ཐུབ་པ་དགོངས་གསལ་གྱི་མདོ་རྣམ་པར་བཤད་པ།
ཐུབ་པ་དགོངས་གསལ་གྱི་མདོ་རྣམ་པར་བཤད་པ། རིགས་ཀྱི་སྐབས་སུ། ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་མཚན་མ་དག་ལས་ཤེས། །མི་རྩུབ་བརླང་བ་མ་ཡིན་ལ། །གཡོ་དང་སྒྱུ་ནི་རྣམ་སྤངས་ཤིང་། །སེམས་ཅན་ཀུན་ལ་རབ་དྭངས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཅེས་སོ། ༈ །ཆོས་ལ་མོས་པའི་སྐབས། མྱང་འདས་ལས། དཀོན་མཆོག་གསུམ་ལ་སྐྱབས་ཚོལ་ན། །འཇིགས་པ་མེད་པའི་གནས་ཐོབ་འགྱུར། །ཞེས་དང་། རྒྱས་པར་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་དང་། གསུམ་ལ་
སྐྱབས་སུ་འགྲོ་བའི་མདོ་སོགས་ལས་ཤེས་སོ། །སྐྱེས་བུ་དམ་པ་བསྟེན་པ་ནི། ཡེ་ཤེས་བསྟན་པ་ཐེག་པ་ཆེན་པོའི་མདོ་སོགས་ལས་དང་། སྡོང་པོ་བཀོད་པ། སངས་རྒྱས་ཕལ་པོ་ཆེ་སོགས་ལས་ཤེས་པར་བྱའོ། །སེམས་བསྐྱེད་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཇི་སྙེད་པ་དེ་སྙེད་དུ་བྱང་ཆུབ་སེམས་ལ་ཡོན་ཏན་དང་ལེགས་པ་ཡོད་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པའི་དཀྱིལ་འཁོར་རབ་ཏུ་འབྱུང་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱང་འདི་ལས་འབྱུང་ངོ་། །ཞེས་སོགས་མདོ་སྡེ་ལས་རྒྱ་ཆེར་འབྱུང་ལ། རྩ་ལྟུང་ནི་ནམ་མཁའི་སྙིང་པོའི་མདོ་དང་། བསླབ་བཏུས་སུ་བལྟའོ། ༈ །སྤྱོད་པ་ལས། དང་པོ་རང་སྨིན་བྱེད་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་དུ་མཆིས་ལགས། སྤྱན་རས་གཟིགས་དབང་ཕྱུག་དྲུག་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་བོ། །ཞེས་དང་། དང་པོ་གསུམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པར་རིག་པར་བྱའོ། །བསམ་གཏན་ནི་ལྷག་པའི་སེམས་ཀྱི་བསླབ་པ་ཡིན་ནོ། །ཤེས་རབ་ནི་ལྷག་པའི་
ཤེས་རབ་ཀྱི་བསླབ་པ་ཡིན་ནོ། །བརྩོན་འགྲུས་ནི་ཀུན་ཏུ་འགྲོ་བ་འདི་ལས། ཡིན་པར་སྨྲའོ། །ཞེས་སོགས་ཤིན་ཏུ་རྒྱས་པར་བཤད་དོ། །དེ་ལས་སྦྱིན་པ་ནི་ཉེ་བར་འཁོར་གྱིས་ཞུས་པའི་ལེའུ་དང་། བསོད་ནམས་ཐམས་ཅད་ཡང་དག་པར་སྡུད་པ་སོགས་ལས་རྒྱ་ཆེར་ཤེས་པར་བྱའོ། །བསམ་གཏན་རྣམ་པ་གསུམ་ནི་རྣམ་པར་མི་རྟོག་ཅིང་། ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ་བའི་གཉེན་པོར་བདེ་བར་གནས་པའི་བསམ་གཏན་དང་། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་དང་། སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ནོ། །ཤེས་རབ་རྣམ་པ་གསུམ་ནི། ཀུན་རྫོབ་བདེན་པ་ལ་དམིགས་པ་དང་། དོན་དམ་བདེན་པ་ལ་དམིགས་པ་དང་། སེམས་ཅན་གྱི་དོན་ལ་དམིགས་པའོ། །ཞེས་སོ། །ཚུལ་ཁྲིམས་ངོ་བོ་དང་ཕན་ཡོན། ནི་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་དང་། ཕན་ཡོན་ནི་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་དང་། ཉམས་པའི་ཉེས་དམིགས་ལས་མི་དགེ་བ་བཅུའི་ཉེས་པ་ནི་དྲན་པ་ཉེར་བཞག་ཏུ་བལྟའོ། །བཟོད་པ་ནི་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ། ཡབ་སྲས་མཇལ་པའི་མདོ། འཕགས་པ་བཀའ་དྲིན་ཆེན་པོའི་མདོ་སོགས་ལས་ཤེས་སོ། །བརྩོན་འགྲུས་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཡོངས་གཅོད་དང་ཕལ་པོ་ཆེར་རྣམ་བཅད་ཀྱི་སྒོ་ནས་བསྟན་པ་ལྟར་རོ། །བསམ་གཏན་གྱི་ཕར་ཕྱིན་ནི། གང་པོས་ཞུས་པ་ལས་དབེན་པའི་ཡོན་ཏན་དང་། ཆོས་ཡང་དག་པར་སྡུད་པའི་
མདོ་ལས་བྱམས་སྙིང་རྗེ་བསྒོམས་པ་དང་། སྡོང་པོ་བཀོད་པ་ལས་བདག་གཞན་བརྗེ་བའི་ཚུལ་རྒྱལ་བུ་བི་ཛ་ཡའི་གཏམ་རྒྱུད་དང་སྦྱར་བ་དང་། དེ་སོ་སྐྱེའི་དུས་སུའང་བསྒོམས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོར་སེང་གེའི་རྒྱལ་པོ་ཡན་ལག་མ་སྨད་པ་ཞེས་པའི་གཏམ་རྒྱུད་དང་སྦྱར་བ་དང་། ཞི་ལྷག་བསྒོམ་ཚུལ་དགོངས་འགྲེལ་ལས་རྒྱ་ཆེར་བསྟན་པ་རྣམས་སོ། །ཤེར་ཕྱིན་ལ། ལྟ་བས་སྤྲོས་པ་བཅད་པ། བསྒོམས་པས་ཉམས་སུ་བླངས་པ་གཉིས། སྔ་མ་ནི། འཇམ་དཔལ་རྣམ་པར་རོལ་པའི་མདོར། ཕྱི་རོལ་གྱི་ཡུལ་ཐམས་ཅད་སེམས་ཀྱིས་རྟོག་པའི་བག་ཆགས་བརྟས་པས་སྣང་བར་བསྟན་ཅིང་། དེ་སྲ་ཞིང་འཐས་པར་སྣང་དུ་རུང་བ་དང་། གྲོང་ཁྱེར་ཝཱ་ར་ཎ་སཱིར། བྲམ་ཟེ་མོ་གཅིག་གིས་རང་ལུས་སྟག་ཏུ་བསྒོམས་པས་གྲོང་ཁྱེར་པ་ཐམས་ཅད་ཀྱིས་དངོས་སུ་མཐོང་ནས་བྲོས་ཚུལ་བྱུང་ཞིང་། དེ་ཡང་བག་ཆགས་བརྟན་མི་བརྟན་པའོ། །དེ་ཡང་མདོ་དེར། ལྷའི་བུ། ཕྱི་རོལ་གྱི་ཡུལ་འདི་ཐམས་ཅད་ནི་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