Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

14 occurrences of རང་རིག་
[Clear Hits]


  
 
རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས།
  
  
  
  
  
  
  
 
  
 
 
 
  
 


14 occurrences of རང་རིག་
[Clear Hits]

 
previousརྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས།next

རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས།


JLD001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས་བཞུགས་སོ། །


JLD001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་མཚན་བརྗོད་པར་དཀའ་བ་བློ་བཟང་གྲགས་པའི་དཔལ་སྐུ་བལྟམས་པ་ནི། ཤར་ཙོང་ཁ་མལ་གྱི་ས་ཡིན་ལ། ཡབ་ཡུམ་གཉིས་ནི་དད་པ་དང་བྱང་ཆུབ་ཀྱི་སེམས་དང་ལྡན་ཞིང༌། དམ་པའི་ཆོས་སྒྲུབ་པ་ལ་བརྩོན་པ་ཞིག་ཡོད་ལ། སྤྲེའུ་ལོའི་མཇུག་ཏུ་ཡབ་ཀྱི་མནལ་ལམ་དུ། རྒྱ་ནག་རི་བོ་རྩེ་ལྔ་ནས་འོངས་ཟེར་བའི་བཙུན་པ་མེ་ཏོག་གི་འཕྲེང་བ་དུ་མ་སྦྲེལ་བའི་ཆོས་གོས་དང༌། སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན། པོ་ཏི་ཁྱེར་བ་ཞིག་བྱུང་ནས། ང་ཁྱེད་ལ་གནས་ཤིག་གཡོར་བ་ཡིན་ཟེར་ནས། ཁང་ཐོག་ན་མཆོད་ཁང་ཞིག་ཡོད་པའི་ནང་དུ་སོང་བའི་སྣང་བ་བྱུང་བས། ཡབ་དེ་མཚན་


JLD001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཁོ་ན་ཞལ་འདོན་མཛད་ཅིང་ཡོད་པས། འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་སྙམ་པ་བྱུང་སྐད། ཡུམ་གྱི་མནལ་ལམ་དུ་ཡང་མེ་ཏོག་གི་ཐང་ཞིག་ན། བུད་མེད་སྟོང་ཕྲག་གཅིག་གྲལ་བྱས་པའི་ནང་དུ་ཁོང་པ་ཡང་བསྡད་པས། ཤར་ནས་ཁྱེའུ་དཀར་པོ་བུམ་པ་འཛིན་པ་གཅིག་དང༌། ནུབ་ནས་བུ་མོ་དམར་མོ་རྨ་བྱའི་སྒྲོ་མདོངས་སྡེར་མ་ཙམ་ཡོད་པ་ཞིག་གཡས་སུ་བཟུང༌། མེ་ལོང་ཆེན་པོ་ཞིག་གཡོན་དུ་བཟུང་ནས་བྱུང་བས། དེ་གཉིས་གྲོས་བྱས་ཏེ་བུད་མེད་ཐམས་ཅད་ལ་འདིས་རུང་ངམ་འདིས་རུང་ངམ་ཞེས་ཁྱེའུ་དེས་བུ་མོ་དེ་ལ་འདྲི་ཞིང༌། བུ་མོ་དེས་གཞན་རྣམས་རེ་རེ་ལ་སྐྱོན་རེ་བཏགས་ནས། ཡུམ་ལ་མཛུབ་མོ་བཙུགས་ནས་རུང་ངམ་ཞེས་འདྲི་བ་ལ། བུ་མོ་དེས་འཛུམ་བྱས་ནས་རུང་ཟེར་བས། འོ་ན་ཁྱོད་


JLD001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཁྲུས་གྱིས་ཟེར་ནས་ཇི་ལྟར་བལྟམས་པ་ཞེས་སོགས་དབྱངས་དང་བཅས་ཏེ་ཁྲུས་བྱས་པས། ལུས་ཀྱི་དྲི་མ་དག་ནས་བདེ་སང་སང་བའི་སྣང་བ་ཞིག་བྱུང་བས། གཉིད་སད་ནས་ལུས་ཡང་བ་དང་སེམས་བདེ་བ་སོགས་ཀྱི་དགེ་མཚན་དུ་མ་བྱུང་སྟེ། གང་གི་རྟགས་ཡིན་ནམ་སྙམ་ཐེ་ཚོམ་དུ་གྱུར་གསུངས། དུས་དེ་ནས་བཟུང་སྟེ་ཁྱིམ་མཚེས་དང་ཡུལ་མི་རྣམས་ཀྱི་རྨི་ལམ་དུ། དགེ་འདུན་མང་པོས་ཇོ་བོ་རིན་པོ་ཆེ་དབུས་ནས་གདན་དྲངས་བྱུང་བ་དང༌། ཉི་ཟླ་སྐར་གསུམ་དུས་གཅིག་ལ་ཤར་བ་དང༌། ཉིན་པར་ཡང་མེ་ཏོག་གི་ཆར། སྤོས་ཀྱི་དྲི། ནམ་མཁའ་ལ་རོལ་མོའི་སྒྲ་དང་ས་གཡོ་བ་ལ་སོགས་པ་ངོ་མཚར་བའི་ལྟས་ཡུལ་དེར་མཐུན་སྣང་དུ་གྲུབ་པ་དུ་མ་བྱུང་བ་ནི་མདོ་དབུས་ཐམས་ཅད་དུ་གྲགས་པ་ཡིན་ནོ། །དེ་ནས་བྱ་ལོ་ཟླ་བ་དང་པོའི་ཚེས་བཅུའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་ལ་སོགས་པའི་ཕོ་མོ་བསམ་གྱིས་མི་ཁྱབ་པ། རྒྱལ་མཚན་དང༌། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་བྱེ་བྲག་མཐའ་ཡས་པ་བཟུང་སྟེ། སྤྱན་རས་གཟིགས་འབྱོན་པ་ལ་བསུ་བ་བྱེད་ཟེར་གྱིན་འདུག་པས། ཕྱོགས་ཀུན་ཏུ་ངས་བལྟས་ཀྱང་མ་མཐོང༌། རྗེས་ལ་བལྟས་པས། སྤྲིན་གྱི་ཐད་དུ་གསེར་སྐུ་རི་བོ་ཙམ་པ། འོད་ཟེར་ཉི་མ་ལྟར་ཕྱོགས་ཐམས་ཅད་དུ་འཕྲོ་བ། ཆོས་ཀྱི་སྒྲ་དབྱངས་དང་བཅས་པ་ཞིག་ལྷའི་བུ་དང་བུ་མོ་ཡིན་ཟེར་བའི་ཆ་ལུགས་ཕུན་སུམ་ཚོགས་པ་དུ་མས་བསྐོར་བ་ཞིག་མར་མར་བབས་བྱུང་བས། གསེར་སྐུ་དེ་ཇེ་ཆུང་ཇེ་ཆུང་ལ་སོང༌། སྤྱི་གཙུག་གི་ཐད་ཙམ་དུ་སླེབ་པའི་ཚེ་མཐོ་གང་


JLD001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཤིན་ཏུ་མཛེས་པར་གྱུར་ནས་ལུས་ལ་ཐིམ། དེའི་འཁོར་རྣམས་དང༌། བསུ་མི་རྣམས་ཀྱང་རང་ལ་ཐིམ་པར་མཐོང་བས།  རང་ལ་ཕྱག་དང་སྐོར་བ་དང༌། མཆོད་པ་བཀྲ་ཤིས་བརྗོད་པ་སོགས་རྨིས་པས། ཕྱི་དེ་ནང་པར་ནས་རིག next hit་པ་དྭངས་པ་སྐྱིད་སྣང་ཆེ་བ། དེ་ཕྱིན་ཆད་མ་བརྟགས་མ་དཔྱད་པའི་དུས་ནའང་ངའི་ལུས་འདི་ལ་བརྙས་བཅོས་མི་ཉན་སྙམ་ནས། གཅེས་སྤྲས་དང་གཙང་སྦྲ་ལ་བརྩོན་པ་སོགས་རང་ཤུགས་ཀྱིས་བྱུང་འདུག །ཡབ་ཀྱི་མནལ་ལམ་དུ་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་འབར་བ་ཞིག་ཡུམ་ལ་ཐིམ་པ་རྨིས་པས། བུ་སྟོབས་ལྡན་ཞིག་སྐྱེ་བ་ཡིན་ནམ་ཞེས་གླེངས་སོ། །སྐུ་བལྟམས་པའི་དུས་ལ་བབས་པའི་ཚེ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་ལ་སོགས་པའི་ཁྲོམ་ཆེན་པོ་མཆོད་པ་རྣམ་པ་ལྔ་ཁྱེར་ནས་མཆོད་ཁང་མཇལ་ཟེར། དེ་གང་ན་ཡོད་དྲིས་པས་སྔར་གྱི་ཁྱེའུ་དཀར་པོ་དེས་ཆུ་ཤེལ་གྱི་ལྡེ་མིག་ཅིག་བཟུང་ནས་འདི་ན་ཡོད་ཟེར་ཞིང༌། རང་གི་བྲང་ན་སྒོ་ཆུང་སེར་པོ་གཅིག་འདུག་པ་ཕྱེ་བའི་ནང་ནས་སྔར་ལུས་ལ་ཐིམ་པའི་གསེར་སྐུ་དེ་བཏོན་པས་གསེར་སྐུ་དེ་དྲི་མས་ཅུང་ཟད་ནོགས་འདུག་པར། སྔར་གྱི་བུ་མོ་དེ་བྱུང་ནས་དེ་ལ་བུམ་ཆུས་ཁྲུས་བྱས། རྨ་བྱའི་སྒྲོས་བྱབས། རྒྱ་གར་གྱི་སྐད་ཡིན་ནམ་སྙམ་པའི་དར་དིར་མང་པོ་དབྱངས་སུ་ལེན་ཅིང༌། ལྷ་དེ་ལ་མཆོད་པ་འབུལ་གྱིན་འདུག་པའི་སྣང་བ་བྱུང་བ་དང༌། གཉིད་སད་ནས་ཐོ་རངས་ཀྱི་ཆ་ལ་སྐར་ཆེན་ཤར་བ་དང༌། སྟབས་གཅིག་ཏུ་བདེ་བར་འཁྲུངས་པའི་ནང་པར་ཡུལ་


