ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།
བཟང་པོ་ནི། དགེ་བ་ཡིན་ལ་ཀུན་ནི། མ་ལུས་པ་སྟེ་འདི་ལས་དེ་རྣམས་འབྱུང་བའོ། །ཆོས་ཀྱི་དབྱིངས་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་དམ་རང་བཞིན་ཡིན་པས་ན་ཀུན་གྱི་བདག་ཉིད་དོ། །བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་སེམས་དཔའོ། །ཕྱག་རྒྱའི་གླུ་ནི། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡིས། རྡོ་རྗེ་ཆེན་པོ་གསོར་བ་ལས། རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །ཅེས་པའོ། །རྐང་པ་དང་པོ་དང་དབང་ཆེན་ནི། སྔར་བཤད་པ་ལྟར་རོ། །དེའི་ཕྱག་རྒྱ་ནི། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ངོ་བོའི་སྐུའོ། །ཕྱག་རྒྱ་དེས་ཡུམ་རྡོ་རྗེ་སྙེམས་མའི་ཕྱག་རྒྱའི་བདག་པོ་སྟེ་གཙོ་བོར་གྱུར་པ་བདག་ལ་གྲུབ་པར་མཛོད་ཅིག་པའོ། །དེ་ཡང་དང་པོའི་རྡོ་རྗེ་ཕྱག་གཡས་པས་གསོར་བའམ་སྟོད་པ་སྟེ་འདི་ནི་མཚོན་པ་ཙམ་མོ། །དམ་ཚིག་འདི་རྣམས་ཀྱིས་རྡོ་རྗེ་འཆང་གི་དེ་ཉིད་བརྗོད་ལ་དཀྱིལ་འཁོར་གྱི་བདག་པོ་རྣམས་ཀྱང་རྡོ་རྗེ་འཆང་གི་རང་བཞིན་ཅན་ཡིན་པས་དེ་རྣམས་ཀྱི་འང་དེ་ཁོ་ན་ཉིད་དུ་འགྱུར་རོ། །དེ་ཁོ་ན་ཉིད་བསྒྲག་པ་ནི། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཡིན། །དམ་ཚིག་མཆོག་གི་འདོད་པ་མཆོག །ཅེས་པའོ། །སྒྲིབ་པ་རྣམ་པར་དག་པའི་དེ་བཞིན་ཉིད་གཙོ་བོར་གྱུར་པའི་ཡེ་ཤེས་ནི། འདོད་པར་བྱ་བས་འདོད་པ་སྟེ་ཡང་དག་པའི་ཡེ་ཤེས་ཀྱི་དམ་ཚིག་མཆོག་དང་ལྡན་པ་རྣམས་ཀྱི་མཆོག་གོ །འདོད་
པར་བྱ་བའི་དེ་བཞིན་ཉིད་དེ་ཡང་སངས་རྒྱས་ནས་ས་སྐྱེའི་བར་གྱི་ཡིད་ལ་ཁྱབ་པའོ། །དེ་ཡང་སངས་རྒྱས་ཀྱི་ས་ལ་ནི། རྣམ་པར་དག་པའི་ཚུལ་གྱིས་ཐུགས་ལ་ཁྱབ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རང་གི་སའི་སྒྲིབ་པ་རྣམ་པར་དག་པའི་ཚུལ་གྱིས་སོ། །དེ་བཞིན་ཉིད་ལ་དམིགས་ནས་རྣམ་པར་མི་རྟོག་པ་བསྒོམས་པས་བདེ་བ་སྟེར་བས་ན་ཕ་དང་འདྲ་ལ་གཞུང་ཁ་ཅིག་ལས་སྙིང་ལ་གནས་ཞེས་པ་ལྟར་ན་བདེ་བ་སྩོལ་བས་སྙིང་དུ་སྡུག་པས་ན་སྙིང་ལ་གནས་པའོ། །འདོད་པར་བྱ་བ་དེ་ནི། སེམས་ཅན་རྣམས་ཀྱི་ཡབ་ཏུ་གྱུར་པ་སྟེ་སངས་རྒྱས་བྱང་སེམས་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་དེ་ལས་འཁྲུངས་པའོ། །དེ་གཉིས་ཇི་ལྟ་བ་དེ་བཞིན་དུ་སོ་སོ་སྐྱེ་བོ་རྣམས་ཀྱིའང་ཡབ་ཡིན་ཏེ་དེ་དག་གི་ལུས་སེམས་ཀྱི་བདེ་བ་ནི། དེ་ཉིད་ཀྱི་རང་བཞིན་རྣམ་དག་གི་དབང་དུ་བྱས་པའི་ཕྱིར་རོ། །འདིས་སོ་སོ་སྐྱེ་བོ་ལ་ཁྱབ་ཚུལ་སྔར་མ་བཤད་པ་ཡང་ཤེས་པར་བྱའོ། །བདེན་པ་བསྒྲག་པ་ནི། བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་ཉིད་དེ་བཞིན་ཉིད་ངེས་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བ་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་
ཤོག །ཅེས་པའོ། །ཡེ་ཤེས་མཆོག་ནི། གཉིས་སུ་མེད་པའི་ཡེ་ཤེས་ཏེ་གཉིས་དང་གཉིས་མེད་པའི་རྣམ་པ་ཅན་གྱི་ཐབས་ཤེས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །ཞེས་དཀྱིལ་ཆོག་མང་པོ་ལས་འབྱུང་ངོ༌། །བདེན་པ་སྟེ་ཕྱིན་ཅི་མ་ལོག་པ་དེས་ཡིད་ལ་མངོན་པར་བསམས་པའི་འདོད་པ་རྫོགས་པར་མཛོད་ཅེས་པའོ། །ཆོས་རྣམས་ནི། དཀྱིལ་འཁོར་བའི་ལྷ་རྣམས་སོ། །གཟུགས་བརྙན་ལྟ་བུ་ནི། སེམས་ཙམ་གྱི་སྣང་བའོ། །ཉོན་མོངས་དང་ཤེས་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བས་དག་པ་དང་གསལ་བ་དང་རྙོག་པ་མེད་པའོ། །རང་བཞིན་མེད་ཅིང་སོ་སོ་རང་གིས་རེག་པས་ཤེས་པ་གཞན་གྱིས་གཟུང་དུ་མེད་པ་དང་སྒྲ་རྟོག་གི་ཡུལ་མིན་པས་བརྗོད་དུ་མེད་པའོ། །འདི་རྣམས་ཀྱི་རྒྱུ་ནི་ཆོས་ཀྱི་དབྱིངས་སོ། །ལས་ནི་ཐོས་བསམ་སྒོམ་གསུམ་ལ་སོགས་པའོ། །དེ་བཞིན་ཉིད་དང་དེ་ཁོ་ན་ཉིད་ནི། ཡང་དག་པའི་ཡེ་ཤེས་རྡོ་རྗེ་འཆང་སྟེ་དཀྱིལ་འཁོར་བ་ཐམས་ཅད་ནི་དེ་ལས་བྱུང་བའོ། །གཟུགས་བརྙན་ནི་དཀྱིལ་འཁོར་དུ་བྲིས་པའོ། །གསལ་བར་ནི་གང་གི་གཟུགས་སུ་བྲིས་པ་དེའི་སྐུར་ལྟ་བའོ། །སྒྲིབ་མེད་དམ་དྲི་མེད་ནི། བདེན་པ་དང་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་སྡིག་པ་བསལ་བ་ལ་བརྟན་ནས་དཀྱིལ་འཁོར་མཐོང་བར་ཤོག་ཅིག་པའོ། །སློབ་མ་ནི། ཀུན་གྱིས་ཞེས་མང་པོ་ལས་འབྱུང་ངོ༌། །འདི་དག་ནི། དཀྱིལ་ཆོག་ཏུ་མ་ཞིག་ནས་
འབྱུང་ཞིང་དོན་ལེགས་པར་གོ་བ་གལ་ཆེ་བར་སྣང་བས་ཤཱནྟི་པ་དང་ཨ་བྷྱས་བཤད་པ་བཞིན་བཀོད་པའོ། །དཔལ་མཆོག་ལས་ཚིགས་བཅད་ལྷག་མ་ལྔ་མི་འབྱུང་ཞིང་དང་པོ་ལ། ༀ་ནམ་མཁའ་ཞེས་གསུངས་ལ། དེའི་འགྲེལ་ཆེན་གྱི་བཤད་པ་ཡང་ཕལ་ཆེར་སྔ་མ་དང་འདྲའོ། །ཕྱི་མ་བཞི་ནི། བཞི་བརྒྱ་ལྔ་བཅུ་པ་དང་ལྭ་བ་པ་ལ་སོགས་པའི་དཀྱིལ་ཆོག་མང་པོ་ལས་གསུངས་སོ། །འདི་ལན་གསུམ་བྱ་བར་དཱ་རི་ཀ་པས་བཤད་དོ། །གཉིས་པ་ལ་གཉིས། སློབ་མ་ལ་དབང་བསྐུར་བ་སྣོད་རུང་གི་ཆོ་ག་དང༌། ལྷ་ལ་དབང་བསྐུར་བ་རང་གནས་ཀྱི་ཆོ་གའོ། །དང་པོ་ལ་གསུམ། ཐོག་མར་དབང་བསྐུར་བའི་ཆོ་ག་དང༌། དམ་ཚིག་ཉམས་ན་གསོ་བའི་ཚུལ་དང༌། དཀྱིལ་འཁོར་གྱི་མཇུག་གི་ཆོ་གའོ། །དང་པོ་ལ་གཉིས། རྡུལ་ཚོན་ལ་བརྟེན་ནས་དབང་བསྐུར་བའི་ཆོ་ག་དང༌། དཀྱིལ་འཁོར་གཞན་ལ་བརྟེན་ནས་དབང་བསྐུར་བ་ལ་དོགས་པ་གཅོད2་པའོ། །དང་པོ་ལ་ལྔ། དཀྱིལ་འཁོར་དུ་གཞུག་པ་དང༌། ཞུགས་པ་ལ་དབང་བསྐུར་བའི་ཚུལ་དང༌། དབང་གི་མཐའ་བརྟེན་གྱི་ཆོ་ག་དང༌། དབང་རྣམས་ཀྱི་དོན་བཤད་པ་དང༌། མཐའ་རྟེན་བྱེད་ཚུལ་དབང་གི་དབྱེ་བསྡུ་དང་བཅས་པའོ། །དང་པོ་ལ་གཉིས། གདོང་གཡོགས་དང་བཅས་པར་གཞུག་པ་དང༌། དཀྱིལ་འཁོར་མཐོང་བའི་བདག་ཉིད་ཅན་དུ་གཞུག་པའོ། །དང་པོ་ལ་གཉིས། ཡོལ་བའི་ཕྱི་རོལ་ཏུ་གཞུག་པ་དང༌། ནང་དུ་གཞུག་པའོ། །དང་པོ་ནི། སྔོན་དུ་ཆས་སུ་གཞུག་པ་ནི། དེ་ནས་སྒོའི་སློབ་དཔོན་རྣམས་
མི་འདོད་ན་གཞན་རྣམས་དང་འདོད་ན་ནི། དེ་རྣམས་དང་སློབ་མ་གཞན་ལྷག་གནས་བྱས་པ་སྔོན་པ་གཉིས་དང་ལྡན་པ་རྣམས་ཁྲུས་བྱེད་དུ་བཅུག་སྟེ་དྲི་ཞིམ་པོ་ལ་སོགས་པས་དག་པར་བྱས་ལ་ཡོལ་བའི་ཕྱི་རོལ་ཏུ་བཞག་པ་རྣམས་རྣམ་སྣང་ངམ་གཙོ་བོར་དམིགས་ལ། འཁྱིལ་པ་བཟླས་པའི་གོས་དམར་པོའམ་གཞན་གང་ཡང་རུང་བ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝསྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པས་སྨད་གཡོགས་དང༌། ༀ་བཛྲ་རཀྵ་ཧཾ་ཞེས་པས་སྟོད་གཡོགས་དང༌། ༀ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ་ཅེས་པས་གཙུག་ཏོར་བྱ་བར་གསུངས་པས་དེ་དག་ལ་བཟླས་པ་དང་བསྐོན་པའི་སྔགས་ཐུན་མོང་བའོ། །དེ་ནས་མིག་བཅིང་བའི་གོས་ནི། དམར་པོ་འམ་སེར་པོར་གསུངས་པ་ལྟར་ལྭ་བ་པས་ཀྱང་བཤད་ལ་དེ་ཉིད་བསྡུས་པ་ལས་དུམ་བུ་སོ་སོ་ལ་ཁ་དོག་སོ་སོ་བ་གསུངས་པས་དམར་པོ་ཁོ་ན་མི་དགོས་སོ། །དེ་ལ་བཟླ་བའི་སྔགས་ནི། འཁྱིལ་པའི་སྔགས་སོ། །བཅིང་བའི་སྔགས་ནི། ༀ་ཙཀྵུ་བནྡྷཾ་བ་ར་མ་ན་ཡ་ཧཱུཾ་ཞེས་གསུངས་ཏེ་སྔགས་འདི་ཁོ་ནར་མ་ངེས་སོ། །འཆིང་ཚུལ་ལ་ལ་བ་པས་སློབ་མ་ཐ་མ་དང་འབྲིང་ལ་ཡེ་མི་མཐོང་བ་དང་རབ་ལ་ཅུང་ཟད་མཐོང་བར་བཅིང་བར་གསུངས་པས་མེ་ཏོག་དོར་ནས་སློབ་དཔོན་གྱིས་མིག་རས་མ་བསལ་བར་དུ་དཀྱིལ་འཁོར་རྫོགས་པར་མཐོང་དུ་མི་རུང་བས་མིག་རས་འཆིང་བ་ཡིན་ཏེ། ཕྱེ་བའི་འོག་ཏུ་ཀྱཻ་
རྡོ་རྗེ་ལྟོས་ཤིག་ཅེས་དེ་ནས་ལྟ་བ་ལ་སྐུལ་བའི་ཕྱིར་རོ། །ཨཱཿ ཁཾ་པཱི་ར་ཧཱུཾ་ཞེས་བརྗོད་ནས་མེ་ཏོག་གི་ཕྲེང་བ་བཟུངས་ཤིང་ཡོན་ཕུལ་ལ་ཞེས་པ་མ་གཏོགས་པ་གསོལ་བ་གདབ་པ་མ་བཤད་དེ་སྔར་གྱི་གསོལ་གདབ་འཇུག་པའི་གསོལ་གདབ་ཡིན་པ་ལ་དགོངས་སོ། །ཤཱནྟི་པ་དང་བྷཱ་བ་བྷ་དྲས་སྨད་གཡོགས་མ་གཏོགས་པའི་ཆས་འཇུག་མཛད་ལ་གཞན་མང་པོས་མེ་ཏོག་ཕྲེང་བ་དང་མིག་རས་འཛིན་པ་ཙམ་བཤད་དོ། །དེ་ནས་བྱིན་གྱིས་བརླབ་པ་ནི། ལས་ཐམས་ཅད་པའི་ཆུས་བསངས་ཏེ་སྙིང་མགྲིན་སྤྱི་བོར་གནས་པའི་རྡོ་རྗེ་པདྨ་འཁོར་ལོ་ལ་བཀོད་པའི་ཉི་མ་དང་ཉི་མ་དང་ཟླ་བའི་སྟེང་དུ། ཧཱུཾ་ནག་པོ་དང་ཨཱཿ དམར་པོ་དང་ༀ་དཀར་པོའི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་ཤིང༌། ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་གོ །ཤཱནྟི་པ་དང་ཉིན་མོ་འབྱུང་གནས་ཀྱིས་མིག་ལ་སོགས་པ་བྱིན་གྱིས་རློབ་བ་ཡང་བཤད་དེ་རྒྱས་བསྡུས་སོ། །རིགས་དང་མོས་པ་འདྲི་བ་ནི། སློབ་མ་ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་བ་ལ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་སློབ་དཔོན་གྱིས་ཀྱཻ་དགའ་བ་ལ་དགའ་ཁྱེད་སུ་ཡིན་ཞེས་དྲི་བར་བྱའོ། །དེས་བདེ་ཆེན་བདག་ནི། སྐལ་བ་བཟང་ཞེས་བརྗོད་པར་བྱའོ། །དྲིས་ལན་འདི་ནི། དཱ་རི་ཀ་པའི་དཀྱིལ་ཆོག་གི་འགྱུར་ལྟར་བདེ་སྟེ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདེ་ཆེན་གནས་ལ་ཞེས། དྲིས་ལན་ཡོངས་སུ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་རིགས་དང་མོས་པ་འདྲི་བ་ཡིན་ནོ། །སྐལ་བཟང་ནི། ས་ར་ཧས་རྒྱལ་
བའི་སྲས་ཞེས་འབྱུང་བ་བཞིན་ཡིན་ལ་བདེ་བ་ཆེན་པོ་ལ་མོས་པར་བསྟན་པས་དཀྱིལ་འཁོར་དུ་གཞུག་ཏུ་རུང་བར་ཤེས་པའོ། །མཉམ་སྦྱོར་དུ་ཅི་ལ་དགའ་བ་དྲིས་པའི་ལན་དུ་སྐལ་བ་བཟང་པོ་ལ་དགའ་ཞེས་གསུངས་པའི་དོན་ནི། སྔར་བཤད་པ་བཞིན་དུ་གཟུང་སྟེ། སྡོམ་འབྱུང་ལས། ཀྱཻ་ཁྱོད་སུ་ཞེས་དྲི་བྱ་སྟེ། །བདག་སྐལ་བཟང་ཞེས་བརྗོད་དང་ལྡན། །ཞེས་གསུངས་པ་བཞིན་དུ་ཚད་ལྡན་གཞན་ཡང་མང་པོས་བཤད་པས་སྐལ་བཟང་ནི། དགའ་བ་པོ་ཡིན་གྱི་དགའ་བའི་ཡུལ་མིན་ནོ། །ལྭ་བ་པས་སྔར་ལྟར་དྲིས་ལན་བྱས་པའི་འོག་ཏུ་ཡང་བུ་ཅི་བྱ། དེས་ཀྱང་སངས་རྒྱས་མཆོག་གི་དམ་ཚིག་བགྱི་འཚལ་ཞེས་སོ། །ཞེས་དྲིས་ལན་གཞན་ཅིག་གསུངས་ཏེ་ཁྱེད་སྐལ་བ་བཟང་ཞིང་བདེ་ཆེན་ལ་མོས་ན་དེས་ཅི་ཞིག་བྱེད་ཅེ་ན་སངས་རྒྱས་ཀྱི་དམ་ཚིག་མཆོག་བསྒྲུབ་པའི་ཕྱིར་ཡིན་ནོ་ཞེས་པའི་དོན་ཏོ། །དྲིས་ལན་འདི་མཉམ་སྦྱོར་གྱི་དཀྱིལ་ཆོག་གཉིས་སུ་ཡང་འབྱུང་ངོ༌། །དེ་ནས་རྣལ་འབྱོར་ཐམས་ཅད་ཀྱི་སེམས་བསྐྱེད་པ་ནི། ༀ་སརྦ་ཡོ་ག་ཙིཏྟཾ་ཨུད་པཱ་ཏ་ཡཱ་མི་ཞེས་འདོན་དུ་གཞུག་ཅིང་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། ཞེས་སྔགས་འདི་སློབ་མ་རྣམས་འདོན་དུ་བཅུག་ནས་སེམས་བསྐྱེད་པར་ཕྲེང་བ་རྗེས་འབྲང་དང་བཅས་པས་བཤད་པ་ལེགས་ཏེ་དཔལ་མཆོག་ལས། དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དམ་པའི་སྔགས་ལན་ཅིག་བརྗོད་པས་སྐྱེད་དུ་བཅུག་སྟེ། ཞེས་སྔགས་
འདིའི་སྔོན་ཉིད་དུ་གསུངས་པའི་ཕྱིར་དང་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པར་བགྱིའོ་ཞེས་པའི་སྔགས་དོན་དང་ཤིན་ཏུ་མཐུན་པའི་ཕྱིར་རོ། །སྔགས་འདིས་སེམས་བསྐྱེད་པ་ནི། མར་མེ་མཛད་བཟང་པོ་དང་ལྭ་བ་པ་དང་ས་ར་ཧ་དང་དཱ་རི་ཀ་པ་སོགས་ཀྱིས་བཤད་ལ། ཀླུ་བྱང་དང་བྷཱ་བ་བྷ་དྲ་དང་ནག་པོ་སྤྱོད་པ་སོགས་མ་བཤད་པ་ཡང་མང་པོ་སྣང་ངོ༌། །སེམས་སྐྱེད་ཚུལ་ལ་དཔལ་མཆོག་ཏུ་སྨོན་སེམས་བསྐྱེད་པའི་རྗེས་ཐོགས་སུ་སངས་རྒྱས་ཀྱི་རང་བཞིན་རྟོགས་པའི་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་བསྐྱེད་པ་ལ་གསུངས་ཀྱི་སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་བསྒོམས་ནས་སྐྱེད་པ་རྒྱུད་འགྲེལ་གཉིས་ཀ་ན་མི་སྣང་ལ་ཀུན་སྙིང་གི་དཀྱིལ་ཆོག་གཞན་རྣམས་དང་བླ་མེད་ཀྱི་དཀྱིལ་ཆོག་ཕལ་མོ་ཆེར་ཡང་མ་བྱུང་ངོ༌། །བོད་ཀྱི་བླ་མ་ཁ་ཅིག་སྙིང་ཁར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་གཅིག་པུ་བསྒོམས་ནས་མཛད་ལ་ཁ་ཅིག་ཟླ་བ་དང་རྡོ་རྗེ་གཉི་ཅར2་སྒོམ་པར་མཛད་དོ། །ཡང་དཔལ་མཆོག་ལས། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་རྒྱ་རྡོ་རྗེ་གང་ཡིན་པའོ། །ཞེས་པའི་དོན་འགྲེལ་ཆེན་ལས། སྟོང་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་ཟླ་བའི་སྟེང་དུ་ཏིཥྛ་ཞེས་པས་བསྐྱེད་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་བག་ཆགས་སྐྱེད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པས་ད་ལྟར་བྱུང་བའི་སངས་རྒྱས་སུ་རྟོགས་པར་བྱའོ། །ཞེས་བཀྲལ་བ་དེར་ཏིཥྛ་ཞེས་པའི་སྔགས་
ཀྱིས་སྐྱེད་པར་བཤད་ལ་འདིར་སྔགས་དེ་མ་བྱུང་བས། སློབ་དཔོན་དེའི་དགོངས་པ་ནི། ཕྱག་བཞིའི་དང་པོའི་སྐབས་སུ་རྡོར་སེམས་ཞུགས་ནས་སྙིང་ཁར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་གཟུགས་ཀྱིས་བཞུགས་པ་ལ་ལྟ་བའི་ཡིད་ནི། ཐབས་དང་ཤེས་རབ་ཀྱི་སེམས་བསྐྱེད་པར་སྟོད་འགྲེལ་ལས་གསུངས་པ་དེར་སྣང་ངོ༌། །བཞི་བརྒྱ་ལྔ་བཅུ་པ་དང་དེའི་འགྲེལ་པ་ཤཱནྟི་པས་མཛད་པ་ལས་ཕྱག་བཞི་མ་བཤད་ཀྱང༌། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །ཞེས་སོགས་དམ་ཚིག་བསྟན་པའི་སྐབས་སུ་འབྱུང་བའི་འགྲེལ་པ་ལས། བསྐྱེད་པ་ཙམ་ནི། བྱང་ཆུབ་ཏུ་སྨོན་པ་ལས་སམ་འཇུག་པ་ལས་ཏེ་སྙིང་ཁའི་ཟླ་བར་རྡོ་རྗེའི་རྣམ་པར་རོ། །ཞེས་གསུངས་ལ་འདི་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་པ་ལ་མ་བྱས་ན་གཞན་དུ་བཤད་ས་ཡང་མེད་པས་འདིའི་ཤེས་བྱེད་དུ་བྱ་སྟེ་བཞི་བརྒྱ་ལྔ་བཅུ་པ་ལས་ཀྱང༌། རྣལ་འབྱོར་སེམས་ནི་ཡང་དག་བསྐྱེད། །སྙིང་ཁར་རྡོ་རྗེ་སྙིང་པོ་བསམ། །ཞེས་གསུངས་པ་ལ་ཡང་ཟུར་ཙམ་ཞིག་སྣང་ངོ༌། །གཞན་ཡང་དཔལ་མཆོག་ལས། འདི་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་འབྲེལ་ཞིང་ཕྱིར་མི་ལྡོག་པ་དང་བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཉིད་དུ་ཡང་རྟོགས་པར་བྱའོ། །ཞེས་སེམས་དེ་བསྐྱེད་པའི་ཕན་ཡོན་དུ་གསུངས་ཤིང་དེའི་འགྲེལ་པ་ལས་ཀྱང༌། སེམས་དེ་བསྐྱེད་
པ་ཙམ་གྱིས་མཐུས་ཕྱིར་མི་ལྡོག་པར་འགྱུར་བའི་ཕྱིར་རོ། །བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཉིད་དུ་རྟོགས་པར་བྱ་བ་ཡིན་ནོ། །ཞེས་གསུངས་པའི་དོན་དང༌། གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །ཞེས་སོགས་དོན་གཅིག་ཏུ་སྣང་བས་སེམས་དེ་སྐྱེད་པ་ལ་ཡང་སྦྱར་དུང་བ་ཡིན་ནོ། །སེམས་སྐྱེད་པ་འདི་ལ་ཀུན་སྙིང་དང་ཤཱནྟི་པ་གཉིས་ཀས་སྨོན་སེམས་དང་བྱང་ཆུབ་ཀྱི་རང་བཞིན་རྟོགས་པའི་འཇུག་སེམས་སྐྱེད་པར་གསུངས་པས། བླ་མ་སྔ་མ་རྣམས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་སྐྱེད་པར་མཛད་པ་དང་ཟླ་བའི་སྟེང་གི་རྡོ་རྗེ་སྟོང་ཉིད་ཀྱི་ངོ་བོར་ཀུན་སྙིང་གིས་གསུངས་པས་རྡོ་རྗེ་དོན་དམ་སེམས་བསྐྱེད་དང་ཟླ་བ་ཀུན་རྫོབ་སེམས་བསྐྱེད་ལ་སྦྱོར་བ་ཡང་ལེགས་སོ། །འདི་ལེགས་པར་བརྡ་འཕྲོད་ན་སྔགས་ཀྱི་ཐབས་མཁས་ཀྱིས་ཐེག་པ་ཆེན་པོར་རིགས་ངེས་པར་བྱེད་པ་ཁྱད་པར་ཅན་ཞིག་སྣང་བས་ལྟ་བའི་སྟེང་ནས་དོན་དམ་པའི་སེམས་བསྐྱེད་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་སྨོན་པ་གཉིས་དམིགས་ཕྱེད་པར་བྱས་ནས་ཟླ་བ་རྡོ་རྗེའི་རྣམ་པར་བསྐྱེད་པར་བྱ་སྟེ། འདི་དང་འདི་འདྲ་བ་གཞན་རྣམས་ཀྱང་ཚིག་སྤྱི་ལ་མ་ལས་པར་བརྡ་འཕྲོད་པར་བྱས་ན་རྟེན་འབྲེལ་ཁྱད་པར་ཅན་དུ་མ་ཞིག་འགྲིག་པས་དབང་བསྐུར་བ་ལ་བསྔགས་པ་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ནས་སྙིང་
ཁར་རྡོ་རྗེ་མེ་ཏོག་དང་བཅས་པ། ༀ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿ སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་ཅིང་བཟུངས་ཏེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ་ཞེས་བརྗོད་དོ། །ཧོཿ ཞེས་པ་ཡན་ཆད་དཔལ་མཆོག་ན་ཡོད་ལ་ཕྱི་མའི་སྔགས་ནི། མར་མེ་མཛད་བཟང་པོ་ལ་སོགས་པ་མང་པོས་བཤད་དོ། །རྡོ་རྗེ་སྙིང་ཁར་འཛིན་པ་མཚམས་འདི་ནས་འབྱུང་བ་བཞིན་དུ་དཔལ་མཆོག་ལས་ཀྱང་འབྱུང་ལ་སེམས་བསྐྱེད་པའི་སྔོན་ནས་བྱེད་པ་ཡང་དཱ་རི་ཀ་པ་སོགས་མང་པོས་གསུངས་སོ། །དེང་ཁྱོད་ཅེས་སོགས་འདི་མར་མེ་མཛད་བཟང་པོ་དང་ལྭ་བ་པ་ལ་སོགས་པས་མཛད་ལ་གཞན་མང་པོས་མ་བཤད་དོ། །མ་དད་པ་རྣམས་ལའང་མ་ཡིན་ནོ་ཞེས་འབྱུང་བའི་འགྱུར་ལེགས་ཏེ་དཀྱིལ་འཁོར་དུ་ཞུགས་སུ་ཟིན་ཀྱང་སྔགས་ལ་མི་དད་ན་དེ་ལ་ཡང་མི་བསྟན་པའི་དོན་ཡིན་པས་དམ་གཞག་དང་པོ་ལ་མེད་པའི་ཁྱད་པར་རོ། །གཉིས་པ་ལ་གསུམ། ནང་དུ་གཞུག་ཅིང་བསྐོར་ནས་ཕྱག་བྱ་བ་དང༌། དམ་ལ་གཞག་པ་དང༌། ཡེ་ཤེས་ཕབ་ནས་བདེན་པ་བརྗོད་པའོ། །དང་པོ་ནི། དེ་ནས་ༀ་ཡ་མཱནྟ་ཀྲᨑཏ་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་ལ། ཨཱཿ ཁཾ་བཱི་ར་ཧཱུཾ་ཞེས་
པ་འདིས་ཡོལ་བའི་ནང་དུ་བཅུག་སྟེ། མཧཱ་ར་ཏ་སུ་དྲི་བྷ་སུ་ཏོ་ཥོ་སུ་སུ་ཁོ་བཛྲ་སཏྭ་ཨཱཿ དྱ་སིདྷྱ་མཱཾ་ཞེས་པ་གདོན་ལ་བསྐོར་བ་བྱའོ། །སྔགས་གཉིས་སློབ་དཔོན་གྱིས་བརྗོད་དགོས་སོ། །སྔགས་སྔ་མས་སློབ་མ་འགུགས་པར་ཤཱནྟི་པས་བཤད་དེ་ཝ་བ་པས་ཀྱང་ཤར་ཕྱོགས་ཀྱི་སྒོ་སྐྱོང་མའི་སྔགས་ཀྱིས་སློབ་མ་བཅུག་སྟེ། ཞེས་གསུངས་པས་སྔགས་དེས་དཀྱིལ་འཁོར་གྱི་ཤར་སྒོར་དགུག་པའི་དམིགས་པ་བྱའོ། །དེ་ནས་ཡི་གེ་ལྔས་ཡོལ་བའི་ནང་དུ་གཞུག་པར་ལྭ་བ་པས་ཀྱང་གསུངས་པ་ནི། འདུས་པའི་བཅུ་དྲུག་པ་ལས། དེ་ལ་འདི་ནི་དཀྱིལ་འཁོར་ཆེན་པོར་འཇུག་པའི་རྡོ་རྗེའི་དམ་ཚིག་གོ །ཨཱཿ ཁཾ་བཱི་ར་ཧཱུཾ། ཞེས་སྔགས་འདིས་དཀྱིལ་འཁོར་དུ་འཇུག་པར་གསུངས་པས་དངོས་སུ་ཡོལ་བའི་ནང་དུ་འཇུག་པ་ཡིན་ཡང་སྒོམ་དོན་ལ་དཀྱིལ་འཁོར་གྱི་ནང་དུ་ཚུད་པ་དགོས་སོ། །དབང་སྐུར་བ་ལ་སྔོན་དུ་དཀྱིལ་འཁོར་གྱི་ནང་དུ་གཞུག་དགོས་པར་གསུངས་པ་ནི། ལྷ་དེ་དག་གི་གསང་བའི་གཏམ་ཁྱད་པར་ཅན་བཤད་པའི་སྣོད་དུ་རུང་བ་ལ་དེ་དག་གི་ནང་དུ་ཚུད་པ་ཅིག་དགོས་པའི་དོན་ཡིན་ལ། །དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་ཐོག་མ་ཡང་འདི་ནས་ཡིན་པས་བརྡ་འབྱོར་དགོས་སོ། །བི་བྷཱུ་ཏཱིའི་དཀྱིལ་ཆོག་ལས་ཀྱང༌། བདེ་བ་མཆོག་གི་ཕོ་བྲང་དུ། །བུ་ཁྱོད་བདག་གིས་དྲངས་པའོ། །ཞེས་དང༌། ནག་པོ་སྤྱོད་པ་དང་ས་ར་ཧས་ཀྱང༌། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་
པར་བགྱི། །ཞེས་གསུངས་པས་སློབ་དཔོན་གྱིས་བཀྲི་ཞིང་སློབ་མ་ལ་ཡང་དམིགས་པ་རྣམས་བསྟན་པར་བྱའོ། །བྷཱ་བ་བྷ་དྲས། ཨཱཿ ཁཾ་བཱི་ར་ཧཱུཾ་ཞེས་བྱ་བ་འདི་བརྗོད་ལ་ཡིད་ཀྱིས་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ་དཀྱིལ་འཁོར་གྱི་ཉེ་འཁོར་དུ་གཞུག་པར་བྱའོ། །ཞེས་གསུངས་ཤིང་དཱ་རི་ཀ་པས་ཀྱང་ལྷ་དང་ཐ་དད་མེད་པར་བྱ་བར་གསུངས་པའི་དོན་ནི། དཀྱིལ་འཁོར་གྱི་ནང་དུ་བཅུག་པས་ལྷ་རྣམས་དང་ཕྱི་ནང་གི་ཁྱད་པར་མེད་པར་དེ་དག་དང་སྐལ་བ་མཉམ་པར་སོང་བར་ཡིད་ཀྱིས་སྒོམ་པའི་དོན་ཏེ་ནང་དུ་གཅུག་པའི་དོན་འདི་གསལ་ལོ། །སྐོར་བའི་སྔགས་ནི། དཔལ་མཆོག་ལས་གསུངས་ལ་དེའི་འགྲེལ་ཆེན་ལས་ཤར་ལ་སོགས་པའི་སྒོ་ནས་སྒོ་མ་རེ་རེའི་སྙིང་པོ་བརྗོད་ནས་སྒོ་དེ་དང་དེར་རང་ཉིད་སྒོ་མ་རྣམས་ཀྱིས་བཀུག་པར་བསམས་ཏེ་མཐར་ཤར་སྒོར་ཞུགས་ནས་སྔགས་འདི་བརྗོད་པར་གསུངས་པས་དང་པོ་ཤར་སྒོ་ནས་ཞུགས་པ་ཕྱིར་འཐོན་ནས་སྐོར་བ་བྱེད་པ་ཡིན་ལ་སྒོ་གཞན་ལ་ཡང་དེའི་རིགས་པ་སྦྱར་བས་ཆོག་པ་འདྲའོ། །དེ་ནས་ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་ཤར་སྒོར། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་མཱཾ། ༀ་སརྦ་བུདྡྷ་པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཱཾ། ཞེས་པ་དང་ལྷོར། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡཱ་ཨཱཏྨ་ནི་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ནུབ་ཏུ། ༀ་སརྦ་
ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། བྱང་དུ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎེ་ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨཱ་ཀུ་རུ་མཱཾ། ཞེས་བྱ་བའི་སྔགས་ལྔས་རིམ་པ་བཞིན་དུ་དཀྱིལ་འཁོར་ན་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་ལ་ཡང་ཤར་སྒོར། ༀ་གུ་རུ་ཙ་ར་ཎོ་པསྠཱ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། ༀ་སརྦ་སཏྭ་པ་རི་ཏྲཱ་ཎཱ་རྠཾ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། ཞེས་བྱ་བ་དོན་གོ་བ་སྔོན་དུ་འགྲོ་བས་འདོན་དུ་གཞུག་གོ །སྔགས་གཉིས་པ་དང་ལྔ་པ་མ་གཏོགས་པ་རྣམས་དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས་གསུངས་ལ་སློབ་དཔོན་འདིས་དང་པོ་གཙོ་བོ་དང་གཉིས་པ་རྣམ་སྣང་ལ་བྱེད་པས་དབུས་སུ་མི་བསྐྱོད་པའི་རིགས་བཞུགས་པའི་དབང་དུ་མཛད་དོ། །ཀླུ་བྱང་གིས་མི་བསྐྱོད་པར་བསམས་ནས་ཕྱག་དང་པོ་གཉིས་ལ་སོགས་པའི་ཕྱག་བཞི་ལས་མ་གསུངས་ལ་དབུས་ན་མི་བསྐྱོད་པ་བཞུགས་པས་དེའི་ལུགས་ལ་ཕྱོགས་ཀྱི་ཕྱག་ཕྲེང་བ་བཞིན་དུ་བྱ་དགོས་པར་མངོན་ནོ། །ལྭ་བ་པ་དང་ནག་པོ་སྤྱོད་པ་དང་ས་ར་ཧས་དང་པོར་ན་མ་ཏེ་ལ་སོགས་པ་ལུས་ངག་ཡིད་གསུམ་གྱི་ཕྱག་བྱས་ནས་དེ་ནས་ཕྱོགས་བཞིའི་ཕྱག་བྱེད་དེ་སྔ་མས་གཙོ་བོ་ལ་ཕྱག་བྱེད་པར་མངོན་ནོ། །དེ་དག་གིས་མཁའ་འགྲོ་མ་ལ་སོགས་པ་ཕྱོགས་སོ་སོའི་ལྷའི་མཚན་འདོན་པ་སྤོས་ནས་མཛད་ལ་རྒྱལ་བ་བཟང་པོས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་མི་བསྐྱོད་པ་ལ་སོགས་པ་བཞིས་འདོན་པ་སྤོས་ནས་ཕྱག་
བཞི་བྱེད་ཅིང་གཙོ་བོ་དེ་བཞི་ཀའི་རང་བཞིན་དུ་བྱས་ནས་མཁའ་འགྲོ་མ་ལ་སོགས་པ་བཞིས་བྱིན་གྱིས་བརླབ་པར་བཤད་དོ། །སྔགས་དེ་དག་གི་དོན་གོ་བ་སྔོན་དུ་བཏང་ནས་ཕྱག་བྱ་བར་གསུངས་པས་སྔགས་དོན་ནི། ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི་ཞེས་པ་བཞིས་ནི་བདག་ཉིད་དབུལ་བར་བགྱིའོ། །ཞེས་སྟོན་ལ་གང་གི་ཕྱིར་འབུལ་བ་ནི། སྔགས་དེའི་གོང་མ་བཞིས་སྟོན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང་མཆོད་ཅིང་དབང་བསྐུར་བ་དང་མཆོད་ཅིང་རབ་ཏུ་བསྐོར་བ་དང་མཆོད་པའི་ལས་ཏེ་དེ་དག་གི་ཕྱིར་དུའོ། །སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས་གཞི་མཐུན་ཏེ་གཞན་རྣམས་ལ་ཡང་དེ་ལྟར་རོ། །སྔགས་ཚན་ཐ་མ་བཞི་ནི། དེ་དག་ལ་བོས་ནས་བདག་ལ་བྱིན་གྱིས་རློབ་པ་དང་བག་ལ་དབང་བསྐུར་བ་དང་བདག་ལ་རབ་ཏུ་བསྐོར་བ་དང་བདག་ལ་མཆོད་པའི་ལས་མཛོད་ཅིག་ཅེས་པའི་དོན་ཏེ་སྔགས་གཉིས་པའི་དོན་ཡང་དེས་ཤེས་པར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞི་ན་རིགས་ལྔའམ་དེ་དག་གི་རིགས་ཅན་གྱི་ལྷ་གང་བཞུགས་སྐབས་དང་སྦྱར་ནས་བརྡ་སྤྲད་དོ། །དེའི་ཚེ་མི་བསྐྱོད་པ་ལ་སོགས་པ་བཞིར་སྒོམ་པར་ཀླུ་བྱང་དང་ཟུང་འཇུག་གསལ་བས་བཤད་དོ། །ཕྱག་འཚལ་ཚུལ་ནི། དེ་ཉིད་བསྡུས་པ་ལས། དང་པོ་ལ་རྡོ་རྗེ་ཐལ་མོ་བརྐྱངས་ཏེ་ལུས་ཐམས་ཅད་
ཀྱིས་དང་གཉིས་པ་ལ་རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ཏེ་དཔྲལ་བས་དང་གསུམ་པ་ལ་རྡོ་རྗེ་ཐལ་མོ་སྤྱི་བོར་སྦྱར་ཏེ་ཁས་དང་བཞི་པ་ལ་རྡོ་རྗེ་ཐལ་མོ་སྤྱི་བོ་ནས་ཕབ་སྟེ་སྙིང་ཁར་བཞག་ནས་སྤྱོ་བོས་ས་ལ་རེག་པའི་ཕྱག་བྱ་བར་བཤད་དོ། །ཕྱག་བཞིའི་སྐབས་སུ་རྡོར་སེམས་ནས་རྡོ་རྗེ་ལས་ཀྱི་བར་བཞི་སྙིང་ཁ་ལ་སོགས་པའི་གནས་བཞིར་ཞུགས་ནས་རྡོ་རྗེ་ལ་སོགས་པའི་མཚན་མ་བཞིའི་ཚུལ་གྱིས་གནས་པ་དང་དེ་རྣམས་ལ་ལྟ་བ་ཉིད་མཆོད་ཅིང་བསྙེན་བཀུར་བ་སོགས་བཞི་ཡིན་པར་ཀུན་སྙིང་གིས་བཤད་ལ། ཕྲེང་བ་ལས། ཁ་ཅིག་གིས་འདིའི་སྙིང་ཁར་སྙོམས་འཇུག་གི་བདེ་བ་ཆེན་པོ་དང༌། སྙིང་ཁ་ལ་སོགས་པར་དགོད་པ་གཞན་ཡང་བཤད་པ་ནི་སྐབས་འདིར་བསྒོམ་པར་མི་བྱ་སྟེ་དེ་ནི་ཆོ་ག་གཞན་ཡིན་ནོ། །ཞེས་སྙིང་ཁར་ལྷ་ཡབ་ཡུམ་སྙོམས་པར་ཞུགས་པ་སྒོམ་པ་དང་སྙིང་ཁ་ལ་སོགས་པའི་གནས་བཞིར་མཚན་མ་འགོད་པ་ལ་དགག་པ་མཛད་དོ། །སློབ་དཔོན་འདིའི་ལུགས་ཀྱིས་རིགས་སོ་སོ་ལ་གསོལ་བ་བཏབ་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་བ་དང་མཆོད་ཅིང་དབང་བསྐུར་བ་དང་མཆོད་ཅིང་ཆོས་འཁོར་བསྐོར་བ་དང་འཕྲིན་ལས་ཕུན་ཚོགས་ཀྱི་ནུས་པ་ཅན་དུ་དེ་དག་གིས་བྱིན་གྱིས་བརླབས་པའི་མོས་པ་བྱེད་པ་མིན་པ་ལྷ་བསྟིམ་པ་སོགས་མ་བཤད་ལ། རྒྱལ་བ་བཟང་པོས། སྙིང་ཁར་བཅོམ་ལྡན་ཞུགས་པ་རུ། །ཡིད་ཀྱིས་ཡོངས་སུ་བརྟག་པར་བྱ། །ཞེས་དང༌། རིན་ཆེན་འབྱུང་ལྡན་རྡོ་རྗེ་ཡིས། །དབང་བསྐུར་བར་ནི་རྣམ་བརྟག་བྱ། །ཞེས་དང༌། འོད་དཔག་
མེད་པའི་རང་བཞིན་གྱིས། །དེ་ནི་ནུས་པ་ལྷག་པར་བརྟག །ཅེས་དང༌། གསང་བའི་མཆོད་པ་ནུས་པ་རུ། །དོན་ཡོད་གྲུབ་པ་བསམ་པར་བྱ། །ཞེས་ཀྱང་གསུངས་པས་རིགས་སོ་སོའི་ལྷ་རེ་ཆད་ནས་ཐིམ་པ་བྱས་ཀྱང་མི་འགལ་ལོ། །བླ་མ་ལ་ཕྱག་བྱེད་པའི་སྔགས་དོན་ནི། བླ་མ་ལ་བསྙེན་བཀུར་བའི་ཕྱིར་དང་སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲལ་ཞིང་སྦྱར་བའི་ཕྱིར་དུ་བདག་ཉིད་འབུལ་བ་གཉིས་ཏེ་ཅུང་ཟད་ཙམ་མི་འདྲ་བ་མ་གཏོགས་པ་རྡོ་རྗེ་མཁའ་འགྲོའི་སོ་གཉིས་པ་ལས་གསུངས་སོ། །ཕྱག་བཞིའི་འོག་ཏུ་སྔགས་སྡོམ་འཛིན་པ་ས་ར་ཧ་དང་ནག་པོ་སྤྱོད་པ་དང་རྒྱལ་བ་བཟང་པོས་བཤད་ཅིང་སྔ་མ་གཉིས་ཀྱིས་སྡོམ་པ་སྟེར་བའི་ཚེ་སློབ་མའི་ལག་པ་ནས་བཟུངས་ཏེ་སྦྱིན་པར་བཤད་དོ། །ས་ར་ཧས་སྡོམ་པ་བསྒྲག་པ་ཙམ་མིན་པ་གཟུང་བའི་ཆོ་ག་མ་བཤད་པ་ནི་བསྒྲག་པའི་ཚིག་དེ་ཉིད་གཟུང་བའི་ཆོ་གར་བསྒྱུར་བས་ཆོག་པས་གོ་སླ་བ་ལ་དགོངས་སོ། །དཱ་རི་ཀ་པས་སློབ་མ་ལས་བུམ་གྱི་ཆུས་བཀྲུས་ནས་མིག་དར་བཅིངས་ཤིང་མེ་ཏོག་གི་ཕྲེང་བ་བཟུང་བའི་འོག་ཏུ་སྡོམ་པ་བླངས་ནས་གསོལ་བ་གདབ་པར་བཤད་དེ། སྟ་གོན་དང་དངོས་གཞིའི་སྐབས་གཉིས་ཀར་འཛིན་པའི་ལུགས་ཡིན་པས་དེ་ལྟར་བྱས་ན་དགོས་པ་ཆེའོ། །གཉིས་པ་ནི། དམ་ལ་འཇོག་པ་ནི། སློབ་མས་ཁས་ལེན་བྱེད་པ་མིན་ཡང་སློབ་དཔོན་གྱིས་འདི་ལྟར་བྱ་དགོས་སོ། །ཞེས་པ་ཡིན་ལ་དེ་ཡང་རང་གི་ཁས་བླངས་དང་འདྲ་བར་སྲུང་དགོས་པའི་ཕྱིར། དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་བྱེད་པའི་བསྲུང་སྡོམ་མི་ནུས་པ་ལ་འདི་མི་བྱེད་པར་གསུངས་སོ། །དམ་གཞག་བྱེད་པའི་གནས་ནི། དཀྱིལ་
འཁོར་གྱི་ཤར་ཕྱོགས་སུ་བྱེད་པར་ལྭ་བ་པ་ལ་སོགས་པས་བཤད་དོ། །དང་པོ་ཕན་ཡོན་བརྗོད་པའི་སྒོ་ནས་དམ་ལ་གཞག་པ་ནི། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེས་ན་ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་དོ། །འདིའི་དུས་སུ་ལག་པ་ནས་བཟུངས་ནས་བྱ་བར་ལྭ་བ་པ་དང་མི་ཐུབ་ཟླ་བས་བཤད་ལ་བོད་ཀྱི་བླ་མ་དག་མགོ་བོར་རྡོ་རྗེ་བཞག་ནས་བྱེད་དོ། །དཀྱིལ་འཁོར་དུ་ཞུགས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བོན་དུ་གྱུར་པས་ན་དེ་དག་གི་རིགས་སུ་ཞུགས་པའོ། །རྡོ་རྗེ་ཡེ་ཤེས་ནི། དུས་གསུམ་ཤེས་པའི་ལྷའི་ཡེ་ཤེས་འཆད་པར་འགྱུར་བ་ལྟར་ཕབ་པས་སྐྱེ་བ་སྟེ་དེ་བསྐྱེད་པར་བྱས་ཞེས་པའམ་བྱ་ཡིས་ཞེས་པའོ། །ཡེ་ཤེས་དེ་བསྐྱེད་པའི་ཕན་ཡོན་ནི། ཡེ་ཤེས་གང་གིས་ཞེས་སོགས་ཀྱིས་སྟོན་ཏེ་མཆོག་དང་ཐུན་མོང་འགྲུབ་པའོ། །དཀྱིལ་འཁོར་མཐོང་བ་ནི། ཆོ་ག་ཇི་ལྟ་བ་བཞིན་དུ་བཅུག་ནས་ལྷ་ངོ་བསྟན་པ་ཡིན་པས་དེ་མིན་པ་ནི་དཀྱིལ་འཁོར་མ་མཐོང་བའོ། །མནའ་ཆུ་བླུད་པ་ལ་སོགས་པས་དམ་ཚིག་ཅན་དུ་བྱས་ཤིང་མནའི་སྙིང་
པོ་བྱིན་པ་ལས་འདས་ན་དམ་ཚིག་ཉམས་པ་སྟེ་འདིར་ནད་ལ་སོགས་པ་དང་ཕྱི་མར་ངན་འགྲོར་འགྲོ་བའི་སྡུག་བསྔལ་འཐོབ་པ་ལ། ཤཱཀྱ་བཤེས་གཉེན་གྱིས་བཤད་དོ། །ཀུན་སྙིང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ནི། རིགས་ལྔ་དང་དེའི་རིགས་ནི་དེ་དག་སྐྱེད་པའི་ཡུམ་རྣམས་དང་རིགས་དེར་ཞུགས་པ་ལ་གཉིས་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འཇུག་པ་ནི། ཕྱི་འཇུག་དང་དེའི་དུས་སུ་མ་ཡ་ཧཱུཾ་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕབ་པ་ནི་གསང་བའི་འཇུག་པར་བཤད་དེ། ཡེ་ཤེས་ཕབ་པ་འདི་ནི། སྔགས་དེས་དཀྱིལ་འཁོར་གྱི་སྒོ་རྣམས་ནས་བཅུག་པའི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལ་བྱེད་ཀྱི་འོག་གི་ཡེ་ཤེས་ཕབ་པ་དང་མི་གཅིག་གོ །རྡོ་རྗེ་ཡེ་ཤེས་ནི། ས་དང་པོ་ལ་སོགས་པའི་རང་བཞིན་ཅན་གྱི་ཡེ་ཤེས་ཡིན་པ་ལ་དེ་བསྐྱེད་པ་སྟེ་མངོན་སུམ་དུ་བྱ་ཡིས་ཞེས་ཏེ་དེའི་ཁྱད་པར་ནི་ཡེ་ཤེས་གང་གིས་སོགས་སོ། །སྟོད་འགྲེལ་ལས། རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱས་ཞེས་བྱ་བ་ནི། འདས་མ་ཐག་ཏུ་ཞུགས་པ་གང་ཡིན་པ་དེ་ཞེས་བཤད་པས་ས་མ་ཡ་ཧཱུཾ་གིས་བཅུག་པའི་དུས་སུ་དེ་བཞིན་གཤེགས་པ་དེ་དག་གིས་བྱིན་གྱིས་བརླབས་པ་ལ་ནང་ཞུགས་ཀྱི་ཡེ་ཤེས་བབས་པར་ཀུན་སྙིང་བཞེད་དོ། །སྨྲ་བ་ནི། རྡོར་དབྱིངས་ཀྱི་དཀྱིལ་འཁོར་འདི་འདྲའོ་ཞེས་སྨྲ་བ་ལ་བཤད་པ་ནི་མཚོན་པ་ཙམ་སྟེ་སྔགས་ཀྱི་གསང་བ་ཐམས་ཅད་དོ། །དམ་ཚིག་ཉམས་པར་གྱུར་
ཏ་རེ་ཞེས་པ་ནི། དམ་ཚིག་ལས་འདའ་བར་མ་བྱེད་ཅིག་ཅེས་བསྒོ་བ་ལ་བཤད་དོ། །དེ་ལྟར་བརྗོད་དེ་མགོ་བོར་རྡོ་རྗེ་བཟུངས་ནས་དྲིལ་བུ་དཀྲོལ་ཞིང༌། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཞེས་བསྒྲག་གོ །འདི་ཡང་དེ་ཉིད་བསྡུས་པ་ལས། འདི་ནི་ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །ཞེས་གསུངས་པའི་རྗེས་སུ་འབྲངས་པའོ། །འདི་ལ་ཀུན་སྙིང་དང་ཤཱཀྱ་བཤེས་གཉེན་གཉིས་ཀྱིས་བཤད་པ་མི་སྣང་ཡང་གསང་བ་མི་བསྒྲག་པ་འདི་ནི། ཁྱོད་ཀྱིས་འདར་མི་རུང་བའི་དམ་ཚིག་ཡིན་གྱིས་ཞེས་པ་སྟེ་དེ་ཡང་མི་ཕྱེད་པས་ན་རྡོ་རྗེ་ཞེས་བྱའི་མགོ་བོར་བཞག་པའི་རྡོ་རྗེ་ལ་མི་བྱའོ། །གང་ལ་སྨྲས་པ་དང་ཅི་ཞིག་སྨྲས་པ་ནི་སྔར་ལྟར་རོ། །མགོ་བོའམ་ཀླང་པ་འགས་པ་ནི་ལུས་ལ་འབྱུང་བའི་ཉེས་དམིགས་སོ། །དེ་ནས་སྙིང་ཁར་རྡོ་རྗེ་བཟུངས་ཏེ། ༀ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བཀའ་བསྒོའོ། །ཚུལ་འདི་ཞེས་པ་དང་གང་ལ་སྨྲས་པ་དེ་ཉིད་བསྡུས་པའི་འགྲེལ་པ་གཉིས་སུ་གསལ་བར་མ་བཤད་ཀྱང་དམ་གཞག་དང་པོ་ལ་བཤད་པས་གོ་ནུས་པ་ལ་དགོངས་སོ། །སྐབས་འདིར་རྡོ་རྗེ་སེམས་དཔའ་སྙིང་ལ་ཞུགས་པར་གྱུར་ཅེས་བརྗོད་པའི་ཚིག་འདིས་སློབ་མ་ལ་སྔར་ཞུགས་ཟིན་པ་ཅིག་བསྟན་པས་དེ་སྐབས་གང་དུ་ཡིན་སྙམ་ན། ཀུན་སྙིང་གིས་བཤད་པ་ནི་ཡོ་
ག་བའི་སྒོས་ཀྱི་ཞུགས་ཚུལ་དུ་སྣང་བས་འདིར་དེས་མི་ཕན་ལ། ཤཱཀྱ་བཤེས་གཉེན་གྱིས་ནི། སྔར་གནང་བ་ནོད་པའི་ཚེ་སློབ་དཔོན་དང་ཕྱག་བཞིའི་ཚེ་སློབ་མས་གསོལ་བ་བཏབ་པ་དང་བཅོམ་ལྡན་འདས་ཀྱི་བཀས་ཀྱང་དེའི་ཚེ་སློབ་མ་ལ་རྡོ་རྗེ་སེམས་དཔའ་སྙིང་ལ་གནས་པར་བཤད་པ་དེ་ལ་འཆད་པས་འདིར་ཡང་སྦྱར་རོ། །ༀ་ཞེས་པ་མ་གཏོགས་པ་ཚིགས་བཅད་དེ། དེ་ཉིད་བསྡུས་པ་ནས་བཤད་ལ་ལྭ་བ་པ་ལ་སོགས་པས། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །ཞེས་འཆད་པས་རྡོར་སེམས་ནི། སྐབས་དང་སྦྱར་ན་རྣམ་པ་གསལ་ལོ། །འདི་ནི། ལྷ་ཡེ་ཤེས་པ་ལུས་ལ་བཞུགས་པ་མི་བཞུགས་པར་འབྱོན་པའི་ཉེས་དམིགས་ཆེན་པོ་སྟེ་དེ་ཡང་དཀྱིལ་འཁོར་དུ་ཞུགས་ཤིང་ལྷ་ངོ་བསྟན་པ་ལ་སོགས་པའི་སྒོ་ནས་དཀྱིལ་འཁོར་མཐོང་བ་མ་ཡིན་པ་ལ་གསང་བ་བསྟན་པའི་ཉེས་དམིགས་སུ་དཀྱིལ་ཆོག་ཐམས་ཅད་ཀྱིས་བཤད་པས་ན། དཀྱིལ་འཁོར་དུ་གཞུག་པའི་སྐོར་དང་སློབ་མའི་དབང་མ་བྱས་པ་ལ་བྱིན་རླབས་ཀྱི་ཆོ་ག་ཕྲ་མོ་རེ་དང་དབང་གཞན་རྣམས་བསྐུར་ནས་གསང་བ་སྟོན་པ་ནི་མ་དག་པ་ཆེན་པོའོ། །ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་གཞག་པ་ནི། དེ་ནས་རྣམ་རྒྱལ་གྱི་བུམ་པའི་སྟེང་ན་གནས་པའི་ཆུ་མིང་མེད་དང་མཐེ་བོང་གིས་བཟུངས་པའི་སྣོད་ཀྱི་ཁས་སློབ་མའི་ཁར་བླུགས་ཤིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་
གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ༀ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿ ཞེས་བརྗོད་ཅིང་མནའི་ཆུ་འཐུང་དུ་གཞུག་སྟེ་དེ་གཉིས་ཀ་རྒྱུད་རྡོར་ཕྲེང་ནས་ཅུང་མི་འདྲ་ཙམ་ཞིག་འབྱུང་ངོ༌། །དོན་ཡོད་ཞབས་ཀྱིས་ལག་ཏུ་ཆུ་ལྡུགས་པར་བཤད་ལ་ཋཿ གསུམ་དང་གཅིག་བྱས་པ་ཅི་རིགས་སུ་ཡོད་དོ། །ཚར་གཅོད་པས་ན་རྡོ་རྗེ་དང་ཕན་འདོགས་པས་བདུད་རྩིའི་ཆུའོ། །འདི་དེ་ཉིད་བསྡུས་པ་དང་རྩེ་མོ་དང་ཀླུ་བྱང་ལ་སོགས་པས་མནའ་ཆུར་བཤད་པས་མནའ་བསྒགས་ནས་སྔགས་ཀྱི་དམ་ཚིག་རྣམས་སྲུང་དུ་འཇུག་པ་སྟེ་རྩེ་མོ་ལས། རྡོ་རྗེ་སེམས་དཔའི་མནའ་ཡི་ནི། །སྙིང་པོ་འདི་ཡིས་མནའ་བསྒག་གོ 226།ཞེས་གསུངས་པའི་ཕྱིར་རོ། །དེས་ན་སྔགས་པས་འདི་ལྟར་བྱས་པ་དྲན་པར་བྱས་ནས་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་འབད་པ་ཆེར་བྱོས་ཤིག །དེ་ནས་བླ་མའི་བཀའ་ཉན་བའི་སྒོ་ནས་དམ་ལ་གཞག་པ་ནི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ་ཁྱོད་ཡང་བ་མ་སྤངས་པར་ཤི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ། ཞེས་བརྗོད་དེ། དེ་ཉིད་བསྡུས་པ་ལས་གསུངས་སོ། །འདི་བརྗོད་པའི་ཚེ་ལག་པ་ནས་བཟུངས་ཏེ་བྱ་བར་ཀླུ་བྱང་གིས་བཤད་དོ། །དེ་ཉིད་བསྡུས་པར་མི་བདེ་བ་མ་སྤངས་པར་ཞེས་འབྱུང་ལ་དེའི་སྐབས་གཞན་དུ་དེ་ཉིད་སྣང་བ་ལས་གནོད་པའམ་མི་བདེ་བ་ནི། རྒྱལ་བའི་བཀའ་ལས་འདས་པ་ལ་བཤད་ཀྱང་སྐབས་འདིར་བླ་མ་ལ་
བརྙས་པར་མ་བྱེད་ཅིག་ཅེས་བསྒོས་པ་ལས་འདས་པའོ། །དེ་མ་སྤངས་པས་ལོ་བརྒྱ་ཐུབ་པ་ཡང་ཚེ་མ་རྫོགས་པར་དུས་དེ་ཉིད་དམ་གཞན་དུ་མྱུར་བར་དུས་བྱས་ནས་དམྱལ་བར་ལྟུང་ངོ་ཞེས་བཤད་པ་ལྟར་རོ། །དེས་ན་ཡ་ང་བ་མ་སྤངས་པས་ཞེས་འབྱུང་བ་དག་པ་ཡིན་ནོ། །འདི་མར་མེ་མཛད་ཀྱིས་དམ་བཅའ་བརྟན་པར་བྱ་བ་ལ་བཤད་ལ་དེའི་དོན་མི་ཐུབ་ཟླ་བས། དད་པ་ཉེ་བར་གནས་པ་ལ། །ཅི་སྟེ་འདི་ནི་མི་བརྟན་པར། །དོགས་ཕྱིར་བླ་མས་བརྟག་པར་བྱ། །ཞེས་གསུངས་པས་དམ་གཞག་སྔ་མ་རྣམས་ཀྱིས་དམ་ལ་བཞག་པ་དེ་མ་བརྟན་གྱིས་དོགས་ནས་བཀའ་ཉན་པའི་དམ་གཞག་འདི་མཛད་དོ། །དེ་ལྟར་ན་མནའ་ཆུ་བླུད་པའི་དམ་གཞག་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱིའི་དམ་གཞག་ཡིན་ལ་ལྷག་མ་ནི་ཁྱད་པར་བའི་དམ་གཞག་གོ །དེ་ཡང་སྣོད་མིན་ལ་གསང་བ་སྒྲོག་པ་དང་བླ་མ་ལ་བརྙས་ཤིང་བཀའ་ལས་འདས་པ་དངོས་གྲུབ་འཕྲོག་པའི་ཉེས་དམིགས་ཆེ་བར་དགོངས་ནས་རྩ་ལྟུང་དང་པོ་དང་བདུན་པ་སྲུང་བ་ལ་ཁྱད་པར་བའི་དམ་གཞག་ནན་ཆེར་མཛད་དོ། །གསུམ་པ་ནི། ཕྲེང་བར་སྐབས་གཞན་དང་འདིར་ཡེ་ཤེས་འབེབས་པའི་ཆོ་ག་གཉིས་ཐུན་མོང་དུ་བཤད་དེ་ཕབ་པའི་དགོས་པ་ནི། དངོས་གྲུབ་སྒྲུབ་པའི་དུས་ལས་སྔོན་དུ་སྒྲུབ་པ་བྱས་པས་དངོས་གྲུབ་གང་འགྲུབ་ལ་སོགས་པ་ཤེས་པའི་དོན་དུའོ། །འབེབས་པའི་ཡུལ་ནི། སློབ་མ་དང་སྣོད་ལ་དབབ་པར་གསུངས་པའི་སྣོད་ནི།
ཁྱེའུ་དང་བུ་མོ་ལོ་བཅུ་གཉིས་པ་ཡན་ལག་དང་ཉིང་ལག་རྣམས་ཚང་བ་གྲོང་བའི་ཆོས་ཀྱིས་མ་གོས་པ་ལ་དབབ་བར་རྒྱུད་ཁ་ཅིག་ལས་གསུངས་ཀྱང༌། བླ་མ་དུས་རྒྱུན་དུ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ཅིང་བསོད་ནམས་བསགས་པ་སྐད་ཅིག་གིས་བརྟན་པར་སྒོམ་ནུས་པས་ཡན་ལག་མ་ཚང་བ་དང་རྒན་པ་དང་གྲོང་བའི་ཆོས་ཀྱིས་གོས་པ་ལ་ཡང་དབབ་པར་རྒྱུད་གཞན་རྣམས་སུ་མང་དུ་གསུངས་སོ། །དབབ་པའི་ཡུལ་ལ་ལྷག་གནས་བྱས་པ་དགོས་པར་གསུངས་པ་ནི་གཉིས་ཀ་ལ་འདྲའོ། །འབེབས་པ་པོ་ནི། དང་པོར་རི་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྔོན་དུ་བསྙེན་པ་བྱས་ཤེས་སེམས་བརྟན་པ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཤིན་ཏུ་བརྟན་པར་དམིགས་ནས་དབབ་པའི་ནུས་པ་ཐོབ་པས་བྱ་བར་གསུངས་ཤིང་མི་ནུས་པས་ནི། འབེབས་པའི་ཆོ་ག་མ་བྱས་པར་དམ་ཚིག་གི་ཆུ་བྱིན་པའི་མཇུག་ཏུ་སྣང་བ་དྲི་བ་སོགས་ཐམས་ཅད་བྱའོ་ཞེས་ཁ་ཅིག་འདོད་པའི་ལུགས་ཀྱང་བཀོད་དོ། །ཟུང་འཇུག་གསལ་བ་ལས་ཀྱང་གལ་ཏེ་སློབ་དཔོན་གྱིས་འབེབས་པའི་ཆོ་གའི་ནུས་པ་ཐོབ་ན་ཀླུ་བྱང་གི་ཆོ་གས་དབབ་སྟེ་ངེས་ན་འདིར་མ་སྨྲས་སོ། །ཞེས་རང་གི་དཀྱིལ་ཆོག་ཏུ་ཡེ་ཤེས་འབེབས་པ་མ་བཤད་དེ་བི་བྷཱུ་ཏཱིས་ཀྱང་མ་བཤད་དོ། །དབབ་པའི་ཆོ་ག་ལ་གཉིས་ལས་གསང་བ་འདུས་པའི་རྗེས་སུ་འབྲངས་ནས་དབབ་པ་ནི། སློབ་མ་མདུན་དུ་བྱས་ལ་སྐད་ཅིག་གིས་སྟོང་པ་ཉིད་དུ་བསམས་པའི་རྗེས་སུ་ཨཱཿ ལས་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་བསྐྱེད་ནས་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་དེ་ཉིད་བསྡུས་པ་ལས་གསུངས་པ་འདིས་གསོལ་བ་འདེབས་སུ་གཞུག་གོ །དེའི་སྙིང་ཁར་ལཾ་ལས་སྐྱེས་པའི་ས་དཀྱིལ་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པར་ཉི་མ་ལ་ཧཱུཾ་སྔོན་པོ་བསྒོམ་མོ། །ལྭ་བ་པས་གྲྭ་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པར་མཛད་དོ། །མགོ་བོར་བཾ་ལས་བྱུང་བའི་ཆུ་དཀྱིལ་དཀར་ཞིང་ཟླུམ་པ་བུམ་པས་མཚན་པར་ཟླ་བ་ལ་ཧཿ དཀར་པོ་དང༌། མགྲིན་པར་ཡཾ་ལས་རླུང་དཀྱིལ། སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿ དམར་པོ་བསྒོམ་མོ། །དེ་ནས་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཐུགས་སྐུ་གསུང་གི་རྡོ་རྗེ་རྣམས་སྤྱན་དྲངས་པ་ཡི་གེ་གསུམ་ལ་རིམ་པ་བཞིན་དུ་བསྟིམ་ལ། རྐང་པའི་འོག་ནས་རླུང་དཀྱིལ་གྱིས་སྦར་བའི་རཾ་ལས་མེ་དཀྱིལ་དམར་པོ་གྲུ་གསུམ་པ་རས་མཚན་པའི་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻཿ དམར་པོས་སློབ་མ་འདེགས་ཤིང་ཛྷཻཿ འི་འོད་ཀྱི་ཚོགས་རྐང་པའི་བུ་ག་ནས་ཞུགས་པ་དང་ཧཱུཾ་ལ་སོགས་པའི་འོད་ཀྱིས་ལུས་མཐའ་དག་ཀུན་ནས་བཀང་བར་བསྒོམ་པར་བཤད་པས། རྐང་འོག་ཏུ་རླུང་སྔ་མ་ལྟ་བུ་དང་དེའི་སྟེང་དུ་མེ་དང་དེའི་སྟེང་དུ་རྐང་མཐིལ་གཉིས་སུ་ཛྷཻཿ བསྒོམ་པར་བྱའོ། །དེ་ནས་སྤོས་ཕོར་འདེགས་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུཾ་ཧཿ
