ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།
པ་ཤིན་ཏུ་བརྟན་པས་ཕཊ་ཡིག་གིས་འགོག་ནུས་པས། དེ་ལ་བརྟེན་ནས་དགའ་བ་བཞི་སྐྱེད་ནུས་མོད་ཀྱང༌། དེ་ནི་རླུང་དྷཱུ་ཏཱིར་བསྡུས་ནས་ཐིམ་པ་ལས་བྱུང་བ་མིན་པས་རྫོགས་རིམ་པའི་བདེ་ཆེན་དུ་མི་འཇོག་པའི་ཕྱིར། དེ་འདྲ་བའི་བདེ་སྟོང་སྦྱར་བའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པ་ཡང་རྫོགས་རིམ་པའི་ལུས་དབེན་དུ་མི་འདོད་དོ། །གསུམ་པ་ལ་གཉིས། གཞན་གྱི་ལུགས་དང༌། རང་གི་ལུགས་སོ། །དང་པོ་ནི། བོད་ཀྱི་བླ་མ་མང་པོས། ལུས་དབེན་བཞིར་མཛད་དེ། སྤྱོད་བསྡུས་ལས། ལུས་སུ་གྲུབ་པ་འདི་ནི་སྤུངས་པ་བཞིན་དུ་གནས་ཏེ། ཤའི་ཁམ་ཚད་དང་ཞེས་པ་ནས། མིག་དང་ཡན་ལག་ལ་སོགས་པ་ཚོགས་པ་ལ་སྤུངས་པ་ཞེས་བྱའོ། །ཞེས་མི་གཙང་བའི་རྫས་སོ་དྲུག་ཚོགས་པ་ལུས་ཀྱི་སྒྲ་དོན་སྤུངས་པར་བཤད་པས་གཟུགས་ཀྱི་ལུས་དབེན་བསྟན་ཏེ། མུ་སྟེགས་ལ་སོགས་པས་ལུས་གཙང་བ་དང་བདེ་བར་སྒྲོ་བཏགས་པས་དབེན་པ་ཉན་ཐོས་དང་ཤེས་བྱ་ཐུན་མོང་བའོ། །ཕུང་པོ་ལྔ་དང༌། ཁམས་བཞི་དང༌། སྐྱེ་མཆེད་དྲུག་དང༌། ཡུལ་ལྔ་དང༌། ཡེ་ཤེས་ལྔ་ནི་འབྲས་དང་ནས་ལ་སོགས་པའི་འབྲུ་མང་པོ་ལ་སྤུངས་པ་ཞེས་བརྗོད་པ་བཞིན་དུ། ལུས་ཀྱི་ཡན་ལག་དང་ཉིང་ལག་ཏུ་གཏོགས་པ་ཚོགས་པ་ལ་སྤུངས་པ་ཞེས་བྱའོ། །ཞེས་པས་རང་བཞིན་གྱི་ལུས་དབེན་བསྟན་ཏེ། དེ་ནི་ཕུང་ཁམས་སྐྱེ་
མཆེད་དུ་མ་འདུས་པས་བདག་གཅིག་པུར་བཏགས་པས་དབེན་པ། ཕ་རོལ་ཏུ་ཕྱིན་པ་དང་ཤེས་བྱ་ཐུན་མོང་བའོ། །ཁམས་རྣམས་ཕྲད་པའི་ཕྱིར་ཤེས་རབ་དང༌། ལྟ་བ་དང༌། ཡིད་དང༌། མ་རིག་པ་དང༌། བག་ཆགས་དང༌། སྲེད་པ་དང༌། ཉོན་མོངས་པའི་རྒྱུན་ལ་ནི་བསགས་པ་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་པའམ་སྤུངས་པ་ནི་ཉེ་བར་དམིགས་པར་མི་འགྱུར་ཏེ། གནས་མེད་པའི་ཕྱིར་རོ། །ཞེས་གསུངས་པས་རྣམ་པར་ཤེས་པའི་ལུས་དབེན་བསྟན་ཏེ། རྣམ་པར་ཤེས་པ་ནི་ཉེ་བར་མི་དམིགས་པས་གཟུང་བ་དང་འཛིན་པས་དབེན་པ། སེམས་ཙམ་པ་དང་ཤེས་བྱ་ཐུན་མོང་བའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ནི། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ། ཞེས་གསུངས་པས་ཏིང་ངེ་འཛིན་གྱི་ལུས་དབེན་བསྟན་ཏེ། བདག་གཉིས་ཀྱིས་སྟོང་པའི་ལུས་དེ་རིགས་བརྒྱ་ལ་སོགས་པའི་དབྱེ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པར་ང་རྒྱལ་བྱེད་པ་སྟེ། གསང་སྔགས་པའི་ཤེས་བྱ་ཐུན་མོང་མ་ཡིན་པའོ། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་སྔ་མ་གསུམ་ལ་ལུས་དབེན་དུ་བཤད་པ་ནི། འཕགས་སྐོར་གྱི་རྒྱ་གཞུང་འགྱུར་བ་གང་ནས་ཀྱང་མ་བྱུང་ཞིང༌། སྤྱོད་བསྡུས་ཀྱི་དགོངས་པར་
ཡང་མི་སྣང་ངོ༌། །འོ་ན་སྤྱོད་བསྡུས་ཀྱི་དགོངས་པ་ཇི་ལྟར་བྱེད་སྙམ་ན། དང་པོར་དབེན་གཞིའི་ལུས་ངོས་བཟུང་ནས་དེ་ལུས་དབེན་དུ་འཇོག་པ་ན། ལུས་ཀྱི་སྒྲའི་དོན་ནི་བསགས་པ་དང་སྤུངས་པ་དང་ཚོགས་པའི་དོན་ཡིན་ལ། དེ་ལ་ཡང་གསུམ་ལས། ནང་གི་གཟུགས་ལུས་ཐ་མལ་པ་འདིའི་སྤུངས་ཚུལ་ནི། ཤའི་ཁམ་ཚད་ལ་སོགས་པ་རྣམས་ཚོགས་པ་ཡིན་པར་དང་པོས་བསྟན་ཏེ། འདི་ནི་རྡོར་འཕྲེང་ལས་ཀྱང་གསུངས་སོ། །དེ་ནས་ཕུང་པོ་ལྔ་ལ་སོགས་པ་ཉེར་ལྔ་སྤུངས་པར་བསྟན་ནས་སྤུངས་ཚུལ་ནི། འབྲས་དང་ནས་ལ་སོགས་པ་མང་པོ་སྤུངས་པ་ཞེས་བརྗོད་པ་བཞིན་དུ། ལུས་ཀྱི་ཡན་ལག་དང་ཉིང་ལག་ཏུ་གཏོགས་པ་ཚོགས་པ་ལ་སྤུངས་པར་བསྟན་ནོ། །ཉེར་ལྔ་ལ་ནི་སེམས་སེམས་བྱུང་ཡང་ཡོད་ལ། དེའི་སྤུངས་ཚུལ་ནི་འབྲས་ལ་སོགས་པ་བཞིན་དུ་ཡུལ་གྱི་གོ་ས་སོ་སོར་གནོན་པའི་གཟུགས་ཅན་གྱི་སྤུངས་ཚུལ་དང་མི་འདྲ་བས། དེ་ལས་ཁྱད་པར་དབྱེ་བའི་ཕྱིར་དུ་ཁམས་རྣམས་ཕྲད་པའི་ཕྱིར་ཞེས་སོགས་གསུངས་ཏེ། མིག་ལ་སོགས་པའི་དབང་པོ་དང༌། གཟུགས་ལ་སོགས་པའི་ཡུལ་གྱི་ཁམས་རྣམས་ཕྲད་པའི་ཕྱིར། ཡིད་དེ་སེམས་ཀྱི་ཚོགས་དྲུག་དང༌། ཤེས་རབ་ལ་སོགས་པ་སེམས་བྱུང་རྣམས་འབྱུང་ལ། དེ་རྣམས་ཀྱི་བསགས་པའམ་ཚོགས་པའམ་སྤུངས་ཚུལ་ནི།
དུས་སྔ་ཕྱི་བར་མ་ཆད་པའི་རྒྱུན་གྱི་ཆ་དུ་མ་འདུས་པ་ཡིན་གྱི། དུས་གཅིག་ཏུ་ཡུལ་གྱི་གོ་ས་སོ་སོར་གནོན་པའི་དུ་མ་འདུས་པ་མིན་ཞེས་པའི་དོན་ཏེ། རྒྱུན་ལ་ནི་བསགས་པ་ཞེས་བྱའོ། །ཞེས་རྒྱུན་ལ་དམིགས་ཀྱིས་བཀར་ནས་གསུངས་པའི་ཕྱིར་རོ། །རྣམ་པར་ཤེས་པའི་སྤུངས་པ་ནི་དམིགས་པར་མི་འགྱུར་ཏེ། གནས་མེད་པའི་ཕྱིར་རོ། །ཞེས་པས་ནི་རྣམ་ཤེས་ལུས་ཅན་མིན་པས། ཤར་ལ་སོགས་པའི་ཡུལ་ན་མི་གནས་པའི་རྒྱུ་མཚན་གྱིས། ཡུལ་གྱི་གོ་ས་གནོན་པའི་དུ་མ་འདུས་པ་མེད་པར་སྟོན་པ་ཡིན་གྱི། གཟུང་འཛིན་རྫས་ཐ་དད་འགོག་པ་མིན་ནོ། །དེ་འདྲ་བའི་དབེན་གཞིའི་ལུས་དེ་གང་ལས་དབེན་པ་ནི། ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་ཞེས་པས་བསྟན། དེའི་གཉེན་པོར་གང་སྒོམ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ། ཞེས་པས་བསྟན་པས། དབེན་ལུགས་སྔར་བཤད་པ་དང་གཞན་མང་པོ་འཆད་པ་ནི་དོན་དུ་མ་མཐོང་ངོ༌། །བཞི་པ་ལ་བཞི། དམ་པ་རིགས་བརྒྱའི་ལུས་དབེན། དེ་ཉིད་རིགས་ལྔའི་ལུས་དབེན། གསང་བ་རིགས་གསུམ་གྱི་ལུས་དབེན། གསང་ཆེན་རིགས་གཅིག་གི་ལུས་དབེན་ནོ། །དང་པོ་ལ་བཞི། ཕུང་པོ་ལྔའི་དང༌། ཁམས་བཞིའི་དང༌། དབང་པོ་དྲུག་གི་དང༌། ཡུལ་ལྔའི་ལུས་དབེན་གྱི་དབྱེ་བའོ། །
དང་པོ་ནི། རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། ཞེས་ཕུང་པོའི་ལུས་དབེན་གྱི་དབེན་གཞིའི་ལུས་ནི། གཟུགས་ཕུང་སོགས་ལྔ་དང༌། དེ་ལྔ་སངས་རྒྱས་ལྔར་སྒོམ་པ་དེའི་ལུས་དབེན་དུ་གསུངས་སོ། །དེ་ལ་གཟུགས་ཕུང་རྣམ་སྣང་ལ་ཕྱེ་ན། ཕྱི་ནང་དང༌གཉིས་ཀའི་རིང་ཐུང་ལ་སོགས་པའི་དབྱིབས་ཀྱི་དང༌། བདག་གཞན་དང་གཉིས་ཀ་ལ་སོགས་པའི་རྣམ་པའི་དང༌། ཕྱི་ནང་གི་སྔོན་པོ་སོགས་ཁ་དོག་གི་དང༌། ཕྱི་ནང་གི་ཉི་ཟླ་སོགས་སྣང་བའི་དང༌། རིག་བྱེད་མིན་པའི་གཟུགས་ལྔ་ནི། རིམ་པ་བཞིན་རྣམ་སྣང་གི་རྣམ་སྣང༌། རིན་འབྱུང༌། འོད་དཔག་མེད། དོན་གྲུབ། མི་བསྐྱོད་པའི་རིགས་ལྔའོ། །ཚོར་ཕུང་རིན་འབྱུང་ལ་ཕྱེ་ན། མཉམ་པ་སྟེ་བཏང་སྙོམས་དང༌། བད་རླུང་ལས་བྱུང་བའི་དང། བདེ་བའི་དང༌། སྡུག་བསྔལ་གྱི་དང༌། འདུས་པ་དང༌མཁྲིས་པ་ལས་བྱུང་བའི་ཚོར་བ་ནི། རིན་འབྱུང་གི་རྣམ་སྣང་སོགས་ལྔའི་རིགས་སོ། །འདུ་ཤེས་འོད་དཔག་མེད་ལ་ཕྱེ་ན། མི་གཡོ་ཞིང་མི་འགྱུར་བའི་དང༌། རྐང་བཞི་པའི་དང༌། རྐང་མེད་ཀྱི་དང༌། རྐང་མངས་ཀྱི་དང༌། རྐང་གཉིས་ཀྱི་འདུ་ཤེས་ནི། འོད་དཔག་མེད་ཀྱི་རྣམ་སྣང་སོགས་ལྔའི་འོ། །འདུ་བྱེད་ཀྱི་ཕུང་པོ་དོན་གྲུབ་ལ་ཕྱེ་ན། ལུས་ཀྱི་དང༌། ཁམས་གསུམ་གྱི་དང༌། ངག་གི་དང༌། ཐར་པའི་
དང༌། ཡིད་ཀྱི་འདུ་བྱེད་ནི་དོན་གྲུབ་ཀྱི་རྣམ་སྣང་སོགས་ལྔའི་འོ། །རྣམ་ཤེས་མི་བསྐྱོད་པ་ལ་ཕྱེ་ན། མིག་ནས་ལུས་ཀྱི་བར་གྱི་རྣམ་ཤེས་ནི་མི་བསྐྱོད་པའི་རྣམ་སྣང་སོགས་ལྔའི་འོ། །གཉིས་པ་ནི། རྩ་རྒྱུད་ལས། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མཱ་ཀཱི། མེ་ནི་གོས་དཀར་མོ་ཡིན་ནོ། །རླུང་ནི་སྒྲོལ་མར་རབ་ཏུ་བསྒྲགས། །ཞེས་ཁམས་ཀྱི་ལུས་དབེན་གྱི་དབེན་གཞིའི་ལུས་ནི་ས་ལ་སོགས་པ་བཞི་དང༌། དེ་བཞི་ལྷ་མོ་བཞིར་སྒོམ་པ་དེའི་ལུས་དབེན་དུ་བཤད་དོ། །དེ་ལ་སའི་ཁམས་སྤྱན་མ་ལ་ཕྱེ་ན། ཕྱི་ནང་གཉིས་ལས་ནང་ལ་ནི། སྐྲ་རུས་པ་ཕྱི་ས་མཆིན་པ་སྙིང་དང༌། སྤུ་སེན་མོ་རྣག་སྙིང་དང༌། སོ་པགས་པ་ཤ་སྙིང་དང༌། རྒྱུས་པ་ཤ་རྩིབ་མ་སྙིང་དང༌། དྲི་མ་རྒྱུ་མ་མཁྲིས་པ་སྙིང་སྟེ་ལྔའོ། །སྐབས་འདིར་སྙིང་ལྔར་བྱེད་པའི་ཁུངས་སུ་སྤྱོད་བསྡུས་ལས། སྙིང་ནི་ལྔ་ལ་ངེས་གནས་ཏེ། །རྒྱུད་ལྔར་རྣམ་པར་འབྱུང་བ་ནི། །རླུང་ལྔ་དང་ནི་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་བྱེད། །ཅེས་དྲངས་པའི་རྐང་པ་གཉིས་པའི་དོན་ནི། རྡོ་རྗེ་འཕྲེང་བ་དར་མ་བརྩོན་འགྲུས་ཀྱིས་བསྒྱུར་བ་ལས། དབང་པོ་ལྔ་ལས་ངེས་འབྱུང་བ། །ཞེས་འབྱུང་བ་ལྟར་ཡིན་ཏེ། སྤྱོད་པར་བྱེད། ཅེས་པའི་མཇུག་ཉིད་དུ། དབང་པོ་གང་དང་གང་ལམ་གྱིས། །སྒྲུབ་པ་པོས་ནི་ཡུལ་ཐོབ་པ། །ཞེས་གསུངས་་པས་སོ། །དེ་ཡང་རྡོ་རྗེ་འཕྲེང་བ་ལས། སྙིང་གི་དབུས་གནས་
བདེ་བའི་དངོས། །སངས་རྒྱས་ཉི་མ་གསལ་བའི་འོད། །གཟུང་དང་འཛིན་པའི་གཟུགས་ཀྱིས་ཀྱང༌། །དེ་ནི་འོད་གཟེར་བཅུ་གཉིས་ཏེ། །ཞེས་སྙིང་ཁའི་དབུས་ནས་བྱུང་བའི་རླུང་བཅུ་གཉིས་དབང་པོའི་ལམ་ལ་བརྟེན་ནས་འཛིན་པ་དྲུག་དང༌། གཟུང་བ་དྲུག་གི་རླུང་དུ་འགྱུར་བར་གསུངས་པས། སྙིང་ལྔར་བྱེད་པ་ནི། དབང་པོའི་རླུང་ལྔའི་རྟེན་སྙིང་ཁ་ཡིན་པས་དེའི་སྒོ་ནས་ཕྱེ་བའོ། །ཕྱིའི་ལ་ལྔ་ནི། རི་རབ་དང་ལྷོ་དང་ནུབ་དང་བྱང་དང་ཤར་གྱི་གླིང་རྣམས་ཡིན་ལ། ཕྱི་ནང་གི་ཚན་པ་ལྔ་ནི། སྤྱན་མའི་རྣམ་སྣང་སོགས་ལྔའི་རིགས་སོ། །ཆུ་མཱ་མ་ཀཱི་ལ་ཕྱེ་ན་ནང་གི་ནི། བད་ཀན་མཆི་མ་དང་བཅས་པ་དང༌། རྡུལ་དང༌། ཁྲག་དང༌། ཁ་ཆུ་དང༌། གཅིན་ནོ། །ཕྱི་ནི། འབབ་ཆུའི་དང༌། ཆུ་བོའི་དང༌། བཀོད་མའི་དང༌། ལྟེང་ཀའི་དང༌། རྒྱ་མཚོའི་ཆུ་ནི། མཱ་མ་ཀཱིའི་རྣམ་སྣང་སོགས་ལྔའི་འོ། །མེ་གོས་དཀར་མོ་ལ་ཕྱེ་ན་ནང་གི་ནི། མགོའི་དང༌། ལྟེ་བའི་དང༌། ཡན་ལག་ཐམས་ཅད་ཀྱི་དང༌། ལྟོ་བའི་དང༌། སྙིང་ཁའི་དྲོད་དང༌། ཕྱིར། རྡོ་ལས་དང༌། མེ་ཤེལ་ལས་དང༌། ཤིང་ལས་དང༌། ནགས་ལས་བྱུང་བའི་མེ་དང༌། རྒྱུན་བཞག་གི་མེ་ནི། གོས་དཀར་མོའི་རྣམ་སྣང་སོགས་ལྔའི་འོ། །རླུང་སྒྲོལ་མ་ལ་ཕྱེ་ན་ནང་གི་ནི། ཁྱབ་བྱེད་དང༌། ཐུར་སེལ་དང༌། གྱེན་རྒྱུ་དང༌། མེ་མཉམ་དང༌། སྲོག་འཛིན་དང༌། ཕྱིར། སྟེང་དང༌།
ལྷོ་དང༌། ནུབ་དང༌། བྱང་དང༌། ཤར་གྱི་རླུང་ནི། སྒྲོལ་མའི་རྣམ་སྣང་སོགས་ལྔའི་རིགས་སོ། །ཁམས་བཞི་ལ་ཕྱི་ནང་སོ་སོར་བརྩིས་ན་ཉི་ཤུ་པ་གཉིས་ཡོད་མོད་ཀྱང༌། ཕྱི་ནང་གི་ཁམས་གཉིས་སའི་ཁམས་ལ་སོགས་པ་རེ་རེར་བྱས་ནས་ཉི་ཤུར་བྱའ། །གསུམ་པ་ནི། རྩ་རྒྱུད་ལས། རྡོ་རྗེའི་སྐྱེ་མཆེད་ཉིད་དག་ཀྱང༌། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་ནང་གི་སྐྱེ་མཆེད་ཀྱི་ལུས་དབེན་གྱི་དབེན་གཞི་ནི་དབང་པོ་དྲུག་དང༌། དེ་བྱང་སེམས་སུ་སྒོམ་པ་དེའི་ལུས་དབེན་དུ་གསུངས་སོ། །དེ་ལ་མིག་ས་སྙིང་ལ་ཕྱེ་ན། མིག་གིས་གཟུགས་གསུམ་འཛིན་པ་དང༌། མིག་འབྲས་ཀྱི་དཀར་པོ་དང༌། ཟུར་གྱིས་ལྟ་བའི་མིག་གི་གཟུགས་དང༌། མིག་གཡོ་བ་དང༌། རྒུན་འབྲུའི་ཚད་ཙམ་གྱི་མིག་དབང་ནི། ས་སྙིང་གི་རྣམ་སྣང་སོགས་ལྔའི་རིགས་སོ། །རྣ་བ་ཕྱག་རྡོར་ལ་ཕྱེ་ན། རྣ་བའི་རང་བཞིན་དང༌། སྒྲ་གསུམ་འཛིན་པ་དང༌། རྣ་བའི་བུ་ག་དང༌། རྣ་བའི་རྩ་བ་དང༌། གྲོ་ག་བཅུས་ཏེ་བཅད་པ་ལྟ་བུའི་རྣ་བའི་དབང་པོ་ནི་ཕྱག་རྡོར་གྱི་རྣམ་སྣང་སོགས་ལྔའི་འོ། །སྣ་ནམ་སྙིང་ལ་ཕྱེ་ན། སྣའི་རང་བཞིན་དང། སྣའི་ནང་གི་དབུས་དང། སྲི་གསུམ་འཛིན་པ་དང། སྣའི་བུ་ག་དང། མིག་སྨན་གྱི་ཐུར་མ་ཕྲ་བ་ལྟ་བུའི་སྣའི་དབང་པོ་ནི། ནམ་སྙིང་གི་རྣམ་སྣང་སོགས་ལྔའི་འོ། །ལྕེ་འཇིག་རྟེན་དབང་ཕྱུག་ལ་ཕྱེ་ན། ལྕེའི་རང་བཞིན་དང༌། དེའི་རྩ་བ་དང༌། དེའི་
རྩེ་མོ་དང༌། རོ་གསུམ་འཛིན་པ་དང༌། ཟླ་ཕྱེད་ཀྱི་དབྱིབས་ལྟ་བུའི་ལྕེ་དབང་ནི། འཇིག་རྟེན་དབང་ཕྱུག་གི་རྣམ་སྣང་སོགས་ལྔའི་འོ། །ལུས་སྒྲིབ་པ་རྣམ་སེལ་ལ་ཕྱེ་ན། ལུས་དབང་དང༌། ལུས་ཀྱི་རུས་པ་དང༌། ཤའི་རང་བཞིན་དང༌། པགས་པའི་རང་བཞིན་དང༌། རེག་བྱ་འཛིན་པ་ནི་སྒྲིབ་སེལ་གྱི་རྣམ་སྣང་སོགས་ལྔའི་འོ། །སྣང་མཆེད་ཐོབ་གསུམ་གང་དུ་འདུ་བའི་ཡིད་ཀྱི་དབང་པོ་འཇམ་དཔལ་ལ་ཕྱེ་ན། མེ་ལོང་ལྟ་བུ། མཉམ་ཉིད། སོ་སོར་རྟོག་པ། བྱ་བ་སྒྲུབ་པ། ཆོས་དབྱིངས་ཡེ་ཤེས་ཏེ་ལྔ་ནི། འཇམ་དཔལ་གྱི་རྣམ་སྣང་སོགས་ལྔའི་རིགས་སོ། །དེ་རྣམས་ནི་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་དུ་དངོས་པོ་མ་ལུས་པ་ཅིག་ཅར་ཤེས་པ་དང༌། རྐང་མེད་སོགས་བཞིའི་སེམས་ཅན་རྣམས་ཀྱང་སེམས་ཙམ་མོ་ཞེས་རྣམ་པ་གཅིག་ཏུ་རྟོགས་པ་དང༌། ཕྱི་ནང་གི་དངོས་པོ་རྣམས་སོ་སོར་ཕྱེ་སྟེ་བརྟགས་ན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་ནོ་ཞེས་ཤེས་ནས། ཆོས་ཐམས་ཅད་ཀྱི་ཆ་ཤས་འདི་དག་གོ་ཞེས་པདྨའི་འདབ་མ་ལྟར་སོ་སོར་རྟོག་ཅིང༌། དོགས་པ་མེད་པར་གནས་པ་དང༌། བདག་གཞན་གྱི་སྒོ་གསུམ་གྱི་བྱ་བ་རྣམས་རྫོགས་པས་སྒྲུབ་པ་དང༌། སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་ལས་ཉོན་ལས་གྲོལ་ཏེ། དགེ་མི་དགེའི་བག་ཆགས་རྣམས་སྦྱངས་པར་སྤྱོད་བསྡུས་ལས་གསུངས་པ་ནི་འབྲས་བུའི་སྐབས་ཀྱི་ཡེ་ཤེས་
ལ་དགོངས་ལ། རྣམ་གཞག་ལས་ཡེ་ཤེས་བཞིའི་ཐིམ་རིམ་བཤད་པའི་དགོངས་པ་དང༌། མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟར་ཡུལ་རྣམས་གསལ་བར་སྣང་བ་དང༌། ཚོར་བ་གསུམ་མྱོང་བར་རིགས་གཅིག་པའི་མཉམ་པ་ཉིད་དང༌། ཕ་མ་ལ་སོགས་པའི་འགྲོ་བ་རྣམས་ཀྱི་མིང་སོ་སོར་དྲན་པ་དང༌། འཇིག་རྟེན་པའི་བྱ་བ་དང་དགོས་པ་རྣམས་དྲན་པ་ནི་དང་པོ་བཞི་ཡིན་ལ། ལྔ་པ་ནི་དྲི་མ་སྤངས་ན་གནས་འགྱུར་རུང་གི་ཡིད་ཀྱི་དབང་པོའི་ངོ་བོ་ལ་བྱའོ། །འདིར་སྤྱོད་བསྡུས་སུ། འཇམ་དཔལ་གྱི་ཏིང་ངེ་འཛིན་བཤད་ཟིན་ཏོ། །ཞེས་གསུངས་ཤིང༌། གཟུགས་རྡོ་རྗེ་མ་སོགས་ལྔ་ཡང་བཤད་པའི་འོག་ཏུ་ཡེ་ཤེས་ལྔ་བཤད་པ་ལ་བསམས་ནས། འཇམ་དཔལ་བཤད་པ་ཞར་བྱུང་དུ་བྱས་ནས། དེ་ལས་ཟུར་དུ་ཡེ་ཤེས་ལྔ་འཆད་པ་མི་འཐད་དེ། ལྷ་སོ་གཉིས་ཀྱི་ཁྲོ་བོ་བཅུ་དང༌། བྱམས་པ་ཀུན་བཟང་གཉིས་བཞག་ནས། ལྷག་མ་ལྷ་རེ་རེ་ལ་རིགས་ལྔ་ལྔར་འབྱེད་པ་ཡིན་པའི་ཕྱིར་དང༌། རིགས་བརྒྱའི་རིགས་ལྔར་བགྲངས་རྒྱུའི་ཡེ་ཤེས་ལྔ་ནི་ཡིད་ཀྱི་ཤེས་པར་འདུ་བའི་ཕྱིར་དང༌། སྐྱེ་མཆེད་གཞན་རྣམས་ཀྱི་སྐབས་སུ་ཡང༌། སྐྱེ་མཆེད་དེ་དག་དངོས་མིན་ཀྱང༌། དེ་དག་གི་སྐབས་ཀྱི་རིགས་སུ་བཞག་པ་དུ་མ་སྣང་བའི་ཕྱིར་རོ། །བཞི་པ་ནི། རྩ་བའི་རྒྱུད་ལས། གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་ཡུལ་གྱི་ལུས་དབེན་
གྱི་དབེན་གཞི་ནི། ཡུལ་ལྔ་དང་དེ་ལྔ་རྡོ་རྗེ་མ་ལྔར་སྒོམ་པ་ནི་དེའི་ལུས་དབེན་དུ་གསུངས་སོ། །དེ་ལ་རྒྱུ་བའི་རླུང་མིག་ལ་བརྟེན་ནས་གཟུགས་ལྔ་མཐོང་བའི་གྲོགས་བྱས་ཏེ་མཐོང་བའི་གཟུགས་གཟུགས་རྡོ་རྗེ་མ་ལ་ཕྱེ་ན། རྐྱེན་གསུམ་ཚོགས་པ་ལ་བརྟེན་ནས་མཐོང་བའི་གཟུགས་སྤྱི་ཙམ་པ་དང༌། རྗེས་སུ་ཆགས་པའི་དང༌། ཡིད་དུ་འོང་མི་འོང་བར་མ་གསུམ་གྱི་དང༌། བྱ་བ་རྣམས་སྒྲུབ་པའི་དང༌། འགྱིང་བག་དང་རྣམ་པར་རོལ་པ་དང་སྟེག་པ་སྟེ་སྒེག་པའི་གཟུགས་ནི། གཟུགས་རྡོ་རྗེ་མའི་རྣམ་སྣང་ལ་སོགས་པ་ལྔའི་རིགས་སོ། །རྣམ་པར་རྒྱུ་བའི་རླུང་རྣ་བ་ལ་བརྟེན་ནས་སྒྲ་ཐོས་པའི་གྲོགས་བྱས་ཏེ་ཐོས་པའི་སྒྲ་རྡོ་རྗེ་མ་ལ་ཕྱེ་ན། རྣ་བའི་ནང་དང་མགོ་དང་སྐྲའི་སྒྲ་དང༌། གླུ་དང་རྒྱུན་གྱི་སྒྲ་དང༌། རྐན་དང་མཆུ་དང་ངག་གི་སྒྲ་དང༌། ནགས་ཚལ་དང་ཆུ་བོ་དང་ཐལ་མོ་དང་རྫ་རྔ་ལ་སོགས་པ་རོལ་མོའི་སྒྲ་དང༌། ཧཱུཾ་ཡིག་གི་ཞི་དྲག་གི་སྒྲ་ནི་སྒྲ་རྡོ་རྗེ་མའི་རྣམ་སྣང་ལ་སོགས་པ་ལྔའི་འོ། །ཡང་དག་པར་རྒྱུ་བའི་རླུང་སྣ་ལ་བརྟེན་ནས་དྲི་ཚོར་བའི་གྲོགས་བྱས་ཏེ། ཚོར་བའི་དྲི་རྡོ་རྗེ་མ་ལ་ཕྱེ་ན། དྲི་སྤྱི་དང༌། ཡན་ལག་གི་དྲི་དང༌། དྲི་གསུམ་གྱི་བྱེ་བྲག་དང༌། རོའི་དྲི་དང༌། དྲི་མི་ཟད་པ་ནི་དྲི་རྡོ་རྗེ་མའི་རྣམ་སྣང་སོགས་ལྔའི་འོ། །རབ་ཏུ་རྒྱུ་བ་ལྕེ་ལ་བརྟེན་ནས་རོ་མྱོང་བའི་གྲོགས་བྱས་ཏེ་མྱོང་བའི་རོ་རྡོ་རྗེ་མ་ལ་ཕྱེ་
ན། མངར་བའི་དང༌། སྐ་བའི་དང༌། ལན་ཚྭའི་དང༌། ཚ་སྐྱུར་གྱི་དང༌། ཁ་བའི་རོ་ནི་རོ་རྡོ་རྗེ་མའི་རྣམ་སྣང་སོགས་ལྔའི་འོ། །ངེས་པར་རྒྱུ་བ་ལུས་ལ་བརྟེན་ནས་རེག་བྱ་མྱོང་བའི་གྲོགས་བྱས་ཏེ་མྱོང་བའི་རེག་བྱ་རྡོ་རྗེ་མ་ལ་ཕྱེ་ན། སྟན་གཅིག་ལ་གནས་པའི་དང༌། འཁྱུད་པའི་དང༌། འོ་བྱེད་པའི་དང༌། རྔུབ་བའི་དང༌། དབང་པོ་གཉིས་སྦྱོར་བའི་རེག་བྱ་ནི་རེག་རྡོ་རྗེ་མའི་རྣམ་སྣང་སོགས་ལྔའི་རིགས་སོ། །དེ་ལྟར་ཉི་ཤུ་པོ་རེ་རེ་ལ་ལྔ་ལྔར་བྱས་པ་རྣམས་ལྷའི་རྣམ་པར་འཆར་ཚུལ་ནི་རྣམ་སྣང་ལ་མཚོན་ན། ཞལ་ཕྱག་གི་གྲངས་དང་ཕྱག་མཚན་རྣམ་སྣང་འདྲ་བ་ལ་སྐུ་མདོག་མི་འདྲ་བའི་སྒོ་ནས་ལྔར་གྱུར་པ་སྟེ། དེས་གཞན་ཡང་ཤེས་པར་བྱའོ། །འོ་ན་ལྷ་སོ་གཉིས་ཀྱི་ཉི་ཤུ་བཤད་ནས་ལྷག་མ་བཅུ་གཉིས་འདིར་མ་བཤད་པ་ཅི་ཡིན་སྙམ་ན། རྩ་རྒྱུད་ལས་གཟུགས་ཕུང་ནས་རེག་བྱའི་བར་ཉི་ཤུ་ལྷ་སོ་སོར་སྒོམ་པ་གསལ་བར་བཤད་ཀྱི། ཡན་ལག་བཅུ་དང༌། ཚིགས་དང༌། རྩ་རྒྱུས་ཁྲོ་བོ་བཅུ་དང་སེམས་དཔའ་གཉིས་སུ་སྒོམ་པ་གསལ་བར་མ་བཤད་པས་དེའི་དབང་དུ་མཛད་པ་ཡིན་ཏེ། ཚན་པ་བཞི་པོ་རེ་རེ་རྫོགས་པ་ན། རྩ་རྒྱུད་ཀྱི་མདོ་འདིའི་དོན་བཤད་དོ་ཞེས་གསུངས་པའི་ཕྱིར་རོ། །དེ་འདྲ་བའི་རིགས་བརྒྱ་དང༌། དེ་ལས་ལྔ་དང༌། དེ་ལས་གསུམ་བྱེད་པའི་ཁུངས་སུ་སྤྱོད་བསྡུས་ལས་ཟླ་གསང་ཐིག་ལེ་དྲངས་པ་ནི།
མཚོན་པ་སྟེ་རྒྱུད་ཕྱི་མ་ལས་ཀྱང༌། དེ་ཉིད་རྣམ་པ་ལྔ་རུ་བཤད། །གསང་བ་རྣམ་པ་གསུམ་དུ་བཤད། །ལྷག་པའི་ལྷ་ནི་གསང་ཆེན་ཏེ། །དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་གསུངས་པས་ཀྱང་དོན་དེ་སྟོན་ནོ། །བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས་ཀྱང་རིགས་བརྒྱར་གསུངས་ལ། ཡང་རྒྱུད་དེར་གླེང་གཞིའི་སྦས་བཤད་ཀྱི་ལུས་དབེན་གྱི་སྐབས་སུ་ཡན་ལག་བཅུ་ཁྲོ་བོ་བཅུར་བཤད་ཅིང༌། མིག་ས་སྙིང་སོགས་སུ་བཤད་པའི་སོགས་ཁོང་ནས་བྱམས་པ་དང་ཀུན་བཟང་གཉིས་ཀྱང་བཏོན་ལ་ལྷ་སོ་གཉིས་ཚང་བར་བྱ་སྟེ། སྐབས་བཞན་དུ་ལུས་ལྷར་སྒོམ་པའི་སྐབས་སུ་གསུངས་པའི་ཕྱིར་དང༌། ལྷ་ཉི་ཤུའི་རེ་རེ་ལ་རིགས་ལྔར་དབྱེར་རུང་ལ། བཅུ་གཉིས་ལ་མི་རུང་བའི་ཁྱད་པར་མེད་པའི་ཕྱིར་དང༌། ལུས་དབེན་དུ་འཇོག་མི་འཇོག་ཀྱང་མཚུངས་པའི་ཕྱིར་རོ། །དེས་ན་དེར་སྔར་ལྟར་ཁྲོ་བོ་བཅུ་བཤད་པ་ལུས་དབེན་ལ་སྦྱར་ན་རིགས་བརྒྱ་ལས་མང་དུ་དོགས་ནས་འདོད་ཆགས་ཆོས་སྦས་ལ་སྔ་མ་རྣམས་འཆད་མོད་ཀྱང༌། འདོད་ཆགས་ཆོས་སྦས་ལ་འགྲིག་རྒྱུ་མི་སྣང་ཞིང༌། ལྷ་སོ་གཉིས་ཚང་བར་འཆད་པའི་བར་གཅོད་པ་མི་འཐད་པས། དེ་ཐམས་ཅད་ལུས་དབེན་གྱི་སྡེར་བྱའོ། །རང་གི་ལུས་དབེན་ནི་ཉི་ཤུ་པོ་དེ་ལས་བསྒྲུབས་ལ། དེའི་ཆ་བརྒྱར་ཕྱེ་བ་རྣམས་རིགས་ལྔའི་རིགས་ཀྱི་ལྷར་བསྟན་པས། རང་གི་
ལུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་ཞེས་གསུངས་ཏེ། དེའི་རྡུལ་ཕྲ་རབ་ཅེས་པ་ནི། ཆ་ཤས་སོ་སོ་བ་བརྒྱར་ཕྱེ་ནས་ལྷ་སོ་སོར་བྱས་པའི་མིང་ངོ༌། །གཉིས་པ་ནི། དེ་ལྟར་དམ་པ་རིགས་བརྒྱར་ཕྱེ་བ་དེ་དག་ཀྱང་བསྡུ་ན། དེ་ཉིད་རིགས་ལྔར་འདུའོ། །འདིར་དབེན་གཞིའི་ལུས་ཀྱི་རིགས་ལྔ་ནི། ས་ལ་སོགས་པའི་འབྱུང་བ་བཞི་དང༌། རྣམ་པར་ཤེས་པའི་ཁམས་དང་ལྔའོ། །དེ་ལ་གཟུགས་ཕུང་གི་རྣམ་སྣང་གི་རིགས་ནས་རེག་བྱ་རྡོ་རྗེ་མའི་རྣམ་སྣང་གི་རིགས་ཀྱི་བར་ཉི་ཤུ་ནི་སའི་ཁམས་སུ་བསྡུའོ། །དེ་བཞིན་དུ་རིན་འབྱུང་གི་རིགས་ཉི་ཤུ་ཆུ་དང༌། འོད་དཔག་མེད་ཀྱི་རིགས་ཉི་ཤུ་མེ་དང༌། དོན་གྲུབ་ཀྱི་རིགས་ཉི་ཤུ་རླུང་དང༌། མི་བསྐྱོད་པའི་རིགས་ཉི་ཤུ་རྣམ་ཤེས་ཀྱི་ཁམས་སུ་བསྡུའོ། །འདིར་སྤྱོད་བསྡུས་ལས་གཟུགས་ཕུང་ལ་སོགས་པ་འབྱུང་འགྱུར་དུ་བཤད་པ་ནི། འབྱུང་བ་བཞི་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་མ་གཏོགས་པའི་གཟུགས་ཕུང་ནི་འབྱུང་འགྱུར་དངོས་ཡིན་ལ། མིང་བཞིའི་ཕུང་པོ་ནི་འབྱུང་བའི་ལུས་ལ་བརྟེན་པ་ཙམ་ལ་འབྱུང་འགྱུར་དུ་བཏགས་པའོ། །རིགས་བརྒྱའི་སྡུད་བྱེད་ཀྱི་ཁམས་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རིགས་ལ་བྱས་ན་ལེགས་སོ། །གསུམ་པ་ནི། དེ་ཉིད་རིགས་ལྔར་བསྡུས་པ་དེ་ཡང་གསང་བ་རིགས་གསུམ་དུ་འདུ་སྟེ། སྐུ་རྡོ་རྗེ་རྣམ་སྣང་གི་རིགས་ཀྱི་ནང་དུ་རིན་འབྱུང་དང༌། གསུང་རྡོ་རྗེ་འོད་