་ཀྱི་རྟོག་པའི་བག་ཆགས་བརྟན་པས་སྣང་བ་ཡིན་ནོ། །ཞེས་དང་། བྱམས་པས་ཞུས་པར། བྱམས་པས་གསོལ་པ། ཕྱིའི་ཡུལ་འདི་ཇི་ལྟར་བལྟ་བར་བགྱི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་རྟག་པ། མ་ངེས་པ། སྒྱུ་མ་ལྟ་བུ་ཡིན་ནོ། །ཞེས་གསུངས། བདེན་གཉིས་ཀྱི་ཁྱད་པར་ཚངས་
པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་སོགས་ལས་རྒྱ་ཆེར་བསྟན་ལ། བློ་གྲོས་མི་ཟད་པས་ཞུས་པར། ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་ཙམ་དུ་འཇིག་རྟེན་གྱི་ཐ་སྙད་དུ་ཡི་གེ་དང་སྒྲ་དང་བཅས་བསྟན་པའོ། །དོན་དམ་པའི་བདེན་པ་གང་ཞེ་ན། གང་སེམས་ཀྱི་དཔྱོད་པའང་མེད་ན། ཡི་གེའི་རྣམ་པ་ལྟ་ཅི་སྨོས། །ཞེས་གསུངས། བསྒོམས་པས་ཉམས་སུ་བླང་བ་ནི། ཏིང་འཛིན་རྒྱལ་པོའི་མདོའི་དོན་ཀ་མ་ལ་ཤཱི་ལས་བསྒོམ་རིམ་བར་པར་དྲངས་པ་འདིར་སྦྱར་རོ། །གཞན་སྨིན་པར་བྱེད་པ་ནི། བློ་གྲོས་མི་ཟད་པ་བསྟན་པ་ལས། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོ་བཞི་མི་ཟད་ཨ པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །དེ་ལ་སྦྱིན་པ་ནི། གང་ཟང་ཟིང་སྦྱིན་པ་དང་། ཆོས་སྦྱིན་པའོ། །སྙན་པར་སྨྲ་བ་ནི། གང་སློང་བ་དང་ཆོས་ཉན་པ་རྣམས་ལ་ཚིག་འཇམ་རན་པར་སྨྲ་བའོ། །དེ་ལ་དོན་སྤྱོད་པ་ནི། གང་བདག་དང་གཞན་དག་གི་དོན་དུ་བསམས་བཞིན་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་ལ་དོན་མཐུན་པ་ནི། གང་ཐེག་པ་གང་ལ་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་ཆོས་དང་ཟང་ཟིང་ལེན་པ་རྣམས་རབ་ཏུ་འགོད་པའོ། །ཞེས་སོགས་རྒྱ་ཆེར་བསྟན། ༈ །ལམ་བཞི་ལ་བྱང་ཕྱོགས་སོ་བདུན་སྦྱར་བ་ནི།
བློ་གྲོས་མི་ཟད་པའི་མདོ་ལས་ཤིན་ཏུ་གསལ་ལོ། །དེའི་ནང་དབང་པོ་ལྔ་ནི་དད་སོགས་ཏེ། སྟོབས་ལྔ་དེའི་བཟློག་ཕྱོགས་ཀྱིས་མི་བརྫི་བའོ། ༈ །སའི་ཡོན་ཏན་མདོ་སྡེ་ས་བཅུ་པ་ལས་བཤད་པའི་དོན་འཇུག་པ་རང་འགྲེལ་དང་སྦྱར་རོ། ༈ །སྐུ་གསུམ་དང་ཡེ་ཤེས་བཞི་ནི། སྐུ་གསུམ་བསྟན་པའི་མདོ་ལས། རིགས་ཀྱི་བུ་ཀུན་གཞིའི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་སྐུའོ། །ཉོན་མོངས་པའི་ཡིད་གནས་སུ་དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའོ། །སྒོ་ལྔའི་རྣམ་པར་ཤེས་པ་གནས་སུ་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་སྤྲུལ་པའི་སྐུའོ། །ཞེས་སོགས་དང་། དེ་གསུམ་ནམ་མཁའ། སྤྲིན། ཆར་བ་ལྟ་བུའི་དཔེས་བསྟན་པ་དང་། རང་བཞིན་རྒྱས་པ་འཕགས་པ་གསེར་འོད་དམ་པར་བལྟའོ། །མདོར་ན་དེ་དག་ཞིབ་ཏུ། ཀླུ་སྒྲུབ་ཀྱི་མདོ་ཀུན་བཏུས། ཞི་བ་ལྷའི་བསླབ་བཏུས། ཇོ་བོ་རྗེའི་མདོ་ཀུན་ལས་བཏུས་པ་ཆེ་ཆུང་གཉིས། མེ་ཉག་པྲ་ཛྙཱ་ཛྭ་ལའི་སྤྱོད་འཇུག་གི་མདོ་སྦྱོར་སོགས་ལས་རྒྱ་ཆེར་ཤེས་པར་བྱ་བ་སྟེ་འདིར་མ་སྨོས་པའོ། ༈ །དགོངས་འགྲེལ་ལས། ཞི་གནས་ནི་ལུས་སེམས་ཤིན་ཏུ་སྦྱངས་པ་དང་། ལྷག་མཐོང་གི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེས་དེ་མ་གྲུབ་ཀྱི་བར་
དུ་སྦྱོང་བ་ནི། དེ་དང་དེ་དངོས་མ་ཡིན་ཏེ། རྗེས་སུ་མོས་པ་དང་མཚུངས་པར་ལྡན་པ་ཡིན་པར་བཤད་ལ། ༈ །དགོངས་འགྲེལ་ལས། ཞི་གནས་ནི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སྒྲུབ་པར་བཤད་ཅིང་། ལྷག་མཐོང་ནི་དང་པོ་ཕྱི་དོན་རྡུལ་ཕྲ་རབ་ཏུ་བཤིག་ཀྱང་མི་རྙེད་པས་སེམས་ཙམ་དུ་བསྒྲུབས། སེམས་ཀྱང་དུས་གསུམ་གྱི་རིག་པས་བརྟག་ན་སྐྱེ་འགག་མི་རྙེད་པས་སྐུ་གསུམ་ཙམ་དུ་བསྒྲུབས། དེའང་ཡང་དག་པར་ན་མ་དམིགས་པའི་ཕྱིར་སྤྲོས་བྲལ་དུ་བསྒྲུབས་ནས་མཉམ་པར་བཞག །གལ་ཏེ་རྣམ་རྟོག་འཕྲོ་ན། སླར་སྔར་གྱི་རིག་པ་དྲན་པར་བྱས་ཏེ་དེའི་ངང་ལ་བཞག །བྱིངས་རྒོད་བྱུང་ན་བསལ་ཅེས་གསུངས།། ༈ །།རྒྱལ་སྲས་ལམ་བཟང་གི་གཏམ་རྒྱུད་གསལ་བྱེད་བཞུགས་སོ། །ན་མོ་མཉྫུགྷོ་ཥ་བྷ་མི་པཎྜི་ཏུ་ཡ། རྒྱལ་སྲས་ལམ་བཟང་ལས་གསུངས་པའི་གཏམ་རྒྱུད་རྣམས་ཀྱི་དོན་ངག་ཉུང་ངུར་བསྡུས་ཏེ་བཤད་ན། རྒྱལ་པོ་གསལ་རྒྱལ་གྱི་བྱ་བ་ཞེས་པ། སོར་ཕྲེང་ཅན་གྱི་མདོར། དེས་བྱ་བ་ལྔ་བརྒྱ་བོས་ཏེ། ད་ཕྱིན་ཆད་གསོད་པའི་ལས་འདི་ཐོངས་ཤིག །ཞིང་དང་འབྲུ་དང་ནོར་སོགས་ཀྱིས་ཚིམ་པར་བྱའོ། །ཞེས་བཀའ་སྩལ་ཀྱང་། དེ་རྣམས་ཀྱི་བུ་དང་ཚ་བོ་ལ་སོགས་ལ་བྱ་གསོད་པའི་ལས་སྒྲུབས་ཤིག་ཅེས་བཟློག་མ་ནུས་པར། སངས་རྒྱས་ཐུགས་རྗེ་དང་ལྡན་པས་བྱ་བ་རྒན་པོ་ཞིག་ཏུ་སྤྲུལ་ནས་འདུལ་དགོས་བྱུང་