ཨཱཿ ཛྷཻཿ ཞེས་པའི་སྔགས་རྣམ་པ་བརྒྱར་གདོན་ཞིང་བསམ་གཏན་ལ་གཞོལ་བས་དབབ་པར་བྱའོ། །བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་སྙིང་ཁར་ས་མགྲིན་པར་ཆུ་སྤྱི་བོར་རླུང་དང་རྐང་འོག་ཏུ་སྔར་ལྟར་སྒོམ་པར་བཤད་ལ། ལྭ་བ་པས་ལྟེ་བར་མེ་སྙིང་ཁར་ས་སྤྱི་བོར་ཆུ་དང་རྐང་འོག་ཏུ་རླུང་དང་ཛྷཻཿ དྲག་པོ་མེ་འབར་བ་སྒོམ་ཞིང་ཛྷཻཿ འི་མེ་རླུང་གིས་ལྟེ་བའི་བར་དུ་བུས་པས་དེ་དང་ཕྲད་ནས་འབར་བས་ས་བསྲེགས་ཤིང་ཆུ་བསྐོལ་བས་བདུད་རྩི་འཛགས་པས་ཚིམ་ཞིང་རླུང་གིས་བཏེག་པར་བསམས་ནས་དབབ་པར་བཤད་དོ། །ཡང་ན་འབུམ་པ་མངོན་པར་བརྗོད་པའི་རྒྱུད་དུ་གསུངས་པའི་ཆོ་གས་དབབ་སྟེ། བླ་མ་བདེ་མཆོག་གི་གཟུགས་ཅན་གཡས་བརྐྱངས་སུ་གནས་པས་སློབ་མ་ཡང་དེ་ལྟར་གནས་ཤིང་སྙིང་ཁར་ཐལ་མོ་སྦྱར་བ་ལ་ལག་པ་གཡོན་གྱིས་དྲིལ་བུ་དཀྲོལ་གཡས་པས་བདུག་པས་བདུགས་ལ་སྔགས་བརྗིད་བག་དང་བཅས་པར་བརྗོད་དེ་དབབ་བོ། །སྔགས་ནི། ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱ་ཧཱ་ཞེས་པ་སྟེ་འདིས་དཔའ་བོ་བསྐུལ་བར་བྱའོ། །བདུག་པའི་རྫས་ནི། བུད་མེད་ཀྱི་འདོམས་དཀྲིས་ཟླ་མཚན་གྱིས་གོས་པ་གཏུབས་པ་ལ་ཤ་ལྔ་དང་བདུད་རྩི་ལྔ་དང་བྱཻ་ལའི་བྲུན་གྱིས་བྱུག་ཅིང་གུ་གུལ་དང་བསྲེས་པ་སྟེ། ཐོད་ཕོར་དུ་བཞག་པའི་རོ་སོལ་གྱི་མེ་ལ་བྲེགས་ནས་བདུག་པར་དྲིལ་བུ་པས་གསུངས་སོ། །འདི་རྫས་ལ་བརྟེན་ནས་ཀྱང་དབབ་པའི་ཐབས་སོ། །ས་ར་ཧས་མ་ཕེབས་
པའི་སྤོགས་ཆོག་ལ་སྙིང་ཁར་སངས་རྒྱས་ཐོད་པ་ཡབ་ཡུམ་ཡུངས་ཀར་ཙམ་ཞིག་བསྒོམས་ལ་དེའི་མཁའ་གསང་བསྐྱོད་པས་འོད་ཟེར་དམར་པོས་ལུས་ཀུན་གང་བར་བསམས་ལ་སྔགས་བཏོན་ནས་དབབ་པར་བཤད་དེ་ཐོད་པ་ཡབ་ཡུམ་ནི་མཚོན་པ་ཙམ་མོ། །གལ་ཏེ་ཕེབས་པ་རིང་དུ་འཕར་ན་དེའི་ཚེ་དེའི་སྟེང་དུ་རི་རབ་རྡོ་རྗེའི་རང་བཞིན་དེའི་སྟེང་དུ་དབང་ཆེན་ཀྱི་དཀྱིལ་འཁོར་དེའི་སྟེང་དུ་རྡོ་རྗེ་སེར་པོ་རྩེ་ལྔ་པ་དེའི་སྟེང་དུ་ཡི་གེ་ཨཱཿ དེའི་སྟེང་དུ་རྣམ་སྣང་བསྒོམས་ལ་ཞི་བར་བྱའོ། །དེ་ལྟར་ཕེབས་པ་ན་སློབ་མའི་ཧཱུཾ་གི་འོད་ཀྱིས་ཨཱཿ བསྐུལ་ཞིང་ལྕེའམ་ཟླ་བ་ལ་གནས་པའི་ཨཱཿ དམར་པོའི་འོད་ཟེར་གྱི་ཕྲེང་བ་འཁྲིགས་པ་བསྒོམས་ནས་རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པས་རང་ངམ་གཞན་ལ་དགེ་མི་དགེ་གང་ཡིན་བདེན་པར་སྨྲའོ། །བྲུ་ཧེ་བཛྲི་ཞེས་པ་དང་དོན་གཅིག་གོ །དེ་ནས་སློབ་མ་ལ་ཞུགས་པའི་ལྷ་རང་གི་སྙིང་ཁའི་ས་བོན་གྱི་འོད་ཀྱིས་བཀུག་ནས་རང་གི་སྙིང་ཁའི་ས་བོན་ལ་བསྟིམ་ཞིང༌། སློབ་མའི་མགོ་བོར་རྡོ་རྗེ་བཟུངས་ལ། ༀ་ཁྱེད་ཀྱིས་ཞེས་སོགས་སྔོན་དུ་འགྲོ་བའི་ཧཱུཾ་ཧཿ ཨཱཿ ཛྷཻཿ མུཿ ཞེས་པས་གཤེགས་སུ་གསོལ་ལོ། །ཞེས་སྐབས་འདིར་གསུངས་པ་རང་ལུགས་ཡིན་ལ་མེ་ཏོག་དོར་བའི་འོག་ཏུ་ཕེབས་པར་གྱུར་ན་དགེ་བ་ལ་སོགས་པ་སྨྲས་པའི་རྗེས་ལ། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱས་ནས་མིག་གི་སྣང་བ་དྲི་བ་ནས་བརྩམས་ཏེ་མགོར་བཅིང་བའི་བར་བྱས་ནས་དབབ་པའི་ལྷ་གཤེགས་
སུ་གསོལ་བར་བྱའོ་ཞེས་གསུངས་པ་ནི་གཞན་གྱི་བཞེད་པ་བཀོད་པའོ། །འདི་དང་རཏྣ་རཀྵི་ཏས་གཤེགས་གསོལ་བྱེད་ལ་དཀྱིལ་ཆོག་གཞན་རྣམས་ནས་བརྟན་བཞུགས་ཁོ་ན་མཛད་ཅིང་ཕེབས་པ་ལ་འདྲི་བ་ན་འོད་དཔག་མེད་དམ་དེའི་རིགས་ཀྱི་ལྷར་བྱས་ནས་འདྲི་བར་བཤད་དོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ལ་དཀར་པོ་སོགས་སུ་སྣང་ཟེར་ན་ཞི་སོགས་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་གོ་བར་བྱའོ། །དེ་ནས་སློབ་མའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུངས་ཏེ་རྡོ་རྗེའི་རྐང་སྟབས་ཀྱིས་གར་གྱི་ཚུལ་གྱིས་འཁྱིལ་པ་བརྗོད་ཅིང་བསྐོར་བ་གསུམ་བྱེད་དུ་བཅུག་ལ་བདེན་པའི་བྱིན་བརླབ་འདི་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་བཅུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཇི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །དེ་འདྲ་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་པ་སྟེ་སྤྱི་རྒྱུད་ནས་བཏུས་པའོ། །དེ་དག་གི་དོན་ནི་བདག་གིས་སློབ་མ་འདི་རྣམས་ལྷ་ལ་མེ་ཏོག་དོར་བའི་ཕྱིར་དུ་དཀྱིལ་འཁོར་དུ་འཇུག་ལགས་ན་ལྷ་རྣམས་གང་གི་རིགས་ཡིན་པའི་རིམ་པ་དེ་ནི། འདི་དག་གི་བསོད་ནམས་ཀྱི་མཐུ་ཅི་ཡོད་པ་དེ་ལས་དཀྱིལ་འཁོར་དུ་འབབ་པར་གྱུར་ཅིག་ཅེས་སྤྱིར་བདེན་རྗོད་བྱེད་པའོ། །དེ་ནས་ཁྱད་པར་དུ་བདེན་རྗོད་བྱེད་པ་ནི།
འདིའི་དངོས་གྲུབ་ཅེས་སོགས་སོ། །སྤྱི་རྒྱུད་ལས། འདིས་ནི་དངོས་གྲུབ་གང་འགྲུབ་དང༌། །ཞེས་འབྱུང་བ་བདེ་བས་དངོས་གྲུབ་རབ་འབྲིང་ཐ་གསུམ་གང་འགྲུབ་པ་དེ་དཀྱིལ་འཁོར་འདིར་དེ་འདྲར་གྱུར་ཅིག་ཅེས་པའོ། །རིགས་ནི་ཞེས་པས་ནི། ལྷ་རྣམས་ཀྱི་ཞེས་པ་གསལ་དུ་བཏང་བའོ། །བསོད་ནམས་མཐུ་ཡང་ཇི་འདྲ་བ། །ཞེས་པ་ནི། དངོས་གྲུབ་དེ་འགྲུབ་པའི་ཡུན་རིང་ཐུང་དང་སྐལ་བ་ཡོད་མེད་རྣམས་མེ་ཏོག་དོར་བ་ལས་སྟོན་ཅིག་ཅེས་པའོ། །གཉིས་པ་ནི། དེ་ནས་སྔར་བཟུངས་པའི་མེ་ཏོག་གི་ཕྲེང་བ་ཏྲཱཾ་གྱིས་བསྔགས་པ་ལས་ཡང་ཞིང་མ་རྙིངས་པའི་མེ་ཏོག་གཅིག་པ་ཏོན་ལ་སློབ་མ་དེའི་ཐལ་མོ་སྦྱར་བའི་བར་དུ་སྦྱིན་ཏེ་མེ་ཏོག་ཕྲེང་བ་ཧྲིལ་པོ་མི་འདོར་གྱི་དེའི་གསེབ་ཀྱི་གཅིག་འདོར་བའོ། །དེས་དེའི་ཚེ་མེ་ཏོག་དེ་ཕྲེང་བར་མོས་ཏེ་ཞེས་པ་ནི་མེ་ཏོག་གི་ཕྲེང་བ་འབུལ་བ་ནི་ལྷའི་དབུ་ལ་འཆིང་བར་བསམས་ནས་འབུལ་ལ་འདིར་ཡང་ལྷའི་དབུ་ལ་འབུལ་བའི་དབང་དུ་བྱས་པའོ། །རང་ཡང་འབྲུ་གསུམ་གྱི་འོད་ཀྱིས་གསལ་བར་བྱས་ཤིང་སྡིག་པ་བཀྲུས་པར་མོས་ནས་བླ་མས་དེ་ལྟར་བྱིན་གྱིས་བརླབས་ལ་གུས་པ་སྔོན་དུ་འགྲོ་བས་འཁོར་དང་བཅས་པའི་དཀྱིལ་འཁོར་དབང་ཕྱུག་གི་མདུན་ན་གནས་པ་བཞིན་དུ་དམིགས་ལ། དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་དེའི་དབུ་ལ། ༀ་ཏིཥྛ་བཛྲ་དྲི་ཌྷོ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ། ཨཱཿ ཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་ཀུ་སུ་མ་ཨཉྩ་
ལི་ནཱ་ཐ་ཧོཿ ཞེས་བརྗོད་ཅིང་མེ་ཏོག་དོར་བར་བྱའོ། །ཧཱུཾ་ཞེས་པ་ཡན་ཆད་ཀྱི་སྔགས་ནི། དེ་ཉིད་བསྡུས་པ་ནས་གསུངས་ལ་དེར་མེ་ཏོག་དོར་བའི་སྔགས་ལ་པྲ་ཏཱིཙྪ་བཛྲ་ཧོཿ ཞེས་གསུངས་སོ། །འོན་ཀྱང་སྔ་མས་འདོར་བ་ནི། ཀླུ་བྱང་གི་ལུགས་ཏེ་དེས་ཧ་བཞི་དང་ཧོ་དང་ༀ་ཡང་གསུངས་སོ། །ཏྲཱ་གྱིས་བསྔགས་པར་ལྭ་བ་པ་དང་ཉིན་མོ་འབྱུང་གནས་ཀྱིས་ཀྱང་བཤད་དོ། །དོན་ཡོད་ཞབས་ནི། ལན་གསུམ་འདོར་བར་བཞེད་དོ། །རྣམ་སྣང་མངོན་བྱང་གི་འགྲེལ་པ་ལས་སྔར་དབང་བསྐུར་བ་ཐོབ་པས་ནི། རང་གི་ལྷ་གང་ཡིན་པ་ལ་མེ་ཏོག་འཇོག་པར་བཤད་དོ། །རེ་ཁ་ལྔའི་ནང་དུ་མེ་ཏོག་ལྷུང་བ་དང་བསྟུན་ནས་འདི་ལ་རིགས་བརྟག་པར་བྱའོ། །ལྷ་དེའི་རྣལ་འབྱོར་ཡང་སྦྱིན་ལ་དངོས་གྲུབ་ཀྱང་མཚོན་པར་བྱའོ། །དཀྱིལ་འཁོར་ན་ལྷའི་སྐུ་ཡོད་ན་ལྷའི་མཛོད་སྤུ་འམ་དབུ་འམ་གཙུག་ཏོར་ལ་ལྷུང་ན་ཕྱག་ཆེན་དང་སྤྱན་ནམ་ཞལ་ལ་ནི། སྔགས་ཀྱི་དངོས་གྲུབ་འགྲུབ་བོ། །ལུས་ཀྱི་སྟོད་དང་བར་དང་སྨད་ལ་དངོས་གྲུབ་མཆོག་འབྲིང་དམན་པའོ། །ལྭ་བ་པས་བྱང་ཆུབ་དང་དབང་ཕྱུག་དང་ནོར་ལ་བཤད་དོ། །སྐུ་ལས་ཧ་ཅང་རིང་ན་ཡུན་རིང་པོས་འགྲུབ་ལ་ཉེ་ན་དངོས་གྲུབ་མྱུར་རོ། །ལྷའི་གནས་ནི། རང་གི་རེའུ་མིག་ལ་སོགས་པས་བར་བཅད་པ་ལས་ཤེས་པར་བྱའོ། །ལྷ་གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་ཏེ་སྤྱི་རྒྱུད་ཀྱི་དགོངས་པའོ། །མཉམ་ན་གཉིས་ཀའི་དངོས་གྲུབ་འགྲུབ་ལ་གང་ལ་དད་པ་དེའི་རིགས་སོ། །རྩིག་པའི་ཕྱི་ངོས་སུ་ལྷུང་ན་ལན་གསུམ་དུ་དོར་བར་
བྱའོ། །དེ་ལ་ཡང་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །འདི་ལྭ་བ་པས་མི་གཟུང་བར་བཤད་དོ། །ཕྱི་རོལ་གྱི་ར་ཁ་ཟླུམ་པོ་རྣམས་དང་ཕྱིའི་རྡོ་རྗེ་ར་བའི་ཕྱི་རོལ་ཏུ་ལྷུང་ན་ནི་དངོས་གྲུབ་མེད་དོ། །དཀྱིལ་འཁོར་ཡང་མི་བསྟན་ཏོ། །སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་གཞུག་གོ །སྤྱི་རྒྱུད་ནས་ཞི་བའི་སྦྱིན་སྲེག་བྱས་ནས་དེ་ནས་གཞུག་པར་བཤད་ལ་རྩིག་པ་ལ་མེ་ཏོག་ལྷུང་བ་ལ་ཡང་དེ་ལྟར་བཤད་ཅིང་གཙོ་བོ་ལ་འཕོག་ན་མྱུར་དུ་འགྲུབ་པར་གསུངས་སོ། །ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚེགས་ཆེན་པོས་སོ། །དེ་ནས་མེ་ཏོག་དེ་བཟུངས་ནས་ཕྲེང་བ་ལ་བཅིངས་ཏེ། ༀ་པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལཱ་ཞེས་བརྗོད་ཅིང་སློབ་མའི་མགོར་བཅིང་ངོ༌། །མགོ་ལ་འཆིང་བར་རྒྱུད་དང་དཀྱིལ་ཆོག་དུ་མ་ཞིག་གིས་བཤད་པས་ཕྲེང་བ་དེ་སློབ་མའི་མགོར་བཞག་པ་ཙམ་གྱིས་མི་ཆོག་གོ །སྔགས་ཀྱི་དོན་ནི། སེམས་དཔའ་སྟོབས་པོ་ཆེ་འདི་ཟུངས་ཤིག་ཅེས་པའི་དོན་ཡིན་ཏེ་སྡོམ་འབྱུང་གི་འགྲེལ་པ་ལས། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་མཛད། །ཅེས་མགོ་ལ་ཕྲེང་བ་བཅིངས་ནས་འདི་བརྗོད་པར་བཤད་པ་ལྟར་རོ། །དེས་ན་སེམས་དཔའ་སྟོབས་པོ་ཆེ་ཞེས་པ་ནི། མེ་ཏོག་གང་ལ་འཕོག་པའི་ལྷ་ལ་བོས་ནས་སློབ་མ་འདི་ཟུངས་ཤིག་ཅེས་པའི་དོན་ཡིན་ཏེ་དེ་ཉིད་བསྡུས་པ་ལས། དེ་བཅིངས་པས་སེམས་དཔའ་
ཆེན་པོ་དེས་བདག་གིར་བྱས་པར་འགྱུར་པས་འདི་མྱུར་དུ་འགྲུབ་པར་འགྱུར་རོ། །ཞེས་གསུངས་ཤིང་ཀོ་ས་ལའི་རྒྱན་ལས་ཀྱང༌། མ་ཧཱ་བཱ་ལཱ་ཞེས་བྱ་བ་ནི། ལྷ་ལ་རྗེ་སར་བོད་པའོ། །འདི་ནི་ཕྲེང་བའི་དབང་བསྐུར་བ་སྟེ་དང་པོའོ། །སེམས་དཔའ་ཆེན་པོ་དེས་བདག་གིར་བྱས་པར་གྱུར་པ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ཡོངས་སུ་གཟུང་བར་འགྱུར་རོ། །ཞེས་དང༌། སྟོད་འགྲེལ་ལས་ཀྱང༌། དེ་ནས་མེ་ཏོག་གི་ཕྲེང་བ་དེ་དོར་ཞིང་ཞེས་བྱ་བ་ནི། ཕྲེང་བ་ཕུལ་བས་ལྷ་རྣམས་ཀྱིས་ཡོངས་སུ་གཟུང་བར་གྱུར་ན་འདིའི་དངོས་གྲུབ་རབ་འབྲིང་ཐ་མ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་ཏེ་ཡོངས་སུ་གཟུང་བ་དེ་ཉིད་གསུངས་པ་ནི། ༀ་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བཱ་ལཱ་ཞེས་བྱ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདི་སློབ་དཔོན་གྱིས་བདེན་སྟོབས་བརྗོད་དམད་པ་དོར་ཞིང་སློབ་མས་ཀྱང་སྔར་བཤད་པ་ལྟར་གྱི་དམིགས་པ་དང་སྔགས་བརྗོད་ནས་རང་དང་འབྲེལ་གང་ལ་ཡོད་པའི་ལྷ་ལ་འབབ་པར་ཤོག་ཅིག་སྙམ་ནས་བསམ་པ་ཐག་པ་ནས་དད་པས་མེ་ཏོག་དོར་བ་ཡིན་ལ་དེ་ནས་མེ་ཏོག་དེ་སློབ་དཔོན་གྱིས་སློབ་མའི་མགོར་བཅིངས་ནས་ཁྱེད་རང་གི་རིགས་ཅན་གྱི་སློབ་མ་འདི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་ཟུངས་ཤིག་ཅེས་རང་གི་ལྷག་པའི་ལྷ་ལ་སློབ་མ་གཏོད་པ་ཡིན་ཞིང་དེ་ཉིད་ལ་མེ་ཏོག་ཕྲེང་བའི་དབང་བསྐུར་བ་ཟེར་བ་ཡིན་པས་བརྡ་དོན་འབྱོར་པོ་དགོས་སོ། །དེ་ལྟར་བྱས་པའི་དགོས་པ་ནི། དེ་ལ་བརྟེན་ནས་བསྒྲུབས་
ན་དངོས་གྲུབ་མྱུར་བ་དང་སྐྱེ་བ་ཐམས་ཅད་དུ་ཡི་དམ་དེས་རྗེས་སུ་འཛིན་པས་གནད་ཆེའོ། །དེས་ན་དཔལ་འཛིན་གྱི་དཀྱིལ་ཆོག་ཏུ་སེམས་ཅན་སྟོབས་པོ་ཆེ་འདི་ལོངས་ཤིག་ཅེས་བསྒྱུར་བ་ནི་འགྱུར་གྱིས་ལེགས་པར་མ་ཐོན་པའོ། །འདིར་དྲི་མེད་འོད་ལས་རྡུལ་ཚོན་ལ་མེ་ཏོག་དོར་ན་ཚོན་རྩི་ཉམས་པའི་སྡིག་ཏུ་འགྱུར་བས་རྣམ་རྒྱལ་གྱི་བུམ་པ་ལ་གནས་པའི་མཚན་མ་ལ་མེ་ཏོག་དོར་བར་བྱའོ། །ཞེས་གསུངས་པ་ནི། སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པས་དེ་ལྟར་མི་ཤེས་པའི་དབང་དུ་བྱས་པར་ཕྲེང་བ་ལས་གསུངས་སོ། །དེའི་རྗེས་སུ་སློབ་མའི་སྙིང་ཁར་ཟླ་བ་ལ་བདག་པོ་དང་དཔྲལ་བར་རཾ་དང་མིག་གཉིས་ལ་འབར་བ་དང་བཅས་པའི་ༀ་གཉིས་བསྒོམས་ནས། ༀ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་འབྱེད་པར་མཛད། །ༀ་ཛྙཱ་ན་ཙཀྵུཿ ཧཱུཾ་ཨཱཿ སྭཱ་ཧཱ་ཞེས་བརྗོད་ཅིང་གདོང་གཡོགས་བསལ་བར་བྱའོ། །ཚིགས་བཅད་དེ་དེ་ཉིད་བསྡུས་པ་ལས་རྒྱ་སྐད་དུ་འབྱུང་ཞིང་དེར་ཧེ་བཛྲ་པཱ་ཤྱ་ཞེས་གསུངས་སོ། །རྡོ་རྗེའི་མིག་ནི། གཟུགས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་མིག་གོ །བླ་ན་མེ་པ་ནི། སངས་རྒྱས་ཀྱི་སྤྱན་དང་འདྲ་བའོ། །ཐམས་ཅད་མིག་ནི། ཐམས་ཅད་མཐོང་བའི་མིག་གོ །འབྱེད་པར་མཛད་པ་ནི། སྒྲིབ་པ་རྣམས་བསལ་བས་སོ་ཞེས་ཤཱནྟི་པས་བཤད་དེ། ཕྲེང་བའི་དགོངས་པ་ཡང་དེ་དང་
འདྲའོ། །དོན་བསྡུ་ན་ཁྱོད་ཀྱི་མིག་རྡོ་རྗེ་སེམས་དཔའ་འམ་དཔལ་ཧེ་རུ་ཀས་འབྱེད་པར་མཛད་ཀྱི་ཕྱེ་བས་ནི། ཐམས་ཅད་མཐོང་བའི་རྡོ་རྗེའི་མིག་བླ་ན་མེད་པར་འགྱུར་རོ་ཞེས་པའི་དོན་ཏེ་སློབ་མས་ཀྱང་དེ་ལྟར་བསམ་མོ། །སྐབས་འདིར་ཛ་ཡ་སེ་ནས། དེ་ནས་མིག་གཉིས་ཟླ་བ་ལ། །ༀ་མོ་སྙིང་ཁར་ཟླ་བ་ལ། །བདག་པོ་ཡང་དག་དམིགས་བྱས་ནས། །དེ་ཡིས་མིག་བལྟས་འོད་རྣམས་ཀྱིས། །དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀྱི། །སྤྱན་དང་དབྱེར་མེད་རང་བཞིན་དུ། །ཡང་དག་དམིགས་ནས་དེ་ནས་སྦྱིན། །མིག་གཉིས་ལ་ནི་ལེགས་བསྡུས་ཏེ། །ཞེས་མིག་གཉིས་ལས་འོད་ཟེར་འཕྲོས་པས་རང་གི་མིག་དང་ལྷའི་སྤྱན་གཉིས་དབྱེར་མེད་དུ་བྱས་ཏེ་དེ་ནས་སླར་བསྡུ་བར་བཤད་པ་ནི། རྒྱལ་བ་བཟང་པོའི་ལུགས་ཏེ་ཕྲེང་བ་ལ་ཡང་དེ་ལྟར་བྱས་ན་དགོངས་པ་མཐུན་པའི་ཕྱོགས་སོ། །བདག་པོ་དམིགས་པ་ནི། སྒྲོན་གསལ་ལྟར་ན་གཙོ་བོ་ཉིད་བསྒོམས་པས་ཆོག་མོད་ཀྱང་དེ་དང་འདི་མི་འདྲ་བས་གཙོ་བོའི་ས་བོན་ཧཱུཾ་ལ་སོགས་པ་ལ་བྱའོ། །ཛྙཱ་ན་ཙུཀྵུཿ སོགས་ཀྱིས་འབྱེད་པ་ནི་འཕགས་པ་ལྷ་དང་ལྭ་བ་པ་ལ་སོགས་པས་ཀྱང་བཤད་ལ་ནག་པོ་སྤྱོད་པ་དང་དཱ་རི་ཀ་པ་སོགས་མང་པོས་མིག་ཐུར་གྱིས་མིག་འབྱེད་པའི་སྔགས་ཀྱིས་འབྱེད་པར་མཛད་དོ། །ཧེ་བཛྲ་བཱ་ཤྱ་ཞེས་པས་ནི། དཀྱིལ་འཁོར་ལ་ལྟ་བར་བསྐུལ་བ་ཡིན་གྱི་མིག་འབྱེད་པའི་སྔགས་མིན་ནོ། །དེ་ནས་ཀྱཻ་རྡོ་རྗེ་ལྟོས་ཤིག་ཅེས་སྨྲས་ནས་ལྷ་རྣམས་ཀྱི་མིང་བརྗོད་པ་སྔོན་དུ་འགྲོ་བས་གཙོ་བོ་ནས་བརྩམས་ཏེ་
བྱང་གི་སྒོ་སྲུངས་སམ་ཇི་ལྟར་ཡོད་པ་འོག་གི་གནོད་མཛེས་ཀྱི་བར་དུ་བསྟན་ཏེ་འདུས་པའི་དཀྱིལ་ཆོག་གཉིས་ཀྱི་ལུགས་སོ། །ལྭ་བ་པས་ཤར་སྒོའི་ལྷ་ནས་བརྩམས་ཏེ་གཙོ་བོའི་བར་དུ་དང་དཔལ་འཛིན་སོགས་ཀྱིས་ཀྱང་བྱང་སྒོ་ནས་བརྩམས་ཏེ་མས་རིམ་ནས་སྟོན་ཏེ་གང་བྱས་ཀྱང་འདྲ་བར་མངོན་ནོ། །དེ་ནས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་པ། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཞེས་བརྗོད་དོ། །འདི་རྣམས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་གསུམ་པ་ལས་འབྱུང་སྟེ་དེར། དམ་ཚིག་མཆོག་ཏུ་འགྲུབ་པར་བྱེད། །རྡོ་རྗེ་པདྨོ་རོལ་པའི་མཆོག །སྔགས་ཀྱི་བདག་ཉིད་ཤེས་པར་བྱ། ཞེས་སོ། །རྐང་པ་བདུན་པ་མ་གཏོགས་པ་རྣམས་སྤྱི་རྒྱུད་ལས་ཀྱང་འབྱུང་ལ་དེར། དངོས་གྲུབ་ཕྱིར་ནི་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །ཞེས་གསུངས་ཏེ་གོ་སླའོ། །དེ་ནས་སློབ་མས། རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང༌། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་བོར་བདག་དབང་བསྐུར། །ཞེས་བརྗོད་དུ་གཞུག་ལ་དམ་ཚིག་བརྗོད་དུ་གཞུག་གོ །ཧོཿ ཧོཿ ཧོཿ ཞེས་བྱའོ། །
བཟང་པོ་ཡོངས་བཟུང་ལས་རྡོ་རྗེ་ཞེས་སོགས་གསུམ་གྱི་མགོར། ༀ་རེ་རེ་དང་ས་མ་ཡ་ཧོཿ ཞེས་སོགས་འབྱུང་བའི་ཕྱི་མ་ནི། འདིར་ཡང་ཡོད་ན་ལེགས་ཏེ་དམ་ཚིག་བརྗོད་དུ་གཞུག་པར་གསུངས་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་བཞི་པ་ན་དབང་གོང་མ་བསྐུར་ནས་ཡོན་ཕུལ་བའི་རྗེས་སུ་ཡོད་ཀྱང་འཕགས་པ་ལྷ་དང་མི་ཐུབ་ཟླ་བས་ཀྱང་སྐབས་འདིར་མཛད་པས་རྒྱུད་དང་མི་འགལ་ལོ། །དེ་ལ་དཀྱིལ་འཁོར་དུ་ཞུགས་པ་ནི། སྔར་ཡོལ་བའི་ནང་དུ་འཇུག་དུས་དང་མེ་ཏོག་འདོར་བའི་ཚེ་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་འདོར་བས་དེར་ཞུགས་པའོ། །དཀྱིལ་འཁོར་མཐོང་བ་ནི། གདོང་གཡོགས་བསལ་ནས་བསྟན་པའི་དུས་སུའོ། །དཀྱིལ་འཁོར་དུ་དབང་བསྐུར་བ་ནི། འདི་ཡན་ཆད་གཞུག་པའི་སྐོར་ཡིན་ཀྱང་དང་པོ་མེ་ཏོག་ཕྲེང་བའི་དབང་ཐོབ་པ་ལ་བྱའོ། །སྐབས་འདིར་ཀླུ་བྱང་གིས་རྟེན་དང་བརྟན་པའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་པར་གསུངས་པ་ལྟར་དུ་རྒྱལ་བ་བཟང་པོ་དང་ཛ་ཡ་སེ་ནས་ཀྱང་བཤད་ལ་འཕགས་པ་ལྷས་ཀྱང༌། དེ་མིག་ཕྱེ་ནས་ཕྱག་བྱས་ཏེ། །ལྷ་ཡི་དེ་ཉིད་བསྟན་པར་བྱ། །ཞེས་ཚད་ལྡན་མང་པོས་བཤད་པས་སློབ་དཔོན་གྱི་དབང་གི་རྗེས་ཁོ་ནར་བྱ་བར་མ་ངེས་སོ། །ཡེ་ཤེས་ཕབ་ཅིང་དབང་དང་པོ་ཕྲེང་བའི་དབང་ཐོབ་པས་དབང་བསྐུར་ནས་དེ་ཉིད་བཤད་ཀྱི་གཞན་དུ་ན་དངོས་གྲུབ་རིང་ཞེས་པ་དང་ཡང་འགལ་བ་མེད་དོ་ཞེས་བོད་ཀྱི་བླ་མ་ཁ་ཅིག་འཆད་དོ། །ལྷ་ངོ་སྟོན་པའི་སྔར་ཕྱག་བྱ་བར་བཤད་པ་
འདི་གཞན་དུ་ཡང་བྱུང་བས་ཕྱག་བྱའོ། །དཀྱིལ་འཁོར་དུ་གཞུག་པའི་སྐོར་གྱི་ཆོ་གའི་གོ་རིམས་ལ་ཆེན་པོ་དག་གི་གཞུང་ལས་ཀྱང་སྣ་ཚོགས་སུ་བཤད་པས་མཐའ་གཅིག་ཏུ་གོ་རིམས་ངེས་པ་མེད་དོ། །སྐབས་དེ་དག་ཏུ་ཡེ་ཤེས་འབེབས་པའི་སྐབས་ལྟ་བུ་དམིགས་བསལ་ཅན་མ་གཏོགས་པ་རྣམས་ལ་སློབ་མ་རྣམ་སྣང་ངམ་གཙོ་བོར་སྒོམ་པ་གདམ་ང་ཅན་དུ་གསུངས་པ་ལྟར་ཡིན་ལ་སློབ་དཔོན་ནི། གཙོ་བོའི་རྣལ་འབྱོར་ལ་གནས་ནས་བྱས་པས་ཆོག་གོ །སློབ་དཔོན་འདིས་རྒྱུད་དང་ཆེན་པོ་དག་གི་དཀྱིལ་ཆོག་མང་པོའི་དོན་བསྡུས་ནས་གོ་རིམས་བསྒྲིགས་པ་འདིའི་དོན་ཅུང་ཟད་བཤད་ན་དཀྱིལ་འཁོར་དུ་གཞུག་པ་ནི། སྐབས་འདིའི་དངོས་གཞི་ཡིན་པས་ཆས་འཇུག་ནས་གསང་བར་གདམས་པའི་བར་ནི་གཞུག་པའི་སྔོན་འགྲོའོ། །དཀྱིལ་འཁོར་དུ་ཞུགས་པ་ནི། ལྷ་དང་སྐལ་བ་མཉམ་པར་བྱས་པ་ཡིན་ལ་དེ་ལ་གཉིས་ལས་དཀྱིལ་འཁོར་གྱི་ནང་དུ་ཕྱིན་པས་དེ་དག་དང་སྐལ་བ་མཉམ་པར་སོང་བ་ནི། སྔགས་གཉིས་ཀྱིས་བཀུག་ནས་བཏུག་པའི་སྐབས་སོ། །ནང་དུ་ཞུགས་པ་ན་ལྷ་རྣམས་ལ་མོས་པ་སྐྱེས་ཏེ་ཕྱག་དང་སྐོར་བ་བྱས་ནས་གསོལ་བ་འདེབས་སོ། །དེ་ནས་བླ་མས་དངོས་གྲུབ་འགྲུབ་པ་ལ་དམ་ཚིག་རྩ་བ་ཡིན་པས་དམ་ཚིག་སྲུང་བའི་ཕྱིར་དུ་དམ་ལ་འཇོག་གོ །ཡེ་ཤེས་ཕབ་པས་ཀྱང་ལྷ་རྣམས་དང་སྐལ་བ་མཉམ་པར་བྱེད་དེ་འདི་ནི། ནང་གི་སྐལ་མཉམ་ཡིན་ལ་སྔ་
མ་ནི་ཕྱིའི་སྐལ་མཉམ་མོ། །དེ་ལྟར་ལྷ་རྣམས་དང་སྐལ་བ་མཉམ་པར་བྱས་ཀྱང་ད་དུང་དབང་བསྐུར་དུ་རུང་མི་རུང་བརྟག་དགོས་པས་སྣང་བ་དྲིས་ནས་མེ་ཏོག་འདོར་བའི་སྐོར་རྣམས་བྱེད་དེ་འདིས་ནི། དབང་བསྐུར་དུ་རུང་མི་རུང་དང་རུང་བ་ལ་ཡང་ལྷ་གང་གི་རིགས་ཡིན་པ་དང༌། དེའི་རིགས་ཀྱིའང་དངོས་གྲུབ་གསུམ་གང་འགྲུབ་དང་དེ་ཡང་ཡུན་རིང་ཐུང་ཇི་ཙམ་གྱིས་འགྲུབ་པ་ཤེས་པར་བྱེད་དོ། །དེ་ལ་མེ་ཏོག་དོར་བ་ལས་དབང་བྱར་རུང་མི་རུང་ཤེས་པ་ནི། སྐབས་འདིའི་དགོས་པ་ཡིན་ལ་དངོས་གྲུབ་ཇི་ལྟ་བུ་དང་ཇི་ལྟར་འགྲུབ་པ་ནི་དབང་བསྐུར་ཟིན་ནས་ཀྱི་དགོས་པའོ། །དེ་ལྟར་ན་རྣལ་འབྱོར་གྱི་སེམས་བསྐྱེད་པ་དང་ནང་དུ་གཞུག་པ་གཉིས་དང་དམ་ལ་གཞག་པ་དང་ཕྲེང་བའི་དབང་ཐོབ་པ་ནི་གཞུག་པའི་སྐབས་ཀྱི་གཙོ་བོ་ཡིན་ལ་གཞན་རྣམས་ནི་ཡན་ལག་གོ །འོ་ན་སྔར་རྨི་ལྟས་བརྟགས་པས་གནང་བ་ཐོབ་པའམ་མ་བཀག་པ་བྱུང་ནས་དབང་གི་ཆོ་ག་བརྩམས་པ་དང་སློབ་མ་སྟ་གོན་བྱེད་པའི་སྔོན་དུ་ཡང་དངོས་སུ་ལེགས་པར་བརྟགས་པ་མ་ཡིན་ནམ་འདིར་མེ་ཏོག་དོར་བའི་ལྟས་ཀྱིས་དབང་བསྐུར་དུ་རུང་མི་རུང་བརྟག་ཅི་དགོས། དེ་བཞིན་དུ་སོ་ཤིང་དོར་ནས་ཀྱང་དངོས་གྲུབ་གང་འགྲུབ་བརྟགས་ཟིན་བཞིན་དུ་འདིར་ཡང་བར་སྣང་གི་ཁ་དོག་གི་སྒོ་ནས་བརྟག་ཅི་དགོས་སྙམ་ན། སྤྱིར་དབང་བསྐུར་བ་པོ་དང་ཞུ་བ་པོར་རུང་མི་རུང་རྟོག་པའི་གཙོ་བོ་ནི། སློབ་དཔོན་དང་སློབ་མའི་མཚན་ཉིད་གསུངས་པ་རྣམས་ཡིན་ལ་དེ་ལྟ་ནའང་རྨི་ལམ་རྟོག་པ་ནི་བར་ཆད་འབྱུང་མི་འབྱུང་རྟོག་
