Nitartha Digital Library
Tibetan
ཀུན་མཁྱེན་དོལ་པོ་པའི་གསུང་འབུམ།

11 occurrences of ཏུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ཆོས་མཆོག་ཆེན་པོའི་དམིགས་རྣམ་ནི།
  
 
  
  
  
  
  
 
  
  
  
  
  
 
 


11 occurrences of ཏུ་བཟང་
[Clear Hits]

 
previousཆོས་མཆོག་ཆེན་པོའི་དམིགས་རྣམ་ནི། next

ཆོས་མཆོག་ཆེན་པོའི་དམིགས་རྣམ་ནི།

གསུམ་པོ་ཕན་ཚུན་ངོ་བོ་གཅིག །ཏིང་འཛིན་རྣམ་པར་མི་རྟོག་པ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །སྨྲས་པ། ཚེ་དང་ལྡན། དེ་ནས་ཕྲེང་ཕྱེད་དང་གསུམ་ལྷག་ན། བྱང་ཆུབ་སེམས་དཔའོ། །དོན་དམ་གྱི་ཆོས་ཐམས་ཅད་དུ་ནི་དེ་བཞིན་ཉིད་ཙམ་བདག་ཉིད་གཅིག་པའི་ཕྱིར། དེ་སྐད་ཅེས་བྱའོ། །ཞེས་དབུ་མ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་གཉིས་ལྷག་པ་ན། ཏིང་ངེ་འཛིན་ཡིན་ན། དེ་དག་ཐ་དད་མེད་པས། དེ་ལ་བྱང་ཆུབ་སེམས་དཔའ་དང༌། ཏིང་ངེ་འཛིན་ཐ་དད་དུ་བྱ་སྟེ། བསྟན་པར་ནུས་སམ། ཞེས་དྲིས་པས་རབ་འབྱོར་གྱིས་སྨྲས་པ། ཏིང་ངེ་འཛིན་གྱི་མཚན་ཉིད་ཐ་དད་པ་མེད་པའི་ཕྱིར། ཚེ་དང་ལྡན་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཏིང་ངེ་འཛིན་ཡིན་ཏེ་རྣམས་ལ་ཉན་ཐོས་བཞིན་དུ་འདུ་ཤེས། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཀུན་བཏགས་ཀྱི་ཆོས་ཐམས་ཅད་འཁྲུལ་ལུགས་ལ་ཡོད་ཀྱང་གཤིས་ལུགས་ལ་མེད་པའི་ཕྱིར། རིགས་ཀྱི་བུ། དེ་གཤིས་ལུགས་དང་མཐུན་པའི་ཏིང་ངེ་འཛིན། དེ་ནས་ཕྲེང་གཉིས་ལྷག་ན། གཞི་དང་། དེ་ནས་བཅོམ་ལྡན་འདས། དེ་ནས་ ཕྲེང་གཅིག་ལྷག་ན། བཤད་པ་ནི། རྣམ་པར་མི་རྟོག་པར་བཤད་པ་འདི་དང་མཐུན་པ་འདི་ཡིན་ནོ། །ཞེས་བྱ་བ་ལ་སོགས་ཉོན་མོངས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལས་བྱ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། རྣམ་པར་མི་རྟོག་པ་ལ་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་མེད་པ་ལ་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་བས་ན་རྣམ་པར་མི་རྟོག་པ་ཉིད་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས་ཀྱང༌། དེ་ལྟར་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཕ། དེ་ནས་ཤོག་གུ་ལོགས་གཅིག་ནས། བསླབ་པར་བྱའོ། །ཞེས་བྱ་བས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སློབ་པ་བསྟན་ཏོ། །དེ་ནས་ཚེ་དང་ལྡན། དེ་ནས་ཕྲེང་གཅིག་ན། ཚུལ་གྱིས་སློབ་བོ། །སྐབས་ཐམས་ཅད་དུ་དམིགས་པའི་ཚུལ་གྱིས་ཞེས་པ་ཐམས་ཅད་རླུང་སེམས་འགྱུར་བཞིན་པ་དང༌། མི་དམིགས་པའི་ཚུལ་གྱིས་ཞེས་པ་ཐམས་ཅད་རླུང་སེམས་འགགས་པའི་ཡེ་ཤེས་ལ་གོ་བར་བྱ་སྟེ། བྱ་རྒོད་ཀྱི་ལྟ་ལུགས་ཀྱིས་སོ། །བསམ་གཏན། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བརྒྱད་ན། མི་དམིགས་པར་སློབ་པ་གསལ་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ན། མཐོང་བ་པོ་མི་དམིགས་སོ། །ཞེས་པས་གང་ཟག་མི་དམིགས་པས་བསྟན་ནས། ཆོས་མི་དམིགས་པ་བསྟན་པ་དག་པའི་ཕྱིར། ཞེས་མཐར་ཕྱིན་པའི་རྣམ་པར་དག་པའི་གཏན་ཚིགས་སུ་གྱུར་པ་ཉེ་བར་བཟུང་ནས། གཟུགས། དེ་ནས་ཤོག་གུ་གཉིས་ཕྲེང་གསུམ་ན། དེའི་ངོ་བོ་ཉིད་ཞུ་བའི་ཕྱིར། གསོལ་པ། བཅོམ་ལྡན་འདས་གང་ལགས། ཞེས་བྱ་བ་ཞུས་པ་དང༌། དེ་ནས་ཡོངས་སུ་གྲུབ་པ་དྲི་མ་མེད་པ་དེ་བཞིན་ཉིད་ལ་རྣམ་པར་དག་པའོ། །ཞེས་བྱ་བ་བསྟན་པའི་ཕྱིར། དེ་ནས་ཕྲེང་གཉིས་ཅུང་མེད་ན། ཞེས་བྱ་སྟེ། ཞེས་བྱ་བ་གསུངས་སོ། །སྔོན་དེ་བཞིན་ཉིད་དྲི་མ་དང་བཅས་པའི་གནས་སྐབས་ན་ནི་ཀུན་ཏུ་རྟོག་པས་ཆོས་རྣམས་སྐྱེ་བ་དང༌། འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བར་འགྱུར་རོ།། སྐྱེས་པ་རྣམས་འབྱུང་ཞིང་བྱུང་ནས་ཀྱང་དེ་ལྟ་དེ་ལྟར་དམིགས་པར་འགྱུར་ལ། དེ་ལྟ་དེ་ལྟར་མངོན་པར་འདུ་བྱེད་པར་འགྱུར་རོ། །དྲི་མ་མེད་པའི་གནས་སྐབས་ན་ནི་དེ་བཞིན་ཉིད་དེ་ལ་ཆོས་ཐམས་ཅད་ཀྱི་སྐྱེ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ་སྐྱེ་བ་མེད་པས་འགག་པ་ཡང་མེད་དོ། །དྲི་མ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དང་འབྱུང་བ་མེད་པར་འགྱུར་རོ།། འབྱུང་བ་མེད་པས་དམིགས་སུ་མེད་དོ། །དམིགས་སུ་མེད་པའི་ཕྱིར་མངོན་པར་འདུ་བྱ་བ་མེད་དེ། འདི་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཞེས་དབུ་མ་པ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཕྲེང་གཉིས་ན། ཆེན་པོ་ནི། དྲི་མ་མེད་པའི་གནས་སྐབས་ན་ཆོས་ཐམས་ཅད་མ་མཐོང་བའི་ཕྱིར། ཆོས་གང་ལ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་གསུངས་ཏེ། ཀུན་བཏགས་པའི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་བསྟན་ཏོ། །ཞེས་དབུ་མ་པ་གསུངས། དེ་ལྟར་ཡོད་དེ། ཞེས་བྱ་བ་ནི་ཀུན་བཏགས་པའི་དངོས་པོ་མེད་པའི་རྣམ་པ་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པར་བསྟན་པའོ། །ཞེས་དབུ་མ་པ་གསུངས། མེད་ཅེས་བྱའོ། །ཞེས་པའི་འདི་ཡི་དོད་དུ་མ་རིག་པ་ཞེས་བྱའོ། །ཞེས་ཁྲི་བརྒྱད་སྟོང་པ་དང༌། དབུ་མ་པ་ཆེན་པོའི་གནོད་འཇོམས་དང་གྲོལ་སྡེ་གཉིས་ཀྱི་འགྲེལ་པར་བྱུང༌། དབུ་མ་པ་ཆེན་པོ་བྱམས་མགོན་གྱིས། དབུ་མ་ཆེན་པོའི་གཞུང༌། མདོ་སྡེའི་རྒྱན་དུ། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་དང༌། འགྲོ་བ་དག་ན་དེ་ལས་གཞན་ཡང་ཅུང་ཟད་ཡོད་མིན་ལ། །འགྲོ་བ་མ་ལུས་པ་ཡང་དེ་ལ་ཀུན་ཏུ་རྨོངས་པའི་བློས། །ཡོད་པས་ཀུན་ནས་སྤངས་ཏེ་མེད་ལ་མངོན་ཞེན་གང་ཡིན་པ། །འཇིག་རྟེན་རྨོངས་པའི་རྣམ་པ་ཚབས་ཆེན་འདི་ཀོ་ཅི་ལྟ་བུ། །ཞེས་དང༌། དབུ་མ་ཆེན་པོའི་གཞུང་ཆོས་དང་ཆོས་ཉིད་རྣམ་པ་འབྱེད་དུ་ཡང༌། དེ་ལ་ཆོས་ཀྱི་མཚན་ཉིད་ནི། །གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བ་ཡང་དག་མ་ཡིན་པའི། །ཀུན་རྟོག་པ་སྟེ་མེད་སྣང་ཕྱིར། །དེས་ན་ཡང་དག་མ་ཡིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང༌། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །ཞེས་དང༌། མེད་པ་སྣང་ཕྱིར་འཁྲུལ་བ་ནི། །ཀུན་ནས་ཉོན་མོངས་རྒྱུ་ཡིན་ནོ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཡོད་པའང་སྣང་བ་མིན་ཕྱིར་རོ། །མེད་སྣང་དག་ལས་གང་རུང་ཞིག །མེད་ན་འཁྲུལ་དང་མི་འཁྲུལ་དང༌། །དེ་བཞིན་ཀུན་ནས་ཉོན་མོངས་དང༌། །རྣམ་པར་བྱང་བ་མ་འཐད་དོ། །ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་གཉིད་ཀྱིས་མཐོང་མ་ཡིན། །ཞེས་གསུངས་ལ། དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། ཡང་དག་པར་མ་རིག་པ་སྟེ། ཡང་དག་པ་མ་ཡིན་པར་རིག་ཅིང༌། ཤེས་པ་ནི་མ་རིག་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་སྐབས་འདིའི་འགྲེལ་པར་གསུངས་པ་རྣམས་དགོངས་པ་གཅིག་སྟེ། གཡུ་རྙིང་ལྟ་བུ་རྫོགས་ལྡན་གྱི་ཆོས་ཡིན་པའི་ཕྱིར། གསུམ་ལྡན་མར་བཅད་ཀྱི་ཆོས་སྐྱོན་ཅན་གཡུ་སར་ལྟ་བུ་རྣམས་དང༌། མི་མཐུན་ཡང་སྐྱོན་མེད་དོ། །དེ་ནས་ཕྲེང་བཞི་ཅུང་མེད་ན། ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ལྟ་སྟེ། འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་མེད་ཅིང་ཡང་དག་པ་མ་ཡིན་ཡང༌། དེ་ཡང་དག་པ་དང་ཡོད་པ་བཞིན་དུ་འཛིན་ཏེ། དེའི་ཕྱིར་དེ་ཡང་དག་པར་མ་རིག་པ་སྟེ། ཡང་དག་པར་མི་ཤེས་པས་མ་རིག་པ་ཞེས་བྱའོ། །ཞེས་བསྟན་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་བཀའ་སྩལ་ཏོ། །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་བུ་བདུན་ཕྲེང་ཕྱེད་དང་བཅུ་གཉིས་ན། བམ་པོ་གཉིས་པ། དེ་ནས་ཤོག་གུ་དགུ་ན། རྟག་པ་མཐའ་ལས་ཆགས་པས། ཞེས་བྱ་བ་གསུངས་ཏེ། མ་རིག་པའི་དབང་གིས་ཡོད་པའི་རྣམ་པར་མངོན་པར་ཞེན་ནས། སྲེད་པའི་དབང་གིས་རོ་མྱང་བར་བྱ་བའི་སྒོ་ནས། མངོན་པར་ཞེན་ཏེ། རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་དག་མི་ཤེས། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་གཉིས་ན། དེ་དག་ནི་དོན་དམ་པའི་དབྱིངས་ལས་མ་དད་པས། ཡིད་མི་བྱ་བར་རང་བཞིན་གྱིས་སྟོང་པ་ལ་ཡིད་མི་ཆེས་སོ། །ཚོར་བ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དང་བརྒྱད་ན། དེ་དག་ནི་ཡིད་མི་ཆེས་པས་ཐབས་ཤེས་རབ་དང་མི་ལྡན་པའི་ཕྱིར། གནས་པ་མ་ཡིན་པ་སྟེ། དེ་ནས་ཤོག་གུ་གཉིས་དང་ཕྲེང་ཕྱེད་དགུ་ན། བྱིས་པ་ཞེས་བྱའོ། །དེ་ནས་ཤོག་གུ་བདུན་དང་ཕྲེང་ལྔ་ལྷག་ན། དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཉིས་ན། བམ་པོ་གསུམ་པ། དེ་ནས་ཤོག་གུ་དྲུག་ལ་ཕྲེང་ཅིག་ཆད་པ་ན། འབྱུང་བར་ཤེས་པར་བྱའོ། །དེ་རྣམས་ཀྱིས་ཀྱང་ལ་ཟློ་བ་མཉམ་གཞག་ཟབ་མོའི་སྐབས་རྟོག་པ་ཐམས་ཅད་དང་བྲལ་བ་བསྟན་ཏོ། །ལེའུ་དྲུག་པ།། །།

