ཤོག་ལྷེབ་ ༡ ནས་ ༡༠༠ བར།
༄༅། །གངས་ཅན་གྱི་ཡུལ་དུ་བྱོན་པའི་ལོ་པཎ་རྣམས་ཀྱི་མཚན་ཐོ་རགས་རིམ་ཚིགས་བཅད་དུ་བསྡེབས་པ་མ་ཧཱ་པཎྜི་ཏ་ཤྲཱི་ལ་རཏྟའི་གསུང་བཞུགས་སོ། །
༄༅། །ཨོཾ་སྭསྟི། བོད་དུ་རྒྱལ་བའི་བསྟན་པ་སྔ་དར་དུས། །རྒྱ་བལ་ཁ་ཆེ་ནས་བྱོན་པཎྜིཏ། །ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར། །བལ་པོ་མཉྫཤྲཱི་དང་མཁན་ཆེན་ཞི་བ་འཚོ། །པདྨ་འབྱུང་གནས་སྔགས་འཆང་ཆོས་ཀྱི་གྲགས། །དྲི་མེད་བཤེས་གཉེན་དང་ནི་སངས་རྒྱས་གསང་། །བསམ་ཡས་རབ་གནས་མཁན་ཤཱནྟཾ་གནྡྷ་རྣམ་དག་སེང་གེ་དང་། །པདྨའི་ངང་ཚུལ་བྲམ་ཟེ་ཨཱ་ནན། །ཀཝ་མི་ཏྲ་ཛི་ན་མི་ཏྲ་དང་། །ལྷ་དབང་བྱང་ཆུབ་ཤཱི་ལེནྡྲ་བོ་དྷི། །དཱ་ན་ཤཱི་ལ་བོ་དྷི་མི་ཏྲ་དང་། །མུ་ནི་ཝརྨ་སརྦ་ཛྙཱ་དེ་བ། །བིད་ཀར་པྲ་བྷཱ་རིག་བྱེད་འོད་ཟེར་བྱ་བ་ལ་སོགས་དང་། །རྒྱ་ནག་སློབ་དཔོན་མ་ཧཱ་དེ་བ་ཆེ། །མ་ཧཱ་ཡཱ་ན་བྱ་བ་ལ་སོགས་བྱོན། །དེ་དེའི་སྙན་དུ་སྐད་གཉིས་སྨྲ་བའི་
དབང་། །ཀུན་གྱི་སྔོན་མ་ཐོན་མི་སམྦྷོ་ཊ། །དྷརྨ་ཀོཥྛ་དང་ནི་རྡོ་རྗེ་དཔལ། །བྲན་ཀ་ལུ་ལ་ཀོ་ཥ་ཡེ་ཤེས་གཉགས་གཞོན་ནུ་དང་། །ངན་ལམ་རྒྱལ་བ་མཆོག་དབྱངས་རྦ་ཡེ་ཤེས་དབང་། །སྦ་ཁྲི་གཞེར་སཾ་ཤི་ཏ་དང་སྦྲང་རྒྱུར་ལེགས་གཟིགས་མཚན། །སེང་གདོང་ལྷ་ལུང་གཟིགས་དང་རྦ་གསལ་སྣང་དང་། །སྣ་ནམ་རྡོ་རྗེ་བདུད་འཇོམས་ལྕེ་ཛྷཱ་ན་སིདྡྷིའི་མཚན། །མཆིམས་ཤཱཀྱ་པྲ་བྷ་ཛ་ཡ་བྲང་ཏི་རཀྟི་ཏ། །ཤུད་པུ་དཔལ་གྱི་སེང་གེ་མཉྫཤྲཱི་དཔལ། །ལྷ་དབང་སྲུང་དང་བྲན་ཀ་མུ་ཏི་ཀ །རྣམ་པར་སྣང་མཛད་སྲུང་དང་ཀླུ་དབང་སྲུངས། །རིན་ཆེན་མཆོག་དང་རིན་ཆེན་ལེགས་པར་གྲུབ། །དྷརྨ་ལོ་ཀ་དྲན་པ་ནམ་མཁའ་དང་། །རྣམ་པར་མི་རྟོག་ཤཱཀྱ་འོད་དང་རྩེ། །ཁྱི་
འབྲུག་དང་ནི་ཁམས་པ་ཉང་གོ་ཆ་ཛཱ། །དེ་བ་ཀོ་ཥ་རྒྱལ་མཉེན་ཞང་ཉ་བཟང་དང་། །འགོས་ལོ་ཆོས་འགྲུབ་སྟོང་གི་ཨཱ་ཙརྨ། །དྷརྨ་ཤཱི་ལ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། །དཔལ་བརྩེགས་སྲུང་དང་རཏྣ་རཀྟི་ཏ། །ཡེ་ཤེས་སྡེ་དང་ཛ་ཡ་རཀྵི་ཏ། །འཇམ་དཔལ་གོ་ཆ་རཏྣེནྡྲ་ཤཱི་ལ། །བཟང་སྐྱོང་ལྷ་ཡི་ཟ་བ་དཔལ་གྱི་ལྷུན། །དཔལ་གྱི་འབྱོར་པ་ཡེ་ཤེས་སྙིང་པོ་ཅན། །རྒྱལ་བ་ཤེས་རབ་ཤཱཀྱ་བཤེས་གཉེན་དང་། །དགེ་བ་དཔལ་དང་ལེགས་སྡེ་ནམ་མཁའི་སྙིང་། །ཡིག་མཁན་དགོན་གླིང་རྨ་དང་གཞོན་ནུ་སྲུང་། །ནམ་མཁའ་སྐྱོང་སྟེ་སྐད་གཉིས་སྨྲ་རྣམས་ཀྱིས། །དམ་པའི་ཆོས་མང་བོད་ཀྱི་སྐད་དུ་བསྒྱུར། །བསྟན་པ་ཕྱི་དར་དུས་ཀྱི་པཎྜིཏ། །བུདྡྷ་པཱ་ལ་དྷརྨ་པཱ་ལ་དང་། །པྲཛྙཱ་པཱ་ལ་དང་ནི་ལེགས་པར་བཤད། །ཤྲདྷཱ་ཀ་ར་ཝརྨ་པདྨ་སྲས། །མུཀྟི་མི་ཏྲ་སངས་རྒྱས་དཔལ་ཞི་བ། །ཤེས་རབ་གོ་ཆ་དཔལ་ལྡན་ཇོ་བོ་ཨ་ཏི་ཤ །དེའི་དབོན་དཱ་ན་ཤཱི་ལ་དྲན་པ་ཡེ་ཤེས་གྲགས། །ཕྲ་ལ་རིང་བ་སུ་ན་ཡ་ཤྲཱི་དང་། །ཁ་ཆེ་ཛྙཱ་ན་ཤྲཱི་དང་ཙཱནྡྲ་རཱ་ཧུ་ལ། །འབུམ་ཕྲག་གསུམ་པ་དྷི་ར་པཱ་ལ་ཨ་ཏུ་ལྱཱ་ད་ཤ །བློ་བཟང་གྲགས་པ་ཨ་མ་ར་ཙནྡ། །ཐིག་ལེ་བུམ་པ་གཞོན་ནུ་བུམ་པ་དང་། །གསེར་གྱི་གོ་ཆ་དམ་པ་རྒྱ་གར་བ། །ཛ་ཡཱ་ནནྡ་ག་ཡ་དྷ་རའི་ཞབས། །དོན་ཡོད་རྡོ་རྗེ་ཁ་ཆེ་ཟླ་བ་མགོན། །སྟོང་ཉིད་ཏིང་འཛིན་རྡོ་
རྗེ་ཡེ་རྡོར་བ། །ཤེས་རབ་གསང་བ་མ་ཧཱ་ཛ་ན་དང་། །སྟོབས་ཀྱི་ཟླ་བ་མནྡ་ཀ་ལཀྵ། །ཀརྨ་བཛྲ་དང་ནི་ཛ་མཱ་རི། །དཔའ་བོ་རྡོ་རྗེ་སྒྲ་གཅན་འཛིན་སྦས་པ། །རྣམ་སྣང་རྡོ་རྗེ་མཉྫུགྷོ་ཥ་དང་། །སཱུརྨ་ཀཱིཏི་པྲཛྙཱ་ཤྲཱི་ཛྙཱ་ན། །གངྒཱ་དྷ་ར་དང་ནི་ནོར་སྦས་དང་། །ཀུན་བཟང་དཔལ་དང་ནིཥ་ལངྐ་ལྷ། །འགྲོ་བཤེས་དགའ་དང་བུདྡྷ་ཤྲཱི་ཛྙཱ་ན། །ཤཱཀྱ་ཤྲཱི་རབ་འབྱོར་ཟླ་བ་བཟང་། །སུ་ག་ཏ་ཤྲཱི་དཱ་ན་ཤཱི་ལ་དང་། །ཛ་ཡ་དཏྟ་དང་ནི་སཾ་གྷ་ཤྲཱི། །བློ་བཟང་སྙིང་པོ་ཀཱ་ལ་ཙནྡྲ་དང་། །ཛི་ན་གུསྟ་མ་ཧཱ་བོ་དྷི་པས། །ཛམ་བྷ་ཤྲཱི་འཇིག་རྟེན་གསུམ་ཀུན་པ། །ལོངས་སྤྱོད་རྡོ་རྗེ་དང་ནི་རཏྭ་ཧཱུཾ། །བལ་པོ་མ་ཧཱ་སེ་ན་བཛྲ་ཀཱིརྟི་དང་། །ཀ་ཡ་ཤྲཱི་དང་བལ་པོ་གྲགས་པ་དཔལ། །ཀུ་མཱ་ར་དང་ཐམས་ཅད་མཁྱེན་པའི་དཔལ། །སཱ་དྷ་ཀཱིརྟི་བི་ན་ཡ་ཤྲཱི་དང་། །ཤི་ལ་ཤྲཱི་དང་གངྒཱ་ལ་ཤཱི་དང་། །བི་མ་ཤྲཱི་དརླཎ་ཨཱ་ཙརླ། །རྒྱལ་བའི་ལྷ་དང་ལཀྵི་ཀ་ར། །ཨཱ་ནནྡ་ཤྲཱི་རཱ་ཧུ་ལ་ཤྲཱི་དང་། །ཟང་གླིང་པ་དང་ཀཱིཏི་པཎྜི་ཏ། །ཤ་རི་སཱུ་ཏྲ་ནགས་ཀྱི་རིན་ཆེན་དང་། །བུདྡྷ་གུསྟ་ཞེས་བྱ་ལ་སོགས་སོ། །དུས་དེར་སྔ་ཕྱིར་བྱོན་པའི་ལོ་ཙཱ་བ། །ཆེན་པོ་ལྷ་ཡི་བླ་མ་ཡེ་ཤེས་འོད། །རིན་ཆེན་བཟང་པོ་གྲགས་འབྱོར་ཤེས་རབ་དང་། །འབྲོ་སེང་ཀར་ཤཱཀྱ་འོད་དང་ལྷ་ཞི་བ་འོད། །རྔོག་ལེགས་པའི་ཤེས་རབ་རྒྱ་བརྩོན་འགྲུས་སེང་གེ་
དང་། །ཚུལ་ཁྲིམས་རྒྱལ་བ་ཁུ་ཡི་དངོས་གྲུབ་འབར། །འབྲོམ་རྒྱལ་བའི་འབྱུང་གནས་ཤཱཀྱ་བློ་གྲོས་མཚན། །མར་ཐུང་ཆོས་ཀྱི་ཤེས་རབ་དད་པ་ཤེས་རབ་དང་། །རྨ་དགེ་བའི་བློ་གྲོས་ག་རོད་ཚུལ་ཁྲིམས་འབྱུང་གནས་མཚན། །ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་སྟག་ལོ་གཞོན་བརྩོན་པ། །འགར་བ་ཆོས་བཟང་ཤེའུ་རྡོ་རྗེ་ལྷ། །རབ་ཞི་བཤེས་གཉེན་རྔོག་བློ་ལྡན་ཤེས་རབ་ཅན། །པུ་ཧྲང་ལེགས་པའི་ཤེས་རབ་འཕགས་པ་ཤེས་རབ་དང་། །ཤཱཀྱ་ཡེ་ཤེས་འབྲོག་མི་དགའ་བའི་རྡོ་རྗེ་གཟུང་། །གྱི་ལྗང་དབུ་དཀར་ཆོས་ཀྱི་ཡོན་ཏན་དང་། །ཆོས་ཀྱི་རིན་ཆེན་མར་པ་ཆོས་ཀྱི་བློ་གྲོས་མཚན། །གཉན་ལོ་དར་མ་གྲགས་དང་འགོས་ལྷས་བཙས། །གྱི་ཇོ་ཟླ་བའི་འོད་ཟེར་ཀློག་སྐྱ་ཤེས་རབ་བརྩེགས། །མལ་གྱོ་བློ་གྲོས་གྲགས་དང་སེ་ཙ་བསོད་ནམས་རྒྱལ་མཚན་པ། །རོང་པ་ཆོས་བཟང་ཡོལ་ལྕགས་རྡོ་རྗེ་དབང་ཕྱུག་དང་། །མར་འོད་བྱང་ཆུབ་ཤེས་རབ་ཙ་མི་སངས་རྒྱས་གྲགས། །ཁེའུ་གད་འཁོར་ལོ་གྲགས་དང་སྤང་ཞོ་གསལ་བར་གྲགས། །དིང་རི་ཆོས་གྲགས་སྒྱུས་ཀྱི་སྨོན་ལམ་གྲགས། །པ་ཚབ་ཉི་གྲགས་བ་རི་རིན་ཆེན་གྲགས། །ཤེས་རབ་གྲགས་དང་རྭ་ཆེན་རྡོ་རྗེ་གྲགས། །ཀྲེ་བོ་ཤེར་དཔལ་བཀྲ་ཤིས་རྒྱལ་མཚན་པ། །བ་རེག་ཐོག་དགའ་རྨ་བན་ཆོས་འབར་དང་། །མཚུར་སྟོན་དབྱིག་གི་རྒྱལ་མཚན་མཚུར་དབང་
ངོ་། །དཔྱལ་ཀུན་དགའ་རྡོ་རྗེ་དང་ནི་དཔྱལ་ཀུན་དགའ་གྲགས། །མར་དོ་ཆོས་དབང་ཆོས་ཀྱི་སྙིང་པོ་དང་། །ཀམ་ཆོས་ཀྱི་ཡེ་ཤེས་ཕྱུགས་མཚམས་ལུང་རིག་རྒྱ་མཚོ་དང་། །ཚུལ་ཁྲིམས་ཡོན་ཏན་ཁེའུ་གད་ཡོན་དཔལ། །བསོད་ནམས་བཟང་པོ་སུམ་པ་དཔལ་མཆོག་གི །རྡོ་རྗེ་དང་ནི་ཉི་མ་རྡོ་རྗེ་དང་། །ཁུ་དགེ་བསྙེན་ནེ་ཙོ་ཀློག་སྐྱ་གཞོན་ནུ་འབར། །ལྷ་སྟོན་ཡེ་ཤེས་རྒྱལ་མཚན་བྱང་ཆུབ་བྱང་།གླན་ཆོས་ཀྱི་བློ་གྲོས་ཅེག་གྲུ་ཏིང་ངེ་འཛིན་བཟང་པོ། །ཤེས་རབ་ཡེ་ཤེས་རིག་པ་གཞོན་ནུ་དང་། །ཚུལ་ཁྲིམས་བརྩེགས་པ་དང་ནི་ལྷ་བཙུན་པ། །ལྷ་བཙལ་ག་ནི་རྭ་ཛ་རྔོག་སངས་རྒྱས་བསྐྱངས། །རྒྱལ་གྱི་ལོ་ཙཱ་རྡོ་རྗེ་སྦལ་རྒྱལ་པོ་དང་། །དེ་བ་རིན་ཆེན་ལྷ་ཆོས་ཀྱི་རིན་ཆེན་དང་། སྒྱུར་ཚུལ་ཁྲིམས་འོད་ཟེར་དགེ་སློང་བྱ་ཡི་གདོང་། །ད་བྱིན་ལོ་ཙཱ་དང་ནི་ཕུལ་བུ་འོད། །པ་ཚབ་ཚུལ་རྒྱལ་ཤེས་རབ་ལེགས་དང་ནག་ཚོ་དྷརྨ་གྲགས། །མར་པ་བློ་གྲོས་བཟང་པོ་སེ་ལོ་ཙཱ། །ཟླ་བ་གྲགས་པ་གཉལ་མི་ཡེ་ཤེས་ཆོས། །ཆོས་ཀྱི་བླ་མ་དགེ་སློང་ཤེས་རབ་བསྐྱངས། །ནག་ཚོ་ཤེར་རྒྱན་འ་ཞྭ་རྒྱ་གར་བརྩེགས། །གཉན་སྟོན་བསོད་ནམས་བ་རི་ཆོས་གྲགས་དང་། །ཨོང་པོ་ལོ་ཙཱ་གཞོན་ནུ་ཤེས་རབ་དང་། །འགར་པ་ཤེར་འབྱུང་འཇམ་དཔལ་གཞོན་ནུ་དང་། །ཤེས་རབ་འོད་ཟེར་དང་ནི་ལྕེ་དགའ་བ་
དཔལ། །ཡེ་ཤེས་འབྱུང་གནས་ཤཱཀྱ་བརྩོན་འགྲུས་པ། །རྭ་པ་ཆོས་རབ་ལོ་བཙུན་ཆུང་རྡོ་རྗེ་རྒྱལ་མཚན་དང་། །ཞྭ་མ་དགེ་བསྙེན་སེང་རྒྱལ་ལྕེ་བཀྲ་ཤིས། །ཆག་ལོ་དགྲ་བཅོམ་དཔྱལ་པ་ཆོས་ཀྱི་བཟང་། །གནུབས་བྱམས་པའི་དཔལ་དང་ས་སྐྱ་པཎྜི་ཏ། །ཆག་ཆོས་རྗེ་དཔལ་དང་ཤེས་རབ་འོད་དཔྱལ་དང་ཞང་། །གྲུབ་པ་དཔལ་དང་གློ་བོ་ཤེས་རབ་རིན་པོ་ཆེ། །ལྷོ་བྲག་འུ་རུ་དར་མ་སེང་གེ་མི་མཉམ་བཟང་། །ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཤོང་བློ་གྲོས་བརྟན། །ཨོ་ཌི་ཡཱ་ན་རིན་ཆེན་དཔལ་དང་ཁམས། །བློ་གྲོས་རྒྱལ་པོ་ལྡན་མ་ཚུལ་སེང་དང་། །ར་ས་གཞོན་བརྩོན་ཤུ་ཀེ་གྲགས་རྒྱལ་མཚན། །ཐར་ལོ་ཉི་མ་རྒྱལ་མཚན་དཔང་ལོ་བློ་གྲོས་བརྟན། །སྒྲ་ཚད་སྨྲ་བ་དབུས་པ་རིན་རྒྱལ་བློ་གསལ་དང་། །ལེགས་པའི་བློ་གྲོས་ཡར་ཀླུང་གྲགས་རྒྱལ་མཚན། །བུ་སྟོན་རིན་ཆེན་གྲུབ་དང་ཐུགས་སྲས་རིན་ཆེན་རྣམ་རྒྱལ་བ། །ཇོ་ནང་བློ་གྲོས་དཔལ་དང་ཀུན་སྤངས་གྲགས་པའི་མཚན། །ལོ་ཆེན་བྱང་ཆུབ་རྩེ་མོ་བོ་དོང་གྲགས་རྒྱལ་མཚན།་།སྣར་ཐང་སཾ་གྷ་ཤྲཱི་དང་སྐྱབས་མཆོག་དཔལ། །ཆོས་འཁོར་སྒང་པ་ཤེས་རབ་རིན་ཆེན་འགོས་ལོ་གཞོན་ནུ་དཔལ། །ཆག་ལོ་རིན་ཆེན་ཆོས་རྒྱལ་བསོད་ནམས་རྒྱ་མཚོ་དང་། །ཆོས་སྐྱོང་བཟང་པོ་ཏཱ་ར་ནཱ་ཐ་དང་། །ངག་དབང་ཕུན་ཚོགས་ལ་སོགས་སྐད་གཉིས་སྨྲ། །མང་པོས་བཀའ་
དང་བསྟན་བཅོས་འདི་སྙེད་ཅིག །བསྒྱུར་དང་བཤད་པས་གཏན་ལ་དབབ་པར་མཛད། །ཅེས་སོ། །སརྦ་དཱ་མངྒ་ལཾ།། ༈ །།སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་གཉིས་ལས། ཟབ་མོ་གཏེར་གྱི་འཁོར་ལོས་སྒྱུར་བ་དང་། དེ་དང་རྗེས་སུ་འབྲེལ་བའི་གཏེར་ཕྲན་དང་། དག་སྣང་གི་བཀའ་བབས་འཛིན་པའི་གང་ཟག་མཐའ་ཡས་པ་ཞིག་བྱོན་པ་ལས། དེང་སང་གི་བར་དུ་རྒྱུན་ཅི་རིགས་པ་བཞུགས་པ་ལ། བསྟན་པ་ཕྱི་དར་གྱི་ཐོག་མ་ལོ་ཆེན་རིན་བཟང་གི་དུས་ཙམ་ནས་བཟུང་རིམ་པར། འཆི་མེད་གྲུབ་པ་ཆེན་པོ་རྒྱ་བན་རྡོ་རྗེ་འོད་འབར། ལོ་སྟོན་རྡོ་རྗེ་དབང་ཕྱུག །སྟག་སྡེའི་གུ་རུ་ཧཱུཾ་འབར། ལྷ་བཙུན་བྱང་ཆུབ་འོད། གྲྭ་པ་མངོན་ཤེས་དབང་ཕྱུག་འབར། རྡོར་འབུམ་ཆོས་གྲགས། རྒྱ་ཞང་ཁྲོམ་རྡོ་རྗེ་འོད་འབར། དགེ་བཤེས་བྲང་ང་རྡོ་རྗེ་ཀུན་གྲགས། རྒྱ་ཕུར་བུ། འབྲོག་པ་སྣ་ནམ་ཐུབ་རྒྱལ། གཉལ་པ་ཉི་མ་ཤེས་རབ། སྤྱིལ་ལྷ་དགའ་རབ། པུ་རོང་ཞང་བཙུན་དར་མ་རིན་ཆེན། རོང་གི་ལྷ་རྗེ་གནུབས་ཆུང་རྣམས་དང་། ༼༡༽ དེ་ནས་མེ་ཡོས་ལོར་དུས་འཁོར་རྒྱུད་འགྲེལ་བོད་དུ་ཕེབས་ཤིང་རབ་བྱུང་གི་ཐོག་མར་བགྲང་བ་རྔོག་ལོ་ཆེན་པོ་དང་། རྗེ་བཙུན་མི་ལ་སོགས་དང་དུས་མཚུངས་པར། དབུ་རུ་ཞྭ་ལྷ་ཁང་གི་གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་
གེ་དབང་ཕྱུག །གུ་རུ་ཡེ་ཤེས་ཁྱུང་གྲགས། འདིས་རྒྱུད་ཀྱི་རྒྱལ་པོ་གསེར་གྱི་རུ་སྦལ་བཏོན། ༸ །འདིས་མཁའ་ཀློང་ཡངས་པ་དང་། བདེ་བ་འཁོར་ལོའི་རྒྱུད་བི་མ་དང་དྲན་པ་ཡེ་ཤེས་ཀྱིས་བསྒྱུར་བ་བཏོན། ༸ འབྲོམ་རིན་ཆེན་འབར། ར་ཤག་བསོད་ནམས་རྡོ་རྗེ། སྤུ་ས་སྟོན་པ་པདྨ་སྐྱབས། སར་བན་ཕྱོགས་མེད། ༼༢༽ རབ་བྱུང་གཉིས་པ་རྗེ་ཕག་གྲུ་དང་། དུས་མཁྱེན་སོགས་དང་དུས་མཚུངས་པར། གྲུབ་ཐོབ་དངོས་གྲུབ། གཡུ་རུ་སྟོན་ཤཱཀྲ །སྤུར་བུ་བྱ་མགོན། གཡས་བན་ཡ་བོན། མདོ་ཁམས་དབུ་མ་པ་བྱང་ཆུབ་བློ་གྲོས། གཏེར་ཁ་གོང་མ་མངའ་བདག་ཉང་ཉི་མ་འོད་ཟེར། མནར་མདའི་ལྕེ་སྒོམ་ནག་པོ་འདིས་དགོངས་བ་ཚིག་གསུམ་པའི་རྒྱུད་ལྕེ་བཙུན་གྱིས་སྦས་པ་བཏོན། །ཞང་སྟོན་བཀྲ་ཤིས་རྡོ་རྗེ། མདོ་ཁམས་པ་གྲུ་གུ་ཡང་དབང་། དབུས་པ་དུ་གུ་རིན་ཆེན་སེང་གེ སྙེ་མོ་གངས་རི་བ་སངས་རྒྱས་དབང་ཆེན། །ཉི་ཟླ་འོད་འབར་རྒྱ་མཚོ་ཀློང་གསལ་གྱི་རྒྱུད་དཔལ་བརྩེགས་ཀྱི་འགྱུར་ཉང་དང་སྙེ་མོ་ཞུ་ཡས་ཀྱིས་བཏོན་པ་འདི་དང་གཅིག་མིན་བརྟག །བྲང་ཏི་རྒྱལ་ཉེ་མཁར་བུ། ༼༣༽ རབ་བྱུང་གསུམ་པ་རྗེ་བཙུན་གྲགས་པ་སོགས་དང་དུས་མཚུངས་པར། གཡུ་ཐོག་ཡོན་ཏན་མགོན་པོ། གཏེར་སྟོན་གསུམ་ཚོགས་ཞེས་རྒྱང་པོ་གྲགས་པ་དབང་ཕྱུག །སུམ་པ་བྱང་ཆུབ་ཚུལ་ཁྲིམས། འབྲོམ་ཤེས་རབ་འབར། གྲུབ་ཐོབ་འདར་འཕྱར་བ། བལ་པོ་ཨ་ཧཱུཾ།
ཨ་ཇོ་དཔལ་པོ། འབྲོམ་ཤེས་རབ་འོད། གཉལ་བ་ཉི་མ་སེང་གེ། སྐྱེས་བུ་ཟངས་གླིང་དབང་ཕྱུག །ཁམས་སྟོན་ཁ་ལ་མེ་འབར། ༼༤༽ རབ་བྱུང་བཞི་པར་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་སོགས་དང་དུས་མཚུངས་པར། གྲུབ་ཆེན་པཀི། གཏེར་ཁ་འོག་མ་གུ་རུ་ཆོས་ཀྱི་དབང་ཕྱུག །དེའི་གཏེར་སློབ་སྒོམ་ཆེན་འབྲུག་པ། སྲས་མཁར་མ། གཉན་སྟོན་ཛམྦྷ་ལ། རྫོང་ཆེན་ཚེ་དབང་། དར་ནག་བེར་ཆེན་ཡར་ཀླུང་པ་བརྩོན་སེང་རྣམས་དང་། ལྷ་རྗེ་ཀུན་སྤངས་ཟླ་འོད་དབང་ལག །བཅུད་ལེན་བརྒྱ་རྩ་བཏོན། གུ་རུ་ཇོ་རྩེ། ཤ་བརྒྱ་ཟན་བརྒྱ། ཚེ་བརྟན་རྒྱལ་མཚན། རྟ་མགྲིན་བརྒྱ་རྩ། རྒྱ་སྟོན་པདྨ་དབང་ཕྱུག གུར་མགོན། སྐལ་ལྡན འབྲུ་བཅུད་སྲུང་འཁོར། བྱིས་པ་གཏེར་སྟོན། ༼༥༽ རབ་བྱུང་ལྔ་པར་ཀུན་མཁྱེན་བུ་སྟོན་སོགས་དང་དུས་མཚུངས་པར། མང་ལམ་བཟང་པོ་གྲགས་པ། འཁོར་འབར། བྱང་གཏེར་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན། སྤྲུལ་སྐུ་བ་མཁལ་སྨུག་པོ། བར་ཆད་ལམ་སེལ། དུང་མཚོ་རས་པ། ལས་འབྲེལ་རྩལ། རྡོ་རྗེ་གླིང་པ། ཨོ་རྒྱན་གླིང་པ། རྟེན་འབྲེལ་ཡང་སྙིང་འདུས་པ། རྒྱལ་སྲས་ལེགས་པ། རིན་ཆེན་གླིང་པ། ནཱ་ག་རཀྵ། རང་བྱུང་རྡོ་རྗེ། དྲི་མེད་འོད་ཟེར། བལ་ཡུལ་གཏེར་སྟོན་བཛྲ་མ་ཏི། ཉི་ཟླ་སངས་རྒྱས། རྗེ་དོན་ལྡན་ཞབས། འཕགས་པ་
རིན་པོ་ཆེ། ༼༦༽ རབ་བྱུང་དྲུག་པ་ཀརྨ་པ་རོལ་པའི་རྡོ་རྗེ་དང་། རྗེ་ཙོང་ཁ་པ་སོགས་དང་དུས་མཉམ་པར། དྲི་མེད་ལྷུན་པོ། སངས་རྒྱས་གླིང་པ། ཀརྨ་གླིང་པ། བྱང་ཆུབ་གླིང་པ། འཇམ་དབྱངས་བླ་མ། གྲམ་པ་ཀུན་དགའ་བཟང་པོ། བོ་དོང་པཎ་ཆེན། ཐང་སྟོང་རྒྱལ་པོ། འཕན་ཡུལ་དཔལ་ལྡན་རྡོ་རྗེ། ཡང་བོན་རི་ཁྲོད་པ་སེང་གེ། ༼༧༽ རབ་བྱུང་བདུན་པ་ཀརྨ་པ་དེ་བཞིན་གཤེགས་པ་དང་། རྒྱལ་བ་དགེ་འདུན་གྲུབ་སོགས་དང་དུས་མཚུངས་པར། རཏྣ་གླིང་པ། དྲུང་དོན་ལྡན་ཞབས་ནས་བརྒྱུད་པའི་རྟ་ནག །ལྷོ་གཏེར་པདྨ་གླིང་པ། ཀུན་སྐྱོང་གླིང་པ། འབྲུག་པ་རྒྱལ་དབང་རྗེ། །རས་ཆེན་དཔལ་འབྱོར་བཟང་པོ། རྟོགས་ལྡན་ནམ་མཁའ་སངས་རྒྱས་མགོན་པོ། བསྟན་གཉིས་གླིང་པ། ཁམས་བརྒྱད་ཤོད་པ་མཆོག་ལྡན་རྡོ་རྗེ། ཆུ་ཕོ་རྟོགས་ལྡན་དགེ་འདུན་རྒྱལ་མཚན། འདི་སྔ་ཕྱི་སླར་དཔྱད། ལྕང་སྨན་དོན་གྲུབ་དར། ཁམ་པ་མེ་ཟོར། ༼༢༽ རབ་བྱུང་བརྒྱད་པ་རྒྱལ་བ་དགེ་འདུན་རྒྱ་མཚོ་སོགས་དང་དུས་མཚུངས་པར། མངའ་རིས་པཎ་ཆེན། ལེགས་ལྡན་རྗེ། ཞིག་པོ་གླིང་པ། རིན་ཆེན་ཕུན་ཚོགས། ཤེས་རབ་འོད་ཟེར། སྤ་གྲོ་པ་ཚེ་རིང་རྡོ་རྗེ། ཚར་ཆེན་མཁྱེན་བརྩེ། མི་བསྐྱོད་ཞབས། པདྨ་དཀར་པོ། ༼༩༽ རབ་བྱུང་དགུ་པ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོགས་
དང་དུས་མཚུངས་པར། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། འཇའ་ཚོན་ལས་འཕྲོ་གླིང་པ། འབྲི་གུང་ཆོས་གྲགས། ལྷ་བཙུན་ནམ་མཁའ་འཇིགས་མེད། ༡༠༽ རབ་བྱུང་བཅུ་པ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ་སོགས་དང་དུས་མཚུངས་པར་རྒྱལ་བ་ལྔ་པ། གཏེར་བདག་གླིང་པ། བདུད་འདུལ་རྡོ་རྗེ། མི་འགྱུར་རྡོ་རྗེ། ཀརྨ་ཆགས་མེད། ཀློང་གསལ་སྙིང་པོ། མ་ཏི་རཏྣ། སྟག་ཤམ་རྡོ་རྗེ། རོལ་པའི་རྡོ་རྗེ། ཡོང་དགེ། གར་དབང་རྡོ་རྗེ། ཉི་ཟླ་ཀློང་གསལ། ༼༡༡༽ རབ་བྱུང་བཅུ་གཅིག་པ་རྒྱལ་བ་སྐལ་བཟང་རྒྱ་མཚོ་སོགས་དང་དུས་མཚུངས་པར། ཆོས་རྗེ་གླིང་པ། རྭ་སྟོན་སྟོབས་ལྡན་རྡོ་རྗེ། བསམ་གཏན་བསྟན་འཛིན། ངག་གི་བཛྲ། སྟག་ལུང་པ་བསྟན་འཛིན་སྲིད་ཞི་རྣམ་རྒྱལ། ཁྱུང་དྲག་རྡོ་རྗེ། བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ་རྣམས་བྱོན་ནོ། ༡༢༽ །། ༈ །།གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་དཀར་མེ་ལོང་ལས། ས་བཅད་ལྔ་ཡི། དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་བྱུང་ཚུལ། བོད་གངས་ཅན་དུ། མ་ཧཱ་ཙཱ་ནར། ཡུལ་གྲུ་འགའ་ཞིག །གྲུབ་དོན་བཤད་པས་མཇུག་བསྡུ་བ་ལྔ། དང་པོ་ལ། ཕྱི་པའི། ནང་པའི། དང་པོ་ལ། མུ་སྟེགས་པ་ཇི་ལྟར་བྱུང་བའི་ལོ་རྒྱུས། དེ་དག་གི་འདོད་
ཚུལ། དེ་བཤད་པའི་དགོས་པའོ། །གཉིས་པ་ལ། གྲུབ་མཐའ་སྨྲ་བ་བཞིའི་བྱུང་ཚུལ་དང་། དེ་རྣམས་ཀྱི་ལྟ་བའི་བཞེད་ཚུལ་ལོ། །གཉིས་པ་ལ། སྤྱིར་སངས་རྒྱས་བསྟན་པ་བྱུང་ཚུལ། བྱེ་བྲག་ཏུ་གྲུབ་མཐའ་མི་འདྲ་བ་བྱུང་ཚུལ། འཕྲོས་དོན་དུ་མདོ་སྔགས་རིག་གནས་བྱུང་ཚུལ། ཞར་བྱུང་བོན་ལུགས་བྱུང་ཚུལ་ལོ། །དང་པོ་ལ། སྔ་དར་དང་། ཕྱི་དར་གཉིས། གཉིས་པ་ལ་སློབ་དཔོན་དང་། ཡུལ་ལ་སོགས་པའི་སྒོ་ནས་གཙོ་བོར་བཞག་པ་གཉིས་ཏེ། གྲུབ་མཐའ་གཞན་གྱི་བྱུང་ཚུལ་དང་། དགེ་ལུགས་པའི་བྱུང་ཚུལ་ལོ། །དང་པོ་ལ། རྙིང་མ། བཀའ་གདམས། བཀའ་བརྒྱུད། ཞི་བྱེད། ས་སྐྱ། ཇོ་ནང་། ཉི་ཚེ་བ་འགའ་ཞིག་བྱུང་ཚུལ་ལོ། །དང་པོ་ལ་སྤྱིར་གསང་སྔགས་གསར་རྙིང་གི་དབྱེ་བ་ངོས་བཟུང་ཚུལ་དང་། བྱེ་བྲག་ཏུ་རྙིང་མའི་ལུགས་སྲོལ་བཤད་པའོ། །དང་པོ་མདོ་ཕྱོགས་ལ་མ་བྱུང་སྟེ། སྔགས་ཕྱོགས་ལས་སོ། །གཉིས་པ་ལ། བྱུང་ཚུལ། གྲུབ་མཐའ། དེ་ལ་དཔྱད་པ། ཕྱིས་བྱུང་འགའ་ཞིག་བརྗོད་པའོ། །དང་པོ་ལ། བཀའ་གཏེར་དག་སྣང་གསུམ། ཕྱི་མའི་སྐབས་མདོ་སྒྱུ་སེམས་གསུམ་སོགས་ཀ་དག་གདོད་མའི་ཀློང་དུ་ཐིམ་ནས་རིང་ཞིག་ལོན། ད་ལྟ་ལས་བྱང་གྱེར་བ། ཚོགས་འཁོར་མནན་སྲེག་འཕང་གསུམ་སོགས་གཟུགས་བརྙན་གཙོ་བོར་བྱེད་
