དཔལ་འཁོར་ལོ་བདེ་མཆོག་རིམ་པ་ལྔ་པའི་བཤད་པ་སྦས་པའི་དོན་ལྟ་བའི་མིག་རྣམ་པར་འབྱེད་པ།
དཔལ་འཁོར་ལོ་བདེ་མཆོག་རིམ་པ་ལྔ་པའི་བཤད་པ་སྦས་པའི་དོན་ལྟ་བའི་མིག་རྣམ་པར་འབྱེད་པ་བཞུགས་སོ། །
དཔལ་འཁོར་ལོ་བདེ་མཆོག་གི་རིམ་པ་ལྔ་པའི་བཤད་པ་སྦས་པའི་དོན་ལྟ་བའི་མིག་རྣམ་པར་འབྱེད་པ་ཞེས་བྱ་བ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པདྨོ་ལ་སྐྱེ་བ་ཐམས་ཅད་དུ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ལྷག་པའི་ལྷ་མཆོག་བླ་མ་ཧེ་རུ་ཀ །ཀུན་ལ་མ་ལྟར་བརྩེ་བ་རྗེ་བཙུན་མ། །དཔའ་བོ་དཔའ་མོའི་དབང་ཕྱུག་ཐམས་ཅད་ཀྱི། །ཞབས་ཀྱི་པདྨར་གུས་པས་ཕྱག་འཚལ་ལོ། །དཔལ་ལྡན་འཁོར་ལོ་སྡོམ་པའི་ཟབ་མོའི་ལམ། །ཚུལ་བཞིན་བསྟེན་པས་དངོས་གྲུབ་མཆོག་བརྙེས་པ། །གྲུབ་པའི་དབང་ཕྱུག་དྲིལ་བུ་ཞབས་ལ་ནི། །སྙིང་ནས་འདུད་དོ་རིམ་ལྔའི་དོན་འགྲེལ་པ། །གེགས་མེད་མྱུར་དུ་མཐར་ཕྱིན་འགྱུར་བ་དང༌། །ཆེས་ཆེར་བརླིང་
བའི་ཟབ་མོའི་གཞུང་གི་དོན། །དགོངས་པ་ཇི་ལྟ་བ་བཞིན་ཕྱེད་པ་དང༌། །གནས་གསུམ་མཁའ་འགྲོས་བརྩེ་བས་བཀའ་དྲིན་མཛོད། །འོད་གསལ་འཆར་བའི་གནས་མཆོག་སྙིང་ག་དང༌། །དྷཱུ་ཏཱིའི་ཡར་དང་མར་གྱི་སྣ་རྩེར་ནི། །གནད་དུ་བསྣུན་དང་ནོར་བུ་འགེངས་ཚུལ་དང༌། །ཚངས་པའི་མེ་ཡི་ནུས་པ་བསྐྱེད་པ་ལས། །བསམ་མི་ཁྱབ་ཀྱི་རིམ་པའི་སྐྱེ་ཚུལ་གྱི། །རིམ་པ་ལྔ་ཡི་གནད་ཀུན་ལེགས་བཤད་པས། །བཤད་པ་ལྟར་སྣང་རྣམས་ལས་ཆེར་འཕགས་པ། །རྒྱ་ཆེར་བཤད་པ་འདི་ཡི་ཁྱད་པར་རོ། །འདིར་དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད། བཤད་པའི་རྒྱུད་དྲུག་གིས་གཏན་ལ་ཕབ་པའི་དོན་རྣལ་འབྱོར་གྱི་དབང་ཕྱུག་དྲིལ་བུ་པས་མངོན་དུ་གྱུར་ནས། ལམ་གྱི་
རིམ་པར་བསྒྲིགས་ནས་སྟོན་པའི་རིམ་པ་ལྔ་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་གྱི་སྐད་དུ། ཤྲཱི་ཙཀྲ་སཾ་བ་ར་པཉྩ་ཀྲ་མ་ནི། བོད་ཀྱི་སྐད་དུ་བསྒྱུར་ན་ཤྲཱི་ནི་དཔལ་ལོ། །ཙཀྲ་ནི་འཁོར་ལོའོ། །སཾ་བ་ར་ནི་སྡོམ་པའོ། །ཡང་ན་སཾ་མམ་ཤམ་བདེ་བ་དང༌། བ་ར་ནི་མཆོག་གོ །ཀྲ་མ་ནི་རིམ་པ་སྟེ་ཆ་དང་ཕྱོགས་ལ་བཤད་དེ་དོན་གྱི་ཚན་པའོ། །པཉྩ་ནི་ལྔའམ་ལྔ་པ་སྟེ་བདག་བྱིན་གྱིས་བརླབ་པ་སོགས་ལྔ་སྟོན་པའི་གཞུང་ངོ༌། །གཉིས་པ་ནི། པདྨ་གར་གྱི་དབང་ཕྱུག་ནི་གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་སྟེ། དེ་ལ་ཕྱག་འཚལ་བ་ནི་ལོ་ཙྪ་བ་རང་དད་པའི་ལྷའོ། །གསུམ་པ་ལ་གཉིས། གཞུང་མཛད་པ་པོའི་སློབ་དཔོན་གྱི་རྣམ་པར་ཐར་པ་དང༌། གཞུང་དངོས་ཀྱི་དོན་ནོ། །དང་པོ་ནི། སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པ་ནི། སློབ་དཔོན་ལཱུ་ཨི་པའི་དངོས་སློབ་རྒྱལ་པོ་དཱ་རི་ཀ་པའི་སློབ་མ་ཡིན་ཏེ། སློབ་དཔོན་ལཱུ་ཨི་པས། འདི་ས་ལྷོ་ཕྱོགས་ཀྱི་རྒྱུད་ན་ཨོ་ཊ་སུ་རཱི་མཁུར་བའི་གྲོང་ཁྱེར་ཞེས་པ་ན། རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་ཆ་བྱད་འཛིན་པ་ཞིག་ཡོད་པས་དེའི་དྲུང་དུ་སོང་ལ། ཉིན་མོ་ཞིང་ལས་གྱིས། ནང་ནུབ་རྐང་པ་འཁྲུད་པ་དང་སྐུ་མཉེ་སོགས་གྱིས། དེར་ཆང་ཉོ་དང་ཉལ་པོ་ལ་འོང་བའི་སྐྱེས་པ་ཀུན་གྱི་རྐང་པ་བཀྲུ་བ་ལ་སོགས་གྱིས། ནུབ་མོ་སྒྲུབ་པ་གྱིས། དེ་ལྟར་བྱས་ན་ལོ་བཅུ་གཉིས་ན་བུད་མེད་སྟོང་ཕྲག་བཅུ་བཞི་དང་བཅས་པ་གྲུབ་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་ནས་བཏང་ངོ༌། །ཇི་ལྟར་གསུངས་པ་ལྟར་བསྒྲུབས་
པས་གྲུབ་པ་ཐོབ་པ་ཞིག་བྱུང་སྟེ། བླ་མ་རྡོ་རྗེ་གདན་པས་ཀྱང༌། རྒྱལ་རིགས་ཐ་མལ་སྤྱོད་པ་མཛད། །སྨད་འཚོང་ལྔ་བརྒྱ་མཁའ་ལ་གཤེགས། །དཱ་རི་ཀ་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །རྡོ་རྗེ་དྲིལ་བུ་པ་ནི། རྒྱ་གར་ཤར་ཕྱོགས་ནཱ་ལེནྡྲའི་རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས་ཏེ། ཡབ་འདས་པ་དང་བློན་པོ་ལ་སོགས་པས་རྒྱལ་ཚབ་ཏུ་མངའ་གསོལ་བས། རྒྱལ་སྲིད་ལ་སྙིང་པོ་མེད་པར་གཟིགས་ནས། རིམ་གྱིས་དཔལ་ནཱ་ལེནྡྲར་བྱོན། མཁན་པོ་རྒྱལ་བའི་ལྷ་རབ་ཏུ་བཟང་པོ་ལ་རབ་ཏུ་བྱུང་སྟེ། མཚན་བློ་གྲོས་སྙིང་པོའི་དཔལ་ཞེས་བཏགས་རིག་པའི་གནས་ལ་སྦྱངས་པ་མཛད་པས། རིག་པའི་གནས་དང་སྡེ་སྣོད་ཐམས་ཅད་ལ་མཁས་པའི་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ཏོ། །དེའི་ཚེ་མུ་སྟེགས་རལ་པ་ཅན་ཞིག་རྒྱལ་པོ་ལ་དཔང་དུ་གསོལ་ནས། བསྟན་པ་རྒྱལ་དུ་བཙུགས་ནས་རྩོད་པ་བྱེད་དུ་བྱུང་བ་ལ་པཎྜི་ཏ་གཞན་གྱིས་མ་ནུས་ཏེ། སློབ་དཔོན་གྱིས་དེ་ཕམ་པར་བྱས་ཏེ་ནང་པའི་བསྟན་པ་ལ་བཅུག་པས། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བ་ཞེས་གྲགས་སོ། །དེའི་ཚེ་རྒྱལ་པོའི་མཆོད་གནས་སུ་བཟུང་ནས་སྡེ་སྣོད་གསུམ་ལ་ཐོས་བསམ་ཉན་བཤད་མཛད་དོ། །དེའི་ཚེ་བླ་མ་དཱ་རི་ཀ་པ་དང་མཇལ་ནས་གུས་པས་བཏུད་དེ་རྗེས་སུ་འཛིན་པར་ཞུས་པས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་སྟེ་དབེན་པར་སོང་ལ་སྒྲུབས་ཤིག་
ཅེས་ལུང་བསྟན། དེར་བྷཾ་ག་ལའི་ནགས་ཁྲོད་དབེན་པ་ཞིག་ཏུ་སྒྲུབ་པ་མཛད་པ་ན། རེ་ཞིག་ཁྱེད་ཨོ་རྒྱན་དུ་སོངས་ཤིག །དེར་ཕག་རྫི་མོ་གཅིག་གིས་རྗེས་སུ་འཛིན་པར་འགྱུར་རོ། །ཞེས་ནམ་མཁའ་ལས་སྒྲ་བྱུང་ནས། དེར་ཕྱིན་ཏེ། ཕག་རྫི་མོ་མཐོང་ཚད་ལ་ཕྱག་ཕུལ་གསོལ་བ་བཏབ་པ་དང༌། ལན་ཅི་ཡང་མ་བྱུང་བས་ཐུགས་ཆད་པ་དང༌། ཕག་རྫི་མོ་རྒན་མོ་མདོག་ཤིན་ཏུ་མི་སྡུག་པ་གོས་ཧྲུལ་བ། རེས་རྒོད་རེས་ངུ་བ་ཞིག་བྱུང་བ་ལ་ཕྱག་དང་མཆོད་པ་བྱས་ཏེ་རྒྱུ་མཚན་དྲིས་པས། སྔགས་དར་ཡང་ཉམས་སུ་ལེན་པ་ཉུང་བས་སོ་གསུང༌། དེ་མཁའ་འགྲོ་མར་ཤེས་ཏེ་ཞབས་སྤྱི་བོར་བླངས་རྗེས་སུ་འཛིན་པར་ཞུས་པས། དེར་རང་གཟུགས་དངོས་སུ་བསྟན། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་པ་གནང་ནས་ལྷོ་ཕྱོགས་སུ་སྒོམས་ཤིག་ཅེས་ལུང་བསྟན་ནོ། །དེ་ནས་སློབ་དཔོན་གྱིས་རིམ་གྱིས་བྱོན་པས་ལྷོ་ཕྱོགས་ཨོ་ཊི་བི་ཤ་ཞེས་བྱ་བའི་ཡུལ་ཕྱོགས་ཀྱི་ནགས་ཁྲོད་དབེན་པ་ཞིག་ན་སྒྲུབ་པ་སྙིང་པོར་མཛད་ཅིང་བཞུགས་པ་དེའི་ཚེ། ཡུལ་དེའི་རྒྱལ་པོ་སོས་ཀའི་དུས་སུ་སྐྱོ་བ་བསང་ཞིང་རི་དྭགས་ལ་འཕོང་བསླབ་པའི་དོན་དུ། ནགས་གསེབ་འཐུག་པོར་བྱོན་པ་དང༌། རྒྱལ་པོ་དེས་སློབ་དཔོན་མཐོང་སྟེ་དགེ་སློང་དེ་གཟུགས་ཤིན་ཏུ་རིད་པ། ལུས་ཉི་ལྷགས་ཀྱིས་གཟིར་བ་འཚོ་བར་བྱ་བའི་དངོས་པོ་གང་ཡང་མེད་པ་མཐོང་ནས་སྙིང་རྗེ་སྐྱེས་ཏེ་ངས་ཟས་སྦྱིན་གྱིས། གྲོང་ཁྱེར་དུ་འདོད་དོ་ཞེས་སྨྲས་སོ། །དེའི་ཚེ་སློབ་དཔོན་རིམ་ལྔ་ལ་བློ་སྦྱོང་བའི་རིམ་པ་གསུམ་པའི་ལས་ཀྱི་ཕྱག་
རྒྱ་སྒྲུབ་པར་བཞེད་པའི་སྐབས་སུ་བབ་སྟེ། མངོན་པར་ཤེས་པས་གཟིགས་པས་ཕྱག་རྒྱ་འགྲུབ་པར་གཟིགས་ནས། དངོས་རྣམས་ཡོངས་སུ་ཤེས་པའི་མཁས་པ་རྣམས་ལ་བརྙས་པར་མི་བྱ་སྟེ། །དེ་ནི་རྩྭ་རྩེ་ཆུང་བ་བས་ཀྱང་ཆུང་བའི་འབྱོར་པ་ལ་ནི་ཆགས་པ་མིན། །རྒྱུན་མི་འཆད་པར་ཆང་འཛག་པ་ཡིས་འགྲམ་ལང་ནག་པོར་གྱུར་པ་ཡིས། །གླང་ཆེན་རྣམས་ནི་པདྨའི་སྐུད་པ་ཕྲ་མོས་འཁྱིག་པར་མི་ནུས་བཞིན། །ཞེས་གསུངས་པ་དང༌། རྒྱལ་པོ་ཁྲོས་ནས། ངས་འདི་གྲོང་ཁྱེར་དུ་དམའ་དབབ་པར་བྱའོ། །ཞེས་གྲོང་ཁྱེར་དུ་ཕྱིན་ནས་ནགས་གསེབ་ཀྱི་བཙུན་པ་འདི་གྲོང་ཁྱེར་དུ་དམའ་དབབ་པར་སུ་ཡིས་ནུས་པ་དེ་ལ་བྱ་དགའ་ཆེན་པོ་སྟེར་རོ་ཞེས་དྲིལ་བསྒྲགས་སོ། །དེའི་ཚེ་སྨད་འཚོང་མ་ཞིག་ལ་བུ་མོ་མཛེས་མ་པདྨ་ཅན་གྱི་རིགས་སུ་གྱུར་པ་ཞིག་ཡོད་པ་ན་རེ། ངས་གྲོང་དུ་འདི་དམའ་དབབ་པར་བྱའོ་ཞེས་ཁས་བླངས་སོ། །དེ་ནས་དགོས་པའི་ཡོ་བྱད་ཐམས་ཅད་ནི་རྒྱལ་པོས་གྲོང་ཁྱེར་ནས་བསྲིངས། བུ་མོ་དེས་སློབ་དཔོན་གྱི་ཞབས་ཏོག་བྱེད་པར་ཞུས་པས། སྐལ་བ་དང་ལྡན་པར་གཟིགས་ནས་གནང་སྟེ། དེ་ལ་དབང་དང་དམ་ཚིག་ཐམས་ཅད་ཀྱི་སྣོད་དུ་རུང་བར་བྱས་ཏེ། ཕྱག་རྒྱ་མ་བྱས་ནས་རིམ་པ་ལྔ་པ་མཐར་ཕྱིན་གྱི་བར་དུ་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་དོ། །དེ་ནས་ཀུན་ཏུ་བཟང་པོའི་སྤྱོད་པས་ཨོ་ཊི་བི་ཤ་ན་གནས་པ་རྣམས། རྡོ་རྗེ་ཐེག་པ་ལ་གཙུད་པར་འདོད་པ་དང༌། མ་འོངས་པའི་སེམས་ཅན་དམན་པ་རྣམས་
ཀྱི་དོན་དུ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྱན་དྲངས་པའི་དགོངས་པ་དང༌། སློབ་དཔོན་བདག་ཉིད་ལ་འགྲོ་བ་རྣམས་མི་མོས་པ་བཟློག་པར་བྱ་བའི་དོན་དུ། གྲོང་ཁྱེར་དུ་བཞུད་པར་བཞེད་ནས་སྤྲུལ་པའི་བུ་དང་བུ་མོ་གཉིས་ཤིག་ཀྱང་སྤྲུལ་ཏོ། །དེ་ནས་རྒྱལ་པོས་ཆང་འཚོང་མ་ལ་མངགས་ཏེ། དེ་རིང་ནགས་གསེབ་ནས་དགེ་སློང་ཁྲིད་ལ་ཤོག་ཅེས་སྨྲས་སོ། །གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱང་སྒོ་དྲུང་དུ་འཚོག་ཏུ་བཅུག་སྟེ། ལམ་དུ་རིམ་པ་བཞིན་ཆང་གི་བུམ་པ་བསྒྲིག་ཏུ་བཅུག་སྟེ། སྤྱན་དྲངས་པའི་ཚེ། སྤྲུལ་པའི་བུ་ནི་གཡས་ནས་བརྒྱུག །བུ་མོ་ནི་གཡོན་ནས་བརྒྱུག །སློབ་དཔོན་གྱིས་རྭ་ཅོའི་སྣོད་ཅིག་ཞལ་དུ་བཅུག་པ་ལ། ཇོ་མོས་ཆང་གི་བུམ་པ་བཏེག་ཅིང་བླུགས་ཏེ། རིམ་པ་བཞིན་དུ་བྱོན་ནས་གྲོང་ཁྱེར་དུ་སླེབ་པའི་ཚེ། རྒྱལ་པོས་དབུ་བྱས་གྲོང་ཁྱེར་བ་རྣམས་ཀྱིས། སློབ་དཔོན་རང་ཉིད་ཀྱིས་བྱས་པའི་སྔར་གྱི་ཚིགས་བཅད་གླུར་ལེན་ཅིང༌། རྒྱལ་པོས་སྤྱན་དྲངས་པའི་ཚེ་མི་འོང་བར། ཆང་འཚོང་མའི་བུ་མོས་བོས་པའི་ཚེ་དེ་ལ་འབབ་པ་ཞེས་ཐལ་མོ་བརྡབས་ཤིང་གང་མོའི་སྒྲ་བྱས་པས། སློབ་དཔོན་གྱིས་སྔར་དགོངས་པ་དང་རང་གི་ནུས་པ་བསྟན་པའི་ཕྱིར། རྭའི་སྣོད་དེ་ས་ལ་བརྡབས་པས། ས་འོག་རིམ་པ་བདུན་དུ་ཕུག་སྟེ། འོག་གི་ཆུ་ཆེན་པོ་གྱེན་དུ་ཕྱུང་ངོ༌། །དེ་མ་ཐག་སློབ་དཔོན་རང་ཉིད་ཧེ་རུ་ཀར་བྱས། བཙུན་མོ་རྡོ་རྗེ་ཕག་མོར་བྱས། སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། བུ་མོ་ནི་དྲིལ་བུར་བྱས་ཏེ། བདེ་མཆོག་ལྷན་ཅིག་སྐྱེས་པའི་རྣམ་པར་བྱས་ནས་ནམ་མཁའ་ལ་
གཤེགས་སོ། །རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པར་གསོལ་བས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ། ཅེས་གསུངས་ནས་ཐམས་ཅད་ཀྱིས་ན་མོ་ལོ་ཀེ་ཤྭ་རཱ་ཡ་ཞེས་གསོལ་བ་བཏབ་པས། ཆུའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་རང་བྱུང་ཞིག་བྱུང་སྟེ། དེ་ལ་ཆུ་རྣམས་སྐོར་བ་ལན་བདུན་བྱས་ནས་སའི་འོག་ཏུ་སོང་ངོ༌། །ཐུགས་རྗེ་ཆེན་པོའི་སྐུ་ནི་དེང་སང་ཡང་བྱིན་རླབས་ཆེ་ཞིང༌། འགྲོ་བ་ཐམས་ཅད་སྐྱབས་པར་གྱུར་པ་ཡིན་ནོ། །ཨོ་ཊི་བི་ཤ་བ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་ཚུད་ནས་དངོས་གྲུབ་ཐོབ་པ་མང་དུ་བྱུང་ངོ༌། །རྡོ་རྗེ་གདན་པས་ཀྱང༌། བུ་སྨད་བཅས་ཤིང་དངོས་གྲུབ་བརྙེས། །བྷཾ་ག་ལ་རུ་ལུང་བསྟན་ཐོབ། །རྡོ་རྗེ་དྲིལ་བུ་ཞེས་བྱ་བའི། བླ་མ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གྲུབ་ཆེན་དེས་གདུལ་བྱ་རྣམས་ཀྱི་དོན་དུ་དགོངས་ནས། ལུས་དཀྱིལ་དུ་དབང་བསྐུར་བའི་ཆོ་ག་དང༌། ལུས་དཀྱིལ་གྱི་སྒྲུབ་ཐབས་ཆེ་ཆུང་གཉིས། ལྷ་ལྔའི་སྒྲུབ་ཐབས་ཏེ་བསྐྱེད་རིམ་གྱི་སྒྲུབ་ཐབས་གསུམ། རྫོགས་རིམ་ལ་རིམ་པ་ལྔ་པ་དང༌། ལྷན་སྐྱེས་ཀྱི་སྒྲུབ་ཐབས་གཉིས་ལ་སོགས་པ་མཛད་དོ། །རིམ་ལྔའི་རང་འགྲེལ་ཡིན་ཟེར་བ་ནི། རྫུན་མ་འབའ་ཞིག་གོ །རིམ་ལྔ་ལ་འགོས་དང༌། ཀུ་མཱ་ར་བོ་དྷི་ལས་བརྒྱུད་པའི་ལུགས་གཅིག་དང༌། ཕམ་མཐིང་པ་སྐུ་མཆེད་ནས་བླ་མ་མལ་དང་མར་དོ་ནས་བརྒྱུད་པའི་ལུགས་གཉིས་སྣང་ངོ༌། །གཉིས་པ་ལ་བཞི། སྦས་དོན་བཤད་པར་དམ་བཅའ་བ། བཤད་བྱའི་གཙོ་བོ་ངོས་བཟུང་བ། དེའི་བསྔགས་པ་བསྟན་
པ། དེ་རྒྱུད་ལ་བསྐྱེད་པའི་ཐབས་བསྟན་པའོ། །དང་པོ་ནི། ལམ་འདི་གཙོ་བོར་བླ་མ་དམ་པའི་བྱིན་རླབས་ཞུགས་པ་ལ་བལྟོས་ཤིང༌། བླ་མ་དམ་པའི་མན་ངག་ལ་རག་ལས་པས་བླ་མའི་བྱིན་རླབས་ཙམ་གྱིས་འབྱུང་ཞེས་གསུངས་ཀྱི། བླ་མས་བྱིན་གྱིས་བརླབས་པ་ལས་གཞན་པའི་རྒྱུ་རྣམས་ཙམ་གྱི་སྒྲས་གཅོད་པ་མིན་ཏེ། སྡོམ་འབྱུང་ལས། དེ་ཉིད་ཆོས་ལ་འཇུག་བྱའི་ཕྱིར། །དེ་རྣམས་དབྱེ་བ་རབ་བསྟན་པ། །བླ་མ་དམ་པའི་མན་ངག་གིས། །གསལ་བར་འགྱུར་གྱི་གཞན་དུ་མིན། །ཞེས་པ་དང༌། སངས་རྒྱས་ཀུན་གྱི་གསང་བ་ནི། །འདུས་པ་བདེ་བའི་མཆོག་ཡིན་ཏེ། །བདག་བྱིན་བརླབ་པའི་རིམ་པ་འདི། །བླ་མའི་དྲིན་གྱིས་གསལ་བར་འགྱུར། །ཞེས་བདག་བྱིན་རླབས་ཀྱི་རིམ་པ་བླ་མའི་དྲིན་ལས་ཐོབ་པ་ལས་གཞན་དུ་མིན་ཞེས་གསུངས་པ་ལྟར། ཙམ་གྱི་སྒྲས་གཅོད་པའང་ཤེས་པར་བྱ་སྟེ། དེ་ལྟར་གསུངས་པས་བྱིན་གྱིས་བརླབས་ལས་འབྱུང་བ་ཙམ་སྟེ་ཁོ་ནའོ་ཞེས་མི་ལྡན་རྣམ་གཅོད་ཀྱི་དོན་དུ་བྱའོ། །དེའི་ཕྱིར་ཚིག་རིགས་འདི་འདྲ་རྣམས་ལ་བརྟེན་ནས་བླ་མ་ལ་མོས་གུས་བྱས་ནས་བྱིན་རླབས་ཞུགས་ན་དེས་ཆོག་གི །གཞན་གང་ཡང་མི་དགོས་སོ་ཞེས་སྨྲ་བ་ནི་བླུན་པོའི་འཇུག་པ་ཡིན་ཏེ། དེ་ལྟ་ན་དབང་དང་དམ་ཚིག་བསྲུང་བ་དང་ལམ་གྱི་གནད་ཤེས་ནས་སྒྲུབ་པ་སོགས་ཀྱང་མི་དགོས་པར་འགྱུར་ན་དེ་ནི་མི་རིགས་ཏེ། དེ་དག་གིས་བསྒྲུབས་ཀྱང་ཅི་ཡང་མི་འགྲུབ་པར་གསུངས་པའི་ཕྱིར་རོ། །སྐད་ཅིག་ཉིད་ལ་འབྱུང་བ་ནི་རིང་པོར་མི་ཐོགས་པར་འབྱུང་བའི་དོན་ཡིན་གྱི། ཁྱིམ་པ་ཞིག་ལ་
སྐྱེ་བར་སྟོན་པའི་དོན་མིན་ནོ། །དེ་འདྲ་བ་གང་ཡིན་པའི་བདག་བྱིན་རླབས་ཀྱི་རིམ་པ་བཤད་པར་བྱའོ་ཞེས་སྦྱར་རོ། །རིམ་པ་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། འཁོར་ལོ་སྡོམ་པར་ཏེ་བདེ་མཆོག་གི་རྩ་བའི་རྒྱུད་དུ་སྦས་པ་ཡི་རིམ་པའོ། །ཁ་ཅིག་བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་ཐམས་ཅད་ནས་སྦས་པ་ཞེས་ཟེར་བ་ནི་མི་ལེགས་ཏེ། རྩ་བའི་རྒྱུད་དུ་སྦས་པ་དེ་དག་གསལ་བར་སྟོན་པ་ལ་བཤད་རྒྱུད་གསུངས་པའི་ཕྱིར་ཏེ། དཔེར་ན་རིམ་ལྔ་ལས། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་འདུས་པའི་རིམ་ལྔ་རྩ་རྒྱུད་དུ་རྒྱས་བཏབ་ནས་སྦས་པ་དེ། བཤད་རྒྱུད་ལ་བརྟེན་ནས་རྩ་རྒྱུད་འཆད་ཤེས་པའི་བླ་མའི་ཞལ་ལས་ཤེས་དགོས་པར་གསུངས་པ་དང་དོན་འདྲ་བའི་ཕྱིར་དང༌། བཤད་རྒྱུད་ཐམས་ཅད་དུ་སྦས་ན་དེ་ལ་བརྟེན་ནས་རྩ་རྒྱུད་ཀྱི་དོན་གསལ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཀུ་མཱ་ར་བོ་དྷིས་འཁོར་ལོ་སྡོམ་པའི་རྒྱུད་མཁའ་འགྲོ་མས་སྦས་པ་ལས། དྲིལ་བུ་པས་བཏོན་ཞེས་པ་ནི་ཡི་གེའི་དོན་ལའང་མ་ཞུགས་པ་དོན་མ་རྟོགས་པའི་བཤད་པའོ། །འོ་ན་རིམ་པ་ལྔ་ག་འཆད་པའི་བཤད་པར་དམ་བཅའ་བ་འོང་བ་རིགས་པ་ལ། རིམ་པ་དང་པོ་བདག་བྱིན་རླབས་ཀྱི་རིམ་པ་ཙམ་ཞིག་བཤད་པར་དམ་བཅའ་བ་མཛད་པ་ཅི་ཡིན་ཞེ་ན། འདི་ནི་བདེན་མོད་ཀྱང༌། བདག་བྱིན་རླབས་གཙོ་བོར་གོ་བའི་ཆེད་དང༌། དེས་ཀྱང་ལྷག་མ་རྣམས་ཀྱི་