༈ ཞེས་བྱ་བར་མི་དམིགས་པར་སློབ་པ་བསྟན་ཏོ། །རྫས་དང་། དེ་ནས་ཚེ་དང་ལྡན་པ། དེ་ནས་ཤོག་གུ་ལྔ་ལ་ཕྲེང་ཕྱེད་དང་གཉིས་ཆད་པ་ན། གསོལ་པ་དང༌། འདི་ལ་ཡང་གནས་བརྟན་གྱིས་དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་གལ་ཏེ་མི་དམིགས་པར་སྦྱོར་བས་དངོས་པོ་མ་མཆིས་པའི་ཆོས། དངོས་པོ་མ་མཆིས་པའི་ཆོས་རྣམས་ལ་བསླབ་ནས། ངེས་པར་འབྱུང་བར་འགྱུར་བ་དེ་ལྟ་ན་ནི། ཤིན་ཏུ་མ་མཆིས་པའི་ཆོས་སྒྱུ་མའི་སྐྱེས་བུས་ཀྱང༌། སྒྱུ་མར་བགྱིས་པས་རྣམས་ལ་མི་དམིགས་པའི་ཡིད་ལ་བགྱིས་པས་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་ཞིང༌། རྗེས་སུ་ཐོབ་པར་འགྱུར་རོ། །སྙམ་མམ། དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མའི་ཆོས་རྣམས་དང་གཟུགས་ལ་སོགས་པ་ཐ་དད་པ་ཅིར་ཡང་མེད་དེ། ཇི་ལྟར་སྒྱུ་མའི་ཆོས་རྣམས་ལ་བསླབ་པའམ། ངེས་པར་འབྱུང་བ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བསླབ་པའམ། དེ་དག་ལ་ངེས་པར་འབྱུང་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་མེད་དེ། སྒྱུ་མ་དང་མཚུངས་པ་དང་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས། དེ་ནས་ཕྲེང་གཅིག་ལྷག་ན། ཡིན་སྙམ་མམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པར་མཐོང་བ་དག་ལ་ནི། གཟུགས་ལ་སོགས་པའི་ཀུན་བཏགས་པའི་ཆོས་རྣམས་སྒྱུ་མ་ལས་ལོགས་ཤིག་ན་མེད་དོ། །ཞེས་བསྟན་པའི་ཕྱིར་རོ། །དེ་ནས་ཤོག་གུ་དྲུག་དང་ཕྲེང་བཅུ་ན། བམ་པོ་བཞི་པ། དེ་ནས་ཤོག་གུ་དྲུག་དང་ཕྲེང་ཕྱེད་དང་བརྒྱད་ན། ཐམས་ཅད་མཁྱེན་པ་ཉིད་དོ། །ཞེས་བྱ་བའི་བར་གྱིས་གཞུང་གིས་བསྟན་ཏེ། ཐམས་ཅད་ཀྱང་ཀུན་བཏགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དངོས་པོ་མེད་པའི་ངོ་བོ་ཉིད་དུ། སྒྱུ་མ་དང་ཐ་དད་པ་མེད་དོ། །ཞེས་པའི་མཚན་རིངས་གསུམ་དབུ་མ་པ་ཆེན་པོ་ནས་གསུངས་ཏེ། ཡུམ་གྱི་སྐབས་འདི་ལས་འཁྲུལ་ནས། ཆོས་ཐམས་ཅད་སྒྱུ་མ་ལྟར་མ་གྲུབ་ཅེས་འདོད་པ་རྣམས་ནི་སྐབས་འདིའི་གཞུང་གི་དོན་དགོངས་པ་མ་ཤེས་པའི་སྐྱོན་ཡིན་ནོ། །ཞེས་དོན་གྱིས་བསྟན་པའོ། །དེ་ནས་ཕྲེང་བཞི་ཅུང་མེད་ན། དེ་ཡི་མི་འགྱུར་རོ། །བཏགས་པའི་རྟེན་ཅན་གྱིས། །འཛིན་པའང་རྣམ་པ་གཉིས་སུ་འདོད།། རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་པ་འདི་རྣམས་བཙུན་པ་གྲོལ་སྡེས་གཞུང་འདིར་སྦྱར་བ་ལྟར་བཀོད་ཅིང༌། སྨྲི་ཏིས་ཀྱང་འདི་དང་ཅི་རིགས་མཐུན་པར་སྦྱར་ལ། ཉི་ཁྲི་སྣང་བ་དང༌། སློབ་དཔོན་སེང་བཟང༌། ཤནྟི་བ་རྣམས་ཀྱི་ལེ་བརྒྱད་མ་དང་སྦྱར་ནས་བཀྲོལ་ལོ། །བཅོམ་ལྡན་འདས་ཀྱིས། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ན། སྟོང་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །ཞེས་བྱ་བས་སྒྱུ་མ་ལ་སོགས་པར་བསྟན་ཏོ། །སེམས་མི་འགོང་བ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་གཉིས་ལྷག་ན། སྐྲག་པར་ཡང་འགྱུར་རོ། །འཇིགས་པ་དང༌། དངངས་པ་དང༌། སྐྲག་པ་གསུམ་སྨོས་པས་འཇིགས་པའི་ཤེས་པ་རབ་འབྲིང་གསུམ་དུ་བཤད་པ་སྟེ། དང་པོ་ཉན་པའི་ཚེ་ཅུང་ཟད་འཇིགས་པ་ནི་འཇིགས་པའོ། །དེའི་འོག་ཏུ་སེམས་པའི་ཚེ་འབྲིང་དུ་འཇིགས་པ་ནི་དངངས་པའོ། །ཐ་མར་བསྒོམ་པའི་ཚེ་རབ་ཏུ་འཇིགས་པ་ནི་སྐྲག་པ་ཞེས་བྱའོ། །ཞེས་འབུམ་ཏིག་གསུངས། དེ་ནས་ཤོག་གུ་ལྔ་དང་ཕྲེང་གསུམ་ཅུང་མེད་ན། ཐབས་མཁས་པའོ། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སོ་སོར་རྟོགས་པའི་ཐབས་ལ་མཁས་པའོ། །བམ་པོ་ལྔ་པ། དེ་ནས་ཤོག་གུ་གསུམ་དང་ཕྲེང་ཕྱེད་དང་བཅུ་གསུམ་ན། རབ་འབྱོར་སྦྱིན་པའི་ནང་ནས་ཆོས་སྦྱིན་མཆོག་ཡིན་པས་འདི་ནི། དེ་ནས་ཤོག་གུ་གཉིས་དང་ཕྲེང་དགུ་ན། ཕུང་པོ་ལ་སོགས་པ་གོང་དུ་སྨོས་པའི། ཆོས་དེ་དག་ལ་མི་རྟོག་པ། དེ་ནས་ཤོག་གུ་ཕྱེད་དང་དགུ་ན། ཆོས་ཉིད་ཀྱི། གཟུགས་ཀྱི་སྟོང་པ་ཉིད་ཀྱིས། ཆོས་ཉིད་ཀྱི་གཟུགས། རང་སྟོང་པ་མ་ཡིན་གྱི། ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀུན་བཏགས་པའི་གཟུགས་ཀྱིས་སྟོང་པ་ཉིད་ཀྱི་རྒྱུས་གློ་བུར་དུ་སྟོང་པར་གྱུར་པ་མ་ཡིན་ཏེ། གདོད་ནས་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ཉིད་ཀྱང་དོན་དམ་སྟོང་པ་ཉིད་དེ་དོན་དམ་སྟོང་པ་ཉིད་ཀྱང་ཆོས་ཀྱི་གཟུགས་སོ། །ཞེས་བྱ་བ་གསུངས་སོ། །སྟོང་པ་ཉིད་དང་ཆོས་ཀྱི་གཟུགས་དག་ངོ་བོ་གཅིག་གོ །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་བཞིན་དུ་སྦྱར་ཏེ། ཚོར་བ། དེ་ནས་ཕྲེང་ཕྱེད་དང་གསུམ་ཅུང་མེད་ན། ཆོས་ཉིད་ཀྱི། མིག་གི་སྟོང་པ་ཉིད་ཀྱིས་ཆོས་ཉིད་ཀྱི་མིག་རང་སྟོང་པ་མ་ཡིན་གྱི། ཆོས་ཉིད་ཀྱི་མིག་ཉིད་ཀྱང༌། དོན་དམ་པ་སྟོང་པ་ཉིད་དོ། །དོན་དམ་པ་སྟོང་པ་ཉིད་ཀྱི་ཆོས་ཀྱི་མིག་གོ །དེ་བཞིན་དུ་འོག་མ་རྣམས་ལ་སྦྱར་ཏེ། དེ་ནས་ཤོག་གུ་ལྔ་དང་ཕྲེང་བཅུ་ན། སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི་ཆོས་ཉིད་དོན་དམ་བདེན་པ་རང་བྱུང་ཡེ་ཤེས་འགྱུར་མེད་ཡོངས་སུ་གྲུབ་པ་དབུ་མ་ཆེན་པོ། མྱང་འདས་ཆེན་པོ། ཕྱག་རྒྱ་ཆེན་པོ། ཤིན་ཏུ་རྣལ་འབྱོར། རྡོ་རྗེའི་རྣལ་འབྱོར། བདེ་གཤེགས་སྙིང་པོ། དུས་འཁོར་དང་པོའི་སངས་རྒྱས་རང་བཞིན་གཉུག་མའི་བདེ་དགྱེས། གསང་འདུས་ལ་སོགས་འདུས་མ་བྱས་ཀྱི་ལྷ་དང་སྔགས་དང་རྒྱུད་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ། ཐམས་ཅད་ཀྱི་བདག་ཉིད་གཞི་འབྲས་ངོ་བོ་དབྱེར་མེད་ཤེར་ཕྱིན་དང༌། དེ་མངོན་དུ་བྱེད་པའི་ལམ་ཤེར་ཕྱིན་རླུང་སེམས་ཀྱི་རྒྱུན་ངང་གིས་འགགས་ནས་མི་རྟོག་ཡེ་ཤེས་ངང་གིས་སྐྱེ་ཞིང་འཆར་བའི་ཐབས་མཆོག་ཟབ་མོ་ཁྱད་འཕགས། བསྟན་པ་འདི་ཐོས་མི་འགྱུར་རོ། །ཞེས་བྱ་བ་ནི་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་མཁས་པའོ། །བམ་པོ་དྲུག་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་ན། བམ་པོ་བདུན་པ། དེ་ནས་ཤོག་གུ་བཅུ་བཞི་ན། བམ་པོ་བརྒྱད་པ། དེ་ནས་ཤོག་གུ་ཉི་ཤུ་ཉེར་གསུམ་དང་ཕྲེང་གཉིས་ན། བམ་པོ་དགུ་པ། དེ་ནས་ཤོག་གུ་བཅུ་དགུ་ན། བམ་པོ་བཅུ་པ། དེ་ནས་ཕྲེང་གཉིས་ཅུང་མེད་ན། སྐྲག་པར་མི་འགྱུར་རོ། །ཞེས་བྱ་བ་ནི་དགེ་བའི་བཤེས་གཉེན་བསྟེན་པའི་ཐབས་མཁས་པའོ། །དེ་ནས་ཕྲེང་གཅིག་ཅུང་མེད་ན། ཕ་རོལ་ཏུ་ཕྱིན་པ། ཆོས་ཐམས་ཅད་ཀྱིས་སྟོང་པའི་གཞི། ཆོས་ཉིད་དོན་དམ་བདེན་པ་ཞེས་བྱ་བ་ནས་ཐབས་མཆོག་ཟབ་མོ་ཁྱད་འཕགས་ཞེས་བྱ་བའི་བར་སྔར་བྲིས་པའི་དོན་བསྟན་པ། དེ་ནས་ཤོག་གུ་བཅོ་བརྒྱད་དང་ཕྲེང་གཉིས་ན། བམ་པོ་བཅུ་གཅིག་པ། དེ་ནས་ཤོག་གུ་བཅུ་དྲུག་ན། བམ་པོ་བཅུ་གཉིས་པ། དེ་ནས་ཤོག་གུ་བཅོ་ལྔ་དང་ཕྲེང་གསུམ་ན། བམ་པོ་བཅུ་གསུམ་པ། དེ་ནས་ཤོག་གུ་ཕྱེད་དང་བཅུ་དྲུག་དང་ཕྲེང་གཅིག་ན། བམ་པོ་བཅུ་བཞི་པ། དེ་ནས་ཤོག་གུ་བཅོ་བརྒྱད་དང་ཕྲེང་ཕྱེད་དང་གསུམ་ན། བམ་པོ་བཅོ་ལྔ་པ། དེ་ནས་ཤོག་གུ་བཅུ་དྲུག་དང་ཕྲེང་ཕྱེད་དང་ལྔ་ན། བམ་པོ་བཅུ་དྲུག་པ། དེ་ནས་ཤོག་གུ་བཅུ་བཞི་དང་ཕྲེང་ཕྱེད་དང་བཅུ་ན། དེ་ལྟར་ཤེས་ནས་ཡོངས་སུ་སྤང་བར་བྱའོ། །ཞེས་བྱ་བ་ནི་སྡིག་པའི་གྲོགས་པོ་སྤངས་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་བཞིས་ཐབས་ལ་མཁས་པར་སློབ་པ་བསྟན་ཏོ། །བསླབ་པ་བཞི་པོ་དེ་ལ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲུབ་པ་ཞེས་བྱའོ། །ལེའུ་བདུན་ནོ།། །།

