Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
 
ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་སྦྱིན་སྲེག་གི་ཆོ་ག་འཆི་མེད་སྣང་སྟེར།
  
  
  
  
 
  
  
  
  
 
 
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་སྦྱིན་སྲེག་གི་ཆོ་ག་འཆི་མེད་སྣང་སྟེར།next

ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་སྦྱིན་སྲེག་གི་ཆོ་ག་འཆི་མེད་སྣང་སྟེར།


JKT013_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་སྦྱིན་སྲེག་གི་ཆོ་ག་འཆི་མེད་སྣང་སྟེར་ཞེས་བྱ་བ་བཞུགས་སོ།། །།


JKT013_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། གཟུང་འཛིན་འཕོ་བའི་བུད་ཤིང་ཡེ་ཤེས་མེས། །མཐར་མཛད་བླ་མ་ཚེ་དཔག་མེད་མགོན་ལ། །བཏུད་ནས་དེ་ཡི་སྦྱིན་སྲེག་ཆོ་གའི་ཚུལ། །འཆི་མེད་སྣང་བ་སྟེར་བའི་དཔྱིད་དུ་བསྐྲུན། །འདི་ལ་བཞི། སྦྱོར་བ། དངོས་གཞི། རྗེས་ཀྱི་ཆོ་ག །འཕྲོས་དོན་གཞན་ཅུང་ཟད་སྨོས་པའོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གཞི་མ་དུལ་པ་ཡིན་ན། རང་ཉིད་སྐད་ཅིག་གིས་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ་མཛད་པའི་སྐུར་གྱུར་པར་བསམས་ལ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་ཅེས་ཅུང་ཟད་བཟླ། གཞི་བགེགས་ཀྱི་གཏོར་མ་གཏོང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ་ཅེས་བརྒྱ་རྩ་བཟླས་པས་ཀུན་རྫོབ་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པས་དོན་དམ་པའི་སྦྱང་བའང་བྱའོ། །དེ་ལྟར་སྦྱངས་


JKT013_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གཞི་དེར་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ངོས་འཇམ་ཞིང་མདོག་དཀར་པོར་བྱས་པ་བའི་ལྕི་བས་བྱུགས་པ་ལ་ཚངས་ཟུར་གྱི་ཐིག་སྤྱི་ལྟར་བཏབ་པའི་དབུས་ནས་མཐོ་གང་དང་། དེའི་ཕྱི་རོལ་དུ་རིམ་པར་སོར་བཞི་བཞིས་ཟླུམ་པོར་བསྐོར། ལྟེ་བར་སོར་བཞིས་བསྐོར་བར་རྡོ་རྗེ་དཀར་པོ་དང་། དེའི་ཕྱི་མར་པདྨ་འདབ་བརྒྱད། དེའི་ཕྱི་རོལ་མུ་རན་དང་ཁ་ཁྱེར་བགྱིས་པའི་ཁ་ཁྱེར་ལ་རྡོར་ཕྲེང་། སྟེགས་བུའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྲིས་པའི་ཞི་ཐབ་སྤྱི་ལྟར་གྱི་ཁར། ཞི་བར་ཤིས་པའི་བུད་ཤིང་ཟླུམ་པོར་བརྩིག །ཐབ་ཀྱི་ཤར་ལྷོར་མེ་ཚང་ཏིང་ལོ་དང་བཅས་པ་བཞག །རང་གི་གཡས་སུ་བསྲེག་རྫས་འོམ་བུ་དང་པལ་བུའམ་ལྕང་དཀར་སོགས་ཞི་བའི་ཡམ་ཤིང་མཐོ་ཚད་མ་དང་། མར་ཁུ། ཏིལ། ཞོ་ཟན། འབྲས། སོ་བ། ནས། སྲན་མ། གྲོ། དཱུརྦ། ཀུ་ཤ་སྟེ་རྫས་ཆེན་བཅུ་གཅིག་སྟེ། ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་མ་འདས་ཀྱི་རིམ་པས་ཚར་


