Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

5 occurrences of བྱས་པ་གང་
[Clear Hits]


 
སྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ།
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
 
  
  
  
  


5 occurrences of བྱས་པ་གང་
[Clear Hits]

 
no previousསྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ།next

སྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ།


JKT014_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ་ཅེས་བྱ་བ་བཞུགས་སོ།།


JKT014_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞིའི་དགེ་མཚན་བདུད་རྩིའི་དོ་ཤལ་ནི། །སྙིང་རྗེའི་ཟླ་བ་གཞོན་ནུ་ལ་ཆགས་པས། །གྲུབ་གཉིས་ངལ་འཚོས་ཡིད་ཅན་གདུང་སེལ་བ། །ཁྱབ་བདག་རྡོ་རྗེ་སེམས་དཔས་དགེ་ལེགས་མཛོད། དེ་ལ་འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་བསྙེན་བསྒྲུབས་ལས་སུ་རུང་བ་སྔོན་དུ་སོང་ནས། །ཟང་ཟིང་མེད་པའི་བྱམས་པ་དང་། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སོགས་གཞན་ལ་གཅིག་ཏུ་ཕན་པ་དང་བདེ་བའི་ཡིད་ཀྱིས་གནས་སྐབས་དང་མཐར་ཐུག་གི་དངོས་གྲུབ་རླབ་པོ་ཆེའི་གནས་སུ་དབུགས་དབྱུང་བའི་སླད། རྡོ་རྗེའི་སློབ་མ་རྣམས་དཀྱིལ་འཁོར་ཆེན་པོར་འཇུག་ཅིང་སྨིན་པར་འདོད་པས། གནས་དབེན་ཞིང་ཡིད་


JKT014_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པར་སྟེགས་བུའི་ཁར་ལྷག་པའི་ལྷ་ གང་ལ་བརྟེན་པའི་དཀྱིལ་འཁོར་དང་། དབང་རྫས། མཆོད་པའི་ཡོ་བྱད་སོགས་མ་ཚང་བ་མེད་་འདུ་བྱས next hit་ནས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང་། རྣམ་བུམ་ལ་དམིགས་ཀྱིས་བསལ་བའི་བཟླས་པ། ལས་བུམ་བསྒྲུབས་པ་བཅས་ཀྱི་མཐར་རིག་པའི་མེ་ཏོག་དོར་བ་ཙམ་གྱིས་བདག་ཉིད་འཇུག་པ་དང་། སློབ་མ་འཇུག་པར་གསོལ་བ་གདབ་པ་རྣམས་གྲུབ་ནས། སྒྲུབས་བྱ་རྣམས་གྲལ་ལ་འཁོད་པར། ལས་བུམ་ཐོགས་ཏེ། ཧྲཱིཿབདེར་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །གནས་པའི་ཉོན་མོངས་བག་ཆགས་དྲི་མའི་ཚོགས། །བཀྲུ་བར་


JKT014_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིའོ་བྱང་ཞིང་དག་གྱུར་ཅིག །ལས་སྔགས་དང་ཡི་གེ་བརྒྱ་པ་སོགས་ཀྱི་མཐར། རྡོ་རྗེ་སློབ་མ་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པ་སྡིག་པ་དང་སྒྲིབ་པ་ཐམས་ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །ཅེས་བརྗོད་ཅིང་ཁྲུས་བྱ། དེ་ནས་བགེགས་གཏོར་བཏང་བ་ནི། །རང་ཉིད་སྐད་ཅིག་གིས་དབང་ཆེན་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནམ་མཁའ་མེ་རླུང་འཁྲུགས་པའི་དུར་ཁྲོད་དུ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡེ་ཤེས་པ་དཔའ་བརྗིད་ཀྱི་ཉམས་དང་ལྡན་པར་གྱུར་བ་ཨོཾ་བཛྲ་ས་མཱ་ཡ་ཛ་ཛ༔ ཞེས་པས་སྤྱན་དྲངས་ཏེ་བདག་དང་གཉིས་མེད་ཀྱི་ང་རྒྱལ་བསྐྱེད། ཧཱུྃ༔ ཕྱོགས་བཞི་མཚམས་བཞི་སྟེང་འོག་ཐམས་ཅད་དང་། ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགསཿ བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གི༔ སྐད་ཅིག་ཡུད་ཙམ་ཞིག་གིས་འདིར་ཁུག་ལཿ བདག་གིས་བསྒོ་བའི་བཀའ་ལ་ཉན་པར་བྱོས༔ བཛྲ་ཊཀྐི་རཱ་ཛ་ཧཱུྃ་ཛཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཨངྐུ་ཤ་ཛཿས། བགེགས་དང་ལོག་འདྲེན་འབྱུང་པོ་ཐམས་ཅད་འདུས་པར་བསམ། གཏོར་མ་ལས་སྔགས་སམ། །ཨོཾ་བཛྲ་ཡཀྵ་ཧཱུྃ། གིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཏྲཱྃཿ ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་