དཔག་མེད་ཀྱི་རིགས་ཀྱི་ནང་དུ་དོན་གྲུབ་དང༌། ཐུགས་རྡོ་རྗེ་མི་བསྐྱོད་པའི་རིགས་ཀྱི་ནང་དུ་དྲུག་པ་རྡོ་རྗེ་འཆང་བསྡུས་པའི་ཚུལ་གྱིས་སོ། །འདིར་རིགས་བརྒྱ་ནས་བརྩམས་ཏེ་རིགས་ལྔའི་བར་གྱི་སངས་རྒྱས་དང་བྱང་སེམས་རྣམས་རང་གི་ལུས་ངག་ཡིད་གསུམ་གྱིས་བསྡུས་པར་སྤྱོད་བསྡུས་ལས་གསུངས་པ་དང༌། སྔར་རིགས་བརྒྱར་འབྱེད་པ་ན་སྒྲུབ་པ་པོ་ལས་གཞན་པའི་རྒྱུད་ཀྱིས་བསྡུས་པ་དང༌། རང་གཞན་གྱི་གང་ཟག་གཉིས་གང་གིའང་རྒྱུད་ཀྱིས་མ་བསྡུས་པ་སྣོད་ཀྱི་འཇིག་རྟེན་གྱི་ཆ་མང་དུ་བཤད་པ་དང་མི་འགལ་ཏེ། འདུས་པའི་ཚུལ་ནི། གཟུགས་ཕུང་དུ་འབྱུང་བཞི་འདུ་བ་ལྟ་བུ་ཡིན་པའི་ཚུལ་གྱིས་འདུས་པ་ཁོ་ན་མིན་པའི་ཕྱིར་ཏེ། འཆད་པར་འགྱུར་རོ། །འདིར་དབེན་གཞིའི་ལུས་ནི། ལུས་ངག་ཡིད་གསུམ་མོ། །བཞི་པ་ནི། དེ་ལྟར་རྡོ་རྗེ་གསུམ་གྱི་རིགས་སུ་བསྡུས་པ་དེ་ཡང་བསྡུ་ན་གསང་ཆེན་རིགས་གཅིག་ཏུ་འགྱུར་རོ། །དེ་ནི་རྡོ་རྗེ་གསུམ་ལ་སྐུ་གསུང་ཐུགས་གསུམ་དུ་བྱས་པའི་སྒོ་ནས། རྡོ་རྗེ་གསུམ་དབྱེར་མི་ཕྱེད་པར་བྱས་པའི་ལྷག་པའི་ལྷ་དྲུག་པ་རྡོ་རྗེ་འཆང་སྟེ་འདི་ནི་ལུས་དབེན་གྱི་མཐར་ཐུག་པའོ། །ལྔ་པ་ལ་གཉིས། སོར་སྡུད་ལུས་དབེན་དུ་སྡུད་ཚུལ་དང༌། བསམ་གཏན་ལུས་དབེན་དུ་སྡུད་ཚུལ་ལོ། །དང་པོ་ནི། སོར་སྡུད་ཀྱི་རྒྱུད་ཕྱི་མ་ལས། དབང་པོ་བཅུ་པོ་རྣམས་ཀྱི་ཡང༌། །རང་གི་འཇུག་གནས་ཐམས་ཅད་
དུ། །འདོད་པ་སོ་སོར་སྡུད་པས་ན། །སོ་སོར་སྡུད་པ་ཞེས་བཤད་དོ། །ཞེས་སོ། །དེ་ལ་སྤྱིར་འདོད་པ་ནི། འདིས་འདོད་པ་དང༌། འདི་འདོད་པ་གཉིས་ལས། འདིར་ནི་ཕྱི་མ་སྟེ་འདོད་ཅིང་ཆགས་པར་བྱ་བས་ན་འདོད་པ་སྟེ། གཟུགས་ལ་སོགས་པའི་ཡུལ་ལྔའོ། །དེ་ལ་དབང་པོ་རྣམས་ཀྱིས་སོ་སོར་ཏེ་ཡང་དང་ཡང་དུ་སྡུད་པ་སྟེ་ལེན་པས་ན་སོ་སོར་སྡུད་པ་ཞེས་བྱའོ། །ཡུལ་རྣམས་ལའང་དབང་པོའི་སྒྲ་ཉེ་བར་བཏགས་ནས་དབང་པོ་བཅུར་བཤད་དེ། མིག་ལ་སོགས་པའི་དབང་པོ་ལྔ་འཛིན་པ་དང༌། གཟུགས་སོགས་ལྔ་གཟུང་བའི་རང་བཞིན་གྱིས་འཇུག་པ་ནི་རང་གི་འཇུག་པའོ། །དེར་གནས་པ་ནི་རང་གི་འཇུག་གནས་སོ། །ཐམས་ཅད་ནི་དམན་མཆོག་བར་མའི་བྱེ་བྲག་གིས་གནས་པའོ། །དུ་ནི་ལའི་དོན་ཏེ། དེ་ཐམས་ཅད་ལ་དབང་པོས་སྤྱོད་པའོ། །ཆག་འགྱུར་ལས། དབང་པོ་བཅུ་པོ་རྣམས་ཀྱི་ནི། ཞེས་འབྱུང་ལ། འགྲེལ་པར་ཡང་ཡང་གི་དོན་མེད་དོ། །སོ་སོའི་སྐད་དོད་པྲ་ཏི་ནི་རྟེན་འབྲེལ་གྱི་སྐབས་སུ་ཚིག་གསལ་ལས་ཕྲད་པ་དང་ཟློས་པའི་དོན་དུ་བཤད། སོ་སོར་ཐར་པའི་སྐད་དོད་པྲ་ཏི་མོཀྵའི་དོན་མཛོད་ལས་དང་པོར་ཐར་པའི་དོན་དུ་བཤད། པྲ་ཏཱི་ཙྪའི་དོན་སོ་སོར་བཞེས་པའི་དོན་དུ་བཤད་དོ། །འདིར་ནི་ཟློས་པའི་དོན་ཡང་དང་ཡང་དུ་ཞེས་པ་ལ་བཟུང་སྟེ། སོ་སོར་བརྟན་པོར་བདག་གིས་གཟུང༌། །ཞེས་པའི་སྐབས་སུ་
ཡང་འགྲེལ་པ་གཞན་གྱིས་ཡང་ཡང་གི་དོན་དུ་བཤད་པ་བཞིན་ནོ། །དེས་ན་སོ་སོར་ཞེས་པའི་དོན་ཐ་དད་པ་དང་རེ་རེ་ཁོ་ན་ལ་བྱ་མི་དགོས་སོ། །སྒྲོན་མ་རབ་གསལ་ལས་གཟུགས་སོགས་རེ་རེ་ལ་སྤྱོད་པ་གཟུགས་སོགས་སོ་སོར་སྡུད་པའི་དོན་དུ་བཤད་པ་འདིར་མི་འདོད་དོ། །སྡུད་པ་ལ་ཡང་དོན་མང་པོ་ཡོད་ཀྱང༌། འདིར་ནི་ཁྲལ་བླངས་པ་ལ་ཁྲལ་བསྡུས་ཟེར་བ་ལྟར་ལེན་པའི་དོན་ཡིན་ལ། བསྡུ་རྒྱུ་ཡང་འདོད་ཡོན་ལྔར་གསུངས་པས། དབང་པོས་ཡུལ་ལྔ་ལོངས་སྤྱོད་པའོ། །དེ་ཡང་ཐུན་མོང་གི་བསྙེན་པ་རྡོ་རྗེ་བཞི་མཐར་ཕྱིན་ནས་མཆོག་གི་བསྙེན་པ་ལ་འཇུག་པའི་རྣལ་འབྱོར་པའི་དབང་པོས་ཡུལ་ལོངས་སྤྱོད་པ་ཡིན་མོད་ཀྱང༌། དེ་ཙམ་ཞིག་སོར་སྡུད་སྒོམ་པའི་ལམ་མིན་ཏེ། དེ་ནི་ཡིད་ཀྱི་ཤེས་པ་ཉིད་ལ་བཞག་དགོས་པའི་ཕྱིར་རོ། །དེས་ན་ལེའུ་བཅོ་ལྔ་པའི་སྒྲོན་གསལ་ལས། བཤང་གཅིའི་དམ་ཚིག་བཟའ་བར་བྱ། །ཞེས་བྱ་བ་སྟེ། བཤང་བ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གཅི་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཏེ། དེ་དག་གི་དམ་ཚིག་ནི་ཡུལ་དང་ཡུལ་ཅན་དུ་གྱུར་པས་འདུས་པ་སྟེ། དེ་བཟའ་བ་ནི་སོ་སོར་སྡུད་པ་ལ་སོགས་པའི་རིམ་པས་ཉམས་སུ་མྱོང་བ་འདི་ཉིད་ནི། ཞེས་དབང་པོས་ཡུལ་ལ་ལོངས་སྤྱོད་པ་བཟའ་བྱ་དང༌། སོར་སྡུད་དེ་ཟ་བྱེད་དུ་གསུངས་སོ། །དེའི་ཕྱིར་སྔར་བཤད་པའི་རྣལ་འབྱོར་པས་དབང་པོ་
ལྔས་ཡུལ་ལྔ་ལོངས་སྤྱོད་ཚུལ་ཁྱད་པར་བ་འགའ་ཞིག་ལ་སོ་སོར་སྡུད་ཀྱི་སྒྲ་བཤད་དུ་ཡོད་མོད་ཀྱང༌། ཡན་ལག་དྲུག་གི་ཡ་གྱལ་གྱི་སོར་སྡུད་ནི། དབང་པོས་ཡུལ་ལ་ལོངས་སྤྱོད་པའི་ཚེ། མཉམ་གཞག་གི་ལུས་དབེན་གྱི་བདེ་བ་ཆེན་པོའི་བདེ་སྟོང་གིས་རྒྱས་བཏབ་ནས་ལོངས་སྤྱོད་པའི་རྣལ་འབྱོར་ཡིན་པས། སོར་སྡུད་ནི་རྗེས་ཐོབ་ཏུ་སྐྱོང་བའི་ལུས་དབེན་ནོ། །འོ་ན་སྒྲོན་གསལ་ལས། སོ་སོར་སྡུད་པ་རྣམ་པར་སྦྱང་བའི་དོན་དུ་ཡན་ལག་གཉིས་པ་བསྟན་ཞེས་པའི་དོན་གང་ཡིན་སྙམ་ན། དབང་པོས་འདོད་ཡོན་ལོངས་སྤྱོད་པ་ལམ་དུ་བྱེད་པར་སོར་བསམ་གཉིས་འདྲ་ཡང༌། བསམ་གཏན་དུ་དེ་རྣམས་ལྷར་བསྒོམས་ནས་ལོངས་སྤྱོད་པ་ལྟར་སོར་སྡུད་དུ་མེད་པའི་དོན་ནོ། །དེ་ལྟ་ནའང་ལུས་དབེན་དུ་མི་འགྱུར་བའི་སྐྱོན་མེད་དེ། བདེ་བ་ཆེན་པོ་ཉིད་ངེས་དོན་གྱི་ལྷ་ཡིན་ལ། དེས་རྒྱས་བཏབ་ནས་སྒོམ་པ་ནི་ཐ་མལ་གྱི་རྣམ་རྟོག་ལས་དབེན་པར་བྱེད་པ་ཆེན་པོ་ཡིན་པས་སོ། །གཉིས་པ་ནི། བསམ་གཏན་གྱི་ཡན་ལག་ནི། རྒྱུད་ཕྱི་མ་ལས། འདོད་པ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔ་རུ་སྦྱོར་བ་ཡིས། །བརྟག་པ་བསམ་གཏན་ཞེས་བཤད་དེ། །བསམ་གཏན་དེ་ནི་རྣམ་ལྔར་འགྱུར། །རྟོག་དང་དཔྱོད་དང་དགའ་བ་དང༌། །དེ་བཞིན་བདེ་བ་ཉིད་དང་ཡང༌། །སེམས་ཀྱི་རྩེ་གཅིག་ཉིད་དག་སྟེ། །ལྔ་པོ་དེར་ནི་བསམ་གཏན་བསྡུ། །གསང་བའི་རྒྱུད་ནི་ཐམས་ཅད་དུ། །རྣམ་པ་དུ་མར་
ཡོངས་བཤད་པ། །གསང་བ་གསུམ་བྱུང་རྟོག་པ་སྟེ། །དེ་ཡི་ལོངས་སྤྱོད་དཔྱོད་པའོ། །དགའ་ལ་རེག་པ་གསུམ་པ་སྟེ། །བདེ་བས་བསྡུས་པ་བཞི་པའོ། །ཤེས་དང་ཤེས་བྱ་བྱུང་ཟད་པའི། །རང་སེམས་ལྔ་པར་ཤེས་པར་བྱ། །སངས་རྒྱས་ཀུན་དངོས་ཞི་བ་ནི། །འདོད་པ་ཀུན་ལ་རབ་ཏུ་གནས། །ཞེས་སོ། །གཟུགས་སྒྲ་ལ་སོགས་པའི་འདོད་པ་ལྔ་མདོར་བསྡུས་པ་སྟེ་དབང་པོ་རྣམས་དང་གཅིག་ཏུ་གྱུར་ནས་སོ་ཞེས་གསུངས་པ་ནི། དབང་པོ་དང་ཡུལ་ཡུལ་ཅན་དུ་ལྷན་ཅིག་ཏུ་འདུས་པའི་དབང་པོ་དང་ཡུལ་གཉིས་ཀའོ། །སངས་རྒྱས་ལྔ་ནི་མིག་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྦྱོར་བ་ནི་ཡང་དག་པར་སྦྱོར་བས། སངས་རྒྱས་ལྔ་རུ་སྦྱོར་བ་ཡིས་ཏེ། དེ་བས་ན་གཟུགས་ལ་སོགས་པ་རྣམས་ཀྱང་སངས་རྒྱས་ཡིན་ནོ། །ཞེས་སྒྲོན་གསལ་ལས་གསུངས་པ་ནི། སངས་རྒྱས་ལྔ་ནི་མིག་ལ་སོགས་པ་དེ་རྣམས་ཀྱི་སྦྱོར་བ་ནི། ཞེས་འོང་རྒྱུར་འདུག་ཀྱང་འགྱུར་ཅུང་མ་བདེའོ། །མིག་སོགས་ལྔ་རྣམ་སྣང་ནས་མི་བསྐྱོད་པའི་བར་གྱི་སངས་རྒྱས་ལྔར་ཡང་དག་པར་སྦྱོར་བས་ན། གཟུགས་སྒྲ་སོགས་ལྔ་ཡང་རིགས་ལྔར་སྦྱོར་རོ། །དེ་ལྟར་དབང་ཡུལ་གཉིས་སངས་རྒྱས་ཡིན་ཞེས་ཡོངས་སུ་དག་པའི་ལྷར་བརྟག་པ་དེ་ནི་བསམ་གཏན་ཏེ། དེ་ལ་ནི་རྟོག་པ་ལ་སོགས་པ་ལྔའོ། །སྤྱིའི་མཚན་ཉིད་བཤད་པའི་
སྐབས་འདིར་བསམ་གཏན་གྱིས་ཡུལ་དབང་ལྷར་སྒོམ་པར་བཤད་པ་ནི་མཚོན་པ་ཙམ་སྟེ། ལུས་དབེན་གྱི་སྐབས་ལྟར་ཕུང་སོགས་ལྷར་སྒོམ་པ་ཡང་ཤེས་པར་བྱ་ལ། ལྷའི་སྐུ་ཁོ་ན་སྒོམ་པར་མི་གཟུང་སྟེ། ལྷའི་དེ་ཁོ་ན་ཉིད་སྒོམ་པ་ཡང་དགོས་པར་རྒྱས་བཤད་ཀྱི་སྐབས་ལས་ཤེས་སོ། །བདུད་རྩི་གསང་བར་འདོད་པ་ལྔ་ཕུང་པོ་ལྔ་དང༌། དེ་རེ་རེ་ལ་ནང་གི་དབྱེ་བ་དུ་མ་ཡོད་ཀྱང་ལྔར་བསྡུས་པ་མདོར་བསྡུས་པའི་དོན་དུ་བྱེད་པ་ནི་དོན་མིན་ནོ། །དབང་པོ་དང་ཡུལ་དང་དབང་པོའི་ཤེས་པ་གསུམ་ནི་གསང་བ་གསུམ་སྟེ་ལྔ་ཚན་གསུམ་པོ་རིགས་ལྔའི་བདག་ཉིད་ཡིན་ནོ་ཞེས་རྟོག་པ་ནི་རྟོག་པའོ། །གསང་བ་གསུམ་ནི་རྟོག་པ་སྟེ། །ཞེས་པ་ཚབ་དང་ཆག་གི་འགྱུར་ལས་འབྱུང་བ་ལྟར་ལེགས་ཏེ། འགྲེལ་པར་འབྱུང་བའི་དོན་མེད་པས་སོ། །རྟོག་པ་དེ་ཡི་ལོངས་སྤྱོད་དེ། །ཡུལ་དེ་ཉིད་ལ་རྣམ་པར་དཔྱོད་པས་གནས་པ་ནི་དཔྱོད་པའོ། །བདུད་རྩི་གསང་བར་རབ་ཏུ་ཕྱེ་སྟེ་སྒོམ་པ་ནི་དཔྱོད་པར་བཤད་པ་ལྟར་ཞིབ་ཏུ་ཕྱེ་མ་ཕྱེའི་སྒོ་ནས་རྟོག་དཔྱོད་དུ་བཞག་སྟེ། འདི་གཉིས་ཀྱང་རྗེས་ཐོབ་ཏུ་སྐྱོང་བའི་ལུས་དབེན་ནོ། །དེ་ལྟར་ན་དང་པོར་སོར་སྡུད་ཀྱི་སྐབས་སུ་ཡུལ་དབང་སོགས་ཀྱི་ཆོས་རྣམས་བདེ་སྟོང་གི་རྣམ་འགྱུར་དུ་ལྟ་བ་ལ་བསླབ། དེ་བརྟན་པ་ན་བདེ་སྟོང་གི་རྣམ་འགྱུར་ལྷར་འཆར་བའི་བསམ་གཏན་ལ་
བསླབ་བོ། །འདིར་སྒྲོན་གསལ་ལས། དེ་ལྟར་དཔྱད་ནས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་པར་ཕྱོགས་པས། གང་ཡིད་བདེ་བའི་མཚན་ཉིད་ཅན་དེ་ནི་དགའ་བ་ལ་རེག་པའོ། །དེ་ཁོ་ན་ཉིད་ལ་མངོན་པར་ཞུགས་པས་ལུས་ཤིན་ཏུ་སྦྱངས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་བདེ་བ་གང་ཐོབ་པ་དེ་ནི་བདེ་བས་བསྡུས་པའ། །ཞེས་དགའ་བ་ཡིད་བདེ་དང༌། བདེ་བ་ལུས་ཤིན་སྦྱངས་དང༌། སོགས་ཀྱིས་བསྡུས་པའི་སེམས་ཤིན་སྦྱངས་ཀྱི་བདེ་བ་དང༌། སྔ་མ་དེ་ཁོ་ན་ཉིད་ལ་འཇུག་པ་ལ་ཕྱོགས་པས་ཐོབ་པ་དང༌། ཕྱི་མ་དེ་ཁོ་ན་ཉིད་ལ་ཞུགས་པས་ཐོབ་པར་གསུངས་ཤིང༌། པ་ཚབ་ཀྱི་འགྱུར་ལས། དེ་ལྟར་དཔྱོད་བཞིན་པ་ལ། ཞེས་དང༌། ཆག་འགྱུར་ལས། དེ་ལྟར་དཔྱད་པ་ལས། ཞེས་འབྱུང་ངོ༌། །འགྱུར་རྙིང་གཉིས་ལས། དེ་ལྟར་དཔྱད་ནས་ཞེས་པའི་དོན་ནི། རྟོག་དཔྱོད་གཉིས་ཀྱིས་སྔར་ལྟར་དཔྱད་ནས་ཞེས་སྔ་མའི་དོན་བསྡུས་ཤིང༌། དེ་ཁོ་ན་ཉིད་ལ་ཞུགས་པས་དགའ་བདེ་གཉིས་འཐོབ་ཅེས་ཕྱི་མའི་འཐོབ་ཚུལ་སྟོན་ནོ། །དེ་ཁོ་ན་ཉིད་ལ་ཞུགས་པ་དང་ཕྱོགས་པ་གཉིས་ནི་དོན་འདྲ་ལ། ཚུལ་དེས་དགའ་བདེ་འཐོབ་ཚུལ་ནི། དང་པོར་འོག་སྒོའི་ཕྲ་མོ་བསྒོམས་པའི་དབང་གིས་བདེ་བ་ཆེན་པོ་ཐོབ་པ་ན་དེས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པར་བྱས་ཏེ་བསྒོམས་པས། སྟོང་པ་ཉིད་རྟོགས་པའི་ཡིད་བདེ་ཁྱད་པར་ཅན་ལ་རེག་པ་སྟེ་འཐོབ་པ་དང༌། སྟོང་པ་ཉིད་རྟོགས་པའི་ལུས་སེམས་
ཤིན་ཏུ་སྦྱངས་པའི་བདེ་བ་འཐོབ་བོ། །ལུས་ཤིན་སྦྱངས་དངོས་ནི། ལུས་ཤིན་ཏུ་ལས་རུང་དུ་སོང་བའི་རེག་བྱ་ཁྱད་པར་ཅན་ཞིག་ཡིན་པས། འདིར་དེ་མིན་གྱི། ལུས་དང་སེམས་ཤིན་ཏུ་ལས་རུང་དུ་བྱེད་པའི་བྱེད་ཆོས་སུ་གྱུར་པའི་ཤིན་སྦྱངས་ཀྱི་བདེ་བ་སྟེ། སྔར་གྱི་ཡིད་བདེ་དང་མཚུངས་ལྡན་གྱི་སེམས་བྱུང་ངོ༌། །སྔར་བཤད་པ་དེ་ལྟར་སྦྱངས་པའམ་གོམས་པར་བྱས་པ་ལས་འོག་ནས་འཆད་པ་ལྟར་གྱི་རབ་ཀྱི་མཐར་ཐུག་པར་སོན་པའི་ཕྱིར། ཤེས་པ་མིག་གི་རྣམ་ཤེས་ལ་སོགས་པ་དྲུག་དང༌། ཤེས་བྱ་གཟུགས་ལ་སོགས་པ་དྲུག་ཏུ་བྱུང་བ་ཟད་པ་ནི། སེམས་ཀྱི་གཟུང་འཛིན་རྒྱངས་ཆད་དུ་སྣང་བས་སྟོང་པ་ཉིད་དོ། །དེ་བས་ན་ཡེ་ཤེས་ཀྱི་མཚན་ཉིད་སེམས་རྩེ་གཅིག་པ་ལ་ནི་རང་སེམས་ཞེས་བྱའ། །འདིར་ཆག་འགྱུར་ལས། སངས་རྒྱས་ཀུན་གྱི་རང་བཞིན་ཞི། །ཐམས་ཅད་ནམ་མཁའ་ལ་རབ་གནས། །ཞེས་དང༌། རྣལ་འབྱོར་པའི་སེམས་དེ་ལྟ་བུ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཞི། །ཞེས་པ་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཞི་བའི་ཕྱིར་ཞི་བ་སྟེ་སྣང་བ་ཙམ་མོ། །དེ་ཐམས་ཅད་སྟོང་པ་ཉིད་དང་གཅིག་ཏུ་མཐར་ཐུག་པར་འབྱུང་བར་འགྱུར་ཏེ། ཞེས་འབྱུང་བའི་སྔ་མ་རྣམས་ལེགས་ལ། ཕྱི་མ་ནི་པ་ཚབ་ཀྱིས། དེ་ནི་ཐམས་ཅད་སྟོང་པ་ཉིད་གཅིག་པུའི་མཐར་ཐུག་པར་འགྱུར་ཏེ། ཞེས་འབྱུང་བ་ལྟར་བདེའོ། །སྔར་གྱི་སེམས་རྩེ་གཅིག་པ་དེ་ནི་སངས་རྒྱས་ཀུན་གྱི་རང་
བཞིན་སྟོང་པ་ཉིད་ལ་ཞུགས་པ་དང༌། ཙམ་གྱི་སྒྲས་ཀུན་རྟོག་རྣམས་དེའི་དུས་ན་ཡོད་པ་གཅོད་དེ་ཞི་བའི་དོན་ནོ། །ནམ་མཁའ་ནི་སྟོང་པ་ཡིན་པས་ཐམས་ཅད་སྟོང་པ་ཞེས་པ་སྟོང་པ་བཞི་པའོ། །དེ་ལ་རབ་ཏུ་གནས་པ་ནི་སྟོང་པ་སྔ་མ་གསུམ་རིམ་གྱིས་དེར་ཞུགས་པ་སྟེ། རྐང་པ་འདི་གཉིས་ཀྱང་སེམས་རྩེ་གཅིག་པའི་བཤད་པའོ། །དེས་ན་གླན་གྱིས་སེམས་རྩེ་གཅིག་པ་སེམས་དབེན་ལ་སྦྱར་ནས། སངས་རྒྱས་ཀུན་དངོས་ཀྱིས་སྒྱུ་ལུས་དང༌། དེའི་ལྷག་མས་འོད་གསལ་མདོར་བསྟན་པ་ཡིན་ཞེས་ཟེར་བ་ནི་འཐད་པ་མིན་ནོ། །རྡོ་རྗེ་འཕྲེང་བའི་གླེང་གཞི་སྦས་བཤད་ཀྱི་ཁམས་ཀྱི་ལུས་དབེན་གྱི་སྐབས་སུ་ཡང༌། རླུང་དང་མེ་དང་ཆུ་དང་ས། །སྤྱན་ལ་སོགས་པ་བཞི་པོ་སྟེ། །ཡེ་ཤེས་བདག་ཉིད་ཅན་གསུམ་དུ། །ཤེས་བྱ་སངས་རྒྱས་བྱང་ཆུབ་སྟེར། །ཞེས་འབྱུང་བ་བཞི་སྤྱན་མ་སོགས་བཞིར་སྒོམ་པ་རྣམས་སྟོང་པ་གསུམ་གྱི་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་དུ་ཤེས་པར་བྱ་བར་གསུངས་པས། ལུས་དབེན་གྱི་སྐབས་སུ་ལམ་དུས་ཀྱི་སྟོང་པ་གསུམ་གྱི་ཡེ་ཤེས་ཡོད་དོ། །སྔར་སྟོང་པ་བཞི་པ་གསུངས་པ་ནི་དཔེའི་འད་གསལ་ཡིན་ལ། དེ་ནི་ལུས་དབེན་ནས་སྒྱུ་ལུས་ཀྱི་བར་དུ་སྐྱེ་བ་མི་འགལ་ལོ། །འོན་ཀྱང་སྒྱུ་ལུས་མན་ཆད་དུ་སྟོང་པ་གསུམ་དུ་གསུངས་པ་ནི། དཔེའི་འོད་གསལ་ཉེར་ཐོབ་སྟོང་ཆེན་དུ་བསྡུས་པ་ལ་དགོངས་སོ། །དེས་ན་སྐབས་
འདི་དག་ཏུ་ཉེར་ཐོབ་འོད་གསལ་དུ་ཞུགས་པ་ནི་དྲན་མེད་དུ་སོང་བའི་ཉེར་ཐོབ་དེ་དེའི་སྨད་ཐམས་ཅད་སྟོང་པར་བཞག་པའི་ནམ་མཁའ་སྤྲིན་མེད་ལྟ་བུ་དེར་ཞུགས་པ་ལ་བྱའོ། །འོ་ན་སྔར་བསམ་གཏན་སྤྱིའི་མཚན་ཉིད་བཤད་པ་དེ་རྟོག་དཔྱོད་གཉིས་ལ་སྣང་ཡང་དགའ་བདེ་དང་སེམས་རྩེ་གཅིག་པ་ལ་མི་སྣང་བས། དེ་གསུམ་བསམ་གཏན་དེ་ལས་ཕྱེ་བར་མི་འགྱུར་རོ་སྙམ་ན། བསམ་གཏན་གྱིས་དབང་ཡུལ་སོགས་ལྷར་སྒོམ་པར་བཤད་པ་དེ་ལ་ལྷའི་ཞལ་ཕྱག་གི་རྣམ་པ་ཅན་དུ་སྒོམ་པ་དང༌། ལྷའི་དེ་ཁོ་ན་ཉིད་སྒོམ་པ་གཉིས་སུ་བྱེད་པས་སྐྱོན་མེད་དོ། །སྒྲོན་མ་རབ་གསལ་ལས། ཡུལ་ལ་སྤྱོད་པའི་དུས་སུ་དབང་པོ་སོགས་གསུམ་རིགས་ལྔའི་བདག་ཉིད་དོ་ཞེས་རྟོག་པ་རྟོག་པ་དང༌། དེ་རྣམས་ཡེ་ཤེས་ལྔའི་བདག་ཉིད་དོ་ཞེས་རྟོག་པ་དཔྱོད་པ་དང༌། དེ་ཁོ་ན་ཉིད་ལ་མངོན་དུ་གྱུར་པ་ནི་བདག་ཡིན་ནོ་ཞེས་བསམས་པས་དགའ་བའི་ཁྱད་པར་སྐྱེས་པ་དགའ་བ་དང༌། སེམས་ཀྱི་བདེ་བ་དེ་ཐོབ་ནས་ལུས་ཤིན་སྦྱངས་སུ་གྱུར་པ་བདེ་བར་བཤད་ཅིང༌། རྟོག་དཔྱོད་གཉིས་སྣང་བ་དང༌། དགའ་བ་མཆེད་པ་དང༌། བདེ་བ་ཉེར་ཐོབ་ཏུ་བཤད་དེ། སེམས་དབེན་གྱི་ཡེ་ཤེས་གསུམ་ལ་འདོད་པར་སྣང་ངོ༌། །འདི་ནི་ཡེ་ཤེས་གསུམ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས་པའི་དོན་སྤྱོད་བསྡུས་སུ་སེམས་དབེན་གྱི་སྐབས་སུ་བཤད་པའི་དམིགས་པ་གང་ཡིན་པ་དང༌།
དེ་ལ་འཛིན་སྟངས་ཀྱི་རྣམ་པ་ཇི་འདྲ་ཞིག་གིས་བཟུང་བའི་ཚུལ་ལེགས་པར་མ་ངེས་པའི་སྐྱོན་ནོ། །ནཱ་རོ་པས་ཡན་ལག་གཉིས་ཀྱི་དོན་བཤད་པ་ནི་སྒྲོན་གསལ་བྲིས་པ་ཙམ་དུ་སྣང་ངོ༌། །འཕགས་ལུགས་ཀྱི་སྦྱོར་དྲུག་འདི་ཞིབ་པར་བཤད་དགོས་པར་འདུག་ནའང༌། སྔ་མ་རྣམས་ཀྱིས་ཞིབ་པར་མ་མཛད་སྣང་བས། འདིར་ཞིབ་ཏུ་བཤད་ཅིང་འཆད་པར་འགྱུར་རོ། །དྲུག་པ་ལ་གསུམ། ཕྲ་མོ་བསྒོམས་པས་རླུང་འདུ་ལུགས། དེ་ལས་ཞུ་བདེ་སྐྱེ་ཚུལ། སྐྱེས་པའི་ཚེ་མཉམ་རྗེས་སུ་སྐྱོང་ཚུལ་ལོ། །དང་པོ་ནི། ཕྲ་མོའི་དཀྱིལ་འཁོར་ལ་དམིགས་པའི་རྣལ་འབྱོར་བརྟན་པོ་རྙེད་པས་ཞུ་བདེ་ཁྱད་པར་ཅན་འདྲེན་ནུས་པ་སྔར་བྱུང་ན། དགའ་བའི་སྐྱེ་ཚུལ་ཤེས་པར་བྱས་ལ་འཆད་པ་ལྟར་བསྐྱང༌། དེ་ལྟར་རྙེད་ཀྱང་མ་བྱུང་ན་མཚམས་འདི་ནས་གཙོ་བོ་ཡབ་ཡུམ་གྱི་རྣལ་འབྱོར་ལ་གནས་ནས་བསྒོམ། དེ་ཡང་མིན་པ་ད་ལྟ་འཇུག་པ་ལྟར་བྱེད་ན། དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་སྒོམ་པ་སྔོན་དུ་བཏང་བའི་མཐར་བསྒོམ་མོ། །རིམ་ལྔ་བསྡུས་པ་ལས། ལུས་དང་དུས་དང་ཡུལ་རླུང་གི །གནད་ནི་རྣམ་པ་བཞིར་ཤེས་བྱ། །ཞེས་བཤད་པ་ལྟར་བྱ་བ་ལ་ལུས་ཀྱི་གནད་ནི་ངག་དབེན་དུ་འཆད་པ་ལྟར་རོ། །དུས་ཀྱི་གནད་ནི་སྤྱིར་རྒྱུན་དུ་བ་ཡིན་མོད་ཀྱང༌། ཁྱད་པར་དུ་རིག་པ་གསལ་བ་དང༌། ཕྱི་དྲོ་མེའི་དུས་སུ་བསྒོམ། རླུང་གི་གནད་ནི་རང་ལུགས་པས་ཆོག་
གོ །གང་དུ་དམིགས་པ་གཏོད་པ་ཡུལ་གྱི་གནད་ནི། ལེའུ་དྲུག་པའི་སྒྲོན་གསལ་ལས། སྐྱེས་པས་རྡོ་རྗེའི་བུ་གར་ཕྱག་མཚན་ནས་འབྲུ་ཙམ་དང༌། བུད་མེད་ཀྱིས་བྷ་གའི་ནང་དུ་ཙ་ཎ་ཀའི་ཚད་ཙམ་དང༌། ལེའུ་གསུམ་པའི་སྒྲོན་གསལ་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡུངས་དཀར་གྱི་འབྲུ་ཚད་ཙམ་རང་གི་རྡོ་རྗེའི་ཁར་རིགས་ལྔའི་བདག་ཉིད་དུ་བྱས་ནས་སྒོམ་པར་བཤད་ལ། ཞལ་ལུང་ལས། སྔར་དྲངས་པ་ལྟར་ནོར་བུའི་དཀྱིལ་དུ་སྒོམ་པར་གསུངས་པ་ནི། རྡོ་རྗེའི་བུ་གར་སྒོམ་པར་གསུངས་པ་དང་མི་མཐུན་པ་མེད་དོ། །རྡོ་རྗེའི་ཁར་སྒོམ་པ་ནི་དྷཱུ་ཏཱིའི་མར་སྣ་ཡིན་པ་ལ་དགོངས་པས་དེ་གཉིས་འདྲའོ། །ཞལ་ལུང་ལས། སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས་དཀྱིལ་འཁོར་སྤྱན་དྲངས་སྙིང་ཁར་བཙུད་པ་རྣམས་ཞུ་ནས་བབས་པའི་ཐིག་ལེ་ནོར་བུར་གནས་པར་བཤད་ལ། སྒྲོན་གསལ་ལས། གཞི་དུས་ཀྱི་ཕོ་མོ་སྙོམས་པར་ཞུགས་པས་ཆགས་པའི་མིས་ཞུ་བའི་ཐིག་ལེ་པདྨར་ལྷུང་བའི་སྲིད་པའི་བསྐྱེད་རིམ་ལྟར་སྒོམ་པར་བཤད་པས། དེ་ལྟར་བྱས་པའི་ཐིག་ལེ་འོག་སྒོར་ཕབ་ནས་སྒོམ་པར་མངོན་ནོ། །ཐིག་ལེའི་ཁ་དོག་ནི་རང་གི་ལྷའི་མདོག་ཏུ་བྱ་བ་སྒྲོན་གསལ་གྱི་དགོངས་པའོ། །ཐིག་ལེ་ཤིན་ཏུ་ཕྲ་བ་ལ་སེམས་ཟིན་ན་ཀུག་རྟོག་གཅོད་སླ་བས། དེ་གཡོ་བའི་ལས་ཀྱི་རླུང་ཡང་འགོག་པར་སླའོ། །ཅི་བྱས་ཀྱང་དེ་འདྲ་ལ་མི་ཟིན་པར་སྣང་ན། ཅུང་ཆེ་རུ་བཏང་ནས་དེ་ལ་ཟིན་པ་ན་ཕྲ་རུ་བྱ་སྟེ། འདི་ནི་བསྐྱེད་
རིམ་མ་གརྟན་པར་སྒོམ་པ་རིམ་པ་རྒལ་བའི་སྐྱོན་ཡིན་གྱི། བརྟན་ན་དེ་འདྲ་བ་ལ་སེམས་མི་ཟིན་པའི་དོན་མེད་དོ། །སེམས་འཛིན་ཚུལ་ཁྱད་པར་བ་དང༌། བྱིང་རྒོད་དང་བྲལ་བར་སྐྱོང་ཚུལ་དང༌། དམིགས་པ་ཟིན་པོ་བྱུང་ཡང་རླུང་འགག་ཏུ་མ་འདོད་པ་དང༌། བདེ་བ་དེ་ཙམ་དུ་སྐྱེ་མ་ཉན་པ་སོགས་ལ་ཇི་ལྟར་བྱ་བ་དང༌། རླུང་འགག་ཏུ་འདོད་པ་ལ་སྔ་རོལ་ཏུ་མི་བདེ་བ་ཐན་ཐུན་སྐྱེ་བ་སེལ་ཚུལ་སོགས་ཀྱི་མན་ངག་ཞིབ་པར་ནི་ལོགས་སུ་བཤད་པར་བྱའོ། །དེ་ལྟར་ནོར་བུའི་རྩ་འཁོར་གྱི་དབུས་སམ་དྷཱུ་ཏཱིའི་མར་སྣའི་ལུས་ཀྱི་གནད་ཆེ་སར་དམིགས་པ་གཏད་ནས་བསྒོམས་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དེར་སེམས་ཟིན་པ་ན། རོ་རྐྱང་དུ་རླུང་རྒྱུ་བ་འགགས་ནས་དྷཱུ་ཏཱིར་རྒྱུ་ལ། དེའི་རྗེས་སུ་དེར་ཐིམ་པར་རྩོམ་པ་ན་སྔ་རོལ་ཏུ་རྟགས་ལྔ་འཆར་ཏེ། ཞལ་ལུང་ལས། དེ་ནས་གསང་བའི་ཐིག་ལེ་ཆེ། །རབ་ཏུ་ཕྲ་བར་གོང་མ་བཞིན། །རང་སེམས་དལ་བུ་དལ་བུས་གཟུང༌། །དངོས་པོ་མེད་པའི་གནས་སུ་འགྱུར། །དེ་ཡང་གཟུང་བ་གོམས་པ་ཡིས། །ཕྱིན་ལོག་ས་ནི་རྣམ་པར་ལྡོག །སྨིག་རྒྱུ་ལྟ་བུ་སྣང་བ་ནི། །རྟགས་ནི་དང་པོར་ཤེས་པར་བྱ། །དེ་བཞིན་དུ་ནི་ཆུ་ལོག་པས། །དུ་བ་ལྟ་བུ་འབྱུང་བ་ནི། །གཉིས་པ་ཡིན་པར་ཤེས་པར་བྱ། །མེ་ནི་རྣམ་པར་ལོག་གྱུར་པས། །མཁའ་སྣང་འདྲ་བ་གསུམ་པའ། །རླུང་ནི་དེ་བཞིན་ལོག་པས་ན། །མར་མེ་ལྟ་བུ་རབ་སྣང་བ། །རྟགས་