ཅེས་བབ་ཅོལ་གྱི་གཏམ་དུ་བྲིས་སོ།། གཉིས་པ་ལ། ཇོ་བོའི་དྲིན་ལས་བཀའ་གདམས་ལུགས་སྲོལ་བྱུང་ཚུལ། དེར་བརྟེན་བསྟན་འཛིན་གཞན་བྱུང་ཚུལ། བབས་སོ་སྤྱིར་བཤད་པའོ། །དང་པོ་ལ། སྒྲ་བཤད་ནི། སྤྱན་སྔ་རིན་ཆེན་འཕེལ་གྱིས། རྒྱལ་བའི་བཀའ་ལ་ཡི་གེ་ན་གཅིག་ཀྱང་བཞག་ཏུ་མེད་པར་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན། ཅེས་པ་ལྟར། འབྲོམ་སྟོན་གྱིས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། །གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། །འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། །ཞེས་བཤད་པ་ལྟར། རྒྱལ་བའི་བཀའ་སྡེ་སྣོད་གསུམ་གྱི་དོན་མ་ལུས་པ། ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པས་སོ། །དེ་ཡང་དཔལ་ལྡན་ཨ་ཏི་ཤས་བསྟན་པའི་དབུ་བརྙེས། སྟོན་པ་རིན་པོ་ཆེས་སྲོལ་ཕྱེ། སྐུ་མཆེད་གསུམ་གྱི་རིང་ལ་དར་ཞིང་རྒྱས། གླང་ཤར་བྱ་ཡུལ་བ་སོགས་ཀྱི་དུས་ཤིན་ཏུ་དར་ཞིང་རྒྱས་སོ། །གསུམ་པ་ལ། ཆོས་ཀྱི་རྣམ་གྲངས་དང་། གང་ཟག་གི་མཛད་སྤྱོད་གཉིས། དང་པོ་ལ་གཞུང་དང་། གདམས་ངག་གཉིས། དང་པོ་ལ། ལྟ་བ་དང་། སྤྱོད་པ་གཙོར་སྟོན། གཉིས་ཀ་ཟུང་འབྲེལ་དུ་སྟོན་པའོ། །དང་པོ་ནི། བདེན་
གཉིས་འཇུག་པ་དང་། དབུ་མའི་མན་ངག་སོགས་སོ། །གཉིས་པ་ནི། སྤྱོད་བསྡུས་སྒྲོན་མེ་དང་། སེམས་བསྐྱེད་ཀྱི་ཆོ་ག་སོགས་སོ། །གསུམ་པ་ནི། སྡེ་སྣོད་རྒྱུད་སྡེ་ཀུན་གྱི་ལུས་ཡོངས་སུ་རྫོགས་པ་ལམ་གྱི་སྒྲོན་མེའོ། །གཞན་ཡང་གཞུང་དྲུག་ཏུ་གྲགས་པ་རྣམས་ཀྱང་ངོ་། །ཆོས་ཆུང་བརྒྱ་རྩར་གྲགས་པ་ཡང་ངོ་། །གདམས་ངག་ལའང་གསུམ་ལས། ལྟ་བ་གཙོ་བོར་སྟོན་པ། ཇོ་བོ་ནས་སྤྱན་སྔ་བ་ལ་བརྒྱུད་པ་བདེན་བཞི། ཕུ་ཆུང་བ་ལས་བརྒྱུད་པ་རྟེན་འབྲེལ། རྣལ་འབྱོར་པ་ནས་བརྒྱུད་པ་བདེན་གཉིས་ཀྱི་ཁྲིད་རྣམས་ལས། དང་པོ་གཉིས་ནི་ཐུན་མོང་བའི་གང་ཟག་བདག་མེད་དང་། ཕྱི་མ་ཤིན་ཏུ་ཕྲ་བ་ཆོས་བདག་མེད་ལ་འཁྲིད་པའོ། །སྤྱོད་པ་གཙོར་གྱུར་བློ་སྦྱོང་གི་གདམས་པ་ནི། བདག་བས་གཞན་གཅེས་ཀྱི་བྱང་ཆུབ་སེམས་བསྐྱེད་པ་དང་འཕེལ་བའི་སྒོ་ནས་ས་ལམ་བགྲོད་པའི་ཚུལ་ཡིན་ལ། ཁུངས་ནི་ཐེག་ཆེན་གྱི་མདོ་སྡེ་སྤྱི་དང་། ཀླུ་སྒྲུབ་ཀྱི་རིན་ཕྲེང་། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སེམས་ཅན་མགུ་བའི་ཚིགས་བཅད། ཞི་བ་ལྷའི་བསླབ་སྤྱོད་གཉིས་ལ་སོགས་པའི་མན་ངག་སྙིང་པོར་དྲིལ་བ་སྟེ། དེ་ཡང་དྷརྨ་རཀྵི་ཏའི་མཚོན་འཁོར། རྨ་བྱ་དུག་འཇོམས། བྱམས་པའི་སྨོན་ལམ་གྱི་རྡོ་རྗེའི་གླུ། གསེར་གླིང་པའི་བྱང་ཆུབ་སེམས་པའི་རིམ་པ་ལ་སོགས་ཏེ། དེ་ལས་
དོན་བདུན་མ་ཉེ་བར་བཀོད་པའི། གསེར་གླིང་པས་ཇོ་བོར་གསུངས། དེས་འབྲོམ་སྟོན་ལ་ལྐོག་ཆོས་སུ་མཛད། དེས་སྐུ་མཆེད་གསུམ་ལ་ལྐོག་ཆོས་སུ་མཛད། དེ་ནས་པོ་ཏོ་བས་གླང་ཤར་གཉིས་ལ་ལྐོག་ཆོས་སུ་གནང་། ཞང་ཤ་ར་་བས་བྱ་འཆད་ཀ་བ་ལ་ལྐོག་ཆོས་སུ་མཛད། དེས་གཙོ་བོར་རང་ཉམས་སུ་བླངས། རེ་རེ་གཉིས་གཉིས་ལ་འཆད། ཕན་ཆེ་བ་ཐོགས་པ་གཟིགས་ནས་འབྲི་ཕུར་འཚོགས་ཆོས་སུ་མཛད། སྔོན་འགྲོ་རྟེན་གྱི་ཆོས་སེམས་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གིས་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་སྟེ་དོན་བདུན་དུ་མཛད་པ་དེ་ལྟར་གྲགས་ཤིང་ཤིན་ཏུ་ཁྱད་པར་འཕགས། སོ་སོ་བ་དེ་དག་ཀྱང་དོན་དུ་ལམ་རིམ་འདིར་འདུས། འདི་གཙོ་བོར་འབྲོམ་ལ་ལྐོག་ཁྲིད་དུ་མཛད། གཞན་ཡང་ནག་ཚོ་ལ་གནང་བ་ལག་སོར་བ་ལ་བརྒྱུད་པ་དང་། གསང་ཕུ་པར་གནང་བ་གྲོ་ལུང་པའི་བསྟན་རིམ་སོགས་མཛད། ཇོ་བོ་ཡབ་སྲས་ནས་དགེ་བཤེས་དགོན་པ་བ་དང་། སྣེའུ་ཟུར་པ་སོགས་ལ་བརྒྱུད་པ་དང་། འབྲོམ་ནས་སྤྱན་སྔ་བ་བྱ་ཡུལ་བ་སོགས་གདམས་ངག་པ་དང་། འབྲོམ་ནས། པོ་ཏོ་བ། དེ་ནས་ཤ་ར་བ་སོགས་ལ་བརྒྱུད་
པར་གཞུང་པ་ཞེས་པའི་ཐ་སྙད་མཛད། དོན་དུ་འདྲ་ཡང་གཞུང་བཤད་ཀྱི་སྤྲོས་པ་རྒྱ་ཆེར་བྱེད་མི་བྱེད་ཀྱི་ཁྱད་ཙམ་མོ། །བཀའ་གདམས་པ་རྣམས་ཀྱིས་མཛད་པའི་ལམ་རིམ་ལ་གྲགས་ཆེ་བ། དཔེ་བུམ་སྔོན་པོ་དང་། དཔེ་ཆོས་གཉིས། སྔ་མ་པོ་ཏོ་བའི་གསུང་སྒྲོས་དོལ་པོ་ཤེས་རབ་རྒྱ་མཚོས་བསྒྲིགས་ནས། ལྷ་འབྲི་སྒང་པས་འགྲེལ་པ་མཛད། ཕྱི་མ་ལ། གྲན་པས་བསྒྲིགས་པའི་བསྡུས་པ། བྲག་དཀར་བས་བསྒྲིགས་པ་རྒྱས་པ། ལྕེ་སྒོམ་པས་བསྒྲིགས་པ་གོ་བདེ་ཞིང་རྒྱས་བསྡུས་འབྲིང་ཙམ་མོ། །ཡང་གཞུང་གདམས་མན་ངག་གསུམ་དུ་དབྱེ་བའི་ཕྱི་མ་ནི། ཡེར་པ་ལྷ་རི་སྙིང་པོའི་མགུལ་དུ་ཕ་འབྲོམ་དང་། བུ་ཁུ་རྔོག་གཉིས་ལ་གནང་བའི་གསང་ཆོས་བཀའ་གདམས་གླེགས་བམ་སྟེ། རྔོག་ལེགས་ཤེས་མངའ་རིས་པ་ཤེས་རབ་རྒྱལ་མཚན་དང་། དེས་ཕུ་ཆུང་བ་ལ། དེ་ནས་འབྲོམ་ཀུ་མཱ་ར་མ་ཏིའི་བར་ཆིག་བརྒྱུད་དུ་བྱོན། དེ་ནས་བཀའ་བཀྲོལ་ནས། ལོ་ཆེན་ཐུགས་རྗེ་དཔལ་གྱིས་དགེ་འདུན་གྲུབ་ལ་བཤད་པ་ནས་རྒྱ་ཆེར་དར། ཉམས་ལེན་ནི་རྗེས་དྲན་ལྔ་སྟེ། སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་བསམ། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་དེ་ཡི་སྐྱེ་བར་ནས། །
དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་པའོ། །སྙིང་པོར་གྱུར་པ་ཐིག་ལེ་བཅུ་དྲུག་སྟེ། ཉམས་སུ་བླངས་པས་འདུལ་བ་ནས་རྡོ་རྗེ་ཐེག་པའི་བར་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པར་མཁས་ཤིང་། ལྟ་བ་མཐོ་ལ་དཔྱོད་པ་ཞིབ་པ་ཞིག་འབྱུང་གསུངས། ལྷ་ནི་ཐུབ་པ། སྤྱན་གཟིགས། སྒྲོལ་མ། མི་གཡོ་བ་བཞི། ཆོས་སྡེ་སྣོད་གསུམ་སྟེ། དེ་ལ་བདུན་ལྡན་ནོ། །བཀའ་བརྒྱུད་པའི་གྲུབ་མཐའ་བྱུང་ཚུལ་ལ། སོ་སོའི་བྱུང་ཚུལ། ལྟ་སྒོམ་གྱི་རྣམ་གཞག །ཅུང་ཟད་དཔྱད་པའོ། །དང་པོ་ལ། བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་པས་ན་དེ་སྐད་བྱ། དབྱེ་ན་མར་པའི་བརྒྱུད་འཛིན་དང་། ཁྱུང་པོའི་བརྒྱུད་འཛིན་གཉིས། །ཏེ་ལོ་པ་ལ་བཀའ་བབས་བཞིའི་གདམས་པ་མངའ་བ་དང་། ཁྱུང་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་གཉིས་ཀྱི་བཀའ་བབས་མངའ་བས་ན་དེ་སྐད་ལོ། ཕྱག་ཆེན་ལ་མདོ་སྔགས་གཉིས། དང་པོ་ནི། །ལྷན་ཅིག་སྐྱེས་སྦྱོར་ཏེ། ཞེན་ལོག་མོས་གུས་གཙོ་བོར་སྟོན་ཅིང་། དངོས་གཞི་ཞི་ལྷག་ངོ་སྤྲོད་དེ། རྗེས་སྣང་ཐོག་ཏུ་རྩལ་སྦྱོང་བ་དང་། སྔགས་སུ་གཉུག་སེམས་ཀྱི་ངོ་བོ་གཏན་ལ་ཕབ་ནས་མཉམ་པར་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་དང་། དེས་གཏུམ་མོ་འབར་བ་དང་འཛག་པ་གཉུག་སེམས་བདེ་བའི་ངོ་བོར་སྐྱེ།
དེ་ཡུལ་སྟོང་ཉིད་དང་དབྱེར་མེད་དུ་གྱུར་པའི་བདེ་སྟོང་ཕྱག་རྒྱ་ཆེན་པོ་སྟེ། གྲུབ་པ་སྡེ་བདུན་སོགས་ཀྱི་བརྗོད་བྱའི་གཙོ་བོ་དང་། དེ་ཡང་ཚེ་སྔ་མའི་སྦྱངས་འཕྲོ་ཅན་ལ། དང་པོ་ཉིད་ནས་སེམས་ཀྱི་ངོ་བོར་མཉམ་པར་བཞག་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་སོགས་བྱུང་བ་ལ་གཅིག་ཅར་བ་དང་། སྔར་མ་སྦྱངས་པ་ལ་ལམ་ཐུན་མོང་བ་དང་། དབང་དང་། བསྐྱེད་རྫོགས་སོགས་སྔོན་དུ་འགྲོ་དགོས་པས། རིམ་གྱིས་པ་སྟེ་དབང་རྣོན་དང་། དེ་ལྟར་མི་ནུས་པར་ཕར་ཕྱིན་གྱི་ཕྱག་ཆེན་གྱིས་འཁྲིད་པར་དབང་རྟུལ་ལོ། །སྟག་ལུང་ངག་དབང་རྣམ་རྒྱལ་གྱི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས། །མདོར་ན་ཉན་ཐོས་ཀྱི་ངེས་འབྱུང་། ཐེག་ཆེན་གྱི་སེམས་བསྐྱེད། གསང་སྔགས་ཀྱི་དམ་ཚིག་རྣམས་གཞིར་བཞག་པའི་སྟེང་དུ། བཀའ་བརྒྱུད་ཀྱི་ཁྱད་ཆོས། མར་རྫོག་གི་རྒྱུད་བཤད། མི་ལའི་སྙིང་རུས་དང་གདམས་ངག །སྒམ་པོ་བའི་ངོ་བོའི་ག་དར། ཀརྨ་པའི་རླུང་སེམས་དབྱེར་མེད། ཞང་གི་ལམ་མཆོག་མཐར་ཐུག །འབར་རམ་པའི་བསྲེ་འཕོ་གསེང་ལམ། ཕག་གྲུའི་གསང་སྔགས། སྟག་ལུང་པའི་རྣམ་ཐར་སོ་དགུ། འབྲི་གུང་པའི་སྡོམ་གསུམ་གནད་གཅིག །གཙང་པ་རྒྱ་རས་པའི་རྟེན་འབྲེལ་དང་རོ་སྙོམས། ལོ་རྒོད་པའི་མོས་གུས་དང་ཞེན་ལོག་རྣམས་ནི་ཆ་མཐུན་ཁྱད་འཕགས་ཞེས་
རེ་རེ་ལའང་ཐམས་ཅད་ཚང་བ་ཡོད་མོད་དེ། གང་ལ་རྩལ་དུ་བཏོན་ནས་སློབ་མ་འཁྲིད་ཅིང་སྐྱོང་བར་མཛད་པའི་ཕྱིར་ཁྱད་པར་གྱི་འབྱེད་ཆོས་སུ་བཞག་ཏུ་རུང་ཞིང་། ཡོངས་སུ་རྫོགས་པ་ལའང་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་ཞེས་འཇིག་རྟེན་རྣམས་སུ་སྙན་པར་གྲགས་སོ། །ཞེས་གསུངས་སོ། །བཞི་པ་ཞི་བྱེད་པ་ལ། དངོས་དང་། དེའི་ཡ་གྱལ་གཅོད་ལུགས་སོ། །སྒྲ་དོན། ཐུན་མོང་དུ་སྔ་མའི་ལས་དབང་གིས་ཚེ་འདིར་ལུས་དམན་པ། ནད། དབུལ་ཕོངས། མི་མིན་གྱིས་གཙེས་པ་སོགས་སྡུག་བསྔལ་ཐམས་ཅད་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པར་བྱེད་པས་ན་དེ་སྐད་དུ་བྱ། །ཁྱད་པར་དུ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་པས་སྲིད་ཞིའི་སྡུག་བསྔལ་ཞི་བར་བྱེད་པའོ། །དབྱེ་ན། བརྒྱུད་པ་སྔ་ཕྱི་བར་གསུམ། དང་པོ་ནི་ཁ་ཆེ་ཛྙ་ན་གུ་ཧྱ་ནས། དཔང་ལོ་ཙཱ་བ་ལ་བརྒྱུད་པ་སྟེ། ཞི་བྱེད་སྒྲོན་མེའི་སྐོར་གསུམ་དང་། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་སོ། །བར་པ་རྨ་སོ་ཀཾ་གསུམ་ཕྲན་དང་བཅས་པ་སྟེ། སྔ་མ་ལ། ཚིག་བརྒྱུད་སེམས་བསྐྱེད་སྟོང་ཐུན་དང་ཁ་འཐོར་ཁར་ཕོག་སྣར་ཕོག་དང་མཐར་རྒྱས་རྣམས་སོ། །དོན་བརྒྱུད་ལག་ཁྲིད་བཅུ་དྲུག་གོ། །གཉིས་པ་ལ་ཚིག་བརྒྱུད་དང་། དོན་བརྒྱུད་
གཉིས། དང་པོ་ལ་ཡང་། དམ་པ་སྐྱེས་མཆོག་ཆེ་བ་ང་བཞི། འབྲིང་སོ་གཉིས། ཆུང་བ་བཅུ་བདུན་ཏེ། དེ་རེ་རེ་ལའང་ལོ་རྒྱུས་དང་། སློབ་མ་འཁྲིད་ལུགས་ཆ་ཚང་བ་རེ་ཡོད། བརྒྱུད་ཕྲན་ནི་དོན་སྐོར་ལྔ་པོ་སོགས་ཆོས་སྡེ་སོ་གཉིས་བཞུགས། དོན་བརྒྱུད་ལ། ཕྱོགས་སུ་ལྷུང་བ་རྣལ་འབྱོར་ཕོ་མོ་ང་བཞི། བླ་མ་སོ་གཉིས། དམ་པ་སོ་བདུན་རྣམས་ལ་དོན་བརྒྱུད་དེ་སྙེད་ཅིག་བཞུགས་པ་དང་། མ་ལྷུང་བ་ལ་གཞུང་སྦས་པ་མིག་འབྱེད་ཀྱི་སྐོར་ལ་གཅིག །དེའི་ཡན་ལག་དུས་དང་དུས་ཕྲན་ལ་གདམས་པ། ངོ་སྤྲོད་བརྒྱ་རྩ་དྲུག་པ། མ་འགག་རྣམ་དག །རྡོ་རྗེ་སེམས་དཔའི་གསེང་ལམ་སྟེ་ལྔ། མཁའ་འགྲོ་མའི་བརྡ་སྐོར་ལ། མཆོག་སྒྲུབ་པ་ལ་བརྡ་སྐོར། །ཐུན་མོང་སྒྲུབ་པ་ལ་ཡི་གེ་བཞི་པའི་སྐོར། གཉིས་ཀ་སྒྲུབ་པ་ལ་ཛག་ཏིའི་བརྡ་སྐོར། ཐུན་སྐོར་ཏེ་བཞིའོ། །དེ་རྣམས་ཀྱི་རྩ་བའི་སྙིང་པོ་ལྟ་བུར་གྱུར་པ་ནི་རྒྱུད་སྡེ་དང་ཆོས་སྐད་བསྟུན་པ་སྨྲ་བའི་སེང་གེའི་དོན་བརྒྱུད། མ་བསྟུན་པ་བརྒྱུད་པ་བཞི་པ་ཡོངས་སུ་མ་གྲགས་པའི་དོན་བརྒྱུད། མ་ཚང་མདོར་བསྡུས། རིག་པ་སྲང་འཇུག །སྙན་བརྒྱུད་བཞི་རྣམས་བཞུགས། །གསུམ་པ་ནི། དམ་པའི་གདམས་ངག་བཞིན་དུ་མངོན་རྟོགས་བརྒྱད་ཀ་བཤད། སྡུད་པའི་སྟེང་དུ་རྒྱས་འབྲིང་བསྡུས་གསུམ་སྦྱར་ནས་བཤད། སློབ་
མའང་ཡས་བརྒྱུད་དང་མས་བརྒྱུད་གཉིས་ལས། སྔ་མ་ཤེར་ཕྱིན་ཐུགས་བརྒྱུད་ལག་ལེན་སྙན་བརྒྱུད་ཅེས་པ་དང་། ཕྱི་མ་སྒོམ་ཐོག་ཏུ་སྐོར་བའི་གདམས་པའོ། །གྲྭ་པ་མངོན་ཤེས་ལ་མན་ངག་སྐུའི་སྒྲོན་མ་སོགས་སྒྲོན་མ་དགུ་སྐོར། ལྕེ་ཙནྡྲ་ཀཱིརྟི་ལས་མདོ་སྡུད་པ་དང་མཚན་བརྗོད་ཀྱི་གདམས་པ་སྦྱར་བ་མདོ་རྒྱུད་ཞལ་སྐོར་གྱི་གདམས་པ། ལྗང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་ངག་གནང་། ཐོར་བུ་ལ། འབྲོ་སྒོམ་ལ་མཚན་བརྗོད་གསེར་ཐུར། གུ་སྒོམ་ལ་ལས་རྒྱའི་གདམས་པ། ཆུ་སྒོམ་པ་སྙིང་གཏམ་ལྷུག་པ། དམར་སྒོམ་ལ་ཆིག་ཆོད་གསུམ། གཉགས་ལོ་ལ་བདེ་མཆོག་དཔའ་བོ་གཅིག་པའི་གདམས་པ་རྣམས་དང་། ལྕེ་དཔལ་སྒྲོན་ལ་གྲུབ་ཐོབ་ཉམས་ཀྱི་ཆོས་སྡེ་བཅུ་དྲུག །ངོར་རྗེ་ལ་ལྷན་ཅིག་སྐྱེས་སྦྱོར། གནས་བརྟན་གྲགས་འབྱུང་ལ་ཤེར་སྙིང་གདམས་པ། ཤེས་རབ་རྒྱལ་མཚན་ལ་དུས་འཁོར་གདམས་པ། ཤངས་པ་དབུ་ལྡེབ་ལ་ཡི་གེ་བཞི་པ། རྒྱ་སྟོན་སྐྱི་བརྩེགས་ལ་དགྱེས་རྡོར། ཞང་སག་ཆུང་བ་ལ་ཕག་མོ་གསང་སྒྲུབ། བླ་མ་དགོན་དཀར་བ་ལ་ཕྱག་ན་རྡོ་རྗེ། སྐྱིད་ཤོད་འབན་གུང་རྒྱལ་ལ་བདེ་མཆོག་སྙན་བརྒྱུད། ལབ་སྒྲོན་ལ་གཅོད་ཀྱི་གདམས་པ་གནང་། བརྒྱུད་པ་ཕྱི་མ་རྣམས་ལ་ཕྱག་རྒྱ་ཆེན་པོ་དྲི་མེད་ཐིག་པ་ཕྱག་བཞེས་ཀྱི་
སྐོར་ཞེས་མཚན་གསོལ། དེ་ཡང་ཕྱག་རྒྱ་ཆེན་པོ་ནི་དམ་པ་མེ་ཏྲི་པའི་དངོས་སློབ་ཡིན་པས། དེ་ཉིད་བཅུ་པ་སོགས་དང་མཐུན། དྲི་མེད་ནི་དམ་པའི་གསུང་རབ་རྣམས་སོ། །ཕྱག་བཞེས་ནི་བསྟན་པ་གཞན་དང་ཅུང་མི་འདྲ་བའི་ཉམས་ལེན་གྱི་གནད་ཡོད་པས་སོ། །དེ་ཡང་སྤྱིར་ངོ་བོ་ཕ་རོལ་ཕྱིན་པ་གསང་སྔགས་དང་རྗེས་མཐུན་ཞེས་བྱ། དེ་ཕྱིར་ཨཱ་ལི་ཀཱ་ལིའི་བྱིན་རླབས་ཡོད་པ་སོགས་མི་འགལ་ཏེ་། ཤེར་མདོ་ནས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་གཟུངས་ཀྱི་སྒོ་བཤད་པ་དང་འདྲ་བའི་ཕྱིར། ཆོས་སྐོར་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། དང་པོ་ནི། མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཏིག་དང་བཅས་པ། དར་ཚགས་བཤད་འབུམ་དང་བཅས་པའོ། །དང་པོ་ནི། སྤྱི་མདོ་ཆུ་ཀླུང་མངོན་པར་རོལ་པ། སྒོས་མདོ་ཤེར་སྙིང་། སྤྱི་རྒྱུད་སྡེ་སྣོད་གསལ་བྱེད། སྒོས་རྒྱུད་ཆུ་ཀླུང་ཆེན་པོའོ། །ཕྱག་ལེན་ནི་དབང་འཁོར་ཆེ་ཆུང་དང་། ལམ་རིམ་ཆེ་ཆུང་གསུམ། གཉིས་པ་ནི། བཀའ་བབས་བཞི། དེའི་ལམ་སློང་སྙན་བརྒྱུད་བཞི། གསུམ་པ་ནི། དྲི་མེད་ཕྲ་ཏིག་ནི་ཟུག་པ་རྩ་བའི་སྐོར་སོགས་དྲུག །ཕྲ་ཏིག་ནི་པ་ཚབ་ཀྱིས་ཀུན་དགའ་མ་བདེ་བའི་སྐོར་རྣམས་བྲིས་པའོ། །བཞི་པ་ནི། དར་ཚགས་ནི། ཞལ་གདམས་བདུད་རྩིའི་སྐོར་
སོགས་བརྒྱད་དེ། །པ་ཚབ་ཀྱིས་འཕྲལ་གཏམ་སྟེ་ནས་ཡི་གེར་བཏབ་པ། བཤད་འབུམ་ནི། ཏེ་ནེ། ཞིག་པོ། སྙེ་མདོ་བ་སོགས་ཀྱིས་མཛད་པ། ཐུན་མིན་ལ་རྒྱུད་སྟོང་ཐུན་དང་བཅས་པ། དབང་ལམ་ཁྲིད་དང་བཅས་པ། གསང་མཛོད་གསུམ། དཔེ་བུམ་བརྒྱད་དོ། །ཞི་བྱེད་པའི་སྙིང་པོར་གྱུར་པ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་ཉམས་སུ་ལེན་པའི་མན་ངག་ཤེར་ཕྱིན་ལམ་རིམ་ཞེས་བཀའ་བབས་དྲུག་གི་གདམས་པའོ། །འདི་ལ་སྔོན་གྲུབ་ཐོབ་བསམ་གྱིས་མི་ཁྱབ། ཕྱིས་སྐྱེས་མཆོག་བསམ་གཏན་དཔལ་བས་བཏབ་པའི་ཡབ་ཆོས་སྡིངས་དང་། སྒོ་མོ་ཆོས་སྡིངས་གཉིས་གྲགས་ཆེའོ། །གཅོད་ཅེས་བྱ་བ་ནི། ཀུན་རྫོབ་བྱང་སེམས་ཀྱིས་ལས་དང་། དོན་དམ་བྱང་སེམས་ཀྱིས་ཉོན་མོངས་པ་གཅོད་ཅིང་། དེའི་ཞར་ལ་བདུད་བཞིའང་གཅོད་པའམ། རྒྱལ་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་དེ་སྐད་དུ་གྲགས། དེའང་ཤེར་ཕྱིན་སྔགས་དང་རྗེས་མཐུན་ཏེ། འདིའི་གདམས་པའི་ཁུངས་ཤེར་ཕྱོགས་སྤྱི་དང་། ཁྱད་པར་སྡུད་པ་སྟེ། རྒྱུ་ནི་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་
གཤེགས་བྱིན་རླབས་ཅན། །ཞེས་སྟོང་པར་གནས་པ་སྟེ། དེ་བསྒོམ་པ། སེམས་ཅན་མི་གཏོང་བ་སྟེ་བྱམས་སྙིང་རྗེ་ཀུན་རྫོབ་བྱང་སེམས་བསྒོམ་པ། དེ་གཉིས་ཞི་གཅོད་ཀྱི་དངོས་གཞི་དང་། ཇི་སྐད་སྨྲས་བཞིན་བྱེད་པ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པ། བདེ་གཤེགས་ཀྱི་བྱིན་གྱིས་བརླབས་པ་ནི་སྐྱབས་སེམས་ཡན་ལག་བདུན་པ་མཎྜལ་རྣམས་ཏེ་སྔོན་འགྲོའོ། །བདུད་བཞིས་ཐུབ་པར་དཀའ་བ་ནི་མཐར་ཐུག་གི་ཆོད་ཚད་དོ། །སྔགས་དང་རྗེས་སུ་མཐུན་པ་ནི། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའི་བས་མཐའ་རུ། །བསྒོམ་པ་བཟང་པོ་བརྗོད་པར་བྱ། །ཞེས་དང་། ལུས་ཀྱི་སྦྱིན་པ་བྱིན་བྱས་ནས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། །ཅེས་དང་། ངེས་པར་སྔོན་དུ་ལྷ་མིན་དང་། །བརྒྱ་བྱིན་ལྟ་བུ་འོང་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་པས་གང་དུ་སྤྱོད་པའི་གནས། ཇི་ལྟར་གཅོད་པའི་ལམ། འབྲས་བུ་སློང་ཚར་འབྱུང་ཚུལ་སོགས་རྒྱས་པར་བཤད། དེ་ཡང་སྟོན་པ་ནས། འཇམ་དཔལ། ཨཱརླ་དེ་བ། དམ་པ། དེས་ཡར་ཀླུང་སྨ་ར་སེར་པོ་ལ་གནང་བ་ཕོ་གཅོད་དང་། སྐྱོ་སྟོན་བསོད་རྣམས་བླ་མ་ནས་མ་གཅིག་ལ་བརྒྱུད། དེས་གྲུབ་