JLD001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་བླ་མ་སྔགས་མཚན་ཉིད་ཀྱི་ཡོན་ཏན་རྒྱ་ཆེན་པོ་དང་ལྡན་ཞིང༌། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལ་གྲུབ་པ་བརྙེས་པ་དོན་གྲུབ་རིན་ཆེན་ཞེས་བྱ་བ་ཞིག་ཡོད་པ་དེས་གསོལ་རས་དང༌། བདུད་རྩི་རིལ་བུ་བསྲེས་པའི་རིལ་བུ། བསྲུང་མདུད། རྟེན་འབྲེལ་བསྒྲིག་པར་དགོངས་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན་གཅིག་དང༌། བུ་ཆུང་བསྐྱང་ལུགས་ཀྱི་ཡི་གེ་ལ་སོགས་པ་ཉེ་གནས་ཚུལ་ཁྲིམས་དང་ལྡན་པ་ཞིག་ལ་བསྐུར་ནས་བྱུང་སྟེ། བླ་མ་དེས་ཐུགས་མཁྱེན་གྱིས་མཁྱེན་པར་འདུག །ཕྱིས་རྒྱུ་མཚན་ཞུས་པས། ངས་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་གསོལ་བ་བཏབ། ཁྱད་པར་དུ་ཞལ་ཡང་ཡང་བསྟན་དུ་གསོལ་ཞེས་ཞུས་པས། སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་ཡོང༌། དེ་བར་དུ་བདེ་བར་གྱིས་གསུང་བས། དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཁྱེད་ཀྱི་བུར་འདུག་པ་ཐིགས་པ་ཡིན་གསུང་བ་ལ་སོགས་པའི་གསང་བའི་གནས་དུ་མ་གསུངས་ནས། ཕྱིས་ཀྱང་བུ་ཆུང་བསྐྱེད་བསྲིང་བ་དང༌། འཇམ་དཔལ་དབྱངས་དང་དབྱངས་ཅན་མ་ལ་སོགས་པའི་སྒོ་ནས་ཤེས་རབ་འཕེལ་བའི་ཐབས་དུ་མའང་མཛད། ཆོས་སྒོར་འཇུག་པ་དང༌། རྡོ་རྗེ་འཕྲེང་བ་ལ་སོགས་པའི་ལག་ལེན་དང༌། སྤྱོད་རྒྱུད་ལ་སོགས་པའང་གནང་ནས་མཐུན་རྐྱེན་དང་བཅས་ཏེ་དབུས་གཙང་དུ་རྫོང་བའི་རྩ་ལག་ཀྱང་བགྱིས་པ་ཡིན་པས་བཀའ་དྲིན་ཆེ་གསུངས་ནས། བླ་མ་དེའི་མཚན་བརྗོད་པ་ཙམ་གྱིས་ཐལ་མོ་སྦྱོར། སྤྱན་ཆབ་བསིལ། ད་ལྟ་ཡང་དུས་མཆོད་མ་ཆག་པར་མཛད་དོ། །དེ་ཡན་


JLD001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སྐུ་འཁྲུངས་པའི་ལོ་རྒྱུས་ཅུང་ཟད་བརྗོད་པ་ཡིན་ལ། ད་ནི་གདུལ་བྱ་རྣམས་ཀྱི་མཐུན་སྣང་དུ་གྲུབ་ཅིང་རང་གི་མཐོང་ཐོས་སུ་གྱུར་པའི་གཞན་དུ་མ་བཀོད་པའི་རྣམ་ཐར་ཆེ་ལོང་ཙམ་ཞིག་བརྗོད་ན་བྱང་ཆུབ་སེམས་དཔའ་འདི་དགུང་ལོ་གཉིས་གསུམ་བཞེས་པ་ནས་བཅུ་གསུམ་བར་ལ། བླ་མ་དོན་རིན་པའི་ཞལ་སྔ་ནས་ལ་གོང་དུ་སྨོས་པ་ལྟར། རྡོར་དབྱིངས་རྩེ་མོ་དཔལ་མཆོག །ཆོས་དབྱིངས་གསུང་དབང༌། གཙུག་དགུ་མི་འཁྲུགས་པ། གྲྭ2་ལྔ་ལ་སོགས་པའི་རྒྱུད་སྡེ་འོག་མ་གསུམ་གྱི་རྒྱུད་རྒྱ་གཞུང༌། དཀྱིལ་ཆོག །མན་ངག་ལ་སོགས་པ་ཕལ་ཆེ་བ་གསན་ཅིང་ཐུགས་སུ་ཆུད་པར་མཛད། དགྲ་ནག །འཇིགས་བྱེད། གཤེད་དམར་སྐོར་གསུམ། ལོ་ནག་དྲིལ་གསུམ། ཁྱད་པར་དུ་ཕྱག་རྡོར་འཁོར་ཆེན་ལ་སོགས་པ་བླ་མེད་ཀྱི་སྐོར་མང་དུ་གསན་ཅིང༌། ཇི་ལྟ་བ་བཞིན་མཁྱེན། བླ་མ་པའི་ཞལ་ནས། ཁྱེད་ཀྱི་བར་ཆད་བསྲུང་བའི་ལྷ་འཁོར་ཆེན་དང༌། ཤེས་རབ་བསྐྱེད་པའི་ལྷ་འཇམ་དཔལ་ཨ་ར་པ་ཙ་ན། ཚེ་ལྷ་ཚེ་དཔག་མེད། ཛཻ་ཏ་རི། མཐུན་རྐྱེན་བསྒྲུབ་པའི་ལྷ་རྣམས་ཐོས་སྲས། མི་དང་མི་མ་ཡིན་གྱི་གནོད་པ་བསྐྱབ་ཅིང༌། མཐུན་རྐྱེན་བསྒྲུབ་པའི་ལྷ་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་རྣམས་ངའི་ཡང་ཡི་དམ་ཡིན་ཞིང༌། ད་ཁྱེད་ལ་སྟེར་པ་ཡིན་པས་འདི་རྣམས་ཀྱི་བསྙེན་སྒྲུབ་དང༌། གཏོར་མ་དང་བཅས་པ་མ་ཆག་པ་གྱིས་གསུང་ཡང༌། དང་པོ་ལོ་གཅིག་ཙམ་དེ་ལྟར་འགྲུབ། དེ་ནས་དབུས་གཙང་དུ་འོང་བའི་ལམ་དང༌། བདེ་བ་ཅན་དང་ཚལ་དུ་སློབ་གཉེར་བྱེད་


