Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

31 occurrences of གཡོན་དུ་
[Clear Hits]


 
འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གཞན་ཕན་ཟླ་སྣང་།
 
 
 
 
  
  
  
  
  
  
 
  
 
  
 
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
  
  
  
  
  
 
 
  
  
 
  
  
  
  
 
 
 
 
  
  
  
 
  


31 occurrences of གཡོན་དུ་
[Clear Hits]

 
no previousའཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གཞན་ཕན་ཟླ་སྣང་། next

འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གཞན་ཕན་ཟླ་སྣང་།


JKT015_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

པ ར ཧི ཏ ཙ ནྣཱ བྷྱཱ ནཱ མཱ རླ མ ཧཱ ཀཱ ར ཎཱ པ དྡྷོ ཙྪི ཥ སྱ སཱ དྷ ཀ ག ཌྷ པི ཎྜ བི ཧ ར ཏི སྨ །
འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གཞན་ཕན་ཟླ་སྣང་ཞེས་བྱ་བ་བཞུགས་སོ། །


JKT015_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་བའི་དགོངས་བཅུད། རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་དང་རྗེས་སུ་འབྲེལ་བར་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་ལྷ་ལྔའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། ཚོགས་ཞིང་ནམ་མཁའ་གང་བར་སད་པའི་སྤྱན་སྔར། བདག་དང་སེམས་ཅན་སྡུག་བསྔལ་སྒྲོལ་དོན་ཏུ༔ བྱང་ཆུབ་བར་དུ་སྐྱབས་སུ་གཟུང་བའི་གནས བླ་མ་ཐུགས་རྗེ་ཆེན་པོ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔ བདག་ནི་སྔོན་གྱི་རྒྱལ་བའི་མཛད་པ་བཞིན༔ སེམས་ཅན་ཀུན་གྱི་དོན་རབ་བརྩམ་པར་བྱ༔ སེམས་ཅན་མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ༔ སེམས་ཅན་དབུགས་དབྱུང་མྱ་ངན་འདས་འགོད་འཇུག འགྲོ་རྣམས་བདེ་ལྡན་སྡུག་བསྔལ་བྲལ་བ་དང་༔


JKT015_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་བདེ་ཐོབ་བཏང་སྙོམས་ལ་གནས་ཤོག༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་འདིར་བྱོན་ལ༔ འཕོ་འགྱུར་འབྲལ་མེད་ཀློང་དུ་བཞུགས་སུ་གསོལ༔ ཡེ་ནས་རྣམ་དག་ངང་དུ་ཕྱག་འཚལ་ལོ༔ ཆོས་ཉིད་རྣམ་རོལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ མ་རིག་སྡིག་པའི་ལས་བགྱིས་མཐོལ་ལོ་བཤགས༔ དབྱིངས་རིག་འདུ་འབྲལ་མེད་ལ་ཡི་རང་ངོ་༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ཆོས་འཁོར་བསྐོརཿ དུས་གསུམ་རྟག་པར་མྱ་ངན་མི་འདའ་བཞུགས༔ དམིགས་མེད་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ༔ ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པར་ཤོག༔ ཅེས་ལན་གསུམ་གྱིས་ཚོགས་བསགས་པ་སྔོན་དུ་འགྲོ་བས། ཧཱི༔ ཕྱི་ནང་ཆོས་རྣམས་དམིགས་མེད་དེ་ཡི་ངང་༔ པཾ་ལས་སྣ་ཚོགས་


JKT015_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་སྟོང་དབུསཿ ཧཱུཾ་ལས་རྡོ་རྗེ་རྒྱ་གྲམ་ཧཱུྃ་གིས་མཚན༔ དེ་ཡི་འོད་ཀྱིས་རྡོ་ར་མེ་རིའི་གུར༔ སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་ལྔ་ལྡན༔ ཡོངས་གྱུར་གཞལ་ཡས་ཁང་ཆེན་སྒོ་བཞི་པ༔ དབུས་ཕྱུར་རྡོ་རྗེ་ནོར་བུའི་ཏོག་གིས་སྤྲས༔ གདུགས་འཕན་དར་དཔྱངས་རིན་ཆེན་དུ་མས་བརྒྱན༔ དེ་ནང་པདྨ་འདབ་ལྔའི་གེ་སར་ལ༔ པད་ཟླའི་གདན་སྟེང་ས་བོན་ཕྱག་མཚན་ལས༔ འོད་འཕྲོས་དོན་གཉིས་བྱས་འདུས་སྤྱན་རས་གཟིགས༔ དཀར་པོ་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་རྒྱན་གྱིས་ལེགས་པར་བརྒྱན༔ རྩ་ཕྱག་ཐལ་སྦྱར་ནོར་འཛིན་འོག་མ་གཉིས༔ ཤེལ་ཕྲེང་པདྨ་དཀར་པོའི་ཡུ་བ་འཛིན༔ དེ་ཡི་ཕྱོགས་བཞིར་རིགས་བཞིའི་སྤྱན་རས་གཟིགས༔ དཀར་སེར་དམར་ལྗང་ཞལ་གཅིག་ཕྱག་གཉིས་པ༔ སྐྱབས་སྦྱིན་པདྨ་འཛིན་ཏེ་ལོངས་སྐུའི་ཆས༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པར་གསལ༔ སྒོ་བཞི་འདོད་སྣམ་མཆོད་པའི་ལྷ་མོས་བསྐོར༔ རང་བྱུང་རྡོ་རྗེ་གསུམ་གྱི་ཡི་གེ་ལས༔ འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཚོགས༔ ནམ་མཁའ་གང་བར་སྤྱན་དྲངས་གཉིས་མེད་ཐིམ༔ ཧཱུྃ༔ བདག་གི་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན༔ སྲས་དང་སློབ་མའི་ཚོགས་དང་བཅས༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཧེ་ཧི་བཛྲ་ས་མཱ་