JKT013_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རེ་བཤམ། སྣོད་སོགས་མ་འབྱོར་ན་བསྲེག་རྫས་ཚར་གཅིག་བཤམས་ནས་འཇིག་རྟེན་པའི་མེ་ལྷ་ལ་འབུལ་བའི་སྐབས། ཕུད་ཅུང་ཟད་རེ་བཞག་ནས། སླར་འདས་ལྷར་འབུལ་རྒྱུའི་ནང་དུ་བསྲེ་བ་ཕྱག་ལེན་དུ་མཛད། རྫས་སྣོད་དང་བཅས་པ་གྲུབ་ན་ཁ་དོག་དཀར་པོར་བསྒྱུར། དེའང་ཡམ་ཤིང་མར་ཁུ་བསྲེག་རྫས་ཀྱི་གཙོ་བོ་ཡིན་པས་མེད་དུ་མི་རུང་། གཞན་རྣམས་ཚང་བར་མ་འབྱོར་ཀྱང་ཆད་སྐྱོན་མེད། བསྙེན་པའི་ཁ་སྐོང་དང་སྡིག་སྦྱོང་ལ་ཏིལ། ནད་ཞི་བར་གྲོ། ཚེའི་བར་གཅོད་ཞི་བར་དཱུརྱ། བགེགས་ཞི་བར་ཡུངས་ཀར་སོགས་སྐབས་སུ་གང་བབ་མ་ཆད་ཅིང་ཚང་བར་བྱའོ། །རང་གི་གཡོན་ངོས་སུ་འདས་ལྷར་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད། མེ་ལྷར་ཆུ་གཉིས་ཉེར་སྤྱོད་གཏོར་མ། རང་གི་མདུན་དུ་རྡོ་དྲིལ། དགང་བླུགས། ཌ་མ་རུ། ནང་མཆོད། མེ་ཏོག །བསང་ཆུ་སོགས་དང་། ལས་མཐུན་ཀྱི་མེ། དཔལ་འབར། རླུང་གཡབ། ཀུ་ཤའི་ཆུན་པོ་སོགས་ཀྱང་བཤམ་མོ། །གཉིས་པ་ནི། རང་ཉིད་ཁྲུས་བྱས་ཏེ་ཆས་གོས་དཀར་པོ་གྱོན་ནས་པདྨའི་འདུག་སྟངས་ཀྱིས་ཁ་ཤར་དུ་ཕྱོགས་པར་འཁོད། བདག་བསྐྱེད་སྔོན་དུ་མ་བྱས་ན་འདིར་བྱ་ཞིང་། བཀའ་སྲུང་ལ་མཆོད་གཏོར་དང་། ཚོགས་བྱེད་ན་ཞལ་བསྟབ་བར་བཏང་། ལས་བུམ་ལ་རྟ་མགྲིན་གྱི་བསྐྱེད་བཟླས་རྒྱས་པར་བྱ་བའམ། ཡང་ན་བསང་ཆུ། ཨོཾ་བཛྲ་ཀྲོ་དྷ་སོགས་སྔགས་བརྒྱ་རྩ་ཙམ་བཟླས་པས་ཁྲོ་བའི་རང་བཞིན་གྱི་བདུད་རྩིར་བྱིན་གྱིས་བརླབས་ཀྱང་རུང་། དེ་ལྟར་ན་སྨྲ་བ་གཞན་བཅད་དེ། རྡོ་རྗེ་བཟུང་སྟེ། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་སྙིང་གར་གསོར། དྲིལ་བུ་བཟུང་སྟེ། ཨོཾ་བཛྲ་གྷནྡྷེ་ཨཱཿ ཞེས་དཀྲོལ་ཞིང་དཀུར་བསྟེན། ལག་གཉིས་འཁྱུད་རྒྱ་སྙིང་གར་བཅས་ལ། ཨོཾ་


