Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

2 occurrences of རྟོག་པའི་ཡུལ་བ་
[Clear Hits]


  
  
 expand section
  
  
 
མན་ངག་གི་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ་རྗེས་མཛད་པ།
 
  
  
  
  
  
  
 expand section
  
  


2 occurrences of རྟོག་པའི་ཡུལ་བ་
[Clear Hits]

 
previousམན་ངག་གི་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ་རྗེས་མཛད་པ།next

མན་ངག་གི་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ་རྗེས་མཛད་པ།


JLD006_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མན་ངག་གི་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ་རྗེས་མཛད་པ་བཞུགས་སོ། །


JLD006_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་དུས་ཐམས་ཅད་དུ་གུས་པས་ཕྱག་འཚལ་ལོ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ་བཅོམ་ལྡན་འདས་འཇམ་པའི་དབྱངས་དང་། དབང་པྱུག་བརྒྱད་དང་ལྡན་པའི་རྡོ་རྗེ་འཆང་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཞབས་ལ་གུས་པ་ཆེན་པོས་སྐྱབས་སུ་མཆིའོ། །མན་ངག་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པ་ལ་གསུམ། མཚན་གྱི་དོན། གཞུང་གི་དོན། འཇུག་གི་དོན་ནོ། །དང་པོ་ནི། ཨ་བྷི་ནི་མངོན་པར་རོ། སཾ་ནི་རྫོགས་པའོ། བོ་དྷི་ནི་བྱང་ཆུབ་པའོ། །ཀྲ་མ་ནི་རིམ་པའོ། །དེ་ལ་མངོན་པར་ནི་མངོན་དུ་


JLD006_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དང་། རྫོགས་པ་ནི་མ་ལུས་པའམ་ཡང་དག་པ་དང་། བྱང་ཆུབ་པ་ནི་རྟོགས་པའོ། །གཉིས་པ་ལ་གཉིས། རྩོམ་པ་ལ་འཇུག་པའི་ཡན་ལག །ཡན་ལག་ཅན་གྱི་གདམས་པའོ། །དང་པོ་ལ་གཉིས། ཕྱག་འཚལ་བ་དང༌། བརྩམ་པར་དམ་བཅའ་བའོ། །དང་པོ་ནི། ཐམས་ཅད་སྟོང་པ་འོད་གསལ་བའི་དེ་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་པོ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། ཞེས་གཞུང་འདིའི་སྐབས་དང་མཐུན་པར་མཆོད་པར་བརྗོད་དོ། །གཉིས་པ་ནི། ཏེ་ཞེས་ལྷག་མ་འདྲེན་པས་ཕྱག་བཙལ་ནས་མངོན་པར་བྱང་ཆུབ་པའི་རིམ་པ་འདི་བདག་གིས་བཤད་པར་བྱའོ། །ཞེས་བརྩམ་པར་དམ་བཅས་སོ། །བཞི་པ་ནི། རྡོར་བཟླས་དང༌། དགོངས་པ་བླ་ན་མེད་པ་དང༌། བདག་བྱིན་བརླབ་ཀྱི་རིམ་པ་


JLD006_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་བལྟོས་པའོ། །གཉིས་པ་ལ་བཞི། མན་ངག་གི་སྣོད་དུ་བྱ་བ་དང༌། མན་ངག་སྦྱིན་པ་དང་། མན་ངག་གི་ཡོན་དབུལ་བ་དང་། མན་ངག་སྒོམ་པར་གདམས་པའོ། །དང་པོ་ལ་གསུམ། བླ་མ་མཉེས་པར་བྱེད་པ་དང༌། བླ་མ་ལ་དབང་གི་ཡོན་དབུལ་བ་དང༌། བླ་མས་དབང་བསྐུར་བའོ། །དང་པོ་ནི། འདི་ནི་ཞེས་པ་བཞིས་གདུལ་བྱ་ལ་བཀའ་གྱིས་སྐྱོབ་པ་ལ་བལྟོས་ཏེ་རྡོ་རྗེ་འཆང་ལས་བླ་མ་ལྷག་པར་བསྟན་ནོ། །རྒྱུ་མཚན་དེས་ན་མཉེས་པར་བྱ་དགོས་པ་ནི་དེ་ནི་ཞེས་པ་བཞིན་བསྟན་ནོ། །གཉིས་པ་ནི། ཅི་འབྱོར་བ་ཞེས་པ་བཞིས་ལེགས་པར་བརླབས་པའི་ཕྱག་རྒྱ་དབུལ་བ་དང༌། ཚོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཚོགས་འཁོར་གྱི་ཆོ་ག་བཞིན་དུ་མཆོད་པར་བསྟན་ནོ། །གསུམ་པ་ནི། དེ་ནས་འདོད་ཡོན་ལྔ་སྤྱོད་པས། ཆེན་པོའི་རྣལ་འབྱོར་པ་མཉེས་ཤིང༌། །སྙོམས་པར་འཇུག་པའི་ཆོ་ག་ཡིས། །སྣང་བ་དག་ནི་བསྐྱེད་བར་བྱ། ཞེས་ཆག་གིས་བསྒྱུར་བ་ལྟར་བདེའོ། །ལཀྵྨཱིའི་འགྲེལ་པར། སྙོམས་པར་འཇུག་པའི་ཆོ་ག་ནི། །སྣང་བ་དག་ནི་སྐྱེད་དུས་བྱས། ཞེས་འབྱུང་ཞིང་སྣང་བ་སྐྱེད་པའི་དུས་མཚན་མོ་རྩོམ་པའི་དུས་སུ་སྙོམས་པར་འཇུག་པར་བྱའོ། ཞེས་བཤད་དོ། །གཞུང་གཞན་ལས་གསང་དབང་བསྐུར་བའི་ཚེ་སྔོན་དུ་བླ་མ་རིག་མ་དང་སྙོམས་པར་ཞུགས་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྟན་པར་བྱས་ནས་སློབ་མ་ལ་དབང་བསྐུར་བར་གསུངས་པ་དེ་དང་འདྲ་བར་བྱས་ན་ལེགས་སོ། །དེ་ནས། བྱང་ཆུབ་སེམས་ནི་རབ་འབད་


JLD006_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཀ་ལ་ཤ་སོགས་དག་ཏུ་བཞག །སློབ་མ་རང་ལ་བླ་མ་ཡིས། །བརྩེ་བས་ནམ་ཕྱེད་དུས་དབང་བསྐུར། ཞེས་གསུངས་ཏེ། རང་ཞེས་པས་གཞན་གྱིས་དབང་བསྐུར་བ་མིན་གྱི་བླ་མ་དེ་ཉིད་ཀྱིས་བསྐུར་བ་དང༌། སོགས་ཀྱིས་ཐོད་པ་སོགས་སུ་སྤྲོས་པ་དང༌། ནམ་ཕྱེད་ནི་དེའི་དུས་སུ་སྲོག་རྩོལ་ཅིག་ཅར་དུ་རྒྱུ་བས་འོད་གསལ་དང་མཐུན་པ་དང་། འདིས་གསང་དབང་བསྟན་ལ། དབང་བསྐུར་ཡང་དག་ཐོབ་ནས་ནི། ཞེས་པས་དབང་གསུམ་པ་ཐོབ་པར་ལཀྵྨཱིས་བཤད་དོ། །ཆག་གིས། སློབ་མ་བཟང་ལ་ཞེས་དང་བུམ་པའི་དང་པོར་ངེས་བཞག་ལ། ཞེས་བསྒྱུར་བའི་ཕྱི་མ་ནི་སོགས་ཀྱི་སྐད་དོད་དང་པོར་བསྒྱུར་བ་ཡིན་ཀྱང་མི་འཐད་དེ། སྤྱོད་བསྡུས་ལས། དེ་ནས་སློབ་དཔོན་མཉམ་གཞག་པས། །བྱང་ཆུབ་སེམས་ནི་དབབ་པར་བྱ། །བུམ་པའམ་ཡང་ན་དུང་ཆོས་སུ། །བྱང་ཆུབ་སེམས་ནི་གཞག་པར་བྱ། ཞེས་གསུངས་ཤིང་རང་ཉིད་ཀྱིས་ཀྱང་དེ་ལྟར་བསྒྱུར་བའི་ཕྱིར་རོ། །གསང་དབང་ལ་བྱང་སེམས་ཕྱུང་ནས་དུང་ཆོས་སུ་བཞག་སྟེ་དྲི་ཞིམ་པའི་ཆུ་དང་སྦྱར་ནས་སློབ་མ་ལ་སྟེར་བ་ནི། འཕགས་པ་ཡབ་སྲས་ཀྱིདགོངས་པ་ཡིན་ལ། སྒྲོན་གསལ་ལས་ཀྱང༌། དེ་ལྟར་བཤད་ནས་ཟླ་གསང་ཐིག་ལེའི་ཁུངས་དྲངས་སོ། །རྒྱུད་ཕྱི་མའི་འགྲེལ་པར་གསང་དབང་བསྐུར་ཚུལ་གཉིས་སུ་བྱས་པའི་དང་པོ་ནི་སྔ་མ་ལྟར་དང༌། ཕྱི་མ་ནི་རྡོ་རྗེ་ནས་བྱང་སེམས་ཕྱུང་བ་ཉིད་སློབ་མའི་ཁར་སྟེར་བ་མཆོག་གི་གསང་དབང་དུ་བཤད་དོ། །གསང་བ་གྲུབ་


