གསང་འདུས་དཀའ་གནད་ཟིན་བྲིས།
གསང་འདུས་དཀའ་གནད་ཟིན་བྲིས་བཞུགས་སོ། །
བླ་མ་རྗེ་བཙུན་རྣམས་ལ་ཕྱག་འཚལ་ལོ། །དེ་ལ་གསང་སྔགས་བླ་ན་མེད་པའི་ལམ་གྱི་མྱུར་ཁྱད་ནི། བསྐྱེད་རིམ་ལའང་རྒྱུད་སྡེ་འོག་མ་རྣམས་ལས་ཆེས་ཕུལ་དུ་བྱུང་བའི་ཁྱད་པར་མཐའ་ཡས་པ་ཡོད་མོད་ཀྱང༌། ཐུན་མོང་མ་ཡིན་པའི་གཙོ་བོ་ནི། རྫོགས་རིམ་གྱི་སྐབས་ལས་ཤེས་དགོས་པས། དེ་ལ་ལམ་གྱི་གཙོ་བོ་ངེས་བཟུང་བ་དང༌། དེ་ཇི་ལྟར་བསྐྱེད་པའི་ཚུལ་དང༌། སྦྱོར་བ་ཡན་ལག་དྲུག་ཏུ་བསྡུས་ནས་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། རྒྱུད་སྡེ་རྣམས་ལས་འབྱུང་བའི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཞེས་སམ་བདེ་སྟོང་དབྱེར་མེད་པ་ཞེས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་གང་ཡིན་པའོ། །དེ་ལ་བདེ་བ་དང་སྟོང་པ་ངོས་བཟུང་པ་དང༌། དེ་གཉིས་དབྱེར་
མེད་པའི་ཚུལ་ལོ། །དང་པོ་ནི། བསམ་གཏན་གྱི་ཉེར་སྔོགས་ཀྱིས་བསྡུས་པའི་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་ཙམ་ཡང་མ་ཡིན་ཏེ། དེ་ནི་ཕྱིར་རོལ་པ་རྣམས་ལའང་ཡོད་པའི་ཕྱིར་དང༌། ཕར་ཕྱིན་ཐེག་པ་བ་རྣམས་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་བསམ་གཏན་གྱི་སའི་དངོས་གཞིས་བསྡུས་པ་རྣམས་ཀྱང་མ་ཡིན་ནོ། །བྱ་སྤྱོད་ཀྱི་ལམ་བསྒོམ་པའི་སྐབས་སུ་སྲོག་རྩོལ་བསྡམས་པ་ལས་སྐྱེས་པའི་བདེ་བ་དང༌། རྣལ་འབྱོར་རྒྱུད་ཀྱི་དོན་ཕྲ་མོ་བསྒོམས་པ་སོགས་ལས་སྐྱེས་པའི་བདེ་བའང་མ་ཡིན་ཏེ། འདི་ནི་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ལམ་གྱིས་བསྡུས་པའི་བདེ་བ་ཡིན་པའོ། །སྟོང་པའང་ཡུལ་གྱི་སྣང་བ་བསྡུས་པ་ཙམ་གྱིས་མི་ཆོག་གི་བདེན་པའི་སྤྲོས་པས་དབེན་
པའི་རང་བཞིན་མེད་པའི་ཆོས་ཉིད་དོ། །གཉིས་པ་ནི། བདེ་བ་དང་པོར་བསྐྱེད་ནས་དེ་ལས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་རྒྱས་འདེབས་པ་དང༌། ཡང་ཤེས་རབ་དེ་ཉིད་ལ་བདེ་བས་རྒྱས་འདེབས་པ་དང༌། དེ་གཉིས་ཀ་གཙོ་བོ་ཡིད་ཀྱིས་ཤེས་པ་གཅིག་གི་འཁོར་དུ་མཚུངས་ལྡན་དུ་སྐྱེས་པ་ལྟ་བུ་མ་ཡིན་གྱི། ལྟེ་བའི་ཨ་ཐུང་འབར་ནས་སྦྱི་བོའི་ཧཾ་ཡིག་ཞུ་བའི་འདུ་འཕྲོད་ལ་བརྟེན་ནས་བྱུང་བའི་བདེ་བས་སྟོང་པ་ཡུལ་དུ་བྱས་ནས་འཛིན་པ་ནི་བདེ་སྟོང་དབྱེར་མེད་པའི་དོན་ནོ། །དེ་ནས་ཕར་ཕྱིན་ཐེག་པ་ལ་སྟོང་ཉིད་གཏན་ལ་ཕེབས་ནས་དེ་རྟོགས་ཀྱི་བློ་ཟུར་དུ་བསྐྱེད་མི་དགོས་ལ། འདི་ནི་བདེ་བ་ཟུར་དུ་བསྐྱེད་ནས་དེས་སྟོང་པ་ཉིད་ཡུལ་དུ་བྱེད་པ་ཡིན་ནོ། །གཉིས་པ་ནི། ལམ་གྱི་མྱུར་ཁྱད་ལུས་ལ་གནད་དུ་བསྣུན་པ་ལས་ཡིན་ལ། དེ་ལའང་ཐོག་མར་ལུས་ཀྱི་འཆགས་ཚུལ་ཤེས་དགོས་པས་དེའང༌། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་མམ། ཡང་ན་རྟེན་དང་བརྟེན་པ་གཉིས་ཀྱིས་ཤེས་པར་བྱའོ། །དེ་ལ་རྟེན་རྩ་ཡིན་ལ། བརྟེན་པ་རླུང་དང་ཁམས་དཀར་དམར་རོ། །རྩ་ལའང་རྒྱས་པར་ཕྱེ་ན་བདུན་ཁྲི་ཉིས་སྟོང་དང༌། འཁོར་ལོ་བཞིའི་དབྱེ་བས་གཙོ་བོ་བརྒྱ་ཉི་ཤུ་དང༌། དེའི་ནང་ནས་གཙོ་བོ་ཉེར་བཞི། དེ་ལས་ཀྱང་གཙོ་བོ་རོ་རྐྱང་དབུ་མ་གསུམ་པོ་རྣམས་ཀྱི་གྲངས་དང༌། སྐྱེ་ཚུལ་གྱི་གོ་རིམ་ངེས་པ་དང༌། གནས་ཚུལ་དང༌། དེ་དག་ལ་དོགས་གཅོད་ཀྱི་ཡན་ལག་དང༌། དེ་དག་གི་ནང་དུ་རྩ་བའི་རླུང་ལྔ་དང། ཡན་ལག་གི་རླུང་ལྔ་ཇི་ལྟར་རྒྱུ་ཚུལ་དང༌། དེ་ལ་
བརྟེན་ནས་ཁམས་དཀར་དམར་འདུ་འཕྲོད་བྱེད་ཚུལ་རྣམས་ནི་གཞན་དུ་འབྱུང་བར་འགྱུར་རོ། །དེ་ལ་གནད་དུ་བསྣུན་པའི་ཏིང་ངེ་འཛིན་བསྒོམ་པ་ལའང་གཏུམ་མོ་བསྒོམ་པ་དང༌། ཐིག་ལེ་དང་ཡི་གེ་ལ་དམིགས་པ་དང༌། རླུང་བུམ་པ་ཅན་འཛིན་པ་དང༌། རྡོར་བཟླས་བྱེད་པ་སོགས་དུ་མ་ཞིག་རྒྱུད་སྡེ་རྣམས་ལས་བྱུང་བ་དེ་དག་གི་དོན་རགས་པ་རྣམས་འོག་ནས་འབྱུང་བར་འགྱུར་རོ། །གསུམ་པ་ལ། གྲངས་ཀྱི་དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། །སོ་སོར་སྡུད་དང་བསམ་གཏན་དང༌། སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་འཛིན་རྣམས། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། ཞེས་གསུངས་སོ། །རྣལ་འབྱོར་དྲུག་པོ་འདི། ལུས་དབེན་ནས་ཟུང་འཇུག་གི་བར་རྣམས་དང་དོན་གཅིག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ལ་སོར་སྡུད་དང་བསམ་གཏན་གཉིས་བཤད་པ་དང༌། སྲོག་རྩོལ་བཤད་པ་དང༌། ལྷག་མ་རྣམས་བཤད་པའོ། །དང་པོ་ལ། སོར་སྡུད་ནི་རྒྱུད་ཕྱི་མ་ལས། དབང་པོ་བཅུ་པོ་རྣམས་ཀྱི་ཡང༌། །རང་གི་འཇུག་གནས་ཐམས་ཅད་དུ། །འདོད་པ་སོ་སོར་སྡུད་བས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། ཞེས་གསུངས་ཏེ། དབང་པོ་བཅུ་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང༌། གཟུགས་ལ་སོགས་པའི་ཡུལ་ལྔ་རྣམས་སོ། །དབང་པོས་ཡུལ་འཛིན་པ་ནི་རང་གི་འཇུག་པ་ཡིན་ལ་ཡུལ་འཛིན་པ་དེར་གནས་པས་རང་གི་འཇུག་གནས་སོ། །དེའང་ཡུལ་དམན་པ་དང༌།
བར་མ་དང༌། མཆོག་གི་བྱེ་བྲག་ཐམས་ཅད་དུ་འཇུག་པས་སོ། །འདོད་པ་ནི་འདིས་འདོད་པ་དོན་གཉེར་གྱི་འདུན་པ་དང། འདི་འདོད་པ་ཡུལ་གཟུགས་སོགས་གཉིས་ལས་ཕྱི་མ་སྟེ། དེ་ཡང་དང་ཡང་དུ་སྡུད་ཅིང་ལེན་པས་སོ་སོར་སྡུད་པ་ཞེས་བྱའོ། །དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། རང་ཉིད་རྡོ་རྗེ་འཆང་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་པར་བསྒོམས་ནས་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས་ཏེ་སྙོམས་འཇུག་བྱས་ནས་ཞུ་བ་ལས་བྱུང་བའི་ཐིག་ལེ་ཁ་དོག་སྔོན་པོ་ཡུངས་འབྲུ་ཙམ་རྡོ་རྗེ་ནོར་བུའི་བུ་ག་ཕཊ་སེར་པོས་བཀག་པའི་ནང་ཙམ་དུ་གནས་པ་ལ་དམིགས་པ་བཟུང་ནས་རྩེ་གཅིག་ཏུ་བསྒོམས་པ་ལས་བདེ་བ་སྐྱེ་ལ། བདེ་བ་དེས་སྟོང་པ་ཡུལ་དུ་བྱས་ནས་བཟུང་བའི་བདེ་སྟོང་དབྱེར་མེད་དེ་ཉིད་མིག་ལ་སོགས་པའི་དབང་པོ་དང༌། གཟུགས་སྒྲ་ལ་སོགས་པའི་ཡུལ་གྱི་རྣམ་པ་ཤར་ནས་དབང་པོས་ཡུལ་ལ་ལོངས་སྤྱོད་པར་རྩེ་གཅིག་ཏུ་སེམས་པར་བྱེད་པ་ཡིན་ནོ། །བསམ་གཏན་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། སོར་སྡུད་དང་བསམ་གཏན་གྱི་ཁྱད་པར་བཤད་པ་དང༌། དེ་གཉིས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། རྒྱུད་ཕྱི་མ་ལས། འདོད་པ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། ཞེས་དང་པོ་གསུམ་གྱིས་མཚན་ཉིད་དང༌། བཞི་པས་གྲངས་མདོར་བསྟན་པ་ཡིན་ནོ། །འདིར་ཁ་ཅིག་འདིའི་ཐད་ཀྱི་མཚམས་སྦྱོར་ལ།
སྒྲོན་གསལ་ལས། སོ་སོར་སྡུད་པ་རྣམ་པར་སྦྱང་བར་བྱ་བའི་དོན་དུ་ཡན་ལག་གཉིས་པ་བསྟན་པའི་ཕྱིར་ཞེས་གསུངས་པའི་ཚིག་ལ་བསམས་ནས་སོར་སྡུད་ནི་ཐ་མའི་དབང་པོ་ཡུལ་ལ་ལོངས་སྤྱོད་པ་ཙམ་ཡིན་པས་སྤང་བྱའི་ཕྱོགས་ཀྱིས་བསྡུས་པ་སྦྱང་གཞི་དང༌། བསམ་གཏན་ནི་དེ་སྦྱོད་བྱེད་གཉེན་པོ་ཡན་ལག་ཡིན་ནོ། །ཞེས་ཟེར་བ་མི་རིགས་ཏེ། དེ་ལྟར་ན་སོར་སྡུད་ལམ་མ་ཡིན་པས་རྒྱུད་ཕྱི་མ་ལས། ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུའོ། །ཐ་མལ་པ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་མཆོག་སྒྲུབ་པའི་ལམ་རྣལ་འབྱོར་ཡན་ལག་དྲུག་ཏུ་བཤད་པ་དང་འགལ་ལོ། །ཡང་སོར་སྡུད་སོར་སྤོང་གི་དོན་དུ་འཆད་པ་ནི། རྒྱུད་གཞན་གྱི་ལུགས་ཡིན་པས་ལུགས་འདི་དང་གཅིག་ཏུ་མི་བསྲོའོ། །དེ་ལ་འདོད་པར་བྱ་བ་ཡུལ་ལྔ་དང་སངས་རྒྱས་ཏེ་དབང་པོ་ལྔ་དེ་བཞིན་གཤེགས་པ་ལྔར་སྦྱར་ནས་བརྟག་ཅིང་སེམས་པར་བྱེད་པའི་ཏིང་ངེ་འཛིན་ལ་བསམ་གཏན་ཞེས་བཤད་དེ། ཆོས་མངོན་པ་ལས། བསམ་གཏན་གྱི་སྐད་ཀྱི་བྱིངས་སེམས་པར་བྱེད་པ་ལ་བཤད་པ་ལྟར་རོ། །མདོར་བསྡུ་པ་ནི། ཡུལ་དང་དབང་པོ་དེ་བཞིན་གཤེགས་པ་གཅིག་ཏུ་བྱས་པའི་དོན་ནོ། །སངས་རྒྱས་ལྔ་སྦྱར་ས་ལྟ་བུར་བཤད་ཀྱང་སྦྱར་བར་བྱ་བའི་ཆོས་ཡིན་པས། སངས་རྒྱས་ལྔ་ཡི་སྦྱོར་བ་ལས། ཞེས་པའི་དོན་དུ་ཤེས་པར་བྱའོ། །ཡུལ་དང་དབང་པོ་དེ་བཞིན་གཤེགས་པ་ལྔའི་
རྣམ་པར་སེམས་པ་བསམ་གཏན་གྱི་སྤྱིའི་མཚན་ཉིད་དུ་མི་འཐད་དེ། བསམ་གཏན་གྱི་ཡན་ལག་རྟོག་དཔྱོད་གཉིས་ལ་མཚན་ཉིད་དེ་ཞུགས་ཀྱང་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་མཚན་ཉིད་དུ་བསྟན་པས་དགའ་བདེ་དང་སེམས་རྩེ་གཅིག་པ་ལ་མ་ཁྱབ་པར་འགྱུར་ཏེ། སྒྲོན་གསལ་ལས། དགའ་བ་ལ་དེ་ཁོ་ན་ཉིད་ལ་མངོན་པར་འཇུག་པ་ལ་ཕྱོགས་པས་ཞེས་དང༌། བདེ་བ་ལ་དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས་ཞེས་དང༌། སེམས་རྩེ་གཅིག་པ་ལ་སེམས་ཀྱི་གཟུང་བ་དང་འཛིན་པ་སྟོང་ཉིད་ཅེས་གསུངས་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། བདེ་སྟོང་དབྱེར་མེད་ཉིད་ལྷའི་རྣམ་པར་ཤར་ནས་དབང་པོ་ཡུལ་ལ་ལོངས་སྤྱོད་པར་སེམས་པ་བསམ་གཏན་གྱི་སྤྱིའི་མཚན་ཉིད་དུ་འདོད་པ་ཡིན་ནོ། །གཉིས་པ་ལ་གྲངས་ཀྱི་དབྱེ་བ་དང༌། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། རྒྱུད་དེ་ལས། རྟོག་དང་དཔྱོད་དང་དགའ་བ་དང༌། །དེ་བཞིན་བདེ་བ་ཉིད་དང་ཡང༌། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། ཞེས་སོ། །གཉིས་པ་ནི། རྒྱུད་དེ་ལས། གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་ཡོངས་བཤད་པ། །གསང་བ་གསུམ་འབྱུང་རྟོག་པ་སྟེ། །དེ་ཉིད་རྟོག་པ་དཔྱོད་པའོ། །དགའ་དང་འདྲ་བ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། ཞེས་གསུངས་ཏེ། གསང་བའི་རྒྱུད་ནི་རྣལ་འབྱོར་བླ་ན་མེད་བའི་