JKT013_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་བརྗོད་ཅིང་དམ་ཚིག་གསུམ་གཟུང་། ལག་པ་རྡོ་དྲིལ་དང་མ་བྲལ་བར་བྱ། ལས་སྔགས་དང་བསང་ཆུས་གཡས་སྐོར་དུ་ལན་གསུམ་བསང་། འདས་མ་འདས་ཀྱི་མཆོད་རྫས་སྨན་གཏོར་རཀྟ་རྣམས་ལས་བྱང་ལྟར་བྱིན་གྱིས་བརླབ། རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱ་རྫས་རྣམས་ལ་སྤྱི་དང་བྱེ་བྲག་ཏུ་རེག་ཅིང་། ཨོཾ་སྭཱ་ཧཱ། བརྗོད་དེ་རྫས་རྣམས་བཀྲུས་པར་བསམ། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། མར་ཁུ་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་དེ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་་ཐིག་ལེས་བརྒྱན་པ་ཡོངས་སུ་གྱུར་པ་ལས་བསྲེག་རྫས་རྣམས་སོ་སོའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཞི་བའི་ལས་རབ་འབྱམས་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད་དེ་བྱིན་གྱིས་བརླབ། དེ་ནས་མེ་སྒྲོན་ཐལ་སྦྱར་བར་བཟུང་ལ་ཐབ་ལ་གཡས་སུ་ལན་གསུམ་བསྐོར་ཞིང་། ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུཛྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་ཀྱི་མཐར། ཨོཾ་ཨགྣ་ཡེ་ཛྭ་ལ་རྃ་ཞེས་མེ་ཚང་དུ་བཅུག །ཧཱུྃ་ཞེས་བརྗོད་དེ་རླུང་གཡབ་ཀྱིས་སྦར། ཨོ་ཨཧཱ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་གསུམ་མམ་བདུན་གྱི་མར་ཁུས་མེ་གསོ། ཀུ་ཤ་ཐོགོས་ཏེ། ཨོཾ་


JKT013_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སཏྭ་ཨཱཿ ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པའི་ལྷ་ནི་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པའི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་པས་ཐབ་ཀྱི་ཁར་དགོད། གཉིས་པ་དངོས་གཞི་ལ་གཉིས། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པའོ། །དང་པོ་ནི། ཐབ་ལས་སྔགས་ཀྱིས་བསང་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཞི་བའི་ཐབ་ཟླ་བ་ཆུ་ཤེལ་གྱི་རང་བཞིན་ཅན་དཀར་པོ་ཟླུམ་པོ་དྭངས་ཤིང་དྲི་མ་མེད་པའི་འོད་ཟེར་འཕྲོ་བ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། གྲ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པད་ཉིའི་གདན་ལ་རྃ་ཡིག་ལས་བྱུང་བའི་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རིལ་བ་སྤྱི་བླུགས་དང་། གཡོན་སྐྱབས་སྦྱིན་གྱི་ཕྱག་རྒྱས་བགྲང་ཕྲེང་འཛིན་པ། དྲང་སྲོང་གི་ཆས་ཅན་ར་སྐྱེས་ལ་གནས་པ། འཁོར་ཚོགས་དུ་མས་བསྐོར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མེ་ལྷ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམས་ལ་དབྱུ་གུ་རྩེ་གསུམ་པའི་ཕྱག་རྒྱ་གཡབ་ཅིང་། ཨོཾ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་


JKT013_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨགྣ་ཡེ་ཨཱ་ཀརྵ་ཡ་ཛཿཛཿ ཞེས་སྤྱན་དྲང་། ལས་སྔགས་དང་བསང་ཆུས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་ཨགག་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། དེ་བཞིན་དུ། པཱ་དྱེ་སྦྱར་བས་ཞབས་བསིལ་ཕུལ། ཨོཾ་ཨག་ཡེ་ས་མ་ཡ་ཧཱུྃ། ཞེས་དམ་ལ་བཞག །ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར་པར་བསམ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་ནས། ཤཔྟའི་བར་སྦྱར་བས་ཉེར་སྤྱོད་རོལ་མོས་མཆོད། ཨོཾ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་གསལ་མཛད་པ། །བདག་གཞན་དོན་གཉིས་བསྒྲུབ་ལ་བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་བསྟོད། །ཅེས་པས་བསྟོད། མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རྃ་ཡིག་གིས་མཚན་པར་གྱུར་པར་བསམ་ཞིང་། དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་དང་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ། །གཟར་བུ་གཉིས་ཁ་སྦྱར་ནས་པུས་མོའི་ཕྱིར་མི་གདའ་བར་གཡས་སུ་བསྐོར་ཞིང་། ཨོཾ་ཨག་ཡེ་ཨཱ་དི་བྱ་ཨཱ་དི་བྱ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་པའི་མཇུག་ཏུ་བསྙེན་སྒྲུབ་ཀྱི་ཁ་སྐོང་ལ། བདག་ཅག་གི་ཏིང་ངེ་འཛིན་མི་གསལ་ཞིང་སྔགས་མ་དག་པ་དང་ཆོ་ག་ལྷག་ཆད་ཀྱི་ཉེས་པ་སོགས་


