Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

58 occurrences of དྲིལ་བུ་
[Clear Hits]


 
རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།
 
 
  
 
  
 
 
40  expand section
 


58 occurrences of དྲིལ་བུ་
[Clear Hits]

 
no previousརྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ། next

རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ།


JLD008_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ་བཞུགས་སོ།


JLD008_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་གསུང་གི་འོད་ཟེར་གྱིས། །རྡོ་རྗེ་འཆང་དབང་མཉེས་བྱེད་པའི། །རིམ་གཉིས་རབ་ཏུ་གསལ་མཛད་པ། །བླ་མའི་ཞབས་ཀྱི་པད་ལ་འདུད། །གང་ཞིག་ཐེག་པ་མཆོག་གི་རིགས་ཀྱི་ནུས་པ་མི་དམན་ཞིང༌། །སྙིང་རྗེས་ཡིད་གདུངས་ཏེ་སེམས་ཅན་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བ་ལ་ཆེས་རིངས་པ་དེ་དག་གིས་ནི། དཔལ་འདུས་པའི་རྒྱུད་ནས་འབྱུང་བའི་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པར་རིགས་པས་འདི་ལ་གཉིས་ཏེ། ལམ་ལ་འཇུག་པའི་རིམ་པ་དང༌། ལམ་གྱི་དངོས་གཞི་ལ་སློབ་པའི་ཚུལ་གཉིས་སོ། །དང་པོའི་དབང་དུ་བྱས་ནས་སྤྱོད་པ་བསྡུས་པའི་སྒྲོན་མེ་ལས། གོ་རིམ་ཇི་ལྟར་བཞིན་བསླབ་པར་བགྱིའམ། ཡང་ན་བླ་མའི་མན་ངག་ཙམ་གྱིས་དེ་དག་སྐད་ཅིག་ཙམ་གྱིས་སོ་


JLD008_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སོར་སྣང་བར་བགྱི། ཞེས་པའི་ལན་དུ་རིམ་གྱིས་འཇུག་པར་བསླབ་པར་བྱ་ཡི་ཅིག་ཅར་ནི་མ་ཡིན་ནོ་ཞེས་ཤེས་བྱེད་ཀྱི་མདོ་དང་བཅས་པ་དྲངས་ནས་དེའི་རིམ་པའང་འདི་ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་དེ་ལ་མོས་པ་དེའི་ཚེ་ཐེག་པ་གསར་པ་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །ཞེས་སོགས་གསུངས་ཏེ་རིམ་པ་འདིས་ནི་སྔགས་དང་མཚན་ཉིད་ཀྱི་ཐེག་པ་ལ་ཉེ་རིང་གི་ཁྱད་པར་ཡོད་ཀྱང་རིམ་གྱིས་སློབ་པར་ཁྱད་པར་མེད་དོ་ཞེས་བསྟན། དེ་ཉིད་ཀྱི་ཕྱིར་འདིར་ཡང༌། འདིར་དང་པོར་སངས་རྒྱས་ཀྱི་ཐེག་པའི་བསམ་པ་སྨོན་པ་དང་ཞེས་པ་ནས། བླ་མ་ལ་ལྷའི་རྣལ་འབྱོར་སྒོམ་པའི་གནང་བ་ཐོབ་པའི་རྟེན་གང་ཟག་གིས་ཞེས་པའི་བར་གསུངས་སོ། །འདིར་


JLD008_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་ཐོབ་དགོས་པར་བསྟན་པ་ནི། དང་པོར་བསྐྱེད་རིམ་ཐོས་བསམ་གྱིས་ཤེས་པར་བྱེད་པ་ལ་མི་དགོས་ཀྱང༌། ཕྱིས་ཤེས་ནས་བསྒོམ་པའི་ཚེ་དགོས་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ནས་གསུངས་ཤིང༌། འགྲེལ་པ་རིན་ཆེན་ཕྲེང་བ་ལས་ནི་གནང་བ་ཞུ་ཚུལ་དང་བཅས་པ་གསུངས་སོ། །གཉིས་པ་ནི་ལམ་གྱི་དངོས་གཞི་ལ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དང་པོ་ལ་དོན་གྱི་སྡེ་ཚན་ནི། རྩ་བའི་རྒྱུད་དང་རྒྱུད་ཕྱི་མ་ལས་བསྙེན་སྒྲུབ་ཡན་ལག་བཞིར་གསུངས་ཏེ། རྫོགས་རིམ་ལའང་བཞི་པོ་འདི་ཚང་ངོ་། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་ཏིང་ངེ་འཛིན་གསུམ་དང་རྣལ་འབྱོར་དྲུག་དང་དེ་ཉིད་བཞི་བཅུ་ཞེ་དགུར་བཤད་དེ། དེ་ཉིད་དང་པོ་གནས་ཀྱི་ཞེས་བྱ་སྟེ། མདོར་བྱས་ལས། དགོན་པ་ཆེན་པོའི་ས་ཕྱོགས་ནི་ཞེས་པ་ནས། དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ་ཅེས་གསུངས་ཏེ། །འདིས་ནི་བསྐྱེད་རིམ་གྱིས་མཆོག་མི་གྲུབ་པར་འདོད་པའང་བསལ་ལོ། །དེས་ན་འདིར་ཡང་གནས་ཀྱི་དེ་ཉིད་ཅེས་སོགས་གསུངས་ཏེ། ཁ་ཤར་དུ་ཕྱོགས་པས་ཞེས་གསུངས་པ་ནི། བསྐྱེད་རིམ་གྱི་སྒོ་ནས་ནུས་པ་འཚོལ་བར་བྱེད་པ་དང༌། ནུས་པ་རྙེད་ནས་ཞི་བ་ལ་སོགས་པའི་ལས་སྒྲུབ་པ་གཉིས་ལས་ཕྱི་མའི་སྐབས་སུ་ཞི་བའི་ལས་སྒྲུབ་པའི་ཚེ་ཁ་ཤར་དུ་ལྟ་བར་གསུངས་ཤིང་བསྐྱེད་རིམ་ཡང་དེ་དང་མཐུན་པའི་ཕྱིར་རོ། །སྔོན་དུ་གཏོར་མ་གཏོང་བ་ནི་ཨ་བྷ་ཡང་ཐོག་མ་དང་ཐ་མ་ཉིད་དུ་ཞེས་སོགས་གསུངས་པས་སོ། །དེ་ནས་མཆོད་པ་རྣམས་བསང་བ་དང་སྦྱང་བ་དང་བསྐྱེད་པ་དང་བྱིན་གྱིས་བརླབས་བྱས་ནས་


JLD008_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུག་པའམ། ཡིད་ཀྱི་རོལ་པ་དྲི་མེད་ཟླ་འདྲས་སྒྲུབས། ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །ཞེས་པའི་བར་གྱིས་སྐྱབས་འགྲོ་སེམས་བསྐྱེད་བྱའོ། །འདིར་སྒྲུབ་ཐབས་དངོས་གཞིའི་སྔོན་འགྲོ་ལ་མཐུན་རྐྱེན་བསྟེན་པའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། འགལ་རྐྱེན་སྤང་བའི་ཕྱིར་སྲུང་འཁོར་བསྒོམ་པ་གཉིས་ཡོད་པ་ལ། སྔ་མ་ནི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་དང་འཕགས་སྐོར་གྱི་གཞུང་རྣམས་སུའང་གསལ་བར་མ་བྱུང་བ་ལ་བསམ་ནས་འགོས་ལ་སོགས་པ་ཁ་ཅིག་ལུགས་འདི་ལ་མི་བྱེད་པ་ཡིན་ནོ་ཞེས་སྨྲ་མོད། འོན་ཀྱང་ཐུབ་པ་དཔལ་ལ་སོགས་པས་བཤད་ཅིང་ཁྱད་པར་དུ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པར་འདི་ནི་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་མན་ངག་ལ་ཡོད་པ་ཡིན་ནོ་ཞེས་འབྱུང་བས་འདིའང་གསུང་སོ། །དེ་ལ་ཚོགས་ཞིང་སྤྱན་དྲངས་ནས་མཆོད་པ་ཕུལ་ཏེ། ཕྱག་འཚལ་བ་ནི། གང་ཞིག་གཟུགས་དང་ཞེས་སོགས་གསུངས་སོ། །འདིས་ནི་འདུས་པའི་དཀྱིལ་འཁོར་གྱི་ལྷ་སོ་གཉིས་ལ་ཕྱག་འཚལ་བ་བསྟན་ཏོ། །ཇི་ལྟར་བསྟན་ཞེ་ན། གཞན་ནི་གོ་སླ་ལ་སྐྱེ་མཆེད་དྲུག་གི་ནང་ནས་ཆོས་རྡོ་ལ་ཡེ་ཤེས་ཞབས་ལུགས་ཀྱིས་ཆོས་དབྱིངས་རྡོ་རྗེ་མ་ཞེས་གོང་མ་ལ་འདྲ་བར་བཤད་དོ། །འོན་ཀྱང་དེ་ནི་དཀྱིལ་འཁོར་ལ་འགོད་པ་མེད་པས་སྐབས་སུ་མ་བབ་པས་ཤེ་ན། སློབ་དཔོན་ཟླ་བས་ཆོས་རྡོ་རྗེ་ནི་ཀུན་ཏུ་བཟང་པོའི་ཞེས་གསུངས་པ་ལྟར་བྱའོ། །ཡིད་དབང་འཇམ་དཔལ་ལ་སྦྱོར་བ་ལྟ་བུར་སྣང་ཡང་འགྲེལ་པས་ནམ་མཁའ་


JLD008_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ནི་འཇམ་དཔལ་ལོ། །ཞེས་བཤད་པས་ཡིད་དབང་ནི་བྱམས་པ་ལ་གོ་བར་བྱའོ། །བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འཆང་ངོ་། །རྒྱ་ཆེན་ནི་སྣང་བ་ལྷའི་འཁོར་ལོར་འཆར་པའོ། །གཏི་མུག་རྡོ་རྗེའི་རིགས་རིག་པའི་སྦྱོར་བ་ལས་བྱུང་ཞེས་པ་ནས། དངོས་གྱུར་པ་ཞེས་པའི་བར་དུ་སྦྱར་ཏེ་འདིས་ནི་གཤིན་རྗེ་གཤེད་བསྟན་ནོ། །དེ་བཞིན་དུ་གཞན་ལའང་སྦྱར། ཉེས་པ་ཞེས་སྤྱིར་བཤད་ཀྱང་ང་རྒྱལ་ལ་གོ་བར་བྱ་སྟེ། སྐབས་བཞན་དུའང་དེ་ལྟར་བཤད་དོ། །དེ་བཞིན་དུ་རིག་པ་ཞེས་པ་རིག་མ་ལའོ། །དེ་ལྟར་ན་ཤཱནྟི་པས། གཏི་མུག་གཏི་མུག་ལོངས་སྤྱོད་པ་ཞེས་སོ། །གསུངས་ནས་སྔ་མ་རྣམ་སྣང་སོགས་དང་ཕྱི་མ་གཏི་མུག་དགའ་མ་སྟེ་སྤྱན་མ་ལ་སོགས་པ་དང༌། ལོངས་སྤྱོད་པ་ཡབ་ཡུམ་སྙོམས་པར་འཇུག་པ་ལ་བཤད་པ་དང་མཐུན་ནོ། །དེ་དག་གིས་ནི་ཁྲོ་བོ་བཞི་རིམ་པ་བཞིན་བསྟན་ནོ། །སྡུད་དང་ཞེས་པ་ནི་སྡུད་པར་བྱེད་པའམ་འགུགས་པར་བྱེད་པ་སྟེ་འདོད་རྒྱལ་ལོ། །དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་ཆགས་པའི་དགའ་བས་ནི་དབྱུག་སྔོན་ཅན་ནོ། །སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་རྣམ་པས་ནི་སྟོབས་པོ་ཆེའོ། །དེ་བཞིན་མི་འགྱུར་ནི་མི་གཡོ་བ་སྟེ། གཞན་དུ་ནི་མི་གཡོ་ཞེས་ཀྱང་འདོན་ནོ། །རྒྱུའི་རང་བཞིན་སེམས་སུ་རྗེས་ཐོགས་ཆོས་ཞེས་སྦྱར་ཏེ་གནོད་མཛེས་སོ། །དེ་བཞིན་དུ་འབྲས་བུ་ལའང་སྦྱར་ཏེ་གཙུག་གཏོར་འཁོར་ལོས་སྒྱུར་རྒྱལ་ཏེ། དེ་གང་གི་རིགས་ཡིན་ཞེ་ན། རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །ཞེས་གསུངས་ཏེ། ཞེ་སྡང་གིས་ནི་མི་བསྐྱོད་པ་སྟེ་དེའི་རིགས་ནི་ཁྲོ་བོ་ཕྱི་མ་གཉིས་སོ། །གཞན་ནི་སྔ་


JLD008_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་འདྲ་སྟེ་རྨོངས་པས་ནི་རྣམ་སྣང་དང༌། འདོད་ཆགས་ཀྱིས་ནི་འོད་དཔག་མེད་དང་སྒྲིབ་པ་ནི་ང་རྒྱལ་ཏེ་དེས་ནི་རིན་འབྱུང་དང༌། རྡོ་རྗེ་ནི་དོན་ཡོད་གྲུབ་པའོ། །བཤགས་པ་ནི་གང་ཞིག་ཐོག་མེད་ཅེས་སོགས་གསུངས་ཏེ་རྐང་པ་དང་པོ་གཉིས་ཀྱིས་ནི། གང་གང་དུ་རྒྱུ་གང་གིས་བསགས་པ་སྟེ་གསུམ་གྱིས་བཤགས་བྱའི་ཉེས་པ་བསྟན་ནོ། །ཕྱི་མ་གཉིས་ཀྱིས་ནི་གང་གི་སྤྱན་སྔར། གང་ཞིག་ཇི་ལྟར་བཤགས་པ་གསུམ་གྱི་ངོ་བོ་བསྟན་ཏེ། ཆོ་ག་བཞིན་ནི་འཁོར་གསུམ་མི་དམིགས་པ་ལ་བཤད་དོ། །དགེ་བ་ལ་རྗེས་སུ་ཡི་རང་ཞིང་བྱང་ཆུབ་ཏུ་བསྔོ་བ་ནི། རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཞེས་སོགས་གསུངས་ཏེ། དང་པོ་ནི་དཀྱིལ་འཁོར་གྱི་གཙོ་བོ་དང༌། གཉིས་པ་ནི་འཁོར་རྣམས་དང༌། འཕགས་པ་ནི་ཉན་རང་དང༌། གཞན་ནི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་བརྟེན་ནས་སངས་རྒྱས་པ་སོགས་སོ། །ཡང་ན་དང་པོ་གཉིས་སྤྱིར་བཤད་ནས། འཕགས་པ་ནི་ཉན་རང་དང༌། གཞན་ནི་སོ་སྐྱེ་སྟེ་བཟང་སྤྱོད་ནས་གསུངས་པ་དང་ཡང་མཐུན་ནོ། །ཡང་དག་ནི་སངས་རྒྱས་ཀྱི་སྣང་བ་སྟེ་འཁོར་གསུམ་མི་དམིགས་པ་ལ་བྱའོ། །འདི་ནི་བསྔོ་བ་ལའང་སྦྱར་རོ། །སྐྱབས་སུ་འགྲོ་བ་ནི་ཡིད་ཀྱི་རོལ་པ་ཞེས་སོགས་ཚིགས་བཅད་གསུམ་གྱིས་བསྟན་ནོ། །རྐང་པ་དང་པོ་གཉིས་ཀྱིས་ནི་ཤེས་རབ་དང་སྙིང་རྗེ་སྟེ་རྒྱུ་དེ་ལྟ་བུས་བསྒྲུབས་ཞེས་པའི་དོན་ནོ། །རག་གི་ཞེས་པ་ལ་རྣལ་འབྱོར་པ་རང་གི་བདེ་གཤེགས་རང་གི་ཞེས་གཉིས་ལ་བཤད་དོ། །གཞན་ནི་གོ་སླ་སྟེ་རོ་གཅིག་ངོ་བོ་ཉིད་