རྒྱུད་དོ། །གསང་པ་གསུམ་ནི། དབང་པོ་དང༌། ཡུལ་དང༌། དབང་པོའི་རྣམ་པར་ཤེས་པ་གསུམ་སྟེ། རྒྱས་པར་ཕྱེ་ན་ལྔ་གསུམ་བཅོ་ལྔའོ། །སོ་སོར་མ་ཕྱེ་བར་ཡུལ་དབང་རྣམ་ཤེས་གསུམ་སྤྱིར་གྱི་དེ་བཞིན་གཤེགས་པའི་རྣམ་པར་སེམས་པར་བྱེད་པ་རྟོག་པ་དང༌། དེ་ཉིད་ཞིབ་ཏུ་ཕྱེ་ནས་ཡུལ་ལའང་ཐབས་ཀྱི་རྣམ་དག་དང༌། ཤེས་རབ་ཀྱི་རྣམ་དག་གཉིས་ཀྱི་དང་པོ། །གཟུགས་རྣམ་སྣང་དང༌། སྒྲ་མི་བསྐྱོད་པ་དང༌། དྲི་རིན་འབྱུང་དང༌། རོ་འོད་དཔག་མེད་དང༌། རེག་བྱ་དོན་ཡོད་གྲུབ་པར་སེམས་པ་དང་། གཉིས་པ་གཟུགས་གཟུགས་རྡོ་རྗེ་མ་ནས། རེག་བྱ་རེག་བྱ་རྡོ་རྗེ་མར་སེམས་པ་དང༌། མིག་སོགས་དབང་པོ་རྣམས་ཀྱང་ས་སྙིང་ལ་སོགས་པའི་བྱང་ཆུབ་སེམས་དཔར་སེམས་པ་ནི་དཔྱོད་པའོ། །རྟོག་དཔྱོད་ཀྱིས་དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡིད་ཤེས་འཁོར་དུ་ཚོར་བ་ཚིམ་པ་སྐྱེས་པ་ནི་དགའ་བ་དང༌། དབང་ཤེས་འཁོར་དུ་ཚོར་བ་སིམ་པ་སྐྱེས་པ་ནི་བདེ་བའོ། །དེ་ལྟར་སྦྱངས་པའི་སྟོབས་ཀྱིས་ཤེས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་དང༌། ཤེས་བྱ་གཟུགས་ནས་ཆོས་ཀྱི་བར་དུ་བྱུང་བ་ནི་ཤེས་དང་ཤེས་བྱ་བྱུང་པའོ། །དེ་ཟད་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཉིད་གཉིས་སྣང་རགས་པ་ལོག་ནས་རྩེ་གཅིག་ཏུ་གནས་པ་ནི་སེམས་རྩེ་གཅིག་པའོ། །དེ་ཉིད་བཤད་པ་ནི། རྐང་པ་ཐ་མ་གཉིས་ཏེ། དེའང་སངས་རྒྱས་ཀུན་རང་བཞིན་ཞི་བ། ཞེས་པ་དང༌།
པ་ཚབ་ཀྱི་འགྱུར་དུ། རྐང་པ་ཐ་མ། ནམ་མཁའ་ཀུན་ལ་རབ་ཏུ་གནས། ཞེས་འབྱུང་བ་ལྟར་བཤད་དོ། །སངས་རྒྱས་ཀུན་གྱི་རང་བཞིན་ནི་སྟོང་པ་ཉིད་ཡིན་ལ། དེ་བསྒོམས་པའི་སྟོབས་ཀྱིས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རགས་པ་ལོག་པ་ནི་ཞི་བའོ། །ནམ་མཁའ་ནི་སྟོང་པ་ཡིན་ལ་ཀུན་ནི་ཐམས་ཅད་ཡིན་པས་སྟོང་པ་བཞི་པ་བསྟན་པ་ཡིན་ནོ། །དེ་ལྟར་ཡང་སྒྲོན་གསལ་དུ། སྣང་བ་ཙམ་དང་ཞེས་པས་རྐང་པ་སྔ་མའི་དོན་སྣང་མཆེད་ཐོབ་གསུམ་བསྟན་ལ། ཐམས་ཅད་སྟོང་པ་ཞེས་པས་ཐ་མའི་དོན་སྟོང་པ་བཞི་པ་བསྟན་ནོ། །སྟོང་པ་བཞིའི་དབྱེ་བ་བྱུང་ཡང་སེམས་དབེན་གྱིས་བསྡུས་པ་མ་ཡིན་ནོ། །དེ་དང་རིགས་མཐུན་པའི་ལུས་དབེན་གྱི་སྐབས་ཀྱི་སྟོང་པའོ། །དེས་ན་ཁ་ཅིག་རྐང་པ་ཐ་མ་གཉིས་སྒྱུ་ལུས་དང༌། དེའི་སྔ་མ་གཉིས་སེམས་དབེན་ལ་སྦྱོར་བ་མི་རིགས་པར་ཤེས་པར་བྱའོ། །གསུམ་པ་ནི། བདེ་སྟོང་དབྱེར་མེད་ཉིད་ཐ་མལ་པའི་དབང་ཡུལ་གྱི་རྣམ་པར་ཤར་ནས་དབང་པོས་ཡུལ་ལ་ལོངས་སྤྱོད་པར་སེམས་པ་སོར་སྡུད་ཡིན་ལ། དབང་ཡུལ་སོགས་ལྷའི་རྣམ་པར་བསྒྱུར་བ་བསམ་གཏན་ཡིན་ནོ། །དེས་ན་ཐ་མལ་པའི་སྣང་པ་ཁྱད་པར་ཅན་གྱི་སྣང་བར་བསྒྱུར་བ་སྤྱོད་བའི་དོན་ཡིན་གྱི་སྤང་གཉེན་མ་ཡིན་ཏེ། གཉིས་ཀ་ལམ་གྱིས་བསྡུས་པའི་ཐབས་དང་ཐབས་བྱུང་ཡིན་པའི་ཕྱིར། དེ་རྣམ་པར་སྦྱོང་བ་ཞེས་པའི་ཚིག་ཙམ་གྱིས་སྤང་བྱར་འགྱུར་ན་སྒྱུ་ལུས་ཀྱང་འོད་གསལ་གྱི་སྤང་བྱར་འགྱུར་ཏེ། རིམ་ལྔ་ལས།
སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །ཡང་དག་མཐས་ནི་རྣམ་པར་སྦྱང༌། ཞེས་གསུངས་པའི་ཕྱིར་རོ། །སོར་སྡུད་ཀྱང་སྔར་བཤད་པ་ལྟར་སེམས་པར་བྱེད་པའི་ཡིད་ཀྱིས་བསྡུས་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་གྱི་ཐ་མལ་བའི་དབང་ཡུལ་ནི་སོར་བསམ་གང་དུའང་མི་འགྱུར་རོ། །བཞི་བ་ནི། ལུས་རྣམ་པར་དབེན་པའི་སྐབས་སུ་རིགས་བརྒྱ་དང་ལྔ་དང་གསུམ་གསང་ཆེན་རྡོ་རྗེ་འཆང་གི་རིགས་གཅིག་ཏུ་བསྡུས་ནས་ཉམས་སུ་ལེན་པར་བཤད་པ་ནི། ཡན་ལག་དྲུག་གི་སོར་བསམ་གཉིས་དང་སྦྱར་བར་བྱ་བ་ཡིན་ནོ། །བསམ་གཏན་གྱི་ཡན་ལག་ལྔ་ཡོད་པའི་རྟོག་དཔྱོད་དང༌། སེམས་རྩེ་གཅིག་པའི་ཕྱོགས་ཙམ་ནི་འཕྲལ་དུ་ལག་ཏུ་ལེན་པའི་ཚུལ་སྟོན་པ་ཡིན་ལ། དགའ་བདེ་དང་འདིར་བཤད་ཀྱི་སེམས་རྩེ་གཅིག་པ་རྫོགས་པ་ནི་ཕན་ཡོན་གྱི་ཡན་ལག་ཡིན་ནོ། །དེ་ལྟར་སྔར་བཤད་པའི་བདེ་བ་བསྐྱེད་ནས་དེས་སྟོང་པ་ཡུལ་དུ་བྱས་ཤིང་དེའང་ཆུ་ལ་ཆུ་བཞག་གི་ཚུལ་དུ་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུའི་བདག་ཉིད་དུ་མོས་པར་བྱས་ནས་དབང་ཡུལ་མཐའ་དག་དེའི་རྣམ་འགྱུར་དུ་མོས་ཤིང་ལྷའི་རྣམ་པར་མ་བསྒྱུར་བར་དབང་པོ་ཡུལ་ལ་ལོངས་སྤྱོད་པར་སེམས་པ་ནི་སོར་སྡུད་ཡིན་ལ། ལྷའི་རྣམ་པར་བསྒྱུར་བ་ཙམ་ནི་བསམ་གཏན་ནོ། །དེ་ལའང་རྡོ་རྗེ་འཆང་གི་རྣམ་པ་ཙམ་དུ་མོས་པ་རྟོག་པ་དང༌། ཡུལ་དབང་སོ་སོར་ལྷ་སོ་སོ་དང་སྦྱར་ནས་ཞིབ་ཏུ་སེམས་པར་བྱེད་པ་ནི་དཔྱོད་པ་ཡིན་ལ། དེ་གཉིས་ཀའི་མཐར་
ཡང་དོན་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པ་རེའང་བྱའོ། །གཉིས་པ་སྲོག་རྩོལ་བཤད་པ་ནི། རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་སུ་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །རང་སྔགས་སྙིང་གར་བསམས་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་གསུངས་ཏེ། དེ་ལ་ཕ་རྒྱུད་དང་མ་རྒྱུད་ཀྱི་ཁྱད་པར་དང༌། དེ་དག་ལས་ཇི་ལྟར་བསྟན་པའི་ཚུལ་དང༌། རྒྱུད་ཕྱི་མའི་ཚིག་དེའི་དོན་བཤད་པའོ། །དང་པོ་ནི། རླུང་དང་གཏུམ་མོ་བསྒོམ་པ་སོགས་ཀྱི་ཐབས་ལས་ལྷན་ཅིག་སྐྱེས་པའི་བདེ་བ་ཤེས་རབ་ཀྱི་ཆ་གཙོ་བོར་གཏན་ལ་འབེབས་པ་དེ་ལ་མའི་རྒྱུད་དང༌། ཤེས་རབ་དེ་ཉིད་ལྷའི་རྣམ་པར་བཞེངས་པའི་ཐབས་ཀྱི་ཆ་གཙོ་བོར་སྟོན་པ་ལ་ཕའི་རྒྱུད་ཅེས་བྱའོ། །གཉིས་པ་ནི། ཕ་རྒྱུད་མ་རྒྱུད་གང་ཡིན་ཡང་རུང་ཁམས་འབར་འཛག་ལས་བྱུང་བའི་ལྷན་སྐྱེས་ཀྱི་ཞུ་བདེ་ལས་སྒྲུབ་པ་ལ་ཀུན་མཐུན་ཏེ། དེ་ཉིད་ཕར་ཕྱིན་ཐེག་པ་སོགས་ལས་མྱུར་བར་སྒྲུབ་བྱེད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ། །མཚན་ཉིད་ཐེག་པའི་ས་བརྒྱད་པ་ཐོབ་ནས་ཀྱང་སྟོང་ཉིད་རྟོགས་པའི་ཤེས་རབ་འབའ་ཞིག་ལ་མཉམ་པར་བཞག་ན་གཟུགས་སྐུ་སྒྲུབ་པའི་རྒྱུ་མ་ཚང་བས་རྒྱལ་བ་རྣམས་ཀྱིས་དེ་ལས་བསྐུལ་བར་མཛད་པ་ཡིན་ལ། འདིར་ནི་སྟོང་ཉིད་རྟོགས་པའི་ལྷན་སྐྱེས་ཀྱི་བདེ་བ་འབའ་ཞིག་ལ་གོམས་པར་བྱས་པས་ཆོག་པར་གསུངས་པའང་ལམ་གཅིག་པོ་འདི་ཉིད་ལ་
གཟུགས་སྐུའི་རྒྱུ་མ་ཚང་བ་མེད་པར་ཡོད་པ་ཡིན་ལ། དེའང་སེམས་དབེན་ཐོབ་རྗེས་ནས་ཡིན་གྱི་དེ་མན་ཆད་དུ་ནི་ལྷན་སྐྱེས་ཀྱི་བདེ་བ་འབའ་ཞིག་ལ་གོམས་སུ་མི་རུང་སྟེ། དབང་བཞི་རྒྱུན་གཅིག་ལ་བསྐུར་བའི་ཚེ་དབང་གསུམ་པ་མཚན་ཉིད་ཡོངས་སུ་རྫོགས་པར་ཐོབ་པ་ན་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་བས་བསྐྱེད་རིམ་ཡང་སྒོམ་མི་དགོས་པར་འགྱུར་རོ། །རྒྱུད་གཞན་ལས་བདེ་བ་དེ་བསྐྱེད་པའི་ཐབས་སུ་རླུང་བུམ་པ་ཅན་འཛིན་པ་དང༌། ཡི་གེ་དང་ཐིག་ལེ་སོགས་ལ་དམིགས་པ་དང༌། གཏུམ་མོ་སྒོམ་པ་སོགས་མང་དུ་བཤད་ཀྱང༌། གསང་འདུས་རྩ་རྒྱུད་དང༌། རྒྱུད་ཕྱི་མ་དང༌། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་དང༌། དགོངས་པ་ལུང་སྟོན་དང༌། དེ་དག་གི་དགོངས་འགྲེལ་སློབ་དཔོན་ཡང་སྲས་རྣམ་པ་ལྔའི་གཞུང་རྣམས་སུ་རྡོར་བཟླས་ཙམ་གསུངས་ཀྱི་གཞན་མ་གསུངས་ལ། དེའི་རྒྱུ་མཚན་ཡང་གཏུམ་མོ་སོགས་ཀྱི་དགོས་པ་རྡོར་བཟླས་འབའ་ཞིག་གིས་འགྲུབ་པར་དགོངས་ཤིང་རྡོར་བཟླས་ཉིད་མཆོག་ཏུ་གྱུར་པར་གཟིགས་ནས་མ་གསུངས་པ་ཡིན་ཏེ་རྒྱུ་མཚན་འཆད་པར་འགྱུར་རོ། །དེའང་ལུས་དབེན་ནས་ངག་དབེན་དང་དེ་ལས་སེམས་དབེན་དུ་འཕོ་ཚུལ་སོགས་ཀྱི་གོ་རིམ་ཕྱིན་ཅི་མ་ལོག་པར་ངེས་པ་ལ་རྟོག་དགོས་ཤིང༌། ལུས་དབེན་ནས་ངག་དབེན་དང༌། བསམ་གཏན་ནས་སྲོག་རྩོལ་དུ་འཕོ་བ་དོན་གཅིག་གོ །དེ་ལ་ཁ་ཅིག་གིས་པི་ཝང་གི་ཁོག་པ་ལགས་པར་མ་སྦྱངས་པར་སྐད་ཁྱད་པར་ཅན་
མི་འབྱུང་བ་བཞིན་དུ། ལུས་དབེན་དང་ངག་དབེན་ཡང་ཡིན་ནོ་ཞེས་པའང་ཚིག་ཙམ་གྱིས་མི་འགྲུབ་སྟེ། བསྐྱེད་རིམ་གྱིས་མ་སྦྱངས་པའི་ལུས་དབེན་ལ་ཁྱད་པར་ཡོད་པ་འཆད་དགོས་སོ། །ཡང་ཟློས་པ་ཁྱད་པར་ཅན་དུ་འགྲུབ་པ་ལ་ཟློས་པ་པོ་ཁྱད་པར་ཅན་དུ་འགྲུབ་དགོས་པས། ལུས་དབེན་དགོས་ཞེས་བྱེད་པ་པོ་དང་བྱེད་པའི་སྒོ་ནས་གོ་རིམ་ངེས་པར་སྒྲུབ་པའང་ཕྱོགས་ཙམ་སྟེ་དེ་ཙམ་གྱིས་མི་ཆོག་གོ །གསུམ་པ་ནི། ཡེ་ཤེས་ལྔའི་རང་བཞིན་གྱིས་དབུགས་ནི་རླུང་ཡིན་ལ། ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུ་སོགས་སམ་སངས་རྒྱས་ལྔའི་རང་བཞིན་གྱི་རླུང་ཁ་དོག་ལྔའོ། །འབྱུང་བ་ལྔ་ནི་ས་ལ་སོགས་པ་སྤྱོད་བསྡུས་ནས་བཤད་པ་ལྟར་རོ། །དེ་ཉིད་གོང་བུའི་གཟུགས་སུ་ཕྱུང་ཞེས་པ། རླུང་དེ་ཉིད་ཐིག་ལེར་འགྱུར་བར་སྟོན་པ་མིན་གྱི་རླུང་གིས་བསྐྱོད་པའི་ཐིག་ལེ་ཉིད་རྡོ་རྗེའི་བུ་ག་ནས་བྱུང་ནས་ཡུམ་གྱི་པདྨའི་སྣའི་རྩེ་མོར་ཐིག་ལེའུ་གཟུགས་སུ་བསྒོམ་པར་བྱའོ། །དེ་ཉིད་གྱེན་དུ་འགྲོ་བའི་རླུང་ཁ་དོག་སྣ་ལྔ་པ་ནི་རིན་ཆེན་ཁ་དོག་སྣ་ལྔ་པའོ། །སྲོག་ནི་དབུགས་ཡིན་ལ་དེ་ཉིད་རྩོལ་ཞིང་རིང་དུ་སྤྲོས་པ་ནི་སྲོག་དང་རྩོལ་བ་ཞེས་བྱ་བར་བཤད་དོ། །རང་སྔགས་སྙིང་གར་ཏེ་སྙིང་གི་སྣ་རྩེར་སྔགས་བསམ་པར་བྱའོ། །དེ་ནི་མི་ཤིགས་པའི་ཐིག་ལེར་བྱས་ནས་འགོད་པའི་དོན་ནོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བར། སྣ་རྩེ་གསུམ་དང་ཐིག་ལེ་གསུམ་གཏན་ལ་འབེབས་པའི་ལེའུ་སོ་སོར་བཤད་ལ། སྣ་རྩེ་གསུམ་ནི། གསང་བའི་སྣ་རྩེ་དང༌། གདོང་གི་སྣ་རྩེ་དང༌། སྙིང་གི་སྣ་