JLD006_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང༌། །ཁྲག་དང་ཁུ་བ་རྣམ་བསྲེས་པ། །སློབ་དཔོན་མཆོག་གིས་མཆོད་པའི་ཕྱིར། །མི་ཡི་ཐོད་པར་བླུག་ནས་ནི། །བཤད་ཅིག་རྡོ་རྗེའི་ཆུར་ལྡན་པ། །དེ་ནས་སློབ་མ་བཀུག་བྱས་ལ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་ནས། །གཉུག་མའི་ཕྱག་རྒྱ་དང་བཅས་པས། །དམ་ཚིག་དེ་ནི་སྦྱོན་པར་བྱ། ཞེས་གསུངས་ལ། སྤྱོད་བསྡུས་ལས། བྱང་ཆུབ་སེམས་ནི་གཞག་པར་བྱ། ཞེས་པའི་མཇུག་ཏུ། དེ་ནས་སློབ་མ་དེ་བོས་ཏེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པ། །གཉུག་མའི་ཕྱག་རྒྱར་ལྡན་པ་ཡི། །དམ་ཚིག་དེ་ནི་བསྟན་པར་བྱ། ཞེས་གསུངས་པའི་རྐང་པ་བཞི་ནི་གསང་བ་གྲུབ་པ་བཀོད་པར་སྣང་ངོ་། །སྤྱོད་བསྡུས་འགྱུར་རྙིང་ལས། སངས་རྒྱས་ཀུན་གྱིས་བྱིན་བརླབས་ལ། །རྒྱལ་བའི་ཕྱག་རྒྱར་བཅས་པ་ཡི། །དམ་ཚིག་དག་ནི་བསྟན་པར་བྱ། ཞེས་འབྱུང་ཞིང༌། དཔེ་ཁ་ཅིག་ལས། རང་གི་ཕྱག་རྒྱར་བཅས་པ་ཡི། རྐང་པ་གཉིས་པ་དང་གསུམ་པ་འགྱུར་སྔ་མ་ལྟར་ལེགས་ལ། བཞི་པ་ནི་གསང་བ་གྲུབ་པ་ལྟར་ལེགས་སོ། །སློབ་མ་དེ་བོས་ཞེས་པ་དང༌། སློབ་མ་བཀུག་ཅེས་པ་གཉིས་ཀྱི་དོན་འདྲའོ། །བྱིན་གྱིས་བརླབས་པ་ནི་ཕྱག་རྒྱ་ལ་བྱ་སྟེ། ཕྱག་རྒྱའི་གནས་ལྔར་རིགས་ལྔ་པཀོད་ནས་བྱིན་གྱིས་བརླབ་པར་གསུངས་པའོ། །དམ་ཚིག་དེ་ནི་ཞེས་པ་ནི་གསང་བའི་རྫས་དཀར་དམར་གཉིས་པོདུད་རྩི་ལྷག་མ་གསུམ་དང་བསྲེས་པ་ཡིན་ལ། དེ་ཡབ་ཡུམ་གཉིས་ཀས་སློབ་མ་ལ་སྟེར་བ་ནི་བཅས་པས་ཞེས་བའི་དོན་ནོ། །དམ་


JLD006_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དག་ནི་སྦྱིན་པར་བྱ། ཞེས་པའི་མཇུག་ཏུ་སྤྱོད་བསྡུས་ལས། རྡོ་རྗེ་ཅན་ནི་གཉིས་པ་ཡིས། །དབང་བསྐུར་བ་ནི་སྦྱིན་པར་བྱ། །བཀྲ་ཤིས་སྒྲ་ནི་བསྒྲགས་པ་དང༌། །རོལ་མོའི་སྒྲ་སྐད་སྣ་ཚོགས་ཀྱིས། །ཁམས་གསུམ་པ་ཡི་དབང་བསྐུར་བས། །སློབ་མ་བདུད་ཅིང་ཐལ་སྦྱར་བ། །དེར་ནི་རབ་ཏུ་བསྐུར་བ་ཡིས། །རྗེས་སུ་གནང་བ་དེ་ནས་སྤྱིན། ཞེས་གསུངས་པའང་གསང་བ་གྲུབ་པ་བཀོད་པ་ཡིན་ལ། གསང་བ་གྲུབ་པར། དམ་ཚིག་དེ་ནི་སྦྱིན་པར་བྱ། ཞེས་པའི་མཇུག་ཏུ། དངོས་གྲུབ་ཀུན་གྱི་གནས་གྱུར་ཅིང༌། །སངས་རྒྱས་བྱིན་བརླབས་ལས་འགྱུར་པ། །རྡོ་རྗེ་སློབ་དཔོན་དེ་ཉིད་རིག །ཆོ་གས་དེ་ལྟར་གཏད་བྱས་ནས། །རང་གི་ཕྱག་རྒྱ་དམ་ཚིག་ནི། །བཟང་ལྡན་རྒྱུད་ལས་གསུངས་པ་ཉིད། །ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རྟག་ཏུ་བྱང་ཆུབ་སེམས་ལ་དགའ། །མཱ་མ་ཀཱི་ལྟར་ཡོངས་དག་པ། །རབ་དགའ་བག་ཆགས་རྣམས་སྤངས་མ། །འདི་ནི་ཡང་དག་མཆོད་བྱས་ནས། །སྔོན་བཞིན་སྤྱོད་པའི་སློབ་མ་ནི། །རྡོ་རྗེ་འཛིན་པ་གཉིས་པ་ལ། །བཀྲ་ཤིས་བརྗོད་པའི་ཚིག་གིས་ནི། །དབྱངས་ནི་རྣམ་པ་སྣ་ཚོགས་དང༌། །རྔ་ཡབ་རྒྱལ་མཚན་གདུགས་ལ་སོགས། །འཕྲེང་བ་ཙནྡན་ལ་སོགས་མཆོད། །ཕྱག་རྒྱའི་དབང་བསྐུར་རིན་ཆེན་གྱི། །དམ་ཚིག་ལ་གནས་བསྟན་པར་བྱ། །ཁམས་གསུམ་པ་ཡི་དབང་བསྐུར་ནས། །སློབ་མས་ཐལ་མོ་སྦྱར་བྱས་པ། །དེ་ལ་རྗེས་


JLD006_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གནང་སྦྱིན་བྱས་ཏེ། །རྒྱུད་ལས་ཇི་སྐད་གསུངས་པ་བཞིན། །ཕྱོགས་ཀྱི་འཁོར་ལོར་གང་འདོད་པ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། ཞེས་གསུངས་སོ། །རྡོ་རྗེ་ཅན་ནི་གཉིས་པ་ཡིས། ཞེས་པ་ནི། དཔེ་མ་དག་པ་ལས་བསྒྱུར་བར་གསལ་ཏེ། སློབ་མ་རྡོ་རྗེ་ཅན་གཉིས་པ་ལ་ཕྱག་རྒྱ་གཏད་ནས་དབང་བསྐུར་བའི་དོན་དུ་སྣང་བའི་ཕྱིར་རོ། །དབང་བསྐུར་བ་ནི་སྦྱིན་པར་བྱ། ཞེས་པའང་། ཕྱག་རྒྱའི་དབང་བསྐུར་རིན་ཆེན་གྱི། །དམ་ཚིག་ལ་གནས་བསྟན་པར་བྱ། ཞེས་པའི་དོན་དུ་སྣང་ཞིང༌། བཀྲ་ཤིས་སྒྲ་ནི་ཞེས་སོགས་ཀྱི་གོ་རིམ་ཀྱང་གསང་བ་གྲུབ་པ་ལྟར་བྱའོ། །ཁམས་གསུམ་པ་ཡི་དབང་བསྐུར་ནས། ཞེས་པ་གསུམ་ཡང་གསང་བ་གྲུབ་པ་ལྟར་བྱ་ལ། །དེར་ནི་རབ་ཏུ་བསྐུར་བ་ཡིས། ཞེས་པ་ལ་སྤྱོད་བསྡུས་ཀྱི་དཔེ་ཁ་ཅིག་ལས། རྒྱུད་ལས་རབ་ཏུ་གསུངས་པ་ཡིས། ཞེས་འབྱུང་བ་ནི། གསང་བ་གྲུབ་པར། རྒྱུད་ལས་ཇི་སྐད་གསུངས་པ་བཞིན། ཞེས་པའི་དོན་ནོ། དེས་ན་ཁམས་གསུམ་པའི་མངའ་བདག་ཏུ་དབང་བསྐུར་བ་ནི་སྐབས་འདིར་དབང་གསུམ་པ་ཡིན་ལ། དེ་ལ་རྗེས་གནང་སྦྱིན་པ་ནི་ཆོས་བཤད་པའི་རྗེས་གནང་ལ་གསུངས་འདུག་པས། སཾ་བུ་ཊ་ནས་དབང་བཞི་པའི་མཐར་རྗེས་གནང་སྟེར་བར་གསུངས་པ་དེ་དང་འདྲ་བས་གསུམ་པའི་རྗེས་ལ་བཞི་པ་བསྐུར་བའང་མཚོན་ནོ། །རྗེས་སུ་གནང་བ་དེ་ནས་སྦྱིན་ཞེས་པའི་མཇུག་ཏུ་སྤྱོད་བསྡུས་ལས། ཕྲེང་བ་ཆུ་དང་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་མེ་ལོང་དང༌། །


JLD006_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་སློབ་དཔོན་རྗེས་གནང་སྟེ། །དབང་བསྐུར་རིམ་པ་འདི་ཡིན་ནོ། ཞེས་གསུངས་པ་ནི། ཕྲེང་བ་ནས་སློབ་དཔོན་གྱི་དབང་གི་བར་སྔོན་དུ་འགྲོ་བའི་གསང་དབང་བསྐུར་བའི་འོག་ཏུ་དབང་གསུམ་པ་དང་བཞི་པ་བསྐུར་ནས་མཐར་རྗེས་གནང་སྟེར་བའི་དོན་ནོ། །འཕགས་པས་བྱང་ཆུབ་ཀྱི་སེམས་ཕྱུང་ནས་དུང་ཆོས་སོགས་སུ་བཞག་པ་ཙམ་མ་གཏོགས་པ། དེས་གསང་དབང་བསྐུར་ཚུལ་དང༌། དབང་གསུམ་པ་མ་བཤད་པ་དེ་སྤྱོད་བསྡུས་ཀྱིས་གསང་བ་གྲུབ་པ་ནས་འབྱུང་བ་བཞིན་དུ་ཁ་བཀང་བར་འདུག་པ་འདི་མ་རྟོགས་པས། ཁ་ཅིག་རིམ་ལྔ་དང་སྤྱོད་བསྡུས་ལས་འོད་གསལ་གྱི་གདམས་ངག་སྟོན་པ་ལའང་གསང་དབང་མ་གཏོགས་པ་དབང་གསུམ་པ་བསྐུར་བ་མེད་ཅེས་ཟེར་རོ། །དབང་བཀུར་རིམ་པ་འདི་ཡིན་ནོ། ཞེས་པའི་འཇུག་ཏུ་སྤྱོད་བསྡུས་ལས། མངོན་རྫོགས་བྱང་ཆུབ་མཚན་ཉིད་ནི། །བླ་མ་བརྒྱུད་རིམ་ལས་འོངས་པ། །གང་ཚེ་མན་ངག་གཞི་ཐོབ་པ། །དེ་ནས་དེ་ལ་སྦྱིན་པར་བྱ། ཞེས་གསུངས་ཏེ། སྔར་ལྟར་འོད་གསལ་གྱི་མན་ངག་སྟོན་པའི་གཞི་དབང་གསུམ་པ་ཐོབ་པ་དེ་ལ་དེའི་མན་ངག་སྦྱིན་པར་བྱ་ཞེས་པའི་དོན་ནོ། །འོ་ན་སྤྱོད་བསྡུས་ལས་དེ་ལྟར་གསུངས་པའི་རྗེས་སུ་ཕྱི་ནང་གི་བྱང་ཆུབ་པ་གཉིས་ཀྱི་སྒོ་ནས་མངོན་དུ་བྱ་རྒྱའི་ཐམས་ཅད་སྟོང་པ་དང་དེ་མངོན་དུ་བྱེད་པའི་རིམ་པའམ་ཐབས་བསམ་གཏན་གཉིས་བསྟན་ཞིང་། དེའི་མིང་གི་རྣམ་གྲངས་བཤད་པའི་མཐར་སློབ་མས་ངོ་མཚར་


