ས་སྐྱོང་སེ་ནཱ་ཤུ་བྷ་ནས་སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ཁྲི་ཕེབས་ཀྱི་ལེགས་འབུལ་སྟོབ་པའི་ཡི་གེ་མེ་ཏོག་ཆུན་པོ།
༅། །ས་སྐྱོང་སེ་ནཱ་ཤུ་བྷ་ནས་སྲིད་སྐྱོང་རྭ་བསྒྲེང་ནོ་མི་ཧན་ཆེན་པོར་ཁྲི་ཕེབས་ཀྱི་ལེགས་འབུལ་སྟོབ་པའི་ཡི་གེ་མེ་ཏོག་ཆུན་པོ་ཞེས་བྱ་བ། པུཎཛཱནབིམུཀྟབཱིཛཀཾ བོདྷིགཉྙཛལཀྐཎཾཤུབྷེ༔ སྡེབ་སྦྱོར་མཉམ་པའི་བྲིཏྟའི་བྱེ་བྲག་དག་པའི་སྣང་བའོ། །ཤཱན བྷབནཙུཊབིཐམཾ སིཤཱསརླགཏཾརབིརྫཡེཏ། །རྣམ་གྲོལ་བསོད་ནམས་ཡེ་ཤེས་ས་བོན་ནི། །བྱང་ཆུབ་སྙིང་པོར་འཁྲུངས་པའི་དགེ་མཚན་གྱིས། །སྲིད་དང་ཞི་བའི་གཙུག་ན་ངལ་འཚོ་བ། །ཡོངས་རྫོགས་
བསྟན་འགྲོའི་ཉི་མ་རྒྱལ་གྱུར་ཅིག ༡ །ཚངས་སོགས་ཆེ་དགུའི་འདར་ལྡན་ཐོར་ཚུགས་ཀྱིས། །ཡང་ཡང་ཕྱིས་པའི་ནོར་བུའི་བ་གམ་གྱིས། །མངོན་པར་མཐོ་བའི་ཆོས་ཀྱི་རྒྱལ་ཐབས་ཆེ། །ངོ་མཚར་བྱེ་བས་མཛེས་པའི་ཉེ་དྲུང་དུ། ༢ །དཔག་བསམ་རྐང་བས་འཐུང་བས་དགའ་ཚལ་བཞིན། །ཡིད་ཅན་ཀུན་དགའི་འཇུག་ངོགས་གཅིག་གྱུར་པ། །ཁྱོད་ཞབས་དག་པའི་རིན་ཆེན་བེ་ཌཱུརླར། །སྲས་བཅས་རྒྱལ་བས་ཤིས་པའི་མེ་ཏོག་འཐོར། ༣ །དེ་སླད་ལྷས་སྐྱོང་རིགས་ཀྱི་ལྕུག་ཕྲན་ཡང་། །དད་གསུམ་ངང་ཚུལ་རྒྱས་པའི་བརྟུལ་ཞུགས་ཀྱིས། །ཐལ་མོའི་ཆུ་སྐྱེས་སྤྱི་བོར་ཟུམ་དང་བཅས། །བསྔགས་བརྗོད་གཏམ་གྱི་རྒྱུད་མང་ཅུང་ཟད་བསྒྲེངས། ༤ །གང་ཚེ་བསོད་ནམས་རྒྱ་མཚོའི་རོལ་སྒེག་ནི། །ཡེ་ཤེས་འབིགས་བྱེད་རི་བོས་བསྲུབས་པ་ལས། །མཚན་དཔེའི་ཟླ་རིས་བྱས་པའི་དགེ་མཚན་གྱིས། །ས་གསུམ་བཀྲ་ཤིས་གསར་བའི་སྣང་བས་ཁྱབ། །བཅུ་ཕྲག་དྲུག་གི་སྤྲིང་ཡིག་དང་འགྲོགས་བཞིན། །ཆོས་ཕུང་གྲངས་མེད་འཆད་དང་སྒྲུབ་པ་ལ། །འཇམ་མགོན་གཉིས་པའི་ངོ་མཚར་འདིའོ་ཞེས། །བློ་ལྡན་བློ་ཡི་སྙེམས་པ་གཅིག་ཅར་འཕྲོག ༦ །གཟུང་འཛིན་འཁྲུལ་པ་དག་པའི་འོད་གསལ་དབྱིངས། །འཇུག་དང་ལྡང་བ་བྲལ་བ་སྙོམས་འཇུག་བཞིན། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་ནི། །སྲས་བཅས་རྒྱལ་བ་ཀུན་དང་