རྩེའོ། །ཐིག་ལེ་གསུམ་ནི། རྫས་ཀྱི་ཐིག་ལེ་དང༌། འོད་ཀྱི་ཐིག་ལེ་དང༌། སྔགས་ཀྱི་ཐིག་ལེའོ། །དེ་གསུམ་གང་དུ་སྒོམ་བ་ནི། སྔར་བཤད་པའི་སྣ་རྩེ་གསུམ་དུའོ། །དེ་ལ་རྐང་པ་དང་པོ་བཞིས་གསང་བའི་སྣ་རྩེ་དེར་བསྒོམ་པའི་ཐིག་ལེ་དང་བཅས་པ་བསྟན་ལ། དེ་ནས་རྐང་པ་གཉིས་ཀྱིས་གདོང་གི་སྣ་རྩེ་ཐིག་ལེ་དང་བཅས་པ་བསྟན་ཏེ། རྩ་རྒྱུད་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ་ཞེས་པ་ལ་དྲང་ངེས་ཀྱི་བཤད་པ་གཉིས་བྱས་པའི་དྲང་དོན་གྱི་བཤད་པ་ལས་ཤེས་སོ། །རྐང་པ་ཐ་མ་གཉིས་ཀྱིས་སྙིང་གི་སྣ་རྩེ་ཐིག་ལེ་དང་བཅས་པ་བསྟན་ནོ། །དོན་དེ་དག་གང་ཟག་གཅིག་གིས་སམ་སོ་སོ་བས་བསྒོམ་པར་བྱ་བ་དང༌། གང་གཙོ་བོ་ཡིན་ཞུས་པའི་ལན་སོགས་ཀྱང་རྒྱུད་རྡོར་ཕྲེང་དུ་རྒྱས་པར་གསུངས་སོ། །ཇི་ལྟར་ཞེ་ན། འདོད་ཆགས་ཅན་གྱིས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་དང༌། ཞེ་སྡང་ཅན་གྱིས་སྙིང་གི་སྣ་རྩེར་སྔགས་ཀྱི་ཐིག་ལེ་དང༌། གཏི་མུག་ཅན་གྱིས་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་བསྒོམ་པར་བཤད་ཅིང༌། དེ་རྣམས་ལས་བར་པ་གཙོ་བོར་བསྟན་ཅིང་ཇི་ལྟར་གཙོ་བོ་ཡིན་ནི་འཆད་པར་འགྱུར་རོ། །ཁ་ཅིག་གིས་རྡོ་རྗེའི་བཟླས་པ་བྱེད་ཚུལ་ལ། བེམ་པོའི་རླུང་རགས་པ་ལ་བསླབ་པ་དང༌། ཕྲ་བ་དང༌། གསལ་བའི་རླུང་ཤེས་པ་དང་འདྲེ་བ་ལ་བསླབ་པའོ། །དང་པོ་ལ་བསླབས་
པས་ནི་ཁམས་སྙོམས་པ་དང༌། ཇི་ལྟར་རྒྱུ་བ་མཐོང་བའི་རྒྱུ་བ་གསལ་བར་འགྱུར་རོ། །གཉིས་པ་ལ་བསླབས་པས་ནི། འདོད་པ་ཙམ་གྱིས་རླུང་གཡས་གཡོན་སྤོ་ནུས་པ་དང༌། ཚ་གྲང་གི་རེག་པས་མི་གནོད་པའི་རེག་པ་བདེ་བར་འགྱུར་རོ། །གསུམ་པ་ལ་བསླབས་པས་ནི་ཇི་ཙམ་དུ་འདོད་པར་བུམ་པ་ཅན་གྱི་རླུང་བསྡམ་ནུས་པ་དང༌། ནང་རླུང་ཕྱིར་བུས་ནས་ཇི་ཙམ་འདོད་པར་ཕྱི་རུ་འཛིན་ནུས་པ་དང༌། ནང་དུ་རྔུབས་ནས་ནང་དུ་འདོད་འདོད་དུ་འཛིན་ནུས་པའི་ཕྱི་ནང་བསྲེ་ཐུབ་པ་འབྱུང་ལ། དེ་ནས་གཏུམ་མོ་འབར་ནས་ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེའོ་ཞེས། བུམ་པ་ཅན་གྱིས་འབར་འཛག་བསྒྲུབ་ཅིང༌། བུམ་བ་ཅན་རྡོར་བཟླས་ཀྱི་འབྲས་བུར་འདོད་པའང་མི་འཐད་ཅིང༌། ཡང་སེམས་གནས་རྙེད་པ་ཙམ་རྡོར་བཟླས་ཀྱི་དགོས་པར་འཆད་པའང་ཤིན་ཏུ་མི་འཐད་དོ། །ཡང་སེམས་དབེན་གྱི་སྐབས་སུ་ཕྱི་ནང་གི་ཕྱག་རྒྱ་ལ་བརྟེན་ནས་དགའ་བཞིའི་རྟོགས་པ་བསྐྱེད་པ་ན་ཁམས་དབབ་པ་དང༌། བཟུང་བ་དང༌། ལྡོག་པ་དང༌། དགྲམ་པ་དང༌། བསྡུ་བ་ལྔར་འགྱུར་ཏེ། དང་པོ་ལས་ཀྱིས་བསྐུལ་བའི་རླུང་གིས་གཏུམ་མོ་འབར་ནས་ཁམས་ཞུ་བ་ནོར་བུའི་ནང་དུ་བཟུང་ནས་བདེ་སྟོང་བསྒོམ་པ་དང༌། དེའང་ཕྱིར་མི་འཕོ་བའི་ཐབས་ཤིན་ཏུ་མང་ཡང་དེར་འཛིན་པའི་ཐབས་ཐུན་མོང་མ་ཡིན་པ་ཤེས་དགོས་སོ། །དེ་ལྟར་ཡས་བབས་ཀྱི་དགའ་བཞི་སྐྱེས་པ་དང༌། མས་བརྟན་གྱི་དགའ་བཞི་བསྐྱེད་པ་ན་ཁམས་གྱེན་དུ་ལྡོག་ནས་སྤྲུལ་པའི་འཁོར་ལོའི་ལྟེ་བར་བསླེབས་པའི་ཚེ། རྩ་འདབ་རྣམས་ལ་
དགྲམ་པ་དང་སླར་ཡང་ལྟེ་བར་སྡུད་པ་དང་དེ་ལྟར་འཁོར་ལོ་གོང་མ་རྣམས་སུའང་བྱེད་པའི་ཐབས་ནི་རྩ་ལམ་རྣམས་རླུང་གིས་ལེགས་པར་སྦྱངས་ནས་རླུང་ཇི་ལྟར་འདོད་པའི་རྗེས་སུ་བྱེད་ནུས་ཤིང་དེའི་རྗེས་སུ་ཐིག་ལེ་དཀར་དམར་ཇི་ལྟར་འདོད་པར་འཁྲིད་ནུས་ལ། རླུང་ལས་རུང་དུ་ངག་དབེན་གྱིས་བྱེད་པས་ངག་དབེན་གྱི་དགོས་པ་དེ་ཉིད་ཡིན་ཅིང་སེམས་དབེན་དང་གོ་རིམ་ངེས་ཚུལ་ཡང་དེ་ལྟར་ཡིན་སྙམ་པའི་དོགས་པ་སྐྱེ་ས་ཡོད་དེ་དེས་མི་ཆོག་གསུང་ངོ་། །འོ་ན་གང་ཡིན་ཞེན། དེ་ལ་རྒྱུད་རྡོར་ཕྲེང་དུ་རྡོ་རྗེའི་བཟླས་བ་མི་ཤེས་པའི་ཉེས་དམིགས་དང༌། ཤེས་པའི་ཕན་ཡོན་དང༌། ཇི་ལྟར་བྱེད་ཚུལ་སོགས་ཀྱིས་སྟོན་ཏེ། ལེའུ་དྲུག་པར། ཐིག་ལེའི་དབྱེ་བ་བླ་ན་མེད། །འཇིག་རྟེན་ཐིག་ལེའི་དབྱེས་དབེན་ན། །འཁོར་བར་ཡང་དང་ཡང་དུ་འཁོར། །ཞེས་རྡོར་བཟླས་བྱེད་པའི་གཞི་སྔར་བཤད་པའི་ཐིག་ལེ་གསུམ་གྱི་དབྱེ་བ་སོགས་མ་ཤེས་པ་ལས་སོ། །ཤེས་པའི་ཕན་ཡོན་ནི། །ཐིག་ལེའི་དབྱེ་པ་རིགས་བཅས་པ། །གང་ཤེས་མྱུར་དུ་རྣལ་འབྱོར་མཆོག །སྦྱོར་བས་མདུད་པ་འབྱེད་པར་བྱེད། །ཁམས་གསུམ་པ་མི་འགྲོ་བ་འདི། །མྱུར་དུ་དངོས་གྲུབ་མཆོག་ཏུ་འགྲོ། ཞེས་ཐིག་ལེའི་དབྱེ་བ་རིགས་པ་ཐབས་དང་བཅས་པ་གོམས་པས་མདུད་པ་འགྲོལ་བར་བྱེད་ཅིང་དེ་ལས་ཐར་པ་ཐོག་པར་གསུངས་སོ། །མདུད་པ་དེ་གང་གིས་འགྲོལ་ཞེ་ན། སྔགས་ཀྱི་དེ་ཉིད་ཀྱིས་དེ་འབྱེད། ཅེས་སྔར་བཤད་པའི་མི་ཤིགས་པའི་ཐིག་ལེ་དང་སྔགས་སྙིང་གར་བསམ་
པ་ཉིད་ཀྱིས་འབྱེད་པ་ཡིན་ནོ། །འོ་ན་དབྱེ་བར་བྱ་བའི་མདུད་པ་གང་ན་གནས་ཤིང་དེ་ཐབས་གང་གིས་དབྱེ་བར་བྱ་ཞེ་ན། སྙིང་གི་པདྨའི་སྤུབས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་འོག་ཡང་དག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །དེ་ལའང་དབྱེ་བར་དཀར་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་བཀྲིས། །དེ་ཡིས་ཐུར་སེལ་བཅོམ་བྱས་པས། །སྟེང་དུ་འགྲོ་བ་ཐོབ་མི་བྱེད། ཅེས་གསུངས་ཏེ། སྤྱིར་འཁོར་ལོ་བཞི་དང་དྲུག་དང་བདུན་ལ་སོགས་པ་བཤད་པ་རྣམས་ཀྱི་འཁོར་ལོའི་ལྟེ་བ་ན་རྩ་མདུད་ཡོད་ལ་དེ་དག་གི་ནང་ནས་གཙོ་བོ་སྙིང་ག་ཆོས་ཀྱི་འཁོར་ལོའི་མདུད་པ་ཉིད་གཙོ་བོ་ཡིན་ལ། དེ་གྲོལ་ན་མདུད་པ་གཞན་ཐམས་ཅད་ཀྱང་རང་གྲོལ་བར་འགྱུར་རོ། །དེའང་སྙིང་གའི་དབུས་སུ་རྩ་དབུ་མ་ལ་མདུད་པ་གསུམ་གྱིས་བཀྲིས་ཤིང་མདུད་པ་དེའི་དབུས་དབུ་མའི་ནང་གི་སྦུབས་ཀྱི་ནམ་མཁའ་ལ་མི་ཤིགས་པའི་ཐིག་ལེ་གནས་སོ། །མདུད་པ་དེའི་དབང་གིས་འདོམས་ན་གནས་པའི་ཐུར་སེལ་གྱི་རླུང་སྟེང་དུ་འགྲོ་བ་དང་རླུང་ཐུར་དུ་འགྲོ་བ་བཅོམས་ནས་འགྲོར་མི་སྟེར་བ་ཡིན་ནོ། །འོ་ན་ཐུར་སེལ་སོགས་སྣ་བུག་ནས་རྒྱུ་བར་བཤད་པ་དང་འགལ་ལོ། །ཞེ་ན། དབུ་མའི་ལམ་ནས་རྒྱུ་བ་མདུད་པས་བཀག་པ་ཡིན་གྱི་དེར་མི་རྒྱུའང་ལམ་གཞན་ནས་རྒྱུ་བ་ལ་འགལ་བ་ཅིའང་མེད་དོ། །སྲོག་ཐུར་དབུ་མའི་ནང་ནས་རྒྱུ་བ་སྒྲུབ་པར་འདོད་ཀྱི་ལམ་གཞན་ནས་རྒྱུ་བ་ལ་ཤེས་འདོད་མེད་དོ། །མདུད་པ་དེའི་ནང་ཁ་སྦྱོར་ལས། ཆུ་ཤིང་གི་མེ་
ཏོག་ལྟར་ཅུང་ཟད་ཁ་བྱེ་བར་གསུངས་པས། སྲོག་ཐུར་རྒྱུ་བ་བཀག་ཀྱང་བར་སྟོངས་ཅུང་ཟད་ཡོད་པས་སྦུབས་མཁའ་ཞེས་གསུངས་སོ། །མདུད་པ་དེ་ལ་མ་རིག་སྒོ་ངའི་སྤུབས་ཞེས་ཀྱང་གསུངས་སོ། །དེ་ཇི་ལྟར་འབྱེད་པ་ནི་ལེའུ་ཉེར་གཅིག་པ་སྐུ་གསུང་ཐུགས་ཀྱི་སྙིང་པོ་བཤད་པ་ལས་སྐུ་རྡོ་རྗེའི་སྙིང་པོ་ༀ་ལ་བཏུ་བར་བྱ་བའི་ཡི་གེ་གསུམ་ཡོད་དེ་ཨ་དང་ༀ་དང་མའོ། །དང་པོ་ནི། སྙིང་གའི་མི་ཤིགས་པའི་ཐིག་ལེ་སྟེ་སྲོག་རླུང་ཡིན་ལ། གཉིས་པ་ནི། མགྲིན་པར་གནས་པའི་གྱེན་རྒྱུའི་རླུང་ངོ་། །གསུམ་པ་ནི། སྤྱི་བོ་ན་གནས་སོ། །རླུང་དེ་དག་སྤྱི་བོར་བསྲེ་ནུས་པ་ན། སྤྱི་བོའི་རྩ་མདུད་འབྱེད་ལ། གསུང་རྡོ་རྗེའི་སྙིང་པོ་ཨ་ལ་ཡི་གེ་གསུམ། ཨ་ཐུང་ངུ་དང་རིང་པོ་དང་ཧའོ། །དང་པོ་ནི་སྙིང་གར་གནས་པའི་སྲོག་རླུང་ངོ་། །གཉིས་པ་ནི་མགྲིན་པར་གནས་པའི་གྱེན་རྒྱུའོ། །གསུམ་པ་ནི་འདོམས་ན་གནས་པའི་ཐུར་སེལ་གྱི་རླུང་ངོ་། །རྡོར་བཟླས་ཀྱིས་དེ་དག་མགྲིན་པར་བསྲེ་ཐུབ་པ་ན་དེའི་འཁོར་ལོའི་ལྟེ་བའི་མདུད་ པ་འབྱད་པར་བྱེད་དོ། །ཐུགས་རྡོ་རྗེའི་སྙིང་པོ་ལ་ཡི་གེ་གསུམ་ཡོད་དེ་ཧ་དང ་ཨུ་དང་མའོ། །དང་པོ་ནི་ཐུར་སེལ་གྱི་རླུང་ངོ་། །གཉིས་པ་ནི་གྱེན་རྒྱུའོ། །གསུམ་པ་ནི་སྲོག་རླུང་སྟེ་སྨིན་མཚམས་ཀྱི་རླུང་གི་འཁོར་ལོའི་ལྟེ་བར་གནས་སོ། །དེ་དག་རྡོར་བཟླས་ཀྱིས་སྙིང་གར་བསྲེ་ནུས་པ་ན་སྙིང་གའི་དབུ་མའི་མདུད་པ་འབྱེད་ཅིང༌། དེའི་སྟོབས་ཀྱིས་མདུད་པ་གཞན་ཡང་འབྱེད་དོ། །སྐུ་གསུང་ཐུགས་ཀྱི་སྔགས་
བཏུས་པའི་དགོས་པའང་དེ་ཉིད་དོ། །དེ་རྣམས་ཀྱི་ནང་ནས་གཙོ་བོ་གང་ཡིན་ཞེ་ན། ཐུགས་ཀྱི་ས་བོན་བདག་པོ་སྟེ། །ཀུན་གྱི་ནང་ནས་རྣམ་རྟོག་མེད། །གང་ཕྱིར་གཙོ་བོ་གཞན་རྣམས་ནི། །འགྲིབ་དང་དེ་བཞིན་འཕྲོག་པར་བྱེད། །རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། ཅེས་ཐུགས་ཀྱི་ས་བོན་གཙོ་བོར་གསུངས་ལ། རྣམ་རྟོག་གི་རླུང་གཉིས་ནི། སྲོག་དང་ཐུར་སེལ་གྱི་རླུང་གཉིས་ཏེ། རྩ་མདུད་ཀྱིས་དེ་གཉིས་དབུ་མའི་ནང་ནས་རྒྱུ་བ་བཀག་པའི་སྟོབས་ཀྱིས་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་བསྐྱེད་ཅིང་མདུད་པ་ཕྱེད་ནས་དེ་གཉིས་དབུ་མར་རྒྱུས་པ་ན་རོ་རྐྱང་གི་ནང་དུ་རླུང་རྒྱུ་བ་རང་འགགས་དང་ལྟེ་བའི་མེ་རང་འབར་དུ་འགྱུར་བས་བདེ་བ་རང་སྟོབས་ཀྱིས་སྐྱེ་ཞིང་སེམས་གཡོ་བའི་རྟོག་པ་རང་འགགས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་ཡང༌། འདིར་ནི་པདྨ་གཉིས་སུ་གསུངས། །དྲུག་ཅུ་རྩ་བཞི་བརྒྱད་འདབ་གཉིས། །སྟེང་དང་འོག་ཏུ་ཁ་བལྟས་ཤིང༌། །སྟེང་འོག་ཡན་ལག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་ཁོ་ན་ཉིད་རྟག་བཅས་པ། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་གསུང་གི་སྙིང་པོ་གཉིས། ཞེས་དང༌། གང་ཕྱིར་དེ་ནི་བཟླས་བྱས་ནས། །སྙིང་གའི་པདྨའང་སྟེང་བལྟས་འཇིགས། །དེ་ནས་གསང་བའི་པདྨ་ཡིས། །ཁ་སྦྱོར་བ་ནི་ཕྱེ་ནས་ཀྱང༌། །རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །ཞེས་གསུངས་ཏེ། འདབ་མ་གཉིས་ནི་ལྟེ་བའི་དང་སྙིང་གའོ། །དེའང་སྙིང་གའི་འཁོར་ལོ་ཁ་ཐུར་
ལྟ་དང༌། ལྟེ་བའི་འཁོར་ལོ་གྱེན་ལྟའོ། །དེས་ན་གཏུམ་མོ་བསྒོམ་པ་སོགས་རྒྱུད་གཞན་ནས་གསུངས་པའི་འབར་འཛག་གིས་བདེ་བ་སྒྲུབ་པའི་བྱེད་ལས་མཐའ་དག་རྡོ་རྗེའི་བཟླས་པས་འགྲུབ་པའི་ཚུལ་དེ་ལྟར་ཤེས་པ་ན་དེ་ལས་སེམས་དབེན་གྱི་སྐབས་སུ་དགའ་བཞིའི་རྟོགས་པ་བསྐྱེད་པའི་དབེན་པ་གཉིས་ཀྱི་གོ་རིམ་ཡང་བདེ་བླག་ཏུ་རྙེང་པར་འགྱུར་རོ། །ལུས་དབེན་གྱིས་ནི་གཡས་གཡོན་གྱི་རྒྱུ་བ་འགགས་ནས་དབུ་མར་རྒྱུ་བའི་འགོ་རྩོམ་པར་བྱེད་པས་དབུ་མའི་ལམ་སྦྱོང་བྱེད་ཡིན་ལ། དེ་ནས་རྡོར་བཟླས་བྱེད་པས་དབེན་པ་དང་པོ་གཉིས་ཀྱི་གོ་རིམ་ཡང་དེ་ལྟར་ར། །སྤྱོད་བསྡུས་ལས་ཀྱང༌། དགོངས་པ་ལུང་སྟོན་གྱི། ཐུང་ངུ་མ་ལུས་ངག་ཏུ་འགྱུར། །ཞེས་པའི་ཚིག་ལ་སྒོས་སུ་དྲིས་ལན་མཛད་ནས། ཡི་གེ་ཨ་གང་དུ་དང༌། ཅིའི་ཕྱིར་དང༌། ཇི་ལྟར་འཇུག་པ་སོགས་ཀྱི་དོན་ཡོངས་སུ་རྫོགས་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་མ་གཏོགས་གཞན་གྱིས་མི་ཤེས་སོ་ཞེས་རྒྱས་པར་གསུངས་ཤིང༌། རྡོ་རྗེ་དཀྱིལ་འཁོར་རྒྱན་ཅེས་བྱ་བའི་རྒྱུད་ལས་ཨ་གསལ་བར་བསྟན་པའི་ཕྱིར། སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་སོགས་དྲངས་ནས་སྔར་བསྟན་པའི་དོན་དེ་ཉིད་རྒྱས་པར་གསུངས་སོ། །མདོར་བསྡུ་ན་དང་པོར་རྣམ་པར་ཤེས་པ་ལྷན་ཅིག་སྐྱེས་པའི་རླུང་དང་ལྷན་ཅིག་ཏུ་ཁུ་ཁྲག་གི་དབུས་སུ་གང་