JKT014_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ནང་དུ་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ། ནམ་མཁའ་ལས་འཕང་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། རྩི་ཤིང་ལས་ལྷུན་སྟུག་པ། ཞིང་རྡུལ་ལས་གྲངས་མང་བ། རང་རང་ལ་གང་མཁོ་བའི་འདོད་འབྱུང་གི་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་གཅིག་ཏུ་གྱུར་པར་བསམས་ལ་ཨོཾ་ཨཱཿཧཱུྃ་ཧོཿས་བརླབས། ཨོཾ་སརྦ་བིགྷཱན་ན་མསྶརྦ་ཏ་ཐཱ་ག་ཏ་སྦྱོ་བི་ཤྭ་སོགས་ཀྱིས་བསྔོས། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ གསང་སྔགས་ལྟ་བར་མི་དབང་བའི༔ ལོག་པར་ལྟ་བ་ཕྱིར་དེངས་ཤིག༔ ན་མོ། བླ་ན་མ་མཆིས་པའི་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཆོས་ཀྱི༴ དགེ་འདུན་གྱི༴ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུའང་ཡི་དམ་དབང་ཆེན་ཧེ་རུ་ཀའི་ལྷ་ཚོགས་བཀའ་སྡོད་ཕྱག་བརྙན་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱི་བདེན་པ་དང་། །བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། དེངས་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་དང་། ལུས་ངག་ཡིད་གསུམ་ཚེ་སྲོག་བསམ་སྦྱོར་དང་བཅས་པ་ལ་བར་དུ་


JKT014_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ཅིང་གླགས་ལྟ་བའི་འབྱུང་པོ་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བྱིན་པ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག །གལ་ལྟེ་མི་འགྲོ་ཞིང་འདུས་པར་གྱུར་ན་བདག་ཉིད་དབང་ཆེན་ཁྲོ་བོའི་རྒྱལ་པོ་ཐུགས་ཁྲོས་ཏེ་སྤྲུལ་པའི་ཁྲོ་ཚོགས་གྲངས་མེད་པས་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླགས་པར་གདོན་མི་ཟའོ། །ཨོཾ་ཧཱིཔདྨནྟ་ཀྲྀ་ཏ་བཛྲ་ཀྲོ་དྷི་བྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སུམྦྷ་ནི་སོགས་བརྗོད་ཅིང་བསྐྲད། གུ་གུལ་གྱིས་བདུག །ཡུངས་ཀར་གྱི་བྲབས། གཏོར་མ་ཕྱི་རོལ་དུ་བསྐྱལ། ཧྲཱིཿ །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གའུ་དང་༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ། བྷྲཱུྃ་བཛྲ་ཀྲོ་དྷ་རཀྟ་རཀྟ་ཧཱུྃ༔ སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་ཚོགས་གྲངས་མེད་པས་བགེགས་རྣམས་རྒྱ་མཚོའི་ཕ་མཐར་ཕྱིར་བསྐྲད། འོད་ཟེར་ཚུར་འདུས་པ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཁོར་ཡུག་ཐམས་ཅད་རྡོ་རྗེའི་རྭ་བ་དང་དྲ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ། ཕྱི་རོལ་ཐམས་ཅད་ཡེ་