ཐོབ་ཕོ་མོ་ཉེར་གཅིག་དང་། སྲས་མོ་གྲུབ་ཐོབ་བཅོ་བརྒྱད་སོགས་བྱོན་ཅིང་། སློབ་མ་མཆོག་བཞིར་གྲགས་པའི། ཁུ་སྒམ་ཆོས་སེང་ནས་རྒྱ་ཆེར་དར་བ་ནི་བཀའ་མ་དང་། བྱང་གཏེར་སོགས་ནས་བྱུང་བའི་གཏེར་མ། བློ་བཟང་གྲགས་པར་འཇམ་དབྱངས་ཀྱིས་གནང་བའི་སྐོར་དང་། རྒྱལ་ཐང་ལུགས། ཐང་སྟོང་སྙན་བརྒྱུད། ཟུར་མང་དྲུང་གཅོད། ཕྱར་རུ་ལུགས་སོགས་ཕལ་ཆེར་དག་སྣང་མ་སྟེ་བཀའ་གཏེར་དག་སྣང་གསུམ་ཀ་ཡོད་དོ། །ལྔ་པ་ས་སྐྱ་པ་ལ། སྤྱིར་བྱོན་ཚུལ། བྱེ་བྲག་ལམ་འབྲས་སོགས་བྱོན་ཚུལ། ལྟ་བ་རྣམ་པར་བཞག་པའོ། །ཞེས་སོ། །དེ་ལ་སྤྱིར་ལམ་འབྲས་སོགས་ལམ་སྐོར་དགུ་ཆ་ལག་དང་བཅས་པ། མཁའ་སྤྱོད་སྐོར་གསུམ། དམར་ཆེན་སྐོར་གསུམ། དམར་ཆུང་སྐོར་གསུམ། འཆི་མེད་རྡོ་རྗེ་ལྷ་མོ། ཛམ་དམར། འཇམ་ནག །སེང་གདོང་མ་སྟེ་བཅུ་གསུམ་དང་། དེ་སྟེང་སེང་གེ་སྒྲའི་ངག་སྲུང་འགྲོལ་བསྣན་པས་ཀླུ་པའི་གསེར་ཆོས་བཅུ་བཞི་པ་སོགས་མན་ངག་གི་སྐོར་དང་། སྤྱི་བཀའ་རྡོར་ཕྲེང་། སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། སྣར་ཐང་བརྒྱ་རྩ། ཟུར་བཀའ་གསང་འདུས་ལུགས་གསུམ། གཤིན་རྗེ་གཤེར་སྐོར་གསུམ། བདེ་མཆོག་ལུགས་གསུམ། བོང་ཞལ་ཅན། མཁའ་འགྲོ་རྒྱ་མཚོ། ཀྱེ་རྡོར་བཀའ་བབས་བཞི། །དུས་
འཁོར་སོགས་དང་། གུར་ཞལ་དུར་ཁྲོད་བདག་པོ་བེག་རྩེ་སོགས་བཀའ་སྲུང་གི་སྐོར་དང་། ཡང་ཕུར་དཀར་བདུད་སོགས་རྙིང་མའི་སྐོར་ཏེ་བསམ་གྱིས་མི་ཁྱབ་པ་བཞུགས། །དེང་སང་རང་ཕྱོགས་པ་འགའ་ཞིག་གིས། ལམ་འབྲས་ཐོས་བསམ་བགྱིས་པས་རྒྱུད་དོན་གོ་བར་མི་ཕན་པར་སྨྲ་བ་སྣང་སྟེ། ཚད་མ་བཞི་དང་སྙན་བརྒྱུད་བཞིའི་འཁྲིད་ཚུལ་རྣ་བར་མ་སོན་པའི་སྐྱོན་དུ་ཟད་དོ། །ལམ་ནི་འདི་ནས་བྱུང་བའི་ལམ་ཉམས་སུ་བླངས་པས་འདི་ནས་བྱུང་བའི་འབྲས་བུ་མི་བསླུ་བ་དང་བཅས་པའོ། །འདི་རྒྱ་གར་དུའང་སློབ་དཔོན་ཤདྨ་སོགས་ཀྱིས་ཁུངས་སུ་མཛད་དོ། །དྲུག་པ་ཇོ་ནང་པའི་གྲུབ་མཐའ་བྱུང་ཚུལ་ནི། ཇི་ལྟར་བྱུང་ཚུལ། ལྟ་བའི་འདོད་ཚུལ། དེ་ངན་པར་སྒྲུབ་པ་དང་བཞིས་བསྟན། ཁུངས་ནི། ཡུ་མོ་མི་བསྐྱོད་རྡོ་རྗེ་སྟེ། ཟླ་མགོན་དང་། དེའི་སློབ་མ་སྒྲོ་སྟོན་གནམ་ལ་བརྩེགས་ལས་དུས་འཁོར་གསན། སྐུ་སྒྱུ་ལུས་སུ་བསྒོམས་པས་གྲུབ་པ་བརྙེས། གཞན་སྟོང་ཐུགས་ལ་ཤར། གྱ་གཉིས་པར་གཤེགས། དེའི་སློབ་མའི་གཙོ་བོ་སྲས་དྷརྨེ་ཤྭ་ར། དེའི་བུ་ཆེན་ནམ་མཁའ་འོད་ཟེར། དེའི་སློབ་མ་སྲས་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། དེ་ལ་འཇམ་གསར་བ་ཤེས་རབ་འོད་ཟེར། འདིའི་དུས་དུས་འཁོར་བཀའ་དོགས་ཀྱང་དེ་ནས་ཡངས། དེའི་སློབ་མ་ཀུན་
མཁྱེན་ཆོས་སྐུ་འོད་ཟེར། དེའི་སློབ་མ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། དེའི་སློབ་མ་བྱང་སེམས་རྒྱལ་བ་ཡེ་ཤེས། དེ་གཉིས་ཀའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ། དེའི་སློབ་མ་ཀུན་མཁྱེན་དོལ་བུ་པ། འདིས་དང་པོ་བླ་མ་སུམ་ཅུ་ལྷག་ཙམ་ལས་ཆོས་གསན། ཁྱད་པར་སྤྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་ལས་ཕར་ཚད་སོགས་ཞིབ་ཏུ་སྦྱངས། གྲྭ་སྐོར་མཛད་པས་གྲགས་པ་ཤིན་ཏུ་ཆེ་བར་བྱུང་། ཡན་ཆད་ས་སྐྱ་པ། དགུང་ལོ་སོ་གཅིག་པར་ཇོ་ནང་དུ་ཕེབས་ནས། ཡོན་ཏན་རྒྱ་མཚོ་ལས་དུས་འཁོར་གསན། སྲོག་རྩོལ་མཐར་ཕྱིན་པའི་རྟགས་བྱུང་། ཇོ་ནང་པའི་ཆོས་བརྒྱུད་དུ་གྲགས། གཞན་སྟོང་རྩལ་དུ་བཏོན། སློབ་མ་ལོ་ཙཱ་བ་བློ་གྲོས་དཔལ། ས་བཟང་མ་ཏི་པཎ་ཆེན་ཏེ་ཐུགས་སྲས་གཉིས། གཞན་ཕྱོགས་ལས་རྣམ་རྒྱལ་སོགས་མཐའ་ཡས། ཕྱོགས་རྒྱལ་གྱིས་འཁྲུལ་འཇོམས་ཆེ་ཆུང་དང་། དེའི་སློབ་མ་ཉ་དབོན་ཀུན་དགའ་དཔལ་གྱིས་གྲུབ་མཐའ་འོད་གསལ་རྒྱན་སོགས་བརྩམས། དེ་ལ་གནོད་བྱེད་བུ་སྟོན་གྱི་བདེ་གཤེགས་སྙིང་པོའི་མཛེས་རྒྱན་དང་། ཐུགས་སྲས་ལོ་ཙཱ་བའི་མཛེས་རྒྱན། བརྩོན་འགྲུས་དཔལ་གྱིས་བདེ་གཤེགས་སྙིང་པོ་གསལ་བྱེད། ཡར་འབྲོག་པ་རིན་ཆེན་ཏོག་གིས་མཉམ་མེད་དབང་པོའི་རྡོ་རྗེ། ཡེ་ཤེས་ཐོག་ཏོག །རྡོ་
རྗེ་ཐོག་ཆེན། རྡོ་རྗེའི་ཐོ་བ་སོགས་བརྩམས་ཡོད་དོ། །བདུན་པ་ཉི་ཚེ་བ་ནི། བོ་དོང་པ། བུ་སྟོན་ལུགས་ལྷོ་བྲག་ཕྱག་རྡོར་སྙན་བརྒྱུད་རྣམས་བྲིས། འུ་ལུགས་ལས་ཐུགས་སྲས་རིན་རྣམ་གྱི་སློབ་མ་ཤར་ཆེན་པ་དང་། གོང་གསུམ་པ་བདེ་ཆེན་དཔལ་བ། ཁྱུང་ལྷས་པ་སོགས་ས་དགེའི་ཕྱོགས་ལ་རྒྱ་ཆེར་དར། དུས་འཁོར་དང་རྡོར་དབྱིངས་ལ་སོགས་དཀྱིལ་འཁོར་བདུན་ཅུ་ལྷག་ཙམ་བཙུག །ཅེས་སྣང་། དགེ་ལྡན་པའི་ལུགས་བྱུང་ཚུལ་ལ། བསྟན་པའི་བདག་པོ་རྒྱལ་བ་ཙོང་ཁ་པ་འཇིག་རྟེན་དུ་བྱོན་ཚུལ། དེའི་རིང་ལུགས་དྲི་མ་མེད་པ་བསྟན་འཛིན་རྣམས་ཀྱིས་རྒྱས་པར་མཛད་ཚུལ། ལུགས་དེ་གཞན་ལས་ཁྱད་པར་འཕགས་ཚུལ། ཞར་བྱུང་ལོག་པར་འཁུ་བས་གླགས་མ་རྙེད་པའི་ཚུལ་ལོ། །དང་པོ་ལ། རང་ཉིད་ཡོན་ཏན་བརྙེས་ཚུལ། རྒྱུ་དེས་བསྟན་པ་ལ་བྱ་བ་མཛད་ཚུལ་ལོ། །དང་པོ་ལའང་གཞི་སྡོམ་པའི་ཚུལ་ཁྲིམས་བཞེས་ཚུལ། ལུང་དང་རྟོགས་པའི་ཡོན་ཏན་བརྙེས་ཚུལ་ལོ། །གཉིས་པ་ལ། མང་དུ་ཐོས་པ་ལུང་གི་ཡོན་ཏན་བརྙེས་ཚུལ། ཚུལ་བཞིན་བསྒྲུབས་པས་རྟོགས་པའི་ཡོན་ཏན་བརྙེས་ཚུལ་ལོ། །དང་པོ་ལ། ཐོས་པས་སྒྲོ་འདོགས་བཅད་པ་དང་། བསམ་པས་གདམས་པར་ཤར་ཚུལ་ལོ། །དང་པོ་ལ་མཚན་ཉིད་དང་། སྔགས་གཉིས། གཉིས་པ་ནི་འདུན་ལེགས་མ་
ནས་གསུངས་པ་ལྟར་རོ། །རྟོགས་པའི་ཡོན་ཏན་ནི། སོ་དྲུག་ནས་བྱ་བྲལ་དུ་ཕེབས། འགྲེལ་པ་བུདྡྷ་པཱ་ལི་ཏའི་རྩ་ཤེས་རབ་བྱེད་བརྒྱད་པའི། བརྟེན་ནས་འབྱུང་བ་མེད་པ་ཡི། །ཞེས་པའི་ཐད་གཟིགས་པས། སྟོང་ཉིད་གསར་དུ་རྟོགས་ཚུལ་མཛད། །གཉིས་པ་ལ། བསྟན་པའི་རྨང་བཙུགས་ཚུལ་དང་། མཁས་པའི་བྱ་བ་གསུམ་གྱིས་འཕེལ་རྒྱས་མཛད་ཚུལ་གཉིས། དང་པོ་ནི། འདུལ་མདོ་སྔགས་ཀྱི་འདུལ་བ་གཙོ་བོར་ཕྱག་ལེན་དུ་བཏབ་པའོ། །འཆད་པ་ནི། མོན་མཁར་བཀྲ་ཤིས་གདོང་དུ་ཉིན་རེ་ལ་གཞུང་ལུགས་བཅོ་ལྔ་རེ་གསུངས་པས་མཚོན་པ་དང་། རྩོད་པ་ནི། བཅུ་དགུ་པར་གསང་ཕུ་སོགས་སུ་ཕར་ཕྱིན་དང་། ཕྱིས་ས་སྐྱ་རྩེ་དོང་སོགས་དཀའ་ཆེན་བཞིའི་གྲྭ་སྐོར་མཛད་པས་གཟུར་གནས་ཀྱི་སྤོབས་པ་འཕྲོག །རྩོམ་པ་ནི་ར་སྒྲེངས་སུ་ལམ་རིམ། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་གླིང་དུ་སྔགས་རིམ་སོགས་ཇོ་བོ་ཡབ་སྲས་དང་། རྒྱ་གར་གྱི་པཎ་གྲུབ་དུ་མས་བྱིན་གྱིས་བརླབས་ཏེ་མཛད་པ་སོགས་མཐའ་ཡས། རྔོག་ལོ། མང་ཐོས། གཞུང་ལུགས་མང་ཐོས་བུ་སྟོན། ངལ་བ་མང་བརྟེན་ས་པཎ་དང་ཕྱི་གཙང་། ཡོན་ཏན་ཚོགས་ཀྱིས་མི་དམན་པ་མར་མི་སྒམ་པོ་པ་སོགས། ས་པཎ། བུ་སོགས། རིག་ལམ་ལ་ངལ་བ་མང་བརྟེན། ཕྱ་བ་སོགས། ཡོན་ཏན་མི་དམན་པ་དོལ་བུ་པ་སོགས་ཀྱིས་མ་
རྟོགས་པའི་དྲང་ངེས་འབྱེད་པའི་སྤོབས་པ་ཐོབ། སློབ་མ་ལ་བླ་མ་ཆོས་འབྲེལ་གསན་པ་བཞི། སྔ་ཚར་བཞི། འཁོར་དག་པ་རྣམ་བརྒྱད། འཇམ་དབྱངས། སྲས་ཀྱི་ཐུ་བོ་གཉིས་ཞེས། རྒྱལ་ཚབ། འདུལ་འཛིན་གཉིས། ཁྱད་པར་དུ་འཕགས་པའི་གསང་བདག་གསུམ། སྲས་གསུམ། ཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞི། བཀྲ་ཤིས་དཔལ་ལྡན། གུང་རུ་རྒྱལ་མཚན་བཟང་པོ། ཤེར་སེང་། དགེ་འདུན་གྲུབ། དབུས་གཙང་བསྟན་པའི་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་བཅུ། མི་དབང་གཙུག་ན་མཛེས་པའི་ཏི་ཤྲཱི་གཉིས། བྱམས་ཆེན། ཆོས་རྗེ། རྒྱ་ཆེན་མང་དུ་ཐོས་པའི་དབོན་སྲས་གཉིས། སྦྱངས་པའི་ཡོན་ཏན་འཛིན་པའི་ལྕོགས་ཆེ་ཆུང་གཉིས། བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་ཤེར་བཟང་གཉིས། དྲུག་སོགས་མཐའ་ཡས་པ་ལས། གཙོ་བོར། རྟོགས་ལྡན་བ་རྒྱལ་ཚབ། མཁས་གྲུབ། འཇམ་དབྱངས་ཆོས་རྗེ། བྱམས་ཆེན་པ། ཤེར་སེང་། དགེ་འདུན་གྲུབ། ཤེར་བཟང་གཉིས་སོ། །འཇམ་དབྱངས་གཙང་པ་བདུན་བརྒྱུད་ལས། མཐུ་སྟོབས་དབང་ཕྱུག་ཞྭ་ལུ་ལེགས་པ་རྒྱལ་མཚན། རྗེ་བློ་གྲོས་ཆོས་སྐྱོང་། དུས་འཁོར་ལ་མཁས། སྙན་བརྒྱུད་ཀྱི་མངའ་བདག་བ་སོ་ཆོས་རྗེ། དྭགས་པོ་གྲ་ཚང་བཏབ། མཁན་བློ་གྲོས་བརྟན་པ། འདིས་བྱམས་ཆོས་ལྔའི་
འགྲེལ་པ་སོགས་བརྩམས། རྗེ་སྨོན་ལམ་དཔལ་བ། འདི་ཞབས་མ་ཟིན་ཀྱང་། མནལ་ལམ་དུ་ཆོས་གསན་པས་དངོས་སློབ་ཀྱི་གྲས་སུ་བགྲངས། བྱང་རྩེར་རྒྱལ་ཚབ་རིན་པོ་ཆེ་སོགས་དང་། ཤར་རྩེར་ཤར་པ་རིན་ཆེན་རྒྱལ་མཚན་སོགས་བྱོན། བྱང་རྩེར་ཉག་རོ་གྲྭ་ཚང་སོགས་གྱེས། འབྲས་སྤུངས་སུ་སྒོ་མང་། བློ་གསལ་གླིང་། བདེ་ཡང་། ཤག་སྒོར། ཐོས་བསམ་གླིང་། འདུལ་བ། སྔགས་པ་གྲྭ་ཚང་སྟེ་བདུན་བྱུང་། ཕྱིས་སྒོ་བློ་བདེ་སྔགས་བཞིར་འདྲིལ། དེའང་བློ་གསལ་གླིང་དུ་ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བློ། པཎ་ཆེན་ཆོས་འབྱུང་དང་བསྟན་རྩིས། བསོད་ནམས་གྲགས་པ། བདེ་ཡང་དུ་གྲྭ་ཆུང་ཡོན་ཏན་རྒྱ་མཚོ། ཤག་སྒོར་དུ་སྣར་ཐང་བ་རབ་མཆོག །ཐོས་བསམ་གླིང་དུ་ཉན་པོ་ཤཱཀྱ་རྒྱལ་མཚན། སྒོ་མང་དུ་གུ་རུ་ཆོས་འབྱུང་དང་། འཇམ་དབྱངས་བཞད་སོགས་པོད་ཆེན་ལྔ་བྱོན། སེ་རར་གྲྭ་ཚང་ལྔ་ཡོད་པ། ཕྱིས་བྱེས་སྨད་གཉིས། སྔ་མ་འཇམ་དབྱངས་ཆོས་རྗེའི་སློབ་མ་མུས་སྲད་བློ་གྲོས་རིན་ཆེན་དང་། ཕྱི་མ་ཀུན་མཁྱེན་བྱང་ཆུབ་འབུམ་གྱིས་འཆད་ཉན་མཛད་ནས་དར། འདི་དག་ཏུ་མཁས་པ་གུང་རུ་རྒྱལ་མཚན་བཟང་པོ། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་བྱོན། བཀྲ་ཤིས་ལྷུན་པོར་
ཤར་རྩེའི་འཆད་ཉན་པ་དང་པོ་ཤངས་སྟོན་དྲི་མེད་དང་། དྲུག་པ་བློ་གྲོས་རྒྱ་མཚོ། དཀྱིལ་ཁང་ནས། བརྒྱད་པ་བློ་གྲོས་རྒྱལ་མཚན་དང་། བཅུ་པ་མཁས་གྲུབ་བསྟན་དར་བ། ཐོས་བསམ་གླིང་ནས་དང་པོ་ཀུན་མཁྱེན་ཆོས་སྐྱོང་བཟང་པོ་དང་། བཞི་པ་ཁྱུང་ཕྲུགས་བྱམས་པ་བཀྲ་ཤིས། །ཕྱིས་སུ་སྔགས་གྲྭ་ཆོས་རྒྱན། བཙུགས་པའི་སྔགས་ཆེན་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་སོགས་བྱོན་ནས་ལེགས་བཤད་མང་དུ་བརྩམས། སྟོད་མངའ་རིས་སུ་ཤེས་རབ་བཟང་པོས་མང་ཡུལ་སྟག་མོའི་ཆོས་སྡེ་དང་། དེའི་དབོན་ཤེས་རབ་པས་ཁྲིག་པའི་ཆོས་སྡེ་བཏབ་པ་སོགས་དར་རྒྱས་ཆེ། བྱང་སེམས་ཤེར་བཟང་གིས་སེ་རར་ཟུར་ཆོས་མཛད། ཀུན་མཁྱེན་བྱང་འབུམ་པས་ལུང་བསྟན་ནས་ཆབ་མདོ་ཆོས་འཁོར་བྱམས་གླིང་བཏབ། ཀུ་ཙོར་རྟོགས་ལྡན་རྗེ་ཡི་དངོས་སློབ། གྱི་སྲས་འཕགས་པ་ལྷ་བཞུགས། དེའི་སློབ་མ་ཞི་བ་བཟང་པོ། ལྕགས་ར་སྤྲུལ་སྐུ་སོགས་སོ། །ཁམས་ཀྱི་སྒང་དྲུག །ཤོད་བཅུ། རོང་དགུ། རུ་གསུམ་དུ་གྲགས་པའི། ཨ་མདོའི་ཕྱོགས་སུ་དོན་རིན་པས་བཏབ་པའི་བྱ་ཁྱུང་བྲག །སྐུ་འབུམ་དུ་སྔར་དགེ་འདུན་མང་ཙམ་ཆགས་པ། བསོད་ནམས་རྒྱ་མཚོའི་ལུང་གིས་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་གཙང་དགོན་དུ་བསྒྱུར། མཚན་ཉིད། སྔགས་པ། ཕྱིས་སྨན་པ་གྲྭ་ཚང་
བཙུགས། ཡོན་ཏན་རྒྱ་མཚོས་རྒྱལ་བའི་སྲས་པོ་དོན་ཡོད་རྒྱ་མཚོར་བསྐུལ་ཏེ། དགོན་ལུང་བྱམས་པ་གླིང་། ལྕང་སྐྱ་རྡོ་རྗེ་འཆང་གོང་འོག་དང་། རྗེ་ཐུའུ་བཀྭན་པ། མི་དབང་ཆོས་ཀྱི་རྒྱ་མཚོ་སོགས་བྱོན། དགོན་ལུང་མཁན་པོ་བཅུ་པ་བླ་མ་བཙན་པོ་པ་དོན་གྲུབ་རྒྱ་མཚོས་གསེར་ཁོག་ཏུ་དགའ་ལྡན་དམ་ཆོས་གླིང་བཏབ་ཅིང་། ཕྱིས་སུ་སྨིན་གྲོལ་ནོ་མི་ཧན་རིམ་བྱོན་གྱིས་བདག་པོ་མཛད། རོང་པོ་བཀའ་བཅུ་གྲུབ་ཆེན་དཔལ་ལྡན་རྒྱ་མཚོས་རི་ཁྲོད་བཀྲ་ཤིས་འཁྱིལ་སོགས་བཏབ། གཡེར་གཤོང་སྔགས་རམ་པ་འཇམ་དབྱངས་བློ་གྲོས་ཀྱིས་གཡེར་གཤོང་གྲྭ་ཚང་བཙུགས། འཇམ་དབྱངས་བཞད་པས་མདོ་སྨད་རོང་རྒྱུད་དུ་ཆོས་སྡེ་བཀྲ་ཤིས་འཁྱིལ་བཏབ། མཁས་པ་ངག་བཀྲས་དང་། དེའི་སྐྱེ་སྤྲུལ་གྱིས་བསྐྱངས། ཐོས་བསམ་གླིང་། རྒྱུད་པ། དུས་འཁོར། སྨན་པ་སྟེ་གྲྭ་ཚང་བཞི་ཡོད། དེང་སང་མདོ་སྨད་ཙམ་ན་ཆེ། ཇོ་ནེའི་དཔོན་རྒྱུད་ཆོས་རྗེ་རིན་ཆེན་ལྷུན་པོས་ཇོ་ནེ་དགོན་བཏབ། ཕྱིས་གྲགས་པ་བཤད་སྒྲུབ་སོགས་བྱུང་། ཁྱད་པར་སྔགས་ཀྱི་བསྟན་པ་སྤེལ་བའི་གཙོ་བོ་རྗེ་ཤེས་རབ་སེང་གེ་ནས་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་གྱི་བར་བྱོན་པའི་སྲད་རྒྱུད་པ་སྟེ། དེ་ལ་འང་རིམ་ལྔ། བདེ་མཆོག་ལོ་དྲིལ། འཇིགས་བྱེད་རྣལ་འབྱོར་བཞི་རིམ། སྦྱོར་དྲུག །འཁོར་
ཆེན། ཆོས་དྲུག། །འཕོ་ཁྲིད་གསེར་གྱི་སྒོ་འབྱེད་རྣམས་འཆད། ཕྱིས་འཁོར་ཆེན་དང་འཕོ་ཁྲིད་བཞག་པས་སྲད་རྒྱུད་ལུགས་ཀྱི་ཁྲིད་ཆེན་དྲུག །སྨད་རྒྱུད་ལུགས་ཀྱི་བརྒྱད་ཅེས་གྲགས། གཞན་ཡང་ཡན་ལག་གི་ཁྲིད་གསུམ་སོགས་དང་། ལམ་རིམ་སོགས་རྒྱ་ཆེར་བྱུང་། དཀོན་མཆོག་ཡར་འཕེལ་ལ། ཕྱིས་འདའ་ཀར་འཇམ་དབྱངས་བཞད་པ། ལྕང་སྐྱ་རིན་པོ་ཆེ། ཐང་སག་པ་དངོས་གྲུབ་རྒྱ་མཚོ་རྣམས་ཀྱིས་གཏུགས་ནས་སོ་སོས་བསྐྱེད་རྫོགས་སོགས་གནང་། དེ་ནས་རིམ་པར་འཇམ་དབྱངས་བདེ་བའི་རྡོ་རྗེ། གུར་སྨོན་པ་དོན་ཡོད་མཁས་གྲུབ། ཁྲི་ཆེན་ངག་དབང་མཆོག་ལྡན། སྐལ་བཟང་རྒྱ་མཚོ། རོལ་པའི་རྡོ་རྗེ་སོགས་བྱོན་ཅིང་། དབེན་ས་བཀའ་བརྒྱུད་ནི། བ་སོ་ཆོས་རྗེའི་སློབ་མ། གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ཉང་སྟོད་ཇོ་མོ་ལྷ་རིའི་པདྨ་ཕུག །སྟོད་ལུང་པ་དཔལ་ལྡན་རྡོ་རྗེ་ཆེ་འཕེལ་ལའང་བཤད་མོད། གྲིབ་ཀྱི་རྒྱ་དྲམ་རྡོ་རྗེ་བརྩེགས། ཁམས་པ་ཡེ་ཤེས་རྡོ་རྗེས་འཕན་ཡུལ་འཇོག་པོའི་ཕུ་ཡི་དབེན་གནས་སུ་བཞུགས་ཀྱང་། འཆི་མེད་འཇའ་ལུས་རྡོ་རྗེའི་སྐུ་སྐལ་དམན་གྱིས་བལྟར་མི་སྣང་བར་བཤད། བར་པ་དེས་བསོད་ནམས་རྒྱ་མཚོར་ལུ་ཧི་པའི་དབང་དང་། ཚེ་དབང་ཕུལ། སྔ་མས་དབེན་ས་བློ་བཟང་དོན་གྲུབ་རྗེས་སུ་བཟུང་། དེས་སངས་རྒྱས་ཡེ་ཤེས། དེས་པཎ་ཆེན་
རིན་པོ་ཆེ། སྔ་མ་གཉིས་དང་། ཁྱད་པར་ཕྱི་མས་སྙན་བརྒྱུད་ཕལ་ཆེར་ཡི་གེར་མཛད། དེ་ལྟར་མཁས་གྲུབ་རྗེ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་བར་བྱོན་པ་ལ་དབེན་ས་སྙན་བརྒྱུད་དང་། །རྗེ་ཤེས་རབ་སེང་གེ་ནས་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་ཀྱི་བར་བྱོན་པ་ལ་སྲད་རྒྱུད་དེ་བཀའ་སྲོལ་ཆེ་བ་གཉིས་ཕྱིས་ཆུ་བོ་གཅིག་ཏུ་འདྲེས་སོ། །དགའ་ལྡན་ཞེས་པ་གདན་སའི་མིང་གིས་བཏགས་པ་སྟེ། རྗེ་རིན་པོ་ཆེའི་སྐུ་ཚེའི་སྨད་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་གྲགས་པ་བྱུང་། དེ་ཚིག་སྣ་བསྡུས་པས་དགའ་ལུགས་པ་ཞེས་མ་བདེ་བ། དགེ་ལུགས་པར་བྱས། བཀའ་གདམས་གསར་མ་ཞེས་པའི་དོན། ཕ་ཆོས་ལེའུ་ཉེར་དྲུག་པར། ཐ་མར་བསྟན་པའི་མེ་རོ་ནི། །གྲགས་པའི་མཚན་གྱིས་གསོ་བར་བྱེད། །ཅེས་བཤད། ཀླུ་མེས་ལ་བླ་ཆེན་དགོངས་པ་རབ་གསལ་གྱིས་དབུ་ཞྭ་སེར་པོ་གནང་བར་བརྟེན་སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་ཞྭ་སེར་མནབས་པས། རྗེས་ཀྱང་འདུལ་བསྟན་གསོ་ཕྱིར་ཞྭ་སེར་བཞེས་པས་ཞྭ་སེར་འཆང་བའི་རིང་ལུགས་པ་ཞེས་གྲགས་པ་བྱུང་། གཞན་དུ་བྲིས་པ་ནི་ནོར་རོ། །གསུམ་པ་རྒྱ་ནག་ཏུ་དར་ཚུལ་སྐབས། ཚིན་གྱི་རྒྱལ་སྲིད་ལ་ཤི་ཧུའང་བྱ་བའི་རྒྱལ་པོ་མངའ་ཐང་ཤིན་ཏུ་ཆེ་བ་ཞིག་བྱུང་བས། འདི་ཚེ་མཐའི་ཡུལ་གྲུ་
རྣམས་ཀྱིས་རྒྱ་ཡི་ཡུལ་གྲུར་རྒྱལ་སྲིད་ཀྱི་མིང་གིས་བཏགས་ཏེ། མ་ཧཱ་ཚིནྡ་ཞེས་འབོད་པ་ཟུར་ཆག་སྟེ། མ་ཧཱ་ཙི་ན་ཞེས་བྱུང་། བོད་ཀྱིས་གོས་སོགས་ལ་གྲས་ཏེ་རྒྱ་ནག་ཅེས་བཏགས། རང་སྐད་ལ། ཤེན་ཊེའུ་ཞེས་ལྷ་གླིང་དང་། ཤེའུ་ནཊེའུ་ཞེས་ལུས་འཕགས་གླིང་དུའང་འབོད་དོ། །དེ་ལ། སྐར་མ་ལྟ་བུ་ཤེའུ་དང་། ཟླ་བ་ལྟ་བུ་དོའུ་རི་དང་། ཉི་མ་ལྟ་བུ་ཇིང་གི་ལུགས་སྲོལ་བྱུང་ཚུལ་གསུམ་ལས། ལུགས་སྲོལ་དང་པོ་གཉིས་བྱུང་ཚུལ། ཉི་ཚེ་བ་འགའ་ཞིག་བྱུང་ཚུལ། ཆོས་ཀྱི་ལུགས་སྲོལ་བྱུང་ཚུལ་ལོ། །དང་པོ་ནི། ཤེའུ་ཞེས་པ་ཡི་གེའི་མིང་སྟེ། འོན་ཀྱང་དེའི་ཁོངས་སུ་རིག་གནས་སྣ་ཚོགས་དང་། འཇིག་རྟེན་གྱི་རྣམ་གཞག་རྣམས་ཀྱང་བསྡུས་ནས་འབྱུང་བས། དོན་འགྱུར་ལྟར་ན་བསླབ་ཚིགས་ཀྱི་གཞུང་ངམ། རིགས་བྱེད་ཀྱི་ལུགས་ཞེས་བྱ་སྟེ། དེ་ནི་རྒྱ་ནག་གི་རྒྱལ་པོ་ཐམས་ཅད་ཀྱི་ཐོག་མ་ཧྥུ་ཊི་ཞེས་པ་ནས་བྱུང་། གཉིས་པ་ནི་བོན་གྱི་གྲུབ་མཐའ་སྟེ། ལོའུ་ཀྱུན་ཞེས་པ་རྩ་བའི་སྟོན་པ་ཡིན་ལ། དེ་ལའང་ལྷ་མི་གཉིས་སྣང་ངོ་། །གཉིས་པ་ཉི་ཚེ་བ། མུ་སྟེགས་པ་ནི་གཏན་ནས་མ་བྱུང་། ཧེ་འུ་ཟི་དང་། ཐེ་ལན་ཞེས་པའི་གྲུབ་མཐའ་གཉིས་ཡོད་པ་ནི་རྒྱའི་ལུགས་དང་མ་འདྲེས་པར་ཡོད་དེ། དོན་དུ་ཀླ་ཀློའི་ལུགས་སྲོལ་དང་མཐུན་པར་སྣང་། གསུམ་པ་ནི། རྒྱ་གར་ནས་བྱུང་
ཚུལ། བོད་ནས་བྱུང་ཚུལ་ལོ། །དང་པོ་ནི། སངས་རྒྱས་པའི་ཕྲིན་ལས་ལས་སྟོན་པ་མཱ་ཙིས་ལུས་སྲོག་ལ་མི་ལྟ་བར་གཞན་ཕན་དང་དུ་བླང་དགོས་པ་སོགས་ཆ་འདྲ་བྱུང་སྣང་ཡང་། དངོས་ནི་འོད་སྲུང་གི་རིགས་ཀྱི་དགྲ་བཅོམ་པ་མ་ཏང་གི་དང་། པཎྜི་ཏ་བྷ་ར་ན་ཞེས་པ་གཉིས་ཀྱིས་ཕེབས་པ་ནས་བཟུང་སྟེ། རྒྱ་གར་གྱི་པཎ་གྲུབ་འགའ་ཞིག་ཕེབས་ཏེ་བསྙེན་རྫོགས་སོགས། དེར་ནས་བརྒྱུད་པ་བར་མ་ཆད་པ་ལྔ་སྟེ། འདུལ་བའི་བརྒྱུད་པ། གསང་སྔགས་ཀྱི་བརྒྱུད་པ། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། སྙིང་པོ་དོན་གྱི་བརྒྱུད་པའོ། །ཧྭ་ཤང་པའི་སྡེ་ཆེན་པོ་ཆགས་སོ། །འོན་ཀྱང་གསང་སྔགས་བརྒྱུད་པ་ནི་དེང་སང་མི་སྣང་ངོ་། །དང་པོ་ནི། དགྲ་བཅོམ་པ་མ་ཏང་གི་དང་། ཕྱིས་རིག་འཛིན་ཀུ་མཱ་ར་ཤྲཱི་ལས་དར། གཉིས་པ་གནས་བརྟན་ཤྲཱི་མི་ཏྲ་དང་། ཁྱད་པར་སློབ་དཔོན་བཛྲ་བྷོ་རི་དང་། ཨ་མོ་གྷ་བཛྲ་གཉིས་ཀྱིས་རྒྱ་ཆེར་སྤེལ་ཀྱང་དེང་སང་རྒྱུན་ནུབ། གསུམ་པ་འཕགས་པ་ཐོགས་མེད་ནས་བརྒྱུད་པ་ལྔ་པ་དུལ་བ་བཟང་པོ་ལས་སློབ་དཔོན་ཐང་ཟན་ཙང་གིས་གསན་ཏེ་དར། བཞི་པ་ནི། མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་བཞི་པ་པྲཛྙཱ་རསྨི་ལས། རྒྱའི་སློབ་དཔོན་ཡེ་ཤེས་དཔལ་གྱིས་གསན་ཅིང་། ཊི་ཅེ་དཱ་ཤི་ཀ་སྟེ་སློབ་དཔོན་ཆེན་པོ་ཡེ་ཤེས་ལྡན་གྱིས་དར་ཞིང་རྒྱས་པར་