JKT015_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿ ཏིཥྛ་ལྷན༔ སླར་ཡང་ཐུགས་ཀའི་ཧཱུྃལས་འོད་འཕྲོས་པས༔ དབང་གི་ལྷ་ཚོགས་ནམ་མཁའ་གང་བ་ཡིས༔ རིན་ཆེན་བུམ་པ་མང་པོ་བདུད་རྩིས་བཀང་༔ བཀོད་པ་དུ་མར་བཅས་པ་ཐམས་ཅད་ལ༔ ཀུན་བཟང་རྣམ་རོལ་མཆོད་པ་རྒྱ་མཚོས་མཆོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཝཱ་ར་སཏྟ་ར་མ་ཧཱ་སཏྟ་ར་མ་ཧཱ་ཨགྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཨཱཧཱུྃ༔ དེ་བཞིན་གཤེགས་པས་ལྷ་ལ་དབང་བསྐུར་གསོལ བཀྲ་ཤིས་གླུ་ལེན་མེ་ཏོག་འཐོར་བཞིན་པསཿ ཇི་སྙེད་སངས་རྒྱས་འདུས་པས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མི་ཏཱ་བྷ་ཨ་བྷི་ཥིཉྩས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྒྲིབ་དག་ཆུ་ལྷག་འོད་དཔག་མེད་པ་ཡི༔ རྣམ་པར་བཞེངས་ནས་སྤྱི་བོར་དབུ་བརྒྱན་གྱུར༔ ཅེས་བསྙེན་སྒྲུབ་ཡན་ལག་བཞི་དང་ལྡན་པས་བདག་ཉིད་ལྷའི་དཀྱིལ་འཁོར་དུ་གསལ་བཏབ་ལ་ཕྱག་འཚལ་བ་ནི། འདས་དུས་སངས་རྒྱས་པདྨ་དྲི་མ་མེད༔ ད་ལྟར་སངས་རྒྱས་པདྨ་ཚེ་དཔག་མེད༔ པདྨའི་སྤྱན་ལྡན་འཁོར་བཅས་མ་འོངས་དུསཿ གྲངས་མེད་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པ་འབུལ་བ་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད་པར་བསམས་ལ། སྲིད་ཞིའི་མགོན་གྱུར་འཕགས་པའི་ཚོགས་རྣམས་ལ༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་བཟང་པོ་དང་༔ དྲི་བཟང་འོ་ཆབ་སྦྱར་བའི་ཞབས་བསིལ་མཆོག༔ དཀར་དམར་མཛེས་པའི་རྣམ་བཀྲའི་མེ་ཏོག་ཚལ།


JKT015_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་དང་ལྷན་སྐྱེས་དྲི་བསུང་ངད་ལྡན་སྤྲིན༔ སྨན་མཆོག་བྱུག་ཏུ་འོས་པའི་དྲི་ཆབ་རིགས༔ ལྷ་མིའི་ངོ་མཚར་ཞལ་ཟས་བདུད་རྩི་མཆོག༔ རྔ་ཟླུམ་པི་ཝང་སིལ་སྙན་དུང་གི་སྒྲ༔ བཀོད་པ་ཁྱད་འཕགས་ལྷ་དང་ལྷ་མོའི་ཚོགསཿ བ་དན་ཕྱེ་ཕུར་གདུགས་འཕན་བླ་བྲེ་དང་རྒྱལ་མཚན་ལ་སོགས་ནམ་མཁའ་བཀང་སྟེ་འབུལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷཾ་ནས། ཤབྡ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ༔ ཧཱི༔ འགྲོ་མགོན་སྲས་དང་འཕགས་ཚོགས་སྤྲུལ་པར་བཅས༔ མ་རིག་རྣམ་དག་ཡེ་ཤེས་མེ་ལོང་མཆོག༔ དུག་ལྔའི་གདུང་སེལ་སྙིང་པོ་ཞོ་ཡི་ཟས༔ ཉོན་མོངས་གཅོང་གཞིལ་གི་ཝཾ་སྨན་གྱི་ཕུལ༔ ཕྱི་ནང་ཆོས་རྣམས་དབང་སྡུད་ལི་ཁྲི་མཆོག༔ རྒྱུད་དག་གསང་སྔགས་འབྲས་སྤྱོད་བིཝའི་འབྲས༔ རྡོ་རྗེའི་ཚེ་མཆོག་འཕེལ་བའི་དྭཆ་དང་༔ ལོག་སྨྲ་ཀུན་བཅོམ་གཡས་འཁྱིལ་ཆོས་ཀྱི་སྒྲ༔ བདུད་སྡེ་ཕམ་མཛད་ཁྲོ་བོ་ཡུངས་ཀར་ཚོགས༔ འདི་དག་འབུལ་གྱིས་བཀྲ་ཤིས་ལྡན་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་མངྒ་ལ་ཀུ་རུ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ དཔལ་བེའུ་ཡེ་ཤེས་དྲྭ་བ་ཆེ༔ འཁོར་ལོ་ཕྱོགས་ལྷུང་ཀུན་དང་བྲལ༔ པདྨ་ཆགས་མེད་ཡེ་ཤེས་ཏེ༔ རྒྱལ་མཚན་རྟོག་མེད་བདུད་ལས་རྒྱལ༔ གདུགས་མཆོག་ཁོར་ཡུག་འོད་གསལ་བ༔ བུམ་པ་ཅིར་སྣང་ཆོས་ཀྱི་གཏེར༔ ཆོས་དུང་བཞི་


JKT015_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་སྟོང་གདངས་རྩལ་ཅན༔ གསེར་ཉ་ཡེ་ཤེས་བྱང་ཆུབ་སེམས༔ རྒྱལ་བའི་ཚོགས་ལ་འབུལ་བར་བགྱི༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨབྦ་མངྒ་ལཾ་པཱུ་ཛི་ཏེ་ཨཱཧཱུྃ༔ བསྟོད་པ་ནི། ཤྲཱི༔ ཚད་མེད་ཐུགས་རྗེ་མཐའ་བཞིའི་དྲི་མ་མེད༔ ཆགས་བྲལ་པདུ་འགོ་འདྲེན་ཕྲེང་བ་བསྣམས༔ རེ་འདོད་ཀུན་སློང་ནོར་བུ་རིན་པོ་ཆེ༔ འཛིན་ཏེ་རིགས་བཞིས་བསྐོར་ལ་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི། བདག་གི་ཐུགས་ཀ་ནས་ཡེ་ཤེས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པའི་བདག་མདུན་གཉིས་ཀའི་གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་པད་ཟླའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱིཝཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་རང་གི་ཐུགས་ཀར་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་པདྨ་ཨཎི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཅེས་གཙོ་བོར་བཟླ། མཐར་རང་གི་སྙིང་ག་ནས་འོད་ཟེར་ཐོན། མདུན་གྱི་ལྷའི་ཐུགས་ཀར་ཐིམ། ཐུགས་རྒྱུད་བསྐུལ། མདུན་གྱི་ལྷའི་ཐུགས་ཀ་ནས་ཐོན། བདག་གི་ཐུགས་ཀའི་སྟོད་ཀྱི་ས་བོན་དང་སྔགས་ཕྲེང་ལ་ཐིམ་པས་དངོས་གྲུབ་ཐོབ་པར་བསམས་ལ། གོང་གི་སྔགས་དང་། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའང་ཅི་