པ་ཡིན་ཏེ། དབང་བསྐུར་བའི་དོན་སློབ་ཀྱི་མཚན་ཉིད་ཚང་བ་དང་དེ་ལ་བར་ཆད་འབྱུང་བ་གཉིས་མི་འགལ་བས་དེ་བརྟག་དགོས་སོ། །དབང་བསྐུར་བ་ལ་བར་ཆད་མེད་ཅིང་སྤྱིར་མཚན་ཉིད་ཚང་ཡང་ད་ལྟ་དབང་བསྐུར་རན་པའི་ངེས་པ་མེད་པས་མེ་ཏོག་དོར་བས་ནི། ད་ལྟ་དབང་བསྐུར་དུ་རུང་མི་རུང་རྟོག་པ་ཡིན་གྱི་སྤྱིར་ནི་མ་ཡིན་ཏེ་མེ་ཏོག་དོར་བ་ན་མི་རུང་བ་དེ་ཡང་སྡིག་པ་སྦྱངས་ནས་སྐབས་གཞན་དུ་གཞུག་པར་གསུངས་པའི་ཕྱིར་རོ། །སོ་ཤིང་གི་ལྟས་ཀྱིས་དངོས་གྲུབ་གང་འགྲུབ་བརྟགས་ཟིན་ཀྱང་ཁ་དོག་གི་ལྟས་ཀྱིས་རྟོག་པ་མི་འགལ་ཏེ་རེ་རེས་ཆོག་པར་མི་འདོད་པས་གཉིས་ཀས་ངེས་པར་བྱེད་པ་མི་འགལ་བའི་ཕྱིར་རོ། །ཆོ་ག་དེ་རྣམས་ཀྱི་སྡོམ་ནི། ཆས་སུ་གཞུག་ཅིང་བྱིན་གྱིས་བརླབ། །དྲིས་ལན་བྱ་ཞིང་བྱང་སེམས་བསྐྱེད། །གསང་བར་གདམས་ཤིང་ནང་དུ་གཞུག །བསྐོར་བ་བྱ་ཞིང་གུས་ཕྱག་འཚལ། །དམ་ལ་བཞག་ནས་ཡེ་ཤེས་དབབ། །སྣང་བ་དྲི་ཞིང་བསྐོར་བ་བྱ། །བདེན་པ་བརྗོད་ཅིང་མེ་ཏོག་དོར། །ཕྲེང་དབང་བླང་ཞིང་མིག་གཉིས་དབྱེ། །ལྷ་ངོ་བསྟན་ཅིང་སྤྲོ་བ་བསྐྱེད། །ཞུགས་ཤིང་མཐོང་བའི་དམ་ཚིག་བརྗོད། །ཅེས་པའོ། །བདེ་ཆེན་ཐར་པའི་གྲོང་ཁྱེར་མཆོག་ཉིད་དུ། །རང་ཉིད་ཚུལ་བཞིན་ཞུགས་ནས་དབང་མནོས་ཏེ། །འཁོར་ལོའི་མགོན་ཉིད་བླ་མར་གྱུར་པ་ལ། །གནང་བ་རྙེད་ནས་གླུ་ཡིས་མཆོད་པའི་མཐར། །སྐལ་བཟང་སློབ་མ་ཉིད་བཞིན་གཞུག་པ་ཡི། །ཆོ་
གའི་གཙོ་བོ་དེ་ཡི་ཡན་ལག་རྣམས། །ལེགས་པར་དམིགས་ཕྱེ་སོ་སོར་བརྡ་འཕྲོད་པའི། །ཐབས་ཚུལ་མན་ངག་ཤིན་ཏུ་གསལ་བར་བྱས། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། རང་ཉིད་འཇུག་ཅིང་དབང་བླངས་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་རིམ་པ་བསྟན་པ་སྟེ། ལེའུ་བརྒྱད་པའོ།། །།གཉིས་པ་ཞུགས་པ་ལ་དབང་བསྐུར་བའི་ཚུལ་ལ་བཞི། བུམ་པའི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དབང་བཞི་པ་བསྐུར་བའོ། །དང་པོ་ལ་གཉིས། ཐུན་མོང་བ་རྡོ་རྗེ་སློབ་མའི་དབང་དང༌། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའོ། །དང་པོ་ལ་གཉིས། དབང་ལྔའི་ཐུན་མོང་གི་རྣམ་གཞག་དང༌། སོ་སོའི་རྣམ་གཞག་གོ །དང་པོ་ནི། གང་གིས་དབང་བསྐུར་བའི་བྱེད་པ་པོ་དང་གང་ལ་དབང་བསྐུར་བའི་ལས་སུ་བྱ་བ་དང་ཐབས་ཅི་ཞིག་གིས་དབང་བསྐུར་བའི་བྱེད་པ་གསུམ་གྱི་དམིགས་པ་ལ་ལྷའི་རྣལ་འབྱོར་གང་བྱེད་པ་ཡིན་སྙམ་ན། དཱ་རི་ཀ་པས། མི་བསྐྱོད་བསམ་གཏན་གསུམ་རྫོགས་པས། །ཞེས་གསུངས་པས་སློབ་དཔོན་དང་སློབ་མ་དང་དབང་རྫས་གསུམ་མི་བསྐྱོད་པར་བསྐྱེད་ནས་ཆུ་དབང་བྱེད་པས་མིང་དབང་མ་གཏོགས་པ་གསུམ་ཡང་རིན་འབྱུང་སོགས་ཀྱི་དམིགས་པ་གསུམ་གསུམ་དང་མིང་དབང་ལ་རྣམ་སྣང་དུ་སྐྱེད་པའི་དམིགས་པ་གཉིས་མཛད་དོ། །སློབ་དཔོན་འདི་ལ་སོགས་པ་རྣམས་
སློབ་མ་དང་དབང་རྫས་ཀྱི་དམིགས་པ་འཕོ་བ་མ་གཏོགས་པ་སློབ་དཔོན་ལ་གསལ་ཁ་མེད་པས་གཙོ་བོའི་རྣལ་འབྱོར་ལ་གནས་པས་ཆོག་པར་བཞེད་དོ། །དེ་ལ་སློབ་མས་ནི། སློབ་དཔོན་ལ་དབང་གི་དོན་དུ་གསོལ་བ་འདེབས་དགོས་ལ་སློབ་དཔོན་གྱིས་དབང་གི་ལྷ་ལ་གསོལ་བ་བཏབ་ནས་དབང་བསྐུར་དགོས་པས་དབང་བསྐུར་བའི་བྱེད་པ་པོ་ནི་གཉིས་ཡོད་དོ། །དབང་གི་ལྷ་ལ་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་ན་བཞུགས་པའི་ལྷ་དང་གྲུབ་ཆེན་རྣམས་ཀྱི་ཆོ་ག་ལས་སློབ་དཔོན་གྱིས་ཟུར་ནས་སྤྱན་དྲངས་ཏེ་ནམ་མཁའ་ལ་བཀོད་ནས། དེ་དག་གིས་དབང་བསྐུར་བར་བཤད་པ་ལྟར་གསར་དུ་སྤྱན་དྲང་དགོས་པ་གཉིས་ཡོད་ལ། །སྔ་མ་ནི། སློབ་དཔོན་གྱིས་བསྒྲུབས་པའི་དཀྱིལ་འཁོར་དུ་ཞུགས་ཤིང་དེའི་གཙོ་བོ་ལ་དབང་རྫོགས་པར་བླངས་ནས་གནང་བ་ནོད་པ་དང་དམ་ཚིག་གསུམ་གྱི་གླུ་ལ་སོགས་པའི་བསྟོད་པ་སྔོན་དུ་བཏང་ནས་སློབ་མ་གཞུག་པའི་དོན་དུ་དངོས་གྲུབ་ཞུས་ཡོད་པས་རང་གིས་སློབ་མ་ལ་དབང་བསྐུར་བའི་དབང་པོ་མཛད་ནས་རྒྱུད་བྱིན་གྱིས་རློབ་པའི་དོན་དུ་སྔ་ནས་བཞུགས་ཟིན་ཏོ། །དཀྱིལ་འཁོར་དེ་ཡང་སློབ་མ་ལ་དབང་བསྐུར་བའི་བྱ་བ་མ་རྫོགས་ཀྱི་བར་དུ་འཇོག་པས་དབང་གི་དུས་སུ་སློབ་མ་ལ་བསྟིམ་པ་མིན་ལ་གསར་དུ་སྤྱན་དྲངས་པའི་དབང་གི་ལྷ་རྣམས་ནི་དབང་རེ་རེའི་མཐར་སློབ་མ་ལ་འཇུག་པར་གྲུབ་ཆེན་ལྭ་བ་པ་ལ་སོགས་པས་གསུངས་པས་གཞུག་དགོས་སོ། །བུམ་དབང་རྡུལ་ཚོན་གྱི་
དཀྱིལ་འཁོར་དུ་ཐོབ་པར་གསུངས་པའི་དོན་དཀྱིལ་འཁོར་དེར་འཇུག་པ་སྔོན་དུ་འགྲོ་བ་ལ་བྱེད་ན་དབང་གོང་མ་གསུམ་ལ་ཡང་མཚུངས་ཤིང་དཀྱིལ་འཁོར་དེའི་ནང་དུ་བཞག་ནས་བུམ་དབང་བསྐུར་བ་ཡང་མིན་ལ་དཀྱིལ་འཁོར་དེའི་ལྟ་རྣམས་ཀྱིས་དབང་ཡང་མི་སྐུར་ན་ཤིན་ཏུ་གཞག་དཀའོ། །བླ་མ་དང་རྡུལ་ཚོན་གྱི་གཙོ་བོ་གཉིས་ཐ་མི་དད་དུ་བྱས་ནས་བུམ་དབང་བསྐུར་བས་དཀྱིལ་འཁོར་དེར་བུམ་དབང་ཐོབ་པར་འཇོག་ན་ནི། དབང་གི་དུས་སུ་བླ་མ་དང་གཙོ་བོ་གཉིས་ཐ་མི་དད་དུ་བྱེད་པ་ཕལ་མོ་ཆེས་བཤད་མོད་ཀྱང་བླ་མ་དང་རྡུལ་ཚོན་གྱི་གཙོ་བོ་གཉིས་ཐ་དད་པའི་ཕྱོགས་སུ་བྱས་ནས་དབང་བསྐུར་བ་ཁུངས་ཐུབ་ཀྱི་གཞུང་རྣམས་ལས་མང་དུ་བཤད་སྣང་ལ། དེ་གཉིས་ཐ་མི་དད་བྱེད་ནའང་དེ་ཙམ་གྱིས་བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོབ་པར་འཇོག་མི་ནུས་ཏེ། གཞན་དུ་ན་དབང་ལྷག་མ་གསུམ་དེ་ཉིད་ཀྱི་རྒྱུན་ལ་སྐུར་བ་རྣམས་ལ་ཡང་རྒྱུ་མཚན་དེ་འདོད་དགོས་པས་དེ་དག་ཀྱང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཐོབ་པར་འགྱུར་རོ། །དེས་ན་བསྒྲུབས་པའི་དཀྱིལ་འཁོར་བའི་ལྷ་རྣམས་ཀྱིས་སྤྱན་དྲངས་པའི་དབང་ལྷ་ལྟར་བུམ་པ་བཟུངས་ནས་དབང་བསྐུར་བ་དང་ཤིས་པ་བརྗོད་པ་སོགས་མི་བྱེད་ཀྱང་སློབ་དཔོན་གྱིས་བུམ་དབང་བསྐུར་བ་ལ་དགོངས་པ་གཏད་ནས་དབང་གི་བྱ་བ་མཛད་པར་མོས་པ་ཅིག་ངེས་པར་དགོས་ཏེ། ཀླུ་བྱང་གིས། དེ་ནས་རང་བཞིན་ཤེས་རྣལ་འབྱོར། །པ་ཡིས་སློབ་མ་དབང་བསྐུར་ཕྱིར། །གུས་པས་རྒྱལ་བ་དེ་དག་ཀུན། །སླར་བྱོན་
ཆེད་དུ་བསྐུལ་བར་བྱ། །ཞེས་དཀྱིལ་འཁོར་སྒྲུབ་པའི་དུས་སུ་ཡེ་ཤེས་པ་སྤྱན་འདྲེན་པ་སློབ་མ་དབང་བསྐུར་བའི་ཆེད་དུ་ཡིན་པར་གསུངས་པའི་ཕྱིར་རོ། །སྔགས་ཀྱི་རྗེས་གནང་བྱེད་པ་ནའང་དཀྱིལ་འཁོར་དེའི་གཙོ་བོ་ལ་ཞུས་ནས་བྱེད་པ་དང་མཐར་སློབ་མ་བླ་མས་དཀྱིལ་འཁོར་དེའི་གཙོ་བོ་ལ་འབུལ་བ་སོགས་གསུངས་པས་བུམ་དབང་སྐུར་བ་རྣམས་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བའི་ལྷས་དགོངས་པ་གཏད་ནས་དབང་གི་བྱ་བ་མཛད་པ་ཡོད་ལ་དེའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་དབང་ཐོབ་པ་ཡང་མི་འགལ་ལོ། །བསྒྲུབས་པའི་དཀྱིལ་འཁོར་དུ་སློབ་མ་འཇུག་པ་དང་སློབ་དཔོན་ཡང་ཞུགས་ནས་དབང་བླང་དགོས་པས་སློབ་མ་ལ་དབང་བསྐུར་བ་ཙམ་ཞིག་དེའི་དགོས་པར་མི་གཟུང་ངོ༌། །དབང་གི་ལྷ་སྤྱན་འདྲེན་པ་ལ་ཡང་ལྭ་བ་པས་བདེ་མཆོག་ཉིད་ལ་རིགས་ལྔར་ཕྱེ་བས་གཙོ་བོ་བྱས་པའི་དཀྱིལ་འཁོར་སྤྱན་འདྲེན་པར་མཛད་པ་ལྟར་ན་གཞན་ལ་ཡང་དེའི་རིགས་པ་བསྒྲེ་པའམ་ཡང་ན་ཕྲེང་བར་གསུངས་པ་ལྟར་གཤེགས་པ་གཤེགས་མ་དང་སེམས་དཔའ་སེམས་མ་སྤྱི་འགྲོ་ལྟར་སྤྱན་དྲང་ངོ༌། །ཀླུ་བྱང་གི་དགོངས་པ་ལ་ཟུང་འཇུག་གསལ་བར་ཆུའི་དུས་སུ་སློབ་མ་རྣམ་སྣང་དང་མིང་གི་དུས་སུ་སློབ་མ་མི་བསྐྱོད་པར་སྐྱེད་པ་བྱས་པ་ཙམ་མ་གཏོགས་པ་དཀྱིལ་ཆོག་གཞན་རྣམས་འདྲའོ། །དུས་འཁོར་ལས་ནི། རྒྱུད་གཞན་དང་དེའི་དཀྱིལ་ཆོག་རྣམས་ལས་མི་འདྲ་བ་ཆེན་པོ་བཤད་དེ། རྒྱུད་ཐ་དད་ཀྱི་
དགོངས་པ་ཡིན་པས་འདིར་གཞན་རྣམས་ཀྱི་ལུགས་བཤད་པའི་སྐབས་སོ། །སློབ་མ་དང་དབང་རྫས་ལྷར་སྐྱེད་པ་ལ་ཡང་ལྭ་བ་པས་བདེ་མཆོག་རིགས་ལྔར་ཆོ་ག་གསུམ་གྱིས་སྐྱེད་པར་གསུངས་པའི་རིགས་པ་སྐབས་སོ་སོ་ལ་སྦྱར་པ་འམ། ཡང་ན་རང་གི་གཞུང་ནས་རིགས་ལྔ་བཤད་པ་ཡོད་ན་དེ་བཞིན་དུ་བྱ་ལ་མེད་ན་གཙོ་བོ་ཉིད་ལ་རིགས་ལྔ་དབྱེའོ། །དམ་ཚིག་པ་བསྐྱེད་པ་ལ་ཡེ་ཤེས་པ་གཞུག་པ་ལས་གཞན་འདིར་མ་བཤད་ཀྱང༌། བླ་མ་རྣམས་དབང་བསྐུར་བ་དང་རིགས་བདག་གིས་རྒྱས་འདེབས་པའང་མཛད་དོ། །གུར་གྱི་བཞི་པ་ལས། ལྷ་མོ་སྒྲོལ་མས་འཁྱུད་ལྡན་པའི། །སློབ་མ་རྟ་མཆོག་ཏུ་བསམས་ཏེ། །ལག་པས་རྡོ་རྗེ་དྲིལ་འཁྲོལ་གཞུག །རྡོ་རྗེ་བདག་པོས་དབང་བསྐུར་བྱ། །ཞེས་དྲིལ་བུའི་དབང་ལ་སློབ་མ་དོན་གྲུབ་ཡབ་ཡུམ་དུ་སྒོམ་པར་གསུངས་པ་ནི། མཚོན་པ་ཙམ་ཡིན་པས་གཞན་རྣམས་ཀྱི་སློབ་མ་དང་དབང་རྫས་ཀྱི་སྐྱེད་ཆོག་ལ་ཡང་སྦྱར་རོ། །རིག་པའི་དབང་ལྔ་ལ་སློབ་མས་སློབ་དཔོན་ལ་གསོལ་བ་གདབ་པ་དང་དབང་བསྐུར་བའི་ཚེ་དབང་བསྐུར་རྡོ་རྗེ་ཞེས་སོགས་བརྗོད་ནས་དབང་སྐུར་བ་ནི་འདྲ་བ་དང་ནང་དབང་སྐུར་བར་སློབ་དཔོན་འདིས་མཛད་དེ་རཏྣ་རཀྵི་ཏ་དང་བི་བྷཱུ་ཏཱི་ཡང་འདིའི་རྗེས་འབྲང་ངོ༌། །ནང་དབང་ནི། དབང་དང་པོ་མིན་པ་ལ་ཕྲེང་བར་མི་གསལ་ཡང་བི་བྷཱུ་ཏཱིས་སྔ་མ་དང་འདྲ་བར་བཤད་པ་ཕྲེང་བའི་དགོངས་པ་ཡིན་པས་ལྷག་མ་རྣམས་ལ་ཡང་སྦྱར་རོ། །ཕྲེང་བར་དབང་ལྷ་བསྟིམ་པ་དང་སློབ་མ་ལ་ཆུ་དབང་བསྐུར་
བའི་རྗེས་སུ་རིགས་བདག་གིས་རྒྱས་འདེབས་པ་དང་དེ་ལ་མཆོད་པ་བྱེད་པ་སློབ་དཔོན་གྱི་དབང་གི་སྐབས་མིན་པར་མ་གསུངས་ཀྱང་ལྭ་བ་པ་དང་བྷཱ་བ་བྷ་དྲ་དང་དཱ་རི་ཀ་པས་དབང་གི་ལྷ་བསྟིམ་པར་བཤད་ལ་སྟིམ་ཚུལ་ནི་དང་པོ་གཉིས་ཀྱིས་བ་སྤུའི་བུ་གནས་གཞུག་པར་བཤད་པ་ལྟར་རོ། །ཐབས་གང་གིས་གཞུག་ཕ་ནི། ལྭ་བ་པས་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས་མཛད་པ་ལྟར་རོ། །དབུ་བརྒྱན་པ་ལ་ལྭ་བ་པས་དང་པོ་ལ་སྤྱི་གཙུག་ཏུ་མི་བསྐྱོད་པ་གཉིས་པ་ལ་རྣ་ལྟག་གཡས་སུ་རིན་འབྱུང་གསུམ་པ་ལ་ལྟག་པར་འོད་དཔག་མེད་བཞི་པ་ལ་རྣ་ལྟག་གཡོན་དུ་དོན་གྲུབ་ལྔ་པ་ལ་འཚོགས་མར་རྣམ་སྣང་རྣམས་ཆུ་ལས་གྲུབ་པར་བསམ་པར་བཤད་དེ། འདིའི་ལྟར་ན་དབང་ལྔ་ཀ་ལོག་པས་རིགས་ལྔའི་དབུ་རྒྱན་བྱེད་ཀྱི་ཅོད་པན་གྱི་དབང་གི་སྐབས་སུ་རིགས་ལྔས་དབུ་བརྒྱན་པ་མ་བྱུང་ངོ༌། །དེ་ལ་མཆོད་པར་ལྭ་བ་པ་དང་དཱ་རི་ཀ་པས་བཤད་པ་ལྟར་མེ་ཏོག་ལ་སོགས་པས་མཆོད་པར་ཡང་བྱའོ། །དཱ་རི་ཀ་པས། མཆོད་དེ་དག་པ་སྦྱིན་པར་བྱ། །ཞེས་དག་པ་སྦྱིན་པར་གསུངས་པ་ནི། ལྭ་བ་པས་དབང་ལྔ་པོ་དེ་རང་བཞིན་རྣམ་དག་གི་ཆོས་ཉིད་དང་ཉོན་ཡིད་དང་ཡིད་ཤེས་དང་སྒོ་ལྔའི་རྣམ་ཤེས་དང་ཀུན་གཞི་གནས་གྱུར་པའི་ཆོས་དབྱིངས་ཡེ་ཤེས་དང་མཉམ་ཉིད་དང་སོར་རྟོག་དང་བྱ་བ་ནན་ཏན་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་བཤད་ལ། ཕྲེང་བ་ལས་ཀྱང༌། དབང་
ལྔས་ཡེ་ཤེས་དེ་དག་གི་ས་བོན་རྒྱས་པར་བྱེད་པའི་ཕྱིར་དེ་དག་གི་བདག་ཉིད་དུ་མོས་པར་བྱའོ་ཞེས་བཤད་ལ། སྡོམ་འབྱུང་ལས། དབང་ལྔ་དེ་བཞིན་གཤེགས་བདག་ཉིད། །ཅེས་དང་པྲཛྙཱ་རཀྵི་ཏས་ཕུང་པོ་ལྔ་དང་ཉོན་མོངས་ལྔ་དག་པ་ཡང༌། དབང་ལྔར་བཤད་པ་དང༌། རྒྱལ་བ་བཟང་པོས། གང་ཞིག་དེ་ལྟར་དབང་བསྐུར་བས། །དངོས་གྲུབ་ཏུ་འགྱུར་ཐེ་ཚོམ་མེད། །ལྷ་གང་མངོན་དུ་བྱས་པ་ཡི། །དེ་ཡི་ལས་གང་སྒྲུབ་པར་ནུས། །ཞེས་རིག་པའི་དབང་ལྔའི་རྗེས་སུ་གསུངས་པའི་དོན་རྣམས་སློབ་མ་ལ་གོ་བར་བྱེད་པའོ། །གུར་གྱི་བཞི་པ་ལས་ཀྱང༌། གང་གང་སྣང་བ་དེ་ཀུན་དང༌། །དེ་རང་གཙོ་བོ་ཧེ་རུ་ཀ །ཆོས་རྣམས་རང་བཞིན་གྱིས་དག་པས། །སངས་རྒྱས་ཡེ་ཤེས་སུ་གང་བལྟའོ། །ཞེས་དབང་ལྔའི་རྗེས་སུ་གསུངས་པ་འདི་དཀྱིལ་ཆོག་གཞན་མང་པོ་ལས་ཀྱང་བཤད་ལ་དེའི་དོན་ནི། ལྷའི་རིགས་ཀྱི་བློ་གྲོས་ཀྱིས་ཕྲེང་བ་ནས་མིང་དབང་གི་བར་གང་གང་སྣང་བ་དེ་དང་དེ་སངས་རྒྱས་ཀྱི་ཡེ་ཤེས་ལྔ་དང་ཆོས་ཉིད་རྣམ་པར་དག་པའི་དབྱིངས་དང་དྲུག་ཏུ་བལྟ་སྟེ་ཕྲེང་བའི་དབང་ནི་དྲུག་པར་བལྟའོ། །རྐང་པ་ཐ་མའི་གང་ཞེས་པ་གང་གི་ཕྱིར་གྱི་དོན་ཡིན་པས་དེའི་རྒྱུ་མཚན་ནི། ཆོས་རྣམས་རང་བཞིན་དག་དྲི་མེད། །ཅེས་བཏོན་ནས་རང་བཞིན་གིས་དག་པའི་སངས་རྒྱས་ཀྱི་ཆོས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དྲུག་གི་གེགས་ཀྱི་དྲི་མ། དབང་དེ་དག་གིས་འཁྲུད་ཅིང་དེ་དག་དང་རང་བཞིན་དབྱེར་མེད་པའི་ཕྱིར་དེ་དག་ཏུ་མོས་
པ་བྱའོ། །དཀྱིལ་འཁོར་གྱི་གཙོ་པོ་ནི། དེ་དག་ཀུན་གྱི་རང་བཞིན་ཡིན་ལ་ཧེ་རུ་ཀ་ནི་མཚོན་པ་ཙམ་མོ་ཞེས་འཆད་དེ་དབང་ལྔ་ལ་ཡེ་ཤེས་ལྔར་ལྟ་བའི་དོན་དུ་འཆད་དོ། །དེ་ལ་ཆུས་གཏོར་བ་སོགས་དང་དབུ་རྒྱན་མགོ་ལ་བསྐོན་པ་དང་རྡོར་དྲིལ་ལག་ཏུ་གཏད་པ་དང་མིང་བཏགས་པ་རྣམས་ནི། དབང་ལྔ་པོ་དེའི་རྒྱུ་ཡིན་གྱི་ངོ་བོ་མ་ཡིན་པས་ངོ་བོ་ནི་ཆུ་དབང་ལ་མཚོན་ན་དབང་བསྐུར་ས་མི་བསྐྱོད་པར་བསྐྱེད་ཅིང་དབང་རྫས་མི་བསྐྱོད་པ་ཞུ་བའི་ཆུས་སྐུར་ཚུལ་སྤྱི་བོར་གཏོར་བ་སོགས་ཀྱི་བྱེད་པ་དང༌། བསྒྲུབས་པའི་དཀྱིལ་འཁོར་བའི་ལྷ་ཆུ་དབང་སྐུར་བ་ལ་དགོངས་པ་གཏད་པ་རྣམས་དང་གསར་དུ་སྤྱན་དྲངས་པའི་དབང་ལྷ་མི་བསྐྱོད་པས་གཙོ་མཛད་པ་རྣམས་ལ་གསོལ་བ་བཏབ་ནས་དངོས་སུ་བླ་མས་བསྐུར་བའི་མཛད་པ་ལ་བརྟེན་ནས་སློབ་མ་དེའི་རྒྱུད་ལ་རྣམ་ཤེས་ཀྱི་ཕུང་པོ་དང་ཞེ་སྡང་སྦྱོང་བ་དང་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད་པ་དང་མི་བསྐྱོད་པའི་སྒོ་ནས་ཀྱི་བསྒོམ་བཟླས་དང་དངོས་གྲུབ་སྒྲུབ་པ་ལ་དབང་བའི་ནུས་པ་ཁྱད་པར་བ་ཞིག་བསྒོས་པ་ལ་ཆུ་དབང་དུ་བྱ་སྟེ་གཞན་བཞི་དང་མེ་ཏོག་ཕྲེང་བའི་དབང་ལ་ཡང་དེའི་རིགས་པ་སྦྱར་རོ། །དེས་ན་དབང་ལྔའི་དང་པོའི་ཆུ་དབང་དང་དབང་གཞན་ལ་མཐའ་རྟེན་ཆུ་དབང་སྐུར་བ་གཉིས་ཀྱང་མི་གཅིག་གོ །དེ་དག་ལ་རིག་པའི་དབང་ཞེས་གསུངས་པའི་སྒྲ་དོན་ནི། ཕྲེང་བ་ལས། ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་མ་རིག་
པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ཞེས་བརྗོད་དེ་ཞེས་དང༌། ལྭ་བ་པས། མ་རིག་པ་ལྔ་ཡོངས་སུ་གྱུར་པའི་ངོ་བོ་རིག་པ་ཡེ་ཤེས་ལྔ་པོ་རྣམས་སྒྲུབ་པར་བྱེད་པའི་ཕྱིར་དང་ཐམས་ཅད་དུ་སངས་རྒྱས་སྤྱན་ལ་སོགས་པ་རིག་པའི་ལྷ་མོས་དབང་སྐུར་བར་བྱེད་པའི་ཕྱིར་རོ། །ཞེས་སྒྲའི་དོན་གཉིས་གསུངས་པའི་སྔ་མ་ནི། རིག་པ་སྒྲུབ་པའི་དབང་དང་ཕྱི་མ་ནི་རིག་པས་བསྐུར་བའི་དབང་ཡིན་པས་དབང་ཉིད་རིག་པར་འདོད་པ་མན་ནོ། །ལྭ་བ་པས་ལྔ་པོ་འདི་ཐོབ་པས་སྔགས་དང་རྒྱུད་ཉན་བཤད་དང་སྒྲུབ་པ་ལ་དབང་ཞེས་སྤྱིར་གསུངས་ལ་ཕྲེང་བ་ལས་བྱ་སྤྱོད་ཀྱི་རྒྱུད་ཉན་བཤད་དང་སྔགས་སྒྲུབ་པ་ལ་དབང་གི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཉན་བཤད་དང་སྔགས་སྒྲུབ་པ་ལ་མི་དབང་ཞེས་བཀག་པ་ནི། སྔར་དྲངས་པ་ལྟར་རྫོགས་རིམ་ཉན་ཅིང་སྒོམ་པ་དང་རྒྱུད་དེ་གཉིས་འཆད་པ་པོར་མི་རུང་བ་ལ་དགོངས་པས། དེ་དག་བསྐྱེད་རིམ་ཉན་པ་དང་སྒོམ་པ་ལ་དབང་བ་འགོག་པ་མིན་ནོ། །དེ་ལྟར་ན་བྱ་སྤྱོད་ལ་ཆོས་སྟོན་པའི་རྗེས་གནང་སྟེར་བ་མ་གཏོགས་པ་སློབ་དཔོན་གྱི་དབང་ལོགས་པ་སྐུར་མི་དགོས་སོ། །གཉིས་པ་ལ་གཉིས། ཆུ་དབང་གི་ཆོ་ག་དང༌། དབང་ལྷག་མའི་ཆོ་གའོ། །དང་པོ་ལ་གཉིས། གསོལ་བ་གདབ་ཅིང་སྦྱང་བ་བྱ་བ་དང༌། དེ་ལ་ཆུ་དབང་སྐུར་བའི་རིམ་པའོ། །དང་པོ་ནི། དཀྱིལ་འཁོར་བསྟན་པའི་རྗེས་སུ་ཆུ་དབང་གི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་བུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས།
བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་གདབ་བོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ༌། །ངེས་སངས་རྒྱས་མི་བསྐྱོད་པ་ལ་སོགས་པ་ལ་མཆོད་པ་སྟེ་དབང་བསྐུར་བ་ཆེན་པོ་རྣམ་པ་གང་གིས་ཇི་ལྟར་བསྩལ་བ་དེ་ལྟར་དུ་བདག་ཀྱང་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་ནམ་མཁའི་རྡོ་རྗེ་སྟེ་རྡོ་རྗེ་འཆང་དང་འདྲ་བ་ཁྱོད་ལ་བདག་དེང་སྟེ། ད་ལྟར་སྐྱབས་སུ་མཆིས་པ་ལ་དབང་བསྐུར་བ་སྩོལ་ཅིག་ཅེས་ལེའུ་བཅུ་དྲུག་པའི་སྒྲོན་གསལ་ལས་གསུངས་སོ། །དེའི་དུས་སུ་ཕྱག་བྱ་བར་ལྭ་བ་པ་ལ་སོགས་པ་མང་པོས་བཤད་དོ། །དེ་ནས་བླ་མས་རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཁྲུས་ཀྱི་ཆུས་རྩ་དཀྱིལ་ལ་མི་རེག་པའི་ཤར་ཕྱོགས་སུ་འཇུག་སྒོ་ལ་ཕྱོགས་པར་སྒོ་ནུབ་ཏུ་བསྟན་པའི་རེ་ཁ་གྲུ་བཞི་པ་གཅིག་གིས་བསྐོར་བའི་སྣ་ཚོགས་པདྨ་རྡུལ་ཚོན་ནམ་འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲིའོ། །ཡང་ན་རྟ་བབས་མེད་པའི་སྒོ་ནུབ་ཏུ་བསྟན་པའི་གྲུ་བཞི་པའི་དབུས་སུ་ཆུད་པའམ་ཡང་ན་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱི་གྲུ་བཞི་པ་སྒོ་བཞི་པ་རིམ་པ་གཉིས་པ་རྟ་བབས་མེད་པ་སྟེ། ཤར་ལ་སོགས་པའི་སྣམ་བུ་ལ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རལ་གྲི་རྣམས་དང་མཚམས་རྣམས་སུ་ཡུམ་བཞིའི་མཚན་མ་དང་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་བྲི་བར་བྱའོ། །དང་པོ་གཉིས་ནི། སྒོ་གཅིག་པ་ལ་སྔ་མ་ལ་རྟ་
བབས་ཡོད་ཅིང་ཕྱི་མ་ལ་མེད་པ་ཡིན་ལ་རིམ་པ་གཉིས་པ་ནི། ལྷ་སྣམ་དང་པདྨ་གཉིས་ཀྱི་རིམ་པའོ། །དེའི་སྟེང་དུ་པདྨ་འདབ་བརྒྱད་བྲིས་པའི་ཤིང་སྟན་ནམ་ཡང་ན་ཟླ་བའི་དཀྱིལ་འཁོར་བྲིས་པའི་རས་ལ་སོགས་པའི་སེང་གེའི་གདན་དཀྱིལ་འཁོར་དེའི་པདྨའི་སྟེང་དུ་བཞག་པར་མས་ནས་པདྨ་ལ་རེག་པ་མེད་པར་དེའི་སྟེང་དུ་བཞག་གོ །ཡང་ན་ཁྲུས་ཀྱི་དཀྱིལ་འཁོར་མེད་པར་ཡང་དེ་བསྒོམས་ནས་ཤིང་སྟན་ལ་སོགས་པ་ལ་སློབ་མ་རྡོ་རྗེ་འཆང་དུ་བསྐྱེད་ལ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་གོ །ནག་པོ་སྤྱོད་པ་དང་ས་ར་ཧས་གཙོ་བོར་སྐྱེད་པར་བཤད་དོ། །འདིར་ཕྲེང་བ་ལས་དབང་སྟེགས་ཀྱི་དཀྱིལ་འཁོར་སྔར་རབ་གནས་ཀྱི་སྐབས་སུ་བཤད་པ་ལ་ཁ་འཕངས་མཛད་པ་བཞིན་དུ་བདེ་མཆོག་གི་དབང་གི་རབ་བྱེད་ལས་ཀྱང་སྔར་བསྟན་པ་ལ་ཁ་འཕངས་པ་ནི་མི་འཐད་དེ་གཞུང་དེར་སྔར་ཁྲུས་སྟེགས་བཤད་པ་མེད་པའི་ཕྱིར་རོ། །དེས་ན་དེ་མ་ངེས་པར་ཕྲེང་བ་བཞིན་དུ་བྲིས་འདུག་པས་ཨ་བྷྱ་ཀ་རས་མཛད་པ་མིན་ལ་འོན་ཀྱང་ཕྲེང་བ་ལ་རེ་མཁས་ཅིག་གིས་བྱས་འདུག་གོ །དེ་ནས། ༀ་ཨཱཿ བིགྷྣཱན་ཏ་ཀྲᨑཏ་ཧཱུཾ་ཞེས་པ་འཁྱིལ་པའི་སྔགས་དང་ཧཱུཾ་ཡིག་ཡུངས་ཀར་ལ་ལན་བདུན་བཟླས་པ་ལག་པ་གཉིས་ཀྱི་ཁུ་ཚུར་གྱིས་བཟུངས་ནས་རེ་རེ་ནས་གཡོན་སྐོར་དུ་ལན་གཉིས་སུ། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་ས་ཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱབས་ལ་ཡུངས་ཀར་མེར་དོར་རོ། །དེ་བཞིན་དུ་གཡས་སུ་བསྐོར་བ་གཉིས་ཀྱང་
བྱའོ། །ཁུ་ཚུར་གྱིས་ཆུ་བཟུངས་ནས་ཀྱང་དེ་བཞིན་དུའོ། །དེ་ནས་ཁམ་ཕོར་དཀར་པོ་བཞི་དང་རྩྭ་དུར་བའི་མྱུ་གུ་དང་བཅས་པའི་བ་ལྕིའི་ཆངས་བུ་བཞི་དང་ཟན་ཆངས་བཞི་དང་སེང་རས་ཀྱི་ཚལ་པ་བཞིས་ཀྱང་གཡོན་དང་གཡས་སུ་སྐོར་བ་སྔར་བཞིན་བྱ་སྟེ་འོན་ཀྱང་ཁམ་ཕོར་མན་ཆད་རྣམས་མེར་མི་འདོར་རོ། །དེ་ནས་ཉེ་རེག་བྱ་ལ་གཙོ་བོའི་སྔགས་བརྗོད་ཅིང་ཐུགས་ཀར་དྲི་དང་དབུ་ལ་མེ་ཏོག་གི་ཕྲེང་བ་བཅིངས་པ་དང་བདུད་དུ་མཆོད་ཡོན་འབུལ་བ་བྱས་ནས་མར་མེས་ཡོངས་སུ་བསྐོར་ཏེ་འཁྱིལ་པ་དང་ཧཱུཾ་ལན་བདུན་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ། །གུར་གྱི་བརྒྱད་པ་ལས་གསུངས་པའི་བྱབ་པའི་སྔགས་དེའི་སྔགས་དོན་དང་བསྟུན་ན་སྡིག་པ་སྦྱོང་བར་སྣང་ལ། ལྭ་བ་པས་མི་གཙང་བ་བསལ་བ་དང་བི་བྷཱུ་ཏཱིས་བྱུར་བསལ་བར་བཤད་དོ། །གཉིས་པ་ནི། དེ་ནས་བླ་མས་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་དེ་སློབ་མ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པས་གསོལ་བ་གདབ་བོ། །འདིའི་དོན་ནི། སྔར་གྱི་གསོལ་གདབ་ཀྱི་བཤད་པས་ཤེས་སོ། །ཕྲེང་བ་ལས་མི་བསྐྱོད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་