ཞུགས་པ་དེ་ཉིད་སྙིང་ག་ཡིན་ལ། འཆི་བའི་ཚེའང་འབྱུང་བ་རིམ་གྱིས་བསྡུས་ནས་སྙིང་ག་ནས་འཆི་འཕོ་བ་ཡིན་ནོ། །རྩ་བདུན་ཁྲི་ཉིས་སྟོང་གི་རླུང་རྒྱུ་བ་སྟོང་ཕྲག་ཉེར་བཞི་དང༌། ཁམས་དཀར་པོ་དང་དམར་པོ་རྒྱུ་བ་སྟོང་ཕྲག་ཉེར་བཞི་པ་རེ་རེ་ཡོད་པའི་དང་པོའི་ཆགས་ས་ནི་སྙིང་ག་ཡིན་ལ། རྩ་ཆགས་པའི་གོང་དུ་རྣམ་ཤེས་དར་ཞུགས་ཀྱང་ཕྱི་ནས་སྙིང་གའི་རྩ་མདུད་ཀྱི་དབུས་སུ་རྣམ་ཤེས་གནས་པ་ཡིན་ནོ། །སྙིང་གའང་འཇིག་རྟེན་ན་གྲགས་པའི་སྙིང་དང་བྱང་ཁོག་གི་དབུས་ལ་མི་བྱེད་ཀྱི་ཚིགས་པའི་ནང་ངོས་ན་སྲག་རྩ་དང་ལྷན་ཅིག་ཏུ་རྩ་དབུ་མ་གནས་པའི་ཆོས་འཁོར་གྱི་མདུད་པའི་དབུས་སོ། །བསྐྱེད་རིམ་སྒོམ་པའི་དུས་སུ་སྦྱང་གཞིའི་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པ་ནས་ནཱ་ད་འོད་གསལ་ལ་ཞུགས་པའི་བར་ཡང་གནས་དེར་དམིགས་པ་གཏོད་ཅིང་རྫོགས་རིམ་གྱི་སྐབས་སུ་འབྱུང་བ་ཐིམ་པའི་རིམ་པ་དང་མཐུན་པར་ཏིང་ངེ་འཛིན་བསྒོམ་པའང་ངོ་། །མཐར་སྙིང་གའི་རྣམ་ཤེས་འོད་གསལ་དུ་ཞུགས་པའི་བར་དུ་བྱེད་ཅིང་དེ་ལས་ཀྱང་ལུགས་ལྡོག་ཏུ་ལྷའི་རྣམ་པར་འཆར་བ་སོགས་བྱེད་པ་ཡིན་ནོ། །དེ་ལ་རྡོ་རྗེའི་བཟླས་པ་ནི། མདོར་བསྡུ་ན་དོན་གསུམ་གྱིས་ཤེས་པར་བྱ་ཞིང༌། མཚོན་བྱེད་ཀྱི་ཡི་གེ་དང༌། དེས་མཚོན་པར་བྱ་བའི་སྔགས་ཀྱི་དེ་ཁོ་ན་ཉིད་དང༌། དེ་ལ་རྡོར་བཟླས་བྱེད་ཚུལ་ལོ། །དང་པོ་ནི་སྔར་བཤད་པ་ལྟར་སྒྲ་པ་དང་གསུང་རབ་འཆད་པ་གཞན་རྣམས་ཀྱིས་མཚོན་
བྱེད་ཀྱི་ཡི་གེའི་འཇུག་ཚུལ་ཙམ་ཤེས་ཀྱང་དེས་མཚོན་པར་བྱ་བའི་དོན་མི་ཤེས་ཏེ། འཇིག་རྟེན་ལས་འདས་པའི་དགོས་པ་ཁྱད་པར་ཅན་ཐར་པ་དང་ཐམས་ཅད་མཁྱེན་པ་དང༌། འཇིག་རྟེན་པའི་དགོས་པ་ཁྱད་པར་ཅན་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་སོགས་དེ་དག་ཕྱིན་ཅི་མ་ལོག་པར་སྟོན་པའི་གནས་མཆོག་ལ་རག་ལས་ཤིང་དེའང་དབྱངས་གསལ་གྱི་ཡི་གེ་དང༌། དེའང་ཨ་ཐུང་སྲོག་ཏུ་ཞུགས་ནས་དོན་སྟོན་པ་མ་གཏོགས་བརྗོད་བྱ་བརྗོད་པའི་ནུས་པ་མེད་པ་དེ་ཙམ་ཤེས་ཀྱང་དེ་ནི་མཚོན་བྱེད་ཀྱི་ཡི་གེ་ཡིན་གྱི་མཚོན་བྱའི་དོན་མིན་ནོ། །དེ་བཞིན་དུ་ངག་ཏུ་བརྗོད་པའི་ཡི་གེ་འབྲུ་གསུམ་ཡང་མཚོན་བྱེད་ཙམ་མོ། །གཉིས་པ་ནི། རླུང་འཇུག་གནས་ལྡང་གསུམ་གྱི་སྒྲ་དེ་ལྕེ་རྐན་སོགས་ཀྱི་རྩོལ་བ་ལ་བལྟོས་པ་མེད་པར་རིམ་པ་བཞིན་དུ་ༀ་ཨཱཿཧཱུཾ་གསུམ་གྱི་གདངས་སུ་རང་ཆས་སུ་ཡོད་ལ་དེའང༌། རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་སྔར་དྲངས་པ་ལྟར། མི་ཤིགས་པའི་ཐིག་ལེའི་མིང་གིས་བསྟན་པའི་ལྷན་ཅིག་སྐྱེས་པའི་ཡི་གེ་ཨ་ཐུང་སྲོག་རླུང་གི་ངོ་བོར་གནས་པ་དེ་ལས་འབྱུང་བ་ཡིན་ནོ། །འདི་དང་འབྲུ་གསུམ་གྱི་ཨ་དོན་སོ་སོ་བ་ཡིན་ཏེ། སྤྱོད་བསྡུས་ལས། དེའང་རེ་རེ་བཞིན་མི་ཤིགས་པ་དང་ལྷན་ཅིག་གི་ཡི་གེ་གསུམ་གསུམ་ལས་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །དབྱངས་གསལ་གྱི་ཡི་གེ་ཞེ་དགུ་པོ་རྣམས་བུད་མེད་དང༌། སྐྱེས་པ་དང་མ་ནིང་གི་ཡི་གེ་གསུམ་དུ་འདུས་ཚུལ་དང༌། དེ་ཉིད་འབྲུ་གསུམ་དུ་
འདུས་པ་དང༌། དེའང་སྔགས་ཀྱི་དེ་ཁོ་ན་ཉིད་བཤད་མ་ཐག་པ་གསུམ་པོ་ལས་བྱུང་བ་དང༌། དེའང་མི་ཤིགས་པའི་ཐིག་ལེ་ལས་བྱུང་ཚུལ་སོགས་ལ་མཁས་པར་བྱའོ། །སྔར་བཤད་པའི་མདུད་པ་འབྱེད་པར་བྱེད་པའི་སྔགས་ཀྱི་དེ་ཁོ་ན་ཉིད་ཧཱུཾ་དང་ཧོ་གཉིས་སུ་བསྡུས་ནས་བཟླས་པ་བྱ་བའང་རྒྱུད་རྡོར་ཕྲེང་དུ་གསུངས་སོ། །གསུམ་པ་ལ། ལུས་ཀྱི་སྤྱོད་ལམ་ཇི་ལྟར་བྱ་བ་དང༌། བྱས་ནས་བཟླས་པ་བྱེད་ཚུལ་དང༌། བཟླས་པ་བྱས་པའི་དགོས་པའོ། །དང་པོ་ནི། ཡིད་དང་རྗེས་སུ་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འདུག་ཅིང༌། སེམས་དཔའི་སྐྱིལ་ཀྲུང་བཅས་མིག་གཉིས་སྣ་རྩེར་བསྟད་ནས་ཕྲག་གོང་མཉམ་པ་དང༌། ལྕེ་རྐན་ལ་སྦྱར། སོ་དང་མཆུ་རང་སོར་བཞག །དབུགས་འབྱུང་རྔུབ་གློད་ནས་ཅུང་ཟད་རྩོལ་བ་དང་བྲལ་བར་བྱའོ། །གཉིས་པ་ལ། སྒོམ་པའི་རྟེན་རྩ་གསལ་གདབ་པ་དང༌། དེར་བསྒོམ་པའི་སྔགས་དང༌། ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། རོ་རྐྱང་དབུ་མ་གསུམ་ལུས་ཀྱི་ཕྱོགས་གང་དུ་གནས་པ་དང༌། ཁ་དོག་དང་དབྱིབས་ཇི་ལྟར་ཡོད་པ་གཉིས་ཀྱིས་ཤེས་པར་བྱའོ། །གང་དུ་གནས་པ་ནི་ཚིགས་པའི་ལོགས་ལ་སྲོག་རྩ་ཡོང་པ་ངང་ལྷན་ཅིག་ཏུ་གནས་པའོ། །ཁ་དོག་དང་དབྱིབས་ནི་རོ་མ་དམར་པོ་དང་རྐྱང་མ་དཀར་པོ་དང༌། དབུ་མའི་ཁ་དོག་ཏིལ་མར་གྱི་མར་མེ་ལྟར་དམར་སེར་དུ་གསུངས་པ་ནི། གཏུམ་མོ་འབར་བའི་དུས་ཀྱི་ཁ་དོག་ཡིན་མོད་ཀྱང་དང་པོར་རྡོར་བཟླས་བྱེད་པའི་ཚེའང་དེ་ལྟར་བསམས་པས་རུང་གསུང་ངོ་། །རིང་ཐུང་གི་དབྱིབས་ནི་སྤྱི་
གཙུག་ནས་རྐང་མཐིལ་གྱི་བར་དུ་གནས་ཀྱང་སྨིན་དབུས་ནས་ནོར་བུའི་རྩེ་མོའི་བར་དུ་དབུ་མའི་ནང་ཉིད་དུ་དམིགས་ནས་བཟླས་པ་བྱའོ། །སྤོམ་ཕྲའི་ཚད་ནི་གྲོ་སོག་གི་སྤུབས་ཙམ་མོ། །གོང་གི་སྲད་བུའི་རྣམ་པར་གནས། ཞེས་པ་ནི། སྤོམ་ཕྲའི་ཚད་སྟོན་པ་ཡིན་ནོ། །གཉིས་པ་དེར་སྒོམ་པའི་སྔགས་ནི་ཡི་གེ་འབྲུ་གསུམ་ཡིན་ནོ། །གསུམ་པ་ནི། མི་ཞིག་ཚུར་འོངས་ནས་ཕར་འགྲོ་བ་བཞིན་དུ་ནང་དུ་འཇུག་པའི་རླུང་དེ་ཉིད་གནས་པ་དང་འབྱུང་བར་བསམ་ཞིང༌། དེའང་དང་པོར་ནང་དུ་འཇུག་པའི་ཚེ་སྨིན་དབུས་ནས་ནོར་བུའི་རྩེ་མོའི་བར་གྱི་དབུ་མའི་ནང་དུ་རིམ་གྱིས་ༀ་ཞེས་པའི་སྐད་རང་སྒྲགས་སུ་སྒྲོག་པར་བསམ་ཞིང༌། ནོར་བུའི་རྩེ་མོར་སླེབ་མ་ཐག་གི་མཚམས་ནས་མི་འབྱུང་བའི་བར་དུ་ཨཱ་ཞེས་པའི་སྒྲ་སྒྲོག་པ་དང༌། ཕྱིར་འབྱུང་བའི་ཚེ་ཧཱུཾ་གི་སྒྲ་སྒྲོག་པར་བསམ་མོ། །དེ་ལྟར་གཡས་རྒྱུ་དང་གཡོན་རྒྱུ་དང་མཉམ་རྒྱུའི་རླུང་གང་ལ་རྡོར་བཟླས་བྱེད་ཀྱང་དེ་ལྟར་བྱའོ། །སྨིན་མའི་དབུས་ན་གནས་པའི་རླུང་གི་འཁོར་ལོ་འདབ་མ་དྲུག་པ་དང༌། མགྲིན་པའི་འོག་ན་གནས་པའི་མེའི་འཁོར་ལོ་འདབ་མ་གསུམ་པ་དང་བཅས་པའི་འཁོར་ལོ་དྲུག་དང༌། གསང་གནས་ཀྱི་འཁོར་ལོ་དང་བདུན་པོ་གང་ཡིན་ལ་སེམས་ཀྱང་འཁོར་ལོའི་ལྟེ་བའི་རྩ་མདུད་རྣམས་ཅུང་ཟད་ཅུང་ཟད་ཡངས་སུ་སོང་བར་བསམ་ཞིང༌། གཙོ་བོ་སྙིང་ག་ཆོས་འཁོར་གྱི་ལྟེ་བའི་རྩ་མདུད་ཅུང་ཟད་གྲོལ་བར་བསམ་གྱི་གཞན་རྣམས་མ་བསམས་ཀྱང་རུང་ངོ་། །དག་པོར་རླུང་གང་
ལ་རྡོར་བཟླས་བྱེད་པ་ནི། གཡས་ནས་རྒྱུ་བ་ཁ་དོག་དམར་པོ་པདྨ་མགོན་པོའི་རླུང་ལ་བྱའོ། །དེའང་གཡས་རྒྱུ་འགོ་རྩོམ་པའི་དུས་ཤེས་པར་བྱས་ནས་དེ་ནས་བཟུང་སྟེ་བྱའི་ཕྱིས་ནི་གང་ལྟར་ཡང་རུང་ངོ་། །རླུང་སྒྲོལ་མའི་བདག་ཉིད་ཡིན་པས་དེའི་ཡབ་དོན་གྲུབ་ཡིན་ཀྱང་རྡོར་བཟླས་གསུང་རྡོ་རྗེའི་བཟླས་པ་ཡིན་པས་འོད་དཔག་མེད་ཀྱི་རླུང་ནས་འགོ་རྩོམ་པ་ཡིན་ནོ། །འོ་ན་རྡོར་བཟླས་ཀྱི་སྐབས་སུ་ཐིག་ལེ་གསུམ་བསམ་པ་མི་དགོས་པར་འགྱུར་རམ་སྙམ་ནའང་འོད་ཀྱི་ཐིག་ལེ་ནི་གཡས་གཡོན་གྱི་རླུང་ལ་རྡོར་བཟླས་བྱེད་པའི་ཚེ་རང་བསམས་སུ་འབྱུང་ལ། སྔགས་ཀྱི་ཐིག་ལེ་ནི་བཟླས་བྱའི་སྔགས་ཀྱི་འབྱུང་གནས་སུ་བསམས་ལ། རྫས་ཀྱི་ཐིག་ལེ་ནི་རླུང་ལ་གོམས་པ་ན་འཇུག་པའི་ཚེ་གཏུམ་མོ་འབར་ནས་འབྱུང་བའི་ཚེ་ཁམས་ཞུ་བ་ནར་བུའི་རྩེར་འབྱུང་བས། གོང་བུའི་གཟུགས་སུ་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་པའི་རྐང་པ་གཉིས་ཞར་བྱུང་དུ་མི་བསམ་མོ། །སློབ་དཔོན་ཨ་བྷ་ཡས། པྲ་མོའི་རྣལ་འབྱོར་གྱིས་སེམས་བརྟན་པར་བྱས་པའི་དབང་དང༌། རྡོར་བཟླས་བྱས་པ་དང༌། འབྱུང་བའི་ཚེ་འབར་བ་དང༌། འཇུག་པའི་ཚེ་འཛག་པར་བསམ་པ་དང༌། འབར་འཛག་ཉིད་ལ་དམིགས་ནས་མོས་པར་བྱེད་པའི་ཚུལ་བཞི་གང་ཟག་གི་དབང་གིས་གསུངས་སོ། །གསུམ་པ་དགོས་པ་ནི། དེ་ལྟར་རྡོར་བཟླས་བྱས་པའི་སྟོབས་ཀྱིས་སྙིང་གའི་མདུད་པ་བཤིགས་ནས་ཐུར་སེལ་གྱི་རླུང་དབུ་མའི་ནང་ནས་སྲོག་རླུང་ཇི་སྙེད་ཡོད་པའི་གནས་སུ་རྒྱུ་ཞིང་སྲོག་རླུང་
ཡང་ཐུར་སེལ་གྱི་གནས་སུ་དེ་ལྟར་རྒྱུ་བ་ན་སྲོག་ཐུར་འདྲེས་པ་ཞེས་བྱ་ལ། དེའི་ཚེ་རླུང་རྒྱུ་བའི་རྩ་དང་ཁམས་དཀར2།དམར་རྒྱུ་བའི་རྩ་སྟོང་ཕྲང་ཉེར་བཞི་རེ་ཡོད་པའི་ནང་གི་རླུང་དང་ཐིག་ལེ་དབུ་མའི་ནང་ནས་རང་སྟོབས་ཀྱིས་འཇུག་ལྡོག་བྱེད་ཅེིང་གཏུམ་མོ་རང་སྟོབས་ཀྱིས་འབར་ནས་ལྷན་སྐྱེས་ཀྱི་བདེ་བ་སྐྱེ་ཞིང་དེས་སྟོང་པ་ཡུལ་དུ་བྱས་ནས་བསྒོམས་པས་ཡས་བབས་ཀྱི་དགའ་བཞི་དང༌། མས་བརྟན་གྱི་དགའ་བཞི་དང༌། བདེ་སྟོང་གི་ཉམས་ཁྱད་པར་ཅན་སྐྱེ་བ་ཡིན་ནོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བར། བསྐྱེད་རིམ་དང་ལུས་དབེན་མཐར་ཕྱིན་པའི་གང་ཟག་གིས་རྡོར་བཟླས་ཟླ་བ་དྲུག་བྱས་པས་ངག་དབེན་མཐར་ཕྱིན་པར་གསུངས་ཏེ། དེའང་མཚན་ཕྱེད་ཀྱི་དུས་ནས་སྙིང་གའི་འཁོར་ལོར་རླུང་དགུ་རྒྱུ་ཞིང་ཉི་མ་ཕྱེད་པ་ན་འཁོར་ལོ་དྲུག་ཏུ་རླུང་དགུ་དགུ་རྒྱུ་བས་དགུ་དྲུག་ལྔ་བཅུ་རྩ་བཞི་དང༌། དེ་ལྟར་ཉིན་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུའང་རྒྱུ་བས་ཞག་གཅིག་ལ་རླུང་བརྒྱ་དང་བརྒྱད་རྒྱུ་བ་ལ་ཟླ་བ་དྲུག་རྡོར་བཟླས་བྱེད་པའི་ཚེ་ཞག་ཉེར་བདུད་རེ་ན་ཉམས་མི་འདྲ་བ་རེ་སྐྱེ་ཚུལ་རྣམས་གསུངས་སོ། །རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་ཀྱི་གྲངས་གསུངས་པའང་རྡོར་ཕྲེང་ལས་བཤད་པའི་རླུང་རང་མིང་གིས་བསྟན་པའི་བརྒྱ་རྩ་བརྒྱད་ཀྱིས་བསྐྱེད་པའི་དབང་གིས་བཞག་པ་ཡིན་ནོ། །དེ་ལ་ཉམས་སྐྱེ་ཚུལ་ནི། བསྐྱེད་རིམ་དང་ལུས་དབེན་མཐར་ཕྱིན་པའི་གང་ཟག་གིས་རྡོ་རྗེའི་བཟླས་པ་ཟླ་བ་དྲུག་བྱ་བར་གསུངས་ལ་དེའང་ཞག་ཉེར་བདུན་རེ་ལ་རེ་རེ་སྐྱེ་བར་བཤད་དེ།