JKT015_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སུ་བཟླས་མཐར། མདུན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་ནོངས་པ་བཤགས་ཤིང་། ཡེ་ཤེས་པ་རང་གནས་སུ་གཤེགས་པར་བསམ། རང་དམ་ཚིག་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གཞལ་ཡས་ཁང་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་གནས་གསུམ་དུ་ཨོཾ་ཨཱཧཱུྃ་གིས་མཚན་པར་མོས་ཏེ། འདི་ལྟ་བུ་ཡི་དགེ་བ་ཡིས༔ འཁོར་བ་དོང་ནས་སྤྲུགས་པ་དང་༔ འབྲེལ་ཐོགས་འགྲོ་བ་ཐམས་ཅད་ཀུན༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ ཅེས་བསྔོ་སྨོན་རྒྱས་པར་བྱས་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་གཏོར་མ་འབུལ་ན། ཐུན་མཐར་དཀར་གསུམ་མངར་གསུམ་གྱི་གཏོར་མ། ཨོཾ་ཧ་ཡ་གྲི་བ་ཧཱུྃ་ཕཊ༔ ཅེས་པས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གཏོར་མ་འདོད་རྒུ་འབྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཧཱུྃ་ལན་གསུམ་གྱིས་བརླབ། མདུན་གྱི་ལྷའི་ལྗགས་འོད་ཟེར་གྱི་སྨྱུ་གུས་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམས་ལ། སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་འབུལ། མཆོད་བསྟོད་སོགས་རྗེས་སྔར་བཞིན་བྱ། སྤྲོ་ན་གཏོར་མ་ཆ་གསུམ་ཡང་ཆོ་ག་རྒྱས་བསྡུས་ཇི་ལྟར་རིགས་པས་འབུལ་ལོ། །བསྙེན་པ་བྱེད་ན།


JKT015_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཙང་ཞིང་ཡིད་དང་མཐུན་པར་འབྱོར་ན་སྐུ་བརྙན་བྲིས་འབུར་གང་རིགས་དགྲམ། གང་ལྟར་ཡང་གཏོར་མ་དཀར་ཟླུམ་ཉེར་སྤྱོད་དང་བཅས་པ་བཤམ། ཁྲུས་དང་གཙང་སྦྲ་ལ་གནས་པས་གོང་དུ་བཤད་པའི་རྣལ་འབྱོར་ཐུན་བཞིའམ་གསུམ་ལ་སོགས་པར་ཉམས་སུ་བླང་། སྔ་ཐུན་ཀྱི་བཟླས་པའི་མཐར་གཏོར་མ་འབུལ། དེ་ལྟ་བུའི་རིམ་པས་ཡི་གེ་བཅུ་པ་འབུམ་ཕྲག་བཅུ་སོགས་བཟླ་བར་བྱ་སྟེ། འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་ཆེན་མོ་ལས། གསང་སྔགས་ཀྱི་སྙིང་པོ་ཡི་གེ་བཅུ་པ་འབུམ་ཕྲག་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པར་གྱུར་ནས་ས་བཅུ་ལ་གནས་པར་འགྱུར་ཞིང་། ལྷ་དང་མིའི་སྐྱེ་རྒུ་དག་འདི་ནི་དེ་བཞིན་གཤེགས་པའོ་ཞེས་བརྗོད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། དོན་ཡོད་པའི་པདྨ་གཙུག་ཏོར་གྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ་ཐེ་ཚོམ་མི་བྱའོ། །ཞེས་པས་མཚོན་ཏེ། གཟུངས་སྔགས་འདི་དྲན་པ་ཙམ་གྱིས་ཀྱང་མཚམས་མེད་པ་ལྔ་བྱང་བ་དང་། ནམ་དུའང་ངན་སོང་དུ་མི་འགྲོ་ཞིང་། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨོ་ལས་བརྫུས་ཏེ་སྐྱེ་བ་དང་། དུང་ལ་ལན་བདུན་བཟླས་ཏེ་བུས་ན་སྒྲ་ཐོས་པ་ཐམས་ཅད་མཐོ་རིས་སུ་སྐྱེ་བ་དང་། ཙནྡན་ལ་སོགས་བདུགས་ཏེ་གོས་གྱོན་པ་ཙམ་གྱིས་སྡིག་སྒྲིབ་ཐམས་ཅད་ཟད་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་སོ། །དེའང་གྲུབ་ན་ཡི་གེའི་གྲངས་ཀྱི་འབུམ་ཕྲག་སྟེ་འབུམ་ཕྲག་བཅུ་བཟླ། མ་གྲུབ་ན་འབུམ་ཕྲག་བཞི་དང་། ཡི་གེ་དྲུག་པའང་ཅི་ནུས་བཟླ་བ་ནི་ཕྱག་ལེན་ནོ། །ཁྱད་པར་ཉ་སྟོང་བརྒྱད་གསུམ་སོགས་དུས་བཟང་པོར་ཁྲུས་དང་གཙང་སྒྲ་དང་བཅས་གསོ་སྦྱོང་ལ་གནས་པས་བཟླས་ན་ཕན་ཡོན་ལྷག་པར་ཆེ་ཞིང་། མདོར་ན་དུས་དང་རྒྱུན་གྱི་ཉམས་ལེན་ལ་བརྩོན་པས་དལ་བའི་རྟེན་