JKT014_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་མེ་དཔུང་ཁ་དོག་ལྔ་ལྡན་དུ་འབར་བའི་ཀློང་དུ་རྡོ་རྗེའི་ཁྲོ་བོ་འཆོལ་པའི་ཚོགས་དང་། ཕྱག་མཚན་དང་མཚོན་ཆ་སྣ་ཚོགས་པས་གཏམས་པའི་སྲུང་བའི་འཁོར་ལོ་ཅིས་ཀྱང་མི་ཆོད་མི་ཤིག་པར་གྱུར་པ་ལ། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། བདེན་ཚིག་གྲུབ་པའི་ལྷ་དང་དྲང་སྲོང་རིག་པ་འཛིན་པའི་ཚོགས་ཀྱིས་རབ་ཏུ་གནས་ཤིང་རབ་ཏུ་བརྟན་པར་བྱས་པའི་མོས་པ་མཛོད། །རྟེན་འབྲེལ་སྙིང་པོ་བརྗོད་ཅིང་མེ་ཏོག་འཐོར། །དེ་ནས་ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་བྱ་ཞིང་། སློབ་དཔོན་གྱིས། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླངས་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ནས་ཇི་ལྟར་འབྱུང་བ་བཞིན་ལེགས་པར་གསལ་བཏབ་སྟེ་གསན་འཚལ། །དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། སློབ་དཔོན་ཆེན་པོ་ཞི་བ་ལྷས། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་


JKT014_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པ་ལྟར། ད་རེས་རང་རེ་རྣམས་ཀྱིས་ཡིད་བཞིན་ཀྱི་ནོར་བུ་ལག་ཏུ་ལོན་པའི་དཔེས་བརྒྱ་སྟོང་གི་ཆར་ཡང་མི་ཕོད་ཅིང་རྙེད་དཀའ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ་ཏུ་ཟིན་ཀྱང་། མདོ་རྒྱ་ཆེ་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློགས་འདྲ་སྟེ། །རི་གཟར་འབབས་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། ཕྱི་ནང་སྣོད་བཅུད་དགྲ་གཉེན་བར་མའི་འགྱུར་ལྡོག་གང་ལ་བསམ་ཀྱང་ངེས་པར་འཆི་ཞིང་། ནམ་འཆི་ཆ་མེད། འཆི་བའི་ཚེ་ལུས་ལོངས་སྤྱོད་ཉེ་འབྲེལ་ལ་སོགས་པ་གང་ཡང་རྗེས་སུ་མི་འབྲང་ཞིང་། ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲང་ནས་བདེ་སྡུག་གི་འབྲས་བུ་མི་བསླུ་བར་སྨིན་པའི་ཚུལ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་གཉེན་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས། དེ་ལྟ་བུའི་ལས་དང་ཉོན་མོངས་པའི་


JKT014_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་ལ་བརྟེན་ནས་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན་ཁོ་ན་ལས་མ་འདས་སྟེ། འདུལ་བ་ལུང་ལས། སྲིད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱིས་སྡུག་བསྔལ་འབད། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པས་ན། །རང་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་ཐམས་ཅད་སྡུག་བསྔལ་ཅན་གྱི་འཁོར་བ་ལས་ཐར་པའི་ཐབས་སུ་དམ་པའི་ཆོས་རྣམ་པར་དག་པ་ཞིག་བསྒྲུབ་དགོས། དེ་ལའང་། བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས། གདུལ་བྱ་སེམས་ཅན་རྣམས་ཀྱིས་ཁམས་དང་། །དབང་པོ་དང་། བསམ་པ་དང་། བག་ལ་ཉལ་གྱི་རིམ་པ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་དམན་པ་དང་། ཐེག་པ་ཆེན་པོ་གཉིས་སུ་འདུས་པ་ལས། འདིར་ནི་མགོན་པོ་བྱམས་པས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་


JKT014_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམས་པ་དང་། །ཐབས་ལ་མཁས་པར་གྱུར་པ་དང་། །ཡང་དག་གྲུབ་པ་ཆེན་པོ་དང་། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་གསུངས་པ་ལྟར་ཐེག་དམན་ལས་ཁྱད་ཆོས་བདུན་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཐེག་པ་ཆེན་པོ་ཡིན། ཐེག་པ་ཆེན་པོ་ལའང་། །ཇི་སྐད་དུ། རྡོ་རྗེ་རྩེ་མོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་གསུངས་པ་ལྟར། རྒྱུ་ལམ་དུ་བྱེད་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་ལམ་དུ་བྱེད་པ་རིག་པ་འཛིན་པ་སྔགས་ཀྱི་ཐེག་པ་སྟེ། རྣམ་པ་གཉིས་སུ་ཡོད་པ་ལས། འདིར་ནི། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་རྒྱུའི་ཐེག་པ་ལས་ཁྱད་ཆོས་བཞི་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་རིག་པ་འཛིན་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལའང་རྒྱ་གར་འཕགས་པའི་ཡུལ་དུ་དེ་ལྟ་བུའི་དབྱེ་བ་མེད་ཀྱང་། གངས་ཅན་གྱི་ལྗོངས་འདིར་ལོ་ཙཱ་བའི་འགྱུར་སྔ་ཕྱིའི་བྱེ་བྲག་ལས་རྡོ་རྗེ་ཐེག་པ་གསར་རྙིང་གཉིས་སུ་སྒྲོ་བཏགས་པ་ལས།