ནི་བཞི་པར་ཤེས་པར་བྱ། །དེ་བཞིན་ཕྱིན་ལོག་རྣམ་པར་ཤེས། །ལོག་པས་ཟབ་གསལ་གཉིས་མེད་ཀྱི། །དོན་འདྲ་སྤྲིན་མེད་ནམ་མཁའ་ལྟར། །གསལ་བ་རྟགས་ནི་ལྔ་པའ། །མཚན་མ་ལྔ་པོ་དེ་ཡིས་ནི། །མི་གནས་མྱ་ངན་འདས་འཐོབ་པས། །རྣལ་འབྱོར་པས་ནི་འདི་ལ་འབད། །གཟུང་བ་ཡི་ནི་ཡན་ལག་གོ །ཞེས་སོ། །རྒྱུད་ཕྱི་མར་འཛིན་པའི་སྐབས་སུ་མཚན་མ་ལྔ་འབྱུང་བར་གསུངས་པ་ནི། འོད་གསལ་དུ་འཇུག་པའི་སྔོན་དུ་མཚན་མ་བཞི་འབྱུང་ཞིང༌། ལྔ་པ་ནི་འོད་གསལ་གྱི་དུས་ཡིན་ལ། འོད་གསལ་དུ་འཇུག་པ་ཡང་སྲོག་རྩོལ་གསུམ་བསྒོམས་པའི་མཐུས་འཇུག་པ་ལ་དགོངས་ནས། འོག་སྒོར་ཕྲ་མོ་དང༌། སྙིང་ཁར་མི་ཤིགས་པ་སྒོམ་པའི་སྐབས་སུ་ཡང་རྟགས་ལྔ་འབྱུང་བར་ཞལ་ལུང་ལས་གསུངས་ཏེ། དེ་གཉིས་ཀྱི་རྡོར་བཟླས་བྱས་པས་ཀྱང་རྟགས་དེ་རྣམས་འབྱུང་བར་གོ་བར་བྱའོ། །སྒྲོན་གསལ་ལས་རྟགས་ལྔའི་སྒོ་ནས་འོད་གསལ་དུ་འཇུག་པར་བཤད་པ་དེ། སྲོག་རྩོལ་གསུམ་མཐར་ཕྱུང་ནས་སེམས་དབེན་དང་སྒྱུ་ལུས་ཐོབ་པའི་འོག་ཏུ་འོད་གསལ་དུ་འཇུག་པ་ལ་བཤད་དགོས་མོད་ཀྱང༌། སྐབས་འོག་མ་རྣམས་ཀྱི་དཔེའི་འོད་གསལ་དུ་འཇུག་པ་ནའང་རྟགས་དེ་རྣམས་འབྱུང་བར་མི་བཞེད་པ་མིན་པས། འོག་སྒོར་ཕྲ་མོ་བསྒོམས་པའི་སྐབས་སུ་རྟགས་ལྔའི་རིམ་གྱིས་དངོས་པོ་མེད་པའི་གནས་འོད་གསལ་དུ་འཇུག་པའི་འཛིན་པའི་ཡན་ལག་བཤད་པ་མི་འགལ་ལོ། །དེ་བཞིན་གཤེགས་པའི་
རྡོ་རྗེས། སྙིང་ཁར་ཧཱུཾ་ཡིག་བསྒོམས་ནས་དེའི་ཐིག་ལེ་ལ་རླུང་འཇུག་པར་བསྒོམས་པས་འཛིན་པ་འོད་གསལ་འཐོབ་པ་ནི་མཚོན་པ་ཙམ་སྟེ། ལྟེ་བའི་རྩ་བར་གནས་པའི་ཕྲ་བའི་ཨཱ་ལི་ཀཱ་ལིའི་སྦྱོར་བའམ། རྡོ་རྗེའི་སྣ་རྩེར་ཐིག་ལེ་སྒོམ་པའམ། གཏུམ་མོ་ལ་སོགས་རྣལ་འབྱོར་གང་ཡང་རུང་བ་བསྒོམས་པ་ལས་ཀྱང༌། འཛིན་པ་འོད་གསལ་འཐོབ་པར་བཤད་ཅིང༌། ཡེ་ཤེས་ཞབས་ལུགས་ཀྱི་སྦྱོར་དྲུག་གི་རྒྱ་གཞུང་ཞིག་ལས་ཀྱང་དེ་དང་མཐུན་པར་བཤད་དེ། འདི་ཡང་ལེགས་པ་ཡིན་ནོ། །དེས་ན་ལུས་ཀྱི་རྩའི་གནད་ཆེ་སར་སེམས་ཟིན་པ་ནི་སེམས་འཛིན་གཞན་དང་འདྲ་བ་མིན་ནོ། །འོག་སྒོར་ཕྲ་མོ་སྒོམ་པའི་ལག་ལེན་ནི་དེའི་བར་དུ་ཡོད་མོད་ཀྱང༌། སྔར་བཤད་པ་ལྟར་དེ་བསྒོམས་པས་ཡོན་ཏན་ཅི་སྐྱེ་ལེགས་པར་མ་ཤེས་ན་གདམས་ངག་ལ་ངེས་པ་མི་རྙེད་པར་མཐོང་ནས། རྒྱུད་ཕྱི་མ་ལས། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་གསུངས་པ་ལ་བརྟེན་ནས་ལེགས་པར་བཤད་པ་ཡིན་པས། ལམ་འདི་ནི་སྲོག་རྩོལ་ཁྱད་པར་ཅན་འཕྱུག་མེད་པའི་གདམས་པར་ཤེས་པར་གྱིས་ལ། རྣལ་འབྱོར་པས་ནི་འདི་ལ་འབད། །ཅེས་གསུངས་པ་ལྟར་སྒོམ་པ་ལ་འབད་པ་དྲག་པོ་བྱའོ། །གཉིས་པ་ནི། སྤྱིར་ལམ་བསྒོམས་མ་བསྒོམས་གཉིས་ཀ་ལ་བྱང་སེམས་ཞུ་བ་གསང་གནས་སུ་བབས་པ་ལས་བྱུང་བའི་དགའ་བ་ཉམས་སུ་མྱོང་བ་ལ་ནི། ངེས་པར་ལྟེ་བ་དང་གསང་གནས་ཀྱི་གཏུམ་མོ་འབར་ནས་ཞུ་བ་ཞིག་འོང་བས།
གཏུམ་མོ་འབར་ནས་བྱང་སེམས་འཇུ་བ་ལ་སྲོག་དྷཱུ་ཏཱིར་ཐིམ་པ་སོགས་མི་དགོས་སོ། །དེའི་ཕྱིར་གང་ཟག་གི་རིགས་ཁ་ཅིག་ལ། སྔར་ལྟར་བསྒོམས་པ་ན་རླུང་དྷཱུ་ཏཱིར་ཐིམ་པ་མེད་ཀྱང༌། བྱང་སེམས་ཞུ་བའི་བདེ་བ་འོང་སྟེ། འདི་ནི་ལུས་ལ་གནད་དུ་བསྣུན་པའི་གདམས་ངག་གཞན་སྒོམ་པ་ལ་ཡང་འདྲའོ། །དེ་འདྲ་བའི་ཐིག་ལེ་ནི་རྡོ་རྗེ་ནོར་བུར་སླེབ་ནས་ཤིན་ཏུ་གཟུང་དཀའ་བར་མཐོང་ནས། དང་པོར་ཕྱི་ནང་གི་འབེབས་པའི་ཐབས་ཀྱིས་བྱང་སེམས་ཕབ་པ་དེ་ནོར་བུར་མ་སླེབ་པའི་གོང་གི་གནས་རྣམས་ནས་བཙན་ཐབས་ཀྱིས་བཟློག་པ་དང༌། རྡོ་རྗེར་སླེབ་ན་དེ་མ་ཐག་ཏུ་ཟློག་པའི་འདྲེན་མང་པོ་དང༌། བཙན་ཐབས་སུ་བཟློག་པ་དེ་ཡང་ལུས་ལ་མ་ཁྲེམས་ན་ནད་སྐྱེད་པར་མཐོང་ནས། འགྲེམས་པའི་ཚུལ་རྣམས་སྔ་མ་མང་པོས་བྱེད་མོད་ཀྱང༌། རླུང་དྷཱུ་ཏཱིར་ཐིམ་ནས་བྱང་སེམས་ཞུ་བ་དང༌། དེ་ལྟར་མིན་པའི་ཞུ་བའི་ཁྱད་པར་ཕྱེ་ནས་དེ་ལ་བྱང་སེམས་གཟུང་དཀའ་སླ་དང༌། དེ་བཙན་ཐབས་སུ་ཟློག་དགོས་མི་དགོས་དང༌། བཟློག་པ་ལུས་ལ་མ་བཀྲམ་ན་ནད་དུ་འགྱུར་མི་འགྱུར་གྱི་ཁྱད་པར་ཕྱེད་པའི་རྣམ་གཞག་མི་སྣང་ངོ༌། །དེ་ལ་ལམ་བསྒོམས་པའི་སྟོབས་ཀྱིས་གཏུམ་མོ་འབར་ནས་བྱང་སེམས་བཞུས་པའི་དགོས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པའི་ཆེད་ཡིན་ལ། དེ་སྐྱེ་བ་ལ་བྱང་སེམས་ཞུ་ནས་བབ་པ་དེ་སྤྱིར་ལྟེ་བ་མན་ཆད་དུ་སླེབ་པ་ཅིག་དང༌། ཁྱད་པར་དུ་ནོར་བུར་སླེབ་ནས་ཕྱིར་མ་འཕོས་པར་རེ་ཤིག་གི་བར་དུ་
གནས་པ་ཞིག་མེད་ན་ལྷན་སྐྱེས་མཚན་ཉིད་ཚང་བ་མི་སྐྱེའོ། །ལྷན་སྐྱེས་རྫོགས་རིམ་པའི་བདེ་ཆེན་དུ་འཇོག་པ་ལ་ནི་རླུང་ཐིམ་པའི་དབང་གིས་གནས་པ་ཅིག་དགོས་སོ། །རླུང་དྷཱུ་ཏཱིར་ཐིམ་པའི་དབང་གིས་བྱང་སེམས་ཞུ་བ་ཡིན་ན་ནོར་བུའི་རྩེར་བཟུང་ཡང་ལྷན་སྐྱེས་མཚན་ཉིད་ཚང་བ་མ་སྐྱེས་བར་དུ་ཕྱིར་མི་འཕོ་སྟེ། བྱང་སེམས་སྤྱི་བོ་ནས་འབབ་པ་ན། རིམ་གྱིས་རིམ་གྱིས་རླུང་གི་གཡོ་བ་ཞན་དུ་སོང་ནས་ནོར་བུར་སླེབ་པ་ན། བྱང་སེམས་ཕྱི་རོལ་ཏུ་སྐྱོད་པར་བྱེད་པའི་རླུང་གི་འཇུག་པ་ཞི་བར་འགྱུར་བའི་ཕྱིར་རོ། །དེ་ལ་ནི་ལྷན་སྐྱེས་ཀྱི་ཏིང་ངེ་འཛིན་ལས་མ་ལངས་བར་དུ་མི་འཕོ་ལ། དེ་ལས་ལངས་པའི་སྐབས་སུ་ནི་རླུང་ཆེར་གཡོས་པ་ཡིན་པས། དེའི་ཚེ་མི་འཕོ་བའི་ཐབས་ཤེས་དགོས་སོ། །དེ་ལ་ཡང་དང་པོར་མ་གོམས་པའི་སྐབས་སུ་ཕྱིར་ཟློག་པའི་ཐབས་དང༌། ཕྱིས་གོམས་ནས་བཟློག་ཐབས་མ་བྱས་ཀྱང་སླར་རང་ལོག་ཏུ་འགྲོ་བའི་དུས་གཉིས་ཀར་གྱེན་དུ་ལོག་པ་ལ་ནི། ལུས་ལ་མ་བཀྲམ་ན་ནད་སྐྱེད་པ་གཏན་མིན་ནོ། །རླུང་ཐིམ་པའི་དབང་གིས་མིན་པར་ཕྲ་མོ་བསྒོམས་པ་སོགས་ཀྱིས་བྱང་སེམས་ཞུ་བ་ལ་ནི་ནོར་བུར་རེ་ཞིག་གི་བར་དུ་འཛིན་མི་ནུས་པས་དེ་མ་ཐག་ཏུ་བཟློག་དགོས་ལ། ཟློག་སའི་མཐོ་དམན་ཀྱང་ཤེས་དགོས་སོ། །ཞུ་བ་ཤས་ཆུང་ན་བཟློག་པས་ཆོག་ལ། ཤས་ཆེ་ན་ལུས་ལ་དགྲམ་ཡང་དགོས་སོ། །འདི་ལ་ཡང་རིང་དུ་གོམས་ན་དེ་མ་ཐག་མ་བཟློག་ཀྱང་རེ་
ཤིག་ནས་ནུས་པ་སོགས་ཡོད་དོ། །རྒྱུད་དང་རྒྱ་གཞུང་ཆེ་བ་རྣམས་ནས་འདི་རྣམས་ཀྱི་སྐོར་གདམས་ངག་གཞན་ལ་འདུག་པ་ལྟར་མི་འབྱུང་བ་ནི། འདིའི་གདུལ་བྱའི་གཙོ་བོ་ལ་རླུང་ཐིམ་པའི་རྫོགས་རིམ་མྱུར་དུ་སྐྱེ་བས། དེ་ལ་གདམས་ངག་དེ་རྣམས་མི་དགོས་པའི་གནད་ཀྱིས་ཡིན་ནོ། །བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན་ཡས་བབས་ཀྱི་དགའ་བ་བཞི་སྐྱེ་ཚུལ་ནི། རྒྱུད་རྡོ་རྗེ་འཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོའི་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང༌། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་ཏེ། སྤྱི་བོ་ནས་མགྲིན་པའི་བར་ལ་དགའ་བར་འཇོག་ལ། དེས་གཞན་གསུམ་ལ་ཡང་ཤེས་པར་བྱའོ། །མས་བརྟན་གྱི་སྐྱེ་ཚུལ་ཡང་དེ་ཉིད་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང༌། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང༌། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་ལྡོག་རིམ་པ་ཞེས་ནི་གསུངས་ཞེས་ཏེ། འདིའི་གནས་ཀྱང་སྔར་བཤད་པའི་རིགས་པས་ཤེས་པར་བྱའོ། །འདི་ནི་ཕྱག་ཆེན་ཐིག་ལེ་དང་ཡང་མཐུན་ལ། དེར་ཡར་མར་གྱི་བཞི་པོ་རེ་རེ་ལ་བཞི་བཞིར་བྱས་པས་ཟླ་བའི་ཆ་བཅུ་དྲུག་དང༌། ཉི་མའི་སྒོ་ནས་རེ་རེ་ལ་གསུམ་གསུམ་དུ་བྱས་ནས་བཅུ་གཉིས་སུ་ཡང་གསུངས་ཏེ། དེ་ཉིད་ལས།
རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ནའང༌། །ཉི་མའི་བཅུ་གཉིས་རྣམས་སུ་བཤད། ཅེས་སོ། །འདི་ནི་བྱང་སེམས་ཡར་མར་དུ་འབབ་པ་ན་ཁྲག་དང་བཅས་པར་འབབ་ལ། དེ་ལ་གནས་བཞི་པོ་རེ་རེ་ལ་ཆ་བཞི་བཞིར་བྱས་པའི་མཚམས་རེ་རེར་བདེ་བ་རེ་མྱོང་བ་དང༌། གནས་བཞིའི་རེ་རེ་ལ་ཆ་གསུམ་གསུམ་དུ་བྱས་པའི་མཚམས་རེ་རེར་རྡུལ་བབ་པའི་སྒོ་ནས་བདེ་བ་ཆུང་འབྲིང་ཆེན་པོ་གསུམ་དུ་སོ་སོར་ཕྱེད་པའི་ཉམས་མྱོང་ཅན་གྱིས་ཤེས་དགོས་ཏེ་ཕྲ་བར་སྣང་ངོ༌། །མན་ངག་སྙེ་མར་མས་བརྟན་གྱི་བཞི་ཀ་ལྷན་སྐྱེས་ལ་ཆུང་ངུ་དང་བར་མ་དང་ཆེན་པོའི་ཆེན་པོར་ཕྱེ་བར་བཤད་དེ། ཡས་བབས་ཀྱི་བདེ་བ་བཞི་ལས་ནི་མས་བརྟན་གྱི་བཞི་བདེ་བ་ཆེ་བ་ཅིག་འོང་དགོས་སོ། །མས་བརྟན་གྱི་དུས་སུ་ལོག་པ་སྤྱི་བོར་མ་བརྟན་བར་དུ་བདེ་བ་མི་བརྟན་ལ། སྤྱི་བོར་བརྟན་ནས་བརྟན་པར་གསུངས་ཏེ། དེ་ཉིད་ལས། དེ་ནས་སྲོག་གི་སྟེང་དུ་ཡིད། །དེ་མི་མཐུན་པས་འབབ་པར་འགྱུར། །པདྨའི་ལྟེ་བའི་དབུས་གནས་པ། །གང་དེ་ཕྱི་ནས་བརྟན་གྱུར་པ། །དེ་ཚེ་མགོན་པོ་འགྲོ་མི་འགྱུར། །ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཚེ་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པའི་དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །
རྣལ་འབྱོར་པ་ཡིས་ངེས་པར་འཐོབ། །ཅེས་སོ། །ཡིད་ནི་ཁུ་བ་དང༌། མི་མཐུན་པ་ནི་ལུགས་ལྡོག་དང༌། བརྟན་པ་ནི་སྤྱི་བོར་ཡིན་པར་མན་སྙེ་ལས་གསུངས་སོ། །ལག་སྨིས། སྤྱི་གཙུག་ནས་བྱང་སེམས་འཛག་པའི་ཚེ་སྣང་བ་དང༌། ཡན་ལག་ཐམས་ཅད་ཀྱི་ཚིགས་ལ་བབ་པའི་དུས་སུ་མཆེད་པ་དང༌། རྡོ་རྗེའི་རྩེ་མོ་ལས་ཐིག་ལེ་གཅིག་སྤྲོས་པའི་ཚེ་ཉེར་ཐོབ་དང་། རྩེ་མོ་དེ་ཉིད་དུ་བརྟན་པ་ན་འོད་གསལ་སྐྱེ་བ་དང༌། ཡང་དང་པོ་གཉིས་འདྲ་ལ། རྡོ་རྗེའི་རྩེ་མོའམ་དབུས་སུ་ཕྱིན་པ་ན་ཉེར་ཐོབ་དང༌། ནོར་བུའི་ནང་ན་གནས་པ་ན་འོད་གསལ་སྐྱེ་བ་དང༌། དེ་རྣམས་དགའ་བ་བཞིར་ཡང་བཤད་དེ། འདི་དང་འདྲ་བ་མང་ངོ༌། །ཐུབ་པ་དཔལ་གྱིས། རྡོ་རྗེའི་རྩ་བར་སླེབ་པ་ན་སྣང་བ་དང། ནོར་བུའི་དབུས་སུ་ཕྱིན་པ་ན་ཉེར་ཐོབ་དང༌། ནོར་བུའི་རྩེ་མོར་འོད་གསལ་སྐྱེ་བར་བཤད་པའི་ཤུགས་ཀྱིས་རྡོ་རྗེའི་རྩ་བ་ནས་ནོར་བུའི་མགྲིན་པའི་བར་དུ་སླེབ་པ་ན་མཆེད་པ་སྐྱེ་བར་འདོད་དགོས་སོ། །ཕྱག་ཆེན་ཐིག་ལེ་ལས་དགའ་བ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་བཤད་དོ། །འདུས་པའི་རྩ་བཤད་དང༌། འཕགས་སྐོར་ལྔའི་གཞུང་ནས་དགའ་བ་བཞི་སྟོང་པ་བཞིར་བཤད་པ་མ་བྱུང་ཞིང༌། ཡབ་སྲས་ལྔས་བྱང་སེམས་ཞུ་བ་གནས་འདིར་སླེབ་པ་ན། དགའ་བ་བཞིའམ་སྟོང་པ་བཞི་འདི་སྐྱེ་མ་གསུངས་པར་རླུང་ཐིམ་པས་སྣང་བ་དང༌། སེམས་ཐིམ་པས་མཆེད་པ་སོགས་སྐྱེ་བར་བཤད་པ་ཙམ་མོ། །འཕགས་སྐོར་ལྔའི་རྗེས་འབྲང་གཞན་ཕལ་མོ་ཆེས་
ནི་སྤྱི་བོ་ནས་གསང་གནས་རྡོ་རྗེའི་བར་དུ་བྱང་སེམས་བབས་པའི་རིམ་པ་ལས་སྐྱེ་བའི་སྟོང་པ་བཞི་མ་གཏོགས་པ་སྟོང་པ་བཞིའི་ཡེ་ཤེས་ལམ་གྱིས་བསྡུས་པ་གཞན་མ་བཤད་ཅིང༌། མི་འདོད་པ་ནི་ལུགས་འདིའི་གནད་ཆེན་པོ་མ་རྟོགས་པ་སྟེ་འོག་ཏུ་བཤད་པར་བྱའོ། །དེ་ལྟར་བྱང་སེམས་བབ་པའི་རིམ་པ་ལས་དགའ་བཞི་སྐྱེ་ཚུལ་དེ་རྣམས་ལས་འདིར་གང་གཟུང་ཞེ་ན། འཆད་པར་འགྱུར་བའི་སྟོང་པ་བཞི་ཁྱད་པར་ཅན་ནི་སྙིང་ཁར་གནད་དུ་བསྣུན་པ་ལས་འབྱུང་བས། འདིར་མི་སྐྱེ་ཡང༌། དེ་དང་རྗེས་སུ་མཐུན་པའི་སྟོང་པ་བཞི་འདིར་སྐྱེད་པ་ཡིན་ལ། དེ་ནི་ཐུབ་པ་དཔལ་ལྟར་བྱས་ན་མཐུན་ཚབས་ཆེ་བར་མངོན་ནོ། །འདིར་བདེ་བ་ཆེན་པོ་ནི་ལམ་གྱི་སྲོག་ཡིན་ལ། དེ་བརྟན་པ་ནི་མས་བརྟན་གྱི་བདེ་བ་ལ་རག་པས་ན་དེ་སྐྱེད་ཚུལ་གལ་ཆེའོ། །དེ་ཡང་མན་སྙེ་ལས། དེའི་འཆར་བ་ནི་ནོར་བུ་ནས་བརྩམས་ནས་ལྟེ་བ་ཇི་སྲིད་པ་སྟེ། མ་འཕོས་པའི་བྱང་ཆུབ་ཀྱི་སེམས་འཕེལ་བཞིན་པས་སྟེང་དུ་ཉེ་བར་འགྲོ། ཞེས་གསུངས་པའི་ཚིག་ཟིན་ལྟར་ན། ནོར་བུ་ནས་ཕྱིར་མ་འཕོས་ན་རང་ལོག་བྱེད་པ་འདྲ་བ་ཞིག་འདུག་ཀྱང༌། དེ་མིན་ཏེ། མ་འཕོས་ཀྱང་སྔར་གྱི་ལམ་དེ་ཉིད་ནས་མར་འོང་བ་ལྟར་མི་བྱེད་པར་གར་སོང་ཆ་མེད་དུ་འགྲོ་བ་དང༌། ཕྱིར་ལོག་ཀྱང་སྤྱི་བོའི་བར་དུ་ཐལ་གྱིས་འགྲོ་བའི་ངེས་པ་མེད་པར་གནས་དམའ་མོ་ནས་གྲམ་ནས་འགྲོ་བ་ཡང་འོང་བས་དེས་ན་ཡར་ལ་འདྲིལ་ནས་སྤྱི་གཙུག་བར་དུ་འགྲོ་བ་ཅིག་
དགོས་པ་ནི། རྣལ་འབྱོར་པས་ཆེད་དུ་བྱ་དགོས་ཏེ་རྒྱུད་རྡོར་འཕྲེང་ལས། རླུང་གི་དེ་ཉིད་སྔོན་སོང་ནས། །དེ་ཉིད་སྟེང་དུ་རྒྱུ་བར་ནི། །རྣལ་འབྱོར་པས་ནི་སྒྲུབ་པར་བྱེད། །དེ་ལས་སྤྲུལ་པའི་འཁོར་ལོར་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། །ཞེས་གསུངས་ཤིང༌། དེ་ནས་ཆོས་འཁོར་གྱི་སྟེང་དང༌། དེ་ནས་ལོངས་སྤྱོད་ཀྱི་འཁོར་ལོའི་སྟེང་དུ་འགྲོ་བ་རྣལ་འབྱོར་པས་བྱེད་པར་གསུངས་སོ། །དེ་ལྟར་ཕྲ་མོ་བསྒོམས་པས་རླུང་ཐིམ་ལུགས་དང༌། རྟགས་འཆར་ཚུལ་དང༌། གཏུམ་མོ་འབར་ནས་བྱང་སེམས་ཞུ་བ་མར་ལ་འོང་ཚུལ་དང༌། ཡར་ལ་ལྡོག་ཚུལ་དང༌། དེ་གཉིས་ལས་ཡས་བབས་དང་མས་བརྟན་གྱི་དགའ་བ་ཆ་བཅུ་དྲུག་དང༌། ཉི་མའི་སྒོ་ནས་ཆ་བཅུ་གཉིས་སྐྱེ་ཚུལ་ལ་སོགས་པ་དེ་རྣམས་ནི། ལྟེ་བ་དང་གསང་གནས་སུ་གཏུམ་མོའི་འབར་འཛག་དང༌། དེར་ཡི་གེ་དང་ཐིག་ལེ་བཀོད་ནས་སྒོམ་པ་དང༌། དེར་བུམ་པ་ཅན་སྒོམ་པ་སོགས་ལའང་འདྲ་བས། དེ་ཐམས་ཅད་ལ་ཤིན་ཏུ་གལ་ཆེ་ཞིང༌། ཁྱད་པར་དུ་རྣལ་འབྱོར་མའི་རྒྱུད་ཀྱི་ལམ་གྱི་གནད་མི་འཕྱུག་པའི་ཐབས་ཡིན་པས་ལེགས་པར་ཤེས་པར་བྱའོ། །འོག་སྒོར་ཐིག་ལེ་ཕྲ་མོ་སྒོམ་པ་འདི་ལ་ནི་ཐུར་སེལ་གྱེན་དུ་ལྡོག་སླ་བས་གཏུམ་མོ་འབར་སྟོབས་ཆེ་བ་དང༌། ཡས་བབས་ཀྱི་ལྷན་སྐྱེས་ལེགས་པར་མཚོན་ནུས་པ་ལ། ནོར་བུར་བྱང་སེམས་གནས་པ་ཡུན་རིང་དགོས་པ་ལ། དེར་གནས་ཡུན་རིང་བ་སོགས་ཀྱི་དགོས་པ་མང་མོད་ཀྱང་མངས་པས་འཇིགས་ནས་མ་བྲིས་སོ། །གསུམ་པ་ནི། དེ་ལྟར་ཡར་མར་
གྱི་ལྷན་སྐྱེས་ཀྱི་དགའ་བ་སྐྱེད་ནུས་པ་ན། དེ་བཞིན་ཉིད་ཀྱི་དག་པ་བདག་མེད་པའི་ལྟ་བ་ཕུ་ཐག་བཅད་པ་དང་སྦྱར་དགོས་པས། བློ་གཉིས་གྲུབ་སྡེ་གཅིག་ཏུ་སྐྱེད་པ་དང༌། སྟོང་ཉིད་དང་བདེ་ཆེན་གཉིས་ཡུལ་ཡུལ་ཅན་དུ་སྦྱར་ལ་མཉམ་གཞག་ཏུ་བསྒོམ་པར་བྱའོ། །རླུང་གཡོས་པའི་དབང་གིས་དེ་ལས་ལངས་པ་ན་སྒོམ་ཚུལ་ནི། རྒྱུད་རྡོར་འཕྲེང་ལས། དབང་པོ་ཡུལ་ལ་སྤྱོད་པ་ནི། །གང་གནས་དེ་ནི་བསྡམས་ནས་ནི། །སྟོང་ཉིད་གཉིས་མེད་སྒྱུ་མ་ལ། །སོགས་པ་ཀུན་རྫོབ་ལྷག་སྦྱང་བྱ། །ཤེས་རབ་ཡེ་ཤེས་དབང་བསྐུར་སོགས། །ཉམས་སུ་མྱོང་བའི་བདེ་བ་ཡིན། །བདེ་བ་ཆེན་པོ་དྲན་པ་ཡིས། །དབང་པོ་རྣམས་ནི་ཡུལ་ལུས་ལྡོག །ཅེས་སོ། །འདིས་ནི་སྟོང་ཉིད་འོད་གསལ་དང༌། གཉིས་མེད་ཟུང་འཇུག་དང༌། ཀུན་རྫོབ་སྒྱུ་ལུས་ཀྱི་སྐབས་དང༌། སོགས་ཀྱིས་བསྡུས་པ་དེ་རྣམས་ལས་འོག་མའི་སྐབས་སུ་ཡང་ཡུལ་རྣམས་ལྷག་པར་སྤྱད་ཚུལ་སྟོན་པས། ངག་དབེན་ཡན་ཆད་དུ་འང་སྟོང་པ་བཞི་དྲངས་པའི་སྐབས་ཐམས་ཅད་དུ། གང་ཤར་བདེ་སྟོང་གིས་རྒྱས་འདེབས་ཚུལ་འདིར་བཤད་པ་བཞིན་ཤེས་བར་བྱའོ། །འདི་ལྟར་དབང་གསུམ་པ་དངོས་དབང་དུ་བྱས་པའི་བདེ་བ་དང༌། སོགས་ཀྱིས་བསྡུས་པ་སྔར་བཤད་པ་ལྟ་བུའི་བདེ་བ་ཆེན་པོ་སྔར་མྱོང་བ་དྲན་ནས། ཡུལ་ལ་ལོངས་སྤྱོད་པའི་ཚེ་དེས་རྒྱས་བཏབ་སྟེ། དེ་དང་མི་མཐུན་པའི་ཡིད་བྱེད་བསྡམས་ཏེ་གནས་ན་ཡུལ་སྣང་ཀུན་བདེ་བར་འཆར་ཞིང༌། དེའི་
རྗེས་སུ་བདེ་བ་འབར་བའི་རྐྱེན་གྱིས་དབང་པོའི་སྒོ་ནས་འཇུག་པའི་རླུང་རྣམས་ནང་དུ་ལྡོག་པ་ན་དབང་ཤེས་ཀྱང་སྡུད་པས། རླུང་ཐིམ་ནས་སྔར་བཞིན་བདེ་བ་རྣམས་སྐྱེའོ། །དེ་ལ་རིམ་པ་དང་པོའི་སྐབས་སུ་ཕྱི་དང་ནང་དུ་གང་ཤར་ཐམས་ཅད་ལྷར་འཆར་བ་ལ་བསླབ་དགོས་པ་བཞིན་དུ། རིམ་པ་གཉིས་པའི་སྐབས་སུ་ནི་གང་ཤར་ཐམས་ཅད་བདེ་བ་ཆེན་པོའི་རྣམ་འགྱུར་དུ་འཆར་བ་ཅིག་དགོས་ཤིང༌། དེ་ཡང་རྫོགས་རིམ་པའི་བདེ་ཆེན་ལྷན་སྐྱེས་རྙེད་ཕྱིན་ཆད་ནས་ཡིན་པས། འདིར་ལུས་དབེན་གྱི་སྒོ་ནས་གང་ཤར་ཐམས་ཅད་བདེ་ཆེན་གྱི་རྣམ་རོལ་ཏུ་ལྟ་བར་གསུངས་པ་ནི། གང་སྣང་ཐམས་ཅད་བདེ་བར་འཆར་བའི་ཆེད་དུའོ། །དེ་ལ་ནི་ཐོག་མར་དངོས་པོ་ཀུན་གྱི་རང་བཞིན་རྣམ་དག་གཏན་ལ་ཕབ་པའི་སྒོ་ནས། ཆོས་ཅན་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་འགྱུར་དུ་ཤེས་བ་དང༌། དེ་ནས་བདེ་སྟོང་སྦྱོར་ཚུལ་གྱི་སྒོ་ནས་བདེ་བ་ཆེན་པོའི་རྣམ་འགྱུར་དུ་སྒོམ་པ་ཅིག་དགོས་པས་དེ་དག་བཤད་ན། སྤྱོད་བསྡུས་ལས། བདག་ནི་རང་བཞིན་གྱིས་དག་པའོ། །ཞེས་བདག་ཉིད་བརྟན་པར་བསྐྱེད་ལ། རྡོ་རྗེ་གསུམ་གྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོར་ལྷག་པར་མོས་པར་བྱས་པ་ནི། བྱིན་གྱིས་བརླབས་པའི་རྣལ་འབྱོར་ཞེས་བྱ་བར་བཤད་དོ། །ཞེས་རིགས་གཅིག་གི་ལུས་དབེན་གྱི་སྐབས་སུ་རྣལ་འབྱོར་པ་རང་ཉིད་རང་བཞིན་གྱིས་རྣམ་པར་དག་པར་ཤེས་པའི་མོས་པ་བརྟན་པོ་བསྐྱེད་ནས་རྡོ་རྗེ་འཆང་དུ་སྒོམ་པར་གསུངས་པ་ནི། རང་གཅིག་པུར་མ་ཟད་དབེན་
གཞིའི་ལུས་ཐམས་ཅད་དང༌། རིགས་གཅིག་གི་སྐབས་སུ་མ་ཟད་རིགས་བརྒྱ་ལ་སོགས་པ་ལ་ཡང་འདྲའོ། །དེས་ན་དབེན་གཞིའི་ཆོས་ཐམས་ཅད་གདོད་མ་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་རང་བཞིན་རྣམ་དག་གི་བདག་ཉིད་དུ་གཏན་ལ་ཕབ་པ་ན། རང་བཞིན་མེད་པའི་སྟོང་ཉིད་དེ་ཉིད་ཆོས་ཅན་དེ་རྣམས་སུ་ཤར་བར་ཤེས་ཏེ། དེ་ནི་ཆོས་རྣམས་སྟོང་ཉིད་ཀྱི་རྣམ་འགྱུར་ཡིན་པའི་དོན་ནོ། །ཆོས་མི་འང་བ་དུ་མ་ཡོད་ཀྱང༌། གང་གིས་སྟོང་བའི་དགག་བྱ་བདེན་པས་སྟོང་པར་ཁྱད་པར་མེད་པས། སྟོང་ཉིད་རྣམས་ཀྱང་མི་འདྲ་བ་དུ་མ་མིན་པར་རོ་གཅིག་པའོ། །དེ་འདྲ་བའི་སྟོང་ཉིད་ལྷན་སྐྱེས་ཀྱི་བདེ་བས་ཡུལ་དུ་བྱས་པ་ནི། ད་ལྟ་ཡུལ་ཡུལ་ཅན་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་མ་སོང་ཡང༌། དེར་མོས་ནས་བྱེད་ལ། དེའི་ཚེ་བདེ་སྟོང་རོ་གཅིག་ཏུ་མོས་པའི་གནད་ཀྱིས་སྟོང་ཉིད་ཀྱི་རྣམ་འགྱུར་ཡིན་པ་བཞིན་དུ་བདེ་བའི་རྣམ་འགྱུར་དུ་ཡང་མོས་པའི་དབང་གིས་འཇོག་པར་སླ་སྟེ། འདི་ནི་མཉམ་གཞག་གི་བདེ་སྟོང་དྲན་ནས་གང་ཤར་ཐམས་ཅད་ལ་རྒྱས་འདེབས་པའི་རྒྱུ་མཚན་ཡང་དག་པའོ། །དེ་ལྟར་ཆོས་ཅན་ཐམས་ཅད་བདེ་སྟོང་རོ་གཅིག་པའི་རྣམ་འགྱུར་དུ་ལྟ་བའི་དབང་དུ་བྱས་ན། འབྲས་བུ་འཁོར་བ་དང་དེའི་རྒྱུ་ལས་ཉོན་དུ་སྣང་བ་ཡང་ཡེ་ཤེས་ཆེན་པོའི་རོལ་པ་ཡིན་པས། འཁོར་བ་དང་དེའི་རྒྱུ་རང་དགའ་བ་རྣམས་གང་ལས་འབྱུང་བའི་གནས་མེད་དེ། སྤྱོད་བསྡུས་སུ་རིགས་བརྒྱའི་ལུས་དབེན་གྱི་སྐབས་སུ་དྲངས་པ་
ལས། ཕུང་པོ་ཁམས་དང་དེ་བཞིན་སྐྱེ་མཆེད་ནི། །རབ་དབྱེ་ལྔ་དང་ལྔ་ཉིད་བྱས་པ་ལས། །དེ་བཞིན་གཤེགས་པ་སོ་སོས་བྱིན་གྱིས་བརླབས། །འཁོར་བའི་ལས་རྣམས་དག་ནི་ག་ལས་འབྱུང༌། །དེ་བཞིན་ཕྱི་རོལ་ཡུལ་ནི་ལྔ་པོ་དེ། །རེ་རེ་ཞིང་ཡང་བདེར་གཤེགས་ལྔ་རྣམས་ཀྱིས། །དེ་རྣམས་རང་རང་རྟག་ཏུ་བྱིན་གྱིས་བརླབས། །ཡེ་ཤེས་གསུམ་དང་ལྔར་ནི་ཡང་དག་གནས། །ཞེས་གསུངས་ཏེ། ཆག་གིས་འདི་ལྟར་བསྒྱུར་བ་ལེགས་སོ། །དོན་གྱི་དབང་འདི་གཟིགས་ནས་ས་ར་ཧས། གཉིས་སུ་མི་བྱ་གཅིག་ཏུ་བྱ་བ་སྟེ། །རིགས་ལ་བྱེ་བྲག་དག་ཏུ་མ་འབྱེད་པར། །ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། །འདོད་ཆགས་ཆེན་པོ་གཅིག་ཏུ་ཁ་དོག་སྒྱུར་ཅིག་དང༌། །དེར་ནི་ཐོག་མ་བར་མཐའ་མེད། །སྲིད་མིན་མྱ་ངན་འདས་པ་མིན། །བདེ་བ་ཆེན་པོ་མཆོག་འདི་ལ། །བདག་དང་གཞན་དུ་ཡོད་པ་མིན། །མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་ཉིད་དུ་མགོན་པོ་ད་ལྟ་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས་ཏེ། འདོད་ཆགས་ཆེན་པོ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེ་ལྟར་ན་དང་པོར་རིགས་བརྒྱ་ལ་སོགས་པར་བཤད་པ་ལྟར་ཐོས་བསམ་གྱིས་གཏན་ལ་དབབ། ཉམས་ལེན་གྱི་དུས་སུ་ནི་སྔོན་དུ་གང་སྣང་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་ལྟ་བའི་སོ་སོར་སྡུད་ལ་བསླབ། དེ་ལ་ལོབས་པ་ན་དེ་ཐམས་ཅད་གསང་ཆེན་རྡོ་རྗེ་འཆང་གཅིག་པུར་འཆར་བའི་ལུས་དབེན་མཐར་ཐུག་པ་ལ་བསླབ། རང་ཉིད་