བརྩམ་པར་དམ་བཅའ་བ་རྟོགས་པར་ནུས་པ་ལ་དགོངས་པས་སྐྱོན་མེད་དོ། །བརྩམས་པར་དམ་བཅའ་བ་ཡོད་ལ་མཆོད་བརྗོད་མེད་པ་བཤེས་སྤྲིངས་ལྟ་བུ་དང༌། མཆོད་བརྗོད་ཡོད་ལ་བརྩམ་པར་དམ་བཅའ་དངོས་སུ་མེད་པ་རྩ་བ་ཤེས་རབ་ལྟ་བུ་དང༌། གཉིས་ཀ་ཡོད་པ་ནི་ཤིན་ཏུ་མང་ལ། གཉིས་ཀ་མེད་པ་མངོན་པ་ཀུན་ལས་བཏུས་ལྟ་བུ་ཆེན་པོ་རྣམས་ཀྱི་གཞུང་ལ་ཤིན་ཏུ་མང་བས། འདིར་ཡང་མཆོད་བརྗོད་མེད་ལ་བརྩམ་པར་དམ་བཅའ་ཡོད་པ་ལ་མི་རིགས་པ་མེད་དོ། །གཉིས་པ་ནི། སྦས་དོན་བདག་བྱིན་རླབས་དེ་ཡང་གང་ཞེ་ན། མཁའ་འགྲོ་མ་སྟེ་ནམ་མཁའ་དང་འདྲ་བའི་སྟོང་པ་ཉིད་ལ་འགྲོ་བའི་ཤེས་རབ་ཀྱི་ཚོགས་ཀུན་གྱི་རབ་ཏུ་གཅེས་པའི་སྙིང་པོ་ནི་སྡོམ་པའོ། །དེའང་སྡོམ་པའི་སྐད་དོ་སཾ་བ་རའི་སཾ་ནི་བདེ་བ་དང་བ་ར་ནི་མཆོག་སྟེ་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །དེ་ནི་ལམ་གཞན་གྱི་གོང་མར་གྱུར་པས་ན་བླ་མ་ཉིད་དེ་ངེས་པའི་དོན་ནོ། །ཡང་དྲང་བའི་དོན་དུ་བཤད་ན། མཁའ་འགྲོ་མ་ནི་ནང་གི་ཁམས་དམར་པོའམ་རྩ་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་དྲ་བ་དང་དོན་གཅིག་སྟེ་ཚོགས་ཤིང་འདུས་པའོ། །གང་དང་འདུས་ན་བྱང་སེམས་དཀར་པོ་དང་འདུས་པས་སྙིང་པོ་བདེ་བའི་མཆོག་ཏུ་བྱེད་པའི་བླ་མ་སྟེ་མན་སྙེའི་དགོངས་པ་ལྟར་བཤད་པའོ། །དེ་ལྟར་ན་ངེས་དོན་དུ་བཤད་པས་གཙོ་བོ་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་སྟོན་ལ། དྲང་དོན་དུ་བཤད་པས་རྩ་ཨ་ཝ་དྷཱུ་ཏཱིའི་ནང་དུ་ཁམས་དཀར་དམར་འདུས་པ་ལས། ལྷན་སྐྱེས་འདྲེན་པའི་ཐབས་རིམ་པ་དང་པོ་དང༌། གཉིས་
པ་དང་བཞི་པ་དང་ལྔ་པའི་སྐབས་སུ་བཤད་པ་རྣམས་སྟོན་ནོ། །ཡང་ཚོགས་དང་དོན་གཅིག་པའི་དྲ་བའི་སྐད་དོད་ཛཱ་ལ་ནི། མངོན་བརྗོད་ཀྱི་གཞུང་ལས། ཛཱ་ལ་ཚོགས་དང་དྲ་སྒོ་དག་ལ་སྟེ། །མེ་ཏོག་ཕོན་པོ་ཉ་རྒྱ་སྒྱུ་མ་ཡང༌། །ཞེས་ཛཱ་ལ་ནི་ཚོགས་དང་དྲ་བ་དང་སྒོ་དང་མེ་ཏོག་དང་ཕོན་པོ་དང་ཉ་རྒྱ་དང་སྒྱུ་མ་སྟེ་བདུན་ལ་འཇུག་པར་གསུངས་ལ། མེ་ཏོག་གི་སྒྲ་ནི་པདྨ་ལ་ཡང་འཇུག་པས་མཁའ་འགྲོ་མའི་པདྨའི་སྙིང་པོ་ལས་བདེ་བ་མཆོག་འཛིན་པ་ཡིན་པས་རིམ་པ་གསུམ་པའི་སྐབས་ཀྱི་བདེ་ཆེན་བསྐྱེད་ཐབས་རྣམས་ཀྱང་སྟོན་ཏེ། འདིའང་མན་སྙེར་བརྟེན་ནས་བཤད་དོ། །སྐབས་འདིར་འགོས་འགྱུར་ལས། རིམ་པ་ལྔ་པ་ཉེར་བསྟན་པ། །གསལ་བ་ལས་ཀྱང་གསང་བ་མཆོག །མཁའ་འགྲོ་མ་ཡི་ཞེས་རྐང་པ་ལྷག་པོ་གཉིས་འབྱུང་ངོ༌། །གསུམ་པ་ནི། ཕྱི་རོལ་གྱི་བགྲང་འཕྲེང་དང་དེ་ལ་བརྟེན་པའི་བཟླས་པ་དང་ལྷ་ལ་དམིགས་པའི་ཀུན་རྟོག་གི་བསམ་གཏན་དང༌ཀུན་རྟོག་གིས་ལྷ་མཆོད་པ་རྣམས་ཡོད་པ་མ་ཡིན་ལ། ཕྱི་ལ་བརྟེན་པའི་ཚེས་གྲངས་བཟང་ངན་བརྩི་བ་མེད་ཅིང༌། ཉི་མ་ངེས་པའི་བསྙེན་གནས་ལ་སོགས་པ་ཡང་མེད་ལ། ཕྱིའི་སྦྱིན་སྲེག་ཡང་དག་པར་གནས་པ་མེད་ཅིང༌། གླེགས་བམ་ཀློག་པ་དང་ངག་ཏུ་འདོན་པ་རྣམས་ཡོད་པ་མ་ཡིན་ནོ། །སྐབས་གང་དུ་ཞེ་ན་འདིར་མེད་དེ་ཞེས་གསུངས་ཏེ། རིམ་པ་དང་པོའི་སྐབས་དང༌། དེ་རྫོགས་ནས་རྫོགས་རིམ་ལ་སློབ་པའི་ཐོག་མའི་སྐབས་སུ་དེ་དག་མེད་ཅེས་པ་མིན་གྱི། རྫོགས་རིམ་
པའི་ལྷན་སྐྱེས་བརྟན་པའི་སྐབས་ནས་ཡིན་ཏེ། དེ་ནི་སྙིང་པོ་སྡོམ་པ་བླ་མའི་སྐབས་འདིར་ཞེས་པའི་དོན་ནོ། །འདི་ནི་བཤད་པའི་རྒྱུད་མངོན་བརྗོད་ལས། བདེ་གཤེགས་དབུགས་འབྱིན་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། །བསོད་ནམས་ཆུང་ངུའི་སྔགས་པས་ཀྱང༌། །ང་དགའ་བས་ནི་རྙེད་པར་འགྱུར། །དེ་ན་བསྲུང་མེད་བཟའ་བ་མེད། །དཀྱིལ་འཁོར་དཀྱིལ་འཁོར་བདག་པོ་མེད། །བཟླས་དང་བརྟུལ་ཞུགས་སྦྱིན་སྲེག་མེད། །མདོར་ན་སེམས་བསྡུས་ཚུལ་ཅན་ནོ། །ཞེས་གསུངས་ཤིང༌། རྐང་པ་ཕྱི་མ་བཞི་ཀུན་སྤྱོད་ལས་ཀྱང་གསུངས་པ་དང་འདྲ་ལ། ཀྱེ་རྡོར་ལས་ཀྱང་གསལ་བར་གསུངས་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་རབ་ཏུ་བརྗོད། །སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་དེ་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་ཡང་ནི་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དཀྱིལ་འཁོར་དག་ཀྱང་ཡིན། །མདོར་བསྡུས་ན་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་གསུངས་སོ། །དེ་ལ་སྟོང་པ་ནི་དེ་ཁོ་ན་ཉིད་ཀྱི་ལྟ་བའམ་དེ་ཁོ་ན་ཉིད་དོ། །སྙིང་རྗེ་ནི་མངོན་བརྗོད་དང་དྲིལ་བུ་པའི་ལུས་དཀྱིལ་ལས། བདེ་ཆེན་ཐུགས་རྗེའི་བདག་ཉིད་ཅན། །ཞེས་གསུངས་པ་ལྟར་བདེ་བ་ཆེན་པོའོ། །དེ་གཉིས་དབྱེར་མེད་དུ་སྦྱོར་བ་ལ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་ཤིང༌། དེ་ལ་སྔགས་བཟླས་ནས་དཀྱིལ་འཁོར་གྱི་བར་མེད་པར་གསུངས་པ་ནི། ཕྱིའི་སྔགས་བཟླས་སོགས་སོ། །འོན་ཀྱང་ནང་ངེས་དོན་གྱི་སྔགས་
བཟླས་སོགས་དེ་ལ་ཚང་བར་སྟོན་པ་ནི། དེ་ནི་སྔགས་བཟླས་ཞེས་སོགས་སོ། །བྱང་ཆུབ་ཀྱི་སེམས་དེ་ཉིད་དེ་ཁོ་ན་ཉིད་ཤེས་པ་དང་འགྲོ་བ་སྐྱོབ་པས་སྔགས་དང༌། ཡང་དང་ཡང་དུ་བྱེད་པས་བཟླས་པ་དང༌། ཁ་ན་མ་ཐོ་བ་ཐམས་ཅད་འགོག་པས་དཀའ་ཐུབ་སྟེ་བརྟུལ་ཞུགས་དང༌། ཉོན་མོངས་དང་ཕུང་པོའི་སྲེག་རྫས་འཇོམས་པས་སྦྱིན་སྲེག་དང༌། ངེས་དོན་གྱི་རྡོ་རྗེ་རྣལ་འབྱོར་མ་དང་ཧེ་རུ་ཀ་འདུས་པས་དཀྱིལ་འཁོར་པ་དང༌། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དཀྱིལ་འཁོར་རོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་མདོར་བསྡུས་ན་དེ་ཉིད་ཆོས་ཐམས་ཅད་འདུས་པའི་ཚུལ་ཅན་ཏེ། ཆོས་ཐམས་ཅད་ཀྱི་བདག་ཉིད་ཅན་ཏེ་དེའི་ཕྱིར་དེ་ཉིད་བསྐྱེད་པར་བྱ་སྟེ། དེ་ཉིད་ཀྱིས་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་མཚོ་སྐྱེས་ཀྱི་འགྲེལ་པར་བཤད་དོ། །གཟུགས་ཅན་ཞེས་པ་ལས་ཚུལ་ཅན་ཞེས་པ་འགྱུར་ལེགས་ལ། འདུས་པའི་ཚུལ་ཅན་གྱི་དོན་ནི་དེ་ཉིད་སྔགས་བཟླས་ནས་དེ་ནི་དཀྱིལ་འཁོར་ཉིད་ཅེས་གསུངས་པའི་དོན་ཡིན་ལ། ལམ་གཞན་རྣམས་ཀྱང་འདིར་འདུས་པར་བཤད་དགོས་སོ། །དེ་ནི་ལམ་གཞན་གྱིས་གནས་སྐབས་མཐར་ཐུག་གི་དོན་གང་འགྲུབ་ཐམས་ཅད་ལམ་འདིར་མ་ཚང་བ་མེད་པ་དང་རིང་པོར་མི་ཐོགས་པར་དང༌། ལམ་བདེ་བས་འགྲུབ་པའི་ཚུལ་བྱེད་ལས་ཀྱི་སྒོ་ནས་འདིར་འདུ་བའོ། །དེ་ལྟར་ལམ་ཤིན་ཏུ་རྒྱ་ཆེ་བ་མང་པོ་ལ་སློབ་མི་དགོས་པའི་ལམ་མདོར་བསྡུས་དང༌། དུས་
ཚེ་གཅིག་ལ་འགྲུབ་པ་དང་དེ་ཡང་འཇུག་པ་ཤིན་ཏུ་བདེ་བ་དང༌། ཚེ་འདིར་སྡིག་ཤིན་ཏུ་ཆེ་བས་ཀྱང་འགྲུབ་ཅེས་པ་དང༌། སྐྱེ་བ་སྔ་མར་ཚོགས་ཀྱི་བསགས་རྒྱབ་ཤིན་ཏུ་མི་ཆེ་བའི་བསོད་ནམས་དམན་པས་ཀྱང་འགྲུབ་པར་གསུངས་པ་ནི། ལམ་གྱི་ཡོན་ཏན་ཡིན་ལ་དེ་ཡང་བདག་མེད་པའི་དོན་ཕུ་ཐག་ཆོད་པ་བྱས་པའི་དེ་ཁོ་ན་ཉིད་ལྷན་སྐྱེས་ཀྱི་བདེ་བས་བསྒོམས་པ་ལས་ཡིན་པས། ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོའི་གནད་ལ་མཁས་པར་བྱ་ཞིང་དེ་ལ་ཤིན་ཏུ་གུས་པར་བྱའོ། །འདིར་རིམ་ལྔའི་འགྱུར་གཞན་ལས། དེ་ནི་བསམ་གཏན་དེ་མཆོད་པ། །དེ་ནི་ཚེས་གྲངས་ངེས་པ་ཡིན། །དེ་ནི་སྦྱིན་སྲེག་དེ་ནི་གནས། །ཞེས་འབྱུང་ལ། འགོས་དང་རྔོག་གི་འགྱུར་ལ་མེད་དོ། །དེ་འདྲ་བའི་ཡེ་ཤེས་དེ་གང་གི་རྒྱུད་ལ་སྐྱེ་ཞེ་ན། རྣམ་རྟོག་མེད་པ་ནི་ལུས་དཀྱིལ་ལས་ཕྱི་རོལ་གྱི་རྣམ་རྟོག་སྤངས་པར་བསྟན་པ་སྟེ། ཐེག་པ་གཞན་ལ་ལྷུར་བྱེད་པའི་བསམ་པ་མེད་པའོ། །འཇིགས་པ་དང་བྲལ་བ་ནི་ཐམས་ཅད་སྟོང་པ་ཉིད་དང་ལྷར་མཉམ་པའི་སྒོ་ནས་འདོད་ཡོན་ལ་སྤྱོད་པ་ལ། ཕྱི་མར་ངན་སོང་དུ་ལྷུང་དུ་དོགས་པ་མེད་པའོ། །གུས་པ་ནི་བླ་མ་ལ་ཤིན་ཏུ་གུས་པ་སྟེ་སློབ་མ་དེའི་རྒྱུད་ལ་སྐྱེ་ཞེས་སྦྱར་རོ། །གང་ཞིག་སྐྱེ་ན་ཀུན་མཁྱེན་གྱི་སྤྱོད་ཡུལ་དུ་གྱུར་པའི་ཡེ་ཤེས་གང་ཞིག་ནི་སྐྱེས་པ་ཙམ་གྱིས་མཆོག་ཏུ་དགའ་བ་དང་ལྡན་པར་འགྱུར་བ་སྟེ། དགའ་བའི་མཆོག་ལྷན་ཅིག་སྐྱེས་པའི་དགའ་བ་དང་ལྡན་པར་འགྱུར་བའི་ཡེ་ཤེས་སོ། །བདེ་སྟོང་གཉིས་མེད་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ཉིད་ཙམ་ཞིག་ལ་གོམས་པར་བྱས་པས་མངོན་པར་
ཤེས་པ་ལྔ་དང་ལྡན་པ་སྟེ། མངོན་ཤེས་ལྔ་ཐོབ་པར་འགྱུར་བ་སྟེ། འགོས་འགྱུར་ལས། མངོན་ཤེས་ལྔ་ནི་རྙེད་འགྱུར་ཞིང༌། །ཞེས་འབྱུང་བ་བདེའོ། །ལྷན་ཅིག་སྐྱེས་གྲུབ་ལས། དཔའ་བོ་བདེ་ཆེན་གྲུབ་པ་ཡིས། །དོན་ཆེན་བདེ་བ་ལ་བརྟེན་ནས། །རྣམ་པ་ཀུན་ཏུ་དངོས་གྲུབ་དག །ཉེ་བར་རབ་ཏུ་གནས་འགྱུར་ཞིང༌། །མངོན་ཤེས་ལྔ་ཡང་འབྱུང་བར་འགྱུར། །ཞེས་གསུངས་པ་དང་མཐུན་ནོ། །ལྷན་སྐྱེས་གོམས་པ་ཙམ་གྱིས་མངོན་ཤེས་ལྔ་འཐོབ་པ་དེ་བཞིན་དུ་རབ་དགའ་སོགས་ས་བཅུ་ཉིད་ཀྱང་དེ་ལ་གོམས་པ་ཙམ་གྱིས་འཐོབ་བོ། །ནམ་མཁའ་ལ་འགྲོ་བ་དང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་སོགས་ཀྱི་རྫུ་འཕྲུལ་དང་ཡོད་པ་མི་སྣང་བར་བྱེད་པའི་རྫུ་འཕྲུལ་ཁྱད་པར་དུ་སྟེ་ཁྱད་པར་ཅན་འཐོབ་ཅིང༌། རང་དང་གཞན་གྱི་སྐྱེ་བ་དུ་མ་དྲན་པ་དང་ཁམས་གསུམ་པའི་གནས་ན་གནས་པའི་སེམས་ཅན་གྱི་སེམས་རིག་པ་དེའང་འཐོབ་བོ། །སྔར་མངོན་ཤེས་ལྔ་འཐོབ་ཅེས་པ་ནི། ལྷན་ཅིག་སྐྱེས་གྲུབ་ལས་བཤད་པ་ལྟར་ལྷའི་མིག་ལ་སོགས་པ་དབང་པོ་ལ་བརྟེན་པའི་མངོན་ཤེས་ལྔ་ཡིན་ལ། འདི་ནི་སྤྱི་ལ་གྲགས་པའི་མངོན་ཤེས་གཞན་ནོ། །བསྐྱེད་རིམ་ལ་བརྟེན་ནས་མངོན་ཤེས་སྒྲུབ་པ་དང༌། ས་མ་ཐོབ་པའི་རྫོགས་རིམ་གྱི་སྐབས་སུ་མངོན་ཤེས་སྒྲུབ་པ་ནི། རྣམ་གནས་ཀྱི་སྒོ་ནས་སྒྲུབ་པ་ཡིན་ལ། བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ལ་གོམས་པའི་མཐུས། དེ་ཁོ་ན་ཉིད་མངོན་དུ་གྱུར་པའི་སྟོབས་ཀྱིས་ཐོབ་པའི་མངོན་ཤེས་ནི་རྣམ་གནས་ལ་མི་ལྟོས་པ་སྟེ། ཚུལ་
གཉིས་ཤེས་པར་བྱའོ། །སློབ་ལམ་དུ་ཡོན་ཏན་དེ་ལྟར་འཐོབ་པར་མ་ཟད་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཤེས་བྱ་ཐམས་ཅད་ཤེས་པའི་མི་སློབ་པའི་ཡོན་ཏན་ཡང་ལྷན་སྐྱེས་དེ་ཉིད་ལ་གོམས་པ་ཙམ་ལས་འཐོབ་པར་འགྱུར་རོ། །བཞི་པ་ལ་གཉིས། འདི་མན་ཆད་ཀྱི་གཞུང་གི་གཅོད་མཚམས་བསྟན་པ་དང༌། གཞུང་དངོས་བཤད་པའོ། །དང་པོ་ནི། འདི་མན་ཆད་ཀྱི་གཞུང་གི་གཅོད་མཚམས་ལ་མི་མཐུན་པ་གཉིས་ཡོད་དེ། ཕམ་མཐིང་པ་ནས་བརྒྱུད་པ་རྣམས། །མགལ་མེ་བསྐྱོད་པའི་རྣམ་པ་ཅན། །ཞེས་པ་ནས་བྱིན་རླབས་ཀྱི་རིམ་པའོ། །ཞེས་པའི་བར་གྱིས་སྔོན་དུ་སློབ་མའི་རྒྱུད་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པར་འདོད་ཅིང༌། སླར་ཡང་རང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་བརྗོད་དོ། །ཞེས་སོགས་ཀྱིས་སྔར་གྱི་བྱིན་རླབས་ཀྱི་རིམ་པ་ལས་གཞན་པའི་བདག་བྱིན་རླབས་ཀྱི་རིམ་པ་སོགས་བསྟན་པར་འདོད་དོ། །ལུགས་གཞན་གྱི་བླ་མ་སྔ་མ་རྣམས་གཞུང་གི་གཅོད་མཚམས་དང་པོས་ཀྱང་བདག་བྱིན་རླབས་ཀྱི་དམིགས་པ་དངོས་གཞི་རྣམས་སྟོན་པར་འདོད་པས། བདག་བྱིན་རླབས་ཀྱི་རིམ་པ་སྔ་ཕྱི་གཉིས་ཀ་ཡང་རིམ་པ་སོ་སོ་བར་མི་འདོད་དོ། །དེ་ལྟར་གཉིས་སྣང་བ་ནི་ཕྱི་མ་ཤིན་ཏུ་ལེགས་སོ། །འོ་ན་རང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་བརྗོད་དོ། །ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། མི་འགལ་ཏེ་སླར་ཡང་རང་བྱིན་གྱིས་བརླབ་པའི་རིམ་པ་ཞེས་གསུངས་པས། བྱིན་རླབས་ཀྱི་རིམ་པ་སྔ་མ་ཉིད་བྱིན་རླབས་ཀྱི་རིམ་པ་གཉིས་པས་སླར་ཡང་འཆད་པ་ཡིན་པས། དེ་གཉིས་མདོར་བསྟན་དང་རྒྱས་བཤད་ཡིན་པའི་
ཕྱིར་གཉིས་ཀ་བསྡོམས་པ་རིམ་ལྔའི་རིམ་པ་དང་པོ་ཡིན་གྱི། བྱིན་རླབས་ཀྱི་རིམ་པ་སྔ་མ་ལས་གཞན་པའི་རིམ་པ་གཉིས་པ་སྟོན་པ་མིན་ནོ། །གལ་ཏེ་བདག་བྱིན་རླབས་ཀྱི་རིམ་པ་རིམ་པ་གཉིས་པ་ཡིན་ན། བསམ་མི་ཁྱབ་ཀྱི་རིམ་པའི་སྐབས་སུ་རིམ་པ་ལྔ་པ་བརྗོད་པར་བྱ་སྟེ། ཞེས་གསུངས་པ་མི་རིགས་པར་འགྱུར་ཏེ། སྣ་ཚོགས་རྡོ་རྗེའི་རིམ་པ་རིམ་པ་གསུམ་པ་དང་ནོར་བུ་འགེངས་པའི་རིམ་པ་རིམ་པ་བཞི་པ་དང༌། ཛ་ལནྡྷ་རའི་རིམ་པ་རིམ་པ་ལྔ་པར་འགྱུར་དགོས་པས་བསམ་མི་ཁྱབ་ཀྱི་རིམ་པ་རིམ་པ་དྲུག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ནོར་བུའི་འགེངས་པའི་རིམ་པ་རིམ་པ་གསུམ་པ་ཡིན་ན། ནོར་བུ་འགེངས་པ་ཞེས་བྱ་བའི་རིམ་པ་བཞི་པ་ཡང་བརྗོད་པ་ཞེས་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ་ནོར་བུ་འགེངས་པའི་རིམ་པ་ཉིད་ལ་ཕྱག་རྒྱ་བཞིའི་རིམ་པ་ཡོད་པས་ནོར་བུ་འགེངས་པའི་རིམ་པ་བཞི་པ་སྟོན་པ་ཡིན་གྱི། ནོར་བུ་འགེངས་པ་རིམ་པ་བཞི་པར་སྟོན་པ་མིན་ནོ། །དེས་ན་རང་བྱིན་གྱིས་བརླབ་པའི་རིམ་པ་གཉིས་པ་ཞེས་པ་ནི། རང་བྱིན་རླབས་ལ་མདོར་བསྟན་དང་རྒྱས་བཤད་ཀྱི་རིམ་པ་གཉིས་ཡོད་པའི་རིམ་པ་གཉིས་པ་སྟོན་པ་ཡིན་གྱི་རང་བྱིན་རླབས་རིམ་པ་གཉིས་པར་སྟོན་པ་མིན་ནོ། །གཉིས་པ་ལ་གཉིས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་དགོས་པར་བསྟན་པ་དང༌། ཡེ་ཤེས་དེ་སྐྱེད་པའི་ཐབས་བསྟན་པའོ། །དང་པོ་ནི། མགལ་མེ་བསྐྱོད་པ་སྐད་ཅིག་ཀྱང་མི་གནས་པར་གཡོ་བ་ལྟ་བུའི་རྣམ་པ་ཅན་གྱི་སེམས་ནི་གཟུགས་སྒྲ་ལ་སོགས་པའི་ཡུལ་ལ་རབ་
ཏུ་རྒྱུག་པ་དེ་ནི་རྒྱུག་པ་དེ་ལས་རྣམ་པར་བཟློག་ནས་མཚོན་དུ་མེད་པའི་དོན་མཚོན་པར་བྱའོ་ཞེས་གདུལ་བྱ་རྣམས་ལ་འདོམས་པའོ། །དེ་ལ་མཚོན་དུ་མེད་པ་ནི་སེམས་དེ་གཟུགས་ཅན་ལྟར་གཟུང་དུ་མེད་པ་ལ་འཆད་པ་ལྟར་མི་བྱ་ཡི། སེམས་ཀྱི་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་ལྟར་དུ་སྒྲ་རྟོག་གིས་བརྗོད་ཅིང་མཚོན་དུ་མེད་པ་ལ་བྱའོ། །དེ་མཚོན་པར་བྱ་བ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པར་བྱ་ཞེས་པའི་དོན་ཡིན་པས་མཚོན་དུ་མེད་ཅེས་པ་རྣམས་ཐམས་ཅད་དུ་མཚོན་མི་ནུས་པ་མིན་ནོ། །རྐང་པ་དང་པོ་གཉིས་ཀྱི་དོན་ཡང་སྤྱིར་སེམས་གཡོ་བའི་ཚུལ་བརྗོད་པ་ཡིན་གྱི། རྫོགས་རིམ་ལ་འཇུག་པའི་སྒྲུབ་པ་པོ་མཚན་ཉིད་ཚང་བའི་སེམས་ལ་བྱེད་པ་མིན་ཏེ། དེ་ནི་རིམ་པ་དང་པོ་མཐར་ཕྱིན་ནས་རྫོགས་རིམ་ལ་འཇུག་པ་ཡིན་པས། རྫོགས་རིམ་ལ་འཇུག་པ་ན་སེམས་རྣམ་གཡེང་གི་བྲན་དུ་སོང་ནས་ཅུང་ཟད་ཀྱང་གནས་པར་མི་ནུས་པ་མ་ཡིན་པའི་ཕྱིར་ཏེ། དྲིལ་བུ་ཞབས་ཀྱི་ལྷ་ལྔའི་སྒྲུབ་ཐབས་ལས། དེ་ལྟར་གུས་པ་དང་བཅས་པས་རྒྱུན་མི་འཆད་པར་བསྒོམས་པས་སེམས་བརྟན་པར་གྱུར་པ་དང༌། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འདི་འདྲའི་རིགས་ཀྱི་གཞུང་རྣམས་གང་གི་ཆེད་དུ་གསུངས་པའི་གདུལ་བྱའི་གཙོ་བོ་མཚན་ཉིད་ཚང་བའི་དབང་དུ་བྱས་ནས། འཆད་པའི་རིམ་པ་ཤེས་དགོས་ལ། དེ་ལྟར་མ་ཤེས་པར་ད་ལྟ་རང་ཅག་རྣམས་ཀྱི་སེམས་རྒྱུད་ལ་ཏིང་ངེ་འཛིན་