JLD008_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་གནས་ལུགས་རྟོགས་པའི་མཉམ་གཞག་གི་ངོན་ཡུལ་དང་ཡུན་ཅན་ཆུ་ལ་ཆུ་བཞག་པ་ལྟ་བུར་གཉིས་སྣང་མེད་པ་སྟེ་རྟོགས་པའི་ཆོས་སོ། །སེམས་བསྐྱེད་པ་ནི་བསམ་དང་ཞེས་སོགས་ཏེ་བསམ་པ་རྣམ་པར་སྨིན་པ་རྣམ་པར་དག་པ་གཉིས་ཀྱིས་ནི་སེམས་བསྐྱེད་གཉིས་བསྟན་ནོ། །རྐང་པ་གཉིས་པས་ནི་དེའི་ནུས་པ་དང༌། གསུམ་པས་ནི་ཞེ་ཐག་པ་ནས་སེམས་བསྐྱེད་པར་སྟོན་ནོ། །ལམ་ལ་བརྟེན་པར་དམ་བཅའ་བ་ནི། བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། ཞེས་སོགས་གསུངས་ཏེ། རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས་ཞེས་པ་ནི་བདག་ཉིད་དཀྱིལ་འཁོར་པའི་ལྷར་མོས་པས་ཞེས་པའོ། །སྡོམ་པ་གཟུང་བ་ལ་རང་ཉིད་མངོན་རྟོག་བསྒོམ་པའི་ཚེ་མ་ཐོབ་པ་ཐོབ་པར་བྱེད་པ་མིན་ཀྱང་ཐོབ་ཟིན་བརྟན་པའི་ཕྱིར་བྱའོ། །གཉིས་པ་འགལ་རྐྱེན་སྤང་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པ་ནི་ཅིའི་ཕྱིར་སྔོན་དུ་སྟོང་པ་ཉིད་བསྒོམ་ཞེ་ན། མདོ་བསྲེ་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པའི་རྒྱུད་དང་སྦྱར་ཏེ་ཚིག་སྔ་མས་སྟོང་པ་ཉིད་བསྒོམ་པར་བསྟན་ནོ། །སྔགས་དོན་གང་ཞིག་བསྒོམ་ཞེ་ན་རྩ་རྒྱུད་དང་བཤད་རྒྱུད་དང་འཕགས་སྐོར་གྱི་གཞུང་རྣམས་སུ་ཤཱུ་ནྱ་ཏཱས་སྦྱོང་པ་ལས་གཞན་མ་བཤད་མོད། འོན་ཀྱང་འདིར་ནི་བ་བྱ་ཀཱིརྟིས་སྭ་བྷཱ་བས་སྟོང་པར་བསྒོམ་པ་ལྟར་བཀོད་དོ། །དེ་ལ་སྔགས་ཀྱི་དོན་ནི་འདི་ཡིན་ཏེ་ཨོཾ་ནི་ཡི་གེ་སོ་སོར་ཕྲལ་ན་ཨ་ཨུ་མ་གསུམ་དུ་འགྱུར་ལ་དེ་དག་རིམ་པ་བཞིན་དུ་གསུང་དང་ཐུགས་དང་སྐུ་རྡོ་རྗེའོ། །དེ་ཉིད་སྡོམ་


JLD008_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ཨོཾ་དུ་འགྱུར་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་པའོ། །སྭ་བྷཱ་བའི་སྒྲ་དངོས་པོ་འབྱུང་བ་རང་བཞིན་གསུམ་ལ་འཇུག་ཀྱང༌། འདིར་ནི་ཕྱི་མ་གཟུང་ངོ་། །ཤུདྡྷ་ནི་དག་པའོ། །སརྦ་དྷ་རྨ་ནི་ཆོས་ཐམས་ཅད་དོ། །སྭ་བྷཱ་བ་ཤུདྡྷ་ནི་སྔ་མ་བཞིན་ནོ། །ལ་ལར་ནི་ཨ་ཧཾ་ཞེས་ཨས་མཚམས་སྦྱར་ནས་འདོན་ཏེ་ཤུདྔྷོ྅་ཞེས་འབྱུང་ན་ཨ་གོང་དུ་སྦྱར་བ་ཡིན་ཏེ་གང་ལྟར་ཡང་ང་རྒྱལ་འཛིན་པའི་ཚིག་ཡིན་པས། ཆོས་ཐམས་ཅད་རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་ངའོ་ཞེས་བྱ་བའི་དོན་ནོ། །འདིར་ཐུབ་པ་དཔལ་གྱིས་སྟོང་ཉིད་གཅིག་བུ་ལ་སྦྱར་ལ་བ་བྱ་ཀཱིརྟིས་རྣམ་པར་ཐར་པའི་སྒོ་གསུམ་ག་ལ་བཤད་ཀྱང་རྒྱས་བསྡུས་ཙམ་ཡིན་ཏེ། བཞི་བརྒྱ་པར། ཞི་སྒོ་གཉིས་པ་མེད་པ་དང་། ཞེས་པའི་འགྲེལ་པར་སྒོ་དང་པོར་གཞན་གཉིས་ཀྱང་འདུ་བར་ཤེས་བྱེད་བརྒལ་ལན་དང་བཅས་པས་བསྒྲུབས་པས་སོ། །དེས་ན་འདིར་ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རིམ་པ་བཞིན་སྟོང་པ་ཉིད་དང་མཚན་མེད་སྨོན་མེད་ཀྱི་དོན་དུ་སྔ་མ་རྣམས་འདོད་པ་ལྟར་བྱའོ། །དེ་ལྟར་སྟོང་པ་ཉིད་བསྒོམས་ནས་འཁོར་ལོ་དང་ལྷ་རྣམས་རིམ་གྱིས་བསྒོམ་པར་བྱའོ། །འདི་ལ་སྔ་མ་འགའ་ཞིག་སྒྲུབ་ཐབས་ལས། ཞེ་སྡང་རྡོ་རྗེའི་ཏིང་འཛིན་གནས། །གནས་བསྲུང་བ་ནི་བསམ་པར་བྱ། །ཞེས་སོགས། རང་ཉིད་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་ལ་གནས་ནས་ཕྱོགས་བཅུར་ཁྲོ་བོ་བཅུ་བཀོད་ནས་བགེགས་ལ་ཕུར་བུས་གདབ་པར་བཤད་ཀྱི་འཁོར་ལོ་བསྐྱེད་པ་དང་དང་པོའི་མགོན་པོ་བསྐྱེད་པ་རྣམས་ཟུར་ཙམ་


JLD008_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་བྱུང་བས་མི་བྱེད་དོ་ཞེས་བཞེད་དོ། །འོན་ཀྱང་དེ་ནི་མི་རིགས་ཏེ། རྩ་བའི་རྒྱུད་ཉིད་ལས་ཀྱང་འཁོར་ལོ་སེར་པོ་དང་དེར་ལྷ་འགོད་པ་རྣམས་གསུངས་ཤིང༌། དེ་བཞིན་དུ་སློབ་དཔོན་ཐུབ་པ་དཔལ་དང་ཨ་བྷ་ཡཱས་ཀྱང་འཁོར་ལོ་བསྐྱེད་པར་བཤད་ཅིང༌། ཁྱད་པར་དུ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་མཛད་པ་པོ་ལཱི་ལ་བཛྲ་ཞེས་བྱ་བས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་སྒྲུབ་ཐབས་སུ། ཕྱོགས་བཅུའི་དཀྱིལ་འཁོར་ཆ་རུ་ནི་ཞེས་བྱ་བའི་ཚིག་གིས་བསྟན་པར་བཤད་པས་སོ། །གཞན་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་པ་སོགས་འབྱུང་ཡང་འདིར་ཨ་ལས་བསྐྱེད་པར་བཤད་པ་ནི་སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་བཤད་པ་ལྟར་བྱས་སོ། །རྩིབས་བཅུ་ལ་སྟེང་འོག་གི་རྩིབས་ནི་ལྟེ་བ་ཉིད་ཀྱི་ཆ་ལས་ལོགས་སུ་མེད་དོ། །ཁྲོ་བོ་གཞན་ནི་འཁོར་ལོའི་ཕྱི་རུ་འགོད་པ་ཡང་ཨ་བྷ་ཡས་བཤད་པ་ལྟར་རོ། །འདིར་རྒྱུད་ལས་རྡོ་རྗེ་འབར་བའི་སྤྲིན་འཁྲིགས་ཤིང༌། །མི་གཡོ་བ་དང་མཚུངས་པར་འཁོར། །ཞེས་འབྱུང་བའི་དོན། འགྲེལ་པས་དུས་མཉམ་པར་ལྷ་མི་གཡོ་ཞིང་འཁོར་ལོ་འཁོར་ཞེས་བཤད་པས་རྩིབས་ལ་མ་རེག་པར་གདན་ལ་འགོད་པ་ཡིན་ནོ། །དེ་ནས་དང་པོའི་མགོན་པོ་བསྐྱེད་པར་ཡང་རྒྱུད་ལས་འབྱུང་ཞིང༌། མདོ་བསྲེར་ཡང་གསལ་བར་བཤད་ལ། བསྐྱེད་ཚུལ་ཡང་རྡོར་སེམས་ཀྱིས་སྒྲུབ་ཐབས་སུ་ལྷག་པར་མོས་པ་ཙམ་གྱིས་བསྐྱེད་ཅེས་གསུངས་ཤིང༌། དེའི་དོན་འགྲེལ་པར་སྐད་ཅིག་ཙམ་གྱིས་བསྐྱེད་ཅེས་གསུངས་ཏེ། ས་བོན་ཕྱག་མཚན་སོགས་ལས་མི་བསྐྱེད་པར་དཀྲོངས་བསྐྱེད་བྱེད་པའི་དོན་ནོ། །ཞལ་གཅིག་ཕྱག་གཉིས་པའམ་


JLD008_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསུམ་དང་ཕྱག་དྲུག་པར་བསྐྱེད་པ་གཉིས་ནི་རྒྱས་བསྡུས་སོ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་རེག་བྱ་རྡོ་རྗེ་མ་བསྐྱེད་པ་གཉིས་འབྱུང་ཡང་འདིར་ནི་དང་པོའི་དབང་དུ་བྱས་སོ། །སེམས་དཔའ་སུམ་བརྩེག་སུ་བྱེད་པ་ནི། རྒྱུད་ལས། རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །ལོངས་སྤྱོད་བཞི་དང་ཡང་དག་ལྡན། །ཞེས་འབྱུང་བས་ཤེས་ཏེ་དེའི་དོན་ནི་དང་པོ་ནི་རྡོ་རྗེ་འཆང་སྟེ། རིག་པའི་སྐྱེས་བུ་དང་རྡོ་རྗེ་ཅན་དང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་རྡོ་རྗེ་འཆང་རྣམས་རྣམ་གྲང་སུ་མང་དུ་འབྱུང་ངོ་། །ལོངས་སྤྱོད་བཞི་ནི་ཡེ་ཤེས་སེམས་དཔའ་དང་སྐུ་གསུངས་ཐུགས་ཀྱི་རྡོ་རྗེའོ། །དེས་ན་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་གསུམ་ཡང་དགོད་དོ། །འདི་ལས་མི་བསྐྱོད་པ་འབྱིན་ཚུལ་ནི། ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་གྱི་ཚུལ་གྱིས་བསྐྱེད་ཅེས་གསུངས་ལ། དེའི་དོན་འགྲེལ་པས་ཡེ་ཤེས་སྒྲོན་མ་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་ཚུལ་གྱིས་མི་བསྐྱོད་པ་འབྱིན་ཞེས་བཤད་པས་ཡབ་ཡུམ་སྙོམས་པར་འཇུག་པའི་ཚུལ་གྱིས་འབྱིན་པར་གྲུབ་པས་དེ་ལྟར་བཤད་དོ། །ལྷའི་ས་བོན་ལ་ཨ་བྷ་ཡཱས་ཁྲོ་བོ་བཅུ་ལ་ཧཱུཾ་དང༌། མི་བསྐྱོད་པ་ལ་བཛྲ་དྷྲཱིཀ་ཅེས་པ་ལས་བསྐྱོད་པར་མཛད་དོ། །འོན་ཀྱང་། ཁྲོ་བོ་ཞེ་སྡང་གནས་ལས་སྐྱེས། །ཞེས་འབྱུང་ལ། དེའི་དོན་ཁྲོ་བོ་བཅུ་དང་ཞེ་སྡང་སྟེ་མི་བསྐྱོད་པ་ནི་གནས་ཏེ་ཧཱུཾ་ལས་སྐྱེས་ཞེས་པ་ཡིན་པའི་བཅུ་གཅིག་པོ་ཐམས་ཅད་ཀྱི་ས་བོན་ཧཱུཾ་ལ་རུང་ངོ་། །འབྱིན་པའི་ཚེ་ཁ་ཅིག་གིས་ཡུམ་གྱི་བ་སྤུའི་བུ་ག་ནས་དང༌། ཁ་ཅིག་གིས་ཡུམ་གྱི་པདྨ་ཉིད་


JLD008_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱིན་ཞེས་སྨྲའོ། །འདི་ནི་དཀྱིལ་འཁོར་རྒྱལ་མཆོག་དང་མཐུན་པར་ཡབ་ཀྱི་ཐུགས་ཀ་ནས་འབྱིན་པར་བྱའོ། །ཞེ་སྡང་རྡོ་རྗེ་ནི་སྒྲོན་གསལ་ལས་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པའི་ཉམས་ཅན་ཞེས་བཤད་པས། སྒེག་པའི་ཁྲོ་བོ་ཞེས་བྱ་སྟེ། སྤྱན་དམར་ལ་ཟླུམ་པ་དང་དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་འབར་བ་ལ་སོགས་པ་མི་སྡུག་པའི་མཚན་མ་ཡོངས་སུ་རྫོགས་པ་ནི་མི་སྡུག་པའི་ཁྲོ་བོ་དང༌། དེ་ལས་བཟློག་སྟེ་སྤྱན་དཀྱུས་རིང་བ་སོགས་སུ་བྱུང་བའི་ཁྲོ་བོ་ནི་སྒེག་པའི་ཁྲོ་བོ་ཞེས་བྱའོ། །ཕྱག་མཚན་གྱི་རྡོ་རྗེ་རྩེ་དགུ་པ་ལ་སྤྱིར་རྡོ་རྗེ་ནི་གསུམ་སྟེ། རྡོ་རྗེ་སེར་པོ་རྩེ་ལྔ་པ་ནི་དེ་བཞིན་གཤེགས་དཔའ་རྡོ་རྗེའོ། །རྡོ་རྗེ་དམར་པོ་རྩེ་ལྔ་པ་ནི་རྡོ་རྗེ་སེམས་དཔའི་རྡོ་རྗེའོ། །རྡོ་རྗེ་ནག་པོ་རྩེ་དགུ་པ་རྭ་རྣམས་སོ་སོར་གདེངས་པ་ནི་ཁྲོ་བོའི་རྡོ་རྗེ་ཞེས་བྱའོ། །ལྷག་མ་ནི་གོ་སླའོ། །རྟ་མགྲིན་ལ་རྟ་མགོ་ཅན་ནི་མ་ཡིན་ནོ། །ཞེས་ཤཱནྟི་པས་བཤད་དོ། །སྦྲུལ་བརྒྱད་ཀྱིས་བརྒྱན་ཚུལ་ནི་སྐབས་གཞན་དུ་སྦྲུལ་ལམ་ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་ཞེས་འབྱུང་བ་རྣམས་སུའང་ཤེས་པར་བྱའོ། །འདི་ནི་སློབ་དཔོན་ཆེན་པོ་དཔལ་འཛིན་གྱིས་དགྲ་ནག་གི་འགྲེལ་པར་བཤད་ཅིང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་བྱུང་ངོ་། །དེ་ལྟར་ལྷ་རྣམས་བཀོད་ཟིན་ནས་བགེགས་ཀུན་རྣམ་པར་གཞིག་པའི་ཕྱིར། །གནོད་མཛེས་བཀའ་སྩལ་ཕུར་བུས་གདབ། ཅེས་འབྱུང་བ་ལྟར་བྱ་སྟེ། བཀའ་སྩལ་བའི་ཚུལ་ནི་ཐུབ་པ་དཔལ་གྱིས་བཤད་པ་ལྟར་རང་ཉིད་ཞེ་སྡང་རྡོ་རྗེར་ཕྱོགས་པས་འོག་གི་གནོད་མཛེས་ལ་བལྟས་པས། དེས་རང་གི་