JLD001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐབས་རྣམས་སུ་ཕལ་ཆེར་ཆག་པས། དང་པོར་མཚན་ཉིད་ལ་ཞུགས་འཕྲལ་ལོངས་སྤྱོད་དབུལ་བ་དང༌། སྐབས་འགའ་ཞིག་ཏུ་འཚེ་བ་མང་བ་དང༌། ད་ལྟ་ནད་མང་བ་འདི་རྣམས་རིམ་པ་བཞིན་དུ་རྣམ་ཐོས་སྲས། ཕྱག་དྲུག་པ། གསང་བའི་བདག་པོ་ལ་སོགས་པའི་བསྙེན་སྒྲུབ་དང༌། གཏོར་བསྔོས་ལ་སོགས་པ་སྔར་ཆག་ཅིང༌། བླ་མའི་བཀའ་བཞིན་རྔོ་མ་ཐོགས་པའི་རྟེན་འབྲེལ་དུ་འདུག་གསུངས་ནས། དེ་ཕྱིན་ཆད་འཁོར་ཆེན་གྱི་བདག་འཇུག་བསྙེན་སྒྲུབ་མ་ཆག་པ་མཛད། དེ་ནས་དབུས་སུ་མདོ་སྨད་པའི་འགྲུལ་བ་མང་པོ་དང་སྟབས་གཅིག་ཏུ་ཞང་པོ་གཉིས་དང་འགྲོགས་ནས་བྱོན། འབྲི་གུང་དུ་ཆོས་རྗེ་དྷརྨ་རཱ་ཛ་ལ་ཟབ་ཆོས་དང༌། འབྲི་གུང་པའི་བཀའ་འབུམ་ཕལ་ཆེ་བ་གསན། དེ་རྗེས་བདེ་བ་ཅན་དུ་ཕར་ཕྱིན་གྱི་སློབ་གཉེར་ཐོགས་པ་ཞིག་མཛད་པའི་རྗེས་སུ། ཚལ་དུ་ཡན་ལག་བརྒྱད་པ་ལ་སོགས་པ་གསོ་དཔྱད་ཀྱི་སྐོར་རྣམས་བསླབས་པས་གཞུང་མན་ངག་ལག་ལེན་དང་བཅས་པ་ལ་ཤིན་ཏུ་མཁས་པར་གྱུར་ཏེ། ཕྱིས་སྙུང་དུས་སུ་སྨན་པ་བཅུ་བདུན་བཅོ་བརྒྱད་ཙམ་འཚོགས་པའི་དུས་སུའང་ནད་གང་ལ་སྨན་གང་འཇུག་པ་དང༌། སྨན་གྱི་སྦྱོར་སྡེ། བསིལ་དྲོད་ལ་སོགས་པའི་ཁྱད་པར་ཐམས་ཅད་དྲུང་དུ་ཞུས་ནས་ལག་ལེན་བདག་ཅག་རྣམས་ཀྱིས་བྱེད་པ་ཡིན་ཟེར་བ་དང༌། སྨན་པ་མཁས་པར་གྲགས་པ་ཐམས་ཅད་ཀྱང་ད་ལྟ་ཁ་བ་ཅན་ན་ཆོས་རྗེ་རིན་པོ་ཆེ་ལས་སྨན་པ་མཁས་པ་མི་འདུག་པའི་གནད་ཀྱི་བདག་ཅག་རྣམས་ཀྱང་དྲུང་དུ་སྨན་སྦྱོར་


JLD001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱིན་པས་སྨན་གྱི་རྣམ་དབྱེ་མང་དུ་གསུང་བ་ཐོས་པ་ལ་བརྟེན་ནས། སྔར་ལོ་མང་དུ་བསླབས་པ་བས། བློ་བསྐྱེད་ཆེ་བར་བྱུང་ཞེས་གླེང་བ་ཡང་མང་བར་འདུག་གོ །དེ་རྗེས་བདེ་བ་ཅན་དུ་ཕར་ཕྱིན་གྱི་སློབ་གཉེར་མཐར་ཕྱིན་པ་མཛད། པོ་ཏི་གཞན་མང་པོ་ལ་ཡང་ཐུགས་སྦྱོང་མཛད། དབུས་གཙང་དུ་ཕར་ཕྱིན་གྱི་གྲྭ་སྐོར་མཛད་པའི་ཚེ། གངས་ཅན་དུ་ཕར་ཕྱིན་སྨྲ་བོ་ཅོག་ལ་གཞུང་དོན་ལེགས་པ་དང༌། རྒྱ་བོད་ཀྱི་གཞུང་དོན་མང་བ་དང༌། སྟོན་པ་བཟང་བར་གྲགས། དེ་ནས་ཉང་སྟོད་ལ་སོགས་པར་ཉ་དབོན་ཀུན་དགའ་དཔལ་དང༌། རེད་མདའ་བ་སོགས་ལ་ཚད་མ་སྡེ་བདུན་འགྲེལ་པ་འགྲེལ་བཤད་དང་བཅས་པ་ལ་ཐུགས་སྦྱངས་པས་འགྲན་ཟླ་མེད་པའི་མཁས་པར་གྱུར། རྗེ་རེད་མདའ་པ་ལ་དབུ་མའི་གཞུང་གངས་ཅན་ན་འཆད་ཉན་ཡོད་པ་ཕལ་ཆེ་བ་གསན་ཅིང༌། ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་པ་ཀུན་གྱི་མཐུན་སྣང་དུ་གྲུབ། ཡང་སྐྱོར་མོ་ལུང་དུ་འདུལ་མངོན་རྣམས་མཐར་ཕྱིན་པར་ཐུགས་སྦྱོང་མཛད། གཞན་ཡང་གྲྭ་ས་རྣམས་སུ་སློབ་དཔོན་རྣམ་པའི་སྤྱན་སྔར་མདོ་ཕྱོགས་ཐམས་ཅད་དང༌། དེ་དག་གི་དགོངས་འགྲེལ་བསྟན་བཅོས་དུ་མ་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །དཀའ་བཞིའི་གྲྭ་སྐོར་མཛད་པའི་ཚེ་ཡང་མཁས་པ་རྣམས་ན་རེ། བོད་དུ་དཀའ་བཞིའི་གྲྭ་སྐོར་བྱས་པ་ལ་འདི་ལས་ལྷག་པ་མ་བྱུང་གསུང་ངོ༌། །དེ་ནས་གདན་ས་མཐིལ་དུ་བདེ་གཤེགས་ཕག་མོ་གྲུ་


JLD001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་འབུམ་ནས་བཟུང་སྟེ། བླ་རབས་གསུང་བགྲོས་དང༌། ནཱ་རོ་ཆོས་དྲུག་སོགས་གདམས་པ་མང་པོ་དང༌། རྗེས་སུ་བསྟན་པ་ཐམས་ཅད་དང༌། མདོར་ན་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཐམས་ཅད་སྤྱན་སྔ་གྲགས་བྱང་བ་ལ་གསན་ཅིང་ཐུགས་ཉམས་སུ་བཞེས་པས། དེ་པའི་ལུགས་ཀྱི་ཉམས་རྟོགས་མཐར་ཕྱིན་པ་འཁྲུངས་སོ། །འོལ་ཁ་ལ་སོགས་པར་བོ་དོང་པ་སྒྲ་པ་ནམ་བཟང་ལ་ཀ་ལཱ་པ་དང༌། ཙནྡྲ་པ་ལ་སོགས་པ་གསན་ནས་མཁས་པར་མཁྱེན་ཀྱང་དངོས་སུ་ཞལ་གྱིས་མ་བཞེས་སོ། །དེ་ཡང་དེ་ཉིད་ལ་མེ་ལོང་མ་ལ་སོགས་པ་སྙན་ངག་གི་གཞུང་ལུགས་རྣམས་གསན་ནས་ཐུགས་སྦྱོང་མཛད་པས་ཤིན་ཏུ་མཁས་པར་གྱུར་ནས། དེ་དུས་དབྱངས་ཅན་མ་ལ་བསྟོད་པ། པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །ཅེས་སོགས་མཛད་པས། རྒྱན་གྱི་ཉམས་འཆར་ཞེས་གྲགས་སོ། །དེའི་ཕྱི་ལོ་སྤྱན་སྔ་གྲགས་བྱང་བ་སྐུ་གཤེགས་ནས་མི་དཔོན་བླ་དཔོན་རྣམས་ཀྱིས་རྣམ་ཐར་ཞིག་རྩོམ་པར་ཞུས་པར་རྟོགས་བརྗོད་ལྷུན་པོ་ཞེས་པ་བརྩམས་པས། འདི་ལས་ལྷག་པའི་སྙན་དངགས་མེད་ཅེས་གྲགས་སོ། །ཕྱིས་དབྱངས་ཅན་མ་བསྒྲུབས་པས་གསང་ཕུར་ཞལ་གཟིགས་པ་ནས་བཟུང་སྟེ། རྟག་པར་རྗེས་སུ་བཟུང་བས་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཤིན་ཏུ་རྒྱས་ཤིང༌། ཁྱད་པར་ཉིད་ཀྱིས་མཛད་པའི་ཡོ་ག་དང༌། བླ་མེད་ཀྱི་ཆོས་སྐྱོང་ལ་སོགས་པའི་དབྱངས་དང༌། མགུར་མ་ཆོས་གཞས་ལ་སོགས་པ་སྙན་ཅིང་ཤིན་ཏུ་འཇེབས་པ་གཞན་ལས་ཁྱད་པར་དུ་འཕགས་པ་གདའ།