༈ དེ་རྣམས་ཀྱིས་ནི། ངེ༷ས་འབྱེ༷ད་ཡ༷ན་ལ༷ག་རྣ༷མ་བཞི༷་ད༷ང༌། །ཞེས་པ་དོན་གསུམ་པ་གསུངས་ཟིན་ཏོ། །བམ་པོ་བཅུ་བདུན་པ། རྟོགས་པ་ཡི་ནི་ཆོས་དྲུག་དང༌། །དེ་ནས་ཚེ་དང༌། དེ་ནས་ ཕྲེང་ཕྱེད་དང་གཉིས་ན། ཚིག་གི་དོན་མེད་པ་སྟེ། ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་རྣམ་པ་བཞི་ཡོད་དོ། །བྱང་ཆུབ་དང་སེམས་དཔའ་དང༌། ཕུང་པོའི་བདག་ཉིད་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའོ། །དེ་བཞི་ཆར་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་ནི་དོན་གྱི་གཞི་མེད་པ་ཡིན་ཏེ། གཞི་མེད་པ་ནི་གནས་མེད་པ་ལ་བྱའོ། །ཚིག་མེད་པ་ཡང་དེ་ཡིན་ལ་དོན་མེད་པ་ཡང་དེ་ཡིན་པས་ཚིག་གི་དོན་མེད་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོའི་བདག་ཉིད་འགའ་ཞིག་ཡོད་པར་གྱུར་ན། དེའི་ཚིག་གི་དོན་བཞི་དང་བཅས་ཤིང་གནས་དང་བཅས་པར་འགྱུར་བ་ཞིག་ན་འདི་ལྟར་བྱང་ཆུབ་སེམས་དཔའ་དང༌། བྱང་ཆུབ་སེམས་དཔའ་གཉིས་ཀྱང་མེད་དེ་དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གཞི་མེད་དེ་གནས་མེད་ཅེས་བྱ་བའི་ཐ་ཚིག་གོ ། ཞེས་དབུ་མ་པ་ཆེན་པོ་གསུངས། མ་སྐྱེས་པའི་ཕྱིར་ཏེ། ཞེས་བྱ་བ་ལ་བྱང་ཆུབ་ནི་འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་དོ། །སེམས་དཔའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་མེད་དེ། ཞེས་དབུ་མ་པ་ཆེན་པོ་གསུངས། ཚིག་གི་དོན་མེད་པའོ། །