སྐྱེ་ཚུལ་གྱི་དབང་དུ་བྱས་ནས་བཤད་པ་བྱས་ན། གཞུང་གི་དོན་མང་དུ་འཕྱུགས་པར་ཤེས་པར་གྱིས་ཤིག །གལ་ཏེ་བསྐྱེད་རིམ་ལ་སེམས་ལེགས་པར་བརྟན་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྙེད་པས། རྫོགས་རིམ་ལ་འཇུག་པ་ན་སེམས་ཡུལ་ལ་རྒྱུག་པ་བཟློག་པ་སྟེ། སེམས་གར་བཞག་ཏུ་རིང་དུ་སྡོད་པ་ཙམ་བསྐྱེད་རིམ་གྱི་སྐབས་ནས་ཀྱང་རྙེད་ཟིན་པས་དེ་ཙམ་ལ་འཇོག་པ་འདིའི་དོན་མིན་ལ། འོ་ན་འདིར་རྫོགས་རིམ་བསྒོམས་པས་སེམས་ཡུལ་ལ་རྒྱུག་པ་བཟློག་ལུགས་ཇི་ལྟར་དུ་བྱེད་ཅེ་ན། འདི་ནི་འོག་ནས་འཆད་པ་ལྟར་སྙིང་ག་ལ་སོགས་པའི་ལུས་ཀྱི་གནད་ཆེ་ས་རྣམས་སུ། རྩ་ཨ་བ་དྷཱུ་ཏཱིལ་གནད་དུ་བསྣུན་པའི་སྒོ་ནས་རོ་རྐྱང་གི་རླུང་གི་རྒྱུ་བ་བཟློག་པའི་ཐབས་ཀྱིས་སེམས་ཡུལ་ལ་རྒྱུག་པ་བཟློག་པ་ཡིན་པས། སེམས་ནང་དུ་བཟུང་སྟེ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་བྱིང་རྒོད་བཅད་པས། སེམས་གར་བཞག་ཏུ་སྡོད་ཐུབ་པའི་མི་རྟོག་པ་སྐྱོང་བ་ཙམ་ལ་མི་བྱེད་པའི་ཁྱད་པར་ལེགས་པར་ཕྱེད་དགོས་སོ། །དེ་ཡང་སྤྱིར་ཏིང་ངེ་འཛིན་ཐུན་མོང་བ་ལ་མཁས་པ་དང༌། ཁྱད་པར་དུ་རིམ་པ་དང་པོའི་སྐབས་སུ་ཏིང་ངེ་འཛིན་ཇི་ལྟ་བུ་སྐྱེ་བ་ལ་མཁས་པ་ལ་རག་ལས་སོ། །དེའི་ཕྱིར་བླ་མ་ཁ་ཅིག་གིས་སྔོན་དུ་སློབ་མ་ལ་བྱིན་རླབས་བྱེད་པའི་དུས་སུ། མགལ་མེ་བསྐྱོད་པ་བཞིན་དུ་སེམས་ཡུལ་ཐམས་ཅད་ལ་དུས་ཀུན་ཏུ་རྒྱུག་པ་ཡིན་པས། དེ་ཡུལ་ལས་མ་བཟློག་ན་ཏིང་ངེ་འཛིན་མི་སྐྱེ་སྟེ་དེའི་ཕྱིར་ཡུལ་དེ་ལ་མངོན་ཞེན་བཏང་བར་བྱ་དགོས་པས་ན། བུ་ཁྱེད་རྣམས་ཡུལ་གང་ལ་མངོན་ཞེན་སྐྱེ་བར་འདུག་སེམས་ཤིག་
ཅེས་བརྗོད་ནས། གང་ལ་ཞེན་པའི་ཡུལ་དེ་རང་བཞིན་མེད་པར་གཏན་ལ་ཕབ་ནས་བདག་མེད་ལ་བློ་ཅུང་ཞིག་འཇོག་ཏུ་གཞུག་གོ །ཞེས་ཚིགས་བཅད་དེའི་དོན་དུ་འདོད་པ་རྣམས་ནི་དོན་མ་རྟོགས་པའི་བཤད་པར་སྣང་ངོ༌། །རང་གི་ལུགས་ནི་སྔར་ཕན་ཡོན་མང་པོས་བསྔགས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་བསྐྱེད་དགོས་པ་དང༌། དེའི་ཐབས་ཀྱང་འོག་ནས་འབྱུང་བ་ལྟར་སྟོན་དགོས་པ་ཡིན་གྱི། ཚིགས་བཅད་གོང་མ་འདི་དང༌། སྒྲ་དང་ཐིག་ལེར་ལྡན་པའི་སེམས། །ཞེས་པའི་རྐང་པ་གཉིས་སེམས་ཀྱི་གཞག་ཐབས་མི་འདྲ་བར་སོ་སོར་གཅོད་པ་དོན་མིན་ནོ། །གཉིས་པ་ལ་གཉིས། བསམ་མི་ཁྱབ་ཀྱི་རིམ་པ་སྐྱེད་པའི་སྔོན་དུ་འགྲོ་བའི་རིམ་པ་དང༌། བསམ་མི་ཁྱབ་ཀྱི་རིམ་པ་སྐྱེད་པའི་ཚུལ་དངོས་སོ། །དང་པོ་ལ་གཉིས། བྱང་སེམས་དཀར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་སྐྱེད་ཚུལ་དང༌། བྱང་སེམས་དམར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་སྐྱེད་ཚུལ་ལོ། །དང་པོ་ལ་གསུམ། དྷཱུ་ཏཱིའི་དབུས་སྙིང་གར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེད་ཚུལ་བདག་བྱིན་རླབས་ཀྱི་རིམ་པ་དང༌། དྷཱུ་ཏཱིའི་ཡར་སྣ་མར་སྣར་གནད་དུ་བསྣུན་པ་ལས་ཏིང་ངེ་འཛིན་སྐྱེད་ཚུལ་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ཕྱག་རྒྱ་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་སྐྱེད་ཚུལ་ནོར་བུ་འགེངས་པའི་རིམ་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ལ་བཞི། ལྷན་སྐྱེས་འཆར་བའི་ཐབས་ངོས་བཟུང་བ། དེ་ལས་ངེས་དོན་གྱི་ཧེ་རུ་ཀ་འབྱུང་བར་བསྟན་པ། ཧེ་རུ་ཀ་དེའི་མཚན་ཉིད་གཏན་ལ་དབབ་པ། རིམ་པའི་མཚན་བསྟན་པའོ། །དང་པོ་ནི། སེམས་ཡུལ་
ལ་རྒྱུག་པ་བཟློག་ནས་དེ་ཁོ་ན་ཉིད་ཀྱི་དོན་མཚོན་པར་བྱེད་པའི་ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་དགོས་ན་བདེ་བ་དེ་ཇི་ལྟར་དུ་བསྐྱེད་པར་བྱ་ཞེ་ན། སྒྲ་ནི་ནཱ་དར་གྲགས་པའོ། །ཐིག་ལེ་ནི་རྗེས་སུ་ང་རོ་སྟེ་དེ་གཉིས་དང་ལྡན་པའི་སེམས་ནི་སེམས་མཚོན་པར་བྱེད་པའི་ངོ་བོ་ཧཱུཾ་ཡིག་སྟེ། མདོར་ན་ཧཱུཾ་ཡིག་དཀར་པོ་མགོ་བོར་ཟླ་ཕྱེད་དང་ཐིག་ལེ་ནཱ་ད་དང་བཅས་པའོ། །དེ་འདྲ་བའི་ཧཱུཾ་ཡིག་སྙིང་གའི་རྩ་འཁོར་གྱི་དབུས་སུ་གཞག་པར་བྱ་བ་སྟེ་བཀོད་དེ། དེ་ལ་སེམས་གཟུང་བར་བྱའོ། །འདི་ལ་བླ་མ་ཁ་ཅིག་ཐིག་ལེ་དཀར་དམར་ཁ་སྦྱོར་གྱི་དབུས་སུ། ཧཱུཾ་ཡིག་བསྒོམས་པར་བཞེད་དེ་གཞུང་གཞན་མང་པོ་དང་མཐུན་པས་ལེགས་པ་ཡིན་ནོ། །འོ་ན་བསྐྱེད་རིམ་གྱི་སྐབས་སུ་སྙིང་གར་ཧཱུཾ་ཡིག་བསྒོམས་པ་ལས་རྫོགས་རིམ་གྱི་སྐབས་འདིར་བསྒོམས་པ་ལ་ཁྱད་པར་ལྷག་པོ་ཅི་ཞིག་ཡོད་ཅེ་ན། དེ་ནི་རྟོགས་པ་དང་ལྡན་པའི་དྲི་བ་ཡིན་ཞིང་གལ་ཡང་ཆེ་བས་བཤད་པར་བྱ་སྟེ། དེ་གཉིས་ལེགས་པར་མ་ཕྱེད་པའི་བཤད་པ་བོད་ལ་ཤིན་ཏུ་མང་བར་སྣང་བའི་ཕྱིར་རོ། །དེ་ལ་བསྐྱེད་རིམ་གྱི་སྐབས་སུ་ནི་ནུ་མ་གཉིས་ཀྱི་དབུས་ཙམ་གྱི་སྙིང་གར་སྤྱིར་བསྒོམས་པ་ཙམ་ཡིན། རྫོགས་རིམ་གྱི་སྐབས་སུ་ནི་སྤྱིར་ལུས་ཀྱི་སྙིང་ག་ཞེས་པ་ཙམ་གྱིས་མི་ཆོག་གི །སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་རྩ་ཨ་བ་དྷཱུ་ཏཱིའི་ནང་ཉིད་དུ་བསྒོམ་པ་དགོས་ཏེ། བདེ་མཆོག་གི་བཤད་རྒྱུད་སམ་བྷུ་ཊ་ལས། སྙིང་གི་ནང་སོན་པདྨ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེ་
རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུ་འོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུཾ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ཅེས་གསུངས་ཏེ་དེའི་ནང་དུ་སོན་པའི་རྩ་ནི་སྙིང་པོ་ཞེས་པ་རྩ་དབུ་མའོ། །དེའི་ནང་དུ་གནས་པ་ཞེས་ཧཱུཾ་ཡིག་རྩ་དབུ་མའི་ནང་དུ་བསྒོམས་པར་གསུངས་ཏེ། དེ་ནི་འཁོར་ལོ་བཞི་ལ་བརྟེན་པའི་གཏུམ་མོ་སྒོམ་པའི་སྐབས་སུ་གསུངས་མོད་ཀྱང༌། རྫོགས་རིམ་གྱི་སྐབས་གཞན་དུའང་འདྲ་བ་ཡིན་ནོ། །དེས་ན་སྡོམ་འབྱུང་ལས། སྙིང་གའི་ཆུ་སྐྱེས་སོན་པའི་རླུང༌། །ཧཱུཾ་ཡིག་དཀར་པོ་དང་མཚུངས་པ། །བསམ་བྱ་མཉམ་པར་བཞག་པ་གང༌། །དེ་ལས་ཡུལ་སོགས་ཀྱིས་མི་འཆིང༌། །ཞེས་གསུངས་པ་ཡང་འདི་དང་མཐུན་པར་བྱས་ཏེ། འོག་ནས་ཀྱང༌། གཟུགས་སོགས་རྣམས་ཀྱིས་དྲངས་གྱུར་ཏེ། །ངོ་བོ་ཉིད་ཀྱིས་གང་གཡོ་བའི། །སེམས་ནི་སྙིང་གར་བརྟན་བྱས་ནས། །ཞེས་གསུངས་པའི་ཕྱིར་རོ། །ལྷན་སྐྱེས་འདྲེན་པའི་རང་གི་ལུས་ལ་གནད་དུ་བསྣུན་པའི་གཙོ་བོ་ཡང་རྩ་ཨ་བ་དྷཱུ་ཏཱི་ཡིན་ཏེ། སྡོམ་འབྱུང་ལས། རྐྱང་མ་རོ་མ་ལོགས་གཉིས་སུ། །ཨཱ་ལི་ཀཱ་ལིའི་རང་བཞིན་ཅན། །འབྲས་བུ་རྒྱུ་ཡི་རང་བཞིན་གྱིས། །དགའ་བ་བཞི་ཡི་གཟུགས་ཅན་མ། །ལྷན་སྐྱེས་དགའ་བའི་རང་བཞིན་དང༌། །གཉིས་མེད་མཆོག་གི་དབང་ཕྱུག་མ། །ཀུན་རྫོབ་ཀུན་ད་ལྟ་བུ་སྟེ། །སྒྲིབ་མེད་བདེ་བའི་གཟུགས་ཅན་མ། །ཞེས་ཨཱ་ལིའི་ངོ་བོ་རྐྱང་མ་དང་ཀཱ་ལིའི་ངོ་བོ་རོ་མ་གཉིས་ལོགས་གཡས་གཡོན་གཉིས་ན་གནས་པའི་མཆོག་གི་
དབང་ཕྱུག་མ་དྷཱུ༌ཏཱི་ལྷན་སྐྱེས་ཀྱི་དགའ་བའི་རང་བཞིན་དུ་བཤད་ལ། སྭ་བྷཱ་ཝ་ནི་རང་བཞིན་དང་འབྱུང་བ་གཉི་ག་ལ་འཇུག་པས། འདིར་ནི་དགའ་བདེ་འབྱུང་བའི་དོན་ཡིན་པའི་ཕྱིར་རོ། །དགའ་བཞི་སྔ་མ་སྔ་མ་རྒྱུ་དང༌། ཕྱི་མ་ཕྱི་མ་འབྲས་བུའི་ངོ་བོ་དང་དྷཱུ་ཏཱི་ནས་ཀུན་ད་ལྟ་བུ་བབས་པ་ལས། སྒྲིབ་མེད་དེ་དོན་དམ་བདེ་བའི་གཟུགས་ཅན་མ་སྟེ་ཚུལ་ཅན་སྐྱེ་བར་གསུངས་སོ། །ཡང་དེ་ཉིད་ལས། ཤེས་རབ་གཟུགས་ཀྱི་ལ་ལ་ནི། །རོ་མ་ཐབས་ཀྱིས་ཡང་དག་གནས། །དེ་དག་དབུས་སུ་གནས་ལྷ་མོ། ཨཾ་ཡིག་སྣ་ཚོགས་གཟུགས་ཅན་མ། །ལྷ་མོ་སྐུ་བཞིའི་བདག་ཉིད་ཅན། །དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །བདེ་ཆེན་རབ་སྦྱིན་ཐམས་ཅད་ལ། །རྟག་ཏུ་ཡང་དག་བདག་ཕྱག་འཚལ། །ཞེས་ལྟེ་བར་རོ་རྐྱང་གི་དབུས་ཀྱི་དྷཱུ་ཏཱིར་གཏུམ་མོའི་ངོ་བོ་ཨཾ་ཡིག་བསྒོམས་པས་བདེ་ཆེན་སྦྱིན་པར་གསུངས་ཏེ། འདི་ནི་མཚོན་པ་ཙམ་སྟེ་རྩ་འཁོར་གང་ན་ཡོད་པའི་ལྟེ་བའི་དྷཱུ་ཏཱི་དང༌། དྷཱུ་ཏཱིའི་ཡར་སྣ་མར་སྣ་རྣམས་སུ་ཡི་གེ་དང་ཐིག་ལེ་སོགས་ལ་དམིགས་པ་གཏད་ནས་བསྒོམས་པས། སྲོག་དྷཱུ་ཏཱིར་ཚུད་པའི་གནད་ཟབ་མོ་རེ་ཡོད་པ་ཀུན་ཤེས་པར་བྱའོ། །ཀྱེ་རྡོ་རྗེ་ལས། ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་པ་ཡང་དབུ་མར་རླུང་ཞུགས་པ་ལས་གཟུང་འཛིན་གྱི་རྣམ་རྟོག་སྤངས་པའི་ལྷན་སྐྱེས་སྐྱེ་བས་དེ་ལ་བསྔགས་པ་མཛད་པ་ཡིན་ནོ། །བདག་ཕྱག་འཚལ་ཞེས་པའི་མཇུག་ཐོགས་སུ། གང་གང་གིས་ནི་བསྒོམས་པ་ཡིས། །མི་རྣམས་
ཀྱི་ཡིད་ཡང་དག་སྦྱོར། །དེས་དེའི་རང་བཞིན་འགྱུར་ལྷ་མོ། །སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། །ཞེས་གསུངས་ཏེ་འདིའི་དོན་ཤེས་པ་གལ་ཆེའོ། །གཞུང་འདི་གུར་དང་ཀུན་སྤྱོད་སོགས་རྒྱུད་མང་པོར་འབྱུང་ཞིང༌། གཞུང་གཅིག་ཡིན་ཀྱང་སྐབས་སྟོབས་ཀྱིས་དོན་སོ་སོ་བ་མང་པོ་ལ་བཤད་དགོས་པ་ཡོད་པ་ལས། འདི་ནི་སྲོག་དྷཱུ་ཏཱིར་བསྡུས་པ་ལ་བརྟེན་ནས་ལྷན་སྐྱེས་ཀྱི་བདེ་བ་སྐྱེད་པའི་ཆེད་དུ། སྒྲུབ་པ་པོ་གང་དང་གང་གིས་དྷཱུ་ཏཱིའི་གནད་ཆེ་ས་གང་དང་གང་དུ། ཡང་དག་པ་སྟེ་ཕྱིན་ཅི་མ་ལོག་པར་ཡིད་སྦྱར་བ་སྟེ་གཏད་ནས་བསྒོམས་ན། དྷཱུ་ཏཱིར་བདེ་ཆེན་སྟེར་བའི་ལྷ་མོ་ཕག་མོའི་ངོ་བོ་ཨཾ་ཡིག་བསྒོམས་པ་དེས། རྩ་གནས་དེར་རོ་རྐྱང་ལ་རྒྱུ་བའི་རླུང་སྡུད་ནུས་པ་དེའི་རང་བཞིན་དུ་འགྱུར་ཏེ། དཔེར་ན་ནོར་བུ་ཤེལ་གོང་རས་དཀར་དམར་སོགས་ཀྱི་སྟེང་དུ་བཞག་པ་ན། དེ་དང་དེའི་གཟུགས་ཅན་དུ་འགྱུར་བ་བཞིན་ནོ་ཞེས་པའི་དོན་ཏེ། ལུས་ཀྱི་གནད་ཆེ་སར་དམིགས་པ་གཏད་ནས་བསྒོམས་པས། གདམས་ངག་གི་མཐུས་གནས་དེར་རླུང་བསྡུ་བར་འདོད་པ་ཇི་ལྟ་བ་དེ་བཞིན་དུ་སྡུད་ནུས་པར་འགྱུར་བའི་ཁུངས་མཆོག་ཏུ་གྱུར་པའོ། །རྫོགས་རིམ་གྱི་སྐབས་སུ་འདི་འདྲ་བའི་ཡི་གེ་དང་ཐིག་ལེ་བསྒོམས་པ་རྣམས་ལ། སྒོམ་པའི་གནད་དྷཱུ་ཏཱིའི་ནང་ཁོ་ནར་སྒོམ་པ་གསལ་བར་མཐོང་སྣང་སྟེ། འདི་མ་ཤེས་ན་དམིགས་པ་འདི་དག་བསྒོམས་པ་ལ་བརྟེན་ནས་སྲོག་དྷཱུ་ཏཱིར་སྡུད་པ་མི་ཤེས་པས། གདམས་ངག་གི་སྐབས་དོན་སྟོར་བར་འགྲོའོ། །དེའི་ཕྱིར་འདི་ཤིན་ཏུ་གནད་ཆེ་བར་མཐོང་ནས། ཞལ་
ལུང་དང་རི་ཁྲོད་དབང་ཕྱུག་གི་གཞུང་དང༌། ལཱུ་ཨི་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་ཁྱད་པར་གསལ་བྱེད་དང༌། བརྩོན་འགྲུས་དཔལ་བཤེས་གཉེན་གྱི་གཞུང་དང༌། རྣལ་འབྱོར་མའི་སྒྲུབ་ཐབས་མངོན་པར་རྟོགས་པའི་སྙེ་མ་ལས། རྩའི་གནད་ཆེ་སར་ཡི་གེ་སོགས་ལ་དམིགས་པ་གཏད་ནས་བསྒོམས་པས་གཡས་གཡོན་ནས་རྒྱུ་བའི་སྲོག་རླུང་འགོག་པའི་སྲོག་རྩོལ་ཏུ་འགྲོ་ཚུལ་བཤད་པ་རྣམས། ལཱུ་ཨི་པའི་རྫོགས་རིམ་གྱི་ཊཱིཀ་ཀར་རྒྱས་པར་བཤད་ཡོད་པས་དེ་ལས་ཤེས་པར་བྱ་སྟེ་འདིར་ཚིག་མངས་སུ་དོགས་པས་མ་བྲིས་སོ། །སྒྲ་དང་ཞེས་པའི་རྐང་པ་དང་པོ་ལ་འགོས་འགྱུར་ལས། སྒྲ་དང་ཐིག་ལེས་མནན་པ་རུ། །ཞེས་དང༌། འགྱུར་གཞན་ལ། ཐིག་ལེ་ནཱ་དས་མནན་པ་ནི་ཞེས་འབྱུང་བས་འགྱུར་ཀུན་གྱི་ལུགས་ཀྱིས་ཐིག་ལེ་དང་ནཱ་ད་མགོ་བོར་གནས་པའི་ཧཱུཾ་ཡིག་བསྒོམ་པ་དགོངས་པ་ཡིན་ནོ། །འདིར་བླ་མ་སྔ་མ་འགའ་ཞིག་སློབ་དཔོན་གྱི་སྙིང་གའི་ཧཱུཾ་ལས་ཧཱུཾ་ཞིག་ཆད་དེ་སྣ་བུག་གཡས་ལས་ཕྱུང་ལ། སློབ་མའི་སྣ་བུག་གཡོན་པ་ནས་བཅུག་སྟེ་དེའི་སྙིང་གར་ཟླ་བའི་སྟེང་དུ་གཞག་པར་བྱའོ། །ཧཱུཾ་དེའི་འོད་ཟེར་གྱིས་སློབ་མའི་ལུས་ཐམས་ཅད་དཀར་བའམ་དམར་བས་མེར་གྱིས་ཁྱབ་པར་བསམ་པ། སྒྲ་དང་ཞེས་པའི་རྐང་པ་གཉིས་ཀྱི་དོན་དུ་བྱས་ནས་སློབ་མ་བྱིན་རླབས་བྱེད་པ་དང༌། ཡང་བླ་མ་གཞན་འགའ་ཞིག་དེ་དང་མི་མཐུན་པའི་དམིགས་པ་གཞན་འཛིན་པ། སྒྲ་དང་ཞེས་པ་གཉིས་ཀྱི་དོན་དུ་སློབ་མ་ལ་བྱིན་གྱིས་རློབ་པར་
འདོད་པ་ལ། སྤྱིར་དེ་འདྲའི་དམིགས་པ་བཟུང་ནས་སློབ་མ་ལ་སྔོན་དུ་བྱིན་རླབས་བྱེད་པ་ལ་འགལ་བ་མེད་མོད་ཀྱང༌། དེ་རྣམས་སྒྲ་དང་ཞེས་པའི་རྐང་པ་གཉིས་ཀྱི་དོན་དུ་འཆད་པ་ནི་འགྲིག་པར་མི་སྣང་ངོ༌། །གཉིས་པ་ནི། འོ་ན་སྙིང་གར་གནད་དུ་བསྣུན་ཏེ་བསྒོམས་པ་ལས་ཅི་ཞིག་འབྱུང་ཞེ་ན། དེ་ལྟར་བསྒོམས་པའི་རྗེས་དེ་ནས་སྒོམ་པ་པོ་འདིའི་རྨོངས་པའི་རབ་རིབ་འཇོམས་མཛད་ནི་སྟེ་མཛད་པའི་མངའ་བདག་སྟེ་གཙོ་བོ་བཅོམ་ལྡན་འདས་འབྱུང་བར་འགྱུར་ཏེ་དེའང་ཤིན་ཏུ་དྲག་པོ་དང་མེ་ལྕེ་འབར་བའི་འཕྲེང་བ་འཁྲིགས་པ་ཅན་གྱི་དཔལ་ཧེ་རུ་ཀ་ཆེན་པོར་གྲགས་པ་འབྱུང་བ་ཉིད་དེ་ཁོ་ནའོ། །འདི་ནི་ཧེ་དང་རུ་དང་ཀ་དང་ཤྲཱི་ཡིག་བཞིའི་ངེས་པའི་དོན་གྱི་ཡེ་ཤེས་ལ། ཤྲཱི་ཧེ་རུ་ཀ་ཞེས་བཤད་པ་དེའོ། །དེ་ལ་དྲག་པོ་ནི་སྲིད་པའི་གཡུལ་ལས་རྒྱལ་བར་བྱེད་པའོ། །མེ་ལྕེ་འབར་བའི་འཕྲེང་བ་འཁྲིགས་པ་ནི། ལྷན་སྐྱེས་ཀྱི་བདེ་ཆེན་ལ་མི་མཐུན་ཕྱོགས་སྲེག་པས་མེ་ཞེས་བརྗོད་པས་ཏེ། གསང་བའི་དེ་ཁོ་ན་ཉིད་རབ་ཏུ་གསལ་བ་ལས། ཧེ་རུ་ཀ་དཔལ་རྒྱུད་ཆེན་དུ། །མེ་ཞེས་བྱ་བར་མངོན་པར་བརྗོད། །ཆགས་སོགས་ཉོན་མོངས་དྲ་བ་ཡི། །སོག་མ་སྲེག་པར་བྱེད་ཕྱིར་རོ། །ཞེས་བདེ་བ་ཆེན་པོ་ལ་མེར་གསུངས་པ་ལྟར་རོ། །དེ་ལྟར་ན་བསྐྱེད་རིམ་ལ་ཧེ་རུ་ཀ་བསྐྱེད་པའི་གཞི་འབྱུང་བ་རིམ་བརྩེགས་རི་རབ་པདྨ་དང་བཅས་པ་དེ། ནང་རྫོགས་རིམ་ལ་བཤད་པ་ན་གང་ལ་གནད་དུ་བསྣུན་པས་ལྷན་སྐྱེས་ཀྱི་ཧེ་རུ་ཀ་འཆར་བའི་གཞི། རྡོ་རྗེའི་ལུས་སྤྱི་དང་བྱེ་བྲག་གི་གནད་རྣམས་སྟོན་པར་ཤེས་པར་བྱའོ། །
ངེས་དོན་གྱི་ཧེ་རུ་ཀ་བསྐྱེད་པའི་གཞི་ནི། ལུས་ཀྱི་དཀྱིལ་འཁོར་ལ་བཤད་པ་ལ། འཁོར་ལོ་བཞི་ལ་སོགས་པའི་དབུས་ཀྱི་དབུ་མ་དང༌། དེའི་ཡར་སྣ་མར་སྣ་སོགས་གནད་དུ་བསྣུན་པ་མང་ཡང༌། དྲིལ་བུ་པའི་ལུགས་སྙིང་ག་ལ་བརྟེན་པ་འདི་ནི་བཤད་པའི་རྒྱུད་མངོན་བརྗོད་དང༌། སྡོམ་འབྱུང་ལ་བརྟེན་པ་ཡིན་ལ། དེས་ནི་འཁོར་ལོ་སྡོམ་པར་སྦས་པ་སློབ་དཔོན་འདིས་གསལ་བར་བྱས་པའི་ཚུལ་ཡང་ཤེས་པར་བྱའོ། །གསུམ་པ་ནི། ངེས་དོན་གྱི་ཡེ་ཤེས་དེ་ཧེ་རུ་ཀ་ཡིན་ན་ཧེ་རུ་ཀ་ལ་དུར་ཁྲོད་དུ་རོལ་པ་དང༌། བདུད་འཇོམས་པ་དང་གདུག་པའི་ཁྲག་འཐུང་བ་རྣམས་ཡོད་པ་འདི་ལ་ཇི་ལྟར་དུ་ཚང་ཞེ་ན། དུར་ཁྲོད་ནི་བཱ་ས་ན་གནས་པ་ཡིན་ལ། དེ་ལ་ཤ་བ་ནཱཾ་ཞེས་བསྣན་ཏེ་ངེས་ཚིག་གིས་བཤད་ན་རོ་གནས་པའོ། །ཇི་ལྟར་དུར་ཁྲོད་ན་རོ་རྣམས་བདག་དང་བདག་གིར་འཛིན་པ་དང་བྲལ་བར་གནས་པ་དེ་ལྟར། སེམས་ཅན་དང་སེམས་ཅན་གྱི་གནས་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པའི་བདག་མེད་པའོ། །དུར་ཁྲོད་དེ་ན་དེ་ཁོ་ནར་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་ཆེན་པོའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་བཅོམ་ལྡན་འདས་རོལ་པར་རིགས་སོ། །ཞེས་མན་སྙེ་ལས་བཤད་པ་ལྟར་ནི་ལྷན་ཅིག་སྐྱེས་པའི་དུར་ཁྲོད་ན་རོལ་པའོ། །དེས་ནི་ནང་གི་བདུད་སྒྲིབ་པ་གཉིས་རྩ་བ་ནས་འཇོམས་པ་ནི་བདུད་རྣམས་ཐམས་ཅད་འཇོམས་པའོ། །གདུག་པའི་ཁྲག་གསོལ་བ་ལྟར་དུ་བདེ་བ་ཀུན་གྱི་དམ་པ་