JLD001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཡོ་ག་ལ་སོགས་པའི་དབྱངས་ཆེན་མོ་རྣམས་ནི་བརྗིད་པའི་མཐར་ཐུག་པར་སྣང༌། རེད་མདའ་པས་འཆད་ཉན་ལ་བསྐུལ་ནས། བདེ་བ་ཅན་ལ་སོགས་པར་ལོ་བདུན་ཙམ་བཤད་ཉན་མཛད། པོ་ཏི་བཅུ་ཙམ་གུང་བསྒྲིགས་ནས། རང་རང་གི་བཞེད་གཞུང་བཞིན། པོ་ཏི་རེ་རེ་ལ་འགྲེལ་པ་གཉིས་གསུམ་དང་སྦྲེལ་ནས་གསུང་བ་ལན་མང་དུ་མཛད། ཁྱད་པར་བྱ་བྲལ་ལ་འབྱོན་ཁར་པོ་ཏི་ཉེར་དགུ་སྦྲེལ་ནས་གསུངས་པས་ཀུན་ངོ་མཚར་བར་གྱུར་ཏོ། །དེའི་སྔ་གོང་བདེ་བ་ཅན་དུ་ཕར་ཕྱིན་གྱི་ཊཱིཀྐ་མཛད། བྱ་བྲལ་མཛད་ནས་ཞ་ལུར་བླ་མ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལ་རྒྱུད་སྡེ་བཞི་གའི་དབང་རྒྱུད་མན་ངག་ཕལ་ཆེ་བ་གསན་ཅིང༌། ཁྱད་པར་དུ་ས་སྐྱ་པ་དང་བུ་སྟོན་པའི་ལུགས་ཀྱི་ཡོ་ག་དང༌། བླ་མེད་ཀྱི་སྐོར་མ་ལུས་པ། དེའི་ནང་ནས་ཀྱང་གསང་འདུས་མར་ལུགས། འགོས་ལུགས་ཇོ་བོ་ལུགས་སོགས་འཕགས་ལུགས་དང༌། ཡེ་ཤེས་ཞབས་ལུགས། ཀུན་སྙིང་གི་ལུགས་ལ་སོགས་པ་རྒྱ་བོད་ཀྱི་བཤད་སྲོལ་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །དམ་པ་འདིས་ཇོ་གདན་ཚོགས་ཆེན་པ་ལས་བསྙེན་པར་རྫོགས་ཕྱིན་ཆད། འདུལ་བའི་གནང་བཀག་ཤིན་ཏུ་ཕྲ་བ་རྣམས་ཀྱང་ཕྱག་ལེན་ལ་ཐེབས་པར་མཛད་དོ། །དེ་ནས་འོལ་ཁ་ལ་སོགས་པར་བྱོན་ནས། བྱམས་པ་གླིང་ལ་སོགས་པའི་གཙུག་ལག་ཁང་ལ་ཞིག་གསོས་མཛད། དེ་ནས་ཐུགས་དགོངས་ལ་ཁ་བ་ཅན་ན་ད་ལྟ་ཡོད་པའི་བཀའ་བསྟན་བཅོས་མན་ངག་དང་བཅས་པ་ལེགས་པར་ཉན་ཅིང༌།


JLD001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་ནས་ད་དུང་སྒྲོ་འདོགས་གཅོད་པའི་ཐེ་ཚོམ་སོམ་ཉི་ལ་སོགས་པ་གཅོད་པ་དང༌། ཁྱད་པར་དབུ་མ་དང་སྔགས་ཀྱི་སྐོར། བྱེ་བྲག་ཏུ་གསང་འདུས་དང༌། བདེ་མཆོག་གི་སྐོར་རྣམས་གཏན་ལ་འབེབས་པའི་ཆེད་དུ་རྒྱ་གར་དུ་བྱོན་ནས། ཨོ་ཏན་ན་ལེནྡྲ་ལ་སོགས་པ་རྣམས་སུ་ཀླུའི་བྱང་ཆུབ་སོགས་ལ་གཏུག་པར་དགོངས་ཏེ། དཔོན་སློབ་བཅུ་གསུམ་ཙམ་རྟགས་དང་རྨི་ལམ་སོགས་ལ་དཔྱད་ནས། སྨོན་ལམ་དང་རྟེན་འབྲེལ་གཅིག་ཏུ་བསྒྲིགས་ན་གཉལ་ནས་ལྷོ་བྲག་ལ་ལམ་བཏོད། རྒྱ་གར་ཤིང་གི་རི་ནས་ལམ་བྱས་གྲུབ་ཐོབ་མི་ཏྲ་ཛྭ་ཀི་དང་མཇལ་ནས་མ་ག་དྷར་འབྱོན་དགོངས་ཏེ། ལྷོ་བྲག་ཏུ་གཤེགས་གྲུབ་ཆེན་ཕྱག་རྡོར་པ་ནམ་མཁའ་རྒྱལ་མཚན་དང་མཇལ་བས། རྒྱ་གར་དུ་བྱོན་ན་རྗེ་previous hit རངརིག next hit་པའི་གནས་བཅོ་བརྒྱད་ལ་མཁས་པའི་པཎྜི་ཏ་ཆེན་པོ་རྡོ་རྗེ་གདན་གྱི་མཁན་པོ་བྱེད་པ་ཞིག་ཏུ་གྱུར་ནའང་སྐུ་ཚེ་ཐུང་བས་སློབ་མ་རྣམས་ལ་ཕན་དཀའ་བས། དེ་བས་བོད་དུ་བཞུགས་ནས་འཇམ་དབྱངས་ལ་གསོལ་བ་ཐོབ་དང༌། མྱུར་དུ་རྗེས་སུ་འཛིན་པར་འདུག་གསུངས་ནས། ཁོང་རང་ལ་མངའ་བའི་ལུང་མན་ངག་རྣམས་དང༌། ཁྱད་པར་དུ་མཚན་ཉིད་ལམ་རིམ་ལ་སོགས་པ་བཀའ་གདམས་ཀྱི་ཆོས་སྐོར་རྣམས་དང༌། ཕྱག་རྡོར་གྱི་སྒྲུབ་སྐོར། དེའི་རྫོགས་རིམ་ལ་སོགས་ཉམས་ཁྲིད་མཛད། དེ་ནས་ཚུར་གཉལ་དུ་བྱོན། དཀའ་བཞི་པ་ཆོས་སྐྱབས་བཟང་པོ་ལ་འདུལ་མངོན་དབུ་མ་ལ་སོགས་པ་མཚན་ཉིད་ཀྱི་སྐོར་རྣམས་དང༌། བཀའ་གདམས་ཀྱི་ཆོས་ཐམས་ཅད། གཞན་ཡང་ཆོས་མང་དུ་གསན་ཅིང་ཐུགས་སུ་ཆུད་པར་མཛད། གཉལ་གསེར་ཕྱེ་སྒང་


JLD001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇམ་དབྱངས་བསྒྲུབས་པས་ཞལ་གཟིགས་ཏེ། གསུང་རབ་ཀྱི་དཀའ་གནད་དུ་མ་ཆོད་ཅིང༌། དབུ་མའི་རྟོགས་པ་ཁྱད་པར་ཅན་འཁྲུངས། དེའི་དུས་སུ་ཐུབ་དབང་ལ་བརྟེན་འབྲེལ་གྱི་སྒོ་ནས་བསྟོད་པ། རྟོགས་འབུལ་གྱི་རྟོགས་པ་མཐར་ཐུག་པ་མཛད་དོ། །དེ་ནས་འབྲི་གུང་དང་ཉང་པོ་ལ་སོགས་པའི་གནས་ངེས་མེད་རྣམས་སུ་བཞུགས་ནས་ཐུགས་དམ་ཁོ་ན་མཛད་ཅིང༌། ཐུན་བར་མཚམས་ཉིད་ཀྱང་ཅུང་ཟད་མཛད་དོ། །ཕྱིས་གནམ་རྩེ་ལྡེང་དུ་མཁས་པ་རྣམ་གསུམ་གྱིས་ཆོས་འཁོར་བསྐོར་བར་མཛད། དགའ་གདོང་དུ་འཇམ་དབྱངས་ཀྱི་གྲུབ་ཐོབ་དབུ་མ་པ་བརྩོན་འགྲུས་སེང་གེ །གསང་མཚན་དཔའ་བོ་རྡོ་རྗེ་ཞེས་པས། རྗེ་རིན་པོ་ཆེ་དང་འཇམ་དབྱངས་ཀྱི་བར་དུ་ལོ་ཙཱ་བ་ཞུས་ཏེ། སྔགས་མཚན་ཉིད་དང༌། ཉམས་ལེན་གྱི་གནད་བསམ་གྱིས་མི་ཁྱབ་པའི་ཐེ་ཚོམ་བཅད་དེ་ངེས་ཤེས་ཁྱད་པར་ཅན་འཁྲུངས་སོ། །དེས་ན་རྗེ་རིན་པོ་ཆེ་འདིའི་གྲུབ་མཐའ་རྣམས་འཇམ་དབྱངས་ཀྱི་གྲུབ་མཐའ་ཡིན་གསུང་ངོ༌། །ཡང་དཔའ་བོ་རྡོ་རྗེ་བརྒྱུད་ནས་འཇམ་དབྱངས་ལ་མཚན་ཉིད་ཀྱི་བཤད་ཉན་ཁོ་ན་དང༌། སྔགས་ཀྱི་དབང་བཀའ་རྒྱུད་ཀྱི་བཤད་ཉན། སྒོམ་སྒྲུབ་ཉག་གཅིག་བྱེད་པ་རྣམས་བསྟན་པའི་རྒྱུན་ལ་གང་ཕན། བདག་གིས་ཇི་ལྟར་བགྱི། ཕྱི་མ་ཞིང་ཁམས་གང་དུ་སྐྱེ། ཁྱད་པར་བདེ་བ་ཅན་དང༌། དགའ་ལྡན་གང་དུ་འབྲེལ་པ་ཆེ་ཞེས་བྱ་བ་ལ་སོགས་པའི་སྐུ་ཚེ་འདི་ཕྱི་ཐམས་ཅད་ཀྱི་འདུན་མ་རྣམས་ཞུས་པས་གསལ་བར་གསུངས་ཤིང༌། ཁྱད་པར་དུ་སྔགས་མཚན་ཉིད་གཉིས་ཀའི་སྒོ་ནས་བསྟན་