JKT014_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་ཕྱི་འགྱུར་རྡོ་རྗེ་ཐེག་པ་གསར་མ་ལས། ཁྱད་ཆོས་དྲུག་ལྡན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་སྔ་འགྱུར་རྡོ་རྗེ་ཐེག་པ་རྙིང་མ་ཡིན། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་ཡོད་པ་ལས། ད་ལམ་འདིར་ནི། ཞེས་པའི་མཚམས། བཀའ་མ་དང་དག་སྣང་མ་སོ་སོའི་ཁྱད་ཆོས་སྦྱར་ཞིང་། འདིར་གཏེར་མའི་དབང་དུ་བྱས་ན། བཀའ་མ་ལས་བཀའ་བབས་ལུང་བསྟན་སྨོན་ལམ་དབང་བསྐུར་མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་། གཙོ་བོར་བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔངས་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱིས་དུས་དང་མཚམས་པར་མངོན་པར་སྣང་བའི་ཟབ་ལམ་ནུབ་པ་མེད་པས། ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ནི། ཞེས་པའི་མཚམས། ཀློང་གསལ་གཏེར་བྱོན་ལྟ་བུ་ལ་མཚོན་ན། རིག་འཛིན་འགྱུར་མེད་རྡོ་རྗེའི་གཏེར་ལུང་ལས། །ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང་༔ མདོ་ཁམས་ཕྱོགས་འབྱུང་དེ་ལ་གཏད་རྒྱ་གྱིས༔ ཅེས་དང་། གཏེར་ཆེན་ནུས་ལྡན་རྡོ་རྗེའི་ལུང་


JKT014_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ལས། བུ་འབོར་ཕྱོགས་སུ་པདྨ་མདོ་གླིང་ཞེསཿ དཔའ་བོ་ཐབས་ལྡན་གུར་དྲག་གདམས་པ་སྤེལ༔ ཐུགས་རྗེའི་ཕྱིན་རླབས་གཞན་ལས་ཁྱད་པར་འཕགས༔ དུས་འགོངས་དམ་ལོག་ནད་མཚོན་མུ་གེ་བཟློག ཞེས་སོགས་རྡོ་རྗེའི་ལུང་གིས་དཔང་པོར་བྱས་པ་བཞིན། དུས་གསུམ་མཁྱེན་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་ཐུགས་ཀྱི་སྲས་མཆོག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་དང་། པཎ་ཆེན་དྲི་མེད་བཤེས་གཉེན་གྱི་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་རྨ་རིན་ཆེན་མཆོག་ཟུང་དུ་འཇུག་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར། ལྔ་བརྒྱའི་ཐ་མར་པདྨ་དྲག་པོ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཕྲིན་ལས་ཅན་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོའམ། པདྨ་མདོ་སྔགས་གླིང་པ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ཟད་མི་ཤེས་པ་ལ་བརྟེན་ནས་ཟབ་གཏེར་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་ཏེ་སྐལ་ལྡན་རྣམས་སྨིན་གྲོལ་གྱི་ས་ལ་འགོད་པར་མཛད་པ་ལས། ཞེས་པ་ཡན་སྤྱིར་བཏང་ནས། བྱེ་བྲག་རྩ་གསུམ་གྱི་སྐོར་ལྟ་བུ་ལ། །བོད་ཆེན་པོའི་ལྗོངས་ཀྱི་ཐིག་ལེ་གྲུབ་པའི་གནས་མཆོག་ཁ་མི་འགྱུར་རྡོ་རྗེའི་གསང་སྒྲོམ་ནས་བར་ཆད་མེད་པར་སྤྱན་དྲངས་པའི་རྩ་གསུམ་རྡོ་རྗེ་སྙིང་པོ་ཞེས་བྱིན་བརླབས་ཀྱི་ཚན་ཁ་གཞན་ལས་ཆེས་ཁྱད་