སྟེ་མཆོག་ནི་སྐད་ཅིག་དེ་ལ་སྐད་ཅིག་རེ་རེ་ལ་གསོལ་བ་སྟེ་ལོངས་སྤྱོད་པར་མཛད་པའོ། །འགོས་འགྱུར་ལས། བདེ་ཆེན་དམ་པ་ཐམས་ཅད་ལ། །སྐད་ཅིག་དེ་ཉིད་ལོངས་སྤྱོད་མཛད། །ཅེས་བསྒྱུར་བ་གོ་བདེའོ། །བླ་མས་བྱིན་གྱིས་བརླབས་པ་ཙམ་གྱིས་ཏེ་དེ་ལ་ངེས་པར་བརྟན་ནས་སྐད་ཅིག་ལ་སྟེ་རིང་པོར་མི་ཐོགས་པར་སློབ་མའི་རྒྱུད་ལ་གང་ཡང་འཕོ་བའི་ལྷན་སྐྱེས་འདི་ནི་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པ་འོད་གསལ་གྱི་རིམ་པར་འདོད་དོ། །ས་བོན་མེད་པ་ཞེས་པ་ནི་ས་བོན་དང་བཅས་པ་ལས་བྱང་ཆུབ་ཀྱི་བསྐྱེད་རིམ་པའི་མངོན་བྱང་གཅོད་པ་སྟེ། འགོས་འགྱུར་ལས། སྐད་ཅིག་གཅིག་གིས་མངོན་བྱང་ཆུབ། །འདི་ནི་ས་བོན་མེད་པར་བརྗོད། །ཅེས་འབྱུང་བ་ལྟར་རོ། །བཞི་པ་ནི། ཅེས་བྱ་བ་ནི་མགལ་མེ་ཞེས་པ་ནས་འདོད་ཅེས་པའི་བར་ཀུན་ལ་བྱའི། འདས་མ་ཐག་པའི་ཚིགས་བཅད་གཅིག་པུ་ལ་མི་བྱའོ། །འཁོར་ལོ་སྡོམ་པར་བླ་མ་རྣལ་འབྱོར་མའི་སྦས་པ་ལས། ཞེས་པ་ལ་འགྱུར་གཞན་ལས། འཁོར་ལོ་སྡོམ་པ་བླ་མ་རུ། །རྣལ་འབྱོར་མ་ཡིས་སྦས་པ་ལས། །ཞེས་འབྱུང་ཡང་འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་བླ་མར་སྦས་པ་ལས་ཞེས་བྱ་བའི་དོན་ཏེ། འདིའི་རྩ་རྒྱུད་ཀྱི་མཚན་ལ། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ཞེས་འབྱུང་བ་དང་འདྲ་སྟེ། རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའམ་བླ་མ་སྟེ་གོང་མ་ཞེས་པའི་དོན་ནོ། །དེར་མི་གསལ་བར་སྦས་པ་གསལ་བར་བསྟན་པ་ལས་ཞེས་བྱ་སྟེ། འདི་རྣམས་རིམ་པ་ཀུན་ཏུ་སྦྱར་རྒྱུ་
ཡིན་ནོ། །རྩ་རྒྱུད་ཀྱི་དོན་ཇི་ལྟ་བར་རྙེད་པའི་བདག་བྱིན་གྱིས་བརླབ་པ་ངེས་པར་བསྟན་པའོ། །བདག་བྱིན་རླབས་ཀྱི་རིམ་པ་མདོར་བསྟན་པའོ། །གཉིས་པ་ལ་གསུམ། བདག་བྱིན་རླབས་ཀྱི་རིམ་པ་དངོས། དེའི་ཡོན་ཏན་གཞན་བསྟན་པ། རིམ་པའི་མཚན་བསྟན་པའོ། །དང་པོ་ལ་གཉིས། ས་བོན་དང་བཅས་པའི་རང་བྱིན་རླབས་དང༌། ས་བོན་མེད་པའི་རང་བྱིན་བརླབ་བོ། །དང་པོ་ལ་གཉིས། འདིར་དྲངས་པའི་བཤད་རྒྱུད་ཀྱི་དོན་བཤད་པ་དང༌། འདིར་མ་དྲངས་པའི་དེའི་སྐབས་ཀྱི་བཤད་རྒྱུད་ཀྱི་ཚིག་རྣམས་བཤད་པའོ། །དང་པོ་ལ་གཉིས། མཚམས་སྦྱར་ཏེ་བཤད་བྱ་དགོད་པ་དང༌། སློབ་དཔོན་གྱིས་དེའི་དོན་བཤད་པའོ། །དང་པོ་ནི། སླར་ཡང་ཞེས་པ་གཞུང་སྔ་མ་རྣམས་ཀྱིས་བདག་བྱིན་གྱིས་བརླབས་པའི་རིམ་པ་བཤད་པར་མ་ཟད། འདིར་ཡང་དོན་དེ་ཉིད་བརྗོད་དོ། །ཞེས་པའི་དོན་ནི། རང་བྱིན་གྱིས་བརླབས་པའི་རིམ་པ་གཉིས་པ་ཞེས་པ་ནི། རང་བྱིན་རླབས་ལ་མདོར་བསྟན་དང༌། རྒྱས་བཤད་ཀྱི་རིམ་པ་གཉིས་ཡོད་པའི་གཉིས་པ་ཡིན་གྱི་རང་བྱིན་རླབས་གཉིས་པར་སྟོན་པ་མིན་ནོ། །དེ་ནི་བཤད་རྒྱུད་མངོན་བརྗོད་བླ་མ་ལས། རྟག་ཏུ་སྙིང་ལ་གནས་པ་ཡིས། །ཐིག་ལེ་གཅིག་ལ་འགྱུར་མེད་དེ། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པའི་དོན་ནོ། །འགོས་འགྱུར་དང་འགྱུར་གཞན་ལས། ཐིག་ལེ་གཅིག་པུ་ཡི་གེ་མེད། །ཅེས་འབྱུང་བ་ལ། ཨཀྵ་ར་ཞེས་པ་འགྱུར་མེད་
དང་ཡི་གེ་གཉིས་ཀ་ལ་འཇུག་ཀྱང༌། འདིར་སྔ་མར་བསྒྱུར་རྒྱུ་ཡིན་ཏེ་སློབ་དཔོན་གྱིས་ཀྱང༌། དེའི་དོན་མི་གཡོ་བར་བྱས་ཏེ་ཞེས་བཤད་པའི་ཕྱིར་དང༌། སྒྲ་དང་ཐིག་ལེར་ལྡན་པའི་སེམས། །སྙིང་གར་བཞག་བྱ། ཞེས་པ་འདིར་ཡང་སྦྱར་རྒྱུ་ཡིན་པས། སྙིང་གར་ཧཱུཾ་ཡིག་བསྒོམས་པ་འདིར་ཡང་དགོས་པའི་ཕྱིར་རོ། །ལྷག་མ་ནི་སློབ་དཔོན་ཉིད་ཀྱིས་འཆད་པར་འགྱུར་རོ། །གཉིས་པ་ནི། རྟག་ཏུ་ཞེས་པའི་ཚིགས་བཅད་འདིའི་དོན་བརྗོད་པར་བྱ་སྟེ། མིག་དང་ཞེས་སོགས་ཀྱི་གཞུང་གི་འགྱུར་རྔོག་འགྱུར་མི་བདེ་བར་སྣང་བས། འགོས་འགྱུར་ལས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་རྣམས་ལ་ཀུན་ཏུ་གནས་པའི་ཡེ་ཤེས་རྣམས་ནི། ཀུན་གཞི་རྣམ་པར་ཤེས་པའི་སེམས་ཀྱིས་བསྡུས་པ་སྟེ། དེ་བས་ན་ལྔ་པོ་དེ་རྣམས་ཡིད་ཀྱིས་ཡང་དག་པར་སྦྱར་ནས་མི་གཡོ་བར་བྱ་ཞིང༌། ཐིག་ལེའི་གཟུགས་ཀྱིས་སྙིང་གའི་ཁ་སྦྱར་བར་བཞག་ལ། རྟག་ཏུ་མི་གཡོ་བར་བལྟས་ན་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བར་གྱུར་ནས། ཞེས་བསྒྱུར་བའི་སྟེང་ནས་བཤད་པར་བྱའོ། །དེ་ལ་མིག་ལ་ཀུན་ཏུ་གནས་པའི་ཡེ་ཤེས་དང་རྣ་བ་ལ་ཀུན་ཏུ་གནས་པའི་ཡེ་ཤེས་ཞེས་སོགས་སུ་སྦྱར་ཏེ། ཤེས་པ་དང་ཡེ་ཤེས་སྐད་དོད་ཐུན་མོང་བ་ཡོད་ཀྱང་འདིར་ཤེས་པར་བསྒྱུར་བས་ཆོག་གོ །ཀུན་གཞི་རྣམ་པར་ཤེས་པའི་སེམས་ཀྱིས་བསྡུས་ཏེ་ཞེས་པ་ལ་འདིར་སྡུད་བྱེད་ཀྱི་ཀུན་གཞི་རྣམ་ཤེས་ནི། དབང་པོའི་ཤེས་པ་ལྔའི་རྗེས་སུ་འཇུག་པ་ལ་སེམས་སྡུད་པར་བྱེད་པའི་ཡིད་ཡིན་ཏེ། ལྔ་པོ་དེ་རྣམས་ཡིད་ཀྱིས་ཡང་དག་པར་སྦྱར་ནས་མི་གཡོ་བར་བྱ་ཞིང་ཞེས་གསུངས་པའི་ཕྱིར་དང༌།
སེམས་ཕྱིར་འཕྲོ་བ་ལོག་ནས་ནང་དུ་སྡུད་པ་ནི་ཡིད་ཀྱི་ཤེས་པ་ཁོ་ནས་བྱེད་པའི་ཕྱིར་དང༌། སྔར་རྣམ་ཤེས་ལྔ་སྨོས་པའི་དྲུག་པ་ཡིད་ལ་ཤིན་ཏུ་གསལ་བར་སྣང་བའི་ཕྱིར་རོ། །དོན་ཡིད་ཀྱི་རྣམ་ཤེས་ལ་མིང་ཀུན་གཞི་རྣམ་ཤེས་སུ་བཏགས་པ་སྔགས་ཀྱི་གཞུང་ལ་མང་དུ་འབྱུང་བར་སྣང་བས། དོན་ལ་དཔྱད་པར་བྱའི་ཀུན་གཞི་རྣམ་ཤེས་ཞེས་གསུངས་པ་ཙམ་གྱིས་ཡིད་ཀྱི་རྣམ་ཤེས་ལས་ངོ་བོ་ཐ་དད་པའི་ཀུན་གཞི་རྣམ་ཤེས་སུ་ལུགས་གཞན་ནས་འབྱུང་བ་ལ་གཟུང་བར་མི་བྱའོ། །རྔོག་འགྱུར་ལས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་པགས་པའི་ཕྱོགས་ལ་གནས་པའི་ཤེས་པ་རྣམས་ཀྱི་ ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི་སེམས་ལ་རྣམ་པར་ཤེས ་པ་ལྔ་པོ་དེ་དག་ཡང་དག་པར་བཞག་ཅིང་མི་གཡོ་བར་བྱས་ཏེ། ཡིད་སྙིང་གར་བཞག་ནས་གནས་པས་ནི་ཐིག་ལེའི་གཟུགས་སུ་འགྱུར་རོ། །དེ་མཐོང་བ་ལས་ཡེ་ཤེས་ཏེ་ཞེས་འབྱུང་ངོ༌། །དེ་ལ་རྣམས་ཀྱི་ཞེས་པ་ནི་རྣམས་ནི་ཞེས་འོང་རྒྱུའོ། ། ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་གྱི ་སེམས་ཞེས་པ་ལས་སེམས་ཀྱིས་བསྡུས་པ་སྟེ་ཞེས་པ་ལེགས་སོ། །རྣམ་པར་ཤེས་པ་ལྔ་པོ་ནས་མི་གཡོ་བར་བྱས་ཏེ། ཞེས་པའི་བར་ལས་ཀྱང་དེ་བས་ན་ཞེས་པ་ནས་མི་གཡོ་བར་བྱ་ཞིང་ཞེས་པའི་བར་ལེགས་པར་སྣང་ཞིང༌། ཡིད་སྙིང་གར་བཞག་པ་སོགས་ལས་ཀྱང་ཐིག་ལེའི་གཟུགས་ཀྱིས་ཞེས་སོགས་ལེགས་ལ། དེ་མཐོང་བ་ལས་ཡེ་ཤེས་ཏེ་ཞེས་པ་ལས་ཀྱང༌། རྟག་ཏུ་མི་གཡོ་བར་བལྟས་
ན་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་ཞེས་པ་ཆེས་ལེགས་པར་སྣང་ངོ༌། །ཐིག་ལེའི་གཟུགས་ཀྱིས་སྙིང་གའི་ཁ་སྦྱར་བར་བཞག་ལ་ཞེས་པ་ནི། སྔགས་ཀྱི་ཐིག་ལེའི་གཟུགས་ཀྱིས་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིར་ཐིག་ལེ་དཀར་དམར་ཁ་སྦྱར་གྱི་དབུས་སུ་འཇོག་པའོ། །གཅིག་ལ་ཞེས་པ་ནི་དམིགས་རྟེན་ཐིག་ལེ་གཅིག་པུ་དེ་ལས་སེམས་ཡུལ་གཞན་ལ་འཕྲོ་བ་འགོག་པའོ། །དེ་ལྟར་རྟག་ཏུ་སྟེ་རྒྱུན་དུ་འགྱུར་བ་མེད་པ་སྟེ་དམིགས་རྟེན་ཐིག་ལེ་ལས། སེམས་གཞན་དུ་མི་གཡོ་བར་ཐིག་ལེ་ཉིད་ལ་བལྟས་ན། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་ཟིན་སར་རླུང་ཟིན་འོང་བས། གཡས་གཡོན་གྱི་རླུང་དྷཱུ་ཏཱིར་ཞུགས་པ་དང་དེ་ནས་འབྱུང་འཇུག་མི་བྱེད་པར་དྷཱུ་ཏཱིའི་ནང་དུ་གནས་པ་དང༌། དེ་ནས་དེར་ཐིམ་པར་གྱུར་པ་ལས། སངས་རྒྱས་སུ་བགྲོད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་པར་འགྱུར་ན་རིམ་གྱིས་སངས་རྒྱས་ཉིད་འགྲུབ་པར་འགྱུར་རོ། །སྐབས་འདིར་ཕམ་མཐིང་པ་ནས་བརྒྱུད་པ་སྙིང་གར་ཟླ་བའི་སྟེང་དུ་ཡིད་ཀྱི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དམར་པོ་ཡུངས་འབྲུ་ཙམ་བལྟས་ལ། དེ་ལ་སེམས་ཟིན་པ་བརྟན་པ་དང་དེ་ལས་འོད་ཟེར་འཕྲོས་པས། དབང་ཤེས་ལྔའི་ངོ་བོ་ཐིག་ལེ་དཀར་པོ་དང་ནག་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ །མིག་གཉིས་དང་སྣ་བུག་གཉིས་དང་སྣའི་བུག་པའི་འདོམས་སོ་དང༌། ལྕེའི་རྩ་བ་དང་མཚན་མའི་རྩེར་རིམ་པ་བཞིན་བསྒོམས་ལ་སེམས་གཟུང་བར་བྱ་ཞེས་ཟེར་རོ། །དེ་ལ་སྤྱིར་མིག་ལ་སོགས་པའི་སྒོར་ཡི་གེ་བཀོད་
ནས་བུག་པ་དེ་རྣམས་བཀག་པར་བསྒོམས་ནས་སེམས་བཟུང་ན། དབང་པོའི་རླུང་ནང་དུ་ལྡོག་པར་མན་སྙེ་ལས་བཤད་པས། འདིར་དབང་པོའི་སྒོར་ཐིག་ལེ་སྒོམ་པ་ཡང་དབང་པོའི་རླུང་ནང་དུ་ལྡོག་ཐབས་སུ་འགྱུར་བ་ཙམ་ཡོད་མོད་ཀྱང༌། གཞུང་གི་དགོངས་པ་ནི་སྙིང་གའི་སྔགས་ཀྱི་ཐིག་ལེ་གཅིག་པུ་ལ་སེམས་གཏོད་པ་ཡིན་ནོ། །དེ་ལྟར་མངོན་བརྗོད་དུ་མ་ཟད་ཕྱག་ཆེན་ཐིག་ལེ་ལས་ཀྱང་སྙིང་གར་གནད་དུ་བསྣུན་པ་ལ་ཤིན་ཏུ་བསྔགས་ཏེ། དེ་ཉིད་ལས། རླུང་འཁོར་ཆར་ཡང་གནས་ན་ནི། །རླུང་མ་གཉིད་མ་ཡོད་པའོ། །གཡས་པ་དང་ནི་གཡོན་གྱི་ཆ། །ཆར་ཡང་ལ་ནི་ཤིན་ཏུ་བསྐོར། །དེ་གཉིས་ཁོང་དུ་ཆུད་པ་ཡིས། །དེ་ལས་མཆོག་གི་བདེ་བ་འབྱུང༌། །བདེ་བའི་ནང་ནས་ཕྱག་རྒྱ་ཆེ། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། །ཞེས་གསུངས་ཤིང༌། ཡང་དེ་ཉིད་ལས། ཆར་ཡང་སྙིང་གའི་གནས་སུ་ཤེས། །ཞེས་ཆར་ཡང་གི་གནས་སྙིང་གའི་གནས་སུ་བཤད་ལ། རླུང་འཁོར་གྱི་གནས་ནི་སྨིན་མཚམས་ཡིན་ལ་དེ་ན་རླུང་མ་ཡོད་པ་དང༌། ཆར་ཡང་གི་གནས་སུ་གཉིད་མ་ཡོད་པར་བཤད་པའི་གཉིད་མ་སྟེ། རྟོག་མེད་མ་སྙིང་གའི་དྷཱུ་ཏཱིལ་གཡས་གཡོན་གྱི་རོ་རྐྱང་གིས་མདུད་པས་བསྐོར་བའི་ཁོངས་སུ་ཆུད་པའི་གཉིད་མ་ལས། བདེ་བ་མཆོག་ཏུ་གྱུར་པ་འབྱུང་ཞིང་བདེ་བ་རྙེད་པ་ལས་བདེ་སྟོང་དབྱེར་མེད་ཀྱི་ཕྱག་རྒྱ་ཆེན་པོ་ཐེ་ཚོམ་མེད་པར་རྙེད་པར་གསུངས་སོ། །གྲོལ་བའི་ཐིག་ལེ་ལས་ཀྱང༌། ཤིན་ཏུ་བསྔགས་ཏེ། དེ་གསལ་མི་ཤིགས་
ཐིག་ལེའི་གཟུགས། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །འོད་ཟེར་སྣ་ལྔ་འབར་འཛག་པའི། །ཚུལ་ཅན་སྙིང་དབུས་རྟག་ཏུ་གནས། །དེ་ལ་བལྟས་པས་ཡེ་ཤེས་ཆེ། །སྐད་ཅིག་ཙམ་གྱིས་རྣལ་འབྱོར་ལ། །འབར་བ་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ཏེ་ཡེ་ཤེས་ཆེ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །དེ་ལྟར་སྔགས་ཀྱི་ཐིག་ལེ་ལ་དམིགས་པ་གོམས་པ་ལས་མྱོང་བ་སྐྱེ་ཚུལ་ནི། སེམས་གནས་པའི་མི་རྟོག་པ་ཙམ་མམ། ཡང་སྔོན་དུ་བདེ་བ་སྐྱེ་དེ་ལ་བརྟེན་ནས་མི་རྟོག་པ་སྐྱེ་ཞེས་སྔ་མ་མང་པོ་ཟེར་བ་ལྟར་མི་བྱའི། དྷཱུ་ཏཱི་ལ་བརྟེན་པའི་གནད་ཆེ་སར་དམིགས་པ་འཛིན་ལུགས་ལ་ཤིན་ཏུ་མཁས་པར་བྱས་ཏེ། བསྐྱངས་པ་ལས་ཐོག་མར་གཡས་གཡོན་གྱི་རླུང་དབུ་མར་ཚུད་པ་སོགས་ཀྱི་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལས། དགའ་བ་བཞི་དང་སྟོང་པ་བཞི་འདྲེན་པའི་ཚུལ་རྣམས་ཤེས་དགོས་ཏེ། རྒྱས་པར་གསང་འདུས་ཀྱི་གདམས་པ་དང༌། ལཱུ་ཨི་པའི་རྫོགས་རིམ་གྱི་ཊཱིཀྐར་གཏན་ལ་ཕབ་ཟིན་པས་འདིར་ཚིག་མངས་སུ་དོགས་པས་མ་བྲིས་སོ། །གཞུང་འདིར་བཤད་པ་ལྟ་བུའི་ཡི་གེ་དང་ཐིག་ལེ་དང་ཕྱག་མཚན་སོགས་བསྒོམས་པ་རྣམས། བློས་ཀུན་བརྟགས་ནས་བསྒོམས་པ་ཡིན་ཡང་དེ་ལྟར་བསྒོམས་པ་ལ་བརྟེན་ནས་མ་བཅོས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བའི་ཐབས་སུ་ཐུན་མོང་མ་ཡིན་པར་འགྱུར་བར་ཤེས་ནས་ཤིན་ཏུ་གཅེས་པར་བྱའི། དེའི་གནད་མི་ཤེས་པར་དེ་རྣམས་བློས་ཀུན་བརྟགས་ནས་བསྒོམས་པ་ཡིན་པས། རྫོགས་པའི་རིམ་པ་མཆོག་ལ་མི་དགོས་སོ་སྙམ་དུ་མི་གཟུང་ངོ༌། །
གཉིས་པ་ནི། དྲིལ་བུ་པའི་ལུས་དཀྱིལ་གྱི་རྫོགས་རིམ་བསྒོམས་པའི་སྐབས་སུ་ཡང༌། རྟག་ཏུ་ཞེས་པའི་ཚིགས་བཅད་གཅིག་ལས་མི་འབྱུང་ཡང༌། དྲིལ་བུ་པའི་གཞུང་ལ་བརྟེན་པའི་མན་ཀ་ཤྲཱིས་མཛད་པའི་ལུས་དཀྱིལ་གྱི་རྫོགས་རིམ་བསྒོམས་པའི་སྐབས་སུ། རྟག་ཏུ་ཞེས་པའི་སྔོན་དུ། མངོན་བརྗོད་ལས། ཚིགས་བཅད་བཞི་གསུངས་པ་དང་བཅས་པའི་རྫོགས་རིམ་སྟོན་པའི་ཚིགས་བཅད་ལྔ་བཀོད་པ་ནི། ཤིན་ཏུ་ལེགས་པས་འདིར་ཡང་ཚིགས་བཅད་ལྷག་མ་བཞི་བཤད་པར་བྱའོ། །དེ་ལ་ཚིགས་བཅད་དང་པོ་ནི། གང་དུ་སྙིང་གི་པདྨ་ཁ་སྦྱར་དབུས་གནས་པ། །ཕྲ་བར་ལྟ་བ་རང་འབྱུང་མྱོས་པའི་སེམས་འཇུག་པ། །ཁམས་གསུམ་མ་ལུས་གཉིས་སུ་མེད་པར་ཉེར་འགྲོ་བ། །གསལ་བ་ཆོས་ཀྱི་དབྱིངས་མཆོག་དེ་ལ་བདག་ཕྱག་འཚལ། ཞེས་པའོ། །དེ་ལ་གནས་གང་དུ་ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་གཉིས་སུ་མེད་པ་འོད་གསལ་དུ་ཉེ་བར་འགྲོ་བའི་གསལ་བ་ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །དེ་ཡང་སྙིང་གི་པདྨ་སྟེ་རྩ་འཁོར་གྱི་དབུས་སུ་ཁ་སྦྱར་བའི་དྷཱུ་ཏཱིའི་དབུས་སུ་གནས་པའི་མི་ཤིགས་པ་ཤིན་ཏུ་ཕྲ་བར་བལྟ་བ་སྟེ། བལྟ་བར་བྱ་བ་ལུས་ཆགས་པའི་དུས་ཉིད་ནས་འབྱུང་བས་རང་བྱུང་སྟེ་རྩོལ་བས་གསར་དུ་མ་བསྒྲུབས་ལ། བར་དོ་མྱོས་པ་སྟེ་བརྒྱལ་བའི་སེམས་འཇུག་པའི་གནས་ཕ་མའི་ཁུ་ཁྲག་འདྲེས་པའི་ཐིག་ལེ། ད་གདོད་ལུས་རྫོགས་པར་ཆགས་པ་ན་སྙིང་ག་རུ་འགྱུར་བའི་གནས་དེར་གནས་པའི་སེམས་སོ། །མྱོང་བའི་ཞེས་འབྱུང་བ་ལྟར་ན་མྱོང་བའི་
སེམས་འཇུག་པ་སྟེ་གནས་པའི་རྟེན་ནོ། །ཚིགས་བཅད་གཉིས་པ་ནི། དབང་པོ་གཡོ་བའི་རྟ་ཀུན་ནང་དུ་ངེས་སྦྱར་བ། །ཡེ་ཤེས་རྒྱལ་བ་མ་ལུས་འདུས་པའི་སྣོད་གྱུར་པ། །ཞིང་དང་ཁམས་གསུམ་མ་ལུས་འདུས་པའི་སྣོད་གྱུར་པ། མཐོང་བ་མཁའ་དང་འདྲ་བ་དྲི་མེད་དཔལ་དུ་གྱུར། །ཞེས་པའོ། །སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་དམིགས་ནས་ལམ་དུ་བྱས་པ་ན། དབང་པོའི་ཤེས་པ་ཕྱི་རོལ་ཏུ་གཡོ་བའི་སེམས་ཀྱི་རྟ་རླུང་ཀུན་སྙིང་གའི་ནང་དུ་ངེས་པར་སྦྱོར་བར་བྱེད་དོ། །དེ་ལྟར་སྦྱར་བ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱལ་བ་མ་ལུས་པ་འདུས་པའི་སྣོད་དུ་གྱུར་པ་སྟེ། བསྐྱེད་པའི་ཞིང་དང་ཁམས་གསུམ་མ་ལུས་པ་འདུས་པའི་སྣོད་དུ་གྱུར་པ་སྟེ། དེ་ཐམས་ཅད་ཀྱི་རྩ་བ་རླུང་དང་སེམས་ཙམ་གྱི་བདག་ཉིད་དུ་གྱུར་པའོ། །དེ་འདྲ་བའི་ལྷན་སྐྱེས་ཡེ་ཤེས་བདེ་སྟོང་སྦྱར་བའི་དོན་མཐོང་བ་ན། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་དྲི་མ་མེད་པའི་དཔལ་དུ་འགྱུར་རོ། །ཚིགས་བཅད་གསུམ་པ་ནི། སངས་རྒྱས་རྗེས་དྲན་སྦྱོར་བ་ཡིས། །ཆོས་ནི་རྗེས་སུ་དྲན་པ་བསྒོམ། །ཆོས་རྗེས་དྲན་པའི་སྦྱོར་བ་ཡིས། །ཆོས་ཀྱི་སྐུར་ནི་བདག་གྱུར་ཏེ། །ཞེས་པའོ། །འདིས་ནི་བསྒོམ་པའི་རིམ་པ་སྟོན་ཏེ་དང་པོར་སངས་རྒྱས་རྗེས་སུ་དྲན་པའི་སྦྱོར་བ་ལྷའི་རྣལ་འབྱོར་བསྒོམ་པ་དང་སྦྱོར་བ་དེ་ཡིས་ཏེ་དེ་ལ་བརྟེན་ནས། ཆོས་ནི་རྗེས་སུ་དྲན་པ་སྟེ་སྙིང་ག་ཆོས་ཀྱི་འཁོར་ལོར་མི་ཤིགས་པ་བསྒོམ་པར་བྱ་ལ། དེ་ལྟར་བསྒོམས་པའི་ཆོས་རྗེས་སུ་དྲན་པ་ཡིས་བདག་ཉིད་ཀྱི་སེམས་ཆོས་ཀྱི་སྐུར་འགྱུར་བར་བྱེད་དོ། །ཞེས་པའོ། །