JLD001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བྱ་བ་གྱིས། དབང་བཀའི་རིགས་མ་བྱེད། གཞན་དུ་ཚེ་ཐུང་བར་འགྱུར་ཞིང༌། དངོས་གྲུབ་ལས་རིང་བར་འགྱུར་བ་དང༌། བསྟན་པ་ལ་ཕན་ཐོགས་ཀྱང་ཆུང་དུ་འགྲོ་གསུངས་པས། ཞལ་བཞུགས་དུས་སུ་རྗེས་གནང་རེ་ཙམ་མ་གཏོགས། དབང་བསྐུར་གཏན་མི་མཛད་པའི་རྒྱུ་མཚན་དེ་ཡིན་གསུང༌། དེ་ནས་རྭ་སྒྲེང་དུ་ལོ་ཆེན་དཔལ་བཟང་དང་སྟབས་གཅིག་ཏུ་བཞུགས་ཏེ། ལོ་ཆེན་གྱིས་དབུ་མ་སོགས་གསུངས། རྗེ་རིན་པོ་ཆེས་ལམ་རིམ་ལ་སོགས་པ་གསུངས། ཁྱད་པར་དུ་དགོན་པ་གོང་དུ་ཇོ་བོའི་སྐུ་འདྲ་དབུ་ཡོན་མ་ཆེ་བར་གྲགས་པའི་དྲུང་དུ་ཞག་མང་པོ་གསོལ་བ་བཏབ་པས། ཐུབ་པ་ནམ་མཁའ་རྒྱལ་མཚན་གྱི་བར་ཡན་ཆད་ཀྱི་བཀའ་གདམས་ཀྱི་བླ་མ་བརྒྱུད་པ་རྣམས་དང༌། ཁྱད་པར་དུའང་ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ་རྣམས་ཟླ་བ་གཅིག་གི་བར་གཟིགས་ཤིང༌། གདམས་པ་དང༌། རྗེས་སུ་བསྟན་པའང་མང་དུ་སྩལ་ནས། མཐར་པོ་ཏོ་བ་སོགས་གསུམ་ཇོ་བོ་ལ་ཐིམ། ཨ་ཏི་ཤས་ཕྱག་སྤྱི་བོར་བཞག་ནས། བསྟན་པ་ལ་བྱ་བ་རྒྱ་ཆེར་གྱིས་དང༌། བྱང་ཆུབ་བསྒྲུབ་པ་དང༌། སེམས་ཅན་གྱི་དོན་བྱེད་པའི་གྲོགས་བདག་གིས་བྱ་ཡི་གསུངས་ནས། མི་སྣང་བར་གྱུར་པ་ལ་སོགས་པའི་ངོ་མཚར་བའི་ལྟས་མང་དུ་བྱུང༌། དེ་རྗེས་མཁན་ཆེན་ཟུལ་ཕུ་བ། ལོ་ཆེན་སྐྱབས་མཆོག་དཔལ་བཟང༌། འབྲི་གུང་ཆོས་རྗེ་ལ་སོགས་པ་དབུས་གཙང་གི་མཁས་པ་དང༌། ཆེན་པོར་གྲགས་པ་ཕལ་ཆེ་བས་མཚན་ཉིད་ཀྱི་ལམ་རིམ་རྩོམ་པར་ནན་གྱིས་


JLD001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས། གོང་གི་དགེ་མཚན་རྣམས་དང་བསྒྲིགས་པས་རྟེན་འབྲེལ་འགྲིག་ནས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་བརྩམས་པས། གཉན་ཆེན་ཐང་ལྷ་དང༌། ཞོགས་ལྷ་རྒྱུག་པོ་ལ་སོགས་པ་དབུས་ཕྱོགས་ཀྱི་གཞི་བདག་དཀར་ཕྱོགས་ལ་དགའ་བ་དུ་མས། ངེད་པདྨ་སཾ་བྷ་བ་དང༌། ཇོ་བོ་ལ་སོགས་པའི་དགེ་བསྙེན་ཡིན། ད་ཁྱེད་ཀྱི་མཐུན་རྐྱེན་རྣམས་སྒྲུབ་པས་ཐུགས་རྗེས་འཛིན་པར་ཞུ་ཞེས་སྒོ་གསུམ་གུས་པས་འདུད་པར་གྱུར་ཏོ། །དེའི་ཕྱིར་ན་མཚན་ཉིད་ལམ་རིམ་གྱི་བསྔོ་བའི་སྐབས་སུ། ལམ་བཟང་བསྒྲུབ་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང༌། །འགལ་རྐྱེན་སེལ་བྱེད་མི་དང་མི་མིན་ཀུན། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །ཅེས་གསུངས་པ་ལགས། གཞན་ཡང་འབྲི་གུང་ཆོས་རྗེ་ལ་སོགས་པས་བསྐུལ་ནས། བླ་མ་ལྔ་བཅུ་པའི་རྣམ་བཤད་ལ་སོགས་པ་གནས་དེར་རྩོམ་པ་མང་དུ་མཛད། དེ་ནས་ཉང་པོའི་རི་བྲགས་རྣམས་དང༌། འབྲི་གུང་ཚ་ཡུག་ཕྱོགས་དང༌། གངས་རིའི་དབང་པོ་འོ་དེ་གུང་རྒྱལ་སོགས་ཐུགས་དམ་གང་འབེལ་གྱི་གནས་རྣམས་སུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་བརྟེན་ནས། ལམ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཐུགས་ཉམས་སུ་བཞེས་པས། བདག་གཞན་གྱི་དོན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་གཞི་ཚུགས་པར་གྱུར་ཏོ། །དེ་ཡང་ཇི་སྐད་དུ། རེས་འགའ་རྒྱལ་ལ་དམིགས་པའི་དད་པ་སྐྱེས། །སྐབས་འགར་ཤིང་རྟ་ཆེན་པོའི་སྐུ་དྲིན་དྲན། །


