདོད་ཟིམ་ཟིམ་མང་བ་འདི། །མིག་ཏུ་དུ་བ་སོང་བ་མིན། །དབང་པོ་ཉམས་པའི་རབ་རིབ་ཀྱིས། །བསྒྲིབས་ནས་བྱ་ཐབས་ཟད་པ་ཡིན། །རྣ་བ་གཏད་ནས་ཉན་པ་འདི། །ལྐོག་ཏུ་གསང་གཏམ་ཡོད་པ་མིན། །སྒྲ་ཀུན་རྒྱང་ན་གྲགས་པ་བཞིན། །ཤར་ཏེ་ཐོས་སུ་རེ་བ་ཡིན། །སྣ་ཆུ་ཐིགས་ཐིགས་འབབ་པ་འདི། །མུ་ཏིག་དོ་ཤལ་བསྟར་བ་མིན། །གསལ་འཚེར་ལང་ཚོའི་ཆབ་རོམ་དེ། །གདུང་བྱེད་ཉི་མས་བཞུས་པ་ཡིན། །སོ་ཡི་འཕྲེང་བ་ལྷུང་བ་འདི། །སྐྱེ་འདོད་སོའུ་བརྗེས་པ་མིན། །ཚེ་འདིའི་ཟ་ཁ་ཚང་བ་ཡིས། །ཟ་བྱེད་ལག་ཆ་བསྡུས་པ་ཡིན། །ཁ་ཆུ་ཐར་ཐར་བྱེད་པ་འདི། །ས་ལ་ཆག་ཆག་འདེབས་པ་མིན། །སྔོན་སྤྱད་ལོངས་སྤྱོད་ཐམས་ཅད་ལ། །ཞེན་ལོག་ཐུད་ཀྱིས་འདེབས་པ་ཡིན། །མི་གསལ་ལྡབ་ལྡིབ་སྨྲ་
བ་འདི། །སྐད་རིགས་གཞན་ཞིག་ཤོད་པ་མིན། །དོན་མེད་ངག་འཁྱལ་སྨྲ་ཆེས་པས། །ལྕེ་ཡང་ཨ་ཐང་ཆད་པ་ཡིན། །བཞིན་རས་བསྡུས་ཤིང་མདོག་ངན་པ། །སྤྲེ་འུའི་འདྲ་འབག་གྱོན་པ་མིན། །གཡར་པོའི་ལང་ཚོ་ཕྱིར་ཁྱེར་བས། །མི་སྡུག་རང་མདོག་བསྟན་པ་ཡིན། །མགོ་བོ་ཡུག་ཡུག་བྱེད་པ་འདི། །གཞན་གྱི་བྱ་བར་འཕྱ་བ་མིན། །མཐར་བྱེད་དབྱུག་པའི་སྣེ་ཕོག་པས། །མ་བཟོད་ཀླད་པ་འདར་བ་ཡིན། །ལམ་ལ་ཁ་གཏད་བསྒུར་བ་འདི། །རྒྱ་ཁབ་བོར་ནས་ཚོལ་བ་མིན། །ས་ལ་ལང་ཚོའི་ནོར་བུ་དང། །དྲན་པ་སྟོར་བའི་རྣམ་འགྱུར་ཡིན། །ལངས་ཚེ་སུག་བཞི་འཛུག་པ་འདི། །ཕྱུགས་ཀྱི་ལད་མོ་བྱས་པ་མིན། །བྱིན་པས་ལུས་པོ་མ་ཐེག་པའི། །རམ་འདེགས་ལག་པས་བྱེད་པ་ཡིན། །སྡོད་ཚེ་ཆེམ་གྱིས་ལྷུང་བ་འདི། །གྲོགས་ལ་འཁང་ར་བྱེད་པ་མིན། །སྤྲོ་དགའི་སེམས་ཀྱི་དཔྱང་ཐག་དང། །ལང་ཚོའི་ཟུངས་ཐག་ཆད་པ་ཡིན། །འགྲོ་ཚེ་ཡོམ་ཡོམ་འཁྱོར་བ་འདི། །མི་ཆེན་གོམ་སྟབས་བྱེད་པ་མིན། །ན་ཚོད་ཁུར་པོ་ཧ་ཅང་རང། །ལྕི་བས་ཡོ་དྲང་ཤོར་བ་ཡིན། །ལག་པ་ཡབ་ཡབ་འདར་བ་འདི། །ནོར་ལ་ཧབ་ཤ་བྱེད་པ་མིན། །ལག་པར་འོང་ཚད་ཅིག་ཅར་དུ། །གཤིན་རྗེས་ཕྲོགས་ཀྱིས་དོགས་པ་ཡིན། །བཟའ་བཏུང་ཉུང་ཤས་སྤྱོད་པ་འདི། །ཟས་ལ་སེར་སྣ་བྱེད་པ་མིན། །ལྟོ་བའི་མེ་དྲོད་ཉམས་པ་ཡིས། །མི་རྒན་སྒྱེལ་གྱིས་དོགས་པ་ཡིན། །གོས་ཆུང་སྲབ་བདེ་གྱོན་པ་འདི། །ཡང་ཆས་བྱས་ནས་འཁྲབ་རྒྱུ་མིན། །ནང་གི་ལུས་སྟོབས་ཤོར་བ་ཡིས། །གོས་ཀྱང་ཁུར་དུ་སོང་བ་ཡིན། །སྟོང་དབུགས་འཚང་ཞིང་ཕུ་འདེབས་པ། །གཞན་ལ་སྔགས་ལྕག་
བརྡེག་པ་མིན། །དབུགས་ཀྱི་འགྱུ་བ་བྲེང་བྲེང་འདི། །ནམ་མཁར་ཡལ་འདོད་སྔ་ལྟས་ཡིན། །བྱ་སྤྱོད་ཐམས་ཅད་འགྱུར་བ་འདི། །ཅོལ་ཆུང་གང་དྲན་བྱེད་པ་མིན། །རྒས་པས་གདོན་གྱིས་ཟིན་པ་ཡིས། །རང་འདོད་དབང་ན་མེད་པ་ཡིན། །ལས་དོན་ཐམས་ཅད་བརྗེད་པ་འདི། །སྣང་ཆུང་ཧར་རྒྱག་བྱས་པ་མིན། །རྟེན་གྱི་དབང་པོ་ཉམས་པ་ཡིས། །དྲན་རིག་ཤེས་པ་རྡིབ་པ་ཡིན། །ད་ལྟ་ང་ལ་འཕྱ་མི་དགོས། །རྒས་པ་མ་བགོས་སྤྱི་ན་ཡོད། །ལོ་གསུམ་ལོན་དུས་ཁྱོད་ལ་ཡང། །བང་ཆེན་སྔ་མ་སླེབ་ནས་འོངས། །ངས་བཤད་རྣ་བར་མི་འགྲོ་སྟེ། །ཉམས་མྱོང་ནང་ནས་སྐྱེས་ཏེ་འོངས། །དེང་སང་ཚེ་ལོ་མར་འགྲིབ་པས། །ང་ཡི་ལོ་ཙམ་ཁྱོད་མི་སྡོད། །གལ་ཏེ་བསྡད་ན་ཚོད་འདི་ལ། །ཁ་ཡང་ཆེར་གྲག་མི་ནུས་མོད། །བྱས་པའི་ལན་དུ་གཞོན་ནུ་ཡིས། །མིས་འཕྱ་ཁྱིས་འགོམ་བླ་འཚོང་པོ། །ཁྱོད་འདྲ་བྱས་ཏེ་སྡོད་པ་ལས། །སྔོན་དུ་ཤི་ན་དགའ་ཞེས་ཟེར། །ལན་དུ་རྒན་པོ་ཁྲེལ་འཛུམ་བཅས། །ཚེ་རིང་སྐྱིད་རྒྱག་འདོད་པ་ལ། །རྒས་པ་མི་འདོད་ཨ་རེ་གླེན། །ཤི་ཡང་སྐྱིད་རྒྱུ་དཀའ་མོ་ཡིན། །དད་ཟས་དཀོར་ཟས་མ་ཟོས་ཤིང། །དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུངས། །ཐོས་བསམ་སྒོམ་པ་བྱས་ཡོད་ན། །ནམ་ཞིག་ཤི་ཡང་སྐྱིད་པ་ཡིན། །ང་ནི་དེ་འདྲ་ཅུང་ཟད་ཀྱང། །སེམས་ལ་འཛིན་རྒྱུ་མི་འདུག་པས། །ཕུང་པོ་རྒས་རུང་གསོན་ན་དགའ། །ཞག་གཅིག་ཡིན་ཀྱང་བསྡད་ན་སྙམ། །བྱས་པས་གཞོན་ནུ་བློ་འགྱུར་ཏེ། །བདེན་ནོ་བདེན་ནོ་རྒད་པོ་བདེན། །མིག་གིས་མངོན་སུམ་མཐོང་བ་དང། །ཁྱོད་ཀྱི་བཤད་པ་ངོ་འཕྲོད་པས། །དམར་ཁྲིད་སེམས་ལ་འབབ་པ་
བྱུང། །རྒས་པའི་སྡུག་བསྔལ་ཡ་རེ་ང། །རྒན་པོ་གོ་མཐོང་རིག་གསུམ་ཆེ། །འཇིགས་པ་དེ་འདྲ་མི་འབྱུང་བའི། །ཐབས་ཤིག་ཡོད་ན་དྲང་པོར་ཤོད། །བྱས་པས་རྒན་པོ་འཛུམ་བཞིན་དུ། །དེ་ཡི་ཐབས་ཡོད་ལས་ཀྱང་སླ། །བྱེད་ཀྱང་ཕལ་ཆེར་མི་དགོས་མོད། །སྐྱེས་ཚད་ཐམས་ཅད་འཆི་ན་ཡང། །རྒས་ནས་འཆི་བ་ཉུང་ཤས་ཡིན། །དགོས་རྒྱུ་མི་འཆིའི་ཐབས་དགོས་ཀྱང། །དེ་ནི་གང་དུ་སོང་ཡང་མེད། །སྔོན་བྱོན་སངས་རྒྱས་བྱང་སེམས་དང། །སྐྱེས་ཆེན་རྒྱལ་བློན་ཐམས་ཅད་འདས། །ད་ལྟ་བཞུགས་པ་ཀུན་ཀྱང་འདའ། །ཁྱོད་རང་གཅིག་པུར་གང་ནས་སྡོད། །དེ་བས་ཆོས་ཤིག་བྱེད་ནུས་ན། །རྒས་པས་ལུས་པོ་རྒུད་ན་ཡང། །སེམས་ལ་དགའ་སྤྲོའི་གདེང་ཞིག་ཡོད། །འཆི་བ་ཐོག་ཏུ་བབས་ན་ཡང། །བུ་ཆུང་ཕ་ཁྱིམ་འགྲོ་བ་འདྲ། །ཐབས་ཀྱི་ཡང་རྩེ་འདི་ལས་ལྷག །སངས་རྒྱས་ལ་ཡང་གསུང་དུ་མེད། །མི་རྒན་ང་ཡི་སྙིང་གཏམ་ཡིན། །འོན་ཀྱང་ངས་བཤད་ཁ་ན་མེད། །རང་དོན་རང་གིས་བསམ་བློ་ཐོངས། །བྱས་པས་གཞོན་ནུས་ལེགས་སོ་ལེགས། །འོན་ཀྱང་གཉེན་གྱི་ལས་དོན་དང། །ཁང་གཞི་ནོམ་པའི་གཏོང་ལེན་སོགས། །བྱ་བ་ལས་དོན་འཕྲོ་མང་བས། །ལོ་འགར་ཁོམ་པ་མི་འདུག་ཀྱང། །དེ་རྗེས་ངེས་པར་ཆོས་ཤིག་བྱེད། །དེ་དུས་ངེད་གཉིས་འཕྲད་དགོས་ཟེར། །རྒན་པོ་ཤིན་ཏུ་མ་མགུ་བར། །ཁྱོད་ཀྱི་བསམ་དོན་སྟོངས་པ་ཡིན། །ལོ་འགའི་འཕྲོ་ནས་བྱེད་སྙམ་པ། །ང་ལའང་སྔ་མོ་ཞིག་ནས་ཡོད། །ལས་འཕྲོ་མི་རྒན་ཁ་སྤུ་བཞིན། །བཅད་ཀྱིན་བཅད་ཀྱིན་ཇེ་མང་ཡིན། །ལོ་འགའ་