JKT014_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པར་དུ་གྱུར་པའི་སྐོར་ཡིན། དེ་ལའང་རྩ་བ་དང་ཡན་ལག་གི་སྒྲུབ་སྐོར་གཉིས་ལས། རྩ་བའི་སྒྲུབ་པ་ཡི་དམ་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་དུ། ཞེས་སོགས་སྐབས་ཐོབ་སྦྱར་ལ སྨིན་བྱེད་ཀྱི་དབང་བསྐུར་བ་ཟབ་མོ་སྒྲུབས་པ་ལའང་། སྔོན་འགྲོ་སློབ་དཔོན་གྱི་བྱ་བ་དང་། དངོས་གཞི་སློབ་མ་ལ་བྱ་བ་རྣམ་པ་གཉིས་སུ་ཡོད་པ་ལས། བདག་ཉིད་ཀྱིས་བགྱི་བར་འོས་པའི་ཆོས་རྣམས་སྔོན་དུ་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱིས་ངོ་སྐལ་དུ་གྱུར་བ་ལའང་མཎྜལ་ཕུལ་ཞིང་གསོལ་བ་འདེབས་པ་སོགས་སྔོན་དུ་འགྲོ་དགོས་པས། ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་སྤྱན་སྔར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། །ཅེས་བརྡ་སྦྱར་ལ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས། །ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ། སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ལྷག་པའི་ལྷའི་རྣམ་པར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་གདབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །རང་གཞུང་གི་གསོལ་འདེབས་བྱ། །དེ་ལྟར་


JKT014_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པས་མཁྱེན་བརྩེའི་སྒོ་ཕྱེ་ནས་བཀའ་ཡི་གནང་བ་སྦྱིན་པ་ནི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། ཞེས་མཚམས་སྦྱར་ལ་རང་གཞུང་གི་གནང་བ་སྦྱིན། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམས་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། །རང་རང་གི་གཞུང་ལས་འབྱུང་བ་ལྟར་རམ། ཡང་ན། རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་འཆི། །སོགས་ལན་གསུམ། སླར་ཡང་ཚོགས་ཞིང་དེ་རྣམས་ཀྱི་སྤྱན་སྔར་ཕྱི་སོ་སོར་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་དཔའི་བསླབས་པ་དང་། གསང་བ་རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སྟེ་སྤྱི་དང་ཁྱད་པར་གྱི་སྡོམ་པ་གསུམ་པོ་ཚུལ་བཞིན་དུ་བཟུང་བར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས་ལན་གསུམ་མཛོད། །རང་གཞུང་གི་སྡོམ་པ་ཟུང་ངམ། སྤྱི་ཙམ་དུ། བདེར་གཤེགས་སྲས་


JKT014_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བདག་ལ་དགོངས༔ རིག་པ་འཛིན་པ་བདག་གིས་ནི༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ མ་ལུས་ཡོངས་སུ་བཟུང་བར་བགྱི༔ ལན་གསུམ། ཡེ་ཤེས་དབབས་པའི་སྔོན་འགྲོ་དམ་བཞག་ཡོད་ན་འདིར་བྱ། དེ་ལྟར་རྒྱུད་དག་པར་བྱས་ནས། ནང་འཇུག་གི་དངོས་གཞི་དབང་གི་གཞི་བརྟན་པར་བྱེད་པ་ཡེ་ཤེས་དབབས་པ་ཡིན་པས། ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུངས་དྲང་པོར་བསྲངས་ངག་གནད་རླུང་ཁ་སྦྱོར་དུ་འཆིང་། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། །ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱང་། སྟོང་པའི་ངང་ལས་སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རོལ་རྩལ་འོད་གསལ་སྒྱུ་མ་ལྟ་བུའི་སྣང་ཆ་ལྟའི་སྐུར་གྱུར་པ་ནི། རང་རང་གི་མངོན་རྟོགས་ལྟར་གསལ་གདབ་ལ། དེ་ལྟར་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་བླ་མ་དང་དཀྱིལ་འཁོར་པའི་ཐུགས་བརྒྱུད་བསྐུལ། དེ་དག་གི་ཐུགས་ཀ་ནས་འོད་