JLD001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཚེ་དགེ་བའི་བཤེས་ལ་གུས་པ་དང༌། །ཉམ་ཆུང་འགྲོ་ལ་སྙིང་ནས་བརྩེ་བ་དང༌། །བསྟན་པ་རིན་ཆེན་རིང་ནས་གནས་འདོད་པ། །འདི་དག་ཕན་ཚུན་འགྲན་བཞིན་འཕེལ་བར་གྱུར། ཅེས་གསུངས་ཏེ། རྒྱལ་བ་སྲས་དང་བཅས་པའི་རྣམ་ཐར་འཛིན་པའི་གསུང་དུ་གདའོ། །དེ་ཙམ་དུ་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་རིང་དུ་སྦྱངས་པ་ལ་བརྟེན་ནས། རིགས་པ་དང་མི་རིགས་པའི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་བློ་གྲོས་ཀྱི་ནུས་པ་མཐའ་ཡས་པ་རྒྱས་པའི་སྟེང་དུ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས། མཁས་བཙུན་བཟང་གསུམ་གྱི་གྲགས་པས་གངས་ཅན་གྱི་ཁྲོད་འདི་ཁྱབ་པར་གྱུར་ཏེ། ཀརྨ་པ་དཀོན་གཞོན་ལྟ་བུའི་བློ་མ་ཚད་པ་ཀུན་གྱིས་ཀྱང་གུས་པས་འཁུར་བར་སྣང་ངོ༌། །ཁྱད་པར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཚུལ་ཡང༌། རྗེ་ཉིད་ཀྱིས་འདི་སྐད་དུ། མཚམས་སྤྲིན་གཞོན་ནུས་འཁྱུད་པའི་གསེར་གྱི་རི། །ཨིནྡྲ་ནཱི་ལའི་ཐོར་ལྕོག་བཅིངས་པ་བཞིན། །དམར་སེར་སྐུ་ཡི་ཡིད་འཕྲོག་གང་གི་གཙུག །མཐོན་མཐིང་རལ་པའི་ཟུར་ཕུད་ལྔས་མཛེས་པའི། །འཇམ་དབྱངས་དེ་ཡིས་ཚེ་རབས་ཀུན་ཏུ་བདག །དགྱེས་བཞིན་རྗེས་སུ་བཟུང་བའི་དྲིན་ལས་ནི། །གཏིང་དཔག་དཀའ་བའི་ཆོས་ཚུལ་རྒྱ་མཚོ་ལ། །བློ་གྲོས་ཐོགས་པ་མེད་པར་འཇུག་པར་འགྱུར། ཞེས་གསུངས་ཏེ། སྔགས་རིམ་ལ་སོགས་པ་ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ་ལ་སོགས་པས་བསྐུལ་ནས་བརྩམས་པ་རྣམས་


JLD001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གསུང་ཇི་ལྟ་བ་བཞིན་ཡིན་པས། འདི་ལྟ་བུའི་རྩོམ་པ་སྔོན་ཆད་བྱུང་མ་བྱུང་མཁས་པ་རྣམས་ཀྱིས་དཔྱད་ན་རིག་པར་འགྱུར་རོ། །དེ་ལྟར་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་འཛིན་པའི་རྒྱུ་རྐྱེན་ཡང་སྔགས་རིམ་དུ། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་དཔལ་དབྱངས། །དགྱེས་པའི་སྤྱན་རས་ཙམ་གྱིས་བཙའ་བ་ལས། །རྒྱལ་བའི་དགོངས་ཟབ་རྟོགས་པའི་རྣམ་དཔྱོད་ཀྱི། །མཆོག་སྦྱིན་མཛད་ཅེས་ཐོས་པས་རིང་ཞིག་ནས། །རྒྱུན་མི་འཆད་དུ་ལྷག་པའི་ལྷར་བསྟེན་ཅིང༌། །ད་དུང་ཁྱོད་ཀྱི་ཞབས་པད་སྤངས་ནས་ནི། །ནམ་ཡང་སྐྱབས་གཞན་མེད་དོ་མཁྱེན་པའི་གཏེར། །བདག་གི་རེ་བའི་འབྲས་བུ་མཆིས་པར་མཛོད། ཅེས་གསུངས་ཤིང༌། ལྷ་འདིའི་མཚན་རྗེན་པར་མི་བརྗོད་པར་མཁྱེན་པའི་གཏེར་ཞེས་གསུང་ངོ༌། །དེ་དུས་སྔགས་སྤྱི་དང་ཁྱད་པར་དུ་བླ་མེད། བྱེ་བྲག་ཏུ་བདེ་མཆོག་གི་སྐོར་བོད་དུ་འགྱུར་རོ་ཅོག་གི་དོན་རྣམས་གསུངས་པས། ལུང་པ་དེ་ལ་གསང་སྔགས་ནང་ཞེས་གསུང་ཞིང༌། གཞན་རྣམས་ཀྱིའང་དེ་ལྟར་དུ་སྒྲོག་གོ །དེ་ནས་སེ་ར་ཆོས་སྡིངས་ལ་སོགས་པར་བྱོན། དབུས་གཙང་གི་དགེ་བའི་བཤེས་གཉེན་ཡོངས་སུ་གྲགས་པ་ཕལ་ཆེ་བ་འདུས། མདོ་སྔགས་ཀྱི་བཤད་ཉན་རྒྱ་ཆེར་མཛད། དེ་ཡང་སྐུ་མཚམས་དམ་པའི་ཁོག་ནས། གུང་རུ་དགེ་སྦྱོང་ལ་སོགས་པའི་བགྲེས་པ་ཅི་རིགས་ལ་ཞལ་ཏ་བྱོན་ཏེ། རང་རེ་དཔོན་སློབ་རྣམས་ལ་བར་ཆད་ཀྱི་སྣང་བ་


JLD001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཅིག་སྣང་བས། དེ་སེལ་བའི་ཕྱིར་དུ་ངེད་འདི་ནས་གཞན་དུ་ཟླ་བ་འགའ་འགྲོ་གསུང༌། གར་འབྱོན་ཞུས་པས། ད་རེས་བཤད་ན་མི་ཡོང་བའི་གནད་ཅིག་ཡོད་གསུངས་ནས། དཔོན་སློབ་གསུམ་གྱིས་མཚན་མོ་གཅིག་གཞན་གྱིས་མ་ཚོར་བར་ར་རང་བྲག་ཏུ་བྱོན། སྐུ་མཚམས་དམ་པར་མཛད་པའི་ཚེ། འཇམ་པའི་དབྱངས་ཀྱིས་དབུ་སེམས་ཀྱི་གྲུབ་མཐའི་གནད་རྣམས་གསུངས་ནས། ད་འདི་རྣམས་ཀྱི་དོན་བསྡུས་པ་ཞིག་ཡི་གེར་གྱིས་གསུང་བ་ལ་བརྟེན་ནས་དྲང་ངེས་རྣམ་འབྱེད་བརྩམས་པ་ཡིན་ཏེ། དེ་ཉིད་དུ། རབ་འབྱམས་རྒྱལ་བ་སྤྲོ་བར་མཛད་པ་པོ། །མ་ལུས་ཡེ་ཤེས་སྡུད་པ་འཇམ་པའི་དབྱངས། །ཤུགས་དྲག་རྒྱུན་མི་འཆད་པའི་དད་པ་ཡིས། །སྙིང་ཁའི་པདྨའི་ལྟེ་བར་གུས་བསྟེན་པས། །གསུང་རབ་དེ་ཉིད་མཐོང་བའི་རིགས་སྨྲ་དེས། །རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ། །ཞེས་ཀྱང་འབྱུང་བས་སོ། །དེའི་སྐབས་སུ་རྗེ་རིན་པོ་ཆེ་འདིའི་སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གཡོ་བ་ལ་བརྟེན་ནས། མི་དབང་ཏ་མིང་རྒྱལ་པོས་ནན་ཆེན་པོས་རྒྱ་ཡུལ་དུ་སྤྱན་འདྲེན་པའི་འཇའ་ས་དང༌། ཕྱག་རྟེན་གྱི་རྣམ་པ་དུ་མ་དང༌། ཏ་ཤིན་བྲེ་བོས་གསེར་ཡིག་དང་བཅས་པས་སྔར་ལན་མང་དུ་སྤྱན་དྲངས་ཀྱང་མ་བྱོན་པས། ད་རེས་འབུལ་བ་བྱེད་ཟེར་ནས་འདི་ནས་འཕན་ཡུལ་བརྒྱུད་ནས་ནམ་ལངས་པའི་ཚེ་སེ་ར་ཆོས་སྡིངས་སུ་སླེབ་པ་བྱས་ནས། རྗེ་དང་མཇལ་ཕྲད་བྱེད་པའི་ལུགས་སུ་བྱས་ཏེ། གློ་བུར་དུ་ལྷགས་པས་དགེ་འདུན་མང་པོ་མཚམས་འགྲོལ་དགོས་