JKT013_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བགེགས་རིགས་བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སམ། རང་གཞན་གྱི་རིམ་གྲོ་ལྟ་བུའི་ཚེ། བདག་གི་འམ་སྦྱིན་པའི་བདག་པོའི་ནད་གདོན་སྡིག་སྒྲིབ་ཚེའི་བར་དུ་གཅོད་པ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུའི་སྤེལ་ཚིག་སྦྱར། གང་ལྟར་ཡང་མར་ཁུ་བླུགས་གཟར་བདུན་རེ་འབུལ་ཐེངས་གསུམ་བྱ་སྟེ། འདི་ལ་བྱོན་སྐྱེམས་ཀྱི་ཐ་སྙད་མཛད། སྐབས་འདིར་མེ་པྲ་བརྟག །ངན་ན་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་བསང་བ་སོགས་སྤྱི་ལྟར་བྱ། དེ་ནས་རྫས་གཞན་རྣམས་རིམ་པར་སོ་སོའི་སྔགས་ཀྱིས་དབུལ་ཏེ། དེའང་ཡམ་ཤིང་། ཨོཾ་བོ་དྷི་བྲྀཀཱ་ཡ་སྭཱ་ཧཱ། མར་ཁུ་ལ། ཨོཾ་ཨག་ཡེ་སྭཱ་ཧཱ། ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན། ཨོཾ་སརྦ་སཾ་པཱ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། སོ་བ། ཨོ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལཱ་ཡ་སྭཱ་ཧཱ། གྲོ། ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཞེས་པས་རིམ་པར་བརྒྱ་རྩའམ་ཉེར་གཅིག་ལ་སོགས་པ་འབུལ། དེའང་འདས་པའི་མེ་ལྷ་ལ་སྟོང་རྩ་སོགས་འབུལ་ན། འདིར་བརྒྱ་རྩ་དང་། འདས་ལྷར་བརྒྱ་རྩ་ཙམ་འབུལ་ན། འདིར་ཉེར་གཅིག་གིས་མཚོན་སྐབས་དང་སྦྱར། གྲངས་རྫོགས་པ་ན། མར་ཁུ་བླུགས་གཟར་གང་ཐབ་ཏུ་འབུལ་ཞིང་། ཨོཾ་བཛྲ་ཛྭ་ལ་རྃ་ཞེས་བརྗོད་པས་མེ་ལྕེ་འབར་བའི་རྣམ་པར་གྱུར་ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་ནི། །


JKT013_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་མེ་ལས་སྔགས་ཀྱིས་བསང་། སྭ་བྷ་ཝས་སྦྱང་། འབར་བ་མེ་ཡི་དབུས་ཉིད་དུ། །ཆུ་ལས་ཆུ་བུར་བརྡོལ་བ་བཞིན། །ཞེས་པ་ནས། སྐྱིལ་ཀྲུང་འཇའ་འོད་ཀློང་ན་བཞུགས། །བར་དང་། སྐུ་ལས་འོད་ཟེར་དཀར་པོ་འཕྲོ། །ཞི་བའི་ཕྲིན་ལས་མཛད་པར་གྱུར། །ཅེས་སྦྱར། སྤྱན་འདྲེན་ནས་བསྟོད་པའི་བར་ལས་བྱང་རྒྱས་བསྡུས་གོང་མོས་ལྟར་གཏང་། བྱོན་སྐྱེམས་འབུལ་བ་ལ། ལྷ་ཞལ་ཅུང་ཟད་འཛུམ་པའི་ལྗགས་ལ་རྃ་ཡིག་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃཡིག་གིས་མཚན་པར་གྱུར། ཨོཾ་ཨགཱ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་ལ། དགང་བླུགས་ཁ་སྦྱར་བསྐོར་ཏེ་འབུལ་བ་སྔར་བཞིན། ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུཛྙཱ་ན་སརྦ་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛ༔ བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཞེས་རྩ་སྔགས་ལ་སྤེལ་ཚིག་གོང་དུ་འཇིག་རྟེན་པའི་མེ་ལྷའི་སྐབས་ལྟར་སྦྱར་བས་བྱོན་སྐྱེམས་འབུལ། དེ་ནས་རྫས་རྣམས་ལ་རེ་རེ་བཞིན་དུ་ཐོག་མར་རྩ་སྔགས་ཚར་གཅིག །དེ་ནས། ཨོཾ་བོ་དྷི་བྲྀཀྵཱ་སོགས་རྫས་སྔགས་སོ་སོར་བཅུའམ་བརྒྱ་རྩ་སོགས་ཀྱིས་འབུལ་ཞིང་མཐར་སྤེལ་ཚིག་རེ་སྦྱར་བས་ཡམ་ཤིང་ནས་ཀུ་ཤའི་བར་རིམ་པར་ཕུལ་ཟིན་པའི་རྗེས་སུ་བསྙེན་སྒྲུབ་ཁ་སྐོང་དང་ཞི་བྱེད་སྤྱི་ཁྱབ་ལ་ཏིལ་ཁོ་ན། དམིགས་བསལ་གོང་དུ་སྨོས་པ་ལྟར་ནད་ཞི་བ་ལ་གྲོ་སོགས་ཁྱད་པར་གྱི་རྫས་ལ་གྲངས་བཟུང་སྟེ་རྩ་སྔགས་ཚར་རེས་ཐོག་དྲངས་ཏེ། རྫས་སྔགས་བརྒྱ་རྩ་ལ་སོགས་པའི་མཐར་སྤེལ་ཚིག་རེ་རེ་སྦྱར་བས་ཕུལ། རྫས་རྫོགས་པའི་མཐར། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ཟླ་བ་ཆུ་ཤེལ་


JKT013_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མདོག་ཅན་བདུད་རྩིའི་རང་བཞིན་ཅན་དཔག་ཏུ་མེད་པ་འཕྲོས། བསྒྲུབ་བྱའི་ལུས་ལ་ཕོག །ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །ལུས་དག་པའི་ཤེལ་ལྟར་གྱུར་ཅིང་སེམས་ཟག་མེད་ཀྱི་བདེ་བས་རྒྱུད་ཡོངས་སུ་གང་བར་གྱུར་པར་བསམ་མོ། །གསུམ་པ་ལ་གཉིས། འདས་པའི་མེ་ལྷ་དང་། འཇིག་རྟེན་པའི་མེ་ལྷའི་རྗེས་ཆོག་རྗེས་འབྲེལ་དང་བཅས་པའོ། །དང་པོ་ནི། གཤེགས་སྐྱེམས་ཀྱི་མར་ཁུ་དགང་བླུགས་གསུམ་བྱོན་སྐྱེམས་ཀྱི་སྐབས་ལྟར་ཕུལ། ཨོཾ་བཛྲ་གུ་རུ་པདྨ་ཨཱ་ཡུཛྙཱ་ན་ས་པ་རི་ཝ་ར་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་ཉེར་སྤྱོད་དང་སྨན་གཏོར་རཀྟ་འབུལ། ཧྲཱིཿ དྲན་པ་ཙམ་གྱིས་འཆི་བདག་བདུད། །མཐར་མཛད་པད་འབྱུང་ཚེ་དཔག་མེད། །ཨེ་ཝཾ་ཟུང་འཇུག་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཞེས་བསྟོད། བླ་མ་མགོན་པོ་ཚེ་དཔག་མེད་པས་བདག་དང་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཅེས་གསོལ་བ་གདབ། ཡིག་བརྒྱ་བཟླ་ཞིང་། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་པས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་