དེ་ལ་བགྲང་བའི་བཟླས་པ་དང༌། རྗེས་འགྲོའི་བཟླས་པ་དང༌། གནས་ཀྱི་དབྱེ་བ་དང༌། དུས་ཀྱི་དབྱེ་བ་དང༌། རླུག་ལྡོག་པའི་དུས་དང༌། རྣམ་རྟོག་སྤངས་པའམ་ཡོངས་སུ་དག་པའི་བཟླས་པའོ། །དང་པོ་ནི། ཉིན་ཞག་ཕྲུགས་གཅིག་ལ་འཇུག་གནས་ལྡང་གསུམ་གྲངས་གཅིག་ཏུ་བྱས་པའི་རླུག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་ཆགས་ཚུལ་གོ་ཡུལ་ཙམ་མ་ཡིན་པར་མྱོང་བའི་རྣམ་པས་རྟོགས་པའོ། །གཉིས་པ་ནི། ཉིན་ཞག་གཅིག་ལ་ཐུན་ཚོད་བརྒྱད་ཡོད་ཅིང་ཐུན་ཚོད་རེའི་དུས་སུ་རླུང་ཉིས་སྟོང་བདུན་བརྒྱ་རེ་རྒྱུ་ལ་སྙིང་གའི་རྩ་འདབ་བརྒྱད་ལའང་ཐུན་ཚོད་ཀྱི་རྩ་ཞེས་བྱའོ། །དེས་ན་ཕྱི་རོལ་གྱི་ཉི་མའི་ཚོད་ལ་སོགས་པའི་ཐུན་ཚོད་ལ་བལྟོས་པ་མེད་པར་ནང་པར་སྔ་དྲོའི་དུས་ཀྱི་ཐུན་དང་པོ་ནས་རྡོར་བཟླས་བྱས་པ་ན། སྙིང་གའི་རྩ་འདབ་རེ་ནས་ཐུན་ཚོད་ཀྱི་རླུང་རྒྱུ་བ་རྫོགས་མ་རྫོགས་ཇི་ལྟར་གནས་པ་ལྟར་མྱོང་བའི་རྣམ་པས་རྟོགས་པའོ། །གསུམ་པ་ནི། དེ་ལྟར་ལྟེ་བ་ན་གནས་པའི་དབྱུ་གུ་དྲུག་ཅུ་རྩ་བཞིའི་རྩ་འདབ་དང༌། སྤྱི་བོ་ན་གནས་པའི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་རྩ་འདབ་དང༌། མགྲིན་པ་ན་འཕོ་བ་བཅུ་དྲུག་གི་རྩ་འདབ་རྣམས་ནས་རླུང་རྒྱུ་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །བཞི་པ་ནི། སྔར་བཤད་པ་ལྟར་མཚན་ཕྱེད་ཀྱི་དུས་ནས་བཟུང་སྟེ་སྙིང་གའི་རྩ་འདབ་ནས་འགོ་བརྩམས་ནས་འཁོར་ལོ་དྲུག་ཏུ་རླུང་དགུ་དགུ་རྒྱུ་བ་ཉིན་ཕྱེད་ཀྱི་དུས་སུ་རྫོགས་པ་དང༌། དེ་ལྟར་མཚན་ཕྱེད་ཚུན་ཆེད་དུའང་རླུང་རྒྱུ་བས་བརྒྱ་རྩ་བརྒྱད་ཀྱི་རྒྱུ་ཚུལ་ཇི་ལྟ་བ་བཞིན་རྟོགས་པའོ། །ལྔ་པ་ནི།
དེ་ལྟར་བསྒོམས་པས་གཡས་གཡོན་གྱི་རྒྱུ་བ་འགགས་ནས་རླུང་ཨ་བངྷཱུཏཱིར་ཚུད་པའི་འགོ་བརྩམ་པ་རྟོགས་པའོ། །དྲུག་པ་ནི། དབུ་མའི་ནང་གིའང་སྙིང་གའི་རྩ་འདག་ཀྱི་ལྟེ་བར་རླུང་ཇི་ལྟར་འདོད་པར་གནས་ནས་རྣལ་འབྱོར་བསྒོམ་པའོ། །དེ་ལྟར་རྩ་འཁོར་དང་མ་སྦྱར་བར་རླུང་རྐྱང་པ་ལ་དམིགས་པ་དང༌། རྩ་གནས་སུ་ཇི་ལྟར་རྒྱུ་རྟོགས་པའི་རྩ་འཁོར་དང་སྦྱར་ཏེ་དམིགས་པ་དང༌། དབུ་མ་རྐྱང་པ་དང་སྦྱར་ནས་དམིགས་པ་གཉིས་གཉིས་ཏེ་དྲུག་གོ །བེམ་པོའི་རླུང་ཕྲ་རགས་ལ་སློབ་པའི་ཕྲ་རགས་ཀྱི་ཚུལ་ནི། འདི་ལྟར་གོ་བར་བྱས་སྟེ། དེ་ལ་མགོན་པོ་བཞིའི་རླུང་དགུ་བརྒྱ་བ་ཕྲག་རེ་རེ་རྒྱུ་བའི་ཚེ། ལྷ་མོ་བཞིའི་རླུང་ཉིས་ལྔ་པ་རེ་རྒྱུ་ལ། དེ་ལྟར་རླུང་གི་རྣལ་འབྱོར་བྱས་པ་ན་གཡས་ནས་པདྨ་མགོན་པོའི་རྒྱུ་བ་ཁ་དོག་དམར་པོ་རྒྱུ་བ་མཐོང་ཞིང༌། དེ་དང་ལྷན་ཅིག་ལྷ་མོ་བཞིའི་རླུང་ཁ་དོག་བཞི་ཡོད་པ་རྣམས་མི་མཐོང་བའི་ཚེ་རགས་པ་ལ་བསླབ་པ་ཞེས་བྱ་ལ། དེ་དག་ཀྱང་གསལ་བར་མཐོང་བའི་ཚེ་ཕྲ་བ་ལ་སླེབས་པ་ཞེས་བྱའོ། །སྔར་བཤད་པའི་གྲངས་དང་ཐ་སྙད་ཀྱང་ཕལ་ཆེར་ཆོས་མངོན་པ་ལས། བགྲད་དང་རྗེས་འགྲོ་འཇོག་པ་དང༌། །བསྒྱུར་བ་དང་ནི་རྟོགས་པ་དང༌། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། ཅེས་བཤད་པ་དང་མཐུན་པར་སྣང་ངོ་། །ད་ནི་སེམས་རྣམ་པར་དབེན་པ་བཤད་པར་བྱ་སྟེ། དེ་ལ་རྒྱུད་ཕྱི་མ་ནས་བསྟན་ཚུལ་དང། རང་གི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། བླ་མ་སྔ་མ་དག །རྒྱུད་ཕྱི་མའི་
ཚིག་དེས་རྫོགས་རིམ་མཐའ་དག་བསྟན་པར་བསམས་ནས་སོར་སྡུད་སྤྱོད་པ་ལ་སྦྱོར་ཞིང༌། ཤེས་དང་ཤེས་བྱ་བྱུང་ཟད་པའི། ཞེས་པའི་རྐང་པ་གཉིས་ཀྱིས་སེམས་དབེན་དང། དེ་ནས་རྐང་པ་གཉིས་ཀྱིས་སྒྱུ་ལུས་བསྟན་པར་བཞེད་པ་ནི་མི་འཐད་པ་སྔར་བསྟན་ཟིན་ཅིང་སྟོན་པའི་གོ་རིམ་ཡངམི་འཐད་དོ། །འོ་ན་ཇི་ལྟར་བསྟན་ཞེ་ན། ཡན་ལག་བཞི་པ་འཛིན་པས་སེམས་དབེན་འཕངས་ཤིང༌། ཡན་ལག་དྲུག་པ་ཏིང་ངེ་འཛིན་ལ་བརྟེན་ནས་སྒྱུ་ལུས་རྟོགས་ནུས་པས་མ་བསྟན་པ་ཡིན་ནོ། །རྟོགས་ཚུལ་ཡང་འོད་གསལ་དུ་འཇུག་པའི་སྟོང་པ་གསུམ་དང་སེམས་དབེན་མཚན་ཉིས་མཚུངས་པས་རྟོགས་ནུས་ལ། ཏིང་ངེ་འཛིན་གྱི་ཡན་ལག་ཟུང་འཇུག་དང༌། སྒྱུ་ལུས་གཉིས་རླུང་སེམས་ལས་གྲུབ་པའི་ལྷ་སྐུར་མཚུངས་ཤིང་སྟོང་པ་གསུམ་གྱི་མཐར་སྒྱུ་ལུས་གྲུབ་ཅིང༌། བཞི་གའི་མཐར་ཟུང་འཇུག་གྲུབ་པ་ཙམ་མ་གཏོགས་མཚན་ཉིད་མཚུངས་པས་སོ། །གཉིས་པ་ལ། གཞན་གྱི་བཞེད་པ་དགོད་པ་དང༌། རང་གི་ལུགས་སོ། །དང་པོ་ནི། རིམ་ལྔའི་འགྲེལ་པ་ལས་མིས་མཛད་པ་དང་ནོར་བུའི་ཕྲེང་བ་དང༌། སྒྲོན་གསལ་གྱི་འགྲེལ་བཤད་སྐལ་ལྡན་གྲགས་པས་མཛད་པ་རྣམས་སུ། སྦྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག་དཀར་པོ་དང་དམར་པོ་དང་སྔོན་པོ་རྣམས་ལ་ལྟེ་བར་ཡི་གེ་དང་བཅས་པ་བཀོད་ནས་དེ་ལ་དམིགས་པ་བཟུང་སྟེ་སྲེག་པའི་རྣམ་པ་སོགས་ཀྱིས་སེམས་དབེན་བསྐྱེད་པ་དང༌། ཡང་སྙིང་གའི་ཨ་ཐུང་སྤུས་བྲིས་
པ་ལྟ་བུ་ལ་དམིགས་པ་འཛིན་པ་སོགས་དུ་མ་བཤད་ཀྱང། རྒྱུད་དང་ཡབ་སྲས་རྣམ་པ་ལྔའི་གཞུང་གང་ནའང་མི་གསལ་བས་ཡིད་བརྟན་མི་རུང་ངོ་། །ཡང་རྗེ་འགོས་ཀྱི་བཞེད་པས། སེམས་དབེན་ནི། འོད་གསལ་ལ་སེམས་གསལ་ཙམ་ཀུན་རྫོབ་གསལ་བའི་འོད་གསལ་དང༌། དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དོན་དམ་སྟོང་པའི་འོད་གསལ་གཉིས་ཡོད་པའི་སེམས་ཀྱི་གསལ་རིག་ཙམ་ལ་དམིགས་པ་ཡིན་གྱི། །སྟོང་པ་ཉིད་ལ་དམིགས་པ་མ་ཡིན་ཏེ་དེ་ལྟ་ན་འོད་གསལ་དང་ཁྱད་མེད་དུ་འགྱུར་བས་སོ། །འདི་ནི་ཞི་ལྷག་གཉིས་ཀྱི་ནང་ནས་སྔ་མ་ཡིན་ལ། མ་རྒྱུད་རྣམས་ནས་ཀྱང་ལམ་གྱི་རྟོགས་པ་འདི་ལས་ལྷག་པ་མ་བསྟན་པས་དེ་དག་ནི་དབང་པོ་བརྟུལ་པོ་གཞུག་པའི་ཕྱིར་དུ་གསུངས་པ་ཡིན་ལ། གསང་པ་འདུས་པ་འདིར་ནི། ལམ་རྫོགས་པར་བསྟན་ཞིང༌། དེའང་སྤང་བྱ་ཤེས་སྒྲིབ་ལ་གཟུང་པ་ལ་མངོན་པར་ཞེན་པ་དང༌། འཛིན་པ་ལ་ཞེན་པ་དང༌། གཟུང་འཛིན་ཐ་དད་ལ་ཞེན་པ་གསུམ་གྱི་གཉེན་པོར་རིམ་པ་བཞིན་སྒྱུ་ལུས་དང་འོད་གསལ་དང་ཟུང་འཇུག་རྣམས་བསྟན་པ་ཡིན་ནོ། །བཤད་ཟིན་པའི་སེམས་དབེན་དེ་ཉིད་བེམ་པོའི་རླུང་ཕྲ་རགས་ལ་བསླབ་པའི་རྡོར་བཟླས་དང། ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་ནས་སྔར་བཤད་པའི་ཁམས་དབབ་ལྡོག་དང་དགྲམ་པ་དང་བསྡུ་བ་སོགས་ཀྱི་སྒོ་ནས་བསྐྱེད་པ་ཡིན་ནོ་ཞེས་གསུངས་སོ། །ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་ནས་གསལ་བར་གསུངས་ཀྱང༌།
ངོ་བོ་ངོས་འཛིན་དེ་ནི་མ་འཐད་དེ། དེ་ཁོ་ན་ཉིད་བསྡུས་པའི་ལུང་སྤྱོད་བསྡུས་སུ་དྲངས་པ་ལས། རིགས་ཀྱི་བུ་མཉམ་པར་བཞག་པས་རང་གི་སེམས་ལ་སོ་སོར་རྟོགས་ཤིག་ཅེས། དེ་བཞིན་གཤེགས་པ་རྣམས་ཀྱི་སེ་གོལ་གྱི་སྒྲས་སེམས་ཀྱི་དེ་ཁོ་ན་ཉིད་ཀྱི་རྟོགས་པ་བསྐྱེད་པ་ལ་བསྐུལ་བར་གསུངས་པས། ཤེས་པ་གསལ་རིག་ལ་དམིགས་པའི་ཏིང་ངེ་འཛིན་བསྐྱེད་པ་ཙམ་ལ་དེ་ཙམ་བསྐུལ་མི་རིགས་པའི་ཕྱིར་དང༌། རྣམ་སྣང་མངོན་བྱང་ལས་ཀྱང༌། བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ། །ཞེས་སེམས་དབེན་གྱི་སྟོང་ཉིད་རྟོགས་པར་གསུངས་པ་དང༌། སྲིད་པའི་འཆིང་བ་གཅོད་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སུ་སྤྱོད་བསྡུས་སུ་གསུངས་པས་སྟོང་ཉིད་རྟོགས་པར་གསུངས་པ་ཤིན་ཏུ་མང་ངོ་། །འོད་གསལ་དང་ཁྱད་མེད་དུའང་མི་འགྱུར་ཏེ། དེ་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡིན་ལ་འདིས་ནི་དོན་སྤྱི་ཙམ་རྟོགས་པ་ཡིན་པས་སོ། །གཉིས་པ་ལ། མིང་གི་རྣམ་གྲངས་དང༌། རྒྱུ་གང་ལ་བརྟེན་ནས་སྐྱེ་བ་དང། ངོ་བོ་ངེས་བཟུང་བ་དང༌། སེམས་གསུམ་རྒྱུན་གཅིག་ལ་སྐྱེ་མི་སྐྱེ་དཔྱད་པའོ། །དང་པོ་ནི། ཐེག་པ་ཐུན་མོང་བ་ལ་གྲགས་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཀུན་བརྟགས་གཞན་དབང་ཡོངས་གྲུབ་དང་དུག་གསུམ་དང་ངོ་བོ་ཉིད་མེད་པ་གསུམ་ལ་སོགས་པའོ། །ཐུན་མོང་མ་ཡིན་པ་ལ་གྲགས་པའི་མིང་ནི། སྣང་མཆེད་ཐོབ་གསུམ་དང༌། སྟོང་པ་ཤིན་ཏུ་སྟོང་པ་སྟོང་པ་
ཆེན་པོ་དང༌། སེམས་སེམས་བྱུང་མ་རིག་པ་དང༌། ཆགས་བྲལ་དང་འདོད་ཆགས་དང༌། འདོད་ཆགས་བར་མ་ཞེས་བྱའོ། །གཉིས་ཀ་ལ་གྲགས་པ་འཇམ་རྩུབ་བར་མ་དང༌། སྐྱེས་པ་བུད་མེད་མ་ནིང་དང༌། ཟླ་ཉི་དང་མཚམས་ཀྱི་མུན་པ་སོགས་སོ། །གཉིས་པ་ནི། ནང་གི་རྐྱེན་དང༌། ཕྱིའི་རྐྱེན་ནོ། །དང་པོ་ནི། སྔར་རྡོར་བཟླས་ཀྱི་རྟོགས་པ་དྲུག་བཤད་པའི་ལྔ་པའི་ཡོན་ཏན་སྐྱེས་པའོ། །དེའང་རླུང་དབུ་མར་ཚུད་པ་ཙམ་གྱིས་མི་ཆོག་གི་རྡོར་བཟླས་བྱས་པའི་སྟོབས་ཀྱིས་སྙིང་གའི་རྩ་མདུད་བཤིག་ནས་དེའི་དབུས་སུ་ལྷན་ཅིག་སྐྱེས་པའི་རླུང་དང་ཐིག་ལེ་དང་སེམས་རྣམས་འདུ་འཕྲོད་བྱས་ནས་མི་ཤིགས་པའི་ཨ་ཐུང་དང་བཅས་པ་འདུ་འཕྲོད་བྱས་པའི་སྟོབས་ཀྱིས་བདེ་བ་ཁྱད་པར་ཅན་སྐྱེས་པའོ། །དེའང་དབུ་མའི་ནང་གི་མེ་དེའི་ནང་གི་རླུང་གིས་བསྐུལ་བ་ལས་ཡིན་ནོ། །གཉིས་པ་ཕྱིའི་རྐྱེན་ནི་རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་དེ་ལས་མཚོན་པར་འགྱུར། ཞེས་གསུངས་པས། ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟེན་པའོ། །གསུམ་པ་ལ་གསུམ་གྱི་དང་པོ་སྣང་བ་ནི། སྤྱོད་བསྡུས་ལས། དེ་ལ་སྣང་བའི་མཚན་ཉིད་གང་ཞེ་ན། རྣམ་པ་མེད་པའི་རང་བཞིན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་གྱི་དུས་སུ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་སྣང་བར་བྱེད་པས་ཁྱབ་པར་བྱེད་པ་བཞིན་དུ། རང་བཞིན་གྱིས་གསལ་བའི་རྣམ་པར་
དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པས་ན་སྣང་བ་སྟེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཤེས་རབ་ཀྱི་སྣང་བ་སྟོང་པ་དང་པོ་སྟེ། ༀ་ཞེས་པ་དག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་ཞེས་གསུངས་སོ། །གཉིས་པ་སྣང་བ་མཆེད་པ་ནི། སྣང་བ་མཆེད་པའི་མཚན་ཉིད་གང་ཞེ་ན། དེའང་གཟུང་བ་དང་འཛིན་པ་དང་བྲལ་བའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་སྟོན་ཀའི་དུས་སུ་ཉི་མའི་འོད་ཟེར་གྱིས་ཁྱབ་པ་བཞིན་དུ་ཤིན་ཏུ་གསལ་ཞིང་དྲི་མ་མེད་པའི་ངོ་བོ་ཉིད་དུ་དངོས་པོ་མ་ལུས་པ་དམིགས་པ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྟེ། རིམ་པ་གཉིས་པ་ཤིན་ཏུ་སྟོང་པའི་མཚན་ཉིད་ཅན་ཨཱཿཞེས་བྱ་བ་ངག་གི་སྒོ་ལ་བརྟེན་པའི་ས་བོན་བརྟན་པར་བྱེད་པའི་རྒྱུ་སྟེ་ཞེས་གསུངས་སོ། །གསུམ་པ་སྣང་བ་ཐོབ་པ་ནི། སྣང་བ་ཐོབ་པ་གང་ཞེ་ན། དེ་བཞིན་དུ་ནམ་མཁའི་མཚན་ཉིད་དངོས་པོ་མེད་པའི་གཟུགས་ཅན་ལུས་དང་ངག་མེད་པ་སྟེ། ཇི་ལྟར་མཚམས་ཀྱི་མུན་པ་ལ་བབ་པའི་ངོ་བོར་ཁྱབ་པ་ཕྲ་ཞིང་བདག་མེད་པ་སྲོག་དང་རྩོལ་བ་མི་རྒྱུ་བས་རྒྱུ་བ་མེད་པ་སྟེ་སེམས་མེད་པ་དང་མི་གཡོ་བ། ངག་གི་ས་བོན་ལ་བརྟེན་པའི་སྒོ་ནས་ཡོངས་སུ་གྲུབ་པ་ཞེས་བྱ་བ་འདི་ནི་སྣང་བ་ཐོབ་པ་མ་རིག་པའི་མཚན་ཉིད་ཅན་སྟོང་པ་ཆེན་པོ་སྟེ། ཞེས་གསུངས་ཏེ། དེ་དག་གི་དོན་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རྣམ་པར་ཤེས་པ་རླུང་ལ་ཞོན་ཏེ། རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་གཡོ་བའི་བར་དུ་གསུངས་པ་དང༌། རྒྱུད་ཕྱི་མ་ལས་འབྱུང་བ་ཐིམ་པའི་
རྟགས་བཤད་པ་རྣམས་སེམས་དབེན་གྱི་སྐབས་སུའང་རྣམ་པ་ཅི་འདྲ་བ་འོད་གསལ་དུ་འཇུག་པ་དང་རིགས་མཚུངས་པ་འབྱུང་སྟེ། དེའང་སྔར་གྱི་ཕྱི་ནང་གི་རྐྱེན་ལ་བརྟེན་ཏེ་སྟོང་པ་ཉིད་བསྒོམས་པས་ས་ཆུ་ལ་ཐིམ་དེ་མེ་དང་དེ་རླུང་དང༌། རླུང་རྣམ་ཤེས་ལ་ཐིམ་ནས་སེམས་དབེན་གྱི་རྟོག་པ་སྐྱེ་བ་ཡིན་ཏེ། ཞེ་སྔང་ལས་གྱུར་པའི་རྟོག་པ་སུམ་ཅུ་རྩ་གསུམ་གཡོ་བྱེད་ཀྱི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་ནས་སྣང་བའི་ཡེ་ཤེས་སྐྱེ་ལ་དེ་ལ་སྟོན་དུས་ཀྱི་མཚན་མོ་ནམ་མཁའ་དྲི་མ་མེད་པ་ལ་ཟླ་བའི་འོད་ཟེར་སྣང་བ་དང་འདྲ་བར་སྟོང་ཉིད་རྟོགས་པ་སྟེ། དེའི་དུས་སུ་རྣལ་འབྱོར་བའི་ལུས་སྒུལ་བསྐྱོད་དང་ངག་སྨྲ་བརྗོད་མེད་པས་ལུས་ངག་མེད་པ་ཞེས་བྱའི། སྤྱིར་ལུས་ངག་ཙམ་དང་ཤེས་ངོ་དེར་མེད་བ་ཙམ་ལ་མི་ཟེར་རོ། །དེ་དུས་གཡས་གཡོན་གྱི་རླུང་རྒྱུ་བ་མ་འགགས་པས་ༀ་ཞེས་པ་ངག་གི་སྒོ་ལ་བརྟེན་པ་ཞེས་སོ། །སྒོ་ནི་ཡི་གེ་དང་ས་བོན་རླུང་ངོ་། །དངོས་པོ་མ་ལུས་པ་ཐམས་ཅད་ལ་དམིགས་པ་ཞེས་པ་ནི། དེ་མཐའ་དག་གི་ཆོས་ཉིད་རིས་ཚད་མེད་པར་རྟོགས་པ་ཡིན་གྱི། ཆོས་ཅན་ལ་དམིགས་པ་ནི་མ་ཡིན་ནོ། །མཆེད་པའི་སྐབས་ཀྱི་ལུང་ཚིག་གི་དོན་ཡང་དེ་ལ་བརྟེན་ནས་ཤེས་པར་བྱའོ། །འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་གཡོ་བའི་རྒྱུ་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་པ་ན་སྣང་བ་མཆེད་པའི་ཡེ་ཤེས་སྐྱེ་བ་ཡིན་ནོ། །དེའང་སྔ་མ་ལྟར་སྟོང་ཉིད་རྟོགས་པར་འདྲ་བ་ལ། ཉིན་པར་གྱི་ནམ་མཁའ་
དྭངས་པ་ལ་ཉི་མའི་འོད་ཟེར་གྱི་སྣང་བས་ཁྱབ་པ་དང་འདྲ་བར་གསལ་བའོ། །གཏི་མུག་ལས་གྱུར་བའི་རྟོག་པ་བདུན་གཡོ་བའི་རླུང་འགགས་པའི་སྟོབས་ཀྱིས་རྟོག་པ་དེ་དག་འགགས་པ་ན། ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་ལ་དེའང་ཉི་མ་དང་ཟླ་བའི་འོད་ཟེར་གྱི་སྣང་བ་མེད་པའི་མཚམས་ཀྱི་མུན་པ་དང་འདྲ་བར་རྟོགས་པའོ། །དེ་ལ་མཉམ་པར་བཞག་པའི་དུས་སུ་གཡས་གཡོན་གྱི་རླུང་རྒྱུ་བ་འགགས་པས་སྲོག་དང་རྩོལ་བ་མེད་པ་ཞེས་བྱ་ལ། ཡི་གེ་མ་གསུངས་པའི་དོན་ཡང་དེ་ཉིད་དོ། །རླུང་རྣམ་ཤེས་ལ་ཐིམ་བའི་དོན་དེ་ལྟར་ཡིན་གྱི་ལྷན་སྐྱེས་ཀྱི་རླུང་ཐིམ་པ་ནི་མ་ཡིན་ནོ། །དེས་ན་སེམས་དབེན་གྱི་སྟོང་པ་སྐྱེ་ཚུལ་ནི་ཕྱི་ནང་གི་རྐྱེན་ལ་བརྟེན་ནས་རྟོག་པ་རིམ་གྱིས་འགགས་ནས་སྐྱེས་པའི་རྟོག་པ་ཡིན་གྱི། རྒྱུད་གཞན་ནས་བཤད་པའི་དོན་སྔར་བཤད་པ་ལྟར་འཁོར་ལོ་བཞི་ལ་སོགས་པའི་ལུས་ཀྱི་གནས་དེ་དང་དེར་ཐིག་ལེའི་འདུ་འཕྲོད་བྱས་པའི་སྟོབས་ཀྱིས་སྐྱེས་པའི་དགའ་བཞིའི་རྟོགས་པ་སྐྱེ་བའི་རིམ་པ་རྣམས་དང་དོན་མི་གཅིག་གོ །སློབ་དཔོན་ཡབ་སྲས་རྣམ་པ་ལྔས་ཀྱང་སེམས་དབེན་གྱི་སྐབས་སུ་དགའ་བཞི་སྐྱེ་བའི་ཚུལ་དེ་ལྟ་བུ་མ་གསུངས་སོ། །དེས་ན་དགའ་བཞིའི་རྟོག་པ་སྐྱེ་ཚུལ་གྱི་རིམ་པ་ཐམས་ཅད་སེམས་དབེན་གྱི་ཉམས་ལེན་ལ་སྦྱོར་བ་ནི་མི་འཐད་དེ། གང་ཟག་གི་ཁྱད་པར་འགའ་ཞིག་ལ་དབང་དང་བསྐྱེད་རིམ་གྱི་སྐབས་གཉིས་ཀ་རུ་ཕྱི་རོལ་གྱི་ཕྱག་རྒྱ་ལ་བརྟན་ནས་སྐྱེ་བའི་དགའ་བཞིའི་རྟོགས་པ་གསུངས་པ་དང༌། དེ་བཞིན་དུ་ཕྲ་མོ་སྒོམ་པ་དང༌། ལུས་དབེན་གྱི་རང་བཞིན་གྱི་སོར་བསམ་དང༌། ངག་དབེན་ལ་བརྟན་ནས་སྐྱེ་བ་
སོགས་དང༌། དགའ་བཞིའི་མིང་འདྲའང་དོན་མི་འདྲ་བས་དེ་དག་ལེགས་པར་དམིགས་བྱེད་པར་བྱའོ། །སྐབས་འདི་ནས་རྫོགས་རིམ་པའི་སྤྱོད་པ་བྱེད་པ་ཡིན་ཏེ། རང་བཞིན་སྣང་བའི་དབྱེ་ཤེས་ནས། །དེ་ནས་སྤྱོད་པ་རབ་ཏུ་བྱ། ཞེས་གསུངས་སོ། །བཞི་བ་སྔར་བཤད་པ་ལྟར་གྱི་རྒྱུ་རྐྱེན་དེ་དག་ཡང་དང་ཡང་དུ་གོམས་པར་བྱས་པས་སྣང་བའི་ཡེ་ཤེས་སྐྱེ་ལ། ཡང་རྒྱུ་ཚོགས་དེ་དག་ལན་མང་པོའི་བར་དུ་གོམས་པར་བྱས་བས་མཆེད་པའི་ཡེ་ཤེས་སོགས་སྐྱེ་བ་ཡིན་གྱི། སྔ་མ་སྐྱེས་པའི་རྒྱུན་གཅིག་ལ་སྐྱེ་བ་ནི་མ་ཡིན་ནོ། །ཐམས་ཅད་སྟོང་པ་འོད་གསལ་ནི། ཉི་འོད་ཀྱི་སྣང་བ་མེད་པའི་ཐོ་རངས་ཀྱི་ནམ་མཁའི་རང་མདོག་གི་དཔེས་གསུངས་སོ། །དེའང་སྤྱིར་བསྐྱེད་རིམ་ལ་སོགས་པ་རྣམས་ལའང་ཐུན་མོང་མ་ཡིན་པའི་ཁྱད་པར་མཐའ་ཡས་ཀྱང་གཙོ་བོ་ནི་རྫོགས་རིམ་ལས་ཡིན་ལ། དེའི་ནང་ནས་ཀྱང་སློབ་དཔོན་ཀླུ་སྒྲུབ་མདོའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པར་ལུང་བསྟན་པའི་དགོས་པའི་གཙོ་བོ་གཉིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་རྟག་ཆད་ཀྱི་མཐའ་དང་བྲལ་བའི་རྟེན་འབྲེལ་ལ་བྱ་བྱེད་འཐད་པ་དང་སྔགས་ཀྱི་ཐེག་པ་ལ་སྒྱུ་ལུས་སོ། །འདི་མི་ཤེས་ན་ཟུང་འཇུག་ཀྱང་མི་རྟོགས་ལ། འདི་ཤེས་ན་རིམ་པ་ལྔ་དང་སྦྱོར་བ་དྲུག་གི་ལམ་གྱི་གཙོ་བོ་རྟོགས་པར་འགྱུར་བས་སོ། །འདིའང་སྤྱོད་བསྡུས་ན་ཅུང་ཟད་རྒྱས་པར་ཡོད་པས་དེའི་དོན་ཅུང་ཟད་བཤད་ན། དྲི་བ་དང༌། ལན་དང༌། ལན་ལ་དོགས་པ་ཞུས་པ་དང༌། དེ་ལ་ལན་བསྟན་པའོ། །དང་པོ་
ལ་དྲི་བ་དངོས་དང༌། དོགས་པ་དེ་སྐྱེ་པའི་རྒྱུ་མཚན་ནོ། །དང་པོ་ནི། རྡོ་རྗེ་སློབ་མས་གསོལ་པ། རྡོ་རྗེ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་བཀའ་དྲིན་གྱིས་བཤད་མ་ཐག་པའི་གསུང་རབ་ཀྱི་རྗེས་སུ་འབྲངས་ནས། དབེན་པ་གསུམ་གྱི་མཚན་ཉིད་རྟོགས་ལགས་ན། ད་དུང་ལྷ་སྐུ་མཚན་ཉིད་པའི་སྒྱུ་མ་ལྟ་བུའི་ལུས་མ་ཤེས་པས་ཞུ་བར་འཚལ་ཏེ། བསྐྱེད་རིམ་ནས་བརྩམས་ཏེ་ལུས་དབེན་གྱི་བར་གྱི་སྐུ་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་གསུམ་དང༌། སོགས་པས་རིགས་བརྒྱ་དང་ལྔ་དང་གསང་ཆེན་རིགས་གཅིག་པ་རྣམས་ལའང་ལྷག་པར་མོས་པ་ཙམ་མ་གཏོགས་ལྷ་མཚན་ཉིད་པ་མེད། དེའང་ལུས་དབེན་ལ་མེད་དེ། ལྷར་མོས་པའི་གཞི་རྡུལ་ཕྲན་བསགས་པ་ཙམ་ཡིན་པའི་ཕྱིར། ངག་དབེན་ལ་མེད་དེ། དེ་གོམས་པའི་ལག་རྗེས་ལ་ལྷའི་རྣམ་པ་མི་འབྱུང་བའི་ཕྱིར། སེམས་དབེན་ལ་མེད་དེ། སྟོང་ཉིད་རྟོགས་བའི་སེམས་ཀྱི་སྣང་བ་ཙམ་ཡིན་པའི་ཕྱིར། དེས་ན་ཀུན་རྫོབ་ལྷ་སྐུ་ལ་གནས་པ་མ་རྙེད་པས་བཤད་དུ་གསོལ། ཞེས་པའོ། །གཉིས་པ་ནི། སྐབས་འདིར་དྲི་བ་གློ་བུར་བ་ལྟ་བུར་སྣང་ཡང༌། རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གཞི་དང་པོ་ནས་ཡོད་དེ། རྒྱུད་སྡེ་འོག་མ་རྣམས་དང༌། བསྐྱེད་རིམ་གྱི་སྐབས་སུའང་ཤི་ནས་སྐྱེ་བ་བླངས་པ་དང་རྣམ་པ་མཚུངས་པར་སྭ་བྷ་ཝས་སྟོང་པར་སྦྱངས་ནས་སྣང་བ་ཚུན་ཆོད་བསྡུས་ཏེ། དེ་ཉིད་ལྷར་ཤར་བའི་རྣམ་པ་ཅན་ཡང་དང་ཡང་དུ་མཐོང་བས་ལུགས་འདི་ལ་ད་ལྟ་ལྷར་བློས་བཏགས་ནས་བསྒོམ་པ་ཙམ་ཡིན་ཡང༌། ལམ་གོང་མ་གཅིག་གི་སྐབས་སུ་ལྷག་པར་མོས་པ་
ཙམ་མིན་པའི་ལྷ་སྐུ་གདོན་མི་ཟ་བར་འབྱུང་བར་གསལ་བས་དེ་སྔར་མ་བྱུང་ཞིང་གང་དུ་འབྱུང་བ་བཤད་དུ་གསོལ་ཞེས་པའོ། །གཉིས་པ་ནི། ལྷའི་དེ་ཁོ་ན་ཉིད་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ་ས་བཅུའི་དབང་ཕྱུག་གིས་ཀྱང་བསྒོམས་པས་ཁོང་དུ་མ་ཆུད་པ་དེ་ངས་ཁྱོད་ལ་བཤད་པར་བྱའོ། །དེ་གང་ཞེ་ན། རང་གི་སེམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པ་ཡེ་ཤེས་གསུམ་གྱིས་སྣང་བ་ཙམ་མཚན་དཔེ་ཐམས་ཅད་དང་ལྡན་པའི་ལྷ་སྐུ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་བདེ་བ་ཆེན་པོའི་སྐུ་དེ་ཉིད་ཡིན་ནོ། །ས་བཅུ་པ་ནི་སེམས་དབེན་ནོ། །གསུམ་པ་ནི། ལུང་ལས་ལུས་དང་སེམས་ཡ་བྲལ་དུ་མི་འབྱུང་བར་གསུངས་པས་སེམས་ཙམ་ལ་ཞལ་ཕྱག་སོགས་དང་ལྡན་པའི་ལྷའི་སྐུ་རྫོགས་པར་ཇི་ལྟར་འགྱུར། དམིགས་པའི་ལྟེ་བ་ཅན་རྣམས་ལུང་རིགས་མེད་པར་ཡིད་མི་ཆེས་པས་ལྷའི་དེ་ཁོ་ན་ཉིད་བདེ་བླག་ཏུ་ཁོང་དུ་ཆུད་པའི་ཐབས་བཤད་དུ་གསོལ། ཞེས་སོ། །ཡེ་ཤེས་ཙམ་ཡིན་ན་ཞལ་ཕྱག་དང་ལྡན་པའང་འགལ་སྙམ་དུ་བསམ་པའོ། །བཞི་པ་ནི། སྒྱུ་ལུས་ནི། ཕར་ཕྱིན་གྱི་ཐེག་པ་ལ་གནས་པ་རྣམས་ཀྱིས་ཀྱང་མི་ཤེས་ལ། བསྐྱེད་རིམ་ལ་གནས་པ་རྣམས་ཀྱིས་ཀྱང་སྒྱུ་མ་ལྟ་བུ་སོགས་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང་དཔེ་དེས་བདག་ལ་བྱིན་གྱིས་བརླབ་པའི་ལྷ་སྐུ་མི་ཤེས་སོ། །འདིས་ནི་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་སྒྱུ་ལུས་སུ་འདོད་པ་སོགས་ཀྱང་གསལ་