JKT015_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙིང་པོ་ལེན་པར་བྱའོ། །ཞེས་པའང་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཞལ་སྔ་ནས་ཀྱི་བཀའ་དྲིན་ལས། ཟབ་ཆོས་འདི་ཉིད་ཐོག་མར་ཐོས་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རང་གཞན་མང་པོར་སྨན་པའི་བསམ་པས་གཏེར་གཞུང་རྩ་བའི་དགོངས་དོན་ལྟར་བཀླགས་ཆོག་ཏུ་བསྡེབས་པའི་དགེ་བས་འགྲོ་ཀུན་འཕགས་པ་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་དབང་ཆོག་གཞན་ཕན་ཀུན་ཁྱབ་ཅེས་བྱ་བ་བཞུགས་སོ།། །།ན་མོ་གུ་རུ་ལོ་ཀེ་ཤྭ་ར་པདྨོ་ཥཱ་ཡ། །འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་དུ་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། དང་པོ་ནི། རྡུལ་ཚོན་རས་བྲིས་ཚོམ་བུའི་དཀྱིལ་འཁོར་ཇི་ལྟར་རིགས་པ་སྐབས་དང་སྦྱར་བའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པའི་སྟེང་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བ་བཞག་པ་ལ་གཟུངས་ཐག་གདགས། གཞན་ཡང་ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་ཁྲི་གདུགས་པུ་སྟི། མཐའ་སྐོར་དུ་མཆོད་གཏོར། ཉེ་ལོགས་ཅི་བདེ་བར་ལས་བུམ་དང་། མཎྜལ་མེ་ཏོག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་བྱ་བ་དག ། སློབ་མ་ལ་བྱ་བའོ། དང་པོ་ནི། སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས། ཨོཾ་ཧ་ཡ་གྲི་ཝ་ཧཱུྃ་ཕཊ་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་འོག་མིན་པདྨོ་བཀོད་པའི་ཞིང་ཁམས་ཆེན་


JKT015_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པོར་གསལ་བའི་དབུས་སུ། ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་རྣམས་དྭང་ཞིང་ཐོགས་པ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོ་བཛྲ་ཨགྷཾ་ནས། ཤབྡ་སརྦ་པཱུ་ཛ་ཨཱཧཱུྃ་ཞེས་དང་། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བཟླ། དེ་ནས་བདག་མདུན་ལྷན་ཅིག་ཏུ་བསྒྲུབས་ཏེ་ཡེ་ཤེས་པ་མདུན་ཏུ་བྱེ་ཞིང་བཟླས་པ་བྱ་བ་སོགས་སྒྲུབ་ཐབས་ལྟར་གཏོར་འབུལ་མཆོད་བསྟོད་ཡན་གྲུབ་རྗེས། བུམ་པ་དུང་ཞལ་བཅས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་ཡོངས་གྱུར་ལས། །རྣམ་རྒྱལ་བུམ་པ་མཚན་ཉིད་ཡོངས་རྫོགས་སྟེང་། །དུང་ཞལ་བདུད་རྩིས་བཅུད་ཀྱིས་གང་བའི་དབུས། །སྣ་ཚོགས་པདྨ་འདབ་ལྔའི་གེ་སར་ལ༔ སོགས་ནས། མཚན་པར་གསལ༔ ཞེས་པའི་མཐར། རང་བྱུང་རྡོ་རྗེ་གསུམ་སོགས་སྦྲེལ། སྤྱན་འདྲེན་ནས་བསྟོད་པ་ཡན་སྒྲུབ་ཐབས་ལྟར་བྱས་ལ། གཟུངས་ཐག་ནས་བཟུང་སྟེ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། གཟུངས་ཐག་ལ་འཁྲིལ་ཏེ་དུང་ཞལ་གྱི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་སྐུ་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་དུང་ཞལ་གང་བར་བསམས་ལ། བཟླས་པ་ཅི་ནུས་བྱ། མཐར་དུང་ཞལ་གྱི་ལྷ་འོད་དུ་ཞུ་བའི་བདུད་རྩི་བུམ་པའི་ཆུ་དང་རོ་གཅིག་པར་བསམས་ལ་དུང་ཆུ་བུམ་པར་བླུག །ལས་བུམ་དུ་རྟ་མགྲིན་གྱི་བསྐྱེད་བཟླས་དང་། བདག་འཇུག་རྒྱས་བསྡུས་ཇི་ལྟར་རིགས་པ་བླང་། གཉིས་པ་ནི། སློབ་མ་རྣམས་ལ་ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ།


JKT015_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཤད་ཅི་རིགས་པ་དང་། མཚམས་སྦྱོར་གྱི་ཁྱད་པར། ད་ལམ་འདིར་ལྷ་སྲས་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ། ཚད་མ་གསུམ་གྱིས་གྲུབ་ཅིང་རྩོད་པ་ཐམས་ཅད་དང་བྲལ་བའི་གཏེར་ཆེན་ཆོས་ཀྱི་ རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས། དགུང་ལོ་ཉི་ཤུ་རྩ་གཅིག་བཞེས་པ་ས་མོ་བྱའི་ལོ་ཁྲུམས་སྟོད་ཟླ་བའི་ཚེས་བཅུའི་ཉི་མ་གུང་གི་དུས་ལ་བབ་པ་ན། བརྡབ་རོང་མེ་རི་འབར་བའི་བྲག་ནས་བཞེས་པའི་ཁ་བྱང་དང་། གོ་ཆེའི་བྲག་ཁྱུང་གཤོག་འདྲ་བ་ནས་བཞེས་པའི་ཡང་བྱང་གཉིས་ལ་བརྟེན་ནས། ལས་ལྡན་གྱི་གྲོགས་ལྔས་ཐུན་མོང་དུ་མཐོང་བར་མདོ་ཁམས་ལྷོ་ཟླའི་ཕྱོགས་ཀྱི་ཟླ་སྲིབས་གུ་རུ་རིན་པོ་ཆེའི་སྒྲུབ་གནས་རྫོང་ཆེན་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ། པདྨ་གསུང་གི་སྒྲུབ་གནས་ན་བུན་རྫོང་ཞེས་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཟབ་མོ་ཧཱུྃ་གི་སྒྲུབ་པ་མཛད་པའི་གནས་བྲག་རི་དུག་སྦྲུལ་སྤུངས་འདྲའི་སྐེད་པ་ལྷོ་ཕྱོགས་རིན་ཆེན་སྤུངས་པ་ནས་བར་ཆད་མེད་པར་སྤྱན་དྲངས་པའི་གསེར་ཤོག་སེར་པོའི་ངོས་ལས་ལོ་གསུམ་གསང་བའི་མཐར་གཏན་ལ་ཕབ་སྟེ་ཐུགས་ཉམས་སུ་བཞེས་པའི་སྐབས་འོད་གསལ་གྱི་སྣང་བར་འོག་མིན་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་རིགས་ཀུན་ཁྱབ་བདག་མ་ཧཱ་གུ་རུ་རྗེ་འབངས་དང་བཅས་པས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་བྱིན་རླབས་དབང་བསྐུར་གྱི་རིམ་པ་རྒྱས་པར་སྩལ། སླར་གནས་དུས་ཀྱི་