མཛད་པ་སོགས་ནས་དར། ལྔ་པ་ནི། ལང་གཤེགས་འགྲེལ་པ་ནས་བཤད་པ་ལྟར་ཏེ། དེ་ཡང་འོད་སྲུང་ནས་བཟུང་བརྒྱུད་པ་ཉེར་བརྒྱད་པ་སློབ་དཔོན་བྱང་ཆུབ་ཆོས་མཆོག་བར་ཆིག་བརྒྱུད་དུ་བྱོན། དེ་ནས་བརྒྱུད་པ་ལྔ་པ་ལུ་ཙུ་ཚན་ཤིའི་བར་ཆིག་བརྒྱུད་དང་། དེ་ནས་གདམས་པ་རྒྱ་ཆེར་བརྒྱུད་པ་ལྔར་གྱེས་ཀྱང་གཞན་རྣམས་ནུབ། ལིན་གྱི་དང་། དྷརྨ་ཞེས་པ་ཟུར་ཆག་པས། ཏཱ་ལོ་ཙུ་ཤི་ཞེས་ཀྱང་གྲགས། བོ་དྷི་དྷི་དྷརྨོཏྟ་ར། ཚོའུ་དུང་བརྒྱུད་པ་ཚོ་གཉིས་དེང་སང་ཡང་ཡོད། འདི་དག་ལ་ཙུང་མེན་ཞེས་ཟེར། དོན་བཀའ་བརྒྱུད་པ་དང་ཕྱོགས་མཚུངས་ཕྱག་རྒྱ་ཆེན་པོའི་བརྡའི་བརྒྱུད་པར་སྣང་། འོན་ཀྱང་བོད་དུ་མ་ཧཱ་ཡཱ་ནས་བཤད་པ་དང་། རྒྱ་ནག་གི་བཤད་པ་གཉིས་མི་མཐུན་པར་སྣང་ལ། ཕྱི་མས་ངེས་འབྱུང་བྱང་སེམས་ཀྱིས་མ་ཟིན་པའི་ལས་དགེ་སྡིག་གི་འབྲས་བུ་བདེ་སྡུག་སོ་སོར་འབྱིན་ཀྱང་། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྲོ་བར་ཁྱད་མེད་དེ། སྤྲིན་དཀར་ནག་གཉིས་ཀས་ཉི་མ་སྒྲིབ་པ་བཞིན་ནོ། །ཅི་ཡང་ཡིད་ལ་མི་བྱེད་པ་ནི་ཉམས་ལེན་གྱི་མཐར་ཐུག་པ་ཡིན་ཀྱང་གནས་ལུགས་མངོན་དུ་གྱུར་པའི་གང་ཟག་ལས་གཞན་གྱི་མ་ཡིན་པར་བཤད་པ་སོགས་སྣང་བས། ཧཱ་ཤང་གཅིག་གི་ཟེར་ལུགས་ཐམས་ཅད་ཉེས་པར་བསྒྲུབས་མི་རུང་། ཚིན་མིན་ཞེས་པ་
དང་། རུན་མིན་ཅེས་པ་ནི། གཅིག་ཅར་དང་། རིམ་གྱིས་འཇུག་པས་སློབ་མ་བཀྲི་ཚུལ་ཙམ་སྟེ་གྲུབ་མཐའ་སོ་སོ་བ་མ་ཡིན་ནོ། །དེ་ལྟར་སྔར་ལུགས་སྲོལ་ལྔ་ལས། ཐང་གི་རྒྱལ་རབས་ཀྱི་གུང་ཡོལ་གྱི་སྐབས་ཙམ་ནས། ལཡུའི་མེ་ན་ཅེས་པ་འདུལ་བ། ཀིའུ་ཡོའུ་མན་ཅེས་པ་བཤད་རྒྱུད། ཙུང་མི་ན་ཅེས་པ་སྒྲུབ་རྒྱུད་དེ་གསུམ་དུ་བསྡུས་ནས་ད་ལྟའི་བར་དུ་གྲགས་སོ། །གཉིས་པ་ནི། ཧོར་གྱི་རྒྱལ་རབས་ཡན་དུ་བྱོན་པ་མེད་ལ། དེ་ནས་ས་པཎ། འཕགས་པ། པཀི། རང་བྱུང་རྡོ་རྗེ། རོལ་པའི་རྡོ་རྗེ། གཡུང་སྟོན་རྡོ་རྗེ་དཔལ། དེ་བཞིན་གཤེགས་པ། བྱམས་ཆེན་དབུ་བརྙེས། རྗེ་སོགས་བྱོན་ནས་བསྟན་པ་དར་བར་མཛད། ཆེན་པོ་ཆིང་གི་དུས་ནས་བཟུང་དགེ་ལྡན་པའི་རིང་ལུགས་དར་ཞིང་རྒྱས། གོང་མ་གཡུང་ཊིང་ཆེན་པོའི་སྐུ་རིང་ནས་ཤིན་ཏུ་རྒྱས་པར་གྱུར་ཏོ། །ཧོར་ཡུལ་ཏེ་སོག་ཡུལ་དུ་ཆོས་དར་ཚུལ་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བ། ཆིང་གི་སི་བོད་དུ་བྱོན་ནས། མངའ་རིས་སྐོར་གསུམ། རུ་བཞི། མདོ་ཁམས་སྒང་དྲུག་རྣམས་དབང་དུ་བསྡུས། ས་ཆེན་ཀུན་སྙིང་དང་ཡོན་མཆོད་དུ་འབྲེལ། རྟེན་གསུམ་འགའ་ཞིག་སྤྱན་དྲངས་ཏེ་མཆོད་པ་ལ་བརྟེན་ནས་དཀོན་མཆོག་ལ་དད་པར་བྱུང་ཞིང་བསྟན་པའི་དབུ་བརྙེས། འདི་སངས་རྒྱས་འདས་ནས་ལྕགས་འབྲུག་
ལྟར་ན༢༠༨༧། མེ་ཡོས་ལྟར་ན་༢༠༧༤ འདས། དེ་ནས་ས་པཎ་འཕགས་པ་དང་། ཀརྨ་པ་སོགས་ཕེབས་ཏེ་རིམ་པར་སྲོལ་བཏོད། ཕྱིས་ཐུ་མེད་པའི་ཨལ་ཐ་ཧན་གྱི་དུས་སུ་གོང་མ་བསོད་ནམས་རྒྱ་མཚོ་ཕེབས། དེ་ཉིད་ཀྱི་སྤྲུལ་སྐུ་སོག་ཡུལ་དུ་འཁྲུངས་པ་སོགས་ཀྱིས་དགེ་ལྡན་པའི་བསྟན་པ་ལ་དད་པར་གྱུར། ཆ་ཧར་ལེགས་ལྡན་ཧུ་ཐོག་ཐུས་བཀའ་འགྱུར་ཡོངས་སུ་རྫོགས་པ་སོག་སྐད་དུ་བསྒྱུར། ཧལ་ཧའི་ཡུལ་དུ་ཨ་སུ་ཐའི་རྒྱལ་པོའི་ཚ་བོ་ཐུ་ཤི་ཡེ་ཐུ་ཧན་གྱི་སྲས་སུ་འཇམ་དབྱངས་ཆོས་རྗེའི་སྤྲུལ་སྐུ་བློ་བཟང་བསྟན་རྒྱས་འཁྲུངས། རི་བོ་དགེ་རྒྱས་གླིང་གི་དགོན་པ་བཏབ་པ་དང་། པཎ་ཆེན་དང་། ལྔ་པའི་སློབ་མ་ཛ་ཡ་པཎྜི་ཏ་བློ་བཟང་ཕྲིན་ལས་དང་། ཨེར་ཏི་ནི་པཎྜི་ཏ་བློ་བཟང་བསྟན་འཛིན་གཉིས་ཀྱིས་ཀྱང་རྒྱ་ཆེར་སྤེལ། ཐོར་གྲོད་ཀྱི་ཡུལ་དུ་བྱང་སེམས་སྦྱོར་ལམ་པར་གྲགས་པ་སྒོ་མང་སློབ་དཔོན་དོན་གྲུབ་རྒྱ་མཚོས་སྲོལ་བཙུགས། ཨོས་རོད་དམ་ཨོས་ལང་ལ་ཚོ་བཞི་ལས། རྒྱལ་སྲིད་ཧོ་ཤོད་ཀྱིས་འཛིན་ཀྱང་ཨོ་རོ་སུའི་རིགས་ལས་སོན་པའི་བེ་ཤོག་ཐུ་ཧན་སྟོབས་རྒྱས་ཀྱིས་ཨོ་རོད་ཡོངས་ལ་དབང་བསྒྱུར། མདོ་སྔགས་ཀྱི་བཤད་གྲྭ་མང་དུ་བཙུགས་པ་སོགས་ནས་ཅུན་དཀར་གྱི་ཡུལ་དུ་བསྟན་པ་ཡུན་རིང་དུ་རྒྱས་པར་བྱུང་ཡང་། ཕྱིས་ནང་འཁྲུགས་ཀྱིས་ཉམས། ཨོ་རོད་ཚོ་
བཞིའི་ནང་ཚན། ཧོ་ཤོད་ཀྱི་དཔོན་པོ་ཧ་ནའི་སྲས་སུ་ཤྲི་ཧན་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་སྟེ། དེ་ནས་བཟུང་བསྟན་པ་ལ་གུས་པས་མཆོད་པ་སྟེ། སོ་ལོན་དང་བར་གད་ཀྱི་སྡེ་འགའ་ཞིག་མ་གཏོགས་སོག་པོ་བྱིངས་ལ་མུ་སྟེགས་དང་ཀླ་ཀློ་སོགས་མེད་ཅིང་། སྔོན་གྱི་ས་དཀར་གཉིས་ཀྱང་མེད་ལ། སོག་བཙུན་དབུས་སུ་སློབ་གཉེར་བྱས་པ་དང་། དབུས་གཙང་གི་མཁས་གྲུབ་མང་པོ་ཕེབས་གནས་དགེ་འདུན་གྱི་སྡེ་དང་། བཤད་གྲྭས་གང་ཞིང་ཞྭ་སེར་ཅན་གྱི་རིང་ལུགས་ཀྱིས་ཁྱབ་པར་གྱུར་ཏོ། །ཞེས་གྲགས། རིགས་ལྡན་དྲག་པོ་པཎ་ཆེན། དམག་དཔོན་ཧ་ནུ་མནྠ་སྐལ་བཟང་རྒྱ་མཚོ། དམག་དཔོན་དྲག་པོ་ཡེ་ཤེས་བསྟན་སྒྲོན་སོགས་ཡིན་ཚུལ་ཡོད། རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ལོར་རིགས་ལྡན་བཅུ་དགུ་པ་རྣམ་གནོན་ཁྲིར་ཕེབས་ནས་ལོ་པ་༢༥ཡིན་པར་བཤད་པས། དེང་སང་སྟོབས་པོ་ཆེ་ཡིན་པར་གསལ་ལོ། ༈ །རྒྱལ་དབང་ལྔ་པ་ལ། ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་ཏ་ལའི་བླ་མ་བཛྲ་དྷ་ར། ཞེས་པའི་འཇའ་ས་དང་ཤེལ་ཐམ་ཕུལ། གོང་མ་གཡུང་ཊིང་གིས་ཕོ་བྲང་དུ་དགའ་ལྡན་སྲིད་ཆགས་གླིང་ཞེས་པའི་ཆོས་སྡེ་གསར་དུ་བཙུགས། མདོ་སྔགས་རིག་གནས་ཀྱི་གྲ་ཚང་ཁག་རྣམས་
ཡོད། ཞེའུ་ཧོའུ་ཞེས་པའི་ས་ཆར་ཡང་གཙུག་ལག་ཁང་དང་གྲྭ་ཚང་ཁག་མང་པོ་བཙུགས།། ༈ །།པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཕྱག་ཆེན་གྱི་འགྲེལ་པར། ལྷན་ཅིག་དྭགས་པོ། སྐྱེས་སྦྱོར་ནི། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །རྣམ་རྟོག་ལྷན་ཅིག་སྐྱེས་པ་ཆོས་སྐུའི་རླབས། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །སྣང་སེམས་དབྱེར་མེད་ལྷན་ཅིག་སྐྱེས་པའོ། །ཞེས་པའི་དོན། མོས་གུས་དང་། ཞེན་ལོག་གཙོ་བོར་བྱས་པའི་ངོས་ནས་སྔོན་འགྲོ་སྦྱོར་བ་བཞི་ལྡན། དངོས་གཞི་ངོ་སྤྲོད་རྣམ་གཉིས། ཞི་ལྷག །རྗེས་ཉམས་མྱོང་སྣང་ཐོག་ཏུ་སྐྱོང་བ་གསུམ་གྱིས་འཆད། གའུ་མ་ནི་ཁྱུང་པོའི་བཀའ་སྲོལ་ཏེ། སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། འབྲས་བུ་སྐུ་གསུམ་རང་ཤར་གྱི་སྒོ་ན དངོས་གཞི་ལ་རྐུན་པོའི་ངོ་སྤྲོད་ཅེས་གསུངས་སོ། །ནི་གུ་ཆོས་དྲུག་ནི། གཏུམ་མོ་ལམ་གྱི་རྨང་རྡོ། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་ཉིང་འཁྲུལ་ རང་སངས། འོད་གསལ་མ་རིག ་མུན་སེལ། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་ཞེས་པ་སྟེ། གྲྭ་འུ་མའི་གཙོ་བོ་ཡང་ཆོས་དྲུག་གི་འོད་གསལ་བསྒོམ་ཚུལ་ལོ། །ཆོས་རྗེ་རྒྱ་རས་པ་ནས་བརྒྱུད་པ་རྣམས་ཁྲིད་ཆེན། རོ་སྙོམས་སྐོར༦། རི་ཆོས་ཐུགས་ཉམས་སུ་ལེན་
ཅིང་། དེ་ཡང་བླ་མ་སྐུ་གསུམ་གྱི། བྱམས་སྙིང་རྗེའི། རྒྱུ་འབྲས་རྟེན་འབྲེལ་གྱི། ལྔ་ལྡན་བདུད་རྩི་ཐིགས་པའི། ལྷན་ཅིག་སྐྱེས་སྦྱོར་གྱི། ནཱ་རོ་ཆོས་དྲུག་གི། ཆོས་བརྒྱད་མགོ་སྙོམས་། གསང་སྤྱོད་བཟློག་བསྒོམ་གྱི་ཁྲིད་རྣམས་སོ། །རྣམ་རྟོག །ཉོན་མོངས། ན་ཚ། ལྷ་འདྲེ། སྡུག་བསྔལ། འཆི་བ་ལམ་ཁྱེར། རི་ཆོས་ལ་ཟབ་ཆོས་རྒྱན་བཞི་ཞེས། རི་ཆོས་ཡོན་ཏན་ཀུན་འབྱུང་། གསང་བ་དབང་གི་གྲུ་བོ་ཆེ། རྡོ་རྗེ་ལས་ཀྱི་སྦས་བཤད། བར་དོའི་ཁྲིད་དང་བཞི། སྐོར་གསུམ་ཞལ་གདམས་གྱི་རྒྱན་ཅེས། དམར་ཁྲིད་གེགས་སེལ་གྱི་རྒྱན། མགུར་འབུམ་དཀར་ཆག་གི་རྒྱན། སིལ་བུའི་སྡེ་ཚན་ཕྲན་ཚེགས་ཀྱི་རྒྱན་རྣམས་སོ། །ཡི་གེ་བཞི་པ་ནི། ཨ་མ་ན་སེའི་སྒྲ་ལས། དང་པོ་སེམས་ཀྱི་གཞི་རྩ་བཅད། །གཉིས་པ་སེམས་ཀྱི་བཞག་ཐབས་བསྟན། །གསུམ་པ་སེམས་ཀྱི་གོལ་ས་བཅད། །བཞི་པ་སེམས་ཀྱི་ལམ་ཁྱེར་བསྟན་པའོ། །རྫོགས་ཆེན་མན་ངག་ལྟ་བའི་ཕྲེང་བ་སོགས་སློབ་དཔོན་པདྨའི་ཐུགས་ཀྱི་བཅུད་ཕྱུང་བ་རྣམས་དང་ཞེས་སོགས་གསུངས། ༈ ། ཞང་རིན་པོ་ཆེས། ཀུན་གྱི་ས་བོན་རང་སེམས་གནས་ལུགས་ནི། །རྒྱལ་བ་སྲས་བཅས་ཀུན་གྱི་ཐུགས་དང་ནི། །ཡེ་ནས་ཁྱད་མེད་ཡེ་ཤེས་ཆོས་སྐུར་སྣང་། །བེམ་པོར་མ་ཡིན་རང་བཞིན་ངང་གིས་
གསལ། །དངོས་པོ་མ་གྲུབ་ཁ་དོག་ཚད་ཀྱིས་སྟོང་། །ཞེས་སོ། །གླིང་གིས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤངས་ལ། །རྟག་ཏུ་མཉམ་པར་ཞོག་ཅིག་རྣལ་འབྱོར་པ། །ཞེས་སོ། །ཞང་གིས། དེ་ལྟར་བཞག་པའི་ངང་ཉིད་ལས། །རྣམ་རྟོག་ཐོལ་གྱིས་བྱུང་གྱུར་ན། །དེ་ཉིད་འོད་གསལ་ཆོས་སྐུ་ལས། །གཞན་ཞིག་སྙམ་དུ་མ་སེམས་ཤིག །དེ་ཕྱིར་རྣམ་རྟོག་འཕྲོ་བ་དེ། །སྟོང་ཉིད་ལས་ནི་སྟོང་ཉིད་འཕྲོ། །ཆོས་སྐུ་ལས་ནི་ཆོས་སྐུ་འཕྲོ། །ཟུང་འཇུག་ལས་ནི་ཟུང་འཇུག་འཕྲོ། །ཞེས་གསུངས་སོ། ༈ །འཕགས་པ་ཡབ་སྲས་ཀྱི་བཞེད་པའི་ལྟ་བ་ཕྱག་རྒྱ་ཆེན་པོའི་གོ་དོན་མཐར་ཐུག་པ་ནི་བཏགས་ཡོད་མིང་རྐྱང་ཞེས་པ་འདི་ཡིན་ནོ། ༈ །འཕགས་པ་ཀླུ་སྒྲུབ་ཀྱིས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་འབེབས་པ། མདོ་ཀུན་བཏུས་དང་། རིགས་ཚོགས་དྲུག་མཛད། དེ་ལ་འགྲེལ་པ། ཇི་སྐད་དུ། རྒྱན་སྣང་ལས། འཕགས་པ་གསལ་བའི་བློ་མངའ་དེས་ནི་རྒྱལ་ལ་མངོན་སུམ་ཉིད་ཞུས་ནས། ཞེས་པའི་དོན་འཕགས་པ་གྲོལ་སྡེ་དེ་ཤེར་ཕྱིན་གྱི་མདོའི་དོན་ཐེ་ཚོམ་དང་སོམ་ཉི་སྤངས་པའི་ཐེག་ཆེན་འཕགས་པ་གྲོལ་སྡེ། གཉིས་པ་སློབ་དཔོན་སེང་བཟང་དེ་རྩོམ་པའི་
རྒྱུ་གསུམ་ཕུན་སུམ་ཚོགས་པ་སྟེ། མན་ངག་རྒྱུན་མ་ཆད་པ་དང་། བསྟན་བཅོས་ཀྱི་དོན་ལ་མཁས་པ་དང་། ཡི་དམ་གྱི་ལྷ་ལ་མངོན་སུམ་དུ་གནང་བ་ཐོབ་པ་སྟེ། དེ་ཡང་མཁན་པོ་རྣམ་སྣང་མཛད་ལ་རྗེ་བཙུན་གྱི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། ཤར་ཕྱོགས་ཁ་སརླ་ཎིར་སྤྲིན་གསེབས་ནས་རྗེ་བཙུན་གྱིས་ཞལ་གཟིགས་པར་ཁྱེད་ཀྱི་བསྟན་བཅོས་དེ་ལ་འགྲེལ་པ་དུ་མ་ཞིག་སྣང་བས་གང་གི་རྗེས་སུ་འབྲང་ཞུས་པས། ཐམས་ཅད་ལེགས་པར་རྟོགས་ལ་དོན་འདྲིལ་བའི་འགྲེལ་པ་རྩོམས་ཤིག །ཅེས་གསུང་གི་གནང་བ་ཐོབ་པའི་ཕྱིར། བཤད་བྱ་རྩ་བའི་མདོ་རྒྱས་འབྲིང་བསྡུས་གསུམ་མདོ་སྡུད་པ་དང་བཞི། འཆད་བྱེད་མངོན་པར་རྟོགས་པ་རྒྱན་ནོ། །ཞེས་སོ། །དེ་ཡི་ཉན་ཐོས་ཞི་བ་སོགས་ཀྱི་དོན། གཞི་ཤེས་ཀྱི་ཡོན་ཏན་བརྗོད་པས། ཉེར་ཞིར་འཁྲིད་ཚུལ་འཆད་པ་ལ་རྐང་པ་དང་པོ་གསུངས། ལམ་ཤེས་ཀྱི་དོན་འཆད་ཚུལ་བརྗོད་པས་རིགས་ཅན་གསུམ་གྱི་དོན་བསྒྲུབ་ཚུལ་འཆད་པ་ལ་རྐང་པ་གཉིས་པ་གསུངས། རྣམ་མཁྱེན་གྱི་ཡོན་ཏན་བརྗོད་དེ་ཆོས་འཁོར་བསྐོར་ཚུལ་འཆད་པ་ལ་རྐང་པ་གསུམ་པ་གསུངས། འཕགས་བཞིའི་ཡུམ་བྱེད་ཚུལ་འཆད་པ་ལ་བཞི་པ་གསུངས་སོ། །དོན་ནི། རྗེ་བཙུན་གྱིས་རྩོམ་པའི་ཐོག་མར་མཁྱེན་གསུམ་ལ་བསྟོད་ཕྱག་མཛད་དེ། རྟེན་གྱི་གང་
ཟག་ཉན་ཐོས་དང་། རང་སངས་རྒྱས་སྡུག་ཀུན་ཉེ་བར་ཞི་བ་འཚོལ་བ་རྣམས་ཕུང་ཁམས་སྐྱེ་མཆེད་ཀུན་གང་ཟག་གི་བདག་མེད་པར་ཤེས་པ་ཉིད་ཀྱིས་འབྲས་བུ་ལྷག་མ་ཡོད་མེད་ཉེར་ཞིར་འཁྲིད་མཛད་གང་ཡིན་པ་དེ་ལ་འདུད་པའི་ཕྱིར་དང་། རྟེན་གྱི་གང་ཟག་འགྲོ་ལ་ཕན་པར་བྱེད་པའི་བྱང་སེམས་ལམ་ཤེས་ཉིད་ཀྱི་འབྲས་བུ་འཇིག་རྟེན་གསུམ་གྱི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དང་། ཐུབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཐབས་གང་དང་ཡང་དག་པར་ལྡན་པས། བརྗོད་བྱ་རྣམ་པ་ཀུན་དང་ལྡན་པའི་རྗོད་བྱེད་སྡེ་སྣོད་སྣ་ཚོགས་པ་འདི་དག་གསུངས་བའི་བདག་རྐྱེན་རྣམ་མཁྱེན་ལ་འདུད་པའི་ཕྱིར། བཤད་བྱ་འཆད་བྱེད་མདོར་བསྟན་པ། འཆད་བྱེད་ཀྱི་རྐང་གྲངས་བཤད་པ་གཉིས། དང་པོ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ནི། །ཞེས་པ་གཉིས་ལ་བསྟན་བཅོས་འདི་ཆོས་ཅན། ཁྱོད་ཀྱི་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་འབྲིང་བསྡུས་གསུམ་ནི་ཡང་དག་པ་སྟེ། ཕྱིན་ཅི་མ་ལོག་པར་བཤད་དེ་རྗོད་བྱེད་ལ་སྐབས་བརྒྱད་དང་། བརྗོད་བྱའི་དངོས་པོ་ལ་ཡང་བརྒྱད་དུ་ཕྱེ་བ་ཉིད་ཀྱིས་བཤད་པའི་ཕྱིར། འཆད་བྱེད་གཞུང་ཤེར་ཕྱིན་ལ་སྐབས་བརྒྱད་ཡོད་དེ། རབ་འབྱོར་གྱི་ལེའུས་རྣམ་མཁྱེན། མཐའ་གཉིས་རྣམ་དག་གི་ལེའུས་ལམ་ཤེས། སྤྱོད་པ་ཁྱད་པར་ཅན་གྱི་ལེའུས་
གཞི་ཤེས། དེ་བཞིན་ཉིད་ཀྱི་ལེའུས་རྣམ་རྫོགས་སྦྱོར་བ། བསླབ་པ་ཡོངས་སུ་དག་པའི་ལེའུས་རྩེ་སྦྱོར། བསླབ་པ་ལ་རིམ་གྱིས་འཇུག་པའི་ལེའུས་མཐར་གྱིས་སྦྱོར་བ། བསླབ་པ་ཡོངས་སུ་རྫོགས་པའི་ལེའུས་སྐད་ཅིག་སྦྱོར་བ། བསླབ་པའི་འབྲས་བུའི་ལེའུས་ཆོས་སྐུ་འཆད་པའི་ཕྱིར། གཉིས་པ་ལ་མཁྱེན་གསུམ། སྦྱོར་བཞི། ཆོས་སྐུ་གསུམ་ལས། དང་པོ་ནི། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །ཅེས་སོགས་གཉིས་ལ། མཁྱེན་གསུམ་སོ་སོའི་ངོ་བོ་ཡོད་དེ། སེམས་བསྐྱེད་སོགས་ཆོས་བཅུ་དང་། གཞི་གཉེན་རྣམ་པ་ཀུན་མཁྱེན་པའི་མཐར་ཕྱིན་པའི་ཡེ་ཤེས་ཉིད་རྣམ་མཁྱེན་གྱི་ངོ་བོ། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་ལམ་ཤེས་ཀྱི་ངོ་བོ་དང་། ཐེག་དམན་གྱི་མཁྱེན་པའམ། ཐེག་དམན་གྱི་རྟོགས་རིགས་སུ་གནས་པས་རབ་ཏུ་ཕྱེ་བའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ་ནས་ཐམས་ཅད་ཤེས་པ་ཉིད་ཀྱི་ངོ་བོར་འཇོག་པའི་ཕྱིར། རྣམ་མཁྱེན་གྱི་མཚན་ཉིད་དེ་ལྟར་འཇོག་པ་ནི། ཐོབ་བྱ་རྣམ་མཁྱེན་དེ་བསྟན་པ་ཉིད་ཀྱིས་ལམ་སྤྱིའི་གོ་ཡུལ་བློ་ལ་འཆར་བའི་ཆེད་དུ་ཡིན་ནོ། །རྣམ་མཁྱེན་ལ་དབྱེ་ན། ཇི་ལྟ་ཇི་སྙེད་དང་། ཤེས་བྱའི་རྣམ་པ་མ་ལུས་པ་མཁྱེན་པའི་རྣམ་མཁྱེན་དང་། རྒྱུ་འབྲས་གཙོ་བོའི་དོན་བཅུ་མངོན་སུམ་དུ་རྟོགས་པའི་རྣམ་
མཁྱེན་གཉིས། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ནའོ། །ལམ་ཤེས་ཀྱི་དབྱེ་བ་ལ་རྟོགས་རིགས་ཀྱི་སྒོ་ནས་གསུམ་དང་། རྒྱུ་ལམ་ཤེས། འབྲས་བུ་ལམ་ཤེས། དམན་ལམ་སྔོན་དུ་སོང་མ་སོང་གི་དབྱེ་བ་དུ་མ་ཡོད། ས་མཚམས་ཐེག་ཆེན་འཕགས་པ་མཐའ་དག་ལའོ། །གཞི་ཤེས་ལ་འཕགས་པ་གསུམ་གྱི་དབྱེ་བས་གསུམ། མི་མཐུན་ཕྱོགས་དང་མཐུན་ཕྱོགས་ཀྱི་དབྱེ་བ་སོགས་ཡོད། ས་མཚམས་འཕགས་པ་ཐམས་ཅད་ལའོ། །གཉིས་པ་སྦྱོར་བཞི་འཆད་པ་ལ། རྣམ་ཀུན་སོགས་གསུངས། སོ་སོའི་ངོ་བོ་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པར་བྱེད་པའི་ཤེས་རབ་ཀྱིས་ཟིན་པ་སེམས་པའི་མངོན་རྟོགས། རྣམ་ཀུན་མངོན་རྫོགས་རྟོགས་པའི་སྦྱོར་བའི་ངོ་བོ་དང་། སྟོང་ཉིད་དམིགས་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་མཁྱེན་གསུམ་བསྡུས་ཏེ་བསྒོམ་པ། ཐེག་ཆེན་ཚོགས་ལམ་ལས་རབ་ཏུ་གྱུར་པའི་རྣལ་འབྱོར་རྩེ་སྦྱོར་གྱི་ངོ་བོ་དང་། མཁྱེན་གསུམ་གྱི་རྣམ་པ་ལ་བརྟེན་པ་ཐོབ་ཕྱིར་དུ་མཁྱེན་གསུམ་གྱི་རྣམ་པ་རིམ་ཅན་དུ་བསྒོམས་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་པའི་རྣལ་འབྱོར་མཐར་གྱིས་པའི་སྦྱོར་བའི་ངོ་བོ་དང་། རང་གི་ཉེར་ལེན་དུ་གྱུར་པའི་མཐར་གྱིས་སྦྱོར་བའི་སྟོབས་ལས་བྱུང་བའི་སེམས་པའི་རྣལ་འབྱོར་མཐར་ཐུག་སྐད་ཅིག་མ་གཅིག་གིས་
མངོན་པར་རྫོགས་པར་བྱང་ཆུབ་ཀྱི་སྦྱོར་བའི་ངོ་བོ་ཡིན་པའི་ཕྱིར། དབྱེ་ན་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བསྒོམས་པའི་སེམས་པའི་རྣལ་འབྱོར་བརྒྱ་དོན་གསུམ་ཡོད། གཉིས་པའི་ས་མཚམས། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དང་། རྒྱས་པར་དབྱེ་ན་བརྒྱ་དོན་གསུམ། བསྡུ་ན་བཞི་ཡོད། གསུམ་པའི་ས་མཚམས། ཐེག་ཆེན་ཚོགས་ལམ་ནས་རྒྱུན་མཐའི་སྔ་ལོགས་ན་དང་། དབྱེ་ན་བཅུ་གསུམ། བཞི་པའི་ས་མཚམས་རྒྱུན་མཐའ་ཁོ་ན་དང་། དབྱེ་ན་བཞི་ཡོད་དོ། །གསུམ་པ་ཆོས་སྐུ་འཆད་པ་ལ། ཆོས་སྐུ་དང་། ཞེས་པས། འབྲས་བུ་ཆོས་སྐུའི་ངོ་བོ་ཡོད་དེ། རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་མཁྱེན་གསུམ་གྱི་རྣམ་པ་བསྒོམ་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་མཐར་ཐུག་པ་དེ་ཡིན་པའི་ཕྱིར། དབྱེ་ན་བཞི། ས་མཚམས་སངས་རྒྱས་ཀྱི་སའོ། །དེ་རྣམས་ཀྱི་གྲངས་བསྡུ་བ་ལ། དེ་རྣམ་བརྒྱད། ཅེས་གསུངས་སོ། ༈ །རྡོ་རྗེ་འཛིན་པ་གྲགས་རྒྱལ་གྱིས། ཚེ་འདི་ལ་སོགས་ཀྱིས། རྣམ་བཅད་ལ་བཟློག་ཕྱོགས་བཞི་དངོས་སུ་བསྟན་ནས། ཡོངས་གཅོད་ལ་བསྒྲུབ་ཕྱོགས་གཉེན་པོ་བཞི་ཤུགས་ཀྱིས་བསྟན་ཏོ། ༈ །འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་ཆོས་དང་། སྐྱེས་བུ་དམ་པ་ལ་བརྟེན་པའི་སྡིག་པ་