JLD006_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད་བརྗོད་བྱས་པའི་འོག་ཏུ། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་སློབ་དཔོན་གཉིས་པ་ལྟ་བུར་བལྟས་ནས། དངོས་པོ་ཐམས་ཅད་དང་བྲལ་བ། ནས། སྟོང་པ་ཉིད་ཀྱི་རང་བཞིན་ནོ། ཞེས་བྱ་བའི་ཚིགས་སུ་བཅད་པ་བརྗོད་ཅིང༌། གཉིས་སུ་མེད་པར་དམིགས་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་པར་བྱའོ། ཞེས་འོད་གསལ་གྱི་གདམས་ངག་བསྟན་པའི་རྗེས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་གསུངས་པ་འདི་ཇི་ལྟར་ཡིན་ཞེ་ན། སྤྱོད་བསྡུས་འགྱུར་རྙིང་ལས། ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་ཞེས་གསུངས་པ་ལ། བོད་ཁ་ཅིག་རིག་མ་ལག་ཏུ་གཏད་པ་ཤེས་རབ་ཀྱི་དབང་དང༌། དེ་དང་སྙོམས་པར་ཞུགས་པ་ཡེ་ཤེས་ཀྱི་དབང་དུ་འདོད་པ་དང༌། རྒྱ་གར་བ་ཁ་ཅིག་དབང་གསུམ་པ་ཤེས་རབ་དང་བཞི་པ་ཡེ་ཤེས་ཀྱི་དབང་དུ་འདོད་པ་ལ་རྩོད་པ་སྔ་མ་འཇུག་པས་ལན་བརྗོད་དགོས་སོ། །བོད་ཀྱི་བླ་མ་ཁ་ཅིག་སྔར་འོད་གསལ་བསྟན་པ་ནི་ཚིག་གིས་བསྟན་པ་ཡིན་ལ། འདིར་ནི་ཕྱག་རྒྱལ་བརྟེན་ནས་ཉམས་མྱོང་སྐྱེད་པ་ཡིན་ཞེས་ཟེར་མོད་ཀྱང༌། དབང་གསུམ་པ་ཕྱག་རྒྱ་ལ་བརྟེན་ནས་འོད་གསལ་སྟོན་པའི་སྔོན་དུ་བསྐུར་བ་སྔར་ལྟར་གསུངས་པས་མི་འཐད་དོ། །འོ་ན་གང་ཡིན་སྙམ་ན། རིམ་པ་འདི་ཉིད་དུ་འཆད་པར་འགྱུར་པ་ལས་ཀྱང༌། བྱང་ཆུབ་སེམས་ནི་ཞེས་སོགས་དང༌། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་སོགས་ཀྱིས་བྱང་ཆུབ་ཀྱི་སེམས་དོན་དམ་པ་བླ་མ་ལས་ལེན་པར་གསུངས་ལ། དེ་ཉིད་ཚིག་ཕྱི་མ་རྣམས་ཀྱིས་


JLD006_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་སྤྱོད་བསྡུས་ལས་གསུངས་པས། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་དཔེ་དོན་གཉིས་སུ་ཡོད་པའི་དོན་གྱི་ལྷན་སྐྱེས་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དབང་སློབ་མས་ལེན་པ་ལ་སློབ་དཔོན་གྱིས་བསྐུར་བའོ། །བཤད་རྒྱུད་རྡོར་ཕྲེང་ལས་ཀྱང༌། བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། ཞེས་བཅུ་གསུམ་པ་དབང་གསུམ་པ་ནི་ཕྱག་རྒྱ་དང་སྦྱོར་བ་ལས་བྱུང་བའི་ཡེ་ཤེས་དང༌། བཅུ་བཞི་པ་དབང་བཞི་པ་ནི་དོན་དམ་གྱི་ལྷན་སྐྱེས་ལ་བཤད་དོ། །དེ་ལྟར་ན་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་སོགས་སློབ་དཔོན་གྱིས་བརྗོད་པ་ནི་དེའི་དོན་བཤད་ནས་དོན་གྱི་ལྷན་སྐྱེས་ཀྱི་གོ་བ་སྐྱེད་པའོ། །གཉིས་སུ་མེད་པར་དམིགས་ཏེ་ཞེས་པ་ན་བདེ་སྟོང་དབྱེར་མེད་ཙམ་མིན་གྱི་གཉིས་སུ་མེད་པའི་ཡེ་ཤེས་ཟུང་འཇུག་ལ་ངོ་སྤྲོ་བའོ། །སླར་ཡང་ཞེས་པ་ནི་སྔར་དཔེའི་ཤེས་རབ་ཡེ་ཤེས་བསྐུར་བའི་དུས་སུའང་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་བསྐྱེད་པ་ཡིན་ལ། དེ་ལའང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཞེས་པའི་ཐ་སྙད་བྱེད་དེ། སེམས་དབེན་གྱི་ཡེ་ཤེས་གསུམ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་པ་བཞིན་ནོ། །དེས་ན་དེ་ལ་བལྟོས་ནས་གསུངས་སོ། །སྤྱོད་བསྡུས་ལས། དབང་གསུམ་པ་བསྐུར་བ་ལ་འོད་གསལ་གྱི་སྐོར་བཤད་པའི་འོག་ཏུ་བཞི་པ་བསྐུར་བ་ལྟར་བཤད་ཅིང༌། རིམ་པ་འདིར་ཡང་འོད་གསལ་གྱི་གདམས་པ་བཞི་དང༌། དེ་ལས་སྒྱུ་མའི་སྐུར་བཞེངས་


JLD006_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་བཤད་ཟིན་པའི་འོག་ཏུ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བར་བཤད་པ་ནི། བཤད་པའི་རིམ་པ་ཙམ་ཡིན་གྱི་ལག་ལེན་གྱི་རིམ་པ་ནི་དབང་གསུམ་པ་བསྐུར་བའི་འཇུག་ཐོགས་ཉིད་དུ་དབང་བཞི་པ་བསྐུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་དབང་བཞི་པ་མ་བསྐུར་བའི་སྔ་རོལ་ཏུ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཟུང་འཇུག་གི་སྐུར་བཞེངས་པའི་ཚུལ་བཤད་པའི་སྐྱོན་ཡོད་དོ། །གཉིས་པ་ལ་གཉིས། སློབ་མས་མཆོད་བསྟོད་གསོལ་བ་གདབ་པ་དང༌། སློབ་དཔོན་གྱིས་མན་ངག་ཇི་ལྟ་བ་བཞིན་བཤད་པའོ། །དང་པོ་ལ་གཉིས། མཆོད་ཅིང་བསྟོད་པ་དང༌། གསོལ་བ་གདབ་པའོ། །དངཔོ་ནི། དབང་བསྐུར་ཡང་དག་ཐོབ་ནས་ནི། ཞེས་པ་ནས་མཉེས་པར་བྱ་ཞེས་པའི་བར་གྱིས་མཚམས་སྦྱར་བས། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་། ཞེས་པ་ནས། ནམ་མཁའ་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིག་བཅད་བཞིས་བསྟོད་པ་བསྟན་ཏོ། །ལས་དང་ཞེས་པ་བཞིས་སྐུ་རྡོ་རྗེ་དང༌། ཕུང་པོ་ཞེས་པ་བཞིས་གསུང་རྡོ་རྗེ་དང༌། ཇི་ལྟར་ཞེས་པ་བཞིས་ཐུགས་རྡོ་རྗེའི་སྒོ་ནས་བསྟོད་པར་ལཀྵྨཱིས་བཤད་དེ་དེའི་འགྲེལ་པར། རྣམ་བརྟགས་མེད་ཅིང་ཞེས་པ་བཞི་མེད་དོ། གཉིས་པ་ནི། ཐམས་ཅད་སྟོང་པའི་རང་བཞིན་ཅན། །མངོན་རྫོགས་བྱང་ཆུབ་ལྟ་འདོད་པའི། །སློབ་མས་ཐལ་སྦྱར་བསྟོད་ནས་ནི། །སླར་ཡང་བླ་མ་བསྐུར་བར་བྱ། ཞེས་མཚམས་