དེ་ཉིད་རྣམ་པ་བཅུ་གཅིག་གིས་སྟོན་ཏེ། བྱང་ཆུབ་ལ་རྣམ་པར་རྟོག་པའི་གཞི་མེད་པ་དང༌། ཀུན་བཏགས་པའི་སེམས་དཔའ་ཞེས་བྱ་བའི་གཞི་གང་ཡང་མེད་པ་དང༌། བྱང་ཆུབ་ལས་གུད་ན་གཞི་མེད་པ་དང༌། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་དང༌། ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་དང༌། བྱང་ཆུབ་ལ་སེམས་དཔའི་གཞི་མེད་པ་དང༌། སེམས་དཔའ་ལ་བྱང་ཆུབ་ཀྱི་གཞི་མེད་པ་དང༌། བྱང་ཆུབ་ཅེས་བྱ་བའི་ཚིག་གིས་དོན་མེད་པ་དང༌། ཀུན་བཏགས་པའི་བྱང་ཆུབ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་དང༌། དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་གཞི་མེད་པའོ། །

དང་པོ་ནི། རབ་འབྱོར། དེ་བཞིན་དུ། དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་གནས་པའི་ཚིག་གི་དོན་གཤིས་ལ་མེད་དོ། །

གཉིས་པ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཞི་གང་ཡང་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དེ་བཞིན་དུ། ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སྤྲུལ་པ་ལ་གནས་མེད་དོ། །དཔེ་དེ་དག་ཤིན་ཏུ་མེད་པའི་ཕྱིར་རོ། །

གསུམ་པ་བྱང་ཆུབ་ལས་གུད་ན་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། མཐའ་ལ་ཡང་དག་པའི་མཐའ་ལས་གུད་ན་གནས་མེད་དོ། །ཚིག་གི་དོན་བྱང་ཆུབ་ལས་གུད་ན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཕྲེང་གཅིག་ཅུང་མེད་ན། ཚིག་གི་དོན་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དང༌། ལ་སོགས་པ་ལས་གུད་ན་གཞི་མེད་པ་དེ་བཞིན་དུ་བྱང་ཆུབ་ལས་གུད་ན་ཡང་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་ཙམ་ན།

བཞི་པ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། ཚིག་གི་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་སྒྱུ་མའི་བདག་ཉིད་ཀྱི་སྐྱེས་བུའི་ཕུང་པོ་ལྔ་ལ་སོགས་པ་མེད་དེ། དེ་ཉིད་ཤིན་ཏུ་མེད་པའི་ཕྱིར་རོ། །དེ་བཞིན་དུ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་ཕུང་པོའི་ལྔའི་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས། དེ་ནས་ཤོག་གུ་གཉིས་དང་ཕྲེང་བཅུ་གཉིས་ན།

ལྔ་པ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། དོན་དམ་གྱི། དེ་བཞིན་གཤེགས། སངས་རྒྱས་ལ་གཟུགས་ཀྱི་གཟུགས་ལ་ཞེས་ཁྲི་བརྒྱད་སྟོང་པར་བྱུང༌། གནས་མེད་དོ། །ཀུན་རྫོབ་དེ་གཤིས་ལ་མེད་པའི་ཕྱིར་ཏེ། དེ་བཞིན་དུ། ཆོས་ཉིད་ཀྱི་བྱང་ཆུབ་ཚིག་གི་དོན་ཀུན་རྫོབ་ཏུ་མེད་དོ། །ཕྱི་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་ཏེ། དོན་དམ་གྱི་ཆོས་གང་ཡིན་པ་དེ་ཀུན་རྫོབ་ཀྱི་ཆོས་གང་དུ་ཡང་མེད་པའི་ཕྱིར་རོ། །དེ་ནས་ཕྲེང་དྲུག་ལྷག་ན། ཚིག་གི་དོན་མེད་དོ། །ཞེས་བྱ་བའི་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་དཔེ་ལ་ཀུན་རྫོབ་ཀྱི་ཕུང་པོ་ལ་སོགས་པ་དབྱེར་མེད་དུ་མེད་པ་དེ་བཞིན་དུ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ཕུང་པོ་ལ་སོགས་པ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་ཤིང་རྟ་ཆེན་པོ་དབྱིག་གཉེན་གསུངས། དེ་ནས་ཤོག་གུ་བཅུ་དང༌། ཕྲེང་ཕྱེད་དང་བཅུ་གཉིས་ན། བམ་པོ་བཅོ་བརྒྱད་པ། དྲུག་པ་བྱང་ཆུབ་སེམས་དཔའི་གཞི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། དཔེར་ན། འདུས་མ་བྱས་ཀྱི་དབྱིངས་མྱང་འདས་ལ། ཁམས་ཀྱི་སྡེ་འཁོར་བའི་གནས་མེད་དོ། །ཇི་ལྟར་མྱ་ངན་ལས་འདས་པ་ལ་འཁོར་བ་མེད་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས།

བདུན་པ་སེམས་དཔའ་ལ་བྱང་ཆུབ་གཞི་མེད་པ་ནི། འདུས་བྱས་ཀྱི་ཁམས་འཁོར་བ་ལ་བྱས་ཀྱི་དབྱིངས། མྱ་ངན་འདས་ཀྱི་གནས་མེད་དོ། །ཚིག་གི་དོན་མེད་དོ། །ཇི་ལྟར་འཁོར་བ་ལ་མྱ་ངན་ལས་འདས་པ་མེད་པ་དེ་བཞིན་དུ་སེམས་ལ་བྱང་ཆུབ་ཀྱི་གཞི་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས།