ཚིགས་བཅད་བཞི་པ་ནི། དབུས་ན་གསལ་བྱེད་རྣམ་པར་ཤེས། །ཡེ་ཤེས་མཆོག་ནི་ཤེས་རྣམས་ཀྱིས། །ཤིན་ཏུ་སྒོམ་པ་གོམས་པ་ལས། །འབར་བ་འདི་ནི་ཐེ་ཚོམ་མེད། །ཅེས་པ་སྟེ་སྔར་བཤད་པ་ལྟར། སྒོམ་པ་དེ་ཡང་དེ་རྣམས་ཀྱི་གནད་ལེགས་པར་ཤེས་པ་དང༌། གོམས་པ་བསྲིངས་ན་ཐེ་ཚོམ་མེད་པར་ཡེ་ཤེས་སྐྱེའོ་ཞེས་པའི་དོན་ནོ། །དེའི་འོག་ཏུ་རྟག་ཏུ་ཞེས་པའི་ཚིགས་བཅད་གཅིག་འབྱུང་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །གཉིས་པ་ནི། ད་ནི་ས་བོན་མེད་པའི་རང་བཞིན་བྱིན་གྱིས་བརླབ་པའི་རིམ་པ་བརྗོད་པར་བྱའོ། །ཞེས་མཚམས་སྦྱར་ཏེ། ས་བོན་མེད་པ་ནི་འདིར་སྔ་མ་ལྟར་སྔགས་ཀྱི་ཐིག་ལེ་ཧཱུཾ་ཡིག་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་ལྟ་བུའི་གཟུགས་ལ་དམིགས་པ་མེད་པ་ལ་བྱའི། རྩོལ་བ་མི་དྲག་པ་དང་དམིགས་པ་རྒྱ་ཆུང་བ་ལ་བྱེད་པ་ནི་དོན་དུ་མི་སྣང་ངོ༌། །ཉི་མའི་བདག་ཉིད་ཅན་ནི་རོ་མ་ནས་རྒྱུ་བའི་རླུང་སྟེ་དེའི་ལམ་ནི་སྣ་བུག་གཡས་སོ། །ཟླ་བའི་བདག་ཉིད་ཅན་ནི་རྐྱང་མ་ནས་རྒྱུ་བའི་རླུང་སྟེ་དེའི་ལམ་ནི་སྣ་བུག་གཡོན་ནོ། །སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པ་ནི་ནམ་མཁའ་སྟོང་པའི་ངོ་བོ་ཞེས་པས་བཤད་དེ་རྩའི་ཁོང་སྟོང་དང་སྣ་བུག་གི་ཁོང་སྟོང་གང་ནས་ཀྱང་སྟེ་དེ་ནས་རླུང་བར་ཆད་མེད་པར་ཏེ་ནང་དུ་འཇུག་པ་དང་ཕྱིར་ལ་འབྱུང་བར་འགྱུར་བའི་ལམ་དེར་འབྱུང་འཇུག་བྱེད་པ་ན་རླུང་དང་ལྷན་ཅིག་སྦྱར་བས་ཏེ་རླུང་སྔགས་དབྱེར་མི་ཕྱེད་པར་གཅིག་ཏུ་བྱས་པའི་དོན་ལ་སེམས་གཟུང་བར་བྱའོ། །འདིར་འབྱུང་བ་
དང་འཇུག་པའི་རླུང་གི་བཟླས་པ་གཉིས་གསལ་བར་བཤད་པས་ནང་དུ་རླུང་གནས་པའི་བཟླས་པ་ཡང་ཤེས་པར་བྱའོ། །ས་བོན་དང་བཅས་པའི་རང་བྱིན་རླབས་ཀྱིས་བསྐྱེད་རིམ་དུ་མངོན་བྱང་ལས་ཧེ་རུ་ཀ་རྫོགས་པའི་ངེས་དོན་བཤད་ལ། ས་བོན་མེད་པའི་རང་བྱིན་རླབས་འདིས་བསྐྱེད་རིམ་པའི་ཧེ་རུ་ཀའི་ཐུགས་རྒྱུད་བསྐུལ་བའི་བཟླས་པའི་ངེས་དོན་བཤད་དེ། བཤད་པའི་རྒྱུད་སྡོམ་འབྱུང་ལས། རླུང་གི་དེ་ཉིད་སྔོན་དུ་འགྲོ་བས། སྔགས་ཀྱི་དེ་ཉིད་བཟླ་བར་གསུངས་པས་སྙིང་གའི་མི་ཤིགས་པ་ལས་ལྡང་འཇུག་གནས་གསུམ་གྱི་རྡོར་བཟླས་བྱེད་པའི་དོན་ནོ། །འདིར་བླ་མ་སྔ་མ་ཁ་ཅིག་གཞུང་དེ་རྣམས་ཀྱི་དོན་སྣ་བུག་གཡས་པ་ནས་ཉི་མའི་རླུང་རྒྱུ་བའི་དུས་སམ། གཡོན་པ་ནས་ཟླ་བའི་རླུང་རྒྱུ་བའི་དུས་སམ། གཉིས་ཀ་ནས་ཉི་ཟླ་མཉམ་པར་རྒྱུ་བའི་དུས་ཀྱང་རླུང་སྟེ་དེའི་དུས་སུ་སྣ་བུག་གཉིས་ཀྱི་ནང་སྣའི་རྩེ་མོ་དང་བཅས་པ་སྟོང་པར་སྒོམ་པའམ། སྣ་བུག་གཉིས་ཀྱི་འདོམས་སོའི་ཕྱི་རོལ་ཏུའང་རུང་སྟེ། རླུང་ཕྱིར་རྒྱུ་བའི་དུས་སུ་རླུང་སྣ་ལས་ཕྱི་རོལ་ཏུ་རིང་དུ་མི་འགྲོ་བར་རི་སྣར་སྨུགས་པ་ཆགས་པ་ལྟ་བུའི་ཚུལ་གྱིས་རླུང་གི་འོད་ཟེར་ཁ་དོག་སྨུགས་པའི་རྣམ་པས་གནས་པར་བསྒོམ། རླུང་ནང་དུ་འཇུག་པའི་དུས་སུ་རླུང་དང་ལྷན་ཅིག་ཏུ་འོད་ཟེར་ཐུར་དུ་འཕྲོས་པས་དེས་ལུས་ལ་ཁྱབ་པས་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས་པར་བསམ་པ་ལ་འཆད་པ་ནི་དོན་དུ་མི་སྣང་གི །བླ་མ་སྔ་མ་གཞན་འགའ་ཞིག་གི་ལུགས་ཀྱིས་རྡོར་བཟླས་བྱེད་པ་ལ་འཆད་པ་ལེགས་པར་མཐོང་ངོ༌། །དེ་ལྟར་
རྡོ་རྗེ་བཟླས་པ་ལ་གོམས་པ་ལས། ཉམས་མྱོང་སྐྱེ་ཚུལ་ནི། སེམས་ཀྱི་བཞོན་པར་གྱུར་པའི་རླུང་གི་རྡོར་བཟླས་བྱས་པ་དེས་ཀྱང་འཁྱེར་ཞེས་སྦྱར་རོ། །གང་འཁྱེར་ན་བློ་སྟེ་སེམས་ཀྱི་གཞི་ནི་དེའི་བཞོན་པའི་རླུང་རྣམས་སོ། །གང་དུ་འཁྱེར་ན་རླུང་སེམས་རང་གི་ཁྱིམ་སྟེ་རྩ་བའི་གནས་སྙིང་གའི་དྷཱུ་ཏཱིར་རོ། །དེར་རླུང་ཞུགས་ཏེ་ཐིམ་པ་ན་བློ་ཤེས་རབ་སྟེ་ཡུལ་སྟོང་པ་ཉིད་དང་སེམས་ཐབས་ཏེ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་རོ་གཅིག་ཏུ་འགྱུར་བའོ། །ཐབས་ཤེས་གཉིས་སུ་མེད་པའི་རང་བཞིན་དུ་སོན་པ་དེས་ནི་སངས་རྒྱས་ཐམས་ཅད་ཀྱི་སྐྱེད་པར་བྱེད་པའི་རང་བཞིན་དྲུག་པ་རྡོ་རྗེ་འཆང་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་དེ་ཁོ་ན་ཉིད་གྲུབ་པ་ལས། དཔེར་ན་ནམ་མཁའི་ངོས་སུ་ཁྱབ་པའི་ཆུ་འཛིན་གྱི་ཚོགས་སྟུག་པོ་དེངས་པར་གྱུར་པ་ན། གང་དུ་སོང་མི་ཤེས་པ་དེ་བཞིན་དུ་རླུང་འདི་ཡང་སྔར་རྒྱུན་མི་འཆད་པར་འབྱུང་བ་ལས། དེ་ལྟར་ཐིམ་པར་གྱུར་པ་ན་མཆོག་ཏུ་ལྡོག་ཅིང་ཚིམ་པ་ཐོབ་པས་གང་དུའང་འགྲོ་བར་མི་འགྱུར་རོ། །ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་གནས་པས་རྟོག་པའི་ཚོགས་ལས་གྲོལ་ཞིང༌། སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ཐུགས་ཚིམ་པར་བྱེད་པ་ཅི་ཞིག་ལྟར་སྐྱེས་ཏེ། འདི་ལྟར་འཁོར་བ་འདིར་སྔོན་དུ་ཐུགས་རྗེ་ཆེན་པོ་མང་དུ་རྒྱུན་མི་འཆད་པར་གོམས་པར་བྱས་པས། མཐའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་རྒྱུ་ཐོབ་པ་ཡིན་ནོ། །ཞེས་གསུངས་ཏེ་སྔར་བཤད་པ་དེ་འདྲ་བ་དེ་ནི་ལྷན་ཅིག་སྐྱེས་པའི་རླུང་རང་གི་གནས་སུ་
གནས་པ་ཞེས་བྱ་བ་ཡིན་ལ། དེ་ལས་ཡོན་ཏན་དེ་ལྟ་བུ་སྐྱེ་བ་ནི་སྙིང་གའི་རྡོར་བཟླས་ཁོ་ནར་མ་ཟད་སྙིང་གར་སྔགས་ཀྱི་ཐིག་ལེ་བསྒོམས་པ་ལས་ཀྱང་དེ་ལྟར་དུ་འགྱུར་བ་ཡིན་ནོ། །སྤྱིར་རྡོར་བཟླས་དང་ཁྱད་པར་དུ་སྙིང་གའི་རྡོར་བཟླས་ཀྱི་གནད་མཐའ་དག་པར་ནི། གསང་འདུས་དང་བདེ་མཆོག་གི་གདམས་ངག་གི་བཤད་པ་རྣམས་སུ་བསྟན་ཡོད་པས་དེར་ཤེས་པར་བྱའོ། །དེ་ལྟར་ན་འཁོར་ལོ་སྡོམ་པ་ལས། མངོན་བྱང་ལས་ཧེ་རུ་ཀ་རྫོགས་པ་དང་དེའི་ཐུགས་བསྐུལ་བའི་བཟླས་པ་བཤད་པའི་སྐབས་སུ། སྒྲས་ཟིན་ཆོད་ཀྱི་དོན་ལ་བསྐྱེད་རིམ་ལས་མེད་པས། དེས་མཚོན་པའི་དོན་རྫོགས་རིམ་གྱི་ངེས་དོན་རང་བྱིན་རླབས་གཉིས་སྦས་པ་དང༌། སྦས་པ་བཤད་རྒྱུད་ལ་བརྟེན་ནས་གྲུབ་ཆེན་གྱིས་སྟོན་ཚུལ་ནི་དེ་ལྟར་ཡིན་ནོ། །གཉིས་པ་ནི། དེ་ལྟར་བདག་བྱིན་གྱིས་བརླབས་པ་གཉིས་བསྒོམས་པའི་ཕན་ཡོན་གཞན་སྟོན་པ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དོན་གཟུགས་ཀྱི་སྐྱེ་མཆེད་རྣམས་ལྷའི་མིག་གིས་ཤེས་ཤིང་འཁོར་བ་སོ་སོ་སྐྱེ་བོ་དང་མྱ་ངན་ལས་འདས་པ་འཕགས་པ་གང་ཟག་གི་ཐོག་མ་སྐྱེ་བ་དང་ཐ་མ་འཆི་འཕོ་བའི་ཚུལ་གྱི་རང་བཞིན་ལྷའི་མིག་གིས་མཐོང་བ་སྟེ། འགོས་འགྱུར་ལས། འཁོར་བ་དང་མྱ་ངན་ལས་འདས་པའི་ཐོག་མ་དང་ཐ་མ་ཤེས་པར་འགྱུར་ཞིང༌། ལྷའི་མིག་གིས་གཟུགས་ཀྱི་རྣམ་པ་ཐམས་ཅད་ཤེས་པ་དང་ཞེས་འབྱུང་ངོ༌། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རྣམས་སུ་གནས་པའི་སེམས་ཅན་གྱི་
སྒྲ་རྣམས་ལྷའི་རྣ་བས་ཐོས་པ་དང༌། སེམས་ཅན་གྱི་ཞེས་པ་ལྷག་མ་གསུམ་ལའང་སྦྱར་ལ། དྲི་རྣམས་ལྷའི་སྣས་སྣོམ་པ་དང་རོ་རྣམས་ལྷའི་ལྕེས་མྱོང་བ་དང་རེག་བྱ་རྣམས་ལ་ལྷའི་ལུས་ཀྱི་དབང་པོས་ལོངས་སྤྱོད་པར་བྱེད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ་ལ་ཡིད་ཀྱི་ཤེས་པའི་བདེ་བ་ཆེན་པོས་རོལ་པར་ཡང་བྱེད་དོ། །གསུམ་པ་ནི། འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་གསལ་བར་སྦས་པ། གསལ་བར་བསྟན་པ་ལས་རང་བྱིན་གྱིས་རློབ་པའི་རིམ་པས་ཏེ་རིམ་པ་དང་པོའོ། །བདག་བྱིན་གྱིས་རློབ་པ་ནི་སྔར་བཤད་པའི་ཡེ་ཤེས་འདྲེན་པའི་ཐབས་དང༌། དེས་དྲངས་པའི་ཡེ་ཤེས་ཀྱི་རིམ་པ་གཉིས་ཀ་ལ་བྱའོ། །གཉིས་པ་ལ་གཉིས། ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ས་བོན་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པའོ། །དང་པོ་ལ་གསུམ། དངོས་ཀྱི་དོན་དང། དམིགས་རྟེན་ལུས་ཀྱི་གནས་གཞན་དུ་བཞག་པ་ལ་བརྟེན་ནས་ཡོན་ཏན་འཆར་ཚུལ་དང༌། རིམ་པའི་མཚན་བསྟན་པའོ། །དང་པོ་ནི། སྣ་ཚོགས་རྡོ་རྗེ་ནི་འདིར་དཀྱིལ་འཁོར་གང་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །དེའི་གཞི་ནི་སྣ་ཚོགས་རྡོ་རྗེ་གང་ལ་གནས་པའི་པདྨ་སྟེ། དེ་ཡང་འདིར་ཡུམ་གྱི་གསང་གནས་ཀྱི་པདྨ་སྟོན་པར་འདོད་ནས་དེ་ལྟར་གསུངས་སོ། །གཞི་དེར་གནས་པའི་རྡོ་རྗེ་ནི་ཡབ་ཀྱི་གསང་གནས་ཀྱི་རྡོ་རྗེར་བསྐྱེད་པའོ། །རྡོ་རྗེ་དེའི་རྩེ་མོ་ནི་དྷཱུ་ཏཱིའི་མར་སྣའི་བུག་པར་རོ། །དེར་གནས་
པའི་དང་པོ་མཆོག་ནི་དཔལ་མཆོག་དང་པོའི་ཡི་གེར་གྲགས་པའི་ཧཱུཾ་ཡིག་གོ །ཡི་གེ་དེའི་སྤྱི་བོར་གནས་པ་ནི་ཐིག་ལེ་ཟླ་བ་ལྟ་བུར་དཀར་ཞིང་དྲི་མ་མེད་པའི་ལུས་དང་ལྡན་པའོ། །ཐིག་ལེ་དེ་ལ་དམིགས་ནས་སྒོམ་པར་བྱེད་པའི་སྒྲུབ་པ་པོ་བདག་ཉིད་དེ་ནི་རྡོ་རྗེ་དབང་ཕྱུག་སྟེ་རྡོ་རྗེ་འཆང་ཉིད་འགྲུབ་པར་འགྱུར་རོ། །གཞུང་དེ་དག་གི་དོན་ལ་སྔ་མ་ཁ་ཅིག་སྦྱི་བོ་ནས་མཐོ་གང་ཙམ་གྱི་གནས་སུ། སྣ་ཚོགས་རྡོ་རྗེ་ཤར་གྱི་རྭ་དཀར་ལྷོའི་སེར་ནུབ་ཀྱི་དམར་བྱང་གི་ལྗང་ལྟེ་བ་ནག་པོ། དེའི་ལྟེ་བའི་སྟེང་དུ་ཆོས་འབྱུང་གྲུ་གསུམ་དམར་སྐྱ་བསམ་དེའི་ནང་དུ་རྡོ་རྗེ་དམར་སྐྱ་རྩེ་ལྔ་པ། དེའི་ལྟེ་བ་ལ་ཟླ་བ་ལ་གནས་པའི་ཧཱུཾ་དཀར་དམར་བསམས་ལ། རླུང་ནང་དུ་བསྡམས་ཤིང་ཧཱུཾ་དེའི་ཐིག་ལེ་དཀར་ལ་དམར་བ་ལ་སེམས་གཏད། ཅེས་ཟེར་བ་དང༌། ཡང་ཁ་ཅིག་རྡོ་རྗེ་དམར་པོའི་རྩེར་ཟླ་བ་ཧཱུཾ་དཀར་པོ་དེའི་ཐིག་ལེ་ཟླ་བ་ལྟར་དཀར་བ་དེར་སེམས་གཞུག་ལ། གཞན་གང་ཡང་མི་བསམ་པར་གནས་པར་བྱའོ་ཞེས་ཟེར་མོད་ཀྱང༌། འདི་ལ་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་དགོས་ལ། དེ་གཉིས་ཀ་ལ་ལུས་ལ་གནད་དུ་བསྣུན་པའི་དམིགས་པ་ཅི་ཡང་མི་འདུག་གོ །ཡང་སྔོན་གྱི་བླ་མ་ཁ་ཅིག་རང་གི་རིག་མའི་ཆོས་འབྱུང་གི་ནང་དུ། རང་གི་རྡོ་རྗེ་ཧཱུཾ་དམར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་དེའི་རྩེ་མོའི་ནང་དུ་ཧཱུཾ་དམར་པོ་མགོ་གྱེན་དུ་བལྟ་བ་དེའི་ཐིག་ལེར་རང་གི་སེམས་བཅུག་ལ་གཞན་ཅི་ཡང་མི་སེམས་པར་གནས་པར་བྱའོ། །ཞེས་འཆད་དེ་ལེགས་པར་སྣང་ངོ༌། །ས་བོན་ཧཱུཾ་ཡིག་དང་བཅས་པ་སྒོམ་
པའི་སྣ་ཚོགས་རྡོ་རྗེ་རིམ་པའོ། །སྣ་ཚོགས་རྡོ་རྗེ་ཞེས་པ་ལ་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཅན་ལ་བྱས་པ་དང༌། རྡོ་རྗེ་ས་བོན་དང་བཅས་པ་གཞི་གཅིག་ཉིད་ལུས་ཀྱི་གནས་སོ་སོར་བཀོད་ནས་བསྒོམས་པས། ཡོན་ཏན་སྣ་ཚོགས་པ་སྒྲུབ་པས་སྣ་ཚོགས་རྡོ་རྗེའི་རིམ་པར་བཞག་པའི་ཚུལ་གཉིས་ལས། མིག་ལ་བཀོད་ཅིང་ཞེས་པ་ནས་ལོངས་སྤྱོད་པར་འགྱུར་རོ་ཞེས་པའི་བར་གྱིས་བསྟན་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་ནི་ཕྱི་མ་ལྟར་བྱའོ། །དེ་ལྟར་གསང་གནས་ཀྱི་རྡོ་རྗེའི་རྩེར་ཧཱུཾ་ཡིག་བཀོད་པ་ལ་སེམས་བརྟན་པར་གྱུར་པ་ན། གཡས་གཡོན་གྱི་རླུང་དྷཱུ་ཏཱིའི་མར་སྣ་ནས་དབུ་མར་འཇུག་ཅིང་ཐུར་སེལ་གྱི་རླུང་གྱེན་དུ་ལོག་ནས་གཏུམ་མོ་སྐུལ་བར་བྱེད་དོ། །གཉིས་པ་ནི། གསང་གནས་ཀྱི་རྡོ་རྗེའི་སྣ་རྩེར་ཧཱུཾ་ཡིག་གི་ཐིག་ལེ་ལ་སེམས་གཟུང་བ་བརྟན་པ་དེ་ནས་རྡོ་རྗེ་ཤིན་ཏུ་ཕྲ་བའི་རྩེ་མོར་ཧཱུཾ་ཡིག་བཀོད་པ་དེ། མིག་གཉིས་ལ་བཀོད་ཅིང་དེར་སྦྱོར་བའི་སེམས་བརྟན་པར་གྱུར་པས་ནི་འཇིག་རྟེན་གསུམ་མཐོང་ངོ༌། །དེ་བཞིན་དུ་རྣ་བ་དང་སྣ་དང་ལྕེའི་རྩ་བ་ལ་བཞག་པའི་སེམས་བརྟན་པ་སོགས་སྦྱར་རོ། །པགས་པ་ལ་བཞག་པ་ནི་ལུས་ཀྱི་དབང་པོའི་སྒོར་བཞག་པ་སྟེ། ལུས་ཀུན་ལ་ཁྱབ་པར་སྒོམ་པའམ་ལུས་ཀྱི་དབང་པོའི་རྡུལ་ཕྲ་རབ་ཀུན་གྱི་ངོ་བོར་བསམས་ལ། སྨིན་མཚམས་སུ་བཞག་པ་ལ་སེམས་གཏད་དོ། །རྡོ་རྗེ་ས་བོན་དང་བཅས་པ་འཁོར་ལོ་བཞི་ལ་བཞག་པ་ནི། འཁོར་ལོ་བཞིའི་ལྟེ་བ་དྷཱུ་ཏཱིར་བཞག་པ་ལ་བྱའོ། །
ལྷའི་མཆོག་ནི་བརྒྱ་བྱིན་ལ་སོགས་པའོ། །འགྱུར་གཞན་ལས་ལྷའི་བུ་མོ་མཆོག་ལ་ཞེས་འབྱུང་ངོ༌། །གསུམ་པ་ནི། ཡོན་ཏན་རྣམ་པ་སྣ་ཚོགས་པ་སྒྲུབ་བའི་སྣ་ཚོགས་རྡོ་རྗེའི་རིམ་པ་ལ་དམིགས་པ་ས་བོན་དང་བཅས་པའོ། །གཉིས་པ་ནི། དེ་ནི་ས་བོན་ཏེ་ཡི་གེ་མེད་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་བརྗོད་པར་བྱའོ། །མཛོད་སྤུར་ནི་སྨིན་མ་གཉིས་ཀྱི་མཚམས་སུ་དབུ་མའི་ཡར་སྣ་ཡིན་ནོ། །བཀོད་པའི་སེམས་ནི་ཉི་མའི་གཟུགས་སུ་མཐོང་བར་འགྱུར་རོ། །ཞེས་པ་ལ་སྔར་འགྱུར་རྙིང་པ་ཁ་ཅིག་ལས། མཛོད་སྤུར་ཉི་མའི་གཟུགས་བཀོད་པ་སེམས་ཀྱིས་དམིགས་སོ་ཞེས་འབྱུང་བ་ལྟར་ལེགས་པས། དབུ་མའི་ཡར་སྣའི་ནང་དུ་ཕྲ་བའི་ཉི་མའི་གཟུགས་བཀོད་པ་ལ། སེམས་ཀྱིས་ཐོག་མར་དམིགས་པར་བྱའོ། །དེའི་སྟེང་དུ་ཟླ་བའི་གཟུགས་བཀོད་ལ་ཞེས་པ་ནི་དམིགས་པ་སྔ་མ་ལ་བརྟན་པ་ན། ཉི་མ་དེའི་སྟེང་དུ་ཤིན་ཏུ་ཕྲ་བའི་ཟླ་བའི་གཟུགས་ཅན་གྱི་ཐིག་ལེ་བཀོད་ལ་སེམས་གཟུང་ངོ༌། །དེ་བརྟན་པ་ན་ཟླ་བ་དེའི་སྟེང་དུ་སྐར་མའི་ཚོགས་བཀོད་པ་ལ་སེམས་གཟུང་ངོ༌། །སྐར་མའི་ཚོགས་ནི་སྐར་མའི་རྣམ་པ་ཅན་གྱི་ཐིག་ལེའོ། །ཚོགས་ཞེས་པའི་དོན་དུ་བསམས་ནས་ཟླ་བའི་སྟེང་དུ་དབུས་སུ་ཐིག་ལེ་སྔོན་པོ། ཤར་དུ་དཀར་པོ་ལྷོར་སེར་པོ་ནུབ་ཏུ་དམར་པོ་བྱང་དུ་ལྗང་གུ་སྟེ། དེ་བཞིན་གཤེགས་པ་རིགས་ལྔའི་བདག་ཉིད་དུ་བསམ་པར་སྔ་མ་ཁ་ཅིག་གིས་བཤད་ལ། ཁ་ཅིག་ནི་དབུས་སྔར་དང་འདྲ་ལ་འོག་ཏུ་དཀར་པོ་གཡས་སུ་སེར་པོ་སྟེང་དུ་དམར་པོ་གཡོན་དུ་ལྗང་གུ་བསམ་ཟེར་རོ། །སྔར་བཤད་པ་དེ་ལྟར་དབུ་མའི་