JLD008_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཤེས་ཏེ་དེས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ནས་མདུན་དུ་འདུག་སྟེ་བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ནོད་པ་ལ། བཀའ་བསྒོ་བའི་སྔགས་ནི་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཞེས་སོགས་སོ། །འདི་ལྟ་བུའི་སྔགས་ཐམས་ཅད་ཀྱི་སྐབས་སུ་དཔལ་ལྡན་ཟླ་བས་དོན་བཞི་བཞིས་བཤད་དེ། མིང་དང་དོན་དང་བཟླས་པ་དང་སྤེལ་བའོ། །དེ་ལ་མིང་ནི་སྦྲུལ་དང་མགོ་མེད་དང་མཐའ་མེད་དང་བཏུས་པའོ། །དང་པོ་ནི་མགོར་ཨོཾ་དང་མཇུག་ཏུ་སྭཱ་ཧཱ་སྟེ་གཉིས་ཀ་ཡོད་པའོ། །གཉིས་པ་ནི་ཐོག་མར་ཨོཾ་མེད་ལ་མཐར་སྭཱ་ཧཱ་ཡོད་པའོ། །གསུམ་པ་ནི་ཐོག་མར་ཨོཾ་ཡོད་ལ་མཐར་སྭཱ་ཧཱ་མེད་པའོ། །གཉིས་ཀ་མེད་པ་ནི་བཞི་པའོ། །དོན་ནི་ཨོཾ་གྱི་དོན་ནི་སྔར་བཤད་པ་བཞིན་ནོ། །སུཾ་བྷ་ཞེས་པ་ན་ངེས་པར་འདུལ་བ། ནི་སུཾ་བྷ་ཞེས་པ་ནི་མ་ལུས་པ་ངེས་པར་འདུལ་བའོ། །དེ་ནི་གནོད་མཛེས་ཀྱི་ཆེ་བ་བརྗོད་པའི་སྒོ་ནས་བོས་པའོ། །གྲྀཧྞ་གྲྀཧྞ་ཞེས་པ་ནི་ཟུང་ཞིག་ཟུང་ཞིག་ཅེས་པའོ། །གྲྀཧྞ་པ་ཡ་ཞེས་སོགས་ནི་འཛིན་དུ་ཆུ་གཅིག་ཅེས་པའི་དོན་ཏེ་སྔགས་དོན་འདི་ལྟར་ན་གནོད་མཛེས་འཁོར་དང་བཅས་པ་སྤྲོ་བར་གསལ་ལོ། །ཨཱ་ན་ཡ་ནི་ཁུག་ཅིག་ཅེས་པའོ། །ཧོ་བྷ་ག་ཝན་ནི་ཀྱེ་བཅོམ་ལྡན་འདས། །བི་དྱཱ་རཱ་ཛ་ནི་རིག་པའི་རྒྱལ་པོའོ། །བསྡུས་པའི་དོན་ནི་ཤུགས་ཀྱིས་ཤེས་པར་བྱའོ། །སྤྲོ་བའི་ཚེ་གཅིག་པུ་དེ་ཉིད་རིམ་གྱིས་ཕྱོགས་བཅུར་སོང་བའམ་སྤྲུལ་པ་བཅུར་གྱུར་ནས་ཕྱོགས་བཅུར་འགྲོ་བ་གང་ཡིན་གསལ་བར་མ་བཤད་ཀྱང་ཕྱི་མའི་དབང་དུ་བྱའོ། །བགེགས་རྣམས་བཀུག་ཟིན་པའི་ཚེ་ཇི་ལྟར་བྱ་ཞེ་ན་འདི་ལ་ཁ་


JLD008_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ན་རེ་ཁྲོ་བོ་རྣམས་ཀྱི་གདན་བྱེད་པ་ཡིན་ནོ་ཞེའོ། །ཕྱོགས་སྐྱོང་རྣམས་ལ་ཁྲོ་བོའི་གདན་བྱས་པ་སྐབས་འགར་འབྱུང་མོད་ཀྱི། འདིར་ནི་སློབ་དཔོན་དམ་ཚིག་རྡོ་རྗེས་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་དུ་འཇུག་པར་བཤད་པ་ལྟར་བྱ་སྟེ་རྡོ་རྗེ་ཕུར་བུ་གདབ་པ་དང་ཡང་མཐུན་ནོ། །དེ་ནས་ཡང་རང་གིས་བྱང་གི་འདུད་རྩི་འཁྱིལ་པ་ལ་བལྟས་པས་དེས་རང་གི་དགོངས་པ་ཤེས་ཏེ་སྤྲུལ་པ་སྤྲུལ་བ་སོགས་སྒྲུབ་ཐབས་ནས་འབྱུང་བ་བཞིན་ནོ། །སྔགས་ཀྱི་དོན་ནི་གྷ་གྷ་ཞེས་པ་ལ་བར་དུ་ཏ་བཅུག་ན་གསོད་བྱེད་ཅེས་པའོ། །གྷཱཏ་ཡ་སོགས་ནི་ཆོམས་ཤིག་ཆོམས་ཤིག་ཅེས་པའོ། །སུ་ཞིག་ཅེ་ན་སརྦ་དུཥྟན་ཞེས་གསུངས་ཏེ་གདུག་པ་ཅན་ཐམས་ཅད་ཅེས་པའི་དོན་ཏོ། །ཀཱི་ལ་ཡ་སོགས་ནི་ཕུར་བུས་ཐོབ་ཅེས་པའོ། །གང་ལ་ཞེ་ན་སརྦ་པཱ་པཾ་ཞེས་གསུངས་ཏེ་སྡིག་པའི་སེམས་དང་ལྡན་པ་ཐམས་ཅད་པའོ། །ཕཊ་ཕཊ་ཅེས་པ་ནི་དེ་ཉིད་གསལ་བར་བྱེད་པ་སྟེ་གོང་མའང་ངོ་། ཧཱུཾ་གསུམ་ནི་སྐུ་གསུང་ཐུགས་བསྐུལ་བའོ། །བཛྲ་ཀཱི་ལ་ཡ་ནི་རྡོ་རྗེ་ཕུར་བ་བོས་པའོ། །བཛྲ་དྷ་ར་ནི་རྡོ་རྗེ་འཆང་ངོ་། །ཨཱ་ཛྙཱ་པ་ཡ་ནི་བཀའ་བསྒོ་བར་བྱེད་དོ། །པ་ཏི་ནི་བདག་པོའོ། །སརྦ་བིགྷྣཱཾ་ཀཱ་ཡ་ཝཱ་ཀྩི་ཏྟ་བཛྲ་ཀཱི་ལ་ཡ་ཞེས་པ་ནི་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ལ་རྡོ་རྗེ་ཕུར་བུ་ཐོབ་ཅེས་པའི་དོན་ནོ། །འདིར་གནོད་མཛེས་ཀྱི་ཕྱག་ཏུ་རྡོ་རྗེ་ཐོ་བ་བཟུང་བ་ནི་རང་གི་ཕྱག་མཚན་ལ་མེད་པས་གཤིན་རྗེ་གཤེད་ལ་གཡར་བ་ཡིན་ནོ་ཞེས་ཁ་ཅིག་སྨྲ་མོད། དེ་ནི་མི་རིགས་ཏེ་གཤིན་རྗེ་གཤེད་ལའང་ཕྱག་མཚན་ལ་མེད་པས་སོ། །འོ་ན་ལྷ་མཚན་དགོད་པའི་རྡོ་རྗེ་ཐོ་བ་ཡོད་པ་ཅི་ཡིན་ཞེ་ན་


JLD008_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཚན་དགོད་པའི་ཚེ་བྱུང་ཡང་ཕྱག་མཚན་ལ་ཡོད་བའི་ངེས་པ་མེད་དེ། སྤྱན་མ་ལ་ལྷ་མཚན་དགོད་པའི་ཚེ་མིག་བྱུང་ཡང་ཕྱག་མཚན་ལ་མེད་པ་བཞིན་ནོ། །དེས་ན་རྡོ་རྗེ་ལྕགས་ཀྱུ་དེ་ཉིད་རྡོ་རྗེ་ཐོ་བར་གྱུར་པ་ཡིན་ནོ། །རྡོ་རྗེ་ཕུར་བུ་ཡང་རྫས་ཀྱི་རྡོ་རྗེ་མ་ཡིན་གྱི་ལྷ་ཉིད་དུ་བཀོད་ནས་བཤད་པ་ལྟར་རོ། །གྷ་གྷ་ཞེས་སོགས་ཀྱི་སྔགས་མདོ་བསྲེར་ཞེ་སྡང་རྡོ་རྗེས་གནོད་མཛེས་ལ་བཀའ་བསྒོ་བའི་སྔགས་སུ་གསུངས་པ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་གནོད་མཛེས་ལངས་ནས་སྔགས་དེ་བརྗོད་ཅིང་ཕུར་བུ་བརྡུང་བར་བསམ་པར་བྱ་ཞེས་པ་གཉིས་མི་འགལ་ལམ་ཞེ་ན། མི་འགལ་ཏེ་སྔགས་དོན་ལ་བསམས་ན་གནོད་མཛེས་ཀྱི་རྡོ་རྗེ་ཕུར་བུ་ལ་རྡོ་རྗེ་འཆང་གི་བཀའ་ཉོན་ཅིག་ཅེས་བསྐུལ་བར་གསལ་ལ། དེས་ན་མདོ་བསྲེའི་དོན་ནི་རང་ཡིད་ཀྱི་གནོད་མཛེས་ལ་རྡོ་རྗེ་ཕུར་བུ་བསྐུལ་བའི་བཀའ་བསྒོ་ཞེས་པའི་དོན་ཡིན་གྱི་རང་གིས་གནོད་མཛེས་ལ་བཀའ་བསྒོ་བའི་སྔགས་སུ་བཤད་པ་མིན་ནོ། །ཡང་འདིར་ཕྱོགས་སྐྱོང་རྣམས་བགེགས་ཀྱི་གཙོ་བོར་བྱས་ནས་ཕུར་བུ་འདེབས་པར་བཤད་པ་དང༌། དེ་དག་ལ་གཏོར་མ་ཕུལ་ནས་བགེགས་ཀྱི་བར་ཆད་ཞི་བའི་འཕྲིན་ལས་འཆོལ་བ་དང་མདོ་སྔགས་རྣམས་ལས་ཀྱང་བསྟན་སྲུང་གི་གཙོ་བོར་བཤད་པ་གཉིས་ཀྱང་མི་འགལ་ལམ་ཞེ་ན། འདིའི་ལན་གསལ་བར་མ་བཤད་མོད། འོན་ཀྱང་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་བྱ་བ་ལ་བྱས་ཀྱང་མ་གྲུབ་ན་ལྷའི་གཙོ་བོ་ལ་གནད་འབེབས་བྱས་ན་འཁོར་རྣམས་ཀྱིས་ཀྱང་དངོས་


JLD008_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ་བར་བཤད་པ་ལྟར་ཡིན་ནམ་བསམ་གསུང་། ཕྱོགས་སྐྱོང་རྣམས་འགུགས་པའི་ཚེ་སྐུ་མདོག་ཕྱག་མཚན་འདི་ལྟ་བུ་ཞེས་བཤད་ན་དམིགས་པ་གསལ་བར་ཡོད་བས་ན་འོག་ནས་གཏོར་མགྲོན་སྤྱན་འདྲེན་པ་ལས་འབྱུག་བ་ལྟར་བྱ་སྟེ། འདིར་ཐུབ་པ་དཔལ་གྱིས་འགའ་ཞིག་གནས་ཆེན་པོར་མི་མངོན་ནོ། །ཕུར་བུ་ལ་རྫས་ཀྱི་དང་བསམ་གཏན་གྱི་ཕུར་བུའོ། །དང་པོ་ནི་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པའི་ཚེ་ངེས་པར་བྱ་ལ། འོན་ཀྱང་དམིགས་པ་བརྟན་པོ་ཡོད་ན་ཕྱི་མའང་རུང་ངོ་། །སྲུང་འཁོར་བསྒོམ་པ་ལྟ་བུའི་སྐབས་སུ་ནི་ཕྱི་མ་བྱའོ། །ཕུར་བུའི་སྤྱི་བོ་ནས་བརྡུང་ཞེས་པའང་རྡོ་རྗེ་ཕུར་བུ་བསྐུལ་བར་མཚོན་པ་ཙམ་ཡིན་གྱི་གནོད་པའི་ཕྱིར་ནི་མ་ཡིན་ནོ། །འདི་ལྟ་བུ་ལ་སོགས་པ་རྩུབ་པའི་སེམས་ཀྱིས་བྱ་དགོས་པ་རྣམས་རྒྱུའི་ཀུན་སློང་གི་དུས་སུ་སེམས་བཟང་བར་བསྐྱེད་ལ་དུས་ཀྱི་ཀུན་སློང་གི་སྐབས་སུ་ནི་རྩུབ་པའི་སེམས་མ་བསྐྱེད་ན་མི་འགྲུབ་པའང་ཡིད་དེ་དྲག་པོའི་ལས་བཞིན་ནོ། །དེས་ན་གནོད་སེམས་ལའང་གནང་བཀག་གི་དམིགས་བསལ་རྣམས་ཤེས་པར་བྱའོ། །འོ་ན་བཟློག་པ་བྱེད་པའི་ཚེ་ཇི་ལྟར་བྱ་ཞེ་ན། འདི་ལ་སྔ་མ་འགའ་ཞིག་ལྷ་རྣམས་ཞལ་ཕྱིར་བལྟ་བ་དང་འཁོར་ལོ་གཡོན་དུ་འཁོར་བ་རྣམས་བྱའོ་གསུང་ངོ་། །འོན་ཀྱང་སྔ་མ་ནི་གསལ་བར་མ་བཤད་པས་ལྷ་རྣམས་ཞལ་ནང་དུ་ལྟ་བ་དང་འཁོར་ལོ་གཡོན་དུ་འཁོར་བར་བྱའོ། །གཞན་གྱི་དོན་དུ་སྲུང་བ་བྱེད་ན་ཇི་ལྟར་ཞེ་ན། འདི་ལ་སྔ་མ་རྣམས་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་དང་དེའི་མདུན་ལ་སོགས་པར་འགོད་ཅེའོ། །འདི་ནི་རྒྱུད་ཉིད་ལས། ལས་སྒྲུབ་པའི་སྐབས་