ཞེས་པ་ཙམ་མ་གཏོགས་པ་དབང་རྫས་ཀྱི་སྐྱེད་ཆོག་མི་གསལ་ཡང་འདིའི་རྗེས་འབྲང་གཉིས་ཀྱིས་ཆུ་མི་བསྐྱོད་པར་བསྐྱེད་པ་ལ་ཡེ་ཤེས་པ་བཅུག་ཅིང་ཁྱད་པར་དུ་རཏྣ་རཀྵི་ཏས་དེ་ཞུ་བའི་ཆུར་བཤད་པས། བུམ་ཆུ་རྣམས་བསངས་སྦྱངས་ལ་ཧཱུཾ་དུ་གྱུར། དེ་ལས་ཧཱུཾ་གིས་མཚན་པའི་རྡོ་རྗེར་གྱུར། དེ་ལས་མི་བསྐྱོད་པར་བསྐྱེད་པ་ལ་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་བསྟིམས་ལ་མཆོད་ནས་དེ་ཡོངས་སུ་གྱུར་པའི་ཆུར་བལྟའོ། །དེ་ནས་ཕྲེང་བ་ལས། དེ་བཞིན་གཤེགས་པ་ཞུ་བ་སྔོན་ལ་བྱས་ནས་དེ་ནས་སློབ་མ་ཞལ་དུ་བཅུག་པ་ལ་དབང་བསྐུར་བར་བཤད་ཀྱང་རཏྣ་རཀྵི་ཏས་དེའི་གོ་རིམས་བཟློག་པ་བདེ་བས་དེ་བཞིན་དུ་བྱ་སྟེ། སློབ་མ་རང་གི་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་བཏོན་ནས་རིག་མའི་པདྨར་གཞག་ལ། དེ་ནས་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་དུ་བསམས་པའི་རྗེས་ལ་དང་པོར་ཧཱུཾ་དང་དེ་ནས་རྡོ་རྗེ་དེ་ནས་རྡོ་རྗེ་དེས་མཚན་པ་ལས་སྐྱེས་པའི་མི་བསྐྱོད་པའི་སྐུ་རིག་མ་དང་བཅས་པར་བསྐྱེད། ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ཞེས་གསུངས་པས་ཡེ་ཤེས་པ་གཞུག་གོ །དེ་ནས་དེ་བཞིན་གཤེགས་པ་ཤེས་རབ་མ་དང་སྙོམས་པར་འཇུག་པ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་སྣང་གི་སྒོ་སྤྱི་བོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བས་པདྨར་གནས་པའི་སློབ་མ་ལྷར་བསྐྱེད་པ་ལ་དབང་བསྐུར་ནས་སླར་ཡང་ཞལ་ཕྱག་ལ་སོགས་པའི་སྐུ་རྣམས་ཀྱིས་པདྨ་ནས་ཕྱུང་སྟེ་གཞག་གོ །སྐབས་
འདིར་གུར་ལས་གསུངས་པའི་དོན་མི་ཐུབ་ཟླ་བས། བུམ་པ་བརྒྱད་པོ་ཐམས་ཅད་ཀྱི། །རང་གི་རིག་མ་སྐྱེས་བུའི་ཆུས། །ཐུགས་རྡོ་རྗེ་རུ་རབ་བསྒོམས་པས། །རྡོ་རྗེ་འཆང་བསམས་དབང་བསྐུར་བྱ། །ཞེས་གསུངས་པས་ཆུ་དབང་དང་ནང་དབང་གཉིས་ཀ་བསྟན་པར་མངོན་ནོ། །ལྷའི་རིགས་ཀྱི་བློ་གྲོས་ཀྱིས་ནང་དབང་ལ་མ་སྦྱར་རོ། །ཆུ་དབང་སྐུར་བའི་སྔོན་དུ་དམིགས་པའི་རིམ་པ་ནི། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་དམིགས་ལ་དེ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང་བ་དན་དང་ན་བཟའ་རྣམས་སློབ་མའི་སྟེང་ཕྱོགས་སུ་འཛིན། གླུ་གར་མཛད་ཅིང་རོལ་མོ་རྡུང་མེ་ཏོག་དང་གུར་ཀུམ་ལ་སོགས་པའི་ཆར་འབེབས་ཕྱག་གིས་ཅུང་ཟད་ཡོ་བར་བཟུངས་པའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་བཀང་བ་རྣམས་ཀྱིས་ཡུམ་གྱི་པདྨ་ནས་ཕྱུང་བའི་སློབ་མ་དེ་ལ་དབང་བསྐུར་བཞིན་པ་དང༌། གཟུགས་རྡོ་རྗེ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་
པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་མཆོག་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་བྱེད་པ། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་དང་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཅེས་བཀྲ་ཤིས་བརྗོད་པར་བསམ་མོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་བཞི་པ་ལས། ཏིལ་གྱི་གང་བུ་བཞིན་གང་བའི། །རྒྱལ་བས་བུམ་པ་བཟུངས་ནས་ནི། །ཞེས་གསུངས་པས་བུམ་པ་འཛིན་མཁན་སྤྱན་མ་ལ་སོགས་པའི་རིག་མས་བྱ་དགོས་པའི་ངེས་པ་མེད་དོ། །དེ་ལྟར་མོས་ནས་རང་གིས་ཀྱང་ཤིས་པའི་སྒྲ་གླུར་བླང་བ་སྔོན་དུ་བཏང་ནས་བྱ་སྟེ། འདིའི་དུས་སུ་དཔོན་སློབ་རྣམས་ཀྱིས་བུམ་པ་བཏེག་ནས་སློབ་མ་ལ་ཤིས་པ་བྱེད་དེ་ཟུང་འཇུག་གསལ་བ་ལས། བུམ་པ་བཟུང་སྟེ་བཀྲ་ཤིས་པའི། །ཚིགས་སུ་བཅད་པ་ཐོག་མར་བཀླག །ཅེས་གསུངས་སོ། །དེ་ནས་ཆུ་དབང་སྐུར་ལུགས་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ལས་ཆུ་ཅུང་ཟད་རེ་བཅུས་ཏེ་ཐོད་པོར་ར་དུང་ཆོས་སུ་བླུགས་པས་ཆུ་དབང་སྐུར་བའམ་ཡང་ན་དང་པོར་རྣམ་རྒྱལ་གྱི་བུམ་པ་དང་དེ་ནས་དེ་བཞིན་གཤེགས་པ་བཞིའི་བུམ་པ་དང་དེ་ནས་ལྷ་མོ་
བཞིའི་བུམ་པ་དང་དེ་ནས་ཇི་ལྟར་རིགས་པར་དཀྱིལ་འཁོར་བའི་བུམ་པ་གཞན་རྣམས་ཀྱིས་དབང་བསྐུར་རོ། །དབང་བུམ་གཅིག་ལས་མེད་ན་རྣམ་རྒྱལ་བུམ་པའི་མི་བསྐྱོད་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་ཡལ་འདབ་དང་བཅས་པའི་རྡོ་རྗེ་ལག་པ་གཡས་པས་བཟུངས་ལ། དེས་ཆུ་བླངས་ཏེ་རྡོ་རྗེའི་རྩེ་མོས་བླུགས་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་འབྱུང་བ། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ༀ་ཨཱཿ བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ། །བསྡུས་པ་ལ་དགའ་ན་དེ་ལྟར་བྱ་ལ་དེ་ལྟ་མ་ཡིན་ན། ༀ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀེ་ཎ་ཏྭཾ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏྭི་ཏྭེ་ན་དྲི་ཌྷོ་བྷ་བ་ཞེས་ཀྱང་བརྗོད་དེ་སྔགས་གཉིས་ནི་ཀླུ་བྱང་དང་ཟུང་འཇུག་གསལ་བས་ཀྱང་བཤད་དོ། །སྦྱིན་པར་བྱའོ། །ཞེས་དྲང་ངོ༌། །གང་གི་མདུན་དུ་ན་སངས་རྒྱས་ཀུན་གྱི་སྤྱན་སྔར་རོ། །གང་ན་དབང་བསྐུར་བའོ། །དེའི་ཁྱད་པར་ལ་ཆེན་པོ་ནི། ཁམས་གསུམ་གྱི་རྒྱལ་པོར་རབ་ཏུ་བཞུགས་པ་སྟེ། དེའི་ཕྱིར་ཁམས་གསུམ་པ་ཡིས་ཕྱག་བྱས་པའོ། །དེ་ངས་ཁྱོད་ལ་སྦྱིན་གྱིས་ཁྱོད་ཀྱིས་ཀྱང་འདི་ལ་ནན་ཏན་དུ་བྱའོ་ཞེས་སློབ་མ་དབུགས་འབྱིན་པའོ། །རྡོ་རྗེ་ནི། དོར་དུ་མི་རུང་བའོ། །རྡོ་རྗེ་གསང་བ་གསུམ་དབྱེར་མི་ཕྱེད་པ་ནི། རྡོ་རྗེ་འཆང་ཡིན་ལ་དེ་ལས་བྱུང་བ་ནི་དེའི་རིགས་ལས་སྐྱས་པ་ལ་ལེའུ་བཅུ་དྲུག་པའི་སྒྲོན་གསལ་ལས་
བཤད་དོ། །དེ་ལྟར་དབང་བསྐུར་བའི་དུས་སུ་བདེ་བ་ཕུན་སུམ་ཚོགས་པ་བྱུང་བར་བསམ་མོ། །དཀྱིལ་ཆོག་འདི་ལ་སོགས་པར་བུམ་པ་མགོར་འཇོག་པ་མི་གསལ་ཡང་བླ་མ་རྣམས་ཀྱིས་མཛད་པ་ལྟར་ཀྱཻ་རྡོར་ལས་རིམ་གྱི་ཆོ་ག་ལས་འབྱུང་ངོ༌། །ཡོ་ག་ནས་འཐུང་དུ་འཇུག་པ་ཡང་བཤད་དོ། །སྙེ་མ་བཅུ་གཉིས་པ་ལས་དབང་བསྐུར་བ་ནི། ཡེ་ཤེས་ཀྱི་ཆུ་རྣམས་ཀྱིས་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་འཁྲུད་པའོ། །དེའི་ཕྱིར་དབང་བསྐུར་བའི་ཁུ་བས་སྤྱི་བོར་གནས་པས་རྒྱས་གདབ་པར་རིགས་ཀྱི་དབྱེ་བས་འགྱུར་རོ། །ཞེས་མངོན་རྟོགས་ཀྱི་ཆུ་དབང་གི་སྐབས་སུ་གསུངས་ཏེ་འདིར་ཡང་འདྲའོ། །གཉིས་པ་ནི། དེ་ནས་དབང་ལྷག་མ་བཞི་ལ་སློབ་དཔོན་ལ་གསོལ་བ་བཏབ་པའི་རྗེས་སུ་སློབ་མ་ཨཾ་དང་རིན་པོ་ཆེ་དང་ཧྲཱིཿ དང་པདྨ་དང་ཁཾ་དང་རལ་གྲི་དང་ༀ་དང་འཁོར་ལོ་ལས་ཆོ་ག་གསུམ་གྱིས་རིན་འབྱུང་ནས་རྣམ་སྣང་གི་བར་དུ་སྐྱེད་པ་སོགས་སྔར་བཞིན་དུ་བྱ་སྟེ་དབང་རྫས་ལ་ཡང་འདྲའོ། །ཅོད་པན་གྱི་དབང་རྫས་ནི། གསེར་དང་རས་ལ་སོགས་པ་ལས་བྱས་པའི་རིགས་ལྔའི་ཅོད་པན་སློབ་མའི་རིགས་བདག་དབུས་ན་གནས་པའོ། །དེ་མགོའི་དབུས་དང་ལོགས་གཉིས་དང་སྤྱི་བོ་དང་རྒྱབ་རྣམས་སུ་རིམ་པ་བཞིན་ༀ་བཛྲ་དྷཱ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ༀ་སརྦ་ཏ་ཐཱ་ག་ཏ་སཏྭ་བཛྲ་ཨ་བྷི་ཥིཉྩ་བྲུཾ། ༀ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཨཱཿ ༀ་དྷརྨཱ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨཱ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་པའི་སྔགས་ལྔས་མགོ་བོ་ལ་བསྐོན་ནོ། །ཀླུ་བྱང་གིས་ཕྲེང་བ་བཞིན་
དུ་བཤད་ཅིང་ཕྱག་རྒྱ་བཅིངས་ཏེ་གནས་དེ་དག་ཏུ་བཞག་ནས་སྔགས་དེ་རྣམས་བརྗོད་པར་མཛད་དོ། །དེ་ནས་དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་སོགས་དང༌། ༀ་ཨཱཿ བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ལ་བཛྲ་ཏུ་ཥྱ་ཧོཿ ཞེས་བརྗོད་པས་དགྱེས་པར་བྱའོ། །སྐབས་འདིར་རིགས་ལྔ་ཀས་དབུ་བརྒྱན་པར་སྒོམ་པར་ཀླུ་བྱང་གིས་ཀྱང་གསུངས་སོ། །དེ་ནས། ༀ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཿ ཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་བར་བྱའོ། །ཟུང་འཇུག་གསལ་བས་དབུ་རྒྱན་ལ་དར་དཔྱངས་དཔྱངས་ནས་བཛྲ་ཏུ་ཥྱ་ཧོཿ ཞེས་བརྗོད་དེ་མཉམ་པའི་ཐལ་མོས་མཉེས་པར་བཤད་དེ་ཀླུ་བྱང་གི་དགོངས་པའོ། །རྡོ་རྗེའི་དབང་ལ་ཡང་དབང་བསྐུར་རྡོ་རྗེ་ཞེས་པའི་ཚིགས་བཅད་དང༌། སངས་རྒྱས་རྣམས་ཀྱིས་རྡོ་རྗེ་ཡི། །དབང་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །ཞེས་བརྗོད་ཅིང་སློབ་མའི་སྙིང་མགྲིན་མགོ་བོ་རྣམས་ལ་རྡོ་རྗེས་རེག་ནས་ལག་པ་གཡས་སུ་སྦྱིན་ནོ། །འདིར་གུར་ལས། སློབ་མ་འཇིག་རྟེན་དབང་བསམས་ལ། །ཞེས་གསུངས་པའི་དོན་འགྲེལ་པས་པདྨ་གར་གྱི་དབང་ཕྱུག་ཏུ་སྒོམ་པ་ལ་བཤད་ཅིང༌། རྡོ་རྗེ་ཆེན་པོ་རྩེ་དགུ་པ། །ཞེས་གསུངས་པའི་དོན་ནི། རྩེ་ལྔ་པ་ཡིན་ཡང་སྟེང་འོག་གི་རྩེ་བརྒྱད་དང་དབུས་མ་དང་བཅས་པས་རྩེ་དགུ་པའོ་ཞེས་བཤད་དོ། །རྐང་པ་ཐ་མ་གཉིས་ལ་གུར་ལས། འདི་དེ་སངས་རྒྱས་ཀུན་ཉིད་དུ། །
རབ་སྒྲུབ་ཕྱིར་ན་རྡོ་རྗེ་ཟུངས། །ཞེས་འབྱུང་ངོ༌། །དེ་ཉིད་སྣང་བ་ལས་ནི། ཚིགས་བཅད་དེའི་དོན་འདི་ལྟར་བཤད་དེ་སངས་རྒྱས་རྣམས་ཀྱིས་དེ་རིང་ཁྱོད་ལ་རྡོ་རྗེའི་དབར་བསྐུར་བས་རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས་ཤིག་པ་སྟེ་ཟུངས་ཤིག །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་གསུངས་པས་རྡོ་རྗེའི་དབང་བསྐུར་བས་ནི། རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བ་གསུངས་པ་ཡིན་ནོ། །རྡོ་རྗེའི་དབང་བསྐུར་བ་འདི་ནི། སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་ཡིན་ནོ། །དེ་བླང་བར་བྱ་བའི་རྒྱུ་མཚན་ནི། གང་གི་ཕྱིར་རྡོ་རྗེ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་དེ་རབ་ཏུ་གྲུབ་པ་སྟེ་ཐོབ་པར་བྱ་བའི་ཕྱིར་ཁྱོད་ཀྱིས་ལོངས་ཞེས་པའོ། །དྲིལ་བུའི་དབང་ནི། དྲིལ་བུ་སློབ་མའི་ལག་པ་གཡོན་དུ་སྦྱིན་ལ་རྡོར་དྲིལ་དང་ལྡན་པའི་ལག་པས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ་དབང་བསྐུར་ཞེས་སོགས་བརྗོད་པ་སྔོན་དུ་འགྲོ་བས། ༀ་བཛྲ་ཨ་དྷི་བ་ཏི་སྟྭཾ་ཨ་བྷི་ཤིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་གུར་གྱི་བཞི་པ་ལས་འབྱུང་བ་བརྗོད་ལ་ༀ་བཛྲ་གྷཎྜེ་ཨཿ ཨཿ བཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། ཅེས་འདོན་དུ་གཞུག་སྟེ་སྔགས་དེ་ནི་གུར་གྱི་བཅུ་བཞི་པ་ལས་སོ། །སྔགས་ཕྱི་མ་དང་རྐང་པ་གཉིས་བརྗོད་པ་ནི་ཀླུ་བྱང་གི་དགོངས་པའོ། །དེ་ཉིད་བསྡུས་པ་དང་དཔལ་མཆོག་གི་བཞེད་པས་སངས་རྒྱས་ཀུན་གྱི་ཞེས་པའི་ཚིགས་བཅད་ཀྱིས་རྡོ་རྗེའི་དབང་དང༌། བཛྲ་
ཨ་དྷི་པ་ཏི་ཞེས་སོགས་ཀྱི་སྔགས་ཀྱིས་བདག་པོའི་དབང་སྐུར་བར་བཞེད་པ་བཞིན་དུ་མར་མེ་མཛད་བཟང་པོ་དང་མི་ཐུབ་ཟླ་བ་སོགས་ཀྱིས་ཀྱང་དེ་བཞིན་དུ་བཤད་ལ། དཱ་རི་ཀ་པས་རྡོ་རྗེའི་ཚིགས་བཅད་དེ་དྲིལ་བུ་ལ་འདོན་པ་བསྒྱུར་ཏེ་ངེས་དྲིལ་བུ་བྱིན་ནས་སྔགས་ནི་བདག་པོའི་དབང་གི་བརྟན་བྱེད་དུ་བཤད་དོ། །ནག་པོ་སྤྱོད་པ་སོགས་ཀྱིས་ཚིག་ཅུང་ཟད་མི་འདྲ་བར་བྱས་ནས་སྔགས་དང་ཚིགས་བཅད་གཉིས་ཀས་རྡོ་རྗེའི་དབང་བསྐུར་བའི་འོག་ཏུ་ཚིགས་བཅད་གཞན་གྱིས་དྲིལ་བུའི་དབང་སྟེར་བར་བཤད་དོ། །སྔགས་དེའི་དོན་རྡོ་རྗེའི་དབང་དང་དྲིལ་བུའི་དབང་གཉིས་ཀ་ལ་བཤད་དུ་རུང་བ་ཅིག་ཡོད་པས་ཚད་ལྡན་ལ་ལས་རྡོ་རྗེའི་དབང་ལ་སྦྱར་ཞིང་ལ་ལས་དྲིལ་བུའི་དབང་ལ་སྦྱར་བར་གསལ་ལོ། །ལྭ་བ་པས། ༀ་དྲིལ་བུ་རྡོ་རྗེ་རབ་ལྡན་པས། །ཤིན་ཏུ་དཔའ་བོ་ཉིད་དབང་བསྐུར། །རྡོ་རྗེ་དམ་ཚིག་གནས་པ་ཁྱོད། །བདག་པོའི་དབང་བསྐུར་རྒྱལ་མནོས་ཤིག །ཅེས་པ་འདིས་དྲིལ་བུའི་དབང་སྦྱིན་པར་བཞེད་དེ་རྐང་པ་གསུམ་པ་ནི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་པའི་དོན་ཡིན་ལ་བདག་པོའི་དབང་བསྐུར་བ་ནི། ཨ་དྷི་བ་ཏི་ཨ་བྷི་ཥིཉྩ་ཞེས་པའི་དོན་ཡིན་པས་དོན་བསྡུ་ན་རྡོ་རྗེའི་དམ་ཚིག་ལ་གནས་པ་ཁྱོད་ལ་རྡོ་རྗེའི་བདག་པོའི་དབང་བགྱིའོ་ཁྱོད་ཀྱིས་མནོས་ཤིག་ཅེས་པའི་དོན་ཏེ། ལྭ་བ་པའི་དགོངས་པའོ། །ཀུན་སྙིང་གིས་སྔགས་དེའི་དོན་དེ་དང་མི་འདྲ་བར་བཤད་དོ། །རྡོ་རྗེ་དང་དྲིལ་བུའི་སྐབས་འདིར་རྡོ་རྗེའི་དམ་ཚིག་དང་རྡོ་རྗེའི་བརྟུལ་ཞུགས་
དང་དྲིལ་བུའི་དམ་ཚིག་སྦྱིན་པའི་ཚིག་རྣམས་ཀྱང་བརྗོད་ནས་ཕྱོགས་གཅིག་ཏུ་སྐུར་བ་ཆེན་པོ་མང་པོས་མཛད་ལ། བྷ་བ་བྷ་དྲས་དྲིལ་བུའི་དབང་གི་རྒྱུན་ཉིད་ལ་མིང་དབང་གི་སྔོན་དུ་ཕྱག་རྒྱའི་དམ་ཚིག་ཀྱང་བྱིན་ནས་དེ་དག་གིས་སློབ་དཔོན་གྱི་དབང་བསྐུར་བར་ཡང་མཛད་དོ། །འོན་ཀྱང་ལྭ་བ་པ་དང་དཱ་རི་ཀ་པ་དང་སློབ་དཔོན་འདིས་མཛད་པ་ལྟར་རྡོར་དྲིལ་གྱི་དམ་ཚིག་དང་ཕྱག་རྒྱའི་དམ་ཚིག་རྣམས་སློབ་མའི་དབང་བསྐུར་བའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་སྐབས་སུ་མཛད་པ་ལྟར་གཞན་རྣམས་ཀྱི་དགོངས་པ་ཡང་དེ་ལྟར་བླངས་ན་ལེགས་སོ། །དྲིལ་བུའི་དབང་འདི་ལ་མིང་གཉིས་པ་བདག་པོའི་དབང་ཞེས་ཀྱང་གསུངས་ལ་བདག་པོའི་དབང་ཞེས་ཟེར་བའི་སྒྲ་དོན་ནི་འཆད་པར་འགྱུར་རོ། །མིང་དབང་ནི། མགོར་རྡོ་རྗེ་དང་དྲིལ་བུ་མཉམ་པོར་བཟུངས་ཤིང་དབང་བསྐུར་ཞེས་སོགས་དང༌། ༀ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥི་ཀ་ཏ་ཞེས་གུར་གྱི་བཞི་པ་ནས་འབྱུང་བ་བརྗོད་ལ་ཞེ་སྡང་རྡོ་རྗེ་ཁྱོད་དམ་གཏི་མུག་རྡོ་རྗེ་ཁྱོད་ཅེས་པ་སོགས་ཀྱིས་མེ་ཏོག་གང་ལ་འཕོག་པའི་རྗེས་སུ་འབྲངས་ནས་རང་གི་རིགས་ཀྱི་མིང་རྣམ་སྣང་གི་བདག་ཉིད་ཀྱིས་དབང་བསྐུར་བར་བྱའོ། །རིགས་དྲུག་གི་དབང་དུ་བྱས་པའི་ཕོ་མོའི་མིང་འདོགས་ལུགས་རྒྱས་པ་ནི་ཕྲེང་བ་ལས་ཤེས་པར་བྱའོ། །དེ་ཉིད་བསྡུས་པ་ལས་ཀྱཻ་རྡོ་རྗེ་ཞེས་གང་གི་མིང་གང་དུ་བརྗོད་པ་དེར་ཀྱཻ་ཞེས་བརྗོད་པར་བྱའོ་ཞེས་གསུངས་ཏེ་ཀྱཻ་ཞེས་པ་ནི་བོད་པའོ། །དེ་ལ་དཔལ་གྱི་སྒྲ་ཡང་དགོས་པར་མར་མེ་མཛད་བཟང་པོ་ལ་སོགས་
པས་གསུངས་པས་དཔལ་མི་བསྐྱོད་རྡོ་རྗེ་ཞེས་པ་ལྟ་བུ་ནི། ཡོན་ཏན་བརྗོད་ནས་མིང་འདོགས་པ་ཡིན་པས་མིང་དབང་བསྐུར་བའི་ཚེ་དབང་སྔར་ཐོབ་པ་ལ་གསང་མཚན་འདྲི་བ་ན་ཀྱཻ་དཔལ་ཞེས་འདྲི་བ་མིན་ནོ། །དཱ་རི་ཀ་པས། དཔལ་དང་རྡོ་རྗེའི་སྒྲ་ལྡན་པར། །སློབ་དཔོན་གྱིས་ནི་ལན་གསུམ་བོད། །ཅེས་བཏགས་པའི་མིང་དེས་ལན་གསུམ་འབོད་པར་ཡང་གསུངས་སོ། །སློབ་དཔོན་འདིས་དབང་ལྷག་མ་བཞི་ལ་ཆུ་དབང་སྐུར་བ་གསལ་བ་མ་བཤད་པ་བཞིན་དུ་དཀྱིལ་ཆོག་ཁུངས་ཐུབ་མང་པོར་ཡང་མ་བཤད་མོད་ཀྱང་ལྭ་བ་པས་དབང་བཞི་རེ་རེའི་མཐར་ཆུ་དབང་སྐུར་བ་མཛད་པ་བཞིན་དུ་བྱ་དགོས་ཏེ་འདི་དག་ལ་བུམ་པའི་བྱ་བ་རྗེས་སུ་འགྲོ་བས་བུམ་དབང་དུ་གསུངས་པའི་ཕྱིར་རོ། །ཕྲེང་བ་ལས་ཀྱང་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བའི་ཕྱིར་ཆུ་ནས་སློབ་དཔོན་གྱི་བར་དྲུག་བུམ་དབང་དུ་བཤད་པའི་ཕྱིར་དང་དེ་བཞིན་གཤེགས་པ་ཡབ་ཡུམ་གྱིས་བུམ་པ་བཟུངས་ནས་དབང་བསྐུར་བ་དང་གཟུགས་རྡོ་རྗེ་མ་ལ་སོགས་པས་ཤིས་པ་བརྗོད་པའི་དམིགས་པ་རྣམས་དབང་ལྷག་མ་བཞི་ལ་ཡང་བྱ་བར་གསུངས་པའི་ཕྱིར་རོ། །དེས་ན་དེ་དག་གི་སྐབས་སུ་ཡང་དབང་གི་ལྷ་སྤྱན་དྲངས་པ་རྣམས་ཀྱིས་ཇི་ལྟར་མཛད་པའི་དམིགས་པ་ནི། ཆུ་དབང་གི་སྐབས་བཞིན་དུ་གཟུང་ལ་ལྷག་མ་བཞི་ལ་ཡུམ་དང་བཅས་པར་སྐྱེད་པ་མ་བྱུང་ཡང་སྔ་མའི་འགྲོས་ཀྱིས་འཐོབ་བོ། །དབང་བསྐུར་རྡོ་རྗེ་
ཞེས་པའི་ཚིགས་བཅད་དབང་ལྔ་ཀ་ལ་བརྗོད་ནས་སྐུར་བ་ནི། ལྭ་བ་པས་ཀྱང་མཛད་དོ། །ཕྱི་མ་རྣམས་ལ་ཆུ་དབང་སྐུར་བའི་ཚེ་ནི། སློབ་དཔོན་གྱི་དབང་གི་སྐབས་སུ་བཤད་པའི་སྔགས་བརྗོད་ནས་བྱའོ། །དེ་ལྟར་ན་དབང་ལྔ་པོ་དེ་དག་སྐུར་བའི་ཚེ་སྔར་བཤད་པ་ལྟར་རང་རང་གི་སྐབས་ཀྱི་དབང་གང་ཡིན་ངོས་ཟིན་པར་བྱས་ལ་བརྡ་དོན་གསལ་པོར་འཕྲོད་ངེས་སུ་བྱས་ཏེ་བསྐུར་བར་བྱའོ། །ཆུ་དབང་གི་སྡོམ་ནི། ཡོན་དབུལ་གུས་པས་གསོལ་བ་གདབ། །དབང་སྟེགས་ལ་བཞག་སྦྱང་བ་བྱ། །དབང་ལྷ་སྤྱན་དྲང་ལྷ་རུ་བསྐྱེད། །ལྷ་ལ་གསོལ་གདབ་ནང་དབང་བྱ། །ཤིས་པ་བརྗོད་དེ་ཆུ་དབང་བསྐུར། །བསྟིམ་ཞིང་མཆོད་ནས་དབང་དོན་བཤད། །ཅེས་པའོ། །དབང་ལྷག་མའི་སྡོམ་ནི། གསོལ་གདབ་དབང་ལྷ་སྤྱན་དྲང་ཞིང༌། །གཉིས་ཀ་ལྷར་བསྐྱེད་ལྷ་ལ་གསོལ། །ནང་དང་ཕྱི་ཡི་དབང་གཉིས་བསྐུར། །ཆུ་དབང་བྱ་ལ་ལྷ་རྣམས་བསྟིམ། །མཆོད་ནས་དབང་དོན་བཤད་པར་བྱ། །ཞེས་པའོ། །གཉིས་པ་ལ་གཉིས། སློབ་དཔོན་གྱི་དབང་གི་རྣམ་གཞག་དང༌། སློབ་དཔོན་གྱི་དབང་གི་ཆོ་གའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་དང་ཕྱིར་མི་ལྡོག་པའི་དབང་གཉིས་ཀྱི་སྒྲ་འཇུག་པའི་ཡུལ་དངོས་ནི། དབང་དྲུག་པ་ཉིད་ཡིན་ལ་ཉེ་བར་བཏགས་པའི་སྒྲ་ནི། ཆུ་ལ་སོགས་པའི་དབང་ལ་ཡང་འཇུག་གོ །བུམ་པའི་དབང་གི་སྒྲ་ནི། དབང་དྲུག་ཀ་ལ་ཡང་དངོས་སུ་འཇུག་པས་སྔ་མ་གཉིས་དང་ཁྱབ་ཆེ་ཆུང་ཡོད་དོ། །འདིར་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་གང་ཞིག་ལ་བྱ་སྙམ་ན། དཔལ་འཛིན་
གྱིས། ཕྱིར་མི་ལྡོག་པའི་དབང་བསྐུར་ཡང་བསྟན་པ་ཉིད་དེ་རྡོ་རྗེ་དང་དྲིལ་བུའི་དམ་ཚིག་ལ་ལུས་བྱིན་གྱིས་བརླབ་པ་བཅུག་ནས་སོ། །ཞེས་དང༌། འདི་ཡིས་རང་གི་འདོད་པའི་ལྷའི་བདག་ཉིད་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བོ་ཞེས་བྱ་བ་ཕྱག་རྒྱའི་དམ་ཚིག་གོ །ཞེས་གསུངས་པས་ཕྱག་རྒྱའི་དམ་ཚིག་སྦྱིན་པའི་སྐབས་སུ་སློབ་དཔོན་གྱི་དབང་དངོས་གཞི་སྦྱིན་པར་བཞེད་དོ། །སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་རྟག་པའི་རྡོ་རྗེས་ཀྱང་ཕྱག་རྒྱའི་དམ་ཚིག་འདོད་ལྷ་ཡབ་ཡུམ་འཁྱུད་པའི་རྣམ་པ་ཅན་དུ་བྱས་པའི་སྐབས་སུ་སློབ་དཔོན་གྱི་དབང་བསྐུར་བར་བཞེད་དེ། དེ་ལྟར་བྱས་པའི་ཕྱག་རྒྱའི་དམ་ཚིག་གི་ཤེས་བྱེད་དུ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ཞེས་སོགས་དྲངས་ནས་བསྒྲུབས་པའི་ཕྱིར་རོ། །ལྭ་བ་པས་ཀྱང༌། འདིས་རང་གི་འདོད་པའི་ལྷའི་ལུས་རྡོ་རྗེ་འཆང་གི་ངོ་བོ་ཅན་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབས་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ །དེ་དག་ནི། ཕྱག་རྒྱ་ཆེན་པོའི་དམ་ཚིག་གོ །ཞེས་ཕྱག་རྒྱའི་དམ་ཚིག་གི་ཚིགས་བཅད་ཀྱིས་དེ་ལྟར་བྱ་བར་གསུངས་ཤིང་སོ་སོར་ཕྱེ་ནས་སློབ་དཔོན་གྱི་དབང་འདི་ཡིན་ཞེས་གསལ་བར་མ་མཛད་ཀྱང་སྔ་མ་རྣམས་དང་དགོངས་པ་གཅིག་གོ །ཕྲེང་བའི་དགོངས་པ་ཡང་ཟུང་འཇུག་གསལ་བ་དང་རྟག་པའི་རྡོ་རྗེ་དང་འདྲའོ། །འོ་ན་ཕྲེང་བ་ལས། རྒྱུད་གཞན་དུ་དམ་ཚིག་གསུམ་སློབ་དཔོན་གྱི་དབང་གི་འཁོར་དུ་གསུངས་པའི་ཤེས་བྱེད་དུ། ཤེས་