JKT014_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་ལྷག་པའི་ལྷའི་སྐུ་ཕྱག་རྒྱ། གསུངས་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་དང་བུ་ཡུག་འཚུབ་པ་བཞིན་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་སྒོ། བ་སྤུའི་བུ་ག །དབང་པོའི་སྒོ་རྣམས་ནས་རྡོ་ཚན་མོ་ལ་ཁ་བབས་པའམ། རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པའི་ཐུགས་མོས་མཛོད། །ཅེས་བརྡ་སྔར་ལ། རང་གཞུང་གི་བྱིན་འབེབས་སམ། བབས་དྲག་གི་མཐར་རྩ་སྔགས་དང་། བཛྲ་ཛྷཱ་ན་ཨཱ་བེ་ཤ་ཡ་ཕཻ་ཕཻ་ཛ་ཛ༔ ཛཿཧཱུྃ་བྃ་ཧོཿ ཞེས་པས་བྱིན་དབབས། བྱིན་དབབས་པའི་ཡེ་ཤེས་པ་དེ་ཉིད་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མེད་རོ་གཅིག་ཏུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཅེས་བརྗོད་མེ་ཏོག་འཐོར། དེ་ལྟར་ཡེ་ཤེས་དབབས་ཅིང་བརྟན་པར་བྱ་བ་སྔོན་དུ་སོང་ནས། དངོས་གཞིའི་དབང་བསྐུར་བ་ལའང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། སློབ་དཔོན་གསང་བ་ཤེས་རབ་དང་། དེ་མ་ཐག་པ་བཞི་པ་སྟེ། །ཞེས་གསུངས་པ་ལྟར་བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་


JKT014_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

དད་པས་བུམ་གསང་ཤེས་རབ་ཡེ་ཤེས་བཞི་པ་སྟེ་དབང་བཞི་རིམ་པ་བཞིན་དུ་སྩོལ་བྱུང་སྙམས་པའི་མོས་པ་དུང་དུང་མཛོད་ཅིག །ཅེས་བརྡ་སྦྱར་ལ་དབང་བཞི་གཞུངས་ལྟར་དང་། ཡང་སྐུ་གསུང་ཐུགས་ཀྱི་དབང་བསྐུར་གྱི་རིགས་ལ། །དངོས་གཞི་བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་ཐ་མི་དད་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་རིམ་པ་བཞིན་དུ་སོགས་སྦྱར་ལ་རང་གཞུང་ལྟར་བསྐུར། མཐར་དབང་བཞིའི་རིགས་ལ། དེ་ལྟར་ན་ཁྱེད་རྣམས་ཀྱིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བཞི་ཐོབ། ལུས་ངག་ཡིད་གསུམ་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། གནས་སྐབས་སུ་ལམ་བཞི་བསྒོམ་པ་དབང་ཞིང་། མཐར་ཐུག་སྐུ་བཞིའི་གོ་འཕང་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དང་སྐུ་གསུང་ཐུགས་དབང་ཀྱི་རིགས་ལ། །དེ་ལྟར་ན་ཁྱེད་རྣམས་ཀྱི་བཅོམ་ལྡན་འདས་འདི་ཞེས་བྱ་བའི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བསྐུར་བ་ཐོབ། ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པའི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ་གྱི་རྣམ་རོལ་ཏུ་བསྒོམ་པ་དང་། ཕྲིན་ལས་རབ་འབྱམས་ཀྱིས་གཞན་