JKT015_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྐབས་སུ་རིམ་པར་སྤེལ་བའི་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་ཐུགས་བཅུད། བྱིན་རླབས་ཀྱི་ཚན་ཁ་དང་ངོ་མཚར་གྱི་ཁྱད་པར་དུ་མས་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་ཐེག་དགུ་དང་འབྲེལ་བ་ལས། སྤྱོད་པའི་རྒྱུད་དང་རྗེས་སུ་འབྲེལ་བའི་འཇིག་རྟེན་དབང་ཕྱུག་འགྲོ་འདུལ་ཕྱག་བཞི་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བའི་བྱ་བ་བསྒྲུབ་པ་ལ། སློབ་དཔོན་གྱིས་བགྱི་འོས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་ཐོག་མར་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་མཎྜལ་ཕུལ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ་དུ་གཞུག དེ་ནས་ཐུན་མོང་གི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ལན་གསུམ། ཆས་སུ་འཇུག་པའི་སླད་དུ། སྔོན་ཆད་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་དཀྱིལ་འཁོར་མ་མཇལ་བའི་བརྡར་རས་ཡུག་དམར་པོ་རེས་གདོང་བཅིངས་པའི་མོས་པ་མཛོད། ཨོཾ་ཙཀྵ་བྷནྡྷ་ཝ་ར་མ་ནཱ་ཡ་སྭཱ་ཧཱ། ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་ཡང་བྱིན་པར་མོས་མཛོད། ཨཱ་ཁཾ་བཱི་ར་ཧཱུྃ༔ རྒྱུད་སྦྱང་བའི་སླད་དུ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་སྐྱབས་ཡུལ་རྒྱ་མཚོའི་དུན་


JKT015_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས་བསྐོར་བ་ཞལ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། སྐྱབས་སེམས་ཚད་མེད་ཡན་ལག་བདུན་པ་རྣམས་ཚུལ་བཞིན་ཏུ་བསྒྲུབ་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བདག་དང་སེམས་ཅན་སོགས་ནས། གོ་འཕང་ཐོབ་པར་ཤོག༔ བར་ལན་གསུམ་རེ། དེ་ནས་ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ན་མོ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ལ་ཐུགས་རྗེ་ཆེན་པོ་ཡི༔ དབང་བསྐུར་མཆོག་ནི་སྩལ་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས་དམ་ཚིག་གི་གནས་ལ་དྲི་བ་ནི་འདི་ལ་གསན་པས་ཁྱབ་སྟེ༔ ཨེ་མ་འདི་ནི་སྤྱོད་པའི་རྒྱུད༔ ཚུལ་བཞིན་དམ་ཚིག་ཐུབ་བྱའམ༔ ཞེས་དྲིས་པའི་ལན་ཏུ་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད༔ ཀྱེ་ཧོ༔ སློབ་དཔོན་ཐབས་མཁས་དགོངས་སུ་གསོལ༔ གསང་སྔགས་དམ་ཚིག་ཚུལ་བཞིན་བསྲུང་༔ མཁན་པོ་ཕ་མ་རྗེ་ལྟར་མཆོད༔ བྱང་ཆུབ་སེམས་ནི་མི་སྤང་ངོ་༔ མུ་སྟེགས་ཅན་ལའང་སྨད་མི་བྱ༔ - རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གཟུང་༔ ལྷ་སྔགས་ཏིང་འཛིན་གསུམ་མི་གཏང་༔ ཁོ་ན་ཉིད་བཞི་འབད་པས་བསྒོམ༔ ཞེས་ཁས་བླངས་པ་ལ། སླར་ཡང་ནན་ཏན་གྱི་ཚུལ་དུ་མནའ་ཆུ་སྦྱིན་ཅིང་རྡོ་རྗེའི་བྲོ་བོར་བར་གདམས་པ་ནི། ཨེ་མ་ཧོ༔ དེ་ལྟར་ཡིན་ན་སྐལ་བར་ལྡན༔ དེ་ཕྱིར་སྙིང་ནས་བྲོ་བོར་


JKT015_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག ཅེས་བརྗོད་ལ་མནའ་ཆུ་སྦྱིན། དེ་ལྟར་གདམས་པ་ལ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་མཛོད༔ ཨི་དན་ན་ར་ཀན༔ ཞེས་པས་དམ་ལ་བཞག་ནས། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་སྭ་བྷཱ་བ་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཧྲིལས་པདྨ་ཤཱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་འགྲོ་འདུལ་ཡིད་བཞིན་ནོར་བུ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞིའི་ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ དུ་ཡིད་བཞིན་གྱི་ནོར་བུ་འཛིན་ཅིང་། གཡས་འོག་མས་ཤེལ་ཕྲེང་དང་། གཡོན next hit་འོག་མས་མེ་ཏོག་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པས་རྒྱུད་