JLD001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཆོས་རྗེ་མ་བཞུགས་པའི་དག་ཚངས་སོགས་སྣེའུ་བ་དཔང་པོར་བཞག་ནས་བྱེད་དགོས་པ་བྱུང་སྟེ། དེ་དུས་དྲང་པོར་མ་བཤད་ན་ནི་བརྫུན་དུ་འགྲོ་ལ། བཤད་ན་ནི་དཔོན་སློབ་རྣམས་ལ་ཐུགས་གཡེང་བ་ལ་དགོངས་ནས། གང་དུ་འབྱོན་མ་གསུངས་པའི་གནད་ཀྱང་དེ་ལྟར་གདའ་བས། སེམས་དཔའ་ཆེན་པོ་འདི་ཉིད་མཁྱེན་པ་ལ་ཐོགས་པ་མི་མངའ་ཞིང༌། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་གྲགས་སོ། །དེ་ནས་ཅི་ཞིག་ལྟར་དེ། ཡི་དམ་གྱི་ལུང་བསྟན་པ་དང༌། བསྟན་པ་རིན་པོ་ཆེ་དར་རྒྱས་སུ་བཞེད་པ་དང༌། གཞན་ཡང་རྒྱུ་མཚན་དུ་མ་ལ་བརྟེན་ནས། སྨོན་ལམ་ཆེན་མོ་མཛད་པར་དགོངས་ཏེ། རྗེ་ཉིད་ལ་གསེར་འབུལ་བ་མང་དུ་བྱུང་བ་དང༌། སྣེའུ་བས་མཐུན་རྐྱེན་གྱི་གཞི་བྱས། འབྲི་ལྡན་རྣམས་ཀྱིས་དངོས་པོའི་གྲོགས་བྱས་པ་དང༌། མདོ་དབུས་ཁམས་གསུམ་གྱི་དད་ལྡན་འབྱོར་ལྡན་དུ་མས་དད་འབུལ་མང་དུ་བྱས་པ་ལ་བརྟེན་ནས། གངས་རིའི་ཁྲོད་ཀྱི་དགེ་འདུན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། བསྟན་པའི་གཙོ་བོའི་སྐུ་ཚབ་ཤཱཀྱ་མུ་ནིའི་དྲུང་དུ། སྨོན་ལམ་རྒྱ་མཚོ་ལྟ་བུ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཚེས་གཅིག་ནས་གནམ་གང་གི་བར་མར་མེ་ལྷ་བཤོས་ལ་སོགས་པའི་མཆོད་པའི་ཁྱད་པར་དང༌། སྡོམ་བརྩོན་སྡེ་སྣོད་འཛིན་པའི་འདུ་ལོང་དེ་ལས་ཆེ་བ་སྔར་གངས་ཅན་དུ་མ་བྱུང་བར་ངེས་ཞེས་གྲགས་སོ། །དེའི་སྐབས་སྟོན་པའི་སྐུ་ཚབ་ཤཱཀྱ་སེང་གེ་ལོངས་སྐུའི་ཆ་ལུགས་སུ་


JLD001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཞེད་པ་དང༌། སྔར་ཇོ་བོ་ཨྱོན་དུ་བྱོན་ནས་རྒྱ་གར་དུ་ཕེབས་པའི་དུས་སུ། དེ་རྣམས་ཀྱི་མོས་རྟེན་དུ་དབུ་རྒྱན་དེར་བཞག་པར་གྲགས་ཤིང༌། དེ་ཡན་ཆད་དུ་དབུ་རྒྱན་ཡོད་པ་དང་ཆ་མཐུན་པར་བྱ་བའི་ཕྱིར་དང༌། གཞན་ཡང་རྟེན་འབྲེལ་གྱི་གནད་དུ་མ་ལ་དགོངས། གསེར་གར་བླུག་གི་པྲོག་ཞུ་ཕུལ་བ་འདི་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཐབས་བླ་ན་མེད་པ་ཡིན་ནའང༌། རྨོངས་པ་འགའ་ཞིག་ཁ་མཐུན་པར་འདི་ལྟ་བུ་མི་རིགས་ཏེ། སྤྲུལ་སྐུ་ལ་ལོངས་སྐུ་བཟོས་པ་ཡིན་ཟེར་བ་འདི་ལོངས་སྐུ་གང་ལ་ཟེར་ཡང་ངོ་མ་ཤེས་པའི་བླུན་སྐད་དོ། །འགའ་ཞིག་ནི་ལྕགས་གཟེར་གྱིས་དབུ་དང་སྦྲགས་སྣང་ཟེར་བ་ནི། ཨེ་བདེན་ལྷ་སའི་དམུས་ལོང་ལ་དྲིས་པས་ཀྱང་ཤེས་སོ། །དེ་ནས་ཡུན་མི་རིང་བར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། སྡེ་སྣོད་གསུམ་དང་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་སངས་རྒྱས་ཀྱི་བསྟན་པ་དཀར་ལམ་ལ་བཏང༌། བར་སྐབས་སུ་ཉུང་བའི་ཚེ་ཡང་བདེ་བར་གཤེགས་པ་གནམ་གྱི་སྐར་མ་ཙམ་ཞལ་གཟིགས། གདམས་པ་དང་རྗེས་སུ་བསྟན་པ་ཚད་མེད་པ་ཐོབ། ཁྱད་པར་དུ་འཇམ་དབྱངས། བྱམས་པ། སྤྱན་རས་གཟིགས། སྒྲོལ་མ། ལྟུང་བཤགས་ཀྱི་སངས་རྒྱས་སུམ་ཅུ་སོ་ལྔ་སོགས་རྒྱུན་མི་འཆད་དུ་གཟིགས་ཤིང༌། ཆོས་དུ་མ་གསན། སངས་རྒྱས་སུམ་ཅུ་སོ་ལྔ་ཞལ་གཟིགས་ཚུལ་ཡང༌། དེ་ཉིད་ཀྱི་ལོགས་བྲིས་འདྲི་བར་བཞེད་ནས། དེའི་ཕྱག་མཚན་གྱི་གསལ་ཁ་


JLD001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྟན་བཅོས་རྣམ་དག་རྣམས་སུ་མ་གཟིགས་པས་ག་འདྲ་ཞིག་བྱས་ན་རིགས་སྙམ་པའི་ཚེ། རྒྱལ་བ་དེ་རྣམས་ནམ་མཁའ་ལ་བྱོན་ནས། སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་རྣམས་གཟིགས། དེ་ཇི་ལྟ་བ་བཞིན་དུ་དགའ་ལྡན་གྱི་གཙུག་ལག་ཁང་ཡངས་མ་ཅན་དང༌། དགེ་འདུན་གྱི་འདུ་ཁང་ལ་སོགས་པར་བྲིས་ནས་སྣང༌། བསྙུང་བའི་དུས་དེར་ཆོས་སྐྱོང་གི་རིགས་མ་གཟིགས་པ་མེད་ཅིང༌། བྱེ་བྲག་ཏུ་དཔལ་མགོན་ཕྱག་དྲུག་པ་འདི་ནི། སེ་ར་ཆོས་སྡིངས་སུ་ཞལ་གཟིགས་པ་ནས་བཟུང་སྟེ་འདུ་འབྲལ་མེད་གསུང་ཞིང་། མགོན་པོ་རྣམས་ཀྱིའང་མཆོག་ཏུ་འཛིན་ཅིང༌། མགོན་ཁང་དུའང་ཕྱག་དྲུག་པའི་སྐུ་གཅིག་བཞེངས་ཞེས་ཞལ་ཆེམས་ལ་བྱུང་བས། ཆོས་རྗེ་དཀའ་བཅུ་པ་ལ་སོགས་པ་རྣམས་ཀྱིས་ཕྱག་ལེན་ལ་བཏབ་པའི་ཚེ་ཡང༌། རྒྱུ་ཚོགས་བསགས་པ་ཙམ་གྱིས་འབད་པ་ཆེན་པོ་མ་དགོས་པར་རང་བྱོན་ལྟ་བུར་བྱོན་ཞེས་གྲགས་སོ། །གཞན་ཡང་རྡོ་རྗེ་འཇིགས་བྱེད་ཆེན་པོ་བཞེངས་དུས། རྩ་ཞལ་རང་བྱོན་དུ་བྱོན་པ་དང༌། བློས་བླངས་རྣམ་གསུམ་བཞེངས་དུས་རྡོར་འབྱིངས་དང༌། མི་བསྐྱོད་རྡོ་རྗེ་དང༌། ལཱུ་ཨི་པའི་གཙོ་བོ་གསུམ་རང་བྱོན་ལྟ་བུར་བྱོན་ཞིང་བདེ་མཆོག་གི་ཐུགས་ཀ་ན་དྲོད་རྟ་རྔ་ཙམ་ཡོད་ཅིང༌། གཟུགས་ཅན་མ་ལ་སོགས་ལྷ་མོ་བཞི་རང་བྱོན་དུ་བྱོན། ད་ལྟ་གཟིམས་ཁང་ན་བཞུགས་པའི་བདེ་མཆོག་གི་དར་སྐུ་ཁྲུ་གང་ཙམ་པའི་ཞལ་བཞི་མདོག་དང་བཅས་པའི་རང་བྱོན་དུ་བྱོན་པ་སོགས་དང༌། རྡོ་རྗེ་