ལོ་འགའ་མ་ཚར་བའི། །ངང་ལ་མི་ཚེ་ཚར་ནས་ཐལ། །ཕྱི་བཤོལ་འདི་ཡིས་ཐམས་ཅད་བསླུས། །ཁྱོད་ལ་ཆོས་ཀྱི་རེ་བ་མེད། །དོན་མེད་ཁ་བཤད་ཉི་མ་འཕུལ། །དེ་བས་ཁྱེད་རང་ཡུལ་དུ་སོང། །རྒན་པོ་མ་ཎི་འདོན་དུ་ཆུག །བྱས་པས་གཞོན་ནུ་ཧ་ལས་ཏེ། །རྒན་པོ་རྟོག་དཔྱོད་མི་གཏོང་བར། །དེ་འདྲ་ཟེར་ལུགས་གང་ན་ཡོད། །བྱ་བ་ལས་དོན་འདི་ཙམ་ཞིག །བསྐྱུར་ནས་འཇོག་ལུགས་ཇི་ལྟར་ཡོད། །བྱས་པས་རྒད་པོས་ཨ་ཧ་ཧ། །ང་ལ་དེ་སྐད་བྱས་ཆོག་སྟེ། །ལྷོ་ཕྱོགས་འདི་ན་བྱ་བའི་འཕྲོ། །ཨེ་འགྲུབ་རྟོག་དཔྱོད་མི་གཏོང་བའི། །རྒན་པོ་བཙན་པོ་མ་ཞིག་ཡོད། །དེ་ལ་གྲོས་ཤིག་ཨེ་ཆུད་ལྟོས། །དེ་ཡིས་ཧབ་རྒྱུག་བྱས་པའི་ཉིན། །རྒན་གཞོན་མཐོ་དམན་ཐམས་ཅད་ཀྱི། །ལས་འཕྲོ་རྩི་སྐུད་བྲེགས་པ་བཞིན། །ཟིང་ངེ་བཞག་ནས་འགྲོ་གིན་སྣང། །དེ་དུས་མི་སྐྱུར་ཐབས་མེད་ཡིན། །གནས་ལུགས་མི་འཆོལ་དབང་མེད་ཡིན། །ནམ་རྐྱང་བསྐྱུར་ནས་འགྲོ་བ་ལ། །ད་ལྟ་བསྐྱུར་ན་དོན་ཡོད་ཡིན། །འོན་ཀྱང་ཕན་པར་སྨྲ་བ་དཀོན། །དེ་བས་དེ་ལ་ཉན་པ་དཀོན། །བྱས་པས་གཞོན་ནུས་ཕྱག་བཙལ་ཏེ། །བླ་མ་དབུ་གདུགས་སྐོར་མཁན་ནས། །དགེ་བཤེས་ཆེ་གཉན་ཚོ་ལ་ཡང། །གདམས་པ་འདི་ལས་ཟབ་མི་འདུག །རྒན་པོའི་ཚུལ་བཟུང་དགེ་བའི་བཤེས། །ཁྱེད་ཀྱིས་ཅི་གསུངས་བཞིན་དུ་བྱེད། །ད་དུང་གདམས་པ་ཐུགས་རྗེས་གཟིགས། །བྱས་པར་རྒན་པོས་འོ་ན་ལེགས། །རྒན་པོས་མ་མྱོང་དགུ་མྱོང་ཡང། །དང་པོར་ཆོས་ཀྱི་རྐང་ཚུགས་པ། །འདི་ལས་དཀའ་ཞིག་མི་འདུག་