ཤིན་ཏུ་མི་བཟད་པས་ཕྱོགས་འཛིན་གྱི་སྡང་ཞུགས་དོར་ནས་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ་ཞེས་ཆོས་ཀྱི་རྒྱལ་མཚན་གསོལ་བ་འདེབས་སོ། །ཞེས་སྣང་། ༈ །སྒྱུ་ལུས་འོད་གསལ་གཉིས་འདུས་པ། འཕོ་བ་གྲོང་འཇུག་གཉིས་གདན་བཞི་དང་ཁ་སྦྱོར། གཏུམ་མོ་དགྱེས་རྡོར་ལ་བརྟེན་ནོ། ༈ །གྲུབ་ཐོབ་མི་ཏྲ་ཛོ་ཀིའི་གདམས་པ་སྙིང་པོ་དོན་གསུམ་ལ། ཚེ་འདིའི་ཉམས་ལེན་བསྐྱེད་རྫོགས། འཆི་བའི་ཉམས་ལེན་འཕོ་བ། བར་དོའི་ཉམས་ལེན་ཏེ་གསུམ་དུ་བསྡུས་སོ། །ནམ་མཁའ་སྒོ་འབྱེད་ཀྱི་དབང་ལ། དབུས་སུ་མ་དཀར་པོ། གཅིག སངས་རྒྱས་རིགས། ཕྱོགས་བཞིར་རིགས་བཞི། མདུན་ནས་གཡས་སྐོར། ལུས་ལ་རུས་རྒྱན། ངག་ལ་ཌཱ་མ་རུ། ཡིད་གཏད་མེད་རྐང་གླིང་། ངག་ལ་གསུང་སྐད་ཕཊ་ཀྱིས་དབང་བསྐུར། བཟླས་ལུང་བྱ། ནམ་མཁའ་རྣམ་པར་ལྟ་བའི་ཏིང་འཛིན་སེམས་ལ་ཆོས་ཉིད་དོན་གྱི་དབང་བསྐུར་བ་ནི། སློབ་མའི་རྩ་གསུམ་འཁོར་ལོ་བཞི་གསལ་གདབ། རྐང་འོག་གི་རྣམ་ཤེས་ཐིག་ལེ་དཀར་པོ། སྤྱི་བོའི་སྟེང་མཁར་ཡུམ་ཆེན་མོ་དམིགས། རིགས་ཀྱི་བུ་ཡར་ཤོག་ཅེས་གསུངས་པས། ཌ་མ་རུ་དཀྲོལ། དཔོན་སློབ་གཉིས་ཀས་ཕཊ་ཅེས་བརྗོད་ལ་འཁོར་ལོ་བཞི་རིམ་པར་སྤར། མཐར་ནམ་མཁའ་དང་འདྲེས་ཏེ་རང་སེམས་
བདེན་སྟོང་ནམ་མཁའ་དང་རོ་གཅིག་པར་བསམས་ལ་མཉམ་པར་བཞག །དེ་ལས་ལངས་པའི་ཚེ་གཏོར་མ་མགོར་བཞག་ལ་བཀའ་བསྒོ་བྱའོ། ༈ །སྟག་ལོའི་རྩོད་པར། གང་དག་དཔལ་ལྡན་ཟླ་བའི་རྗེས་འབྲངས་ནས། །མ་དག་འཁྲུལ་པའི་སྣང་བ་ཚད་གྲུབ་ཏུ། །རིགས་པ་དུ་མས་དཔྱད་ནས་ཁས་ལེན་པ། །འདི་ལ་འགལ་བའི་ཁུར་ཆེན་འདི་ལྟར་ཡོད། ༡ །འཕགས་མཆོག་ཀླུ་སྒྲུབ་ཟླ་བའི་རྗེས་འབྲངས་ནས། །གཞི་ཡི་བདེན་གཉིས་ལམ་མཆོག་ཐབས་ཤེས་ཟུང་། །འབྲས་བུ་སྐུ་གཉིས་མེད་ཅེས་ཁས་ལེན་པ། །འདི་ལ་འགལ་པའི་ཁུར་ཆེན་བརྒྱ་ཕྲག་འབབས། ༈ །ཡུལ་ཀུན་བརྫུན་དང་ཡུལ་ཅན་བསླུ་མེད་འགལ། ༡ །རྗེ་བཙུན་བླ་མ་བཞེད་པ་མ་ཡིན་པའི། །ཡུལ་ཅན་བསླུ་མེད་འདོད་ཅེས་སྨྲ་བ་ཡང་། །ལོག་རྟོག་སེར་བུས་བརྫུན་པའི་སྐྲུན་འཕྱར་ཏེ། །འབྲས་མེད་རང་གི་དེ་ཉིད་སྟོན་པར་ཟད། ༈ །ཡུལ་དེར་འཁྲུལ་དང་དེ་ལ་ཚད་མ་འགལ། ༢ །སོ་སྐྱེའི་དབང་ཤེས་འཁྲུལ་དང་གཡོ་མེད་ཀྱིས། །དབང་ཤེས་གཟུགས་སོགས་རྣམ་པར་འཇོག་པ་ཡིས། །ཚད་མར་གསུངས་ལ་འགལ་ཁུར་ཡོད་ཅེས་པ། །འཇུག་པར་གནོད་པ་མེད་པའི་དབང་པོ་ཡིས། །གཟུང་འཛིན་འཇིག་རྟེན་གྱིས་རྟོགས་གསུངས་པ་དང་། །ཚིག་དོན་གསལ་བར་ཚད་མ་གཞལ་བྱ་གཉིས། །སྤྱི་
ཕན་ཚུན་བལྟོས་ནས་འཇོག་པར་གསུངས་བའི་ཕྱིར། །འཇིགས་བྲལ་ཟླ་བའི་ཞབས་ལའང་ཁུར་བོར་ཅིག ༈ །རྗེས་དཔག་ཡོད་དང་སྒྲུབ་ངག་མེད་པ་འགལ། ༣ །ཐལ་འགྱུར་ལུགས་ལ་རྗེས་དཔག་སྒྲུབ་ངག་དག །ཡོད་མེད་འགལ་བར་སྨྲ་ན་རང་ཉིད་ཀྱིས། །མ་ངེས་སྐྱོན་ཡིན་ཟླ་བས་ཚིག་གསལ་དུ། །སྒྲུབ་ངག་ཡན་ལག་ལྔ་ལྡན་གསུངས་ཕྱིར་རོ། ༈ །མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་འགལ། ༤ །མཐུན་སྣང་མེད་དང་ཆོས་ཅན་ཚད་གྲུབ་གཉིས། །མི་ཤེས་འགལ་སེམས་མཁས་ལ་འགལ་མིན་ཏེ། །གཟུགས་སོགས་རང་བཞིན་ཡོད་མེད་རྩོད་པའི་ཚེ། །ཆོས་ཅན་མཐུན་སྣང་མེད་ཅེས་ཟླ་བས་གསུངས། །རྟེན་འབྲེལ་རྟགས་ཀྱིས་མྱུ་གུ་བདེན་མེད་དུ། །བསྒྲུབས་པའི་ཚུལ་གསུངས་ཚད་མས་གྲུབ་པ་ནི། །ཀླུ་སྒྲུབ་ཟླ་བའི་ཞབས་ཀྱི་རྗེས་འབྲངས་པའི། །ལུང་རིགས་སྨྲ་བའི་མཁས་རྣམས་བཞེད་པ་ཡིན། །ཅེས་སོ། ༈ །ཕྱི་དོན་ཚད་གྲུབ་རྡུལ་ཕྲན་ཆ་བཅས་འགལ། ༡ །ཕྱི་དོན་རྡུལ་ཕྲན་ཆ་བཅས་འགལ་ཅེས་པ། །མྱོས་ཆུས་རང་དབང་འཕྲོགས་འདྲའི་གཏམ་ཡིན་ཏེ། །དབུ་མ་འཇུག་པར་སེམས་ཙམ་འགོག་པའི་སྐབས། །ཕྱི་དོན་ལན་གཅིག་མིན་པར་གསུངས་ཕྱིར་དང་། ཆོས་རྣམས་ཆ་དང་བཅས་པས་ཁྱབ་པའི་ཕྱིར། །བྱེ་མདོ་བཞིན་དུ་ཕྱི་དོན་འདོད་མཚུངས་
པས། །དེ་ཉིད་རྩོམ་རྒྱུ་རྡུལ་ཕྲན་ཆ་མེད་ཀྱང་། །དེ་དག་བཞིན་དུ་ངེས་པར་འདོད་དགོས་ན། །བདེན་པ་གཉིས་ཀྱང་འདོད་པར་མཚུངས་པའི་ཕྱིར། །བདེན་པ་གཉིས་ཀྱང་དེ་ལྟར་འདོད་པར་གྱིས། །ཞེས་སོ། ༈ །རིགས་དྲུག་ཚད་མ་གདོས་བཅས་ཚད་གྲུབ་འགལ། །རིགས་དྲུག་བཅུད་དང་རི་གླིང་གདོས་བཅས་སྣོད། །ཚད་མ་ཚད་གྲུབ་བཞེད་མོད་ཡང་དང་ཡང་། །འགལ་ཅེས་གཞན་ངོར་གྲངས་ཙམ་འདྲེན་པ་ཡིས། །རྨོངས་པ་མགུ་བྱེད་མཁས་པའི་བཞད་གད་གནས། །རྣམ་པ་སྣ་ཚོགས་ལས་ཀྱིས་བསྐྱེད་པ་ཡི། །འགྲོ་རྣམས་སོ་སོའི་རྒྱུད་ཀྱི་ཚད་མ་དང་། །དེ་དག་ཡུལ་ཀུན་ཐམས་ཅད་མཁྱེན་པ་ཡིས། །ཇི་བཞིན་གཟིགས་ཕྱིར་བསམ་མི་ཁྱབ་ཅེས་གསུངས། ༈ །སྐྲ་ཤད་མེད་དང་ཀླུང་རྣག་ཡོད་པ་འགལ། - ༈ །རྫས་གྲུབ་མེད་དང་དངོས་པོ་ཡོད་པ་འགལ། །གཞན་སྐྱེ་མེད་དང་ས་སྨྱུག་རྫས་གཞན་འགལ། ༈ །བདེན་རྫུན་མེད་དང་ཡང་ལོག་ཡོད་པ་འགལ། ༈ །ཡན་ལག་ལ་དཔྱད་བུམ་པ་མི་རྙེད་དང་། །སྐད་ཅིག་ལ་དཔྱད་ཞིག་པ་རྙེད་པ་འགལ། ༈ །རང་རྒྱུད་སྨྲ་བས་རང་བཞིན་སྨྲས་པ་དང་། ། རང་བཞིན་མེད་བློ་དེ་ངོར་གྲུབ་པ་འགལ། ༈ །ཉོན་མོངས་ཅན་མིན་མ་རིག ་ཡོད་པ་དང་། །ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་འགལ། ༈ །གཞུང་
གཞན་ནས་ཀྱང་ཀུན་གཞི་ རང་རིག ་སོགས། །འགོག་ན་དེ་དག་རང་ལུགས་མི་འདོད་དང་། །སྡེ་བདུན་ནས་གསུངས་ཚད་མ་མི་འདོད་ཀྱང་། །རང་ལུགས་ཚད་མའི་རྣམ་གཞག་ཤེས་པ་འགལ། ༈ །མི་རྟག་སོགས་རྟོགས་རྣལ་འབྱོར་མངོན་སུམ་དང་། །དེ་ཡིས་སྦྱོར་ལམ་རྟོགས་པར་མི་སློབ་འགལ། ༈ །གཞན་སེམས་ཤེས་པ་ཡིད་མངོན་ཤེས་པ་དང་། །བདེན་བཞི་ཤེས་པ་རྣལ་འབྱོར་མངོན་སུམ་འགལ། ༈ །ཀུན་མཁྱེན་ཡེ་ཤེས་ཆོས་ཀུན་འཇལ་བ་དང་། །ཤེས་བྱ་ཕྱེད་ལ་ཚད་མ་མིན་པ་འགལ། ༈ །རྫས་ཡོད་བདག་སྨྲ་གནས་མ་བུར་ངེས་དང་། །རྣམ་ཤེས་བདག་སྨྲའི་དབུ་སེམས་ཡོད་པར་འགལ། །ཅེས་སོ། ༈ །རྗེ་བླ་མ་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལྟར། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད། དོན་དམ་པར་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། ཀུན་རྫོབ་སྒྱུ་མ་རྨི་ལམ་ཆུ་ཟླ་ལྟ་བུར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ཤིང་། གཟིགས་པ་ལྟར་ཡོད་པར་ཞལ་གྱིས་བཞེས་སོ། ༈ །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཀྱི་ཆར་མྱུར་དུ་འབེབས་བྱེད་བསྟོད་སྤྲིན་གྱི་སྒྲ་དབྱངས། །མཐའ་བྲལ་ལྟ་བས་ཆོས་ཀུན་སྟོང་པར་གཟིགས། །ཡང་དག་རིག་
པས་རྒོལ་ངན་དྲེགས་པ་འཇོམས། །དམིགས་མེད་ཐུགས་རྗེས་འགྲོ་ལ་བུ་ལྟར་བརྩེ། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ལ་ཕྱག་འཚལ། །རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །རྣམ་མང་རྒྱལ་པའི་གསུང་རབ་ཇི་སྙེད་ལ། །རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །གནས་གསུམ་གཞལ་བྱའི་དེ་ཉིད་མ་ལུས་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབ་པའི་དོན། །སྒྲུབ་དང་སུན་འབྱིན་ངག་གིས་འདོམས་མཛད་པ། །རིག་པའི་དབང་ཕྱུག་གཉིས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང་། །འབུམ་ཕྲག་འདུལ་བའི་གཞུང་གི་གདེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུས་གཙུག་ན་མཛེས། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཅེས་པ་འདི་ནི་རིགས་རུས་ཕུན་སུམ་མཚོགས་པའི་མངའ་བདག་གྲགས་པ་རྒྱལ་མཚན་པས་བསྐུལ་བའི་དོན་དུ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །ས་སྟེང་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས། །གནས་ལྔ་མངོན་དུ་གྱུར་པའི་པཎྜི་ཏ། །གངས་ཅན་འགྲོ་བའི་སྐྱབས་གཅིག་ས་སྐྱ་པ། །ཞེས་སོགས་དང་། །འཇམ་མགོན་བློ་བཟང་གྲགས་པའི་ཞལ་ནས། ཁྱད་པར་དུ་
རྒྱལ་བ་སྲས་དང་བཅས་པའི་དགོངས་པའི་གནད་འདྲིལ་པའི་མན་ངག་འཕགས་པ་ལག་ན་རྡོ་རྗེའི་གསང་ཚིག །ཞུས་ལན་སྨན་མཆོག་བདུད་རྩིའི་ཕྲེང་བ་གསང་བདག་གི་ཞལ་སྔ་ནས་ཇི་ལྟར་གནང་བ་བཞིན་ལྷག་ཆད་ནོར་གསུམ་དང་བྲལ་བ་ཡི་གེར་བཀོད་པ་གནང་བ་འཕྲོད་པ་ན། གསང་བདག་གསུང་གི་བདུད་རྩི་ཡིས། །ཡིད་ཀྱི་རེ་བ་རྫོགས་པར་བྱས། །ཉོན་མོངས་ནད་ལས་རྒྱལ་བར་འགྱུར། །ལྕང་ལོ་ཅན་དུ་ཕྱིན་པ་སྙམ། །ཞེས་སོགས་ཆེད་དུ་བརྗོད། ༈ །དལ་འབྱོར་རྙེད་དཀའ། རྙེད་ན་དོན་ཆེ་བ། དེའང་མྱུར་དུ་འཇིག་པའི་ཚུལ་ཆེས་ཆེར་བསམ་པ་ནི། །དང་པོ་སྒྲུབ་པའི་སྐུལ་མ། བར་དུ་སྒྲུབ་པ་མི་ཉམས་པའི་རྒྱུ། ཐ་མ་སྒྲུབ་པ་མཐར་ཕྱིན་པར་བྱེད་པ་ཡིན་པས་གནད་ཤིན་ཏུ་ཆེ་བ་ཡིན། ཅེས་སོ། ༈ །རྟེན་འབྱུང་རྒྱུ་འབྲས་མི་བསླུ་བའི་ངེས་པ་རྙེད་པས་ཆད་ལྟ་འགོག་ཅིང་། མཚན་མར་འཛིན་པའི་དམིགས་གཏད་རྡུལ་ཙམ་ཡང་མ་གྲུབ་པའི་རང་བཞིན་མེད་པའི་སྟོང་ཉིད་ལ་ངེས་པ་རྙེད་པས་རྟག་མཐའ་ལས་གྲོལ་བའི་ཕྱིར་རོ། །དེས་ན་ངོ་བོ་ཉིད་ཀྱིས་སྟོང་བཞིན་དུ་རྒྱུ་འབྲས་མི་བསླུ་བའི་ངེས་པ་རྙེད་པའི་ལྟ་བ་ནི་རྟག་ཆད་གཉིས་ཀའི་གོལ་ས་ཆོད་པ་ཡིན་པས་རྨད་དུ་བྱུང་བའི་གོ་བ་ཡིན་ནོ། །ཐོག་མར་ལྟ་བ་བཙལ་བའི་དགོས་པའང་ངེས་པའི་དོན་བསྒོམ་པའི་དོན་དུ་ཡིན་ལ།
དེ་ཡང་བདག་འཛིན་ལྡོག་པའི་ཆེད་ཡིན་པས་བསྒོམ་པའི་དུས་སུ་ཡང་བདག་ཏུ་འཛིན་པ་གཉིས་ཀྱི་ཡུལ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ལེགས་པར་དཔྱད་པས་བདག་གཉིས་ཀྱི་མཚན་མ་ཅིར་ཡང་མ་གྲུབ་པའི་ངེས་པ་རྙེད་པའི་ཚེ་ལྟ་ཐོག་དེར་བཞག་ནས་ངེས་པའི་རྒྱུན་སྐྱོང་དགོས་ཀྱི་ལྟ་བའི་ངེས་པ་དོར་བའི་ཞི་གནས་ཙམ་བསྐྱངས་ཀྱང་འཁོར་བའི་རྩ་བ་བདག་འཛིན་ལ་ཅི་ཡང་མི་གནོད་དོ། །དོན་གྱི་དབང་གིས་འདི་གཟིགས་ནས། རིག་པའི་དབང་ཕྱུག་གིས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤང་བར་ནི་ནུས་མ་ཡིན། །ཅེས་དང་། འཕགས་པ་ལྷས་ཀྱང་། ཡུལ་ལ་བདག་མེད་མཐོང་བ་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་ལ། ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །སོ་སོར་དེ་རྟོགས་གལ་ཏེ་བསྒོམས་པ་ནི། །འབྲས་བུ་མྱང་འདས་ཐོབ་པའི་རྒྱུ་དེ་ཡིན། རྒྱུ་གཞན་གང་ཡིན་དེར་ནི་ཞི་མི་འགྱུར། །ཞེས་རྗེས་སུ་འགྲོ་ལྡོག་གཉིས་ཀ་ངེས་པའི་སྒོ་ནས་བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཐར་པའི་སྒོ་དམ་པར་གསུངས་སོ། །གནས་ལུགས་སྒྲ་དང་རྟོགས་པའི་ཡུལ་མིན་པར་གསུངས་པ། དཔེར་ན་བུ་རམ་གྱི་རོ་འདི་འདྲ་ཞིག་ཡོད་ཅེས་བཤད་ཀྱང་ལྕེས་མྱོང་བ་ཇི་བཞིན་པར་ཚིག་ལ་བརྟེན་ནས་
གོ་མི་ནུས་པ་བཞིན་དུ་འཕགས་པའི་མཉམ་གཞག་གིས་ཐུགས་སུ་ཆུད་པ་ཇི་བཞིན་པ་སྟོང་ཉིད་སྟོན་པའི་ཚིག་གིས་མཚོན་མི་ནུས་པ་ལ་བཞེད་མཆི་པས་དེ་ལྟར་ན་ལེགས་སོ། །འོན་ཀྱང་སྒྲ་རྟོག་གི་ཡུལ་གཏན་མི་རུང་བ་བྱར་མི་རུང་སྟེ། གཞན་དུ་ཚོགས་སྦྱོར་བའི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པར་གསུངས་པ་མི་འཐད་པར་འགྱུར་ཞིང་། གོ་བར་མི་ནུས་པའི་དོན་ལ་འདིའི་དོན་ཡིན་ཅེས་རྟོག་ལྡན་སློབ་མ་ལ་འཆད་པར་ཡང་མི་རིགས་ཏེ། ཅི་ཙམ་བཤད་ཀྱང་གོ་མི་ནུས་པའི་ཕྱིར་རོ། །ཞེས་གསུངས་སོ།། ༈ །།པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ་ལས། འགལ་བྱེད་ཀྱི་ལོ་དེ་ཁའི་ནང་དུ་དགོས་པའི་དབང་གིས་གསང་བའི་སློབ་དཔོན་ཞིག་ལ། རྙིང་ལུགས། གཤེད་དམར། ཚེ་བདག །བཀའ་བརྒྱད་གསང་བ་ཡོངས་རྫོགས་དང་། བདེ་འདུས་ཀྱི་དབང་ལུང་སོགས་རྙིང་མའི་ཆོས་སྐོར་མང་པོ་ཞུས། ཞེས་སྣང་ངོ་། ༈ །བོད་འདྲེ་སྲིན་གདུལ་དཀའ་འདུལ་མཛད་པའི། །དཔལ་མཐུ་སྟོབས་དབང་ཕྱུག་པདྨ་འབྱུང་། །མགོན་ཁྱོད་ཀྱི་ཡེ་ཤེས་སྒྱུ་མའི་འཕྲུལ། །ཐུགས་བརྩེ་བས་གཟིགས་ཤིག་ཨ་ཏི་ཤ །ཞེས་དང་། ༈ །དུས་དེར་བསྙེན་རྫོགས་སྒྲུབ་མི་བརྒྱ་ཕྲག་ཏུ་ཉེར་བར་བྱུང་བས། དུ་མ་མཁན་པོ་གཅིག་པ་གསུམ་པ་མན་ཆད་གཅིག་གིས་གཅིག་བསྙེན་
པར་རྫོགས་པར་བྱར་རུང་ངོ་། །ཞེས་མདོ་རྩ་ལས་གསུངས་པ་བཞིན། ཁང་པ་ལྷོ་བྱང་གཉིས་སུ་དཀྱིལ་འཁོར་པ་སོ་སོར་བཅད་པའི་མཚམས་སུ་འདུག་སྟེ། དུ་མ་མཁན་པོ་གཅིག་པའི་ཚོགས་བསྙེན་པར་རྫོགས་པ་སྒྲུབ་དགོས་པ་འགའ་ཞིག་བྱུང་། ཞེས་སོ། ༈ །གསང་སྔགས་རྙིང་མའི་གདམས་པ་བདུད་རྩིའི་ཆུས། །སྐལ་བཟང་བྱས་པ་གྲུབ་བའི་ཡ་མཚན་གྱིས། །སྣང་སྲིད་ཟིལ་གནོན་དམ་ཅན་བྲན་དུ་ཁོལ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། ༈ །ཞིང་མཆོག་བདེ་བ་ཅན་གྱི་འདྲེན་པ་མཆོག །སྣང་བ་མཐའ་ཡས་ཡེ་ཤེས་ཟློས་གར་ལས། །མཚོ་ལས་སྐྱེས་པའི་རྡོ་རྗེའི་སྤྲུལ་པའི་སྐུ། །བསྟན་པའི་ཉི་མ་མཆོག་ལ་གསོལ་བ་འདེབས། །དེ་ཉིད་ཐུགས་རྗེ་ཆེན་པོའི་རྣམ་རོལ་ནི། །བློ་བཟང་ཆོས་ཀྱི་རྒྱལ་མཚན་འཛིན་པའི་དཔལ། །ཞེས་གསུངས། ༈ །དབེན་ས་བཀའ་བརྒྱུད་ཅེས་གྲགས་པ་ནི། ཐུན་མོང་གི་བརྒྱུད་པ་ཟབ་མོ་ལྟ་བ། རྒྱ་ཆེན་སྤྱོད་པ། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་ལྡན་དཔལ་ལྡན་ཨ་ཏི་ཤ་ནས་རིམ་པར་བརྒྱུད་པའི་ཚུལ་སྤྱི་དང་། ཐུན་མོང་མ་ཡིན་པ་ནི། དེ་དག་གི་སྙིང་པོའི་ཉེ་བརྒྱུད་ནི་རྗེ་བཙུན་འཇམ་དབྱངསནས་བླ་མ་དབུ་མ་པ་དང་། དེས་རྗེ་བླ་མ་ལ་གནང་། ཐུན་མོང་མ་ཡིན་པ་རྗེ་བཙུན་འཇམ་པའི་
དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ་མངོན་སུམ་དུ་གནང་། དེ་དག་ལས་རགས་རིམ་ཞིག་མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་གནང་། ཡོངས་སུ་རྫོགས་པ་སྤྲུལ་པའི་གླེགས་བམ་དང་བཅས་པ། ཙོང་ཁའི་ཡུལ་དུ་འཁྲུངས་པ་འཁོར་དག་པ་རྣམ་བརྒྱད་ཀྱི་ནང་ཚན་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ཞེས་འཇམ་དཔལ་གྱིས་རྗེས་སུ་བཟུང་ཞིང་། རྗེས་ཀྱང་ཞལ་གཟིགས་ཚད་མར་མཛད་པ་དེ་ལ་གནང་། དེ་གཉིས་ཀས་ལུང་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཁས་གྲུབ་རྗེའི་གཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གནང་། དེས་ཀྱང་སྣོད་ལྡན་གསུམ་མ་གཏོགས་པ་གཞན་སུ་ལའང་མ་གནང་ཞིང་། བཀའ་རྒྱ་དམ་པར་མཛད། གསུམ་པོའི་ནང་ཚན་གྲུབ་ཆེན་དྷརྨ་བཛྲ་ནི། ཤར་ཕྱོགས་ཙོང་ཁ་པ་དང་ཁད་ཉེ་བ་ན། ཀུན་དགའ་རྒྱལ་པོ་དང་དཔལ་འཛོམ་ཞེས་བྱ་བའི་སྲས་སུ་རྟ་ནག་རྡོ་རྗེ་གདན་དུ་འཁྲུངས། དགུང་ལོ་བཅུ་གཅིག་པར་དགེ་ལྡན་དུ་ཕེབས། བ་སོ་ཆོས་རྗེ་ལོ་ལྔའི་བར་བསྟེན་ནས་དབང་གདམས་སྤྱི་དང་སྙན་བརྒྱུད་ཞལ་ཤེས་དང་བཅས་པ་གནང་། སླར་དབུ་ཕར་སོགས་ལ་སྦྱངས་པ་མཛད་ཅིང་རྟེན་དགེ་སློང་དུ་བསྒྲུབས་ནས་གངས་ཁྲོད་རི་སུལ་ངེས་མེད་དུ་སྒྲུབ་པའི་རྒྱལ་མཚན་བཙུགས། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས་ཞལ་གཟིགས། སྙན་བརྒྱུད་ཀྱི་གདམས་པ་གནང་། །
མཐར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་ནས་སྐུ་ཚེའི་རིག་འཛིན་ཐོབ་པས་ནམ་མཁའ་ཇི་སྲིད་བར་དུ་དབེན་གནས་པདྨ་ཅན་དུ་བཞུགས་ཞེས་རྣམ་ཐར་ལས་འབྱུང་ངོ་། །དེའི་སློབ་མ་ནི་རྒྱལ་བ་བློ་བཟང་དོན་གྲུབ་སྟེ། དེའང་གཡས་རུ་གཙང་འགྲམ་དགེ་རྒྱས་བྱེ་མ་གླིང་གི་གཙུག་ལག་ཁང་གི་འདབས་རོལ་ཏུ་མདངས་ཀྱི་རྒྱུད་ལས་སྔ་འགྱུར་གྱི་གྲུབ་རིགས། བཀའ་བརྒྱུད་ཀྱི་རས་ཆེན་དཔལ་འབྱོར་བཟང་པོ་སོགས་ཀྱི་རྒྱུད་ལས་འཁྲུངས། ཆོས་འཁོར་དབུས་ལྡིང་གི་དགོན་པར་རབ་ཏུ་བྱུང་། ཡོངས་འཛིན་དུ་མ་བསྙེན། ཁྱད་པར་རྗེ་བཙུན་སྐྱབས་མཆོག་པ་དང་། གྲུབ་ཆེན་ཆོས་རྡོར་བ་གཉིས་བཀའ་དྲིན་ཆེ་བའི་བླ་མར་མཛད། ཕྱི་མ་ལས་དགུང་ལོ་བཅུ་བདུན་པར་མཇལ་ཞིང་། འགར་མོ་ཆོས་རྫོང་དུ་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཐམས་ཅད་གསན། ཆོས་བརྒྱད་ཀྱི་སྤྲོས་པ་བཅད་དེ་ཟབ་ལམ་སྙིང་པོའི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བས་ཏིང་ངེ་འཛིན་གྱི་ཕ་མཐར་སོན། མཁས་དང་གྲུབ་པའི་ཕ་རོལ་དུ་གཤེགས་ཏེ། ཉིད་ཀྱིས། འཇམ་པའི་དབྱངས་ཀྱི་སྲས་ཀྱི་ཐུ་བོ་མཆོག །བློ་བཟང་གྲགས་པ་ཞེས་པའི་བླ་མ་དེའི། །གསུང་གི་སྙིང་པོའི་སྙན་བརྒྱུད་འཛིན་པ་ནི། །དེང་སང་དུས་ན་ཁོ་བོ་ཙམ་དུ་བས། །ཞེས་སོགས་གསུངས། ཕྱིས་དགེ་འདུན་རྒྱ་མཚོར་བསྙེན་