JKT015_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པར་མོས་མཛོད། ཧཱུྃ༔ བདག་གི་མགོན་པོ་ཐུགས་རྗེ་ཅན༔ འགྲོ་བའི་དོན་ཕྱིར་སྤྱན་འདྲེན་ན༔ སྲས་དང་སློབ་མའི་ཚོགས་དང་བཅས༔ གནས་འདི་ཉིད་དུ་གཤེགས་སུ་གསོལ༔ ཨོཾ་ཨཱརླ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་ཨེ་ཧེ་ཧི་བཛྲ་ས་མཱ་ཛ༔ ཛཧཱུྃ་བཾ་ཧོ༔ ཞེས་ཡང་ཡང་བརྗོད་ཅིང་སྤོས་རོལ་བཅས་བྱིན་དབབ། རྡོ་རྗེ་སྤྱི་བོར་བཞག་ཅིང་། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་རིགས་བརྟག་ པའི་ཕྱིར་མེ་ཏོག་འབུལ་བར་གདམས་པ་ནི། ཧོ༔ འདི་དུས་གསང་བའི་སྒོར་ཞུགས་པ༔ བརྟག་པའི་མེ་ཏོག་ལྷ་ལ་འབུལ༔ ཅེས་གདམས་པ་ལ། ཁྱེད་རང་རྣམས་ཀྱིས་ཀྱང་ཡེ་ཤེས་ཀྱི་ལྷ་ལ་བཟང་ངན་མ་མཆིས་མོད། རང་གིས་ལས་བསགས་པའི་ལྷ་དེ་ལ་འབབ་པར་ཤོག་ཅིག་སྙམ་དུ་མེ་ཏོག་དེ་ཉིད་རིན་པོ་ཆེ་གསེར་གྱི་མེ་ཏོག་ཏུ་མོས་པས་དཀྱིལ་འཁོར་ལ་འདོར་བའི་མོས་པ་དང་བཅས་དངོས་སུ་ཚོམ་བུའི་དཀྱིལ་འཁོར་འདིར་ཚིག་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་མཛོད། ཧོ༔ བསྐལ་པ་གོང་ནས་ལྷ་མཆོག་དེ་དག་ལ་ཡེ་ཤེས་རིག་པའི་མེ་ཏོག་འདི་འབུལ་གྱི༔ འགྱུར་མེད་ཡེ་ཤེས་དཀྱིལ་འཁོར་དེར་བབས་ནས༔ ཐུགས་རྗེ་ཆེན་པོས་རྗེས་སུ་གཟུང་དུ་གསོལ༔ པུཊྚེ་པྲ་ཏིཙྪ་ཧོ༔ དེ་ལྟར་དོར་བས་དབུས་སུ་བབས་ན་རྡོ་རྗེ། ཤར་དུ་དེ་བཞིན་གཤེགས་པ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་དགུ་


JKT015_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་ཐུགས་རྗེ་ཆེན་པོའི་རིགས་སུ་མཚོན་པ་ཡིན་ལ། སླར་ཡང་མེ་ཏོག་གང་ལ་བབས་པའི་ལྷས་མེ་ཏོག་དེ་ཉིད་ཕྱག་གིས་བཞེས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པ་དང་ལྷན་ཅིག་ཏུ་གསང་བའི་མཚན་ཀྱང་བྱིན་པར་མོས་མཛོད། ཀྱེ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱིས༔ རང་རིག་ཡེ་ཤེས་ལྟ་དང་ངོ་འཕྲོད་དེ༔ མ་འོངས་དེ་བཞིན་གཤེགས་པ་དྲི་མ་མེད༔ རྩེ་གཅིག་མི་གཏང་ཡེ་ཤེས་སྒྲུབ་པར་གྱིསཿ དེ་ནས་མ་རིག་པའི་ལིང་ཏོག་བསལ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ སློབ་དཔོན་ཐབས་མཁས་དགོངས་སུ་གསོལ༔ བདག་གི་མ་རིག་མིག་ཕྱེས་ལ༔ གསང་བའི་དཀྱིལ་འཁོར་ཆེན་པོ་སྟོན༔ རིག་རྩལ་ལྷ་དང་སྤྱད་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་ལིང་ཏོག་དང་མིག་རས་ལྷན་ཅིག་ཏུ་བསལ་བར་མོས་མཛ། ༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་ནི༔ མ་རིག་མིག་ནི་ཕྱེས་པ་ལྟར༔ འཁོར་འདས་སོ་མཚམས་ལིང་ཏོག་འདི༔ ཡེ་ཤེས་ཐུར་མས་དབྱེ་བར་བྱ༔ བཛྲ་ཛྷཱ་ན་ཙཀླུ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་སློབ་དཔོན་གྱིས༔ བྷཾ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད་པས་ཕོ་བྲང་གི་སྒོ་བཞི་ཤག་གིས་ཕྱེ་ནས། ཁྱེད་རང་རྣམས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་


JKT015_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འཇུས་ཏེ་དཀྱིལ་འཁོར་ཆེན་པོའི་ནང་དུ་ཁྲིད་པའི་མོས་པ་དང་བཅས་བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨ་གཙུག་ཏོར་ལྷ་ལྔའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་མངོན་ སུམ་བཞིན་ཏུ་མཇལ་བའི་མོས་པ་མཛོད། ཅེས་པ་ཙམ་མམ། སྤྲོ་ན་རྟེན་དང་བརྟེན་པ་རྒྱས་པར་བསྟན། སླར་ཡང་སློབ་དཔོན་གྱིས་སྤྲོ་བ་བསྐྱེད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ད་ནི་ལས་དང་སྐལ་བར་ལྡན༔ དུས་གསུམ་སངས་རྒྱས་དངོས་དང་མཇལ༔ བསྐལ་པ་དུ་མའི་སྒྲིབ་པ་དག དེས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་སོང་ནས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་འདྲེན་པ་བླ་ན་མེད༔ དབང་བསྐུར་བ་ནི་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་པ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། སློབ་དཔོན་དང་ལྷན་ཅིག་པས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བ་ལ་བརྟེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་སྟེ་སངས་རྒྱས་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པར་མོས་མཛོད། སྤྲོས་མེད་