ཀྱང་བདེ་སྟོང་རྡོ་རྗེ་འཆང་དུ་ཤར་བའི་རྣམ་པ་ཅན་དུ་བསྒོམ་དེ་ཡང་ཡུམ་དང་མཉམ་པར་སྦྱོར་བ་ཅན་ནོ། །རྡོ་རྗེ་འཆང་སྔོན་པོ་དང་དཀར་པོ་གང་ཡིན་ཡབ་སྲས་ཀྱི་གཞུང་ལས་མི་གསལ་ལོ། །སྔར་བཤད་པ་ལྟར་གྱི་བདེ་ཆེན་སྐྱེད་མ་ནུས་པའི་ཞུ་བདེ་སྐྱེད་ནུས་པས་ནི་དེའི་སྟེང་ནས་བསྒོམ། དེ་ཡང་མེད་ན་བདེ་སྟོང་གི་སྦྱོར་ཚུལ་དང༌། མཉམ་རྗེས་ཀྱི་སྐྱོང་ཚུལ་ལེགས་པར་གོ་བའི་སྒོ་ནས་ཀྱང་བསྐྱང་བར་བྱའོ། །བདེ་བ་ཆེན་པོ་ལམ་དུ་བྱེད་པ་ལ། མཉམ་རྗེས་སུ་བདེ་ཆེན་སྐྱོང་ཚུལ་འདི་ལ་གོམས་པ་བརྟན་པའི་དབང་གིས་གང་ཤར་ཐམས་ཅད་བདེ་བ་འབར་བའི་གྲོགས་སུ་འགྲོ་བ་ཅིག་མེད་ཐབས་མེད་པས། རྒྱུད་དང་བསྟན་བཅོས་དུ་མར་ཡང་མང་དུ་བཤད་པ་རྣམས། ལུགས་འདི་ལ་ལུས་དབེན་གྱི་སྐབས་སུ་གསལ་བར་སྟོན་པས། ལེགས་པར་ཤེས་པར་བྱས་ནས་བློས་ཡང་དང་ཡང་དུ་དེའི་ཕྱོགས་བཟུང་སྟེ། ལམ་འདིའི་རིགས་ཀྱི་ནུས་པ་ཐུན་མོང་མ་ཡིན་པ་རྟས་པར་བྱའོ། །གཉིས་པ་ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་བསླབ་པ་ལ་དྲུག །ལུས་དབེན་དང་ངག་དབེན་གྱི་གོ་རིམ། ངག་དབེན་བསྐྱེད་རིམ་གྱི་ལམ་དུ་འདོད་པ་དགག་པ། ངག་དབེན་གྱི་ཤེས་བྱ་རླུང་གི་དེ་ཉིད་བསྟན་པ། སྔགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། ངག་དབེན་སྲོག་རྩོལ་གྱི་ཡན་ལག་ཏུ་འགྱུར་ཚུལ། ངག་དབེན་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི། ལུས་དབེན་ལ་བསླབས་པའི་འོག་ཏུ་ངག་དབེན་ལ་སློབ་ཅིང༌། ལུས་དབེན་སྔོན་དུ་སོང་བ་མེད་ན་ངག་དབེན་མི་འབྱུང་
བར་གསུངས་པའི་དོན་གང་སྙམ་ན། སྤྱོད་བསྡུས་ལས། བསྐྱེད་རིམ་ཕྲ་རགས་ལ་ལོབས་པ་ན། ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དང༌། ལུས་དབེན་ལ་ལོབས་པ་ན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པར་གསུངས་ལ། རིམ་པ་དང་པོར་ཡང་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཡོད་མོད་ཀྱང༌། འདི་ལ་སྐུ་རྡོ་རྗེ་ཞེས་གསུངས་པ་ནི། སྐུ་རྡོ་རྗེ་ཁྱད་པར་ཅན་རྫོགས་རིམ་པའི་སྐུ་རྡོ་རྗེའོ། །དེ་ཡང་སྒྱུ་ལུས་སུ་བཤད་པའི་རྡོ་རྗེའི་སྐུ་དང་ཡེ་ཤེས་ཀྱི་སྐུ་འདིར་མེད་ཀྱང༌འདི་ནི་རྫོགས་རིམ་པའི་ལྷན་སྐྱེས་ཀྱི་བདེ་བ་རྙེད་ནས། དེའི་རྣམ་རོལ་ཏུ་ཤར་བའི་སྐུ་རྡོ་རྗེ་ཡིན་པས། བདེ་བ་ཆེན་པོ་དང་དབྱེར་མི་ཕྱེད་པའི་རྡོ་རྗེའི་དོན་ཡོད་དོ། །དེ་ངག་དབེན་གྱི་སྔོན་དུ་སྒྲུབ་པ་ནི། ངག་དབེན་ནི་རྫོགས་རིམ་པའི་སྔགས་བཟླས་པ་ཐུན་མོང་མ་ཡིན་པ་ཡིན་པས་ཟློས་པ་པོའི་ལྷར་སྒོམ་པ་ལ་ཡང་སྐུ་དེ་མེད་ན། བཟླས་པ་དེའི་ནུས་པ་ཇི་ལྟ་བ་བཞིན་དུ་མི་ཐོན་པའི་ཕྱིར་རོ། །གཞན་ཡང་རླུང་སྡུད་པའི་གནས་ཁྱད་པར་ཅན་སྙིང་ཁའི་དབུས་ཀྱི་དྷཱུ་ཏཱིར་བསྡུས་ཏེ་ཐིམ་པར་བྱེད་པ་ལ། སྤྱིར་དབུ་མའི་ནང་དུ་བསྡུས་ནས་ཐིམ་པ་ལས་བདེ་བ་སྐྱེ་བ་ཅིག་སྔོན་དུ་སོང་ན་བསྡུ་ཤིན་ཏུ་སླ་ལ། དེ་སྔོན་དུ་མ་སོང་ན་བསྡུ་བར་དཀའ་བའི་རྒྱུ་མཚན་གྱིས་ཀྱང་གོ་རིམ་དེ་ལྟར་བཤད་དེ། སྙིང་ཁའི་དྷཱུ་ཏཱིའི་རྩ་མདུད་འགྲོལ་བ་རྩ་མདུད་གཞན་འགྲོལ་བ་ལས་དཀའ་བར་རྡོ་རྗེ་འཕྲེང་བ་ལས་གསུངས་པས། ཐོག་མར་གནས་གཞན་དུ་དབུ་མར་སྡུད་པ་ནི་སྙིང་ཁར་སྡུད་པ་ལས་སླ་བའི་ཕྱིར་རོ། །གཉིས་པ་ནི། འགྲེལ་པ་ཟླ་འོད་ལས། རྡོ་རྗེ་བཟླས་པ་ཡང་
དེ་ལྟར་བསྒོམ་པ་གོམས་ཤིང༌། དང་པོར་དེའི་ཡན་ལག་ཏུ་བཤད་པས། བསྐྱེད་པའི་རིམ་པར་བཞག་གོ །འདི་ལྟར་སྤྱོད་པ་བསྡུས་པའི་ངག་དབེན་གྱི་མཐར་ཉེ་བར་བཞག་པ་དེ་ལྟར། གསུང་གི་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པས། བསྐྱེད་པའི་རིམ་པ་ལས་འདས་ནས་སེམས་ཀྱི་དབེན་པ་རྗེས་སུ་བཙལ་ལོ་ཞེས་བྱ་བའོ། །སྐད་ཅིག་གིས་ཡོངས་སུ་རྫོགས་པའི་ལྷའི་སྐུར་དམིགས་པ་ནི་རྫོགས་པའི་རིམ་པ་སྟེ། དེ་ལ་ལྟོས་པ་ཉིད་ཀྱིས། སྤྱོད་བསྡུས་ལས། ངག་གི་རྣམ་པར་དབེན་པ་ནི་བསྐྱེད་རིམ་ལ་སྤྱོད་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པ་ན། བསྐྱེད་རིམ་ལས་འདས་པའི་སེམས་དབེན་བཙལ་ཞེས་གསུངས་པས། ངག་དབེན་གྱི་དུས་སུ་དེ་ལས་མ་འདས་ལ། སྐད་ཅིག་གིས་ལྷའི་སྐུར་རྫོགས་པ་ལ་རྫོགས་རིམ་དུ་བཏགས་པའི་ཡུལ་ཡིན་ཞིང༌། རིམ་གྱིས་ལྷར་སྐྱེད་པའི་མིན་པས། བསྐྱེད་རིམ་པའི་ཡུལ་མིན་པར་གསུངས་སོ་ཞེས་འཆད་དོ། །སྤྱོད་བསྡུས་ལས་དེ་ལྟར་གསུངས་པས་ནི། ངག་དབེན་གྱི་ཏིང་ངེ་འཛིན་ལ་གནས་པ་དེ་བསྐྱེད་རིམ་ལས་འདས་པར་སྟོན་གྱི། སེམས་དབེན་བསྐྱེད་རིམ་ལས་འདས་པར་སྟོན་པ་མིན་ནོ། །དེས་ན་འགྱུར་ཡང༌། བསྐྱེད་པའི་རིམ་པ་ལས་འདས་ནས། །ཞེས་པ་དང༌། ཆག་གིས། འདས་ཏེ། ཞེས་བསྒྱུར་བ་གཉིས་ལེགས་སོ། །ཡང་སྤྱོད་བསྡུས་ལས། བསྐྱེད་རིམ་གྱིས་ས་བརྒྱད་པ་འཐོབ་པར་གསུངས་ཤིང༌། གསུང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་པ་ཡང་ས་བརྒྱད་པའི་དབང་ཕྱུག་ཏུ་
གསུངས་པས། དེ་བསྐྱེད་རིམ་གྱི་ལམ་དུ་བྱའོ་སྙམ་དུ་ཡང་མི་བྱ་སྟེ། ས་བརྒྱད་པ་ལ་བཞག་ཀྱང༌། དེ་ལ་སྔ་ཕྱིའི་རིམ་པ་མང་པོ་ཡོད་པས་འཇོག་ས་གཅིག་ཁོ་ནར་བྱ་མི་དགོས་པའི་ཕྱིར་རོ། །ས་འདི་རྣམས་ཇི་ལྟ་བུ་ཡིན་པ་ནི་འཆད་པར་འགྱུར་རོ། །སྤྱོད་བསྡུས་ལས། ངག་རྣམ་པར་དབེན་པ་ཡང་རྣལ་འབྱོར་པའི་ཡེ་ཤེས་ཏེ། ཤིན་ཏུ་ཕྲ་བ་ཐེག་པ་ཆེན་པོ་པ་རྣམས་ཀྱི་ཡུལ་མ་ཡིན་པ། རྡོ་རྗེའི་ཐེག་པ་རྣམས་ལས་ཀྱང་བསྐྱེད་པའི་རིམ་པ་ལ་སྤྱོད་པ་རྣམས་ཀྱི་ཡུལ་མ་ཡིན་ཏེ། ཤིན་ཏུ་ཕྲ་བའི་ཕྱིར་རོ། །ཞེས་གསུངས་པའི་དོན་རིམ་གྱིས་ལྷར་སྐྱེད་པའི་བསྐྱེད་རིམ་པའི་ཡུལ་མིན་པ་དང༌། སྐད་ཅིག་གིས་ལྷར་སྐྱེད་པའི་བསྐྱེད་རིམ་པའི་ཡུལ་ཡིན་པར་སྟོན་པ་ལ་དྲང་དུ་མི་རུང་སྟེ། དེ་གཉིས་ཀྱི་ཡུལ་ཡིན་མིན་ཀུན་ནས་མཚུངས་པའི་ཕྱིར་དང༌། སྤྱོད་བསྡུས་ལས། ངག་དབེན་གྱི་འགོར་རིན་ཆེན་ཁ་དོག་སྣ་ལྔ་པ་སྣ་རྩེར་སྒོམ་པར་ལེའུ་གསུམ་པ་ལས་གསུངས་པའི་དོན་ལ། རིམ་གཉིས་ཀྱི་ཕྲ་མོའི་རྣལ་འབྱོར་གཉིས་སོ་སོར་བཤད་པ་ན། རྡོར་བཟླས་ངེས་དོན་རྫོགས་རིམ་པའི་ཕྲ་མོའི་རྣལ་འབྱོར་དུ་བཤད་པའི་ཕྱིར་དང༌། རིམ་ལྔ་ལས་ཀྱང༌། བསྐྱེད་རིམ་ལ་གནས་པར་བྱས་ཟིན་པའི་འོག་ཏུ་རྫོགས་རིམ་འདོད་པ་ལ་རྡོ་རྗེ་བཟླས་པ་སོགས་རིམ་པ་ལྔ་བཤད་པར་གསུངས་པའི་ཕྱིར་རོ། །བསྐྱེད་རིམ་པའི་ཡུལ་མིན་པར་གསུངས་པ་ཡང་བསྐྱེད་རིམ་པ་ལ་དེའི་གོ་བ་མེད་པར་སྟོན་པ་མིན་གྱི། བསྐྱེད་རིམ་གྱི་ལམ་མིན་ཞེས་པའི་དོན་ནོ། །དེས་ན་གཞུང་ཚད་ལྡན་གཞན་ནས་རྡོར་བཟླས་བསྐྱེད་རིམ་གྱི་སྐབས་སུ་བཤད་པ་ལ་ཡང་འཁྲུལ་བར་མི་བྱ་སྟེ། དེའི་སྐབས་སུ་
བཤད་པ་དང༌། དེའི་ལམ་མིན་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདིས་ནི་རླུང་འབྱུང་འཇུག་གི་རྡོར་བཟླས་བསྐྱེད་རིམ་གྱི་གདམས་པར་གད་པ་བ་བཞེད་ཅེས་པ་ཡང་བཀག་པ་ཡིན་ནོ། །གསུམ་པ་ལ་བདུན། རླུང་སྔགས་རྡོར་བཟླས་གསུམ་ལ་རིམ་གྱིས་བསླབ་པའི་དོན། རླུང་གི་དེ་ཉིད་ཤེས་མ་ཤེས་ཀྱི་སྐྱོན་ཡོན། རླུང་གི་རྣམ་པར་དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ། རླུང་རྣམས་ཇི་ལྟར་འཕོ་བའི་ཚུལ། རླུང་རྣམས་ཀྱིས་བྱ་བ་ཅི་ཞིག་བྱེད་པ། དེ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་ཚུལ་བསྟན་པའོ། །དང་པོ་ནི། རིམ་ལྔར། རླུང་གི་དེ་ཉིད་རིམ་གྱིས་ནི། །སྔགས་ཀྱི་དེ་ཉིད་ཡང་དག་འཇུག །སྔགས་ཀྱི་བསྐྱེད་པ་རྟོགས་ནས་ནི། །རྡོ་རྗེ་བཟླས་པ་ལ་ནི་སློབ། །ཅེས་རླུང་གི་དེ་ཁོ་ན་ཉིད་ལ་འཇུག་པའི་རིམ་གྱིས་སྔགས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པ་དང༌། དེ་རྟོགས་ནས་རྡོར་བཟླས་ལ་སློབ་པར་གསུངས་སོ། །འདི་ལ་གསང་བའི་སྣ་རྩེར་བྱང་སེམས་རྫས་ཀྱི་ཐིག་ལེ་དང༌། སྙིང་ཁའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་དང༌། གདོང་གི་སྣ་རྩེར་རླུང་རྣམས་ཐིག་ལེའི་གཟུགས་ཀྱིས་བསྡུས་པ་འོད་ཀྱི་ཐིག་ལེ། དུག་གསུམ་ཅན་གྱི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་པས་བསྒོམ་པ་རླུང་གི་དེ་ཉིད་ལ་འཇུག་པ་དང༌། སྤྱི་བོའི་ཨ་མགྲིན་པའི་ཨཱཿལ་དང༌། ཨཱ་སྙིང་ཁའི་ཧཱུཾ་ལ་དང༌། དེའི་ཐིག་ལེ་དང་ཟླ་ཚེས་དང་མགོ་བོ་དང་ཧ་དང་ཞབས་སྐྱེད་རྣམས་སྔ་མ་ཕྱི་མ་ལ་བསྡུས་པའི་མཐར། ཞབས་སྐྱེད་ཨ་ཐུང་དུ་གྱུར་པ་ལ་དམིགས་ནས་སྒོམ་པ་སྔགས་ཀྱི་དེ་ཉིད་ལ་འཇུག་པའི་དོན་དུ་སྐལ་ལྡན་གྲགས་པས་བཤད་ཅིང༌། ལག་སྨི་སོགས་མང་པོས་
ཀྱང་དེ་བཞིན་དུ་འདོད་མོད་ཀྱང༌། དེ་དག་ནི་རྒྱུད་ཕྱི་མ་དང་རྡོ་རྗེ་འཕྲེང་བ་གཉིས་ཀྱི་དོན་མིན་པས་རིམ་ལྔ་དང་སྤྱོད་བསྡུས་ཀྱི་དོན་དུའང་མ་མཐོང་ངོ༌། །དེས་ན་དེ་ཉིད་གསུམ་ལ་རིམ་ཅན་དུ་འཇུག་པར་གསུངས་པ་ནི། རྗེ་འགོས་ཀྱི་བཞེད་པ་ལྟར་རླུང་གི་དེ་ཉིད་ཤེས་པ་སྔོན་དུ་བཏང་ནས། དེ་རྗེས་སྔགས་ཀྱི་དེ་ཉིད་ཤེས་པར་བྱེད་ལ། དེ་གཉིས་ཀ་ཐོས་བསམ་གྱིས་ལེགས་པར་ཤེས་པ་ན་དེའི་འོག་ཏུ་རྡོར་བཟླས་བསྒོམ་ཞེས་པའི་དོན་ནོ། །གཉིས་པ་ནི། རྒྱུད་རྡོ་རྗེ་འཕྲེང་བ་ལས། དེ་ནས་རླུང་གི་དེ་ཉིད་མཆོག །དོན་དམ་པ་ནི་བཤད་ཀྱིས་ཉོན། །རྣལ་འབྱོར་པས་ནི་རླུང་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། སྡོམ་འབྱུང་ལས་ཀྱང༌། རླུང་གི་རྣལ་འབྱོར་མི་ཤེས་དང༌། །གང་ཞིག་ཤེས་ཀྱང་མི་སྒོམ་པ། །དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། །ཉེར་འཚེ་འཁོར་བའི་སྲིན་བུར་འགྱུར། །ཞེས་གསུངས་ལ། རླུང་གི་རྣལ་འབྱོར་ཤེས་ནས་སྒོམ་པ་ལ་ནི་རླུང་གི་གནད་ལེགས་པར་ཤེས་པ་ཤིན་ཏུ་གལ་ཆེ་བས། རླུང་དངོས་སུ་སྒོམ་པ་རྡོར་བཟླས་ལྟ་བུར་མ་ཟད། ལུས་ཀྱི་གནད་རྣམས་སུ་ཐིག་ལེ་སོགས་ལ་དམིགས་ནས་སྒོམ་པ་དང༌། ཕྱིའི་སྲོག་རྩོལ་གྱི་སྒོ་ནས་ལམ་སྐྱེད་པ་ལ་ཡང་དེ་ལེགས་པར་ཤེས་དགོས་སོ། །དེས་ན་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་སྒོམ་པ་ཐམས་ཅད་རླུང་གི་འཕྲུལ་དུ་འགྲོ་ལུགས་ལེགས་པར་ཤེས་ནས། རླུང་དངོས་དང་བརྒྱུད་ནས་སྒོམ་པ་ཞིག་ལམ་འདི་ལ་མེད་མི་རུང་དུ་ཤེས་པར་གྱིས་ཤིག །གསུམ་པ་ནི། འོ་ན་རླུང་གི་ཁྱད་པར་ཅི་ཙམ་ཞིག་ཏུ་ངེས་པར་བྱ་ཞེ་ན། སངས་རྒྱས་མཉམ་སྦྱོར་དང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་
ལས། རླུང་བཅུ་ནི་ཀོ་ཊ་ཁྱ་ལ་སོགས་པ་སྒྲ་ཇི་བཞིན་མ་ཡིན་པ་བཅུས་གསུངས། རྡོ་རྗེ་སྒོ་ཞེས་བྱ་བའི་རྒྱུད་ལས། སྲོག་དང༌། ཐུར་དུ་སེལ་བ་དང༌། མེ་དང་མཉམ་དུ་གནས་པ་དང༌། གྱེན་དུ་རྒྱུ་བ་དང༌། ཁྱབ་བྱེད་དང༌། རྒྱུ་བ་དང༌། རྣམ་པར་རྒྱུ་བ་དང༌། ཡང་དག་པར་རྒྱུ་བ་དང༌། རབ་ཏུ་རྒྱུ་བ་དང༌། ངེས་པར་རྒྱུ་བ་ཞེས་པ་སྒྲ་ཇི་བཞིན་པས་གསུངས་སོ། །རྡོ་རྗེ་འཕྲེང་བ་དང་དགོངས་པ་ལུང་སྟོན་ལས་སྔ་མ་ལྔ་སྔར་དང་འདྲ་ཞིང༌། ཕྱི་མ་ལྔ་ལ། ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་གསུངས་ཏེ། ཕྱི་མ་ལ་ནོར་ལས་རྒྱལ་ཞེས་འགྲེལ་པ་རྣམས་ལས་བཤད་པའང་ཡོད་དོ། །ལྔ་མཚན་གཉིས་ལ་རྩ་བ་དང་ཡན་ལག་གི་རླུང་ཞེས་པའི་ཐ་སྙད་ནི་འཕགས་སྐོར་གཞན་ནས་མི་གསལ་ཡང༌། སྒྲ་དབྱངས་བཅུ་གཅིག་པས་མཛད་དོ། །འོ་ན་རྡོར་རྗེ་འཕྲེང་བ་ལས། བཏང་བཟུང་ལ་སོགས་པ་རླུང་བརྒྱ་རྩ་བརྒྱད་དུ་བཤད་པ་བཅུ་པོར་འདུས་སམ་མ་འདུས་སྙམ་ན། བོད་ཀྱི་མཁས་པ་ཁ་ཅིག །རླུང་བཅུ་པོ་རེ་རེ་ལ་མིང་གི་རྣམ་གྲངས་བཅུ་བཅུ་དང༌། ཐུན་མོང་བའི་མིང་གི་རྣམ་གྲངས་བརྒྱད་ཡིན་ཞེས་འཆད་དོ། །རྡོ་རྗེ་འཕྲེང་བའི་འགྲེལ་པ་ལས། སྤྲུལ་པ་དང་ཆོས་དང་མེ་དང་ལོངས་སྤྱོད་དང་རླུང་དང་བདེ་ཆེན་གྱི་འཁོར་ལོ་དྲུག་པོ་རེ་རེ་ལ་ཁྱབ་བྱེད་ནི་བྱ་བ་དང་བྲལ་བ་དང་ལུས་ཀུན་ལ་ཁྱབ་པས། དེ་མ་གཏོགས་པ་ལྷག་མ་དགུ་དགུ་རྒྱུ་སྟེ། དེ་ཡང་ཉིན་མོ་ང་བཞི་དང༌། མཚན་མོ་ང་བཞི་སྟེ་བརྒྱ་རྩ་བརྒྱད་དོ། །དེ་ལ་སྲོག་འཛིན་ནི་དྲུག་གའི་ལྟེ་བ་ནས་རྒྱུ་ཞིང༌། མེ་རླུང་གི་འཁོར་ལོ་གཉིས་
མ་གཏོགས་པ་བཞིའི་འདམ་མ་ལ། ཐུར་སེལ་ནས་ངེས་པར་རྒྱུ་བའི་བར་བརྒྱད་བརྒྱད་རྒྱུའོ། །ལོངས་སྤྱོད་ཀྱི་འཁོར་ལོའི་འོག་གི་མེ་འཁོར་འདབ་མ་གསུམ་པ་དང༌། སྨིན་མཚམས་ཀྱི་རླུང་འཁོར་འདམ་མ་དྲུག་པར་བཤད་པས། དེའི་དང་པོ་ལ་ནི་རྩ་དབུ་མ་ལ་བརྟེན་པའི་མདུད་པ་གསུམ་དང༌། ནུ་མ་གཡས་གཡོན་གྱི་རྩ་གཉིས་དང༌། འདམ་མ་གསུམ་སྟེ་བརྒྱད་དོ། །གཉིས་པ་ལ་ནི་འདབ་མ་དྲུག་དང་སྨིན་མ་གཡས་གཡོན་གྱི་རྩ་གཉིས་ཏེ་བརྒྱད་ལ། རླུང་ལྷག་མ་བརྒྱད་རྒྱུའོ་ཞེས་བཤད་དོ། །རྒྱུད་ལོགས་སུ་བསྒྱུར་བ་རྣམས་ལས། མཚན་ཕྱེད་ནས་ཉིན་ཕྱེད་བར་ལ་ང་བཞི་དང༌། ཉིན་ཕྱེད་ནས་མཚན་ཕྱེད་བར་ལ་ང་བཞིར་བཤད་དེ། འགྲེལ་པའི་འགྱུར་ལ་མ་བྱུང་ངོ༌། །རླུང་དགུ་འཁོར་ལོ་དྲུག་ལ་རྒྱུ་བའི་སྒོ་ནས་བརྒྱ་རྩ་བརྒྱད་དུ་འཆད་པར་སྣང་བས། བཤད་པ་དང་པོ་རྒྱུད་དང་མི་མཐུན་ལ། འཁོར་ལོ་རེ་རེ་ལ་སྲོག་ཐུར་སོགས་དགུ་དགུ་རྒྱུ་བ་ན། གཞན་རྣམས་ལ་རྒྱུ་ན་བརྒྱ་རྩའི་གྲངས་འདྲེན་ལུགས་ད་དུང་བཤད་དགོས་ལ། མི་རྒྱུ་ན་ལྟེ་བ་ནས་སྣ་བུག་ཏུ་རྒྱུ་བ་ན་སྙིང་ཁ་དང་མགྲིན་པ་སོགས་ནས་ཀྱང་རྒྱུ་དགོས་པས་མི་འཐད་དོ། །གཞན་ཡང༌། ཐུན་ཕྱེད་དུས་ནས་བརྩམས་ནས་ནི། །འཁོར་ལོ་དྲུག་ལ་དགུ་བདག་ཉིད། །ཐུན་ཕྱེད་ཀྱི་ནི་མཐའ་ཉིད་དུ། །ཞེས་འགྲེལ་པར་གཞུང་དེ་ལྟར་འདོན་པ་ཡང་འགྲིག་པར་མི་སྣང་ངོ༌། །གང་ལྟར་ཡང་རླུང་བརྒྱ་རྩ་བརྒྱད་པོ་དེ་རླུང་བཅུར་མི་འདུ་བ་མིན་པ་རྒྱུད་དེའི་དོན་དུ་སྣང་ཡང༌། འཁོར་ལོ་དྲུག་ལ་དགུ་དགུ་རིམ་ཅན་དུ་རྒྱུ་ཚུལ་གཞག་དཀའ་བར་སྣང་བས་ད་དུང་
དཔྱད་པར་བྱའོ། །བཞི་པ་ལ་གསུམ། རྩ་བའི་རླུང་ལྔའི་དོན་བཤད་པ། ཡན་ལག་གི་རླུང་ལྔའི་དོན་བཤད་པ། རླུང་གཉིས་ཀྱི་ཐུན་མོང་གི་དོན་བཤད་པའོ། །དང་པོ་ནི། དེ་ལ་རླུང་ལྔ་གང་ན་གནས་པ་དང༌། མགོན་པོ་གང་གི་རླུང་གང་ཡིན་པ་ནི། རྒྱུད་རྡོར་འཕྲེང་ལས། སྲོག་གི་རླུང་ནི་སྙིང་ཁར་གནས། །མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །འདོམས་ན་གནས་པའི་ཐུར་སེལ་ནི། །རིན་ཆེན་འབྱུང་ལྡན་བྱེ་བྲག་སྐྱེས། །སྟོད་དུ་རྒྱུ་བ་ལྐོག་མར་གནས། །འོད་དཔག་མེད་ཀྱི་རང་བཞིན་ནི། །མཉམ་གནས་ལྟེ་བའི་པདྨར་གནས། །དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཁྱབ་བྱེད་ཡན་ལག་ཀུན་ལ་གནས། །རྣམ་སྣང་མཛད་ཀྱི་ངོ་བོའོ། །ཞེས་གསུངས་ཏེ། སྤྱོད་བསྡུས་སུ་ཡང་དེ་བཞིན་དུ་གསུངས་སོ། །རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་ངོ་བོ་ཅན། །ཞེས་ཡེ་ཤེས་ལྔར་གསུངས་པ་ནི་རིགས་ལྔའི་སྒོ་ནས་ཤེས་པར་བྱའ། །དེ་ལ་སྲོག་འཛིན་སྣ་བུག་ནས་རྒྱུ་བ་ནི་སྲོག་འཛིན་རགས་པ་ཡིན་ལ། སྙིང་ཁར་གནས་པའི་རླུང་མི་ཤིགས་པ་ཞེས་པ་ནི་ཤིན་ཏུ་ཕྲ་བའི་སྲོག་འཛིན་ཡིན་ཏེ། རྒྱུད་རྡོར་འཕྲེང་ལས། སྙིང་གི་པདྨའི་སྦུགས་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །ཞེས་དང༌། གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །དེར་ནི་རྟག་ཏུ་བཞུགས་པའི་ས། །སྲོག་གི་ཡེ་ཤེས་མིང་ཅན་ཏེ། ཞེས་ཇི་སྲིད་འཚོའི་བར་དུ་རྟག་ཏུ་སྙིང་ཁར་བཞུགས་པའི་རླུང་ནི་སྲོག་འཛིན་དུ་བཤད་པས། སྲོག་འཛིན་ལ་ཕྲ་རགས་གཉིས་སུ་བྱ་དགོས་སོ། །ལྷ་མོ་བཞིས་ཞུས་པ་
ལས་ཀྱང༌། ཕྱེད་ཚད་ཙམ་གྱི་ཕྲ་མོ་མཆོག །ཡིད་ཀྱི་དངོས་པོ་ཐིག་ལེའི་གཟུགས། །རྟག་ཏུ་སྙིང་གི་དབུས་གནས་པ། །འོད་ཟེར་ཆེན་པོ་འབར་བ་ཅན། །ཞེས་གསུངས་པ་ལས་འོད་ཟེར་ལྔ་འབར་བའི་མི་ཤིགས་པའི་རླུང་ཡིན་ལ། རྡོ་རྗེ་དཀྱིལ་འཁོར་རྒྱན་གྱི་རྒྱུད་ལས། སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། ཞེས་གསུངས་པས་ཀྱང་མི་ཤིགས་པའི་རླུང་སྟོན་ཏེ། སྤྱིར་སྙིང་ཁའི་མི་ཤིགས་པ་ལ་བྱང་སེམས་དཀར་དམར་དང༌། གཞིའི་འོད་གསལ་དང༌། སྲོག་འཛིན་ཕྲ་བ་སོགས་མང་དུ་ཡོད་དོ། །འདི་ནི་རྡོ་རྗེ་འཕྲེང་བའི་འགྲེལ་པར་འོད་གསལ་གྱི་རླུང་དུ་བཤད་ཅིང༌། དེ་ཁོ་ན་ཉིད་གྲུབ་པ་ལས། རླུང་གཞན་རྣམས་ཐིམ་ནས་ལྷན་ཅིག་སྐྱེས་པའི་རླུང་རང་གནས་སུ་གནས་པ་ལ་དེ་ཁོ་ན་ཉིད་རྟོགས་པར་གསུངས་པ་ཡང་འདི་ཡིན་ནོ། །དེས་ན་རྡོ་རྗེ་འཕྲེང་བ་ལས། རླུང་ཐོག་མར་སྐྱེ་བའི་རིམ་པ་བཞིན་དུ་འཆི་བའི་ཚེ་མས་ཡར་ཐིམ་པར་གསུངས་ལ། དང་པོ་འཆགས་པ་ན་སྲོག་འཛིན་གྱི་རླུང་འཆགས་པར་བཤད་པས། མཐར་རླུང་རྣམས་སྲོག་འཛིན་ཕྲ་བ་ལ་ཐིམ་པར་འགྱུར་བས་སྤྱོད་བསྡུས་ལས། རླུང་རྣམས་མཐར་མི་ཤིགས་པར་འཇུག་པར་བཤད་པ་ཡང་སྙིང་ཁའི་རླུང་མི་ཤིགས་པ་ལ་ཐིམ་པའི་དོན་ནོ། །སྙིང་ཁའི་མི་ཤིགས་པའི་རླུང་དང་ཐིག་ལེ་ནི་སྙིང་ཁའི་རྩ་མདུད་ཀྱི་དྷཱུ་ཏཱིའི་ནང་ན་གནས་ལ། སྣ་བུག་ཏུ་རྒྱུ་བའི་སྲོག་འཛིན་ནི་སྙིང་ཁར་གནས་ཀྱང་དེར་གནས་པ་མིན་ནོ། །རྡོར་འཕྲེང་གི་སྐུ་གསུང་ཐུགས་ཀྱི་སྙིང་པོའི་ལེའུ་ལས། ཐུར་སེལ་
བཤང་སྒོ་གསང་བའི་དབུས་ན་གནས་པར་བཤད་པ་ནི། གསང་བའི་པདྨ་གནས་དངོས་གཞི་ཡིན་ལ། དྲི་ཆེན་ཐུར་དུ་སེལ་བ་བཤང་སྒོ་ནས་བྱེད་པ་ལ་དགོངས་སོ། །སྒྲོན་གསལ་ལས། ས་རླུང་བཤང་སྒོའི་པདྨར་གནས་པར་བཤད་པ་ཡང་གསང་བའི་པདྨ་ལ་དེར་བཏགས་པ་ཙམ་མོ། །འོ་ན་རྡོར་འཕྲེང་ལས། དྲུག་ཅུ་རྩ་བཞི་བརྒྱད་འདབ་གཉིས། །སྟེང་དང་འོག་ཏུ་ཁ་བལྟས་བཞིན། །སྟེང་འོག་ཡང་དག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །ཅེས་གསུངས་པ་དེ་རྩ་འདབ་བརྒྱད་པ་སྙིང་ཁའི་སྟེང་འོག་ལ་བྱེད་དམ། རྩ་འདབ་རེ་བཞི་པ་ལྟེ་བའི་སྟེང་འོག་ལ་བྱེད། དང་པོ་ལྟར་ན་སྔར་བཤད་པའི་གནས་དང་འགལ་ལ། གཉིས་པ་ལྟར་ན་སྙིང་གི་པདྨའི་སྦུབས་ཞེས་པ་གཉིས་ཀྱི་མཇུག་ཏུ། སྟེང་འོག་ཡང་དག་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། སྟེང་འོག་ཅེས་པ་ནི་སྙིང་ཁའི་རྩ་མདུད་ཀྱི་སྟེང་འོག་ལ་བྱེད་ལ། དེ་ཡང་གནས་ཞེས་པ་ནི་རྒྱུ་བར་བྱེད་ཅེས་པའི་དོན་ཡིན་པས་རྒྱུ་བའི་ལམ་ཡིན་གྱི། དེར་སྡོད་པའི་གནས་མིན་པས་སྐྱོན་དང་པོ་མེད་དོ། །འོ་ན་ས་རླུང་ཐུར་སེལ་སྣ་བུག་གཉིས་ཀ་ལ་རྒྱུ་བར་བཤད་པས་སྙིང་ཁའི་འོག་ལ་བརྟེན་ནས་རྒྱུ་ཞེས་པ་ཅི་ཡིན་སྙམ་ན། དེ་ནི་སྙིང་ཁའི་རྩ་མདུད་ཀྱིས་བཀག་པས་དེའི་དབུས་ཀྱི་དྷཱུ་ཏཱིའི་ལམ་ནས་ཐུར་སེལ་སྟེང་དུ་འགྲོ་མི་ནུས་པའི་དོན་ཡིན་ཏེ། སྲོག་འཛིན་ཀྱང་དེ་དང་འདྲའོ། །སྲོག་འཛིན་ནི་སྙིང་མགྲིན་ནས་སྟེང་གི་སྣ་སྒོར་འབྱུང་འཇུག་བྱེད་པ་བཞིན་དུ། ཐུར་སེལ་
