སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་པ་འཇམ་དབྱངས་དགོངས་རྒྱན་དྷརྨ་ཀིརྟིས་མཛད་པ།
༄༅། སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་བ་འཇམ་དབྱངས་དགོངས་རྒྱན་བཞུགས། ན་མོ་ཨཱརྱ་ཏཱ་རེ་ཡེ། བཅོམ་ལྡན་འཕགས་མ་སྒྲོལ་མ་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་ཀྱི་མཆོག་གྱུར་དགེ་འདུན་ལ། །ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །སེམས་ཅན་ལ་དམིགས་བྱམས་སེམས་དང་། །སྙིང་རྗེ་ཆེ་དང་མི་འབྲལ་ཕྱིར། །སྒྲོལ་མ་འཇིགས་ཚོགས་རང་གྲོལ་འདི། །སྐྱེས་མཆོག་རྣམས་ལ་བསྙད་པར་བྱ༔ དེ་ལ་འདིར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་སྐྱེ་འགགས་དང་བྲལ་བ་ངོ་བོ་ཡེ་ནས་དག་པ་ནམ་མཁའ་ལྟ་བུ་རུ་རྐྱེན་གྱིས་མ་བསྐྱེད་པའི་འདུས་མ་བྱས་པ་དེ་ལ་སྟོན་པ་བདེ་བར་གཤེགས་པའི་གསུང་གི་གསང་བ་ཟབ་མོ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་བསྟན་པའི་མདོ་སོགས་ལས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་རྒྱ་ཆེར་བཤད་པ་དེ་ཉིད་གསང་སྔགས་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་སུ་གདོད་མའི་ཡེ་གཞིའམ་གཞི་གནས་རང་བྱུང་གི་རིག་པ་ཞེས་བཤད་དེ་དེའི་མཚན་ཉིད་ཀྱང་། ངོ་བོ་ཡེ་ནས་དག་ཅིང་དྲི་མ་གློ་བུར་བ་གཤིས་ལ་མ་ཞུགས་པས་དྭངས་པ། སྟོང་པ་ཕྱང་ཆད་ལྟ་བུ་མ་ཡིན་པས་རང་བཞིན་གྱིས་འོད་གསལ་བ། ཡོད་མེད་ལ་སོགས་པའི་ཕྱོགས་སུ་མ་ལྷུང་ཞིང་སྤྲོས་པ་ཐམས་ཅད་དང་བྲལ་བས་མི་འཁྲུགས་པ། རྒྱུ་རྐྱེན་གྱིས་མ་བཅོས་པར་བསྟན་ཏེ། ཏིང་འཛིན་རྒྱལ་པོའི་མདོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། དེ་ཉིད་འཁོར་ལོ་བར་མའི་མདོ་རྣམས་སུ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་བསྟན་ཏེ། ཚངས་པ་ཁྱད་པར་སེམས་གྱིས་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ་བླང་བ་མེད་པ་དང་དོར་བ་མེད་པའི་རང་བཞིན་ཏེ་དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །ཞེས་སོགས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། གདོད་མའི་གཞི་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་དེ་ཉིད་ངོ་བོ་སྟོང་པ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ཉི་ཟླ་ལྟ་བུ། ཐུགས་རྗེ་ཁྱབ་པ་འོད་ཟེར་ལྟ་བུ། དེ་གསུམ་ངོ་བོ་དབྱེར་མེད་པ་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་རྟག་པར་འཕོ་བ་དང་འགྱུར་བ་མེད་པའི་དབྱིངས་སུ་གནས་ཏེ་ཞེས་སོགས་ནས། འཁོར་འདས་གང་ཡང་མ་ཡིན་ལ། གོ་འབྱེད་པའི་ཆ་ནས་དབྱིངས་རང་བཞིན་རྣམ་དག་ཆེན་པོ་ཞེས་བཏགས་པའོ། །ཞེས་གསུངས་པ་ལྟར་ཡེ་གཞི་རིག་སྟོང་མཐའ་བྲལ་དེ་ཉིད་སྟོན་པར་བཞེད་ནས། ཐོག་མར་ཨཱ༵ཿཞེས་པས་ངེས་པའི་དོན་གཙོ་བོར་སྟོན་པ་སྐྱེ་བ་མེད་པའི་ཚིག་གིས་མཚོན་པ་སྟེ། དེ་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྫོད་པ་སྤངས་པ་སྟེ། །ཞེས་གསུངས་པ་ལྟར་དང་། དེ་ལྟར་ངོ་བོའི་ཆ་ནས་སྣང་སྟོང་གི་ཕྱོགས་གང་དུའང་ལྷུང་བ་མེད་པའི་སྟོང་ཉིད་མཐའ་གྲོལ་གྱི་ཡེ་ཤེས་ཆེན་པོ་དུས་གསུམ་འཕོ་འགྱུར་མེད་པ་དེའི་ངང་ལས་སྣང་སྲིད་གཞིར་བཞེངས་ཀྱི་རྒྱལ་བའི་དཀྱིལ་འཁོར་དུ་ཡེ་ནས་རྫོགས་པ། དཔལ་ཆེན་ཞལ་ལུང་ལས། ལྷ་ཉིད་བྱང་ཆུབ་སེམས་དངོས་ལ། ། སེམས་ཉིད་སངས་རྒྱས་ཤེས་པ་ཡིས། །བསྐྱེད་དུ་མེད་དོ་ཡེ་ནས་ཡིན། །ངེས་མེད་ཅིར་ཡང་འཆར ་བ་ལ། །མ་བཀག་མ་བསྒྲུབ་རང་བཞིན་གསལ། །བསམ་བརྗོད་བྲལ་བའི་རང་མདངས་ལ། །མཚན་དཔེའི་ཕྱག་རྒྱ་ཅིར་ཡང་སྣང་། །སྣང་ཙམ་ཉིད་ནས་མ་གྲུབ་སྟོང་། ཞེས་དང་། རྒྱུད་ལས་ཀྱང་། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མ་བརྙེས་སོ། །ཞེས་པ་ལྟར་མ་དག་འཁྲུལ་བའི་སྣང་ངོར་འབྱུང་བཞི་འདུས་པའི་སྒྱུ༵་ལུ༵ས་གྱི་ཕུང་པོ་འདི་ཉིད་སྡུག་བསྔལ་བདེན་པས་བསྡུས་པར་སྣང་ཡང་། དག་མཉམ་གཞིའི་གནས་ལུགས་ཀྱི་ཀློང་ན་ཡེ་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་བསྐྱེད་ཡེ་རྫོགས་སུ་ལྷའི་ཕྱག་རྒྱར་སྣང་སྲིད་ད༵ག་པ༵་ར༵བ་འབྱ༵མས་སུ་ལྷུན་གྱིས་གྲུབ་པའི་ཀློ༵ང་ཆེན་པོ། སྙིང་ཁའི་པདྨོའི་དབུ༵ས་གཡུ༵་ལོ༵་བཀོ༵ད་པ༵འམ་ལས་རབ་རྫོགས་པའི་ཞིང་ནི། ཕྱི་ལྟར་ན་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་འཛམ་བུའི་གླིང་གི་ཡུལ་དབུས་སུ་མ་གཱ་དྷའམ་རྡོ་རྗེའི་གདན་དུ་མངོན་པར་འཚང་རྒྱ་བ་ལྟར། ནང་ལྟར་ན་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཀྱི་མན་ངག་ལ་བསྟེན་ནས་མངོན་པར་འཚང་རྒྱ་བའི་གནས་སྙིང་ཁ་ཆོས་ཀྱི་འཁོར་ལོ་རྡོ་རྗེ་གདན་ཆེན་པོ་ཡིན་པར་བཤད་དེ། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། སྙིང་ཁའི་པདྨོའི་སྦུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །ཞེས་པའི་རང་སྣང་དོན་གྱི་འོག་མིན་དུ་སངས་རྒྱས་པ་ན༵། ཆོས་དབྱིངས་དྲི་མེད་ཀྱི་རི༵ག་པ༵་སྐུ༵་གསུ༵མ་རང་ཆས་ཀྱི་རྗེ༵་བཙུ༵ན་འཕགས་མ༵་སྒྲོལ་མར་སྣང་བ་ཡང་། ཐུགས་ཐིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །ཞེས་དང་། ཉོན་མོངས་པའི་རྟོ༵ག་ཚོ༵གས་ཐམས་ཅད་ཀྱང་། གཞི་རྒྱུད་ལས། རང་བཞིན་ཤེས་པས་མི་སྤང་སྟེ། །རང་རིག་ཡེ་ཤེས་ཉིད་ཡིན་ནོ། །ཞེས་པ་ལྟར། མ་སྤངས་ཡེ་གྲོལ་ཏཱ༵་རེ༵་སྟེ་སྒྲོལ་མ་ཉི༵་ཤུ༵་རྩ་གཅི༵ག་གི་རང་བཞིན་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངང་ནས་ཚིག་གིས་གསལ་འདེབས་པ་དང་། སྤྲོས་པའི་བློས་བཅོས་པ་སོགས་ལ་མི་ལྟོས་པར་གདོད་ནས་རང་བྱུང་འདུ༵་འབྲ༵ལ་མེ༵ད་པ༵ར་བསྐྱེད་རྫོགས་དབྱེར་མེད་པ་ལྷ་སྔགས་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་གསོ༵ལ་བ༵་འདེ༵བས་ཞེས་དང་། སེམས་ཅན་རྣམས་ཀྱིས་གཟུ༵ང་བའི་ཡུལ་ལ་འཛི༵ན་པའི་སེམས་ཆགས་པ་ལ༵ས་བྱུ༵ང་བའི་རྨི་ལམ་བཞིན་དུ་རིགས་དྲུག་བརྒྱུད་མར་འཁོར་བ་རྣམས་ལ་ནད་དང་མུ་གེ། མེ་དང་ཆུ་བོ། དམག་དང་མཚོན་ཆ། རྒྱལ་པོའི་ཆད་པ་དང་། དུས་མིན་དུ་འཆི་བ་སྟེ། གནས་སྐབས་སུ་འཇི༵གས་པ༵་བརྒྱ༵ད་དང་མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པའི་འཇིགས་པ་མཐའ་དག་ལས་སྐྱོ༵བས་ཤི༵ག བྱར་མེད་བརྗོད་བྲལ་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་འདོ༵ད་དོ༵ན་ལྷུ༵ན་གྱིས་གྲུ༵བ་ན༵ས། ཚོ༵གས་ཆེ༵ན་ཡེ་རྫོགས་ཆོས་ཟད་བློ་འདས་ཀྱི་ས༵་ལ༵་ཕྱིན་ཏེ། ལྷུ༵ན་རྫོ༵གས་ཀུན་ཏུ་བཟང་པོའི་གོ་འཕང་མཆོག་བརྙེས་ནས་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་སྐུས་ཕྱོགས་དུས་ཀྱི་མུ་མཐའ་ཇི་སྲིད་དུ་འགྲོ་བ་ཀུན་གྱི་ཕན་བདེའི་དོན་ཀུན་འཇོ་བའི་ཡིད་བཞིན་ནོར་བུ་ལྟ་བུའི་འབྲས་བུའི་མཐར་ཐུག་འབད་མེད་དུ་འགྲུབ་པར་ཤོ༵ག་ཅིག ཅེས་པའོ། །སླར་སྨྲས་པ། །ཕྱི་ཡི་སྒྲོལ་མ་ཉེར་གཅིག་ཚར་དུ་དངར། །ནང་གི་སྒྲོལ་མ་མཆོག་གསུམ་དངོས་སུ་གྲུབ། །གསང་བའི་སྒྲོལ་མ་རང་རིག་རྗེ་བཙུན་མར། །སྙིང་ནས་འདུད་དོ་བདག་སོགས་མཁའ་མཉམ་འགྲོ། །གནས་སྐབས་འགལ་རྐྱེན་འཇིགས་བརྒྱད་གཡུལ་ལས་རྒྱལ། །བཀྲ་ཤིས་དཔལ་འབར་བདེ་འགྲོའི་རྟེན་བཟང་རྙེད། །མཐར་ཐུག་སྒྲིབ་གཉིས་དྲི་མ་ཀུན་བྱང་ནས། །བླ་མེད་བྱང་ཆེན་མྱུར་དུ་ཐོབ་པར་ཤོག། ཅེས་སྒྲོལ་མ་འཇིགས་ཚོགས་རང་གྲོལ་གྱི་འགྲེལ་བ་འཇམ་དབྱངས་དགོངས་རྒྱན་ཞེས་བྱ་བ་འདི་ཡང་ལུགས་ཟུང་གི་བྱ་བས་རྟག་ཏུ་བཏང་ཡང་ཆོས་བརྒྱད་ཀྱི་འཇའ་རིས་ལ་ཡང་ཡང་ཞེན་པའི་ཆོས་མེད་སྤྲང་སྨྱོན་དྷརྨ་ཀིརྟིས་སྒྲུབ་སྡེ་འོད་གསལ་གླིང་དུ་སྦྱར་བ་ཐོག་མཐའ་བར་གསུམ་དུ་དགེ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།