JKT015_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་ཟླུམ་པོའི་བུམ་པ་ན༔ རང་བྱུང་ཐུགས་རྗེ་ཆེན་པོ་ཞུ་བའི་ཆུ༔ འཛིན་སེམས་ཞེ་སྡང་ལ་སོགས་རྣམ་པར་དག༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨོཾ་པདྨ་ཨུཏྟིཥ་བི་མ་ལེ་ཧཱུཾ་ཕཊ། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། བདུད་རྩིའི་རྒྱུན་གྱིས་ལུས་གང་བའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བས་སྐུ་དང་ཡེ་ཤེས་ཕྲིན་ལས་དང་བཅས་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཤིང་སངས་རྒྱས་ཀྱི་གཟུགས་སྐུ་མཚན་དཔེས་བརྒྱན་པ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའི་མོས་པ་མཛོད། ཧི༔ སྐྱེ་མེད་དོན་དམ་སྙིང་པོ་འགག་མེད་ལསཿ ཕྱག་མཚན་ལྔས་བརྒྱན་རིགས་ལྔའི་ཅོད་པན་འདི༔ ཞེན་སེམས་ང་རྒྱལ་མ་ལུས་ཡེ་ནས་དག༔ མཉམ་ཉིད་ཡེ་ཤེས་རིགས་ལྔས་དབང་བསྐུར་རོ༔ སྔགས་མཐར། རཏ་སཾ་བྷ་བ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དང་དྲིལ་བུ་ཕྱག་ཏུ་གཏད་པས་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་འགྲུབ་པའི་སྐལ་བ་ཅན་ཏུ་བྱས་པའི་མོས་པ་མཛད། ཧོ ཁྱེད་ཀྱིས་རྡོ་རྗེ་དྲིལ་བུ་ཆོངསཿ ཐུགས་ཀྱི་དབྱིངས་སུ་འཚང་རྒྱའོ༔ སྔགས་མཐར་བཛྲ་གནྡྷེ་ཨ་བྷི་ཥིཉྩམི། ཞེས་བརྗོད། དེ་ནས་རྡོ་རྗེ་སློབ་དཔོན་ཏུ་དབང་བསྐུར་བའི་ཕྱིར། །


JKT015_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲིར་འཁོད་པའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ནམ་མཁའ་དང་མཉམ་པའི་བླ་བྲེ་ཕུབ་ཅིང་ཕྱག་ཏུ་གླེགས་བམ་གཏད་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སར་དབང་བསྐུར་བ་ལྟར་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཧོཿ དེང་ཕྱིན་རྡོ་རྗེ་སློབ་དཔོན་ཏེ༔ ཕྱག་རྒྱ་གསུམ་དང་མ་བྲལ་ཅིག༔ རང་གཞན་དོན་ལ་བརྩོན་པར་གྱིས༔ ཞེས་དང་ཡེ་དྷརྨཱཝབརྗོད་ཅིང་མེ་ཏོག་འཐོར། དེས་དབང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་ཏུ་རིག་སྔགས་གྲུབ་པར་བྱེད་པ་བཟླས་ལུང་། མཚན་མེད་ཀྱི་རྣལ་འབྱོར་བསྒོམ་པའི་ཕྱིར་རིག་གཏད། དགེ་ལེགས་ཀྱི་འབྱོར་པ་སྤེལ་བའི་སླད་དུ་བཀྲ་ཤིས་པའི་རྫས་རྟགས་སྦྱིན་པ་རྣམས་སུ་ཡོད་པ་ལས། ཐོག་མར་བཟླས་ལུང་གི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཞལ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཁྱེད་རང་རྣམས་ཀྱི་རྣ་བ་གཡས་པ་ནས་ཞུགས། སྙིང་གའི་ས་བོན་ལ་ཐིམ་པས་སྔགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ཏེ་སྔགས་འདི་གཉིས་ཀྱི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་པདྨ་ཨུཊྛིཥ་བི་མ་ལེ་ཧཱུྃ་ཕཊ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ རིག་པ་གཏད་པ་ནི། དེ་ལྟར་ལྷ་སྔགས་ཀྱིས་མཚོན་པའི་དུས་གསུམ་གྱི་རྣམ་པར་རྟོག་པའི་རྗེས་སུ་མ་འབྲང་བར་སེམས་ཉིད་གཉུག་མའི་དབྱིངས་སུ་མཉམ་


JKT015_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཞོག་ཅིག ཅེས་གདམས། ཤིས་པར་བྱ་བའི་སླད་དུ་བཀྲ་ཤིས་པའི་རྫས་བརྒྱད་དང་། རྟགས་བརྒྱད་རྣམས་སོ་སོའི་བྱེད་ལས་གྲུབ་པའི་དངོས་པོ་ཅན་ལག་ཏུ་གཏད་པས་དགེ་ལེགས་ཀྱི་འབྱོར་པ་སྤེལ་བའི་མོས་པ་མཛོད། བཱི༔ མ་རིག་རྣམ་དག་ཡེ་ཤེས་མེ་ལོང་མཆོག༔ དུག་ལྔའི་གདུང་སེལ་སྙིང་པོ་ཞོ་ཡི་ཟས༔ ཉོན་མོངས་གཅོང་གཞིལ་གི་ཝཾ་སྨན་གྱི་ཕུལ༔ ཕྱི་ནང་ཆོས་རྣམས་དབང་སྡུད་ལི་ཁྲི་མཆོག༔ རྒྱུད་དག་གསང་སྔགས་འབྲས་སྤྱོད་བིཝའི་འབྲས༔ རྡོ་རྗེའི་ཚེ་མཆོག་འཕེལ་བའི་དྭཆ་དང་༔ ལོག་སྨྲ་ཀུན་བཅོམ་གཡས་འཁྱིལ་ཆོས་ཀྱི་སྒྲ༔ བདུད་སྡེ་ཕམ་མཛད་ཁྲོ་བོ་ཡུངས་ཀར་ཚོགས༔ འདི་དག་དབང་བསྐུར་བཀྲ་ཤིས་ལྡན་པར་ཤོག༔ ཨོཾ་མངྒ་ལཾ་ཀུ་རུ་ཨ་བྷི་ཥིཉྩམི། ཧཱུྃ༔ དཔལ་བེའུ་ཡེ་ཤེས་དྲྭ་བ་ཆེ༔ འཁོར་ལོ་ཕྱོགས་ལྷུང་ཀུན་དང་བྲལ༔ པདྨ་ཆགས་མེད་ཡེ་ཤེས་ཏེ༔ རྒྱལ་མཚན་རྟོག་མེད་བདུད་ལས་རྒྱལ༔ གདུགས་མཆོག་ཁོར་ཡུག་འོད་གསལ་བ༔ བུམ་པ་ཅིར་སྣང་ཆོས་ཀྱི་གཏེར༔ ཆོས་དུང་གྲགས་སྟོང་གདངས་རྩལ་ཅན༔ གསེར་ཉ་ཡེ་ཤེས་བྱང་ཆུབ་སེམས༔ སྐལ་ལྡན་རྣམས་ལ་དབང་བསྐུར་བས། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག༔ ཨོཾ་ཨབྦ་མངྒ་ལཾ་ཨ་བྷི་ཥིཉྩ་མི། རྗེས་འབྲེལ་དུ་ཤིས་པ་བརྗོད་པ་ཇི་ལྟར་རིགས་པ་དང་བཅས་མེ་ཏོག་གི་ཆར་དབབ། དེ་ལྟར་འཕགས་པ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨ་གཙུག་ཏོར་གྱི་