ཡང་ལྟེ་བ་ནས་བཤང་ལམ་དང་རྟགས་ཀྱི་སྣ་རྩེ་བར་དུ་འབྱུང་འཇུག་བྱེད་དེ། གཤེད་དམར་གྱི་རྒྱུད་ལས། ཐུར་སེལ་འོག་ལམ་གསང་བའི་མཐའ། །གཏོང་ཞིང་ལྟེ་བར་རྩོམ་པར་བྱེད། །སྙིང་ཁ་མགྲིན་པར་སོང་ནས་ནི། །སྲོག་ནི་སྣ་བུག་དག་ནས་འགྲོ། །ཞེས་སོ། །མཉམ་གནས་ནི་ལྟེ་བའི་གཏུམ་མོ་དང་མཉམ་དུ་གནས་པའོ། །རྡོར་འཕྲེང་ལས། སྙིང་ཁའི་དབུས་ཀྱི་རྩ་མདུད་ཀྱིས་བཀག་པས། གནས་དེ་ནས་སྲོག་འཛིན་འོག་ཏུ་དང༌། ཐུར་སེལ་སྟེང་དུ་འགྲོ་མི་ནུས་པར་གསུངས་པའི་རིགས་པས། འཁོར་ལོ་གཞན་གསུམ་ལ་རླུང་གསུམ་གནས་པ་ཡང་ད་ལྟ་རྩ་མདུད་ཀྱི་དབུས་ནས་འབྱུང་འཇུག་བྱེད་པ་མིན་ནོ། །རྡོར་འཕྲེང་ལས། ལྐོག་མ་སྙིང་ཁ་ལྟེ་བ་དང༌། །གསང་བའི་པདྨར་འགྲོ་འོང་སྟོན། །ཞེས་པ་ནི་ཁྱབ་བྱེད་མ་གཏོགས་པ་བཞི་གནས་གང་ནས་འགྲོ་འོང་བྱེད་པའི་ཚུལ་ཡིན་ལ། དེ་ཡང་ཐོག་མར་རླུང་ལྡང་བ་དང་རང་གི་རྒྱུ་བ་རྫོགས་པའི་མཐར་སྡོད་པ་ནི་དེ་དག་ཏུ་ཡིན་ཀྱང༌། བར་སྐབས་སུ་རྒྱུ་བ་ན་རང་རང་གི་གནས་དེ་ཙམ་ནས་ཕྱིར་འགྲོ་བ་དང༌། དེ་ཙམ་དུ་ནང་དུ་འཇུག་པ་ནི་མིན་ནོ། །རླུང་རྣམས་འགྲོ་འོང་བྱེད་པའི་ཚེ་སྣ་བུག་གང་ལས་རྒྱུ་བ་དང༌། འབྱུང་བའི་དཀྱིལ་འཁོར་གང་གི་རླུང་གང་ཡིན་པ་དང་ཁ་དོག་ནི། རྡོ་རྗེ་འཕྲེང་བ་ལས། སངས་རྒྱས་ལྔ་ཡི་རིགས་གནས་པ། །སྣ་ཡི་བུ་ག་ལས་འབྱུང་ཞིང༌། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་སྤྱོད་པར་རྟག་ཏུ་འགྱུར། །ཀུན་རྫོབ་སྣར་ནི་རྒྱུ་བ་ཡི། །སྒོ་དེ་ལས་ནི་རྣམ་པར་འགྱུར། །གཡོན་དང་གཡས་དང་གཉིས་ཀ་དང༌། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་
ལས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། །པདྨ་མགོན་པོའི་རྒྱུ་བ་འོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ལ་བརྟེན་པ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བ་འོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཁམས་ཀུན་ལས་ནི་ཡང་དག་བྱུང༌། །རྟེན་དང་བརྟེན་པའི་གཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་འདི་དག་ནི། །མཉམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་པས་ཟློས་པའི་གྲངས་ཉིད་ཀྱིས། །ཉིན་མཚན་རྟག་ཏུ་ཟློས་པ་ཡིན། །ཞེས་གསུངས་སོ། །དེའི་དོན་སྤྱོད་བསྡུས་ལས། རྡོ་རྗེ་དང་པདྨའི་སྣའི་བུ་ག་ལས་འོད་ཟེར་རྣམས་བྱུང་ནས་སྟེང་ དུ་སོང་སྟེ། ཀུན་རྫོབ་ཀྱི་སྣའི་སྒོ་གཡས་གཡོན ་སོགས་ལས་རྒྱུ་བའི་དཀྱིལ་འཁོར་རེ་རེ་ལ་ཡི་གེ་གསུམ་གྱི་སྔགས་ཀྱི་བདག་པོ་འཇུག་པ་ལ་སོགས་པའི་རིམ་གྱིས་རྟག་ཏུ་རང་ཉིད་ཟློས་པར་བཤད་དོ། །རྐང་པ་བཞི་པ་ལ་ནི། འགྱུར་གཞན་ལས། ལུས་ལ་རྟག་ཏུ་ཡང་དག་རྒྱུ། ཞེས་འབྱུང་ངོ༌། །ཁྱབ་བྱེད་ཀྱང་རླུང་ལྔ་སྟེང་དུ་སྣ་སྒོ་ལས་རྒྱུ་བར་གསུངས་པས། སྣ་བུག་ལས་འབྱུང་བར་བསྟན་ལ།
དལ་བར་རྒྱུ་བ་ཡང་གཡས་གཡོན་རེ་རེ་བའི་རྒྱུ་བ་ལོགས་སུ་བཤད་པས་གཉིས་ཀ་ནས་རྒྱུ་བར་གོའོ། །རྒྱུ་བ་མེད་པ་ནི་རྒྱུ་བ་བུལ་བའི་དོན་དུ་སྤྱོད་བསྡུས་ལས་གསུངས་སོ། །གཡས་པ་སོགས་ནས་འབྱུང་བར་གསུངས་པ་འདི་སྤྱོད་བསྡུས་སུ་སྣ་བུག་གཡས་གཡོན་དང༌། གཉིས་ཀ་ལ་བཤད་ལ། སྡོམ་འབྱུང་ནས་དེ་ལྟར་གསུངས་པ་ཡང་འདི་དང་འདྲ་བས། སྡོམ་འབྱུང་འགྲེལ་པར་སྣ་བུག་གང་རུང་གཅིག་གི་གཡས་གཡོན་དང་དབུས་སུ་རྒྱུ་བ་ལ་འཆད་པ་དོན་མིན་ནོ། །རྡོར་འཕྲེང་ལས་དེ་ལྟར་གསུངས་པ་དང༌། ཞལ་ལུང་ལས་སྣ་སྒོ་གཡས་ནས་རླུང་དང༌། གཡོན་ནས་ཆུ་དང༌། གཉིས་ཀ་ནས་ས་མེ་གཉིས་རྒྱུ་བར་གསུངས་པ་གཉིས་མི་འགལ་ཏེ། སྔ་མ་ནི་གཙོ་བོར་བྱས་ནས་རྒྱུ་བ་ལ་དགོངས་ལ། ཕྱི་མས་མཉམ་རྒྱུར་གསུངས་པ་ཡང་སྣ་བུག་རེ་རེ་ལ་ཡང་རྒྱུ་བ་དང༌། རེ་རེ་ལ་རྒྱུ་བར་གསུངས་པ་གཉིས་ཀ་ལས་ཀྱང་རྒྱུ་བར་གསུངས་པས་དེ་གཉིས་མ་ངེས་པ་དང༌། གཡོན་ལ་རྒྱུ་བར་གསུངས་པ་གཡས་སུ་རྒྱུ་བར་བཤད་པ་ཡང་སྣ་བུག་རེ་རེ་བ་གཉིས་ཀྱི་རླུང་ཡང་མ་ངེས་པར་སྟོན་པའི་དོན་ཡིན་ལ། འབྱུང་བ་ཆེ་བའི་རླུང་རེ་རེ་རྒྱུ་བ་ན་གཞན་གསུམ་གསུམ་འཁོར་དུ་རྒྱུ་བར་ཡང་འཆད་པར་འགྱུར་བའི་ཕྱིར་རོ། །སྣ་སྒོ་གཡས་ནས་རྒྱུ་བ་སོགས་བཞི་པོ་འདི་རྒྱུད་འདི་དང༌། ཡབ་སྲས་ཀྱི་གཞུང་ནས་རྩ་བའི་རླུང་འདི་ཡིན་ཞེས་གསལ་བར་མ་བཤད་ཀྱང༌། མགོན་པོ་བཞིའི་རླུང་དུ་བཤད་པ་འདི་དང༌། སྔར་དྲངས་པའི་སྲོག་འཛིན་སོགས་མགོན་པོ་འདི་ཡིན་ཞེས་བཤད་པ་གཉིས་སྦྱར་ན་ཤེས་པར་ནུས་སོ། །
སྒྲོན་གསལ་ལས། ས་ཆུ་མེ་རླུང་གི་རླུང་བཞིའི་རིམ་པ་བཞིན་དུ་གསང་གནས་དང༌། སྙིང་ཁ་དང༌། མགྲིན་པ་དང༌། ལྟེ་བའི་པདྨ་ནས་རྒྱུ་བར་བཤད་དོ། །ཁ་དོག་ལ་རྡོ་རྗེ་འཕྲེང་བའི་འགྱུར་རྣམས་དང༌། རྡོར་འཕྲེང་སྤྱོད་བསྡུས་འགྱུར་རྙིང་ དུ་དྲངས་པ་ལས། གཡོན ་པའི་རླུང་ལྗང་སེར་དུ་བྱུང་ཞིང༌། དེའི་བཤད་པར་ཡང་ལྗང་སེར་འོད་ཟེར་ནག་པོའི་ངོ་བོ་ཉིད་ཅེས་འབྱུང་ངོ༌། །སྤྱོད་བསྡུས་པ་ཚབ་དང་ཆག་གིས་བསྒྱུར་བར་དྲངས་པ་ལས་ལྗང་སྔོན་དུ་བསྒྱུར་ཞིང༌། དེའི་བཤད་པར་ལྗང་སྔོན་དུ་བྱུང་ངོ༌། །སྤྱོད་བསྡུས་སུ་རླུང་བཞི་ཀ་རིམ་པ་བཞིན་འོད་ཟེར་ནག་དམར་སེར་དཀར་བའི་ངོ་བོ་ཉིད་དུ་བཤད་པ་ལྟར། ལེའུ་བཅུ་བཞི་པའི་སྒྲོན་གསལ་ལས་ཀྱང་འབྱུང་ངོ༌། །སྒྲོན་གསལ་ལེའུ་གསུམ་པར་རླུང་བཞིའི་ཁ་དོག་དམར་པོ་སོགས་བཞིར་བཤད་ཅིང༌། དགོངས་པ་ལུང་སྟོན་ལས་ཀྱང་དེ་ལྟར་བཤད། སྒྲོན་གསལ་ལེའུ་དྲུག་པར་གཡས་པའི་རླུང་འོད་ཟེར་དམར་པོའི་ངོ་བོར་བཤད་པ་མ་གཏོགས་པ་གཞན་གསུམ་གྱི་ཁ་དོག་སྔར་བཞིན་བཤད་དོ། །དེ་ལྟར་སྣ་ཚོགས་ཤིག་བཤད་ཀྱང༌། སྲོག་འཛིན་དང༌། ཐུར་སེལ་དང༌། གྱེན་རྒྱུ་དང༌། མཉམ་གནས་ཀྱི་རླུང་གི་རང་དབང་གི་ཁ་དོག་ནི་རིམ་པ་བཞིན་དུ། དཀར་སེར་དམར་ནག་རེ་རེ་བར་ངེས་པར་བྱས་ལ། འོད་ཟེར་ཁ་དོག་ལྔ་ལྔ་ཡོད་པ་ནི། སྤྱོད་བསྡུས་ལས། དེ་ལྟ་མོད་ཀྱི་འོད་ཟེར་རེ་རེ་འབྱུང་བ་ན་ཡང་འོད་ཟེར་ལྔ་ལྔ་ངེས་པར་འབྱུང་སྟེ། ཁམས་ཀྱི་དཀྱིལ་འཁོར་གཅིག་གིས་ཀྱང་ཁམས་ཀྱི་
དཀྱིལ་འཁོར་བཞི་ལ་ཁྱབ་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་དོན་དུ་གཟུང་ངོ༌། །ཐུགས་རྗེ་དཔལ་ཞབས་ཀྱིས། ཤྱཱ་མ་ཞེས་པ་ལྗང་གུ་དང་ནག་པོ་གཉིས་ཀ་ལ་འཇུག་པར་བཤད་པས། ལྗང་སྔོན་ནམ་ལྗང་ནག་ཏུ་བྱའི་ལྗང་སེར་དུ་མི་བྱའོ། །ལག་སྨིས་ཁྱབ་བྱེད་རྣམ་སྣང་དང༌། སྲོག་འཛིན་མི་བསྐྱོད་པར་གསུངས་པ་ལ་བརྟེན་ནས། དཀར་པོ་དང་ནག་པོར་བཤད་པའི་ཕྱི་མ་ནི་གཞུང་མང་པོ་དང་འགལ་ལ། སྔ་མ་ལ་གསལ་ཁ་མེད་ཀྱང༌། རྗེ་འགོས་སྔོ་བསངས་སུ་བཞེད་པ་ལྟར་བྱའོ། །རླུང་རྣམས་ཀྱི་ཁམས་ཀྱི་དཀྱིལ་འཁོར་གཅིག་གིས་ཀྱང་བཞི་ལ་ཁྱབ་པ་ནི། སྲོག་འཛིན་སོགས་རེ་རེ་རྒྱུ་བ་ནའང༌གཞན་གསུམ་དང་བཅས་པས་བཞི་བཞི་རྒྱུ་བའོ། །ལེའུ་དྲུག་པའི་སྒྲོན་གསལ་ལས་ཀྱང༌། དཀྱིལ་འཁོར་རེ་རེའི་དཀྱིལ་འཁོར་གྱི་རབ་ཏུ་འཇུག་པ་ལ་སྤྱོད་པ་ན། དཀྱིལ་འཁོར་གསུམ་པོ་འཁོར་དུ་གྱུར་པས་དེའི་ནང་དུ་ཆུད་པར་སྤྲོའོ། །ཞེས་གསུངས་ཤིང༌། དེ་ཉིད་ཀྱང་རྒྱུད་ལས། འཁོར་དག་ཁྱད་པར་དག་ཏུ་སྤྲོ། །ཞེས་པའི་དོན་བཀྲལ་བ་ཡིན་པའི་ཕྱིར་དང༌། སྐབས་དེའི་དཀྱིལ་འཁོར་བཞི་ཡང་སྣ་བུག་གཡས་གཡོན་དང༌། མཉམ་རྒྱུའི་དཀྱིལ་འཁོར་བཞི་ལ་བཤད་པས། སྲོག་འཛིན་སོགས་བཞི་ལ་བྱ་དགོས་པའི་ཕྱིར་ན། གྱེན་རྒྱུ་སྣ་བུག་གཡས་ལ་རྒྱུ་བ་ནའང་སྲོག་ཐུར་དང་མཉམ་གནས་ཀྱང་དེ་དང་ལྷན་ཅིག་ཏུ་རྒྱུ་སྟེ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །དེའི་ཚེ་གྱེན་རྒྱུའི་ནང་དུ་ཚུད་པར་རླུང་གཞན་གསུམ་རྒྱུ་ཚུལ་ནི། མེ་རླུང་གི་དབང་དུ་བྱས་པས་གཞན་གསུམ་དཀར་ལ་དམར་བ་དང༌།
སེར་ལ་དམར་བ་དང༌། ལྗང་ལ་དམར་བའི་མདངས་ཅན་དུ་འཇའ་ཚོན་གཅིག་བཞིན་ དུ་སྐྱེ་སྟེ། དེས་མཉམ་གནས་སོགས་གསུམ་གཡོན ་པ་སོགས་ནས་རྒྱུ་བ་ནའང་གཙོ་བོ་རེ་རེ་དང༌། འཁོར་གསུམ་གསུམ་དེའི་ནང་དུ་ཆུད་པར་རྒྱུ་བ་ཡང་ཤེས་པར་བྱའོ། །དེས་ན་གྱེན་རྒྱུ་སྣ་བུག་གཡས་དང༌། མཉམ་གནས་ གཡོན་དང༌། སྲོག་ཐུར་གཉིས་མཉམ་རྒྱུར་གསུངས་པ་ནི་གཙོ་བོར་བྱས་ནས་རྒྱུ་བ་ཡིན་གྱི། འཁོར་དུ ་རྒྱུ་བ་ན་དེའི་ངེས་པ་མེད་དོ། །སྣ་བུག་གཡས་སུ་གྱེན་རྒྱུའི་རླུང་གིས་གཙོ་བོ་བྱས་པའི་མགོན་པོ་བཞིའི་རླུང་རྒྱུ་བ་ན། ཐོག་མར་ཉིས་བརྒྱ་ཉེར་ལྔ་རྒྱུ་བ་ནི། གོས་དཀར་མོའི་རླུང་དང༌། དེ་ནས་དེ་ཙམ་པ་གསུམ་རྒྱུ་བ་ནི་རིམ་པ་བཞིན་དུ་སྒྲོལ་མ་དང༌། སྤྱན་མ་དང༌། མཱ་མ་ཀཱིའི་རླུང་ཡིན་ལ། ལྷ་མོ་རེ་རེའི་རླུང་ལའང་མགོན་པོའི་རླུང་བཞི་བཞི་ཡོད་དོ། །དེ་བཞིན་དུ་སྣ་བུག་ གཡོན་དུ ་མཉམ་གནས་ཀྱི་རླུང་གིས་གཙོ་བོ་བྱས་པའི་མགོན་པོ་བཞིའི་རླུང་རྒྱུ་བ་ན་སྒྲོལ་མའི་རླུང་ནས་དང༌། མཉམ་རྒྱུ་ལ། སྲོག་འཛིན་གྱིས་གཙོ་བོ་བྱས་ནས་རྒྱུ་བ་ན་མཱ་མ་ཀཱིའི་རླུང་ནས་དང༌། ཐུར་སེལ་གྱིས་གཙོ་བོ་བྱས་ནས་རྒྱུ་བ་ན་སྤྱན་མའི་རླུང་ནས་འགོ་འཛུགས་པ་སོགས་ཀྱང་ཤེས་པར་བྱའོ། །དགོངས་པ་ལུང་སྟོན་ལས། གོས་དཀར་ལ་སོགས་རིམ་བཞིན་དུ། །སྟེང་དང་བསེགས་དང་ཐད་ཀ་འོག །མེ་དང་རླུང་དང་དབང་ཆེན་དང༌། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རོ། །ཞེས་གོས་དཀར་མོའི་རླུང་སྟེང་དང༌། སྒྲོལ་མའི་རླུང་བསེགས་དང༌། སྤྱན་མའི་
རླུང་ཐད་ཀ་དང༌། མཱ་མ་ཀཱིའི་རླུང་འོག་ཏུ་རྒྱུ་བ་དང༌། དེ་བཞི་ཡང་རིམ་པ་བཞིན་མེ་ནས་སའི་བར་གྱི་དཀྱིལ་འཁོར་བཞིར་བཤད་དོ། །དེ་ལྟར་བྱས་ན་གྱེན་རྒྱུ་སོགས་རེ་རེས་གཙོ་བོ་བྱས་ནས་བཞི་བཞི་རྒྱུ་བའི་ཚན་པ་རེ་རེ་ལ། ལྷ་མོ་བཞིའི་རླུང་དུ་ཕྱེ་བའི་བཞི་ནི་དུས་གཅིག་ལ་མི་རྒྱུ་ལ། ལྷ་མོ་རེ་རེའི་རླུང་ལ་མགོན་པོ་བཞིའི་རླུང་དུ་ཕྱེ་བའི་བཞི་ནི་དུས་མཉམ་དུ་རྒྱུ་བ་དང༌། ལྷ་མོ་རྣམས་ཀྱི་རླུང་རིམ་ཅན་ཁོ་ནར་རྒྱུ་ཞིང༌། དུས་མཉམ་དུ་རྒྱུ་བ་ལ་ཡང་མགོན་པོ་བཞིའི་རླུང་ལས་མེད་པས། ནག་པོ་དམ་ཚིག་རྡོ་རྗེས་རླུང་གཅིག་དབུས་སུ་དང༌། གཞན་བཞི་ཕྱོགས་བཞིར་གནས་ནས་དུས་གཅིག་ཏུ་ལྔ་རྒྱུ་བར་བཞེད་པ་མི་ལེགས་ལ། རླུང་བཞི་དུས་གཅིག་ཏུ་རྒྱུ་བ་ཡང་སོ་སོར་མ་བྱས་པར་འཇའ་ཚོན་གཅིག་བཞིན་དུ་རྒྱུ་བར་བཙུན་མོ་ཅན་བཞེད་པ་ལེགས་སོ། །དེས་ན་ལུགས་གཞན་ནས་འབྱུང་བ་ཆུང་བ་ལྔ་དབུས་དང༌། ཕྱོགས་བཞི་ནས་དུས་གཅིག་ཏུ་རྒྱུ་བར་བཤད་པ་དང་ཡང་འདི་མི་འདྲ་བས། སྟེང་ལ་སོགས་པ་ནས་རྒྱུ་བར་བཤད་པ་ཡང་རིམ་ཅན་ཡིན་གྱི་དུས་གཅིག་ཏུ་མིན་ནོ། །ཆག་འགྱུར་ལས། སྟེང་དང་ལོགས་དང་མཉམ་འོག་ནས། ཞེས་འབྱུང་བ་ལྟར་ན་རླུང་དགུ་བརྒྱ་པ་རེ་ལ་ལྷ་མོ་བཞིའི་རླུང་བཞིར་བཤད་པའི་ཚེ། མེ་གོས་དཀར་མོའི་རླུང་ནི་སྣ་བུག་གི་སྟེང་ངོས་དང༌། རླུང་སྒྲོལ་མའི་རླུང་ནི་སྣ་བུག་གི་ལོགས་ནས་དང༌། ས་སྤྱན་མའི་རླུང་ནི་གཡས་གཡོན་མཉམ་པ་སྟེ་སྣ་བུག་གི་དབུས་ནས་དང༌། ཆུ་མཱ་མ་ཀཱིའི་རླུང་ནི་སྣ་བུག་གི་འོག་ངོས་ནས་རྒྱུའོ། །དེ་ནི་དཔལ་
འཛིན་གྱིས་འཕོ་བ་རེའི་རླུང་ལ་འབྱུང་བ་བཞིའི་རླུང་དུ་བྱས་ནས། ས་རླུང་དབུས་དང༌། རླུང་གི་རླུང་ལོགས་གཉིས་ནས་རྒྱུ་བར་བཤད་པ་དང་མཐུན་ནོ། །སཾ་བྷུ་ཊར་ངོས་སུ་རྒྱུ་བར་བཤད་པ་དང༌། གཞན་རྣམས་ལས་བསེགས་ལ་རྒྱུ་བར་བཤད་པའི་དོན་ལོགས་སུ་རྒྱུ་བའི་དོན་དུ་བྱ་ལ། ཐད་ཀ་དང་མཉམ་པར་རྒྱུ་བའི་དོན་དབུས་ནས་རྒྱུ་བའི་དོན་ནོ། །སྣ་བུག་གི་ལོགས་གཉིས་ནས་རྒྱུ་བར་བྱེད་ན་རིམ་ཅན་དུ་བྱའོ། །རྒྱུད་ལས། རླུང་ལྔ་སྟེང་དུ་ཞེས་པའི་སྐབས་སུ་ཁྱབ་བྱེད་ཀྱང་སྟེང་གི་སྣ་བུག་ལས་འབྱུང་བར་བཤད་ཀྱང༌། འོག་ཏུ་འཆི་བའི་མཐར་འབྱུང་བར་བཤད་པ་ལ་བསམས་ནས། འཆི་བའི་དུས་སུ་དེ་རྒྱུ་བ་མ་གཏོགས་པ་ད་ལྟ་མི་རྒྱུ་ཞེས་ལག་སྨི་དང༌། ཨ་ལཾ་ཀ་ཀ་ལ་ཤ་དང༌བོད་སྔ་མ་མང་པོ་བཞེད་ལ། སྒྲ་དབྱངས་བཅུ་གཅིག་པས། ད་ལྟ་དཀྱིལ་འཁོར་གང་འབྱུང་དེའི་ཚུལ་དུ་འབྱུང་ལ། འཆི་བའི་ཚེ་གཙོ་བོའི་ཚུལ་གྱིས་འབྱུང་བར་བཤད་ཅིང༌། མན་སྙེ་ལས་ཞག་རེ་ལ་བདུད་དྲལ་མའི་རྩ་ནང་ནས་རྒྱུ་བའི་རླུང་རྣམས་ཚེ་འཛད་པའི་རླུང་ཡིན་པས་ཁྱབ་བྱེད་ཀྱི་རླུང་དུ་བཤད་པ་གསུམ་བྱུང་མོད་ཀྱང༌། ཚིགས་ཀུན་ལ་ཁྱབ་པའི་ཁྱབ་བྱེད་ཀྱི་རླུང་སྣ་བུག་ཏུ་རྒྱུ་མི་རྒྱུའི་ཚུལ་ནི་ལུགས་དང་པོ་ལྟར་ལེགས་སོ། །དེས་ན་སྣ་སྒོར་འབྱུང་འཇུག་བྱེད་པའི་རླུང་སྡུད་ནུས་ཀྱང༌། ཁྱབ་བྱེད་ཀྱི་རླུང་སྡུད་མི་ནུས་པ་དུ་མ་ཡོད་པས་དེ་རྣམས་ཀྱང་བསྡུ་དགོས་ཏེ། སམྦྷུ་ཊ་ལས་བུམ་པ་ཅན་བྱེད་པ་ན་ཡུལ་ཉེར་བཞིའི་རླུང་སྡུད་པར་བཤད་པའི་
དོན་ནམ་སྙེ་ལས་ཁྱབ་བྱེད་ཀྱི་རླུང་སྡུད་པར་བཤད་པ་བཞིན་ནོ། །གཉིས་པ་ནི། ཡན་ལག་གི་རླུང་ལྔ་ནི་མིག་ལ་སོགས་པའི་དབང་པོ་ལྔ་ལ་གནས་པར་སྤྱོད་བསྡུས་ལས་གསུངས་ཤིང༌། རྡོར་འཕྲེང་ལས། ཟླ་བའི་ཆ་དང་སྣང་བ་དང༌། །བསྙེན་བཀུར་ལྐོག་ཤལ་མཆིན་པ་སྟེ། །རྩ་ནི་ལྔ་ཡི་མིང་ཡིན་ནོ། །རྩ་ནི་ལྔ་ལས་རྒྱུ་བའི་རླུང༌། །ཀླུ་དང་རུས་སྦལ་རྩངས་པ་དང༌། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་ཟླ་བའི་ཆ་ལ་སོགས་པའི་རྩ་ལྔ་ལས་རྒྱུ་བར་གསུངས་སོ། །ཡང་དེ་ཉིད་ལས། སྙིང་གི་དབུས་གནས་བདེ་བའི་དངོས། །སངས་རྒྱས་ཉི་མ་གསལ་བའི་འོད། །གཟུང་དང་འཛིན་པའི་གཟུགས་ཀྱིས་ཀྱང༌། །དེ་ནི་འོད་ཟེར་བཅུ་གཉིས་སོ། །འོད་འཕེལ་འོད་ཟེར་གཟི་བརྗིད་མ། །གསལ་བ་འབར་མ་འོད་འབར་མ། །མིག་ལ་སོགས་པ་ལ་བརྟེན་ནས། །ཕྱི་རོལ་གཟུགས་སོགས་འཛིན་པ་འོ། །འོད་ཟེར་འོད་མ་སྣང་བ་མ། །གསལ་མཛེས་གསལ་འོད་ཉི་མ་གསལ། །ཕྱི་རོལ་གཟུགས་སོགས་རྣམ་པ་འོ། །དྲུག་པོ་འདི་དག་འོད་དུ་འདོད། །ཅེས་སྙིང་ཁ་ནས་འབྱུང་བའི་རླུང་དབང་པོ་དྲུག་ལ་བརྟེན་ནས། ཚོགས་དྲུག་གཡོ་བྱེད་འཛིན་པའི་རླུང་དྲུག་དང༌། གཟུགས་སོགས་གསལ་བྱེད་གཟུང་བའི་རླུང་དྲུག་གསུངས་པས། རྩ་དེ་དག་ཀྱང་སྙིིང་ཁ་ན་གནས་པའི་རྩར་མངོན་ནོ། །སྙིང་ཁའི་སུམ་སྐོར་མ་ལ་སོགས་པའི་རྩ་རྣམས་ཡུལ་ལྔ་འབབ་པའི་རྩར་བཤད་པ་དང་དོན་གཅིག་གམ་བརྟག་གོ །ཡན་ལག་གི་རླུང་ལྔ་ནི་ཤས་ཆེར་སྲོག་འཛིན་གྱི་ཡན་
ལག་ཡིན་པས། འདི་རྣམས་འཆར་བ་དང་ནུབ་པ་གཉིས་ཀའི་གཙོ་བོའི་གནས་ནི་སྙིང་ཁའོ། །སྒྲོན་གསལ་ལས། འབར་བ་ལྔ་ནི་རྣམ་པར་ལྡང་བ་ལ་སོགས་པ་འོད་ཟེར་རྣམ་པ་ལྔའོ། ཞེས་དང༌། མེ་སྟག་མང་པོ་འཁྲུགས་པ་ཡི་ཞེས་པའི་འོད་ཟེར་ལྔའི་བདག་ཉིད་ཅན་ནོ། ཞེས་དང༌། རྒྱུན་མི་འཆད་པར་ཟོ་ཆུན་གྱི་འཁྲུལ་འཁོར་དང་འདྲ་བར་ཉིན་དང་མཚན་དུ་རབ་ཏུ་བསྐོར་བས་ན་འཁོར་ལོའོ། །རྡོ་རྗེ་ནི་ཁ་དོག་ལྔ་སྟེ། ཞེས་གསུངས་པས་ཡན་ལག་གི་རླུང་ལྔ་ཡང་འོད་ཟེར་ལྔ་ལྔའི་བདག་ཉིད་ཅན་དང༌། ཉིན་མཚན་ཀུན་ཏུ་དབང་པོའི་སྒོ་ནས་འབྱུང་འཇུག་བྱེད་དོ། །ཁ་དོག་ནི། རྒྱུ་བའི་རླུང་དམར། རྣམ་པར་རྒྱུ་བ་སྔོ། ཡང་དག་པར་རྒྱུ་བ་སེར། རབ་ཏུ་རྒྱུ་བ་དཀར། ངེས་པར་རྒྱུ་བ་ལྗང་ཞེས་རྗེ་འགོས་གསུང་ངོ༌། །རླུང་ལྔ་པ་ལུས་དབང་ལ་གནས་ཚུལ་ནི། དབང་པོ་དེས་གར་ཁྱབ་པར་གནས་པའོ། །གསུམ་པ་ནི། སྤྱོད་བསྡུས་ལས། རླུང་བཅུ་དབུགས་འབྱུང་རྔུབ་ཏུ་འགྱུར་བར་བཤད་པ་ལ། མངལ་དུ་རླུང་བཅུ་འཆགས་པར་བཤད་ཀྱང༌། མ་བཙས་བར་དུ་འབྱུང་རྔུབ་མི་བྱེད་པར་བཤད་པས་བཙས་པ་ནས་ཡིན་ལ། དེ་ཡང་རྩ་བའི་རླུང་ལྔའི་འབྱུང་འཇུག་ནི་བཤད་ཟིན་ཅིང༌། ཡན་ལག་གི་རླུང་ལྔའི་ཁ་ཅིག་སྣ་བུག་ཏུ་རྒྱུ་བའི་རླུང་དང་མཉམ་པོར་འཇུག་པའམ། ཡང་ན་ཅི་རིགས་པར་སྦྱར་བའི་དོན་ནོ། །དེ་རྣམས་རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་དང༌། ལྷ་མོ་བཞི་དང༌། འབྱུང་བ་ལྔར་འགྱུར་
ཞེས་པ་ནི་སྔར་བཤད་པ་ལྟར་རོ། །དེ་རྣམས་རིགས་ལྔ་དང་ཡེ་ཤེས་ལྔར་འགྱུར་ཞེས་པའི་རྩ་བའི་རླུང་ལྔའི་ཚུལ་ནི་བཤད་ཟིན་ལ། ཡན་ལག་གི་རླུང་ལྔ་དང་སྦྱོར་ན། དབང་པོ་དང་ཡུལ་ལྔ་རིགས་ལྔའི་རིགས་སུ་འགྲོ་ཚུལ་དང་བསྟུན་ནས་བྱའོ། །དེ་རྣམས་ཡི་གེ་གསུམ་གྱི་གཞིར་གྱུར་ནས་རྡོར་བཟླས་བྱེད་པར་གསུངས་པ་ནི་བཅུ་ཀ་ལ་ཡོད་དོ། །རླུང་དེ་རྣམས་ཨའི་གཞིར་གྱུར་ནས་ཚིག་མ་ལུས་པ་སྨྲ་བར་བྱེད་ཅེས་པ་ཡང་བཅུ་ཀ་ལ་མི་འགལ་ལོ། །ཡང་དེ་རྣམས་མི་ཤིགས་པ་ཐོབ་ནས་དངོས་པོ་མེད་པར་འགྱུར་བ་ནི་འཆི་བའི་མཐར་སྙིང་ཁའི་མི་ཤིགས་པ་ལ་ཐིམ་ནས་འོད་གསལ་དུ་འཇུག་པ་ཡིན་ལ། ལམ་གྱིས་ཀྱང་དེ་བཞིན་དུ་བྱེད་དོ། །འདི་རྣམས་སྤྱོད་བསྡུས་སུ་རླུང་བཅུ་གང་དུ་གནས་ནས་ཅི་ཞིག་བགྱིད་པ་དྲིས་པའི་ལན་གྱི་སྐབས་སུ་གསུངས་པ་ལ་བསམས་ནས། རླུང་གི་བྱེད་ལས་སུ་འཆད་མོད་ཀྱང༌། བྱེད་ལས་ནི། རྩ་བ་ལྔ་ལུས་ཀྱི་ཆ་ལ་གནས་ནས་ལུས་ཀྱི་བྱ་བ་བྱེད་པ་དང༌། ཡན་ལག་ལྔ་ནི་མིག་ལ་སོགས་པ་ལ་གནས་ནས་དབང་པོ་རྣམས་ཀྱི་བྱ་བ་བྱེད་དོ་ཞེས་གསུངས་པས་བསྟན་ཅིང༌། དེ་ཡང་རྒྱས་པར་ལུས་དབེན་དུ་བཤད་ཟིན་པས་དེ་ལས་ཤེས་པར་བྱ་རྒྱུ་ཡིན་ནོ། །དེས་ན་འབྱུང་རྔུབ་ཏུ་འགྱུར་ཞེས་སོགས་ནི་རང་གི་ངོ་བོའི་སྒོ་ནས་བཤད་པར་གཟུང་ངོ༌། །རིམ་ལྔར། འདི་ནི་རྣམ་ཤེས་བཞོན་པ་སྟེ། ཞེས་སོགས་ཀྱིས་རྣམ་ཤེས་རླུང་གི་བཞོན་པ་ཅན་དུ་གསུངས་
པ་ནི། རླུང་གིས་རྣམ་ཤེས་གཡོ་བར་བྱེད་པའི་དོན་ནོ། །རྒྱུ་མཚན་དེས་སེམས་ཅན་ཡིན་ནོ་ཅོག་ཐམས་ཅད་ལ་གཡོ་བའི་འཇིག་རྟེན་ཞེས་གསུངས་ཏེ། གཟུགས་ལུས་ཀྱིས་གཡོ་འགུལ་སོགས་བྱེད་པ་དེའི་རྒྱུ་མཚན་དུ་སྨྲ་ན་ནི། སེམས་ཅན་ཀུན་ལ་མ་ཁྱབ་པར་འགྱུར་རོ། །གཟུགས་ལུས་རླུང་གིས་གཡོ་བ་ལྟ་བུ་ནི་རྣམ་ཤེས་ལ་མེད་པས། དེས་གཡོ་བའི་དོན་གང་སྙམ་ན། ལག་སྨི་ལ་སོགས་པས་རྣམ་ཤེས་དྲུག་གིས་ཡུལ་ཡོངས་སུ་གཅོད་པ་རླུང་གིས་བསྐུལ་བ་ལ་རག་ལས་ཏེ། གཞན་དུ་ན་དེ་ཡིས་ལོང་བ་བཞིན་དུ་མཐོང་བར་མི་འགྱུར་རོ། །དེ་བས་ན་འཕྱེ་བོ་དང་ལོང་བ་བཞིན་དུ་འདི་གཉིས་ལ་འབྲེལ་བ་ཡོད་ན་དོན་གྱི་བྱ་བ་འགྲུབ་བོ་ཞེས་ཟེར་རོ། །དགོངས་པ་ལུང་སྟོན་ལས། འགྲོ་བ་ཡུལ་སོགས་ལས་བྱེད་པ། །འདིར་ནི་དེ་ལ་བརྟེན་པ་ཡིན། །ཞེས་འགྲོ་འཆགས་སོགས་དང༌། ཡུལ་འཛིན་པའི་བྱ་བ་བྱེད་པ་རྣམས་རླུང་ལ་བརྟེན་པར་གསུངས་པ་དང༌། སྤྱོད་བསྡུས་ལས་རླུང་ལྔ་དབང་པོ་ལ་གནས་ནས་ཡུལ་ལྔ་དང་དབང་པོའི་བྱ་བ་བྱེད་པར་གསུངས་པས། རྣམ་ཤེས་ཀྱིས་ཡུལ་འཛིན་པའི་བྱ་བ་བྱེད་པ་རླུང་ལ་རག་ལས་པར་ནི་ཁས་བླང་དགོས་མོད་ཀྱང༌། རྒྱུ་མཚན་དེས་རླུང་རྣམ་ཤེས་ཀྱི་བཞོན་པར་འཇོག་མི་ནུས་ཏེ། དབང་པོ་དང་ཡུལ་བཞིན་ནོ། །གཞན་ཡང་སྤྱོད་བསྡུས་ལས་སྣང་བ་ཁམས་ཕྲ་བར་འཇུག་པ་ལས་རིམ་གྱིས་གཡོ་ལ། དེའི་རྐྱེན་གྱིས་རང་བཞིན་མ་ལུས་པ་ཉིན་མཚན་དུ་མྱོང་བར་གསུངས་ཤིང༌། བྲམ་ཟེ་ཆེན་
པོས་ཀྱང༌། འདི་ནི་ཡིད་འདུས་པ་ལ་རླུང་གིས་བརླབས། གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །ཞེས་ཡིད་རླུང་གིས་བརླབས་པ་ལས་སེམས་ཤིན་ཏུ་མི་སྲུན་པའི་རྣམ་པ་ཅན་དུ་སྐྱེ་བར་གསུངས་པས། རྟོག་པ་རྟོག་མེད་ཀྱི་སེམས་ཡུལ་ལ་འཕྱར་བ་ཐམས་ཅད་རླུང་གིས་བྱས་པར་འདོད་མོད་ཀྱང༌། དེ་ཙམ་གྱིས་རླུང་རྣམ་ཤེས་ཀྱི་བཞོན་པར་འཇོག་པའི་དོན་རྙེད་པར་མི་སེམས་སོ། །འོ་ན་ཇི་ལྟར་ཡིན་སྙམ་ན། རྣམ་ཤེས་ནི་ལུས་ཅན་མིན་པས་དེ་ལ་རང་དབང་དུ་ཡུལ་བགྲོད་པའི་འགྲོ་འོང་གི་ནུས་པ་མེད་ལ། རླུང་དང་མཉམ་པར་ཞུགས་ན་ནི་ཡུལ་བགྲོད་པའི་ནུས་པ་ཡོད་དེ། སྤྱོད་བསྡུས་ལས། སྣང་བ་གསུམ་འགྲོ་འོང་དང་བྲལ་བར་གསུངས་ན། ཇི་ལྟར་ན་ཉིན་མཚན་དུ་ལུས་ལ་སྤྲོ་ཞིང་སྡུད་པར་བྱེད། གང་ཞིག་འདི་ལ་མེལ་ཚེ་བྱེད་ཅེས་དྲིས་པའི་ལན་དུ། དེ་གསུམ་ལ་གཟུགས་མེད་ཚུལ་བཤད་པའི་མཐར། དེ་ལྟ་མོད་ཀྱི་སྣང་བ་དང་བཅས་པ་ཡིན་ལ། དེས་ན་རླུང་གི་ཁམས་དང་ལྷན་ཅིག་མེལ་ཚེ་བྱེད་ཅེས་གསུངས་སོ། །དེའི་དོན་ནི་རྣམ་ཤེས་གསུམ་ལུས་ཅན་མིན་པ་དེ་ལྟ་མོད་ཀྱང༌། རླུང་གི་སྣང་བ་དང་བཅས་པ་ཡིན་པས་ན། རླུང་དང་ལྷན་ཅིག་མེལ་ཚེ་བ་མི་སྡོད་པར་འགྲོ་འོང་བྱེད་པ་བཞིན་དུ་འགྲོ་འོང་བྱེད་ཅེས་པའོ། །དེས་ན་རླུང་གི་སྒོ་ནས་ཡུལ་བགྲོད་པ་ནི་སེམས་ཀྱིས་རླུང་ལ་ཞོན་ནས་འགྲོ་བའི་དོན་ཏེ། དེ་ལ་ནི་སེམས་ཡུལ་ལ་འཕྱར་བར་བྱེད་མི་བྱེད་གཉིས་ཡོད་དོ། །དེ་ཡང་རང་གི་བཞོན་པའི་རླུང་ཉིད་ཀྱི་སྔ་མ་ནས་ཕྱི་མར་བགྲོད་པ་བྱུང་ན། དེ་ལས་གཞན་པའི་ཡུལ་བགྲོད་པ་