JLD006_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །དེ་ནས་ལས་དང་སྐྱེ་ལས་ཞེས་པ་ཚིགས་བཅད་གསུམ་གྱིས་བསྟོད་དེ། མགོན་པོ་ཆེན་པོ་དང་སློབ་དཔོན་ཆེན་པོ་དང་རྡོ་རྗེ་ཆེན་པོ་གསུམ་གྱིས་ནི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པར་བྱའོ། ཞེས་འཆད་དོ། །གཉིས་པ་ལ་བཞི། །འོད་གསལ་གྱི་གདམས་ངག་བཞི་པསྟན་པ། འོད་གསལ་དུ་ཞུགས་ཀྱང་སེམས་ཅན་གྱི་དོན་འགྲུབ་པའི་ཚུལ། བྱ་བ་ཐམས་ཅད་འོད་གསལ་གྱི་གཞི་ལ་གནས་ནས་བྱ་བ་དང༌། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དབང་བླང་བའོ། །དང་པོ་ལ་གསུམ། མངོན་དུ་བྱ་རྒྱུའི་འོད་གསལ་གཉིས་དང༌། འོད་གསལ་གྱི་དེ་ཉིད་ཐོབ་པའི་ཕན་ཡོན་དང༌། འོད་གསལ་མངོན་དུ་བྱེད་པའི་བསམ་གཏན་གཉིས་པོསྟན་པའོ། །ཕྱིའི་མངོན་པར་བྱང་ཆུབ་པ་དང༌། ནང་གི་མངོན་པར་བྱང་ཆུབ་པའོ། །དང་པོ་ནི། དེ་ལྟར་ཞེས་པ་བཞིས་མཚམས་སྦྱར་ནས། མཚན་མོ་ཞེས་སོགས་གསུངས་སོ། །འདིའི་ཕྱིའི་མངོན་པར་བྱང་ཆུབ་པ་ནི་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་བྱང་ཆུབ་པ་སྟེ། སྤྱི་གཙུག་ནས་བྱང་སེམས་འཛགས་པའི་དུས་སུ་བདེ་བ་མྱོང་བ་ནི་མཚན་མོ་སྣང་བའི་ཆའོ། །བྱང་ཆུབ་ཀྱི་སེམས་ཀྱིས་ཡན་ལག་ཐམས་ཅད་ཀྱི་ཚིགས་ཁྱབ་པའི་དུས་སུ་དགའ་བ་ཉམས་སུ་མྱོང་བ་ནི་སྣང་བ་མཆེད་པ་སྟེ་གསལ་བ་ཉི་མའི་འོད་ཟེར་གྱི་སྣང་བ་དང་འདྲ་བའི་ཉིན་མོའི་རང་བཞིན་དུ་ཤེས་པར་བྱའོ། །དེའི་རྗེས་ལ་རྡོ་རྗེའི་རྩ་བའམ་དབུས་སུ་ཕྱིན་པ་ན་སྣང་བ་ཉེར་ཐོབ་ཀྱི་དགའ་བ་བྱུང་བ་ནི་ཉིན་མཚན་ལས་འདས་པའི་མུན་


JLD006_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པས་བརྒྱལ་བ་ལྟ་བུའོ། །སྐད་ཅིག་མ་གསུམ་པོ་དེའང་རང་རང་གི་བག་ལ་ཉལ་གྱི་རང་བཞིན་རྣམས་ཀྱིས་འགྲོ་བ་སྟེ་དེ་དང་ལྷན་ཅིག་གནས་པའོ། །རྡོ་རྗེ་ནོར་བུའི་ནང་ན་གནས་པའི་ཚེ་ནི་མཚན་མོ་ལ་སོགས་པའི་སྒྲས་བསྟན་པའི་ཡེ་ཤེས་གསུམ་དང་བྲལ་བ། བྱང་ཆུབ་ཀྱི་རང་བཞིན་གྱི་སྐད་ཅིག་ནི་རྣལ་འབྱོར་བའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བའི་ཡུལ་བླ་མའི་ཞལ་ནས་ཐོབ་ཅིང་བསྒོམ་པར་བྱ་བའི་འོད་གསལ་ལོ། །དེ་ཉིད་རྒྱས་པར་འཆད་པ་ནི་མཚན་མོ་ཞེས་པ་གསུམ་སྟེ་རང་བཞིན་དང་སྣང་བའི་ཉོན་མོངས་མེད་པའི་སྐད་ཅིག་མ་དེར་ནི་སློབ་དཔོན་གྱིས་སློབ་མ་ལ་ཡང་དག་པའི་མཐའ་དེ་བཞིན་ཉིད་བཤད་པར་བྱའོ། །སྐད་ཅིག་མ་དེ་ནི་མཚན་མོ་དང་ཉིན་མོ་དང་མཚམས་ཀྱི་ངོ་བོ་སྣང་བ་གསུམ་དང་བྲལ་བའི་འོད་གསལ་སྔ་དྲོའི་མཚམས་སོ། །རིམ་པ་འདིས་ཕྱིའི་མངོན་པར་བྱང་ཆུབ་པའི་རིམ་པ་ཤེས་པར་བྱའོ། ཞེས་ལཀྵྨཱིས་འཆད་དོ། །གཉིས་པ་ནི། ནང་གི་བདེ་བ་རྟོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་གིས་ཐོབ་པར་འགྱུར། ཞེས་གསུངས་ཏེ་ནང་གི་སངས་རྒྱས་བྱང་ཆུབ་ནི་འོད་གསལ་བའི་སྐད་ཅིག་དག་གིས་ཐོབ་པར་འགྱུར། དེའང་ཉོན་མོངས་པའི་རྙོག་པ་དང་བྲལ་བའི་བདེ་བ་ཆེན་པོའོ། །ནང་གི་བྱང་ཆུབ་ཅེས་པའོ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའི་རིམ་པའང་མཚན་མ་ལྔའི་གོ་རིམ་གྱིས་ཕྱག་རྒྱ་ཆེན་པོའི་རིམ་པའོ་ཞེས་ལཀྵྨཱིས་བཤད་དོ། །རྗེ་འགོས་ཀྱི་བཞེད་པས་ཉིན་མོ་ལ་སོགས་པ་ཕྱིའི་དཔེའི་སྒོ་ནས་འོད་གསལ་ངེས་པར་


JLD006_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ནི་ཕྱིའི་མངོན་བྱང་དང༌། ནང་གི་རྟགས་ཀྱི་སྒོ་ནས་ངེས་པར་བྱེད་པ་ནི་ནང་གི་མངོན་བྱང་དུ་བཞེད་དོ། །འདིར་སྤྱོད་བསྡུས་ལས། དེ་ལ་དང་པོ་ཕྱིའི་བསྟན་པར་བྱ་སྟེ། ཐོ་རངས་ཀྱི་ཐུན་མཚམས་ནི་མ་རིག་པ་མུན་པའི་སྣང་བ་ནས། ཇི་སྲིད་ཉི་མ་གསལ་བར་མ་གྱུར་པ་སྟེ་དེ་ལ་འོད་གསལ་བ་དྲི་མ་མེད་པའི་རྣམ་པ་གསལ་ཞིང༌། ལུས་དང་ངག་དང་ཡིད་དང་བྲལ་བ་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་ནོ། །ཉི་མ་ཤར་བ་ལ་སྣང་བ་མཆེད་པའོ། །ཉི་མ་ནུབ་པའི་ཐུན་མཚམས་སུ་མ་རིགས་པའོ། །ཟླ་བ་ཤར་བ་ལ་སྣང་བའོ། །དེ་ལྟར་སྟོང་པ་ཉིད་རྣམ་པ་བཞིའི་ཕྱི་རོལ་ངེས་པར་བསྟན་པ་བཤད་ནས། ད་ནི་ནང་གི་མངོན་པར་བྱང་ཆུབ་པ་སོ་སོ་རང་གིས་རིག་པར་བྱ་བའི་མཚན་ཉིད་རིམ་པ་འདིས་བསྟན་པར་བྱ་སྟེ། དེ་ལ་རིམ་པ་འདིའོ། །དང་པོ་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ངོ་། །གཉིས་པ་ནི། སྣང་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུའོ། །གསུམ་པ་ནི། སྣང་བ་མཆེད་པ་སྟེ་ཉི་མའི་འོད་ཟེར་ལྟ་བུའོ། །བཞི་པ་ནི། སྣང་བ་ཐོབ་པ་སྟེ་མུན་པ་ལྟ་བུའོ། །དེ་ནས་མུན་པ་དང་བྲལ་བའི་སྐད་ཅིག་ལ་འོད་གསལ་བ་སྟེ། ཤིན་ཏུ་གསལ་བ་རྟག་ཏུ་སྣང་བའི་མཚན་ཉིད་ཅན་དོན་དམ་པའི་བདེན་པའི་རང་གི་མཚན་ཉིད་ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་། །ཞེས་ཕྱི་ནང་གི་མངོན་བྱང་གི་ཁྱད་པར་གསུངས་ཏེ། མངོན་པར་བྱང་ཆུབ་པའི་རིམ་པར་ནང་གི་མངོན་བྱང་མི་གསལ་བ་གསལ་བར་མཛད་པའོ། །ལུང་དེ་དག་གིས་ཐོ་


JLD006_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རངས་ལ་སོགས་པ་བཞི་ལ་ཡེ་ཤེས་དེ་དག་སྐྱེ་བར་སྟོན་པ་མིན་ཏེ། ལུགས་བཟློག་དང་ལུགས་མཐུན་གཉིས་གང་གིའང་སྐྱེ་རིམ་དང་མི་མཐུན་པས་སོ། །ཕྱིའི་ཞག་གཅིག་ལ་དུམ་བུ་བཞིར་བྱས་ནས་དེ་བཞི་སྟོང་པ་བཞིར་སྟོན་པའང་མིན་ཏེ། ཐོ་རངས་ཀྱི་དུས་མཚམས་ལུས་ངག་ཡིད་གསུམ་དང་བྲལ་བར་བཤད་པ་མི་འགྲིག་པའི་ཕྱིར་དང༌། དེ་ནི་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་བ་ཉིད་ཡུལ་ཞེས་བཤད་པའི་མཚན་ཉིད་ཐོ་རངས་ཀྱི་ཐུན་ལ་མ་ཚང་བའི་ཕྱིར་རོ། །འོ་ན་ཐོ་རངས་ལ་སོགས་པ་བཞི་པོ་དེ་སྟོང་པ་བཞིའི་དཔེན་བཤད་པ་ཡང་གཞུང་གཉིས་ལས་མི་འཇུག་པས་སྟོང་པ་བཞི་དུས་མཚམས་བཞིར་བཤད་པ་ཇི་ལྟར་ཡིན་སྙམ་ན། འདི་ནི་སྟོང་པ་བཞི་ཕྱི་རོལ་གྱི་དཔེའི་སྒོ་ནས་ངེས་པར་བྱེད་པ་དང༌། ནང་གི་རྣལ་འབྱོར་བའི་ཏིང་ངེ་འཛིན་ལ་འཆར་ཚུལ་གྱི་རྟགས་ཀྱི་སྒོ་ནས་ངེས་པར་བྱེད་པ་ལ། ཕྱི་དང་ནང་གི་མངོན་པར་བྱང་ཆུབ་པ་ཞེས་གསུངས་པས་ངེས་བྱའི་དོན་འོད་གསལ་ལ་ཕྱི་ནང་གཉིས་ཡོད་པའང་མིན་ལ། དབང་དུས་ཀྱི་སྟོང་པ་བཞི་ངོས་པའང་མིན་ཏེ། དབང་གསུམ་པ་ལ་བརྟེན་ནས་དགའ་བ་བཞི་པསྐྱེད་ཟིན་པའི་འོག་ཏུ་འོད་གསལ་སྟོན་པའི་ཕྱིར་གསོལ་བ་བཏབ་ལ་དེའི་མན་ངག་སྟོན་པ་ཡིན་པའི་ཕྱིར་དང༌། དབང་གསུམ་པ་བསྐུར་བ་ནི་འདིའི་གདམས་ངག་འཆད་པའི་སྔོན་འགྲོ་ཡིན་པའི་ཕྱིར་རོ། །དེས་ན་ཕྱིའི་མངོན་བྱང་གི་སྟོང་པ་བཞི་དབང་གསུམ་པ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ལ་འཆད་པ་མི་འཐད་དོ། །ཕྱིའི་དུས་བཞི་དང་སྟོང་པ་བཞི་དཔེ་