JLD008_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕྱག་མཚན་གྱི་བར་དུ་བསྒྲུབ་བྱ་འགོད་པར་གསུངས་པ་དང་མཐུན་པས་དེ་ལྟར་བྱེད་ན་དམ་ཚིག་པ་བསྐྱེད་ནས་ཡེ་ཤེས་པ་དགུག་གཞུག་བྱེད་པ་ལྟར་བྱའོ། །ཡང་ན་ཨ་བྷ་ཡཱས་གཞན་གྱི་དོན་དུ་སྲུང་བ་བྱེད་ན་འཁོར་ལོའི་རྩིབས་བཅུ་ལ་ཁྲོ་བོ་རྣམས་བཀོད་ནས་གཙོ་བོའི་གནས་སུ་བསྒྲུབ་བྱ་འགོད་པར་གསུངས་པ་ལྟར་བྱར་ཡང་རུང་ངོ་། །འདིར་སྒྲུབ་ཐབས་སུ་ལོ་ཆེན་རིན་བཟང་གི་འགྱུར་འགའ་ཞིག་ལས་རྡོ་རྗེ་མེ་ནི་སྔགས་བཅས་པས་ཞེས་འདོན་ལ་དེའི་དོན་ལ་སྔ་མ་འགའ་ཞིག་རྡོ་རྗེ་མེ་ནི་ལྷ་ཡིན་ལ། དེའི་སྔགས་ནི་ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱ་རྐ་ཧཱུཾ་ཞེས་པ་སྟེ་དེ་ཉིད་འདོན་ཞེས་པའི་དོན་དུ་འཆད་དོ། །འོན་ཀྱང་ཕྱིས་ཀྱི་འགྱུར་གསར་རྣམས་ལ་སྔགས་དེ་མི་འབྱུང་ཞིང༌། དེར་མ་ཟད་འགྲེལ་པ་རྣམས་ཀྱིས་ཀྱང་སྔགས་དེ་མེད་པའི་དབང་དུ་བྱས་ནས་བཤད་ལ། གལ་ཏེ་སྔགས་བི་བྷཱུཾ་ཏི་ནྡྲས་གསུངས་པ་ལྟར་མངོན་བརྗོད་བླ་མ་ནས་གསུངས་པའི་ཁྲོ་བོ་བཅུའི་སྔགས་དམིགས་པ་གསལ་བཏབ་པའི་རྗེས་སུ་གདོན་པར་བྱའོ། །དེ་ལྟར་སྔར་ཡོད་ཀྱི་བགེགས་ཚར་བཅད་ནས་སླར་མི་འཇུག་པར་བྱ་བའི་ཕྱིར་ར་བ་ལ་སོགས་པའི་བསྲུང་བ་བྱ་སྟེ། དེ་ཡང་མདོ་བསྲེ་ལས་འདོད་རྒྱལ་གྱི་སྔགས་ཀྱིས་རྡོ་རྗེའི་ར་བ་བྱ་བར་བཤད་པས་སྔ་མ་འགའ་ཞིག། །ན་མསྶ་མནྟ་ཀཱ་ཡ་ཝཱཀྩི་ཏྟ་བཛྲ་ནཱཾ་ཞེས་པ་དང་། ཊཱ་ཀྐི་ཧཱུཾ་ཛཿ་ཞེས་པའི་མཚན་སྔགས་སྦྱར་བ་འདོད་རྒྱལ་གྱི་སྔགས་ཀྱིས་ཞེས་པའི་སྔགས་སུ་བཞེད་མོད། འོན་ཀྱང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སུ་ཊཱཀྐི་ཧཱུཾ་ཛཿཞེས་བྱ་བ་སྔགས་ཀྱི་ཞེས་མཚན་སྔགས་འབའ་ཞིག་འདོན་པས་དེ་ལྟར་བྱའོ། །


JLD008_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ར་བའི་དབྱིབས་ནི་གྲུ་བཞི་པར་བྱ་ཞེས་ཐུབ་པ་དཔལ་གྱིས་བཤད་དོ། །མཐོ་དམན་ནི་འོག་གསེར་གྱིས་གཞི་ལ་ཐུག་པ་དང༌། སྟེང་ཚངས་པའི་འཇིག་རྟེན་ལ་ཐུག་པར་བྱ་ཞེས་གཞུང་གཞན་ནས་སྟེན་ནོ། །ཆུ་མེ་རླུང་གི་ར་བ་གསུམ་བྱེད་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་གསུངས་ཏེ་དབྱིབས་དང་མཐོ་དམན་ར་བ་བཞིན་བྱའོ། རྒྱ་ཁྱོན་ནི་རང་ཇི་ལྟར་འདོད་པ་བཞིན་བཀོད་དོ། །འགྱུར་རྙིང་འགའ་ཞིག་ལས་ཧཱུཾ་མཛད་ཀྱི་སྔགས་ལས་རྡོ་རྗེའི་གུར་བསྐྱེད་པར་བྱ་ཞེས་འདོན་ཀྱང་ཕྱིས་ཀྱིས་འགྱུར་གསར་ལས་ཧཱུཾ་ལས་སྐྱེས་པར་གསུངས་པ་ལྟར་ལེགས་པས་དེ་བཞིན་བྱའོ། །དེས་ན་འགའ་ཞིག་གིས་བྷྲུཾ་ལས་བསྐྱེད་པའང་འདི་དང་འགལ་ལོ། །དེ་ལྟ་བུའི་སྲུང་འཁོར་དེ་ནི་ཐུན་བཞིར་མ་ཆག་པར་ངེས་པར་བྱ་ཞེས་གསུངས་སོ། །སྒྲུབ་ཐབས་དངོས་གཞི་ལ་གཉིས་ལས་གང་དུ་འཚང་རྒྱ་བའི་གནས་སྒྲུབ་པ་རྟེན་གྱི་རྣལ་འབྱོར་ནི་ཡེ་ཤེས་ཀྱི་སྟོང་ཉིད་བསྒོམ་པ་ལ་སོགས་པ་སྟེ། འདིར་དང་པོར་སྟོང་ཉིད་བསྒོམ་པ་གང་ལས་བསྟན་ཅེ་ན། རྩ་བའི་རྒྱུད་ལས། དངོས་པོ་མེད་པས་སྒོམ་པ་མེད། །ཅེས་བྱ་བ་ལ་སོགས་པས་བསྟེན་ཅིང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་མདོར་བྱས་ལ་སོགས་པ་ལས། དམ་པའི་དོན་དུ་དངོས་པོ་རྣམས། །སྲིད་གསུམ་དངོས་པོ་མེད་པར་བསྒོམ། །ཞེས་པ་ནས། ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་ས་གཞི་བྱིན་གྱིས་བརླབ། ཅེས་པ་ལ་སོགས་པས་བསྟན་ཅིང་། རྒྱུད་གཞན་འགའ་ཞིག་ཏུའང་བཤད་དོ། །གཞན་དུ་སྭ་བྷཱ་བ་ལ་སོགས་པའི་སྔགས་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་སེམས་པ་དང་འདྲ་བར་འདིར། དངོས་པོ་མེད་པས་སྒོམ་པ་མེད། །ཅེས་


JLD008_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིགས་སུ་བཅད་པ་ངག་ཏུ་བརྗོད་ཅིང་དོན་ཡིད་ལ་བསམ་པར་བྱའོ། །དོན་ནི་སྒྲོན་གསལ་ལས། ཡིག་དོན་དང་སྤྱི་དོན་སྦས་དོན་མཐར་ཐུག་པའི་དོན་ཏེ་ཚུལ་བཞིར་བཤད་པའི་སྔ་མ་གཉིས་འདིར་སྐབས་སུ་བབ་པས་དེ་གཉིས་བཤད་ན་ཡིག་དོན་ནི་བསྒོམ་པ་ལ་སོགས་པའི་འཁོར་གསུམ་མི་དམིགས་པ་དང༌། སྤྱི་དོན་ནི་སྟོང་ཉིད་དང་མཚན་མེད་དང་སྨོན་མེད་ལ་བཤད་པ་ལྟར་བསྒོམ་མོ། །སྐབས་འདིར་བསྒོམས་པའི་དགོས་པ་ནི་རྣམ་པ་བཞི་སྟེ། དང་པོ་ནི་འབྲས་བུའི་དུས་སུ་ཆོས་སྐུ་གྲུབ་ནས་གཟུགས་ཀྱི་སྐུ་འབྱུང་བས་ལམ་དུས་སུའང་དེ་བཞིན་དུ་བསྒོམ་པར་བྱ་བའི་ཕྱིར་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལས་འབྲས་བུ་རྡོ་རྗེ་འཆང་འབྱུང་བ་ལྟར་འདིར་ཡང་སྔོན་དུ་ཚོགས་གཉིས་བསགས་ནས་ལྷའི་སྐུར་ལྡང་བ་དང་ཐ་མལ་གྱི་སྣང་བ་མ་བསལ་བར་དག་པའི་སྣང་བ་འཆར་མི་ནུས་པས་དེའི་ཕྱིར་དང༌། འདིར་སྟོང་ཉིད་བསྒོམས་པའི་མཐུས་འོག་ནས་རྣལ་འབྱོར་བསྒོམ་པ་ཐམས་ཅད་ཀྱང་མཚན་འཛིན་གྱིས་མ་བཅིངས་པར་སྒྱུ་མ་ལྟ་བུའི་ངང་ནས་བྱེད་པར་འགྱུར་བའོ། །དཀྱིལ་འཁོར་ལ་རྡོ་རྗེ་ར་བ་དང་མེ་རི་འབྲི་བྱ་ལའང་འབྱུང་ལ་གུར་སོགས་ནི་འབྲི་བར་མ་བདེ་བས་མ་བྲིས་མོད། བསྒོམ་བྱ་ལ་ངེས་པར་དགོས་པས་དེ་དག་ཀྱང་བསྐྱེད་པར་བྱའོ། །ཆོས་འབྱུང་སྐྱེད་མི་སྐྱེད་ལུགས་གཉིས་ལས་འདིར་སྔ་མ་དང༌། དེའང་ཨེ་ལས་སྐྱེད་པ་དང་རྡོ་རྗེ་འཆང་ལས་སྐྱེད་པ་དང་དཀྲོངས་བསྐྱེད་བྱེད་པ་གསུམ་ལས་འདིར་ནི་ཕྱི་མའོ། །འདི་ལ་ཁ་ཅིག་དེང་དུ་བཅུག་པ་ལྟ་བུར་བྱེད་ཀྱང་དེ་ནི་མ་ཡིན་ཏེ།


JLD008_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོ་དཔལ་འཛིན་དང་ལུ་ཨཱི་པ་ལ་སོགས་པས་གྱེན་དུ་འགྲེང་བར་གསུངས་པས་དེ་བཞིན་བྱའོ། །ཤཱནྟི་པས་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པས་ནི་ཡོན་ཏན་གོང་ནས་གོང་དུ་རྒྱ་ཆེ་བར་འགྱུར་བ་མཚོན་པར་བཤད་དོ། །ཁ་དོག་ལ་སྔ་མ་འགའ་ཞིག་ཕྱི་དཀར་ལ་ནང་དམར་བ་ཞེས་བཞེད་དེ། པདྨའི་གཞི་ཆོས་འབྱུང་གི་སར་ཚོན་དམར་སྐྱ་དགྱེ་ཞེས་པ་ལ་བསམ་སོ། འོན་ཀྱང་ཕལ་ཆེར་དཀར་པོ་ཞེས་བཤད་པས་དེ་བཞིན་དུ་བྱའོ། །འདིར་ཨ་བྷ་ཡཱས་ནམ་མཁའི་དབྱིངས་ཀྱི་ཞེས་པས་ཆོས་འབྱུང་དང་དབུས་ཞེས་པས་པདྨ་བསྟན་པར་བཤད་དོ། །ཁ་ཅིག་ནི་ཡེ་ཤེས་ཀྱི་ས་དེ་ཉིད་ཆོས་འབྱུང་དུ་བྱེད་པ་ཡིན་ཞེའོ། པདྨའི་ལྟེ་བར་དཀྱིལ་འཁོར་བཞི་རིམ་གྱིས་བསྐྱེད་པར་བྱ་སྟེ། ས་བོན་ཡང་སྔོ་སྐྱ་ལས་ཏེ་དེས་མཚོན་ནས་ཧཱུཾ་གཉིས་ཀྱི་ཁ་དོག་ཀྱང་ངོ་། །འབྱུང་བ་ནི་རླུང་གི་དཀྱིལ་འཁོར། ཁ་དོག་ནི་ས་བོན་བཞིན་ནོ། །དབྱིབས་ནི་གཞུ་ལྟ་བུའོ། །མཚན་མ་ནི་རྡོ་རྗེ་འབར་བ་སྔོན་པོས་མཚན་པའོ། །དེས་གཞན་ལའང་འགྲེའོ། །བཞི་པོ་འདྲེས་ཚུལ་ནི་ཐམས་ཅད་བམ་པོ་གཅིག་ཏུ་གྱུར་པའོ། །དེ་ལས་སྣ་ཚོགས་རྡོ་རྗེར་གྱུར་པའི་རྭ་ལ་རྟེན་འབྲེལ་གྱི་ཡན་ལག་བཅུ་གཉིས་རྣམ་པར་དག་པའི་དབང་དུ་བྱས་ནས་བཅུ་གཉིས་སུ་བྱེད་དེ། དེ་ལྟར་ན་ཤར་དུ་རྭ་གསུམ་སྟེ་དཀར་པོའོ། །དེ་བཞིན་དུ་གཞན་ལའང་རིགས་འགྲེ་སྦྱར་རོ། །འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་འཇོམས་པའི་དབང་དུ་བྱས་ནས་ཉི་ཤུར་བྱེད་དེ་དེ་ལྟར་ན་ཕྱོགས་བཞིར་རྭ་ལྔ་ལྔའོ། ཁ་དོག་སྔ་མ་ལྟར་ཕྱོགས་འབྱམས་དང་། ཡང་ཤར་རྭ་ལྔ་པོ་ཉིད་ལའང་ཤར་གྱི་རྭ་དཀར་ལྷོའི་རྭ་


JLD008_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་སོགས་དང་། དེ་བཞིན་དུ་ཕྱོགས་གཞན་གསུམ་ལའང་སྦྱར་བ་སྟེ་དེ་ལྟར་ལུགས་གཉིས་ལས་གང་ཡང་རུང་ངོ་། །བྷཱུཾ་གྱི་ཁ་དོག་དཀར་པོར་ཐུབ་པ་དཔལ་གྱིས་བཤད་པ་རྣམ་སྣང་གི་དང་མཐུན་པའོ། །སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བའི་དོན་ནི་འོད་ཟེར་གྱི་སྣེ་ལ་སངས་རྒྱས་ཡོད་པའོ། །འདི་ནི་སྒྲོན་གསལ་ལས་བཤད་དོ། །རྩིག་པ་ལྔ་ལ་ཨ་བྷྱ་ཡཱས་སྟེང་ནས་སྟེང་དུ་བརྩིགས་པའམ། ཡང་ན་ལྔ་སྦྲག་ཡོད་པ་ཞེས་པའི་ཕྱི་མ་བདེའོ། །འདོད་ཡོན་གྱི་སྣམ་བུ་ལ་མིང་སྟེགས་བུ་དང་ཁ་ཁྱེར་དང་གཟུངས་སྣམ་སོགས་དང་ཁ་དོག་དཀར་དམར་སོགས་སུ་བཤད་དོ། །ལྷ་མོ་རྣམས་བཞུགས་སྟབས་དང་ཁ་དོག་མ་ངེས་པ་ནི་ཀུན་སྙིང་གིས་སོ། །དཀྱིལ་འཁོར་གྱི་ཕྱིའི་དབྱིབས་ནི་འདི་པ་དང་ཡེ་ཤེས་ཞབས་ལུགས་གཉིས་འདྲ་ལ་ནང་གི་འོད་འཕྲེང་འདི་ལུགས་ཕྱི་མ་ལ་མེད་དོ། །འོད་ཕྲེང་བསྐོར་མཚམས་ལ་ཀླུ་བྱང་གི་དཀྱིལ་ཆོག་ལས་ནང་ནས་བརྩམས་པའི་ཆ་ཕྲན་བདུན་ནས་དང༌། བརྒྱད་པ་ནས་བསྐོར་བའི་འགྱུར་གཉིས་འབྱུང་ཡང་ཕྱི་མ་ལྟར་བྱའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པདྨའི་གདན་སུམ་ཅུ་རྩ་གཅིག་སྟེ་ལྷ་སོ་གཉིས་ཡོད་ཀྱང་ཡབ་ཡུམ་གཉིས་ཀྱི་གདན་གཅིག་པས་སོ། །མདོར་བྱས་ལས། ཤར་ཕྱོགས་པ་ལ་མི་གསལ་ཅིང་ཕྱོགས་གཞན་གསུམ་པོའི་ལྷ་རྣམས་ལ་རིན་པོ་ཆེ་ལ་སོགས་པའི་ཕྱག་མཚན་གདན་དུ་འདིངས་པར་བཤད་པའི་རིགས་པ་སྦྱར་ན་ཤར་ཕྱོགས་པ་རྣམས་ལ་འཁོར་ལོ་གདན་དུ་འདིང་བར་སྣང་ཡང༌། མདོ་བསྲེ་ལས་ཀྱང་