རྫོགས་བཞེས། བཀྲས་ལྷུན་ཀུན་མཁྱེན་ལེགས་དོན་པའང་ཐུགས་ཡིད་གཅིག་འདྲེས་སུ་གྱུར། མཐར་གཟུགས་སྐུ་ཐིམ་པའི་ཚེའང་རྟགས་མཚན་ཁྱད་བར་ཅན་བྱུང་། དེའི་སློབ་མ་ནི་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཏེ། གཡག་སྡེ་པཎ་ཆེན་སོགས་དམ་པ་དུ་མའི་རྒྱུད་ལས་ཡབ་རྣལ་འབྱོར་དབང་ཕྱག་བླ་མ་རིན་ཆེན་དང་། ཡུམ་ཆོས་བསྟན་ཅེས་བྱ་བའི་སྲས་སུ་འཁྲུངས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཡོན་ཏན་བཟང་པོ་ལས་རབ་ཏུ་བྱུང་། བཅོ་ལྔ་པར་བཀྲ་ཤིས་ལྷུན་པོར་ཕེབས་ནས་མཚན་ཉིད་ལ་ཞུགས། སླར་རྟ་ནག་དགེ་འདུན་བློ་བཟང་སོགས་ལ་དབུ་ཚད་གཉིས་གསན། ཕར་ཕྱིན་འདུལ་མཛོད་སོགས་མཐར་ཕྱིན་པར་སྦྱངས་ནས་དཔལ་འཁོར་བདེ་ཆེན་དུ་གྲྭ་སྐོར་མཛད། དགེ་ལྡན་དུ་རྒྱུད་ལ་སྦྱངས། མཐར་དབེན་དགོན་དུ་བློ་བཟང་དོན་གྲུབ་ལས་སྙན་བརྒྱུད་ཀྱི་གདམས་པ་མཐའ་དག་གསན་ཅིང་ཉམས་ལེན་ལ་གཞོལ། དེ་ཉིད་ལའང་བསྙེན་པར་རྫོགས། ཕྱིས་མཁས་དང་གྲུབ་པའི་འུར་ལངས་ནས་དབུས་གཙང་ནས་བུ་སློབ་ཀྱང་མང་དུ་འདུས། རེ་བདུན་པར་ངོ་མཚར་བའི་ལྟས་དང་བཅས་ཏེ་མྱ་ངན་ལས་འདས། དེའི་སློབ་མའི་གཙོ་བོ་ནི། དབེན་ས་བློ་བཟང་དོན་གྲུབ་ཀྱི་སྐུ་སྐྱེ་པཎ་ཆེན་བློ་བཟང་ཆོས་རྒྱན་ཏེ། འདི་ནི་སྦའི་རིགས་ལས་གཙང་རོང་མཚམས་ལྷན་གྱི་
ནང་ཚན་དྲུག་བརྒྱ་ཞེས་པར་ཡབ་འཚོ་བྱེད་ཀུན་དགའ་འོད་ཟེར་དང་། ཡུམ་མཚོ་རྒྱལ་ཞེས་བྱ་བའི་སྲས་སུ་འཁྲུངས། ཆུང་ངུ་ནས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ། དགུང་ལོ་ལྔ་ནས་བཟུང་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལས་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུ་གསན་བཞེས་གྲུབ་ནས་བཀྲས་ལྷུན་དུ་ཕེབས། གཞན་ཡང་ཡོངས་འཛིན་དུ་མ་ལས་ཆོས་མང་དུ་གསན། གསང་འདུས་དང་དུས་འཁོར་གྱི་རྒྱུད་བཤད་སོགས་དང་། མདོ་ཕྱོགས་ཀྱི་པོད་ཆེན་རྣམས་ལ་གསན་བསམ་མཐར་ཕྱིན་པར་མཛད། བར་སྐབས་སུ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པའི་བསྙེན་སྒྲུབ་མཛད་པས་གྲུབ་པའི་ཕ་རོལ་ཏུ་སོན་ཅིང་གངས་ཅན་ཆོས་འཕེལ་གྱི་མཁན་པོ་མཛད། ཕྱིས་བཀྲ་ཤིས་ལྷུན་པོའི་མཁན་པོ་མཛད། སེར་འབྲས་གཉིས་ཀའི་ཞལ་བདག་ཀྱང་གནང་། དགུང་ལོ་བརྒྱ་ཕྲག་ཐལ་བར་བཞུགས་ཤིང་། གཞན་ཡང་ཡོངས་འཛིན་དུ་མ་ལས་ཆོས་མང་དུ་གསན། གསང་འདུས་དང་དུས་འཁོར་གྱི་རྒྱུད་བཤད་སོགས་ཕྲིན་ལས་དང་འགྲོ་དོན་ནམ་མཁའ་མཉམ་པར་བྱུང་ཞིང་། ཕྱིས་ཀྱི་དགེ་ལྡན་པའི་བསྟན་འཛིན་ཆེ་བ་ཞིག་གོ ༈ །ཡང་པཎ་ཆེན་དགེ་འདུན་གྲུབ་པ་ནི། གཙང་རུ་ལག་གི་ས་ཡི་ཆར། །དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག་གུར་མིའི་རུ་བར་ལྕགས་ལུག་ལོ་ལ་ཡབ་
མགོན་པོ་རྡོ་རྗེ་དང་། ཡུམ་ཇོ་མོ་ནམ་མཁའ་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ལྕགས་ལུག་ལ། མཚན་པདྨ་རྡོ་རྗེར་བཏགས། འཁྲུངས་པའི་ནུབ་རུ་བ་ལ་དགྲ་ཇག་བྱུང་ནས་རིམ་པར་འཁྱར་ནས་མཐར་ལོ་བདུན་པར་སྣར་ཐང་དུ་སླེབས། དེའི་མཁན་རབས་བཅུ་བཞི་པ་སྟོན་པ་སྨན་པའི་རྒྱལ་པོའི་སྤྲུལ་པ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། རྒྱ་བོད་ཀྱི་ཡིག་རིགས་ཐམས་ཅད་ལ་ཤིན་ཏུ་མཁས། དགུང་ལོ་བཅོ་ལྔ་པ་ལ་རབ་བྱུང་དང་། ཉི་ཤུ་པ་ལ་བསྙེན་པར་རྫོགས། དེ་ནས་བཟུང་སྟེ་ཡོངས་འཛིན་དྲུག་ཅུ་ཙམ་བསྟེན། ཁྱད་པར་སྣར་ཐང་གཉེར་འཛིན་ཆེན་པོ་ལས་བཀའ་གདམས་ཀྱི་སྐོར་ཕལ་ཆེར་དང་། ལོ་ཙཱ་བ་སཾ་གྷ་ཤྲཱི་ལས་སྙན་ངག་དང་མངོན་བརྗོད། ཕྱིས་སྒྲ་པ་ཐུགས་རྗེ་དཔལ་ལས་ཀ་ལཱ་པ་དང་། སྡེབ་སྦྱོར་རིན་འབྱུང་། ཨེ་ཝཾ་དུ་ཆོས་མཆོག་གི་སློབ་མ་འཇམ་དབྱངས་རིན་རྒྱལ་བ་ལས་སྐར་རྩིས་སོགས་གསན། སྣར་ཐང་དང་། རྗེ་རིན་པོ་ཆེ། གསང་ཕུལ་སོགས་སུ་ཚད་མ་ལ་ཤིན་ཏུ་མཁས་པར་གྱུར་ཅིང་། མདོར་ན་དབུས་ཕྱོགས་སུ་ལོ་བཅུ་གཉིས་ཙམ་བཞུགས། སླར་གཙང་དུ་ཕེབས། སྤྱིར་དབུས་ཕྱོགས་སུ་དགེ་ལྡན་དང་། གསང་ཕུ་སོགས་དང་། གཙང་དུ་སྣར་ཐང་། ཞྭ་ལུ། གནས་རྙིང་། བོ་དོང་སོགས་གནས་ངེས་མེད་དུ་ཀ་པོད་བཞི་
གཙོ་བོར་གྱུར་པའི་འཆད་ཉན་རྒྱུན་ཆད་མེད་པར་གནང་བས་སློབ་ཚོགས་བསམ་གྱིས་མི་ཁྱབ། དགུང་ལོ་ལྔ་བཅུ་པར་བྱང་ཆེན་དུ་སྐུ་མཚམས་ཡུན་རིང་དུ་བཅད་པས་ལྷག་པའི་ལྷས་རྗེས་སུ་བཟུང་། ང་བདུན་པ་མེ་ཡོས་ལ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་བཏབ་ཅིང་། བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། དཀོན་མཆོག་མཆོད་པ་དང་། དགེ་འདུན་ལ་བསྙེན་བཀུར། གཞུང་ལུགས་ཀྱི་འཆད་ཉན་སོགས་སྐུ་མཆེད་གསུམ་གྱི་རྣམ་ཐར་ལྷུར་བླངས། ཕུ་ཆུ་བས་དཀོན་མཆོག་མཆོད་པ་ལ་ནན་ཏན་མཛད། སྤྱན་སྔ་བས་སྐུ་གསུང་ཐུགས་རྟེན་གཙོ་བོར་མཛད། པོ་ཏོ་བས་འཆད་ཉན་དང་དགེ་འདུན་གྱི་ཞབས་ཏོག་ལ་བརྩོན། འདི་གསུམ་འབྲོམ་གྱི་སློབ་མ། གྱ་བཞི་པ་ཤིང་རྟ་ཧོར་ཟླ་༡༢པའི་ཚེས་བརྒྱད་ལ་མྱ་ངན་ལས་འདས་སོ། །དགུན་ཟླ་འབྲིང་བོའི་ཚེས་བརྒྱད་ཅེས་སྣང་། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཀ་ཚང་བས། འདུལ་བའི་གླེང་འབུམ། མདོ་ཊཱི་ཀ །ཚད་མའི་ཊི་ཀ །རྩ་འཇུག་གི་ཊཱི་ཀ་སོགས་མང་དུ་མཛད། ལེགས་བཤད་པོ་ཏི་བདུན་ཙམ་ཡོད། རྗེ་ཤེས་རབ་སེང་གེ་དང་། རྗེ་བླ་མ་གཉིས་བཀའ་དྲིན་ཆེ་བའི་བླ་མ་གཅིག་ཏུ་མཛད་དོ། །དགུང་ལོ་གྱ་བཞི་པར་ཆུ་སྒོ་ཕྱོགས་སུ་ཕེབས་པའི་ཚེ་གྲིབ་ཀྱིས་སྐུ་སྐེད་བསྙུན་པས་ཕྱག་མཁར་བསྣམས་ཤིང་ན་
བཟའ་གཞན་གྱིས་ཁུར་དགོས་པ་བྱུང་། ༈ །བདེ་བ་ཅན་དུ་སྐྱེ་བ་ལ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་མཚན་བརྗོད་པ་ལས། སྨན་གྱི་བླ་མའི་མཐུ་ཆེ་བར་མདོ་ལས་གསུངས་ཞེས་གསུངས་སོ། ༈ །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བྱང་ཤར་མཚམས་མེ་ཏོག་བཀྲམ་པ་ཞེས་བྱ་བའི་འཇིག་རྟེན་ཁམས་སུ་བཞུགས། མགོན་པོ་ཞལ་བཞི་པ་ཐུན་མོང་མ་ཡིན་པའི་ཆོས་སྐྱོང་དུ་མཛད། རྟ་ནག་སྒྲོལ་མ་བའི་བླ་མ་འཇམ་དབྱངས་བསམ་འགྲུབ་རྡོ་རྗེ་བྱ་བ་ལ་རྟ་མགྲིན་ལྕགས་རལ་ཅན་གྱི་རྗེས་གནང་དང་། རྡོ་རྗེ་ཕུར་པའི་བཀའ་གསན་ཏེ་རྟ་མགྲིན་གྱི་བསྙེན་སྒྲུབ་ཀྱང་མཛད། ཅེས་སོ། །མནལ་ལམ་དུ། ཆོས་ཀྱི་མཐར་ཐུགས་སེམས་བསྐྱེད་ཡིན། །ལྟ་བའི་མཐར་ཐུག་སྟོང་ཉིད་ཡིན། །རྒྱུད་ཀྱི་མཐར་ཐུག་གསང་འདུས་ཡིན། །ཅེས་དང་། ཡེ་ཤེས་རྩེ་མོ་ལ། ངེད་ཁོང་རྣམས་ལ་མ་ཎི་བཀའ་འབུམ་ཞིག་འཆད་ཀྱིན་ཡོད། ཚེ་འདིར་གཞན་ལས་ལུང་ཐོབ་པ་སོགས་མེད་དེ། ཁྱེད་རང་ཡང་ཉོན་ཅིག་གསུངས་ནས་ཉན་ཏེ། དེ་ལྟ་བུའི་གསུང་དེ་ཡང་གནད་ཤིན་ཏུ་ཆེ་བར་ཡོད་དོ། །ཞེས་དང་། གཅིག་གིས་བཀའ་གདམས་གླེགས་བམ་ལ་འདི་ཆོས་མིན་ཟེར་བ་འདུག་པས་ཇི་ལྟར་ལགས་ཞེས་ཞུས་པས། ཆོས་ཡིན་མིན་ཆ་མེད། སེམས་ལ་ཕན་པོ་ཡོད་གསུངས། ཡེ་ཤེས་རྩེ་མོས་ཞུས་
པར། རྗེ་རིན་པོ་ཆེ་ནི། ཕྱི་མ་ལ་སྔར་བདེ་བ་ཅན་དུ་འབྱོན་བཞེད་ཡོད་པ་ལ། ཕྱིས་དགའ་ལྡན་དུ་འབྱོན་བཞེད་ཡོད་པ་ཡིན་ཅེས་མི་ཀུན་གླེང་བར་འདུག་ལགས་ཞུས་པས། རྗེའི་ཞལ་ནས། ཁོ་བོ་ལ་དེ་ལྟ་བུའི་འདོད་པ་ཕུར་ཚུགས་པ་མེད། རྗེ་བཙུན་གྱི་སྐུ་བཞེངས་པ་འདི་ཡང་སེམས་ཅན་ཐམས་ཅད་རྗེ་བཙུན་གྱི་འཁོར་དུ་སྐྱེས་ཏེ་ཐེག་ཆེན་ཆོས་ལ་ལོངས་སྤྱོད་པའི་རྟེན་འབྲེལ་དུ་བསམས་ཏེ་བྱས་ཤིང་། བདེ་བ་ཅན་སོགས་སུ་གདུལ་བྱ་ཡང་དག་པ་འབའ་ཞིག་ཡོད། དེ་བས་མ་དག་པའི་གདུལ་བྱ་རྣམས་འདུལ་བའི་ཕྱིར་དུ་རེ་ཞིག་མ་དག་པའི་ཞིང་འདི་ཀར་སྡོད་འདོད་པ་ཡིན། ཅེས་གསུངས། ༈ །རྗེ་རང་གི་གསུང་ལས། སྤྱིར་རྗེ་བཙུན་མ་སྒྲོལ་མ་དཀར་མོ་འདི་ལ་བརྟེན་ནས་གཙོ་བོར་ཚེ་བསྒྲུབས་ན་ཞར་ལ་ཤེས་རབ་འཕེལ་ཞིང་། གཙོ་བོར་ཤེས་རབ་བསྒྲུབས་ན་ཞར་ལ་གཅིག་ཤོས་འཕེལ་བར་གསུངས། ཞེས་སོ། །དེ་ཡང་བྱང་ཆེན་དུ་གཙོ་བོར་ཚེའི་སྒྲུབ་པ་ཟླ་དགུ་བཞུགས་པའི་ཚེ་ཞར་ལ་ཤེས་རབ་འཕེལ་ནས་བསྟོད་ཚོགས་རྣམས་མཛད་ཅེས་སོ། ༈ །མ་ཎི་ཞེས་པ་ནི་ནོར་བུ་ཡིན་ལ། ཕྱག་གཡས་ཀྱི་ནོར་བུ་ཆུ་ཤེལ་གྱི་ཕྲེང་བའོ། །པདྨ་ནི་ཕྱག་གཡོན་པའི་པདྨའོ། །མེ་ནི་འབོད་པའི་ཚིག་སྟེ། དེ་ཡང་ཕྱག་མཚན་དེ་གཉིས་འཛིན་པའི་ལྷ་སྔར་བསྒོམས་པ་དེ་ཉིད་
ལམ་ལམ་དྲན་པར་བྱེད་པའོ། །ཨོཾ་དང་ཧཱུྃ་ནི་སྤྱི་དང་མཐུན་ནོ། ༈ །ཏཱའི་སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ལས་སྦྱངས་པའི་ཡོན་ཏན་༡༣རྒྱས་པར་བཤད་པ། མ་བྱིན་ལེན་གྱི་བསླབ་པ་དང་པོར་འཆལ་བའི་ཚེ། ཀ་ཀ་ནི་དང་། མ་ཤ་ཀ་དང་། ཀན་པ་ཎ་རྣམས་རིམ་པ་བཞིན་དུ་མགྲོན་བུ་ཉི་ཤུ་དང་། བརྒྱད་ཅུ་དང་། མགྲོན་བུ་སྟོང་དང་དྲུག་བརྒྱའི་རིན་ཐང་གི་མིང་ཡིན་ཏེ། ཞེས་དང་། མ་ཤ་ཀ་དང་། པ་ན་མིང་གི་རྣམ་གྲངས། ཀརླུ་པ་ཎ་དང་། ན་ན་ཀ་མིང་གི་རྣམ་གྲངས་སོ། །བམ་པོ་ལྔ་བཅུ་པར། ཀ་ཀ་ནི་བཞི་ལ་མ་ཀ་ཀ་གཅིག་གོ །མ་ཤ་ཀ་ཉི་ཤུ་ལ་ཀརྨ་པ་ཆ་གཅིག་གོ །ཀ་ཀ་ནི་གཅིག་ནི་མགྲོན་བུ་ལྟ་བུའི་རིན་ཐང་གི་མིང་ཡིན་ནོ། །མ་ཤ་ཀ་གཅིག་ནི་མགྲོན་བུ་བརྒྱད་ཅུའི་རིན་ཐང་གི་མིང་ཡིན་ནོ། །ཀན་པ་ཎ་གཅིག་ནི་མགྲོན་བུ་སྟོང་དྲུག་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །ཀན་པ་ཎིའི་བཞི་ཆ་ནི་མ་ཤ་ཀ་ལྔའི་རིན་ཐང་སྟེ་མགྲོན་བུ་བཞི་བརྒྱའི་རིན་ཐང་གི་མིང་ཡིན་ནོ། །ཞེས་དང་། ཀན་པ་ཎིའི་ངོ་བོ་ནི། གཞུང་འགྲེལ་ལས། དངུལ་ལས་བྱས་པ། གཟུགས་སུ་དོད་པ། འཚོང་དུ་རུང་བ་སྟེ་རྒྱལ་པོ་རྨ་བྱ་ཞེས་བྱ་བའི་དུས་བྱུང་བར་བཤད་དོ། །འདུལ་བར་རྣམ་གསུམ་དག་པའི་ཤ་གནང་ནས། མདོ་གཞན་དུ་བཀག་པ་ལྟར་སྣང་བ་ལ་རྗེས་བཅས་སུ་འདོད་པ་མི་
འཐད་དེ། ཉན་ཐོས་རང་ལུགས་ལ་གནང་བ་དང་། བྱང་སེམས་ལ་བྱམས་པ་ཆེན་པོའི་ཆད་པར་འགྱུར་བས་བཀག་པར་མདོ་མྱང་འདས་སོགས་ལས་གསལ་ལོ། །དབུ་མ་རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད་རང་འགྲེལ་མ་ཡིན་ཏེ། དཔལ་ལྡན་ཟླ་བའི་ཚིགས་གསལ་སོགས་དང་བཤད་སྲོལ་མི་མཐུན་ཅིང་། དེར་ལུང་ཡང་མ་དྲངས་པས་སོ། ༈ །དཔལ་ལྡན་ཀླུ་སྒྲུབ་ཀྱི་བསྟན་བཅོས་ལ་ཐ་སྙད་གཙོ་བོར་གྲུབ་པ་དོན་དམ་གཙོ་བོར་སྟོན་པ་གཉིས། སྔ་མ་ལ་ལུང་དང་། རིགས་པས་གཏན་ལ་འབེབས་པ་གཉིས། ཕྱི་མ་ལ་དྲུག་གི རིན་ཕྲེང་འདིར་བགྲང་རིགས་ཏེ། བདག་མེད་པའི་དོན་རིག་པས་གཏན་ལ་འབེབས་པའི་ཕྱིར་དང་། ཐ་སྙད་གྲུབ་པ་བགྲང་མི་རིགས་ཏེ་དོན་དམ་གཏན་ལ་འབེབས་བྱེད་མ་ཡིན་པའི་ཕྱིར་རོ། ༈ །སྤྱོད་འཇུག་ལས། ཁོང་ཁྲོས་བསྐལ་པ་སྟོང་གི་དགེ་རྩ་བཅད་པ་དང་། འཇུག་པར་བརྒྱར་གསུངས་པ་ནི་སྔ་མ་ནི་སོ་སྐྱེས་བྱང་སེམས་ལ་ཁྲོས་པ་དང་། ཕྱི་མ་ནི་སོ་སྐྱེའི་བྱང་སེམས་སྟོབས་ཆེན་གྱིས་སྟོབས་ཆུང་ལ་ཁྲོས་ན་དགེ་བའི་རྩ་བའི་ནུས་པ་འབྱིན་པས་གཏན་མེད་དུ་འགྲོ་བའི་དོན་ཡིན། འཇིག་རྟེན་ཆགས་པའི་དུས་རླུང་དཀྱིལ་སྟེང་ཆུའི་རྒྱུན་མཐའ་ཡས་པ་འབབ་པར་གསུངས་པ་ཕྱི་རོལ་ཏུ་མི་འབོ་བ་ནི། སློབ་དཔོན་འཕགས་པས། རླུང་དེ་ཡང་
རྣམ་པ་གཉིས་ཏེ་འོག་གཞི་ལ་གནས་པ་དང་གློ་ན་གནས་པའོ། །དེས་ཆུ་དེ་དག་ཐུར་དུ་ཡང་མི་འཛག་ལ་ཐད་ཀར་ཡང་མི་འབོ་འོ། །ཞེས་བཤད། ཡང་གསུང་ལས། བསྔོ་བས་ཟིན་པའི་དགེ་རྩ་ཡང་ཁོང་ཁྲོས་འཇོམས་པར་བསྟན། དངོས་གནས་ལ་གཟུགས་མེད་ཁམས་ལ་གནས་གཞན་པ་ཞིག་ལོགས་ན་མེད་དེ། གཟུགས་མེད་ཀྱི་སྙོམས་འཇུག་ཐོབ་ལ་མ་ཉམས་པ་ཤི་འཕོས་པ་དེ་ཉིད་ཀྱི་མིང་བཞིའི་ཕུང་པོ་གྲུབ་སྟེ་གནས་པའི་ཕྱིར་རོ། །དེ་ནས་གོ་རིམ་ལྟ་བུར་གསུངས་པ་ནི་ཕྱི་ནང་སྦྱོར་བའི་ཁྱད་ཙམ་མོ། ༈ །བསྐལ་པ་ཆེན་པོའི་མི་ལོའི་གྲངས་ནི། མཛོད་ལྟར་ན། རབ་ཏུ་ཚ་བའི་ཚེ་ཚད་བར་བསྐལ་ཕྱེད་དང་། མནར་མེད་ཀྱི་ཚེ་ཚད་བར་བསྐལ་གཅིག་ཏུ་བཤད་ལ། དེ་བརྒྱད་ཅུ་ལ་བསྐལ་ཆེན་ཞེས་བགྲང་། དེས་ན་བར་བསྐལ་ལ་མི་ལོ། དཀྲིགས་ཆེན་པོ་ནས་གསུམ། དཀྲིགས་གསུམ། གཏམས་ཆེན་པོ་དགུ། གཏམས༧། རབ་བཀྲམ་ཆེན་པོ་བདུན། ཁྲག་ཁྲིག་ཆེན་༦པོ། ཁྲག་ཁྲིག་གཉིས། ཐེར་འབུམ་ཆེན་པོ་བཞི། བསྐལ་ཆེན་ལ་མི་འཁྲུགས་ཆེན་པོ་གཉིས། མི་འཁྲུགས༧། དཀྲིགས་ཆེན་པོ་གཅིག །དཀྲིགས་བརྒྱད། གཏམས་ཆེན་པོ་གཅིག །གཏམས་དྲུག །རབ་བཀྲམ་ཆེན་༤པོ། རབ་བཀྲམ༩། ཁྲག་ཁྲིག་ཆེན་༩པོ། ཁྲག་ཁྲིག་གཉིས་རྣམས་ཡོད་
དོ། །རྒྱ་ཆེ་རོལ་པར། བྱེ་བ་ཕྲག་བརྒྱ་ཐེར་འབུམ་དང་། །དེ་བཞིན་གོང་དུ་ཕྲག་བརྒྱ་རེས་བསྒྱུར་བས། ཁྲག་ཁྲིག །གཏམས་པ། དཀྲིགས་པ། མི་འཁྲུགས། ཁྱད་ཕྱིན། བང་སྟེང་། མང་འཛིན། གླང་པོའི་སྟོབས། དོགས་འཐོབ། རྣམ་པར་བཞག་པ་གདགས་པ། རྒྱུ་རིག །ལག་སྦྱིན། རྒྱུ་དབང་། རྫོགས་ཐོབ། བགྲངས་རྟོགས། སྒྲིབ་པ། སྟོབས་ཕྲག །ཀུན་སྟོབས་ཕྲག །རྣམ་པར་བརྡ་ཤེས་ལྡན། བརྡ་ཤེས་ཀུན། རྣམ་འབྱུང་། དེའི་མཚན་ཉིད་དོ། །འདི་ལྟར་དེའི་མཚན་ཉིད་ཅེས་བྱ་བའི་རྩིས་ཀྱིས་ནི་རིའི་རྒྱལ་པོ་རི་རབ་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། །དེའི་གོང་ན་རྒྱལ་མཚན་གྱི་རྩེ་མོའི་ནོར་བུ་ཞེས་བྱ་བའི་གྲངས་ཡོད་དེ། གྲངས་དེས་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྩི་བའི་གཞིར་བྱས་ཀྱང་ཆོད་པར་རུང་ངོ་། །ཞེས་གསུངས། འདིའི་གངྒཱ་ནི་ཆུ་བོ་བཞིའི་ཡ་གྱལ་མ་ཡིན་ཏེ། ཆུ་ཀླུང་ཆེན་པོ་རྒྱ་མཚོ་ཡིན་ལ། དེའི་བྱེ་མ་ནི་ཆུ་དེའི་རྡུལ་དེ་རེ་རེ་ནས་བགྲངས་པ་ལ་གྲངས་ཇི་ཙམ་ཡོད་པ་ནི། གངྒཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱའོ། །མྱང་འདས་ལས། ཆུ་ཀླུང་ཞེས་བྱ་བ་ནི་རྒྱ་མཚོ་ལ་བྱ་སྟེ། ཆུ་ཀླུང་ཐམས་ཅད་ཀྱི་ནང་ན་རྒྱ་མཚོ་འབའ་ཞིག་ཆུ་ཀླུང་ཡིན་པས་ན། རྒྱ་མཚོ་ནི་ཆུ་ཀླུང་ཞེས་བྱ་བའི་གྲངས་སུ་གཏོགས་སོ། །ཞེས་བཤད་དོ། །
སངས་རྒྱས་ཀྱི་སྐུའི་ཡོན་ཏན་མཚན། ༣༢ དཔེ་བྱད་བརྒྱད་ཅུ། གསུང་དབྱངས་ཡན་ལག་དྲུག་ཅུ་བཞི། ཐུགས་ལ་ཟག་མེད་ཀྱི་ཡོན་ཏན་སྡེ་༢༠ཚན་ཏེ། དེ་ཡང་ནང་གསེས་སུ་ཕྱེ་ན། ༡༤ ཕྲིན་ལས་ལ་འགྲོ་བ་རྣམས་མངོན་མཐོ་དང་། ངེས་ལེགས་ཀྱི་རྒྱུ་ལམ་དང་། དེའི་ངོ་བོ་འབྲས་བུ་ལ་འགོད་པ་སྟེ་ནང་གསེས་སུ་སྡེ་ཚན་ཉེར་བདུན་སོགས་ཡོད་ལ། ཕྱི་མ་འདི་ནི་རྒྱན་དུ་གསལ་ལོ། ༈ །རྗེ་བླ་མས་ཕྱག་ཆེན་སྐོར་ཕག་མོ་གྲུ་པའི་བྱང་ཆུབ་གྲགས་པ་ལས་གསན་ནས་ཉམས་རྟོགས་འཁྲུངས་ཚུལ་སོགས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་ཟུར་འདེབས་ལས་བཤད། ༈ །རྗེ་དགེ་འདུན་རྒྱ་མཚོ་ནི། གཙང་རྟ་ནག་ཏུ་གསང་སྔགས་གསར་རྙིང་རིས་མེད་པའི་བསྟན་པའི་བདག་པོ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དང་མ་གཅིག་ཀུན་དགའ་དཔལ་མོའི་སྲས་སུ་འཁྲུངས། རབ་བྱུང་བརྒྱད་པའི་ཤིང་ལུག་ལོ་འཁྲུངས། བཅུ་གཅིག་པར་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་ལུང་རིག་རྒྱ་མཚོ་ལས་རབ་ཏུ་བྱུང་། མཚན་དགེ་འདུན་རྒྱ་མཚོའི་དཔལ་ཞེས་གསོལ། བཅུ་དགུ་པར་འབྲས་སྤུངས་སུ་ཕེབས། ཤིང་ཡོས་ལོར་འབྲས་སྤུངས་མཁན་རིན་པོ་ཆེ་གནས་རྙིང་ལས་བསྙེན་པར་རྫོགས། འཇམ་དབྱངས་དགའ་བའི་བཤེས་གཉེན་ལས་མདོ་སྔགས་ཀྱི་གདམས་པ་ཡོངས་སུ་
རྫོགས་པར་གསན། གཞན་ཡང་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་མང་དུ་བསྟེན། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པའི་རྒྱལ་མཚན་བླ་ན་བསྒྲེངས། དགུང་ལོ་གཉིས་གསུམ་ནས་ཕ་བློ་བཟང་གྲགས་པ་ཞེས་རྡོལ་གཏམ་དང་། གསུང་རྩོམ་ཚིགས་བཅད་ཐོགས་མེད་དུ་གསུངས། བཀའ་རྩོམ་ཀྱང་མཚན་བརྗོད། དྲང་ངེས་རྣམ་འབྱེད། དབུ་མའི་ལྟ་ཁྲིད་བསྟོད་ཚོགས་སོགས་པུ་སྟི་ལྔ་ཙམ་ཡོད་ཅིང་། རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་ཆད་སྙན་ངག་ལ་མཁས་པར་གྲགས། ས་སྦྲུལ་ལ་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། སེར་འབྲས་དང་བཀྲས་ལྷུན་གྱི་མཁན་པོ་མཛད། དགུང་ལོ་རེ་བརྒྱད་པར་གཤེགས། ༈ །པཎ་ཆེན་བློ་བཟང་ཆོས་རྒྱན་ལ་བ་སོ་སྤྲུལ་སྐུས་ཞུས་པའི་གསང་རྣམ་ལས། ཁོ་བོ་ཅག་པདྨ་སཾ་བྷ་ཝར་སྤྲུལ་ནས། བོད་ཡུལ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས། འགྲོ་བའི་དོན་དུ་གཏེར་ཁ་བྱེ་བ་ཕྲག་བརྒྱ་སྦས། མ་འོངས་དུས་ན་གཏེར་སྟོན་དཔག་མེད་འབྱུང་། །ཕྱོགས་མཐའ་མེད་པར་གཏེར་ཆོས་དཔག་མེད་དར་ཞིང་རྒྱས། །ཞེས་དང་། ༈ །པཎ་ཆེན་རིན་པོ་ཆེའི་སྐྱེས་རབས་ནི། འཕགས་ཡུལ་དུ་འདྲི་ཞིང་ལན་ལྡོན་པའི་མཆོག་འཕགས་པ་རབ་འབྱོར། རིགས་ལྡན་འཇམ་དཔལ་གྲགས་པ། རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་
ལེགས་ལྡན་འབྱེད། སློབ་དཔོན་ཨ་བྷ་ཡཱ་ཀ་ར་གུཔྟ། རྟ་ནག་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། རྗེ་ས་པཎ། རྣལ་འབྱོར་གྱི་དབང་ཕྱུག་གཡུང་སྟོན་རི་ཁྲོད་པ། མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་། དེ་རྗེས་ཆོས་རྗེ་བསོད་ནམས། ཕྱོགས་གླང་ནི་ལྷ་ཁུད་དུ་སྐུ་འཁྲུངས། ཇོ་གདན་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལ་སོགས་དམ་པ་མང་དུ་བསྟེན་ཏེ་མཁས་པའི་དབང་པོར་གྱུར། དོན་གཉེར་ཅན་དུ་མ་ལ་ལེགས་བཤད་སྤེལ། རྫུ་འཕྲུལ་གྱིས་ནམ་མཁའ་བྱོན་ནས་ཞབས་ཀྱིས་བཅགས་པའི་སར་དབུས་སྡིངས་ཀྱི་དགོན་པ་བཏབ། །བསྟན་པ་ལ་དགོངས་ནས་དགོན་སྡེ་ཞིག་འཛུགས་པར་བཞེད་ཀྱང་། ཕྱི་ནང་གི་བར་ཆད་ཀྱི་རྐྱེན་ཅུང་ཟད་ལ་བརྟེན་ནས་བཞེད་པ་བཞིན་དུ་མ་གྲུབ་པས། ཞབས་འབྲིང་པ་སྡེ་སྣོད་འཛིན་པ་བཅུ་དྲུག་ཙམ་བཀྲ་ཤིས་ལྷུན་པོ་དང་། དགེ་འཕེལ་སོགས་སུ་འགྱེད་པར་མཛད་ནས་ཐུགས་དམ་ལ་གཞོལ། ལེགས་བཤད་གསུང་རྩོམ་ཡང་པུསྟི་གཉིས་ཙམ་ཡོད་པར་སྣང་ངོ་། །དེ་ནས་བློ་བཟང་དོན་གྲུབ། །པཎ་ཆེན་བློ་བཟང་ཆོས་རྒྱན། བློ་བཟང་ཡེ་ཤེས། དཔལ་ལྡན་ཡེ་ཤེས། བློ་བཟང་དཔལ་ལྡན་རྣམས་སོ། ༈ །པཎ་ཆེན་ཆོས་རྒྱན་ནི། ལྷན་དུ་གྲུ་རྒྱལ་བའི་ཞལ་ངོར་སྐུ་འཁྲུངས་མ་ཐག་ཨཱ་ལིའི་སྒྲ་
སྒྲོགས་པ་དང་། ཞལ་འཛུམ་པ་དང་། སྤྱན་རིང་པོར་གཟིགས་པ་བྱུང་། བཅུ་བཞི་པར་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལས་རབ་ཏུ་བྱུང་། མཚན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དུ་གསོལ། བཀྲ་ཤིས་ལྷུན་པོར་ཕེབས་ཏེ་མདོ་ཕྱོགས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར། ཉི་ཤུ་པར་པཎ་ཆེན་དམ་ཆོས་ཡར་འཕེལ་ལས་བསྙེན་པར་རྫོགས། ཉེར་བདུན་པར་གངས་ཅན་ཆོས་འཕེལ་གྱི་མཁན་པོར་ཕེབས། ཆོས་འཁོར་རྒྱ་ཆེར་བསྐོར། སུམ་ཅུ་པར་བཀྲས་ལྷུན་ཁྲིར་ཕེབས། ལོ་དྲུག་ཅུ་རེ་གསུམ་གྱི་བར་དུ་དབུས་གཙང་མངའ་རིས་མདོ་སྟོད་སྨད་ལྷོ་མོན་རྒྱ་ནག་ཁལ་ཁ་ཨོའི་རོད་ཀྱི་བླ་དཔོན་ཆེ་དགུ་མཐའ་དག་ལ་ཆོས་འཁོར་རྒྱ་ཆེར་བསྐོར། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དང་། བློ་བཟང་རྒྱ་མཚོ་གཉིས་ཀའི་མཁན་པོ་མཛད། ཆོས་མང་དུ་ཕུལ། འཁོར་ལོ་གསུམ་གྱི་མཛད་བཟང་མཐའ་ཡས། གོ་གསུམ་པ་ཆུ་སྟག་ཧོར་ཟླ་༣པའི་ཚེས་༡ལ་དགའ་ལྡན་དུ་གཤེགས་སོ། །ལོང་མེད་ཐུགས་ལ་འཁྲུངས་པའི་པོ་ཏོ་བ། །བདག་པས་གཞན་གཅེས་བསྒོམས་པའི་སྤྱན་སྔ་བ། །སྒྲུབ་པ་སྙིང་པོར་མཛད་པའི་ཕུ་ཆུང་པ། །རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས། །ཞེས་འབྲོམ་སྟོན་སློབ་མ་བཀའ་གདམས་གཞུང་པ། གདམས་ངག་པ། མན་ངག་པ་ཞེས་གྲགས་པའི་
མཚན་གཞི་གསུམ་ལས། དང་པོས་ཆིག་ལབ་རིང་མོ་དང་། དཔེ་ཆོས་རྩ་བ་སོགས་གསུངས། །དེའི་སློབ་མ་ཕོ་བྲང་སྡིངས་པས་པོ་ཏོ་བའི་གསུང་ལས་དཔེ་ཆོས་དང་པོར་བསྡེབས། ཡང་པོ་ཏོ་བའི་སློབ་མ་དགེ་བཤེས་བྲག་དཀར་བས་དཔེ་ཆོས་ཤིན་ཏུ་རྒྱས་པར་བསྡེབས། དེའི་སློབ་མ་འཕན་ཡུལ་གྲགས་པ་བྱང་ཆུབ་ལ་ལྕེ་སྒོམ་ཤེས་རབ་རྡོ་རྗེས་དཔེ་ཆོས་འབྲིང་པོ་གཅིག་བསྡེབས་པ་རིན་སྤུངས་སུ་གྲགས། པོ་ཏོ་བའི་སློབ་མ་དགེ་བཤེས་དོལ་པ་ཤེས་རབ་རྒྱ་མཚོས་དཔེ་བུམ་སྔོན་པོའི་རྩ་བ་མཛད། དེའི་སློབ་མ་ལྷ་འབྲི་སྒང་པས་འགྲེལ་པ་མཛད། དགེ་བཤེས་སྟོན་པའི་སློབ་མ་ཁམས་པ་ལུང་པ་ཤཱཀྱ་ཡོན་ཏན་གྱིས་བློ་སྦྱངས་ཐུན་བརྒྱད་མ་མཛད། ལྕེ་སྒོམ་དང་། རྣལ་འབྱོར་པ། དགོན་པ་བ་གསུམ་གྱི་སློབ་མ་ཁ་རག་སྒོམ་ཆུང་པས་རྫོགས་ཆེན་དང་བཀའ་གདམས་ཀྱི་གདམས་ངག་གཅིག་དྲིལ་ཞལ་གདམས་ཨང་ཡིག་བདུན་ཅུ་པ་མཛད། སྣར་ཐང་པ་གྲེ་སྟོན་བདུད་རྩི་གྲགས་ཀྱིས་ལམ་མཆོག་གི་རྩ་བ་ཚིགས་སུ་བཅད་པ་མཛད། དེའི་སློབ་མ་མཆིམས་ཆེན་ནམ་མཁའ་གྲགས་ཀྱིས་དེའི་འགྲེལ་པ་ཁྲིད་ཡིག་ལམ་མཆོག་རིན་པོ་ཆེ་ཞེས་པ་མཛད། འདི་རྣམས་བཀའ་གདམས་གོང་མའི་གསུང་སྒོས་དེང་སང་ལུང་ཡོད་རིགས་རྣམས་སོ། ༈ །ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནི། པཎ་
ཆེན་དགེ་འདུན་རྒྱ་མཚོ་གཤེགས་མ་ཐག་བར་དོར་ཡེ་ཤེས་ཀྱི་སྐུས་དགའ་ལྡན། མཁའ་སྤྱོད། བདེ་བ་ཅན་སོགས་དག་པའི་ཞིང་མཐའ་ཀླས་སུ་གཤེགས་མཐར། ཟངས་མདོག་དཔལ་རིར་ཕེབས་པ་ན། དེར་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཉིད་གཡས་སུ་ཇོ་བོ། གཡོན་དུ་ས་པཎ། མདུན་དུ་རྗེ་བླ་མ་བཞུགས་པ་རྣམས་མཇལ། སློབ་དཔོན་ཆེན་པོས་གསུང་གིས་བསྐུལ་ནས་སླར་འདོད་ཁམས་དབང་མོས་ཞབས་འབྲིང་པ་མཛད་དེ་བོད་ཡུལ་དུ་ཕེབས་ནས། སྐྱིད་ཤོད་སྟོད་ལུང་མདའ་རྩེ་དགའ་ཁང་གསར་གོང་ཞེས་བྱ་བར། ལོ་ཙཱ་བ་རྨ་རིན་ཆེན་མཆོག་གི་གདུང་ལས། ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང་། ཡུམ་སྡེ་སྲིད་ཕག་མོ་གྲུ་པའི་དཀོན་གཉེར་དཔོན་སྔགས་རྙིང་མའི་རིག་སྔགས་འཆང་བའི་དབང་ཕྱུག་ཀུན་བཟང་རྩེ་བའི་སྲས་མོ་དཔལ་འཛོམ་བུ་ཁྲིད་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཆུ་ཡོས་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས། རིང་པོར་མ་ལོན་པར་ཙོང་ཁ་པ་མཁྱེན་ཅེས་གསུངས་པ་དང་། ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་པ་སོགས་ངོ་མཚར་བ་བྱུང་། མེ་རྟ་ལོར་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས། དཔོན་སློབ་རིན་པོ་ཆེ་བསོད་ནམས་གྲགས་པ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་བསྟན་པའི་ཉི་མ་
ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཞེས་གསོལ། ས་བྱ་ལོར་མཁན་པོ་སྔ་མ་ལས་དགེ་ཚུལ་བཞེས་ཤིང་དབང་ལུང་མན་ངག་གི་རིགས་མང་དུ་གསན། དྲག་པོའི་ལས་སྦྱོར་ཀྱང་མཛད། ཤིང་བྱི་ལོར་དགའ་ལྡན་ཁྲི་ཟུར་དགེ་ལེགས་དཔལ་བཟང་ལས་བསྙེན་པར་རྫོགས། ལྷ་ས་བར་ཁང་ནས་མངའ་བདག་གི་གཏེར་ཞབས་ཤོག་དྲིལ་ལྔ་གཏེར་ནས་བཞེས། ས་འབྲུག་ལོར་ཕན་བདེ་ལེགས་བཤད་གླིང་པ་འཛུགས་པར་གནང་། མེ་བྱར་བྱང་ཕྱོགས་སུ་ཆིབས་བསྐྱོད་ནས་ཨལ་ཐན་ཆོས་ཀྱི་རྒྱལ་པོའི་དབུ་བླར་གྱུར་ཅིང་། དགོན་སྡེ་དུ་མའང་བཏབ། ཏཱ་ལའི་བླ་མ་བཛྲ་དྷ་ར་ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་ལས་ཀ་ཕུལ། སོག་པོ་རྣམས་མི་ཤི་བ་ན་ཤ་ཁྲག་གི་མཆོད་སྦྱིན་བྱེད་པའི་སྲོལ་ངན་བསྣུབས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་དགུང་ལོ་ཞེ་དྲུག་པར་གཤེགས། ལམ་རིམ་གྱི་ཁྲིད་གསེར་ཞུན་སོགས་པུསྟི་གཅིག་ཙམ་ཡོད་ཅིང་ཐུགས་དམ་ཉམས་བཞེས་མགོན་པོ་ཞལ་དང་། རྙིང་ལུགས་ཤས་ཆེ་བར་གནང་། ༈ །བཞི་པ་ཡོན་ཏན་རྒྱ་མཚོ་ནི། ཆེན་པོ་ཧོར་གྱི་ཡུལ་དུ་ཇིང་གིར་གནམ་གྱི་རྒྱལ་པོའི་རིགས་ལས། ཡབ་སེ་ཆེན་ཆོས་ཁུར་དང་། ཡུམ་བྷ་ཧང་ཛུལ་གཉིས་ཀྱི་སྲས་སུ་ས་གླང་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས། སྔོན་
གནས་རྗེས་དྲན་གྱི་གསུང་སོགས་སྩལ། ཆུ་ཡོས་ལ་དབུས་ཕྱོགས་སུ་ཆིབས་ཁ་བསྒྱུར། དགའ་ལྡན་ཁྲི་ཟུར་སངས་རྒྱས་རིན་ཆེན་ལས་དགེ་ཚུལ་བཞེས། དྲག་པོ་མངོན་སྤྱོད་ལས་མང་དུ་མཛད་ཅིང་། མཐའ་དམག་བཟློག །ཨོ་རྒྱན་པདྨ་ཡིན་བྱས་ན་ཁ་ཆེས། པད་འདྲ་པད་འདྲ་ཙམ་ཡིན་བྱས་ན་ཆོག་པ་ཡོད་ཅེས་གསུངས། མཚན་མཐུ་སྟོབས་རྒྱ་མཚོར་བསྒྱུར། ཉེར་དྲུག་པར་པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། གསན་བསམ་རགས་རིམ་མཛད། འོན་ཀྱང་ཉེར་བརྒྱད་པ་མེ་འབྲུག་ལོར་གཤེགས་པས་ཐོས་བསམ་རྒྱ་ཆེར་གནང་རྒྱུ་མ་བྱུང་། སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་མང་དུ་བྱོན། ༈ །ལྔ་པ་བློ་བཟང་རྒྱ་མཚོ་ནི། ཡར་ལུང་འཕྱོང་རྒྱས་སུ་ཟ་ཧོར་གྱི་རིགས་ལས། ཡབ་མི་དབང་བདུད་འདུལ་རབ་བརྟན་དང་། ཡུམ་ཡར་འབྲོག་ཁྲི་དབོན་གྱི་སྲས་མོ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་མེ་སྦྲུལ་ལོར་འཁྲུངས། སྦྲུལ་ལོའི་མཇུག་ཏུ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་འཕྲུལ་བྱང་པ་རིག་འཛིན་ཆེན་པོར་ཚེ་སྒྲུབ་ལྕགས་སྡོང་མ་སོགས་གསན། ཇོ་བོ་ཆེན་པོ་དང་རྒྱལ་བ་ཙོང་ཁ་པ་ཞལ་གཟིགས། ཆུ་ཁྱི་ལོར་འབྲས་སྤུངས་སུ་གདན་དྲངས། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་གཙུག་ཕུད་བཞེས། མཚན་བློ་བཟང་རྒྱ་
མཚོར་གསོལ། སློབ་དཔོན་རིན་པོ་ཆེས་རྔོག་ལོའི་སྤྲུལ་པར་ལུང་བསྟན་པ་གླིང་སྨད་པ་དཀོན་མཆོག་ཆོས་འཕེལ་བསྟེན་ནས་བསྡུས་ཚད་ནས་བཟུང་། པོད་ཆེན་རྣམས་ལ་ཐུགས་གཉེར་མཛད་པས་ཚེགས་མེད་དུ་མཁྱེན། པཎ་ཆེན་རིན་པོ་ཆེ་ལས་དབང་ལུང་མན་ངག་མང་དུ་གསན། སྨོན་འགྲོ་པཎྜི་ཏ་ཡབ་སྲས་ལས་སྙན་ངག་དང་། སྒྲ། སྡེབ་སྦྱོར་སོགས། མངོན་བརྗོད་སོགས་དང་། ཟླུམ་པོ་ནས་དང་། ཟུར་ཆེན་ལས་སྐར་ནག་དབྱངས་འཆར་རྩིས་སོགས་གསན་པས་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར། དགུང་ལོ་ཉེར་གཉིས་པར་པཎ་ཆེན་རིན་པོ་ཆེར་བླ་ཆེན་གྱི་སྡོམ་རྒྱུན་ལས་བསྙེན་པར་རྫོགས། མཚན་ངག་གི་དབང་ཕྱུག་ཅེས་གསར་དུ་བསྣན། བར་སྐབས་སུ་དྲག་པོ་མངོན་སྤྱོད་ཀྱི་ལས་མཛད་པས་རྟགས་ཀྱང་མངོན་དུ་གྱུར། དགུང་ལོ་ཉེར་ལྔ་པར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁྲི་སྐོར་བཅུ་གསུམ་མཆོད་གཞིས་སུ་ཕུལ། དམར་པོ་རི་ལ་ཕོ་བྲང་ཆེན་པོ་པོ་ཏ་ལ་བཞེངས། འཇམ་དབྱངས་གོང་མ་ཆེན་པོས་ཡུན་རིང་ནས་གསོལ་བ་བཏབ་པ་བཞིན་ཕེབས་ཏེ། རྡོ་རྗེ་འཆང་ཆེན་པོའི་མཚན་དང་ལས་ཀ་ཕུལ། ཕ་བོང་ཁ་པ་ཨེ་པ་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བ། ཞུ་ལུ་རི་སྦུག་དབུ་མཛད་བསོད་ནམས་མཆོག་གྲུབ། ཟུར་ཆེན་
ཆོས་དབྱིངས་རང་གྲོལ། སྨན་ལུང་པ་བློ་མཆོག་རྡོ་རྗེ། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ལས་གསར་རྙིང་གི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་བཞེས། དབུས་གཙང་ཁམས་སོག་གི་ཡུལ་དུ་ཆོས་སྡེ་གསར་བཞེངས་གྲངས་ཀྱིས་མི་ལོངས། རབ་བྱུང་བསྙེན་རྫོགས་ཀྱི་དགེ་སློང་ནི་ས་ཆེན་པོའི་རྡུལ་ཙམ་དང་། ཀ་པོད་བཞིའི་འགྲེལ་པས་མཚོན་གསུང་འབུམ་ཕྱི་ནང་པོད་ཆེན་སུམ་ཅུ་ཐལ་བ་སོགས་དང་། རྡོ་རྗེ་ཕྲེང་བ་སོགས་དང་རྒྱུད་སྡེ་བཞིའི་དབང་ལུང་འཆད་སྤེལ་གནང་བ་སོགས་རྒྱ་གར་གྱི་ཆུ་བོ་གངྒཱ་ནས་ཤར་ཕྱོགས་ཏོང་ཀུའི་ཡུལ་ཚུན་ཆད་ཀྱི་བླ་ཆེན་དང་མི་ཆེན་ཕལ་མོ་ཆེ་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་སྣང་། གསར་ཕྱོགས་ལ་འཇམ་དབྱངས་མཁྱེན་བརྩེ་དང་། རྙིང་ལུགས་ལ་བྱང་པ་བཀྲས་སྟོབས་ཀྱི་ལུགས་ཁོ་ནར་ཐུགས་གཙིས་སུ་མཛད། འཁོར་ལོ་གསུམ་གྱི་ཕྱག་རྗེས་ཕྱི་ནང་གསང་གསུམ་གྱི་མཛད་པ་དང་རྣམ་ཐར་བསམ་གྱིས་མི་ཁྱབ། དགུང་ལོ་༦༦ཧོར་ཟླ་གཉིས་པའི་ཚེས་༢༥ལ་གཤེགས། གསེར་གདུང་ཆེན་མོ་དང་། ཚོགས་མཆོད་ཆེན་པོ་སོགས་དགོངས་རྫོགས་རྒྱ་ཆེར་བསྒྲུབས་སོ།། །།༅། །འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་པུ་སྟི་བརྒྱའི་ཚིག་དང་དོན་བཅས་ཐུགས་ལ་བཟུང་ནས་འཆད་པའི་རྐང་གྲངས་ལ། ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ༡།
འཕགས་པ་བརྒྱད་སྟོང་པ ༢། མདོ་སྡུད་པ ༣། རྡོ་རྗེ་གཅོད་པ། ཤེར་སྙིང་། མདོ་སྡེ༦། དགོངས་པ་ངེས་འགྲེལ༧། སཱ་ལུ་ལྗང་པའི་མདོར། རྟེན་འབྲེལ་གྱི་མདོ༩། བཟང་སྤྱོད་༡༠། སོ་སོར་ཐར་པའི་མདོ་༡༡། ས་བཅུ་པའི་མདོ ༡༢། ཆེད་དུ་བརྗོད་པའི་ཚོམས༡༣། བྱམས་ཆོས་སྡེ་ལྔ༡༨། མདོ་ཀུན་བཏུས༡༩། རིག་ཚོགས་དྲུག ༢༥། །བཤེས་སྤྲིངས ༢༦། ཆོས་དབྱིངས་བསྟོད་པ༢༧། འཇིག་རྟེན་ལས་འདས་པར་བསྟོད་པ༢༨། ཤེས་རབ་བརྒྱ་པ ༢༩། སྐྱེ་བོ་གསོ་ཐིགས༣༠། མདོར་བྱས༣༡། མདོ་བསྲེ ༣༢། དབུ་མ་བཞི་བརྒྱ་༣༣པ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ༣༤ ། དབུ་མ་འཁྲུལ་འཇོམས༣༥། ལག་ཚད་མ ༣༦། ཆ་ཤས་ཡན་ལག་གི་རབ་བྱེད༣༧། སྐྱེས་རབས་སོ་བཞི་པ ༣༨། སྨོན་ལམ་བདུན་ཅུ་པ ༣༩། བླ་མ་ལྔ་བཅུ་པ༤༠། རྣམ་གཞག་རིམ་པ༤༡། དབུ་མ་སྙིང་པོ༤༢། རྟོག་གེ་འབར་བ༤ ༣། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས ༤། རྩ་ཤེའི་འགྲེལ་པ་ཚིག་གསལ༤༥། དབུ་མ་འཇུག་པ༤༦། དེའི་རང་འགྲེལ༤ ༧། སྤྱོད་འཇུག༤༨ །བསླབ་བཏུས༤༩། དབུ་མའི་དེ་ཁོ་ན་ཉིད་ལ་འཇུག་པ(༠། བདེན་གཉིས་རྣམ་འབྱེད ༥༡། དབུ་མ་རྒྱན(༢། སྡོམ་པ་ཉི་ཤུ་པ། ༣། འགྲེལ་པ་དོན་གསལ།༤། དབུ་མ་སྣང་བ།༥། སྒོམ་རིམ་དང་
པོ༥༦། བར་པ༥༧། ཐ་མ༥༨། ལམ་སྒྲོན།༩། སྤྱོད་བསྡུས་སྒྲོན་མེ༦༠། བདེན་གཉིས་འཇུག་པ༦༡། དབུ་མའི་མན་ངག༦༢། །ཁྱད་པར་འཕགས་བསྟོད༦༣། ལྷ་ལས་ཕུལ་བྱུང་གི་བསྟོད་པ༦༤། ཐེག་ཆེན་ཀུན་བཏུས༦།། མངོན་པ་ཀུན་བཏུས༦༦། བྱང་ས༧༧། ཚུལ་ཁྲིམས་ཀྱི་ལེའུ པར། མངོན་པ་མཛོད ༦༩། ཕུང་པོ་ལྔའི་རབ་བྱེད ༧༠། རྣམ་བཤད་རིག་པ༧༡། ལམ་སྒྲུབ་པའི་རབ་བྱེད ༧༢། ཉི་ཤུ་པ༧༣། སུམ་ཅུ་པ༧༤ ། རྟེན་འབྲེལ་སྙིང་པོའི་མདོ་འགྲེལ༧༥། ཚོགས་ཀྱི་གཏམ༧༦། ཡོན་ཏན་བདུན་བརྗོད་པའི་གཏམ༧༧། སློབ་སྤྲིང་༧༨། ཡོན་ཏན་མཐའ་ཡས་༧༩པར་བསྟོད་པ། བརྒྱད་སྟོང་དོན་བསྡུས༨༠། ཚད་མ་ཀུན་བཏུས༨༡། དམིགས་བརྟག་རྩ་འགྲེལ༨༢། རིགས་པ་ལ་འཇུག་པའི་སྒོར་༨༣། རྣམ་འགྲེལ༨ང་། རྣམ་ངེས་༨༥། རིགས་ཐིགས༨༦། གཏན་ཚིགས་ཐིགས་པ ༨༧། འབྲེལ་བ་བརྟག་པརར། རྒྱུད་གཞན་གྲུབ་པར༩། རྩོད་རིག༩༠། །ཕྱི་དོན་གྲུབ་པ༩༡། རིགས་པ་ལ་སྦྱོར་བ༩༢། སྐད་ཅིག་མ་གྲུབ་པ༩༣། གཞན་སེལ་བརྟག་པ༩༤། ཤེར་ཕྱིན་མན་ངག༩༥ །ནང་གི་ཁྱབ་པ༩༦། འདུལ་བ་མདོ་རྩ༩༧། ཀརྨ་ཤ་ཏཾ༩༨། སུམ་བརྒྱ་པ༩༩། ཀཱ་རི་ཀཱ་༡༠༠རྣམས་སོ།། ༈ །།བཱི་མཱི་གུ་རུ་པཱཏྟཱ་ཏི། འདིར་ཐམས་
ཅད་མཁྱེན་པ་པུཎྜ་རཱི་ཀའི་ལབྡྷ་ཝརྞྞ་ལས། མདོ་མང་གི་སྐོར། རྔོག་ལོ་ཆེན་པོའི་སློབ་མ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས། སྟེང་པ་ལོ་ཙཱ་བའི། ག་རོ་ཏ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྒྱ་གར་དུ་བརྫངས་པས། པུཎྱེ་ཤྲཱི་མི་ཏྲ་ལ་མདོ་ལུང་བཞུགས་པར་ཐོས་ནས་དེར་ཞུས། ཡང་ཁ་ཆེ་པཎ་ཆེན་ནས་དཔྱལ་ཆོས་བཟང་བརྒྱུད་ནས་མདོ་ཤབ་སྟོད་གཡུ་དགའ་ལྡན་དུ་རོང་པ་ཤེས་རབ་སེང་གེ་ལ་ཤབ་པ་བག་སྟོན་གཞོན་ནུ་ཚུལ་ཁྲིམས་ཀྱིས་ཞུས། པདྨོ་ཅན་པ་དང་མཁན་པོ་གཞོན་ཡེས་ཀྱི་བར་དང་། དེ་དང་རོང་པ་ཤེར་སེང་གི་བར་དུ་ལུང་ལ་ཧོར་སྟོང་ཡོད་ཟེར་བ་གསན་ནས། ལུང་རྒྱུན་དག་པར་བྱ་བའི་ཕྱིར། ས་སྐྱ་ཡང་དགོན་པ་ཞང་ཀུན་དགའ་འོད་ཟེར་ལ་པཎ་ཆེན་ནས་གསན་པའི་ལུང་རྒྱུན་དག་པོ་ཡོད་ཟེར་ནས་གསན། འདི་ལ་པཎ་ཆེན་གྱིས་སུ་ལ་གསན་དང་། པཎ་ཆེན་ལ་དཔྱལ་ཆོས་བཟང་གིས་ཁྲོ་ཕུར་གསན་པའི་དུས་སུ། ལྷོ་པ་ཐམས་ཅད་མཁྱེན་པས་ཀྱང་གསན་ཟེར། ཏིག་པ་མི་འདུག་པ་དང་། ཆོས་ཀྱི་རྒྱལ་པོ་འཕགས་པའི་ལུང་གིས་མདོ་མང་གི་ལུང་རྒྱུན་དག་པ་ཞིག་འཚོལ་གསུངས་ནས་བཙལ་བས། ཤངས་ན་མངའ་བདག་ཉང་རལ་ནས་བརྒྱུད་བའི་ལུང་ཡོད་ཟེར་ནས་གསན་དུ་བྱོན་པས། ཕྱིས་སྟེང་ལོ་བརྒྱུད་པ་རྩད་ཆོད། དེ་ཡང་གསན་པས་ལུང་འདི་ལ་བག་
སྟོན་གཞོན་ནུ་ཚུལ་ཁྲིམས་དྲིན་ཆེའོ། །མ་བརྟགས་ཉམས་དགར་རྟེན་ཅིང་འབྲེལ་བར་འབྱུང་། །དཔྱད་ན་དམིགས་པ་མེད་པར་ཉེར་ཞི་བའི། །དུས་གསུམ་རྒྱལ་བའི་ཡུམ་ལ༔ ཡང་། པཎྜི་ཏ་སྨྲི་ཏིས་བསྒྱུར་བ་མན་ལ་གསར་མ་ཞེས་དང་། ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བ་མན་ལ་གསར་མའོ་ཞེས་ཟེར་མཁན་གཉིས་ལས། པཎ་ལོ་གཉིས་ཀྱང་ལོ་ཆེན་སྔ་བས་ན། དེར་མཚམས་འཛིན་པ་འཐད། དེ་ཡང་གསང་སྔགས་བསྒྱུར་ཚད་དེ་ལྟར་བཞག་པ་ནི་མིན་ཏེ། བསྟན་པ་སྔ་དར་གྱི་སྐབས་བསམ་ཡས་སུ་དེ་ཉིད་འདུས་པ་དང་། རྣམ་སྣང་མངོན་བྱང་དང་། བསམ་གཏན་ཕྱི་མ་སོགས་དར། དེ་དག་རྙིང་མར་སུ་ཡང་མི་འདོད་པས་སོ། །འོ་ན་གང་གིས་བཞག་ཅེ་ན། དེ་དུས་བཀའ་བླ་མེད་ཀྱི་བཀའ་སྒྲ་ཇི་བཞིན་དུ་སྤྱད་དོགས་བསྒྱུར་བར་མ་གནང་ལ། སློབ་དཔོན་པདྨ་སོགས་ཀྱིས་པཎྜི་ཏ་མཛད། བཻ་རོ་ཙ་ན་སོགས་སྐལ་ལྡན་རྣམས་ཀྱིས་གསང་སྟེ་བསྒྱུར་བར་དོན་ལ་རྙིང་མ། ལོ་ཆེན་མན་གྱིས་བླ་མེད་འགྱུར་བར་དོན་ལ་གསར་མ་ཞེས་བྱའོ། །དེ་དུས་ཏན་སྡེ་བཅོ་བརྒྱད་སོགས་བསྒྱུར་བའི་ཐོག་མར་གསང་འདུས། ཟླ་གསང་ཐིག་ལེ། སངས་རྒྱས་མཉམ་སྦྱོར་གསུམ་བསྒྱུར་བ་ཇི་ལྟར་དྲངས་སྙམ་ན། རྒྱུད་དེ་དག་གཏན་ལ་འབེབས་ལུགས་ཀྱི་ཁྱད་པར་གསར་རྙིང་གི་
འགྲོས་གཉིས་རེ་ཡོད། ཅེས་སོ། ༈ །རྩ་ཤེའི་འགྲེལ་པ་ག་ལས་འཇིགས་མེད་ཅེས་པ་ཀླུ་སྒྲུབ་ཕྱི་མའི་ཡིན་ཏེ། རྒྱུ་མཚན་ཟླ་གྲགས་ཀྱི་ཚིག་གསལ་དུ་ལུང་མ་དྲངས་པས་སོ། །ཞེས་གསུངས། །གཤིན་རྗེ་གཤེད་ཀྱི་གྲུབ་ཐོབ་རྟ་མཆོག་འཛིན་པ་ཞེས་བྱ་བ་ཨོ་རྒྱན་དུ་བྱོན། ཊཱ་ཀི་མ་རྣམས་ལ་སྡིགས་མཛུབ་གཏད་པས་བརྒྱལ། བརྒྱལ་སངས་ཙ་ན། མིང་པོ་ཅི་འདོད་པ་ཁྱེར་ཅིག་ཟེར་ནས་གནང་བ་བྱིན། དེས་རྩ་བའི་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ། བཤད་པའི་རྒྱུད་ཆོ་ག་འདུས་པ། རྒྱུད་ཕྱི་མ་མཚན་བརྗོད། གཤིན་རྗེ་ལེའུ་བཅོ་བརྒྱད་པ་བཞི་དྲངས་ཏེ་འདི་འཇམ་དཔལ་བཤེས་གཉེན་ནོ། །དེས་འཇམ་དཔལ་གྱི་དཀྱིལ་འཁོར་དབང་བསྐུར་པའི་མཚན་སྒེག་པའི་རྡོ་རྗེ། མུ་སྟེགས་བཏུལ་བའི་མཚན་སྣ་ཚོགས་གཟུགས། གཞན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ། འཁྲུངས་པ་ལས་ནོར་བུ་གླིང་པ་ཞེས་མཚན་བཞི་དང་ལྡན་པ་དེ་ལ་གནང་། ཞེས་བཤད་དོ། ༈ །རྩ་རྒྱུད་བརྟག་གཉིས་ལ་ལེའུ་ལྔ་ཡན་ཆད་ལོ་ཙཱ་བས་འགྲེལ་པ་མཛད། དེ་མན་ཆད་རྔོག་སྟོན་ཆེན་པོས་གསུང་རྒྱུན་བསྣན་ནས་མཛད་པའི་རིན་ཆེན་རྒྱན་འདྲའོ། །གུར་ལོ་ཙཱ་བ་ཆེན་པོས་སྲོག་ཤིང་། མདོ་སྡེའི་འགྲེལ་ཆེན་དང་། སླར་དེ་ལས་བསྡུས་པ་སོགས་མཛད། སམྦུ་ཊར་རྔོག་ཞེ་སྡང་རྡོ་རྗེས་འགྲེལ་པ་