JKT014_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་སྒྲུབ་པ་ལ་དབང་། མཐར་ཐུག་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། །ཅེས་དག་པ་བརྗོད། དེ་ནས་མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། བཀྲ་ཤིས་པའི་རྫས་བརྒྱད་དང་། རྟགས་བརྒྱད། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རྣམས་སོ་སོའི་བྱེད་ལས་གྲུབ་པའི་དངོས་པོ་ཅན་ལག་ཏུ་གཏད་པ་ལ་བརྟེན་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་མོས་པ་མཛོད། །རྫས་བརྒྱད་གཏད་ལ། ཧྲཱིཿ དུརྦས་ཚེ་འཕེལ་ཡུངས་ཀར་བགེགས་རྣམས་འཇོམས། །བིལ་བས་དོན་འགྲུབ་གི་ཝང་སྡུག་བསྔལ་ཞི། །ཞོ་ཡིས་དོན་རྟོགས་ལི་ཁྲིས་ཆོས་སྲིད་བརྟན། །མེ་ལོང་སྒྲིབ་དག་དུང་གིས་ཆོས་སྒྲ་སྒྲོགས། །རྒྱལ་བའི་བྱིན་རླབས་བཀྲ་ཤིས་རྫས་བརྒྱད་ཀྱིས། །སྐལ་ལྡན་སློབ་མ་ཁྱོད་ལ་དབང་བསྐུར་བས། །དུས་རྣམས་རྟག་ཏུ་ཤིན་ཏུ་བཀྲ་ཤིས་ཤོག །མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུ། །རྟགས་བརྒྱད་གཏད་ལ། །རྒྱལ་བའི་དབུ་ལ་གསེར་གདུགས་སྤྱན་ལ་ཉ། །ཚེམས་ལ་དུང་དཀར་ལྗགས་ལ་པདྨ་དང་། །མགྲིན་པར་བུམ་པ་ཕྱག་ཞབས་འཁོར་ལོས་མཚན། །སྐུ་ལ་རྒྱལ་མཚན་ཐུགས་ལ་དཔལ་བེའུ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་རྟགས་བརྒྱད་ཀྱིས། །དེངས་འདིར་


JKT014_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་སློབ་མར་དབང་བསྐུར་བས། །དགེ་ལེགས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག །ཨཋ་མངྒ་ལཾ་ཨ་བྷི་ཥཱིཉྩ་ཧཱུྃ། །རྒྱལ་སྲིད་སྣ་བདུན་གཏད་ལ། །རྩིབས་སྟོང་འཁོར་ལོ་དགོས་འདོད་ཡིད་བཞིན་ནོར། །འདོད་འབྱུང་བཙུན་མོ་འབྱོར་ལྡན་བློན་པོ་དང་། །སྟོབས་ཆེན་གླང་པོ་རྫུ་འཕྲུལ་ཅང་ཤེས་རྟ། །ཕ་རོལ་གཡུལ་ལས་རྒྱལ་བའི་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་གྱིས་དབང་བསྐུར་བས། །ཚེ་དཔལ་མངའ་ཐང་ལོངས་སྤྱོད་གོང་འཕེལ་ནས། །ཚོགས་གཉིས་མི་ནུབ་རབ་ཏུ་བརྟན་གྱུར་ཅིག། སཏ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་སམ་ཡང་ན་སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ལ། །བསོད་ནམས་མཐུ་ལྡན་ཚངས་པ་ལ་སོགས་ཀྱིས། །ཕུལ་བའི་ཡོན་ཏན་རྫས་མཆོག་བཀྲ་ཤིས་སྟེ། །དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །མངྒ་ལཾ་དྲ་བྱ་ཨ་བྷི་ཥིཉྩ་ཧཱུྃ། །སངས་རྒྱས་བསོད་ནམས་རྫོགས་པའི་མཚན་དཔེ་ལས། །ལེགས་པར་བྱུང་བའི་བཀྲ་ཤིས་རྟགས་བརྒྱད་འདིས། །དེང་འདིར་སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །བཀྲ་ཤིས་ཡོན་ཏན་ཕུན་སུམ་སྒྱུཚོགས་པར་ཤོག །ཨབྦ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། །འཁོར་ལོའི་བསྒྱུར་རྒྱལ་མཐུས་བྱུང་རྒྱལ་སྲིད་བདུན། །དེང་འདིར་སྐལ་ལྡན་ཁྱོད་ལ་མངའ་གསོལ་ཞིང་། །དབང་མཆོག་བསྐུར་བའི་བསོད་ནམས་


JKT014_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་སྟེ། །འཁོར་ལོས་བསྒྱུར་བའི་ཡོན་ཏན་ཐོབ་པར་ཤོག །སལྟ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། །བསྡུ་ན། སྔོན་ཚེ་སྟོན་པས་བྱིན་རླབས་རྫས་མཆོག་བརྒྱད། །རྒྱལ་བའི་མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས། །བསོད་ནམས་མཐུ་ལས་བྱུང་བའི་རྒྱལ་སྲིད་བདུན། །དེང་འདིར་སྐལ་ལྡན་སློབ་མར་དབང་བསྐུར་བས། །སྲིད་ཞིའི་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །མངྒ་ལཾ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། །སླར་ཡང་ཤིས་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁའི་གནས་སུ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་སློབ་དཔོན་དང་ལྷན་ཅིག་ཏུ་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོགས་ཅིང་མེ་ཏོག་མནར་བའི་ཆར་ཆེན་པོ་ཕབས་པས་ཤིན་ཏུ་བཀྲ་ཤིས་པར་བྱས་པའི་ཐུགས་མོས་མཛོད། །ཅེས་བརྡ་སྦྱར་ལ་ཤིས་བརྗོད་རྒྱས་བསྡུས་ཇི་ལྟར་རིགས་པ་བྱ། །དེས་དབང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་བའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་