ཡར་སྣའི་ནང་དུ་སེམས་འཛིན་པ་ལ་ཡང་དང་ཡང་དུ་གོམས་པར་བྱས་པ་ལས། གཡས་གཡོན་གྱི་རླུང་དྷཱུ་ཏཱིའི་ཡར་སྣའི་ནང་གི་ལྟེ་བར་ཞུགས་གནས་ཐིམ་གསུམ་བྱས་པ་ལས། ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་སྐྱེ་ཞིང་དེ་དང་སྟོང་པ་གཉིས་སྦྱར་བའི་སེམས་དམིགས་པ་མེད་པ་ལ་བརྟན་པར་གྱུར་པས་ནི་སྒྲུབ་པ་པོ་སངས་རྒྱས་ཉིད་དུ་སྒྲུབ་པར་བྱེད་དོ། །དམིགས་པ་མེད་པའི་བསམ་གཏན་འཐོབ་ལུགས་ནི། དཔེར་ན་ལག་པའི་རི་མོ་ལྟ་བུ་གཅིག་ལ་མིག་གཏད་ཅིང༌། མིག་མི་འཛུམ་པར་བལྟས་པས་ཅི་ཞིག་ལྟར་ན་མིག་སྦྲིད་ནས་རི་མོ་རྣམས་མི་དམིགས་པར་གཏད་ཡལ་ལ་འགྲོ་བ་བཞིན་དུ། སྔར་གྱི་དམིགས་པ་ལ་གཏད་ནས་བསྒོམས་པ་ན་དེ་བཞིན་དུ་འགྲོ་བར་འདོད་པ་ནི་མི་ལེགས་ཏེ། འདི་འདྲ་བའི་དམིགས་མེད་ཀྱི་ཏིང་ངེ་འཛིན་ལ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་རིང་དུ་འདྲིས་པར་བྱས་པས། གཟུང་འཛིན་གྱི་སྣང་བ་མི་དམིགས་པར་འགྲོ་བ་དགོས་པའི་ཕྱིར་རོ། །འོ་ན་ཕྱི་མ་འདི་ལ་སྣ་ཚོགས་རྡོ་རྗེའི་རིམ་པ་ཞེས་པ་མི་འཐད་དེ། རྡོ་རྗེ་གང་ཡང་སྒོམ་པ་མི་སྣང་བའི་ཕྱིར་རོ་ཞེ་ན། སྔར་བཤད་པ་ཙམ་ཞིག་ལས་མེད་ན་དེ་ལྟར་ཡིན་ཡང༌། དབུ་མའི་ཡར་སྣའི་ནང་དུ་ཤིན་ཏུ་ཕྲ་བའི་རྡོ་རྗེ་བསྒོམས་ནས་དེའི་རྩེར་ཉི་ཟླ་སྐར་གསུམ་གྱི་རྣམ་པ་ཅན་གྱི་ཐིག་ལེ་རྣམས་བརྩེགས་ཏེ་བསྒོམ་པར་གསལ་བས་སྐྱོན་མེད་དོ། །དེ་ལྟར་བྱས་ན་སྣ་ཚོགས་རྡོ་རྗེའི་རིམ་པ་གཉིས་ཀ་ལ་རྡོ་རྗེ་བསྒོམ་པར་འདྲ་ཡང༌། དེའི་རྩེ་མོར་ཡི་གེ་བསྒོམ་པ་དང་ཡི་གེ་མི་
བསྒོམ་པར་ཐིག་ལེ་གསུམ་བསྒོམ་པའི་ཁྱད་པར་དུ་འགྱུར་རོ། །སྤྱིར་རྩ་འཁོར་གྱི་དབུས་གང་དུ་དམིགས་པ་གཏད་ཡུན་རིང་བར་བསྒོམས་ན། ད་གཟོད་སྤྱི་བོ་ནས་བྱང་ཆུབ་ཀྱི་སེམས་བབས་པ་གནས་དེར་སླེབ་པ་ན། གནས་ཡུན་ཤིན་ཏུ་རིང་བས་དྷཱུ་ཏཱིའི་མར་སྣར་དམིགས་པ་གཏད་ཡུན་རིང་པོ་བསྒོམ་པ་ལའང༌། ཤིན་ཏུ་གཟུང་དཀའ་བའི་གནས་རྡོ་རྗེའི་རྩ་མོར་བྱང་སེམས་སླེབ་པ་ན་ཡང༌། ཕྱིར་མི་འཕོ་བར་གནས་ཡུན་རིང་བ་ཞིག་བྱུང་བས་ལྷན་སྐྱེས་ཀྱི་ཏིང་ངེ་འཛིན་ཡུན་རིང་དུ་བསྒོམས་པས་ཆོག་པ་ཞིག་འབྱུང་ལ། དབུ་མའི་ཡང་སྣར་སེམས་གཏོད་པ་ཡུན་རིང་དུ་བྱས་ན། སྨིན་མཚམས་ཐིག་ལེའི་གནས་ཡིན་པས་བྱང་ཆུབ་ཀྱི་སེམས་དཀར་པོ་རྒྱས་ཏེ། ནོར་བུའི་རྩེར་བྱང་སེམས་འབེབས་རྒྱུ་མང་བའི་གནད་ཡོད་པ་སོགས་ཀྱི་ཡོན་ཏན་མང་པོ་ཡོད་པ་ཤེས་དགོས་སོ། །འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་གསལ་བར་སྦས་པ་གསལ་བར་བསྟན་པ་ལས། སྣ་ཚོགས་རྡོ་རྗེའི་རིམ་པ་སྟེ་རིམ་པ་གཉིས་པའོ། །གསུམ་པ་ལ་བཞི། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་དང༌། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་དང༌། ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་ནོར་བུ་འགེངས་ཚུལ་ལོ། །དང་པོ་ནི། ད་ནི་ནོར་བུ་འགེངས་པའི་རིམ་པ་བརྗོད་པར་བྱ་སྟེ་ཞེས་སྤྱིའི་མཚམས་སྦྱར་བ་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་གྲགས་པ་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བའི་ཆོ་ག་སྒྲུབ་ཐབས་
སུ་བཤད་པ་འདྲ་བ་ལ་བརྟེན་ནས་ཡབ་ཡུམ་སྙོམས་པར་ཞུགས་པ་ན། རྡོ་རྗེ་ནོར་བུའི་རྩེ་མོར་བྱང་ཆུབ་ཀྱི་སེམས་ཀུན་ད་ལྟ་བུ་སོན་པ་སྟེ་སླེབ་པ་ན། དམིགས་པ་སྔ་མ་རྣམས་ཀྱི་ནུས་པས་ཕྱིར་མི་འཕོ་བར་འཛིན་ནུས་ལ། དེའི་ཚེ་ལྷན་སྐྱེས་ཀྱི་བདེ་བ་ཅི་འདྲ་བ་ཞིག་སྐྱེ་བར་འདུག་པ་དེ་བློས་ཡང་དག་པར་ཉེ་བར་བརྟགས་ཤིང་སྟེ་ངོས་ཟིན་པར་བྱས་ལ། དེ་སྟོང་པ་ཉིད་ཀྱི་ལྟ་བ་དང་སྦྱར་ཏེ་སྒོམ་པ་བརྟན་པར་བྱས་ནས། སེམས་དེའི་བདག་ཉིད་དུ་རང་གི་ངང་གིས་གྱུར་པ་ལ་གོམས་ན་ནི། ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཉིད་དཔྱད་པ་སྟེ་ཐེ་ཚོམ་མེད་པར་ངེས་པ་ཉིད་དུ་སྐྱེ་བར་འགྱུར་རོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པ་ཡིན་ཀྱང་རིམ་པ་སྔ་མ་གཉིས་ལ་ནུས་པ་ཐོན་པ་ཞིག་ཡིན་ན་ཐབས་དེས་ཀྱང་སྲོག་དྷཱུ་ཏཱིར་སྡུད་པའི་ཞུགས་གནས་ཐིམ་གསུམ་བྱས་པ་ལས། རྫོགས་རིམ་པའི་ལྷན་ཅིག་སྐྱེས་པའི་བདེ་བ་འདྲེན་པར་ནུས་པ་འདི་གནད་ཆེ་སྟེ། འོག་གི་ཕྱག་རྒྱ་གསུམ་གྱི་སྐབས་སུ་ཡང་ཤེས་པར་བྱའོ། །རིམ་པ་དང་པོའི་སྐབས་སུ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་གོམས་པས། མིག་གིས་མཐོང་བ་ལས་ཀྱང་གསལ་བ་སྙམ་བྱེད་པའི་གསལ་སྣང་དང༌། དེ་ལ་ཡང་སེམས་ཤིན་ཏུ་བརྟན་པར་གནས་པ་དང༌། ངག་གི་སྨྲ་བ་དང་མིག་གིས་བལྟ་བ་དང་ཙུམྦྷ་ན་དང༌། འཁྱུད་པ་སོགས་དངོས་ཀྱི་ཕྱག་རྒྱ་དང་འདྲ་བར་འཆར་ལ། སྐབས་འདིར་དེ་ལྟ་བུ་དེ་རིམ་པ་དང་པོའི་སྐབས་ལས་ཀྱང་ཁྱད་ཞུགས་པར་འགྱུར་བས། དངོས་ཀྱི་
ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཇི་ལྟར་སྐྱེ་བ་དེ་འདྲ་བའི་གཟུགས་བརྙན་ཚང་བ་ཞིག་སྐབས་འདིར་ཡང་སྐྱེ་བས་སྔོན་དུ་དམ་ཚིག་གི་ཕྱག་རྒྱ་ལ་སློབ་པ་ཡིན་ནོ། །གཉིས་པ་ནི། དམ་ཚིག་གི་ཕྱག་རྒྱ་ལ་བརྟེན་ཚུལ་སྔར་བཤད་པ་དེ་བརྟན་པ་ན། ལག་པ་ཞེས་བྱ་བའི་ཕྱག་རྒྱའི་སྒོ་ནས་ཞེས་པའི་དོན། བླ་མ་སྔ་མ་ཁ་ཅིག་ལག་པའི་ཕྱག་རྒྱ་དངོས་ལ་འཆད། སྔ་མ་གཞན་ཁ་ཅིག་ལག་པ་དང་འདྲ་བར་བྱང་སེམས་འབྱིན་པའི་བྱ་བ་བྱེད་པའི་ཕྱག་རྒྱ་མོ་དངོས་ལ་འཆད་ཀྱང༌། ལག་པའི་ཕྱག་རྒྱ་ཞེས་པ་ཕྱག་རྒྱ་བཞིའི་ཡ་གྱལ་ལ་མེད་ཅིང༌། འདིར་ཡང་མིང་གི་ཐ་སྙད་རྣལ་འབྱོར་རྒྱུད་ནས་གསུངས་པ་དང་མཐུན་པར་བྱ་རྒྱུར་སྣང་བས། འགོས་འགྱུར་ལས། རིམ་པ་གཉིས་པ་ལའང་ལག་པ་ཞེས་བྱ་བའི་ལས་ཀྱི་ཕྱག་རྒྱའི་བྱེ་བྲག་གིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཕྱུང་སྟེ་ཞེས་འབྱུང་བ་ལྟར་ལེགས་སོ། །དེ་ལ་ལག་པ་ཞེས་བྱ་བའི་ལས་ཀྱི་ཕྱག་རྒྱ་ཞེས་པ་ནི་རྒྱུད་གཞན་ལས། ལག་པས་འཆིང་བའི་ཕྱག་རྒྱ་ལ་ལས་ཀྱི་ཕྱག་རྒྱ་ཞེས་བཤད་པ་ལྟ་བུའི་ལས་ཀྱི་ཕྱག་རྒྱའོ། །དེའང་ལས་ཀྱི་ཕྱག་རྒྱའི་བྱེ་བྲག་གིས་ཞེས་པ་ནི་ལས་རྒྱའི་བྱེ་བྲག་ཏུ་གྱུར་པའི་ལས་རྒྱ་བྱེ་བྲག་པ་ཞིག་སྟོན་པའི་དོན་ནོ། །འདི་ནི་ཞལ་ལུང་དང་སྡོམ་འབྱུང་ནས་གསུངས་པ་ལྟར་གྱིས་པདྨ་ལ་སོགས་པ་མཚན་ཉིད་དང་ལྡན་པ་བཞི་བཙལ་ནས་དབང་བསྐུར་ཏེ། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། དཀྱིལ་འཁོར་གྱི་འཁོར་ལོ་དང་འདོད་པའི་བསྟན་བཅོས་ལ་མཁས་པའི་ལས་ཀྱི་ཕྱག་རྒྱ་དང༌།
ཡབ་ཡུམ་སྙོམས་པར་ཞུགས་པ་ལས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་སླེབ་པ་ན་བདེ་བ་ཇི་ལྟ་བུ་ཞིག་སྐྱེ་བ་ངོས་འཛིན་པ་སྔ་མ་དམ་ཚིག་གི་ཕྱག་རྒྱའི་སྐབས་སུ་བཤད་པ་བཞིན་ཉེ་བར་བརྟགས་ཏེ་བདེ་སྟོང་ལ་གོམས་པ་བརྟན་པར་གྱུར་པས་ཀུན་རྫོབ་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ལས་རང་གི་སེམས་དོན་དམ་པའི་རང་བཞིན་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་དུ་གྱུར་པ་ན། སྒྲུབ་པ་པོ་རྡོ་རྗེ་འཆང་ཉིད་དུ་འགྲུབ་པར་བྱེད་པའོ། །ཕྱག་རྒྱ་བཞི་ལ་བརྟེན་ནས་ནོར་བུ་འགེངས་པའི་སྐབས་སུ་ཡར་མར་གྱི་དགའ་བ་བཞི་ཚན་གཉིས་སྐྱེ་བར་མ་ཟད་རིམ་པ་དང་པོ་དང༌། རིམ་པ་གཉིས་པ་དང་བཞི་པའི་སྐབས་སུ་སྲོག་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ན། གཏུམ་མོ་འབར་ནས་བྱང་སེམས་ཞུ་བར་བྱེད་ལ། དེའི་ཚེ་ཡང་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་དང་སྟོང་པ་བཞིའི་ཡེ་ཤེས་སྐྱེའོ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བཞི་ནི། ཕྱག་ཆེན་ཐིག་ལེ་ལས། གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་ཏུ་བཤད། །ཁྱད་དགའ་ཉེ་བར་ཐོབ་པར་ཤེས། །ལྷན་ཅིག་སྐྱེས་ཏེ་འོད་གསལ་བའོ། །ཞེས་དགའ་བཞི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞིར་གསུངས་སོ། །དེར་ཡང་མངོན་བརྗོད་ལས། དགའ་བ་དང་པོ་ཡེ་ཤེས་ཏེ། །མཆོག་ཏུ་དགའ་བ་མཉམ་པར་སྦྱོར། །བདེ་བར་དགའ་བ་གྲུབ་པ་ཆེ། །ལྷན་ཅིག་སྐྱེས་དགའ་བླ་མེད་ཡིན། །སྦྱོར་བ་དང་ནི་ཤིན་ཏུ་སྦྱོར། །སྦྱོར་བ་ཆེ་དང་ཡེ་ཤེས་
སྦྱོར། །དེ་དག་ཆོ་གའི་རིམ་པའོ། །ཐིག་ལེ་གཞུང་གི་སྦྱོར་ཤེས་ན། །ཕྲ་བའི་སྦྱོར་བས་བལྟ་བར་བྱ། །ཞེས་གསུངས་པའི་དགའ་བཞིའི་རིམ་པ་ནི། ཡས་བབས་ཀྱི་རིམ་པ་ཡིན་ལ། རྐང་པ་ཐ་མ་གཉིས་ཀྱི་དོན། ཐིག་ལེའི་རྣལ་འབྱོར་སྒོམ་པའི་གཞུང་གི་དོན་ཤེས་ནས་ཡི་གེ་དང་ཐིག་ལེ་ཕྲ་མོའི་སྦྱོར་བ་སྟེ། རྣལ་འབྱོར་བསྒོམས་ནས་དགའ་བཞི་ཇི་ལྟར་སྐྱེ་བ་བལྟ་བར་བྱའོ། །ཞེས་པའོ། འགྲེལ་པར་རྣལ་འབྱོར་དང༌། རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཀྱི་ཆོ་གའི་རིམ་པའོ། །ཞེས་འཆད་དེ་དགའ་བ་བཞི་དང་རིམ་པ་བཞིན་དུ་སྦྱར་རོ། །ཡང་ན་མངོན་བརྗོད་ལས། ལྟེ་བ་སྙིང་པད་ནུ་མའི་དབུས། །ལྕེའི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་བཅུ་དྲུག་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། །ཕག་མོ་ལྟེ་བའི་རྩར་གནས་པ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག །ཅེས་ལྟེ་བར་དགའ་བ་དང༌། སྙིང་གར་མཆོག་དགའ་དང༌། ལྕེའི་རྩ་བ་སྟེ་མགྲིན་པར་དམ་པ་སྟེ་ཁྱད་པར་གྱི་དགའ་བ་དང༌། མགོའི་སྟེང་སྟེ་སྤྱི་བོར་ལྷན་སྐྱེས་ཀྱི་དགའ་བ་སྐྱེ་བར་བཤད་པ་ནི་མས་བརྟན་གྱི་དགའ་བཞིའི་རིམ་པའོ། །སྙིང་པད་ནི་སྙིང་གའི་རྩ་འཁོར་ཏེ་གཞན་གསུམ་ལའང་སྦྱར་རོ། ལྟེ་བའི་རྩ་བར་ཕག་མོ་ནི་གཏུམ་མོ་ཨ་ཐུང་དང་ལྷན་སྐྱེས་ཁྲག་འཐུང་དུ་བཤད་པ་ནི་མས་བརྟན་གྱི་དགའ་བཞིའི་རིམ་པའོ། །ལྷན་སྐྱེས་བྱང་སེམས་
གྱེན་དུ་ལོག་པ་སྤྱི་གཙུག་ཏུ་ཕྱིན་པ་ན་སྐྱེ་བས། སྤྱི་གཙུག་གི་ཧཾ་ཡིག་ཧེ་རུ་ཀར་བསྟན་པའོ། །བྱང་སེམས་ཞུ་བས་གནས་གང་དུ་སླེབ་པ་ན་ཡས་བབས་ཀྱི་དགའ་བཞི་སྐྱེ་ཚུལ་ནི། རྒྱུད་རྡོར་འཕྲེང་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང༌། །བྲལ་དགའ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་ཏེ། སྤྱི་བོ་ནས་མགྲིན་པའི་བར་དུ་སླེབ་པ་ན་དགའ་བ་སྐྱེ་ལ། དེས་གཞན་གསུམ་ལའང་ཤེས་པར་བྱའོ། །མས་བརྟན་གྱི་གནས་ཀྱང་བྱང་སེམས་ནོར་བུ་ནས་བརྩམས་ཏེ་ལྟེ་བའི་འཁོར་ལོའི་བར་དུ་ལོག་པ་ན་དགའ་བ་སྐྱེ་སྟེ་དེའི་རིགས་པ་གཞན་གསུམ་ལའང་སྦྱར་རོ། །མན་ངག་སྙེ་མར་མས་བརྟན་གྱི་བཞི་ཁ་ལྷན་སྐྱེས་ལ་ཆུང་ངུ་དང༌། བར་མ་དང་ཆེན་པོ་དང་ཆེན་པོའི་ཆེན་པོར་ཕྱེ་བར་བཤད་དེ། ཡས་བབས་ཀྱི་བདེ་བ་བཞི་ལས་ནི་མས་བརྟན་གྱི་བཞི་བདེ་བ་ཆེ་བ་ཞིག་འོང་དགོས་སོ། །དེ་ལྟར་བྱས་ན་ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་འོད་གསལ་གྱི་ཡེ་ཤེས་སུ་མི་རུང་ཡང༌། ལུགས་ལྡོག་གི་དགའ་བ་གཞན་གསུམ་ལྷན་སྐྱེས་སུ་འཇོག་པ་ཞིག་བཤད་ལ། དེ་བཞིན་དུ་ལུགས་མཐུན་གྱི་སྣང་མཆེད་ཐོབ་གསུམ་དང་དེ་གསུམ་དགའ་བ་གསུམ་དུ་བཞག་པ་ལྷན་སྐྱེས་ཀྱི་དགའ་བར་མི་འཇོག་ཀྱང༌། ལུགས་མཐུན་ཡས་བབས་ཀྱི་དགའ་བ་གསུམ་ལྷན་སྐྱེས་ཀྱི་དགའ་བར་འཇོག་
པའི་སྐབས་ཤིག་ཀྱང་ཡོད་པར་མངོན་ནོ། །འོན་ཀྱང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་མིན་པའི། དགའ་བ་གསུམ་ནི་ལྷན་སྐྱེས་མཚན་ཉིད་པར་འཇོག་ཏུ་མི་རུང་ངོ༌། །དོན་གྱི་དབང་འདི་གཟིགས་ནས་བརྟག་གཉིས་ལས། རྫོགས་པའི་རིམ་པའི་ཕྱོགས་ལ་ནི། །འདི་ལྟར་ལྷན་ཅིག་སྐྱེས་རྣམ་བཞི། །ཞེས་བསྐྱེད་རིམ་གྱི་ཕྱོགས་ལ་ལྷན་སྐྱེས་ཀྱི་དགའ་བ་ལ་དགའ་བཞིར་འབྱེད་པ་མེད་ཀྱང༌། རྫོགས་རིམ་ལ་དེ་ཡོད་པར་བཤད་དོ། །འོན་ཀྱང་རྫོགས་རིམ་གྱི་དགའ་བ་གསུམ་པོ་གང་ཡིན་ཐམས་ཅད་ལྷན་སྐྱེས་སུ་འཇོག་པ་མིན་ནོ། །ཡང་ཀྱེ་རྡོར་ལས། ཡང་ན་ཐམས་ཅད་བདག་ཉིད་དེ། །ཡང་ན་ཀུན་གྱིས་རྣམ་པར་སྤངས། །ཞེས་པའི་དོན་ལ་སྔར་བཤད་པ་ལྟ་བུ་ཞིག་དང༌། བསྐྱེད་རིམ་པའི་ཕྱོགས་ལ་དགའ་བ་གསུམ་གྱི་ལྷན་སྐྱེས་སྤངས་པ་དང༌། རྫོགས་རིམ་ཕྱོགས་ལ་ལྷན་སྐྱེས་དགའ་བ་གསུམ་གྱི་བདག་ཉིད་དུ་ཡང་འགྱུར་བ་དང་གཉིས་སུ་བཤད་པར་བྱའོ། །མས་བརྟན་གྱི་དུས་སུ་བྱང་སེམས་གྱེན་དུ་ལོག་པ་སྤྱི་བོར་མ་བརྟན་བར་དུ་བདེ་བ་མི་བརྟན་ལ། སྤྱི་བོར་བརྟན་ནས་བདེ་བ་བརྟན་པར་ཕྱག་ཆེན་ཐིག་ལེའི་དོན་མན་ངག་སྙེ་མར་བཤད་པ་ལས་ཤིན་ཏུ་གསལ་བར་འབྱུང་བས་མས་བརྟན་གྱི་གནད་ལ་མཁས་པར་བྱའོ། །གསུམ་པ་ནི། སྔོན་དམ་ཚིག་དང་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དྲན་པས་བདེ་བ་ཆེན་པོ་བསྐྱེད་ཅིང༌། ཆོས་ཀྱི་ཕྱག་རྒྱ་ཡིད་ལས་བྱུང་བ་སྟེ་སྔར་གྱི་ཕྱག་རྒྱ་ཡིད་ཀྱིས་དྲན་པ་ཡང་ཡང་གོམས་པ་ལས་རབ་ཏུ་བྱུང་བའི་བདེ་སྟོང་གི་ཏིང་ངེ་འཛིན་ཡང་དག་པར་བརྟན་པར་
བྱས་པས་རྡོ་རྗེ་འཆང་བ་ཉིད་སྐྱེད་པར་བྱེད་པའོ། །འདི་ལ་བླ་མ་ཁ་ཅིག་རང་གི་རྡོ་རྗེ་ནོར་བུའི་དབུས་སུ་ཧཱུཾ་ཁ་དོག་དམར་སྐྱ་ཞིག་བསམས་ལ། སྔར་ལས་རྒྱ་ལ་བརྟེན་པའི་བདེ་བ་ཉམས་སུ་མྱོང་བ་དྲན་པར་བྱ་ཞིང་བསྒོམས་པས་བདེ་བ་ཆེན་པོ་འདྲེན་ཞིང༌གོམས་པའི་མཐར། དེ་ལྟར་དྲན་པ་ལ་མི་བལྟོས་པར་ཧཱུཾ་ཡིག་ལ་དམིགས་པ་ཙམ་གྱིས་བདེ་བ་ཆེན་པོ་བསྐྱེད་པ་ཆོས་རྒྱ་ལ་བརྟེན་པའི་དོན་དུ་བཞད་དོ། །བཞི་པ་ནི། ནོར་བུ་འགེངས་པའི་རིམ་པ་གསུམ་བརྗོད་པར་མ་ཟད་ནོར་བུ་འགེངས་པ་ཞེས་བྱ་བའི་རིམ་པ་བཞི་པའང་བརྗོད་པར་བྱའོ། །སྒྲུབ་པ་པོ་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་ཚེ་འདི་ཉིད་ལ་སྒྲུབ་པར་བྱེད་ཅེས་དྲང་ངོ་། །གང་གིས་སྒྲུབ་ན་བསམ་གྱིས་མི་ཁྱབ་པའི་ལྷན་ཅིག་སྐྱེས་དགའི་རང་བཞིན་ཅན་བླ་མའི་བཀའ་དྲིན་ལས་སྐྱེས་པ་བརྟན་པར་བྱས་པས་སྒྲུབ་པར་བྱེད་དོ། །བསམ་མི་ཁྱབ་ཀྱི་ལྷན་ཅིག་སྐྱེས་དགའ་དེ་གང་གིས་སྐྱེད་པ་ཡིན་སྙམ་ན། ཁམས་གསུམ་སྟེ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པའི་ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་མོ་དང་འཁྱུད་པས་ལྷན་ཅིག་སྐྱེས་དགའ་དེ་སྐྱེད་པར་བྱེད་དོ། །གང་གིས་འཁྱུད་པས་དེ་བསྐྱེད་པ་ཡིན་སྙམ་ན། བརྟན་པ་སྣོད་དང་གཡོ་བ་བཅུད་མཐའ་དག་གི་ངོ་བོ་ཉིད་དུ་གྱུར་པའི་བདེ་བ་ཆེན་པོའི་སེམས་ཀྱིས་འཁྱུད་པའོ། །འཁྱུད་པའི་དོན་ནི་སྟོང་པ་ཉིད་ཀྱིས་ཡུལ་དང་བདེ་ཆེན་གྱིས་ཡུལ་ཅན་བྱས་ནས་བསྒོམས་པས་ཡུལ་ཇི་འདྲ་བ་བཞིན་དུ་ཡུལ་ཅན་ཡང་རྗེས་སུ་ཞུགས་པའོ། །དེའི་ཕྱིར་ཡུལ་ཅན་གྱི་བདེ་བ་ཆེན་པོའི་སེམས་ཁྱབ་པའི་