མཉམ་པ་ཉིད། ༧ །ཁྱད་པར་འཕགས་མཆོག་ཕྱག་ན་པདྨོ་ཡི། །ཡོངས་རྫོགས་ཕྲིན་ལས་རྒྱ་མཚོར་དབང་བསྒྱུར་བས། །དེང་ནས་བཟུང་སྟེ་ཁོར་ལུག་རི་བོའི་ཁོངས། །རྫོགས་ལྡན་དུས་ཀྱི་དགའ་སྟོན་གསར་དུ་ཚུགས། །དེ་སོགས་བསྔགས་འོས་ཡོན་ཏན་མི་ཟད་པ། །སྤྲིན་བྲལ་ཉིན་མོར་བྱེད་པ་རྣམ་བརྟག་བློས། །ཐལ་མོའི་ཀུ་མུཏ་སྙིང་གར་ཟུམ་དང་བཅས། །སྒོ་གསུམ་གུས་པའི་དད་ཕྱག་ཉིན་བཞིན་སྟོབས། ༩ །ལྷག་བསམ་དག་པའི་ས་གཞིར་ལེགས་འཁྲུངས་པའི། །དངོས་འབྱོར་མེ་ཏོག་ཕྲ་མོ་འདིས་མཚོན་ཏེ། །ཡིད་སྤྲུལ་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པས། །བྱང་ཆུབ་བར་དུ་བསྙེན་བཀུར་བགྱིད་ལ་ཕྱོགས། ༡༠ །གདུང་སེལ་གངྒཱའི་རྒྱུན་གྱི་ཞབས་བསིལ་དང་། །དབང་པོའི་མཚོན་གྱིས་བརྡར་བྱས་འཛད་མིན་པའི། །སྡིག་དང་ལྟུང་བ་ལས་བྱུང་སྒྲིབ་པའི་དྲི། །སྟོབས་བཞིའི་བདུད་རྩིའི་ཐིག་པས་ཡུད་ལ་སྦྱོངས། ༡༡ ། མགོན་པོ་ཁྱོད་ཀྱི་བྱང ་ཆུབ་སྤྱོད་པས་མཚོན། །འཕགས་དང་སོ་སྐྱེའི་ལེགས་བྱས་ཕུང་པོ་ལ། །ཡི་རང་ཨུཏྤལ་འཛུམ་སྒྲོས་གྲོལ་བ་ཡིས། །རྣམ་དཀར་འབྲས་བུ་ལྷན་ཅིག་དབང་དུ་བགྱི། ཨུ ༡༢ །རིགས་ཅན་གསུམ་གྱི་འགྲོ་བ་མཐའ་ཀླས་པ། །རྨོངས་དང་མ་རིག་འཐིབ་བུས་ནོན་པ་ལ། །ཐར་པ་དམ་པའི་ལམ་བཟང་སྣང་བྱེད་པའི། །ཞི་བསིལ་བདུད་རྩིའི་སྒོ་བརྒྱ་འབྱེད་པར་གསོལ། ༡༣ །
ལྷར་བཅས་ཡིད་ཅན་སྤྱི་དང་ཁྱད་པར་དུ། །འཛམ་བུའི་ལྗོན་པས་མཚན་པའི་སྨན་ལྗོངས་འདིར། །ཕན་བདེའི་བྱེད་པོ་གཅིག་གྱུར་ཐམས་ཅད་མཁྱེན། །ཞབས་པད་སྲིད་མཐའི་བར་དུ་བརྟན་པར་མཛོད། ༡༤ །དེ་ལྟར་བསགས་པའི་དགེ་ཚོགས་ལམ་གསུམ་རྒྱུན། །བྱང་ཆུབ་སྙིང་པོའི་རྒྱ་མཚོར་རོ་གཅིག་པས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །བཀྲ་ཤིས་སྣང་བས་རྟག་ཏུ་ཁྱབ་གྱུར་ཅིག ༡༥ །སླར་ཡང་སྲིད་དང་ཞི་བ་ཡི། །དགེ་མཚན་རིན་ཆེན་བྱེ་བའི་ཕུལ། །ཁྱོད་ཞབས་བསྐལ་བརྒྱར་འཚོ་གཞེས་སླད། །ངག་གི་རྒྱུད་མང་འདི་སྐད་བསྒྲེངས། །བཱི་ཤྲཱི་ཤྲཱི་བི་ཛ་ཡནྟུ། གང་གིས་བསྙེན་པ་ཙམ་ནས་ཕན་བདེའི་མཆོག །སྦྱིན་ལ་ཙིནྟ་མ་ཎིས་མཚོན་མིན་པ། །བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་བྱིན། །རྟག་པ་རྒྱུན་གྱི་འཁོར་ལོ་ཞབས་བརྟན་གསོལ། ༡ །རྒྱལ་ཀུན་སོ་སོར་རྟོག་པའི་ཡེ་ཤེས་དང་། །འཇུག་པ་གཅིག་པའི་དབྱངས་ཀྱིས་དགེ་བྱས་པའི། །ཆོས་ཕུང་རྒྱ་མཚོའི་ངོ་མཚར་སྤྲོ་བཞིན་དུ། །ངེས་པར་ཞིང་ཁམས་འདི་ལས་ཡོལ་མེད་ཤོག ༢ །ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ནི། །འགྱུར་བཅས་སྲིད་པའི་ཁམས་ལས་རྣམ་གྲོལ་ཕྱིར། །ཤིན་ཏུ་ཞི་བ་དམ་པའི་རྒྱལ་ཐབས་ལ། །འཆི་མེད་གྲུབ་པའི་རྣམ་ཐར་བཟུང་གྱུར་ཅིག ༣ །ཡོན་ཏན་མཐའ་ཀླས་བདུད་རྩིའི་དོ་ཤལ་དང་། །ཕྲིན་ལས་
སྣང་བ་དཀར་པོས་ས་གསུམ་ན། །དོན་གཉིས་ངལ་འཚོ་མཆོག་ཏུ་རྒྱས་བཞིན་དུ། །འདིར་ཡང་ཡེ་ཤེས་གཟིགས་པས་ཁྱབ་པར་གསོལ། ༤ །མདོར་ན་སྐྱབས་ཀུན་འདུས་པའི་ཞལ་སྐྱིན་མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ཡིས། །གནས་སྐབས་མཐར་ཐུག་སྨོན་པའི་དོན་ཀུན་ཡིད་བཞིན་འགྲུབ་པའི་དགེ་མཚན་གྱིས། །བསྟན་དང་འགྲོ་བའི་རྒུད་པ་ཀུན་ཞི་ཕུན་ཚོགས་འབྱོར་པས་མངོན་མཐོ་བའི། །བཀྲ་ཤིས་སྣང་བ་དམ་པའི་དཔལ་གྱིས་འཇིག་རྟེན་ཁམས་ཀུན་མཛེས་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ། །ཞེས་པའང་ས་སྐྱོང་ཆོས་རྒྱལ་ཆེན་པོ་ནས་ཆབ་ཤོག་གི་ལམ་ནས་བསྐུལ་བ་ལྟར་རིགས་པར་སྨྲ་བ་ཚངས་སྲས་དགྱེས་པའི་བློ་ལྡན་གྱིས་བྲིས་ཏེ་ཕུལ་བ་དགེ། །།