JKT013_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར་པར་བསམ་མོ། །གཉིས་པ་ནི། ཐབ་ཏུ་མར་ཁུ་བླུགས་གཟར་གང་ཕུལ་ནས། ཨོཾ་བཛྲ་ཛྭ་ལ་རྃ། མེ་ལྷ་འབར་བའི་རྣམ་པ་ལས་སྐད་ཅིག་གིས་གཟུགས་སུ་བཞེངས་པར་གྱུར་པར་བསམས་ལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཡམ་ཤིང་སོགས་རྫས་ལྷག་མ་རྣམས་སྔར་བཞིན་ཕུལ། གཤེགས་སྐྱེམས་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས་གསུམ་ཐོག་མའི་བྱོན་སྐྱེམས་སྐབས་ལྟར་འབུལ། མེ་ལྷའི་གཏོར་མ། རྃ་ཡྃ་ཁྃ་གིས་སྦྱང། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་ཨགྷ་ཡེ་ས་པ་རི་ཝཱ་ར་ཨ་ཀཱ་རོའི་སྔགས་བཏགས་པ་གསུམ་མམ་བདུན་གྱིས་ཕུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །བར་གྱིས་ཕྲིན་ལས་བཅོལ། ཡིག་བརྒྱ་ལན་གསུམ་དང་། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་གསོལ་བྱ། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་


JKT013_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ་ཚུར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །ཡ་ཧི་གཙྪཞེས་པས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་དང་། བགེགས་རིགས་སྟོང་ཕྲག་ཞི་བ་དང་། །ཞེས་སོགས་སྐབས་སུ་བབས་པའི་ཤིས་བརྗོད་ཅི་ལྟར་རིགས་པ་བྱ། ཚོགས་མཆོད་དང་འབྲེལ་ན་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་མན་གྱི་མཇུག་ཆོག་རྣམས་ལས་བྱང་ལྟར་དང་། མ་འབྲེལ་ན་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱས་ལ་མེ་ཏོག་གི་ཆར་དབབ། མེ་རང་ཞིར་འཇོག་པ་བྱུང་ན་ལེགས། ལོང་མེད་ན་ཨ་ཀཱ་རོའི་སྔགས་བརྗོད་ཅིང་རང་བཞིན་མེད་པའི་དོན་དྲན་པས་འོ་མ་དང་དྲི་ བཟང་གི་ཆུས་གཞིལ། ཐལ་བ་ཆུ next hit་ཀླུང་ཆེན་པོ་སོགས་གཙང་སར་དོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །བཞི་པ་ལ་གཉིས། རྒྱས་པ་དང་། དབང་གི་སྦྱིན་སྲེག་ཁ་བསྒྱུར་བྱ་བའི་ཚུལ་ལོ། །དང་པོ་ནི། ཚེ་སྤེལ་བ་སོགས་ཀྱི་ཆེད་རྒྱས་པའི་སྦྱིན་སྲེག་བྱེད་ན། སྤྱིར་གོང་དུ་སྨོས་པའི་ཞི་བའི་སྦྱིན་སྲེག་ཉིད་གཞིར་བཞག་སྟེ་ཁྱད་པར་ཕྲ་མོ་རྣམས་མ་འདྲེས་པར་ཉམས་སུ་བླང་དགོས་པས། བཤམ་གྱི་སྐབས། རྒྱས་པའི་ཐབ་སེར་པོ་གྲུ་བཞི་པ་ལ་ལྟེ་བར་རྡོ་རྗེ་སེར་པོ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ་བྲི། ཤུག་པ་ཁམ་ལྟར་སོགས་འབྲས་བུ་ཅན་གྱི་བུད་ཤིང་གྲུ་བཞིར་བརྩེག །ཤིང་དེ་ཉིད་ལས་ཡམ་ཤིང་ཁྲུ་གང་