JLD006_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་སྦྱོར་བ་གཞུང་གཉིས་ལས་སྐབས་འདིར་མ་བཤད་ཀྱང༌། སྤྱོད་བསྡུས་ལས་དུས་ཚིགས་གཞན་གསུམ་གྱི་དུས་ཀྱི་ཉི་འོད་དང་ཟླ་འོད་དང་སྨག་གི་མུན་པས་ཁྱབ་པའི་ནམ་མཁའ་དང་སྟོང་པ་གསུམ་དཔེ་དོན་དུ་སྦྱོར་བ་སེམས་དབེན་གྱི་སྐབས་སུ་བཤད་ལ། དེས་ཐོ་རངས་ཀྱི་དུས་དང་སྟོང་པ་བཞི་པ་དཔེ་བཞི་པ་དཔེ་དོན་དུ་སྦྱོར་བ་ཤེས་པར་ནུས་སོ། །དེས་ན་མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་འགྲོ ། ཞེས་པས་དུས་ཚིགས་གསུམ་དང་སྣང་བ་གསུམ་སྦྱར་ལ། མཚན་མིན་ཉིན་པར་མ་ཡིན་མཚམས་མ་ཡིན། ཞེས་སོགས་ཀྱིས་ནི་སྟོང་པ་བཞི་པ་དང་ཐོ་རངས་སྦྱར་བ་ཡིན་ཏེ། མཚན་མོའི་མུན་པ་མ་ལུས་འདས་ཤིང་མཚམས་ཀྱི་སྣང་བ་གང་དུ་འདས་པ་དང༌། ཇི་སྲིད་ཉི་མ་མ་ཤར་སྐད་ཅིག །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་མཚམས་ཀྱི་སྣང་བ་ནི་ཉི་འོད་ནུབ་པའི་མཐའ་ནས་མཚོན་མོའི་ཐུན་གཉིས་པ་ལ་མ་སློབ་པའི་བར་མཚམས་ཀྱི་མུན་པ་སྟེ། སྣང་མུན་གཉིས་ཀྱི་སྣང་བ་མིན་གྱི་མིག་གི་དབང་པོ་ལ་སྣང་བཙམ་མོ། །མཚན་མོའི་མུན་ནག་གི་ཐུན་གཉིས་པ་ནས་ཐོ་རངས་ཀྱི་ཐུན་ལ་མ་སླེབ་ཚུན་ཆད་ཀྱི་མུན་པའོ། །དེ་གཉིས་ག་དུ་ཟད་ནས་ཉི་འོད་ཀྱི་སྣང་བས་མ་སླེབ་པའི་བར་ནི་ཐོ་རངས་ཀྱི་ཐུན་ཡིན་ལ། དེ་ན་སྤྱོད་བསྡུད་ལས་ཐོ་རངས་ཀྱི་དུས་ངོས་བཟུང་བ་དང་དོན་གཅིག་གོ །དེ་


JLD006_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ན་ཉི་འོད་ཐོག་མར་སླེབ་ནས་མ་ནུབ་ཀྱི་བར་དང་དེ་ནུབ་ནས་སྨག་འཐུག་པོ་མ་སངས་ཀྱི་བར་དང༌། དེ་སངས་ཏེ་ཟླ་འོད་ཤར་ནས་དེ་མ་ནུབ་ཀྱི་བར་དུ་ནམ་མཁའ་དྲི་མ་མེད་པ་དེ་ཉི་འོད་དང་ཟླ་འོད་སྨག་གི་མུན་པས་ནོན་པའི་དབང་གིས་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་མི་འཆར་བ་དང་འདྲ་བ་སྟོང་པ་གསུམ་གྱི་དུས་སུ་སེམས་ཀྱི་སྟོང་ཉིད་ཀྱི་ངང་ཚུལ་ཇི་ལྟ་བ་བཞིན་མི་འཆར་ལ། སྔར་བཤད་པ་ལྟར་གྱི་ཐོ་རངས་ཀྱི་དུས་མཚམས་ལ་སྣང་བ་གསུམ་པོ་ཟད་པས་ནམ་མཁའ་གཡའ་ངག་གི་རང་མདོག་ཇི་ལྟ་བ་བཞིན་དུ་འཆར་བ་བཞིན་དུ། སྣང་བ་གསུམ་དག་པའི་མཐར་ཐམས་ཅད་སྟོང་པའི་སྐད་ཅིག་དྲི་མ་མེད་པ་ལའང་སེམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་འཆར་བར་འགྱུར་རོ། །ཕྱིའི་དཔེས་མཚོན་པ་དེ་བཞིན་དུ་ནང་དུའང་འཆར་བའི་ཚུལ་ངེས་པར་བྱེད་པ་ནི་ནང་གིའོ། །དེ་འབྱུང་བའི་རིམ་པ་ནི་དང་པོར་སྨིག་རྒྱུ་ལྟ་བུ་ལ་འོད་ཟེར་ལྔའི་ཚོགས་དང་ལྡན་པར་མཐོང་ཞེས་གསུངས་ནས། དུ་བ་དང་མཁའ་སྣང་དང༌། མར་མེ་དང་སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བའི་རྟགས་བཞི་ལས་མ་བཤད་ཀྱང༌། རྒྱུད་ཕྱི་མ་ལས་འོད་གསལ་དུ་འཇུག་པའི་རྟགས་ལྔ་གསུངས་པས་རྟགས་གཞན་ཡང་དགོས་སོ། །དེའང་སྒྲོན་གསལ་ལས། ས་ཆུ་ལ་ཐིམ་པ་དང༌། ཆུ་མེ་ལ་ཐིམ་པ་དང༌། མེ་རླུང་ལ་ཐིམ་པ་དང༌། རླུང་ཀུན་ཏུ་སྣང་བ་གསུམ་དུ་སོང་བ་དང༌། རང་བཞིན་རྣམས་ཀུན་ཏུ་སྣང་བ་ལ་ཐིམ་པས་རྟགས་ལྔ་འབྱུང་བར་བཤད་དོ། །དེ་ལ་རླུང་སྣང་བ་


JLD006_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དུ་སོང་བ་ནི་རང་བཞིན་གཡོ་བྱེད་ཀྱི་རླུང་ལོག་ནས་སྣང་བའི་རླུང་ཙམ་དུ་སོང་བའོ། །དེ་ནས་རང་བཞིན་སྣང་བ་ལ་ཐིམ་པ་ནི། རང་བཞིན་བརྒྱད་ཅུའི་རྟོག་པ་ལོག་ནས་སྣང་བའི་ཡེ་ཤེས་ཙམ་དུ་སོང་བའོ། །སྤྲིན་མེད་པའི་ནམ་མཁའ་ནི་ནམ་མཁའ་གཡའ་དག་པ་བཞིན་དུ་སྣང་བའི་དཔེ་ཡིན་ལ། སྣང་བ་གསུམ་གའི་དུས་སུའང་ནམ་མཁའ་གཡའ་དག་པཞིན་དུ་སྣང་བར་འདྲའང་ཟླ་འོད་ལ་སོགས་པ་གསུམ་གྱིས་ཁྱབ་པའི་ནམ་མཁའ་གཡའ་དག་པཞིན་དུ་སྣང་བས་ན། རྟགས་དེ་འོད་གསལ་ལ་སྦྱོར་མི་དགོས་སོ། །དེའི་ཕྱིར་རྟགས་ལྔ་ག་འོད་གསལ་སྔོན་དུ་འགྱུར་པའི་རྟགས་སུ་བྱའོ། །དེ་ལྟར་ན་ཟླ་བའི་འོད་ཟེར་ལྟར་བའི་ཡེ་ཤེས་སྐྱེས་པའི་སྔོན་དུ་རྟགས་བཞི་འཆར་བ་ཡིན་ལ། དེ་བཞི་སྤྱོད་བསྡུས་སུ་སྨིག་རྒྱུ་ལྟ་བུ་ལ་ཞེས་པས་གཅིག་ཏུ་བསྡུས་ནས་གསུངས་སོ། །འདི་ལྟར་སྨིག་རྒྱུ་ཞེས་པས་ནི་ས་ཆུ་ལ་ཐིམ་པའི་རྟགས་དཀར་སྔོའི་འོད་ཟེར་དང་ལྡན་པར་མཐོང་ངོ་། །ཆུ་མེ་ལ་ཐིམ་པ་ན་སྔོ་སྐྱ་དུ་བ་ལྟ་བུའི་འོད་ཟེར་དང་ལྡན་པར་མཐོང་ངོ་། །མེ་རླུང་ལ་ཐིམ་པ་ན་སྲིན་བུ་མེ་ཁྱེར་ལྟ་བུར་དམར་པོའི་འོད་ཟེར་དང་ལྡན་པར་མཐོང་ངོ་། །རླུང་ཐིམ་པ་ན་མར་མེ་ལྟར་དམར་སེར་གྱི་འོད་ཟེར་དང་ལྡན་པར་མཐོང་ངོ་། །རྟགས་དང་པོ་གཉིས་ཀྱི་སྐབས་སུ་ནག་པོའི་འོད་ཟེར་ཡང་མཐོང་བས་ཟེར་ལྔའོ། །དེ་ནས་རང་བཞིན་ཐིམ་པའི་དུས་སུ་ཐོང་མར་ཟླ་འོད་ཀྱིས་ཁྱབ་པའི་ནམ་མཁའ་ལྟར་མཐོང་ལ། སྣང་བའི་སེམས་མཆེད་