JKT015_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་དུ་དབང་བསྐུར་བ་ལེགས་པར་ཐོབ་པའི་ཕན་ཡོན་ནི། འཕགས་པ་དོན་ཡོད་ཞགས་པའི་རྟོག་པ་ཆེན་པོ་ལས། དོན་ཡོད་པའི་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཁྲོ་བོའི་རིགས་ཀྱི་གསང་སྔགས་རིམ་པར་ཕྱེ་བ་གཟུངས་སྔགས་ཆེན་པོ་སྙིང་པོ་བཅུ་པོ་འདི་ལན་ཅིག་དྲན་ནམ། ཀློག་གམ། མིང་བཟུང་བའམ་དྲན་ནམ། ལག་ན་རྡོ་རྗེ་དུས་ཚིགས་གཅིག་ཏུ་དྲན་པ་ཙམ་གྱིས་ཀྱང་། དེས་མཚམས་མེད་པ་ བྱེད་པ། མནར་མེད་པར་གཞོལ་བ། བསྐལ་པར་གནས་པའང་དེ་ཡིས་རྣམ་པར་དག་པར་འགྱུར་ལ། སྡིག་པ་དང་སྒྲིབ་པ་བསགས་པ་རྣམས་ཟད་པར་འགྱུར། ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར། སྒྲིབ་པ་དང་སྡིག་པ་དང་བྲལ་བར་འགྱུར། ཚེ་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར། ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཁོར་ལོས་སྒྱུར་བ་མཆོག་ཏུ་འགྱུར། བསྐལ་པ་བྱེ་བ་འབུམ་ཕྲག་བརྒྱད་ཅུར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཏུ་བདེ་བ་མྱོང་བར་འགྱུར། ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། གཟུངས་སྔགས་ཟབ་མོ་འདི་ལན་ཅིག་ཙམ་དྲན་པས་ཀྱང་ཕན་ཡོན་དེ་ལྟ་བུ་དང་ལྡན་ན། དབང་བསྐུར་བ་ཐོབ་པ་དང་། སྒོམ་བཟླས་བགྱིས་པ་སོགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལྟ་སྨོས་ཀྱང་


JKT015_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་དགོས་པས་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་གིས་ནམ་ཡང་མི་བསླུ་བའི་ཕྱིར་དད་པ་དང་། སྤྲོ་བ་དང་། ངེས་ཤེས་མཆོག་ཏུ་བསྐྱེད་ནས་རང་གིས་ཉམས་སུ་ལེན་པ་དང་། གཞན་དག་ལ་འཆད་ཅིང་སྟོན་པ་ལ་སོགས་པའི་སྒོ་ནས་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ལ་འབད་པར་བྱའོ། །དེ་ལྟ་བུའི་ཕན་ཡོན་ཆེན་པོ་དང་ལྡན་པའི་དབང་གི་སྲོག་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་ཏུ་བྱ་དགོས་པར་གདམས་པའང་འདི་ལ་གསན་པས་ཁྱབ་སྟེ། དཀོན་མཆོག་གསུམ་དང་བླ་མ་ནི༔ གཙུག་ཏུ་བཀུར་ཞིང་གསོལ་བར་བྱ༔ ཕ་མ་གྲོགས་དང་མཛའ་བོ་རྣམས༔ བཀུར་ཞིང་དུས་མཆོད་རྣམས་ལ་བརྩོན༔ མི་དགེ་མི་སྤྱོད་ཤ་ཆང་སྤང་༔ ཁྲུས་དང་གཙང་སྦྲ་རྣམས་ལ་འབད༔ ཅེས་གདམས་པ་ལ་ཁྱེད་རྣམས་ཀྱིས་ཀྱང་དོན་དེ་ལས་འདའ་བར་མི་བགྱིད་དོ་སྙམ་པས་མདོར་བསྡུས་ཏེ་འཛིན་པར་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། རྗེས་གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་སྤྱི་ལྟར་བྱས་ནས་སློབ་མ་རྣམས་རང་གནས་སུ་གཏང་ངོ་། །གསུམ་པ་རྗེས་ནི། མཆོད་པ་ཞལ་གསོས་ལ་བྱིན་གྱིས་བརླབ། མཆོད་བསྟོད་རྒྱས་བསྡུས་གང་རིགས་དང་། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བརྗོད་ཅིང་བཟོད་པར་གསོལ། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུས་ཡེ་ཤེས་པ་རང་གནས་སུ་གཤེགས། རང་


JKT015_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཐུགས་རྗེ་ཆེན་པོར་སོགས་སྒྲུབ་ཐབས་ལྟར་བསྔོ་སྨོན་བར་བྱ་ཞིང་། ཤིས་པ་བརྗོད་པས་མཐའ་བརྒྱན་ནོ། ཞེས་པའང་རང་གཞན་རྣམས་ལ་སྨན་པའི་བསམ་པས། གཏེར་ཆེན་བླ་མ་མཆོག་གི་བཀའ་དྲིན་ལས་ཟབ་ཆོས་འདི་ཉིད་དང་པོར་ཐོས་པའི་སྐལ་བཟང་ཅན་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་མདོར་བསྡུས་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་སེམས་ཅན་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།


no previousའཕགས་པ་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་གྱི་སྒྲུབ་ཐབས་སྙིང་པོར་དྲིལ་བ་གཞན་ཕན་ཟླ་སྣང་། next