བ་ལྟ་བུའོ། ༈ །རྒྱ་ནག་གི་བྱིས་པ་ཅེས་བྱ་བ་ནི། རྒྱ་ནག་ཏུ་བྱིས་པ་གཅིག་ལྷ་ཁང་དུ་ཁྲིད་ནས། ཁྱོད་རང་གི་ལྷ་གང་ཡིན་ངོས་ཟུང་ཞིག་སྨྲས་པ་ན། མིག་ཀྱང་བལྟར་མ་འདོད། དེར་ཕ་མས་ཐུགས་རྗེ་ཆེན་པོའི་སྐུ་གཅིག་ཕུ་བའི་ནང་དུ་བཅུག་ནས། ཁྱོད་རང་གི་ལྷ་ཕྲུ་བ་ན་ཡོད་ཀྱི་ལོངས་ཤོག་བྱས་པས། མིག་དང་སྣ་གོས་ཀྱིས་གཡོགས་ཏེ། ཁྱེད་རང་གི་ལྷ་དེ་ན་འདུག་གོ་ཟེར་ནས་ཕྱིར་ཕྱོགས་འགྲོ་བ་དེ་འདྲའི་རིགས་ཅན་ལ་ཟེར་རོ། ༈ །སྔོན་རྒྱལ་པོ་འཇིགས་སྡེས་བྱང་ཆུབ་ཀྱི་སེམས་གཏོང་བ་ནི། ཤཱ་རིའི་བུ་རྒྱལ་པོ་པི་ན་སེར་གྱུར་པ་ལས། བྲམ་ཟེ་དྲག་པོའི་མིག་གིས་ལག་པ་བསླངས་པ་ན། ལག་པ་གཡས་པ་བཅད་དེ་གཡོན་པས་བྱིན་པས། བྲམ་ཟེ་མ་མགུ་བར་ཡིད་སྐྱོ་བ་སྐྱེས་པ་ལྟ་བུ་ལ་ཟེར་ཞིང་འདི་གཅིག་ལས་འཕྲོས་པའི་མདོར་འབྱུང་ངོ་། ༈ །ཕྱོགས་གླང་གིས་མུ་སྟེགས་གྲངས་ཅན་གྱི་སྟོན་པ་མདོག་ནག་ཅན་ལུང་རིགས་ཀྱིས་བཏུལ་བའི་ཚེ། ཁོའི་རིག་སྔགས་ཀྱི་མཐུས་ཁ་ནས་མེ་སྦར་ཏེ་སློབ་དཔོན་གྱི་ཡོ་བྱད་ཕལ་ཆེར་བསྲེགས་པ་ན་ བྱང་ཆུབ་ཀྱི་སེམས་འདོར་བར་བརྩམས་པའི་ཚེ་མགོན་པོ ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་བཟློག་པ་མཛད། ༈ །འཁོར་ལོས་བསྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་དང་། ང་ལས་ནུའི་ལོ་རྒྱུས་ནི། གཉིས་ཀས་བསོད་ནམས་ཀྱི་སྟོབས་ཀྱིས་གླིང་བཞི་དང་སུམ་ཅུ་རྩ་གསུམ་གྱི་
ཕྱེད་དང་བཅས་པ་ལ་དབང་ཐོབ་ཀྱང་། ད་དུང་ཆོག་མ་ཤེས་པར་བརྒྱ་བྱིན་གྱི་དཔལ་ལ་འཁུ་བས་སླར་ས་ལ་ལྟུང་ངོ་། །ཞེས་པ་ཅུང་ཟད་འདྲ་མིན་ཙམ་ལས། སྔ་མ་ཡབ་སྲས་མཇལ་བའི་མདོ་དང་། ཕྱི་མ་འདུལ་བ་ལུང་གཞི་ལས་འབྱུང་། ༈ །ཐམས་ཅད་སྒྲོལ་གྱིས་བུ་དང་བུ་མོ་བྲམ་ཟེའི་གཡོག་ཏུ་བྱིན་པ་༩དང་། ཤི་བིའི་རྒྱལ་པོས་༢མིག་༢བྱིན་པ་དང་། རི་བོང་༦གིས་བརྒྱ་བྱིན་གྱིས་སྤྲུལ་པའི་བྲམ་ཟེ་འཁྱམས་པ་ལ་ལུས་བྱིན་པ་དང་། རྒྱལ་པོ་ཟླ་འོད་ཀྱིས་(ཟང་ཟིང་ཕོངས་མེད་དུ་གཏོང་བའི་མཐར་དབུ་སྦྱིན་པར་གཏོང་བ་སྦྱིན་པའི་ཕར་ཕྱིན་རྫོགས་པར་མཛད་པའི་ཚུལ་དང་། གསེར་༤ ༣མདོག་དང་། དཔལ་བསྒྱུར་སོགས་མཚན་གྱི་རྣམ་གྲངས་དྲུག་དང་ལྡན་པ་དེས་བརྒྱ་བྱིན་གྱིས་སྤྲུལ་པའི་བྲམ་ཟེ་ལུས་ཕྱེད་དུ་སོང་བ་ལ་རང་གི་ལྟེ་བ་ཡན་ཆད་བཅད་ནས་གཏོང་བ་ལྟ་བུ་སྟེ། སྔ་མ་གསུམ་སྐྱེས་རབས་སོ་བཞི་པ་དང་། ཕྱི་མ་མཛངས་བླུན་དང་། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ་ལས་ཤེས་ལ། འཁྲི་ཤིང་དུའང་བཀོད་དོ། ༈ །མི་དགེ་བ་བཅུ་སྤྱད་པས་དམྱལ་བར་སྐྱེ་བ་ནི་དྲན་པ་ཉེར་བཞག་སོགས་ལས་ཤིན་ཏུ་གསལ་ལོ། ༈ །ཀླུའི་རྒྱལ་པོ་ཨེ་ལའི་འདབ་མའི་ལོ་རྒྱུས་ནི། འདུལ་བ་ལུང་ལས། སངས་རྒྱས་འོད་སྲུང་གི་དུས། དགེ་སློང་སྡེ་སྣོད་གསུམ་པ་ཞིག་དབེན་པར་གནས་ཤིང་། ཤིང་ཨེ་ལའི་དྲུང་དུ་འཆག་
པའི་ཚེ། དཔྲལ་བར་དེའི་འདབ་མ་ཞིག་ཕོག་པས་ཁྲོས་ཏེ། དེ་བཅད་ནས། སྲོག་ཀྱང་མེད་ལ་འཚོ་བ་ཡང་མེད་པ་འདི་ལ་བཅོམ་ལྡན་འདས་ཀྱིས་ཉེས་པ་ཅི་ཞིག་གཟིགས་ནས་བསླབ་པ་གཞི་བཅས། ཞེས་སྨྲས་པ་ཙམ་གྱི་རྣམ་སྨིན་གྱིས། སྦྲུལ་གྱི་ལུས་མགོ་བདུན་པ། མགོ་བོ་རེར་ཨེ་ལའི་སྡོང་པོ་རེ་སྐྱེས་པ། འཇིགས་སུ་རུང་ཞིང་སྡུག་བསྔལ་བ་ཞིག་ཏུ་སྐྱེས་པ། འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལོ་རྒྱུས་ཞུས་པས། བདག་ཉིད་ཆེན་པོ་འོད་སྲུངས་ཀྱི། །བསླབ་མཚམས་དག་ལས་འདས་པ་ཡི། །ཨེ་ལའི་འདབ་དེ་ཀླུ་ཡི་ནི། །སྐྱེ་གནས་དག་ལས་མ་ཐར་རོ། །ཞེས་གསུངས་པ་ལྟ་བུའོ། ༈ །ལྷའི་བུ་ཡན་ལག་ཉམས་པའི་ལོ་རྒྱུས་ནི། འདུལ་བ་ལུང་རྣམ་འབྱེད་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བྲམ་ཟེ་དབུལ་པོ་ཞིག་ལ། ཁྱོད་ཀྱིས་གསོ་སྦྱོང་ཡན་ལག་བརྒྱད་པ་ལེན་ན་ཟས་བསོད་པ་སྦྱིན་པར་དམ་བཅས་པས། དེས་ཀྱང་བླངས། ཉི་མ་ནུབ་པ་དང་བྲམ་ཟེའི་ཁྱིམ་གཞན་ཞིག་ཏུ་ཕྱིན་པས། དེར་རྐྱེན་དབང་གིས་ཟན་ཟ་དགོས་པ་བྱུང་བས་གསོ་སྦྱོང་རལ་ལོ། །གལ་ཏེ་དེ་གསོ་སྦྱོང་དང་ལྡན་བཞིན་དུ་ཚེ་འཕོས་ན་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་ཞིག་ཀྱང་། དེ་རལ་པས་རྒྱལ་ཆེན་རིས་བཞིའི་ལྷའི་ནང་དུ་སྐྱེས་ཏེ་ལྗོན་པ་ལ་གནས་པ་སོགས་ལོ་རྒྱུས་རྒྱས་པར་གསུངས་སོ། ༈ །ལེགས་པར་ཕ་རོལ་ཏུ་ཕྱིན་པའི་རབས་