རབ་བཅུ་དྲུག་ལོན་པ་ལ། །ཞེས་སོགས་དྲངས་པ་ཇི་ལྟར་ཡིན་སྙམ་ན། ཕྱག་རྒྱའི་དམ་ཚིག་གཟུང་བའི་སྐབས་སུ་སློབ་དཔོན་གྱི་དབང་ཐོབ་པ་ཡིན་ཡང་དམ་ཚིག་དེ་ཉིད་དབང་དེའི་ཡན་ལག་ཏུ་མི་འགལ་ཏེ་ལུས་འདོད་ལྷ་ཡབ་ཡུམ་དུ་སྒོམ་པ་ནི། སློབ་དཔོན་གྱི་དབང་གི་རྒྱུ་ཡིན་པའི་ཕྱིར་རོ། །ལྷ་ཡབ་ཡུམ་སྒོམ་པ་ཕྱག་རྒྱའི་དམ་ཚིག་གི་སྐབས་སུ་བྱེད་པའི་ཤེས་བྱེད་དུ་དྲངས་པས་ན། ཤེས་རབ་བཅུ་དྲུག་ལོན་པ་ནི། དེ་འདྲ་བའི་ལང་ཚོ་ཅན་དུ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པའོ། །རྡོ་རྗེ་དྲིལ་བུ་མཉམ་པར་སྦྱོར་བ་ནི། རྡོར་དྲིལ་བཟུངས་པའི་ལག་པས་འཁྱུད་པའི་ཚུལ་བྱེད་པར་བསྒོམ་པ་སྟེ་ཤཱནྟི་པས་ཀྱང༌། རྡོ་རྗེ་དྲིལ་བུ་སྦྱོར་བ་ཡིས། །ཞེས་བྱ་བ་ནི། ལག་པ་གཉིས་ཀྱིས་སོ། །ཞེས་གསུངས་སོ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་པ་ནི། འཁྱུད་པ་ལས་བྱུང་བའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ནོ། །འདིར་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ལ་བྱེད་ན་ནི། དབང་གསུམ་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྐུར་བ་དང་ཁྱད་པར་མེད་པར་འགྱུར་ལ། ཡུམ་ལ་འཁྱུད་པར་བསྒོམས་པ་ཙམ་ལས་བྱུང་བའི་བདེ་བ་ལ་བྱེད་ན་ནི། རིག་པའི་དབང་ལྔ་ལ་ཡབ་ཡུམ་འཁྱུད་པའི་རྣམ་པ་ཅན་དུ་སྒོམ་པའི་བདེ་བ་དང་ཁྱད་པར་ཅི་ཡོད་སྙམ་ན། ཕྱོགས་དང་པོ་ནི། མི་འདོད་པས་ཕྱོགས་གཉིས་པ་ཡིན་ཡང་ཁྱད་པར་ཡོད་དེ་སྔར་ནི་རིགས་ལྔ་ཡབ་ཡུམ་ཡིན་པས་རིགས་ཉི་ཚེ་བ་ཡིན་ལ་འདིར་ནི། རིགས་ལྔ་ཀའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་
དང་རྡོ་རྗེ་སྙེམས་མ་ཡབ་ཡུམ་ཡིན་པས་འཁྱུད་པའི་ཡུལ་རྟེན་གྱི་ཁྱད་དང༌། སྔར་ནི་ཡབ་ཡུམ་ཕན་ཚུན་འཁྱུད་པའི་རྣམ་པ་ཅན་དུ་སྒོམ་ཡང་འཁྱུད་པ་ལ་ཆེད་དུ་གཏད་ནས་སེམས་བཟུངས་ཏེ། དེ་ལས་བྱུང་བའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་མི་སྐྱེད་ལ་འདིར་ནི་དེ་སྐྱེད་པའི་ཕྱིར་དང༌། སྐྱེད་ཚུལ་ཡང་རྡོ་རྗེ་ཐུགས་ཀྱི་དམ་ཚིག་དང་དྲིལ་བུ་གསུང་གི་དམ་ཚིག་དང་ལུས་འདོད་ལྷ་ཡབ་ཡུམ་གྱི་སྐུར་གསལ་བ་ཕྱག་རྒྱའི་དམ་ཚིག་སྟེ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མཚོན་པའི་དམ་ཚིག་ཁྱད་པར་ཅན་གསུམ་ལ་བརྟེན་ནས་སྐྱེད་པའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ལ་སློབ་དཔོན་གྱི་དབང་དུ་ངོ་སྤྲོད་པ་ཡིན་པའི་ཕྱིར་རོ། །ཉིན་མོ་འབྱུང་གནས་ཀྱིས་དམ་ཚིག་གསུམ་སྦྱིན་པ་དང་དཀྱིལ་འཁོར་དང་ལྷའི་དེ་ཉིད་དང་སློབ་དཔོན་གྱི་ལས་རིམ་སྟོན་པ་སོགས་ཀྱིས་དབང་བསྐུར་བ་ལ་སྤྱིའི་སློབ་དཔོན་གྱི་དབང་དང༌། ཤེས་རབ་བཅུ་དྲུག་ཅེས་སོགས་ཀྱི་དོན་ལ་ཁྱད་པར་གྱི་སློབ་དཔོན་གྱི་དབང་ཞེས་འཆད་པ་ནི། དམ་ཚིག་གསུམ་ཙམ་ཞིག་སྦྱིན་པ་ནི་རྣལ་འབྱོར་རྒྱུད་ལ་ཡང་ཡོད་པས་སྔ་མ་ཐུན་མོང་བར་བཞག་ལ་དབང་ཕྱི་མ་དེ་དག་ལ་མེད་པས་ཐུན་མོང་མ་ཡིན་པར་བཞག་པའོ། །འོན་ཀྱང༌། བླ་མེད་ཀྱི་སྐབས་སུ་ཕྱག་རྒྱའི་དམ་ཚིག་སྦྱིན་པ་ཉིད་ལ་ཤེས་རབ་བཅུ་དྲུག་ཅེས་སོགས་ཀྱི་དོན་ཚང་བར་བྱར་ཡོད་པས་སྔ་མ་རྣམས་ཀྱིས་དེ་ལ་དགོངས་སོ། །དུས་འཁོར་རྩ་འགྲེལ་གྱི་བཞེད་པས་ནི། ཆུ་དབང་ལ་སོགས་པ་བདུན་ལ་བུམ་དབང་གི་ཐ་སྙད་མི་མཛད་
ཅིང་དེ་བདུན་ཀ་ལ་ཆུ་རྗེས་སུ་འགོར་བས་ཆུ་དབང་ཞེས་ཀྱང་གསུངས་སོ། །རྗེས་གནང་གི་དབང་གི་མཇུག་ཐོགས་སུ་འགྲེལ་ཆེན་ལས། དེ་ནས་སློབ་མ་ལ་ལག་པར་རྡོ་རྗེ་དང་དྲིལ་བུ་བྱིན་ནས་ཆེ་གེ་མོ་རྡོ་རྗེ་དེ་དག་གི་སློབ་དཔོན་ཏེ། ཞེས་གསུངས་པས་བུམ་དབང་གི་སྔོན་དུ་སློབ་དཔོན་གྱི་དབང་ཅིག་སྐུར་བར་བཞེད་ལ་དེ་ཡང་དམ་ཚིག་གསུམ་སྦྱིན་པའི་སྒོ་ནས་ཡིན་ནོ། །འདི་ཡང་བསྡུས་རྒྱུད་ལས། རྗེས་གནང་འདོགས་བཅས་རབ་ཏུ་སྦྱིན། །ཞེས་གསུངས་པའི་འདོགས་སུ་བྱ་དགོས་ལ་དེ་ཡང་རྗེས་གནང་གི་ཁོངས་སུ་འདུ་བས་དབང་བདུན་གྱི་ཁོངས་སུ་མི་འདུ་བའི་སློབ་དཔོན་གྱི་དབང་མིན་ནོ། །སློབ་དཔོན་གྱི་དབང་དེ་ཡང་རྣལ་འབྱོར་རྒྱུད་མན་ཆད་ཀྱི་ཡིན་གྱི་བླ་མེད་ཀྱི་རྒྱུད་སྟོན་པའི་སློབ་དཔོན་མིན་ནོ། །དེས་ན་བུམ་དབང་སོགས་དབང་གོང་མ་བཞི་ལ་བླ་མེད་ཀྱི་རྒྱུད་ཉན་པ་དང་ལམ་ཤེས་པའི་དོན་དུ་སྐུར་བའི་དབང་གོང་མ་བཞི་དང༌། བླ་མེད་ཀྱི་རྒྱུད་སྟོན་པ་པོ་ལ་སོགས་པར་སྒྲུབ་པའི་དོན་དུ་སྐུར་བའི་དབང་གོང་མའི་ཡང་གོང་མ་བཞི་སྟེ་སྐུར་ཚུལ་གཉིས་མཛད་དེ་འགྲེལ་ཆེན་ལས། འདིར་དབང་གོང་མ་ནི། རྣམ་པ་གཉིས་ཏེ་གཅིག་ནི་སེམས་ཅན་གཞུག་པའི་དོན་དང་ལམ་ཡོངས་སུ་ཤེས་པའི་དོན་དང་རྒྱུད་ཉན་པ་ལ་དབང་བའི་དོན་དུའོ། །གཞན་ནི། སློབ་དཔོན་ཆེན་པོའི་གནས་སྦྱིན་པ་དང་སྟོན་པ་པོ་བྱེད་པའི་སླད་དུའོ། །ཞེས་གསུངས་སོ། །དེ་ལྟ་བུའི་བུམ་དབང་དང་པོ་ནི། བསྡུས་རྒྱུད་ལས། དཔལ་ལྡན་ཤེས་རབ་ནུ་མ་ལ་ཡང་དང་པོར་རེག་པ་
གང་ཡིན་བུམ་པའི་དབང་ནི་དེ་ཉིད་དོ། །ཞེས་གསུངས་པ་དང་ཀྱཻ་རྡོར་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ཞེས་སོགས་གསུངས་པའི་དོན་ལ་བུམ་དབང་དང་སློབ་དཔོན་གྱི་དབང་དུ་བཤད་པ་སྟེ་དངོས་ཀྱི་རིག་མའི་དབང་དུ་བྱས་པའོ། །བུམ་དབང་ཕྱི་མ་ནི། རིག་མ་དགུ་ལ་འཁྱུད་པ་དང་རེག་པ་ལས་བྱུང་བའི་བདེ་བ་ལ་མཛད་དེ་མང་ཉུང་མིན་པ་སྔ་མ་དང་རིགས་གཅིག་གོ །རྒྱུད་གཞན་གྱི་རྗེས་སུ་འབྲང་བའི་མཁས་གྲུབ་རྣམས་ཀྱིས་བུམ་དབང་རྫོགས་པར་བསྐུར་བ་ན་བླ་མེད་ཀྱི་རྒྱུད་བཤད་པའི་སློབ་དཔོན་དུ་རུང་བར་གསུངས་པ་ནི། རྒྱུད་ཀྱི་ཕྱོགས་རེ་ལ་དགོངས་པ་སྟེ་དབང་གོང་མ་གསུམ་མ་ཐོབ་ན་རྒྱུད་ཀྱི་རྫོགས་རིམ་རྣམས་ཉན་པ་དང་བཤད་པ་ལ་མི་དབང་བ་དེ་དག་གིས་ཀྱང་བཞེད་པའི་ཕྱིར་ན་བླ་མེད་ཀྱི་རྒྱུད་རྫོགས་པར་ཉན་པ་དང་རྫོགས་པར་བཤད་པའི་སློབ་དཔོན་ལ་ནི་དབང་བཞི་ག་ཐོབ་དགོས་སོ། །འོན་ཀྱང༌། དབང་བཞི་པ་ཐོབ་ན་རྒྱུད་རྫོགས་པར་ཉན་དུ་རུང་བའི་དབང་བཞི་པ་ལ་གཞན་རྣམས་དང་དུས་འཁོར་བ་ལ་མི་འདྲ་བའི་ཁྱད་པར་ཡོད་ལ་འཆད་པ་པོར་རུང་བ་ལ་སླར་ཡང་དབང་བཞི་སྐུར་དགོས་མི་དགོས་ཀྱང་མི་འདྲ་སྟེ་འཆད་པར་འགྱུར་རོ། །ཆུ་ནས་རྗེས་གནང་གི་བར་གྱི་དབང་བདུན་སྐུར་ལུགས་གཞན་རྣམས་དང་མི་འདྲ་བ་ནི། དབང་བདུན་པོ་འདིས་བསྐྱེད་རིམ་སྒོམ་པའི་སྣོད་རུང་དུ་སྒྲུབ་ལ། དེ་ཡང་བསྐྱེད་རིམ་གྱི་ལྷ་སོ་སོས་སྦྱང་གཞི་སོ་སོར་སྦྱོང་
བ་དེ་དང་མཐུན་པར་དབང་གི་སྐབས་སུ་ཡང་མཛད་པ་ཡིན་ཏེ་ཁམས་ལྔ་གཤེགས་མས་སྦྱོང་བས་བུམ་ཆུ་དང་སློབ་མའི་ཁམས་ལྔ་ཡུམ་ལྔར་བསྐྱེད་ནས་ཆུ་དབང་བསྐུར་བས་ཁམས་རྣམས་ཀྱི་དྲི་མ་འཁྲུད་ཅིང་ཡུམ་ལྔའི་དངོས་གྲུབ་འགྲུབ་པའི་སྐལ་བ་ཅན་དུ་བྱེད་དོ། །ཕུང་པོ་ལྔ་གཤེགས་པས་སྦྱོང་བས་ཅོད་པན་དང་སློབ་མའི་ཕུང་པོ་ལྔ་རིགས་ལྔར་བསྐྱེད་ནས་ཅོད་པན་གྱི་དབང་བསྐུར་བས་ཕུང་པོ་ལྔའི་དྲི་མ་འཁྲུད་ཅིང་གཤེགས་པ་ལྔའི་དངོས་གྲུབ་འགྲུབ་པའི་སྐལ་བ་ཅན་དུ་བྱེད་དོ། །དག་བྱ་དེ་གཉིས་ཀྱང་ལུས་ཀྱི་ཆོས་ཡིན་པས་དེ་དག་བྱེད་གཙོ་བོའི་སྐུའི་ཞལ་གང་དུ་ཕྱོགས་པ་བྱང་དུ་སློབ་མ་བཞག་ནས་སྐུ་རྡོ་རྗེར་བསྐྱེད་པ་ལ་དབང་སྐུར་བ་ཡིན་ནོ། །དེ་བཞིན་དུ་ནུས་མ་བཅུ་དང་གཙོ་བོ་ཡབ་ཡུམ་གྱིས་རླུང་བཅུ་དང་རོ་རྐྱང་གི་རྩ་སྦྱོང་བས་དེ་གཉིས་ཀྱི་སྒོ་ནས་དར་དཔྱངས་དང་རྡོར་དྲིལ་གྱི་དབང་སྐུར་ལ་དེ་གཉིས་ངག་གི་ཆོས་ཡིན་པས་དེ་དག་བྱེད་གསུང་གི་ཞལ་གང་དུ་ཕྱོགས་པ་ལྷོར་སློབ་མ་བཞག་ནས་གསུང་རྡོ་རྗེར་བསྐྱེད་པ་དང༌། དབང་པོ་དྲུག་དང་ཡུལ་དྲུག་སེམས་དཔའ་དང་སེམས་མས་སྐོར་ཞིང་ལས་དབང་ལྔ་བྱ་བ་དང་བཅས་པ་ཁྲོ་བོ་ཁྲོ་མོས་སྦྱོང་བས་དེ་གཉིས་ཀྱི་སྒོ་ནས་བརྟུལ་ཞུགས་དང་མིང་དབང་གཉིས་སྐུར་ལ། དབང་པོ་གཉིས་ཡུལ་གཉིས་ལ་འཇུག་པར་བྱེད་པའི་དྲི་མ་སེམས་ཀྱི་ཆོས་ཡིན་པས་དེ་དག་བྱེད་ཐུགས་ཀྱི་ཞལ་གང་དུ་ཕྱོགས་པ་ཤར་དུ་སློབ་མ་བཞག་ནས་
ཐུགས་རྡོ་རྗེར་བསྐྱེད་པ་དང༌། ཡེ་ཤེས་ཀྱི་ཕུང་པོ་དང་རྣམ་ཤེས་ཀྱི་ཁམས་གཉིས་རྡོར་སེམས་ཡབ་ཡུམ་གྱིས་སྦྱོང་བས་དེའི་སྒོ་ནས་ཆོས་འཁོར་སྐོར་བའི་རྗེས་གནང་གི་དབང་སྐུར་ལ་དག་བྱ་གཉིས་ཡེ་ཤེས་ཀྱི་དྲི་མ་ཡིན་པས་དེ་དག་བྱེད་ཡེ་ཤེས་ཀྱི་ཞལ་གང་དུ་ཕྱོགས་པ་ནུབ་ཏུ་སློབ་མ་བཞག་ནས་ཡེ་ཤེས་རྡོ་རྗེར་བསྐྱེད་པ་ལ་དབང་སྐུར་བ་ཡིན་ལ་སྐུར་བའི་དཀྱིལ་འཁོར་གྱི་ལྷ་ཡང་བསྒྲུབས་པའི་དཀྱིལ་འཁོར་ན་སོ་སོར་བཞུགས་པས་སྦྱང་གཞི་སྦྱོང་བྱེད་སོ་སོར་ཞིབ་ཏུ་ཕྱེ་ནས་སྐུར་བའི་ལུགས་སོ། །རྒྱུད་གཞན་རྣམས་ཀྱི་རྗེས་སུ་འབྲང་བས་ནི། སྦྱང་གཞི་ཕུང་པོ་ལྔ་རེ་རེ་བ་དང་ཚོགས་པའམ་ཕུང་པོ་ལྔ་དང་དེ་བཞིན་ཉིད་དང་དྲུག་ཏུ་བསྡུས་ཤིང་དེ་དག་རིགས་དྲུག་གིས་སྦྱོང་བས་དེ་དག་གི་སྒོ་ནས་དབང་བསྐུར་བས་རིགས་དྲུག་དང་འབྲེལ་བའི་བསྐྱེད་རིམ་ཐམས་ཅད་སྒོམ་པ་ལ་དབང་བར་འགྱུར་བ་ལ་དགོངས་ནས་ཆུ་ལ་སོགས་པའི་དབང་རྣམས་ལ་མི་བསྐྱོད་པ་ལ་སོགས་པའི་ཐ་སྙད་མཛད་ལ། དར་དཔྱངས་ཅོད་པན་གྱི་དབང་གི་འཁོར་དང་རྗེས་གནང་དབང་གཞན་གྱི་མཐའ་རྟེན་དུ་མཛད་དོ། །སྦྱང་གཞི་དང་སྦྱོང་བྱེད་ཀྱི་དབང་རྒྱས་བསྡུས་ཙམ་མ་གཏོགས་པ་བསྐྱེད་རིམ་ཐམས་ཅད་སྒོམ་པའི་སྣོད་རུང་དུ་སྒྲུབ་པའི་གེགས་ཀྱི་དྲི་མ་འཁྲུད་པ་ལ་ནི་དོན་འདྲ་བར་སྣང་ངོ༌། །གཉིས་པ་ལ་གཉིས། སློབ་དཔོན་གྱི་དབང་བསྐུར་བའི་ཆོ་ག་དང༌། དེའི་མཐའ་རྟེན་གྱི་ཆོ་གའོ། །དང་པོ་ལ་གཉིས། དམ་ཚིག་གསུམ་སྦྱིན་པ་དང༌། དམ་ཚིག་
གསུམ་གཟུང་ཞིང་དེ་ཉིད་བསྟན་པའོ། །དང་པོ་ནི། དེ་ནས་སློབ་མས་ཡོན་ཕུལ་ཞིང་ཐལ་མོ་སྦྱར་ཏེ། གང་གིས་བདག་ནི་ཁྱེད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་ཀྱཻ་བདག་ལ་སྩོལ། །ཞེས་བླ་མ་ལ་གསོལ་བ་གདབ་བོ། །ཀྱཻ་ཐུགས་རྗེའི་གཏེར་ཞེས་བོས་ནས་དབང་གང་གིས་ཁྱོད་ཀྱི་དྲིན་ལས་བདག་ནི། རང་གཞན་གྱི་དོན་ནུས་པར་འགྱུར་བ་སློབ་དཔོན་གྱི་དབང་བདག་ལ་སྩོལ་ཅིག་ཅེས་ཞུ་བ་སྟེ་ལན་གསུམ་བྱ་བར་དཱ་རི་ཀ་པས་གསུངས་སོ། །འདིར་ལྭ་བ་པས་སློབ་དཔོན་གྱི་དབང་བསྐུར་བ་འདོད་ན་ལྷག་གནས་ཀྱི་སྐབས་སུ་སློབ་དཔོན་གྱི་སྡོམ་པ་ནོད་པ་དང་སྐབས་འདིར་རིགས་ལྔའི་སྡོམ་པ་ནོད་པ་གང་རུང་བྱ་བར་གསུངས་ཏེ་རིག་པའི་དབང་ལྔ་སྐུར་བ་ལ་སྔོན་དུ་སློབ་དཔོན་གྱི་སྡོམ་ལྡན་དུ་བྱ་མི་དགོས་པ་ལ་དགོངས་སོ། །རིག་པའི་དབང་ལྔ་ཙམ་ཞིག་འདོད་ན་ནི། སློབ་དཔོན་གྱི་སྡོམ་པ་མི་གཟུང་བར་དབང་ལྔའི་མཇུག་ཏུ་རྗེས་གནང་དང་བརྟུལ་ཞུགས་དང་ལུང་བསྟན་དང་དབུགས་དབྱུང་བཞི་བྱ་བར་གསུངས་པས་དེ་འདྲ་དེས་སློབ་དཔོན་གྱི་དབང་སྐུར་བ་ཞུ་ན་ནི། སྐབས་འདི་ཁོ་ནར་སྡོམ་པ་བཟུངས་ནས་གསོལ་བ་གདབ་དགོས་སོ། །དེ་ཡང་དཱ་རི་ཀ་པས། དེ་ལྟར་སློབ་མའི་དབང་ཐོབ་ནས། །རྒྱུད་རྣམས་ཐོས་ཤིང་མན་ངག་ཐོབ། །ལམ་རྣམས་ཤེས་ཏེ་སྟོན་ནུས་ན། །རྡོ་རྗེ་སློབ་དཔོན་ཉིད་བྱའི་ཕྱིར། །ཚིག་འདིས་གསོལ་བ་གདབ་པར་བྱ། །ཞེས་སློབ་མའི་དབང་ཐོབ་པ་གཞན་གྱི་རྡོ་རྗེ་སློབ་དཔོན་བྱེད་པར་ནུས་པ་ཅིག་གིས་གསོལ་བ་འདེབས་
པར་བཤད་དེ་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་རྒྱུན་གཅིག་ལ་མི་སྐུར་བའི་ལུགས་སོ། །དེ་ནས་སློབ་མ་ཧཱུཾ་དང་རྡོ་རྗེ་ལས་རིགས་དྲུག་པ་རྡོ་རྗེ་སེམས་དཔར་ཆོ་ག་གསུམ་ལས་བསྐྱེད། རྡོ་རྗེ་ཧཱུཾ་ལས་བྱུང་བའི་རྡོ་རྗེར་བསམས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུའོ། །ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་འཛིན་དུ་གཞུག་པ་ནི། རྡོ་རྗེའི་དམ་ཚིག་སྦྱིན་པའོ། །རྡོ་རྗེའི་སྐྱེད་ཆོག་ཕྲེང་བར་མ་བྱུང་ཡང་དྲིལ་བུའི་སྐྱེད་ཆོག་བཤད་པས་བྱ་དགོས་ལ་ལྭ་བ་པ་དང་དཱ་རི་ཀ་པ་སོགས་ཀྱིས་ཀྱང་ཧཱུཾ་ལས་རྡོ་རྗེར་སྐྱེད་ལ། ༀ་མཧཱ་བཛྲ་ཧཱུཾ་ཞེས་པ་ཡང་བརྗོད་ནས་འཛིན་དུ་འཇུག་གོ །དེ་ཁོ་ན་ཉིད་ཀྱིས་འཛིན་པ་ཞེས་མང་པོས་གསུངས་པ་ནི། སྟོང་པ་ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པའི་ཐུགས་ཀྱི་ངོ་བོ་ནི། གསང་བའི་རྡོ་རྗེ་ཡིན་ལ་རྡོ་རྗེ་འཛིན་པའི་ཚེ་དེའི་མཚོན་བྱེད་དུ་འཛིན་པ་ལ་དཔལ་མཆོག་འགྲེལ་ཆེན་ལས་བཤད་དོ། །བདག་པོ་ནི། འགྲོ་བ་ཐམས་ཅད་ཀྱི་བདག་པོའོ། །ལྷག་མ་ཐོག་མཐའ་མེད་པ་སོགས་ནི། སྔར་ལྷ་ལ་གསོལ་བ་གདབ་པའི་སྐབས་སུ་བཤད་ཟིན་ཏོ། །གང་ལ་དམིགས་ནས་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྐྱེ་བའི་རྒྱུ་ཆོས་ཀྱི་དབྱིངས་ལ་བཅོམ་ལྡན་འདས་མཆོག་གི་དང་པོའི་
སྐྱེས་བུ་ཞེས་འབྲས་བུ་རྡོ་རྗེ་འཆང་གི་མིང་གིས་བཏགས་ནས་བསྟན་པར་ཀུན་སྙིང་གིས་བཤད་དོ། །དེ་ནས་དྲིལ་བུ་ཨཿ ཡིག་ལས་སྐྱེས་པར་བསྒོམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་གཞུག་གོ །དེ་ཁོ་ན་ཉིད་ཀྱིས་འཛིན་པ་ནི། དྲིལ་བུ་དཀྲོལ་བ་ན། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ཞེས་སོགས་ཆོས་ཐམས་ཅད་རང་བཞིན་མེད་པའི་སྒྲ་དྲིལ་བུས་སྒྲོག་པར་བསམས་ནས་དཀྲོལ་བ་ལ་དཔལ་མཆོག་འགྲེལ་ཆེན་ལས་གསུངས་སོ། །ཚིགས་བཅད་སྔ་མ་གུར་དང་དཔལ་མཆོག་གཉིས་ཀ་ན་བཞུགས་ལ་ཕྱི་མ་འདི་གུར་གྱི་ལེའུ་བཞི་པ་ན་ཡོད་དོ། །ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་ཤེས་རབ་ནི། སྟོང་པ་ཉིད་ལ་དམིགས་པ་ཡིན་ལ་དེ་ནི་རང་གི་ངང་གིས་ལྷུན་གྱིས་གྲུབ་པར་དབྱངས་ཀྱི་སྒྲ་སྣ་ཚོགས་ཀྱིས་གཞན་ལ་ཆོས་སྟོན་པར་བྱེད་དེ་དྲིལ་བུ་འདི་ཡང་དེ་དང་འདྲ་སྟེ་དབྱངས་ཀྱི་རྗེས་སུ་འགྲོ་བའི་ཤེས་རབ་ཉིད་སྟོན་པས་སོ། །ཤེས་རབ་དབྱངས་ཀྱི་རྗེས་འགྲོ་ཞེས་འབྱུང་བའི་འགྱུར་བདེའོ། །དེ་བས་ན་རྒྱལ་བ་རྣམས་ཀྱིས་དེ་ཉིད་བྱང་ཆུབ་མཆོག་ཏུ་ཡང་བཞེད་དོ། །ཁྱོད་ཀྱིས་ཀྱང་རྟག་ཏུ་ཟུངས་ཤིག་ཅེས་པ་སྟེ་ཤཱནྟི་པ་ལ་སོགས་པའི་བཤད་པའོ། །སློབ་མས་ཀྱང༌། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་འགལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །
དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་དཔལ་མཆོག་ལས་འབྱུང་བ་བརྗོད་ཅིང་དཀྲོལ་བར་བྱའོ། །ༀ་བཛྲ་གྷཎྜ་ཨཿ ཞེས་པའི་སྔགས་ཀྱང་སློབ་མས་བརྗོད་པར་ལྭ་བ་པ་དང་དཱ་རི་ཀ་པ་སོགས་ཀྱིས་བཤད་དེ་ཚིགས་བཅད་སྔ་མས་སྟེར་བ་དང་ཕྱི་མ་བརྗོད་ནས་དཀྲོལ་བར་མང་པོས་གསུངས་སོ། །སྲིད་པ་ནི། འཁོར་བར་སྐྱེ་བའི་རྒྱུན་ནོ། །དེ་ནི་ངོ་བོ་ཉིད་ཀྱིས་དག་སྟེ་རང་བཞིན་གྱིས་ཡོངས་སུ་དག་པའོ། །འོན་ཀྱང་བདག་ཏུ་སྒྲོ་བཏགས་པའི་ངོ་བོ་ཉིད་ཀྱིས་འགལ་བའི་སྲིད་པར་བྱས་པ་སྟེ་གནོད་པ་མེད་པ་ལས་གནོད་པ་ཅན་དུ་བྱས་པའོ། །ཤཱནྟི་པ་དང་ཨ་བྷྱ་གཉིས་ཀས་འགལ་བའི་སྲིད་པར་བྱས་པའི་འབྲུ་སྣོན་མཛད་ལ་དཔལ་མཆོག་འགྲེལ་པར་སྲིད་བྲལ་བྱས་ཞེས་པ་ལ་འབྲུ་བསྣན་ནོ། །སེམས་དཔའ་མཆོག་ནི། བྱང་ཆུབ་སེམས་དཔའ་སྟེ་དེ་རྣམས་ཀྱིས་སྲིད་པའི་མཆོག་གམ་དམ་པའི་སྲིད་པ་མཛད་པར་འགྱུར་ཞེས་སྦྱར་རོ། །ཇི་ལྟ་བུས་མཛད་ན་རང་བཞིན་དག་པས་ཞེས་ཏེ་དེ་ལ་མི་བདེན་པའི་ཞེན་པ་ཟད་པར་མཛད་ནས་མི་གནས་པའི་མྱང་འདས་ཀྱི་རང་བཞིན་དུ་རྟོགས་པར་མཛད་པའོ་ཞེས་ཀུན་སྙིང་དང་ཤཱནྟི་པས་བཤད་དོ། །འདི་ནི་དྲིལ་བུའི་དམ་ཚིག་སྦྱིན་པའོ། །དེ་ནས་དེ་ལ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས་ཞེས་བྱ་བས། ཡེ་ཤེས་
ཕྱག་རྒྱ་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པ་གོ་བར་བྱས་ལ་རྡོ་རྗེ་སེམས་དཔའི་སྐུ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་རློབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ །རྡོ་རྗེ་སེམས་དཔའ་དང་དེའི་ཡུམ་གྱི་སྐུ་མདོག་དང་ཞལ་ཕྱག་འདིར་གསལ་བར་མ་བཤད་ཅིང་གཞན་རྣམས་ཀྱི་དཀྱིལ་ཆོག་ཏུ་ཡང་ལྷའི་སྐུ་མདོག་ཞལ་ཕྱག་གསལ་བ་མི་སྣང་ནའང༌། རང་རང་གི་གཞུང་ནས་རྡོར་སེམས་སམ་རྡོ་རྗེ་འཆང་ཡབ་ཡུམ་གསལ་བར་བཤད་པ་ཡོད་ན་དེ་བཞིན་དུ་བྱ་ལ་མེད་ན་སྔོན་པོའམ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དང་ཡུམ་ཡང་རང་དང་འདྲ་བར་བྱའོ། །ཡུམ་ནི། ཟུང་འཇུག་གསལ་བ་ལས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མར་མཛད་ལ། རྡོ་རྗེ་སྙེམས་མའི་བདག་པོའི་བདག །ཅེས་ཀྱང་གསུངས་སོ། །གཉིས་པ་ནི། དེ་ནས་གྲུབ་ན་སྔར་བཤད་པ་བཞིན་དུ་ཁྲུས་ཀྱི་དཀྱིལ་འཁོར་བྱ་མ་གྲུབ་ན་དེ་འདྲ་བ་ཞིག་བསྒོམས་པར་སློབ་མ་གཞག་ལ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་པར་བྱའོ། །ཕྲེང་བ་ལས་སྐབས་འདིར་དམ་ཚིག་གསུམ་གཟུང་བ་དང་དེའི་གོང་མ་རྣམས་དམ་ཚིག་གསུམ་སྦྱིན་པར་གསུངས་ཏེ། དམ་ཚིག་གསུམ་སྦྱིན་པ་དང་གཟུང་བའི་སྐབས་གཉིས་སོ་སོར་མཛད་པས་སྔར་ནི། དམ་ཚིག་གསུམ་འཛིན་ལུགས་བསྟན་ནས་སློབ་མ་ལ་ངེས་པར་བྱེད་པ་ཡིན་ལ། སྐབས་འདིར་ནི། ལྷ་ཡབ་ཡུམ་དུ་གསལ་བཏབ་
རྡོར་དྲིལ་དེ་ཁོ་ན་ཉིད་ཀྱིས་བཟུངས་པའི་ལག་པས་འཁྱུད་པའི་ཚུལ་བྱེད་ཅིང་དེ་ལྟར་བསྒོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་བུམ་དབང་དུ་ངོ་སྤྲོད་པ་བྱ་དགོས་པས་དམ་ཚིག་གསུམ་གཟུང་བའི་སྐབས་སུ་སློབ་དཔོན་གྱི་དབང་ཐོབ་པར་བཞེད་པའོ། །དེ་ནས་ཆུ་དབང་གི་ཆོ་གའི་སྐབས་སུ་བཤད་པའི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་དབང་གི་ལྷ་སྤྱན་དྲངས་པ་ནས་བརྩམས་ཏེ་རྡོ་རྗེའི་རྩེ་མོས་བླུགས་པའི་བར་གྱིས་དབང་བསྐུར་ཞེས་སོགས་དང༌། ༀ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡ་ཧཱུཾ་སྭཱ་ཧཱ་ཞེས་བརྗོད་ཅིང་དབང་བསྐུར་བར་གསུངས་ལ། སྐབས་དེར་ནང་དབང་དང་ཆུ་དབང་གཉིས་ཀ་སྐུར་བར་གསུངས་པས་སྐབས་འདིར་ཡང་ནང་དབང་སྐུར་བ་སློབ་དཔོན་འདིའི་བཞེད་པའོ། །ཆུ་དབང་སྐུར་བའི་སྐབས་སུ་ཡལ་འདབ་དང་བཅས་པའི་རྡོ་རྗེའི་རྩེ་མོས་ཆུ་ལྡུགས་པར་གསུངས་པའི་དོན་ནི། ལག་པ་གཡས་པས་བུམ་པའི་ཁ་རྒྱན་རྡོ་རྗེ་དང་བཅས་པ་བཟུང་བ་དང་ལ་མའི་རྩེ་མོས་སྤྱི་བོར་གཏོར་བ་སོགས་བྱས་ནས་ཆུ་དབང་སྐུར་བའོ། །དེ་ནས་ཆུ་ལས་སྤྱི་གཙུག་ཏུ་མི་བསྐྱོད་པས་རྒྱས་གདབ་ལ་ཅོད་པན་དུ་བྱ་ཞིང་དབང་ལྷ་རྣམས་ཡེ་ཤེས་པའི་ངོ་བོར་སློབ་མ་ལ་གཞུག་ལ། ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ་ཞེས་པས་བྱིན་གྱིས་བརླབས་ཏེ་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ལྟར་ཡང༌། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་
གསུངས་སོ་ཞེས་བརྟག་གཉིས་ཀྱི་ལུང་ཤེས་བྱེད་དུ་ཕྲེང་བར་དྲངས་པ་ནི། ཕྱག་རྒྱའི་དམ་ཚིག་ལྷ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་བྱས་པའི་སྐབས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པའི་ཤེས་བྱེད་དོ། །ལུང་འདི་ཤེས་བྱེད་དུ་མཛད་ནས་ཕྱག་རྒྱའི་དམ་ཚིག་གི་སྐབས་སུ་སློབ་དཔོན་གྱི་དབང་འཐོབ་པ་སྔར་བཤད་པ་ལྟར་མ་ཤེས་ན་སློབ་དཔོན་གྱི་དབང་གི་དངོས་གཞི་ལེགས་པར་མི་ཤེས་ཏེ། ཆོས་བཤད་པའི་རྗེས་གནང་ནི། སློབ་མའི་དབང་ཙམ་ལས་མི་སྐུར་བ་ལ་ཡང་མཐའ་རྟེན་དུ་བྱ་བར་གསུངས་པའི་ཕྱིར་དང་དེ་ཉིད་གཉིས་སྟོན་པ་ལྷ་ངོ་བསྟན་པའི་འོག་ཏུ་ཡང་བྱེད་པར་གསུངས་པའི་ཕྱིར་རོ། །དེ་ནས་མདོར་ན་གཞལ་ཡས་ཁང་འདི་ནི། རྣམ་སྣང་གི་རང་བཞིན་ནོ་ཞེས་སོགས་ཀྱིས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང༌། ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་སོགས་ཀྱིས་ལྷའི་དེ་ཁོ་ན་ཉིད་རྣམ་པར་དག་པ་བརྗོད་ཅིང་སློབ་དཔོན་གྱི་ལས་ཀྱི་རིམ་པ་ཡང་བསྟན་ཏེ། འཁོར་དང་བཅས་པའི་དཀྱིལ་འཁོར་བྲི་བ་དང་བསྒྲུབ་པ་དང་མཆོད་པ་དང་འཇུག་ཅིང་དབང་བླང་བ་ལ་སོགས་པ་ནི། སློབ་དཔོན་གྱི་ལས་ཀྱི་རིམ་པའོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཉིད་ལ་སོགས་པ་ཤེས་པ་དང་དམ་ཚིག་དང་སྡོམ་པ་དེ་ཁོ་ན་བཞིན་དུ་བསྒྲུབ་པར་བྱ་བ་ལ་སྐལ་བ་སྟེ་ནུས་པ་དང་ལྡན་པ་ཉིད་དུ་གྱུར་པ་བརྗོད་པར་བྱའོ། །དེ་ལ་འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་ནི་དམ་ཚིག་ཡིན་ལ། བྱ་རྒྱུ་མི་བྱེད་པ་དང་མི་བྱ་རྒྱུ་བྱེད་པ་འགོག་པས་ན་སྡོམ་