སྟོང་ཉིད་དང་ངོ་བོ་གཅིག་ཏུ་ཞུགས་པས་ཆོས་ཅན་རྣམས་དང་ངོ་བོ་དབྱེར་མེད་པའི་ཐ་སྙད་གདགས་སུ་རུང་བས་ངོ་བོ་ཉིད་དུ་གྱུར་པ་ཞེས་བྱའི། སྣོད་བཅུད་ཐམས་ཅད་སེམས་ལས་ངོ་བོ་ཐ་དད་དུ་མེད་པར་སྟོན་པ་མིན་ནོ། །ཆོས་ཉིད་ཐམས་ཅད་ཀྱི་ཡུལ་ཅན་དུ་ཞུགས་པས་ཐམས་ཅད་དུ་སོན་ཞིང་ནང་གི་རྩའི་གནད་རྣམས་སུ་དམིགས་པ་ཡང་མེད་ལ། ཕྱག་རྒྱ་གསུམ་དམིགས་པའི་རྟེན་དུ་ཡང་མེད་པས་རྟེན་དང་བྲལ་བར་འཇུག་པའོ། །གལ་ཏེ་སྟོང་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལ་དམིགས་པས་ལྷན་སྐྱེས་ཀྱི་བདེ་བ་སྐྱེད་ན། ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་དང་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་དུ་ཡང་ལྷན་སྐྱེས་ཀྱི་བདེ་ཆེན་དྲངས་ཏེ་སྒོམ་པ་ཡོད་པར་འགྱུར་ལ། ཁྱེད་ཅག་གི་ལྟར་ན་ཉན་རང་ལ་ཡང་དེ་ཁོ་ན་ཉིད་ཀྱི་ལྟ་བ་སྒོམ་པ་ཡོད་པས། ལམ་དེར་ཡང་ལྷན་སྐྱེས་ཀྱི་བདེ་བ་སྒོམ་པ་ཡོད་པར་འགྱུར་རོ། །ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་བྱང་སེམས་དཀར་པོས་ནོར་བུ་འགེངས་པའི་རིམ་པ་ཡང་ཧ་ཅང་ཁྱབ་ཆེས་པར་འགྱུར་རོ་ཞེ་ན། འདི་ནི་བླ་མེད་ཀྱི་རྒྱུད་དོན་ལེགས་པར་མི་ཤེས་ཤིང་དོན་གྱི་གནས་རགས་པ་རེ་གོ་བས་ཚིམ་པ་རྣམས་ཀྱིས་མི་ཤེས་མོད། འོན་ཀྱང་རང་གི་ལན་ནི་སྟོང་ཉིད་གོམས་པ་ཙམ་ལ་དེ་ལྟར་ཁས་བླངས་ན་བདེན་མོད་ཀྱང་། དེ་ལྟར་མིན་གྱི། ཡུལ་ཅན་ཁྱད་པར་ཅན་ལྷན་སྐྱེས་ཀྱི་བདེ་ཆེན་གྱིས་སྟོང་ཉིད་ཀྱི་དོན་རིང་ནས་བསྒོམས་པ་རྣམས་ཁོ་ན་ལ་དེ་ལྟར་ཁས་ལེན་པས་སྐྱོན་གང་ཡང་མེད་དོ། །དེ་ཡང་བདེ་སྟོང་སྦྱར་བ་ལ་གོམས་པ་ཆུང་བའི་སྐབས་སུ་མིན་གྱི་དེའི་གོམས་པ་རིང་དུ་བསྲིངས་པ་འདི་
ཡི་རིམ་པ་གསུམ་པའི་སྐབས་ལྟ་བུ་ལ་ནི་བདེ་སྟོང་སྦྱར་ཏེ་བསྒོམས་པ་ན། དེའི་མཐུས་གཏུམ་མོ་འབར་ནས་བྱང་སེམས་ཞུ་བས་རྡོ་རྗེའི་ནོར་བུ་འགེངས་པས་བདེ་སྟོང་བསྒོམས་པ་དང་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པ་གཉིས་ཕལ་ཆེར་འཁོར་མར་འོང་བ་ཡིན་ནོ། །འདི་འདྲ་བ་ཞིག་མ་རྟོགས་ན་ཐེག་པ་བླ་ན་མེད་པ་འདིར། ཆོས་ཉིད་ལ་བཙུན་མོ་དང་ཕྱག་རྒྱ་མའི་མཆོག་ཏུ་གསུངས་པ་དུ་མ་ཞིག་འདུག་པའི་ངེས་དོན་མི་ཤེས་པར་སྣང་སྟེ། བཙུན་མོ་ཞེས་པ་ནི་རྣལ་འབྱོར་པ་ལ་བདེ་བ་ཆེན་པོ་འདྲེན་པ་ལ་བྱ་དགོས་པའི་ཕྱིར་རོ། །དེས་ན་གཞུང་རྣམས་ལས་ནང་གི་ལུས་ཀྱི་གནས་ལ་དམིགས་པ་དང༌། ཕྱག་རྒྱ་གཉིས་ལ་བརྟེན་ནས་བདེ་བ་འདྲེན་ཞིང་དྲངས་པ་ན་སྟོང་པ་དང་སྦྱར་ཏེ་སྒོམ་པ་ཕལ་ཆེ་བར་སྣང་ནའང༌། མཚམས་ཤིག་ནས་བདེ་སྟོང་སྦྱར་ཏེ་བསྒོམས་པ་ཉིད་ཀྱིས་སྲོག་དབུ་མར་བསྡུས་པའི་མཐུ་ལས། བྱང་སེམས་ཀྱིས་ནོར་བུ་དཀང་སྟེ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་འདྲེན་པ། ཤིན་ཏུ་མི་གསལ་བ་གྲུབ་ཆེན་དྲིལ་བུ་ཞབས་ཀྱིས་གསལ་བར་མཛད་པ་ནི། བླ་མེད་ཀྱི་རྒྱུད་ཀྱི་སྐབས་གཞན་ཐམས་ཅད་དུ་ཡང་འཁྱེར་ཤེས་པར་གྱིས་ཤིག །དོན་འདི་མཁས་པ་ལ་ཨ་བྷྱཱ་ཀ་ར་ཡང་ཞེས་བཞེད་དེ། མན་སྙེ་ལས། གཉིས་འདུས་པ་ནི་གཏུམ་མོ་རྣམ་པ་གསུམ་ལས་གང་ཡང་རུང་བས་ལ་ལཱ་ན་དང་ར་སཱ་ནའི་རླུང་དག་ཨ་བ་དྷཱུ་ཏཱིར་ཏེ། རྡུལ་དང་ཁུ་བ་དག་ཀྱང་ངོ༌། །ཞེས་གཡས་གཡོན་གྱི་རླུང་དང་ཁམས་དཀར་དམར་དབུ་མར་འཇུག་པ་ནི་གསུམ་མོ། །གསུམ་གང་རུང་བསྒོམས་
པའི་བྱེད་ལས་སུ་གསུངས་ལ། གཏུམ་མོ་གསུམ་ནི་ལྷན་སྐྱེས་ཀྱི་གཏུམ་མོ་དང་རྣལ་འབྱོར་གྱི་གཏུམ་མོ་དང་ལས་ཀྱི་གཏུམ་མོ་གསུམ་ལ་བཤད་ཅིང༌། དང་པོ་ནི་བདེ་སྟོང་སྦྱར་ཏེ་སྒོམ་པ་ཉིད་ལ་གསུངས་པའི་ཕྱིར་རོ། །བདེ་བ་ཆེན་པོ་འདྲེན་པའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་མོ་ལ་རྣམ་བཅས་སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་མོས་ལྷན་སྐྱེས་ཀྱི་བདེ་བ་འདྲེན་པ་ནི། དུས་འཁོར་གྱི་སྐོར་ལས་གསལ་བར་ཡང་དང་ཡང་དུ་གསུངས་ལ། རྣམ་མེད་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་མོ་ལ་དམིགས་པས་ལྷན་སྐྱེས་ཀྱི་བདེ་ཆེན་འདྲེན་པ་ནི། བཤད་པ་ཤིན་ཏུ་ཉུང་ཞིང་དོན་ཡོད་པའི་སྐབས་སུ་ཡང་ཐ་སྙད་གསལ་བར་མཛད་པ་ཤིན་ཏུ་ཉུང་བ་ཤེས་པ་འདི། མཁས་པ་རྣམ་དཔྱོད་ཅན་གྱི་ཁྱད་ཆོས་སུ་ཤེས་པར་གྱིས་ཤིག །ཕྱག་རྒྱ་ཆེན་པོ་དང་བདེ་ཆེན་གཉིས་འཁྱུད་པའི་སྟོབས་ཀྱིས་དཔེ་དང་དོན་གྱི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་དངོས་གྲུབ་ཐམས་ཅད་སྐྱེད་པར་བྱེད་པའོ། །འདིས་ཕྱག་ཆེན་ལ་འཁྱུད་པས་བདེ་བ་ཆེན་པོ་སྐྱེད་པ་སྔར་མི་གསལ་བ་གསལ་དུ་བཏང་ངོ༌། །འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་ཕྱག་རྒྱ་བཞི་བཤད་པའི་སྐབས་སུ་དོན་མི་གསལ་བ་སྦས་པ། གསལ་བར་བསྟན་པ་ལས། ནོར་བུ་འགེངས་པའི་རིམ་པ་སྟེ་རིམ་པ་གསུམ་པའོ། །གཉིས་པ་བྱང་སེམས་དམར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་སྐྱེད་ཚུལ་ནི། ད་ནི་ཛྭ་ལ་དྷ་རའི་རིམ་པ་བརྗོད་པར་བྱའོ་ཞེས་མཚམས་སྦྱར་ཏེ། དེའི་དོན་ནི་ལོ་ཙྪ་བ་སྔ་མ་འགའ་ཞིག་རྣལ་འབྱོར་མའི་གནས་ཛྭ་ལ་དྷ་ར་ཞེས་པའི་གནས་ནས་རིམ་པ་
འདི་རྙེད་པས་སམ། ཆུ་སོའི་གོང་གི་གནས་བཟང་པོ་ཡིན་པས་ཛྭ་ལ་དྷ་ར་ཞེས་གསུངས་མོད་ཀྱང༌། གསང་གནས་ཀྱི་འཁོར་ལོ་ལ་ཛྭ་ལ་དྷ་ར་ཞེས་གསུངས་པའི་ཛྭ་ལ་ནི་འབར་བ་སྟེ་མེའོ། །དྷ་ར་ནི་འཛིན་པ་སྟེ། སམ་བྷུ་ཊ་ལས། ཚངས་པའི་མེ་ནི་སུམ་མདོར་འབར། །ཞེས་ཚངས་པའི་མེ་གཏུམ་མོ་སུམ་མདོ་ནས་འབར་བར་གསུངས་པ་ལྟར། འདིར་སུམ་མདོ་གསང་གནས་ཀྱི་འཁོར་ལོ་ནི་འབར་བ་འཛིན་པའོ། །གནས་དེར་སྒོམ་པའི་རིམ་པ་ལ་ཛྭ་ལ་དྷ་རའི་རིམ་པ་ཞེས་བྱའོ། །ཛྭ་ལ་དྷ་རའི་རིམ་པ་འདི་ལ་གསུམ་སྟེ། གསང་གནས་སྲོག་རྩོལ་བསྒོམ་པ་ཕན་ཡོན་དང་བཅས་པ་དང༌། སྣ་བུག་ནས་བྱང་སེམས་ཀྱི་རྒྱུན་དགུག་ཅིང་གཞུག་པ་དང༌། འབར་བ་བརྟན་པ་ན་ཇི་ལྟར་འགྱུར་བའོ། །དང་པོ་ནི། ལྟེ་བའི་འོག་ཆུ་སོའི་གོང་གི་མཚམས་སུ་སྟེ་འདོམས་གྲུ་གསུམ་གྱི་དབུས་གསང་གནས་ཀྱི་འཁོར་ལོར་ནི་བསྒོམ་པར་བྱའོ་ཞེས་སྦྱར་རོ། །གང་བསྒོམ་པར་བྱ་ན་ཆོས་འབྱུང་གྲུ་གསུམ་དཀར་ལ་དམར་བའི་མདངས་ཆགས་པ་དང་དེའི་དབུས་སུ། ཐིག་ལེ་སྔོན་པོ་མདུན་དུ་དཀར་པོ་གཡས་སུ་སེར་པོ་རྒྱབ་ཏུ་དམར་པོ་གཡོན་དུ་ཐིག་ལེ་ལྗང་གུ་སྟེ། མདོག་ལྔ་དང་ལྡན་པའི་ཐིག་ལེ་སངས་རྒྱས་རིགས་ལྔ་རྣམས་ཀྱིས་ཏེ་ལྔ་རྣམས་མཚོན་པ་བསྒོམ་པར་བྱའོ། །དེ་ཡང་གསང་གནས་ཀྱི་འཁོར་ལོའི་དབུས་ཀྱི་དབུ་མའི་ནང་དུ་བསྒོམ་པ་གནད་ཤིན་ཏུ་ཆེའོ། །དེ་ལྟར་ཆོས་འབྱུང་གི་དབུས་སུ་ཐིག་ལེ་ལ་སེམས་འཛིན་པ་རྐྱང་
པ་མ་ཡིན་གྱི། སྲོག་སྟེ་རླུང་ཕྱི་ནང་དུ་རྒྱུ་བ་འགོག་པ་དང་ལྡན་པ་སྟེ་བཅས་པར་བསྒོམ་པར་བྱའོ། །འདིས་ནི་སྟེང་རླུང་མར་ལ་ཐེན་འོག་རླུང་གྱེན་དུ་དྲངས་ཏེ། ཤིན་ཏུ་ཕྲ་བའི་ཆོས་འབྱུང་གི་དབུས་ཀྱི་ཐིག་ལེར་རླུང་ཁ་སྦྱོར་བྱེད་པའི་བུམ་པ་ཅན་བསྟན་ནོ། །ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེའི་རིམ་པ་དང༌། ནོར་བུ་འགེངས་པའི་རིམ་པ་ལ་བརྟེན་ནས་ཀྱང་ཐུར་སེལ་ལོག་ནས་གཏུམ་མོ་བསྐུལ་བ་ཅུང་ཟད་ཡོད་མོད་ཀྱང༌། འདི་ནི་ཐུར་སེལ་ལ་དམིགས་ཀྱིས་བཀར་ནས་ཐུར་སེལ་གྱི་གནས་ཉིད་དུ་དམིགས་པ་དང༌། རླུང་སྦྱོར་གྱིས་གནད་དུ་བསྣུན་པས་བྱང་སེམས་དམར་པོའི་གཏུམ་མོ་ལྷག་པར་དུ་རྒྱས་པར་བྱེད་པའོ། །ལྟེ་བ་ནས་གཏུམ་མོ་འབར་བ་ཡང་ཚངས་པའི་མེ་སུམ་མདོར་འབར་བ་སྔོན་དུ་འགྲོ་བས་འདི་ནི་རྣལ་འབྱོར་གྱི་གཏུམ་མོ་ཁྱད་པར་དུ་འཕགས་པ་ཞིག་སྟེ། ལས་ཀྱི་གཏུམ་མོ་ཕྱག་རྒྱ་ལ་བརྟེན་པའང་རིམ་པ་གསུམ་པར་བཤད་ཟིན་ཏོ། །སྔར་བཤད་པ་དེ་ལྟར་ཡང་དང་ཡང་དུ་བསྒོམ་པ་ལ་གོམས་པར་བྱས་ན་སྐད་ཅིག་དེ་ལ་སྟེ་མྱུར་དུ་བྱང་སེམས་འཇུ་བར་བྱེད་པའི་དབུ་མའི་ནང་གི་གཏུམ་མོ་འབར་བར་འགྱུར་བས་འཇིག་རྟེན་གྱི་ཁམས་སུ་ཆེན་པོ་རྣམས་ཀྱིས་ཀྱང་མཆོད་པར་བྱ་བའི་རྡོ་རྗེ་འཛིན་པ་དངོས་སུ་རང་ཉིད་འགྱུར་རོ། །སྐད་ཅིག་དེ་ལ་འབར་བར་འགྱུར། །ཞེས་པས་ནི་གཏུམ་མོ་ཁྱད་པར་ཅན་འདི་ཤིན་ཏུ་མྱུར་བར་སྟོན་ནོ། །གཉིས་པ་ནི། བུ་ག་གཞན་ཞེས་པའི་རྐང་པ་གཉིས་ཀྱི་དོན་འདིར་མི་གསལ་ཡང༌། ནག་པོ་སྤྱོད་པའི་གཞུང་ལ་བརྟེན་ནས་བཤད་ན། སྔར་བཤད་པ་ལྟར་བསྒོམ་པས་
ཡེ་ཤེས་ཀྱི་མེ་འབར་བ་རིམ་གྱིས་གྱེན་དུ་སོང་བས་སྙིང་གར་གནས་པའི་རིགས་ལྔའི་ས་བོན། བྲུཾ་ཨཾ་ལ་སོགས་པ་རྣམས་བསྲེགས་ནས་མཛོད་སྤུར་གནས་པ་གནད་འབྱེད་པའི་སྒོ་ནས། སྣའི་བུ་ག་གཞན་གཡས་པ་ནས་འཕྱུང་བར་འགྱུར་ཞིང༌། གཞན་གྱི་བུ་ག་ནམ་མཁའ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཤངས་སྒོ་གཡོན་ནས་མྱུར་དུ་འཇུག་པས་དེ་དག་གི་སྤྱི་གཙུག་གི་ཁུང་བུ་གསེར་གྱི་སྒོ་དྲ་བ་འཛིན་པ་ཞེས་བྱ་བ་ནས་ཞུགས་ནས་སྔར་བཞིན་ཐུགས་ཀར་གནས་པ་རྣམས་བསྲེགས་ཏེ། ཐུགས་ཀར་གནས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས། ཤངས་སྒོ་གཡས་པ་ནས་བྱུང་སྟེ་འོ་མའི་རྒྱུན་ལྟར་འོང་ཞིང༌། རང་གི་སྣ་སྒོ་གཡོན་ནས་ཞུགས་ནས་ལོངས་སྤྱོད་འཁོར་ལོར་ངལ་བསོས་ཏེ་སྔར་སྙིང་གར་བསྲེགས་པ་རྣམས་སླར་ཡང་གསོས་པར་བསམ་ཞིང་ལྟེ་བའི་འཁོར་ལོར་གནས་པར་བསམ་མོ། །གང་གི་ཚེ་དེ་ལྟར་ཡང་ནས་ཡང་དུ་སྒོམ་པ་དེ་བརྟན་པར་གྱུར་པ་དེའི་ཚེ་གཏུམ་མོའི་མེ་དང་བྱང་སེམས་ཀྱི་རྒྱུན་འགྲོ་འོང་བྱེད་པའི་སྣང་བ་དངོས་སུ་མཐོང་བར་འགྱུར་རོ། །དམིགས་པ་འདི་བོད་ཀྱི་གཏུམ་མོ་བསྒོམ་པ་ལ་ཉུང་བར་སྣང་ཡང༌། སམ་བྷུ་ཊའི་དོན་གྲུབ་ཆེན་གྱིས་མང་དུ་བཤད་པ་གཏུམ་མོ་བསྒོམ་པ་ལ། སངས་རྒྱས་ཀྱི་བྱིན་རླབས་མྱུར་དུ་འཇུག་པའི་སྒོ་ཟབ་མོ་ཞིག་གོ །གསུམ་པ་ནི། དེ་ལྟར་གཏུམ་མོ་འབར་བ་བསྒོམས་པ་བརྟན་པར་གྱུར་པ་ནི་གཏུམ་མོའི་དམར་ཆ་ལྕེའི་རྩ་བ་མགྲིན་པར་རོ་མས་ཁྲག་འཕེན་འཛིན་བྱེད་
པའི་གནས་སུ་ཕྱིན་ནས་ནི་རྣམ་པར་གནས་སོ། །དེའི་ཚེ་ཇི་སྲིད་འདོད་པ་དེ་སྲིད་དུ་མགྲིན་པའི་གཏུམ་མོའི་ནུས་པས་མེ་ལྕེ་ནི་འཕེལ་བར་འགྱུར་བ་དང༌། ཕྲག་པ་ལ་ཡང་དཔུང་པའི་ཐ་སྙད་ཀྱིས་གསུངས་པ་ཡོད་པས། དཔུང་པ་སྟེ་ཕྲག་པའི་རྩ་བ་སྟེ་མགྲིན་པར་སོན་པའི་གཏུམ་མོ་དང་མཉམ་དུ་འཇུག་པའི་རླུང་ལུས་ཀྱི་གནས་ཀུན་ཏུ་འགྲོ་བས་ལུས་བསྐྱོད་པ་སྟེ་ལུས་ཀྱི་སྟོབས་རྒྱས་པར་བྱེད་ཅིང༌། ས་འོག་ས་སྟེང་ས་བླའི་ཁམས་གསུམ་པོའི་གནས་ནི་ཐམས་ཅད་དུ་གནས་པའི་གཟུགས་རྣམས་མིག་གིས་རྣམ་པར་བལྟ་བ་དང༌། སོགས་པས་སྒྲ་རྣམས་རྣ་བས་ཉན་པ་སོགས་བྱེད་ཅེས་བྱ་བ་ནི་འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་གསལ་བར་སྦས་པ་གསལ་བར་བསྟན་པ་ལས་ཛྭ་ལ་དྷ་རའི་རིམ་པ་སྟེ་རིམ་པ་བཞི་པའོ། །གཉིས་པ་བསམ་མི་ཁྱབ་ཀྱི་རིམ་པ་བསྐྱེད་པའི་ཚུལ་དངོས་ལ་ལྔ། སྤྲོས་པ་རྣམས་སྙིང་གའི་ཐིག་ལེ་ལ་བསྡུས་ནས་འོད་གསལ་དུ་འཇུག་ཚུལ་དང༌། དེ་ལས་སྒྱུ་མའི་སྐུར་ལྡང་ཚུལ་དང༌། ལྷན་སྐྱེས་ཀྱི་མཚན་ཉིད་དང༌། སྒོམ་པའི་ཚུལ་བསྟན་པ་དང༌། དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་པའོ། །དང་པོ་ནི། རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རིམ་པ་བརྗོད་པར་བྱ་སྟེ་ཞེས་མཚམས་སྦྱར་ཏེ། སྔར་བཤད་པའི་རིམ་པ་བཞིས་བྱང་ཆུབ་ཀྱི་སེམས་དཀར་པོ་དང་དམར་པོ་རྒྱས་པར་བྱས་པ་ལ་བརྟེན་ནས། ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་མཚན་ཉིད་ཚང་བར་སྐྱེས་པས་ན། རིམ་པ་འདིར་སྙིང་གར་རླུང་སེམས་
གཉིས་བསྡུས་ཏེ་ཐིམ་པ་ལས་ལུགས་འབྱུང་དང་ལུགས་ལྡོག་གི་སྟོང་པ་བཞི་ཚན་གཉིས་མཚན་ཉིད་རྫོགས་པར་སྐྱེད་པའི་ལུགས་མཐུན་དུ་འཇུག་ཚུལ་ནི། ཕྱིའི་གཟུགས་སོགས་རྣམས་ཀྱིས་སེམས་རང་དབང་མེད་པར་དྲངས་པར་གྱུར་ཏེ། ངོ་བོ་ཉིད་ཀྱིས་ཡུལ་ལ་གང་གཡོ་བའི་སེམས་སྙིང་གར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་ལ་བསྡུས་ཏེ་བརྟན་པར་བྱས་ནས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་བློ་དང་དེ་ཁོ་ན་ཉིད་ཀྱི་དོན་གཉིས་ལྷན་ཅིག་པ་སྟེ། རོ་གཅིག་ཏུ་འགྱུར་བར་སེམས་ཀྱིས་དབང་དུ་བྱའོ། །དེ་ལྟར་བྱས་པས་གཟུང་བ་ཡུལ་རྣམས་དང་དེ་སྣང་བའི་འཛིན་པའི་སེམས་གཉིས་ཕྱི་ནང་དུ་རྒྱངས་ཆད་པར་སྣང་བ་དང་བྲལ་བས་ན། དམིགས་པ་ཀུན་དང་བྲལ་བའི་བདེ་སྟོང་དབྱེར་མེད་ཀྱི་སེམས་སུ་གྱུར་པ་ན་གཞན་ཅིར་ཡང་བསམ་པར་མི་བྱ་བར་དེ་ཉིད་ལ་གནས་པར་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ནི་ཤེས་པ་གཞན་གྱིས་ཇི་ལྟ་བ་བཞིན་དུ་བསམ་དུ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འོད་གསལ་དུ་འཇུག་པའི་རིམ་པ་ནི། དྲིལ་བུ་ཞབས་ཀྱིས་མཛད་པའི་ལྷན་སྐྱེས་སྒྲུབ་ཐབས་ལས། དེས་ནི་རྒྱ་ཆེ་ཡིད་ལ་བྱེད། །འདུས་བྱས་སྤྲོས་པའི་རྒྱུན་འདི་ནི། །འདི་ལྟར་རྟག་ཏུ་སྒོམ་པ་པོས། །འོད་གསལ་རྗེས་སུ་དྲན་པར་བྱ། །སྣ་ཚོགས་པདྨ་ཉི་མ་དང༌། །འཇིགས་བྱེད་དང་ནི་དུས་མཚན་མོ། །སྡུག་མ་བདག་པོ་མཁའ་ནོར་བུ། །དེ་བཞིན་གཤེགས་པ་ལྔ་ཡི་འོག །སྐུ་
དང་ཡན་ལག་མཆོག་དང་ནི། །ཟླ་བ་ཐིག་ལེ་ནཱ་ད་རྣམས། །འདི་རྣམས་རིམ་གྱིས་མི་སྣང་གཞུག །ཇི་ལྟར་མེ་ལོང་དབུགས་ཀྱི་རླུང༌། །ཐམས་ཅད་ཐིམ་པར་གྱུར་པ་ལྟར། །ཡང་དག་མཐའ་རུ་ཡང་ནས་ཡང༌། །དེ་བཞིན་རྣལ་འབྱོར་རབ་ཏུ་གཞུག །ཅེས་རྒྱ་ཆེ་བའི་ལྷའི་སྐུ་འོད་གསལ་དུ་འཇུག་ཅིང༌། དེ་ཡང་གསང་འདུས་རིམ་ལྔའི་གཞུང་གིས་འོད་གསལ་དུ་འཇུག་པར་བཤད་པ་བཞིན་དུ་མཛད་དོ། །དེ་ལ་སྡུག་མ་ནི་ཕག་མོའོ། །བདག་པོ་ནི་བདེ་མཆོག་གོ །ནམ་མཁའི་ནོར་བུ་ནི་ཧཱུཾ་ཡིག་གི་གདན་ཉི་མའོ། །དེ་བཞིན་གཤེགས་པ་ལྔ་ནི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཧཱུཾ་ངོ༌། །སྐུ་ནི་ཧཱུཾ་ཡིག་གི་ལུས་སོ། །ཡན་ལག་མཆོག་ནི་ཧཱུཾ་ཡིག་གི་མགོ་བོའོ། །ཟླ་བ་ནི་མགོའི་སྟེང་གི་ཟླ་ཕྱེད་དོ། །དེའི་སྟེང་གི་ཐིག་ལེ་དང་དེའི་སྟེང་གི་ནཱ་ད་རྣམས་རིམ་གྱིས་སྣང་བ་འོད་གསལ་དུ་གཞུག་གོ །རིམ་གྱིས་འཇུག་ཚུལ་ནི། ཡུམ་ཡབ་ལ་དང་ཡབ་དམ་ཚིག་སེམས་དཔའ་ཐུགས་ཀའི་ཉི་གདན་གྱི་ཏིང་ངེ་འཛིན་སེམས་དཔའ་དང༌། དེ་ཡང་རང་གི་འོག་ཞབས་ཀྱུ་ནས་བསྡུས་ཏེ། ཞབས་ཀྱུ་ཧའི་ལུས་དང་དེ་ཧའི་མགོ་བོ་དང༌། མགོ་བོ་ཟླ་ཕྱེད་དང་ཐིག་ལེ་དང་ཐིག་ལེ་ནཱ་ད་ལ་སྡུད་ཅིང༌། ནཱ་ད་ཡང་མི་དམིགས་པར་བསམ་མོ། །དེ་ལྟར་བསྡུས་པས་སྲོག་དབུ་མར་ཞུགས་ཏེ། རིམ་གྱིས་ཐིམ་པ་ན་སྔོན་དུ་སྨིག་རྒྱུ་ལྟ་བུ་དང༌། དེ་ནས་དུ་བ་ལྟ་བུ་དང༌། དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུ་དང༌། དེ་ནས་རླུང་གིས་མི་བསྐྱོད་པའི་མར་མེ་ལྟ་བུའི་མཚན་མ་འཆར་རོ། །དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་