JKT013_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་རྫས་དང་སྣོད་དང་ཆས་གོས་སོགས་སེར་པོར་བསྒྱུར། ཆོ་གའི་སྦྱོར་བའི་སྐབས། ཡར་ངོའི་སྔ་དྲོའི་ཆར། རང་ཉིད་ཁ་བྱང་དུ་ཕྱོགས་པས་previous hit བཟང་པོའི་འདུག་སྟངས་ཀྱིས་འདུག །འཇིག་རྟེན་པའི་མེ་ལྷའི་སྐབས། སྟོང་པའི་ངང་ལས་རྒྱས་པའི་ཐབ་ཛམྦུ་ཆུ next hit་བོའི་གསེར་གྱི་རང་བཞིན་ཅན་སེར་གསལ་གྲུ་བཞི་པ། ཉི་མ་འབུམ་གྱི་གཟི་འོད་ལྟར་འཕྲོ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་ཞེས་དང་། མེ་ལྷ་སེར་པོ་དང་སྤེལ་ཚིག །བདག་གིའམ་སྦྱིན་པའི་བདག་པོའི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡེ་ཤེས་དང་ཡོན་ཏན་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། །ཞེས་པ་ལྟ་བུ་སྦྱར། འདས་པའི་མེ་ལྷའི་སྐབས། སྐུ་ལས་འོད་ཟེར་སེར་པོ་འཕྲོ། །རྒྱས་པའི་ཕྲིན་ལས་མཛད་པར་གྱུར། །ཅེས་བསྒྱུར། གྲངས་གསོག་སྐབས། ཚེ་རྒྱས་པ་ལ་ཞོ་དང་སྦྲང་རྩིས་ངར་བཏགས་པའི་དྲུ། བསོད་ནམས་རྒྱས་པ་ལ་ཟས་མཆོག །ནོར་དང་འབྲུ་རྒྱས་པ་ལ་འབྲས་སོ་མ་གྲུག་པ་གཙོ་བོར་བྱ། རྫས་རྫོགས་པ་ན། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ཛམྦུ་ཆུ་བོའི་གསེར་གྱི་མདོག་ཅན་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་འཕྲོས། བསྒྲུབ་བྱ་ལ་ཕོག་པས་ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་བྱས། ལུས་བཙོ་མའི་གསེར་ལྟར་གྱུར་ཅིང་སེམས་རྒྱུད་ཟག་མེད་ཀྱི་བདེ་བ་རྒྱས་པར་བསམ། རྗེས་སུ་མེ་ལོང་མེད་ན་དྲི་བཟང་གི་ཆུས་བརྟུལ།