དོན་གསལ་སྒྲོན་མ་དང་། གཞུང་གསལ་སྒྲོན་མ་གཉིས་མཛད། གུར་བརྟག་སཾ་གསུམ། གདན་བཞི། མ་ཧཱ་མཱ་ཡཱ། གསང་འདུས། སངས་རྒྱས་ཐོད་པ་བདུན ༈ སར་ཧ་ཆེ་འབྲིང་ཆུང་གསུམ་སྟེ། ལི་ཙཱ་བ་ཆེན་པོའི་སྐྱེ་བ་བྱང་སེམས་བློ་གྲོས་རིན་ཆེན་ནམ། བྲམ་ཟེར་ཆེན་པོ་སྒྲ་གཅན་འཛིན་བཟང་པོ་ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་དཔོན་དང་། བར་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཤ་བ་རི་དབང་ཕྱུག་དང་། ཐ་མ་མེ་ཏྲི་པའི་དངོས་སློབ་ར་མ་ཕ་ལར་གྲགས་པ་དེའོ། ༈ །རང་ལུགས་ལ་དུས་འཁོར་གྱི་རྫོགས་རིམ་རྒྱས་པ་ཨོ་རྒྱན་བསྙེན་སྒྲུབ། འབྲིང་པོ་པཎ་ཆེན་ལུགས་ཀྱི་བསྙེན་སྒྲུབ་གསར་མ་ཞེས་དཔེ་མེད་འཚོས་མཛད་པ། བསྡུས་པ་པཎ་ཆེན་ནགས་རིན་ལ་ཤ་བ་རིས་གནང་བའི་ལྕེ་རྩེ་རྐན་སྦྱར་རྣམས་སོ། ༈ །དཔལ་འབྲུག་པའི་སྒྲུབ་ཐབས་སྐོར་ལྔ་ཞེས་པ་བདེ་མཆོག་དངོས་གྲུབ་སྐོར་ཞེས་པ་ནཱ་རོ་ནས་མར་པར་བརྒྱུད་པ། ཕག་མོ་བྱིན་རླབས་ཀྱི་སྐོར་ཞེས་པ་ཞལ་གཉིས་མ་མེ་ཏྲི་ནས་མར་པ་དང་། ཏི་ཕུ་པ་ནས་རས་ཆུང་ལ་བརྒྱུད་པ། གཏུམ་པོ་ནུས་མཐུའི་སྐོར་ཞེས་གསང་བ་མངོན་བསྟན་གྱི་རྒྱུད་ལ་བརྟེན་ནས་རས་ཆུང་པས་བླ་མ་ཝ་ལ་ཙཎྜ་ལ་ཞུས་པ། ལྷན་སྐྱེས་ཀུ་སཱ་ལིའི་སྐོར་ཞེས་པ་རྡོ་རྗེ་གདན་པ་ཆུང་བ་དང་ཙ་མི་སངས་རྒྱས་གྲགས་ལས་དཔལ་གྲྭ་ལོ་ཙཱ་བ་ཀུ་
མཱ་ར་ཤྲཱིས་གསན་པ་རྣམས་སོ། ༈ །ཡང་བྱ་རོག་བསྟན་སྲུང་མའི་སྐོར་གྱི་བརྒྱུད་པའང་སྔར་དང་འདྲ། ༈ །དཔལ་འབྲུག་པའི་ཉམས་ལེན་འཕྲལ་དགོས་ཀྱི་སྐོར་རྡོ་རྗེ་སེམས་དཔའི་ཉེས་ལྟུང་འཁྲུད་པའི་ཆོ་ག་རྒྱལ་པོ་ཛལས་བརྒྱུད་པ་མར་པའི་འགྱུར། ཀཾ་ཀ་ནིའི་ཆོ་ག་ངན་སོང་རྒྱུན་གཅོད་པ་ཆོས་རྒྱལ་ཛལས་བརྒྱུད་པ། འཁོར་ལོ་སྡོམ་པའི་རྩ་རྒྱུད་འབུམ་པ་དང་། བཤད་རྒྱུད་འོད་ཟེར་དྲྭ་བ་ལ་བརྟེན་པའི་ཚེ་སྒྲུབ་གྲུབ་པའི་རྒྱལ་མོ་ལས་བརྒྱུད་པ་ཚེ་དཔག་ཏུ་མེད་པའི་ཆོ་ག་འཆི་མེད་ཚེ་སྒྲུབ་པའི་ཆོས། ཐུགས་རྗེ་ཆེན་པོས་རྒྱུད་བྱིན་གྱིས་བརླབས་པའི་ཆོས་དགེ་སློང་མ་དཔལ་མོ་ལས་བརྒྱུད་པ་བཞིའོ། ༈ །དཔལ་འབྲུག་པའི་གདམས་པ་ཕྱག་རྒྱ་ཆེན་པོ་སྐོར་གསུམ་ཞེས་པ། བཤད་པ་ཚིག །གདམས་ངག་ཉམས་ལེན། རྟོགས་པ་བྱིན་རླབས་ཀྱི་སྐོར་རོ། །དང་པོ་ནི། གྲུབ་པ་སྡེ་བདུན། སྙིང་པོ་སྐོར་དྲུག །ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉེར་ལྔ་རྗེས་འབྲངས་དང་བཅས་པའོ། །དང་པོ་ནི། དཔལ་གསང་བ་གྲུབ་པ་ཨོ་རྒྱན་གྱི་སློབ་དཔོན་པདྨ་བཛྲ་གྱིས་མཛད་པ། ༡ ཐབས་དང་ཤེས་རབ་གཏན་ལ་དབབ་པ་གྲུབ་པ། སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེའམ་པཎྜི་ཏ་བདུད་རྩི་དགའ་བའི་འབྱུང་གནས་ཞེས་པས་མཛད་པ། ༢ དེའི་དོན་བསྡུས་ལྷམ་མཁན་གྱི་རིགས་ལས་གྲུབ་པ་
བརྙེས་པ་ཙ་མ་རཱི་པས་མཛད་པ། ཡེ་ཤེས་གྲུབ་པ་ཨིནྡྲ་བྷུ་ཏི་འབྲིང་པོས་མཛད་པ། ༣ གཉིས་མེད་གྲུབ་པ་ལྕམ་ལེགས་སྨིན་ཀཱ་རས་མཛད་པ། ༤ ལྷན་ཅིག་སྐྱེས་གྲུབ་གཉིས་ཀྱི་སྔ་མ་ཌོམྦྷི་ཧེ་རུ་ཀ་དང་། ཕྱི་མ་ཨིནྡྲ་བྷཱུ་ཏི་ཆུང་བ་རབ་ཏུ་བྱུང་ནས་མཚན་ལྭ་བ་པར་གྲགས་པས་མཛད་པ། དེའི་འགྲེལ་པ་དགེ་སློང་མ་དཔལ་མོས་མཛད་པ། འདི་གཉིས་མཚན་མཐུན་པས་གཅིག་ཏུ་མཛད་། ༥ དངོས་པོ་གསལ་བའི་དེ་ཁོ་ན་ཉིད་གྲུབ་པ་རང་བྱུང་གི་རྣལ་འབྱོར་མ་ཙི་ཏོས་མཛད་པ། དེ་ཁོ་ན་ཉིད་གྲུབ་པ་ར་ལི་པས་མཛད་པ་གཉིས་མཚན་མཐུན་པས་གཅིག་ཏུ་བགྲངས། ༦ སིདྡྷི་ཀཱས་གྲུབ་དཱ་རི་ཀས་མཛད་པ་རྣམས་སོ། །གཉིས་པ་ནི། བྲམ་ཟེ་ས་ར་ཧ་ཆེན་པོའི་དོ་ཧ་མཛོད། རྩེ་མོ་དོ་ཧ། བདག་བྱིན་རླབས། སློབ་དཔོན་ཀླུ་སྒྲུབ་ཀྱི་ཕྱག་རྒྱ་བཞི་པ། ཨཱརླ་དེ་བའི་སེམས་ཀྱི་སྒྲིབ་སྦྱོང་། ཏོག་ཙེ་པའི་བསམ་གྱིས་མི་ཁྱབ་པ་རྣམས་ཡིན་ལ། རྒྱལ་པོ་དོ་ཧ། བཙུན་མོ་དོ་ཧ། མཛོད་ཆུང་བ། ཀ་ཀའི་དོ་ཧ་རྣམས་དང་པོའི་རྗེས་འབྲངས། བྱང་ཆུབ་སེམས་འགྲེལ། སེམས་ཀྱི་རྡོ་རྗེའི་བསྟོད་པ་སོགས་བཞི་པའི་རྗེས་འབྲངས་སོ། །དོ་ཧའི་འགྲེལ་པ་གྲུབ་ཐོབ་གླིང་གིས་མཛད་པ་དང་། ཕྱིས་ཡིད་བཟང་རྩེ་པས་དོ་ཧ་སྦྱོར་དྲུག་ཏུ་བཀྲལ་ལོ། །གསུམ་པ་ནི། ཐུན་མོང་གྲུབ་
མཐའ་རིན་པོ་ཆེའི་ཕྲེང་བ། དེའི་དོན་སྔགས་དང་སྦྱར་བ་དོ་ཧ་ཏི། རྩོད་སྤོང་བདག་མེད་གསལ་བ། ཐབས་ཁྱད་དུ་གསོད་པ་བཟློག་ཕྱིར་ལྟ་བ་ངན་སེལ། ལྟ་བ་ངན་སེལ་གྱི་དྲན་པ། ལས་དང་པོའི་བྱ་བ་མདོར་བསྡུས་པ། སྔགས་ལམ་དབང་དང་འབྲེལ་བར་བསྟན་པ་དབང་ངེས་བསྟན། དགོས་པ་མདོར་བསྡུས་པ། དབང་གི་བྱ་བ་མདོར་བསྡུས་པ། དབང་རྣམ་དག །རྒྱས་གདབ་ཀྱི་དོན་ཕྱག་རྒྱ་ལྔ་པ། དགའ་གཅུགས་ལྔ་པ། མི་ཕྱེད་པ་ལྔ་པ། ཟུང་འཇུག་གི་དེ་ཉིད་ལྟ་བ་ཤན་འབྱེད་པ་དབུ་མ་དྲུག་པ། ལྷན་སྐྱེས་དྲུག་པ། ལྟ་བདེ་དང་ལྡན་པའི་ཟུང་འཇུག་བཤད་པ། ཐེག་ཆེན་ཉི་ཤུ་པ། །དེ་ཉིད་ཉི་ཤུ་པ། རབ་ཏུ་མི་གནས་པ་སྟོན་པ་བདེ་ཆེན་གསལ་བ་དང་། ཟུང་འཇུག་དངོས་བསྟན། ལྟ་བའི་གོ་རིམ་དཔེ་དང་སྦྱར་བ། རྨི་ལམ་ངེས་བསྟན། སྒྱུ་མ་ངེས་བསྟན། ཟབ་དོན་བསྡུ་བ་དེ་ཉིད་བཅུ་པ་དང་། དེ་ཉིད་རབ་ཏུ་བསྟན་པ། ཟབ་མོ་ཁྱད་པར་ཕྲ་མོ་སྟོན་པ་ལ་རབ་ཏུ་མི་གནས་པ་གསལ་བར་སྟོན་པ། མ་རྟོགས་པ་རྟོགས་པར་བྱེད་པ། ཚིགས་བཅད་ཕྱེད་པ་རྩ་འགྲེལ་རྣམས་མཻ་ཏྲི་པས་མཛད་པ། དེ་ཉིད་བཅུ་པ་ལ་ལྷན་སྐྱེས་རྡོ་རྗེས་འགྲེལ་པ་མཛད་པ་དང་། ཁོང་རང་གིས་སྦྱར་བའི་གཞུང་གནས་པ་བསྡུས་པ་གསུམ་ནི་རྗེས་འབྲང་ངོ་། །དེ་དག་ཀྱང་མངའ་བདག་མཻ་ཏྲི་པ་ལས་
བརྒྱུད་ནས་མར་པས་མི་ལར་གནང་བའོ། །ཕྱིས་བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པར་སྣང་། གཉིས་པ་གཅིག་ཅར་བའི་ལམ་གཙོ་བོར་སྟོན་པ་ཐོག་བབས་ཞེས་ཕག་མོ་ཞལ་གཉིས་བརྡ་དབང་སོགས་ཀྱི་སྐོར། ཐོད་རྒལ་ལམ་གཙོ་བོར་སྟོན་པ་བསམ་གཏན་ཐུན་འཇོག །རིམ་སྐྱེས་པའི་ལམ་གཙོ་བོར་སྟོན་པ་རྟོགས་བརྗོད་གསེར་ཕྲེང་སྟེ་བརྒྱུད་པ་ནི་སྔ་མ་བཞིན་ནོ། །རྟོགས་པ་བྱིན་རླབས་ཀྱི་སྐོར་ནི། ལྷན་ཅིག་སྐྱེས་སྦྱོར་རྩ་འགྲེལ་ཏེ། འདིའི་རྩ་བ། བསྲེ་འཕོ་གཞུང་གི་སེམས་དངོས་པོའི་གནས་ལུགས་བསྟན་པ་ཁོ་ན་ཡིན། དེ་ལས་འཕྲོས་ནས་ཏིལླི་པས་ཚིགས་བཅད་གཅིག་མ་འདི་དང་། ནཱ་རོ་པས་གཉུག་མ་ཆིག་ཆོད་དུ་ཁྲིད་པ་ཞེས་བཤད་དེ་གཅིག་ཅར་བའི་ལམ། རྗེ་ཟླ་འོད་གཞོན་ནུས་ཚིགས་བཅད་རྐང་པ་གསུམ་པ་འདི་ཐོད་རྒལ། ཕག་གྲུ་དང་། ཆོས་རྗེས་ཚིགས་བཅད་གཉིས་རིམ་སྐྱེས་པའི་ལམ་སྟེ། ལྷན་ཅིག་སྐྱེས་སྦྱོར་སྔ་ཕྱི་བར་གསུམ་གྱི་ཐ་སྙད་མཛད། དེ་དོན་བསྒོམ་རིམ་བསྡུས་འབྲིང་རྒྱས་པས་བསྟན་པ་སྟེ་གཞི་གཏན་ལ་དབབ་པའི་སྐོར་རོ། །དེ་ལས་འཕྲོས་པ་ཕག་གྲུའི་ཞུས་ལེན་རྣལ་འབྱོར་བཞི་ནས་བརྩམས་ཏེ། ཆོས་རྗེ་དཔོན་སློབ་རྗེས་འབྲངས་དང་བཅས་པས་མཛད་པ་རྣམས་ཉམས་མྱོང་གི་སྤུ་རིས་འབྱེད་པའི་སྐོར། རྗེ་ཟླ་འོད་གཞོན་ནུས། བདག་གི་བླ་
མའི་བར་གྱི་ངོ་སྤྲོད་ཀྱི་ཡི་གེ་ཐམས་ཅད་ལ་རྗེས་ལམ་ཁྱེར་གྱི་སྐོར་ཞེས་རྣམ་པ་གསུམ་གྱིས་བསྡུས་སོ། །མདོ་རྒྱུད་ཐམས་ཅད་ཀྱི་མན་ངག་ཆེན་པོ། བཀའ་བརྒྱུད་རིན་པོ་ཆེའི་གཞུང་ལམ། རྗེ་བཙུན་ནཱ་རོ་པའི་ཆོས་དྲུག་གམ་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཞེས་རྗེ་ནཱ་རོ་པའི་ཁྱད་ཆོས་རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་ལྟ་བའི་མིག་ལྟ་བུའི་གླེགས་བམ་ཡི་གེ་རགས་པ༤༠། ཕྲ་མོ་ཞེ་བརྒྱད་དེ། རྩ་བ་བསྣན་པས་༨༩ཏེ། དེ་ཐམས་ཅད་ཀྱི་རྩ་བ་ནི་བཀའ་ཡང་དག་པའི་ཚད་མའོ། །པུཎྜ་རཱི་ཀ་ཉིད་ཀྱིས་འགྲེལ་ཆེན་རྡོ་རྗེ་འཆང་གི་དགོངས་གསལ། ཁྲིད་ཡིག་རྡོ་རྗེ་ཐེག་པར་བགྲོད་པའི་ཤིང་རྟ་སོགས་མཛད་དོ། ༈ །དཔལ་འབྲུག་པའི་ཟབ་ཆོས་རོ་སྙོམས་ཀྱི་སྐོར་ནི། བརྟག་གཉིས་ལས། བཟློག་པའི་བསྒོམ་པ་འདི་དག་ནི། །སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས། །ཞེས་གསུངས་པ་ལྟར་དཀོར་རྒྱས་འགྲེལ་ཀུ་མུ་ཏ། མཛོད་ཆེན་པོ་གསུམ་སྟེ། དེ་ཡང་གཏེར་མཛོད་བཀའ་རྒྱ་ཅན། ཡང་མཛོད་ཐུགས་ཀྱི་མེ་ལོང་། གསང་མཛོད་སྦས་པ་མིག་འབྱེད་གསུམ། དང་པོ་ལ་ཁྲིམས། ཁྲིད། ཞལ་གདམས་གསུམ། ༈ །དཔལ་འབྲུག་པའི་ཟབ་ཆོས་ལས་རྟེན་འབྲེལ་ཁོ་བོ་ལུགས་ཞེས་པ། འགྲོ་མགོན་དེ་ཉིད་གླིང་རས་དྲུང་ན་བཞུགས་དུས། དེས་རྟེན་འབྲེལ་གྱི་ཆོས་སྐད་ཐོར་རེ་གསུངས་པས་
རཏྣ་འདི་ཅི་མཛད། རྟེན་འབྲེལ་བྱ་བ་རྟོག་ཆོས་ཡིན་མོད་སྙམ་པ་བྱུང་། དེས་ཇི་ལྟ་བའི་རྟོགས་པ་ཤར་ནས་ཇི་སྙེད་པའི་མཁྱེན་པའི་རྩལ་ཁ་རྒྱས་པ་ལ་ཅུང་ཟད་རེ་གནོད། འོད་ཀྱང་ཕྱིས་བརྟག་གཉིས་ལས་གསུངས་པའི་ཡུལ་གྱི་ནང་ནས་ཙཱ་རི་ཏྲ། འཁོར་ལོ་སྡོམ་པ་ལས། བོད་ཡུལ་ལ་ཧི་མ་ལ་ཡ་ཞེས་བཤད་པའི་གནས་ཆེན་དེ་ཡི་སྒོ་དབྱེ་བའི་དུས་སྟོད་ཀྱི་རི་བོ་རྡོ་རྗེ་ཕག་མོ་ལྟ་བུ། སྡོང་པོ་དེའི་ཁ་ཊཾ་ག་ལྟ་བུའི་འོག་ཏུ་ཟླ་བ་གསུམ་སྐྱིལ་ཀྲུང་གཅིག་གིས་ཡང་དག་འཇོག་ལ། མཉམ་པར་བཞག་པའི་ནང་ཐ་མའི་ཐོ་རངས་རྫོགས་པའི་སངས་རྒྱས་རབས་བདུན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འཁོར་བསྐོར་ཏེ་མཐར་སྙིང་པོ་བསྡུ་བའི་ཚིགས་སུ་བཅད་པ་བཀའ་སྩལ་ཏེ་མི་སྣང་བར་གྱུར་ལ། དེ་ནས་ཇི་སྙེད་པའི་རྩལ་ཕྱོགས་མེད་དུ་རྒྱས། གང་གིས་འདུལ་བ་དེ་ལ་དེ་བསྟན་པའི་སློབ་མའི་ཚོགས་ཀྱིས། དུས་འཁོར་འགྲེལ་ཆེན་ལས། ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་ཡེ་དྷརྨའོ། །ཞེས་དང་། ཀླུས། གང་གིས་སྟོང་དང་སོགས་གསུངས་པའི་དོན་འདི་ཁ་ཚིག་ཙམ་དུ་མ་ལུས་པར་ཉམས་སུ་ལོན་པ་བྱུང་། འདི་ལ་ཆོས་རྗེ་འབྲུག་པའི་རྩལ་ཆོས་སུ་གྲགས་པས་རྗེ་ཉིད་ཀྱིས་ཀྱང་རྟེན་འབྲེལ་ཁོ་བོ་ལུགས་ཞེས་གསུངས། འདི་ལ་རྟེན་འབྲེལ་གྱི་སྙིང་པོ་རྣམ་པར་བཤད་པ་ཞེས་
བྱ་བའི་མདོ་སོགས་དང་། ཕྱིས་སུ་རྣམ་བཤད་ཞིབ་མོ་རྣམ་འཐག་དང་། ཁྲིད་ཡིག་ཆོས་ཐམས་ཅད་ཀྱི་སྙིང་པོ་ལེན་པ་ཞེས་བྱ་བ་མཛད། ༈ །དཔལ་འབྲུག་པའི་ཟབ་ཆོས་བླ་མ་སྒྲུབ་པའི་སྐོར་ལ། བླ་མ་ལྔ་བཅུ་པ་དང་། དེ་ལ་གླིང་ཊིཀ །ཏིལླི་པའི་ཚར་གསུམ་ཁུག་པ་སོགས་སོ། །བདེ་མཆོག་མཁའ་འགྲོའི་སྙན་བརྒྱུད་ནི། སྙན་བརྒྱུད་རྡོ་རྗེ་རྣལ་འབྱོར་མ་ཞེས་དཔལ་འཁོར་ལོ་སྡོམ་པ་རྩ་རྒྱུད་ཀྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟེ། དེ་ཡང་རྡོ་རྗེ་འཆང་ལ་ཕག་མོས་གསོལ་བ་བཏབ་ནས་དཔལ་ལྡན་འབྲས་སྤུངས་སུ་ལེགས་པར་བསྟན། བསྡུ་བ་མཛད་ཕྱིས་ཨོ་ཌི་བི་ཤྭ་དྷརྨ་གལྗོར་རྒྱ་རིམ་བདུན་གྱི་ཚུལ་གྱིས་བཏབ་པ་རྒྱལ་བ་དགོངས་བརྒྱུད། དེ་ལས་ཕྱུང་སྟེ་བཅོམ་ལྡན་འདས་དེ་ཉིད་ཀྱིས་སློབ་དཔོན་ཏིལླི་པ་ལ་གནང་བ་བྱིན་རླབས་མཁའ་འགྲོའི་བརྒྱུད་པའམ། གཏད་རྒྱ་དང་བཅས་པས་ལུང་བསྟན་གཏད་རྒྱའི་བརྒྱུད་པ། སློབ་དཔོན་དེས་ཇོ་བོ་ནཱ་རོས་དཀའ་ཆེན་བཅུ་གཉིས་སྤྱད་པའི་མཐར་སྐད་ཅིག་གིས་རྟོགས་པར་བསྟན་པ། ཇོ་བོ་དེ་དེ་དུས་སློབ་དཔོན་མཐོང་ལམ་པའི་ཚུལ་བཟུང་བ་ཡིན་པས་ན། རིག་འཛིན་བརྡ་བརྒྱུད། ནཱ་རོ་ཏ་པས་ཀྱང་བླ་མའི་ལུང་ལྟར་མར་པ་དང་། དེས་ཀྱང་ལུང་བཞིན་མི་ལར་གདམས་པ་མན་ལ་གང་ཟག་སྙན་ཁུང་བརྒྱུད་པར་བཞག་པས་བརྒྱུད་པ་བཞི་
ལྡན་དུ་སོང་། རྗེ་བཙུན་གྱིས་རས་ཆུང་སོགས་ལ་གནང་ནས་དར་རོ། །འཁོར་ལོ་སྡོམ་པའི་རྫོགས་རིམ་མི་ཏྲི་ལུགས་ནི། རྗེ་བཙུན་མེ་ཏྲི་པ་ཞེས་པཎྜི་ཏ་འབར་བའི་གཙོ་བོའི་སྐྱེ་བ། ཕྱི་ནང་གི་གཞུང་ལུགས་ཀུན་ལ་བྱང་བ། ཡི་དམ་གྱི་ལྷས་དེ་ཁོ་ན་ཉིད་འཚོལ་བར་ལུང་བསྟན་པ་བཞིན་དཔལ་གྱི་རིར་བྱོན། ཤ་བ་རི་དབང་ཕྱུག་བཙུན་མོ་དང་བཅས་པས་རྗེས་སུ་བཟུང་། ཡང་དག་པའི་ལམ་མ་སྦས་པར་བསྟན་པ་ནི་དཔལ་འཁོར་ལོ་སྡོམ་པའི་རྫོགས་རིམ། རྡོ་རྗེ་རྣལ་འབྱོར་མའི་གསུང་ངག་རྗེ་རས་ཆུང་པས་བོད་དུ་སྤྱན་དྲངས་པའི་རིན་ཆེན་ལྔ་པ་ཞེས་པའི་གདམས་ངག་གོ །དཔལ་འབྲུག་པའི་ཟབ་ཆོས་ལས་ཏི་ཕུའི་བཞི་ཆོས་སམ། རྡོ་རྗེ་ལུས་ཀྱི་སྦས་བཤད་སྐོར། པཎྜི་ཏ་ག་ཡ་དྷ་རའི་སྲས་ཏི་ཕུ་པས་ཇོ་བོ་ནཱ་རོ་དང་མེ་ཏྲ་ལས་གསན་པ། དངོས་པོར་གནས་པའི་ཚུལ་གཏན་ལ་དབབ་པ་རྡོ་རྗེ་ལུས་ཀྱི་སྦས་བཤད་དམ་གདམས་ངག་བཞི་བཞིས་བསྟན་པ་ཏི་ཕུའི་བཞི་ཆོས། ༈ །སྨད་འབྲུག་སའི་དྲེག་པ་ལྟ་བུའི་བསྟན་པའི་བདག་པོ་ཆོས་ཀྱི་རྒྱལ་པོ་ལོ་རས་པས། སྐྱོར་མོ་ལུང་གི་སྤལ་ཏི་དགྲ་བཅོམ་པར་རབ་ཏུ་བྱུང་སྟེ་མཚན་དབང་ཕྱུག་ཏུ་གསོལ། ཕྱིས་ཆོས་རྗེའི་དྲུང་དུ་གདམས་ངག་རྫོགས་པར་གསན། གནམ་མཚོ་ཕྱུག་མོའི་དོ་རིར་སྒྲུབ་པ་མཛད་པས་དངོས་གྲུབ་མཆོག་ཏུ་
བརྙེས། ཕྲིན་ལས་བསམ་གྱིས་མི་ཁྱབ། འཁོར་དགེ་སློང་རང་ཡང་སྟོང་ཕྲག་ཙམ་འདུ་བས་སའི་དྲེག་པ་ལྟ་བུར་གྲགས། ཕྱིས་ལྷོ་བྲག་སེང་གེ་རིར་བཞུགས། དེས་ཆོས་རྗེའི་ཚོགས་ཆོས་ཐུན་ལྔར་གསུངས་པ་ལྟར་ཕྱག་བཞེས་སུ་བཀྲལ་ནས། ཐུན་ལྔའི་ཆ་ལག་རྒྱས་པ། ཕྱག་རྒྱ་ཆེན་པོ་འཆི་ཐུབ། གཏུམ་མོ་རས་ཐུབ། གསང་སྤྱོད་རི་ཐུབ། ནད་གདོན་འཁྲུགས་ཐུབ། གཉེན་པོ་རྐྱེན་ཐུབ་ཀྱི་ཁྲིད་རྣམས་མཛད་དོ། ༈ །སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུར་གྲགས་པའི་བྱ་བ་ཆོས་རྗེ་རྒོད་ཚང་པ་ལྷོ་ལ་ཡག་དོལ་བུ་ཆུང་གི་རྩར་འཁྲུངས། ཆོས་རྗེ་དང་སངས་རྒྱས་དབོན་ལས་གདམས་ངག་རྫོགས་པར་གསན། བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་དབང་བསྒྱུར། ཕྱིས་ལ་སྟོད་རྒྱལ་གྱི་ཤྲཱི་རི་ལས་མི་འབབས་པའི་དམ་བཅའ་མཛད། སློབ་མའང་རྟོགས་པ་རང་མཉམ་རྒྱལ་བ་ཡང་དགོན་པ། བརྟུལ་ཞུགས་རང་མཉམ་ཨོ་རྒྱན་པ། མོས་གུས་རང་མཉམ་ཟང་ཟང་ནེ་རིང་པ། ཞེ་གཅོད་རང་མཉམ་སྤྱིས་དཀར་བ་སོགས་དངོས་ཀྱི་སློབ་མ་གྲུབ་ཐོབ་སྐར་ཚོགས་ཙམ་བྱུང་། དེས་ཆོས་རྗེའི་མིང་ཐོ་ཙམ་ལ་བརྟེན་ནས་སྙན་བརྒྱུད་ཀྱི་གདམས་ངག་དེའི་འགྲོས་སུ་བསྟན་པས་ཁྲིད་ཆེན་བརྒྱད་ཅེས་གྲགས་ཏེ། ལམ་ཟབ་མོས་གུས་ཀྱི་ཁྲིད། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད། ཐབས་ལམ་
ཁྱད་པར་ཅན་གྱི་ཁྲིད། གསང་སྤྱོད་བཟློག་སྒོམ་གྱི་ཁྲིད། སྟེང་སྒོ་ཆོས་དྲུག །འོག་སྒོ་ཆོས་དྲུག །འཁྲུལ་འཁོར་དང་བཅས་པ། དག་སྣང་ཞིང་སྦྱོང་གི་ཁྲིད། ཆོས་བརྒྱད་མགོ་སྙོམས་ཀྱི་ཁྲིད། བྱམས་སྙིང་རྗེའི་ཁྲིད། རྒྱུ་འབྲས་རྟེན་འབྲེལ་གྱི་ཁྲིད་རྣམས་སོ། །དཔལ་འབྲུག་པའི་ཟབ་ཆོས་དགེ་སྦྱོར་བདུན་གྱི་སྐོར་ཞེས་ཆོས་རྗེས་ཤངས་པའི་སློབ་མ་གཉིས་ལ་གནང་ངོ་། ༈ །རི་ཆོས་སྐོར་གསུམ་ནི། རྒྱལ་བ་ཡང་དགོན་པས་མཛད་པ་སྟེ། དེ་ཡང་། སྒྲུབ་པ་ཉམས་ལེན་གྱི་ཆོས་ཐམས་ཅད་ཚང་བར་སྟོན་པ་དགོས་འདོད་ཀུན་འབྱུང་གི་སྐོར། རྡོ་རྗེ་ལུས་ཀྱི་གནས་ལུགས་གསལ་བར་སྟོན་པ་སྦས་བཤད་ཀྱི་སྐོར། འཆི་བ་ལམ་དུ་བྱེད་པ་བར་དོ་འཕྲང་སྒྲོལ་གྱི་སྐོར་དང་གསུམ་སྟེ། དང་པོ་ལ་རྩ་བ་ལུས་ལྟ་བུའི་ཆོས། གྱེས་པ་ཡན་ལག་ལྟ་བུའི་ཆོས༩། ཟབ་དོན་སྙིང་ལྟ་བུའི་ཆོས༠། གཅེས་པ་སྲོག་རྩ་ལྟ་བུའི་ཆོས༦། དམར་ཁྲིད་དབང་པོའི་སྒོ་ལྔ་ལྟ་བུའི་ཆོས་ལྔ་རྣམས་སོ། །གཉིས་པ་ནི། རྩ་རླུང་ཐིག་ལེའི་གནས་ལུགས་གསལ་བར་སྟོན་པ་སྦས་བཤད་ཀྱི་གཞུང་། དེའི་བཀའ་འགྲེལ་ཟབ་མོ། ཞལ་ཤེས་སྟོན་པ་ཞལ་གདམས་བཀའ་རྒྱ་མ་རྩ་ཁོག་དང་བཅས་པ་རྣམས་སོ། །འཕྲང་དྲུག་གདམས་པ་དྲུག་གིས་སྒྲོལ་བ་བར་དོ་འཕྲང་སྒྲོལ་གྱི་སྐོར་ལ། དེའི་གཞུང་། དེའི་བཀའ་
གནད་འཆད་པ་སྦས་གནད་ཀྱི་གཏེར་མཛོད། གསང་བའི་བརྡ་སྐད་འགྲོལ་བ། ཡིད་ཆེས་ངེས་ཤེས་སྐྱེ་བ་ལོ་རྒྱུས། ལག་ལེན་ཁྲིད་ཡིག་བཅས་སོ། ༈ །གོ་ལུང་པ་རཏྣ་རང་མཉམ་བཞི་ལས་བརྟུལ་ཞུགས་རང་མཉམ། ཤྲཱི་སྒྲ་ཚད་མདོ་སྔགས་ཀྱི་སྦྱངས་པ་མཐར་ཕྱིན་ནས་རྒྱལ་བ་རྒོད་ཚང་པའི་སྤྱན་སྔར་ལོ་གསུམ་བཞུགས། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པས་བརྟུལ་ཞུགས་ཀྱི་སྤྱོད་པ་མཐར་ཕྱིན་པར་བྱ་བའི་ཕྱིར། ཛ་ལནྡ་ར་སོགས་གནས་ཆེན་མང་པོར་བྱོན། ལྷག་པར་ཨོ་ཌི་ཡ་ན་ཞེས་གྲགས་པ་རྡོ་རྗེ་ཐེག་པའི་གན་མཛོད་ཆེན་པོར་བཞུགས་པ། སྤྲུལ་པའི་ཞིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་གླིང་ཆེན་པོ་དེར་དཔལ་ཡེ་ཤེས་པའི་ཞབས་འབྲིང་པ་དང་བཅས་བྱོན། ཡུལ་དེའི་དབུས་དྷ་མ་ཐཱ་ལ་ཞེས་བྱ་བའི་ཕྱོགས་བཞིར་རིགས་བཞིའི་མཁའ་འགྲོ་ཛོ་ཀི་ནཱིའི་ཚུལ་མཛད་མ་བཞིས་བྱིན་གྱིས་བརླབས། ལྷག་པར་རང་བྱུང་གི་གཡུང་དྲུང་དམར་པོས་སྨིན་མཚམས་མཛེས་པའི་བུ་མོ་ཞིག་གིས་ལུང་བསྟན་ཀ་པོ་ཀ་ཞེས་པའི་དྲུང་དུ་ས་མནྟ་བྷྱ་ཀ་ཞེས་སྨད་འཚོང་མའི་ཚུལ་འཛིན་པ་ཞིག་དང་མཇལ་གྲོགས་ཀྱི་སྣང་བར་ཐུག་པ་རེ་སྦྱིན་ལ་འཐུང་བའི་མོད། ས་གཡོ་བ་དང་འོད་དང་སྒྲ་བསམ་གྱིས་མི་ཁྱབ་པར་ཤར། གཞན་དེའི་རེག་བྱ་མཆོག་གི་རོལ་མོས་རྡོ་རྗེའི་ལུས་ཀྱི་རྩ་ཡི་མདུད་པ་ཕལ་