JLD008_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་ལ་སོགས་པ་ཞེས་བཤད་པ་དང༌། རྒྱུད་ཉིད་ལས་ཀྱང༌། གསལ་བ་ལ་སོགས་དཀྱིལ་འཁོར་ལྡན། །ཞེས་འབྱུང་ཞིང༌། དེའི་འགྲེལ་པར་གསལ་བ་ནི་ཟླ་བ་ལ་བཤད་པས་ཤར་ཕྱོགས་པ་རྣམས་གདན་ཟླ་བ་འགོད་པར་གསལ་ལོ། །དེ་ལྟར་སྣོད་ཀྱི་གཞལ་ཡས་ཁང་གསལ་བཏབ་ནས་བཅུད་ཀྱི་ལྷ་བསྐྱེད་པ་ནི་ལྷག་མོས་ཀྱི་ལྷ་བསྒོམ་པ་ལ་སོགས་པའོ། །དེ་ལྟ་བུའི་བསྐྱེད་རིམ་བསྒོམས་པས་སྤང་བྱ་གང་ཞིག་སྤོང་ཞེ་ན། ཐ་མལ་དུ་སྣང་བ་དང་ཞེན་པ་གཉིས་དེ་རེ་རེ་ལའང་ལུས་དང་ལོངས་སྤྱོད་དང་གནས་ཐ་མལ་དུ་སྣང་བ་དང་ཞེན་པ་སྟེ་གསུམ་གསུམ་མོ། །དེའང་དབང་ཤེས་ལྔའི་ངོར་དེ་ལྟར་སྣང་བ་ནི་བསྐྱེད་རིམ་གྱིས་འགོག་མི་ནུས་པའི་ཕྱིར་སྤང་བྱ་མ་ཡིན་པས་ཡིད་ཤེས་ཀྱི་ངོར་དེ་ལྟར་སྣང་ཞིང་ཞེན་པའོ། །དེ་སྤོང་བའི་གཉེན་པོ་ནི་སྣོད་གཞལ་ཡས་ཁང་དུ་བསྒོམ་ཞིང་བཅུད་ལྷར་བསྒོམ་པ་ལ་སོགས་པའོ། །དེས་དེ་སྤོང་པའི་ཚུལ་ནི་འཇིག་རྟེན་པའི་ལམ་གྱི་ས་བོན་ཉམས་པར་བྱེད་པ་ལྟ་བུའམ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ས་བོན་དྲུངས་འབྱིན་པ་ལྟ་བུའོ། །འོ་ན་ཇི་ལྟར་ཞེ་ན་ཇི་སྲིད་བསྐྱེད་རིམ་གྱི་ངང་ལ་གནས་པ་དེ་སྲིད་དུ་ཡིད་ཤེས་ཀྱི་ངོར་ཐ་མལ་གྱི་སྣང་ཞེན་འགགས་པ་ཙམ་མོ། །དེ་ལའང་ཐ་མལ་དུ་ཞེན་པ་ནི་སྤང་བྱའི་གཙོ་བོ་ཡིན་པས་གཉེན་པོའང་ང་རྒྱལ་གཙོ་བོ་ཡིན་པས་སྐུ་མདོག་ཕྱག་མཚན་སོགས་གསལ་འདེབས་པའང་ང་རྒྱལ་བསྐྱེད་པའི་རྒྱུ་མཚན་དུ་ཤེས་པར་བྱའོ། །དེས་ན་བསྐྱེད་རིམ་བསྒོམ་པའི་ཚེ་ལྷ་ལ་སོགས་པའི་རྣམ་པ་གསལ་བར་ཤར་བ་དང༌། དེ་དང་དེའི་ང་རྒྱལ་བརྟན་པོ་ཡོད་མེད་མུ་བཞིར་འགྱུར་


JLD008_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་གཉིས་ཀ་ཡོད་པ་ནི་མཆོག་ཡིན་ལ། ང་རྒྱལ་བརྟན་པོ་ཡོད་ལ་སྔ་མ་མེད་པ་ནི་དེའི་འོག་མ་ཡིན། དེ་ལ་བགེགས་ལ་སོགས་པས་མི་ཚུགས་ཤིང་ལྷའི་བྱིན་རླབས་མྱུར་དུ་འཇུག་པ་ཡིན་གསུང་། འོག་མ་གཉིས་ནི་གོ་སླའོ། །གཉིས་པ་ཇི་ལྟར་འཚང་རྒྱ་བའི་རིམ་པ་མཛད་པ་དང་བཅས་པ་བསྒོམ་པ་བརྟེན་པའི་རྣལ་འབྱོར་ནི་ལྷག་མོས་ཀྱི་ལྷ་བསྐྱེད་པ་ལ་སོགས་པའོ། །དེ་ལ་ཆོས་སྐུའི་ངོ་བོར་འཚང་རྒྱ་བ་སོགས་རིམ་པ་གསུམ་ལས་དང་པོ་ལ་ཆོས་སྐུ་མངོན་དུ་བྱེད་པའི་རྟེན་བསྐྱེད་པའི་ཕྱིར་ཐོག་མར་ལྷག་མོས་ཀྱི་དཀྱིལ་འཁོར་བསྒོམ་པ་ཡིན་ནོ། །འདིར་གཙོ་བོ་གང་བསྐྱེད་ཅེ་ན། མདོར་བྱས་ལས། རྡོ་རྗེ་སེམས་དཔའ་དང་ལྡན་གནས། །ཞེས་གསུངས་པས་རྡོ་རྗེ་འཆང་ངོ་། །འོ་ན་རྣམ་གཞག་རིམ་པ་ལས་མི་བསྐྱོད་པ་ལ་སོགས་པའི་ལྷའི་འཁོར་ལོ་ཐམས་ཅད་ལྷག་པར་མོས་པས་དགོད་པར་བྱའོ། །ཞེས་གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ནི་སྐབས་གཞན་དུ་གསུངས་པ་ལྟར་སྒྲ་བཤད་པའི་མི་བསྐྱོད་པའི་དབང་དུ་བྱས་ཏེ་སློབ་དཔོན་གྱི་གཞུང་གཞན་དུའང་རྡོ་རྗེ་འཆང་ལ་གསལ་བར་གསུངས་པས་སོ། །ལྷའི་ཕྱག་མཚན་དྲུག་ལ་འཁོར་ལོ་ནི་རྣམ་སྣང་གི་མཚན་མ་སྟེ་ཁ་དོག་ནི་དཀར་པོའོ། །རྩིབས་ནི་བཅུ་གཉིས་པའམ་བརྒྱད་པ་གང་རུང་ངོ་། །རྡོ་རྗེ་ནི་མི་བསྐྱོད་པའི་སྟེ་ཁ་དོག་ནི་སྔོན་པོའོ། ། རྭའི་གྲངས་གཞན་དུ་མ་བཤད་ཀྱང་དག་པ་སྦྱོར་བའི་ཚེ་རྭ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཞེས་བཤད་པས་ན་ལྔའོ། །པདྨ་ནི་འོད་དཔག་མེད་


JLD008_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཚན་མ་སྟེ་དམར་པོའོ། ། དྲིལབུ next hit་ནི་དྲུག་པ་རྡོ་རྗེ་འཆང་གི་སྟེ་ཇི་ལྟར་ཤེས་ཤེ་ན། དྲིལ་བུའི་དབང་ལ་མིང་གཉིས་པ་བདག་པོའི་དབང་ཞེས་ཀྱང་འབྱུང་ལ་previous hit དྲིལབུ next hit་དཀྲོལ་པའི་ཚེ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུའི་སྒྲ་སྒྲོག་པར་སེམས་པ་ཡིན་ཞིང་དེ་སྟོན་པའི་བདག་པོ་རྡོ་རྗེ་འཆང་ཡིན་པས་དེས་ན་previous hit དྲིལབུ next hit་ནི་རྡོ་རྗེ་འཆང་གི་མཚན་མར་བྱས་སོ། །རིན་ཆེན་ནི་རིན་འབྱུང་གི་མཚན་མ་སྟེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གྱི་རྒྱལ་པོའོ། །དེའི་ཁ་དོག་ནི་འདིར་སེར་པོ་ལ་བཤད་དོ། །རལ་གྲི་ནི་དོན་ཡོད་གྲུབ་པའི་འོ། །དབུ་རྒྱན་ལ་ནི་མིང་གཞན་པྲོག་ཞུ་དང་རྩེ་བྲན་ཞེས་ཀྱང་འབྱུང་ངོ་། །འོད་ཀྱི་དཀྱིལ་འཁོར་ནི་སྐབས་གཞན་དུ་མེ་རི་ལ་བཤད་པ་ཡོད་མོད་ཀྱང་འདིར་ནི་རང་གི་ཁ་དོག་དང་མཐུན་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བའོ། །རྣམ་སྣང་སོགས་བཞི་ལ་མི་བསྐྱོད་པས་དབུ་བརྒྱན་པ་དང༌། རྡོ་རྗེ་འཆང་གིས་བརྒྱན་པ་གཉིས་ལེའུ་བཅོ་ལྔ་པ་དང་བཅུ་གཉིས་པ་ནས་རིམ་པ་བཞིན་བཤད་ཀྱང་མདོར་བྱས་སུ་མི་བསྐྱོད་པས་བརྒྱན་པར་བཤད་པ་ལྟར་འདིར་ཡང་བཤད་དོ། །ཕྱག་མཚན་ལ་ཨ་བྷ་ཡཱས་གཡས་པ་མས་འགྱེད་དང་གཡོན་པ་ཡས་འགྱེད་བྱེད་པ་ཡིན་ཞེས་བཤད་ཀྱང་འདིར་ནི་གཉིས་ཀ་ཡས་འགྱེད་དུ་སྔ་མ་རྣམས་བཞེད་པ་ལྟར་བྱའོ། །དང་པོ་གཉིས་ཐུགས་ཀ་དང་ལྷག་མ་རྣམས་གདེངས་པའི་ཚུལ་དུ་བྱའོ། །ཞལ་ལ་ཡེ་ཤེས་ཞབས་ལུགས་རྣམས་ལས་དམར་པོ་གཡས་སུ་མི་ཡོང་ཞིང་ནག་པོ་གཡོན་དུ་འབྱུང་མི་སྲིད་ཅེས་འབྱུང་བ་ལྟར་སྐབས་འདིར་དེ་ལྟར་བྱའོ། །ལྷག་མོས་ཀྱི་མཛད་པ་ནི་སྒྲོན་གསལ་ལས་དཀྱིལ་


JLD008_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་དེ་དག་གིས་ཅི་ཞིག་མཛད་ཅེ་ན་སྤྱིར་བཤད་པས། གཙོ་བོའི་ཐུགས་ཀ་དང་གཞན་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་བཀུག་ནས་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་གཞུག་པ་སོགས་བྱའོ། །དེ་ལ་འཇུག་ཚུལ་བཞི་སྟེ་སློབ་མའི་འཇུག་པ་དང་ཡེ་ཤེས་ཀྱི་འཇུག་པ་དང་རྡོ་རྗེ་སེམས་དཔའི་དང་རྡོ་རྗེ་ཤུགས་ཀྱིའོ་འདིར་ནི་གསུམ་པའོ། །རང་རང་གི་ཞིང་དུ་གཤོགས་པ་ནི་ཡེ་ཤེས་ཞབས་ལུགས་ནས་འབྱུང་བ་ལྟར་རོ། །ཁྲོ་བོ་རྣམས་ལ་མི་སྡུག་པའི་ཁྲོ་བོ་དང་སྒེག་པའི་ཁྲོ་བོ་གཉིས་སུ་ཡེ་ཤེས་ཞབས་ལུགས་པས་བྱེད་ཀྱང་འདིར་ནི་སྔ་མ་འབའ་ཞིག་གོ། ལྷག་མོས་ལུས་ལ་ཉེར་བསྡུ་བྱེད་པའི་ཚེ་ལུས་དཀྱིལ་གྱི་སྐབས་ནས་འབྱུང་བ་ལྟར་བཀོད་པར་བྱ་སྟེ་མི་བསྐྱོད་པ་དང་རེག་བྱ་རྡོ་རྗེ་མ་ནི་མི་འགོད་དོ། །འདིར་མདོར་བྱས་ལས་ཁ་སྦྱོར་གྱི་སྦྱོར་བས་ལྷ་རྣམས་རང་གི་ལུས་ལ་གཞུག་ཅེས་བཤད་པའི་ཁ་སྦྱོར་གྱི་སྦྱོར་བ་ལ་འགྲེལ་པ་རིན་ཆེན་ཕྲེང་བར་དོན་བཞིར་བཤད། ནག་པོ་དམ་ཚིག་རྡོ་རྗེ་ཡབ་ཡུམ་སྙོམས་པར་འཇུག་པ་ལ་བཤད་ཀྱང་འདིར་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་དབྱེར་མེད་དུ་མོས་པ་ཉིད་ལ་བྱའོ། །དེ་ལྟར་ལྷག་མོས་ཀྱི་ལྷ་བསྐྱེད་པ་ནི་ཆོས་སྐུ་མངོན་དུ་བྱེད་པའི་རྟེན་བསྐྱེད་པའི་ཕྱིར་ཡིན་ནོ། །དེ་ཡང་ཐ་མལ་པ་ལ་ཕུང་སོགས་ཐ་མལ་པ་འོད་གསལ་དུ་ཐིམ་པ་དང་རྣལ་འབྱོར་པ་ལ་རིགས་ལྔའི་ངོ་བོའི་ཕུང་སོགས་འོད་གསལ་དུ་ཐིམ་པ་གཉིས་