JLD006_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་བྱུང་ལ་ཐིམ་པ་ན་ཉི་འོད་ཀྱིས་ཁྱབ་པའི་ནམ་མཁའ་བཞིན་དང༌། མཆེད་པ་ཉེར་ཐོབ་མ་རིག་པ་ལ་ཐིམ་པའི་ཚེ། སྨག་འཐུག་པོས་ཁྱབ་པའི་ནམ་མཁའ་སྤྲིན་མེད་བཞིན་དུ་སྣང་བ་འབྱུང་ངོ་། །ས་ཆུ་ལ་ཐིམ་པ་སོགས་རྗེས་མཐུན་པ་ནི་བཞི་དུས་ཀྱི་ཕོ་མོ་སྦྱོར་བ་དང་གཉིད་དུ་འགྲོ་བའི་དུས་དང་བརྒྱལ་བ་ལ་སོགས་པའི་སྐབས་དང༌། ལམ་དུས་སུ་ཐོག་མར་དབང་གསུམ་པ་བསྐུར་བ་དང༌། རྡོར་བཟླས་མན་ཆད་དུའང་འབྱུང་མོད་ཀྱང༌། མཚན་ཉིད་པ་ནི། གཞི་དུས་ཀྱི་འཆི་བའི་དུས་དང༌། ལམ་དུས་སུ་སེམས་དབེན་ནས་བརྩམས་ཏེ་འབྱུང་བ་ཡིན་ནོ། །ས་ཆུ་ལ་ཐིམ་ཞེས་སོགས་ལ་འཇམ་དཔལ་ཞལ་ལུང་ལས། ཕྱིན་ཅི་ལོག་ནི་ལྡོག་འགྱུར་ཏེ། ཞེས་སོགས་ཀྱི་ས་ལོག་པ་དང་ཆུ་ལོག་པ་སོགས་ཀྱི་ཐ་སྙད་ཀྱང་མཛད་ལ། དེའི་དོན་རང་གི་ལུས་ཀྱི་སའི་ཁམས་ཀྱིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ལོག་ནས་དེས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆུ་ལ་འཕོས་པ་ལ་ས་ཆུ་ལ་ཐིམ་པ་ཞེས་གསུངས་ཏེ། མེ་རླུང་ལ་ཐིམ་པའི་བར་དུའང་དེ་བཞིན་ནོ། །རྣམ་གཞག་རིམ་པར་ས་ཐིམ་པ་དང་། ཆུ་ཐིམ་པ་སོགས་ཀྱི་ཐ་སྙད་ཀྱང་གསུངས་སོ། །རླུང་ཐིམ་ཞེས་པའི་རླུང་ནི་ལུས་ཀྱི་རླུང་གང་ཡིན་ལ་མི་བྱེད་ཀྱི་སྣ་བུག་དང་མིག་ལ་སོགས་པའི་སྒོར་རྒྱུ་བའི་རླུང་རང་བཞིན་གྱི་རྟོག་པ་དངོས་སུ་གཡོ་བར་བྱེད་པ་རྣམས་ཀྱིས་རྣམ་ཤེས་ཀྱི་བཞོན་པ་བྱེད་པའི་ནུས་པ་ལོག་ནས་སྣང་བ་གསུམ་གྱི་བཞོན་པའི་རླུང་ཤིང་ཏུ་ཕྲ་བ་ལ་དེའི་ནུས་པ་འཕོས་པས་རླུང་སྣང་བ་ལ་ཐིམ་ཞེས་པའམ་


JLD006_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སོང་ཞེས་གསུགས་སོ། །དེ་ལྟར་རྒྱུ་ལོག་པས་འབྲས་བུ་རྣམ་ཤེས་ཀྱི་རྟོག་པ་རྣམས་རེ་ཞིག་ལོག་པ་ནི་རང་བཞིན་ཐིམ་པ་ཡིན་ལ། རང་བཞིན་སྣང་ ་ལ་ཐིམ་པ་ནི། རང་བཞིན་གྱི་རྟོག་པས་ཡུལ་འཛིན་པའི next hit་ནུས་པ་དེར་སོང་བའོ། །སྟོང་པ་བཞི་སྔ་མ་ཕྱི་མ་ལ་ཐིམ་པའང་དེས་ཤེས་པར་བྱའོ། །ལུས་ཀྱི་ས་ལ་སོགས་པ་དང་རྣམ་ཤེས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་ལྡོག་པ་ནི་སྔོན་གྱི་ལས་ཉོན་གྱིས་འཕངས་པའི་འབྲེལ་བ་ཡིན་གྱི་རྣམ་སྨིན་གྱི་ལུས་དེ་ལ་སེམས་སྤྱིར་བརྟེན་པ་ཙམ་ནི་མིན་ལ། དེའང་འབྲེལ་བ་རགས་པ་ལྡོག་པ་སེམས་དབེན་ནས་ཡོད་ལ་། །ཕྲ་བ་འགོག་པ་ནི་འོད་གསལ་གྱི་སྐབས་འདི་ནས་འོང་ངོ་། །སྔོན་ལས་ཀྱི་སྟོབས་ཀྱིས་འཕངས་པའི་རྟེན་དང་བརྟེན་པའི་འབྲེལ་བ་ཕྲ་བ་བཀག་ཀྱང༌། རྣལ་འབྱོར་བ་དེའི་རྣམ་སྨིན་གྱི་ལུས་ལ་སེམས་བརྟེན་པ་ཙམ་མི་འགལ་ལོ། །ཐབས་གང་གིས་ཐིམ་པར་བྱེད་པ་ལ་ཕྱིའི་རྐྱེན་ཕྱག་རྒྱ་དང་ནང་གི་རྐྱེན་རྡོར་བཟླས་དང་སེམས་དབེན་བསྒོམ་པའི་ཐབས་ནི་དེ་དག་གི་སྐབས་སུ་བཤད་ཟིན་ལ། རིམ་པ་འདིར་བཤད་པའི་ཐབས་ནི་འཆད་པར་འགྱུར་རོ། །དེ་ཁོ་ན་ཉིད་གྲུབ་པར་མིག་ལ་སོགས་པའི་དབང་པོ་རྣམས་ཐིམ་པའི་དོན་རང་རང་གི་ཡུལ་ལ་འཇུག་པའི་བྱ་བ་བྱེད་པ་ལོག་པ་ལ་བཤད་ཅིང་། རྣམ་གཞག་རིམ་པར་ཡང་དེ་དག་ཐིམ་པ་ན་རང་རང་གི་ཡུལ་ལ་མི་འཇུག་པར་གསུངས་པས་ས་ཆུ་ལ་ཐིམ་པ་སོགས་ཀྱི་དོན་ཡང་སྔར་བཤད་པ་བཞིན་དུ་


JLD006_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །འདིར་སྔ་མ་རྣམས་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་སེམས་དཔའ་གསུམ་ཐིམ་པའི་སྒོ་ནས་རྟགས་དང་རྟགས་ཅན་གྱི་རིམ་པ་སྤྱོད་བསྡུས་དང་མཐུན་པར་འཆད་ཅིང༌། །དེ་དང་སྒྲོན་གསལ་གཉིས་མི་མཐུན་པར་འདོད་མོད་ཀྱང་མི་མཐུན་པར་མ་མཐོང་ངོ་། །ཕྱི་ནང་གི་དཔེ་དང་རྟགས་ཀྱི་རིམ་པའི་སྒོ་ནས་ངེས་པར་བྱས་པའི་འོད་གསལ་དེ་ཉིད་ཀྱི་ཁྱེད་པར་སྟོན་པ་ནི། ཐ་མར་འབྱུང་དང་ཞེས་པ་བཞིས་ཐོག་མཐའ་བར་གསུམ་དུ་འབྱུང་མི་འབྱུང་གཉིས་ཀ་གསུངས་ཏེ། ཐོག་མཐའ་བར་གསུམ་ནི་སྣང་བ་གསུམ་ཡིན་ལ། དེ་གསུམ་དག་པས་ན་མི་འབྱུང་བ་དང་ཁྱབ་བྱེད་ཀྱི་དངོས་གནས་འབྱུང་བར་ལཀྵྨཱིས་བཤད་དོ། །ཀྱཻ་རྡོར་ལས། ཡང་ན་ཀུན་གྱིས་རྣམ་པར་སྤངས། །ཡང་ན་ཐམས་ཅད་བདག་ཉིད་གནས། ཞེས་གསུངས་པ་དང་དོན་འདྲ་བས་ལེགས་པ་ཡིན་ནོ། །དབུས་མིན་འབྱུང་ཞེས་པ་ནི་དབུས་སུ་མི་འབྱུང་བའོ། །མཐའ་མེད་འབྱུང་བ་མཐར་མི་འབྱུང་། ཞེས་པའི་དོན་ཡིན་ཏེ་འགྱུར་གསར་བདེའོ། །དེ་ནས་གང་ལ་འགྲོ་བ་དང་ནི་ཞེས་པ་བཞིའི་དང་པོ་གཉིས་ནི་འགྲོ་འོང་ལྡང་འཇུག་ཡིན་ལ། ནིའི་སྒྲས་གནས་པ་བསྟན་ཞིང་དེ་མེད་པར་བསྟན་པས་རྡོར་བཟླས་ལས་ཁྱད་པར་དུ་བྱེད། དེ་བཞིན་དུ་གཉིས་པས་རང་བཞིན་ཟད་པ་དང་སེམས་དབེན་གྱི་ཡེ་ཤེས་འཕེལ་བ་མེད་ཅེས་སེམས་དབེན་དང༌། གསུམ་པས་ནི་དངོས་པོ་ཀུན་རྫོབ་པ་དང་དངོས་མེད་སྒྱུ་མ་སྟེ་དེ་གཉིས་པོཀག་པས་སྒྱུ་ལུས་ལས་ཁྱད་པར་དུ་བསྟན་ནོ། །བག་ཆགས་དང་