པའོ། །རྟེན་དང་བརྟེན་པའི་རྣམ་དག་ལ་ཡ་གནས་དང་པོ་ལ་སོགས་པའི་ཡོན་ཏན་གྱི་ཆོས་སུ་དག་ཚུལ་ཉིད་བཤད་ལ་བླ་མེད་ནས་ལམ་གྱི་དག་པ་དང་ཕུང་སོགས་ཀྱི་དག་པ་གཉིས་ཀ་གསུངས་སོ། །རྟེན་དང་བརྟེན་པ་གཉིས་མ་དག་པའི་སྣོད་བཅུད་ལྟར་དོན་གཞན་པ་ཉིད་དུ་འཛིན་པ་བཟློག་པའི་ཕྱིར་གཞལ་ཡས་ཁང་གི་རྣམ་དག་བཤད་ལ། ལྷ་རྣམས་ཀྱང་རྒྱུད་ཐ་དད་པར་འཛིན་པ་བཟློག་པའི་ཕྱིར་དུ་ལྷའི་རྣམ་དག་བསྟན་པའོ། །དེ་ལྟར་ན་གཙོ་བོ་གཅིག་གི་ཡེ་ཤེས་ཀྱི་གཟུང་ཆ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པ་སྣ་ཚོགས་པར་སྣང་བ་ཡིན་གྱི་དེ་ལས་གུད་ན་མེད་པས2་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་བདག་ཉིད་དོ། །རྣམ་དག་རྒྱས་པ་ནི། སྙེ་མ་བཅོ་བརྒྱད་པ་ལས་ཤེས་པར་བྱའོ། །འདི་ནི་ཕྱིར་མི་ལྡོག་པའི་དབང་སྟེ་མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ། །གཉིས་པ་ནི། སྔགས་གཏད་པའི་ཆོ་ག་ནི། དེ་ནས་རང་གི་སྙིང་པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་ལ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སྦྱིན་ནོ། །སློབ་མས་ཀྱང༌། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་པ་འདིས་བཟུངས་ནས་ལན་གསུམ་དུ་བཟླས་སོ། །སྔགས་ནི། གཙོ་བོའི་ཡིན་ལ་འདིའི་སྐབས་ཀྱི་དམིགས་པ་ནི། འདིར་མི་གསལ་ཡང་བི་བྷཱུ་ཏཱིས་རང་གི་སྙིང་ཁ་ནས་ཁའི་སྒོ་ནས་བྱུང་སྟེ་སློབ་མའི་རྣ་བ་གཡས་པ་ནས་སྙིང་ཁར་ཞུགས་པར་བསམས་ནས་
སྦྱིན་པར་གསུངས་པ་ལྟར་བྱའོ། །འདི་ཉིད་སངས་རྒྱས་ཐོད་པ་ལ་སོགས་པའི་རྒྱུད་གཞན་དང་དྲིལ་བུ་ཞབས་ཀྱིས་སྔགས་ཀྱི་དབང་དུ་གསུངས་ལ། དྲིལ་བུ་བས་རིག་པའི་དབང་ལྔའི་རྗེས་སུ་སྟེར་བར་བཤད་དོ། །རྒྱུད་རྡོར་ཕྲེང་ལས་ཀྱང༌། སློབ་མ་འདོད་ཕྱིར་སྔགས་དབང་སྦྱིན། །སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །ཅེས་དབང་དུ་གསུངས་སོ། །རྐང་པ་བཞི་པ་དེ་ལེགས་གྲུབ་ཀྱི་རྒྱུད་ལས་འབྱུང་ངོ༌། །མིག་སྨན་གྱི་ཆོ་ག་ནི། དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྦྲང་རྩིའི་མིག་སྨན་གསེར་ལས་བྱས་པའི་ཐར་མས་སློབ་མའི་མིག་ལ་ཡི་གེ་བྲི་བསམས་པ་ལ། ༀ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ ཞེས་འདོན་ཞིང་བསྐུས་ཏེ། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཞེས་རྣམ་སྣང་མངོན་བྱང་ལས་འབྱུང་བ་བརྗོད་དོ། །བསལ་བ་ནི། བསལ་ནུས་པ་ཉིད་དུ་བསྒྲུབས་པའོ། །ཐུར་མ་པྲ་ལས་བསྐྱེད་ཅིང་ཤེར་ཕྱིན་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པ་དང་མིག་གི་ཕྲཾ་ལ་མི་ཤེས་པའི་རབ་རིབ་ཐམས་ཅད་འདུས་པར་བསམས་ལ་ཐུར་མས་བསལ་བའམ་མིག་སྨན་བྱུགས་པས་ཞི་བར་བསམ་ཞེས་གཞན་དག་འཆད་དོ། །སྔགས་བཏོན་ནས་མིག་སྨན་སྐུ་བའི་ཚེ་རྡོ་རྗེའི་མིག་གི་སྒྲིབ་གཡོགས་སོལ་ཅིག་ཅེས་པའི་སྔགས་དོན་དྲན་པར་བྱ་སྟེ། ཧྲཱིཿ ནི་ཤེར་ཕྱིན་པདྨའི་རིགས་ཀྱི་ས་བོན་ནོ། །མེ་ལོང་གི་དབང་གི་ཆོ་ག་ནི། དེ་ནས་མེ་ལོང་བླངས་ལ་ཡི་གེ་ཨས་བསྔགས་ཏེ་སློབ་མ་ཡ་བསྟན་ཅིང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་
དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་འབྱུང༌། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེར་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་དོ། །ཚིགས་བཅད་གཉིས་པ་མ་གཏོགས་པ་རྣམ་སྣང་མངོན་བྱང་ལས་གསུངས་སོ། །ཚིགས་བཅད་དང་པོས་རང་བཞིན་རྣམ་དག་དང་གཉིས་པས་གློ་བུར་རྣམ་དག་བསྟན་ཏོ། །དེར་ནི་སྟེ། ཆོས་རྣམས་སུའོ། །གསལ་བ་ནི། ཉོན་མོངས་མེད་པ་དང་དག་པ་ནི། ཤེས་སྒྲིབ་དང་བྲལ་བ་དང་རྙོག་མེད་ནི། དེ་གཉིས་ཀྱི་བག་ཆགས་དང་བྲལ་བའོ། །ཞུགས་པ་ནི། བྱིན་གྱིས་རློབ་པ་དང་ཐོབ་བྱ་ཉིད་དུ་དམིགས་པ་དང་དེའི་ནུས་པ་ཉིད་ཀྱིས་སོ། །མིག་ཐུར་གྱིས་མ་རིག་པའི་རབ་རིབ་བསལ་བ་ན་ཤེས་རབ་ཀྱི་མིག་གིས་ཆོས་རྣམས་གཟུགས་བརྙན་ལྟ་བུར་མཐོང་བས་དེའི་རྗེས་སུ་མེ་ལོང་གི་དབང་གསུངས་སོ། །མེ་ལོང་སྟོན་པའི་ཆེ་ག་ལན་གཉིས་སུ་སྨྲས་པ་ནི། ཀླུ་བྱང་གི་དཀྱིལ་ཆོག་མ་མཐོང་བ་ཉིད་དེ་ཁ་ཅིག་གིས་དབང་བསྐུར་བ་ཉིད་དུ་རྣམ་པར་བཤད་པར་འདོད་པ་ལ་ནི། ལན་གཉིས་སྟོན་པའི་ཆོ་ག་གསུངས་སོ་ཞེས་ཕྲེང་བ་ལས་གསུངས་པ་འདིས་ཀུན་དགའ་སྙིང་པོས་མེ་ལོང་ལན་གཉིས་སྟོན་པ་བཀག་པ་ཡིན་ཞེས་བོད་དག་སྨྲ་མོད་ཀྱང་ཚིག་ཕྱི་མས་
ལན་གཉིས་སྟོན་པའི་ཆོ་ག་གསུངས་པ་ཡང་བཞེད་པས་དེ་ནི་མ་ཡིན་ནོ། །དེས་ན་མེ་ལོང་བསྟན་ནས་ཆོས་ཀྱི་མཚན་ཉིད་གཟུགས་བརྙན་ལྟར་ཤེས་པར་བྱེད་པ་ཙམ་ལ་ལན་གཉིས་སྟོན་པ་བཀག་པ་ཡིན་ཏེ་དེ་ལ་ནི་ལན་ཅིག་ལས་མ་མཛད་པ་ཀླུ་བྱང་གིས་གསུངས་པ་བཞིན་ནོ། །འོན་ཀྱང་ཀླུ་བྱང་གི་དཀྱིལ་ཆོག་ན་ཚིགས་བཅད་གཉིས་པ་མེད་ལ་ལན་གཉིས་སྟོན་པར་བཞེད་པ་ཀུན་སྙིང་དང་དཱ་རི་ཀ་པ་དང་ཤཱནྟི་པ་རྣམས་ཀྱིས་མེ་ལོང་སྔ་མའི་རྗེས་སུ་དྲིལ་བུ་དང་མདའ་གཞུའི་ཆོ་ག་བྱས་ནས་དེ་ནས་ཚིགས་བཅད་གཉིས་པ་བཏོན་ཏེ་མེ་ལོང་གཉིས་པ་སྟོན་པས་ཚིགས་བཅད་ཀྱང་མི་གཅིག་ལ་གོ་བར་བྱེད་རྒྱུའི་དོན་ཡང་མི་གཅིག་སྟེ་སྔ་མས་ནི། ཆོས་རྣམས་གཟུགས་བརྙན་ལྟ་བུར་ཤེས་པར་བྱེད་པ་ཙམ་ཡིན་ལ་ཕྱི་མས་ནི། རང་གི་སྙིང་ལ་ཞུགས་པའི་རྡོར་སེམས་ཀྱི་ངང་ཚུལ་ཤེས་པར་བྱེད་པའི་ཕྱིར་ཏེ་དཱ་རི་ཀ་པས། རྡོ་རྗེ་སེམས་དཔའ་རང་ཉིད་གཙོ། །ཚིག་དེས་རང་བདག་ཤེས་པར་བྱ། །ཞེས་གསུངས་སོ། །ཚུལ་དེས་ལན་གཉིས་སྟོན་ན་མི་འགོག་པས་དབང་སྐུར་བ་ཉིད་དུ་བཤད་པར་འདོད་པ་ལ་ནི་ལན་གཉིས་སྟོན་པ་གསུངས་སོ། །ཞེས་བཤད་དོ། །སློབ་དཔོན་འདིའི་བཞེད་པ་ནི། ཚིགས་བཅད་དེ་གོང་མའི་གསེབ་ཏུ་དྲངས་ནས་གཉིས་ཀ་ཕྱོགས་གཅིག་ཏུ་སྟོན་པར་བཞེད་མོད་ཀྱང་དེ་ངེས་གཟུང་དུ་དགོས་པར་མི་བཞེད་དོ། །མདའ་འཕང་བའི་ཆོ་ག་ནི། དེ་ནས་ཡི་གེ་ཧོཿ ལས་བྱུང་བའི་གཞུ་ཧོཿ ཞེས་བརྗོད་ཅིང་བྱིན་ནས་སརྦ་ཏ་ཐཱ་ག་ཏཱ་ན་ཨ་ནུ་རཱ་ག་ཡཱ་སྭ་འམ་དེ་བཞིན་གཤེགས་
པ་ཐམས་ཅད་མཉེས་པར་གྱིས་ཤིག་ཅེས་བརྗོད་ཅིང་བྱིན་ཏེ་སློབ་མས་མངའ་འཕང་བའི་ཚེ་ན་ཡང་སློབ་དཔོན་གྱིས་དེ་ལྟར་བརྗོད་དོ། །འདིར་མདའ་ཧོཿ ལས་སྐྱེད་པ་མི་གསལ་ཡང་དཱ་རི་ཀ་པས། ཧོཿ ཡིས་སྦྱངས་པའི་མདའ་གཞུ་དག །སློབ་མའི་ལག་ཏུ་བྱིན་ནས་ནི། ཞེས་གསུངས་པས་གཉིས་ཀ་ཧོཿ ལས་བསྐྱེད་དོ། །སློབ་མས་ཀྱང་སརྦ་ཏ་ཐཱ་ག་ཏཱན་ཨ་ནུ་རཱ་ག་ཡཱ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་བཞི་དང་སྟེང་འོག་ཏུ་རེ་རེ་སྟེ་དྲུག་ འཕེན ་པའི་སྟངས་བྱའོ། །དེ་ལྟར་བུམ་པའི་དབང་ནི། དཀྱིལ་འཁོར་གང་དུ་ཐོབ་ན། རི་མོ་དང་ལུས་ཀྱི་དཀྱིལ་འཁོར་གཉིས་སུ་ཐོབ་སྟེ་སྦྱོར་བ་བདུན་པ་ལས། རི་མོ་དང་ནི་ལུས་ཀྱི་ལས། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ། །ཅེས་སོ། །གང་ལ་དབང་ན་དང་པོ་སྦྱོར་བ་སོགས་ཏིང་ངེ་འཛིན་གསུམ་སྦྱིན་སྲེག་ལ་སོགས་པའི་ཡན་ལག་དང་བཅས་པ་བྱེད་པ་ལ་དབང་སྟེ་དེ་ཉིད་ལས། སྦྱོར་གསུམ་ཡན་ལག་བཅས་པ་རུ། །དེ་ལ་ཡང་དག་བསྟན་པར་བྱ། །གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱི། །སྣང་སྲིད་དབེན་པས་རྟོགས་པའོ། །ཞེས་གསུངས་སོ། །དག་བྱ་གང་སྦྱོང་ནི། ལུས་ཀྱི་དྲི་མ་སྔར་བསགས་འདག་ཅིང་ཕྱི་མ་ལས་ལྡོག་སྟེ། དེ་ཉིད་ལས། སྲོག་གཅོད་ལ་སོགས་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཞེས་བཤད་ཅིང་ཟུང་འཇུག་གསལ་བ་ལས་སྐུ་རྡོ་རྗེ་སྦྱོང་བར་བཤད་ལ་སྦྱོར་བ་བདུན་པ་ལས། དེ་
ཡི་རང་གི་ངོ་བོ་ནི། །སྐུ་ཡི་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུངས་པ་ལྟར་ཉིན་མོ་འབྱུང་གནས་ཀྱིས་ཀྱང་བཤད་དོ། །ཉིན་མོ་འབྱུང་གནས་ཀྱིས་བུམ་དབང་སྤྲུལ་སྐུའི་ངོ་བོར་བཤད་དེ་སྤྲུལ་སྐུའི་ས་བོན་ཁྱད་པར་ཅན་དགོང་པས་དེའི་ནུས་པ་འཇོག་པའི་ཕྱིར་སྤྲུལ་སྐུར་མོས་པར་བྱའོ། །བུམ་དབང་གི་དམ་ཚིག་ནི། རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་སྲུང་བའོ་ཞེས་བོད་ཀྱི་མཁས་པ་དག་བཞེད་དོ། །སྒྲ་བཤད་ནི་སྦྱོར་བ་བདུན་པ་ལས། སྣོད་དུ་རུང་ཕྱིར་བུམ་དབང་སྟེ། །བླུགས་གཏོར་དག་པར་བྱེད་པས་དབང༌། །འདི་ནི་ཡང་དག་རྒྱུད་རིམ་པའི། །ལུང་གིས་ངེས་པར་བཤད་པའོ། །ཞེས་གསུངས་ཏེ་སྣོད་དུ་རུང་བ་དང་ལུགས་སུ་བླུགས་པའི་རྣམ་པ་ལྟར་བྱེད་པ་དང་གཏོར་བ་དང་དག་པར་བྱེད་པས་དབང་དུ་འཇོག་པ་ནི། ཨ་བྷི་ཥི་ཀའི་སྒྲ་ལ་ངེས་ཚིག་གིས་བཤད་པ་བྱས་པའི་ལུགས་སོ། །སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པའི་སྡོམ་ནི། གསོལ་གདབ་ལྷར་བསྐྱེད་དམ་ཚིག་སྦྱིན། །ཁྲུས་སྟེགས་གཞག་ལ་དམ་ཚིག་གཟུང༌། །ཆུ་དབང་བསྐུར་ལ་དབང་ལྷ་བསྟིམ། །མཆོད་ཅིང་དེ་ཉིད་ལས་རིམ་བཤད། །སྔགས་དང་མིག་སྨན་མེ་ལོང་མདའ། །བུམ་དབང་སྤྱི་ཡི་དག་པ་བཤད། །ཅེས་པའོ། །བདེར་གཤེགས་དྲུག་གི་རང་བཞིན་དབང་དྲུག་གིས། །སློབ་མའི་ཤེས་རྒྱུད་ལེགས་པར་སྦྱངས་པ་ཡིས། །རྒྱལ་བ་དྲུག་དང་འབྲེལ་བའི་བསྐྱེད་རིམ་གྱིས། །སྤྲུལ་པའི་སྐུ་མཆོག་འགྲུབ་པའི་གཞིར་བྱེད་པ། །དྲི་མེད་བུམ་པའི་དབང་གི་ངོ་བོ་དང༌། །
དེ་ཡི་ཡན་ལག་ཆོ་ག་ཕྲ་མོ་རྣམས། །སྔགས་རིག་རྣམས་ཀྱི་བཞེད་པ་ཇི་བཞིན་དུ། །གོ་སླའི་དབྱངས་ཀྱིས་མ་འདྲེས་གསལ་བར་བྱས། །རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ་ལས། བུམ་པའི་དབང་བསྐུར་བའི་ཆོ་གའི་རིམ་པ་བསྟན་པ་སྟེ་ལེའུ་དགུ་པའོ།། །།གཉིས་པ་གསང་བའི་དབང་ནི། དང་པོར་ཡོན་དབུལ་ཞིང་གསོལ་བ་གདབ་པ་ནི། དེ་ནས་ཡོལ་བ་ལ་སོགས་པས་དབེན་པར་བྱས་པར་སློབ་མས་བླ་མ་ལ་རྡོ་རྗེ་སེམས་དཔར་མོས་ཏེ་སྐྱེ་གནས་མ་ཉམས་པའི་གཞོན་ནུ་མ་བཅུ་གཉིས་ལ་སོགས་པའི་ལང་ཚོ་ལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པ་བླ་མ་ལ་དབུལ་ཏེ་ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། བཞིན་བཟང་མིག་ནི་དཀྱུས་རིང་བ། །གཟུགས་བཟང་ལང་ཚོས་བརྒྱན་པ་ནི། །བཅུ་གཉིས་ཡང་ན་བཅུ་དྲུག་གམ། །མ་རྙེད་ཉི་ཤུ་ལོན་པའང་རུང༌། །ཉི་ཤུ་ཡན་ཆད་ཕྱག་རྒྱ་གཞན། །དེས་ནི་དངོས་གྲུབ་ཐག་རིང་བྱེད། །སྲིང་མོ་ཡང་ནི་བུ་མོ་འམ། །ཆུང་མ་བླ་མ་ལ་དབུལ་བྱ། །ཞེས་གསུངས་སོ། །དེ་མེད་ན་གཞན་ཡང་རུང་སྟེ་ཞེས་གསུངས་པ་ནི། ལང་ཚོ་དང་གཟུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་དམིགས་བསལ་ཡིན་གྱི་དམ་ཚིག་དང་ལྡན་པ་ལ་མ་ཡིན་ཏེ། དམ་ཚིག་དག་དང་མི་ལྡན་པའི། །རིག་མ་སྟེན་པར་དགའ་བ་དང༌། །ཞེས་སྦོམ་པོའི་ལྟུང་བར་གསུངས་པའི་ཕྱིར་རོ། །དེ་ནས་ཐལ་མོ་སྦྱར་ཏེ།
ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་མཛོད། །ཅེས་གསོལ་བ་གདབ་བོ། །གསང་དབང་གི་རྫས་སྒྲུབ་པ་ནི། དེ་ནས་བླ་མ་གཙོ་བོའི་ང་རྒྱལ་དང་ལྡན་པས་ཐ་མལ་གྱི་བུད་མེད་ཀྱི་གཟུགས་སྟོང་ཉིད་དུ་བསམས་པའི་རྗེས་ལ་ལྷ་མོའི་གཟུགས་སུ་བསྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་འཇུག་པར་བྱ་ཞིང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་གུར་དང་འདུས་པ་ནས་འབྱུང་བ་བརྗོད་ཅིང་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་རྣམ་སྣང་ལ་སོགས་པ་སྤྱན་མ་སོགས་དང་སྙོམས་པར་འཇུག་པ་བཀུག་ལ། རྣམ་སྣང་གི་སྒོ་ནས་བདག་ཉིད་ལ་བཅུག་ནས་ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ་རྩ་ཨ་བ་དྷཱུ་ཏཱི་ནས་འགྲོ་བར་བསམས་ནས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བརྟན་པར་བྱའོ། །འདུས་པ་ཕྱི་མ་ལས། རྡོ་རྗེ་པདྨའི་སྦྱོར་བ་ཡིས། །རྡོ་རྗེ་ཅན་ཀུན་ཡང་དག་བསྡུ། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །དེ་དག་ཐམས་ཅད་སྙིང་ཁར་བསྡུས། །རྡོ་རྗེའི་ལམ་ནས་ཕྱུང་ནས་ནི། །སློབ་མའི་ཁར་ནི་དབབ་པར་བྱ། །ཞེས་ཀྱང་གསུངས་སོ། །གསང་དབང་སྐུར་བའི་ཚུལ་ནི། དེ་ནས་རྡོ་རྗེ་པདྨ་ལས་ཕྱུང་ནས་མཐེ་བོང་དང་མིང་མེད་ཀྱིས་རྡོ་རྗེ་ནོར་བུ་བཙིར་ནས་དེ་བཞིན་གཤེགས་པ་ཞུ་བའི་ཁུ་བ་དེ་རང་གི་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པར་མོས་པ་བྱས་ཏེ་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ང་
རྒྱལ་འཛིན་པའི་སློབ་མའི་ཁར་མཐོང་ན་མ་དད་ཀྱིས་དོགས་པས་གདོང་གཡོགས་བཅིངས་ཏེ་དེའི་མིག་དང་ལག་པའི་ཡུལ་མིན་པར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་རྒྱུད་རྡོར་ཕྲེང་ལས་གསུངས་པ་དང༌། ༀ་ཨཱཿ བཛྲ་དྷྲིཀ་ཧཱུཾ་ལ་སོགས་པ་གཙོ་བོ་གང་ཡིན་གྱི་སྔགས་བརྗོད་ཅིང་དབབ་པར་བྱའོ། །སློབ་མས་ཀྱང་རྣམ་སྣང་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་ངོ་བོ་ཡིན་ནོ་སྙམ་དུ་བསམས་ལ། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་བར་བྱ་སྟེ་ཀྱེ་མ་བདེ་བ་ཆེན་པོ་ཞེས་པའི་དོན་ཏོ། །དེ་ནས་རིག་པ་ཡང་ལངས་ལ་གོས་མེད་པ་ཉིད་དུ་བྱས་ནས་རང་གི་ཆུ་སྐྱེས་ན་གནས་པའི་བདུད་རྩིའི་ཐིག་ལེ་རྣམས་དེ་ལྟར་དེའི་ཁར་གཞུག་པར་བྱའོ། །དེས་ཀྱང་དེ་བཞིན་དུ་བཏུང་ངོ༌། །དེ་ལྟར་ཞེས་པ་ནི། མིག་དང་ལག་པའི་ཡུལ་མིན་པ་དང་མཐེབ་སྲིན་གྱིས་སྟེར་བ་དང་སྔགས་དང་ཚིགས་བཅད་སྔར་ལྟར་གདོན་པའོ། །དེ་བཞིན་དུ་ཞེས་པ་ནི། སངས་རྒྱས་ཀུན་འདུས་པའི་བློས་བཏུང་བ་དང༌། ཨ་ཧོ་སུ་ཁ་སྔར་བཞིན་བརྗོད་པའོ། །སློབ་མ་གཅིག་ལའང་ཡབ་ཡུམ་གཉིས་ཀས་གསང་དབང་སྐུར་བར་ཟླ་གྲགས་དང་དཱ་རི་ཀ་པ་དང་དཔལ་འཛིན་སོགས་ཀྱིས་བཤད་པས་གང་རུང་གཅིག་གིས་མི་ཆོག་གོ །ཡབ་ལས་ཐོབ་པའི་གསང་དབང་སྐུར་ལུགས་ནི། ལེའུ་བརྒྱད་
པའི་སྒྲོན་གསལ་ལས། བླ་མས་ཀྱང་བྱང་ཆུབ་ཀྱི་སེམས་དུང་ཕོར་ལ་སོགས་པར་བཞག་ལ་དྲིའི་ཆུ་དང་བསྲེས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སློབ་མ་དབང་བསྐུར་བར་བྱ་སྟེ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཟླ་གསང་ཐིག་ལེ་ལས། བྱང་ཆུབ་སེམས་ནི་རིན་ཆེན་འབར་ཕྱུང་བས། །མ་ལུས་རྒྱལ་བ་རྣམས་ནི་ལུས་བསྐམས་ལ། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །དྲི་མེད་རིན་ཆེན་སྤྱི་ནས་དབང་བསྐུར་རོ། །ཞེས་གསུངས་ལ་དེ་བཞིན་དུ་རིམ་ལྔ་དང་སྤྱོད་བསྡུས་སུ་ཡང་བྱང་ཆུབ་ཀྱི་སེམས་བུམ་པའམ་དུང་ཆོས་སུ་བཞག་ནས་དབང་བསྐུར་བར་གསུངས་སོ། །ཟུང་འཇུག་གསལ་བ་ལས་བླ་མས་མཐེབ་སྲིན་གྱིས་སློབ་མའི་ཁར་བྱིན་པའི་འོག་ཏུ་སླར་ཡང་བྱང་ཆུབ་ཀྱི་སེམས་དུང་ཆོས་ལ་སོགས་པར་བཞག་ནས་དྲིའི་ཆུས་སྦགས་ཏེ་བཀྲ་ཤིས་བརྗོད་པ་སྔོན་དུ་འགྲོ་བས་དབང་སྐུར་བའི་ཤེས་བྱེད་དུ་ཟླ་གསང་ཐིག་ལེ་དྲངས་སོ། །སྔ་མ་ལ་མཆོག་ཏུ་གསང་བའི་དབང་དང་ཕྱི་མ་ལ་གསང་དབང་ཙམ་དུ་ནཱ་རོ་པས་འདུས་པའི་རྒྱུད་ཕྱི་མའི་འགྲེལ་པར་བཤད་ལ། ཁ་སྦྱོར་གྱི་བརྟག་པ་གཉིས་པར། བླ་མས་ཕྱག་རྒྱ་དང་སྦྱར་བའི་ཁུ་བ་པདྨའི་སྣོད་དུ་བཞག་ནས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ནས་དབང་སྐུར་བར་གསང་དབང་གི་སྐབས་སུ་གསུངས་པའི་དོན་ནི། མན་སྙེ་ལས། པདྨའི་སྣོད་ཡུམ་གྱི་པདྨ་ལ་བྱས་ནས། སློབ་མ་ལ་དེར་ནང་དབང་སྐུར་བ་ལ་བཤད་དོ། །མི་ཐུབ་ཟླ་བ་དང་ཟུང་འཇུག་གསལ་བས་སློབ་མ་རྣམ་སྣང་དུ་བསྒོམས་པ་ལ་
གསང་དབང་བསྐུར་བར་བཤད་དོ། །གསང་དབང་གི་ངོ་བོ་ནི། ཕྱག་ཆེན་ཐིག་ལེའི་གཉིས་པ་ལས། སྦོམ་པོ་ཐ་ལྟག་སྦྱོར་བ་ཡིས། །ལོངས་སྤྱོད་ནང་དུ་གཞུག་པར་བྱ། །དེ་ཚེ་ཡང་དག་ཡེ་ཤེས་སྐྱེ། །བུ་མོའི་བདེ་བ་ཇི་ལྟ་བུ། །ཞེས་གསུངས་པས་བླ་མ་ཡབ་ཡུམ་གྱི་ཐིག་ལེ་ལྕེ་ལ་བཞག་པ་མྱངས་པ་ལ་བརྟེན་ནས་སྐྱེས་པའི་བདེ་བ་དང་བཅས་པའི་ཏིང་ངེ་འཛིན་ལ་བྱའོ། །དཱ་རི་ཀ་པས། ཡང་ན་ཚིག་གི་ལས་ཀྱིས་ནི། །གྲོལ་བའི་བདག་ཉིད་སྦྱིན་པར་བྱ། །ཨ་ཧོ་སུ་ཁ་ཞེས་བརྗོད་ནས། །ལུས་ཀུན་བདེ་བས་གང་བར་བྱ། །ཞེས་ཚིག་ཙམ་གྱིས་ཀྱང་བསྐུར་བར་གསུངས་པས་དམིགས་པ་གསལ་བར་བྱས་ནས་བསྒོམས་པ་ལས་བྱུང་བའི་ཏིང་ངེ་འཛིན་ལ་གསང་དབང་གི་ངོ་སྤྲད་དོ། །དབང་འདི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཐོབ་ཅིང་གསུང་རྡོ་རྗེའི་རང་བཞིན་ཡིན་ལ་རྡོ་རྗེ་བཟླས་པ་ལ་སོགས་པའི་རླུང་གི་རྣལ་འབྱོར་སྒོམ་པ་ལ་དབང་སྟེ་སྦྱོར་བ་བདུན་པ་ལས་ལྷག་པ་བྱང་སེམས་ཞེས་བྱ་བའི། །དཀྱིལ་འཁོར་དུ་ནི་དེ་ཉིད་ཐོབ་ཅེས་དང༌། དེ་ཡི་རང་གི་ངོ་བོ་ནི། །གསུང་གི་རྡོ་རྗེའི་རང་བཞིན་ནོ། །རྫུན་ལ་སོགས་པ་སྔ་ཕྱི་ཡི། །དག་དང་ཉེས་པར་མི་འགྱུར་རོ། །ཞེས་དང༌། རྡོ་རྗེ་བཟླས་པའི་ངོ་བོ་ཡིས། །སྒྱུ་དྲའི་ཏིང་འཛིན་བསྟན་པར་བྱ། །མིག་སོགས་ནང་གི་ཆོས་རྣམས་ཀྱི། །སྣང་སྲིད་དབེན་པར་རྟོགས་པའོ། །ཞེས་སོ། །ནཱ་རོ་པས་ཀྱང་རྒྱུད་ཕྱི་མའི་
འགྲེལ་པར་གསང་དབང་ཐོབ་ནས་སྒྱུ་ལུས་ཀྱི་མན་ངག་སྟོན་པར་བཤད་དོ། །ཟུང་འཇུག་གསལ་བ་ལས། རང་བྱིན་གྱིས་བརླབ་པ་མཚོན་པའི་ཕྱིར་ཤེས་རབ་མཚོན་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་སྟེ་གསུམ་པའོ། །ཞེས་འཆད་ཀྱང་རིམ་ལྔ་ལས་གསང་དབང་བསྐུར་བའི་འོག་ཏུ་སྒྱུ་ལུས་ཀྱི་གདམས་ངག་གི་དོན་དུ་བསྟོད་པ་བྱས་ནས་སྒྱུ་ལུས་བསྟན་པ་དང༌། ཞལ་ལུང་ལས་ཀྱང༌། དེ་ཡིས་ཞིང་ནི་དག་བྱས་ཏེ། །ཆོས་ཀུན་སྒྱུ་མ་ལ་སོགས་པའི། །བཅུ་གཉིས་དོན་དུ་རྟོགས་པར་འགྱུར། །ཞེས་གསུངས་པས་གསང་དབང་ཐོབ་པས་སྒྱུ་ལུས་ཀྱི་སྣོད་དུ་རུང་ངོ༌། །དབང་འདིས་དག་ཡིད་གཉིས་ཀ་སྦྱོང་བར་སྒྲ་གཅན་འཛིན་དཔལ་བཤེས་གཉེན་འདོད་དོ། །ཉིན་མོ་འབྱུང་གནས་ཀྱིས་ལོངས་སྐུའི་རང་བཞིན་དུ་ཡང་བཤད་པའི་དོན་ནི་སྔར་ལྟར་རོ། །འདིའི་དམ་ཚིག་ཏུ་བདུད་རྩི་ལྔ་བསྟེན་པ་དང་སྲོག་ཆགས་མི་གསང་བ་དང་བུད་མེད་རིན་ཆེན་མི་སྤང་བ་དང་བླ་མ་ལ་མི་སྨོད་པ་སྡོམ་པ་ཡིན་པར་ཁ་སྦྱོར་ལས་གསུངས་སོ། །སྒྲ་དོན་ནི། ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་ཡིན་པས་ན་གསང་དབང་ངོ༌། །གསང་དབང་གི་སྡོམ་ནི། རིག་མ་དབུལ་ཞིང་གསོལ་བ་གདབ། །འོད་དཔག་མེད་བསྐྱེད་སློབ་མ་ལ། །བླ་མ་ཡུམ་དང་བཅས་པ་ཡིས། །གསང་རྫས་གཉིས་ཀྱིས་དབང་བསྐུར་ཏེ། །དབང་གི་དག་པ་སྦྱིན་པར་བྱ། །ཞེས་པའོ། །གསུམ་པ་ལ་གཉིས། ཤེས་རབ་ཡེ་ཤེས་ཀྱི་