མ་བྱུང་ཡང་ཡུལ་བགྲོད་པ་མེད་པ་ནི་མིན་ནོ། །སྤྱོད་བསྡུས་ལས། ཁམས་ཕྲ་བ་དང་རྣམ་པར་ཤེས་པ་སྣང་བ་དག་ནི། གཟུགས་མེད་པས་མར་གྱི་ནང་དུ་མར་བཅུག་པ་བཞིན་སུ་འདྲེས་པར་གྱུར་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཞེས་མར་ལ་མར་བཅུག་པ་བཞིན་དུ་འདྲེས་པར་གསུངས་པའི་རླུང་སེམས་གཉིས་ནི། ལག་སྨིས་ངོ་བོ་གཅིག་པར་བཤད་པ་ལེགས་སོ། །སྤྱོད་བསྡུས་ལས། རླུང་དེ་ལ་གཟུགས་མེད་ཅེས་གསུངས་པ་ནི་ཁམས་རགས་པ་ལྟར་གྱི་གཟུགས་མེད་པ་ལ་དགོངས་ཀྱི། ཁམས་ཕྲ་བའི་འོད་ཟེར་ལྔ་མེད་པ་ནི་མིན་ཏེ། དེའི་གོང་དུ་ཕྱིའི་རླུང་ལ་རྐང་ལག་སོགས་ཀྱི་གཟུགས་མེད་པ་ལ་གཟུགས་མེད་ཅེས་གསུངས་པ་བཞིན་ནོ། །རྣམ་ཤེས་ཀྱིས་ལུས་སྒུལ་བསྐྱོད་སོགས་གཡོ་བར་བྱེད་པར་གསུངས་པ་ཡང༌། རླུང་དང་བཅས་པས་བྱེད་པ་ཡིན་གྱི། རླུང་དང་བྲལ་ན་དེས་གཡོ་བར་མི་ནུས་ཏེ། བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང་ཤེས་པར་ནུས་སོ། །ལྔ་པ་ལ་གཉིས། སྣ་བུག་གཅིག་ནས་གཅིག་ཏུ་འཕོ་མི་འཕོའི་ཚུལ་དང༌། རྩ་འདབ་དང་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོ་བའི་ཚུལ་ལོ། །དང་པོ་ནི། དུས་འཁོར་གྱི་སྐོར་ནས་གཡས་ནས་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་རླུང་དྲུག་དང༌། གཡོན་ནས་གོ་རིམ་བཟློག་པའི་རླུང་དྲུག་གི་རིམ་པས་རྒྱུ་ཞིང༌། གཡས་ཀྱི་ས་ནས་གཡོན་གྱི་ནམ་མཁར་འཕོ་བ་ལ་སོགས་པའི་རིམ་པས་འཕོ་བ་བཅུ་གཉིས་དང༌། འཕོ་
མཚམས་རེ་རེར་དབུ་མ་ནས་དབུགས་ང་དྲུག་བཞི་ཆ་རེ་རྒྱུ་བས། ཞག་གཅིག་ལ་དབུ་མ་ནས་རླུང་དྲུག་བརྒྱ་དང་དོན་ལྔ་རྒྱུ་ལ། དེའི་ལྷག་མ་རྣམས་གཡས་གཡོན་གྱི་རྩ་ལས་རྒྱུ་སྟེ། དེ་ཡང་ཞག་གཅིག་གི་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ་ལ་བཅུ་གཉིས་ཀྱིས་བགོས་པས་རེ་རེའི་ཐོབ་སྐལ་སྟོང་བརྒྱད་བརྒྱ་རེ་ཡོད་པ་ནི་འཕོ་བ་རེའི་རླུང་དུ་བཤད་དེ། དབུས་མ་ནས་རྒྱུ་བ་ལོགས་སུ་བགྲངས་ན་དེ་ཙམ་རེ་མི་འོང་ངོ༌། །དབུགས་ནི་འབྱུང་འཇུག་གཉིས་གཉིས་ལ་རེ་རེར་བྱས་པ་སྟེ། རྡོ་རྗེ་འཕྲེང་བ་དང་སྡོམ་འབྱུང་ཡང་དེ་དང་འདྲའོ། །མན་སྙེ་ལས། འབྱུང་བ་བཞི་ལས་ལོགས་སུ་ནམ་མཁའི་རླུང་རྒྱུ་བ་མེད་པར། རྡོ་རྗེ་འཕྲེང་བ་དང་། དགོངས་པ་ལུང་སྟོང་དང༌། གཉིས་མེད་རྣམ་རྒྱལ་གསུམ་གྱིས་བསྒྲུབས་ཤིང༌། འབྱུང་བ་བཞི་ལས་ནམ་མཁའི་དཀྱིལ་འཁོར་ལོགས་སུ་རྒྱུ་བ་དང༌། སྣ་བུག་རེ་རེར་འབྱུང་བ་ཆུང་བ་ལྔའི་རླུང་དབུས་ཕྱོགས་བཞིར་རྒྱུ་བ་དང༌། མགྲིན་པ་དང་སྤྱི་བོའི་རྩ་འདབ་ཀྱི་གྲངས་བཟློག་པ་དང༌། ལྟེ་བའི་རྩ་འདབ་རེ་བཞིའི་རྩ་འདབ་བཞི་སྟོང་པའི་རྩར་དུས་འཁོར་ནས་གསུངས་པ་རྣམས་ཉི་མའི་ཤིང་རྟ་ལ་སོགས་པའི་གདུལ་བྱའི་ངོར་དྲང་པའི་དོན་དུ་ཡིན་གྱི། ངེས་པའི་དོན་མིན་ཏེ། ཕག་ལ་སོགས་པ་འདོད་པའི་རྗེས་སུ་འཇུག་པས་རི་རབ་ཀྱི་སྟེང་གི་མཚམས་སུ་ཁམས་གསུམ་པའི་སྣོད་ཀྱི་འཇིག་རྟེན་གྱི་བཀོད་པ་ལ་སོགས་པ་བསྟན་པ་བཞིན་ཞེས་བཤད་དོ། །འགྲེལ་པ་ཟླ་འོད་ལས། དགོངས་པ་ལུང་
སྟོན་ནས་འཕོ་བ་ཉེར་བཞི་གསུངས་པ་ལ། ལ་ལ་ན་རེ། སྣ་བུག་གཅིག་ལ་བར་མ་ཆད་པར་རླུང་འཕོ་བ་གཉིས་བརྒྱུས་པའི་རྗེས་སུ་སྣ་བུག་གཞན་དུ་འཕོ་བས། ཞག་གཅིག་ལ་སྣ་བུག་ལ་འཕོ་བ་ནི་བཅུ་གཉིས་ཏེ། ཕྱིར་ལོ་གཅིག་ལ་ཉི་མའི་འཕོ་བ་བཅུ་གཉིས་བཞིན་ནོ། །བརྟག་གཉིས་ལས་འཕོ་བ་བཅུ་དྲུག་ཏུ་བཤད་པ་ནི་མགྲིན་པའི་རྩ་འདབ་བཅུ་དྲུག་ལ་དགོངས་སོ། །གཞན་དག་ན་རེ། སྣ་བུག་གཅིག་ལ་འཕོ་བ་ཉེར་བཞིའི་འཕོ་བ་ཕྱེད་དང་གཉིས་བརྒྱུས་པའི་རྗེས་སུ་སྣ་བུག་གཞན་དུ་འཕོས་ཏེ་ཕྱེད་དང་གཉིས་རྒྱུ་བས། ཞག་གཅིག་ལ་འཕོ་བ་བཅུ་དྲུག་ཏུ་འགྱུར་ཏེ། ལྟེ་བའི་པདྨའི་རིམ་པ་གསུམ་པ་ལ་རྩ་འདབ་བཅུ་དྲུག་ཡོད་པའི་བཞི་དོར་ནས། འཕོ་བ་བཅུ་གཉིས་སུ་བཞག་པས་ཕྱི་རོལ་དང་མཐུན་པར་བྱའོ། །ཡང་ན་ཕྱི་ནང་གཉིས་ཐམས་ཅད་དུ་མཐུན་པར་བཞག་མི་དགོས་སོ། །ཕྱོགས་གཉིས་ཀ་ལ་ཕྱི་ནང་དུ་འཕོ་བ་ཕྱེད་དང་གཉིས་ཀྱིས་ཐུན་ཕྱེད་དུ་བཞག་གོ །རྡོ་རྗེ་འཕྲེང་བ་ལ་སོགས་པ་ལས་འཕོ་བ་རེས་ནང་གི་ཐུན་ཕྱེད་དུ་བཞག་པ་ཙམ་ལས་འགལ་བ་མེད་དོ་ཞེས་འཆད་དོ། །འཕོ་བ་ཉེར་བཞིའི་འཕོ་བ་གཉིས་གཉིས་ཀྱིས་སྣ་བུག་གི་འཕོ་བ་རེར་བྱེད་པའི་ལུགས་ཀྱིས་འཕོ་བ་བཅུ་དྲུག་བཤད་པ་མགྲིན་པའི་རྩ་འདབ་ལ་དགོངས་ཀྱི། སྣ་བུག་གི་འཕོ་བ་མིན་པ་དང༌། ཉེར་བཞིའི་ཕྱེད་དང་གཉིས་གཉིས་ཀྱིས་སྣ་བུག་གི་འཕོ་བ་རེར་བྱེད་པའི་ལུགས་ཀྱིས་
འཕོ་བ་བཅུ་གཉིས་སུ་བཤད་པ་ལྟེ་བའི་རྩ་འདབ་བཅུ་གཉིས་ལ་དགོངས་ནས་ཕྱིའི་འཕོ་བ་དང་མཐུན་པར་བྱས་ཀྱི། སྣ་བུག་གི་འཕོ་བ་ལ་དགོངས་པ་མིན་པ་དང༌། རྡོ་རྗེ་འཕྲེང་བ་སོགས་ལས་འཕོ་བ་རེས་ཐུན་ཕྱེད་དང༌། དགོངས་པ་ལུང་སྟོན་གྱི་འཕོ་བ་ཕྱེད་དང་གཉིས་ཀྱིས་ཐུན་ཕྱེད་རེ་ཡིན་པས་མི་མཐུན་པར་བཤད་པ་རྣམས་མི་འགལ་བར་འདོད་པའོ། །མན་སྙེ་ལས་ཉེར་བཞིར་གསུངས་པ་ཐུན་ཕྱེད་ལ་ཉེར་བཞིར་བཤད་དོ། །དེ་དག་གིས་ནི་ལྷ་མོའི་རླུང་བཞི་འཕོ་ཐེབས་རེ་ལ་ཉེར་བཞིར་བཤད་ཟེར་དགོས་སོ། །ཐུབ་པ་དཔལ་གྱིས་དགོངས་པ་ལུང་སྟོན་ལས་ཞག་གཅིག་ལ་དགུ་བརྒྱ་པ་ཉེར་བཞིར་བཤད་པ་སྣ་བུག་གི་འཕོ་བའི་དབང་དུ་བྱེད་ལ། འཕོ་བ་ཉེར་བཞིར་གསུངས་པ་དྲང་དོན་དང༌། ཀྱེ་རྡོ་རྗེར་འཕོ་བ་བཅུ་དྲུག་ཏུ་བཤད་པ་ངེས་དོན་དུ་བཤད་དེ། དེ་ཡང་སྣ་བུག་གི་འཕོ་བ་ལ་འདོད་ཅིང༌། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །ཞེས་པ་དང་མཐུན་པས་སོ་ཞེས་ཟེར་རོ། །དེ་ལ་འདུས་པའི་རྩ་རྒྱུད་དང་བཤད་པའི་རྒྱུད་གཞན་ནས་ནི། དཀྱིལ་འཁོར་བཞིའི་རླུང་སྣ་བུག་ལས་རྒྱུ་བའི་ཡུན་ཚད་གསལ་བར་མ་བཤད་ལ། དགོངས་པ་ལུང་སྟོན་ད་ལྟ་འགྱུར་བ་ལ། རླུང་དཀར་སེར་དམར་ནག་བཞི་རེ་རེ་ལ་ལྷ་མོའི་རླུང་ཉིས་བརྒྱ་ཉེར་ལྔ་པ་ཚན་པ་བཞི་བཞི་སྟེ། བསྡོམས་པས་བརྒྱ་ཕྲག་དགུ་དང་། དེ་ཡང་ཞག་གཅིག་ལ་དགུ་བརྒྱ་པ་ཚན་པ་ཉེར་བཞི་རྒྱུ་བའི་རིམ་པས་ཉི་ཁྲི་
གཅིག་སྟོང་དྲུག་བརྒྱ་རྒྱུ་ཞེས་གསུངས་པ་དེ། རྡོ་རྗེ་འཕྲེང་བ་དང་བསྒྲིགས་པ་ན་རླུང་བཞི་རྩ་བའི་རླུང་ཡིན་ལ། དེ་ཡང་བཞི་པོ་རེ་རེས་གཙོ་བོ་བྱས་ནས་གཞན་གསུམ་རང་གི་ནང་དུ་ཆུད་པའི་ཚུལ་གྱིས་རྒྱུ་བ་ལ་དགུ་བརྒྱ་རེར་བྱས་པའོ། །རྡོ་རྗེ་འཕྲེང་བ་ནས། རླུང་བཞི་པོ་རྒྱུ་བ་ན་ཐུན་ཕྱེད་རེར་གནས་པར་བཤད་ལ། དེའི་དོན་བོད་ཀྱི་མཁས་པ་སྔ་མ་རྣམས་རླུང་དགུ་བརྒྱ་རེ་རྒྱུ་བའི་ཡུན་ལ་འཆད་ཅིང༌། ཐུབ་པ་དཔལ་ཡང་འདུས་པའི་ལུགས་ཀྱི་ཐུན་ཕྱེད་དེ་ལྟར་འཆད་དོ། །ལེའུ་བཅོ་ལྔ་པའི་སྒྲོན་གསལ་ལས། རླུང་དགུ་བརྒྱ་པ་ཕྲག་རེ་རྒྱུ་བའི་དུས་སུ་རྡོར་བཟླས་ཀྱིས་ཞི་སོགས་ཀྱི་ལས་སྒྲུབ་པར་བཤད་ལ། ལེའུ་བཅུ་བཞི་པའི་སྒྲོན་གསལ་དུ། བཤད་པའི་རྒྱུད་ལས་ཞེས་དྲངས་པའི་ལུང་གིས་འབྱུང་བ་བཞིའི་རླུང་ཐུན་ཕྱེད་ཕྱེད་དུ་གནས་པར་གསུངས་པའི་དོན་བཀྲལ་བ་ན། གསང་གནས་ལ་སོགས་པའི་གནས་བཞི་ནས་དཀྱིལ་འཁོར་བཞིའི་རླུང་བྱུང་སྟེ། ཐུན་ཕྱེད་དུ་གནས་པའི་ཚེ་ཞི་བ་ལ་སོགས་པའི་ལས་བཞི་བྱ་བར་བཤད་པས། ཐུན་ཕྱེད་རེའི་ཡུན་དགུ་བརྒྱ་རེ་ཡིན་ལ། དཀྱིལ་འཁོར་བཞིའི་རླུང་སྣ་སྒོར་རྒྱུ་བ་ན་རྒྱུ་ཐེབས་དེ་ཡུན་ཇི་ཙམ་གནས་པའི་ཚད་ཐུན་ཕྱེད་ཀྱིས་འཛིན་པར་སྣང་བས། ཐུན་ཕྱེད་སྔ་མ་ལ་དགུ་བརྒྱ་དང༌། ཡང་བར་མ་ཆད་པར་དགུ་བརྒྱ་སྟེ་སྟོང་བརྒྱད་བརྒྱ་བརྒྱུས་ནས་སྣ་བུག་གཞན་དུ་འཕོ་བར་བཤད་པ་དགོངས་པ་མིན་ནོ། །སྣ་བུག་གཉིས་ནས་མཉམ་དུ་རྒྱུ་བའི་དཀྱིལ་འཁོར་གཉིས་ལ་སྣ་བུག་
འཕོ་བ་མེད་པས་ཞག་གཅིག་གི་རླུང་ལ་སྣ་བུག་གཡས་ གཡོན་དུ ་འཕོ་བ་བཅུ་གཉིས་བྱེད་པ་ཡང་མིན་ནོ། །བཤད་པའི་རྒྱུད་ལས། ཞེས་པའི་རྒྱུད་ནི་དགོངས་པ་ལུང་སྟོན་ཡིན་པར་ཤྲཱདྡྷཱ་དང༌། སྐལ་ལྡན་གྲགས་པས་གསུངས་ཏེ་ད་ལྟ་འགྱུར་བ་ལ་མེད་ཀྱང་འཕྲོ་ལས་འདུག་པས་མི་འགལ་ལོ། །འོ་ན་གྲོལ་བའི་ཐིག་ལེ་ལས། ཕྱག་རྒྱ་བཞི་འབྲེལ་རེ་རེ་ཞིང་། །ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྟེ། །དེ་བཞི་བསྒྲེས་པས་དགུ་བརྒྱའོ། །དེ་ནི་འཕོ་བ་ཉི་ཤུ་བཞིས། །བརྩིས་པའི་ཁྲི་ཕྲག་གཉིས་དང་ནི། །ཆིག་སྟོང་དང་ནི་དྲུག་བརྒྱ་འོ། ཞེས་འཕོ་བ་ཉེར་བཞིར་གསུངས་པ་ཇི་ལྟར་དྲངས་སྙམ་ན། འདི་དང་ཞལ་ལུང་གཉིས་ཀར་སྣ་བུག་རེ་རེ་བ་ལ་དཀྱིལ་འཁོར་གཉིས་དང༌། མཉམ་དུ་རྒྱུ་བ་ལ་དཀྱིལ་འཁོར་གཉིས་བཤད་པས། དཀྱིལ་འཁོར་གཉིས་ལ་སྣ་བུག་གཡས་ གཡོན་དུ ་འཕོ་བ་བཅུ་གཉིས། དཀྱིལ་འཁོར་གཞན་གཉིས་ལ་སྣ་བུག་མི་འཕོ་ཡང་དཀྱིལ་འཁོར་འཕོ་ཐེབས་བཅུ་གཉིས་བྱེད་པ་གཞུང་གི་དོན་ཡིན་པས། གྲོལ་བའི་ཐིག་ལེའི་འགྲེལ་པས་ཀྱང་སྣ་བུག་གཡས་ གཡོན་དུ ་འཕོ་བ་ཉེར་བཞིར་བཤད་པ་གཞུང་གི་དོན་མིན་ནོ། །གལ་ཏེ་དགོངས་པ་ལུང་སྟོན་གྱི་ལུགས་དེ་ལྟར་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་འཕྲེང་བའི་ཐུན་ཕྱེད་ཀྱི་ཚད་ནི་དེ་མིན་ཏེ། དེ་ཉིད་ལས། ཐུན་མཚམས་ཀྱི་ནི་རབ་དབྱེ་བས། །དེ་ནས་རྗེས་འགྲོ་ཟློས་པར་འགྱུར། །ཐུན་མཚམས་སོ་སོར་སྲོག་རྣམས་དང༌། །
རྩོལ་བ་རུ་ནི་བརྟག་པ་སྟེ། །ཉིས་སྟོང་བདུན་བརྒྱའི་གྲངས་ཀྱིས་ནི། །ཡང་དག་པར་ནི་ངེས་གཟུང་བྱེད། །ཅེས་ཐུན་ཚོད་རེའི་རླུང་ལ་ཉིས་སྟོང་བདུན་བརྒྱར་གསུངས་པས་ཐུན་ཕྱེད་པ་རེ་ལ་ཕྱེད་དང་བཅས་པའི་བརྒྱ་ཕྲག་བཅུ་གསུམ་འབྱུང་བའི་ཕྱིར་དང༌། ཡང་དེ་ཉིད་ལས། དེ་རྣམས་སྤྲོ་བའི་སྦྱོར་བ་ཡིས། །རིམ་གྱིས་ཐུན་ནི་བརྒྱད་དུ་འགྱུར། །ཞེས་གསུངས་པས། ཞག་གཅིག་ལ་ཐུན་ཕྱེད་པ་བཅུ་དྲུག་ཡིན་ནོ་སྙམ་ན། ལུང་དང་པོའི་དོན་ནི། རྡོ་རྗེ་འཕྲེང་བ་ལས། བསྐྱེད་རིམ་མཐར་ཕྱིན་པའི་རྗེས་སུ་རྡོར་བཟླས་ཟླ་བ་དྲུག་བྱེད་པར་གསུངས་པའི་ཟླ་བ་གཉིས་པ་ལ། རྗེས་འགྲོའི་བཟླས་པས་རླུང་ལ་རྟོག་པའི་ཚེ་སྔར་ལྟར་གསུངས་པས་ཞག་གཅིག་ལ་ཆ་མཉམ་བརྒྱད་བྱས་པའི་ཆ་རྣམས་ཀྱི་རླུང་རྣམས། རྣལ་འབྱོར་པས་ཆེད་དུ་བྱས་པའི་རྩོལ་བས་སྙོམས་པར་བྱེད་པའི་དོན་ཡིན་གྱི། དེ་འདྲ་བ་ལས་གཞན་པ་རྣམས་ཀྱི་རླུང་རྒྱུ་བའི་དབང་དུ་མཛད་པ་མིན་ནོ། །ལུང་ཕྱི་མའི་དོན་ནི། རྩ་རོ་རྐྱང་དྷཱུ་ཏཱི་གསུམ་ལས་སྤྲོས་པས་སྙིང་ཁའི་ཐུན་གྱི་རྩ་བརྒྱད་དུ་འགྱུར་བར་སྟོན་གྱི། རླུང་རྒྱུ་བའི་ཡུན་གྱི་ཚད་སྟོན་པ་མིན་ལ། དཀྱིལ་འཁོར་བཞིའི་རླུང་སྣ་སྒོར་རྒྱུ་བ་ན་ཐུན་ཕྱེད་ཕྱེད་དུ་གནས་པར་གསུངས་པ་ནི། གཞི་དང་ལམ་གྱི་དུས་སུ་རང་དགའ་བར་རྒྱུ་བའི་ཡུན་ཚད་སྟོན་པ་ཡིན་པས། དེའི་ཐུན་ཕྱེད་དང༌། ཉིས་སྟོང་བདུན་བརྒྱའི་ཐུན་ཕྱེད་གཉིས་མིང་འདྲ་ཡང་
དོན་མི་གཅིག་གོ །དེའི་ཕྱིར་བཤད་རྒྱུད་གཉིས་དང་རིམ་ལྔར་དྲངས་པའི་གཉིས་མེད་རྣམ་རྒྱལ་གྱིས་བཤད་པའི་ཐུན་ཕྱེད་རྣམས་མཐུན་པར་བྱའོ། །འདི་ལ་ལག་སྨི་དང་སྐལ་ལྡན་གྲགས་པ་དང༌། ཨ་ལཾ་ཀས་རླུང་རྒྱུ་བའི་ཡུན་ཚད་ལ་ཐུན་བརྒྱད་དང་ཐུན་ཕྱེད་པ་བཅུ་དྲུག་དང༌། ཐུན་རེ་ལ་ཆུ་ཚོད་བརྒྱད་བརྒྱད་དང༌། ཐུན་རེ་ལ་རླུང་འབྱུང་འཇུག་དང་བྲལ་བའི་འོད་གསལ་གྱི་ཆུ་ཚོད་ཕྱེད་ཕྱེད་འཆར་བས། ཞག་གཅིག་ལ་འོད་གསལ་གྱི་ཆུ་ཚོད་བཞི་འཆར་བ་དང༌། བར་པས་དེའི་དུས་སུ་ཐིག་ལེ་ལ་སེམས་བཟུང་ན་འོད་གསལ་གྱི་བདག་ཉིད་ཅན་གྱི་སེམས་རྩེ་གཅིག་པ་སྐྱེའོ་ཞེས་ཟེར་རོ། །འདུས་པའི་སྐོར་གྱི་རྒྱུད་གཞན་ནས་ཞག་གཅིག་གི་ཆུ་ཚོད་ཀྱི་གྲངས་མ་བཤད་ལ། རྡོ་རྗེ་འཕྲེང་བ་ལས། ཞག་གཅིག་ལ་ཆུ་ཚོད་དྲུག་ཅུར་གསུངས་པས། ལུགས་འདི་ལ་ཆུ་ཚོད་རེ་བཞིར་བྱེད་དོན་མེད་ལ། རྒྱུད་དེར་དབྱུ་གུ་དང་ཆུ་ཚོད་གཉིས་དོན་འདྲ་བར་གསུངས་ཤིང༌། རྒྱུད་གཞན་ལས་དབྱུ་གུ་རེ་བཞིར་བཤད་པས། རེ་བཞི་དང་དྲུག་ཅུ་གཉིས་ཀྱི་འགལ་བ་སྤོང་བའི་ཆེད་དུ་བྱེད་ན། གཞན་ནས་ཆུ་ཚོད་སོ་གཉིས་དང་དབྱུ་གུ་རེ་བཞིར་བཤད་པའི་དོན་དང༌། འདི་དང་རྡོ་རྗེ་མཁའ་འགྲོ་དང༌། གདན་བཞིར་སྔར་ལྟར་བཤད་པ་གཉིས་དོན་མི་གཅིག་པས་སྤོང་དགོས་པའི་ཕྱིར་དང༌། སྣ་སྒོར་རྒྱུ་བའི་ཐུན་གྱི་ཐོག་མར་འབྱུང་འཇུག་དང་བྲལ་བའི་ཆུ་ཚོད་ཕྱེད་ཀྱི་དུས་སྣང་རུང་མ་དམིགས་པས་ཁེགས་པའི་ཕྱིར་མི་ལེགས་སོ། །དུས་འཁོར་ནས་ལྟེ་བའི་
རྩ་འདབ་རེ་བཞི་ལ་རྩ་འདབ་བཞི་སྟོང་པར་བཤད་པའི་དོན་དུ་སེམས་ནའང་དེའི་དོན་མིན་ནོ། །སྡོམ་འབྱུང་ལས། འཕོ་བའི་ཡན་ལག་བཅུ་དྲུག་གི །རླུང་ནི་ཉིན་ཞག་གཅིག་གིས་འགྱུར། །སྣ་ཡི་བུ་ག་ལ་རྟག་ཏུ། །ཐུན་ནི་ཕྱེད་ཕྱེད་ཡང་དག་རྒྱུ། །ཞེས་ཞག་གཅིག་ལ་ཐུན་ཕྱེད་བཅུ་དྲུག་ཏུ་བྱས་ནས་སྣ་བུག་ཏུ་ཐུན་ཕྱེད་རེར་རྒྱུ་བར་བཤད་པའི་འཕོ་བ་བཅུ་དྲུག་གསུངས་པ་ནི། སྣ་བུག་གཡས་ གཡོན་དུ ་འཕོ་ཐེབས་བཅུ་དྲུག་ལ་མི་གཟུང་སྟེ། རྒྱུད་དེར། མེ་རླུང་གི་དཀྱིལ་འཁོར་སྣ་བུག་གཡས་ གཡོན་རེ་རེ་བ་དང༌། ས་ཆུ་གཉིས་སྣ་བུག་ལས་མཉམ་དུ ་རྒྱུ་བར་བཤད་པས་སོ། །དེས་ན་སྣ་བུག་གཡས་ གཡོན་དུ ་འཕོ་ཐེབས་བརྒྱད་དང༌། སྣ་བུག་མི་འཕོ་ཡང་དཀྱིལ་འཁོར་འཕོ་བ་བརྒྱད་ལ་བྱའོ། །དགྲ་ནག་གི་འགྲེལ་པ་ལྷན་ཅིག་སྐྱེས་པའི་སྣང་བ་ལས། སྣ་བུག་གཉིས་གང་རུང་དུ་ཐུན་ཕྱེད་གནས་ནས་ཅིག་ཤོས་སུ་འཕོ་བ་ཉིན་མོ་བརྒྱད་དང༌། མཚན་མོ་བརྒྱད་བྱེད་པར་བཤད་ཅིང༌། དམ་ཚིག་རྡོ་རྗེ་དང་ཐུབ་པ་དཔལ་ཡང་དེ་བཞིན་དུ་འདོད་དོ། །གཉིས་པ་ནི། སྡོམ་འབྱུང་ལས། རྩ་ནི་སུམ་ཅུ་གཉིས་ཞེས་བྱ། །ཐུན་གཅིག་གི་ནི་བཞི་ཆ་རྣམས། །རྩ་དང་ཆུ་ཚོད་ཅེས་ཀྱང་བརྗོད། །ཉིན་དང་མཚན་མོའི་དབྱུ་གུའི་ཚད། །དྲུག་ཅུ་རྩ་བཞི་དག་ཏུ་འགྱུར། །རྩ་ཕྱེད་ཆུ་ཚོད་ཕྱེད་དབྱུ་གུ །ཐུན་ནི་བརྒྱད་ཆ་ཞེས་པར་དྲན། ཞེས་གསུངས་ཏེ། སྐར་རྩིས་པ་རྣམས་ཀྱིས་ཞག་གཅིག་གི་བརྒྱད་ཆ་ལ་ཐུན་ཚོད་དུ་བྱས་པས་ཐུན་ཚོད་བརྒྱད་
དང༌། དེའི་ཕྱེད་ལ་འཕོ་བར་བྱས་པའི་ཚེ་འཕོ་བ་བཅུ་དྲུག་དང༌། སྔ་མའི་བཞི་ཆ་ལ་ཆུ་ཚོད་དུ་བྱས་པའི་ཚེ་ཆུ་ཚོད་སོ་གཉིས་དང༌། དེའི་ཕྱེད་ལ་དབྱུ་གུར་བྱས་པའི་ཚེ་དབྱུ་གུ་རེ་བཞིར་འགྱུར་རོ། །སྡོམ་འབྱུང་འགྲེལ་པར་བྷ་ས་ཏིའི་རྩིས་མཛད་པས། ཞག་གཅིག་ལ་དབྱུ་གུ་བརྒྱར་བྱས་པས་ན་དབྱུ་གུའི་ཚད་ནི་རྩིས་བྱེད་རྣམས་ཀྱི་རང་གི་འདོད་པས་འཇོག་པར་བཤད་དེ། ཆུ་ཚོད་སོགས་ལ་ཡང་དེ་དང་འདྲ་བས། དེ་དང་མཐུན་པར་རྒྱུད་ལས་ཀྱང༌། ཁ་ཅིག་ཏུ་ཞག་གཅིག་ལ་ཆུ་ཚོད་སོ་གཉིས་དང༌། ཁ་ཅིག་ཏུ་ཆུ་ཚོད་དྲུག་ཅུ་དང༌། ཁ་ཅིག་ཏུ་ཆུ་ཚོད་རེ་ལ་དབྱུ་གུ་རེར་གསུངས་སོ། །ནང་དུ་ནི། སྙིང་ཁའི་རྩ་འདབ་གཅིག་ལ་རླུང་ཉིས་སྟོང་བདུན་བརྒྱ་རྒྱུ་བ་ནི། ཐུན་ཚོད་རེའི་རླུང་དང༌། དེའི་ཕྱེད་ཀྱི་རླུང་བརྒྱ་ཕྲག་ཕྱེད་བཅས་བཅུ་གསུམ་མགྲིན་པའི་རྩ་འདབ་གཅིག་ལ་རྒྱུ་བ་འཕོ་བ་རེ་དང༌སྙིང་ཁའི་རྩ་རེའི་བཞི་ཆའི་རླུང་དྲུག་བརྒྱ་དང་དོན་ལྔ་སྤྱི་བོའི་རྩ་འདབ་གཅིག་ལ་རྒྱུ་བ་ཆུ་ཚོད་རེ་དང༌། སྙིང་ཁའི་རྩ་རེའི་བརྒྱད་ཆའི་རླུང་སུམ་བརྒྱ་དང་ཕྱེད་བཅས་སོ་བདུན་ལྟེ་བའི་རྩ་འདབ་གཅིག་ལ་རྒྱུ་བ་དབྱུ་གུ་རེའི་རླུང་ཡིན་པ་དང༌། ལྟེ་བ་དང་སྤྱི་བོ་དང་མགྲིན་པ་དང་སྙིང་ཁའི་རྩ་འདབ་རེའི་རླུང་སྔ་མ་སྔ་མའི་ཉིས་འགྱུར་ཕྱི་མ་ཕྱི་མ་ལ་འབབ་པ། ཀྱེ་རྡོར་དང་སྡོམ་འབྱུང་གཉིས་ཀའི་དོན་ཡིན་པར་སྡོམ་འབྱུང་གི་འགྲེལ་པར་བཤད་ལ། ཀྱེ་རྡོར་གྱི་དོན་ཡིན་པར་མན་སྙེ་ལས་ཀྱང་བཤད་དོ། །དཀྱིལ་འཁོར་བཞིའི་རླུང་རྣམས་རྩའི་གཙོ་མོ་གསུམ་གང་ལས་རྒྱུ་བ་ནི། རྡོ་རྗེ་འཕྲེང་བ་ལས། སྲོག་
དང་ཐུར་སེལ་རྒྱུ་བར་བྱེད། །དེ་གཉིས་རྟོག་པ་དང་བཅས་པའི། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་གསུང་གི་སྙིང་པོ་གཉིས། །ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱི་མཆོག་གི་རྩ། །དེ་གཉིས་དབུས་ན་མཆོག་གི་མཆོག །རྣམ་རྟོག་མེད་པའི་རླུང་གང་ཡིན། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །ཅེས་སྲོག་ཐུར་གཉིས་རྟོག་པ་སྐྱེད་པའི་རླུང་དང༌། དྷཱུ་ཏཱིར་ཞུགས་པའི་རླུང་རྣམ་རྟོག་འགོག་པའི་རླུང་དུ་གསུངས་ལ། རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ནས་རྣམ་པར་བཅད་ནས་འགྲོ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་རྡོ་རྗེ་བཅད་ནས་ནི། །ཞེས་རླུང་དེ་གཉིས་བཅད་པ་ལ་སྐུ་དང་གསུང་གི་རྡོ་རྗེ་བཅད་པར་གསུངས་པས། སྐུ་དང་གསུང་གི་སྙིང་པོ་གཉིས། །ཞེས་པ་ནི་སྲོག་ཐུར་གཉིས་ཡིན་ལ། དེ་ཡང་རྩ་གཉིས་ལ་རྒྱུ་བར་བསྟན་པས། སྲོག་ཐུར་གཉིས་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་དྷཱུ་ཏཱིར་བཅུག་པ་དང༌། འཆི་བའི་དུས་ལ་སོགས་པ་མ་གཏོགས་པར་དྷཱུ་ཏཱིར་མི་རྒྱུ་བའི་ལུགས་སོ། །ཡང་དེ་ཉིད་ལས། རྣམ་པར་རྟོག་པའི་རླུང་གཉིས་ནི། །སྣ་ཡི་བུ་ག་ནས་ནི་འབྱུང༌། །ཡང་དག་ཉི་མ་ཟླ་བ་གཉིས། །སྦས་པ་ནང་ནས་རྒྱུ་བར་བྱེད། །ཅེས་ཀྱང་གསུངས་པས། དེ་གཉིས་ནི་ཉི་མ་རོ་མ་དང་ཟླ་བ་རྐྱང་མའི་ནང་ནས་རྒྱུ་བས། ལུགས་འདི་ལ་ནི་མཉམ་རྒྱུ་བྱེད་པས་དབུ་མར་རྒྱུ་བར་འཇོག་མི་ནུས་སོ། །མེ་མཉམ་དང་གྱེན་རྒྱུ་གཉིས་ལ་གསལ་བར་མ་བཤད་ཀྱང་དེ་
གཉིས་ཀྱང་རོ་རྐྱང་ནས་རྒྱུའོ། །དེས་ན་རོ་རྐྱང་ནས་རྒྱུ་བ་ལ་རེས་འཇོག་དང༌། དུས་མཉམ་དུ་རྒྱུ་བ་གཉིས་ཡོད་དོ། །མེ་དང་མཉམ་གནས་གཉིས་ཀྱིས་གཙོ་བོ་བྱས་ནས་རྒྱུ་ན་རོ་མ་དང་རྐྱང་མ་རེ་རེ་ནས་དང༌། སྲོག་ཐུར་གཉིས་ཀྱིས་གཙོ་བོ་བྱས་ནས་རྒྱུ་ན་རོ་རྐྱང་གཉིས་ནས་དུས་མཉམ་དུ་རྒྱུ་ལ། འཁོར་དུ་རྒྱུ་ན་ངེས་པ་མེད་དོ། །རླུང་གི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོ་བ་ནི། དཀྱིལ་འཁོར་ཆེ་བའི་དབང་དུ་བྱས་ན་རེ་རེ་ལ་ཞག་གཅིག་ལ་འཕོ་ཐེབས་དྲུག་དྲུག་ཡོད་པས་ཉེར་བཞི་དང༌། ཆུང་བའི་དབང་དུ་བྱས་ན་སྔ་མ་རེ་རེའི་འཕོ་ཐེབས་དྲུག་པོ་རེ་རེ་ལ་བཞི་བཞི་ཡོད་པས་གོ་དྲུག་ཏུ་འགྱུར་བ་ནི། འདུས་པའི་བཤད་རྒྱུད་རྣམས་ཀྱི་ལུགས་སོ། །སྡོམ་འབྱུང་གི་ལུགས་ལ་ནི་འབྱུང་བ་ཆུང་བའི་དཀྱིལ་འཁོར་རེ་བཞི་བྱ་དགོས་པས། འགྲེལ་པར་གོ་དྲུག་ཏུ་བཤད་པ་སྐབས་སུ་མ་བབ་བོ། །དགོངས་པ་ལུང་སྟོན་ནས་དཀྱིལ་འཁོར་བཞིའི་རླུང་རེ་རེའི་འཕོ་ཚད་དགུ་བརྒྱ་པར་འདྲ་བར་གསུངས་ཤིང༌། རྡོར་འཕྲེང་དང་སྡོམ་འབྱུང་དང་ཞལ་ལུང་ལས། སྣ་བུག་རེ་ལ་དཀྱིལ་འཁོར་གཉིས་དང༌། མཉམ་རྒྱུ་ལ་དཀྱིལ་འཁོར་གཉིས་བཤད་པས། སྣ་བུག་གཡས་གཡོན་རྐྱང་པ་རེ་ལ་རྒྱུ་བ་གཉིས་ཀྱི་རླུང་གིས་ཞག་གཅིག་གི་རླུང་གི་ཕྱེད་དང༌། སྣ་བུག་གཉིས་ཀ་ལ་མཉམ་པོར་རྒྱུ་བའི་རླུང་གིས་ཕྱེད་ཐུབ་པ་དང༌། དེ་ལྟར་བྱས་ན་མཉམ་རྒྱུའི་ཁུག་པ་རེ་དང༌། གཡས་གཡོན་རེ་རེ་བའི་རྐྱང་པ་རེ་ཡུན་མཉམ་པས། མཉམ་རྒྱུའི་དགུ་བརྒྱ་པ་ཕྲག་རེ་
རྩི་ཚུལ་ནི། གཡས་གཡོན་གཉིས་ཀ་བསྡོམས་པའི་འབྱུང་འཇུག་གཉིས་གཉིས་ལ་བྱ་དགོས་པས། གཡས་གཡོན་རེ་རེ་བའི་རྩི་ཚུལ་དང་མི་འདྲ་བར་བྱ་དགོས་སམ་བརྟག་པར་བྱའོ། །དེ་ལྟར་ན་གཡས་གཡོན་གྱི་རླུང་གཉིས་དྲག་ཞན་མཚུངས་པའི་མཉམ་རྒྱུ་ནི་ཡུན་ཐུང་ཡང༌། དྲག་ཞན་སྤེལ་བའི་མཉམ་རྒྱུ་ནི་ཡུན་རིང་དུ་འོང་བར་སྣང་བས་དེ་གཉིས་ཀ་མཉམ་རྒྱུར་བྱས་པའོ། །གཡས་ནས་ གཡོན་དུ ་འཕོ་མཚམས་སུ་མཉམ་རྒྱུ་འོང་ཚུལ་ནི། གཡས་ཀྱི་རླུང་གི་རྒྱུ་བ་ཞན་དུ་སོང་བར་དེ་ཙམ་དུ་མི་མངོན་པའི་མཚམས་ཤིག་ནས། གཡོན་དུ ་རྒྱུ་བ་ཤིན་ཏུ་ཞན་པ་ཅིག་འང་བ་ནས་བཟུང་སྟེ། དེའི་རྒྱུ་བ་ཅུང་ཟད་རེས་ཇེ་དྲག་ཏུ་འགྲོ་བ་ན། གཡས་ཀྱི་རྒྱུ་བ་ཇེ་ཞན་ དུ་སོང་བའི་མཐར་ཕྲ་མོ་ཡང་རྒྱུ་བ་མེད་པར་སོང་མ་ཐག་གཡོན ་རྐྱང་ལ་རྒྱུ་བའི་འགོ་འཛུགས་ཏེ། གཡོན་ནས་གཡས་སུ་འཕོ་བ་ཡང་དེ་བཞིན་ཡིན་པས། སྣ་བུག་སྔར་མི་རྒྱུ་བ་ངོས་སུ་གསར་དུ ་རླུང་བརྒྱུས་པ་ཡིན་ཀྱང༌། སྔར་རྒྱུ་བ་ངོས་ཀྱི་རླུང་འཕོས་མ་འཕོས་གཉིས་ཡོད་དོ། །འོ་ན་འདུས་པའི་བཤད་རྒྱུད་ལྟར་ན་ཞག་གཅིག་གི་རླུང་གི་ཕྱེད་ལ་སྣ་བུག་འཕོ་བ་བཅུ་གཉིས་དང༌། སྡོམ་འབྱུང་ལྟར་ན་བརྒྱད་དང་དུས་འཁོར་ལྟར་ན་དྲུག་བརྒྱ་དང་དོན་ལྔ་མ་གཏོགས་པ་ཞག་གཅིག་གི་རླུང་རིལ་པོ་ལ་སྣ་བུག་འཕོ་བ་བཅུ་གཉིས་སུ་གསུངས་པ་རྣམས་འགལ་མི་འགལ་ཇི་ལྟར་ཡིན་སྙམ་ན། འདུས་པའི་ལུགས་དེ་ནི་འཇམ་དཔལ་ཞལ་ལུང་དང༌། འཕགས་པ་ཡབ་སྲས་ཀྱིས་བཀྲལ་བ་ན་ཡང་སོར་བཞག་
ཏུ་མཛད་ཅིང༌། སྡོམ་འབྱུང་གི་དེ་ཡང་རྒྱུད་དེའི་དོན་དུ་སྣང་བས། ལུང་དེ་དག་གི་དོན་གཅིག་ཏུ་བཤད་དུ་མི་རུང་ལ། སྣ་བུག་ཏུ་རྒྱུ་བ་ལ་ལུགས་འདི་མངོན་སུམ་གྱིས་འགྲུབ་ལ། གཞན་མི་འགྲུབ་པའི་ཁྱད་པར་ཡང་གཞག་དཀའ་བར་སྣང་བའི་ཕྱིར། གདུལ་བྱའི་དབང་གིས་གསུངས་པས་མི་འགལ་བར་བྱའོ། །རྩ་རླུང་སོགས་ཀྱི་སྐོར་ལ་དེ་འདྲའི་མི་མཐུན་པ་གཞན་ཡང་སྣང་མོད་ཀྱང༌། དེ་རྣམས་གཏན་ལ་ཕབ་པའི་དགོས་པ་དེ་དག་ཤེས་ནས་ལུས་ལ་གནད་དུ་བསྣུན་པ་ལ། ལས་རླུང་དྷཱུ་ཏཱིར་བསྡུས་ཏེ་ཐིམ་པ་ལས་བྱུང་བའི་བདེ་བ་ཆེན་པོ་བསྐྱེད་ནས། དེ་དང་སྟོང་ཉིད་སྦྱོར་བ་ལམ་གྱི་སྙིང་པོར་བྱེད་པ་དེ་རྣམས་ཀུན་གྱི་ལུགས་སུ་སྣང་བས། ལམ་དེའི་གནད་ལ་མི་མཐུན་པ་འོང་བའི་རྐྱེན་དུ་མི་འགྱུར་རོ། །ཞག་གཅིག་གི་ཐོག་མར་སྣ་གཡས་པའི་མེ་རླུང་རྒྱུ་བར་སྐལ་ལྡན་གྲགས་པས་བཤད་མོད་ཀྱང༌། སྡོམ་འབྱུང་ལས། དཀར་པོ་རྣམས་ཀྱི་ཚེས་གཅིག་ནས། །ཡང་དག་བརྩམས་ཏེ་ཉིན་གསུམ་རླུང༌། །ཟླ་བ་ལ་རྒྱུ་ཐུན་ཕྱེད་ལ། །དེ་ནས་ཉིན་གསུམ་ཉི་མ་ལ། །ཡོངས་རྒྱུའི་ཚུལ་གྱིས་ཇི་སྲིད་རླུང༌། །དཀར་པོའི་ཚེས་ནི་བཅོ་ལྔའི་བར། །ནག་པོ་རྣམས་ཀྱི་ཚེས་གཅིག་ནས། །བརྩམས་ཏེ་ཉི་མ་གསུམ་དུ་རླུང༌། །ཉི་མར་བརྗོད་ལས་སྔ་དྲོའི་རྒྱུ། །ཇི་སྲིད་ཚེས་ནི་བཅོ་ལྔའི་བར། ཞེས་གསུངས་པ་ལྟར་རྒྱུ་བ་འདིར་ཡང་མི་འགལ་ལོ། །ཟླ་བ་ལ་རྒྱུ་བ་ནི་སྣ་བུག་གཡོན་ནས་དང༌། ཉི་མ་ལ་རྒྱུ་བ་ནི་སྣ་བུག་གཡས་ནས་ཡིན་ལ། ཉི་མ་ཤར་བ་ནས་བརྩམས་ཏེ་ནུབ་པའི་བར་
ཉིན་མོ་དང༌། དེ་ནས་བརྩམས་ཏེ་ཉི་མ་མ་ཤར་བའི་བར་མཚན་མོར་བཤད་ལ། མན་སྙེར་ཐོག་མར་རྒྱུ་བ་ནི་ཐོ་རངས་ལ་བཤད་དོ། །ཡར་ངོ་མར་ངོའི་ཐོག་མའི་རྒྱུ་ཚུལ་གྱི་རླུང་ལྟས་དེ་ཞག་དྲུག་དང༌། ཕྱོགས་གཅིག་སྟེ་ཟླ་ཕྱེད་དང༌། ཕྱོགས་གཉིས་ཏེ་ཟླ་ཕྱེད་གཉིས་དང༌། ཕྱོགས་གསུམ་སྟེ་ཟླ་ཕྱེད་གསུམ་དུ་གོ་རིམ་ལོག་ན་སྐྱོན་ཅི་འབྱུང་བ་ཡང་དེ་ཉིད་ལས། གཅིག་དང་གཉིས་གསུམ་བཞི་དང་ལྔ༌། །ཉི་མ་དྲུག་ཏུ་བཟློག་པ་ལས། །གལ་ཏེ་རླུང་ནི་རྒྱུ་བ་ན། །དེ་ཚེ་རྩོད་པ་ཆེན་པོ་འབྱུང༌། །ཕྱོགས་གཅིག་ཕྱིན་ཅི་ལོག་པ་ལས། །ནད་ནི་ཆེན་པོ་ཀུན་ཏུ་འབྱུང༌། །ཕྱོགས་གཉིས་ཕྱིན་ཅི་ལོག་པ་ལས། །སྙིང་སྡུག་གཉེན་རྣམས་རྒུད་པར་འགྱུར། །ཕྱོགས་གསུམ་ཕྱིན་ཅི་ལོག་པ་ལས། །ཟླ་དྲུག་རྣམས་ཀྱིས་འཆི་བར་འགྱུར། ཞེས་སོ། །འཆི་ལྟས་ལ་གཞན་མང་པོ་བཤད་ཀྱང་ཁམས་སྙོམས་པའི་རླུང་ལྟས་ལོག་པའི་འཆི་ལྟས་མི་འཁྲུལ་བར་བཤད་ཅིང༌། དེ་བྱུང་ན་ཕྱི་ནང་གི་འཆི་བླུ་བྱ་བར་གསུངས་སོ། །འབྱུང་བ་བཞིའི་རླུང་གང་རྒྱུ་བ་ལ་ཡོན་ཏན་དང་སྐྱོན་སྐྱེད་ཚུལ་ཡང་སྡོམ་འབྱུང་ལས། དབང་ཆེན་གྱིས་ནི་རྒྱལ་སྲིད་དེ། །ཆུས་ནི་དོན་རྣམས་ཡང་དག་འབྱུང༌། །མེ་ཡི་རླུང་ནི་རྣམ་རྒྱུ་བས། །བཀྲེས་སྐོམ་དུག་དང་སྡུག་བསྔལ་ནད། །བྱ་བ་ཐམས་ཅད་ཉམས་འགྱུར་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །རླུང་གིས་རྩོད་དང་སྐྱོ་དང་རྨོངས། །ནོར་ཉམས་ཉོན་ནི་མོངས་པར་བྱེད། །དབང་ཆེན་
ནོར་དང་འབྲུ་ལ་སོགས། །རྙེད་པ་ཐོབ་དང་སྡུད་བྱེད་པའོ། །ཆུ་ཡི་རླུང་ནི་རྣམ་རྒྱུ་བས། །འདོད་པའི་དངོས་གྲུབ་ཀུན་བྱེད་པས། །དེ་ཡི་སྦྱོར་བ་མཆོག་གཙོ་བོར། །རྡོ་རྗེ་སེམས་དཔས་གང་གསུངས་པའོ། ཞེས་གསུངས་ལ། སྣ་བུག་གཡས་གཡོན་རེ་རེ་བ་དང༌། གཉིས་ཀ་ནས་རྒྱུ་བ་ན་བྱ་བ་གང་བྱ་བ་ཡང་དེ་ཉིད་ལས། དུག་སོགས་གཞོམ་དང་ལྷག་མ་ནི། །བཀྲ་ཤིས་དཔལ་ནི་སྐྱེད་པ་ལ། །ཤེས་རབ་བདག་ཉིད་རབ་ཏུ་བསྔགས། །རྟག་ཏུ་དཔལ་ལྡན་སྙིང་རྗེའི་སྟོབས། །གཡུལ་བཤམ་རོལ་རྩེད་སྟོན་མོ་དང༌། །བཅད་པ་དང་ནི་དབུག་པ་དང༌། །སྲེག་དང་བཙོ་བའི་ལས་ལ་ནི། །སྙིང་རྗེའི་བདག་ཉིད་རབ་ཏུ་བསྔགས། །གཞན་ཡང་གཉིས་བདག་རྡོ་རྗེ་ཅན། །ཐེ་ཚོམ་འགྱུར་བར་ཤེས་བྱ་སྟེ། །དགེ་དང་མི་དགེ་ངེས་མེད་པར། །རླུང་རིག་པས་ནི་འདིར་མཚོན་བྱ། ཞེས་གསུངས་ཏེ། ཤེས་རབ་བདག་ཉིད་ནི་སྣ་བུག་གཡོན་རྐྱང་པ་ནས་རྒྱུ་བ་དང༌། སྙིང་རྗེའི་བདག་ཉིད་ནི་སྣ་བུག་གཡས་རྐྱང་པ་ནས་དང༌། གཉིས་བདག་ནི་སྣ་བུག་གཉིས་ནས་མཉམ་དུ་རྒྱུ་བའི་དུས་སོ། །འགྲེལ་པར་སྔ་མའི་དོན་རླུང་གི་རྣལ་འབྱོར་པས་ས་རླུང་རྒྱུ་བའི་ཚེ་རྒྱས་པ་དང༌། ཆུ་ལ་ཞི་བ་དང༌། མེ་ལ་དྲག་པོ་དང༌། རླུང་ལ་དེའི་ཁྱད་པར་བསྐྲད་པ་སོགས་ཀྱི་ལས་བྱས་ན་འགྲུབ་པར་བཤད་དོ། །སློབ་དཔོན་དཔལ་འཛིན་གྱིས། དགེ་མི་དགེའི་ལས་དང༌། འགྲོ་འོང་སོགས་བྱེད་པ་ན། ས་དང་ཆུ་ལ་དགེ་བའི་ལས། །མེ་དང་རླུང་ལ་ནག་པོའོ། །ཟླ་བ་ཡང་དག་ཤེས་པར་བྱ། །འོད་རྣོ་བ་ལ་འབྲིང་པོ་ཡིན། །མི་དགེ་གལ་ཏེ་ཉི་མར་བྱས། །དེ་ནི་
ངེས་པར་འཆི་བ་སྟེར། །དེ་ཉིད་ཟླ་བར་བྱུང་གྱུར་ན། །ཤིན་ཏུ་སྡུག་བསྔལ་སྟེར་བ་མིན། ཞེས་གསུངས་པ་ལྟར་བྱ་བར་བཤད་དེ། ཟླ་བ་ནི་གཡོན་པའི་རླུང་རྒྱུ་དུས་སོ། །འོད་རྣོ་བ་ནི་ཉི་མའི་རླུང་གཡས་རླུང་གི་དུས་སོ། །དེའི་དུས་སུ་དྲག་ལས་བྱས་ན་འཆི་བ་སྟེར་བ་ནི་ལས་དེ་འགྲུབ་པའོ། །མདོར་ན་ཞི་བ་སོགས་འཇམ་པོའི་ལས་རྣམས་ས་ཆུའི་རླུང་གི་དུས་སུ་བྱས་ན་ལེགས་ཀྱི། མེ་རླུང་གི་དུས་སུ་བྱས་ན་མི་དགའ་བ་དང༌། གཡོན་རླུང་གི་དུས་སུ་བྱས་ན་ལེགས་ཀྱི། གཡས་རླུང་གི་དུས་སུ་བྱས་ན་འབྲིང་ངོ༌། །དྲག་ལས་བྱེད་དུས་སྔ་མ་ལས་བཟློག་ནའང་དེ་ལྟར་རོ། །རླུང་བཞི་ནི་དཔལ་འཛིན་གྱིས་འབྱུང་བ་ཆུང་བ་ལ་བཤད་དོ། །གཞན་ཡང་རང་གི་ཨཱ་ལི་སྟེ་གཡོན་ནས་རྒྱུ་བ་ན། འདྲི་བ་པོའི་ཀཱ་ལི་སྟེ་གཡས་ནས་རྒྱུ་བ་ལ་གནས་ནས་འདྲི་བ་དང༌། དེ་ལས་བཟློག་སྟེ་འདྲི་བ་ནི་དོན་དེ་མི་འགྲུབ་ལ། གཉིས་ཀ་མཐུན་ན་དོན་དེ་འགྲུབ་པ་དང༌། གཉིས་ཀའི་གཉིས་ཀར་གནས་པ་ལས་འདྲི་བ་ན་དོན་དེ་འགྲུབ་མི་འགྲུབ་མ་ངེས་པ་དང་རང་གི་རླུང་ནང་དུ་འཇུག་པའི་ཚེ་གཞན་གྱིས་འདྲི་བ་དང༌། དེ་ལ་རང་གི་བྱ་བ་རྩོམ་ན་བཟང་ལ། ཕྱིར་རྒྱུ་བའི་ཚེ་ངན་ཞིང༌། ནང་དུ་གནས་པའི་ཚེ་ཡིན་ན་བཟང་ངན་མ་ངེས་ཏེ། དེ་ཉིད་ལས། མགོན་པོ་ཅི་སྟེ་ཨཱ་ལིར་རྒྱུ། །འགའ་ཞིག་ཀཱ་ལིར་གནས་འདྲིའམ། །ཀཱ་ལིར་རྒྱུ་ལ་ཨཱ་ལིར་གནས། །དེ་ཡི་འདོད་དོན་ཉམས་པར་འགྱུར། །གང་ནས་མགོན་པོ་དེ་རྒྱུ་བ། །དེར་གནས་འགའ་ཞིག་འདྲི་བྱེད་ན། །དེ་ཡི་དོན་ཀུན་ཡང་
དག་འགྲུབ། །གཉིས་ཀར་གནས་ལས་ཐེ་ཚོམ་འགྱུར། ཞེས་དང༌། འདྲི་བ་པོ་འམ་རང་གིའང་རུང༌། །ཆོས་སྐུ་ཐམས་ཅད་དགེ་བ་སྟེ། །ལོངས་སྤྱོད་རྫོགས་པ་ཐེ་ཚོམ་འགྱུར། །སྤྲུལ་པས་འཐབ་མོར་སྟོན་པའོ། ཞེས་གསུངས་ཏེ། ཆོས་སྐུ་ནི་ནང་དུ་འཇུག་པ་དང༌། ལོངས་སྐུ་ནི་གནས་པ་དང༌། སྤྲུལ་སྐུ་ནི་ཕྱིར་ལྡང་བའོ། །དྲུག་པ་ནི། སྤྱོད་བསྡུས་ལས། ཁམས་ཕྲ་བ་རླུང་དང་རྣམ་པར་ཤེས་པ་སྣང་བ་གཉིས་འདྲེས་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་པར་གསུངས་པའི་དང་པོ་ཤེས་ན། འཁོར་བའི་འཇུག་རིམ་ཐེག་པ་གཞན་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཤེས་ལ། དེ་ཤེས་པ་ལ་བརྟེན་ནས་གཉིས་པ་ཤེས་ན་འཁོར་བ་ལས་ལྡོག་པའི་རིམ་པ་ཐུན་མོང་བ་ཡིན་མིན་གཉིས་ལེགས་པར་ཤེས་པར་འགྱུར་རོ། །འོ་ན་རླུང་གིས་འཇིག་རྟེན་པ་འཁོར་བའི་བྱ་བ་ཐམས་ཅད་རྫོགས་པར་བྱེད་ཚུལ་ཇི་ལྟར་ཞེ་ན། རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་ཟླ་བ་གཟས་བཟུང་བ། །རླུང་རྣམས་རིམ་གྱིས་ཉམས་འགྱུར་བ། །སྔ་མ་བཞིན་དུ་གོང་ནས་གོང༌། །རང་གི་བདག་ཉིད་ཐིམ་པར་འགྱུར། །བཏང་བཟུང་སླར་ལ་འགྲོ་བར་བྱེད། །ཅེས་འཆི་བའི་ཚེ་ཟླ་བ་གཟས་བཟུང་བ་ན་མི་མངོན་པར་འགྲོ་བ་བཞིན་དུ། རླུང་སྔ་མ་རྣམས་ཕྱི་མ་ལ་རིམ་གྱིས་ཐིམ་ནས། སླར་ཡང་བཏང་བཟུང་ཞེས་པ་སྲོག་རླུང་ལ་ཐུག་པར་འགྲོ་བར་གསུངས་པ་ནི། སྤྱོད་བསྡུས་ལས། ཡང་དེ་རྣམས་མི་ཤིགས་པ་ཐོབ་ནས་དངོས་
པོ་མེད་པར་འགྱུར་རོ། ཞེས་དང༌། དེ་ལྟར་ལུས་ལ་གནས་པའི་སྐབས་སུ་ཐམས་ཅད་བྱས་ཏེ། མཐར་མི་ཤིགས་པར་ཞུགས་ནས། ཞེས་རླུང་རྣམས་འཆི་བའི་མཐར་སྙིང་ཁའི་མི་ཤིགས་པ་ལ་ཞུགས་ནས་དངོས་པོ་མེད་པ་འད་གསལ་དུ་འཇུག་པར་གསུངས་པ་དང་དོན་གཅིག་གོ །དེ་ཡང་ས་ཆུ་མེ་རླུང་བཞི་སྔ་མ་ཕྱི་མ་ལ་ཐིམ་པ་ན། རླུང་གི་གཡོ་བ་ཇེ་ཆུང་ཇེ་ཆུང་དུ་སོང་བའི་མཐར། རང་བཞིན་གྱི་རྟོག་པ་གཡོ་བའི་རླུང་རྣམ་ཤེས་སྣང་བ་དང་པོ་ལ་ཐིམ་པ་ན་རང་བཞིན་གྱི་རྟོག་པ་རྣམས་ལོག་པས་སྟོང་པ་དང་པོ་འཆར་རོ། །དེ་ནས་སྟོང་པ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་འོད་གསལ་འཆར་ཏེ། དེ་རྣམས་ཀྱང་སྔ་མ་སྔ་མ་ལས་རླུང་གི་གཡོ་བ་ཆུང་དུ་སོང་བའི་དབང་གིས་འཆར་རོ། །དེ་ནས་འོད་གསལ་གྱི་རླུང་ལས་རླུང་ཆེར་གཡོས་པ་ན་ཉེར་ཐོབ་དང༌། དེ་ནས་མཆེད་པ་དང་སྣང་བ་ཡང་སྔ་མ་སྔ་མ་ལས་རླུང་གཡོ་བ་ཆེར་སོང་བའི་དབང་གིས་འབྱུང་ཞིང༌། སྣང་བའི་རླུང་ལས་གཡོ་ཚབས་ཆེར་སོང་བ་ན་རང་བཞིན་རྣམས་སྐྱེའོ། །དེ་ལྟར་ན། སྐྱེ་འཆིའི་རིམ་པ་ནི་རླུང་གིས་བྱེད་ལ། རང་བཞིན་གྱི་རྟོག་པ་གཡོ་བའི་རླུང་ཐིམ་པ་དང༌། ལངས་པའི་བར་དུ་སྟོང་པ་བཞི་འཆར་བ་ཡིན་ནོ། །དེ་ལྟར་སྣང་བ་གསུམ་གྱི་རླུང་ཆེར་གཡོས་པ་ལས་རང་བཞིན་གྱི་རྟོག་པ་རྣམས་འདྲེན་པས། སེམས་ཅན་ཐམས་ཅད་ཀྱི་རང་བཞིན་གྱི་རྟོག་པའི་རྩ་བ་སྣང་བ་གསུམ་ཡིན་པར་གསུངས་ཏེ། རྡོ་རྗེ་འཕྲེང་བ་ལས། སྣང་བ་གསུམ་གྱི་
མཚན་ཉིད་ཅན། །གང་འདིར་རྣམ་ཤེས་གསུམ་ཐོས་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཞེས་དང༌། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །དེ་ཡིས་རང་བཞིན་རྟག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། ཞེས་དང༌། རིམ་ལྔ་ལས་ཀྱང༌། གང་ཚེ་སྣང་བ་ལྡན་གྱུར་པ། །རླུང་གི་བཞོན་པར་གྱུར་པ་ཡིན། །དེ་ཚེ་རང་བཞིན་དེ་ཐམས་ཅད། །མ་ལུས་ལུས་པ་མེད་པར་འབྱུང༌། །རླུང་ནི་གང་དང་གང་གནས་པ། །རང་བཞིན་དེ་དང་དེ་རྗེས་སྤྱོད། ཅེས་གསུངས་སོ། །རང་བཞིན་གྱི་རྟོག་པ་རྣམས་ཀྱིས་ཉོན་མོངས་སྐྱེད་ལ། དེས་ལས་བསགས་ནས་འཁོར་བར་སྐྱེ་སྟེ། རྡོ་རྗེ་འཕྲེང་བ་ལས། ཇི་ལྟར་མེས་བསྲེགས་དངོས་པོ་མེད། །རྒྱུ་མེད་པར་ནི་ཐིམ་ནས་འགྲོ། སླར་ཡང་སྲོག་གི་རླུང་ཤར་ནས། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང༌། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་བཞིན་སྐྱེ། །དེ་ལས་ཆགས་སོགས་བག་ཆགས་དང༌། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། ཞེས་གསུངས་སོ། །དེ་ལྟར་གསུངས་པས་ནི་འཁོར་བའི་རྩ་བ་བདག་འཛིན་དུ་གསུངས་པ་ལྟར་མི་བྱེད་པར་རླུང་འཁོར་བའི་རྩ་བར་སྟོན་པ་མིན་ཏེ། སྤྱོད་བསྡུས་ལས་དེ་ལྟར་ཡང་གསུངས་ལ། བདག་དང་བདག་གིར་བཟུང་བ་ལ་བརྟེན་ནས་ལས་དགེ་མི་དགེ་བྱས་ཏེ། བདེ་འགྲོ་དང་ངན་འགྲོར་འཁོར་བའི་འཁོར་བར་འཇུག་པའི་རིམ་པ་བརྒྱད་སྟོང་
པ་ལ་སོགས་པ་མདོ་གསུམ་གྱིས་བསྒྲུབས་ཤིང༌། དེ་རྣམས་ཀྱི་དོན་གསལ་བར་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གལ་ཏེ་འདི་ཀུན་སྟོང་པ་དང༌། །སྐྱེ་མེད་ངོ་བོ་ཉིད་ཡིན་ན། །བདེ་དང་སྡུག་བསྔལ་སོགས་འཇུག་འདིར། །ཇི་ལྟར་ལས་ཀྱིས་འཁོར་བར་འགྱུར། །བདག་ཏུ་རློམ་པར་གྱུར་མ་ཐག །འདོད་ཆགས་ལ་སོགས་དྲི་མ་ཡིས། །བརྟགས་པས་གཞན་གྱི་དབང་གྱུར་པས། །བྱིས་པ་སྡུག་བསྔལ་གྱིས་ཉོན་མོངས། །འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མའི་རྣམ་པར་ཡང་དག་འབྱུང༌། །དེ་ནས་དགེ་དང་མི་དགེའི་ལས། །དེས་ནི་བདེ་འགྲོ་ངན་འགྲོར་སྐྱེ། ཞེས་པས་བསྟན་པར་གསུངས་ཏེ། འདི་ནི་མདོ་སྡེ་དང་རྒྱུད་སྡེ་གཉིས་ཀའི་ལུགས་ཐུན་མོང་བའོ། །དེས་ན་རླུང་གིས་འཁོར་བ་སྐྱེད་པར་གསུངས་པ་ནི་བདག་འཛིན་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་འཁོར་བ་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་དུ་ཤེས་པར་བྱའོ། །དེ་ནི་རླུང་རྣམས་ཀྱི་ཐུན་མོང་གི་བྱེད་ལས་ཡིན་ལ། སོ་སོའི་བྱེད་ལས་ལ། སྲོག་འཛིན་གྱི་བྱེད་ལས་ནི། རྡོ་རྗེ་འཕྲེང་བ་ལས། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུ་བ་དང༌། །དུས་རྣམས་ཀུན་ཏུ་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། ཅེས་སོ། །འདི་ལ་རྡོ་རྗེ་འཕྲེང་བའི་འགྱུར་གཞན་དང༌། དེ་ལུང་དུ་དྲངས་པ་རྣམས་ལ་འགྱུར་མི་འདྲ་བ་དུ་མ་ཞིག་ཡོད་ཀྱང༌། དོན་ནི། དབང་པོ་ལྔའི་སྒོར་རླུང་འབྱུང་འཇུག་རྟག་ཏུ་བྱེད་པ་རྣམས། གཙོ་བོར་དེའི་དབང་གིས་བྱེད་པ་དང༌། འདིས་འཚོ་བར་བྱེད་པས་
ན་སྲོག་དང༌། དེ་རིང་དུ་རྒྱས་པར་བྱེད་པ་རྩོལ་བའི་དོན་ཡིན་པས། རིང་དུ་འཚོ་བར་བྱེད་པའི་ལས་གཉིས་བྱེད་པ་ཨ་བྷྱཱ་ཀ་རའི་བཞེད་པ་ཡིན་ལ། རླུང་རྣམས་དབང་པོའི་སྒོར་ཕྱིར་འགྲོ་བ་དང༌། ནང་དུ་སྡུད་པའི་ལས་བྱེད་པར་བདུད་རྩི་གསང་བ་ལས་བཤད་དོ། །ཐུར་སེལ་གྱི་ལས་ནི། སྲོག་དང་རླུང་དང་ཕྱི་ས་དང༌། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་འདྲེན་འདི་ནི་ཐུར་སེལ་བར། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། ཞེས་ཁུ་བ་སོགས་འོག་གི་ཕྱོགས་སུ་འདྲེན་པར་བྱེད་པ་ཐུར་སེལ་གྱི་ལས་སུ་གསུངས་སོ། །འགྱུར་གཞན་ལས་སྲོག་གི་དོད་ལ་དྲི་ཆུ་འབྱུང་བ་ལེགས་ལ། རླུང་འོག་ཏུ་འདྲེན་པ་ནི་རླུང་རྣམས་འོག་ཕྱོགས་དང་ཁྱད་པར་དུ་གསང་གནས་ཀྱི་སྒོ་གཉིས་སུ་འདྲེན་པ་དང༌། དེ་ནས་ལྟེ་བ་བར་དུ་འདྲེན་པར་སྔར་བཤད་པ་བཞིན་ནོ། །མཉམ་གནས་ཀྱི་ལས་ནི། རྒོད་དང་ཟ་དང་ལྡག་པ་དང༌། །ཀུན་ཏུ་འཐུང་དང་འཇིབ་པ་དང༌། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་པ་ཞེས་བྱར་བརྗོད། ཅེས་སོ། །ཆག་འགྱུར་ལས། བཟའ་བཏུང་མཉམ་གནས་བྱེད་པར་བཤད་ཅིང༌། མན་སྙེར་དྲངས་པར་ཡང༌། ལྟེ་གནས་བཟའ་བཏུང་ལ་སོགས་རྣམས། །མཉམ་པར་འདྲེན་ཕྱིར་མཉམ་གནས་སོ། །ཞེས་འབྱུང་ལ། དེའི་དོན་ནི། བདུད་རྩི་གསང་བ་ལས། བཟའ་བ་དང་བཏུང་བ་ལ་སོགས་པ་དུས་མཉམ་དུ་འཇུ་བར་བྱེད་དོ། ཞེས་བཤད་པ་ལྟར་ཁ་ཟས་ལོངས་སྤྱད་པ་རྣམས་ལྟེ་བར་རོ་མཉམ་དུ་འཇུ་བར་བྱེད་པའོ། །གྱེན་རྒྱུའི་ལས་ནི། གྱེན་དུ་འགྲོ་ཞིང་སྡུད་པ་དང༌། །བཟའ་
དང་མྱང་སོགས་ཟ་བ་ནི། །ཤེས་ནས་ལྷན་ཅིག་འབྱོར་བ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། ཞེས་གསུངས་ཏེ། ཤེས་དང་ལྷན་ཅིག་སྦྱོར་ཞེས་དང༌། ཤེས་དང་ལྷན་ཅིག་འབྱོར། ཞེས་བསྒྱུར་བ་ཡང་ཡོད་དོ། །དེའི་དོན་ནི། སྔ་མ་རྣམས་ཁ་ཟས་ལྕེ་ཤེས་ལ་གཏོང་པ་ལ་བདུད་རྩི་གསང་བ་དང་མཐུན། མན་སྙེར་རླུང་བཅུ་འབབ་པར་བྱེད་པ་ལ་འཆད་དོ། །བདུད་རྩི་གསང་བ་ལས་འདིས་ལས་རླུང་དབང་པོའི་སྒོར་སྤྲོ་བར་བཤད་མོད་ཀྱང༌། གྱེན་དུ་འགྲོ་བ་ནི་རླུང་དེ་ཉིད་སྟོད་དུ་འགྲོ་བ་ཡིན་ལ། དེ་ཁོ་ན་མིན་པར་བསྟན་པའི་ཕྱིར་སྡུད་པ་དང་ཞེས་གསུངས་ཏེ། ནང་དུ་འཇུག་པའང་བྱེད་པར་བསྟན་ནོ། །ཁ་ཟས་ལོངས་སྤྱོད་པའི་ཚུལ་ཤེས་ནས་ལྕེ་དང་ལྷན་ཅིག་ཏུ་སྦྱར་ཏེ་བལྡད་པ་སོགས་བྱེད་པ་དེའི་ལས་སུ་བསྟན་ནོ། །ཁྱབ་བྱེད་ཀྱི་ལས་ནི། ཁྱབ་དང་འཛིན་པ་ཉིད་དང་ནི། །འགྲོ་དང་དེ་བཞིན་ལྡོག་ལ་སོགས། །ཚིགས་རྣམས་ཀུན་ཏུ་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། ཅེས་གསུངས་སོ། །དང་པོ་ལ་ནི་ཆག་འགྱུར་ལས། རྣམ་པར་འཚོ་དང༌། ཞེས་འབྱུང་ངོ༌། །ཡན་ལག་གི་རླུང་སོ་སོའི་བྱེད་ལས་ནི། དབང་ཤེས་ལྔས་ཡུལ་འཛིན་པའི་གྲོགས་སུ་འགྱུར་བ་ཡིན་ཏེ་སྔར་བཤད་ཟིན་ཏོ། །ཐ་མལ་པ་དང་རྣལ་འབྱོར་པ་གཉིས་ཀ་ལ་ཐུན་མོང་དུ་བྱ་བ་བྱེད་ཚུལ་བཤད་ནས། ད་ནི་རྣལ་འབྱོར་པ་ལ་ཁྱད་པར་དུ་བྱ་བ་བྱེད་ཚུལ་བཤད་པར་བྱ་སྟེ། རྩ་བའི་རླུང་བཞི་ལ་རྡོར་བཟླས་བྱས་པས་ཞི་བ་ལ་སོགས་པའི་ལས་འགྲུབ་པའི་བྱ་བ་བྱེད་པས་
ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པ་དང༌། ཡང་རླུང་དེ་ལ་རྡོར་བཟླས་བྱས་པས་སྟོང་པ་བཞི་འདྲེན་པ་དང༌། ཕྲ་བའི་རླུང་གིས་སྒྱུ་མའི་སྐུ་སྐྱེད་པར་བྱེད་པས་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་དོ། །ཡན་ལག་གི་རླུང་ལྔ་ལ་རྡོར་བཟླས་བྱས་པས་ནི། མིག་གི་མངོན་ཤེས་སོགས་ལྔ་འགྲུབ་པར་བྱེད་ལ་། ཡུལ་སྣང་གིས་བདེ་ཆེན་འབར་བར་ཡང་བྱེད་དོ། །ཁྱབ་བྱེད་ཀྱི་རླུང་ལ་རྡོར་བཟླས་བྱས་པས་བར་དོར་མཆོག་འགྲུབ་པ་ལ་འོད་གསལ་ཉམས་སུ་མྱོང་བར་བྱེད་དོ་ཞེས་མཁས་པ་སྔ་མ་རྣམས་གསུང་ངོ༌། བདུན་པ་ནི། དེ་ལྟར་རླུང་རྣམས་ཀྱི་ངོ་བོ་དང་བྱེད་ལས་བཤད་པ་ལ་བརྟེན་ནས། ལུས་ལ་གནད་དུ་བསྣུན་པའི་གནད་ཇི་ལྟར་རྟོགས་པ་ཡིན་ཞེ་ན། དེ་ལ་རྡོ་རྗེ་འཕྲེང་བ་ལས། རྣམ་པར་ཤེས་པའི་ཤིང་རྟའི་རླུང་རྣམ་ཤེས་ཀྱི་བག་ཆགས་དང་འདྲེས་ནས་ཡུལ་ལ་ཞུགས་པ་ལས་རང་བཞིན་རྣམས་སྐྱེད་པ་དང༌། བག་ཆགས་ཀྱིས་བསླད་པའི་དབང་གིས་འཁོར་བར་འཁྱམ་པ་ཡིན་གྱི། དེ་མ་གཏོགས་པའི་འཁོར་བ་མེད་ཅེས་གསུངས་པའི་རྗེས་སུ། དེ་ཕྱིར་འཁོར་བ་སྤོང་དོན་དུ། །ཐིག་ལེ་དབྱེ་བའི་གོ་འཕང་གསལ། །སྒོམ་པ་ལ་ནི་རབ་འབད་ཀྱིས། །མ་རིག་གཞན་གྱིས་མི་ཤེས་པ། །དབུས་ཀྱི་མདུད་པ་དེ་ཡང་ནི། །དེ་ཕྱེ་ན་ནི་དངོས་གྲུབ་འགྱུར། ཞེས་འཁོར་བར་འཁོར་བའི་བག་ཆགས་སྦྱང་པའི་ཕྱིར་དུ། སྙིང་ཁའི་དྷཱུ་ཏཱི་བཅིངས་པའི་མ་རིག་པའི་མདུད་པ་འབྱེད་བྱེད་ཐིག་ལེའི་དབྱེ་བ་ཞེས་པ་རྡོ་རྗེ་བཟླས་པ་བསྒོམ་པར་བྱའོ་ཞེས་གསུངས་པས། སྔར་བཤད་