JLD006_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་རང་བཞིན་ཐིམ་པས་ངོ་མཚར་དང༌། ཞི་བའི་བདག་ཉིད་ཡིན་པས་ངོ་མཚར་མིན་པ་དང༌། གནས་པ་ནི་སྐྱེ་བ་དང་མྱུར་འགྲོ་ནི་འཇིག་པ་སྟེ་དེ་དག་མེད་པའོ་ཞེས་ལཀྵྨཱིས་གསུང་ཡང༌། གཉིས་ཚན་ལྔ་པོའི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པ་ལ་བྱའོ། །དེ་ནས་གང་ཞིག་ཡོད་དང་ཞེས་པ་བཞི་ལ་རང་བཞིན་རྣམས་མེད་པས་ཡོད་པ་དང་བྲལ། འོད་གསལ་ཆོས་ཉིད་ཀྱི་རང་བཞིན་ཡིན་པས་མེད་པ་དང་བྲལ། འོད་གསལ་ལ་ཀུན་བྱང་མི་དམིགས་པས་བསོད་ནམས་དང་སྡིག་པའི་གཟུགས་མིན་པ་དང་དེ་གཉིས་ཀའི་ངོ་བོར་མེད་པས་བསོད་ནམས་སྡིག་གི་བདག་མིན་ཞེས་འཆད་དོ། །དང་པོ་གཉིས་ཀྱིས་ཡོད་མེད་ཀྱི་སྤྲོས་པའི་ཐ་སྙད་དང་བྲལ་བ་དང༌། དེ་ནས་གཉིས་ཀྱིས་ལས་གཉིས་ཀྱི་འབྲས་བུའི་ངོ་བོར་མེད་པ་དང༌། དེ་ནས་གཉིས་ཀྱིས་ལས་གཉིས་ཀྱི་བདག་ཉིད་དུ་མེད་པར་བསྟན་ཏེ། འཁོར་བ་རྒྱུ་འབྲས་ཀུན་གྱིས་མ་གོས་པའོ། །གཉིས་པ་ནི། དེ་ལྟའི་དེ་ཉིད་ཐོབ་པའི་རྣལ་འབྱོར་བ། ཞེས་སོགས་ཚིགས་བཅད་གསུམ་གྱིས་འོད་གསལ་ཐོབ་པའི་རྣལ་འབྱོར་བའི་བསྔགས་པ་སྟོན་ནོ། །གསུམ་པ་ནི། མན་ངག་ཐོབ་པ་ཞེས་གསུངས་ཏེ། སྤྱོད་བསྡུས་ལས། དེ་ལྟར་ཐམས་ཅད་སྟོང་པ་མངོན་དུ་བྱས་ནས་རིམ་པ་འདིས་བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱེད་དོ། ཞེས་གསུངས་པའི་ཚིག་དང་པོའི་དོན་ནི་མན་ངག་ཐོབ་པའི་རྗེས་ཐོབ་ལ་ཞེས་པའི་དོན་ཡིན་པས་ཐམས་ཅད་


JLD006_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་གདམས་ངག་ཐོབ་པ་ལ་དེ་མངོན་དུ་བྱས་ཞེས་བཏགས་པའོ། །སློབ་མས་རྣལ་འབྱོར་རྣམ་པ་གཉིས་པོསླབ་པ་ནི་འོད་གསལ་མངོན་དུ་བྱེད་པའི་ཐབས་བསམ་གཏན་གཉིས་ཡིན་པས། འདིར་དབང་གསུམ་པ་བསྐུར་ནས་འོད་གསལ་མངོན་དུ་བྱེད་པར་སྨྲ་བ་མིན་ནོ། །རིལ་འཛིན་ནི་མགོ་བོ་ཞེས་པ་བཞིས་སྟོན་ཏེ། ལྟེ་བར་རྩིགས་བརྒྱད་པའི་འཁོར་ལོའི་དབུས་སུ་གནས་པའི་དབྱངས་དང་པོ་ལས་འཕྲོས་པའི་འོད་ཀྱིས་རྐང་པ་ནས་མགོ་བོའི་བར་དུ་བསྲེག་པ་དང༌། སླར་ཡང་ལོག་ནས་སྙིང་གའི་བར་དུ་མི་སྣང་བར་བྱས་པ་ལ་ལཀྵྨཱིས་འཆད་དོ། །མགོ་བོ་ནས་ནི་རྐང་པའི་བར། ཞེས་པས་ནི་བསྡུ་བར་བྱ་བའི་ལུས་ཀྱི་ཡས་མས་ཀྱི་མཐའ་བསྟན་ལ། ཇི་སྲིད་སྙིང་གར་ཕྱིན་གྱི་བར། ཞེས་པ་ནི། མགོ་ནས་སྙིང་ག་དང༌། རྐང་པ་ནས་སྙིང་གར་སྡུད་པའི་ཚུལ་གྱིས་ཡང་དག་མཐའ་ལ་འཇུག་པར་བཤད་ན། སའི་དངོས་གཞིར་བཤད་པའི་འཆི་རིམ་དང་མཐུན་ནོ། །རིལ་པོ་དང་རྗེས་གཞིག་གཉིས་ནི་དུས་ཀྱི་དབང་དུ་བྱས་པ་ཡིན་པས་དུས་གཅིག་དང་དུས་རིམ་གྱི་སྒོ་ནས་རང་ཙམ་དང་རང་གཞན་གཉིས་ཀ་སྡུད་པའོ། །རྗེས་གཞིག་ནི། མི་རྒྱུ་བ་དང་ཞེས་པ་བཞི་སྟེ། ཐོག་མར་སྣོད་བཅུད་གཞན་འོད་གསལ་དུ་བསྡུས་པའི་རྗེས་སུ་རང་འོད་གསལ་དུ་འཇུག་པའོ། །འོ་ན་སྤྱོད་བསྡུས་ལས་ཆུ་བོའི་ལྟེང་ཀའི་ཆུ་ལ་ཐིགས་པ་གཅིག་ཐིམ་པ་བཞིན་དུ་རིམ་གྱིས་རྗེས་སུ་གཞིག་པར་གསུངས་པ་ཇི་ལྟར་ཡིན་སྙམ་ན། གང་གཞིག་པར་བྱ་


JLD006_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེ་ནང་ནས་ཕྱི་ལ་རིམ་པ་བཞིན་འཇིག་པའི་དོན་ཡིན་པས་སྐྱོན་མེད་དོ། །དབུགས་ཀྱི་རླུང་ནི་ཞེས་སོགས་ཀྱིས་ནི་རིལ་འཛིན་གྱི་འཇུག་ཚུལ་སྟོན་ཏེ་སྤྱོད་བསྡུས་ལས་རིལ་འཛིན་གྱི་སྡུད་ཚུལ་དེ་ལྟར་གསུངས་པའི་ཕྱིར་ཏེ། འདི་ནི་གང་གཞིག་བྱ་དེ་མཐའ་ནས་ནང་སྡུད་པའི་རིམ་པའོ། །བསམ་གཏན་གཉིས་ཀྱིས་སྡུད་པའི་ཐབས་ནི། ལཀྵྨཱིས་འཁོར་ལོའི་དབུས་ཀྱི་ཨ་ཡིག་གི་འོད་ཟེར་གྱིས་སྡུད་པར་བཤད་ལ། འཇམ་དཔལ་ཞལ་ལུང་ལས་སྙིང་གའི་ས་བོན་གྱི་འོད་ཀྱིས་སྡུད་པར་བཤད་པ་ལྟར་འདིར་ཡང་བྱའོ། །དེའང་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་དང༌། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ལ་སྡུད་ཅིང་དེ་རིམ་གྱིས་འོད་གསལ་དུ་སྡུད་པ་ཡིན་ལ། དེ་ནི་མཐར་སྙིང་ག་རུ་བསྡུད་ནས་འོད་གསལ་དུ་འཇུག་པ་ཡིན་པས་སྙིང་གའི་གནད་ལེགས་པར་ཤེས་ན་འདི་འདྲ་བའི་གདམས་པ་རྣམས་ལ་ངེས་པ་རྙེད་པ་ཡིན་ནོ། །གཞུང་གཞན་ནས་རྗེས་གཞིག་གཅིག་པུ་བཤད་ལ། འདིར་ནི་གཉིས་གསུངས་པ་གདམ་ང་ཅན་མིན་པས་གཉིས་ཀ་ལ་སློབ་པའོ། །འདིར་འཆི་རིམ་བཞིན་དུ་སྤྲོས་པ་སྡུད་པའི་ཐབས་དང་པོ་ནི་རྡོ་རྗེའི་བཟླས་པ་ཡིན་ལ། དེ་ནས་ཕྱག་རྒྱ་ལས་ཡེ་ཤེས་གསུམ་མཚོན་པའང་ཕྱིའི་ཐབས་དང༌། མཚོན་པའི་ཡེ་ཤེས་ལ་གོམས་པར་བྱེད་པས་ཀྱང་རླུང་དབུ་མར་སྡུད་པས་སྤྲོས་པ་སྡུད་པའི་ཐབས་སོ། །དེ་རྣམས་སྔོན་