JLD001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཆེན་པོའི་རབ་གནས་ཀྱི་ཉིན་པར་ནམ་མཁའ་དྭངས་པའི་དཀྱིལ་ནས་སྒྲ་ཆེན་པོ་འབྲུག་སྒྲ་ཙམ་ཞིག་བྱུང་ནས། མཆོད་ཁང་དུ་བཞུགས་པ་ཀུན་གྱིས་ཚོར་ལ། དེ་དང་མཚུངས་པའི་གསང་འདུས་རིམ་ལྔ་དང༌། བདེ་མཆོག་གི་རིམ་ལྔའི་རྣལ་འབྱོར་པ་འགས། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་ཙམ་ཕྱོགས་བཞི་ག་ནས་བྱུང་ནས། ལྡེར་སྐུ་ལ་ཐིམ་པ་སོགས་སུ་གཟིགས་སོ། །དེ་ལ་སོགས་པ་གྲུབ་པ་བརྙེས་པའི་དགེ་མཚན་དུ་མ་དང༌། གྲུབ་ཆེན་བརྒྱད་ཅུ་ལ་སོགས་པའི་བླ་མ་དམ་པ་རྣམས་དང་མཇལ་ཚུལ་དང༌། ཁྱད་པར་དུ་སློབ་དཔོན་སངས་རྒྱས་བསྐྱངས་བྱུང་ནས། འགྲེལ་པ་བུདྡྷཱ་པཱ་ལི་ཏའི་སྟེང་ནས་རྩ་ཤེ་ཚར་གཅིག་གསུངས་པས། དེའི་ཕྱི་དེ་ཉིན་པར་འགྲེལ་པ་དེ་འབུལ་མི་བྱུང་བས། རྟེན་འབྲེལ་འགྲིག་སྟེ། དབུ་མའི་རྟོགས་པ་ཕུན་སུམ་ཚོགས་པ་ཤར། རྗེའི་ཞལ་ནས། འགྲེལ་པ་འདིའི་སྟེང་ནས་རྩ་ཤེའི་བཤད་ཉན་བྱས་ན་བསྟན་པ་ལ་ཕན་པའི་རྟེན་འབྲེལ་འདུག་གསུང༌། ད་ལྟ་སྐུ་ཚེ་འདིར་འགྲོ་དོན་རྒྱ་ཆེན་པོ་བྱུང་བ་ཡང༌། སྔོན་རྡོ་རྗེ་གདན་དུ་ཐུབ་པ་ལ་ཤེལ་དཀར་གྱི་འཕྲེང་བ་བརྒྱ་རྩ་གཅིག་ཕུལ་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་འབྲས་བུའི་ཆ་ཤས་ཡིན་གསུང༌། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་ལ། སྐལ་ལྡན་མ་ཡིན་པའི་བློ་ཡུལ་དུ་མི་ཤོང་བའི་རྣམ་ཐར་དུ་མ་ཡོད་པ་རྣམས། གསང་བའི་རྣམ་ཐར་ལྕང་ར་དཀའ་བཅུ་པས་བྱས་པར་བལྟའོ། །གཞན་ཡང་གྲྭའི་ལྟག་གི་རི་གཟར་པོ་དེ་ནས་ཕ་བོང་ཆེན་པོ་རྣམས་འགྲིལ་


JLD001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དགེ་འདུན་རྣམས་སྐྲག་པ་དང༌། ཆའི་ཕྱོགས་ནས་རླུང་ཆེན་པོ་གནམ་ས་འབྲེལ་བ་ཙམ་བྱུང་བ་གཉིས་ཀ་ལ་སྡིགས་མཛུབ་གཏད་པ་ཙམ་གྱིས་ལོག་པ་དང༌། རྒྱལ་འགོང་ལ་སོགས་པས་གཙེས་པ་རྣམས་ལ་བྱིན་རླབས་མཛད་པ་ཙམ་གྱིས་ལུས་སེམས་ཀྱི་ཟུག་རྔུ་ཞི་བ་སོགས་ཀྱི་འཕྲལ་རྟགས་ནི། རང་རེ་རྣམས་ཀྱིས་མཐོང་བ་ལ་མང་དུ་ཡོད་དོ། །རྗེ་རིན་པོ་ཆེ་འདིའི་ཐུགས་དམ་གྱི་རིམ་པ་ནི། ནམ་ཕྱེད་ཡོལ་ཙམ་ནས་གསང་འདུས་མི་བསྐྱོད་རྡོ་རྗེའི་བདག་འཇུག་རྒྱས་པར་མཛད་ནས་རིམ་ལྔ་ཡུན་རིང་དུ་བསྒོམ་པར་མཛད། ནམ་ལངས་ནས་ཉི་མ་མ་ཤར་བར་ལ། འཇིགས་བྱེད་ཀྱི་རིམ་གཉིས་རྒྱས་པར་བསྒོམ། ཉི་མ་ཤར་བ་ནས་ཚ་བཞེས་ལ་ཐུག་གི་བར་ལ་མདོ་རྒྱུད་གང་རུང་གི་ཤོག་ལྡེབས་སུམ་ཅུ་ཙམ་གསུང་བ་དང༌། གྲྭ་ལྔས་ཐོག་དྲངས་པའི་བྱ་སྤྱོད་ཀྱི་གཏོར་མ་དུ་མའི་མཇུག་ཏུ་ཟས་ཀྱི་རྣལ་འབྱོར་དང་ལྡན་པའི་གསོལ་བ་མཛད་རིན་དགེ་བཤེས་རྣམས་ལ་རྩོམ་གྱི་འཕྲོ་དང༌། དོན་གཉེར་བ་རྣམས་ཀྱི་ཐེ་ཚོམ་གཅོད། དེ་ནས་ཟབ་མདོ་གསུམ་ཐུགས་ཐོག་ནས་སྡུད་པ་གང་ཐོན་བསྔོ་བ་དང་བཅས་པ་མཛད་ནས། སཱཙྪ་བཅུ་རེ། ཚེ་དཔག་མེད། སྨན་བླ། འཇམ་དབྱངས། སྒྲོལ་མ་རྣམས་ཀྱི་སྐུ་པར་བདུན་བདུན། ཉིན་གུང་ལ་བཀའ་འགྱུར་དང༌། བསྟན་འགྱུར་གང་རུང་གི་གསུང་སྒྲོག་རེ་དང༌། རྩོམ་གྱི་འཕྲོ། ཕྱེད་ཡོལ་ནས་སྲོད་ཀྱི་བར་ལ་དམར་ནག་འཇིགས་གསུམ། གདོང་དྲུག་རྣམས་ཀྱི་སྦྱིན་སྲེག །འཁོར་ཆེན།


JLD001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཞི་པ་དང༌། ཕྱག་དྲུག་པའི་མངོན་རྟོགས། གཏོར་བསྔོས། གུར་མགོན་དང་སེང་གདོང༌། གྲི་གུག་དང་དུད་སོལ་མ་ལ་སོགས་པའི་གཏོར་བསྔོས་རྒྱས་པ། བདེ་མཆོག་ལཱུ་ཨི་པའི་བདག་འཇུག །བདེ་མཆོག་རིམ་ལྔ་བསྒོམ་པ་རྣམས་གོ་རིམས་ངེས་པ་ཡིན། གཞན་ཡང་ཞག་གཅིག་ལ་ཧྲཱིཿཥྚྲཱིཿཁྲི་ཚོ། བདེ་མཆོག་ཡི་གེ་བདུན་པ་སུམ་སྟོང༌། ཨ་ར་པ་ཙ་ན་བདུན་སྟོང༌། སྐུ་མཚམས་ཀྱི་ཁོག་ནས། མདོ་སྔགས་ཀྱི་ཆོས་ཐུན་གཉིས་གསུམ་རེ་གསུང་བ་རྣམས་མཐུན་སྣང་བ་ཡིན། ཆོས་གསུང་བཞིན་དུ་གཏོར་བསྔོས་དང༌། ལྷ་བསྒོམ་པ་རྫོགས་རིམ་གྱི་ཏིང་ངེ་འཛིན་རྣམས་ལས་མི་གཡོ་བ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཆོས་སྤྱོད་ཀྱང་མཐའ་ཡས་སོ། །དེ་ལྟར་ཟུར་འདེབས་ཤིན་ཏུ་བསྡུས་པའི་རྣམ་ཐར་འདི་ནི་འཇམ་དཔལ་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་རྒྱས་པར་གྱུར་ཅིག། །།རྗེ་བཙུན་རེད་མདའ་པའི་ཐུགས་ལས་འཁྲུངས་པའི་སྲས་བདུན་ནི། ཉིད་ཀྱི་ཞལ་ནས་སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེས་འོད་དང༌། །སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ། །ཤེས་རབ་མཆོག་གྱུར་ཉི་མ་རྒྱལ་མཚན་དང༌། །བརྩེ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང༌། །འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང༌། །རྩོད་པ་མཆོག་གྱུར་དར་མ་རིན་ཆེན་ཏེ། །གཞུང་


JLD001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན། ཞེས་གསུངས་སོ། །སརྦ་མངྒ་ལཾ། སྭ་སྟི། རྒྱལ་བསྟན་པད་ཚལ་བདེའི་དྲིབ་སུ་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེན་ས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས།next