JLD008_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདིར་ཕྱི་མའོ། །ཐིམ་པའི་གོ་རིམ་ནི་གཟུགས་ཕུང་སོགས་རགས་རིམ་ནས་ཏེ་འཇམ་དཔལ་འཇུག་ཏུ་ཐིམ་པ་ནི་ཡིད་དབང་གཞན་རྣམས་ཀྱི་འཇུག་ཏུ་འོད་གསལ་དུ་འཇུག་པས་སོ། འདིར་རྣམ་ཤེས་མི་བསྐྱོད་པ་ལ་བྱས་ནས་ལྷག་མོས་ཀྱི་གཙོ་བོ་མི་བསྐྱོད་པ་ཡིན་ཏེ་རྣམ་གཞག་ཏུའང་གཙོ་བོ་མི་བསྐྱོད་པ་ལ་བཤད་པས་སོ་ཞེས་སྨྲ་མོད་ཀྱང་མི་རིགས་ཏེ་འོག་ནས་འབྱུང་བའི་ཤཱ་ནྱ་ཏཱའི་སྔགས་དོན་དང་འགལ་བས་སོ། །རྣམ་གཞག་གི་དོན་སྔར་བཤད་ཟིན་ཏོ། །དེས་ན་འདི་རྣམས་དང་ངོ་བོ་དབྱེར་མེད་དུ་མོས་པའི་གཙོ་བོ་ནི་རྡོ་རྗེ་འཆང་ལ་བྱའོ། །ཐིམ་ཚུལ་ལྷ་རྣམས་གང་དུ་བཀོད་པའི་གནས་དེ་ཉིད་དུ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་ནས་མི་སྣང་བར་སོང་བའོ། །དཔེར་ན་སྤྱི་གཙུག་ཏུ་རྣམ་སྣང་དང་ལྟེ་བ་སྤྱན་མ་མི་སྣང་བར་གྱུར་པར་མོས་པ་ལྟ་བུའོ། །བརྟན་པར་བྱ་བའི་དོན་དུ་ཤཱུ་ནྱ་ཏཱའི་སྔགས་བརྗོད་པར་བྱ་སྟེ། དེ་ལ་སྔགས་དོན་ནི་ཨོ་ནི་སྔར་བཤད་པ་ལྟར་རོ། །ཤཱུ་ནྱ་ཏཱ་ནི་སྟོང་པ་ཉིད་ཅེས་པའོ། །ཛྙཱན་ནི་ཤེས་པ་སྟེ་ལོ་ཙཱ་བ་རྣམས་ཀྱིས་ཡེ་ཤེས་ཞེས་ཁྱད་པར་སྦྱར་བ་ཡིན་ནོ། །བཛྲ་ནི་རྡོ་རྗེ་སྟེ་མི་ཕྱེད་པའོ། །དེའི་དོན་ནི་ཨ་བྷ་ཡཱས་མང་པོར་སྦྱར་ཀྱང་འདིར་ནི་ཡུལ་སྟོང་ཉིད་དང་ཡུལ་ཅན་སྟོང་ཉིད་རྟོགས་པའི་ཡེ་ཤེས་གཉིས་དབྱེར་མེད་པ་ལ་བྱའོ། །དེ་ཡང་ས་ཐོབ་ནས་རེས་འགའ་བ་དང་མཐར་ཕྱིན་པའི་ཚེ་གཏན་དུའོ། །སོ་སོ་སྐྱེ་བོ་རྣམས་ལ་མཚན་ཉིད་པ་མེད་ཀྱང་དེ་ལྟར་མོས་པའོ། །སྭ་བྷཱ་ཝ་ནི་འདིར་རང་བཞིན་ནོ། །ཨཱཏྨ་ཀ་ནི་བདག་ཉིད་དོ། །


JLD008_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཧཾ་ནི་ང་རྒྱལ་འཛིན་པའོ། །དེ་དག་རིགས་དྲུག་དང་སྦྱར་ནས་བཤད་དེ་ཨོཾ་དང་ཤཱུ་ནྱ་ཏཱ་དང་ཛྙཱ་ན་དང༌། བཛྲ་དང་སྭ་བྷཱ་ཝ་ཨཱ་ཏྨ་ཀ་ནི་རིམ་པ་བཞིན་རྣམ་སྣང་ལ་སོགས་པའི་རིགས་ལྔའོ། །ཨ་ཧཾ་ནི་དྲུག་པ་རྡོ་རྗེ་འཆང་ངོ་། །ཨོཾ་ལ་སོགས་པ་ལྔ་པོ་དེ་དག་རེ་རེ་ཞིང་ཨ་ཧཾ་དང་སྦྱར་བར་བྱ་སྟེ། འོད་གསལ་དུ་འཇུག་རྒྱུའི་རྣམ་སྣང་ལ་སོགས་པའི་རིགས་སོ། །ཞུགས་ཟིན་ལ་སྦྱར་ན་ངོ་བོ་ཐ་དད་པའི་ལྷ་དུ་མ་མེད་ཀྱང་ལྡོག་པས་ཕྱེ་བས་དུ་མ་ཡོད་དོ། །འདི་ཡན་ནི་བསྙེན་པའི་ཡན་ལག་གོ། དེ་ལ་བསྙེན་པ་ནི་དེ་བཞིན་ཉིད་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ནོ། །དེ་ཡང་འདི་དང་ཐུགས་རྗེ་དཔལ་ཞབས་ཀྱིས་གོང་གི་ཡེ་ཤེས་ཀྱིས་སྟོང་ཉིད་བསྒོམ་པའང་ཡིན་ཞེས་བཤད་པ་གཉིས་པོ་ནི་བསྙེན་པའོ། །ཡན་ལག་གི་རྡོ་རྗེའི་སའི་ཆ་བསྐྱེད་པ་ལ་སོགས་པ་ནས་ཉེར་བསྡུའི་བར་རོ། །འདིར་འགའ་ཞིག་ལྷག་མོས་ཉེར་བསྡུ་ཡན་བསྙེན་པའི་ཡན་ལག་ཏུ་འཆད་པ་ནི། རྒྱུད་ལས། བསྙེན་པའི་ཏིང་འཛིན་རབ་སྦྱོར་གཞེས་པའི་འགྲེལ་པ་དང་མི་མཐུན་པས་མི་འཐད་དོ། །དེ་ལྟར་ན་སྣོད་འོད་གསལ་དུ་བསྡུས་ནས་དག་པའི་སྣོད་ཁྱད་པར་ཅན་བསྐྱེད་པ་དང༌། བཅུད་འོད་གསལ་དུ་བསྡུས་ནས་དག་པའི་སྣོད་བཅུད་ཁྱད་པར་ཅན་བསྐྱེད་པ་གཉིས་ལས་སྔ་མ་ནི་སྔར་སྟོང་ཉིད་བསྒོམས་ནས་གཞལ་ཡས་ཁང་བསྐྱེད་པས་བསྟན་ནོ། །དེས་ན་སྔར་སྟོང་ཉིད་བསྒོམ་པའི་སྐབས་སུ་བཅུད་སྟོང་པར་བསྒོམ་པར་བཤད་པ་ནི་སྣོད་སྟོང་པར་བསྒོམ་པའི་ཞར་ལ་བཤད་པ་ཙམ་ཡིན་གྱི་གཙོ་བོའི་དོན་


JLD008_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ་བཅུད་འོད་གསལ་དུ་བསྡུས་ནས་དག་པའི་བཅུད་ཁྱད་པར་ཅན་བསྐྱེད་པ་ནི་འདི་ཉིད་ནས་འབྱུང་བས་སོ། །དེས་ནི་འདིར་གཞལ་ཡས་ཁང་བསྡུ་བ་ཡང་མི་འཐད་པར་གྱུར་སྟེ། རྒྱལ་མཆོག་གི་སྐབས་སུ་སྔར་བཤད་པའི་གཞལ་ཡས་ཁང་དུ་ཞེས་འབྱུང་བ་དང་ཡང་འགལ་བས་སོ། །འདིར་ཡི་གེ་གསུམ་ལས་ཉི་མ་སོགས་པ་བསྐྱེད་པ་ནི་ལེའུ་བཅུ་གཅིག་པའི་སྒྲོན་གསལ་ལས་བཤད་དོ། །འདིར་སྔ་མ་འགའ་ཞིག་ལས་གཞུག་མས་འཇུག་ཅེས་བྱ་བ་འོག་ནས་ཉི་མ་ཡར་ཟླ་བ་ལ་ཞུགས་སྟེང་ནས་པདྨ་ཡི་གེ་གསུམ་དང་བཅས་མར་ཟླ་བ་ལ་ཞུགས་པས་ཟླ་བའི་དཀྱིལ་འཁོར་ཆ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅེས་འཆད་པ་ནི་མདོ་བསྲེ་ལས་དེ་ཐམས་ཅད་བསྡུས་ནས་ཞེས་དང༌། རྒྱུད་འགྲེལ་སྒྲོན་གསལ་ལས་ཀྱང་དེ་ལྟར་མང་དུ་བཤད་པས་མི་འཐད་དོ། །དེ་ལྟ་བུའི་ཟླ་བ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཟླ་བ་དེ་ཉིད་ལ་ཞུགས་པ་བརྟན་པར་བྱ་བའི་དོན་དུ་ཨོཾ་དྷརྨཱ་ཞེས་སོགས་ཀྱི་སྔགས་བརྗོད་པར་བྱས་སྟེ། དེ་ལ་སྔགས་དོན་ནི། ཨོཾ་ནི་སྔར་བཤད་པ་བཞིན་ནོ། །དྷརྨཱ་ནི་ཆོས་སོ། །དྷཱ་ཏུ་ནི་དབྱིངས་སོ། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །དོན་ནི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་རླུང་སེམས་ཙམ་དེ་ཉིད་རྣམ་པ་ཟླ་བར་སྣང་བ་དེ་ངའོ་སྙམ་དུ་ང་རྒྱལ་བྱེད་པའོ། །ཕྱག་མཚན་ལས་བྱང་ཆུབ་པའི་སྐབས་སུ་རྡོ་རྗེ་འབྱུང་བ་ནི་མདོར་བྱས་ལས་མི་གསལ་ཡང་མདོ་བསྲེ་ལས་རྡོ་རྗེ་འཆང་གི་ང་རྒྱལ་ལས་བྱུང་བ་ཞེས་བཤད། དེས་ན་རྡོ་རྗེ་བསྐྱེད་པ་དང་ང་རྒྱལ་འཛིན་པ་གཉིས་ཀ་བསྟན་ནོ། །


JLD008_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྐུ་སྤྲུལ་སྐུར་བསྒྱུར་བའི་ཚུལ་ལ་མདོར་བྱས་ལས། མི་བསྐྱོད་པ་ནི་རྗེས་ཞུགས་པས། ཞེས་བཤད་པས་དང་པོའི་མགོན་པོ་སྤྲུལ་སྐུར་བསྒྱུར་ལུགས་ལ་མདོ་བསྲེ་ནས་མི་གསལ་ཞིང་མདོར་བྱས་ལས། མི་བསྐྱོད་པ་ན་རྗེས་ཞུགས་པས། །ཞལ་གསུམ་ཕྱག་དྲུག་འབར་བ་དང༌། །ཞེས་པ་ཙམ་ལས་མ་བཤད་ལ། །དེའི་དོན་རབ་ཏུ་སྒྲོན་གསལ་དང་འགྲེལ་པ་རིན་ཆེན་ཕྲེང་བ་དང་དམ་ཚིག་རྡོ་རྗེས། རང་གི་ཐུགས་ཀ་ནས་མི་བསྐྱོད་པ་སྤྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་རང་ལ་ཐིམ་པས་སྤྲུལ་སྐུར་བསྒྱུར་བར་འདོད་དོ། །འོན་ཀྱང་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་ལས་བསྐྱེད་པར་གསུངས་པས་དེ་ལྟར་བྱ་སྟེ། དེའི་ཚུལ་ནི་རང་བཞིན་གྱི་གནས་ནས་ཞེས་སོགས་སྒྲུབ་ཐབས་ཉིད་ནས་འབྱུང་བ་བཞིན་ནོ། །དེ་ལྟར་སྤྲུལ་སྐུར་བསྒྱུར་བའི་རྟེན་དེ་ལ་ལུས་ཀྱི་དཀྱིལ་འཁོར་འགོད་པར་བྱ་སྟེ། འདིར་རྒྱུད་ལས་རིག་པ་ཆེན་པོ་སྐྱེས་བུའི་གཟུགས་འདི་ཞེས་སྐུ་དེ་ཉིད་ལུས་དཀྱིལ་འགོད་པའི་རྟེན་ལྟ་བུར་གསུངས་ཀྱང་དེ་སྤྲུལ་སྐུར་བསྒྱུར་བ་ལ་བྱ་སྟེ། མདོ་བསྲེ་དང་མདོར་བྱས་གཉིས་ཀ་ལས་སྐུ་དེ་དང་པོའི་མགོན་པོའི་སྐུར་གསུངས་ཤིང་སྒྲོན་གསལ་ལས་ཀྱང་སྐུ་དེ་ཡི་གེ་གསུམ་གྱིས་བསྐྱེད་པའི་སྐུར་གསུངས་པས་སོ། །འདིར་ལུས་རྟེན་གྱི་དཀྱིལ་འཁོར་དུ་བསྒོམ་པ་མདོར་བྱས་སོགས་ལས་མི་གསལ་ཡང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་འབྱུང་བས་འདིར་མན་ངག་གིས་ཁ་བསྐང་སྟེ་བཤད་དོ། །ཇི་ལྟར་བྱ་ཞེ་ན། ཟུར་བཞི་པ་ནི་


JLD008_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་རྒྱབ་དང༌། གཡས་དང་གཡོན་གྱི་དབྱེ་བས་སོ། ཞེས་བཤད་དོ། །འདིར་ཟུར་ནི་དབང་ལྡན་ནས་མེ་མཚམས་ཀྱི་བར་ལྟ་བུའི་ཕྱོགས་ལའང་བྱའོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡིས། །སྒོ་བཞི་པོ་ནི་བསམ་ཞེས་བཤད་པ་ལ་གཞན་དག་སྐུའི་སྒོ་དགུ་ལ་གཅིག་ཏུ་བྱས་ཏེ་དེ་བཞིན་དུ་གསུང་གི་སྒོ་བཞི་ལ་གཅིག་ཏུ་བྱས་ནས་སྒོ་གཉིས་དང༌། ཐུགས་ཀྱི་སྒོ་ལ་སྟེང་འོག་གི་སྒོ་གཉིས་སུ་ཕྱེ་ནས་འཆད་པ་ཡོད་མོད། འོན་ཀྱང་འདིར་ནི་ཁ་སྣའི་བུ་ག་ནི་སྟེང་གི་སྒོ་གཉིས་དང་བཤང་གཅིའི་བུ་ག་གཉིས་ནི་འོག་གི་སྒོ་གཉིས་ཏེ་དེ་ལྟར་སྒོ་བཞིར་བྱའོ། །འདིར་ཁ་ཅིག་ལུས་ཀྱི་ཆ་རྣམས་རྟེན་གྱི་དཀྱིལ་འཁོར་གྱི་ཆ་དེ་དང་དེ་དག་ཡིན་ནོ་ཞེས་མོས་པ་ཙམ་ཡིན་གྱི། གཞལ་ཡས་ཁང་གི་དབྱིབས་ཅན་དུ་བསྒོམ་པ་མིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་བརྟེན་པའི་དཀྱིལ་འཁོར་བསྒོམ་པའི་ཚེའང་ལུས་ཀྱི་ཆ་དེ་དང་དེ་དག་ལྷ་དེ་དང་དེ་དག་ཡིན་ནོ། །ཞེས་པ་མོས་པ་ཙམ་ཡིན་གྱི་ལྷའི་རྣམ་པ་ཅན་དུ་མི་སྒོམ་པར་མཚུང་སོ། །དེས་ན་ལུས་གཞལ་ཡས་ཁང་གི་དབྱིབས་ཅན་དུ་བསྒོམ་པར་བྱའོ། །འོ་ན་སྔར་གཞལ་ཡས་ཁང་མ་བསྡུས་པས་ཇི་ལྟར་བསྒོམ་ཞེ་ན། སྐྱོན་མེད་དེ་རང་གི་ལུས་ཀྱི་ཆ་དེ་དག་སྔར་གྱི་གཞལ་ཡས་ཁང་གི་ཆ་དེ་དག་གི་ངོ་བོར་སྒོམ་པར་བྱེད་པས་སོ། །ལུས་བརྟེན་པའི་དཀྱིལ་འཁོར་དུ་བསྒོམ་པའི་ཚུལ་ལ། སྔ་མ་དག་ལུས་ལ་རྣམ་སྣང་ལ་སོགས་པའི་ངོ་བོ་ཡི་གེ་ཙམ་ཞིག་འགོད་པར་གསུངས་པས་དེ་ལྟར་བྱའོ་ཞེས་གསུང་ངོ་། །དེ་ནི་མི་རིགས་ཏེ། གཞན་དུའང་ཨོཾ་ལས་བྱུང་བ་ཞེས་སོགས་བཤད་པས་དེ་བཞིན་དུ་བྱའོ། །