པ་ལྟར་རང་བཞིན་གྱི་རྟོག་པ་གཡོ་མི་གཡོའི་མཚམས་སུ་སྟོང་པ་བཞི་འཆར་བ་ཤེས་ནས། རིམ་པ་དེ་ལྟར་རྒྱུད་ལ་བསྐྱེད་པའི་ཕྱིར་དུ་རྡོར་བཟླས་ལ་སོགས་པའི་སྲོག་རྩོལ་སྒོམ་དགོས་པར་ཤེས་པ་ནི། རླུང་བཤད་པ་ལ་བརྟེན་ནས་ཉམས་ལེན་གྱི་གནད་ཤེས་པ་བླ་ན་མེད་པའོ། །དེ་ཡང་བདག་གཉིས་སུ་འཛིན་པའི་ཡུལ་ལེགས་པར་སུན་ཕྱུང་ནས། བདག་མེད་པའི་དོན་ཕུ་ཐག་ཆོད་པར་ངེས་པའི་བདག་མེད་རྟོགས་པའི་ཤེས་རབ་བཙལ་ནས། དེ་བསྒོམས་པས་སྒྲིབ་པ་གཉིས་རྩད་ནས་འཇོམས་པ་ལ་མཁས་པའི་མཆོག་རྣམས་མཐུན་མོད་ཀྱང༌། དེ་ལྟར་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ཟིན་ནས་ཟབ་མོ་སྟོང་པ་ཉིད་སྒོམ་པ་ལ། ཐེག་པ་འདི་ནས་བཤད་པ་ལྟར་གྱི་ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོ་དགོས་པ་ནི་ཐེག་པ་གཞན་དང༌། རྒྱུད་སྡེ་འོག་མ་ནས་མི་སྟོན་པས། ཐེག་པ་བླ་ན་མེད་པའི་ཁྱད་ཆོས་སོ། །ཐབས་མཁས་པར་ཅན་གྱིས་དགའ་བ་བཞི་དང་སྟོང་པ་བཞི་གང་འདྲེན་ཀྱང་བདེ་བ་ཆེན་པོའི་སྒོ་ནས་འདྲེན་པ་ཡིན་ལ། དེ་ཡང་ཀུན་རྟོག་གཡོ་བའི་རླུང་མ་བཀག་བར་དུ་རྫོགས་པར་མི་སྐྱེ་བས། རླུང་འགོག་པའི་ཐབས་ལ་འབད་པ་ཡིན་ནོ། །དེས་ན་རླུང་བསྒོམས་པས་རླུང་གི་གཡོ་བ་ཁད་ཀྱིས་ཞི་ནས་སེམས་བརྟན་པོར་གནས་པར་གསུངས་པ་ལ། རླུང་མ་བསྒོམས་ཀྱང་སེམས་མི་རྟོག་པར་འཇོག་པ་བྱིང་རྒོད་དང་བྲལ་བ་སྐྱོང་ཤེས་ན། དེ་གོམས་པ་ཉིད་ཀྱིས་ཏིང་ངེ་འཛིན་བརྟན་པོ་རྙེད་པས། རླུང་བསྒོམས་ནས་ཅི་ཞིག་བྱ་སྙམ་པ་དང༌། ཡང་སེམས་མི་རྟོག་
པར་གནས་པ་བརྟན་ན་དེ་ཉིད་རླུང་དྷཱུ་ཏཱིར་ཚུད་པ་ཡིན་པས་ལོགས་སུ་བསྒོམ་མི་དགོས་སྙམ་ན། འདི་ལ་བཤད་པར་བྱ་སྟེ། སྤྱིར་སེམས་མི་རྟོག་པར་བརྟན་པར་གནས་པ་ཙམ་ནི་ཕྱི་ནང་དང་ཐེག་པ་ཆེ་ཆུང་ཐུན་མོང་བ་ཡིན་ལ། ཁྱད་པར་དུ་སྟོང་ཉིད་ཀྱི་དོན་ལ་མི་རྟོག་པར་གནས་པའི་ཏིང་ངེ་འཛིན་ཟག་པ་མེད་པ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་ཡང་ཐུན་མོང་ཡིན་པས། དེ་རྣམས་སྐྱེད་པ་ལ་རླུང་གི་རྣལ་འབྱོར་ལུས་ལ་གནད་དུ་བསྣུན་པ་རྣམས་སྒོམ་ག་ན་དགོས་ལ། དེ་འདྲའི་ཏིང་ངེ་འཛིན་རྙེད་པས་ཀྱང་རླུང་དྷཱུ་ཏཱིར་ཐིམ་པའི་དབང་གིས་བདེ་བ་ཆེན་པོ་རྙེད་པའི་དོན་མེད་དོ། །དེས་ན་ལས་རླུང་གི་གཡོ་བ་བཀག་ནས་སེམས་བརྟན་པོར་གནས་པ་སྒྲུབ་ཅེས་པའི་སེམས་བརྟན་པོ་ནི་ལྷན་ཅིག་སྐྱེས་པའི་བདེ་བའི་སེམས་ཡིན་ཏེ། ས་ར་ཧས། འདི་ན་ཡིད་འདུས་པ་ལ་རླུང་གིས་བརླབས། །གཡོ་ཞིང་འཕྱར་ལ་ཤིན་ཏུ་མི་སྲུན་འགྱུར། །ལྷན་ཅིག་སྐྱེས་པའི་རང་བཞིན་རྟོགས་གྱུར་ན། །དེ་ཡིས་བདག་ཉིད་བརྟན་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་སྐྱེད་པ་ནི་ལས་རླུང་དྷཱུ་ཏཱིར་ཐིམ་ནས་གཏུམ་མོ་འབར་བ་ལ་བལྟོས་པས། དེ་རྣམས་ཀྱི་སེམས་མི་རྟོག་པ་རྣམས་དང་བདེ་བ་རྣམས་ཀྱི་མིང་མཚུངས་ཀྱང་དོན་གཏན་མི་འདྲ་སྟེ། སྔར་མང་དུ་བཤད་ཟིན་ཏོ། །སྟོང་ཉིད་ཀྱི་ལྟ་བ་ཕུ་ཐག་ཆོད་པ་ཡོད་ཀྱང་སྒོམ་པ་ན། དེ་ཞུ་བདེས་སྒོམ་དགོས་པའི་གནད་ཀྱིས་རྫོགས་རིམ་ལ་འཇུག་པ་ན། སྔོན་ལ་བདེ་ཆེན་སྐྱེད་པའི་ཐབས་སུ་ལུས་ལ་གནད་དུ་བསྣུན་པའི་སྒོ་མང་དུ་གསུངས་པ་ཡིན་གྱི། སྟོང་ཉིད་
སྒོམ་རྒྱུ་མེད་པ་ལ་རྩ་རླུང་ཐིག་ལེ་དང་རླུང་གི་རྣལ་འབྱོར་སོགས་མི་ཟབ་པའི་རྫོགས་རིམ་བསྟན་ནོ་སྙམ་དུ་མ་འཛིན་ཅིག །དེ་ལྟར་རླུང་གི་རྣལ་འབྱོར་བསྒོམས་ནས་ལས་རླུང་འགོག་པ་ན། སྤྱིར་རྩ་གཉིས་ལ་བརྟེན་ནས་དབང་པོའི་སྒོར་འབྱུང་འཇུག་བྱེད་པའི་རླུང་བཅུ་དང༌། ཁྱད་པར་ དུ་གཙོ་བོ་སྲོག་ཐུར་གཉིས་གཡས་གཡོན ་གྱི་རྩ་ལ་རྒྱུ་བ་འགོག་པ་ཡིན་ཏེ། དེ་རྣམས་དྷཱུ་ཏཱིར་མ་ཚུད་པར་རྩ་གཞན་ལ་བརྟེན་ནས་འབྱུང་འཇུག་བྱེད་པའི་དབང་གིས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འདྲེན་པས། སྟོང་པ་བཞི་མངོན་དུ་འགྱུར་བའི་གེགས་བྱེད་པའི་ཕྱིར་རོ། །བདེ་བ་ཆེན་པོ་རྫོགས་པར་སྐྱེ་བ་ལ་བྱང་སེམས་ཞུ་བ་སྟོབས་ཆེ་དགོས་ལ། དེ་ལ་ཡང་གཏུམ་མོ་འབར་སྟོབས་ཆེ་དགོས་ཤིང༌། དེ་འབར་བ་ཁྱད་པར་ཅན་ལ་ཐུར་སེལ་དྷཱུ་ཏཱིར་ལོག་ནས་ཐིམ་པ་དགོས་སོ། །དེ་ལ་ཐུར་སེལ་འོག་གི་སྣ་སྒོར་འབྱུང་འཇུག་བྱེད་པ་འགོག་དགོས་པས། སྔར་བཤད་པ་ལྟར་སྟེང་འོག་གི་སྣ་སྒོར་འབྱུང་འཇུག་བྱེད་པའི་ཚུལ་གཉིས་ཕྱེད་དགོས་སོ། །སྔར་བཤད་པ་ལྟར་ཐེག་པ་གཉིས་ཐུན་མོང་གི་འཁོར་བའི་འཇུག་རིམ་ཤེས་ན། དེའི་རྩ་བ་བདག་འཛིན་ལྡོག་དགོས་པར་ཤེས་ནས། བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པར་ཚོལ་བ་ཅིག་འོང་ལ། ཐུན་མོང་མ་ཡིན་པ་རླུང་གི་དབང་གིས་འཁོར་བར་འཇུག་རིམ་ཤེས་ན། ཀུན་རྟོག་གཡོ་བའི་ལས་རླུང་དགག་དགོས་པར་མཐོང་ནས། དེ་འགོག་པའི་ཐབས་ལུས་ལ་གནད་དུ་བསྣུན་པའི་གདམས་པ་ཕུ་ཐག་ཆོད་པ་ཞིག་འོང་ཞིང༌། ཐབས་ཤེས་དྲངས་པའི་བདེ་བ་ཆེན་
པོས་བདག་མེད་པའི་དོན་ངེས་པར་བྱས་པའི་བདེ་སྟོང་སྦྱོར་བའི་ལམ་སྙིང་པོར་བྱས་ནས་སྐྱོང་བ་འོང་བས། གདམས་ངག་གི་གནད་མི་འཕྱུག་གོ །དེ་ལྟ་མ་ཡིན་ན་བདེ་བ་ཆེན་པོ་དང་བདེ་བ་གཞན་གྱི་ཁྱད་པར་ཕྲ་བ་རྣམས་མི་ཕྱེད་ཅིང༌། སྟོང་པ་ཕྲ་རགས་ཀྱི་ཁྱད་པར་ཕྱེད་ནས་མཐར་ཐུག་པའི་ལྟ་བ་ཡང་མི་རྙེད་པས། བདེ་སྟོང་སྦྱོར་བ་ལ་བསྔགས་ཀྱང་མིང་ཙམ་ལ་དགའ་བར་ཟད་དོ། །དེ་ནི་རྒྱུད་སྡེ་གཉིས་ཀ་ནས་བཤད་པའི་སྙིང་པོ་གཙོ་བོར་ཆོས་ཀྱི་སྐུའི་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་ཡིན་ལ། གཟུགས་ཀྱི་སྐུའི་སྒྲུབ་བྱེད་ཐུན་མོང་མ་ཡིན་པ་ལུགས་འདི་ལས་གསལ་བར་བཤད་པ་ནི་སྔར་ཡང་བཤད་ཅིང་འཆད་པར་ཡང་འགྱུར་རོ། །བཞི་པ་ལ་ལྔ། སྔགས་བཏུ་བ། སྔགས་ཀྱི་བརྡ། སྔགས་ཀྱི་དོན། སྔགས་ཀྱི་དོན་དམ་པ། སྔགས་ཀྱི་རྩ་བ་ཨ་ཐུང་བཤད་པའོ། །དང་པོ་ནི། སྔགས་བཏུ་བ་ཞེས་པ་ལ། གང་ལས་འཐུ་བའི་གཞི་ནི། རྟོག་པ་གསུམ་པ་ལས། ཨཱ་ལི་ཀཱ་ལིའི་གྲོང་ཁྱེར་ནི། །གསང་སྔགས་འབྱུང་བའི་རྩ་བ་སྟེ། ཞེས་གསུངས་པ་ལྟར་དབྱངས་བཅུ་དྲུག་དང༌། གསལ་བྱེད་སོ་བཞིའོ། །སྤྱོད་བསྡུད་ལས། ཀྴ་ཡིག་སྤངས་ནས་གསལ་བྱེད་སོ་གསུམ་དུ་གསུངས་པ་ནི། ཀ་དང་ཤ་ལས་ལོགས་པ་མེད་པ་ལ་དགོངས་སོ། །དེ་ལས་བཏུས་པའི་སྔགས་ནི། སྙིང་པོ་དང་ཉེ་སྙིང་དང་ཕྲེང་སྔགས་ལ་སོགས་པ་རྒྱུད་སྡེ་ནས་ཇི་སྙེད་ཅིག་གསུངས་པ་རྣམས་སོ། །ཇི་ལྟར་བཏུས་པའི་ཚུལ་ཡང་རྒྱུད་སྡེ་རྣམས་ནས་སྔགས་བཏུ་ཚུལ་དུ་མ་ཞིག་གསུངས་པའོ། །དེ་འདྲ་བའི་སྔགས་ཐམས་ཅད་ཀྱི་དེ་ཁོ་ན་
ཉིད་ནི། ཨ་ཨཱཿཧཱུཾ་གི་ཡི་གེ་གསུམ་ཡིན་ཏེ། སྤྱོད་བསྡུས་ལས། དེ་ལ་སྦྲུལ་ལ་སོགས་པའི་སྔགས་རྣམས་ནི། ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བ་རྣམས་སོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་མི་ཤིགས་པ་ལས་བྱུང་བའི་ཡི་གེ་གསུམ་སྟེ། གང་གི་ཕྱིར་སྔགས་ཐམས་ཅད་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་མན་ངག་ཇི་ལྟར་ཐོབ་པ་ཡི་གེ་གསུམ་ལ་རབ་ཏུ་འཇུག་གོ །དེས་ན་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་བདག་པོའ། ཞེས་གསུངས་ཏེ། གང་གི་ཕྱིར་ནས། དེས་ནའི་བར་གྱིས་ཡི་གེ་གསུམ་སྔགས་ཐམས་ཅད་ཀྱི་བདག་པོ་ཡིན་པའི་རྒྱུ་མཚན་གསུངས་སོ། །རྩ་རྒྱུད་ལས་ཀྱང༌། དེ་ཉིད་སྔགས་སྙིང་ཀུན་བསྡུས་པ། །སྐུ་དང་གསུང་ཐུགས་གསང་བར་གྲགས། ཞེས་ཡི་གེ་གསུམ་སྔགས་ཀུན་གྱི་སྙིང་པོ་སྟེ་གཙོ་བོར་གསུངས་སོ། །བུད་མེད་ཅེས་སོགས་གསུམ་པོ་འདི་བཏུ་གཞི་ཨཱ་ལི་ཀཱ་ལི་དང༌། བཏུས་པའི་སྔགས་སྦྲུལ་ལ་སོགས་པ་དང༌། ཡི་གེ་གསུམ་གང་དང་སྦྱར་རྒྱུ་ཡིན་ཞེ་ན། སྤྱོད་བསྡུས་ཆག་འགྱུར་ལས། བུད་མེད་དང་སྐྱེས་པ་དང་མ་ནིང་གི་ངོ་བོ་ཉིད་ཀྱི་སྔགས་ཐམས་ཅད་ནི་ཞེས་བསྒྱུར་བ་དང༌། ལེའུ་དྲུག་པའི་སྒྲོན་གསལ་ལས། སྔགས་ནི་ཨཱ་ལི་ཀཱ་ལི་ལས་བྱུང་བ་རྣམས་ཏེ་སྦྲུལ་ལ་སོགས་པའི་ངོ་བོ་ཡིན་ལ། དེ་རྣམས་ནི་བུད་མེད་དང་སྐྱེས་པ་དང་མ་ནིང་ཉིད་ཀྱིས་ཡི་གེ་གསུམ་གྱི་གཞིར་གྱུར་པས་ན་སྔགས་ནི་ཡི་གེ་གསུམ་སྟེ། ཞེས་འགྱུར་རྙིང་གཉིས་ལས་འབྱུང་ལ། འགྱུར་གསར་གཉིས་ལས་
ཡི་གེ་གསུམ་དུ་འདུས་པས། ཞེས་འབྱུང་ཞིང༌། ལེའུ་བཅུ་པའི་སྒྲོན་གསལ་ལས་ཀྱང༌། སྐྱེས་པ་ལ་སོགས་པའི་སྔགས་གསུམ་ཡི་གེ་གསུམ་དུ་བསྡུ་རྒྱུར་བཤད་པ་ནི་བཏུས་པའི་སྔགས་ལ་གསུམ་དུ་བྱས་པའོ། །སྔགས་རྣམས་ལ་ཕོ་མོ་མ་ནིང་བྱེད་ཚུལ་དང༌། དེ་རྣམས་ཡི་གེ་གསུམ་དུ་སྡུད་ཚུལ་ལ། མན་ངག་ཇི་ལྟར་ཐོབ་པས། ཞེས་པ་ཙམ་མ་གཏོགས་པ་ཡབ་སྲས་ལྔའི་གཞུང་ནས་གསལ་བར་མ་བྱུང་ཞིང༌། བཤད་པ་གཞན་ལ་ཡང་ཡིད་བརྟན་ཐོབ་པར་མི་སྣང་ངོ༌། །རང་གི་ལུགས་ནི། ལྷ་ཕོ་མོ་རེ་རེ་བ་དང་། གཉིས་ཀའི་སྔགས་ཀྱི་སྒོ་ནས་གསུམ་དུ་འཇོག་ལ། སྔགས་ཀྱི་ལྷ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་རྡོ་རྗེ་གསུམ་དུ་འདུ་བས་སྔགས་ཐམས་ཅད་ཀྱང་ཡི་གེ་གསུམ་དུ་འདུ་བ་ཡིན་ནོ། །དེའི་ཕྱིར་ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། སྐུ་རྡོ་རྗེའི་རིགས་ཐམས་ཅད་ཀྱི་སྙིང་པོ་ཨ་ཡིག་ཡིན་པས། དེའི་སྔགས་ཐམས་ཅད་ཀྱི་གཙོ་བོ་ཡང་ཨ་ཡིག་གོ །དེ་བཞིན་དུ་གཞན་གཉིས་ལའང་ཤེས་པར་བྱའོ། །བཏུ་གཞི་ལ་བྱེད་ན། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཨཱ་ལི་བཅུ་གཉིས་བུད་མེད་དང༌། ཀ་ཙ་ཊ་ཏ་པའི་སྡེ་ཚན་རྣམས་སྐྱེས་པ་དང༌། ར་ལ་བཞི་མ་ནིང་དུ་གསུངས་པ་ལྟར་བྱའོ། །ཡི་གེ་གསུམ་ལ་ནི་ཨ་སྐྱེས་པ་དང༌། ཨཱཿབུད་མེད་དང༌། ཧཱུཾ་མ་ནིང་དུ་བྱ་དགོས་པར་མངོན་ནོ།།།སྐལ་ལྡན་གྲགས་པ་སོགས་ཀྱིས། དབྱངས་གསལ་སྡེ་ཚན་བརྒྱད་ཐོག་མའི་ཡི་གེ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་དང༌། དེ་བརྒྱད་ཨ་ཀ་ཡ་ཤ་དང༌། དེ་བཞི་ཨ་ཀ་ཡ་གསུམ་ལ་འདུས་ཤིང༌། དེ་གསུམ་རིམ་པ་བཞིན་དུ་བུད་
མེད་ཨཱ་དང༌། སྐྱེས་པ་ཧཱུཾ་དང༌། མ་ནིང་ཨ་དུ་ཡོངས་སུ་འགྱུར་བར་འདོད་དོ། །དེ་ལྟར་ན་བཏུ་གཞི་ལས་སྔགས་བཏུ་ཚུལ་མཐའ་ཡས་པ་ཅིག་ཡོད་ཀྱང༌། སྐབས་འདིར་ནི་ཨ་ཨཱཿཧཱུཾ་གསུམ་དུ་ཐུ་བ་ཡིན་ལ། དེ་རེ་རེ་ཡང་མི་ཤིགས་པ་དང་ལྷན་ཅིག་ཡི་གེ་གསུམ་གསུམ་ལས་བྱུང་བའི་སྒོ་ནས་བཏུས་པའི་ཡི་གེ་གསུམ་དུ་སྔགས་ཐམས་ཅད་སྡུད་པ་ནི་སྔགས་བཏུ་བའོ། །སྔགས་ཐམས་ཅད་འབྲུ་གསུམ་དུ་འདུ་བར་བསྟན་པའི་དགོས་པ་ནི། སྔགས་གཞན་ཐམས་ཅད་ཀྱི་དངོས་གྲུབ་སྒྲུབ་པའི་ནུས་པ་རྣམས་ཡི་གེ་གསུམ་ལ་ཡོད་པར་གོ་བའི་ཆེད་ཡིན་པས་ངག་བཟླས་ཐམས་ཅད་ཀྱི་བཟླས་པའི་མཐར་ཐུག་ཡིན་ཏེ། ལེའུ་བཅུ་པ་རྩ་འགྲེལ་གཉིས་ལས། བསྐྱེད་རིམ་པ་སྤྱོད་པ་གསུམ་ཉམས་འོག་ཏུ་ཚུད་པས་ཀྱང་དངོས་གྲུབ་མ་གྲུབ་ན་བཟླས་པའི་སྔགས་འབྲུ་གསུམ་གྱིས་ལྷ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་སྐུལ་བར་བྱེད་པར་གསུངས་པའི་ཕྱིར་དང༌། འཆད་པ་ལྟར་བསྐྱེད་རིམ་པས་འདིའི་སྒོ་ནས་ལས་བཞི་ག་སྒྲུབ་ནུས་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ངེས་དོན་གྱི་ཡི་གེ་གསུམ་གྱི་བཟླས་པ་རླུང་གསུམ་དང་དབྱེར་མེད་དུ་སྦྱར་ནས་ཟློ་བའི་རྡོ་རྗེ་བཟླས་པ་ལ་ནི། ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ནས་སྒྲུབ་པ་པོ་ལ་བྱིན་གྱིས་རློབ་པར་བྱེད་པའི་སྔགས་ཀྱི་ངག་བཟླས་ཐམས་ཅད་ཀྱི་ནུས་པ་ཡོད་པ་ལྟ་ཅི་སྨོས། དེས་ན་རྡོར་བཟླས་ལ་རླུང་གི་རྣལ་འབྱོར་གྱི་ཆ་ནས་རླུང་དྷཱུ་ཏཱིར་སྡུད་པ་སོགས་ཀྱི་ཡོན་ཏན་ཡོད་པར་མ་ཟད། སྔགས་བཟླས་པའི་སྒོ་ནས་ནུས་པ་ཁྱད་པར་ཅན་
སྐྱེད་པ་ཡང་བླ་ན་མེད་པ་ཡོད་པའི་ཚུལ་ལ་ངེས་པ་རྙེད་དགོས་པས། རླུང་གི་རྣལ་འབྱོར་གཞན་དང་མི་འདྲའོ། །དེ་འདྲ་བའི་ཡི་གེ་གསུམ་གྱིས་བྱ་བ་ཅི་ཞིག་བྱེད་པ་སྤྱོད་བསྡུས་ལས་གསུངས་པ་ལ་གཉིས་ལས། ཐ་མལ་པ་དང་རྣལ་འབྱོར་པ་གཉིས་ཀའི་ཐུན་མོང་གི་བྱ་བ་བྱེད་ཚུལ་ནི། འབྲུ་གསུམ་དེ་ཉིད་འཇུག་གནས་ལྡང་བའི་རིམ་གྱིས་འཇུག་པའི་དབང་གིས་ཉིན་མཚན་དུ་ལུས་གནས་པར་བྱེད་པའི་སྒོ་ནས་འཛིན་པར་བྱེད་པ་དང༌། འབྲུ་གསུམ་དེ་ཉིད་ཁུ་ཁྲག་གི་ངོ་བོའི་ཨཱ་ལི་ཀཱ་ལི་རྣམས་དང་ལྷན་ཅིག་དབང་པོ་གཉིས་སྦྱོར་བའི་དུས་སུ་ཁ་ཐུར་དུ་བལྟས་ཏེ། གསང་བའི་སྣ་བུག་ནས་ས་བོན་གྱི་གཟུགས་ཀྱིས་བྱུང་ནས་སེམས་ཅན་གྱི་ལུས་སྐྱེད་པར་བྱེད་པ་དང༌། དེ་ཉིད་ཡང་སྲོག་རྩོལ་དང་ལྷན་ཅིག་སྟེང་དུ་སོང་ནས་མིག་ལ་སོགས་པའི་དབང་པོའི་སྒོ་རྣམས་སད་པར་བྱེད་དོ། །ཁུ་ཁྲག་རླུང་དང་འདྲེས་ནས་འོག་ཏུ་འགྲོ་བ་ན་འོག་གི་སྣ་སྒོ་ནས་རླུང་འབྱུང་འཇུག་བྱེད་པ་དང༌། རང་གནས་སུ་གནས་པ་ལ་དགོངས་ནས་ཡི་གེ་གསུམ་དུ་བཤད་ལ། སྲོག་གི་རླུང་སྟེང་དུ་འགྲོ་བ་ལའང་ཆ་འགའ་ཞིག་ནང་དུ་གནས་པ་དང་ཕྱིར་སོང་བའི་རྗེས་སུ་ནང་དུ་འོང་བ་ཡོད་པས་ཡི་གེ་གསུམ་བརྩིར་རུང་ཞིང༌། རླུང་གི་གདངས་ཀྱི་ཡི་གེ་དེ་ལ་རླུང་དང་ལྷན་ཅིག་ཅེས་པའི་ཐ་སྙད་ཀྱང་འཐོབ་བོ། །ལུས་ལ་གནས་པའི་སྐབས་སུ་བཤད་ཟིན་པ་དང་འཆད་འགྱུར་གྱི་བྱ་བ་ཐམས་ཅད་བྱས་ཏེ། འཆི་བའི་མཐར་མི་ཤིགས་པར་ཞུགས་ནས། ཡང་ཐ་མལ་པའི་ལུས་ལ་བརྟེན་ཏེ་སྔར་བཞིན་དུ་བྱ་བ་ཐམས་ཅད་བྱེད་དོ་ཞེས་གསུངས་པའི་དོན་ནི་བཤད་ཟིན་ཏོ། །ཁྱད་པར་དུ་རྣལ་འབྱོར་པ་ལ་བྱ་བ་
བྱེད་ཚུལ་ལ་གཉིས་ལས། བསྐྱེད་རིམ་པ་ལ་བྱེད་ཚུལ་ནི། ཡི་གེ་གསུམ་ཡང་དག་པར་སྦྱོར་བ་ལས་ལྷའི་སྐུ་སྐྱེད་དེ། འདི་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་གྱི་ཡི་གེ་གསུམ་མོ། །དེ་ཉིད་ཁ་དོག་དང་དབྱིབས་ཀྱི་རྣམ་པ་ཅན་གྱི་ཡི་གེའི་གཟུགས་སུ་སྙིང་ཁ་ལ་སོགས་པར་བཀོད་ནས། ཤུབ་བུ་དང་སྒྲ་གསལ་བའི་ངག་གི་བཟླས་པ་བྱས་པས་ཕྱིའི་ཁ་དོག་དང༌། ཁ་ལྟ་ཕྱོགས་ལ་སོགས་པ་ལ་བརྟེན་ནས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དེ། འདི་ལ་ནི་སྒྲ་དང་གཟུགས་ཀྱི་འབྲུ་གསུམ་གཉིས་ཡོད་དོ། །རྫོགས་རིམ་པ་ལ་བྱེད་ཚུལ་ནི། སྟེང་གི་སྣ་སྒོ་ནས་བྱུང་ནས་ལྷུན་གྱིས་གྲུབ་པའི་རྡོ་རྗེའི་བཟླས་པ་བྱས་པས་སྔོན་གྱི་ལས་ཀྱི་སྒྲིབ་པ་སྦྱོང་ལ། རྡོར་བཟླས་ཀྱི་སྒོ་ནས་དཀྱིལ་འཁོར་བཞིའི་རླུང་རྒྱུ་བའི་ཐུན་ཕྱེད་རེ་རེ་ལ་ཞི་རྒྱས་དབང་དྲག་གི་གཙོ་བོའི་ལས་རེ་རེ་དང༌། ཕལ་པའི་ཚུལ་དུ་གཞན་གསུམ་གསུམ་འགྲུབ་པའི་གཙོ་ཕལ་གྱི་ལས་གཉིས་གཉིས་འགྲུབ་པའོ། །རྣལ་འབྱོར་པ་གཉིས་ཀས་བཟའ་བཏུང་ལོངས་སྤྱོད་པ་ན་ཡི་གེ་གསུམ་གྱིས་སྦྱང་རྟོགས་སྦར་གསུམ་གྱི་རིམ་གྱིས་ཁ་ཟས་ཀྱི་ཉེས་སྐྱོན་སྦྱོང་བར་བྱེད་དེ། འདི་ལའང་སྒྲ་གཟུགས་གཉིས་ཡོད་དོ། །དེ་ལྟར་ཕྱི་ནང་གཉིས་ཀའི་དབང་དུ་བྱས་ནས་གསུངས་ཀྱང༌། འདིར་གཙོ་བོ་ནི་སྙིང་ཁའི་མི་ཤིགས་པ་ལས་བྱུང་བའི་རླུང་ལྡང་འཇུག་གནས་གསུམ་གྱི་རང་གདངས་ཀྱི་ཡི་གེ་གསུམ་ཡིན་ཏེ། སྤྱོད་བསྡུས་ལས། ནང་གི་བདག་ཉིད་ཅན་གྱི་ངག་གི་
ཡི་གེ་ལ་འཇུག་པར་བྱ་བ་ལ་ནི་སོམ་ཉི་མ་མཆིས་ན། ཞེས་གསུངས་ཤིང༌། རེ་རེ་ཡང་མི་ཤིགས་པ་ལས་འབྱུང་བར་གསུངས་པའི་ཕྱིར་རོ། །གཉིས་པ་ནི། སྔགས་ཀྱི་བརྡ་ནི་སྔགས་ཀྱི་མིང་སྟེ། དེ་ཡང་འགོར་ཨ་དང་མཐར་སྭཱཧཱ་ཡོད་པའི་སྦྲུལ་དང༌། ཨ་ཡོད་ལ་སྭཱཧཱ་མེད་པའི་མཇུག་མེད་དང༌། དེ་ལས་བཟློག་པའི་འགོ་མེད་དང༌། གཉིས་ཀ་མེད་པའི་བཏུས་པ་ཞེས་པ་བཞི་དང༌། སྙིང་པོ་ཉེ་སྙིང་སོགས་དུ་མ་ཞིག་ཡོད་ཀྱང༌། འདིར་ནི་དགོངས་པ་ལུང་སྟོན་ལས། བརྡ་ཡིས་དེ་ཉིད་གསུམ་གནས་པ། །རང་བཞིན་བཟླས་པའི་མཚན་ཉིད་དོ། ཞེས་གསུངས་སོ། །དེས་ནི་བརྡ་ཡིས་ནི་རླུང་གི་དེ་ཉིད་ལྡང་འཇུག་གནས་པ་གསུམ་དུ་དང་པོ་ནས་གནས་པ་དེ། རང་བཞིན་གྱི་བཟླས་པའི་མཚན་ཉིད་ཅན་དུ་ཤེས་པར་བྱ་བར་བསྟན་པས། ནང་གི་སྔགས་གསུམ་གྱི་བརྡ་ནི་དེ་ཉིད་གསུམ་གནས་ཡིན་ལ། འཇུག་པའི་དེ་ཉིད་ནི་གྱི་བརྡ་ཨ་ཡིན། དེས་གཞན་གཉིས་ཀྱང་ཤེས་པར་བྱའོ། །རྒྱུད་དེ་ལས། མྱུར་བ་དང༌། རྣམ་སྡུད་དང༌། དལ་བ་ཅན་ཞེས་པའི་བརྡས་ཀྱང་གསུངས་སོ། །དེ་ལྟར་ན་རྡོར་བཟླས་ཀྱི་བཟླས་བྱའི་སྔགས་བཏུས་པ་ན་ཡི་གེ་གསུམ་བྱུང་བ་དེའི་མིང་གི་བརྡ་བསྟན་པ་ན། རླུང་གི་གདངས་ཀྱི་ཡི་གེར་ཤེས་ནས་དེ་གཉིས་དབྱེར་མེད་དུ་སྦྱོར་བ་ཡིན་ནོ། །དགོངས་པ་ལུང་སྟོན་ལས། ཕྱག་རྒྱ་མེད་པའི་སྔགས་གཅིག་པུའང༌། །སྔགས་ཀྱི་སྐྱེས་བུར་འགྱུར་བ་མིན། ཞེས་སྔགས་དང་ཕྱག་རྒྱ་གཉིས་ཀ་སྦྱོར་བ་མེད་ན་ཁྱོད་ཀྱིས་མི་འགྲུབ་པར་གསུངས་ན། འདུས་པ་འདིར་ལག་པའི་ཕྱག་རྒྱ་མ་བསྟན་པས། སྔགས་
གཅིག་པུས་ཇི་ལྟར་འགྲུབ་ཅེས་ཞུས་པའི་ལན་དུ། མྱུར་བ་ལ་སོགས་གསུམ་ལྡན་པ། །ཕྱག་རྒྱ་སྒྲུབ་པར་བཤད་པ་ཡིན། ཞེས་རླུང་ཕྱིར་ལྡང་བའི་མྱུར་བ་དང༌། ནང་དུ་འཇུག་པ་སྡུད་པ་དང༌། ནང་དུ་གནས་པ་དལ་བ་ཅན་བགྲང་པ་དང་ལྡན་པ་ནི། ཕྱག་རྒྱ་སྒྲུབ་པ་སྟེ་དེ་འཆིང་བ་ཡིན་ལ། མྱུར་དང་རྣམ་སྡུད་དལ་བ་ཅན། །སྔགས་སུ་ངེས་པར་སྦྱོར་བ་ནི། །སློབ་དཔོན་གྱིས་ནི་འབད་པ་ཡིས། །སློབ་མའི་རྣ་བའི་དྲུང་དུ་བརྗོད། ཅེས་དེ་གསུམ་ཡི་གེ་གསུམ་གྱི་སྔགས་དང་སྦྱོར་བ་ནི་སྔགས་དང་ཕྱག་རྒྱ་སྦྱོར་བ་ཡིན་པས། ཕྱག་རྒྱ་ཆེན་པོ་འགྲུབ་ཅེས་བཤད་པས། ཕྱག་རྒྱ་འཆིང་བ་ཐམས་ཅད་ཀྱི་ཡོན་ཏན་ཡང་འདི་ལ་འདུས་པར་བསྟན་ཏེ། ལན་འདི་རྣམས་རྣམ་གཞག་ཏུ་དྲངས་པ་ལྟར་རོ། །ཡང༌། སྤྱན་དྲང་པ་དང་གཤེགས་སུ་གསོལ། །འདིར་ནི་ལེགས་པར་ཇི་ལྟར་བརྗོད། ཅེས་ཞུས་པའི་ལན་དུ། མྱུར་བ་དང་ནི་འཇུག་པ་དང༌། །གནས་པ་རྗེས་སུ་སྦྱོར་བ་རྣམས། །སྤྱན་དྲང་བ་དང་གཤེགས་གསོལ་ལ། །འདི་དག་ཕྱག་རྒྱར་ཡང་དག་འགྱུར། ཞེས་གསུངས་ཏེ། ལག་པའི་ཕྱག་རྒྱ་འཆིང་བ་ནི་ལྷ་སྤྱན་འདྲེན་པ་དང་གནས་སུ་བཞུགས་སུ་འཇུག་པ་དང༌། གཤེགས་སུ་གསོལ་བ་སྟེ་རང་རང་གི་འཕྲིན་ལས་ལ་བསྐུལ་བའི་ཆེད་ཡིན་ལ། དགོས་པ་དེ་རྡོར་བཟླས་ཀྱིས་འགྲུབ་སྟེ། འདི་ལྟར་ནང་དུ་འཇུག་པ་སོགས་ཀྱི་བཟླས་པ་གསུམ་གྱིས་སྤྱན་འདྲེན་པ་དང༌། བཞུགས་སུ་གསོལ་བ་དང༌། ལས་ལ་བསྐུལ་བའི་དགོས་པ་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། སྔགས་ཀྱི་དོན་ནི་སྤྱིར་དུ་མ་ཞིག་
ཡོད་ཀྱང༌། འདིར་རྡོར་བཟླས་ཀྱི་ཡི་གེ་གསུམ་གྱི་སྔགས་ཀྱི་དོན་བཤད་དགོས་ལ། དེ་ཡང་ཡི་གེ་གསུམ་གྱི་གདངས་ལ་བྱེད་པ་བཤད་ཟིན་པས་དེ་མིན་ནོ། །འོ་ན་གང་ཞེ་ན། རྫོགས་རིམ་པའི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་ཡིན་ལ། དེ་ནི་དགོངས་པ་ལུང་སྟོན་ལས། དེ་ནི་ཡོངས་སུ་གྱུར་པའི་གཟུགས། །ལྷ་རུ་ཉེ་བར་དམིགས་པའོ། ཞེས་གསུངས་པ་དེ་ཡིན་ཏེ། སྤྱོད་བསྡུས་ལས། བཤད་རྒྱུད་འདི་ལས་སྔགས་བཏུ་བ་དང༌། སྔགས་ཀྱི་བརྡ་དང༌། སྔགས་ཀྱི་དོན་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་བཞི་གསུངས་པར་བཤད་པ་ནི། རྒྱུད་དེར་བརྗོད་པ་དང༌། དམིགས་པ་དང༌། བརྡ་དང༌། དོན་དམ་པ་བཞི་གསུངས་པ་དེ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་རྩ་རྒྱུད་ལེའུ་གཉིས་པར། ལུས་སེམས་ལྟ་བུ་དང༌། ཞེས་སོགས་ཀྱིས་ལུས་ངག་ཡིད་གསུམ་དབྱེར་མེད་པར་སྦྱོར་བའི་སྒྱུ་མའི་སྐུ་སྐྱེད་ཅིག་ཅེས་གསུངས་པའི་སྐྱེད་ཚུལ་དྲིས་པའི་ལན་ཡིན་པས། རྐང་པ་གཉིས་པོ་དེས་སྒྱུ་མའི་སྐུ་སྐྱེད་པ་བསྟན་ནོ། །དེ་ལྟར་ན་དེ་ནི་ཞེས་པ་ནི་དངོས་མེད་ངོ་བོ་སྟེ་འོད་གསལ་མི་ཤིགས་པ་ལས་བྱུང་བའི་རླུང་སེམས་སོ། །དེ་ཡོངས་སུ་གྱུར་པ་ལས་ལྷའི་གཟུགས་སུ་དམིགས་པ་ནི་རླུང་སེམས་ལས་སངས་རྒྱས་ཀྱི་སྐུར་ལངས་པའོ། །དེ་ཉིད་ནི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་སྒྱུ་མའི་སྐུ་སྟེ་འདི་ལ་སྒྱུ་མའི་སྐུ་གཉིས་ཡོད་དོ། །བཞི་པ་ནི། འགག་མེད་རབ་ཏུ་ཞི་བ་སྟེ། །རྟག་དང་ཆད་པ་རྣམ་སྤངས་པ། །དུས་གསུམ་མཁྱེན་པས་མ་བྱས་པ། །རྟོག་པ་ནམ་མཁའ་དབྱེར་མེད་མཚན། །འདི་ཉིད་ཁོ་ན་དོན་དམ་སྟེ། །སོ་སོར་རང་རིག་མཚན་