JKT013_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་མཛོད་ཀྱི་ཕུགས་སམ། རི་བོ་ལྷུན་སྟུགས་དཔྱད་ལེགས་བར་བསྐྱལ་བ་སོགས་བྱའོ། །གཉིས་པ་ནི། ཚེ་དང་བསོད་ནམས་རྒྱལ་བློན་སོགས་དབང་དུ་བྱ་བའི་དབང་གི་སྦྱིན་སྲེག་བྱེད་ན། སྨད་འཚོངས་མས་ཉལ་བོ་བྱས་པའི་ས་སོགས་ལས་ཐབ་སྟེགས་བྱ། ཐབ་ཟླ་གམ་དམར་པོ། ལྟེ་བར་རྡོ་རྗེ་དམར་པོ་དང་། ཁ་ཁྱེར་ལ་པདྨའི་ལྕགས་ཀྱུས་མཚན་པ། ཙནྡན་དམར་པོའམ་མཛོ་མོ་ཤིང་སོགས་དམར་ཞིང་སྐྱུར་བའི་བུད་ཤིང་ཟླ་གམ་དང་། ཡམ་ཤིང་སོར་ལྔ་པ་མར་ཁུ་དང་མངར་གསུམ་གྱིས་བྱུག་པ་སོགས་རྫས་དང་སྣོད་དང་ཆས་གོས་ཐམས་ཅད་དམར་པོར་བསྒྱུར། དགོང་མོའི་ཆར་ཁ་ནུབ་ཏུ་ཕྱོགས་པས་ལོང་བུ་བསྣོལ་ཏེ་འདུག །འཇིག་རྟེན་པའི་མེ་ལྷའི་སྐབས་སྟོང་པའི་ངང་ལས་དབང་གི་ཐབ་པདྨ་རཱ་གའི་རང་བཞིན་ཅན་དམར་གསལ་ཟླ་གམ་འོད་ཟེར་འབར་ཞིང་འཁྲུགས་པའི་ཁ་ཁྱེར་ལ་པདྨའི་ཕྲེང་བས་བསྐོར་བ་ཞེས་དང་། མེ་ལྷ་དམར་པོ་དང་། སྤེལ་ཚིག་བདག་གིའམ་སྦྱིན་པའི་བདག་པོའི་དབང་དུ་ཁམས་གསུམ་སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་པ་ལྟ་བུ་དང་། འདས་པའི་མེ་ལྷའི་སྐབས། སྐུ་ལས་འོད་ཟེར་དམར་པོ་འཕྲོ། །དབང་གི་ཕྲིན་ལས་མཛད་པར་གྱུར། །ཅེས་བསྒྱུར། ཁྱད་པར་གྱི་རྫས། ཚེ་བཅུད་དབང་དུ་བྱ་བ་ལ་དཱུཏྲ། བསོད་ནམས་དམིགས་བྱ་རྒྱལ་བློན་སོགས་དབང་དུ་བྱ་བ་ལ་ཟས་མཆོག །ནོར་དང་འབྲུ་དབང་དུ་བྱ་བ་ལ་འབྲས་སོ་བ་སོགས་སྐབས་སུ་གང་བབས་བྱ། རྫས་རྫོགས་པ་ན། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་པདྨ་རཱ་གའི་མདོག་ཅན་ཉི་མ་བྱེ་བའི་གཟི་འོད་དང་ལྡན་


JKT013_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཕྲོས། དམིགས་ཡུལ་ལ་རེག་པས་དམར་ལམ་སྟེ་འོད་དུ་ཞུ་ནས་བསྒྲུབ་བྱ་ལ་ཐིམ་པས་དབང་དུ་འདུས་ཤིང་། བསྒྲུབ་བྱའི་ལུས་དམར་ཞིང་ཆགས་པའི་མདངས་དང་ལྡན་པས་མཐོང་ཐོས་དྲན་རེག་ཐམས་ཅད་དབང་དུ་བྱེད་པའི་ནུས་པ་ལ་དབང་འབྱོར། སེམས་ཟག་མེད་ཀྱི་བདེ་བས་རྒྱུད་ཡོངས་སུ་གང་བར་བསམ། རྗེས་སུ་མེ་ཆང་གིས་གཞིལ། དམིགས་བྱ་ལ་སྦྱིན་པའམ། ཆུ་བོ་ཆེན་པོར་འདོར་བའམ། མཐུན་པའི་རླུང་ལ་བསྐུར་བ་སོགས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །བརྟན་གཡོའི་དྭང་མ་སྲིད་ཞིའི་ཕུན་ཚོགས་བཅུད། །འདྲེན་མཛད་ཚེ་མཐའ་ཡས་པའི་སྲེག་བླུགས་འདིས། །འཆི་མེད་ཚེ་དང་འདོད་རྒུའི་དཔལ་འབྱོར་སོགས། །དགེ་མཚན་སྣང་བ་རྟག་ཏུ་སྟེར་གྱུར་ཅིག །ཅེས་པའང་རིག་འཛིན་གཏེར་བདག་གླིང་པ་སོགས་ལུགས་འདི་ལ་ཚད་མར་གྱུར་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱི་གཞུང་དང་མཐུན་པར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།


previousཚེ་དཔག་མེད་དྭང་མ་བཅུད་འདྲེན་གྱི་སྦྱིན་སྲེག་གི་ཆོ་ག་འཆི་མེད་སྣང་སྟེར།next