JKT014_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་དུ་དམིགས་ཏེ་མཎྜལ་ཞིག་ཕུལ་མཛོད། །མཎྜལ་ཕུལ་ནས། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ཀྱང་འཁོར་ལོའི་བསྒྱུར་བའི་རྒྱལ་སྲིད་ཀྱི་འབྱོར་པ་ལྟར་སྤྲུལ་ཏེ་ཕུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱིས་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །དེ་རྣམས་ཀྱི་སྒོ་ནས་ལྷག་པའི་ལྷའི་འདི་ཞེས་བྱ་བའི། དཀྱིལ་འཁོར་དུ་དབང་བསྐུར་ལ་ཟབ་མོ་ལེགས་པར་གསན་པ་ཡིན་པས། དེ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན། དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཅི་མཆིས་པ་རྣམས་རང་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟག་པ་མེད་པའི་བསྔོ་བས་རྒྱས་འདེབས་མཛད་པར་ཞུ། །བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱི་རྗེས་ཀྱི་ཆོ་ག་ལས་གཞུང་ལྟར་བྱའོ། །དེ་རྣམས་ཀྱིས་ནི་དོན་དབང་མདོར་བསྡུས་པའི་ཚུལ་གྱིས་བསྐུར་བའི་མཚམས་སྦྱོར་འཇུག་པ་དེ་སྙིང་པོར་དྲིལ་བ་སྟེ། འདི་ཙམ་གྱིས་ཀྱང་ལས་དང་པོའི་བློ་ཅན་རྣམས་ལ་ཅུང་ཟད་ཕན་པའི་སྐབས་རྙེད་པར་འགྱུར་ལ་


JKT014_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་དབང་རྒྱས་པར་བསྐུར་པའི་ཚུལ་ནི་ལོགས་སུ་རྟོགས་པར་བྱ་བ་ཁོ་ནའོ། །སྨིན་བྱེད་མཚམས་སྦྱོར་ཟླ་བའི་ས་འཛིན་གྱིས། །ངག་གི་ཆུ་གཏེར་བདུད་རྩིར་སྲུབས་པ་ལས། །བྲལ་སྨིན་ནོར་བུའི་སྙེ་མ་གཡུར་ཟ་བའི། །དགེ་མཚན་འཇིག་རྟེན་གསུམ་ན་འབར་གྱུར་ཅིག །དེ་ལྟར་སྔ་འགྱུར་རྡོ་རྗེ་ཐེག་པའི་གཏེར་མའི་ཕྱོགས་སྤྱི་དང་། རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྣམས་ལ་ཁྱད་པར་དུ་སྦྱར་བའི་དབང་བསྐུར་ཕྲན་བུའི་རིགས་ཀྱི་བར་མཚམས་རྣམས་སུ་གླེངས་པར་འོས་པའི་གཏམ་ཉུང་ངུ་འདི་ཡང་། །གསང་བདག་རྡོ་རྗེ་འཛིན་པ་ཆེན་པོ་སོགས་ཡོངས་འཛིན་དམ་པ་རྣམས་ཀྱི་གསུངས་དང་གསུངས་རབ་ལས་བཏུས་ཏེ་ཤཱཀྱའི་དགེ་སློང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་སྦྱར་བ་ཤིན་ཏུ་དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག །སརྦ་དཱ་ཐེ་ཡོ་བྷ་ཝ་ཏུ། །


no previousསྔ་འགྱུར་རྡོ་རྗེ་ཐེག་པའི་དབང་བསྐུར་སྤྱི་ལ་འཇུག་པའི་མཚམས་སྦྱོར་ཉུང་ངུར་བསྡུས་པ་བློ་གསལ་ངག་གི་འདོད་འཇོ།next