JLD006_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབྱོངས་པའི་རྒྱུ་མཚན་གྱིས་སྐབས་འདིར་ནི། བསམ་གཏན་གཉིས་ཀྱི་དམིགས་པ་ཉིད་ཀྱིས་ཡང་དང་ཡང་དུ་བསྡུད་པ་གོམས་པར་བྱེད་པའོ། །དེ་ལྟར་གོམས་པ་ལས་ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་རྣམས་འཆར་རོ། །འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བསྔགས་པ་དང༌། དེ་ཉིད་ལ་གཙོ་བོར་གོམས་པར་བྱ་དགོས་པའི་ཚུལ་རྣམས་གཞུང་གཞན་ནས་མང་དུ་བཤད་ཀྱང༌། ས་ཆུ་ལ་ཐིམ་པ་སོགས་གྱི་ཐིམ་རིམ་གྱི་སྒོ་ནས་སྤྲོས་པ་བསྡུས་ཏེ་འོད་གསལ་དུ་འཇུག་པ་དང༌། དེའི་སྔ་རོལ་གྱི་རྟགས་འཆར་ཚུལ་དང༌། ཕྱིའི་དཔེས་ངེས་པར་བྱ་ཚུལ་དང༌། སྣང་བ་གསུམ་དག་དགོས་ལུགས་དང༌། དེ་ལྟར་སྡུད་པའི་ཐབས་རྩ་བ་རྡོར་བཟླས་ཀྱི་གནད་རྣམས་རྫོགས་ཤིང་གསལ་བ་དང༌། ཐིམ་རིམ་གྱི་སྒོ་ནས་སྟོང་པ་གསུམ་ལ་ཞུགས་པའི་མཐར་སྒྱུ་མའི་སྐུ་སྒྲུབ་ལུགས་དང༌། སྟོང་པ་བཞི་པའི་མཐར་ཟུང་འཇུག་གི་སྐུ་སྒྲུབ་ལུགས་ནི། །འཕགས་སྐོར་གྱི་གཞུང་ལས་གཞན་དུ་ཆེས་ཆེར་མི་གསལ་བས། ལུགས་མཆོག་ཏུ་གྱུར་པ་འདི་ཤེས་པ་ལ་རག་ལས་པ་ཡིན་ནོ། །འགྲོ་དང་ཞེས་པ་བཞིས་ནི་བསམ་གཏན་ནམ་རྣལ་འབྱོར་དེ་ཉིད་འགྲོ་འཆག་སོགས་ཀྱི་སྐབས་སུའང་བྱ་བར་བསྟན་ནོ། །གཉིས་པ་ནི། རང་བཞིན་བཅས་འོད་དེ་དང་དེ། ཞེས་པ་བཞིས་ནི་འོད་གསལ་ལས་ལྡང་ཚུལ་སྒྱུ་ལུས་དང་འདྲ་བར་སེམས་ཅན་གྱི་དོན་དུ་ལྡང་བར་བྱ་བར་བསྟན་ལ། ཇི་ལྟར་ཆུ་ཀླུང་ཞེས་པ་བཞིས་ནི་འོད་གསལ་ལས་ལྡང་བའི་དཔེ་བསྟན་ཏོ། །རིགས་ལྔའི་སངས་རྒྱས་བལྟོས་པ་ཞེས་ཡང་ཞེས་དེ་ལས་


JLD006_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་པའི་སྐུའི་དབྱེ་བ་བསྟན་ཏོ། །འོ་ན་འདི་ཟུང་འཇུག་གི་སྐབས་སུ་བཤད་པར་བྱ་རྒྱུ་མ་ཡིན་ནམ་སྐབས་འདིར་འཆད་པ་ཇི་ལྟར་རིགས་ཤེ་ན། བདེན་མོད་ཀྱང༌། འདིར་འོག་གསལ་ཀྱི་མཉམ་རྗེས་གཉིས་ཀ་འཆད་པ་ཡིན་ལ། དེ་ལ་འོད་གསལ་ལས་ལྡང་ཚུལ་ཤེས་དགོས་པས་དེའི་ཕྱིར་དུ་བསྟན་ནོ། །སྤྱོད་བསྡུས་ལས་མཉམ་གཞག་གི་འོད་གསལ་ཉིད་བཤད་ལ། སྐབས་འདིར་ལྡང་ཚུལ་མ་བཤད་པར་ཟུང་འཇུག་གི་སྐབས་སུ་བཤད་པ་ཡིན་ནོ། །གསུམ་པ་ནི། ཕྱག་རྒྱ་འཆིང་བར་བྱེད་པའམ། ཞེས་པ་བཞིས་ཕྱག་རྒྱ་འཆིང་ཞིང་སྔགས་ཟློ་བ་དང༌། གང་དེ་ལས་གཞན་པའི་ལས་ཚོགས་ཐམས་ཅད་ཀྱང༌། ཐམས་ཅད་སྟོང་པའི་ཏིང་ངེ་འཛིན་ལ་གནས་ནས་བྱེད་པར་བསྟན་ཏེ། འོད་གསལ་ལས་ལངས་པ་དེས་བྱེད་ཚུལ་ལོ། །ཐམས་ཅད་ཟ་ཞིང་ཀུན་ལ་ལྟ། ཞེས་པ་བཞིས་ནི་འོད་གསལ་གྱི་ཏིང་ངེ་འཛིན་ལ་གནས་པ་དེས་ཐམས་ཅད་ཟ་བ་སོགས་སུ་བསྟན་ཏོ། །ཐམས་ཅད་བྱེད་པ་ནི་འཇིག་རྟེན་དང་འགལ་མི་འགལ་གྱི་སྤྱོད་པ་ཐམས་ཅད་དོ། །མཚན་མ་ཀུན་ནི་མགོ་རེག་ལ་སོགས་པ་ལ་འཆད་དོ། །ཐམས་ཅད་སྟོང་པའི་ཡེ་ཤེས་ལ་གནས་པ་ཉིད་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་བོ། །འདི་ནི་རྣལ་འབྱོར་མའི་རྒྱུད་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གནས་པས་དེ་ལྟར་འགྲུབ་པར་གསུངས་པ་དང་དོན་གཅིག་གོ །འཕགས་སྐོར་ལྔའི་གཞུང་རྣམས་སུ་འབར་འཛག་


JLD006_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྒྲུབས་པའི་ལྷན་ཅིག་སྐྱེས་པའི་བདེ་བའི་ཕྱོགས་མང་དུ་མ་བཤད་པར་འོད་གསལ་ཀྱི་ཐ་སྙད་ཀྱིས་བཤད་པ་ལ་ལུགས་འདིར་ནི་གཞུང་ནས་བཤད་པ་ལྟར་བདེ་བ་གཙོ་བོར་ལམ་དུ་བྱེད་པ་མ་ཡིན་ནོ་སྙམ་དུ་མི་གཟུང་སྟེ། སྔར་བཤད་པ་ལྟར་རླུང་གི་དེ་ཉིད་རྡོར་བཟླས་ཀྱིས་གཏུམ་མོའི་མེ་སད་པར་བྱེད་ཅིང་དེ་ལས་བྱང་ཆུབ་ཀྱི་སེམས་ཞུ་བའི་བདེ་བས་ལམ་འགྲོད་པར་རྡོ་རྗེ་ཕྲེང་བ་ལས་གསུངས་པའི་ཕྱིར་དང༌། དཔལ་མགོན་པོ་བདེ་བ་ཆེན་པོས་ཀྱང༌། ལྷན་ཅིག་སྐྱེས་པའི་བདེ་སྟོང་དབྱེར་མེད་ཀྱི་ལམ་དེ་ཉིད་མངོན་པར་བྱང་ཆུབ་པའི་ལམ་ཡིན་པ་འདུས་པའི་དོན་དུ་ཤིན་ཏུ་རྒྱས་པར་གསང་བ་གྲུབ་པ་ལས་བཀྲལ་བའི་ཕྱིར་དང༌། དེ་ཉིད་ལ་འཕགས་པ་ལྷས་ཀྱང་ཚད་མར་མཛད་པར་སྣང་བའི་ཕྱིར་རོ། །བཞི་པ་ནི། བྱང་ཆུབ་སེམས་ནི་དོན་དམ་ཞེས་བྱ་བ། །སྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ། །ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །དེ་ནས་ དངོས་པོ་ཀུན་དང་རྣམ་བྲལ་ཞེས་པ་ནས། སྟོང་པ་ཉིད་ཀྱི་རང་བཞིན་ནོ། ཞེས་གསུངས་ཏེ་ཕྱི་མ་འདི་འདུས་པའི་ལེའུ་གཉིས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྟོན་པའོ། །འདིའི་དོན་ནི་ལཀྵྨཱིས་བླ་མས་ཚིགས་བཅད་དེ་བརྗོད་པའི་རྗེས་ཟློས་བྱས་ནས། བྱང་ཆུབ་ཀྱི་སེམས་འདི་ལྟ་བུ་བདག་གིས་གཟུང་བར་བྱའོ། ཞེས་བརྗོད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་འཛིན་པར་བཤད་ཅིང༌། བོད་ཀྱི་བླ་མ་ཁ་ཅིག་ཚིགས་བཅད་


JLD006_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བླ་མས་བརྗོད་ནས་སློབ་མ་ལ་ཕྱག་རྒྱ་གཏད་པ་ཤེས་རབ་ཀྱི་དབང་དུ་འདོད་དོ། །རང་གི་ལུགས་ནི་སྤྱོད་བསྡུས་དང་བསྟུན་ནས་བརྗོད་ཟིན་ཏོ། །གསུམ་པ་ནི། དེ་ནས་རྗེས་སུ་མཐུན་པའི་ཡོན། ཞེས་པ་ཚིགས་བཅད་གཉིས་ཀྱིས་ཡོན་དབུལ་བ་བསྟན་ཏེ། སྤྱིན་པ་དང་སྦྱིན་པ་ཆེན་པོ་དང༌། ཤིན་ཏུ་བའི་སྦྱིན་པ་གསུམ་མོ། །བཞི་པ་ནི། སློབ་དཔོན་ལས་ནི་དྲིན་ཐོབ་ཅེས་པ་རྐང་པ་བཞི་སྟེ། དང་པོ་གསུམ་གྱིས་དེ་ཁོ་ན་ཉིད་ཀྱི་མན་ངག་བླ་མ་ལས་ཐོབ་པ་དེ་བསྒོམས་པ་དང༌། བཞི་པས་དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་ཏོ། །གསུམ་པ་འཇུག་གི་དོན་ནི། མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་སོགས་ཀྱིས་བསྟན་ནོ། །འདི་ནི་གཙོ་ཆེར་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལ་བརྟེན་ནས་མཛད་པའོ།། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་འདི་སྤེལ། སརྦ་མངྒ་ལཾ། །སརྦ་མངྒ་ལཾ། །


previousམན་ངག་གི་མཐར་ཐུག་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ་རྗེས་མཛད་པ།next