ནི། བདག་ཅག་གི་སྟོན་པ་འདིའི་སྔོན་རབས་ཏེ། དེས་གསེར་གླིང་དུ་ཚོང་པ་མང་པོ་དང་ལྷན་ཅིག་རྒྱ་མཚོར་ཞུགས་པས་དུས་མིན་གྱི་རླུང་ལངས་པས་འཇིགས་པ་ན། བདག་གི་ཤེད་བྱེ་ཚུན་ཆད་དུ་སྲོག་གཅོད་སྤངས་པའི་བདེན་པས་གྲུ་འདི་རྒྱ་མཚོའི་ཀློང་ནས་ལྡོག་པར་གྱུར་ཅིག་ཅེས་བདེན་ཚིག་བརྗོད་པས་འདོད་པའི་གནས་སུ་དབུགས་འབྱིན་པ་སྟེ། སྐྱེས་རབས་སོ་བཞི་པར་གསལ་ལོ། ༈ །བྲམ་ཟེའི་ཁྱེའུ་སྐར་མ་ནི། གསང་ཆེན་ཐབས་ལ་མཁས་པའི་མདོར། དེས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱད་མཐར་བྲམ་ཟེའི་བུ་མོ་ཞིག་ལྷག་པར་ཆགས་ཏེ་སྲོག་འདོར་བར་བརྩམས་པ་ན་སྙིང་རྗེ་ཆེན་པོས་བུ་མོ་དེའི་ཁྱིམ་ཐབས་ལོ་བཅུ་གཉིས་སུ་བྱས། སླར་རབ་ཏུ་བྱུང་སྟེ་ཚངས་སྤྱོད་ལ་གནས་པས་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གསུངས་སོ། ༈ །དེད་དཔོན་སྙིང་རྗེ་ཆེན་པོ་ནི། བདག་ཅག་གི་སྟོན་པའི་སྔོན་རབས་ཏེ། དེས་ཚོང་པ་ལྔ་བརྒྱ་པོ་དང་ལྷན་དུ་རྒྱ་མཚོར་ཞུགས་པ་ན། མི་ནག་པོ་མདུང་ཐུང་ཐོགས་པ་ཞིག་བྱུང་སྟེ། ཐམས་ཅད་གསོད་པར་བརྩམས་པ་ན། ཁོ་དམྱལ་བར་སྐྱེ་བ་མ་བཟོད་ནས་དེ་ཉིད་དུ་བསད་པས་བསྐལ་པ་མང་པོའི་ཚོགས་འདུམ་པར་བཤད་དོ། ༈ །བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ནི། རྒྱལ་པོའི་ཕོ་བྲང་རིན་ཆེན་ལྔ་ལྡན་དུ་སེམས་ཅན་མང་པོ་ཐར་ལམ་ལ་བཀོད་པས།
རྒྱལ་པོ་དཔལ་སྦྱིན་ཕྲག་དོག་སྐྱེས་ཏེ་ལུས་དུམ་བུར་བཅད་ཀྱང་དེའི་ཐུགས་རྗེའི་སྟོབས་ཀྱིས་རྒྱལ་པོ་དེ་ལ་སོགས་པ་དུ་མ་ཞིག་རྣམ་གྲོལ་ལ་བཀོད་པའི་ཚུལ་མདོ་ཏིང་འཛིན་རྒྱལ་པོར་བཤད། ༈ །བརྒྱ་བྱིན་མིག་མཛེས་ནི། བདག་ཅག་གི་སྟོན་པའི་སྔོན་རབས་དེ་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་བཞེས་ཀྱང་། འཛམ་བུའི་གླིང་པའི་མི་རྣམས་ལ་ནད་ཀྱི་བསྐལ་པ་ཆེན་པོ་བྱུང་སྟེ། རང་ཉིད་རི་དྭགས་དེས་བ་ཟེར་བ་ཞིག་ཏུ་སྤྲུལ་ཏེ་ལུས་སྦྱིན་པར་མཛད་པས་ཤ་དེ་ཟོས་པའི་མོད་ཐམས་ཅད་ནད་ལས་གྲོལ་བར་མཛད་དོ། ༈ །ལེ་ལོའི་རྒྱལ་སྲིད་སོགས་ཉམས་པའི་ལོ་རྒྱུས་ནི། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས་སི་ཏཱ་འཕྲོག་པའི་གཏམ་རྒྱུད་ལྟ་བུའོ། ༈ །རྒྱལ་པོ་བྱམས་པའི་སྟོབས་ནི། བདག་ཅག་གི་སྟོན་པའི་སྔོན་རབས་ཏེ། དེས་ཉམ་ཐག་པའི་གནོད་སྦྱིན་ལྔ་ལ་ཤིན་ཏུ་བྱམས་པའི་སྟོབས་ཀྱིས་དྲངས་ཏེ་རང་གི་ཤ་ཁྲག་དྲོན་མོ་བཏང་ནས། བསོད་ནམས་འདི་ཡིས་སོགས་སྨོན་ལམ་བཏབ་པའི་ལོ་རྒྱུས་སྐྱེས་རབས་སོ་བཞི་པར་འབྱུང་ངོ་། ༈ །གངྒཱ་དང་ཡ་མུ་ནི་འདུས་པར་མ་སྨད་ཤི་བ་ཚངས་པའི་འཇིག་རྟེན་དུ་སྐྱེས་པའི་ལོ་རྒྱུས་ནི། བུད་མེད་དབུལ་མོ་ཞིག་ལ་བུ་མོ་ཞིག་བཙས་པ། དེ་ཁྱིམ་བདག་གིས་མཐོང་ནས་བསྐྲད་པས་ཡུལ་གཞན་དུ་འགྲོ་བའི་ལམ་བར་གངྒཱས་ཆོད་ཀྱང་། དེ་པང་དུ་ཐོག་སྟེ་བརྒལ་བ་ན་ཚེའི་དུས་བྱས། བུ་མོ་