བརྒྱད་པ་བྱང་ཆུབ་ཅེས་བྱ་བའི་ཚིག་གི་མེད་པ་ནི། རབ་འབྱོར། འདི་ལྟ་སྟེ། སྐྱེ་བ་མེད་པ་ནི་ཚིག་གི་གནས་མེད་དོ། །དེ་ནས་ཕྲེང་ཕྱེད་དང་བདུན་ཅུང་མེད་ན། ཚིག་གི་དོན་མེད་དོ། །ཇི་ལྟར་སྐྱེ་བ་མེད་པ་ལ་སོགས་པའི་ཚིག་གི་དོན་མེད་པ་དེ་བཞིན་དུ་བྱང་ཆུབ་ལ་ཡང་ཚིག་གི་དོན་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས།

དགུ་པ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་ནི། གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་བཞི་ལྷག་ན། གཟུགས་མི་དམིགས་པ་ལ་གནས་མེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕུང་པོ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་སྐྱེ་བ་མེད་པ་ལ་སོགས་པ་འདུས་མ་བྱས་ཀྱི་ཚིག་གི་དོན་རྣམས་མེད་པ་དེ་བཞིན་དུ། ཀུན་བཏགས་པ་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེསམ་དཔའ་དབྱེར་མེད་དུ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་ཆེན་པོ་གསུངས།

དེ་ནས་ཤོག་གུ་བཅུ་བཞི་ན། བཅུ་པ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བཏགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་ནི། རབ་འབྱོར།འདི་ལྟ་སྟེ། དཔེར་ན། གཟུགས་གདོད་ནས་རང་བཞིན་གྱིས་ཤིན་ཏུ་རྣམ་པར་དག་པ། སངས་རྒྱས་རྣམ་པར་སྣང་མཛད་ལ་མཚན་མའི་གནས་མེད་དོ། །ཞེས་བྱ་བ་ལ་སོགས་གསུངས་ཏེ། ཇི་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་སོགས་པའི་ཆོས་དབྱིངས་ཀྱི་ཡེ་ཤེས་འདུས་མ་བྱས་ཤིན་ཏུ་རྣམ་པར་དག་པ་ལ་འདུས་བྱས་ཀྱི་མཚན་མ་རྣམས་ཀྱི་གཞི་མེད་པ་དང༌། ཞེས་དབུ་མ་པ་གསུངས། ཚོར་བ་དག་པ། རིན་ཆེན་འབྱུང་ལྡན་ལ་མཚན་མའི་དག་པ། འོད་དཔག་མེད་ལ་མཚན་དག་པ། དོན་ཡོད་གྲུབ་པ་ལ་མཚན་དག་པ། མི་བསྐྱོད་པ་ལ་མཚན་དེ་བཞིན་དུ། དོན་དམ་པའི་བྱང་ཆུབ་ཆེན་པོ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ། ཤེས་རབ་སྤྱོད་པའི། ཀུན་བཏགས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར། འདི་ལྟ་སྟེ། དག་པ་སའི་སྙིང་པོ་ལ་མཚན་མ་དག་པ། ཕྱག་ན་རྡོ་རྗེའི་ལ་མཚན་དག་པ། ནམ་མཁའི་སྙིང་པོ་ལ་མཚན་དག་པ། འཇིག་རྟེན་དབང་ཕྱུག་ལ་མཚན་དག་པ། སྒྲིབ་པ་རྣམ་སེལ་ལ་མཚན་དག་པ། །ཀུན་ ཏུབཟང next hit་པོ་ལ་མཚན་མའི་གནས་མེད་དོ། །དེ་ནས་ཕྲེང་གཅིག་ལྷག་ན། རྣམ་པར་དག་པ། གཟུགས་རྡོ་རྗེ་མ་ལ་སོགས་ཕྱི་མ་རྣམས་ཀྱང་ཡེ་ཤེས་ཀྱི་ལྷར་ཅི་རིགས་སུ་བཞུགས་པ་ལ་མཚན་མའི་གནས་མེད་དོ། །དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་དང་བདུན་ན། བམ་པོ་བཅུ་དགུ་པ། དེ་ནས་ཤོག་གུ་གཅིག་དང་ཕྲེང་བརྒྱད་ན། དཔེར་ན། ཀུན་བཏགས་ཀྱི་བདག་མེད་པའི་ཕྱིར། ཡོངས་གྲུབ་ཀྱི་བདག་ཤིན་ཏུ། དེ་ནས་ཕྲེང་གཅིག་ན། ཚིག་གི་དོན་མེད་དོ། །དེ་བཞིན་དུ་སྦྱར་ཏེ། དེ་ནས་ཤོག་གུ་གཅིག་ལྷག་ཙམ་ན། སེམས་དཔའི་ཚིག་གིས་དོན་མེད་དོ། །འདི་རྣམས་ཀྱིས་ནི་ཤིན་ཏུ་རྣམ་པར་དག་པའི་དོན་རང་སྟོང་དང་མེད་དགག་འདོད་པ་གསལ་བ་ཡིན་ནོ། །གཉེན་པོ་དང་ནི། རབ་འབྱོར། འདི་ལྟ། དེ་ནས་ཕྲེང་ཕྱེད་དང་གཉིས་ཅུང་མེད་ན། སྤོང་བ་དང༌། །རབ་འབྱོར། འདི། དེ་ནས་ཕྲེང་གཅིག་ལྷག་པ་ན། དེ་དག་ཡོངས་སུ་གཏུགས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཤོག་གུ་ལོགས་གཅིག་ཕྲེང་ཕྱེད་ན། བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་དོ། །དེ་རྣམས་ཀྱིས་ནི་ཀུན་བཏགས་པ་དང༌། ཡོངས་གྲུབ་ཕན་ཚུན་མི་གཅིག་པར་བསྟན་ཅིང༌། ཀུན་རྫོབ་དང་དོན་དམ། ཆོས་དང་ཆོས་ཉིད། མཐའ་དང་དབུས། བཅོས་མ་དང་རང་བཞིན། གློ་བུར་དང་གཉུག་མ། ཤུན་པ་དང་སྙིང་པོ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པ་ཡང་ཐ་དད་པར་བསྟན་པ་ཉིད་དོ། །འདིར་དབུ་མ་པ་ཆེན་པོར་དབྱིག་གཉེན་ཞབས་ཀྱིས། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ་ཀུན་བཏགས་པ་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་སོ། །