དབང་བསྐུར་བ་དང༌། དབང་གསུམ་པའི་ཡེ་ཤེས་ངོས་གཟུང་བའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དང་པོ་ནི། གསང་དབང་གི་རྗེས་དེ་ནས་སློབ་མས་བྱང་ཆུབ་རྡོ་རྗེས་ཞེས་པ་ལ་སོགས་པས་བླ་མ་ལ་གསོལ་བ་གདབ་བོ། །དེ་ནས་བླ་མས་སློབ་མ་ལ་སྔར་གྱི་རིག་མ་དེ་འམ་ཤེས་རབ་མ་གཞན་ཡང་རུང་སྟེ་དམ་ཚིག་དང་སྡོམ་པ་ལ་གནས་པའམ་གཞན་ཡང་རུང་སྟེ། གཟུགས་དང་ལང་ཚོ་དང་ལྡན་པ། །གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པ་བལྟ། །ཞེས་གོ་བར་བྱས་ནས་གཏང་བར་བྱའོ། །སྔར་ཕུལ་བ་དེ་བླ་མའི་རིག་མ་ཡིན་ཡང་སྦྱིན་དུ་རུང་བ་ནི། འདུས་པ་ཕྱི་མ་ལས། མཆོག་ཏུ་དང་ཅིང་ཤེས་རབ་ཆེ། །གཟུགས་བཟང་སྒྲུབ་ལ་རྟག་ཏུ་དགའ། །སྦྱོར་བ་གཅིག་གིས་བྱ་བ་གོམས། །དམ་ཚིག་ཅན་གྱི་དམ་ཚིག་དག །བླ་མ་ལ་ནི་སློབ་མ་ཡིས། །ཡོན་རྣམས་རབ་ཏུ་ཕུལ་ནས་ནི། །བླ་མས་དེ་ནི་བྱིན་བརླབས་ཏེ། །སྒྲུབ་པ་པོ་ལ་སྦྱིན་པར་བྱ། །ཞེས་གསུངས་སོ། །ལྭ་བ་པ་དང་དཔལ་འཛིན་དང་ཉིན་མོ་འབྱུང་གནས་ལ་སོགས་པས་དམ་ཚིག་དང་སྡོམ་པ་ལ་གནས་པ་རྣལ་འབྱོར་བཞི་དང་ཏིང་ངེ་འཛིན་གསུམ་ལ་མཁས་པའི་རིག་མ་དགོས་པར་གསུངས་པས་སྡོམ་པ་དང་མི་ལྡན་པ་རིག་མར་མི་རུང་ངོ༌། །འཁོར་ལོ་ནི། རྣམ་སྣང་ལ་སོགས་པ་རིག་
མ་དང་བཅས་པའི་འཁོར་ལོའོ། །དེའི་རིམ་པས་སྦྱོར་བ་ནི། དགུག་པ་དང་གཞུག་པ་དང་རྡོ་རྗེའི་ལམ་ནས་དབྱུང་བའོ། །རྐང་པ་དྲུག་པོ་དེའི་དོན་ནི། ཞལ་ལུང་ན་ཡོད་དོ། །བདེ་བ་མྱངས་པའི་སྒོ་ནས་དབང་གསུམ་པ་ངོས་གཟུང་བ་ནི། རྡོ་རྗེ་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏོ། །རིག་མ་ངེས་ཀྱང་གུར་ཀུམ་ལ་སོགས་པས་དྲི་ཞིམ་པོར་བྱས་ཤིང་གོས་མེད་པའི་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང༌། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷ་ཛ་མོཀྵ་ཧོཿ ཞེས་བརྗོད་དོ། །འདི་སྔགས་དང་བཅས་པ་ཞལ་ལུང་ན་བཞུགས་ལ་དེར་དྲིས་ལན་མཛད་པ་རྣམས་འདིར་མ་བཀོད་པར་སྣང་ངོ༌། །ཆོ་ག་ནི། རང་དང་རིག་མ་ལྷར་སྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱ་བ་སོགས་སོ། །ལྭ་བ་པས། རྫོགས་སངས་མཉེས་པར་བྱ་ལ་སོགས། །བྱ་བ་ཅི་ཡིན་པདྨར་གྱིས། །ཞེས་གསུངས་པ་ཉིད་གོ་བདེའོ། །མོཀྵ་ནི་ཐར་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ལྷག་པའི་ལྷའི་གཟུགས་བླ་མས་བརྗོད་པར་བྱའོ་ཞེས་ཕྲེང་བ་ལས་གསུངས་ཏེ། རིག་མས་བརྗོད་པ་འདི་རྣམས་ཀྱི་དོན་བླ་མས་བཤད་པའམ་སྔགས་འདི་བླ་མས་བརྗོད་ཅེས་པའི་དོན་ཏོ། །བྷ་ཛ་ནི། སྟེན་ཅིག་པ་སྟེ་ཐར་པ་སྟེན་ཅིག་ཅེས་པའོ། །དེ་ནས་སློབ་མས་རང་ཉིད་ལྷའི་གཟུགས་དང་ཤེས་རབ་མ་ལྷ་མོའི་གཟུགས་སུ་
བསྐྱེད་ཅེས་པ་ལས་ལྷ་ཡབ་ཡུམ་གང་དུ་སྐྱེད་ཕྲེང་བར་མི་གསལ་ལ་མི་ཐུབ་ཟླ་བས་འོད་དཔག་མེད་དུ་སྐྱེད་པར་བཤད་དེ་འདོད་ཆགས་རྡོ་རྗེ་ཡིན་པ་ལ་དགོངས་སོ། །ཟུང་འཇུག་གསལ་བ་ལས། རིན་འབྱུང་དུ་སྐྱེད་པར་གསུངས་ཏེ་འདུས་པར་རྗེས་ཆགས་ཀྱི་ང་རྒྱལ་རིན་འབྱུང་གི་སྒོ་ནས་འཛིན་པར་གསུངས་པ་ལ་དགོངས་སོ། །རཏྣ་རཀྵི་ཏས་བདེ་མཆོག་ཡབ་ཡུམ་དུ་སྐྱེད་པར་བཤད་དེ། དེའི་ལྟར་ན་སྐབས་སུ་གང་བབ་པའི་གཙོ་བོ་ཡབ་ཡུམ་དུ་བསྐྱེད་པས་ཆོག་གོ །གསང་དབང་མ་གཏོགས་པ་འདི་དང་འོག་མ་ལ་གདོང་གཡོགས་འཆིང་བ་ཕྲེང་བ་རྗེས་འབྲང་དང་བཅས་པས་མ་ཤད་དོ། །དེ་ནས། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ནོར་བུ་ༀ་ལས་སྐྱེས་པ་དང༌། རྡོ་རྗེའི་ཁར་ཕཊ་སེར་པོ་དང་ཨཱཿ ལས་སྐྱེས་པའི་པདྨའི་ཟེའུ་འབྲུ་ལ། ཨཱཿ ས་མཚན་པ་བསྒོམས་ནས་ཡང་དག་པར་བསྐུལ་ཞེས་སྦྱར་རོ། །གང་ན་གཡོན་པའི་གཡོན་གྱི་ཆར་སོན་པའི་རྩའོ། །གཡོན་པ་ནི། འདིར་རིག་མའོ། །དེའི་ལུས་ཀྱི་གཡོན་གྱི་ཆར་སོན་པའི་རྩ་ནི། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཞེས་པའི་རྩ་སྟེ་ཕྱག་ཆེན་ཐིག་ལེའི་གཉིས་པ་ལས་པདྨའི་སྙིང་པོའི་དབུས་ན་ནི། །རྡོར་དབྱིངས་དབང་ཕྱུག་མ་ནི་བཞུགས། །དེ་མ་རྙེད་པའི་བར་དུ་ནི། །ཐབས་གཞན་ལ་ནི་བྱང་ཆུབ་མེད། །དེ་ནི་རང་བཞིན་དགའ་བའི་གཟུགས། །ཕྲ་མོའི་ཕྲ་མོ་ཡང་དག་མཆོག །ཅེས་དང༌། ཞལ་ལུང་ལས། ན་ལི་གསུམ་པོ་བཙལ་བར་བྱ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་རྩ། །གཟུང་འཛིན་བྲལ་བ་བྷ་གའི་དབུས། །
བླ་མའི་མན་ངག་སྟོབས་ཀྱིས་ནི། །སོར་མོས་ག་བར་བྱ་དགོས་སོ། །ཞེས་སོ། །ཚོལ་བའི་ཚུལ་ནི། མཛུབ་མོའི་རྩེ་དང་ལྕེ་རྩེ་ལ་ཡི་གེ་ཧྲཱིཿ དམར་པོ་གནས་པར་བསམས་ལ་ཤཱི་ཏཱ་བརྗོད་པ་སྔོན་དུ་འགྲོ་བས་ཡང་དག་པར་བསྐུལ་ནས་བཤད་པའི་རྟགས་བྱུང་བ་དང༌། ༀ་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ཧཱ་ཞེས་པ་དང༌། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཟློས་ཤིང་བླ་མའི་མན་ངག་ལས་དགའ་བཞིའི་དབྱེ་བ་ཤེས་པས་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པས་ལུས་བྱིན་གྱིས་བརླབ་པ་སྟེ་ལུས་ལ་གཞུག་ཅིང༌། བླ་མས་ཀྱང་རྣམ་སྣང་དང་སྤྱན་མ་ལ་སོགས་དཔག་མེད་བཅུག་པ་དང་རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱའོ། །གཉིས་པ་ལ་གཉིས། དངོས་ཀྱི་དོན་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སྐབས་འདིར་བླ་མའི་མན་ངག་གིས་དགའ་བཞིའི་དབྱེ་བ་ཤེས་དགོས་ན། དེ་ཇི་ལྟར་ཡིན་སྙམ་ན། སྙེ་མ་ལྔ་པ་ལས། དེ་ལ་བོ་ལའི་རྩ་བ་ནས་ཏེ་གསང་བའི་པདྨ་ལས་རྡོ་རྗེ་ནོར་བུ་ལས་སྔར་དགའ་བ་ལ་སོགས་པ་གསུམ་དང་ནོར་བུའི་དབུས་སུ་ལྷན་ཅིག་སྐྱེས་པའི་ཞེས་པ་རྣམ་པར་གཞག་པ་གཅིག་གོ་ཞེས་དང༌། གཙུག་ཏོར་ནས་ནི་མཛོད་སྤུ་ཡི། །པདྨར་ཁུ་བ་འོངས་དགའ་བ། །མགྲིན་པ་སྙིང་ཁར་མཆོག་དགའ་བ། །ཁྱད་པར་དགའ་བར་དེ་ནས་འགྱུར། །སྣ་ཚོགས་དགའ་བྱེད་ལྟེ་བར་ཏེ། །གསང་བའི་པདྨར་གང་འོངས་པའོ། །གསང་གནས་རྡོ་རྗེ་ནོར་བུའི་བར། །ལྷན་སྐྱེས་དགའ་
བ་མི་འཕོ་བའོ། །ཞེས་དྲངས་པ་དུས་འཁོར་གྱི་ལུགས་སུ་གསུངས་སོ། །སྔ་མ་ནི། རྡོ་རྗེའི་རྩ་བ་ནས་བརྩམས་ཏེ་ནོར་བུའི་དབུས་སུ་མ་སླེབས་པའི་བར་རྣམས་སུ་དགའ་བ་གསུམ་སྐྱེ་བའི་ལུགས་ཏེ་གནས་ཀྱིས་ཕྱེ་བའོ། །རྣམ་རྟོག་ཆེན་པོའི་ཆེན་པོ་དང་ཆེན་པོ་དང་འབྲིང་གསུམ་གྱི་རགས་པ་ཆོད་པ་ལས་དགའ་བ་དང་མཆོག་དགའ་དང་ཁྱད་པར་གྱི་དགའ་བར་བཞག་ལ། ཆུང་དུ་ཕྲ་མོ་ཡོད་ཀྱང་རགས་པ་མེད་པ་ལས་ལྷན་སྐྱེས་ཀྱི་དགའ་བར་འཇོག་པར་མན་ངག་རིག་པ་རྣམས་འདོམས་སོ་ཞེས་དེ་ཉིད་ལས་གསུངས་སོ། །དགའ་བ་བཞི་ལས་གང་ཞིག་དབང་གསུམ་པར་འཇོག་སྙམ་ན། ཕྲེང་བ་ལས། ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་ལས་སེམས་ནི། །ནོར་བུའི་ནང་དུ་ཆུད་པ་བལྟ། །ཞེས་དང༌། དེ་ཉིད་ནི་ཆོས་ཐམས་ཅད་བསམ་དུ་མེད་པ་ཉིད་དོ། །དེའི་གཟུགས་བརྙན་དུ་རྗེས་སུ་མཐུན་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཤེས་རབ་ཡེ་ཤེས་ལ་དེ་ཉིད་དུ་བརྗོད་དོ། །ཞེས་གསུངས་པས་དགའ་བ་བཞིའི་ནང་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ཤེས་རབ་ཡེ་ཤེས་སུ་འཇོག་ལ་སྐྱེ་བའི་དུས་ཀྱང་བྱང་སེམས་རྡོ་རྗེ་ནོར་བུའི་ནང་དུ་སླེབས་ནས་ཕྱིར་མ་འཕོས་པའི་དུས་ལ་བཞེད་ཅིང་ལྷན་ཅིག་སྐྱེས་དགའ་གསུམ་པ་དང་ཁྱད་པར་གྱི་དགའ་བ་བཞི་པར་འདོད་པ་མན་ངག་སྙེ་མར་བཀག་གོ །བཀག་པ་དེ་ནི། སློབ་དཔོན་ཤཱནྟི་པ་བཞེད་ལ་བི་བྷཱུ་ཏཱིས་ཀྱང་རྡོ་རྗེའི་རྩ་བར་བྱང་སེམས་
འོངས་པ་ན་དགའ་བ་དང་དེའི་དཀྱིལ་དུ་མཆོག་དགའ་དང་ནོར་བུར་ཆུད་པ་ན་ལྷན་སྐྱེས་འབྱུང་སྟེ་དགའ་བྲལ་གྱི་དང་པོ་མཆོག་དགའི་ཐ་མ་དེ་གཉིས་ཀྱི་བར་དུ་སྐྱེ་བར་བཤད་ལ་རྡོ་རྗེ་སྐྱིལ་ཀྲུང་ནི། ནོར་བུའི་ནང་ན་གནས་པའི་དུས་སུ་སྣ་བུག་གཉིས་ཀྱི་རླུང་རྒྱུ་བ་བཀག་ནས་གནས་པ་ལ་བཤད་དོ། །ལྭ་བ་པ་ཡང་སྐྱེ་བའི་དུས་དང་ངོ་བོ་རྣམས་སྔ་མ་དང་འདྲ་ཞིང་དགའ་བའི་གྲངས་ནི། ཚིག་གིས་ཟིན་ཚོད་ལ་མཆོག་དགའ་དང་དགའ་བྲལ་གྱི་དབུས་སུ་སྐྱེ་བར་བཤད་དོ། །དབང་གསུམ་པ་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་ས་ར་ཧས་ཀྱང་བཤད་དོ། །བུད་མེད་ལ་དབང་སྐུར་ན་རྡོ་རྗེའི་གནས་སུ་པདྨ་རིག་པར་བྱའོ། །དེ་དག་ཀྱང་འཇམ་དཔལ་ཞལ་ལུང་གི་དབང་གསུམ་པའི་སྐབས་སུ་གསུངས་ཏེ། ཇི་སྐད་དུ། ནམ་མཁའི་ཁམས་དང་རྡོ་རྗེ་སྦྱོར་བ་ལས་ནི་ཡང་དག་སྤྱན་ཅན་བདེ་ཆེན་འབྱུང་བར་འགྱུར། །གང་གང་ཡང་དག་དགའ་བྱེད་ཆགས་བྲལ་དགའ་གཉིས་བར་དུ་དབེན་ཉིད་མཐོང་བྱས་བརྟན་པར་གྱིས། །པདྨའི་མཁའ་ལ་རྡོ་རྗེ་ནོར་བུ་པད་སྙིང་གཉིས་ལ་སྦྱོར་གང་རྡོ་རྗེ་སྐྱིལ་ཀྲུང་སེམས། །ནོར་བུ་བར་དུ་མཐོང་བྱས་གང་ཚེ་བདེ་བ་འབྱུང་བར་ངེས་པ་དེ་ཉིད་ཡེ་ཤེས་ཏེ། །འདི་ཉིད་རྫོགས་པའི་རིམ་པ་ཡིན་པར་བླ་མ་མཆོག་རྣམས་ཀུན་གྱིས་བཤད། །འདོད་ཆགས་ཆགས་བྲལ་བར་མ་མི་དམིགས་ཡེ་ཤེས་སྐད་ཅིག་དེ་རུ་གསལ། །ཆུ་ཚོད་བརྒྱད་དམ་ཉིན་གཅིག་ཟླ་བ་གཅིག་ཏུ་འམ། །ལོ་གཅིག་བསྐལ་པའམ་བསྐལ་བ་སྟོང་དུ་ཡེ་ཤེས་དེ་མྱོང་བྱ། །ཞེས་གསུངས་ཏེ་དབང་གི་དུས་སུ་ནི། ཡུད་ཙམ་
ཞིག་མྱོང་བ་ཡིན་ལ། ཕྱིས་གོམས་པའི་དབང་གིས་ནི། ཆུ་ཚོད་བརྒྱད་ལ་སོགས་པར་རིང་དུ་ཉམས་སུ་མྱོང་བའོ། །གལ་ཏེ་དབང་གསུམ་པར་གཞག་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་འདིས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ན་ནི། དེ་ཉིད་བདེ་བ་དང་སྟོང་པ་དབྱེར་མེད་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཡིན་པས་དབང་བཞི་པ་དང་ཁྱད་མེད་པར་འགྱུར་ལ། མ་རྟོགས་ན་ནི། དེ་ཁོ་ན་ཉིད་ཀྱི་དོན་སློབ་མ་ལ་ཐབས་ཁྱད་པར་ཅན་གྱིས་མཚོན་པར་འདོད་ནས་དབང་འདི་བསྐུར་བར་གཞུང་དུ་མ་ལས་འབྱུང་བ་དང༌། དབང་གསུམ་པས་མཚོན་པའི་དོན་འདི་ཉིད་ཉམས་སུ་བླངས་པས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་འགྱུར་བར་གསུངས་པ་རྣམས་དང་འགལ་ལོ་ཞེ་ན། འདི་ལ་བཤད་པར་བྱ་སྟེ་སྤྱིར་རིམ་པ་གཉིས་ཀྱི་ལམ་ལ་གང་ཟག་གི་དབང་པོའི་རིམ་པ་དད་བསྟུན་ནས་མཆོག་ཤིག་གསུངས་པ་ལྟར་དབང་ལ་ཡང་ཁྱད་པར་ཞིབ་ཏུ་ཕྱེ་ན་དབང་པོའི་སྒོ་ནས་ཐོབ་ལུགས་མང་དུ་འོང་བར་སྣང་ངོ༌། །འོན་ཀྱང་རྒྱུད་དགོངས་འགྲེལ་གྱི་གཞུང་དག་ལས་གཙོ་བོར་འབྱུང་བ་ནི། དབང་གསུམ་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་ནི་དེ་ཁོ་ན་ཉིད་རྟོགས་དགོས་པ་ཡིན་ཏེ། ཞལ་ལུང་ལས་གཟུགས་ནས་རྣམ་འཁྱེན་གྱི་བར་གྱི་ཆོས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་བསྟན་ནས་དེ་ལྟར་གནས་ཀྱང་སེམས་ཅན་རྣམས་ལ་སྒྲིབ་བྱེད་ཀྱི་སྐྱོན་གྱིས་བསྒྲིབས་པས་དེ་ལ་རྨོངས་ནས་འཁོར་བར་འཁྱམས་པས་ན་དེ་རྟོགས་དགོས་པ་དང༌། །དེ་རྟོགས་པའི་ཐབས་རིག་མ་ཡིན་པའི་ཚུལ་མང་དུ་
གསུངས་པའི་མཐར་གསང་དབང་བསྐུར་བའི་འོག་ཏུ། དེ་ནས་དེ་ལ་རང་བྱུང་གི །ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ལྷག་པའི་ལྷ་ཞེས་བྱ་བ་ནི། །རྟགས་བྱའི་ཆེད་དུ་བུ་མ་སྦྱིན། །ཞེས་སོགས་ཀྱིས་དབང་གསུམ་པ་བསྐུར་ནས་སྔར་དྲངས་པ་ལྟར་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པར་གསུངས་པས། དེ་ཁོ་ན་ཉིད་ཀྱི་དོན་མཚོན་པར་བྱེད་པ་ལ་དབང་གསུམ་པ་སྐུར་བར་ཆེས་གསལ་བར་གསུངས་སོ། །དེ་ཡང་བྱང་ཆུབ་ཀྱི་སེམས་ནོར་བུར་ཕྱིན་པ་ཕཊ་ལ་སོགས་པའི་ཡི་གེས་བཀག་པ་ཕྱིར་མ་འཕོས་པར་ཡུད་ཙམ་གནས་པའི་ཚེ་རྣམ་རྟོག་རགས་པ་མང་པོ་ཞིག་ལོག་པའི་བདེ་བ་དང་བཅས་པའི་མི་རྟོག་པ་སྐྱེས་བཙམ་མ་ཡིན་ཏེ། དེ་ཙམ་ནི། ཡིན་ལུགས་རྟོགས་པའི་ལྟ་བ་མེད་པ་རྣམས་ལའང་སྐྱེ་བས་དེས་དེ་ཁོ་ན་ཉིད་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་ཞལ་ལུང་ལས། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང༌། །གླལ་དང་འཁྲིག་དུས་སྐད་ཅིག་ཅིག་ཙམ། །མྱོང་བར་འགྱུར་བས། ཞེས་ཤི་བ་ལ་སོགས་པ་གནས་སྐབས་ལྔར་ཆོས་སྐུ་མྱོང་བར་གསུངས་པ་དེ་ཡིན་ཏེ། རྟོག་པ་རགས་པ་ཞི་བ་ལ་དེ་ཉིད་རྟོགས་ཞེས་བཏགས་པ་ཙམ་ཡིན་གྱི་དེ་ཁོ་ན་ཉིད་རྟོགས་པ་མིན་ཏེ་དེ་ལྟ་མ་ཡིན་ན་སེམས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སློབ་མ་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་ལྡན་པ་ལ་བླ་མས་དབང་གསུམ་པའི་ཡེ་ཤེས་སྐབས་གང་དུ་སྐྱེ་བ་བརྡ་སྤྲད་ནས་དབང་བསྐུར་བའི་ཚེ་རིག་མ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་ནོར་བུར་
བཟུངས་པའི་གཉིས་སྣང་གི་རྟོག་པ་རགས་པ་རྣམས་ལོག་པ་ན་ལྟ་བ་དྲན་པར་བྱས་ནས་ལྟ་ཐོག་ཏུ་བཞག་པའི་ཡེ་ཤེས་དེ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་ཡི། ལུས་དང་སེམས་ཀྱི་ཚོར་བ་བདེ་བ་ཙམ་བྱུང་བ་དང༌། དེའི་མཐུས་སེམས་མི་རྟོག་པར་གནས་པ་ཙམ་མིན་ནོ། །འོན་ཀྱང་ཡིན་ལུགས་ཀྱི་ལྟ་བ་ལེགས་པར་མ་གོ་བ་རྣམས་ལ་བདེ་བ་དང་བཅས་པའི་མི་རྟོག་པ་སྐྱེས་པ་ཡང་དབང་གསུམ་པར་ངོ་སྤྲད་དགོས་སོ། །དེས་ན་ལྟ་ཐོག་ཏུ་བཞག་པའི་དབང་གསུམ་པའི་ལྷན་སྐྱེས་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་སམ་སྙམ་པའི་ལོག་རྟོག་སྐྱེས་སའང་ཆེ་བ་ཡིན་ཏེ་དེའི་ཚེ་དེ་ཁོ་ན་ཉིད་རྟོགས་པ་རྟོག་བྲལ་དུ་འདོད་དགོས་སྙམ་ནས་རྟོག་པ་དང་བྲལ་བའི་ཤེས་པ་ས་རང་གི་ཡུལ་མངོན་སུམ་དུ་ཅིའི་ཕྱིར་མི་མཐོང་སྙམ་པ་སྐྱེ་བ་ཡིན་ལ། ལྟ་བ་མ་གོ་ན་བདག་མེད་ཀྱི་དོན་ལ་བློ་ཁ་མ་ཕྱོགས་པས་ཡེ་ཤེས་དེ་བདག་མེད་མངོན་སུམ་དུ་མཐོང་བའི་དོན་གྱི་ཡེ་ཤེས་སུ་འདོད་པའི་ལོག་རྟོག་སྐྱེས་བའི་གཞི་ཆུང་བ་ཡིན་ནོ། །སྙེ་མ་ལྔ་པ་ལས་ཀྱང༌། དེ་ཅི་འདི་མཐོང་བའི་ལམ་མིན་ནམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཞེས་རྒྱ་གར་བའི་རྟོགས་ལྡན་སྔགས་ལ་འདྲིས་པ་འགའ་ཞིག་གིས་དབང་གསུམ་པའི་ལྷན་སྐྱེས་མཐོང་ལམ་དུ་འདོད་པ་བཀག་པ་ཡིན་ནོ། །དེས་ན་དཔེ་དོན་གྱི་ཡེ་ཤེས་ནི། སྐབས་འདིར་བདག་མེད་མངོན་སུམ་དུ་རྟོགས་པ་དང་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཁྱད་དོ། །དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་སྐབས་སུ་བཅོས་མིན་གྱི་ལྷན་སྐྱེས་དང་མངོན་སུམ་དུ་མ་
རྟོགས་པའི་སྐབས་སུ་དེ་ཁོ་ན་ཉིད་ལ་མོས་པ་ཡིད་བྱེད་ཀྱིས་འཇུག་པས་བཅོས་མའི་ལྷན་སྐྱེས་དབང་གསུམ་པའི་སྐབས་ཉིད་དུ་གསུངས་ཏེ། སྙེ་མ་ལྔ་པ་ལས། བདེ་བ་རེས་འགའ་ཉམས་སུ་མྱོང་བའི་གནས་སྐབས་སུ་དེ་ཁོ་ན་ཉིད་མ་མཐོང་བས་ལྷག་པར་མོས་པས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པར་སྒོམ་བཞིན་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་ན་འཇིག་རྟེན་ལས་འདས་པ་ནི་རྩོལ་བ་མེད་པ་ཉིད་ཀྱིས་མ་བཅོས་པ་ཉིད་ཀྱིས་ན་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ཁོ་ན་ཉིད་མ་རྟོགས་པའི་གནས་སྐབས་སུ་ཉམས་སུ་མྱོང་བ་ཟག་པ་དང་བཅས་པ་མི་བརྟན་པ་མ་རྒྱས་པ་ཡན་ལག་མཐའ་དག་མ་ཡིན་པ་གློག་འགྱུ་བ་བཞིན་དུ་སྐད་ཅིག་ཙམ་པ་འཇིག་རྟེན་པ་ཀུན་རྫོབ་པ་སྟེ་རྩོལ་བ་དང་བཅས་པ་ཉིད་ཀྱིས་ན་བཅོས་མ་ཉིད་ནའང་ལྷན་ཅིག་སྐྱེས་པར་བརྗོད་དོ། །ཞེས་སོ། །དབང་གསུམ་པའི་ཡེ་ཤེས་འདི་ལ་སྟོང་ཉིད་རྟོགས་པའི་ཆ་གཅིག་དང་བདེ་བའི་ཆ་གཅིག་སྟེ་གཉིས་ཡོད་པས་སྔ་མ་ལ་རྡོ་རྗེ་འཆང་གི་དབུགས་དབྱུང་བ་དང་ཕྱི་མ་ལ་མི་བསྐྱོད་པའི་དབུགས་དབྱུང་བ་ཞེས་ཀྱང་གསུངས་ཏེ་དེ་ཉིད་ལས། དེ་ཁོ་ན་དབུགས་དབྱུང་བ་རྣམ་པ་གཉིས་སུ་སྨྲས་པ་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་དང་སྟོང་པ་ཉིད་དག་དེའི་བདག་ཉིད་ཀྱི་ཕྱིར་ཕན་ཚུན་རྒྱས་བཏབ་པ་དག་མི་བསྐྱོད་པ་དང་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་དང༌། རྡོ་རྗེ་འཛིན་པར་གདོན་མི་ཟ་བར་འབྱུང་
བར་འགྱུར་རོ་ཞེས་པ་དེའི་ལམ་ཐོབ་པའི་ཕྱིར་ཞེས་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་དང་རྡོ་རྗེ་འཛིན་པའི་དབུགས་དབྱུང་བ་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཇི་སྐད་དུ་གསུངས་པ། ཐབས་དང་ཐབས་བྱུང་དབྱེ་བ་ཡིས། །བཞི་པའི་དོན་ནི་རྣམ་གཉིས་འདོད། །གཅིག་ནི་དེ་བཞིན་གཤེགས་དངོས་གྲུབ། །གཞན་ནི་རྡོ་རྗེ་འཛིན་པར་འདོད། །ཅེས་གསུངས་ཏེ། བཞི་པ་ནི་དགའ་བ་བཞི་པ་ལྷན་སྐྱེས་སོ། །མདོར་ན་བླ་མས་གཏད་པའི་རིགས་མ་མཚན་ཉིད་དང་ལྡན་པ་དང་རང་ཉིད་ལྷ་ཡབ་ཡུམ་དུ་བསྐྱེད་དེ་རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས་ཤེས་རབ་ཡེ་ཤེས་སྐྱེ་བའི་མཚམས་རིག་ནས་སྐབས་དེར་ལྟ་བའི་སྟེང་དུ་བཞག་པའི་བདེ་བ་དང་བཅས་པའི་ཡེ་ཤེས་ལ་དབང་གསུམ་པར་ངོ་སྤྲོད་དགོས་པས། ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་དབང་བསྐུར་བ་ལ་ཡང༌། རང་དང་རིག་མ་འདོད་ལྷ་ཡབ་ཡུམ་དུ་གསལ་གདབ་ལ་ང་རྒྱལ་བརྟན་པོར་གཟུང་བ་སོགས་བྱས་ཏེ་ཡབ་ཡུམ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ནོར་བུའི་ནང་དུ་ཕྱིན་པར་མོས་ནས་དེ་ལས་བདེ་བ་བསྐྱེད། དེ་ནས་ལྟ་བའི་དོན་དྲན་པར་བྱས་ལ་དེའི་སྟེང་དུ་འཇོག་ཏུ་བཅུག་ནས་ངོ་འཕྲོད་ངེས་སུ་བྱས་ལ་དབང་བསྐུར་རོ། །དེ་ལྟར་དབང་གི་དུས་སུ་ངོ་སྤྲད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་གོམས་པས་འབྲས་བུའི་ལྷན་སྐྱེས་སྐྱེ་བས་ན་དབང་གི་ངུས་སུ་དེ་ཁོ་ན་ཉིད་ཀྱི་དོན་ལ་ཞུགས་པའི་ལྷན་སྐྱེས་དགོས་ཏེ། སྙེ་མ་ལྔ་པ་ལས། དེ་ལྟར་ལྷན་ཅིག་སྐྱེས་པ་
ལས་བྱུང་བའི་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཅི་འདི་ཤེས་རབ་ཀྱི་ཡེ་ཤེས་ལས་གཞན་པ་ཁོ་ན་འམ་ཞེ་ན་གཞན་མ་ཡིན་ཏེ། དེ་ཁོ་ནའི་འདི་མི་མཐུན་པའི་ཕྱོགས་བསལ་བ་དེ་ནི་རྣམ་པ་འདི་ལྟ་བུའོ་ཞེས་རང་གི་ངོ་བོ་རབ་ཏུ་གསལ་བའོ། །ཞེས་དབང་གསུམ་པའི་དུས་སུ་རྒྱུད་ལ་བསྐྱེད་པའི་ལྷན་སྐྱེས་དེ་ཁོ་ན་གོམས་པའི་མཐུས་དྲི་མ་དང་བྲལ་བ་ན་འབྲས་བུའི་ལྷན་སྐྱེས་ཀྱི་ངོ་བོར་གསལ་བར་གསུངས་ཤིང་མུ་ཏིག་ཕྲེང་བ་ལས་ཀྱང༌། འོན་ཀྱང་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་སོ་སོ་རང་གིས་རིག་པ་ཆོས་ཀྱི་སྐུའི་ལྷན་ཅིག་སྐྱེས་པ་ནམ་མཁའ་དང་མཉམ་པ་དང་དེའི་རྒྱུ་མཐུན་པར་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུའི་ལྷན་ཅིག་སྐྱེས་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཤིན་ཏུ་རྣམ་པར་དག་པ་བརྟེན་ཅིང་བདེ་བའི་མཚན་ཉིད་ཅན་གྱི་ལྷན་ཅིག་སྐྱེས་པའི་དགའ་བ་གང་ཡིན་པ་དེ་ནི་འདིར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ཡང་རྣམ་པ་གཞན་མེད་པའི་ཕྱིར་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཉིད་ལ་མན་ངག་ཇི་ལྟ་བ་བཞིན་དུ་མོས་པས་སྒོམ་པ་ན་སྒོམ་པ་ཡོངས་སུ་རྫོགས་པ་ལས་མངོན་སུམ་དུ་འགྱུར་ཞིང་རང་ཉིད་ཀྱིས་ཤེས་པར་འགྱུར་གྱི་སྔར་ནི་མ་ཡིན་ནོ། །ཞེས་དང༌། དེ་དག་ལས་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ནི། གཞན་ཡིན་པར་ཡོངས་སུ་ཤེས་པར་འགྱུར་ཏེ་འབྲས་བུའི་རང་བཞིན་དུ་གྱུར་པར་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །ཞེས་གསུངས་ཏེ་བྱང་ཆུབ་ཀྱི་རང་བཞིན་ལ་དེའི་རྣམ་པ་ཅན་དུ་རྗེས་སུ་ཞུགས་པས་ན་འབྲས་བུའི་རང་བཞིན་དུ་སྐྱེས་