ལ་བྱམས་པའི་བསོད་ནམས་ཀྱིས་ལྷར་སྐྱེས་ཞེས་མྱང་འདས་ལས་གསུངས། དེར་ཆུ་ཀླུང་དེའི་འགྲམ་ན་ཡོད་པའི་མུ་སྟེགས་ཀྱི་དྲངས་སྲོང་ཞིག་གིས་མངོན་ཤེས་ཀྱིས་རིག་སྟེ། ཆུའི་ཡོན་ཏན་ཡིན་པར་བསམ་ནས་ལྕེབ་བོ། །རྒྱུ་དེས་མུ་སྟེགས་པའི་བརྟུལ་ཞུགས་འཛིན་པ་འགའ་ཞིག་ཚུལ་དེ་ལྟ་བུ་ལ་སྤྱོད་དོ། །ཞེས་གྲགས། ༈ །དེད་དཔོན་མཛའ་བོའི་བུ་མོ་ནི། དང་པོ་མ་ལ་བྱམས་པར་བྱས། ཕྱིས་རྒྱ་མཚོར་འགྲོ་བ་ལ་མས་བཤོལ་ཀྱང་མ་ཉན་པར་མགོ་ལ་འགོམས་ཏེ་སོང་བས་ན་རྒྱ་མཚོའི་དབུས་སུ་གཟིངས་ནུབ། གྲོགས་ཐམས་ཅད་ཤི། ཁོ་རང་ཟངས་ཀྱི་རིལ་བ་ཞིག་ལ་འཇུས་པས་གླིང་བར་དུ་ཐོན། སྔར་མ་ལ་བསྙེན་བཀུར་བའི་སྟོབས་ཀྱིས་བདེ་བ་དུ་མ་ཉམས་སུ་མྱོང་། དེ་ནས་ལྷོ་ཕྱོགས་སུ་ཕྱིན་པས་དམྱལ་བ་ཉི་ཚེ་བའི་གནས་སུ་སླེབས་ཏེ། རལ་གྲིའི་འཁོར་ལོ་མགོ་ལ་བསྐོར་བས། མ་ལ་འགོམས་པའི་རྣམ་སྨིན་དུ་རིག་སྟེ། ཁམས་གསུམ་གྱི་སྡུག་བསྔལ་ཐམས་ཅད་ལེན་པའི་སེམས་བསྐྱེད་མ་ཐག་འཁོར་ལོ་དེ་ནམ་མཁར་འཕགས་སོ། ༈ །དམྱལ་བར་མེའི་ཤིང་རྟ་འདྲེན་པའི་རྣམ་ཐར་ནི། སྟོན་པ་འདི་ཉིད་སོ་སྐྱེའི་འཆིང་བ་ཀུན་ལྡན་གྱི་ཚེ་སེམས་ཅན་དམྱལ་བའི་གནས་སུ་ཤིང་རྟ་འདྲེན་པའི་གྱད་དུ་གྱུར། དེས་རང་གི་གྲོགས་ལ་སྙིང་རྗེ་སྐྱེས་ནས། འདིའི་སྡུག་བསྔལ་བདག་གིས་ཁུར་ན་ཅི་མ་རུངས། ཞེས་སྨྲས་
པས། དམྱལ་སྲུང་ཁྲོས་ཏེ་ཐོ་ལུམ་མེ་འབར་བས་མགོ་བོར་བསྣུན་ཏེ་བསད། བསོད་ནམས་དེས་སུམ་ཅུ་རྩ་གསུམ་དུ་སྐྱེས་སོ། །ཞེས་སྙིང་རྗེ་པད་དཀར་ལས་རྒྱས་པར་གསུངས་པ་ལྟ་བུའོ། །དེ་རྣམས་ཀྱིས་རྒྱལ་སྲས་ལམ་བཟང་ལས་བྱུང་བའི་གཏམ་རྒྱུད་དངོས་བསྟན་རྣམས་ཅུང་ཟད་བཀྲལ་བ་སྟེ། གཞན་ཡང་སྐྱེས་པ་རབས་ཀྱི་རྒྱུད་སོགས་ལས་རྒྱ་ཆེར་ཤེས་པར་བྱའོ། །ཞེས་པའང་རང་གི་བརྗེད་བྱང་དུ་ཟིན་བྲིས་སུ་བཏབ་པ་མཐའ་ཡས་པའི་འགྲོ་བ་ཀུན་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བར་གྱུར་ཅིག །ཤུ་བྷཾ།།