བཅུ་གཅིག་པ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་གཞི་མེད་པ་ནི། ཤེས་རབ་སྙིང་བརྩེར་བཅས་པ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཕྲེང་གཅིག་ན། སློབ་མ་ཐུན་མོང་མིན་ཉིད་དང༌། །རབ་འབྱོར། དེ་ནས་ཕྲེང་གཅིག་ལྷག་ཙམ་ན། གཞན་གྱི་དོན་གྱི་གོ་རིམ་དང༌། །རབ་འབྱོར། འདི་ལྟ་སྟེ། དེ་ནས་ཤོག་གུ་གཉིས་ལ་ཕྲེང་གཉིས་ཆད་པ་ན། ཡེ་ཤེས་རྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཤེས་བྱ། །རབ་འབྱོར། དེ་ནས་ཕྲེང་ཕྱེད་དང་གཉིས་ན་ཚིག་གི་དོན་མེད། དེ་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་ཞལ་སྔ་ནས། དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་གནས་མེད་པར་འགྲོ་བ་དག་ཏུ་རྒྱུའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་ཉིད་དོ། །ཚིག་གི་གཞི་མེད་པ། དེ་ཅིའི་ཕྱིར། གང་ཡིན་པའི་ཆོས། འདུས་བྱས་དང་འདུས་མ་བྱས་ཀྱི་དེ་དག་ཐམས་ཅད་ཀྱང༌། ཆོས་ཉིད་ཀྱི་གནས་སྐབས་ན་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ལྡན་པ་ཡང་མ་ཡིན། རྣམ་པར་བྱང་བའི་མཚན་ཉིད་མ་ཡིན་པའི་ཕྱིར། མི་ལྡན་པ་ཡང་མ་ཡིན་ཏེ། གཟུགས་ལ་སྤྱོད་པ་སྟེ་རྟོགས་པ་མེད་པ། ཚིག་གིས་བསྟན་དུ་མེད་པ། གཉིས་ཀྱིས་འཛིན་པ་དང་གཟུང་བ་མེད་པ་བསྟན་ཏོ། །དབང་པོའི་ཡུལ་བཞིན་དུ་ཐོགས་པ་མེད་པ་ཤ་སྟག་སྟེ། ཞེས་བྱ་བའི་མཚན་ཉིད་ཐམས་ཅད་དང་བྲལ་བ་ནི་མཚན་ཉིད་མེད་པའི་མཚན་ཉིད་དོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དབུ་མ་པ་གསུངས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །རབ་འབྱོར། བྱང་སེམས། དག་པ་ཉིད་ལ་བསླབ་པར་བྱའོ། །ཞེས་བྱ་བ་གསུངས་ཏེ། བརྟག་ཏུ་མེད་པ་ཉིད་དང་བརྟག་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བརྟག་ཏུ་མེད་པ་དང༌། བརྟག་ཏུ་མེད་པ་ནི་དངོས་པོ་མེད་པ་དང༌། དེའི་མཚན་མ་ལས་མངོན་པར་ཞེན་པ་ཡིན་ཏེ། དེ་དག་མེད་པས་ཞེན་པ་མེད་པར་བྱའོ། །མེད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་ནི་ཆོས་ཀྱི་དབྱིངས་འདི་ཉིད་ཁོ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་གྱུར་པ་ཡིན་པའི་ཕྱིར། རང་བཞིན་གྱིས་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ། །ཞེས་བསྟན་ཏོ། །ཞེས་ཉི་ཁྲི་སྣང་བར་གསུངས་པའི་ཕྱིར། འདི་ཡང་རང་བཞིན་གྱིས་རིགས་ཆོས་ཀྱི་དབྱིངས་ལ་བཞེད་པས་རྫོགས་ལྡན་གྱི་ཆོས་དང་མཐུན་ནོ། །རྒྱལ་བ་བྱམས་པའི་དགོངས་པ་ཡང༌། བརྟེན་པ་རྒྱས་པའི་རིགས་ལས་དབྱེ་བ་ཡོད་ཀྱང་རྟེན་རང་བཞིན་གྱི་རིགས་ལ་དབྱེ་བ་མེད་ཅེས་དོན་ལ་ཇི་ལྟར་གནས་པ་བཞིན་གསུངས་པ་ཡིན་པས་རྩོད་ལྡན་དུ་མ་སྦྱར་ཡང་རུང་ཞིང་སྦྱོར་བ་ལ་མོས་ན་ཡང་འཕགས་པའི་གཞུང་ན་ཉི་ཁྲི་སྣང་བར་གསལ་ལོ། །རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་ལ་མི་འདོད་པ་རྣམས་ནི་རྫོགས་ལྡན་གྱི་ཆོས་རྣམས་དང་ཤིན་ཏུ་འགལ་ཞིང༌། ཤིང་རྟ་ཆེན་པོ་རྣམས་ཀྱང་འདས་ནས། གསུམ་ལྡན་མར་བཅད་དུས་ཕྱིས་བྱུང་བའི་ཆོས་སྐད་གསར་པ་ལུང་རིགས་ཡང་དག་གིས་གནོད་ཅན་ཡིན་པས་མཁས་པའི་ཡང་མཁས་པ་རྣམས་ཀྱིས་གཡུ་སར་བཞིན་དུ་རིག་པར་བྱའོ། །དེ་ལྟར་འཁྲུལ་བའི་གཞི་ནི་ཆོས་དབྱིངས་རང་སྟོང་དུ་འདོད་པས་བྱས་པ་ཡིན་ལ། འཁྲུལ་བ་གཞན་དཔག་ཏུ་མེད་པ་ཡང་དེ་ལས་བྱུང་ངོ༌། །སེམས་དཔའ་ཆེན་པོ་ནས། གཉིས་སུ་མེད་པའི་ཚུལ་གྱིས་རིག་པར་བྱའོ། །དེ་རྣམས་ཀྱིས་ནི། སྒྲུ༷བ་པ༷་ཡི༷་ནི༷་རྟེ༷ན་གྱུ༷ར་པ༷། །ཆོ༷ས་ཀྱི༷་དབྱི༷ངས་ཀྱི༷་ར༷ང་བཞི༷ན་ད༷ང༌། །ཞེས་པའི་དོན་བཞི་པ་གསུངས་ཟིན་ཏོ། །

དམིགས་པ་ཆོས་རྣམས་ཐམས་ཅད་དེ། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་ལྔ་ན། དེ་ཡང་དགེ་ལ་སོགས་པ་ཡིན། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་གཅིག་དང་ཕྲེང་ཕྱེད་ན། འཇིག་རྟེན་པ་ཡི་རྟོགས་པ་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་ཕྱེད་དང་གསུམ་ན། གང་དག་འཇིག་རྟེན་འདས་འདོད་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཤོག་གུ་ཕྱེད་དང་གཉིས་དང་ཕྲེང་ཕྱེད་དང་གསུམ་ན། ཟག་བཅས། གསོལ་བ། དེ་ནས་ཕྲེང་གཉིས་ན། ཟག་པ་མེད་ཆོས་དང༌། །གསོལ་པ། བཅོམ་ལྡན་འདས། དེ་ནས་ཕྲེང་བཞི་ལྷག་ན། གང་དག་འདུས་བྱས། གསོལ་པ། དེ་ནས་ཕྲེང་ཕྱེད་དང་དྲུག་ན། འདུས་མ་བྱས། །གསོལ་པ། དེ་ནས་ཕྲེང་ཕྱེད་དང་གསུམ་ན། སློབ་མ་ཐུན་མོང་ཆོས་རྣམས་དང༌། །གསོལ་པ། དེ་ནས་ཕྲེང་ཕྱེད་དང་གཉིས་ན། གང་དག་ཐུབ་པའི་ཐུན་མོང་མིན། །གསོལ་པ། དེ་ནས་ཕྲེང་དྲུག་ཅུང་མེད་ན། ཁོང་དུ་ཆུད་པར་བྱའོ། །དེ་རྣམས་ཀྱིས་ནི། དམི༷གས་པ༷་ད༷ག་ད༷ང་། ཞེས་པ་དོན་ལྔ་པ་གསུངས་ཟིན་ཏོ། །