བ་ཡིན་ཏེ། དེ་དག་གི་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་ཤེས་ཀྱང་སྒྱུ་ལུས་མི་ཤེས་པར་གསུངས་པའི་ཕྱིར་རོ། །དེ་བས་ན་ངས་རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་འབྲངས་ནས་རྡོ་རྗེ་སེམས་དཔའི་སྐུ་རྫོགས་པར་འགྱུར་བའི་རྒྱུ་རྐྱེན་བཤད་པར་བྱའོ། །སེམས་ནི་ཡང་དག་པར་ན་དབྱིབས་དང་ཁ་དོག་དང་བྲལ་བ་ཡིན་ཀྱང་ཡེ་ཤེས་ཙམ་ཞེས་པའི་ཙམ་གྱི་སྒྲས་བེམ་པོའི་ཁམས་རགས་པ་གཅོད་པ་ཡིན་གྱི། ཤེས་པ་མ་ཡིན་པ་མཐའ་དག་གཅོད་པ་མ་ཡིན་ཏེ། སེམས་གསུམ་རླུང་འོད་ཟེར་ལྔ་དང་བཅས་པ་ལས་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷ་སྐུ་འབྱུང་བ་མི་འགལ་བ་ཡིན་ནོ། །དེ་ལ་རླུང་འོད་ཟེར་ལྔ་དང་བཅས་པ་ནི་སྒྱུ་ལུས་ཀྱི་ཉེ་བར་ལེན་པའི་རྒྱུ་ཡིན་ལ། སྟོང་ཉིད་རྟོགས་པའི་སེམས་དབེན་གྱི་ཡེ་ཤེས་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །དེ་ལྟར་དྲི་བ་དང༌། ཡེ་ཤེས་ཙམ་གྱི་ཡིད་ཀྱི་རང་བཞིན་གྱི་སྐུ་དཔེ་བཅུ་གཉིས་ཀྱིས་མཚོན་པ་དེ་སྒྱུ་ལུས་སུ་བཤད་པའི་ལན་དང། དེ་ལྟ་ན་ཞལ་ཕྱག་གི་རྣམ་པ་ཅན་དུ་མི་འཐད་པའི་དོགས་པ་ཞུས་པ་དང༌། དེ་ལ་ལན་བསྟན་པ་སོགས་བཤད་ནས། ད་ནི་སྒྱུ་ལུས་རྒྱས་པར་བཤད་པ་ལ་དྲི་བ་དང༌། ལན་དང༌། ཤེས་བྱེད། དགོས་ངའོ། །དང་པོ་ནི་ཡུན་རིང་པོར་གཉིད་ལོག་ནས་ལུས་ཀྱི་ཁོག་པ་འདི་བོར་ཏེ་སུམ་ཅུ་རྩ་གསུམ་ལ་སོགས་པའི་ཡུལ་གཞན་དུ་སོང་ནས་འདོད་པའི་ཡོན་ཏན་ལྔ་མྱོང་སྟེ། ཡང་ལུས་འདི་ལ་འཇུག་པའི་རྒྱུ་ཅི་ཡིན་ཞེས་པ་དང༌། རྨི་ལམ་དགེ་མི་དགེའི་འབྲས་བུ་ཐོབ་པའི་རྒྱུ་ཅི་ཡིན་ཞེས་པ་དང༌། གཉིད་ལོག་པ་དང་མ་
ལོག་པའི་དུས་ཀྱི་སྐབས་དག་ཐ་དད་པར་མཆིས་སམ་མ་མཆིས་ཞེས་པའོ། །གཉིས་པ་ནི་ཐོག་མ་མེད་པའི་ལུས་ལ་དངོས་པོར་འཛིན་པ་རྣམས་ཀྱི་ཐེ་ཚོམ་བསལ་བའི་ཕྱིར་དང༌། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གསལ་བར་བྱ་བའི་ཕྱིར་རྨི་ལམ་གྱི་མཚན་ཉིད་འདྲི་བར་བྱེད་པ་ལེགས་སོ། །རྒྱུད་དང་མདོ་སྡེ་རྣམས་ཀྱི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །དེ་གང་ཞེ་ན། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་པ། །ཤེས་པ་གཉིས་པ་དེ་འདིར་རབ་འདུས་ནས། །སྟོང་ཆེན་གྱུར་བས་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། །རྨི་ལམ་སད་ལ་བྱེ་བྲག་གཞན་མེད་པར། །ཀུན་ཏུ་རྟོག་པས་རྨི་ལམ་འབྲས་འདོད་པ། །འགྲོ་བ་ཉིན་མཚན་ཉེ་བར་གཉིད་ལོག་ཅིང༌། །ས་མཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །ཅེས་སོ། །དེ་དག་གི་དོན་ནི། འོག་ནས་སྤྱོད་པའི་སྐབས་སུ་བཤད་པ་ལྟར། ཕུང་པོ་ལྔ་དང་ཁམས་བཞི་དང༌། ཕྱིའི་སྐྱེ་མཆེད་དང༌། ནང་གི་སྐྱེ་མཆེད་སོགས་རགས་པ་རྣམས་ས་ལ་ཐིམ། ས་ཆུ་ལ། དེ་མེ་ལ། དེ་རླུང་ལ། དེ་སེམས་བྱུང་ལ། དེ་ཉེར་ཐོབ་ལ་ཐིམ་པས་ཤེས་པ་གཉིས་པོ་སྟོང་ཆེན་དུ་གྱུར་པའོ། །ཤེས་པ་གཉིས་ནི། སྣང་བ་དང༌། མཆེད་པ་དང༌། ཤིན་ཏུ་སྟོང་པའི་མིང་གིས་བསྟན་པའི་སེམས་སེམས་བྱུང་ངོ་། །ཉེར་ཐོབ་ནི། གཉིད་ལོག་པའི་ཚེ་གཉིད་མཐུག་ཡིན་གྱི་འོད་གསལ་མིན་ལ། དེ་ལས་གྲོལ་ནས་རྨི་ལམ་ཡང་མ་དམིགས་པའི་བར་གྱི་ནམ་མཁའ་དྭངས་པ་ལྟ་བུའི་རྣམ་
པ་ཅན་གྱི་ཤེས་པ་ནི་གཉིད་ཀྱི་འོད་གསལ་ལོ། །དེ་ནས་རླུང་གི་ཤུགས་ཀྱིས་རྟོག་པ་གཡོས་ནས་རྨི་ལམ་མཐོང་བ་ཡིན་ནོ། །རྐང་པ་ཐ་མ་གཉིས་ནི། དེ་ཉིད་རྒྱུས་པར་བཤད་པའོ། །དྲི་བ་གཉིས་པའི་ལན་ནི། འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་སླར་ཡང་རླུང་ནི་འཇུག་པར་འགྱུར། །འབྲས་བུ་སྨིན་པར་གྱུར་ན་རླུང་འདི་ཉིད། །འཇིག་རྟེན་འཆི་བ་གཞན་དུ་མྱུར་འགྲོ་འགྱུར། ཞེས་པའོ། །རྨི་ལམ་གྱི་ལུས་དེ་སླར་ཡང་ལུས་འདི་ལ་འཇུག་པའི་རྒྱུ་ནི། དེ་ནི་རྟེན་བྱེད་པའི་ནུས་པ་མ་རྫོགས་པ་ཡིན་ལ། ནུས་བ་རྫོགས་ནས་འཆི་འཕོ་བར་འགྱུར་རོ། །དཔེས་མཚོན་པའི་དོན་གྱི་ཕྱོགས་གཅིག་ནི་ཇི་ལྟར་ཞེས་པའི་རྐང་པ་བཞིས་བསྟན་ནོ། །ལོངས་སྐུ་ལ་རྐང་རུས་སོགས་མེད་ཀྱང་སེམས་ཅན་འདུས་བའི་ཕྱིར་དུ་སྤྲུལ་པའི་སྐུས་བྱ་བ་མཛད་པ་དང་ཡང་ཆོས་མཚུངས་སོ། །དཔེ་དོན་སྤྱར་བ་དངོས་ནི་རིམ་པ་དེ་བཞིན་ཞེས་པ་རྐང་པ་བཞིའོ། །དོན་ནི་འདི་ལྟར་ཤེས་པར་བྱ་སྟེ། གཉིད་ལོག་པའི་ཚེ་འཆི་བ་དང་རྗེས་སུ་མཐུན་བར་འབྱུང་བ་ཐིམ་པའི་རྣམ་པ་ཅན་དང། སེམས་སེམས་བྱུང་ལ། དེ་ཉེར་ཐོབ་པ། དེ་གཉིད་ཀྱི་འོད་གསལ་ལ། དེ་ལས་རྨི་ལམ་གྱི་ལུས་སུ་ཤར་ནས་དེ་ལས་ངའོ་སྙམ་པའི་དར་འཛིན་འཕོ་བར་འགྱུར་གྱི། ཐ་མལ་གྱི་ལུས་ལ་ངའོ་སྙམ་པ་མི་འབྱུང་བའི་སྐབས་ལྟར་སྔར་བཤད་པའི་རྡོ་རྗེའི་བཟླས་པས་སྙིང་གའི་རྩ་མདུད་བཤིག་སྟེ་ལྷན་ཅིག་སྐྱེས་པའི་རླུང་སེམས་སོགས་གནས་དེར་འདུས་ནས་འབྱུང་བ་རྣམས་རིམ་པས་ཐིམ་ནས། དེའི་རྗེས་སུ་
སྟོང་ཉིད་ལ་མཉམ་པར་བཞག་པས་སེམས་གསུམ་གྱི་རྟོགས་པའི་མཐར་སྒྱུ་མ་ལྟ་བུའི་ལྷའི་སྐུ་གྲུབ་ནས་དེ་ལ་ང་རྒྱལ་འཕོ་བར་འགྱུར་བ་ཡིན་ནོ། །དེས་ན་ལུས་དབེན་མན་ཆད་དུ་རྡུལ་ཕྲ་རབ་བསགས་པའི་ལུས་ལ་འདོད་པ་ཙམ་གྱི་ལྷར་དམིགས་ནས་དེ་ལ་ང་རྒྱལ་འཇོག་པ་ཡིན་པས་ལུས་དབེན་ལ་ལྷའི་སྐུ་མེད་དེ་ལུས་ནི་རྡུལ་ཕྲ་རབ་བསགས་པ་ཙམ་ཡིན་པའི་ཕྱིར་ཞེས་པའོ། །དེ་ལ་རྨི་ལམ་ཡང་བྱེ་བྲག་པ་དེ་ཉིད་དཔེར་འཛིན་ལ་སད་པའང་བྱེ་བྲག་པ་སྒྱུ་མ་ལྟ་བུའི་ལུས་དོན་དུ་བྱས་ནས་དྲི་བའི་ལན་བཏབ་པ་ཡིན་ནོ། །གསུམ་པ་ནི། དེ་ཉིད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན་ཏེ་བསྟན་པ་དང༌། བཟང་སྐྱོང་གིས་ཞུས་པའི་མདོ་ལས་བསྟན་པ་དང༌། རྣམ་སྣང་མངོན་བྱང་ལས། འཇའ་ཚོན་ལྟ་བུའི་ལུས་དག་ནི། །དེ་ཉིད་བསྒོམས་པས་ཐོབ་པར་འགྱུར། ཞེས་སོགས་ཀྱི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རིམ་ལྔ་ལས་ཀྱང༌། རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འགྱུར། ཞེས་སོགས་གསུངས་སོ། །བླ་མ་སྔ་མ་དག་དཔེ་བཅུ་གཉིས་ལ་མཚོན་དོན་མི་འདྲ་བ་རེ་དང༌། དཔེའི་གཙོ་བོའང་ཡན་ལག་རྫོགས་པར་ཅིག་ཅར་དུ་འཆར་བས་མེ་ལོང་ནང་གི་གཟུགས་བརྙན་དང༌། ཁ་དོག་གི་དབྱེ་བ་མ་འདྲེས་པར་སྣང་བ་འཇའ་ཚོན་དང༌། དུ་མ་ལ་ཅིག་ཅར་ཁྱབ་པ་ཆུ་ཟླ་རྣམས་ལ་འཆད་དོ། །མ་རྒྱུད་རྣམས་ནས་འབྱུང་བ་ཐིམ་པའི་རིམ་པས་འོད་གསལ་དུ་ཞུགས་པའི་
སྟོང་ཉིར་རྟོགས་པའི་ཤེས་རབ་ཀྱི་ཆ་ཤེས་རྒྱས་པར་གསུངས་ཀྱང༌། ཤེས་རབ་དེ་ཉིད་ལྷའི་སྐུར་འཆར་བའི་ཐབས་ཀྱི་ཆ་རྣམས་རྫོགས་པར་མ་གསུངས་ཤིང༌། དེ་ཉིད་དཔལ་གསང་བ་འདུས་པ་སོགས་ཕ་རྒྱུད་རྣམས་ལས་གསུངས་པ་ཡིན་ནོ། །ཕ་རྒྱུད་དང་མ་རྒྱུད་ཀྱི་དབྱེ་བའང༌། ཇི་སྐད་བཤད་པའི་ཐབས་དང༌། ཤེས་རབ་གཉིས་བརྗོད་བྱའི་གཙོ་བོར་སྟོན་མི་སྟོན་གྱི་སྒོ་ནས་དབྱེ་ཡི། གཉིས་ཀས་ཀྱང་གཉིས་ཀ་མ་བསྟན་པ་ནི་མ་ཡིན་ནོ། །མདོར་ན་ཐ་མལ་བ་ཤི་བའི་ཚེ་བར་དོ་གྲུབ་ནས་འཁོར་བའི་རྒྱུར་འགྱུར་བ་དེ་ཉིད་རྣལ་འབྱོར་བས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྱུ་མ་ལྟ་བུའི་ལྷའི་སྐུར་འཆར་ནུས་པ་ཡིན་ནོ། །དེ་རྣམས་ཀྱི་དོན་མདོར་བསྡུ་ན། དཔེའི་གཙོ་བོ་ངོས་བཟུང་བ་དང༌། དཔེ་དོན་ཆོས་མཐུན་སྦྱར་བ་དང༌། དཔེས་མཚོན་པའི་དོན་ལ་དབྱིབས་དང་ཁ་དོག་གི་རྣམ་པ་ཇི་ལྟར་འབྱུང་བ་དང༌། སྒྱུ་ལུས་འགྲུབ་བྱེད་ཀྱི་རྒྱུ་ངོས་བཟུང་བའོ། །དང་པོ་ནི། སྒྱུ་མ་ལྟ་བུ་དང༌། སྒྱུ་ལུས་དཔེ་དོན་ཙམ་དུ་སྦྱར་དུ་རུང་ཡང༌། དོན་མི་གཅིག་ཅིང་ཆོས་མཚུངས་རྒྱས་པར་སྦྱར་ས་མེད་པས་སྔ་མ་རྣམས་ཀྱིས་སྒྱུ་མ་དང༌། སྒྱུ་ལུས་ཀྱི་ཁྱད་པར་ལེགས་པར་མ་ཕྱེད་ཅིང་མེ་ལོང་ནང་གི་གཟུགས་བརྙན་སོགས་ཀྱང་དཔེའི་གཙོ་བོར་མི་རུང་ངོ་། །དེས་ན་དཔེའི་གཙོ་བོ་ནི། བར་སྲིད་ཀྱི་ལུས་དང་རྨི་ལམ་གྱི་ལུས་གཉིས་ཡིན་ལ། དེ་ལས་སྔ་མ་གཙོ་བོ་ཡིན་ནའང༌། ད་ལྟ་མྱོང་བས་གྲུབ་པའི་རྣམ་པ་སྦྱར་དུ་མེད་པས་རྨི་ལམ་ཉིད་ལས་མཚོན་པར་བྱའོ། །གཉིས་པ་ནི། ཆོས་མཐུན་ལྔས་ཤེས་པར་བྱ་སྟེ།
རྨི་ལམ་ལ་ཤི་བ་དང་རྣམ་པ་རྗེས་སུ་མཐུན་པར་འབྱུང་བ་བཞི་དང༌། སེམས་དང་སེམས་བྱུང་དང༌། ཉེར་ཐོབ་རྣམས་རིམ་པ་བཞིན་དུ་གཉིད་ཀྱི་འོད་གསལ་ལ་ཐིམ་ནས་དེ་ནས་རྨི་ལམ་གྱི་ལུས་སུ་ལྡང་བ་དང༌། རླུང་སེམས་ཙམ་ལས་གྲུབ་བའི་ཡིད་ལུས་ཡིན་པ་དང༌། ལུས་རང་དགའ་བ་དེ་ལས་ལོགས་སུ་བྱེ་བ་ལྟ་བུར་སྣང་བ་དང༌། ངའོ་སྙམ་པའི་བློ་གོ་ས་འཕོས་ནས་རྨི་ལམ་གྱི་ལུས་ལ་འཛིན་པ་དང༌། རྨི་ལམ་གྱི་ལུས་དེ་ཉིད་སླར་ཡང་ལུས་ཐ་མལ་པ་དེ་ལ་འཇུག་པ། དཔེ་དེ་བཞིན་དུ་སྒྱུ་ལུས་ཀྱང་འབྱུང་བ་བཞི་དང༌། སྣང་མཆེད་ཐོབ་གསུམ་ལུགས་འབྱུང་དུ་ཙམ་ནས་སླར་ཡང་ལུགས་ལྡོག་ཏུ་ཤར་བའི་སྣང་བ་གསུམ་གྱི་མཐར་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་དང༌། རླུང་སེམས་ཙམ་ལས་གྲུབ་པའི་ལྷ་སྐུ་དང༌། རྣམ་སྨིན་གྱི་ལུས་ལས་ལོགས་སུ་བྱེ་བ་ལྟ་བུར་སྣང་བ་དང༌། དེ་ཉིད་ལ་ང་རྒྱལ་འཕོས་པ་དང༌། སླར་ཡང་ལུས་སྔ་མ་ལ་འཇུག་པའོ། །རྨི་ལམ་དང་སྒྱུ་ལུས་གཉིས་ཀ་དངོས་པོ་ལ་ཐ་མལ་པའི་ལུས་དང༌། རྟེན་དང་བརྟེན་པའི་འབྲེལ་པ་ཞིག་ནས་ལོགས་སུ་ཆད་པ་ནི་མ་ཡིན་གྱི། བསམ་ངོ་ན་དེ་ལྟར་སྣང་བ་ཡིན་ལ་འོན་ཀྱང་སྒྱུ་ལུས་དེ་ཉིད་རླུང་སེམས་ལས་གྲུབ་པའི་ལྷ་སྐུ་མཚན་ཉིད་པ་ཡིན་པས་ཡེ་ཤེས་ཀྱི་སྐུ་ཞེས་བྱའི་རྡོ་རྗེ་འཆང་མཚན་ཉིད་པ་ནི་མ་ཡིན་ནོ། །བསྐྱེད་རིམ་སོགས་ཀྱི་སྐབས་སུ་རྟོག་པས་ལྷར་མོས་པ་ཙམ་མ་གཏོགས་ལྷ་སྐུ་མཚན་ཉིད་པ་མེད་དོ། །འོ་ན་སློབ་པའི་ཟུང་འཇུག་དང་ཁྱད་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ།