JLD008_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁ་ཅིག་ལྷ་ཉི་ཤུ་བདུན་འགོད་ཀྱི་ལྷ་མོ་ལྔ་པོ་རྣམས་མི་འགོད་ཅེས་སོ། །དེ་ཡང་མི་རིགས་ཏེ་རྣམ་གཞག་ལས་ལྷ་མོས་རྣམས་ཀྱང་བསྐྱེད་པར་བཤད་པས་སོ། །འོ་ན་ལུས་ཀྱི་གནས་དེ་དང་དེ་དག་ཏུ་ལྷ་བསྒོམ་པ་ཙམ་གྱིས་ལུས་དཀྱིལ་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དེ་དག་ཉིད་ལྷའི་ངོ་བོར་བསྐྱེད་ནས་བསྒོམ་རིགས་པས་སོ། །བསྐྱེད་པའི་ཚུལ་ནི་དཔེར་ན་གནས་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ས་བོན་གཟུགས་ཕུང་གི་ངོ་བོ༌ཨོཾ་དཀར་པོའི་རྣམ་པར་གནས་པ་དེ་ཡོངས་སུ་གྱུར་པ་ལས་རྣམ་སྣང་ཞལ་ཕྱག་ཡོངས་སུ་རྫོགས་པར་བསྐྱེད་དེ། དེའི་འོག་ཏུ་དེ་ཉིད་གཟུགས་ཀྱི་ཕུང་པོ་དང་ངོ་བོ་དབྱེར་མེད་དུ་མོས་པར་བྱའོ། །དེ་བཞིན་དུ་གཞན་ལ་ཡང་ངོ་། །འོ་ན་ཡུམ་བཞི་གནས་གང་དུ་བསྐྱེད་ཅེ་ན། སྔ་མ་འགའ་ཞིག་འདི་དག་འབྱུང་བཞིའི་རང་གི་ངོ་བོ་ཡིན་པས་དེ་དག་གང་དུ་གནས་པའི་སར་འགོད་ཅེའོ། །འོན་ཀྱང་སཾ་བྷུཾ་ཊི་ལས་ལྟེ་བ་སྙིང་ག་མགྲིན་པ་སྤྱི་གཙུག་རྣམས་སུ་བསྐྱེད་པར་བཤད་ཅིང་དེ་ཉིད་འདིར་ཡང་བཤད་དུ་རུང་བར་བཤད་པས་སོ། །དེ་བཞིན་དུ་བྱའོ། །ཡང་རྡོ་རྗེ་མ་ལྔའི་ས་བོན་གང་ལ་བྱེད་ཅེ་ན་གཞན་དག་རྒྱུ་བ་ནི་གཟུགས་སོ། །རབ་ཏུ་རྒྱུ་བ་ནི་སྒྲའོ། ཞེས་སོགས་བཤད་པ་ཙམ་ལ་བརྟེན་ནས་རླུང་ལྔ་པོ་དེ་ཉིད་རྡོ་རྗེ་མ་ལྔར་བསྐྱེད་ཅེའོ། །དེ་ལྟ་བུའི་ལུང་དེས་ནི་གཟུགས་སོགས་ལྔ་འཛིན་པའི་གྲོགས་བྱེད་པར་སྟོན་པ་ཙམ་ཡིན་པས་ཁུངས་སུ་མི་ཆེའོ། །འོ་ན་གང་ཞེ་ན་རང་གི་ལུས་ཀྱི་ཆར་གྱུར་པའི་གཟུགས་སོགས་


JLD008_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ་དེ་ཉིད་རྡོ་རྗེ་མ་ལྔར་བསྐྱེད་པར་བྱའོ། །རྡོ་རྗེ་ཕྲེང་བ་ལས། དེ་ཡི་མིག་གི་དབང་གཉིས་ལ། །ཞེས་དང༌། དེ་བཞིན་དུ་རྣ་བ་ལ་སོགས་པ་ལའང་སྦྱར་ཏེ་བཤད་པས་སའི་སྙིང་པོ་དང༌། གཤིན་རྗེ་གཤེད་ལ་སོགས་པ་གཉིས་བསྐྱེད་དགོས་པ་རྣམས་ལ་དེ་ལྟར་བྱ་སྟེ། རྟེན་སོ་སོར་ཆད་པ་རྣམས་ལའོ། །འོན་ཀྱང་ལྷའི་གྲངས་ལྷག་པར་མི་འགྱུར་ཏེ་སའི་སྙིང་པོ་ལ་སོགས་པར་རིགས་གཅིག་པའི་ཕྱིར་ཞེས་སྔ་མ་རྣམས་གསུང་བ་ལྟར་ཡིན་ནོ། །དེ་ལྟར་རང་གི་ལུས་ལ་བཀོད་པའི་ལྷ་དེ་དག་དམ་ཚིག་པ་ཙམ་སྟེ་རང་ཉིད་ཀྱི་བློས་བཏགས་པ་ཙམ་དུ་འཛིན་པའི་རྣམ་རྟོག་བསལ་བའི་ཕྱིར་ཡེ་ཤེས་དགུག་གཞུག་བྱའོ། །འདི་ལ་དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་དམ་ཚིག་པ་རེ་རེ་ལ་ཡེ་ཤེས་པ་རེ་རེ་གཞུག་དབང་བསྐུར་བའང་རེ་རེ་ལ་རིམ་པ་བཞིན་བྱེད་པར་བཤད་དོ། །གཞུང་གཞན་ནས་རང་གིས་ཇི་ལྟར་བསྒོམ་པ་ལྟར་གྱི་གྲངས་དང༌། དེའི་རྣམ་པ་ཅན་གྱི་ཡེ་ཤེས་པ་སྤྱན་དྲངས་ཏེ། དགུག་གཞུག་བྱས་ནས་ཆུ་དབང་བསྐུར་ཏེ་རིགས་བདག་གིས་རྒྱས་འདེབས་པ་ཞིག་བཤད་དོ། །འདིར་ནི་ཐུན་མོང་མ་ཡིན་པ་སྤྱན་དྲང་རྒྱུའི་ལྷ་ཡེ་ཤེས་པ་རྣམས་སྐུ་རྡོ་རྗེ་ལ་སོགས་པ་གསུམ་དུ་འདུས་པས་དེ་དག་སྤྱན་དྲངས་ཏེ་གསོལ་བ་གདབ་པ་སོགས་བྱས་ནས་རིགས་བདག་གི་རྒྱས་འདེབས་སོ། །འདིར་གསོལ་བ་གདབ་བྱའི་ཡུལ་ནི་རྣམ་སྣང་གཙོ་འཁོར་རོ། །འདེབས་པ་པོ་ལུས་ལ་ལྷ་སོ་གཉིས་བཀོད་ཅིང་རང་ཉིད་སྤྲུལ་སྐུ་རྡོ་རྗེ་འཆང་གི་ང་རྒྱལ་དུ་གནས་པ་དེ་ཉིད་དཀྱིལ་འཁོར་ནས་འཕགས་ཏེ་གཙོ་བོ་ཡབ་ཡུམ་སྙོམས་པར་སྦྱོར་


JLD008_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མདུན་ན་གནས་པའོ། །གལ་ཏེ་ཡབ་ཐམས་ཅད་རྣམ་སྣང་དང༌། ཡུམ་ཐམས་ཅད་སྤྱན་མའི་རྣམ་པར་གནས་པ་མིན་ནམ་ཇི་ལྟར་གཙོ་འཁོར་དུ་འགྱུར་ཞེ་ན་བདེན་མོད་འོན་ཀྱང་འདིར་དབུས་ན་བཞུགས་པ་དེ་གཉིས་གཞན་ལས་བོང་ཚོད་ཆེ་བར་བསམས་ཏེ་དེའི་དབང་གིས་གཙོ་འཁོར་དུ་བཞག་པའོ། །གསོལ་བ་ཅི་ཞིག་འདེབས་ཤེ་ན། བདག་གི་ལུས་ད་ལྟ་ཉིད་དུ་སྐུ་རྡོ་རྗེའི་ངོ་བོར་མཛད་དུ་གསོལ་ཞེས་སོ། །དེ་ཉིད་སྟོན་པར་བྱེད་པའི་ཚིག་ནི། དཔལ་ལྡན་སངས་རྒྱལ་སྐུ་འཆང་བ། །ཞེས་སོགས་གཙོ་བོ་དང༌། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །ཞེས་སོགས་འཁོར་ལ་གསོལ་བ་འདེབསཔའི་ཚིགས་སུ་བཅད་པ་རེ་རེའོ། །ཚིག་གི་དོན་ནི་དཔལ་ནི་འདིར་སྤྱན་མ་སྟེ་ཡུམ་དུ་ལྡན་པའོ། །དེ་ལ་སངས་རྒྱ་ནི་འདིར་རྣམ་སྣང་ངོ་། །སྐུ་ནི་སྐུ་རྡོ་རྗེ་སྟེ་འཆང་བ་ནི་དེའི་ངོ་བོར་གནས་པ་ལ་བྱའི་འཆང་བྱ་འཆང་བྱེད་རྫས་ཐ་དད་དུ་མི་བཟུང་ངོ་། །དེ་ལྟར་ན་སྤྱན་མ་ཡུམ་དུ་ལྡན་ཅིང་སྐུ་རྡོ་རྗེའི་ངོ་བོར་གནས་པའི་རྣམ་སྣང་ཞེས་པའི་དོན་ཏེ་གསོལ་བ་གདབ་བྱའི་ཡུལ་བསྟན་ནོ། །འདེབས་པ་པོ་ནི། རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །ཞེས་པས་བསྟན་ནོ། །རྡོ་རྗེ་གསུམ་མི་ཕྱེད་པ་རྡོ་རྗེ་འཆང་དུ་བསྒོམ་པ་བདག་ཉིད་དོ། །དེང་ཞེས་པ་ནི་བྱིན་གྱིས་རློབས་པའི་དུས་བསྟན་ཏེ་གསོལ་བ་འདེབས་པའི་དུས་ད་ལྟ་ཉིད་དུ་ཞེས་པའི་དོན་ནོ། །ལྷག་མས་ནི་བདག་བྱིན་གྱིས་བརླབས་ནས་སྐུ་རྡོ་རྗེའི་ངོ་བོར་མཛད་དུ་གསོལ་ཞེས་པའོ། །དེ་ལྟར་


JLD008_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་རང་གིས་སྤྲོས་པའི་སྤྱན་མ་རྣམས་དང་། སྤྱན་དྲངས་པའི་རྣམ་སྣང་གི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། དེ་ལས་མཆོག་ཏུ་དགའ་བའི་བདེ་བ་མྱོང་བས་ཚིམ། དེ་ལས་འོད་ཟེར་དཀར་པོའི་ངོ་བོར་ཞུ། དེ་ཉིད་རང་གི་སྤྱི་བོ་ནས་ཐིམ་པས་ཡེ་ཤེས་ཀྱི་ས་ཐོབ་པ་སྟེ། འོད་གསལ་མངོན་དུ་བྱས་ནས་འོད་ཟེར་གྱིས་ལུས་ཀྱི་ཆ་ཐམས་ཅད་བཀང་སྟེ་ཚིམ་ནས་དབང་ཕྱུག་བརྒྱད་ལས་སྐུའི་དབང་ཕྱུག་ཐོབ་པར་གྱུར་ཏེ། རང་ཉིད་རྣམ་སྣང་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པར་གྱུར་པར་བསམ་མོ། །བརྟན་པར་བྱ་བའི་དོན་དུ་སྨོན་ལམ་གདབ་པ་ནི། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་པ་ལ་སོགས་པའོ། ། འདིའི་ཚིག་གི་དོན་ནི་སངས་རྒྱས་ནི་སྔ་མ་བཞིན་དུ་རྣམ་སྣང་ལ་བྱའོ། །རྣམ་སྣང་གི་སྐུ་ཕུང་པོ་ལྔ་པོ་དེ་ཉིད་སྐུ་རྡོ་རྗེ་རབ་ཏུ་བཀང་བ་སྟེ་དེའི་ངོ་བོར་བྱས་པའོ། །བདག་གི་ལུས་ཀྱང་དེ་ལྟ་བུའི་སངས་རྒྱས་ཀྱི་སྐུའི་ངོ་བོ་དང་འདྲ་བར་སྐུ་རྡོ་རྗེའི་ངོ་བོར་གྱུར་ཅིག་ཅེས་པའོ། །དེ་ནས་ང་རྒྱལ་འཛིན་ཅིང་བྱིན་གྱིས་བརླབ་པ་ནི། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱ་ཏྨ་ཀོ་྅ཧཾ། ཞེས་པའོ། །སྔགས་དོན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ཏིང་ངེ་འཛིན་གྱི་བདག་ཉིད་དེ་ངའོ་སྙམ་དུ་ང་རྒྱལ་བྱའོ། །དེ་བཞིན་དུ་ལྷག་མ་རྣམས་ཀྱང་གོ་བར་བྱའོ། །ཁྱད་པར་ནི་མདོ་བསྲེ་ལས་པདྨའི་གནས་ལྐོག་མར་བྱེད་པར་བཤད་པ་དང༌། དེ་བཞིན་དུ་རྒྱུད་འགྲེལ་ལས་ཀྱང་དེ་ལྟར་བཤད་པ་དང༌། མདོར་བྱས་ལས་ལྕེའི་དབུས་སུ་བསྐྱེད་པར་བཤད་པ་ནི་འགལ་བར་མི་བསམ་སྟེ་དེ་གང་


JLD008_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡང་རུང་བས་སོ། །གསོལ་བ་འདེབས་པའི་ཚེ་རང་ཉིད་རྡོ་རྗེ་འཆང་གི་ང་རྒྱལ་དུ་གནས་པར་བྱ་སྟེ། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཞེས་འབྱུང་བས་སོ། །ཆོས་ཀྱི་གསུང་ལམ་དཔལ་ལྡན་པས། །ཞེས་པ་ལ་ཆོས་ནི་འོད་དཔག་མེད་དོ། །དེའི་གསུང་ནི་འོད་དཔག་མེད་ཀྱི་གསུང་ངོ་། །དེ་ཉིད་གང་ལས་འབྱུང་བ་ནི་ལམ་སྟེ་འོད་དཔག་མེད་ཉིད་དོ། །ལྷག་མ་ནི་སྔ་མས་གོ་བར་ནུས་སོ། །སྨོན་ལམ་འདེབས་པའི་ཚིག་གི་དོན་ནི་རྡོ་རྗེ་ཆོས་ནི་སྐབས་གཞན་དུ་སྤྱན་རས་གཟིགས་ལ་བཤད་ཀྱང་འདིར་ནི་འོད་དཔག་མེད་དོ། །དེའི་གསུང་ནི་ངེས་པའི་ཚིག་ནི་ཕུན་སུམ་ཚོགས་པ་སྟེ། འདིས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟེ། ལྷག་མ་གསུམ་ཡང་མཚོན་ནོ། །ཆོས་འཛིན་པའང་འོད་དཔག་མེད་ཉིད་ལ་བྱའོ། །ཡང་མདོར་བྱས་ལས་ཧཱུཾ་ལས་ཉི་མའི་དཀྱིལ་འཁོར་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས་ཧཱུཾ་ལས་རྡོ་རྗེ་བསྐྱེད་པར་བཤད་པའང་གང་ལྟར་ཡང་རུང་ངོ་། །རྡོ་རྗེ་ཐུགས་ནི་མི་བསྐྱོད་པའོ། །ལྷག་མ་ནི་སྔར་བཤད་པ་བཞིན་ནོ། །ཀུན་ཏུ་བཟང་པོ་ནི་མཐའ་ཐམས་ཅད་ནས་བཟང་ཞིང་དགེ་བའོ། །གསང་བའི་དབང་པོ་བློ་ལྡན་པ། ཞེས་པ་ལ་གསང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་དབང་པོའི་བདག་པོ་ནི་ཐུགས་རྡོ་རྗེའོ། །བློ་ནི་འདིར་ཡུལ་ཏེ་རེག་བྱ་རྡོ་རྗེ་མའོ། །འོ་ན་སྔར་ཡུམ་མཱ་མ་ཀཱིར་བཤད་པ་དང་མི་འགལ་ལམ་ཞེ་ན་མི་འགལ་ཏེ་གང་ལྟར་ཡང་རུང་བས་སོ། །སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་རློབ་པའི་ཚེ་མི་བསྐྱོད་


JLD008_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་རྡོ་རྗེ་འཆང་དུ་ང་རྒྱལ་འཕོ་བར་བྱ་སྟེ། དེ་གཉིས་ཀྱི་ཁྱད་པར་ནི་སྐུ་སྔོ་ལ་ནག་པ་ཤས་ཆེ་བ་ནི་མི་བསྐྱོད་པ་དང༌། སྔོ་བ་ཉིད་ཤས་ཆེ་བ་ན་རྡོ་རྗེ་འཆང་ངོ་། །དེ་ནས་སེམས་དཔའ་སུམ་བརྩེགས་སུ་བྱེད་པའི་ཚུལ་ནི་རང་དམ་ཚིག་སེམས་དཔའ་ཞེས་སོགས་ཏེ་འདིར་ཡེ་ཤེས་སེམས་དཔའི་སྐུ་མདོག་ཕྱག་མཚན་ནི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སུ་བཤད་པ་བཞིན་བྱས་ཏེ་གཞན་དུ་ནི་གསལ་བར་མ་བཤད་དོ། །འདིར་མདོར་བྱས་ལས་ཕྲ་བ་ཞེས་གསུངས་པ་ལ་ཐུབ་པ་དཔལ་གྱིས་ནས་འབྲུ་ཙམ་ཞེས་ཆུང་བས་ཕྲ་བར་བཤད་ཀྱང་ཡང་ཟླ་བའི་ཞབས་ཀྱིས་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཕྲ་བ་ཞེས་བཤད་པ་བཞིན་བྱའོ། །འདིའི་སེམས་དཔའ་གསུམ་ལ་ཁ་ཅིག་རིམ་པ་བཞིན་སྤྲུལ་སྐུ་ལོངས་སྐུ་ཆོས་སྐུ་གསུམ་ལ་བྱའོ། །ཞེས་གསུངས་སོ། །ཁ་ཅིག་སྐུ་གསུང་ཐུགས་རྡོ་རྗེ་གསུམ་རིམ་པ་བཞིན་ཡིན་ཞེའོ། །དེ་ལ་སྐབས་གཞན་དུ་ས་བོན་གྱི་སྔགས་རྣམས་གསུང་དང་ཕྱག་མཚན་ཐུགས་དང་ལྷའི་རྣམ་པ་ཅན་གྱི་སྐུ་རྣམས་བཤད་པ་ལྟར་ན་ཕྱི་མ་ལྟར་རུང་ངོ་། །སྔ་མ་ལ་དང་པོ་གཉིས་སྐུ་གཉིས་ལ་རིམ་པ་བཞིན་སྦྱོར་བ་འཐད་ཀྱང་ཕྱི་མ་ནི་དཔྱད་གཞིའོ། །གསུམ་གྱི་སྒྲ་དོན་ནི། དམ་ཚིག་སེམས་དཔའ་ལ་ས་མ་ཡ་སཏྭ་ཞེས་འབྱུང་སྟེ། དེ་ལ་སོ་སོར་ཕྲལ་ནས་དང་པོ་ནི་ས་མ་ཏི་ནི་ཡང་དག་པར་འདུ་བ་དང་མི་ལ་ཏི་ནི་ཡང་དག་པར་འགྲོ་བ་ཞེས་བྱ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཡང་དག་པར་འདུ་ཞིང་འགྲོ་བའི་གཞི་ཡིན་པས་ན་དམ་ཚིག་གོ། སེམས་དཔའ་ནི་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་དང་རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་ཡིན་


JLD008_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་སེམས་དཔའ་ཞེས་བྱའོ། །ཕྱི་མ་གཉིས་ལ་ཛྙཱ་ན་སཏྭ་དང༌། ས་མ་ཏི་སཏྭ་ཞེས་འབྱུང་སྟེ་སྟོང་པ་ཉིད་རྟོགས་པས་དང་ཐུགས་རྩེ་གཅིག་ཏུ་གནས་ནས་ན་ཡེ་ཤེས་དང་ཏིང་ངེ་འཛིན་ཞེས་བྱ་སྟེ་སེམས་དཔའ་ནི་སྔར་བཞིན་ནོ། །རིག་མ་འདུ་བྱེད་པའི་ཚེ་ཐ་མལ་པའི་བུ་མོའི་རྣམ་པ་ཅན་ཉིད་སྙིང་གནས་དབྱུང་བར་བྱ་སྟེ། གཞན་དུ་ན་སྟོང་པར་སྦྱངས་ཤིང་ལྷར་བསྐྱེད་པ་སོགས་དགོས་མེད་དུ་འགྱུར་བས་སོ། །ཡུམ་བཞི་བསྐྱེད་པའི་ས་བོན་སོགས་མོ་ཧ་ར་ཏི་སོགས་མཚན་སྔགས་ལ་བྱེད་པ་ནི་མི་འཐད་དེ། རིགས་ལྔ་སོགས་ས་བོན་གྱི་སྔགས་ལས་བསྐྱེད་པ་དང་མཚུངས་པའི་ཕྱིར་རོ། །འདིར་རྡོ་རྗེ་མ་ལྔ་དང་ས་སྙིང་སོགས་སྙོམས་པར་འཇུག་ཚུལ་ནི་རྡོ་རྗེ་མ་ལྔ་གཞིའི་ལྷར་བཀོད་ནས་དེ་ལ་ས་སྙིང་སོགས་ཕར་ལ་སྙོམས་པར་འཇུག་པའི་ཚུལ་དུ་བྱ། ཁ་ཅིག་གིས་ཁྲོ་མོ་རྣམས་ཀྱང་ཁྲོ་བོ་བཅུ་དང་སྦྱོར་བ་བསྐྱེད་ཀྱང་དེ་ནི་མི་རིགས་པས་ཁྲོ་མོ་རྐྱང་པ་བསྐྱེད་དོ། །འོ་ན་རིག་མའི་ལུས་དཀྱིལ་དུའང་འགྱུར་རམ་ཞེ་ན་མ་ཡིན་ཏེ། གནས་དེ་དག་ཏུ་ལྷ་དེ་དག་བསྐྱེད་པ་ཙམ་ཡིན་གྱི་ལུས་ཀྱི་ཆ་དེ་དག་ཉིད་ལྷར་བསྐྱེད་པ་མེད་པས་སོ། །འོན་ཀྱང་ཕྱི་རོལ་གྱི་རིག་མ་དངོས་ལ་ནི་ལུས་ཀྱི་ཆ་དེ་དག་ཉིད་ལྷར་བསྐྱེད་ཅིང་དེ་ཉིད་ལུས་དཀྱིལ་དུའང་བཤད་དོ། །རྡོ་རྗེ་དང་པདྨ་འདུ་བྱ་བའི་སྐབས་སུ་ཕཊ་ཐིག་ལེ་འགོག་བྱེད་དུ་བཞག་པ་དང༌། འོག་དུ་ཕཊ་ཐིག་ལེ་འབྱིན་བྱེད་དུ་བཤད་པ་གཉིས་མི་འགལ་ཏེ་རིམ་པ་བཞིན་གཟུགས་དང་སྒྲའི་རྣམ་པ་ཅན་ཡིན་པས་སོ་སོ་ཐ་དད་པའི་ཕྱིར་རོ། །རྡོ་རྗེ་དང་པདྨའི་ནང་གཉིས་ཀ་


JLD008_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ལྔས་གང་བ་རྒྱུད་འགྲེལ་ལས་བཤད་པས་ན་མདོར་བྱས་མདོ་བསྲེ་ལས་རྡོ་རྗེ་གཅིག་ཕུ་ལ་བཤད་ཀྱང་གཉིས་ཀ་ལས་ཤེས་པར་བྱའོ། །འདི་ཉིད་གོང་དུ་རྗེས་ཆགས་ཀྱི་སྐབས་སུའང་ཤེས་པར་བྱའོ། །འདིར་མཆོད་པར་འགྱུར་ཚུལ་ནི་སྔ་མ་དག་ཐིག་ལེ་ཆ་གསུམ་དུ་བྱས་ནས་ཆ་གཅིག་གཞལ་ཡས་ཁང་གི་ས་བོན་དང༌། ཆ་གཅིག་ལྷའི་ས་བོན་དང༌། ཆ་གཅིག་ནང་མཆོད་ཀྱི་མཆོད་པ་བཞིན་མཐེབ་སྲིན་གྱིས་བླངས་ནས་མཆོད་ཅེའོ། །ཁ་ཅིག་ཡུམ་གྱི་པདྨའི་ནང་དུ་ཐིག་ལེ་དེ་ཉིད་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་ནས་དེ་ཕྱིར་སྤྲོས་ནས་སེམས་ཅན་གྱི་དོན་བྱས་པ་ཉིད་རྒྱལ་བ་དགྱེས་པའི་མཆོག་ཡིན་པས་མཆོད་པ་ཞེའོ། །བཞེད་པ་ན་དེ་ལྟར་སྙོམས་པར་ཞུགས་པའི་བདེ་བས་རང་དང་རིག་མའི་ལུས་ཀྱི་ལྷ་རྣམས་ཚིམ་པ་ཉིད་དོ་ཞེའོ། །འདི་ཡིས་དང་པོ་སྦྱོར་བའམ་རྣལ་འབྱོར་དང་པོ་ཞེས་བྱ་སྟེ། སྦྱོར་བའི་སྐད་དོད་ཡོ་ག་ཞེས་འབྱུང་བ་དེ་ཉིད་རྣལ་འབྱོར་ལའང་འཇུག་པས་སོ། །རྣལ་འབྱོར་ལྷག་མ་གཉིས་ལ་དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་ལ་ཐོག་མར་རྟེན་གྱི་ནི་ཐིག་ལེ་ཆ་གཉིས་ལས། དང་པོས་གཞལ་ཡས་ཁང་དང་གཉིས་པ་ལས་ལྷར་བསྐྱེད་དེ་ལྷའི་བྱེ་བྲག་གིས་སོ་གཉིས་སུ་བྱའོ། །དེ་དག་ལས་ཨོཾ་ཨཱཿཧཱུཾ་ཧཱུཾ་ལ་སོགས་པ་སོ་གཉིས་སུ་གྱུར་བར་བསམ་མོ། །འདིར་བསྐྱེད་སྔགས་ནི། རང་སྔགས་ཡི་གེ་ལས་བྱུང་བ། །རྡོ་རྗེ་གསུམ་གྱི་བྱིན་རླབས་བདག །ཅེས་གསུངས་པས་ཐུན་མོང་བ་ཨོཾ་ཨཱཿ ཧཱུཾ་དང༌། ཐུན་མོང་མ་ཡིན་པ་གཉིས་སོ། །ཕྱི་མ་ནི་མདོར་བྱས་ལོ་ཆེན་གྱིས་བསྒྱུར་བའི་དཔེ་འགའ་ཞིག་ལས་ཛི་ན་ཛིཀ་སྔགས་ལས་


JLD008_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ཞེས་སོགས་མཚན་སྔགས་བསྐྱེད་སྔགས་སུ་བཤད་པ་དང༌། དེས་འགའ་ཞིག་ཏུ་ཛི་ན་ཛིཀ་གི་སྔགས་ཀྱི་དབྱུང་ཞེས་སོགས་མཚན་སྔགས་དབྱུང་སྔགས་ལ་སྦྱར་ཏེ་བཤད་པ་གཉིས་འབྱུང་ལ། དང་པོ་ནི་ཟླ་བས་བཛྲ་དྷྲིཀ་ལ་སོགས་པ་ལས་བྱུང་བ་ཞེས་སོགས་གསུངས་པ་དང་མཐུན་པས་དེ་ལྟར་བྱར་ཡང་རུང་ངོ་། །འོན་ཀྱང་འདིར་ནི་སེམས་དཔའ་བརྒྱད་རང་གི་ས་བོན་ལས་བསྐྱེད་པར་གསུངས་པས། དེས་མཚོན་ནས་གཞན་རྣམས་ཀྱང་ས་བོན་ལས་བསྐྱེད་པར་བྱ་སྟེ་ལུས་དཀྱིལ་བཞིན་ནོ། །དེ་དག་དང་གོང་གི་ཐུན་མོང་བ་ཨོཾ་ཨཱཿཧཱུཾ་རྣམས་སྤེལ་བ་ལས་བསྐྱེད་པར་བྱ་སྟེ། རྡོ་རྗེ་གསུམ་གྱིས་བྱིན་རླབས་ཞེས་གསུངས་པའི་ཕྱིར་དང༌། ལྷ་མོ་བཞིས་ཞུས་པ་ལས་ཀྱང་དེ་ལྟར་གསུངས་པའི་ཕྱིར་རོ་ཞེའོ། །དེ་ལས་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་བསྐྱེད་པ་ནི་འདི་དག་ཏུ་མི་གསལ་ཡང་གཞན་དུ་གསལ་བར་བཤད་པས་དེ་བཞིན་དུ་བྱའོ། །དེ་ནས་ལྷའི་སྐུར་བསྐྱེད་ཚུལ་ནི་ཟ་ཧོར་གྱི་མཁས་པ་བཙུན་མོ་ཅན་གྱིས་ཅིག་ཅར་བསྐྱེད་པར་བཤད་ལ། བྷཱཾ་ག་ལའི་མཁས་པ་མངོན་ཤེས་ཅན་གྱིས་རིམ་གྱིས་བསྐྱེད་པར་བཞེད་དེ། དེ་གཉིས་ཀའང་རྒྱུད་ཀྱི་ལེའུ་དང་པོ་ལས་མི་བསྐྱོད་པ་བསྡུས་པའི་དཀྱིལ་འཁོར་དང༌། གཟུངས་ཀྱི་དཀྱིལ་འཁོར་དང༌། སེམས་དབང་གི་དཀྱིལ་འཁོར་གསུམ་གསུངས་པའི་སྐབས་ལ་བརྟེན་ཏེའོ། །འདི་ལྟར་དང་པོས་ནི། དཀྱིལ་འཁོར་དང་པོའི་སྐབས་སུ་སྤྱིར་བསྐྱེད་པ་དང༌། གཉིས་པས་ནི། དཀྱིལ་འཁོར་གསུམ་པའི་སྐབས་སུ་བསྐྱེད་ཚུལ་རིམ་ཅན་དུ་བཤད་པ་ལ་བརྟེན་ཏེའོ། །འོན་ཀྱང་


JLD008_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་ཕྱི་མ་ལྟར་ངེས་པར་བྱ་སྟེ། ཟླ་བས་ཀྱང་ང་རྒྱལ་དང་ཞེས་བཤད་པའི་དོན་ནི། ལྷ་རྣམས་བསྐྱེད་པའི་ཚེ་སོ་སོའི་ང་རྒྱལ་བྱེད་པ་ཡིན་ལ། ང་རྒྱལ་ཡང་སྤྱིར་བྱེད་པར་མི་ནུས་ཏེ། །རྟོག་གཉིས་ཅིག་ཅར་མི་འཇུག་པས་སོ།། །།ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུ་ནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བདཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲ་མ་ནཿ སརྦ་མངྒ་ལཾ།། །།


no previousརྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ། next