ཡང་གསང་རྡོ་རྗེའི་ཚིག་རྐང་།
ཡང་གསང་རྡོ་རྗེའི་ཚིག་རྐང་བི་ཛ་ཧ་རཾ་ཏིཥྨ༔ འདི་ཕག་མོ་དམར་མོའི་སྒྲུབ་ཐབས་ཤིག་ཏུ་འདུག་པས་མཚན་བྱང་ནོར་མིན་དཔྱད།
རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ རང་བྱུང་རང་ཤར་དཀྱིལ་འཁོར་ལྷ༔ གཅིག་དང་དུ་མ་རིག་པའི་གཤིས༔ ཡེ་དག་མཉམ་པའི་དཀྱིལ་འཁོར་ནི༔ ལུས་ཀྱི་གདན་གསུམ་དག་པ་འོ༔ སྤྲོས་མེད་རྒྱུན་གྱི་ནར་མར་ཆོག༔ བཀོད་ཅིང་བསྟར་བ་མེད་མོད་ཀྱང༔ སྟོང་ཉིད་སྙིང་རྗེའི་གདེངས་ཀྱིས་བསྐྱེད༔ ཨཱཿ རྣམ་ཐར་གསུམ་ལྡན་སྟོང་པའི་ངང༔ ཀུན་སྣང་སྙིང་རྗེའི་རང་རྩལ་རྒྱུ༔ བྃ་ཡིག་འོད་ལྔའི་ཐིག་ལེ་ཡིས༔ མཚན་པ་ཡོངས་གྱུར་སྐད་ཅིག་གིས༔ རྡོ་རྗེ་ཕག་མོ་སྐུ་མདོག་དམར༔ ཞལ་གཅིག་ཁྲོ་འཛུམ་ཉམས་བརྒྱ་འབར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ སྐུ་སྟོད་མི་ལྤགས་ཁྲག་འཛག་དང༔ དར་དཔྱངས་རུས་རྒྱན་ཁྲོ་མོའི་ཆས༔ སྐུ་སྨད་གཟིག་ཤམ་འཇའ་རིས་རྔམ༔ ཞབས་གཉིས་གར་སྟབས་ཞིང་ཆེན་བརྫིས༔ སྤྱི་གཙུག་ཕག་ཞལ་མཁའ་ལ་ངུར༔ ལུས་ལ་གནས་གསུམ་མཁའ་འགྲོ་དང༔ གནས་ཡུལ་ཉེར་བཞི་ཡུལ་ཆེན་གྱི༔ དཔའ་མོ་མཁའ་འགྲོ་ལས་ཀྱི་གྲོང༔ རྡོ་རྗེའི་བྲོ་ར་ཤིགས་སེ་ཤིག༔ གནས་གསུམ་འབྲུ་གསུམ་རང་རང་གི༔ མིང་ཡིག་ཐིག་ལེའི་འོད་ཟེར་གྱིས༔ ས་སྤྱོད་མཁའ་སྤྱོད་ཨོ་རྒྱན་ཡུལ༔ མཁའ་འགྲོ་དཔའ་མོ་གིང་ལང་ཀ༔ སྤྱན་འདྲེན་དམ་ཚིག་པ་ལ་བསྟིམས༔ སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ ཐོད་རྔ་འཁྲོལ་བཞིན་ཚིག་འདིས་འབོད༔ ཀྱཻ༔ གླིང་གི་གླིང་མཆོག་རྔ་ཡབ་གླིང༔ ཨོ་རྒྱན་མཁའ་སྤྱོད་སྤྲུལ་པའི་གནས༔ རྡོ་རྗེ་སྲིན་པོའི་གྲོང་ཁྱེར་ནས༔ སྐུ་གསུམ་མཁའ་འགྲོའི་གཙོ་མོ་མཆོག༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ རང་བཞིན་འོག་མིན་གནས་མཆོག་ནས༔ གནས་གསུམ་མཁའ་འགྲོ་གཤེགས་སུ་གསོལ༔ གནས་དང་ཡུལ་གྱི་བཞུགས་གནས་ནས༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ གནས་མཆོག་འདི་རུ་བྱིན་ཅིག་ཕོབ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཾ་ཧ་རི་ནི་ས་བཛྲ་ཝ་ར་ཧི་ས་མ་ཡཱ་ཛ་ཛཿཕཻཾ་ཕཻཾ༔ ཛཿཧཱུྃ་བཾ་ཧོ༔ གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ༔ འདུ་འབྲལ་མེད་པར་བཞུགས་གསོལ་འདེབས༔ རང་ཞལ་ལྟ་བའི་ཕྱག་བགྱི་འོ༔ འཁོར་གསུམ་རྣམ་པར་དག་པ་ཡིས༔ མཆོད་བྱ་མཆོད་བྱེད་བྲལ་བས་མཆོད༔ གསང་གསུམ་ངོ་བོ་དག་ཕྱིར་བསྟོད༔ མ་རིག་གསུམ་གྱི་རྟོག་སྒྲིབ་བཤགས༔ དོན་དམ་རང་རིག་ངོ་བོར་སྨིན༔ གདན་གསུམ་ཡེ་གྲུབ་ལྷ་རུ་གསལ༔ ཨོཾ་ཨཱཿཧཱུྃ༔ ཅི་འགྲུབ་བཟླ༔ རྡོར་བཟླས་འགོག་བཟླས་དབྱངས་ཀྱི་བཟླས༔ བྱེ་བ་གཅིག་གིས་འགྲུབ་རྟགས་འབྱུང༔ སླར་ཡང་རང་ཉིད་རྡོ་རྗེ་ཕག་མོར་གསལ་བ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ལབ་སྒྲོན་མ༔ ཞལ་གཅིག་ཞི་འཛུམ་དཀར་གསལ་ལང་ཚོ་ངོམ༔ ཕྱག་གཡས་ཌཱ་ རུ་གཡོན ་པས་དྲིལ་བུ་འཁྲོལ༔ ཞབས་གཉིས་བརྐྱང་བསྐུམ་པད་ཟླའི་གདན་ལ་རོལ༔ ཐུགས་ཀར་དགའ་འཁྱིལ་ཐུགས་དཀྱིལ་བྃ་གྱིས་མཚན༔ མཐའ་བསྐོར་སྔགས་ཕྲེང་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བའི་འོད་ཀྱིས་རྒྱལ་བ་མཆོད༔ འགྲོ་དྲུག་སྒྲིབ་སྦྱངས་དྲེགས་ཚོགས་བྲན་དུ་བཀོལ༔ ལྷ་སྔགས་ཏིང་འཛིན་ཡེ་གྲུབ་དབྱངས་ཀྱིས་བཟླ༔ བྃ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གྲངས་ཀྱི་བསྙེན་པ་བྱེ་བ་གཅིག༔ དུས་ཀྱི་བསྙེན་པ་ཟླ་བ་དྲུག༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ གཡེལ་དང་མ་ཞུད་གནད་ལ་སྦྱོར༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ༔ མཁའ་སྤྱོད་འཇའ་ལུས་འགྲུབ་པར་འགྱུར༔ ས་མ་ཡཱ༔ དེ་ནས་བསྒྲུབ་པའི་དམིགས་པ་ནི༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་གནས་གྱུར་ཏེ༔ ཡུམ་ཆེན་གསེར་མདོག་ལོངས་སྐུའི་ཆ་ལུགས་རྫོགས༔ ཕྱག་བཞིའི་ཕྱག་མཚན་ཞབས་གཉིས་དཀྱིལ་ཀྲུང་བཞུགས༔ ཐུགས་དབུས་ཟླ་སྟེང་ཧཱུྃ་མཐར་ག་ཏེས་བསྐོར༔ སྤྲོ་བསྡུས་དོན་གཉིས་བྱས་ནས་ཚུར་འདུས་པས༔ སྒྲིབ་གཉིས་བག་ཆགས་ཡོངས་དག་བདག་རྟོག་བྲལ༔ རང་རིག་བདེ་སྟོང་ཡེ་ཤེས་མངོན་གྱུར་བསམ༔ ག་ཏེ་བརྒྱ་སྟོང་ཁྲི་སོགས་གདོན་པར་བྱའོ༔ དེས་ནི་ཉམས་ཆག་རྟོག་སྒྲིབ་སྦྱང༔ ཕྱི་མར་མཁའ་སྤྱོད་ས་ལ་རེག༔ རང་རིག་ཡུམ་དོན་ཆོས་སྐུར་གྲོལ༔ ས་མ་ཡཱ༔ ལས་སྦྱོར་དམིགས་པ་འདི་བཞིན་སྒོམས་ཤིག༔ ཐུགས་ཀའི་ཡུམ་ཆེན་གནས་གྱུར་རྗེ་བཙུན་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མ་མར་གད་མདོག༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་བཞད་མདངས་ལྡན༔ ཕྱག་གཉིས་མཆོག་སྦྱིན་དཀོན་མཆོག་གསུམ་མཚོན་རྒྱ༔ ཨུཏྤལ་འཁོར་ལོས་མཚན་པ་སྙན་ཐད་གྱེས༔ ཞབས་གཉིས་རྟ་བབས་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཐུགས་དབུས་ཨུཏྤལ་ཟླ་སྟེང་ཏཱཾ་ཀྱི་མཐར༔ གསང་སྔགས་ཡི་གེ་བཅུ་དྲུག་བཀླགས་ཕྱོགས་འཁོར༔ འོད་ཟེར་སྤྲོ་བསྡུས་འཇིགས་བརྒྱད་བཅུ་དྲུག་གི༔ གདོན་དང་བར་ཆད་གཡུལ་ངོ་དབྱིངས་སུ་བཟློག༔ གསང་སྔགས་མཐར་ཕྱིན་འཇའ་ལུས་འོད་སྐུར་གྲོལ༔ བཟླས་པ་བྱེ་ཆེན་གནད་དུ་བསྣུན༔ སྤྲོ་ན་ལས་སྦྱོར་ཤམ་འདོག་ནི༔ གཞུང་གཞན་དག་ལས་ཤེས་པར་གྱིས༔ ས་མ་ཡཱ༔ དེ་ནས་དེ་ཡི་རྗེས་འབྲེལ་དུ༔ ཚོགས་བསགས་རིམ་པ་འདི་ན་སྤེལ༔ རང་གི་ལོངས་སྤྱོད་དངོས་རྫས་རྣམས༔ གྱ་ནོམ་བཤམས་སམ་ཡུལ་ཕྱོགས་ཀྱི༔ འདོད་དགུ་བློ་ཡིས་རབ་བླངས་ནས༔ རྩ་གསུམ་སྲུང་མའི་ཚོགས་ལ་འབུལ༔ དང་པོ་བྱིན་རླབས་འདི་བཞིན་བརྗོད༔ རཾ་ཡཾ་ཁཾ༔གིས་ཚོགས་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱང་སྤེལ་བསྒྱུར༔ ཕུན་ཚོགས་ལོངས་སྤྱོད་ཚོགས་ཀྱི་ཞིང་མཆོག་ཏུ༔ རྩ་གསུམ་ཆོས་སྐྱོང་དཀར་ཕྱོགས་གཞི་བདག་དང༔ ཁྱད་པར་རྡོ་རྗེ་ཕག་མོ་མ་ཅིག་མ༔ ཡུམ་ཆེན་ཤེར་ཕྱིན་རྗེ་བཙུན་ཏཱ་རེ་མ༔ གནས་གསུམ་མཁའ་འགྲོ་ཀླུ་རྒྱལ་ཟླ་སྐྱོང་དང༔ ཤམ་པོ་གཟའ་བདུད་ཟངས་རི་འབར་བ་བདུན༔ ཚོགས་ཀྱི་མགྲོན་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཤྲཱི་དྷརྨ་པ་ལ་བྷུ་མི་པ་ཏི་བཛྲ་ས་མཱ་ཡ་ཛ་ཛ༔ ས་མ་ཡཱ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏིཥྩ་ཧོ༔ ཧཱུྃ་ཧྲཱིཿ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་བྱེ་བྲག་འདི༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན་གྱིས་རོལ༔ མ་ཚང་མེད་པ་རྩ་གསུམ་མ་ཅིག་མ༔ ལབ་སྒྲོན་འཁོར་བཅས་མཆོད་དོ་དགྱེས་པར་རོལ༔ མ་ཧཱ་ག་ན་ཙཀྲ་ཁཱ་ཧི༔ ཧཱུྃ་ཧོ༔ སྔོན་ཚེ་དུས་ནས་ཐ་མ་ཡན་ཆད་དུ༔ མི་དགེ་འགལ་འཁྲུལ་ཉམས་ཆག་འགལ་ཉམས་འདས༔ རལ་བའི་བཀའ་ཆད་མི་བཟོད་དམྱལ་བའི་རྒྱུ༔ སྙིང་ནས་མི་འཆབ་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨ༔ ཡི་གེ་བརྒྱ་པས་དག་པར་སྦྱངས༔ ཚོགས་བསྒྲལ་དམིགས་བྱ་འགུག་གཞུག་དང༔ རང་ཉིད་ཁྲོས་མའི་གསལ་བརྟན་གྱིས༔ བྷྱོ་ཛཿཕཊ༔ བདག་ཉིད་ཁྲོས་མའི་གསལ་བརྟན་ཏིང་འཛིན་གྱིས༔ དམིགས་བྱ་འགུགས་ཤིང་ཞིང་བཅུ་དངོས་སུ་གསལ༔ ཚེ་བསོད་རང་བསྟིམ་རྣམ་ཤེས་ཕཊཿཀྱིས་བསྐུལ༔ སྐྱེ་མེད་ཡུམ་གྱི་མཁར་བསྐྲུན་རྒྱལ་སྲས་གྱུར༔ རང་བྱུང་རིག་པའི་བརྟུལ་ཞུགས་མཚོན་ཆེན་གྱིས༔ དགྲ་བགེགས་གཟུགས་ཕུང་རྡུལ་ཕྲན་བཞིན་དུ་བརླག༔ ཤ་ཁྲག་དྭངས་མ་བདུད་རྩིའི་བཅུད་ཆེན་པོ༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབ་བོ་བཞེས༔ དུག་ལྔ་ཡེ་ཤེས་ལྔ་རུ་གྲོལ་བར་མཛོད༔ ཧ་ལ་པཉྩ་པཱུ་ཛ་ཧོ༔ བསྐང་བ་རང་གཞུང་གདོན་པས་འཐུས༔ ས་མ་ཡཱ༔ ལྷག་མ་ཡེ་ཤེས་བདུད་རྩིས་བྲན༔ ཕཻམ་གྱིས་མགྲོན་འགུགས་ཚིག་འདིས་བསྔོ༔ ཧཱུྃ་ཧོ༔ ཚོགས་ཀྱི་ལྷག་མ་སྡུད་པའི་ཕྲ་མེན་མ༔ དབང་ཕྱུག་བསྟན་མ་རྡོ་རྗེ་གིང་ལང་ཀ༔ འབར་མ་བདུན་དང་གཉན་སའི་ལྷ་འདྲེ་རྣམས༔ འདོད་ཡོན་ཡེ་ཤེས་ཚོགས་ཀྱི་ལྷག་མ་ལོངས༔ ས་ལམ་ཉམས་རྟོགས་འཕེལ་བའི་གྲོགས་དན་མཛོད༔ རྡོ་རྗེའི་གཡར་དམ་མ་འཆོལ་ས་མ་ཡཱ༔ ཡ་ཧི་གཙྪ༔ དེ་རྗེས་ཆད་མདོ་བསྟན་མ་སྐྱོང༔ སྔར་གྱི་སྒྲོལ་མའི་ཆ་ལག་བཞིན༔ ས་མ་ཡཱ༔ རྗེས་ལ་བསྡུ་རིམ་ལྷ་ལྡང་བྱ༔ དགེ་བསྔོ་ཤིས་པས་མཐའ་བརྒྱན་ནོ༔ ས་མ་ཡཱ༔ རྡོ་རྗེ་ཕག་མོའི་སྒྲུབ་ཐབས་འདི༔ རིག་འཛིན་ལུང་གི་མཚན་ཅན་དང༔ འཇམ་དབྱངས་ཉི་མའི་བཞེད་སྐོང་དུ༔ ཟོག་པོ་ས་ར་ཧི་ཏས་བྲིས༔ ཟབ་མོ་གཅོད་ཀྱི་བསྟན་པ་དར༔ སྐྱེ་དགུའི་གཉེན་དུ་འགྱུར་བར་ཤོག༔ བཱི་ཛ་ཧ་རཾ༔