སྒྱུ་ལུས་རྣམ་སྨིན་གྱི་ལུས་དང་ལས་དབང་གིས་བཞག་པའི་རྟེན་བརྟེན་པའི་འབྲེལ་པ་མ་ཞིག་ལ། ཟུང་འཇུག་གི་ཚེ་ཞིག་པས་སོ། །དེ་ལྟར་ནའང་ཤི་བ་བཞིན་དུ་མི་འགྱུར་ཏེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྟེན་དང་བརྟེན་པར་འགྱུར་པས་སོ། །རྨི་ལམ་གྱི་ལུས་སླར་ཡང་འཇུག་པ་ནི། འབྲས་བུ་མ་སྨིན་བྱས་པའི་ལས་རྣམས་ཀྱིས། །སྐྱེ་འདིར་སླར་ཡང་རླུང་ནི་འཇུག་པར་འགྱུར། ཞེས་པས་བསྟན་ནོ། །གསུམ་པ་ནི། བསྐྱེད་རིམ་གྱི་སྐབས་སུ་དང་པོའི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པ་བསྐྱེད་ནས་དེ་ཉིད་སྤྲུལ་སྐུར་བསྒྱུར་བ་ལྟར། སྒྱུ་ལུས་འདིའང་དབྱིབས་དང་ཁ་དོག་དེ་ལྟར་འབྱུང་ཞིང་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་འོད་ཀྱིས་ཁྱབ་པ་ལྟ་བུ་དང་མཚན་དང་དཔེ་བྱེད་ཀྱིས་བརྒྱན་པའི་སྐུར་འབྱུང་བ་ཡིན་ནོ། །ལོངས་སྐུ་དང་འདྲ་བར་ས་མ་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་དུ་མི་འགྱུར་བས་དེ་ནས་སྤྲུལ་སྐུར་བསྒྱུར་པ་ཡིན་ནོ། །བསྐྱོད་རིམ་སྐབས་ཀྱི་ལོངས་སྤྲུལ་གྱི་དོན་ཡང་དེ་ལྟར་ཤེས་པར་བྱའོ། །བཞི་པ་ནི། སྔར་བཤད་པ་ལྟར། རྩ་བདུན་ཁྲི་ཉིས་སྟོང་གི་དབྱེ་བསྡུ་དང༌། དེའི་ནང་དུ་རླུང་ཉི་ཁྲི་ཆིག་སྟོང་དང་ཁམས་དཀར་དམར་རྒྱུ་ཚུལ་དང་མཐར་འདུ་འཕྲོད་གང་དུ་བྱེད་པའི་གནས་ལྔར་བཤད་པ་ལྟར་ངག་དབེན་གྱིས་སྙིང་གའི་རྩ་མདུད་བའི་གནས་དེར་ཐམས་ཅད་འདུས་ཏེ། ལྷན་སྐྱེས་ཀྱི་བདེ་བ་བསྒོམས་ནས་རང་བཞིན་བརྒྱད་ཅུའི་རྣམ་རྟོག་རིམ་གྱིས་འགགས་ནས་སེམས་གསུམ་གྱི་རྟོགས་པ་རིམ་གྱིས་སྐྱེ་ཞིང་དེ་ཉིད་ལུགས་ལྡོག་ཏུ་ཤར་ནས་སྣང་བའི་ཡེ་ཤེས་སྐྱེས་པའི་ཆ་
སྒྱུ་མའི་སྐུར་ལྡང་བ་ཡིན་ནོ། །འོ་ན་རྒྱུ་དེ་ཙམ་གྱིས་ཆོག་གམ་སྙམ་ན། ལེ་ལོ་ཅན་བར་དོར་འཚང་རྒྱ་བའི་སྐབས་སུ་བཤད་པ་ལྟར། སེམས་གསུམ་གྱི་མཐར་ལྷའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་སྔོན་དུ་བཏང་བ་ལ་ངེས་པར་བལྟོས་པ་ཡིན་ནོ། །དཔེར་ན་དུས་འདི་ཙམ་ལ་སད་པར་བྱའོ་སྙམ་པའི་འཕེན་པ་བཏང་ནས་གཉིད་ལོག་ནས་དེའི་དུས་སུ་ལྡང་བར་འགྱུར་བ་བཞིན་ནོ། །བར་དོར་འཚང་རྒྱ་ཞེས་པའི་དོན་ཡང་དབེན་པ་གསུམ་ཐོབ་ནས་སྤྱོད་པ་མ་སྤྱད་པའི་རྣལ་འབྱོར་པ་ཞིག་འཆི་བ་ལ་བབ་པའི་ཚེ་བར་དོ་རང་ག་བར་མ་ཤོར་བར་ལྷའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་བཏང་བ་ན་གཞན་ལ་བར་དོ་གྲུབ་པའི་དོན་ལ་སྒྱུ་ལུས་གྲུབ་ནས་དེ་ནས་ལམ་ལྷག་མ་སྦྱངས་ཏེ། རྡོ་རྗེ་འཆང་གི་སྐུར་འགྱུར་བ་ཡིན་གྱི། བར་དོ་རང་ག་བ་གྲུབ་ནས་རྟེན་དེ་ལ་འཚང་རྒྱ་བ་ནི། སྤྱོད་བསྡུས་སོགས་ཀྱིས་དགོངས་པ་ཡེ་ནས་མ་ཡིན་ནོ། །འོན་ཀྱང་སྔ་མ་ཁ་ཅིག་བཞེད་པ་ལྟར་གྱི་བར་ངོའི་གདམས་ངག་རྣམས་ཁྱད་པར་ནི་ཤིན་ཏུ་ཆེའོ། །ཐིག་ལེའི་རྣལ་འབྱོར་གོམས་པར་བྱས་པས་འཁོར་ལོ་བཞིའི་ལྟེ་བར་དགའ་བཞིའི་རྟོགས་པ་བསྐྱེད་པ་དང༌། རླུང་གི་རྣལ་འབྱོར་ལ་གོམས་པར་བྱས་པས་འབྱུང་བ་བཞིའི་རླུང་འབྱོངས་ནས་རིམ་པ་བཞིན་དུ་སུས་ཀྱང་བསྒུལ་མི་ནུས་པ་དང༌། མེས་མི་འཚིག་པ་དང༌། འཁྱགས་སྦུབས་སུ་བཅུག་ཀྱང་དྲོད་འབར་བ་དང༌། ནམ་མཁའ་ལ་འགྲོ་བ་སོགས་བྱུང་ཡང་སྒྱུ་ལུས་ཀྱི་དོན་མ་ཤེས་ན་ཆེ་གཅིག་ལ་འཚང་རྒྱ་བའི་ལམ་གྱི་གནད་མི་ཟིན་པས་སྔར་བཤད་པ་ལྟར་རླུང་སེམས་ལས་སྒྱུ་མའི་སྐུ་འགྲུབ་ལུགས་ལ་མཁས་པར་བྱའོ། །དེ་ལྟར་
སེམས་དབེན་དང་སྒྱུ་ལུས་ནི། རྒྱུད་ཕྱི་མའི་ཚིག་དེས་དངོས་སུ་མ་བསྟན་ཡང་ཞར་ལ་རྟོགས་ནུས་པས་བཤད་པ་ཡིན་ལ། ད་ནི་རྣལ་འབྱོར་ཡན་ལག་བཞི་བ་འཛིན་པའི་ཡན་ལག་དང་རིམ་པ་ལྔའི་འོད་གསལ་དོན་གཅིག་པས་དེ་བཤད་པ་ནི། རྒྱུད་ཕྱི་མ་ལས། རང་དབང་རིན་ཆེན་དགག་པ་ཡིས། །གཟུང་བ་འཛིན་པ་ཡིན་པར་བཤད། ཅེས་སོ། །རང་ནི་གཟུགས་སྒྲ་ལ་སོགས་པའི་ཡུལ་དང་དབང་པོ་མིག་ལ་སོགས་པ་དང༌། རིན་པོ་ཆེ་ནི་ཡུལ་དབང་གི་རྟེན་རླུང་སེམས་ཏེ། དེ་དག་དོན་དམ་པའི་བདེན་པ་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་ཐིམ་པ་ནི་འགགས་པའོ། །ཡུལ་དབང་མེད་པར་སོང་བ་མ་ཡིན་གྱིས་རྣམ་ཤེས་ཀྱི་དམིགས་པ་དང་རྟེན་བྱེད་པའི་ནུས་པ་ལོག་པ་ཡིན་ནོ། །རྒྱུད་ཁ་ཅིག་ནས། རླུང་དབུ་མའི་ནང་དུ་འཛིན་པ་ལ་འཛིན་པའི་ཡན་ལག་ཏུ་བཤད་དོ། །འོ་ན་འོད་གསལ་མངོན་དུ་འགྱུར་བ་ལ་རྟགས་ཇི་ལྟར་འབྱུང་ཞེ་ན། དེ་ཉིད་ལས། སེམས་ནི་འགོག་པའི་རྡོ་རྗེར་འགྱུར། །མཚན་མ་ཉེར་འཛིན་འབྱུང་བར་འགྱུར། །མཚན་མའི་ཁམས་ནི་རྣམ་པ་ལྔར། །བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན། ཞེས་ཏེ། འགོག་པའི་རྡོ་རྗེ་ནི་ཡང་དག་པའི་མཐའ་འོད་གསལ་ལོ། །བྱང་ཆུབ་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །མཚན་མ་ལྔ་པོ་གང་ཞེ་ན། སྨིག་རྒྱུ་འདྲ་བ་དང་པོ་སྟེ། །དུ་བ་ལྟ་བུ་གཉིས་པ་ཡིན། །མཁའ་སྣང་འདྲ་བ་གསུམ་པ་སྟེ། །མར་མེ་ལྟར་འབར་བཞི་པའོ། །སྤྲིན་མེད་ནམ་མཁའ་ལྟ་བུ་ནི། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་གསུངས་ཏེ། དང་པོ་ནི་ས་ཆུ་ལ་ཐིམ་པའི་རྟགས་ཡིན་ལ། གཉིས་པ་ནི་ཆུ་མེ་ལ་ཐིམ་པ་དང༌། གསུམ་པ་ནི་མེ་རླུང་ལ་ཐིམ་པའི་རྟགས་ཏེ། མཁའ་སྣང་ནི་དམར་རྩེག་རྩེག་པོར་སྣང་བར་
གྱུར་པའོ། །བཞི་པ་ནི་རླུང་སྣང་པ་གསུམ་ལ་ཐིམ་པའི་རྟགས་ཏེ། དེའང་སྔར་བཤད་པ་ལྟར་རླུང་རགས་པ་ལ་སོགས་པ་ཡིན་གྱིས་ལྷན་སྐྱེས་ཀྱི་རླུང་ནི་འོད་གསལ་གྱི་ཆེའང་ཡོད་དོ། །ལྔ་པ་ནི་རང་བཞིན་སྣང་བ་ལ་ཐིམ་ཞིང་སྣང་བ་གསུམ་ཡང་རིམ་གྱིས་ཐིམ་པའི་རྟགས་ཏེ། རྟག་ཏུ་སྣང་བ་འོད་གསལ་དུ་གྱུར་པ་ཞེས་བཤད་ཀྱང་འོད་གསལ་འཆར་བའི་རྟགས་ཡིན་གྱིས་དངོས་མིན་ནོ། །སྔ་མ་དག་རྟགས་ཅན་གྱི་ཤེས་པ་བརྟན་གཡོའི་ཚད་ཡིན། འོད་གསལ་མངོན་ཏུ་འགྱུར་པ་ལ་རྣམ་པ་དེ་ལྟར་སྣང་བ་མ་ཡིན་ནོ། །ཞེས་གསུངས་ཀྱང་རྣམ་བའང་དེ་ཁོ་ན་ལྟར་འབྱུང་བ་ཡིན་ཏེ། བརྟན་འགྱུར་རྡོ་རྗེའི་ལམ་ནས་ནི། །ནམ་མཁའ་ཁྱབ་བར་སྤྲོ་བར་བྱ། ཞེས་གསུངས་ཏེ། བརྟན་པ་ནི་འོད་གསལ་དུ་རྣམ་པར་དག་པར་གྱུར་བ་ཡིན་ལ། རྡོ་རྗེ་ནི་ཇི་སྐད་བཤད་པའི་རྟགས་ལྔའི་གོ་རིམ་དང་རྣམ་པ་དེ་ཁོ་ན་ལས་འདའ་བར་མི་བྱ་བའོ། །ནམ་མཁའ་ཁྱབ་པ་ནི་དངོས་པོ་མཐའ་དག་གི་ཆོས་ཉིད་ལ་ཆུ་ལ་ཆུ་བཞག་གི་ཚུལ་དུ་རིས་སུ་མ་ཆད་པར་བྱ་བའོ། །མཐའ་དྲུག་གི་སྐབས་སུ་འོད་གསལ་དང་ཟུང་འཇུག་མཐར་ཐུག་གི་དོན་དུ་བཤད་པ་ལ། ཁ་ཅིག་འོད་གསལ་དངོས་པོའི་མཐར་ཐུག་དང་ཟུང་འཇུག་ལམ་གྱི་མཐར་ཐུག་ཏུ་འཆད་པ་དང༌། ཡང་ཁ་ཅིག་སྔ་མ་ལམ་དང༌། ཕྱི་མ་འབྲས་བུའི་མཐར་ཐུག་དང༌། ཁ་ཅིག་འོད་གསལ་ལ་མཚན་ཉིད་ཐེག་པའི་མཐར་ཐུག་དང༌། ཟུང་འཇུག་སྔགས་ཀྱི་ཐེག་པའི་མཐར་ཐུག་ཏུ་འཆད་པ་རྣམས་རྒྱུད་ཀྱི་དགོངས་པ་མ་ཡིན་གྱི། སྔར་བཤད་པའི་དབེན་གསུམ་དང་སྒྱུ་ལུས་ཀྱི་རྒྱུའི་ཁྱད་པར་ལས་རྣལ་འབྱོར་པའི་སེམས་དེ་ཁོ་ན་ཉིད་ཀྱི་རྣམ་
པ་ཅན་དུ་མཐར་ཐུག་པ་དང༌། དེའི་རྟེན་ལུས་རྡོ་རྗེ་འཆང་གི་རྣམ་པ་ཅན་གྱི་ལྷ་སྐུར་མཐར་ཐུག་པ་ཡིན་ནོ། །ཡན་ལག་ལྔ་པ་རྗེས་དྲན་ནི། །རྗེས་དྲན་གང་ཞིག་རྣམ་བསྒོམས་པ། །དེ་དང་འདྲ་བར་སྤྲོ་བར་བྱ། །རྗེས་སུ་དྲན་པ་ཞེས་བཤད་དེ། །སོ་སོར་སྣང་བ་དེ་ལས་སྐྱེ། །ཞེས་སོ། །འོད་གསལ་ལས་ལངས་ནས་སེམས་གསུམ་ལུགས་ལྡོག་ཏུ་ཤར་བ་ནི་འོད་གསལ་ཡིན་ལ། སོ་སོར་སྣང་བ་ཞས་པ་ཁ་ཅིག་གིས་ཀུན་རྫོབ་བདེན་པ་ལ་བཤད་ཀྱང། འོད་གསལ་ལ་བཤད་པ་ལྟར་འཐད་པས་དེ་ལས་རྗེས་དྲན་སྐྱེ་བས་བསྐྱེད་བྱར་བྱའོ། །ཡན་ལག་དྲུག་པའི་ཏིང་ངེ་འཛིན་ནི། ཐབས་དང་ཤེས་རབ་སྙོམས་འཇུག་པས། །དངོས་པོ་ཐམས་ཅད་མདོར་བསྡུས་པ། །གོང་བུའི་ཚུལ་གྱིས་བསྡུས་ནས་ནི། །དབུས་སུ་གཟུགས་ནི་རྣམ་པར་བསྒོམ། །ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པས། །ཏིང་ངེ་འཛིན་ཅེས་བཏགས་པ་ཡིན། ཞེས་སོ། །ཐབས་ཀུན་རྫོབ་བདེན་པ་སྒྱུ་ལུས་དང་ཤེས་རབ་འོད་གསལ་གཉིས་དུས་གཅིག་ཏུ་འདུས་ནས་དབྱེར་མེད་རོ་གཅིག་ཏུ་གྱུར་པ་ནི་སྙོམས་པར་འཇུག་པ་སྟེ་ཟུང་འཇུག་གོ །དངོས་པོ་ཐམས་ཅད་ནི་རྒྱུ་བ་དང་མི་རྒྱུ་བའོ། །གོང་བུ་ནི། རྡོ་རྗེ་འཆང་གི་གཟུགས་ཏེ། བརྟན་གཡོའི་དབུས་སུ་བདག་ཉིད་རྡོ་རྗེ་འཆང་གི་སྐུ་ཟུང་འཇུག་གི་བདག་ཉིད་དུ་གྱུར་བ་ནི་རྣམ་པར་བསྒོམ་པའོ། །རིམ་པ་དེ་ཉིད་ཀྱིས་སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་རྫོགས་པ་ནི་ཏིང་ངེ་འཛིན་ཡིན་ནོ། །སློབ་པའི་ཟུང་འཇུག་ཐོབ་པ་ནས་བཟུང་སྟེ། དུས་ནམ་ཡང་རྡོ་རྗེའི་སྐུ་རྒྱུན་ཆད་པ་མི་སྲིད་ཅིང༌། སྒྱུ་ལུས་ནི་འོད་གསལ་མངོན་དུ་གྱུར་པའི་ཚེ་འགག་གོ །དེའི་རྒྱུ་མཚན་ཡང་སྒྱུ་ལུས་ཀྱི་གཞིར་ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་སེམས་
གསུམ་གྱི་སྣང་བ་དགོས་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་དེ་མི་སྲིད་པས་སོ། །སློབ་པའི་ཟུང་འཇུག་ཐོབ་པ་ནས་རྣམ་སྨིན་གྱི་ལུས་དང་ལས་དབང་རྟེན་བརྟེན་པའི་འབྲེལ་པ་ཞིག་པས་ཏིང་ངེ་འཛིན་གྱི་མཐུས་བཟུང་བ་ཙམ་མོ། །འོད་གསལ་ལས་ལངས་ནས་སེམས་གསུམ་ལུགས་ལྡོག་ཏུ་ཤར་བའི་མཐར་ལྷ་སྐུ་འགྲུབ་པ་ཙམ་ནས་ཟུང་འཇུག་ཏུ་མི་འཇོག་ལ། དེ་ནས་ལུས་དེ་ལྟར་གནས་བཞིན་པ་ལ་འོད་གསལ་ལ་བཞག་ནས་དུས་གཅིག་ཏུ་འདུས་པ་དེ་ཕྱིན་ནས་བཟུང་ངོ་། །ཉེ་རྒྱུ་སྤྱོད་པ་བྱེད་པའི་དུས་ནི། སེམས་དབེན་ཐོབ་པ་ནས་བཟུང་སྟེ། འོད་གསལ་མངོན་ཏུ་མ་གྱུར་པའི་བར་ཡིན་གྱི། དེ་ཕྱིན་ཆད་འོད་གསལ་ལ་གོམས་ནས་སྒྲིབ་པ་སྤོང་བར་བྱེད་པ་ཙམ་མོ། །དེ་ལྟར་སེམས་དབེན་དང་སྒྱུ་ལུས་རྒྱུད་ཕྱི་མའི་ཚིག་གིས་དངོས་སུ་མ་བསྟན་ཀྱང༌། ཟུང་འཇུག་བསྟན་པ་ན་ཡ་སོ་སོར་དེའི་གོང་དུ་བསྒྲུབ་དགོས་ཤིང༌། དེའང་ཡན་ལག་གསུམ་པ་སྲོག་རྩོལ་གྱི་ལག་རྗེས་ལ་ཇི་ལྟར་འབྱུང་དང་འོད་གསལ་མངོན་དུ་འགྱུར་བའི་རྟགས་སོགས་ལ་དཔགས་ནས་ཤེས་སོ། །འདི་ཕག་ལོ་སྟོན་དབུས་ཀྱི་ལྷ་ས་སེ་ར་ཆོས་སྡིངས་སུ། བླ་མ་རིན་པོ་ཆེ་བློ་བཟང་གྲགས་པའི་ཞལ་སྔ་ནས། དྲུང་འཁོར་ཉི་ཤུ་རྩ་ལྔ་ལ་གསང་འདུས་རིམ་ལྔའི་འཁྲིད་གནང་དུས། སློབ་དཔོན་དཀར་བཅུ་པ་དར་མ་རིན་ཆེན་གྱིས་ཟིན་བྲིས་སུ་མཛད་ཅིང་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་དོ། །ༀ་སྭ་སྟི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །སརྦ་མངྒ་ལཾ། །