པས། །རྒས་ཤིང་འཁོག་ནས་ཡོང་ས་མེད། །བྱེད་ན་གཞོན་པའི་དུས་འདིར་གྱིས། །གཞོན་དུས་རྐང་ཞིག་འཛུག་ཐུབ་ན། །རྒས་ཀྱང་ལག་ལེན་སླ་ཚོད་རེད། །ཆོས་ཀྱི་གནད་ཅིག་གོ་བྱུང་ན། །ཅི་བྱས་ཆོས་སུ་འགྲོ་ཚོད་རེད། །བློ་སྣ་མ་མང་དྲན་ཐོག་རང། །འདི་ནས་ཆོས་ལ་ཆིག་དྲིལ་མཛོད། །རྩ་བ་བཤེས་གཉེན་ཚུལ་བཞིན་བསྟེན། །དམ་ཚིག་སྡོམ་པ་མིག་བཞིན་སྲུངས། །འདི་སྣང་འཁྲི་བ་རྦད་ཀྱིས་ཆོད། །བློ་ བཟང་རྒྱལ་བསྟན་སྙིང་པོ་ལ། །ཐོས་བསམ་སྒོམ་གསུམ་གཅིག་ཏུ ་དྲིལ། །རྒྱབ་རྟེན་བསགས་སྦྱང་ལ་འབད་ན། །སངས་རྒྱས་ལག་པའི་རྩེ་ན་ཡོད། །ཨ་རེ་དགའ་ལ་ཨ་རེ་སྐྱིད། །བུ་གཅེས་བསམ་པ་འགྲུབ་ནས་ཡོང། །བྱས་པས་གཉིས་ཀ་གྲོས་མཐུན་ཏེ། །དེ་ཡི་ཉིན་མོ་རང་ནས་བཟུང། །ཆོས་བརྒྱད་དྲི་མས་མ་སྦགས་པའི། །དམ་ཆོས་སྒྲུབ་པ་ལྷུར་བླངས་སོ། །དེ་ལྟར་རྒན་གཞོན་འཆར་སྒོ་དང། །ཉམས་ལ་དཔག་པའི་གཏམ་འདི་ཡང། །རང་གཞན་མཐའ་དག་ཉམས་ལེན་ལ། །བློ་ཁ་ཕྱོགས་པའི་རྒྱུར་གྱུར་ཅིག །རང་ལ་ཉམས་མྱོང་མ་མཆིས་ཀྱང། །སེམས་ཅན་མོས་པ་སྣ་ཚོགས་པར། །འདི་འདྲ་ཡིས་ཀྱང་ཕན་སྲིད་སྙམ། །དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས། །འདིའང་རྟོག་བཟོ་ཙམ་ཞིག་མ་ཡིན་གྱི་བཞི་བརྒྱ་པ་ལས། ཁྱོད་རིང་གསོན་པ་ལ་དགའ་ཞིང། །རྒན་ཉིད་ལ་ཁྱོད་མི་དགའ་ན། །ཨེ་མ་ཁྱོད་སྤྱོད་སྐྱེ་བོ་ནི། །འདྲ་ལ་དམ་པ་ལྟ་བུར་འགྱུར། །ཞེས་དང༌། འདིའི་འགྲེལ་པ་ཟླ་བས་མཛད་པ་ལས། མི་རྒན་པོ་འགའ་ཞིག་སྐྱེད་མོའི་ཚལ་དུ་ཞུགས་པ་ལ་གཞོན་ནུ་རྣམས་ཀྱིས་རྒན་པོ་ཁྱོད་གཟུགས་ངན་ནོ་ཞེས་
བཞད་གད་དུ་བྱེད་ཅིང་དེ་རྣམས་ཀྱིས་ཡུན་རིང་དུ་གསོན་པར་འདོད་པའང་ཡིན་ཏེ། དེའི་ཕྱིར་དེ་རྣམས་ཀྱི་སྤྱོད་པ་ནི་རྨོངས་པའི་སྐྱེ་བོ་དང་འདྲ་བ་ཁོ་ན་ལ་དམ་པ་ལྟར་འགྱུར་རོ། །དེའི་ཕྱིར་དེ་ལྟར་ན་བདག་ཉིད་ཀྱི་སྡུག་བསྔལ་རིག་པས་གཞན་འཆི་བ་ན་གཞན་དག་ཀྱང་འདི་ལྟ་བུའི་ཆོས་ཅན་ནོ་ཞེས་སྐྱོ་བ་དང་ལྡན་པར་བྱ་དགོས་སོ། །ཞེས་པའི་དགོངས་པ་གསལ་བར་བྱས་པ་ཡིན་ནོ། །