སེམས་ཅན་ཀུན་མཆོག་ཉིད་སེམས་དང༌། །དེ་ནས་ཚེ་དང༌། དེ་ནས་ཕྲེང་ཕྱེད་དང་ལྔ་ན། བསམ་པ་དང་སྒྲུབ་པ་རྒྱ་ཆེ་བས། དེ་ལྟ་བུའི། སེམས་ཅན་གྱི་ཕུང་པོའི་ཕུལ་བྱེད་པར་འགྱུར་རོ། །བསམ་པ་རྒྱ་ཆེ་བ་ནི། དེ་ལ་བྱང་ཆུབ་ངེས་པའི་ཕུལ་དུ་བྱུང་བ་ཞེས་བྱའོ། །དེ་ནས་ཕྲེང་ཕྱེད་དང་གཉིས་ན། གོ་ཆ་བགོ་བར་བྱའོ། །རྡོ་རྗེ་ལྟ་བུའི་སེམས་བསྐྱེད་པ་ནི་ཡོན་ཏན་ལྔས་བརྒྱན་པ་སྟེ། ངེས་པར་འཇོམས་པ་དང༌། རིན་ཆེན་པ་དང༌། སྐྱོན་མེད་པ་དང༌། མི་ཕྱེད་པ་དང༌། དོན་སྒྲུབ་པར་བྱེད་པའོ། །ཞེས་དབུ་མ་པ་གསུངས། དེའི་དང་པོ་ངེས་པར་འཇོམས་པ་ཡང་ཡོན་ཏན་བརྒྱད་དེ། སེར་སྣ་ལ་སོགས་པའི་ངེས་པར་གཞོམ་པའི་ཕྱིར་རྗེས་ཆགས་པ་དང༌། ཁོང་ཁྲོ་ངེས་པར་གཞོམ་པའི་ཕྱིར། བདག་གིས་སེམས་ཅན་ཐམས་ཅད་ལྟ་བའི་ཉེས་པ་གཞོམ་པའི་ཕྱིར། བདག་གི་སེམས་ཅན་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བའི་འདུ་ཤེས་དང༌། ཆོས་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། དེ་ལྟར་སེམས་ཅན་ཐམས་ཅད། དེ་ནས་ཕྲེང་གཅིག་ན། ཐེག་པ་དམན་པ་ངེས་པར་གཞོམ་པའི་ཕྱིར། བདག་གིས་མ་འདྲེས། ངན་འགྲོ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་ཆོས་རྟོགས་འཁོར་བ་པའི་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་ཕུང་པོ་ནས་ཕ་རོལ་ཏུ་ཕྱིན་པའི་བར་གྱིས། ཆོས་ཀྱི་ཚུལ་ཁོང་དུ་ཆུད་དེ། སྟོང་པ་ཉིད་ཀྱི་ཚུལ་རྟོགས་པར་བྱའོ། །རྣམ་པར་བྱང་བའི་རྟོག་པ་ཐམས་ཅད་ངེས་པར་གཞོམ་པའི་ཕྱིར། བདག་གིས་བྱང་ཆུབ་ཕྱོགས་མཐུན་ནས་མ་འདྲེས་པའི་བར། ཚོགས་ཡོངས་སུ་སྒྲུབ་པ་སྟེ་བསྒོམ་པ་ཡོངས་སུ་རྫོགས་པ་ལ་བསླབ་པར་བྱའོ། །དེ་ནས་ཕྲེང་གཅིག་ལྷག་པ་ན། རིན་ཆེ་བའི་ཡོན་ཏན་ནི། རབ་འབྱོར་གཞན། དེ་ནས་ཤོག་ལོགས་གཅིག་དང་ཕྲེང་ཕྱེད་ན། སྐྱོན་མེད་པའི་ཡོན་ཏན་ནི། རབ་འབྱོར་གཞན། དེ་ནས་ཕྲེང་བཞི་ཅུང་མེད་ན། མི་ཕྱེད་པའི་ཡོན་ཏན་ནི། རབ་འབྱོར་གཞན་ཡང༌། དེ་ནས་ཕྲེང་གཉིས་ཅུང་མེད་ན། སེམས་མི་སྒུལ་བའོ། །ཞེས་བྱ་བ་ཡི་ནི་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །ཞེས་དབུ་མ་པ་གསུངས། དོན་སྒྲུབ་པར་བྱེད་པའི་ཡོན་ཏན་ནི། རང་འབྱོར། གཞན་ཡང༌། དེ་ནས་ཕྲེང་གཉིས་ནས་ཚུལ་གྱིས་བྱེད་དོ། །བསམ་པ་རྒྱ་ཆེ་བ་བསྟན་ནས་སྒྲུབ་པ་རྒྱ་ཆེ་བ་ནི། དེ་ནས་ཕྲེང་ཕྱེད་དང་གཉིས་ན་དབྱེར་མེད་པ་སྟེ། ཞེས་བྱ་བ་ནི་དཀར་པོའི་ཆོས་ཐམས་ཅད་དོན་ཐ་དད་པ་མེད་པའི་ཕྱིར་ཆོས་ཀྱི་སྐུ་ལ་བྱའོ། །ཞེས་དབུ་མ་པ་གསུངས། འདི་ནི་དོན་དམ་གྱི་ཆོས་ཞེས་བྱའོ། །གང་ཆོས་ཉིད་འདུས་མ་བྱས་ཀྱི་ཆོས་དེ་ལ་གང་འགྱུར་མེད་ཡོངས་གྲུབ་ཀྱི། ཆོས་འདི་ལ་གང༌། བདེ་གཤེགས་སྙིང་པོའི་ཆོས་དེ་ལ། བརྩོན་པ་གང་ཞེ་ན། རང་བཞིན་འོད་གསལ། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། མྱང་འདས་ཆེན་པོ། ཨ་ཏི་ཡོ་ཀ་ལ་སོགས་པ་མཐར་ཐུག་གཞི་འབྲས་ངོ་བོ་དབྱེར་མེད་ཀྱི་ཆོས་དེ་ཉིད། དེ་ནས་ཤོག་གུ་བཞི་དང་ཕྲེང་གསུམ་ན། ཆེན་པོ་ཞེས་བྱའོ། །འདིས་ག་པ་སྟེ་པོ་ཏི་གསུམ་པ་རྫོགས་པའོ།། །།


previousཆོས་མཆོག་ཆེན་པོའི་དམིགས་རྣམ་ནི། next