མཚན་མོ་ཟླ་བའི་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་དང༌། དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ། ཉི་འོད་ཀྱིས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་མཆེད་པ་དང༌། དེ་ནས་སྟོན་གྱི་ནམ་མཁའ་དྲི་མ་མེད་པ་ལ་སྲོད་ཀྱི་སྨག་འཐུག་པོས་ཁྱབ་པ་བཞིན་དུ་སྣང་བའི་སྣང་བ་ཉེར་ཐོབ་རྣམས་སྔ་མ་ཕྱི་མ་ལ་ཐིམ་པའི་ཚུལ་གྱིས་སྐྱེ་ཞིང༌། མཐར་ཉེར་ཐོབ་ཀྱི་སེམས་ཀྱང་སྟོང་པ་ཉིད་འོད་གསལ་ལ་གཞུག་པ་ནི། འཇུག་རིམ་གྱི་ཕྱོགས་གཅིག་གིས་གཞན་རྣམས་ཀྱང་མཚོན་པ་སྟེ། སྔར་བཤད་པ་ལྟར་རིམ་པ་སྔ་མ་བཞི་མཐར་སོན་པའི་གནད་ཀྱི་རིམ་པ་ལྔ་པའི་སྐབས་སུ་སྙིང་གའི་སྡུད་རིམ་ལ་བརྟེན་ནས། ལུགས་མཐུན་དུ་འཇུག་པའི་འཇུག་རིམ་གྱི་སྟོང་པ་བཞི་དང༌། ལུགས་ལྡོག་ཏུ་ལྡང་བའི་ལྡང་རིམ་གྱི་སྟོང་པ་བཞི་ཕུལ་དུ་བྱུང་བ་ཡང་འཆར་རོ། །གཉིས་པ་ནི། སེམས་སྟོང་པ་ལ་གཞུག་པར་མ་ཟད་སྟོང་པ་འོད་གསལ་ཡང་སེམས་སུ་རྣམ་པར་གཞུག་པར་བྱ་ཞེས་པའི་དོན་ནི། འོད་གསལ་ལས་ལུགས་ལྡོག་གི་སྟོང་པ་གསུམ་གྱི་སེམས་གསུམ་དུ་ལྡང་བར་མ་ཟད། བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་གྱི་སྒྱུ་མའི་སྐུར་ཡང་ལྡང་བར་བྱའོ། །ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ། །བྱིན་གྱིས་བརླབས་དང་རབ་བརྟགས་དང༌། །བསམ་གྱིས་མི་ཁྱབ་གཟུགས་རྫོགས་པའི། །རྣལ་འབྱོར་སངས་རྒྱས་རྣམས་ཀྱིས་བསྔགས། །
གང་ཡང་སྐད་ཅིག་སྦྱོར་བ་ཡིས། །རང་ཉིད་རྡོ་རྗེ་མཁའ་འགྲོར་འགྱུར། །བརྫུས་ཏེ་སྐྱེས་པའི་སེམས་ཅན་བཞིན། །ས་བོན་མེད་པར་བསྒོམ་བྱ་སྟེ། །ཞེས་བདེ་མཆོག་ཡབ་ཡུམ་དུ་བསྒོམ་པར་བཤད་དེ། འདི་ནི་རྫོགས་རིམ་འོད་གསལ་ལས་ཆུ་ལས་ཉ་ལྡང་གི་ཚུལ་དུ་སྐད་ཅིག་གིས་སྒྱུ་མའི་སྐུར་བཞེངས་པའོ། །དེ་ཉིད་ལ་བསམ་གྱིས་མི་ཁྱབ་པ་གཟུགས་རྫོགས་པའི་རྣལ་འབྱོར་ཞེས་རིམ་པ་ལྔ་པ་བསམ་གྱིས་མི་ཁྱབ་པའི་ལྷའི་གཟུགས་རྫོགས་པའི་རྣལ་འབྱོར་དུ་གསུངས་སོ། །དེ་འདྲ་བའི་རྣལ་འབྱོར་གསུམ་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསལ་བར་གསུངས་ཏེ། བསྐྱེད་རིམ་པས་ལྷ་དཀྲོངས་སྐྱེད་བྱེད་པ་ནི་བྱིན་གྱིས་བརླབས་པའི་རྣལ་འབྱོར་དང༌། སྟོང་པར་སྦྱངས་པའི་ངང་ནས་ས་བོན་དང་ཕྱག་མཚན་ལས་ལྷའི་སྐུ་རྫོགས་པར་བྱེད་པ་ནི། ཡོངས་སུའམ་རབ་ཏུ་བརྟགས་པའི་རྣལ་འབྱོར་ཏེ། དེ་གཉིས་ནི་བསྐྱེད་རིམ་པའི་སྔགས་ཀྱི་སྐུའོ། །གཟུགས་ཡོངས་སུ་རྫོགས་པ་ནི་རྒྱུད་དེ་ཉིད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་དང་བསྡུ་བ་བྱེད་པ་པོ། །ཡུད་ཀྱིས་ཡེ་ཤེས ་རྫོགས་པ་ནི། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་ཤིང་རྐང་པ་གསུམ་པ་ལ། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ། །ཞེས་ཀྱང་གསུངས་པས། གང་ཡང་སྐད་ཅིག་སྦྱོར་བ་ཡིས། །ཞེས་སོགས་ཀྱི་དོན་ནི་རྫོགས་རིམ་མཐོན་པོའི་འོད་གསལ་དུ་ཞུགས་པ་ལས། སྒྱུ་མའི་སྐུར་ལྡང་བའི་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་དང་རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུའི་ལྷ་བསྐྱེད་
ཚུལ་གྱི་རྣམ་དབྱེ་ལ་བློ་མ་ཕྱོགས་པ་མང་པོས་ནི། རྣལ་འབྱོར་གསུམ་པའི་དོན་ས་བོན་ལ་མི་ལྟོས་པར་དཀྲོངས་སྐྱེད་བྱེད་པའི་བསྐྱེད་རིམ་ལ་འཆད་པ་ནི་རྒྱུད་ཀྱི་དོན་གཏན་མ་རྟོགས་པར་ཤེས་པར་བྱའོ། །དེའི་ཕྱིར་དྲིལ་བུ་པའི་རིམ་ལྔའི་འགྲེལ་པའི་དཔེ་ཁ་ཅིག་ལས་དྲིལ་བུ་པས་མཛད་ཟེར་བ་དེར། རང་བྱིན་རླབས་ཀྱི་རིམ་པ་ནས་བདེ་མཆོག་ལྷ་ལྔ་ཐིག་ལེ་ལྔ་ལས་བསྐྱེད་པ་རིམ་གྱིས་འོད་གསལ་དུ་འཇུག་པ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པའི་སྐབས་སུ་ཧཱུཾ་ལས་བདེ་མཆོག་བསྐྱེད་པ་སོགས་བཤད་པ་ནི། དྲིལ་བུ་པས་ས་བོན་ལ་མི་ལྟོས་པར་སྐད་ཅིག་གིས་བསྒོམ་པ་དང༌། དེ་འོད་གསལ་དུ་འཇུག་པའི་ཚུལ་ནི་བསམ་མི་ཁྱབ་ཀྱི་རིམ་པར་བཤད་པ་དང་འགལ་ལ། རིམ་ལྔ་རེ་རེ་ལ་བསྐྱེད་རིམ་རེ་སྒོམ་པར་བཤད་པ་ཡང༌། དྲིལ་བུ་པས་ལྷ་ལྔའི་སྒྲུབ་ཐབས་སུ་བསྐྱེད་རིམ་བརྟན་ནས་རྫོགས་རིམ་སྒོམ་པར་བཤད་ཅིང༌། རྡོ་རྗེ་མཁའ་འགྲོ་ལས་བཟིངས་ཀྱི་དཔེས་རྫོགས་རིམ་བརྟན་པ་ནས་བསྐྱེད་རིམ་བྱེད་པར་གསུངས་པ་དང་འགལ་ལོ། །དེ་ལྟར་འདོད་པ་ནི་ལྷ་བསྒོམ་པ་ཐམས་ཅད་བསྐྱེད་རིམ་ཡིན་སྙམ་དུ་བཟུང་ནས་རིམ་གཉིས་ཀྱི་ལྷ་བསྒོམ་ཚུལ་མ་ཕྱེད་པའི་སྐྱོན་ནོ། །གཞན་ཡང་འགྲེལ་པ་དེར་རགས་པའི་གནས་ལ་ཡང་འཁྲུལ་བ་མང་དུ་འདུག་པས། འགྲེལ་བའི་དཔེ་ཁ་ཅིག་ལས། དེ་དོན་ཡོད་རྡོ་རྗེ་ཞེས་པ་ཞིག་གིས་བྱས་ཞེས་འབྱུང་བ་དག་གོ །རིམ་པ་ལྔ་པའི་སྐབས་འདིར་འོད་གསལ་དུ་འཇུག་པའི་རྟེན་དུ་བདེ་མཆོག་ཡབ་ཡུམ་སྒོམ་
པ་ཡང༌། རྫོགས་རིམ་པའི་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་སྐུར་བསྒོམ་པ་ཡིན་གྱི། བསྐྱེད་རིམ་བསྒོམ་པའི་ཚུལ་དང་གཏན་མི་འདྲ་བར་ཤེས་པར་བྱའོ། །འོ་ན་བསྐྱེད་རིམ་བརྟན་ནས་རིམ་ལྔའི་དང་པོར་རང་བྱིན་རླབས་སོགས་སྒོམ་པ་ན་ཡང༌། ལྷའི་རྣལ་འབྱོར་བསྒོམ་པ་ནི་འདོད་དགོས་པས་དེ་ལྷའི་བསྐྱེད་ཚུལ་ནི་ཇི་ལྟར་ཡིན་སྙམ་ན། འདི་ནི་ཤིན་ཏུ་དཀའ་བའི་གནས་ཡིན་པས་དེའི་ཚུལ་ཅུང་ཟད་བཤད་ན། བསྐྱེད་རིམ་བརྟན་པ་དེས་བདག་བྱིན་བརླབས་ཀྱི་རིམ་པ་བསྒོམས་པས་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་མ་ཐོབ་པ་ཚུན་ཆད་དུ། དཀྱིལ་འཁོར་གྱི་འཁོར་ལོ་དང་དཔའ་བོ་གཅིག་པ་གང་བསྒོམ་ཡང༌། ཕལ་ཆེར་བསྐྱེད་རིམ་པའི་སྔགས་ཀྱི་སྐུ་ལས་མི་འདའ་ལ། གང་གི་ཚེ་དཔེའི་ལྷན་སྐྱེས་ཀྱི་འོད་གསལ་རྒྱུད་ལ་སྐྱེས་པ་ནས་བཟུང་སྟེ། སྒྱུ་མའི་སྐུ་དངོས་མ་ཐོབ་ཀྱང༌། སྒྱུ་མའི་སྐུ་རྗེས་མཐུན་པ་སྐྱེད་པའི་རིམ་པ་ལས་འདས་པ་ཞིག་བསྒོམ་པར་ནུས་སོ། །དེ་ནས་རིམ་པ་བཞི་པ་ཡན་ཆད་དམ་རིམ་པ་ལྔ་པའི་སྟོད་ནས་སྒྱུ་མའི་སྐུ་དངོས་འགྲུབ་པས་ལྷ་བསྒོམ་པ་རྣམས་ཡེ་ཤེས་ཀྱི་སྐུ་དངོས་ཀྱི་སྟེང་ནས་བསྒོམ་པར་ནུས་པ་ཡིན་ནོ། །བསྐྱེད་རིམ་ཡང་མ་བརྟན་རྫོགས་རིམ་ལའང་ནུས་པ་བཤད་པ་བཞིན་མ་ཐོན་པ་དང་ད་ལྟ་ལྟ་བུའི་སྐབས་ཡིན་ན། རྫོགས་རིམ་གྱི་དམིགས་པ་སྒོམ་རེས་ཀྱིས་སྔོན་དུ་བསྐྱེད་རིམ་ལྷའི་སྐུ་བསྒོམ་གྱིན་བྱེད་དགོས་པ་ཡིན་ནོ། །འདི་དག་གལ་ཆེ་ལ་རྟོགས་དཀའ་བའི་གནས་ཡིན་པས།
རིམ་ལྔ་གསལ་སྒྲོན་དུ་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། །གསུམ་པ་ནི། སྔར་བཤད་པ་ལྟར་སྙིང་གའི་སྡུད་རིམ་ལ་བརྟེན་ནས། འོད་གསལ་དུ་འཇུག་པ་ཡང་དང་ཡང་དུ་གོམས་པར་བྱས་པས་སྟོང་པར་རྟོག་པ་དང༌། སྟོང་མིན་དུ་རྟོག་པ་དང་ལ་སོགས་པས་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལ་སོགས་པར་ཀུན་ཏུ་རྟོག་པ་རྣམས་རབ་ཏུ་སྤངས་ཏེ། རྟོག་བྲལ་དུ་གྱུར་ནས་མཁའ་སྟེ་ཡུལ་སྟོང་པ་ཉིད་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་བདེ་བ་ཆེན་པོས་མངོན་སུམ་དུ་རྟོགས་ཏེ། ཆུ་ལ་ཆུ་བཞག་པ་ལྟར་རོ་མཉམ་དུ་འགྱུར་རོ། །རོ་གཅིག་ཏུ་གྱུར་པ་དེའི་ཚེ་དེའི་དོན་རྟེན་དང་བརྟེན་པ་ཡོད་པ་མིན་ཞིང༌། དཔེ་དང་རྟགས་ལས་མཚོན་པ་ཡང་མེད་ལ། གཞིའམ་གནས་ཀྱི་ཆོས་ཅན་ཡང་ཡོད་པ་མ་ཡིན་ཏེ། གཉིས་སུ་སྣང་བ་ཐམས་ཅད་དག་པར་གྱུར་པའི་ཕྱིར་རོ། །དེ་ལྟར་ཡང་དྲིལ་བུ་པའི་དབང་ཆོག་ལས། ཕྱི་དང་ནང་གི་རང་བཞིན་ཉིད། །ཆོས་རྣམས་ཀུན་གྱི་ངོ་བོ་སྟེ། །བསམ་གྱིས་མི་ཁྱབ་ཅེས་བཤད་དོ། །སྣང་མེད་རབ་རྫོགས་གནས་མེད་པ། །དེ་ཉིད་ལྔ་པ་རྫོགས་པའི་རིམ། །ལྷན་ཅིག་སྐྱེས་པ་མི་ཟད་པ། །བསམ་གྱིས་མི་ཁྱབ་མཐའ་ཡས་སོགས། །དེ་ནི་བརྟན་གཡོ་འགྲོ་བདག་ཉིད། །བདག་མེད་ཉིད་ཀྱི་བདག་ཏུ་གནས། །དཔའ་བོ་བདེ་བ་ཆེན་པོས་རྟོགས། །ཞེས་དང༌། ལྷན་སྐྱེས་ཀྱི་སྒྲུབ་ཐབས་ལས་ཀྱང༌། འགའ་ཞིག་ཏུ་ནི་ཟུང་འཇུག་ཅེས། །ཞེས་ཟུང་འཇུག་ཏུ་ཡང་གསུངས་པས།
བསམ་མི་ཁྱབ་ཀྱི་རིམ་པ་ལ་དོན་གྱི་ལྷན་སྐྱེས་ཀྱི་འོད་གསལ་གྱི་རིམ་པ་གཅིག་དང༌། དེ་དང་སྒྱུ་མའི་སྐུ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་གི་རིམ་པ་གཉིས་ཤེས་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་རིམ་པ་ལྔ་པ་བསམ་མི་ཁྱབ་ཀྱི་རྫོགས་རིམ་ནི་ནམ་ཡང་ཟད་པ་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྲས་བུའི་སྐབས་སུ་གནས་པ་སྟེ། བསམ་མི་ཁྱབ་ཀྱི་གཙོ་བོ་འབྲས་བུའི་སྐབས་ཀྱི་བསམ་མི་ཁྱབ་བོ། །བཞི་པ་ནི། ཤིང་དང་ཚེར་མ་དང་ལྕུག་མ་ལ་སོགས་པ་ཁམས་གསུམ་པའི་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་དང་རྒྱུ་བ་བཅུད་ཀྱི་འཇིག་རྟེན་དང་བཅས་པ་དེ་དག་ཀུན་གྱི་རང་བཞིན་ཡང་རྣལ་འབྱོར་པ་བདག་གི་རང་བཞིན་དེ་ཁོ་ན་ཉིད་དང༌། རྗེས་སུ་མཐུན་པར་ཏེ་དབྱེར་མེད་པར་འདིར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བསྒོམ་པར་བྱ་སྟེ། བརྟག་གཉིས་ལས། བརྟན་དང་གཡོ་བའི་དངོས་པོ་གང༌། །རྩྭ་ལྕུག་འཁྲི་ཤིང་ལ་སོགས་པ། །བདག་གི་དངོས་པོའི་རང་བཞིན་ལས། །དམ་པའི་དེ་ཉིད་ངེས་བསྒོམ་བྱ། །ཞེས་གསུངས་པ་ལྟར་རོ། །ངོ་བོ་ཉིད་ཀྱིས་ཏེ་ཆོས་རྣམས་ཀྱི་ཡིན་ལུགས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ལ་དམིགས་ནས་རྣལ་འབྱོར་པས་སྒོམ་པར་བྱེད་ཀྱང༌། དེ་འདྲ་བ་དེ་མཚན་མར་འཛིན་པའི་སྒོ་ནས་རྟོག་པར་ནི་བྱེད་པ་མ་ཡིན་ནོ། །ཞེས་པ་འདིས་ཆོས་ཉིད་ལ་དམིགས་ནས་སྒོམ་པར་བྱེད་ཀྱང༌། མཚན་འཛིན་གྱི་རྟོག་པར་འགྲོའོ་ཞེས་སྨྲ་བའི་ལུགས་བཀག་པ་ཡིན་ནོ། །གལ་ཏེ་ཡིན་ལུགས་ཀྱི་དེ་ཁོ་ན་ཉིད་དེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཀུན་ཏུ་རྟོགས་ན། འགྲོ་བ་དྲུག་ཏུ་འཁོར་བའི་སྤྱོད་པ་རྣམས་འཇིག་པ་སྟེ་ཟད་པར་འགྱུར་
རོ། །རྣལ་འབྱོར་གཉིས་དང་ལྡན་ཞེས་པ་ལ། འགོས་འགྱུར་དང་འགྱུར་རྙིང་གཞན་ལས། རྣལ་འབྱོར་ཉིད་དུ་ཉེར་སོན་ལས། །ཞེས་དང༌། སྦྱོར་བ་ཉིད་དུ་ཉེར་སོན་པའི། །ཞེས་གཉིད་ཅེས་པ་མེད་པར་ཉིད་ཅེས་འབྱུང་མོད་ཀྱང༌། རྔོག་འགྱུར་ཀུན་ལས་གཉིད་ཅེས་འབྱུང་ལ། མར་པ་ལོ་ཙྪ་བ་ཆོས་ཀྱི་དབང་ཕྱུག་གི་རིམ་ལྔའི་བཤད་པ་ལས་ཀྱང༌། གཉིད་ལ་འབྲུ་གནོན་མཛད་འདུག་པས་ཉིད་ལ་གཉིད་ཅེས་བྲིས་ནོར་དུ་སོང་བ་མིན་ནོ། །རྣལ་འབྱོར་པས་སད་པའི་དུས་སུ་དེ་ཁོ་ན་ཉིད་སྒོམ་པ་བཞིན་དུ་གཉིད་དང་ལྡན་པ་ཡི་དུས་སུ་ཡང་ཉིན་པར་གྱི་འོད་གསལ་དང་བསྲེས་ཏེ། གཉིད་ཀྱི་འོད་གསལ་གོམས་པར་བྱས་པ་ཡིས་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ནི་ལམ་གྱི་སྐབས་འདིར་རྟོགས་པར་མཛད་དོ། །དེ་ལྟར་མཛད་པ་དེ་ནས་རང་བྱུང་གི་དེ་ཁོ་ན་ཉིད་རང་ཉིད་ནི་རྫོགས་པར་ཏེ་མ་ལུས་པར་མངོན་དུ་གྱུར་པ་ན། སངས་རྒྱས་ཞེས་བརྗོད་པ་ཡིན་ནོ། །དེས་ན་ཞེས་པ་དང་དེ་ནས་ཞེས་པ་གཉིས་སྣང་ཡང་ཕྱི་མ་ལྟར་བཤད་པའོ། །ལྔ་པ་ནི། གང་དུ་གཟུང་བས་མཐའ་སྟེ་ལྟ་བ་ངན་པའི་གཡང་ལ་ལྟུང་བའི་ཡོད་མེད་དང་རྟག་ཆད་ལ་སོགས་པའི་མཐའ་བཞིར་འཛིན་པའི་དམིགས་གཏད་ལས་ནི་རྣམ་པར་གྲོལ་བའི་དུས་གསུམ་གྱི་སངས་རྒྱས་ཀྱི་རང་བཞིན་སྟོང་པ་ཉིད་སྒོམ་པ་དེས་ནི། དེ་ལྟར་བསྒོམས་པས་རིང་པོ་ཉིད་མི་ཐོགས་པ་སྟེ་ཚེ་འདི་ཉིད་ལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་འགྱུར་རོ། །རིམ་པ་ལྔ་པ་རྫོགས་པའི་འོག་ཏུ་འགྱུར་རྙིང་པ་གཞན་དང༌། འགོས་འགྱུར་ལས། ཇི་ལྟར་སྣང་བཞིན་བདེན་སྤངས་པའི། །མེ་
ལོང་ནང་གཟུགས་ཇི་བཞིན་དུ། །ཧེ་རུ་ཀ་ཡི་རྣམ་པར་སྣང༌། །དེ་བཞིན་བདག་ཉིད་ལྟ་བར་བྱ། །ཞེས་སྒྱུ་མའི་ལུས་སྒོམ་པ་སྟོན་པ་ལ་སོགས་པའི་ཚིགས་བཅད་ཕྱེད་དང་བཞི་པ་ཞིག་ལྷག་པོར་འབྱུང་ངོ༌། །འཁོར་ལོ་སྡོམ་པ་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བླ་མར་མི་གསལ་བར་སྦས་པ། གསལ་བར་བསྟན་པ་ལས་བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ་རིམ་པ་ལྔ་པའོ། །བཞི་པ་མཇུག་གི་དོན་ལ་གཉིས། གཞུང་འདི་སློབ་དཔོན་གང་གིས་མཛད་པ་དང༌། ལོ་པཎ་གང་གིས་བསྒྱུར་བའོ། །དང་པོ་ནི། དཔལ་འཁོར་ལོ་སྡོམ་པའི་མན་ངག་རིམ་པ་ལྔ་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པའི་ཨྱོན་གྱི་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པས་མཛད་པ་རྫོགས་སོ། །གཉིས་པ་ནི། གཞུང་འདི་བོད་དུ་གང་གིས་བསྒྱུར་བའི་ཚུལ་ནི། རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་ཎྜི་ཏ་སྟེ་ཀྲྀཥྞ་ས་མ་ཡ་བཛྲ་ཞེས་པ་རྡོ་རྗེ་གདན་གྱི་མཁས་པ་ནག་པོ་དམ་ཚིག་རྡོ་རྗེ་དང་། ལོ་ཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་ནག་ཆོས་བསྒྱུར་བ། ཕྱིས་བླ་མ་བལ་པོའི་པཎྜི་ཏ་སུ་མ་ཏི་ཀཱིརྟི་ཞེས་བློ་བཟང་གྲགས་པ་དང༌། ལོ་ཙྪ་བ་དགེ་སློང་རྔོག་བློ་ལྡན་ཤེས་རབ་ཀྱིས་བཅོས་པའོ། །བྱིན་རླབས་ཅན་དུ་གྲགས་པའི་བདེ་མཆོག་གི །ཟབ་མོའི་གནད་ཀུན་བསྡུས་པ་རིམ་ལྔའི་གཞུང༌། །ཡོན་ཏན་ཁུར་གྱིས་ལྕི་བའི་གཞུང་རྩོམ་ནི། །མང་པོས་འབད་ཀྱང་ཇི་བཞིན་མ་རྟོགས་པའི། །གདམས་པའི་གནད་རྣམས་བལྟ་བའི་བློ་གྲོས་མིག །མིག་མཁན་རྒྱལ་པོས་མིག་གི་རབ་རིབ་རྣམས། །ལེགས་པར་བསལ་བ་བཞིན་དུ་བདག་གིས་བསྒྲུབས། །རྣམ་དཔྱོད་ཅན་རྣམས་དགའ་བ་རྒྱས་པར་མཛོད། །འོན་ཀྱང་ཟབ་མོའི་
གནད་རྣམས་རྟོགས་པར་དཀའ། །བདག་བློ་ཤིན་ཏུ་ཉམ་ཆུང་གྱུར་པས་ན། །འདིར་ནི་ནོངས་རྣམས་དྲིལ་བུ་པ་ལ་ནི། །སྙིང་ནས་གཤགས་སོ་མ་ལུས་དག་པར་མཛོད། །བླ་མ་ལྷག་པའི་ལྷ་ཡི་བྱིན་རླབས་ལས། །བྱུང་བའི་ལེགས་པར་བཤད་པའི་དགེ་བ་ཡིས། །རྗེ་བཙུན་ཡབ་ཡུམ་དྲིལ་བུ་པ་ཡིས་ནི། །སྐྱེ་བ་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །ཅེས་དཔལ་འཁོར་ལོ་བདེ་མཆོག་གི་རྫོགས་རིམ་རིམ་པ་ལྔ་པའི་རྒྱ་ཆེར་བཤད་པ་སྦས་པའི་དོན་བལྟ་བའི་མིག་རྣམ་པར་འབྱེད་པ་ཞེས་བྱ་བ་འདི་ནི། བདེ་མཆོག་གི་རྩ་བ་དང་བཤད་པའི་རྒྱུད་རྣམས་དང༌། གཞན་ཡང་བདེ་མཆོག་གི་མཁས་པ་དང་གྲུབ་པ་བརྙེས་པའི་གཞུང་མང་པོ་དང༌། ཁྱད་པར་དུ་གྲུབ་ཆེན་དྲིལ་བུ་པའི་གཞུང་ཀུན་དང༌། བོད་ཀྱི་བརྒྱུད་པ་སོ་སོའི་ལུགས་རྣམས་ཁོང་དུ་ཆུད་པར་བྱས་ནས་ཚུལ་འདི་ལ་མོས་པ་མང་པོས་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་དགེ་སློང་འཁོར་ལོ་སྡོམ་པའི་རྣལ་འབྱོར་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་སྡོམ་བརྩོན་བསོད་ནམས་བློ་གྲོས་སོ།། །།འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།སྭ་སྟི། རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེའི་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །