ཤོག་ལྷེབ་ ༡ ནས་ ༡༠༠ བར།
མཉམ་མེད་ཚང་ཁ་བ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིན་ཆེ་པོ་བཞུགས་སོ།
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་པས་རྣམ་རོལ་བ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་
མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་པར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌། །མང་ཐོས་ཉམས་
ལེན་གནད་ལ་མི་མཁས་ཤིང༌། །ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག །ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས། །བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག །མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས། །ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ། །བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། །ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང༌། །དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི། །སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ནི་གང་བཤད་པར་བྱ་བའི་ཆོས་སོ། །དེ་ལ་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ནི་སློབ་དཔོན་གྱི་ངག་དག་པ་དང༌། སློབ་མའི་རྒྱུད་དག་པ་དང༌། བཤད་བྱའི་ཆོས་དག་པ་སྟེ། དག་པ་གསུམ་གྱི་སྒོ་ནས་ཆོས་འཆད་པར་བཞེད་ལ། དུས་ཕྱིས་ནི་བྲི་ཀཱ་མ་ལ་ཤཱི་ལར་བསྟན་པ་དར་བས། དེའི་མཁས་པ་རྣམས་ནི་ཆོས་རྩོམ་པ་པོའི་ཆེ་བ་དང༌། ཆོས་ཀྱི་ཆེ་བ་དང༌། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་
གལ་ཆེ་བར་བཞེད་པའི་ཚུལ་གཉིས་བྱུང་བར་གྲགས་པ་ལས་འདིར་ནི་ཕྱི་མ་ལྟར་བཤད་པར་བྱའོ། །དེ་ལྟར་ན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དང༌། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་དང༌། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང༌། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །དང་པོ་མཛད་པ་པོ་ནི། གདམས་ངག་འདི་སྤྱིར་རྗེ་བཙུན་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་གདམས་ངག་ཡིན་ལ། ཁྱད་པར་དུ་འདིའི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས་དེ་མཛད་པ་པོ་ཉིད་འདིའི་ཡང་མཛད་པ་པོའོ། །དེ་ཡང་སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཚན་གཞན་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པ་སྟེ། དེའི་ཆེ་བ་ལ་གསུམ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །དང་པོ་ནི། ལོ་ཙཱ་བ་ཆེན་པོ་ནག་ཚོས་མཛད་པའི་བསྟོད་པ་བརྒྱད་ཅུ་པ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པཱུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་
པོ་འདྲ། །ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་དང་ཟླ་བའི་སྙིང༌། །དཔལ་གྱི་སྙིང་པོ་ཞེས་བྱ་འོ། །རྒྱལ་བུ་པདྨའི་སྙིང་པོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བིརྱཱ་ཙནྡྲ་ཡིན། །འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་འབྱུང་བ་ལྟར་རོ། །ཡོན་ཏན་བརྙེས་པའི་ཚུལ་ལ་གཉིས། མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ། ཚུལ་བཞིན་བསྒྲུབ་པ་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ལོ། །དང་པོ་ནི། བསྟོད་པ་ལས། ལོ་ནི་ཉི་ཤུ་རྩ་གཅིག་ན། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། །བཟོ་ཡི་གནས་ནི་ཐམས་ཅད་དང༌། །ལེགས་པར་སྦྱར་བའི་སྐད་དང་ནི། །ཚད་མ་ཀུན་ལ་མཁས་པ་ལགས། །ཞེས་གསུངས་པ་ལྟར། ཉེར་གཅིག་ཚུན་ལ་ཕྱི་པ་དང་ནང་པའི་རིག་པའི་གནས་ཐུན་མོང་བ་སྒྲ་དང་གཏན་ཚིགས་རིག་པ། བཟོ་དང་གསོ་བ་རིག་པ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ། །ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ། རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་པའི་རྟོག་གེ་བ་མཁས་པར་གྲགས་པ་ཞིག་དང་བརྩད་པས་དེ་ཕམ་པར་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ་ཞེས་གྲོ་ལུང་པ་ཆེན་པོ་གསུང་ངོ་། །དེ་ནས་རི་
ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཏེ་དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེའི་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ །དེ་ནས་བླ་མ་དང་ཡི་དམ་རྣམས་ཀྱིས་དངོས་དང་རྨི་ལམ་ཅི་རིགས་པར་རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་བ་ལ་བརྟེན་ནས། བསྟོད་པ་ལས། ཁྱོད་ཀྱི་མཁན་པོ་སྦྱོར་ལམ་པ། །ཡིན་པར་ཀུན་ལ་རབ་ཏུ་གྲགས། །ཞེས་འབྱུང་བ་ལྟར། ཕལ་ཆེན་སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ཞིག་ལ་མཁན་པོ་མཛད་ནས་རབ་ཏུ་བྱུང་སྟེ། མཚན་ཡང་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བཏགས་སོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་མཚན་ཉིད་ཀྱི་ཐེག་པའི་ནང་རིག་པའི་སྡེ་སྣོད་གོང་འོག་རྣམས་ལ་
སྦྱངས་ཤིང༌། ཁྱད་པར་དུ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་བླ་མ་དྷརྨ་རཀྵི་ཏའི་སྤྱན་སྔར་ཨོ་ཏན་ཏ་པཱུ་རིར་ལོ་བཅུ་གཉིས་སུ་གསན་ནོ། །རྩ་བའི་སྡེ་བཞིའི་གཞུང་ལ་ཤིན་ཏུ་མཁས་པས་སྡེ་པ་ཐ་དད་པ་རྣམས་ཀྱི་བྱིན་ལེན་ལ་སོགས་པ་བླང་དོར་གྱི་ཆ་ཕྲ་མོ་རྣམས་ཀྱང་མ་འདྲེས་པར་མཁྱེན་ནོ། །དེ་ལྟར་ན་རང་དང་གཞན་གྱི་སྡེ་པའི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ན་ལུང་གི་བསྟན་པའི་གནད་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡིན་ནོ། །རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ནི། སྤྱིར་རྒྱལ་བའི་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འདུ་བས། རྟོགས་པའི་བསྟན་པའང་བསླབ་པ་རིན་པོ་ཆེ་གསུམ་དུ་འདུ་དགོས་སོ། །དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་ལན་དུ་མར་བསྔགས་པས་ན། ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་པའི་རྟོགས་པའི་ཡོན་ཏན་དང་ལྡན་དགོས་སོ། །དེ་ལ་གསུམ་ལས། སོ་སོར་ཐར་པའི་སྡོམ་པ་མཆོག་དང་ལྡན་པའི་ཚུལ་ནི། བསྟོད་པ་ལས། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་མཛད་ཅིང༌། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཞེས་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་མནོས་ནས་རྔ་
རྩིད་ལ་ཆགས་པའི་གཡག་གིས་རྔ་མ་ཉག་མ་རེ་རེ་ཤིང་ལ་ཐོགས་པ་ན། རྔོན་པས་སྲོག་དང་འཕྲལ་བར་མཐོང་ན༌ཡང་སྲོག་དང་བསྡོས་ཏེ་རྔ་མ་མི་གཅོད་པར་བསྲུང་བ་ལྟར། ཁས་བླངས་པའི་བསླབ་པའི་གཞི་ཆེན་པོ་ལྟ་ཅི་སྨོས། བསླབ་པའི་གཞི་ཕྲ་མོ་རེ་རེ་ཡང་སྲོག་དང་བསྡོས་ནས་བསྲུངས་པས་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་ཏོ་ཞེས་བསྟོད་པ་ལྟར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས། ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་ཅིང༌། །བྱང་ཆུབ་ཐུགས་ཀྱིས་འགྲོ་རྣམས་མི་གཏོང་བ། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་ སེམས་སྦྱོང་བའི་གདམས་པ་མང་པོ་དང༌། ཁྱད་པར ་དུ་གསེར་གླིང་པ་བསྟེན་ནས་རྗེ་བཙུན་བྱམས་པ་དང་འཇམ་པའི་དབྱངས་ནས་ཐོགས་མེད་དང་ཞི་བ་ལྷ་ལ་བརྒྱུད་པའི་གདམས་པ་མཆོག་ལ་རིང་དུ་སྦྱངས་པ་ལས། བསྟོད་པ་ལས། རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་བདག་གི་བླ་མ་ལགས། །ཞེས་འབྱུང་བ་ལྟར། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཐུགས་ལ་འཁྲུངས་ཤིང༌། སྨོན་པའི་སེམས་དེས་ཀུན་ཏུ་དྲངས་པའི་འཇུག་པའི་སེམས་བྱང་ཆུབ་ སེམས་དཔའི་སྤྱོད་པ་རླབས་ཆེ་བ་ལ་སློབ་པར ་ཁས་བླངས་པའི་རྗེས་སུ་འགྲོ་བའི་བསླབ་པ་ལ་སློབ་པའི་སྤྱོད་པ་བཟང་པོས་རྒྱལ་སྲས་རྣམས་ཀྱི་བཅས་པའི་མཚམས་
ལས་མི་འདའ་བར་མཛད་དོ། །རྡོ་རྗེའི་ཐེག་པའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས། ཁྱོད་ནི་རྡོ་རྗེའི་ཐེག་པའི་སྒོར་ཞུགས་ནས། །རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏཱི་པ། །སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང༌། རྡོ་རྗེའི་ཐུགས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་དང་ལྡན་པས་རྣལ་འབྱོར་པའི་གཙོ་བོ་ཞེས་སྤྱིར་བསྟོད་ཅིང༌། ཁྱད་པར་དུ་བཅས་པའི་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་བསྲུང་བའང༌། བསྟོད་པ་ལས། དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཁས་ལེན་པ་ལ་དཔའ་བ་ཙམ་མིན་པར་ཇི་ལྟར་ཁས་བླངས་པའི་རྗེས་སུ་འབྲངས་ཏེ་བཅས་པའི་མཚམས་ལས་མི་འདའ་བར་བསྲུང་ཞིང༌། བརྒྱ་ལ་ཅུང་ཟད་འདས་ནའང་མྱུར་བ་མྱུར་བར་རང་རང་གི་ཕྱིར་བཅོས་ཀྱི་ཆོ༌གས་དག་པར་བྱེད་པའི་རྣམ་པར་ཐར་པ་འདི་ནི། གསུང་རབ་ཀྱི་གནད་ཤེས་པའི་མཁས་པ་རྣམས་དགའ་བ་བསྐྱེད་པའི་རྣམ་པར་ཐར་པར་ཤེས་པར་བྱས་ལ་དམ་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས་ལས། ཐུན་མོང་བ་ནི། ཞི་གནས་ཀྱི་སྒོ་ནས་སེམས་ལས་སུ་རུང་བ་བརྙེས་
ཤིང༌། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པ་ནི། བསྐྱེད་པའི་རིམ་པ་ཤིན་ཏུ་བརྟན་པ་མངའ་སྟེ། དེ་ཡང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅིང༌། དེའི་ཚེ་ཨོ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱིས་གླུ་བླངས་པ་གསན་ནས་ཐུགས་ལ་བཟུང་བའང་ཡོད་དོ། །ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་ཐུན་མོང་བ་ནི། ཞི་ལྷག་ཟུང་དུ་འབྲེལ་བའི་ལྷག་མཐོང་གི་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་མིན་པ་ནི། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་པ་སྟེ། བསྟོད་པ་ལས། གསང་སྔགས་ཐེག་པའི་གཞུང་ལྟར་ན། །སྦྱོར་བའི་ལམ་པ་ཡིན་པར་གསལ། །ཞེས་གསུངས་པ་ལྟར་རོ། །བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས། རྒྱ་གར་དུ་མཛད་ཚུལ་དང༌། བོད་དུ་མཛད་ཚུལ་ལོ། །དང་པོ་ནི། དཔལ་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་ཞིང༌། རང་གི་སྡེ་པ་གོང་འོག་གི་བསྟན་པ་ལ༌ཡང་མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་དྲི་མ་ངན་པ་རྣམས་བསལ་ནས་བསྟན་པ་རྒྱས་པར་མཛད་པས། སྡེ་པ་ཐམས་ཅད་ཀྱིས་ཀྱང་ཕྱོགས་རིས་མེད་པར་གཙུག་གི་རྒྱན་དུ་འཛིན་ཏེ། བསྟོད་པ་ལས། བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །ཐམས་ཅད་འདུས་ཤིང་འཚོགས་པ་ན། །རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །
སེང་གེའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཞེས་དང༌། ཨོ་ཏན་ཏ་ཡི་པཱུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བྲི་ཀ་མ་ལ་ཤཱི་ལ༌ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེངས་དྲེགས་ཁྱོད་མི་མཛད། །མ་ག་དྷ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཁྱོད་ནི་སྡེ་པ་བཅོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཞེས་འབྱུང་བ་ལྟར་རོ། །བོད་དུ་མཛད་ཚུལ་ནི། ལྷ་བླ་མ་ཁུ་དབོན་གྱིས་ལོཙྪ་བ་རྒྱ་བརྩོན་སེང་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་རིམ་པ་བཞིན་རྒྱ་གར་དུ་བརྫངས་ཏེ་འབད་པ་ཆེན་པོས་ཡང་དང་ཡང་དུ་སྤྱན་འདྲེན་བཏང་བས། བྱང་ཆུབ་འོད་ཀྱི་རིང་ལ་སྤྱན་འདྲོངས་ཏེ་མངའ་རིས་སྟོད་དུ་ཕྱག་ཕེབས་པ་ན། སངས་རྒྱས་ཀྱི་བསྟན་པའི་དག་ཏེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས། མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་བསྟན་པ་རྒྱས་པར་མཛད་དེ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས།
སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ། །སྤྱིར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་དཔལ་ལྡན་ཞི་བ་འཚོ་དང་པདྨ་སམྦྷ་བས་བསྟན་པའི་སྲོལ་བཙུགས་པ་ལ། སྟོང་པ་ཉིད་ཀྱི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་བསྟན་པ་འགྲིབས་པར་བྱས་པ། སློབ་དཔོན་ཆེན་པོ་ཀ༌མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབ་པས་སྐུ་དྲིན་ཤིན་ཏུ་ཆེ་ལ། ཕྱི་དར་ལ་རྒྱུད་སྡེའི་དོན་ལོག་པར་བཟུང་བ་ལ་བརྟེན་ནས་པཎྜི་ཏ་དང་རྣལ་འབྱོར་པར་རློམ་པ་འགའ་ཞིག་གིས་བསྟན་པའི་རྩ་བ་ཚངས་པར་སྤྱོད་པ་ལ་གནོད་པ་ཆེན་པོ་བྱས་པ། སྐྱེས་བུ་དམ་པ་འདིས་ལེགས་པར་བཀག་ཅིང༌། གཞན་ཡང་ལོག་པར་བཟུང་བ་རྣམས་ནུབ་པར་བྱས་ནས། ཕྱིན་ཅི་མ་ལོག་པའི་བསྟན་པ་འཕེལ་བར་མཛད་པས་ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ། །དེ་ལྟར་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་གཞུང་རྩོམ་པ་ལ༌ཡང་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡོད་དེ། འདི་ལྟར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པ་དང༌། དེ་དག་གི་དོན་ཉམས་སུ་ལེན་པའི་གནད་ཀྱི་གདམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་
སྟེ་དམ་པ་བར་མ་ཆད་པ་ལས་བརྒྱུད་པའི་མན་ངག་དང་ལྡན་པ་དང༌། ཡི་དམ་གྱི་ལྷའི་ཞལ་གཟིགས་ནས་གསུང་གི་གནང་བ་ཐོབ་པའོ། །འདི་དག་རེ་རེས་ཀྱང་གཞུང་རྩོམ་པར་ནུས་ན་གསུམ་ག་ཚང་ན་ཆེས་ཕུན་སུམ་ཚོགས་པར་འགྱུར་རོ། །སློབ་དཔོན་ཆེན་པོ་འདི་ལ་ནི་གསུམ་ག་མངའོ། །དེ་ལ་ཡི་དམ་གྱིས་རྗེས་སུ་བཟུང་བ་ནི། བསྟོད་པ་ལས། དཔལ་ལྡན་དགྱེས་པའི་རྡོ་རྗེ་དང༌། །དམ་ཚིག་བཀོད་པའི་རྒྱལ་པོ་དང༌། །དཔའ་བོ་འཇིག་རྟེན་དབང་ཕྱུག་དང༌། །ཇོ་མོ་རྗེ་བཙུན་སྒྲོལ་མ་སོགས། །ཞལ་གཟིགས་གནང་བ་ཐོབ་པས་ན། །རྨི་ལམ་ན་འམ་མངོན་སུམ་དུ། །ཟབ་པ་དང་ནི་རྒྱ་ཆེ་བའི། །དམ་ཆོས་རྟག་ཏུ་གསན་པ་ལགས། །ཞེས་གསུངས་པ་ལྟར་རོ། །བླ་མ་བརྒྱུད་པ་ལ། ཐེག་པ་ཐུན་མོང་བ་དང་ཐེག་པ་ཆེན་པོའི་བརྒྱུད་པ་གཉིས། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ལས། དང་པོ་ལ་ལྟ་བའི་བརྒྱུད་པ་དང་སྤྱོད་པའི་བརྒྱུད་པ་གཉིས། ཕྱི་མ་ལ་བྱམས་པ་ནས་བརྒྱུད་པ་དང་འཇམ་དབྱངས་ནས་བརྒྱུད་པ་སྟེ་བརྒྱུད་པ་གསུམ་མོ། །གསང་སྔགས་ལ༌ཡང་བརྒྱུད་པ་ལུགས་ལྔ་དང༌། གཞན་ཡང་གྲུབ་མཐའི་བརྒྱུད་པ་དང་བྱིན་རླབས་ཀྱི་བརྒྱུད་པ་དང་གདམས་པ་སྣ་ཚོགས་པའི་བརྒྱུད་པ་ལ་སོགས་པ་བརྒྱུད་པ་དུ་མ་དང་ལྡན་ཞིང་། དངོས་སུ་གསན་པའི་བླ་མ་ནི། བསྟོད་པ་ལས། རྟག་ཏུ་བསྟེན་པའི་བླ་མ་ནི། །ཤཱནྟི་པ་དང་གསེར་གླིང་པ། །བྷ་དྲ་བོ་དྷི་ཛྙ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང༌། །ཁྱད་པར་དུ་ནི་ཀླུ་སྒྲུབ་
ནས། །གཅིག༌ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན། །ཞེས་གསུངས་པ་ལྟར་ཏེ། དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས་ཡོད་པར་གྲགས་ཤིང་གཞན་ཡང་མང་ངོ་། །རིག་པའི་གནས་ལྔ་ལ་མཁས་པ་ནི་བཤད་ཟིན་ཏོ། །དེའི་ཕྱིར་སློབ་དཔོན་འདིས་རྒྱལ་བའི་དགོངས་པ་ལེགས་པར་གཏན་ལ་འབེབས་ནུས་སོ། །དེ་ལྟ་བུའི་སློབ་དཔོན་འདི་ལ་རྒྱ་གར་ཁ་ཆེ་ཨུ་རྒྱན་བལ་པོ་བོད་རྣམས་ན་སློབ་མ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང༌། གཙོ་བོ་ནི་རྒྱ་གར་ན་ཇོ་བོ་དང་མཁྱེན་པ་མཉམ་པའི་པཎྜི་ཏ་ཆེན་པོ་བི་ཏོ་པ། དྷརྨ་ཨ་ཀཱ་ར་མ་ཏི། དབུ་མ་སེངྒེ། སའི་སྙིང་པོ་སྟེ་བཞི། ཁ་ཅིག་བཤེས་གཉེན་གསང་བ་དང་ལྔར་ཡང་བྱེད་དོ། །མངའ་རིས་ནས་ལོཙྪ་བ་རིན་ཆེན་བཟང་པོ། ནག་ཚོ་ལོཙྪ་བ། ལྷ་བླ་མ་བྱང་ཆུབ་འོད། གཙང་ནས་འགར་དགེ་བ་དང་འགོས་ཁུག་པ་ལྷས་བཙས། ལྷོ་བྲག་ནས་ཆག་པ་ཁྲི་མཆོག་དང་དགེ་བ་སྐྱོང༌། ཁམས་ནས་རྣལ་འབྱོར་པ་ཆེན་པོ། དགོན་པ་བ། ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། དབུས་ནས་ཁུ་རྔོག་འབྲོམ་གསུམ་བྱུང་ངོ་། །དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་པར་བྱེད་པའི་བརྒྱུད་འཛིན་ཆེན་པོ་ནི་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོ། །འདི་དག་ནི་མཛད་པ་པོའི་ཆེ་བ་མདོར་བསྡུས་པ་སྟེ་རྒྱས་པར་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །ཆོས་ཀྱི་ཆེ་བ་བསྟན་
པ་ལ། ཆོས་ནི་གདམས་ངག་འདིའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའོ། །ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང༌། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའོ། །གཞུང་དེའི་གདམས་ངག་གི་ཆེ་བ་ལ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །དང་པོ་ལ། བསྟན་པ་ནི། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་པ་ལས། བསྟན་པ་ཞེས་བྱ་བ་ནི། ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་བྱ་བ་དང་སྤང་བར་བྱ་བ་དང་མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར། རྒྱལ་བས་ལེགས་པར་བཤད་པ་ཇི་སྙེད་པའོ། །དེ་ཐམས་ཅད་འགལ་བ་མེད་པར་རྟོགས་པ་ནི། འདིར་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་གོ་བ་སྟེ། དེ་ཡང་ཁ་ཅིག་ནི་ལམ་གྱི་གཙོ་བོ། ཁ་ཅིག་ནི་ལམ་གྱི་ཡན་
ལག་ཅི་རིགས་ པར་འགྱུར་བའོ། །དེ་ལ་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་བཞེད་དོན་ནི་འཇིག་རྟེན་གྱི་དོན་བསྒྲུབ་པ་ཡིན་ལ། གདུལ་བྱ་ཡང་རིགས་ཅན་གསུམ་ག་རྗེས་སུ་འཛིན་དགོས་པས་དེ་དག་གི་ལམ་ལ་བསླབ་དགོས་ཏེ། བྱང་ཆུབ་ སེམས་འགྲེལ་ལས། རང་ཉིད་ངེས་བཞིན་གཞན་དག་ལ། །ངེས་པ་བསྐྱེད་པར ་འདོད་པ་ཡིས། །རྟག་ཏུ་འཁྲུལ་པ་མེད་པར་ནི། །མཁས་རྣམས་རབ་ཏུ་འཇུག་པ་ཡིན། །ཞེས་དང་། རྣམ་འགྲེལ་ལས་ཀྱང༌། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །ཞེས་གསུངས་ཏེ། རང་གིས་ཇི་ལྟ་བ་བཞིན་མ་ངེས་ན་གཞན་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་ལམ་ཤེས་པ་ནི་བྱང་ཆུབ་ སེམས་དཔའི་བཞེད་དོན་སྒྲུབ་བྱེད་ཀྱི་ཐབས་ཡིན་པར ། མ་ཕམ་པས། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །ཞེས་གསུངས་ཤིང༌། རྒྱལ་བའི་ཡུམ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་གསུངས་པས། ཐེག་པ་ཆེན་པོ་པ་ཡིན་པའི་ཕྱིར་ཐེག་དམན་གྱི་སྡེ་སྣོད་ལ་བསླབ་
པར་མི་བྱའོ་ཞེས་སྨྲ་བ་ནི་འགལ་བའི་རྟགས་སོ། །ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་ལ་ལམ་ཐུན་མོང་བ་དང་ཐུན་མོང་མིན་པ་གཉིས་ཡོད་ལ། ཐུན་མོང་བ་ནི། ཐེག་དམན་གྱི་སྡེ་སྣོད་ནས་འབྱུང་བ་རྣམས་ཡིན་པས་དེ་དག་དོར་བྱར་ག་ལ་འགྱུར། དེས་ན་རང་གཅིག་པུ་ཞི་བདེ་དོན་གཉེར་ལ་སོགས་པའི་དམིགས་བསལ་ཅན་འགའ་རེ་མ་གཏོགས་པ་ཐམས་ཅད་ཐེག་ཆེན་པས་ཀྱང་ཉམས་སུ་བླང་དགོས་པས། བྱང་སེམས་རྣམས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་ཐེག་པ་གསུམ་ག་རྒྱ་ཆེར་སྟོན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐྱོན་ཕྱོགས་རེ་ཟད་པ་དང་ཡོན་ཏན་ཕྱོགས་རེ་རྫོགས་པ་མིན་གྱི། སྐྱོན་གྱི་རིགས་ཐམས་ཅད་ཟད་ཅིང་ཡོན་ཏན་གྱི་རིགས་མཐའ་དག་རྫོགས་པ་ཡིན་ལ། དེ་བསྒྲུབ་པའི་ཐེག་པ་ཆེན་པོ་ཡང་སྐྱོན་མཐའ་དག་འགོག་ཅིང་ཡོན་ཏན་མཐའ་དག་བསྐྱེད་པས་ན། ཐེག་པ་གཞན་ཐམས་ཅད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འདུ་བ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་བསྒྲུབ་པའི་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་གསུང་རབ་ཐམས་ཅད་འདུ་སྟེ། སྐྱོན་སྣ་རེ་ཟད་པའམ་ཡོན་ཏན་སྣ་རེ་བསྐྱེད་པ་མིན་པའི་ཐུབ་པའི་གསུང་མེད་པའི་ཕྱིར་དང༌། དེ་ཐམས་ཅད་ཀྱང་ཐེག་ཆེན་པས་མི་བསྒྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོར་འཇུག་པ་ལ་ཐེག་དམན་གྱི་སྡེ་སྣོད་ནས་
བཤད་པའི་ལམ་རྣམས་དགོས་ནའང༌། རྡོ་རྗེའི་ཐེག་པར་འཇུག་པ་ལ་ནི་ཕར་ཕྱིན་གྱི་ཐེག་པའི་ལམ་རྣམས་ཐུན་མོང་བར་མི་འགྱུར་ཏེ། ལམ་མི་མཐུན་པའི་ཕྱིར་རོ་ཞེ་ན། འདི་ཡང་ཆེས་མི་རིགས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ་ནི་བསམ་པ་བྱང་ཆུབ་ཏུ་ སེམས་བསྐྱེད་པ་དང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར ་འདུ་བ་ཡིན་ལ། དེ་ནི་རྣམ་པ་ཐམས་ཅད་དུ་བསྟེན་དགོས་ པར་དཔལ་རྡོ་རྗེ་རྩེ་མོ་ལས་ཇི་སྐད་དུ། འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས ་ནི་དོར་མི་བྱ། །ཞེས་དང༌། ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ། །ཞེས་གསུངས་ཤིང༌། གཞན་ཡང་སྔགས་ཀྱི་གཞུང་དུ་མར་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་དུ་མར་ཡང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་གཉིས་གཟུང་དགོས་ པར་གསུངས་ལ། སྔ་མ་ནི་བྱང་ཆུབ་སེམས ་དཔའི་སྡོམ་པ་ཉིད་ཡིན་ཞིང་། སྡོམ་པ་བཟུང་བ་ནི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་ པར་ཁས་བླངས་པ་ཡིན་པས། སེམས ་བསྐྱེད་ནས་བསླབ་པ་ལ་སློབ་པར་ཁས་བླངས་པ་བཞིན་དུ་སློབ་པ་ལས་གཞན་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ༌ཡང་མེད་པའི་ཕྱིར་དང༌། རྡོ་རྗེ་མཁའ་འགྲོ་དང་སམྦུ་ཊི་དང་རྡོ་རྗེ་རྩེ་མོ་རྣམས་སུ། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་
གཟུང༌། །ཞེས་འོད་དཔག་མེད་ཀྱི་དམ་ཚིག་གཟུང་བའི་སྐབས་སུ་གསུངས་པ་ལྟར་སྔགས་ཀྱི་སྡོམ་པ་འཛིན་པ་ན་ཁས་བླང་དགོས་པའི་ཕྱིར་རོ། །འདི་དག་ལ་གནང་བཀག་མི་འདྲ་བའི་ཆ་ཐན་ཐུན་མཐོང་ནས་ཚ་གྲང་ལྟར་ཐམས་ཅད་དུ་འགལ་བར་འཛིན་པ་ནི་རྟོག་པ་ཤིན་ཏུ་རྩིང་བར་གསལ་ལོ། །དེ་ལྟར་ན་དམིགས་བསལ་ཅན་གྱི་གནང་བཀག་འགའ་རེ་མ་གཏོགས་པ་གསུང་རབ་རྣམས་ཤིན་ཏུ་མཐུན་པས་ཐེག་པ་གསུམ་མམ་ལམ་ལྔ་ལྟ་བུ་གོང་མ་གོང་མར་འཇུག་པ་ན་ཐེག་པ་དང་ལམ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་སོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ནི། རྒྱལ་བའི་ཡུམ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པ་ལྟར། སངས་རྒྱས་སུ་བགྲོད་པའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་པས་དོར་དུ་མི་རུང་ངོ་། །འདི་ཉིད་རྡོ་རྗེའི་ཐེག་པ་ལས་ཀྱང་མང་དུ་བཀའ་སྩལ་པས་ན་མདོ་རྒྱུད་གཉིས་ཀའི་ལམ་ཐུན་མོང་བའོ། །དེའི་སྟེང་དུ་གསང་སྔགས་ཀྱི་ལམ་ཐུན་མོང་མིན་པ་དབང་དང་དམ་ཚིག་དང་སྡོམ་པ་དང་རིམ་པ་གཉིས་འཁོར་དང་བཅས་པ་བསྣན་པས་སངས་རྒྱས་སུ་བགྲོད་པ་མྱུར་བ་ཡིན་གྱི༌ལམ་ཐུན་མོང་བ་དོར་ན་ནི་ནོར་བ་ཆེན་པོའ། །དེ་ལྟ་བུའི་གོ་བ་མ་རྙེད་ན་ཆོས་རེ་རེ་ལ་ངེས་པ་ལྟར་སྣང་རེ་རྙེད་པ་ན་གཞན་རྣམས་སྤོང་ཞིང་ཁྱད་པར་དུ་ཐེག་པ་གོང་མ་ལ་མོས་པ་ལྟར་སྣང་ཞིག་སྐྱེས་པ་ན་རིམ་པ་ལྟར་ཐེག་དམན་གྱི་སྡེ་སྣོད་དང་ཕ་རོལ་ཏུ་ཕྱིན་
པ་རྣམས་སྤོང་ཞིང༌། སྔགས་ལ༌ཡང་རྒྱུད་སྡེ་འོག་མ་གསུམ་ལ་སོགས་པ་སྤོང་བར་འགྱུར་བས་འབྲེལ་ཆེ་ལ་འབྱུང་ཉེ་ཞིང་རྣམ་པར་སྨིན་པ་ཆེས་ལྕི་བའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ཆེན་པོ་གསོག་པར་འགྱུར་ཏེ། དེའི་ཁུངས་ནི་འོག་ཏུ་སྟོན་པར་འགྱུར་རོ། །དེའི་ཕྱིར་དམ་པའི་མགོན་ལ་བརྟེན་ནས་གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྱུར་བའི་ཚུལ་ལ་ངེས་པ་བརྟན་པར་བྱས་ལ། ད་ལྟ་ཉམས་སུ་ལོངས་པ་རྣམས་ཉམས་སུ་བླང་ཞིང་། དངོས་སུ་འཇུག་ལྡོག་མ་ནུས་པ་རྣམས་ཀྱང་རང་ཉིད་ཀྱིས་འཇུག་མ་ནུས་པ་རྒྱུ་མཚན་དུ་བྱས་ནས་མི་སྤོང་བར། དེ་དག་ལ་དངོས་སུ་འཇུག་ལྡོག་གི་སྒོ་ནས་ཉམས་སུ་ལོན་པ་ཞིག་ནམ་ཞིག་ན་འོང་སྙམ་དུ་བསམས་ནས་དེའི་རྒྱུར་ཚོགས་བསག་པ་དང་སྒྲིབ་པ་སྦྱང་བ་དང་སྨོན་ལམ་གདབ་པར་བྱའོ། །དེས་ནི་རིང་པོ་མི་ཐོགས་པར་བློའི་མཐུ་ཇེ་ཆེ་ཇེ་ཆེར་སོང་སྟེ་དེ་དག་ཐམས་ཅད་ཉམས་སུ་ལེན་ནུས་པར་ཡང་འགྱུར་རོ། །དགེ་བའི་བཤེས་གཉེན་སྟོན་པ་རིན་པོ་ཆེའི་ཞལ་ནས་ཀྱང༌། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ། ཞེས་གསུངས་ཏེ། ཚིག་འདི་དཔྱད་གཞི་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ལྟར་ན་གདམས་ངག་འདིས་མདོ་སྔགས་ཀྱི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་འཁྲིད་པས་ན་འདི་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང་ལྡན་ནོ། །གསུང་རབ་
ཐམས་ཅད་གདམས་ངག་ཏུ་འཆར་བ་ནི། སྤྱིར་ཐར་པ་འདོད་པ་རྣམས་ལ་འཕྲལ་དང་ཡུན་གྱི་ཕན་བདེ་ཐམས་ཅད་འགྲུབ་པའི་ཐབས་ནི་རྒྱལ་བའི་གསུང་རབ་ཉིད་ཡིན་ཏེ། བླང་དོར་གྱི་གནས་ཐམས་ཅད་སྟོན་པ་ལ་འཁྲུལ་པ་མ་ལུས་པ་དང་བྲལ་བ་ནི་སངས་རྒྱས་ཉག་གཅིག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་གསུངས་སོ། །དེས་ན་རྒྱལ་བའི་བཀའ་མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ་རྣམས་གདམས་པའི་མཆོག་ཡིན་ནོ། །དེ་ལྟ་ནའང་ཚད་ལྡན་གྱི་དགོངས་འགྲེལ་དང་དམ་པའི་མན་ངག་དང་མི་ལྡན་པར་བཀའ་ལ་རང་སྟོབས་ཀྱིས་ཞུགས་པས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱིས་དགོངས་པ་མི་རྙེད་པས། ཤིང་རྟ་ཆེན་པོ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་དང་མན་ངག་རྣམས་མཛད་དོ། །དེའི་ཕྱིར་མན་ངག་རྣམ་པར་དག་པ་ཡིན་ན་གཞུང་ཆེན་མོ་རྣམས་ལ་ངེས་པ་སྟེར་བ་ཞིག་དགོས་ཀྱི། མན་ངག་ལ་ཅི་ཙམ་སྦྱངས་ཀྱང་བཀའ་དང་དགོངས་འགྲེལ་ཆེན་མོ་རྣམས་ཀྱི་དོན་ལ་ངེས་པ་སྟེར་མི་ནུས་པའམ་དེ་དག་དང་མི་མཐུན་པའི་ལམ་སྟོན་ན་ནི་དོར་བར་བྱ་བ་ཁོ་ནའོ། །གང་ཡང་གཞུང་ཆེན་མོ་རྣམས་
ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བྱས་ཤིང་ཉམས་ལེན་གྱི་གནད་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པར་གོ་ནས་དམ་པའི་ཆོས་རང་ལ་བཤད་པ་དང་བསྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང་དྲི་མ་མེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང༌། དེ་དག་ལ་ནང་གི་དོན་མི་སྟོན་པའི་ཕྱིའི་གོ་རྒྱ་ཙམ་གཅོད་པའོ་ཞེས་བརྙས་པའི་གནས་སུ་འཛིན་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པར་ཤེས་པར་བྱའོ། །དེས་ན་ཐར་འདོད་རྣམས་ལ་མི་སླུ་བའི་གདམས་པ་མཆོག་ནི་གཞུང་ཆེན་མོ་རྣམས་ཡིན་མོད། དེ་ཡང་རང་ཉིད་བློ་ཞན་པ་ལ་སོགས་པའི་རྒྱུ་མཚན་གྱིས་གདམས་པའི་མཆོག་ཏུ་གཞུང་དེ་ཙམ་ལ་བརྟེན་ནས་ངེས་མི་ནུས་པས། དམ་པའི་མན་ངག་ལ་བརྟེན་ནས་དེ་དག་ལ་ངེས་པ་བཙལ་བར་བྱའོ་སྙམ་དུ་མན་ངག་འཚོལ་དགོས་པ་ཡིན་གྱི། གཞུང་རྣམས་ནི་ཕྱི་རྒྱ་གཅོད་པ་ཙམ་ཡིན་པས་སྙིང་པོ་མེད་ལ། མན་ངག་རྣམས་ནི་ནང་གི་དོན་སྟོན་པས་མཆོག་གོ་སྙམ་དུ་མི་གཟུང་ངོ་། །རྣལ་འབྱོར་པ་ཆེན་པོ་བྱང་ཆུབ་རིན་ཆེན་གྱི་ཞལ་ནས། གདམས་ངག་ལ་ནང་བྱན་ཚུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར་ཞེས་པ་དང༌། ཇོ་བོ་ཆེན་པོའི་སློབ་
མ་སྒོམ་པ་རིན་ཆེན་བླ་མས་ཀྱང༌། ཨ་ཏི་ཤའི་གདམས་ངག་ལ་སྟན་ཐོག་གཅིག་ཏུ་ལུས་ངག་ཡིད་གསུམ་རྡུལ་དུ་བརླགས་པས། ད་གཞུང་ཐམས་ཅད་གདམས་ངག་ཏུ་གོ་བ་ཞིག་བྱུང་གསུང་བ་ལྟར་གོ་དགོས་པ་ཡིན་ནོ། །སྟོན་པ་རིན་པོ་ཆེའི་ཞལ་ནས། ཆོས་མང་དུ་བསླབས་ནས་ཆོས་བྱེད་ལུགས་གཞན་དུ་རྩད་གཅོད་དགོས་པ་བྱུང་ན་ནོར་བ་ཡིན་གསུང་བ་ལྟར། ཡུན་རིང་པོར་ཆོས་མང་དུ་བསླབས་ཀྱང་ཆོས་བྱེད་ལུགས་ཡེ་མི་ཤེས་པར་ཆོས་བྱེད་འདོད་བྱུང་བ་ན་རྩད་གཞན་ནས་གཅོད་དགོས་པ་རྣམས་ཀྱང་སྔར་བཤད་པ་ལྟར་མ་གོ་བས་ནོངས་ཏེ། འདིར་བསྟན་པ་ནི་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་མེད་ལ། ལུང་གི་བསྟན་པ་ནི་ཆོས་ལག་ཏུ་ལེན་པའི་ཚུལ་སྒྲུབ་པ་བྱེད་ལུགས་གཏན་ལ་འབེབས་པ་ཡིན་ལ། རྟོགས་པའི་བསྟན་པ་ནི་གཏན་ལ་ཕེབས་པ་ན་ཇི་ལྟར་གཏན་ལ་ཕབ་པ་ལྟར་བསྒྲུབ་པ་ཡིན་པས་དེ་གཉིས་རྒྱུ་འབྲས་སུ་འགྲོ་བ་ཡིན་ཏེ། དཔེར་ན། རྟ་རྒྱུག་པ་ན་སྔོན་ལ་རྟ་ལ་དཀྱུས་ས་སྟོན་པ་དང་བསྟན་ཟིན་ནས་དེར་རྒྱུག་པ་ལྟ་བུ་ཡིན་ནོ། །དཀྱུས་ས་གཞན་དུ་བསྟན་ནས་རྒྱུག༌ས་གཞན་དུ་བྱེད་ན་བཞད་གད་དུ་འགྱུར་བ་ལྟར། ཐོས་བསམ་གྱིས་གཞན་ཞིག་གཏན་ལ་ཕབ་ནས་སྒྲུབ་པ་ན་གཞན་ཞིག་བསྒྲུབ་ཏུ་ག་ལ་རུང༌། དེ་ལྟར་ཡང་བསྒོམ་པའི་རིམ་པ་ཐ་མ་ལས། ཡང་ཐོས་པ་དང་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་རྟོགས་
པ་གང་ཡིན་པ་དེ་ཉིད་བསྒོམས་པ་ལས་བྱུང་བའི་ཤེས་རབ་ཀྱིས་བསྒོམ་པར་བྱ་ཡི། གཞན་དུ་མ་ཡིན་ཏེ། རྟ་དཀྱུས་ཀྱི་ས་བསྟན་ནས་རྒྱུག་པ་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་ན་གདམས་པ་འདིས་བཤེས་གཉེན་བསྟེན་ཚུལ་ནས་ཞི་གནས་དང་ལྷག་མཐོང་གི་བར་གསུང་རབ་དགོངས་འགྲེལ་དང་བཅས་པའི་ལམ་གྱི་གནད་ཐམས་ཅད་ཚང་བར་བསྡུས་ནས་དེ་དག་ཐམས་ཅད་ལ་འཇོག་སྒོམ་དགོས་པ་རྣམས་ལ་འཇོག་སྒོམ་བྱེད། དཔྱད་ནས་བསྒོམ་དགོས་པ་རྣམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དེ་ཉམས་སུ་ལེན་པའི་རིམ་པར་དྲིལ་ནས་འཁྲིད་པས་ན་གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་རོ། །དེ་ལྟ་མ་ཡིན་པར་ལམ་གྱི་ལུས་ཡོངས་སུ་མ་རྫོགས་པའི་ཆ་ཤས་འགའ་རེ་ལ། སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བར་ཚེ་དྲིལ་ནས་ཉམས་སུ་བླངས་པས་ནི་གཞུང་ཆེན་མོ་རྣམས་གདམས་ངག་ཏུ་མི་འཆར་བར་མ་ཟད། དེ་དག་ལ་ཕྱིའི་གོ་རྒྱ་གཅོད་པ་ཙམ་དུ་མཐོང་ནས་སྤོང་བར་འགྱུར་ཏེ། གཞུང་ཆེ་བ་རྣམས་ནས་བཤད་པའི་བརྗོད་བྱ་དེ་དག་ནི་ཕལ་ཆེར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དགོས་པ་ཤ་སྟག་ཏུ་སྣང་ལ། དེ་ཡང་ཉམས་ལེན་གྱི་ཚེ་དོར་ན་དེ་དག་ལ་གདམས་པའི་མཆོག་ཏུ་མཐོང་བའི་ངེས་པ་ཇི་ལྟར་སྐྱེ། དེ་དག་གདམས་པའི་མཆོག་མ་ཡིན་ན་ནི་དེ་དག་མཛད་པ་ལས་ལྷག་པའི་གདམས་ངག་མཁན་པོ་སུ་ཞིག་གིས་རྙེད། དེ་ལྟར་མདོ་སྡེ་
ཟབ་ཅིང་རྒྱ་ཆེ་བ་དགོངས་འགྲེལ་དང་བཅས་པ་གདམས་ངག་ཏུ་ཤར་ན། རྒྱུད་སྡེ་ཟབ་མོ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཆེན་མོ་རྣམས་ཀྱང་ཚེགས་མེད་པར་གདམ་ངག་ཏུ་ཤར་ནས་དེ་དག་ལ་གདམས་པའི་མཆོག་ཏུ་འཛིན་པའི་ངེས་པ་སྐྱེས་ཏེ། དེ་རྣམས་གདམ་ངག་དངོས་མིན་པའི་ཆོས་རྒྱབ་ཙམ་དུ་འཛིན་པའི་ལོག་རྟོག་རྣམས་ལྷག་མ་མེད་པར་བཟློག་པར་འགྱུར་རོ། །རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེ་བ་རྣམས་གདམས་པའི་མཆོག་ཡིན་ཀྱང་ཡོངས་སུ་མ་སྦྱངས་པའི་གང་ཟག་ལས་དང་པོ་པས་ནི་དམ་པའི་མན་ངག་ལ་མ་བརྟེན་པར་དེ་དག་ལ་ཞུགས་ཀྱང་དགོངས་པ་མི་རྙེད་ལ། རྙེད་དུ་ཆུག་ཀྱང་དུས་ཤིན་ཏུ་རིང་བ་དང་ཚེགས་ཤིན་ཏུ་ཆེ་བ་ལ་ལྟོས་སོ། །བླ་མའི་མན་ངག་ལ་བརྟེན་ན་ནི་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །གདམས་པ་འདིས་ནི་བཀའ་དང་བསྟན་བཅོས་ཀྱི་གནད་ལ་ངེས་པ་བདེ་བླག་ཏུ་སྟེར་བར་འགྱུར་ཏེ། དེའི་ཚུལ་ནི་སྐབས་རྣམས་སུ་རྒྱས་པར་སྟོན་པར་འགྱུར་རོ། །ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བ་ནི། པདྨ་དཀར་པོ་དང་བདེན་པ་པོའི་ལེའུ་ནས་བཤད་པ་ལྟར། སངས་རྒྱས་ཀྱི་བཀའ་ཐམས་ཅད་དངོས་དང་བརྒྱུད་པས་འཚང་རྒྱ་བའི་ཐབས་སྟོན་པར་མ་གོ་བར། འགའ་ཞིག་འཚང་རྒྱ་བའི་ཐབས་དང་འགའ་ཞིག་འཚང་རྒྱ་བའི་གེགས་སུ་བཟུང་ནས་བཟང་ངན་དང་རིགས་མི་རིགས་དང་ཐེག་པ་ཆེ་ཆུང་དུ་ཕྱེ་སྟེ། བྱང་སེམས་ཀྱིས་འདི་ལ་སློབ་དགོས་
ལ་འདི་ལ་སློབ་མི་དགོས་སོ་ཞེས་དོར་བྱར་བཟུང་ན་ཆོས་སྤོང་བར་འགྱུར་ཏེ། རྣམ་པར་འཐག་པ་ཐམས་ཅད་བསྡུས་པའི་མདོ་ལས། འཇམ་དཔལ། དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ། །འཇམ་དཔལ། གང་དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས་ལ། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །གང་ཆོས་སྤོང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན། དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །འདི་ནི་རིགས་པའོ་འདི་ནི་མི་རིགས་པའོ་ཞེས་ཟེར་ན་ཆོས་སྤོང་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པའོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཞེས་གསུངས་སོ། །ཆོས་སྤངས་ན་དེའི་ཉེས་པ་ཤིན་ཏུ་ལྕི་བ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་པས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་དེ་ནི་ཆེས་ཁྱད་འཕགས། །ཞེས་གསུངས་སོ། །སྤྱིར་ཆོས་སྤོང་འབྱུང་བ་ལ་སྒོ་མང་དུ་
སྣང་ནའང་སྔར་བསྟན་པའི་སྒོ་འདི་ཆེ་ཤོས་སུ་སྣང་བས་འབད་པས་སྤང་བར་བྱའོ། །དེ་ཡང་སྔར་བསྟན་པ་ལྟར་གྱི་ངེས་པ་རྙེད་པ་ཙམ་གྱིས་བཟློག་པར་འགྱུར་བས་ཉེས་སྤྱོད་རང་འགགས་སུ་འགྲོ་བའོ། །ངེས་པ་དེ་ནི་བདེན་པ་པོའི་ལེའུ་དང་དམ་པའི་ཆོས་པདྨ་དཀར་པོ་མང་དུ་བལྟས་པ་ལས་བཙལ་བར་བྱ་ཞིང༌། ཆོས་སྤོང་གི་སྒོ་གཞན་རྣམས་ནི་རྣམ་པར་འཐག་པ་བསྡུས་པའི་མདོ་ལས་ཤེས་པར་བྱའོ། །ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་ལ་གསུམ། ཉན་པའི་ཚུལ་དང༌། བཤད་པའི་ཚུལ་དང༌། མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། ཆོས་ཐོས་པའི་ཕན་ཡོན་བསམ་པ། ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བསྐྱེད་པ། ཉན་པའི་ཚུལ་དངོས་སོ། །དང་པོ་ནི། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་དང༌། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུ་མི་མཐོང་བ། །དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང༌། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང༌། སྐྱེས་
རབས་ལས་ཀྱང༌། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་དང༌། ཐོས་པའི་རྗེས་འཇུག་བསྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་པའི་ཐོས་པའི་ཕན་ཡོན་རྣམས་ལ་སྙིང་ཐག་པ་ནས་མོས་པ་བསྐྱེད་དོ། །གཞན་ཡང༌། སངས་རྒྱས་འབྱུང་བ་བརྒྱ་ལམ་ན་ཡིན་ཞིང་དེའི་ཆོས་ཀྱང་དེ་དང་འདྲ་བས་དཀོན་པའི་དོན་གྱིས་རིན་པོ་ཆེའི་འདུ་ཤེས་དང༌། འཕྲལ་འཕྲལ་དུ་ལྷན་ཅིག་སྐྱེས་པའི་ཤེས་རབ་ཇེ་ཆེར་བསྐྱེད་པས་མིག་གི་འདུ་ཤེས་དང༌། ཤེས་རབ་ཀྱི་མིག་བྱིན་པ་དེས་ཇི་ལྟ་བ་དང་ཇི་སྙེད་པ་རྣམས་མཐོང་བར་འགྱུར་བས་སྣང་བའི་འདུ་ཤེས་དང༌། མཐར་མྱ་ངན་ལས་འདས་པ་དང་བྱང་ཆུབ་ཆེན་པོའི་འབྲས་བུ་སྟེར་བས་ཕན་ཡོན་ཆེ་
བའི་འདུ་ཤེས་དང༌། ད་ལྟ་ནས་ཀྱང་དེ་གཉིས་ཀྱི་རྒྱུ་ཞི་གནས་དང་ལྷག་མཐོང་གི་བདེ་བ་ཐོབ་པར་བྱེད་པས་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་དང་ལྔས་མཉན་དགོས་ པར་བྱང་ས་ལས་གསུངས་པ་ལྟར་སེམས ་པ་ནི་ཐོས་པའི་ཕན་ཡོན་སེམས་པའོ། །གཉིས་པ་ནི། སའི་སྙིང་པོའི་མདོ་ལས། གཅིག་ཏུ་དད་ཅིང་གུས་པས་ཆོས་མཉན་གྱི། །དེ་ལ་འཕྱ་ཞིང་སྐུར་བར་མི་བྱ་འོ། །ཆོས་སྨྲ་བ་ལ་མཆོད་པ་བྱ་བ་ནི། །སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད། །ཅེས་གསུངས་པ་ལྟར། སངས་རྒྱས་དང་འདྲ་བར་བལྟས་ལ་སེངྒེའི་ཁྲི་ལ་སོགས་པའི་བཀུར་སྟི་དང་རྙེད་པས་མཆོད་དེ་མ་གུས་པ་སྤང་ཞིང༌། བྱང་ས་ལས། ཀུན་ནས་ཉོན་མོངས་པ་མེད་པ་དང་ཆོས་སྨྲ་བ་ལ་གནས་ལྔར་ཡིད་ལ་མི་བྱ་བར་གསུངས་པ་ལྟར་མཉན་ཏེ། ཁེངས་པ་དང་བྲལ་བ་ནི། དུས་སུ་ཉན་པ་དང་བཀུར་སྟི་བྱེད་པ་དང་སྲི་ཞུ་བྱེད་པ་དང་མི་ཁྲོ་བ་དང་རྗེས་སུ་བསྒྲུབ་པ་དང་ཀླན་ཀ་མི་ཚོལ་བ་དྲུག་གིས་ཉན་པའོ། །ཁྱད་གསོད་ཀྱི་ཉོན་མོངས་པ་དང་བྲལ་བ་ནི། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་དེ་གཉིས་ལ་ཁྱད་དུ་མི་གསོད་པའོ། །གནས་ལྔར་ཡིད་ལ་མི་བྱ་བ་ནི། ཚུལ་ཁྲིམས་ཉམས་པ་དང་རིགས་དམའ་བ་དང་བྱད་ངན་པ་དང་ཚིག་འབྲུ་ངན་པ་དང་ཚིག་རྩུབ་ཅིང་མི་སྙན་པར་སྨྲ་བས་འདི་ལ་མི་མཉན་ནོ་སྙམ་པ་འདོར་བའོ། །སྐྱེས་པའི་རབས་ལས་ཀྱང༌། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །
ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར་རོ། །ཉན་པའི་ཚུལ་དངོས་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤང་བ། འདུ་ཤེས་དྲུག་བསྟེན་པའོ། །།དང་པོ་ནི། སྣོད་ཁ་སྦུབ་པ་དང༌། ཁ་གྱེན་དུ་བཟེད་ཀྱང་མི་གཙང་བ་དང༌། གཙང་དུ་ཟིན་ཀྱང་ཞབས་རྡོལ་ན། དེར་ལྷས་ཆར་ཕབ་ཀྱང་ནང་དུ་མི་འགྲོ་བ་དང༌། སོང་ཡང་མི་གཙང་བས་སྦགས་པས་འཐུང་བ་ལ་སོགས་པའི་དགོས་པ་མི་འགྲུབ་པ་དང༌། མི་གཙང་བས་མ་བསླད་ཀྱང་ནང་དུ་མི་གནས་པར་ཟགས་ནས་འགྲོ་བའོ། །དེ་བཞིན་དུ་ཆོས་འཆད་པའི་གྲྭར་བསྡད་དུ་ཟིན་ཀྱང་རྣ་ལེགས་པར་མི་གཏོད་པ་དང༌། གཏད་དུ་ཟིན་ཀྱང་ལོག་པར་བཟུང་བའམ་ཀུན་སློང་སྐྱོན་ཆགས་པ་ལ་སོགས་པ་དང༌། སྐྱོན་དེ་དག་མེད་ཀྱང་ཉན་པའི་དུས་སུ་བཟུང་བའི་ཚིག་དང་དོན་རྣམས་བརྟན་པར་མ་བྱས་པར་བརྗེད་པ་ལ་སོགས་པས་ཉམས་པར་གྱུར་ན། ཆོས་ཐོས་པ་དགོས་པ་ཆེན་པོར་མི་འགྱུར་བས་དེ་དག་དང་བྲལ་བ་དགོས་ཏེ། དེ་གསུམ་གྱི་གཉེན་པོར་མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་ཚིག་གསུམ་གསུངས་པ་ཡིན་ནོ། །དེ་ཡང་བྱང་ས་ནས། ཀུན་ཤེས་པར་འདོད་པ་དང་རྩེ་གཅིག་པ་དང་རྣ་བླགས་པ་དང་ཡིད་བཏུད་པ་དང་ སེམས་ཐམས་ཅད་ཀྱིས་བསམས་
ནས་ཉན་པར ་གསུངས་པ་ལྟར་རོ། །འདུ་ཤེས་དྲུག་བསྟེན་པ་ལ། རང་ལ་ནད་པ་ལྟ་བུའི་འདུ་ཤེས་བཞག་པ་ནི། སྤྱོད་འཇུག་ལས། ཐ་མལ་ནད་ཀྱིས་བཏབ་པ་ཡང༌། །སྨན་པའི་ངག་བཞིན་བྱ་དགོས་ན། །འདོད་ཆགས་ལ་སོགས་ཉེས་བརྒྱ་ཡི། །ནད་ཀྱིས་རྟག་བཏབ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། རྒྱུན་རིང་བ་གསོ་དཀའ་བ་སྡུག་བསྔལ་དྲག་པོ་བསྐྱེད་པའི་ནད་ཆགས་སོགས་ཉོན་མོངས་པས་དུས་རྟག་ཏུ་ན་བ་ཡིན་པས་དེ་ལ་དེར་ངོ་ཤེས་པར་བྱེད་དགོས། ཀ་མ་བའི་ཞལ་ནས། དོན་ལ་མི་ན་ན་དེ་ལྟར་བསྒོམ་པ་ཕྱིན་ཅི་ལོག་ཏུ་འགྲོ་སྟེ་དུག་གསུམ་གྱི་གཅོང་ནད་ཆེན་པོས་ཐེབས་ནས་ནད་ཚབས་ཤིན་ཏུ་ཆེ་བ་ལ་འོ་སྐོལ་གྱིས་ན་བར་ཡེ་མ་ཤེས་གསུང༌། ཆོས་སྨྲ་བ་ལ་སྨན་པ་ལྟ་བུའི་འདུ་ཤེས་བཞག་པ་ནི། དཔེར་ན། རླུང་མཁྲིས་ལ་སོགས་པའི་ནད་ཚབས་པོ་ཆེས་བཏབ་པ་ན་སྨན་པ་མཁས་པ་འཚོལ། དེ་དང་ཕྲད་པ་ན་དགའ་བ་ཆེན་པོ་སྐྱེ་ཅི་ཟེར་ཉན་གུས་པས་བསྙེན་བཀུར་བ་ལྟར། ཆོས་སྟོན་པའི་བཤེས་གཉེན་ལའང་དེ་ལྟར་འཚོལ་བ་དང་རྙེད་ནས་ཁུར་དུ་མི་འགྲོ་བར་རྒྱན་དུ་འཛིན་ཏེ་ཅི་གསུང་བསྒྲུབ་ཅིང་གུས་པས་བསྙེན་བཀུར་བར་བྱེད་པ་སྟེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། དེ་ལྟ་བས་ན་བྱང་ཆུབ་དམ་པ་འཚོལ་བ་ཡི། །བསམ་པ་དྲག་ལྡན་མཁས་པས་ང་རྒྱལ་ངེས་བཅོམ་སྟེ། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །
རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས་བསྐྱེད་པ་ནི། ནད་པས་སྨན་པས་སྦྱར་བའི་སྨན་ལ་གཅེས་སྤྲས་ཆེན་པོ་བྱེད་པ་ལྟར། ཆོས་སྨྲ་བས་གསུངས་པའི་གདམས་ངག་དང་རྗེས་སུ་བསྟན་པ་ལ་གལ་པོ་ཆེར་མཐོང་ནས་འབད་པ་དུ་མས་གཅེས་སྤྲས་སུ་འཛིན་ཅིང་བརྗེད་པ་ལ་སོགས་པའི་སྒོ་ནས་ཆུད་འཛའ་བར་མི་བྱེད་པའོ། །ནན་ཏན་ཉམས་སུ་བླང་བ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱ་བ་ནི། ནད་པས་སྨན་པས་སྦྱར་བའི་སྨན་མ་འཐུངས་ན་ནད་ཞི་མི་ནུས་པར་མཐོང་ནས་འཐུང་བ་ལྟར། ཆོས་སྨྲ་བས་བསྟན་པའི་གདམས་པ་ཉམས་སུ་མ་བླངས་ན་ཆགས་སོགས་གཞོམ་མི་ནུས་པར་མཐོང་ནས་ནན་ཏན་གྱིས་ཉམས་སུ་ལེན་པར་བྱེད་ཀྱི། ཉམས་ལེན་མེད་པར་རྣམ་གྲངས་མང་པོ་གསོག་པའི་ཚིག་ལྷུར་མི་ལེན་པའོ། །དེ་ཡང་མཛེ་ཅན་ལག་པ་དང་རྐང་པ་ཆད་པ་ལ་སྨན་ཐུན་རེ་རེ་གཉིས་གཉིས་བསྟེན་པས་ཅིར་ཡང་མི་འགྱུར་བ་ལྟར། འོ་སྐོལ་ཐོག་མ་མེད་པ་ནས་ཉོན་མོངས་པའི་ནད་གཞི་ཚབས་ཅན་གྱིས་ཐེབས་པ་ལ་གདམས་ངག་གི་དོན་ལན་རེ་རེ་གཉིས་གཉིས་ཙམ་ཉམས་སུ་བླངས་པས་མི་ཆོག་པས། ལམ་གྱི་ཆ་ཐམས་ཅད་རྫོགས་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་ཆུ་བོའི་རྒྱུན་བཞིན་དུ་འབད་འཚལ་ཏེ། སློབ་དཔོན་ཆེན་པོ་ཙནྡྲ་གཽ་མིས་བཤགས་བསྟོད་ལས། དེར་ཡང་རྒྱུན་དུ་སེམས་ནི་རྣམ་རྨོངས་ལ། །ཡུན་རིང་དུས་སུ་ནད་གཞི་སྟེན་བྱེད་ཅིང༌། །མཛེ་ཅན་རྐང་པ་
ལག་པ་ཆད་པ་ལ། །ཐང་འགའ་སྨན་བསྟེན་པ་ཡིས་ཅི་བགྱིར་མཆི། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་རང་ལ་ནད་པ་ལྟ་བུའི་འདུ་ཤེས་ཤིན་ཏུ་གལ་ཆེ་སྟེ། དེ་ཡོད་ན་གཞན་རྣམས་ཀྱང་འབྱུང་ལ། དེ་ཚིག་ཙམ་དུ་སོང་ན་ཉོན་མོངས་པ་བསལ་བའི་ཕྱིར་དུ་གདམས་པའི་དོན་མི་བསྒྲུབ་པར་ཉན་པ་ཙམ་ཞིག་ཏུ་འགྱུར་བས། སྨན་པ་བཙལ་ནས་སྨན་མི་འཐུང་བར་སྨན་སྦྱོར་བ་ཁོ་ན་ལྷུར་བླངས་ན་ནད་པ་ནད་ལས་མི་ཐར་བ་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མི་དག་ན་ཞིང་ལུས་ནི་སྡུག་བསྔལ་ཏེ། །ལོ་གྲངས་མང་པོ་རེས་འགའ་མ་ཐར་བ། །དེ་ནི་ཡུན་རིང་ནད་ཀྱིས་ཉོན་མོངས་པས། །ནད་རྣམས་གསོ་བའི་ཕྱིར་ཡང་སྨན་པ་བཙལ། །ཡང་དང་ཡང་དུ་དེ་ཡིས་བཙལ་བ་ཡིས། །སྨན་པ་མཁས་ཤིང་རིག་པ་དེ་རྙེད་དེ། །དེས་ཀྱང་སྙིང་རྗེ་ཉེ་བར་བཞག་ནས་ནི། །སྨན་འདི་བཏང་བར་གྱིས་ཞེས་བྱིན་པ་དང༌། །སྨན་མང་བཟང་ཞིང་ཕངས་པ་དེ་བླངས་ནས། །ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང༌། །སྨན་པས་མ་ལན་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་སྟེ། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །བསྒོམ་པ་ལ་ནི་མངོན་པར་བརྩོན་མི་བྱེད། །རིགས་པར་མི་བརྩོན་ག་ལ་མྱ་ངན་འདའ། །ཞེས་དང༌། ངས་ནི་རབ་ཏུ་བཟང་པོའི༌ཆོས་བཤད་ཀྱང༌། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག །བདག་གི་ནད་ནི་གསོ་
བར་མི་ནུས་བཞིན། །ཞེས་དང༌། སྤྱོད་པ་ལ་འཇུག་པ་ལས་ཀྱང༌། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ནན་ཏན་ལ་ནི་ནད་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པའི་ནན་ཏན་ནི། བཤེས་གཉེན་གྱི་གདམས་པའི་བླང་དོར་གྱི་གནས་རྣམས་ལ་ལག་ལེན་དུ་བྱེད་པ་སྟེ། དེ་ཡང་བྱེད་པ་ལ་ཤེས་དགོས་ཤིང༌། དེ་ལ་ཐོས་དགོས་པ་དང་ཐོས་ནས་ཤེས་པར་བྱས་པའི་དགོས་པའང་བྱེད་པ་ཡིན་པས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། །དེ་ལྟར་ཡང༌། ཐོས་པའི་ཚོམས་ལས། གལ་ཏེ་ཐོས་པ་མང་གྱུར་ཀྱང༌། །ཚུལ་ཁྲིམས་ལེགས་པར་མི་སྡོམ་ན། །དེ་ནི་ཚུལ་ཁྲིམས་ཕྱིར་སྨད་ཅིང༌། །དེ་ཡི་ཐོས་པ་ཕུན་སུམ་མིན། །གལ་ཏེ་ཐོས་པ་ཉུང་གྱུར་ཀྱང༌། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་ན། །དེ་ནི་ཚུལ་ཁྲིམས་ཕྱིར་བསྔགས་ཤིང༌། །དེ་ཡི་ཐོས་པ་ཕུན་སུམ་འགྱུར། །གང་ཞིག་ཐོས་པ་ཉུང་བ་དང༌། །ཚུལ་ཁྲིམས་ལེགས་པར་མི་སྡོམ་པ། །དེ་ནི་གཉི་གའི་ཕྱིར་སྨད་ཅིང་། །དེ་ཡི་བརྟུལ་ཞུགས་ཕུན་སུམ་མིན། །གང་ཞིག་མང་དུ་ཐོས་པ་དང༌། །ཚུལ་ཁྲིམས་ལེགས་པར་སྡོམ་བྱེད་པ། །དེ་ནི་གཉི་གའི་ཕྱིར་བསྔགས་ཤིང༌། །དེ་ཡི་བརྟུལ་ཞུགས་ཕུན་སུམ་འགྱུར། །ཞེས་
དང་། ལེགས་གསུངས་ཐོས་པ་སྙིང་པོར་ཤེས་པ་དང༌། །ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང༌། །གང་ཞིག་བག་མེད་བརླང་པོར་བྱེད་པ་དེའི། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །གང་ཞིག་འཕགས་པས་བསྟན་པའི་ཆོས་དགའ་ཞིང༌། །དེ་བཞིན་ལུས་དང་ངག་གིས་སྤྱོད་བྱེད་པ། །དེ་དག་བཟོད་ལྡན་གྲོགས་དགའ་དབང་པོ་བསྡམས། །ཐོས་དང་ཤེས་པའི་ཕ་རོལ་ཕྱིན་པ་འཐོབ། །ཅེས་དང༌། ལྷག་བསམ་བསྐུལ་བ་ལས་ཀྱང༌། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང༌། གར་ལ་བལྟ་བའི་ཁྲོད་ན་འདུག་པ་ཞིག །དཔའ་བོ་གཞན་གྱི་ཡོན་ཏན་བརྗོད་པ་བཞིན། །བདག་ཉིད་ནན་ཏན་ཉམས་པར་འགྱུར་བ་སྟེ། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང༌། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་བཞག་པ་ནི། ཆོས་གསུང་བ་པོ་བཅོམ་ལྡན་འདས་རྗེས་སུ་དྲན་ནས་གུས་པ་བསྐྱེད་པའོ། །ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་
ཤེས་བསྐྱེད་པ་ནི། ཆོས་འདི་ལྟ་བུ་མཉན་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་འཇིག་རྟེན་ན་རིང་དུ་གནས་ན་ཅི་མ་རུང་སྙམ་དུ་སེམས་པའོ། །གཞན་ཡང་ཆོས་འཆད་པའམ་ཉན་པ་ན་རང་གི་རྒྱུད་ལོགས་སུ་བཞག །ཆོས་ལོགས་སུ་བཤད་པ་དེས་ཅི་བཤད་ཀྱང་གནད་དུ་མི་འགྲོ་བས་རང་གི་རྒྱུད་གཏན་ལ་དབབ་པའི་ཆེད་དུ་ཉན་པ་ཞིག་དགོས་སོ། །དཔེར་ན། བྱད་བཞིན་གྱི་ནག་ནོག་ལ་སོགས་པའི་དྲི་མ་ཡོད་མེད་རྟོག་པར་འདོད་པ་ན་མེ་ལོང་ལ་བལྟས་ནས་ཤེས་པར་བྱས་ཏེ་དྲི་མ་སེལ་བ་ལྟར། རང་གི་སྤྱོད་པ་སྐྱོན་ཆགས་པ་རྣམས་ཀྱང་ཆོས་ཉན་པ་ན་ཆོས་ཀྱི་མེ་ལོང་དུ་འཆར་ལ། དེའི་ཚེ་བདག་གི་རྒྱུད་འདི་ལྟ་བུར་སོང་ངོ་ཞེས་ཡིད་ལ་གདུང་བ་སྐྱེས་ཏེ། དེ་ནས་སྐྱོན་སེལ་ཞིང་ཡོན་ཏན་བསྒྲུབ་པ་ལ་འཇུག་པས་ཆོས་ཀྱི་རྗེས་སུ་སློབ་པ་ཞིག་དགོས་ཏེ། སྐྱེས་པའི་རབས་ལས། བདག་གི་སྤྱོད་པ་ངན་པའི་གཟུགས། །ཆོས་ཀྱི་མེ་ལོང་གསལ་མཐོང་ན། །ཡིད་ལ་གདུང་བ་རབ་སྐྱེས་ཏེ། །བདག་ནི་ཆོས་ལ་ཕྱོགས་པར་འགྱུར། །ཞེས་སུ་ཏ་སའི་བུས་རྒྱལ་སྲས་ཟླ་བ་ལ་ཆོས་སྟོན་པའི་ཕྱིར་ཞུས་པ་ན། བྱང་ཆུབ་ སེམས་དཔས་དེའི་བསམ་པ་ཆོས་ཉན་པའི་སྣོད་དུ་གྱུར་པར ་མཁྱེན་ནས་ཆོས་གསུངས་པ་ལྟར་རོ། །མདོར་ན་བདག་གིས་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར ་བྱ། དེ་ཐོབ་པ་ལ་དེའི་རྒྱུ་ལ་བསླབ་དགོས། དེ་ལ་ཤེས་དགོས། དེ་
ལ་ཆོས་ཐོས་པ་དགོས་པར་སྣང་བས་ཆོས་མཉན་ པར་བྱའོ་སྙམ་དུ་སེམས ་བསྐྱེད། ཐོས་པའི་ཕན་ཡོན་དྲན་པར་བྱས་ཏེ་སྤྲོ་སིང་བ་བྱས་ནས་སྣོད་ཀྱི་སྐྱོན་སྤོང་བ་སོགས་བྱས་ཏེ་མཉན་ནོ། །གཉིས་པ་ཆོས་བཤད་པའི་ཚུལ་ལ་བཞི། ཆོས་བཤད་པའི་ཕན་ཡོན་བསམ་པ། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་རོ། །དང་པོ་ནི། རྙེད་བཀུར་དང་གྲགས་པ་ལ་སོགས་པའི་ཟང་ཟིང་ལ་མི་བལྟ་བར་ཆོས་སྟོན་པ་ནི་ཤིན་ཏུ་ཕན་ཡོན་ཆེ་སྟེ། ལྷག་པའི་བསམ་པ་བསྐུལ་བ་ལས། བྱམས་པ། ཉི་ཤུ་པོ་འདི་ནི་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་སྦྱིན་པ་གང་ཡིན་པ་དེའི་ཕན་ཡོན་ཡིན་ཏེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པར་འགྱུར་བ་དང༌། བློ་གྲོས་དང་ལྡན་པར་འགྱུར་བ་དང༌། བློ་དང་ལྡན་པར་འགྱུར་བ་དང༌། བརྟན་པ་དང་ལྡན་པར་འགྱུར་བ་དང༌། ཤེས་རབ་དང་ལྡན་པར་འགྱུར་བ་དང༌། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་དང༌། འདོད་ཆགས་ཆུང་བར་འགྱུར་བ་དང༌། ཞེ་སྡང་ཆུང་བར་འགྱུར་བ་དང༌། གཏི་མུག་ཆུང་བར་འགྱུར་བ་དང༌། བདུད་ཀྱིས་དེ་ལ་གླགས་མི་རྙེད་པར་འགྱུར་བ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་འགྱུར་བ་དང༌། མི་མ་ཡིན་པ་རྣམས་དེ་ལ་བསྲུང་བར་འགྱུར་བ་དང༌།
ལྷ་རྣམས་དེ་ལ་གཟི་བྱིན་བསྐྱེད་པར་འགྱུར་བ་དང༌། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་མི་འགྱུར་བ་དང༌། དེའི་མཛའ་བཤེས་རྣམས་མི་ཕྱེད་པར་འགྱུར་བ་དང༌། ཚིག་བཙུན་པར་འགྱུར་བ་དང༌། དེས་མི་འཇིགས་པ་ཐོབ་པར་འགྱུར་བ་དང༌། ཡིད་བདེ་བ་མང་བར་འགྱུར་བ་དང༌། མཁས་པས་བསྔགས་པར་འགྱུར་བ་དང༌། དེའི་ཆོས་ཀྱི་སྦྱིན་པ་དེ་ཡང་རྗེས་སུ་དྲན་པར་བྱ་བར་འོས་པར་འགྱུར་བ་སྟེ། ཞེས་སོགས་མདོ་སྡེ་དུ་མར་གསུངས་པའི་ཕན་ཡོན་ལ་སྙིང་ཐག་པ་ནས་མོས་པ་སྐྱེད་པའོ། །དེ་ལ་བརྟན་པ་དང་ལྡན་པ་ནི། བསླབ་བཏུས་འགྱུར་གསར་དུ་མོས་པ་དང་ལྡན་པར་བསྒྱུར་ལ། འགྱུར་རྙིང་ཁ་ཅིག་ལས་བརྟུན་པ་དང་ལྡན་པར་བསྒྱུར་རོ། །སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ་ནི། རྒྱལ་བའི་ཡུམ་གསུང་བ་ན་བཅོམ་ལྡན་འདས་ཉིད་ཀྱིས་གདན་བཤམས་པ་སོགས་མཛད་པ་ལྟར། ཆོས་ནི་སངས་རྒྱས་རྣམས་ཀྱིའང་བཀུར་བའི་ཞིང་ཡིན་པས་ཆོས་ལ་གུས་པ་ཆེན་པོ་དང་སྟོན་པའི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པ་བསྐྱེད་པར་བྱའོ། །བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ་ལ། བསམ་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས་གསུངས་པའི་འདུ་ཤེས་ལྔ་བཞག་སྟེ། རང་ལ་སྨན་པ་དང་ཆོས་ལ་སྨན་དང་ཆོས་ཉན་པ་ལ་ནད་པ་དང་དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ་དང་ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་པ་དང་
འཁོར་ལ་བྱམས་པ་བསྒོམ། གཞན་མཐོ་བར་དོགས་པའི་ཕྲག་དོག་དང་ཕྱི་བཤོལ་བྱེད་པའི་ལེ་ལོ་དང་ཡང་ཡང་འཆད་པས་ངལ་བའི་སྐྱོ་བ་དང་བདག་ཉིད་སྒྲོགས་ཤིང་གཞན་གྱི་སྐྱོན་གླེང་བ་དང་ཆོས་ལ་དཔེ་མཁྱུད་བྱེད་པ་དང་ཟས་གོས་ལ་སོགས་པའི་ཟང་ཟིང་ལ་བལྟ་བ་སྤངས་ཏེ། རང་དང་གཞན་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྟན་པའི་བསོད་ནམས་དེ་ཉིད་བདག་གི་བདེ་བའི་ཡོ་བྱད་དོ་སྙམ་དུ་བསམ་པའོ། །སྦྱོར་བ་ནི། ཁྲུས་བྱས་ཤིང་གཙང་སྦྲ་དང་ལྡན་པས་གོས་གཙང་མ་བགོས་ཏེ་གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ་ཆོས་ཀྱི་ཁྲི་དང་སྟན་ལ་འཁོད་ནས། བདུད་ཚར་བཅད་པའི་སྔགས་ཁ་ཏོན་དུ་བཏོན་ན་དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མི་འོང་ལ། འོངས་ཀྱང་བར་ཆད་བྱ་བར་མི་ནུས་པར་བློ་གྲོས་རྒྱ་མཚོས་ཞུས་པ་ལས་གསུངས་པས་སྔགས་དེ་གདོན་ལ། བཞིན་གྱི་མདངས་རབ་ཏུ་གསལ་བས་དོན་ངེས་པའི་ཡན་ལག་དཔེ་དང་གཏན་ཚིགས་དང་ལུང་དང་ལྡན་པར་བཤད་དེ། དམ་པའི་ཆོས་པདྨ་དཀར་པོ་ལས། མཁས་དེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤངས། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་
ཆོས་མཆོག་རབ་ཏུ་བསྒོམ། །མཁས་པ་དེས་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང༌། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ་། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང༌། ། སེམས་ཅན་འདི་དག་སངས་རྒྱས་འགྲུབ་པར ་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་ སེམས། །ཞེས་གསུངས་སོ། །ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར ་ནི། འདུལ་བའི་མདོ་ལས། མ་གསོལ་བར་མི་བྱའོ། །ཞེས་གསུངས་པ་ལྟར། གསོལ་བ་མ་བཏབ་པར་མི་བཤད་ཅིང་གསོལ་བ་འདེབས་པ་ལ༌ཡང་སྣོད་བརྟག་པ་དང་སྣོད་དུ་ཤེས་ན་མ་གསོལ་བར་ཡང་བཤད་དུ་རུང་བ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར། །གལ་ཏེ་ཁྱོད་ལ་གསོལ་འདེབས་ན། །རབ་རྒྱས་བདག་གིས་མ་བསླབས་ཞེས། །ཐོག་མར་ཚིག་དེ་བརྗོད་པར་བྱ། །ཁྱོད་ནི་ཤེས་ཤིང་མཁས་ཡིན་ན། བདག་ཉིད་ཆེན་པོའི་མདུན་དུ་ནི། །བདག་གིས་ཇི་ལྟར་བཤད་ནུས་ཞེས། །ཁྱོད་ཀྱིས་དེ་སྐད་བརྗོད་པར་བྱ། །འཕྲལ་དུ་བརྗོད་པར་མི་བྱ་ཡི། །སྣོད་ལ་བརྟག་པ་བྱས་ནས་བྱ། །གལ་ཏེ་སྣོད་ནི་ཤེས་གྱུར་ན། །
གསོལ་མ་བཏབ་ཀྱང་བཤད་པར་བྱ། །ཞེས་གསུངས་སོ། །གཞན་ཡང་འདུལ་བའི་མདོ་ལས། འདུག་པ་ལ་འགྲེང་སྟེ་ཆོས་མི་བཤད་པར་རོ། །ཉལ་བ་ལ་འདུག་སྟེ་ཆོས་མི་བཤད་པར་རོ། །སྟན་མཐོན་པོ་ལ་འདུག་པ་ལ་སྟན་དམའ་བ་ལ་འདུག་སྟེ་མི་བཤད་པར་རོ། །ངན་པ་དང་བཟང་པོ་ཡང་དེ་བཞིན་ནོ། །མདུན་དུ་འགྲོ་བ་ལ་ཕྱི་ནས་འགྲོ་ཞིང་མི་བཤད་པར་རོ། །ལམ་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་ཞིང་མི་བཤད་པར་རོ། །མགོ་བོ་གཡོགས་པ་དང་བརྫེས་པ་དང༌གཟར་བ་དང་གཉའ་གོང་དུ་བསྣོལ་བ་དང་ལྟག་པར་བསྣོལ་བ་ལ་མི་བྱའོ། །མགོ་དོ་ཀེར་ཅན་དང་ཞྭ་གྱོན་པ་དང་ཅོད་པན་ཅན་དང་ཕྲེང་བ་ཅན་དང་དཀྲིས་པ་ལ་མི་བཤད་པར་རོ། །གླང་པོ་ཆེ་དང་རྟ་ཞོན་པ་དང་ཁྱོགས་དང་བཞོན་པའི་སྟེང་ན་འདུག་པ་དང་མཆིལ་ལྷམ་གྱོན་པ་ལ་མི་བཤད་དོ། །ལག་ན་འཁར་བ་དང་གདུགས་དང་མཚོན་དང་རལ་གྲི་དང་དགྲ་ཆ་ཐོགས་པ་དང་གོ་ཆ་གྱོན་པ་ལ་མི་བཤད་པར་རོ། །ཞེས་གསུངས་ཏེ། དེ་དག་ལས་ལྡོག་པ་ལ་ནི་བཤད་དུ་རུང་སྟེ་མི་ན་བའི་དབང་དུ་བྱས་པའོ། །མཇུག་ཏུ་ཐུན་མོང་དུ་ཇི་ལྟར་བྱ་བ་ནི། བཤད་པ་དང་མཉན་པ་ལས་བྱུང་བའི་དགེ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ལྟ་བུའི་ཚུལ་གྱིས་ཆོས་བཤད་ཅིང་ཉན་ན་ཐུན་རེ་ཙམ་ལའང་ཇི་སྐད་གསུངས་པའི་ཕན་ཡོད་རྣམས་གདོན་མི་ཟ་བར་འབྱུང་ལ། ཆོས་ཉན་བཤད་གནད་དུ་སོང་
བ་ལ་བརྟེན་ནས་ཆོས་དང་ཆོས་སྨྲ་བ་ལ༌མ་གུས་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་སྔར་བསགས་པ་ཐམས་ཅད་ཀྱང་འདག་ཅིང༌། གསར་དུ་གསོག་པ་རྣམས་ཀྱང་འཕྲོ་འཆད་པ་དང༌། འཆད་པ་དང་ཉན་པའི་ཚུལ་གནད་དུ་སོང་བས་བཤད་པའི་གདམས་ངག་གིས་ཀྱང་རྒྱུད་ལ་ཕན་ཐོགས་པར་འགྱུར་བར་གཟིགས་ནས། སྤྱིར་ན་དམ་པ་སྔ་མ་ཐམས་ཅད་དེ་ལ་ནན་ཏན་མཛད་ཅིང་ཁྱད་པར་དུ་གདམས་ངག་འདིའི་བླ་མ་གོང་མ་རྣམས་ནན་ཏན་ཤིན་ཏུ་ཆེ་བར་མཛད་དོ། །དེ་ནི་གདམས་པ་ཆེན་པོར་སྣང་སྟེ་འདི་ལ་ངེས་པ་མ་རྙེད་ཅིང་བློ་སྣ་མ་འགྱུར་བས་ཆོས་ཟབ་ལ་རྒྱ་ཆེ་བ་ཇི་ཙམ་བཤད་ཀྱང་ལྷ་བདུད་དུ་བབ་པ་ལྟར་གྱུར་ནས་ཆོས་དེ་ཉིད་ཉོན་མོངས་པའི་གྲོགས་སུ་འགྲོ་བ་ཆེས་མང་བར་སྣང་ངོ་། །དེ་བས་ན་ཚེས་གཅིག་ནས་འཕྱུགས་ན་བཅོ་ལྔའི་བར་ཞེས་ཟེར་བ་ལྟར་ཡིན་པས། ཉན་པ་དང་བཤད་པ་ལམ་དུ་གཏོང་ཚུལ་འདི་ལ་བློ་དང་ལྡན་པ་རྣམས་ཀྱིས་འབད་ནས་འཆད་པ་དང་ཉན་པ་བྱུང་རེས་ཀྱིས་མ་མཐའ་རེ་དང་ལྡན་པར་བྱ་སྟེ། གདམས་པ་སྟོན་པའི་སྔོན་འགྲོའི་མཆོག་ནི་འདི་ཡིན་པའི་ཕྱིར་རོ། །འདི་དག་ནི་ཚིག་མངས་སུ་དོགས་ནས་གཅེས་གཅེས་རྣམས་བསྡུས་པ་སྟེ་རྒྱས་པར་ནི་གཞན་ནས་ཤེས་པར་བྱའོ། །གདམས་པའི་སྔོན་འགྲོ་བཤད་ཟིན་ཏོ།། །།༈ བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལ་གཉིས། ལམ་གྱི་རྩ་
བ་བཤེས་གཉེན་བསྟེན་པའི་ཚུལ་དང༌། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ། །དང་པོ་ལ་གཉིས། ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ་དང༌། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ནི། སྙིང་པོ་ངེས་པར་བསྡུ་བ་ལས། རིགས་ལ་གནས་པའི་གང་ཟག་དེས། །བཤེས་གཉེན་དམ་པ་བསྟེན་བྱས་ལ། །ཞེས་དང༌། པོ་ཏོ་བའི་གསུང་སྒྲོས་དོལ་པས་བསྒྲིགས་པ་ལས་ཀྱང༌། མན་ངག་ཐམས་ཅད་བསྡུས་པའི་འགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། །ཞེས་འབྱུང་བ་ལྟར། སློབ་མ་ལ་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན་པས་ཐོག་མར་དེ་བསྟེན་པའི་ཚུལ་གལ་ཆེ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་དང་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་དང༌། ས་དང་། བཟོད་པ་དང་། ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། གཟུངས་དང་། སྤོབས་པ་དང་། བསྔོ་བ་དང་སྨོན་ལམ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་ཅིང་ཡོངས་སུ་རྫོགས་པ་ནི། བླ་མ་ལ་རག་ལས། བླ་མ་རྩ་བར་གྱུར། བླ་མ་ལས་བྱུང་། བླ་མ་སྐྱེ་གནས་དང་སྐྱེ་མཆེད་དུ་གྱུར། བླ་མས་བསྐྱེད། བླ་མས་སྤེལ། བླ་མ་ལ་བརྟེན། བླ་མ་རྒྱུར་གྱུར་པ་དག་གོ །ཞེས་གསུངས་པའི་ཕྱིར་རོ། །པོ་ཏོ་བའི་ཞལ་ནས་ཀྱང༌། རྣམ་གྲོལ་བསྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་
དེ། ཚེ་འདིའི་བྱ་བ་བལྟས་ནས་བྱས་པས་ཆོག་པ་ལ༌ཡང་སློབ་མཁན་མེད་པར་མི་འོང་ན་ངན་སོང་ནས་འོངས་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ན་འོང་གསུང་ངོ་། །དེ་ལྟར་ན་བཤེས་གཉེན་བསྟེན་ཚུལ་ལ་དྲུག །བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་པའི་ཚུལ། བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། དེ་དག་གི་དོན་བསྡུ་བའོ། །དང་པོ་ནི། སྤྱིར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་ཐེག་པ་སོ་སོའི་དབང་དུ་བྱས་པ་མང་པོ་ཞིག་གསུངས་ཀྱང༌། འདིར་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་གྱིས་ཁྲིད་ནས་སངས་རྒྱས་ཀྱི་ལམ་ཐེག་པ་ཆེན་པོ་ལ་འཁྲིད་པའི་དགེ་བའི་བཤེས་གཉེན་ཞིག་སྟོན་པ་ཡིན་ནོ། །དེ་ནི་མདོ་སྡེའི་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་བཤེས་གཉེན་ཆོས་བཅུ་དང་ལྡན་པ་ཞིག་ལ་སློབ་མས་བསྟེན་དགོས་པར་གསུངས་སོ། །དེ་ཡང་རང་མ་དུལ་བས་གཞན་འདུལ་བ་གནས་མེད་པར་གསུངས་པས་གཞན་འདུལ་བའི་བླ་མ་དེས་ཐོག་མར་རང་གི་རྒྱུད་བཏུལ་བ་ཞིག་དགོས་སོ། །འོ་ན་ཇི་ལྟར་བཏུལ་བ་ཞིག་དགོས་སྙམ་ན། གང་བྱུང་བྱུང་གི་སྒྲུབ་པ་བྱས་ནས་
རྟོགས་པའི་ཡོན་ཏན་དུ་མིང་བཏགས་པ་རེ་རྒྱུད་ལ་ཡོད་པས་མི་ཕན་པས་རྒྱལ་བའི་བསྟན་པ་སྤྱི་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་དགོས་ཏེ། དེ་ནི་བསླབ་པ་རིན་པོ་ཆེ་གསུམ་དུ་ངེས་པས་དུལ་བ་ལ་སོགས་པ་གསུམ་གསུངས་སོ། །དེ་ལ་དུལ་བ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ། སོ་སོར་ཐར་པ་ལས། རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་བླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་པ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཞེས་པ་དང༌། ལུང་རྣམ་འབྱེད་ལས། གདུལ་བྱ་མ་ཐུལ་བ་ཡི་སྲབ་འདི་ཡིན། །ཞེས་གསུངས་པ་ལྟར། རྟ་དམུ་རྒོད་འདུལ་སྦྱོང་མཁན་གྱིས་སྲབ་བཟང་པོས་འདུལ་བ་ལྟར། དབང་པོ་ལོག་པའི་ཡུལ་གྱི་རྗེས་སུ་འབྲང་བ་རྟ་དམུ་རྒོད་ལྟ་བུ་བྱ་བ་མ་ཡིན་པ་ལ་འཇུག་ན་ཚར་གཅོད་ཅིང༌། འབད་པ་དུ་མས་བྱ་བར་འོས་པའི་ཕྱོགས་ལ་འཇུག་ པར་བྱེད་པའི་ཚུལ་ཁྲིམས་ལ་བསླབས་པས་སེམས ་ཀྱི་རྟ་དུལ་བར་བྱས་པའོ། །ཞི་བ་ནི། དེ་ལྟར་ལེགས་པར་སྤྱད་པ་དང་ཉེས་ པར་སྤྱད་པའི་འཇུག་ལྡོག་ལ་དྲན་པ་དང་ཤེས་བཞིན་བསྟེན་པས་སེམས ་ནང་དུ་ཞི་བར་གནས་པའི་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེས་པའོ། །ཉེ་བར་ཞི་བ་ནི། སེམས་ལས་སུ་རུང་བའི་ཞི་གནས་ལ་བརྟེན་ནས་ཡང་དག་པའི་དོན་ལ་སོ་སོར་དཔྱད་པས་ཤེས་རབ་ཀྱི་བསླབ་པ་སྐྱེས་པའོ། །དེ་ལྟར་བསླབ་པ་གསུམ་གྱིས་རྒྱུད་དུལ་བར་བྱས་པའི་རྟོགས་པའི་ཡོན་ཏན་ཙམ་དང་ལྡན་པས་མི་ཆོག་གི །ལུང་གི་ཡོན་ཏན་དང་ཡང་ལྡན་
དགོས་པས་ལུང་གིས་ཕྱུག་ཅེས་པ་ནི། སྡེ་སྣོད་གསུམ་ལ་སོགས་པ་ལ་མང་དུ་ཐོས་པ་དང་ལྡན་པའོ། །དགེ་བཤེས་སྟོན་པའི་ཞལ་ནས། ཐེག་ཆེན་གྱི་བླ་མ་བྱ་བ་བཤད་པ་ན་འབྱམས་ཀླས་པར་གོ་བ་སྐྱེད་ལ་ལག་ཏུ་ལེན་པ་ན་བསྟན་པའི་ཐ་མ་ལ་གང་ཕན་དང་ཐད་ཀར་དོན་དུ་གང་འགྱུར་སྟོན་པ་ཞིག་དགོས་གསུང་ངོ་། །དེ་ཉིད་རྟོགས་པ་ནི། ཤེས་རབ་ཀྱི་བསླབ་པ་ཁྱད་པར་ཅན་ཆོས་བདག་མེད་པ་རྟོགས་པའམ། ཡང་ན་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་གཙོ་བོར་བཟུང་སྟེ། དེ་མེད་ནའང་ལུང་རིགས་ཀྱིས་རྟོགས་པས་ཀྱང་འགྲུབ་གསུང་ངོ་། །དེ་ལྟར་ལུང་རྟོགས་དང་ལྡན་ཡང་སློབ་མ་ལས་དམན་པ་དང་མཉམ་པས་མི་ཆོག་པས་ཡོན་ཏན་ལྷག་པ་ཞིག་དགོས་ཏེ། མཛའ་བཤེས་ཀྱི་ཚོམས་ལས། དམན་པ་བསྟེན་པས་མི་དག་ཉམས་འགྱུར་ཞིང༌། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །གཙོ་བོ་བསྟེན་པས་དམ་པ་ཐོབ་འགྱུར་བ། །དེ་ཕྱིར་བདག་པས་གཙོར་གྱུར་བསྟེན་པར་བྱ། །ཚུལ་ཁྲིམས་ཉེ་བར་ཞི་བ་དང༌། །ཤེས་རབ་ཆེས་མཆོག་ལྡན་པ་ཡི། །གཙོ་བོ་གང་ཡིན་དེ་བསྟེན་ན། །གཙོ་བོ་བས་ཀྱང་ཆེས་གཙོར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཕུ་ཆུང་བས་དམ་པ་རྣམས་ཀྱི་ལོ་རྒྱུས་གསན་ཙ་ན་དེ་ལ་ནི་ང་ཡར་བལྟ་བ་ཡིན་གསུང་བ་དང༌། མཐའ་བཞིའི་ཞལ་ནས། ང་ནི་རྭ་སྒྲེང་བའི་རྒད་པོ་དེ་རྣམས་ལ་མིག་རྟེན་བྱེད་གསུང་བ་ལྟར། ཡོན་ཏན་ལྷག་
པ་ལ་མིག་ཡར་བལྟ་བ་ཞིག་དགོས་སོ། །དེ་ལྟར་ཆོས་དྲུག་པོ་དེ་ནི་རང་གིས་ཐོབ་པའི་ཡོན་ཏན་ནོ། །ལྷག་མ་ནི་གཞན་རྗེས་སུ་འཛིན་པའི་ཡོན་ཏན་ཏེ། དེ་ཡང་ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར། གཞན་ལ་ལམ་མ་ནོར་བར་བསྟན་ནས་རྗེས་སུ་འཛིན་པ་མ་གཏོགས་པ་སྡིག་པ་ཆུས་འཁྲུ་བ་སོགས་བྱར་མེད་དོ། །དེ་ལ་ཆོས་བཞི་ལས། སྨྲ་མཁས་པ་ནི། ཇི་ལྟར་བཀྲི་བའི་རིམ་པ་ལ་མཁས་ཤིང་དོན་གདུལ་བྱའི་བློ་ལ་སྐྱེལ་བ་ལ་གཟོ་བའོ། །བརྩེ་བ་ནི། ཆོས་སྟོན་པའི་ཀུན་སློང་དག་པ་སྟེ་རྙེད་བཀུར་སོགས་ལ་མི་བལྟ་བར་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་སྟོན་པའོ། །པོ་ཏོ་བའི་ཞལ་ནས་སྤྱན་སྔ་ལ། ལི་མོའི་བུ། ཅི་ཙམ་པའི་ཆོས་བཤད་ཅིག་བྱས་ཏེ་ལེགས་སོ་གཅིག་ཀྱང་བདག་གིར་བྱེད་མ་མྱོང༌། འགྲོ་བ་ཉམ་ཐག་པ་མིན་པ་མེད་གསུང་བ་འདྲ་བ་ཞིག་དགོས་པ་ཡིན་པར་གདའ། བརྩོན་བཅས་ནི། གཞན་གྱི་དོན་ལ་སྤྲོ་བ་བརྟན་པའོ། །སྐྱོ་བ་སྤངས་པ་ནི། ཡང་ཡང་འཆད་པས་མི་ངལ་བ་སྟེ་འཆད་པའི་དཀའ་སྤྱད་བཟོད་པའོ། །པོ་ཏོ་བའི་ཞལ་ནས། བསླབ་པ་གསུམ་དང་དེ་ཉིད་རྟོགས་པ་དང་སྙིང་བརྩེ་བ་ལྔ་གཙོ་བོ་ཡིན། ངེད་ཀྱི་སློབ་དཔོན་ཞང་བཙུན་ཀུན་ལ་མང་དུ་ཐོས་པའང་མེད་སྐྱོ་བ་བཟོད་པའང་མེད་པས་གླ་བོ་དྲིན་དུ་
གཅགས་པ་རེ་བྱེད་པའང་མེད་དེ་སྔ་མ་ལྔ་ཡོད་པས་དྲུང་ན་སུ་ཡོད་པ་ལ་ཕན། གཉན་སྟོན་ལ་སྨྲ་མཁས་པ་ཡེ་མེད་ཡོན་བཤད་རེ་བྱེད་པའང་འདི་ཀུན་གྱིས་ད་རེས་མི་གོ་སྙམ་པ་ལས་མི་ཤེས་ཏེ་ལྔ་པོ་ཡོད་པས་སུ་ཉེ་བ་ལ་ཕན་གསུང་ངོ་། །དེ་ལྟར་ན་བསླབ་པ་རྣམས་ལ་བསྒྲུབ་པ་ལྷུར་ལེན་མེད་པར་དེ་དག་གི་བསྔགས་པའམ་ཡོན་ཏན་བརྗོད་པས་རང་གི་འཚོ་བ་བསྒྲུབ་པ་ནི་དགེ་བའི་བཤེས་སུ་མི་འོས་ཏེ། ཙན་དན་གྱི་བསྔགས་པ་བརྗོད་པས་འཚོ་བ་བསྒྲུབ་པ་ལ་ཙན་དན་དོན་དུ་གཉེར་བ་འགའ་ཞིག་གིས་ཁྱོད་ལ་དེ་ཡོད་དམ་ཞེས་སྨྲས་པ་ན་མེད་དོ་ཞེས་སྨྲ་བ་དང་འདྲ་བར། དོན་མེད་པར་ཚིག་ཙམ་དུ་འགྱུར་བའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། ཕྱི་མའི་དུས་ལ་དགེ་སློང་ནི། །སྡོམ་པ་མེད་པ་མང་པོ་དག །མང་དུ་ཐོས་པ་དག་འདོད་འགྱུར། །ཚུལ་ཁྲིམས་བསྔགས་པ་བརྗོད་བྱེད་ལ། །ཚུལ་ཁྲིམས་དོན་དུ་གཉེར་བ་མེད། །ཅེས་ཏིང་ངེ་འཛིན་ཤེས་རབ་རྣམ་གྲོལ་གསུམ་ལའང་དེ་ལྟར་གསུངས་ནས། ཇི་ལྟར་སྐྱེས་བུ་ལ་ལ་དག །ཙནྡན་དག་ནི་འདི་འདྲ་སྟེ། །སྤོས་ཀྱི་རྣམ་པ་ཡིད་འོང་ཞེས། །ཙན་དན་དག་གི་ཡོན་ཏན་བརྗོད། །དེ་ནས་མི་གཞན་ལ་ལ་ཡིས། །དེ་ལྟར་བསྔགས་པ་བརྗོད་པ་ཡི། །ཙན་དན་ཅུང་ཟད་བསྲེལ་ཏམ་ཞེས། །སྐྱེས་བུ་ལ་ལས་དེ་དྲིས་ན། །སྐྱེས་བུ་དེ་ལ་སླར་སྨྲས་པ། །གང་གིས་འཚོ་བར་བྱེད་པ་ཡི། །སྤོས་ཀྱི་བསྔགས་པ་བརྗོད་པ་དེ། །སྤོས་དེ་ང་ལ་མེད་ཅེས་སྨྲ། །དེ་བཞིན་རྣལ་
འབྱོར་མི་བརྩོན་པ། །ཚུལ་ཁྲིམས་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ན་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཚུལ་ཁྲིམས་མེད། །ཅེས་ལྷག་མ་གསུམ་ལ༌ཡང་དེ་དང་འདྲ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་རྣམ་གྲོལ་བསྒྲུབ་པའི་བླ་མ་ནི་གཏན་གྱི་འདུན་མའི་རྩ་བ་ཡིན་པས། བླ་མ་བསྟེན་པར་འདོད་པ་རྣམས་ཀྱིས་ནི་དེ་དག་ཤེས་པར་བྱས་ལ་མཚན་ཉིད་དང་ལྡན་པ་འཚོལ་བ་ལ་འབད་པར་བྱ་ཞིང༌། སློབ་མ་བསྟེན་པར་འདོད་པ་རྣམས་ཀྱིས་ཀྱང་དེ་དག་ཤེས་པར་བྱས་ནས་མཚན་ཉིད་དེ་དག་དང་ལྡན་པར་བྱ་བ་ལ་འབད་དོ། །དུས་ཀྱི་དབང་གིས་ཡོན་ཏན་དེ་དག་ཚང་བར་རྙེད་པ་དཀའ་བས་དེ་ལྟར་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། དཔུང་བཟང་གིས་ཞུས་པ་ལས། ཇི་ལྟར་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར། །དེ་བཞིན་བསྒྲུབ་པ་ཡི་ནི་གྲོགས་མེད་ན། །ལུས་ཅན་དངོས་གྲུབ་འཐོབ་པར་མི་འགྱུར་རོ། །དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ། །རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང༌། །སྤོབས་པ་ཆེ་ཞིང་དཔའ་ལ་དབང་པོ་དུལ། །སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན། །བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང༌། །བྲམ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད། །བསྒྲིན་ཅིང་གཟོ་ལ་བྱས་པ་གཟོ་བ་དང༌། །དཀོན་མཆོག་གསུམ་ལ་དད་པ་གྲོགས་པོ་ཡིན། །དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག །རྩོད་པའི་དུས་ན་ཤིན་ཏུ་དཀོན་པས་ན། །ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན། །དེ་ལྟ་བུ་ནི་སྔགས་
པའི་གྲོགས་པོར་བསྟེན། །ཞེས་གྲོགས་ལ་མཚན་ཉིད་ཡོངས་རྫོགས་གསུངས་པའི་བརྒྱད་ཆ་ལ་མ་མཐར་གསུངས་ལ། དེ་བླ་མ་ལའང་མཚུངས་སོ་ཞེས་ཇོ་བོ་ཆེན་པོ་གསུང་བར་པོ་ཏོ་བའི་གསུང་སྒྲོས་དོལ་པས་བསྒྲིགས་པ་ལས་བཤད་པས། མཚན་ཉིད་དུ་གསུངས་པ་ཡོངས་སུ་རྫོགས་པར་ཚང་བ་རྣམས་ཀྱི་དཀའ་སླ་ཅི་རིགས་པར་བསྡེབས་པའི་བརྒྱད་ཆ་དང་ལྡན་པ་ལ་མ་མཐར་བྱའོ། །གཉིས་པ་སྟེན་བྱེད་སློབ་མ་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། །སྨྲ་པོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པ་པོ་ལའང་མིན། །ཞེས་ཆོས་གསུམ་དང་ལྡན་པ་ཞིག་ཉན་པའི་སྣོད་དུ་རུང་བ་དང་དེ་གསུམ་ཚང་ན་ཆོས་སྨྲ་བ་པོའི་ཡོན་ཏན་རྣམས་ཡོན་ཏན་དུ་སྣང་གི་སྐྱོན་དུ་སྣང་བར་མི་འགྱུར་ལ། དེར་མ་ཟད་ཉན་པ་པོའི་ཡོན་ཏན་རྣམས་ཀྱང་གང་ཟག་དེ་ལ་ཡོན་ཏན་དུ་སྣང་གི་སྐྱོན་དུ་མི་སྣང་བར་གསུངས་ཏེ། སྣོད་ཀྱི་མཚན་ཉིད་དེ་དག་མ་ཚང་ན་ཆོས་སྨྲ་བའི་བཤེས་གཉེན་ཆེས་ཡོངས་སུ་དག་ཀྱང་ཉན་པ་པོའི་སྐྱོན་གྱི་དབང་གིས་སྐྱོན་ཅན་དུ་འཛུད་ལ། འཆད་པ་པོའི་སྐྱོན་ཡང་ཡོན་ཏན་དུ་འཛིན་པར་འགྲེལ་པ་ལས་གསུངས་སོ། །དེས་ན་བཤེས་གཉེན་མཚན་ཉིད་ཐམས་ཅད་ཚང་བ་ཞིག་རྙེད་ཀྱང་དེ་ལ་དེར་ངོ་ཤེས་པ་དཀའ་བས་དེར་ཤེས་ནས་བསྟེན་པ་ལ་མཚན་ཉིད་འདི་དག་ཚང་དགོས་སོ། །དེ་ལ་གཟུ་བོར་གནས་
པ་ནི། ཕྱོགས་ལྷུང་མེད་པ་སྟེ་དེ་ཡོད་ན་དེས་བསྒྲིབས་ནས་ཡོན་ཏན་མི་མཐོང་བས་ལེགས་ པར་བཤད་པའི་དོན་མི་རྙེད་དེ།དབུ་མའི་སྙིང་པོ་ལས། ཕྱོགས་སུ་ལྷུང་བས་སེམས ་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །ཕྱོགས་ལྷུང་ནི། རང་གི་ལུགས་ལ་ཆགས་པ་དང་གཞན་གྱི་ཆོས་ལུགས་ལ་ཞེ་སྡང་བའོ། །དེ་འདྲ་བ་དེ་རང་གི་རྒྱུད་ལ་བརྟགས་ནས་དོར་དགོས་ཏེ། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། རང་གི་འདོད་པ་བཏང་སྟེ་མཁན་པོ་དང་སློབ་དཔོན་གྱི་གཞུང་ལ་རབ་ཏུ་གནས་པ་དང་གུས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཙམ་གྱིས་ཆོག་གམ་སྙམ་ན་གཟུ་བོར་གནས་ཀྱང་ལེགས་བཤད་ལམ་ཡང་དག་པ་དང་ཉེས་བཤད་ལམ་ལྟར་སྣང་གཉིས་རྣམ་པར་འབྱེད་པའི་བློའི་མཐུ་མེད་ན་སྣོད་དུ་མི་རུང་བས་དེ་གཉིས་གོ་བའི་བློ་དང་ལྡན་པ་དགོས་ཏེ། དེས་ནི་སྙིང་པོ་མེད་པའི་ཕྱོགས་དོར་ནས་སྙིང་པོ་ལེན་ནོ། །དེ་གཉིས་ཙམ་གྱིས་ཆོག་གམ་སྙམ་ན། དེ་གཉིས་ཡོད་ཀྱང་རི་མོའི་ཆོས་ཉན་ལྟར་མི་རྩོམ་ན་སྣོད་དུ་མི་རུང་བས་དོན་དུ་གཉེར་བ་ཆེན་པོ་དང་ལྡན་པ་དགོས་སོ། །འགྲེལ་པ་ལས། ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་གཉིས་བསྣན་ནས་ལྔར་གསུངས་སོ། །དེ་ལྟར་ན་ཆོས་ལ་དོན་གཉེར་ཆེ་བ། ཉན་པའི་ཚེ་ཡིད་ལེགས་པར་གཏོད་པ། ཆོས་དང་ཆོས་སྨྲ་བ་ལ་གུས་པ་ཆེན་པོ་འཇོག་པ། ཉེས་བཤད་དོར་ནས་ལེགས་བཤད་འཛིན་པ་སྟེ་བཞིའོ། །བཞི་པོ་དེའི་མཐུན་
རྐྱེན་ནི་བློ་དང་ལྡན་པ་ཡིན་ལ། འགལ་རྐྱེན་འདོར་བ་ནི་གཟུ་བོར་གནས་པའོ། །བླ་མས་བཀྲིར་རུང་བའི་ཆོས་དེ་རྣམས་ཚང་མ་ཚང་བརྟགས་ལ་ཚང་ན་དགའ་བ་བསྒོམ། མ་ཚང་ན་ཕྱི་མ་ཚུན་ཆོད་དུ་ཚང་བའི་རྒྱུ་ལ་འབད་པར་བྱ་དགོས་པས་རྟེན་གྱི་ཆོས་དེ་དག་ཤེས་པར་བྱས་ཏེ། དེ་དག་གི་མཚན་ཉིད་མི་ཤེས་ན་རྟོག་དཔྱོད་མི་འཇུག་པས་དོན་ཆེན་པོ་ལས་ཉམས་པར་འགྱུར་རོ། །གསུམ་པ་དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ནི། དེ་ལྟར་སྣོད་དང་ལྡན་པ་དེས་བླ་མ་མཚན་ཉིད་དང་ལྡན་མི་ལྡན་གོང་དུ་བཤད་པ་ལྟར་ལེགས་པར་བརྟག་ལ་མཚན་ཉིད་དང་ལྡན་པ་ལ་ཆོས་ཀྱི་བཀའ་དྲིན་ནོད་པར་བྱ་སྟེ། དེ་ཡང་དགེ་བཤེས་སྟོན་པ་དང་གསང་ཕུ་བ་གཉིས་རྣམ་པར་ཐར་པ་མི་མཐུན་ཏེ། གསང་ཕུ་བ་བླ་མ་མང་སྟེ་བཤད་ཚད་ལ་ཉན་པས་ཁམས་ནས་བྱོན་པའི་ལམ་ཁར་དགེ་བསྙེན་ཞིག་ཆོས་བཤད་ཀྱིན་འདུག་པ་ལའང་མཉན་པས། འཁོར་རྣམས་ཀྱིས་དེ་ལ་ཉན་པ་སྟངས་ཞན་བྱས་པས་ཁྱེད་རྣམས་དེ་སྐད་མ་ཟེར་ང་ལ་ཕན་པ་གཉིས་བྱུང་གསུང་སྐད། དགེ་བཤེས་སྟོན་པ་བླ་མ་ཉུང་སྟེ་ལྔ་ལས་མེད་པ་ལ་པོ་ཏོ་བ་དང་སྒོམ་པ་རིན་ཆེན་བླ་མ་གཉིས་ཀྱིས་དེ་གཉིས་གང་ལེགས་བཀའ་བགྲོས་པ་ལ། བློ་མ་སྦྱངས་པས་སྐྱོན་མཐོང་ཞིང་མ་དད་པ་སྐྱེ་བའི་རིང་ལ་དགེ་བཤེས་སྟོན་པའི་ལུགས་དེ་ལེགས་པར་ཁ་འཆམ་པས་དེ་ལྟར་བྱ་གསུང་བ་དེ་ཤིན་ཏུ་མད་པར་སྣང་བས་དེ་ལྟར་བྱའོ། །དེ་ལྟར་བཀའ་དྲིན་
མནོས་པ་སྤྱི་དང་ཁྱད་པར་དུ་ཡོངས་སུ་རྫོགས་པའི་གདམས་ངག་གིས་བློ་ལེགས་པར་འཁྲིད་པའི་བཤེས་གཉེན་དེ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས། བསམ་པས་བསྟེན་པའི་ཚུལ་དང༌། སྦྱོར་བས་བསྟེན་པའི་ཚུལ་ལོ། །དང་པོ་ལ་གསུམ། བསྟེན་པའི་བསམ་པ་སྤྱིར་བསྟན་པ་དང༌། ཁྱད་པར་དུ་རྩ་བ་དད་པ་སྦྱང་བ་དང༌། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་ པར་བྱ་བའོ། །དང་པོ་ནི། སྡོང་པོ་བཀོད་པ་ལས་སེམས ་དགུས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བར་གསུངས་པ་ནི་བསྟེན་པའི་བསམ་པ་ཐམས་ཅད་ཀྱི་གནད་བསྡུས་པའོ། །དེ་དག་ཀྱང་བསྡུ་ན་བཞི་ལས། རང་དབང་དོར་ནས་རང་ཉིད་བླ་མའི་དབང་དུ་གཏོང་བ་ནི། བུ་མཛངས་པ་ལྟ་བུའི་སེམས་ཏེ། བུ་མཛངས་པ་དེ་བྱ་བ་ལ་རང་དབང་དུ་མི་འཇུག་གི་ཕའི་ངོར་བལྟ་ཞིང་དེའི་དབང་དུ་བཏང་ནས་ངག་བཞིན་བྱེད་པ་ལྟར། དགེ་བའི་བཤེས་གཉེན་གྱི་ངོར་བལྟ་བའོ། །ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས་ཀྱང༌། དེས་ཐམས་ཅད་དུ་རང་ཉམས་དོར་ཏེ་དགེ་བའི་བཤེས་གཉེན་དེའི་བློ་བཞིན་དུ་འཇུག་པར་བྱའོ། །ཞེས་གསུངས་སོ། །དེ་ཡང་མཚན་ཉིད་ཚང་བ་ཞིག་ལ་བྱེད་ཀྱི་སུ་རུང་རུང་ལ་སྣ་ཤ་སྦྱིན་དུ་མི་བཏུབ་གསུང་ངོ་། །མཛའ་བ་དེ༌སུས་ཀྱང་མི་ཕྱེད་པར་བརྟན་ པར་བྱེད་པ་ནི། རྡོ་རྗེ་ལྟ་བུའི་སེམས ་ཏེ། བདུད་དང་སྡིག་གྲོགས་སོགས་ཀྱིས་མི་ཕྱེད་པའོ། །མདོ་དེ་ཉིད་ལས། མཛའ་བ་མི་རྟག་པ་དང་ངོ་མི་རྟག་པ་སྤང་བ་དང༌། ཞེས་གསུངས་
སོ། །བླ་མའི་བྱ་བའི་ཁུར་ཐམས་ཅད་འཁུར་བ་ནི། ས་ལྟ་བུའི་སེམས་ཏེ། ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བའོ། །པོ་ཏོ་བས་སྤྱན་སྔའི་གྲྭ་པ་རྣམས་ལ། ཁྱེད་ངའི་དགེ་བཤེས་བྱང་ཆུབ་སེམས་དཔའ་འདི་ལྟ་བུ་དང་ཕྲད་ནས་བཀའ་བཞིན་དུ་བསྒྲུབ་ཏུ་ཡོད་པ་བསོད་ནམས་ཆེའོ། །ད་ཁུར་དུ་མི་འགྲོ་བར་རྒྱན་དུ་འགྲོ་བར་གྱིས་ཤིག་གསུང་བ་ལྟར་རོ། །ཁུར་འཁུར་བ་ན་ཇི་ལྟར་བྱ་བ་ལ་དྲུག་ལས། ཁོར་ཡུག་གི་རི༌ལྟ་བུའི་སེམས་ནི། སྡུག་བསྔལ་ཅི་བྱུང་བ་ཐམས་ཅད་ཀྱིས་མི་བསྒུལ་བའོ། །སྤྱན་སྔ་བ་རུག་པ་ན་བཞུགས་ཙ་ན། སྒོམ་པ་ཡོན་ཏན་འབར་གྲང་བ་ཆེས་པས་ཁམས་ཞན་ནས་ཇོ་བོ་གཞོན་ནུ་གྲགས་ལ་འགྲོ་འདུག་གི་གྲོས་ཞུས་པས། གནས་མལ་བདེ་བ་རྣམ་པར་རྒྱལ་བའི་ཁང་བཟང་དུ་བསྡད་པའང་ཅི་ཙམ་ཞིག་བྱས་ཏེ། ཐེག་ཆེན་གྱི་བཤེས་གཉེན་ལ་བརྟེན་ཅིང་ཆོས་ཉན་པ་ད་རེས་ལས་མ་མྱོང་བ་ཡིན་པས་ཅོག་གེ་སྡོད་ཅིག༌གསུང་པ་ལྟར་རོ། །འཇིག་རྟེན་གྱི་བྲན་ལྟ་བུའི་ སེམས་ནི། ངན་ལས་ཐམས་ཅད་ཉམས་སུ་བླང་བ་ལ༌ཡང་ཡི་མི་འཕྲིག་པར ་བསྒྲུབ་པ་སྟེ། གཙང་དུ་ལོ་པཎ་ཀུན་ལ་གནས་རྫབ་གསེབ་ཅིག་བྱུང་བས་སྟོན་པས་ན་བཟའ་ཐམས་ཅད་གསིལ་ནས་རྫབ་རྣམས་ཕྱགས་ཏེ་ག༌ནས་བྱུང་ཆ་མེད་པར་ས་དཀར་སྐམ་པོས་གཡོགས། ཇོ་བོའི་མདུན་ན་མཎྜལ་ཞིག་ཀྱང་གྲུབ་འདུག་པས། ཇོ་བོའི་ཞལ་ནས། ཨ་རེ་ཁྱོད་ལྟ་བུ་ཞིག་རྒྱ་གར་ན༌ཡང་ཡོད་
གསུང་བ་ལྟ་བུའོ། །ཕྱག་བདར་བ་ལྟ་བུའི་ སེམས་ནི། ང་རྒྱལ་དང་ཆེ་བའི་ང་རྒྱལ་ཐམས་ཅད་རྣམ་པར ་སྤོང་ཞིང་རང་བླ་མ་ལས་དམའ་བར་འཛིན་པའོ། །དགེ་བཤེས་སྟོན་པའི་ཞལ་ནས། ང་རྒྱལ་གྱི་སྒང་བུ་ལ་ཡོན་ཏན་གྱི་ཆུ་མི་འབྱུང་གསུང་བ་དང༌། སྤྱན་སྔའི་ཞལ་ནས། སོས་ཀྱི་དུས་ན་རིའི་རྩེ་མོ་གང་མཐོ་བ་ནས་སྔོ་ཕྱུར་གྱིས་འོང་བར་འདུག་གམ་གཤོང་བུ་གང་དམའ་བ་ནས་འོང་ལྟོས་གསུང་བ་ལྟར་རོ། །ཐེག་པ་ལྟ་བུའི་སེམས་ནི། བླ་མའི་བྱ་བ་ཤིན་ཏུ་བྱ་དཀའ་བའི་ཁུར་ལྕི་བ་རྣམས་ཀྱང་སྤྲོ་བཞིན་དུ་འཛིན་པའོ། །ཁྱི་ལྟ་བུའི་སེམས་ནི། བླ་མས་བརྙས་ཤིང་གཤེ་ཡང་དེ་ལ་མི་ཁྲོ་བ་སྟེ། དགེ་བཤེས་ལྷ་བཟོ་ལ་སྟོད་ལུངས་པས་མཇལ་རེས་ཀྱིས་བཀའ་བབ་འབྱོན་པ་ལ། ལྷ་བཟོའི་སློབ་མ་ཉག་མོ་པས་སློབ་དཔོན་འདི་འོ་སྐོལ་དཔོན་སློབ་ལ་སྡང་བ་ཞིག་འདུག་བྱས་པས། ཁྱོད་ཀྱིས་བཀའ་བཀྱོན་དུ་གོའམ། ཁོ་བོ་ལ་འདིས་འདི་ལྟ་བུ་རེ་མཛད་རེས་ཀྱིས་ཧེ་རུ་ཀས་བྱིན་གྱིས་བརླབས་པ་འདྲ་རེ་འོང་གསུང་བ་ལྟར་རོ། །བརྒྱད་སྟོང་པ་ལས་ཀྱང༌། གལ་ཏེ་ཆོས་སྨྲ་བ་དག་ཆོས་འདོད་པ་དག་ལ་བརྙས་ཤིང་མི་ སེམས་པ་ལྟར་ན༌ཡང་དེ་ལ་ཁྱོད་ཀྱིས་ཕྱིར་བསྡོ་བར་མི་བྱ་སྟེ། ལྷག་པར ་ཡང་ཆོས་དོན་དུ་གཉེར་བ་དང་གུས་ཤིང་མི་སྐྱོ་བས་དེའི་ཕྱི་བཞིན་འབྲང་བར་གསུངས་སོ། །གྲུ་ལྟ་བུའི་སེམས་ནི། བླ་མའི་བྱ་བ་ལ་ཇི་ཙམ་ཞུགས་ཀྱང་འགྲོ་ཞིང་འོང་བས་མི་སྐྱོ་བའོ། །གཉིས་པ་རྩ་བ་དད་པ་སྦྱང་བ་ནི། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། དད་པ་
སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང༌། ཆོས་བཅུ་པ་ལས་ཀྱང༌། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟེན། །མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་དད་པ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གསུངས་སོ། །ཇོ་བོ་ལ། སྟོན་པས་བོད་ལ་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ་ཁྱེད་བོད་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་ག་ན་སྐྱེ་གསུང་བ་དང༌། ཇོ་བོ་ལ། ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་ཞུས་པ་ན། ཧེ་ཧེ་ཁོ་བོ་ལ་རྣ་བ་ཏ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན་དད་པ་དད་པ་གསུང་བ་ལྟར་དད་པ་ཤིན་ཏུ་གལ་ཆེའོ། །དེ་ལ་སྤྱིར་དཀོན་མཆོག་དང་ལས་འབྲས་དང་བདེན་བཞི་ལ་དད་
པ་མང་དུ་ཡོད་ཀྱང་འདིར་ནི་བླ་མ་ལ་དད་པའོ། །དེ་ཡང་བླ་མ་ལ་སློབ་མས་ཇི་ལྟར་བལྟ་བ་ནི། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། གསང་བ་བའི་བདག་པོ། སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། །དེ་ཡི་ སེམས་ནི་དེ་ལྟ་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར ་བྱེད་པའི་སངས་རྒྱས་འགྱུར། །ཞེས་གསུངས་ལ། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་སུའང་སྟོན་པའི་འདུ་ཤེས་བསྐྱེད་དགོས་པར་གསུངས་ཤིང༌། འདུལ་བ་ནས་ཀྱང་དེ་ལྟར་གསུངས་པ་ཡོད་དོ། །དེ་དག་གི་དོན་ནི། ཇི་ལྟར་སངས་རྒྱས་ཡིན་ པར་ཤེས་པ་ན་དེ་ལ་སྐྱོན་རྟོག་པའི་བློ་མི་འབྱུང་ཞིང་ཡོན་ཏན་སེམས ་པའི་བློ་འབྱུང་བ་ལྟར། བླ་མ་ལའང་ཆེད་དུ་བྱས་ཏེ་སྐྱོན་རྟོག་པ་རྣམ་པ་ཐམས་ཅད་དུ་འདོར་ཞིང་ཡོན་ཏན་རྟོག་པའི་བློ་སྦྱོང་བའོ། །དེ་ཡང་རྒྱུད་དེ་ལས། སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་གཟུང་མི་བྱ། །ཡོན་ཏན་བཟུང་ན་དངོས་གྲུབ་འཐོབ། །སྐྱོན་རྣམས་བཟུང་ན་དངོས་མི་འགྲུབ། །ཅེས་གསུངས་པ་ལྟར་བྱ་སྟེ། འདི་ལྟར་བླ་མ་ཡོན་ཏན་ཤས་ཆེ་བ་ཡིན་ཀྱང་དེའི་སྐྱོན་ཅུང་ཟད་ཡོད་པའི་ངོས་ནས་བརྟགས་ན་རང་ལ་དངོས་གྲུབ་ཀྱི་གེགས་སུ་འགྱུར་ལ། སྐྱོན་ཤས་ཆེ་བ་ལ༌ཡང་སྐྱོན་གྱི་ངོས་ནས་མ་བརྟགས་པར་ཡོན་ཏན་གྱི་ངོས་ནས་དད་པ་སྦྱངས་ན་རང་ལ་དངོས་གྲུབ་འབྱུང་བའི་རྒྱུར་འགྱུར་རོ། །དེའི་ཕྱིར་རང་གི་བླ་མ་ཡིན་ན་སྐྱོན་ཆེ་ཆུང་ཅི་ཡོད་ཀྱང་དེའི་ངོས་ནས་
རྟོག་པའི་ཉེས་དམིགས་བསམས་ལ་སྤོང་ སེམས་མང་དུ་བྱས་ཏེ་དགག་པར ་བྱའོ། །གལ་ཏེ་བག་མེད་པའམ་ཉོན་མོངས་མང་བ་སོགས་ཀྱི་མཐུས་སྐྱོན་རྟོག་པ་བྱུང་བའི་ཚེ་ནའང་བཤགས་བསྡམ་ལ་འབད་པར་བྱའོ། །དེ་ལྟར་བྱས་ན་རིམ་གྱིས་མཐུ་ཆུང་ངུར་འགྱུར་རོ། །ཡང་ཚུལ་ཁྲིམས་སམ་མང་དུ་ཐོས་པའམ་དད་པ་ལ་སོགས་པའི་ཡོན་ཏན་ཡོད་པ་རྣམས་ལ་བློས་དེའི་ཕྱོགས་བཟུང་ཞིང་ཡོན་ཏན་བསམ་པར་བྱའོ། །དེ་ལྟར་གོམས་པ་ན་སྐྱོན་ཐན་ཐུན་ཡོད་པར་མཐོང་ཡང་བློས་ཡོན་ཏན་གྱི་ཕྱོགས་འཛིན་པས་དད་པ་ལ་གེགས་སུ་མི་འགྲོ་སྟེ། དཔེར་ན། རང་མི་འདོད་པའི་ཕྱོགས་ལ་ཡོན་ཏན་མང་པོ་ཡོད་པར་མཐོང་ཡང་སྐྱོན་མཐོང་བའི་བློ་ཤུགས་དྲག་པས་ཡོན་ཏན་མཐོང་བའི་བློ་ཟིལ་གྱིས་གནོན་པ་དང༌། ཡང་རང་ལ་སྐྱོན་མང་པོ་མཐོང་ཡང་རང་གི་ཡོན་ཏན་སྣ་རེ་མཐོང་བའི་བློ་ཤུགས་དྲག་ན་དེས་སྐྱོན་མཐོང་བའི་བློ་ཟིལ་གྱིས་གནོན་པ་བཞིན་ནོ། །གཞན་ཡང་ཇོ་བོ་ཆེན་པོ་ལྟ་བ་དབུ་མ་འཛིན་ཅིང་གསེར་གླིང་པ་ལྟ་བ་སེམས་ཙམ་རྣམ་བདེན་འཛིན་པས་ལྟ་བའི་སྒོ་ནས་མཆོག་དམན་ཡོད་ཀྱང༌། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་སྤྱི་དང་བྱང་ཆུབ་ཀྱི་ཐུགས་ཁོང་ལ་བརྟེན་ནས་རྙེད་པས་གསེར་གླིང་པ་བླ་མ་རྣམས་ཀྱི་འགྲན་གྱི་དོ་མེད་དུ་འཛིན་པ་བཞིན་ནོ། །ཡོན་ཏན་གྱི་ངོས་ནས་སེམས་ཤིང་སྐྱོན་གྱི་ངོས་ནས་བརྟག་མི་ཉན་པ་ནི། ཚུལ་འཆལ་སོགས་ཡིན་ཡང་ཚིགས་བཅད་གཅིག་ཙམ་ཉན་པ་ཡན་ཆད་ལ་ཁྱད་
པར་མེད་པར་བྱ་དགོས་ཏེ། དཀོན་མཆོག་སྤྲིན་ལས། བླ་མ་བསྟེན་ན་དགེ་བ་འཕེལ་ཞིང་མི་དགེ་བ་འགྲིབ་པར་རྟོགས་པས་མཁན་པོ་ཐོས་པ་ཆེ་བའམ་ཆུང་བའམ་ཤེས་པའམ་མི་ཤེས་པའམ་ཚུལ་ཁྲིམས་དང་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ལའང་སྟོན་པའི་འདུ་ཤེས་བསྐྱེད་དོ། །ཇི་ལྟར་སྟོན་པ་ལ་དགའ་བ་དང་དད་པ་ལྟར་མཁན་པོ་ལའང་དད་པ་དང་དགའ་བར་བྱའོ། །སློབ་དཔོན་རྣམས་ལ་ཞེ་ས་དང་རིམ་གྲོ་བསྐྱེད་དེ་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ཚོགས་མ་རྫོགས་པ་ནི་རྫོགས་པར་འགྱུར། ཉོན་མོངས་པ་མ་སྤངས་པ་ནི་སྤོང་བར་འགྱུར་སྙམ་སྟེ་དགའ་བ་དང་རངས་པ་འཐོབ་ཅིང་། དགེ་བའི་ཆོས་ལ་དེ་དང་མཐུན་པར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་ པར་སྤྱོད་དོ། །ཞེས་དང༌། དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། ཁྱིམ་བདག །གལ་ཏེ་བྱང་ཆུབ་སེམས ་དཔའ་ལུང་ནོད་པ་དང་ཁ་ཏོན་བྱ་བ་དོན་དུ་གཉེར་བས་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ལྡན་པའམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་གསོག་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེས་ཆོས་ཀྱིས་གུས་པར་བྱའོ། །མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱི་ཚིགས་སུ་བཅད་པ་དེ་བསྟན་པ་དེ་སྙེད་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པར་རྙེད་པ་དང་བཀུར་སྟི་དང་མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཀྱང༌། ཁྱིམ་བདག །ད་དུང་སློབ་དཔོན་ལ་སློབ་
དཔོན་དུ་གུས་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་ན་ཆོས་མ་ཡིན་པའི་གུས་པས་ལྟ་ཅི་སྨོས། ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བཀའ་དྲིན་རྗེས་སུ་དྲན་པ་ནི། ཆོས་བཅུ་པ་ལས། བདག་ཡུན་རིང་དུ་འཁོར་བར་འཁྱམས་པ་ཚོལ་བར་བྱེད་པ་དང༌། བདག་ཡུན་རིང་དུ་གཏི་མུག་གིས་བསྒྲིབས་ཤིང་གཉིད་ལོག་པའི་སད་བྱེད་དང་། བདག་སྲིད་པའི་རྒྱ་མཚོའི་ནང་དུ་བྱིང་བའི་འབྱིན་བྱེད་དང་། བདག་ལམ་ངན་པར་ཞུགས་པ་ལ་ལམ་བཟང་པོ་སྟོན་བྱེད་དང༌། བདག་སྲིད་པའི་བཙོན་རར་བཅིངས་པ་འགྲོལ་བྱེད་དང་། བདག་ཡུན་རིང་པོར་ནད་ཀྱིས་ཉམ་ཐག་པའི་སྨན་པ་དང་། བདག་འདོད་ཆགས་ལ་སོགས་པའི་མེས་ཀུན་ཏུ་འབར་བ་ཞི་བར་བྱེད་པའི་ཆར་སྤྲིན་གྱི་འདུ་ཤེས་བསྐྱེད་དོ། །ཞེས་པ་དང༌། སྡོང་པོ་བཀོད་པ་ལས་ཀྱང༌། གཞོན་ནུ་ནོར་བཟང་། དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཆོས་མཉམ་པ་ཉིད་རྟོགས་པར་བྱེད་པའོ། །ལམ་བདེ་བ་དང་མི་བདེ་བ་སྟོན་པའོ། །ཀུན་ཏུ་བཟང་པོའི་སྤྱོད་པས་འདོམས་པའོ། །ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་སྟོན་པའོ། །ཐམས་ཅད་མཁྱེན་པའི་གནས་སུ་སྐྱེལ་བའོ། །ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་འཇུག་པའོ། །དུས་གསུམ་གྱི་ཤེས་བྱའི་རྒྱ་མཚོ་སྟོན་པའོ། །འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་སྟོན་པའོ། །དགེ་བའི་བཤེས་གཉེན་ནི་བདག་གི་དཀར་པོའི་ཆོས་ཐམས་ཅད་འཕེལ་བར་བྱེད་པའོ་ཞེས་རྗེས་སུ་དྲན་
ཞིང་ངུ་བར་བྱེད། ཅེས་གསུངས་པ་ལྟར་དྲན་པར་བྱེད་པ་སྟེ། དགེ་བའི་བཤེས་གཉེན་རྣམས་ནི་བདག་ཅེས་ཐམས་ཅད་ཀྱི་འགོར་སྦྱར་ལ་མདུན་དུ་དགེ་བའི་བཤེས་གཉེན་གྱི་རྣམ་པ་ཡིད་ལ་བྱས་ཏེ་ངག་ཏུ་ཚིག་དེ་རྣམས་བརྗོད་ཅིང་ཡིད་ལ་དེ་དག་གི་དོན་རྩེ་གཅིག་ཏུ་དྲན་པར་བྱའོ། །མདོ་སྔ་མ་ལའང་ཚིག་དེ་ལྟར་སྦྱར་རོ། །གཞན་ཡང་སྡོང་པོ་བཀོད་པ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམས་ནས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་ཟློག །རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་སྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །འཇིག་རྟེན་སྐྱོབ་པས་དཔའ་བོ་ལྟ་བུ་སྟེ། །དེད་དཔོན་
མགོན་དང་སྐྱབས་སུ་གྱུར་པ་ཡིན། །འདི་དག་བདག་ལ་བདེ་སྟོབ་མིག་ཡིན་ཞེས། །དེ་འདྲའི་ སེམས་ཀྱིས་དགེ་བཤེས་བསྙེན་བཀུར་བྱེད། །ཅེས་གསུངས་པ་ལྟར། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཀྱང་དྲན་པར ་བྱ་སྟེ། ནོར་བཟང་ནི་རང་ལ་འདོན་པ་བསྒྱུར་རོ། །གཉིས་པ་སྦྱོར་བས་བསྟེན་ཚུལ་ནི། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས་པ་ལྟར། མདོར་བསྡུ་ན་མཉེས་པ་བསྒྲུབ་པ་དང་མི་མཉེས་པ་སྤོང་བ་ལ་འབད་པར་བྱེད་བའོ། །མཉེས་པ་བསྒྲུབ་པ་ནི་སྒོ་གསུམ་སྟེ། ཟང་ཟིང་དབུལ་བ་དང་ལུས་ངག་གིས་བསྙེན་བཀུར་བ་དང་བཀའ་བཞིན་དུ་བསྒྲུབ་པའོ། །དེ་ལྟར་ཡང་མདོ་སྡེའི་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་ པར་བྱ། །ཞེས་དང༌། བརྟན་པ་ཇི་སྐད་བསྟན་པ་བསྒྲུབ་པ་དེས། །དེ་ཡི་སེམས ་ནི་ཡང་དག་མགུ་བར་བྱེད། །ཅེས་གསུངས་སོ། །དེ་ལ་དང་པོ་ནི། ལྔ་བཅུ་པ་ལས། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །ཞེས་དང༌། དེ་བྱིན་
སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ལག་སོར་བའི་ཞལ་ནས། བཟང་པོ་ཡོད་བཞིན་དུ་ངན་པ་འབུལ་ན་དམ་ཚིག་ཉམས་ཏེ་བླ་མ་དེ་ལ་དགྱེས་པའམ་ངན་པ་ལས་མེད་ན་ཉེས་པ་མེད་གསུང་ངོ་། །ལྔ་བཅུ་པ་ལས་ཀྱང༌། མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །ཞེས་པ་དང་མཐུན་པར་སྣང་ངོ་། །དེ་ཡང་སློབ་མའི་ངོས་ནས་ཚོགས་བསག་པའི་མཆོག་ཡིན་པས་དེ་འདྲ་བ་ཞིག་དགོས་ཀྱི། བླ་མའི་ངོས་ནས་དེ་ལ་མི་གཟིགས་པ་ཞིག་དགོས་སོ། །ཤ་ར་བའི་ཞལ་ནས། སྒྲུབ་པས་མཉེས་ཀྱི་ཟང་ཟིང་ཅུང་ཟད་ཙམ་ལ༌ཡང་མི་བལྟ་བ་ཞིག་ལ་བླ་མ་ཟེར་བ་ཡིན་དེ་ལས་ལྡོག་པས་རྣམ་གྲོལ་བསྒྲུབ་པའི་བླ་མ་མི་འོང་གསུང་ངོ་། །གཉིས་པ་ནི། ཁྲུས་བསྐུ་མཉེ་དྲིལ་ཕྱིས་དང་བསྙུན་གཡོག་སོགས་དང་དེའི་ཡོན་ཏན་བརྗོད་པ་སོགས་སོ། །གསུམ་པ་ནི། ཇི་ལྟར་གདམས་པ་ལས་མི་འགལ་བར་བསྒྲུབ་པ་ཡིན་ལ་དེ་ཉིད་གཙོ་བོ་ཡིན་ཏེ། སྐྱེས་པའི་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་བླ་མའི་བཀའ་བཞིན་དུ་བསྒྲུབ་དགོས་ན་བླ་མ་དེ་བསྟེན་ན་མི་རིགས་པའི་ལམ་དུ་འཁྲིད་པ་དང་སྡོམ་པ་གསུམ་དང་འགལ་བའི་བྱ་བ་ལ་སྦྱོར་བར་བྱེད་ན་དེ་
ལྟར་བྱའམ་ཞེ་ན། དེ་ལ་ནི་འདུལ་བའི་མདོ་ལས། ཆོས་མ་ཡིན་པ་སྨྲ་ན་བཟློག་པར་བྱའོ། །ཞེས་དང༌། དཀོན་མཆོག་སྤྲིན་ལས་ཀྱང༌། དགེ་བའི་ཆོས་ལ་དེ་དང་མཐུན་བར་སྤྱོད་ལ་མི་དགེ་བ་ལ་མི་མཐུན་པར་སྤྱོད་དོ། །ཞེས་གསུངས་པས། དེའི་བསྒོ་བ་ལ་མི་ཉན་དགོས་སོ། །མི་རིགས་པ་ལ་མི་འཇུག་པ་ནི་སྐྱེས་རབས་བཅུ་གཉིས་པ་ན་གསལ་བར་ཡོད་དོ། །འོན་ཀྱང་དེ་དག་རྒྱུ་མཚན་དུ་བྱས་ནས་དེ་ལ་མི་གུས་པ་དང་བརྙས་པ་དང་སྨོད་པ་སོགས་བྱར་མི་རུང་བས། བླ་མ་ལྔ་བཅུ་པ་ལས། རིགས་པ་ཡིས་ནི་མི་ནུས་ན། །མི་ནུས་དེ་ལ་ཚིག་གིས་སྦྱང༌། །ཞེས་གསུངས་པ་ལྟར། བཤད་སྦྱང་ལེགས་པར་བྱས་ཏེ་མི་འཇུག་པ་ཡིན་ནོ། །དེ་ལྟར་བསྟེན་པའི་ཚེ་ཡང༌། མདོ་སྡེའི་རྒྱན་ལས། དེ་ཆོས་བགོ་སྐལ་ལ་སྤྱོད་ཡོན་ཏན་ལྡན། །བཤེས་གཉེན་རབ་ཏུ་སྟེན་བྱེད་ཟང་ཟིང་མིན། །ཞེས་གསུངས་པ་ལྟར། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞིག་དགོས་ཏེ། པོ་ཏོ་བའི་ཞལ་ནས། ཀུན་དགའ་བོ་སྟོན་པའི་ཞམ་རིང་དུ་བསྐོས་པའི་ཚེ་སྟོན་པས་མི་གསོལ་བའི་ན་བཟའ་འཆང་དུ་མི་འཇུག་པ་དང་སྟོན་པའི་བཤོས་ལྷག་མི་འཚལ་བ་དང་དུས་མེད་པར་སྟོན་པའི་སྤྱན་སྔར་འགྲོར་གནང་ན་སྟོན་པ་ལ་བསྙེན་བཀུར་བྱེད་དོ་ཞེས་གཙིགས་པ་བཟུང་བ་དེ་མ་འོངས་པའི་གང་ཟག་ལ་དགོངས་པ་སྟེ། རང་ཅག་ཆོས་ལ་ཅིར་ཡང་མི་བརྩི་བར་ཇ་སུན་རེའི་མཐོ་དམན་ལ་ཐུགས་ལ་བཏགས་མ་བཏགས་ཐམས་ཅད་བརྩི་བ་དེ་ཕུགས་རུལ་བའི་རྟགས་ཡིན་གསུང་ངོ་། །
དུས་ཇི་ཙམ་དུ་བསྟེན་པ་ནི། པོ་ཏོ་བའི་ཞལ་ནས། ང་ལ་ཏ་རེ་རེ་བྱུང་ན་ཁུར་བསྣན། རེ་རེ་སོང་ན་ཁུར་བྲི་སྟེ་ལོགས་སུ་བསྡད་ན་མི་འོང་བས་ཉེ་རིང་རན་པར་ཡུན་རིང་དུ་བསྲིངས་ནས་བསྒྲུབ་དགོས་པ་ཡིན་གསུང་བ་ལྟར་རོ། །བཞི་པ་བསྟེན་པའི་ཕན་ཡོན་ནི། སངས་རྒྱས་ཀྱི་གོ་འཕང་ལ་ཉེ་བ་དང་། རྒྱལ་བ་རྣམས་དགྱེས་པ་དང་། དགེ་བའི་བཤེས་གཉེན་གྱིས་མི་ཕོངས་པ་དང་། ངན་འགྲོར་མི་ལྟུང་བ་དང་། ལས་ངན་པ་དང་ཉོན་མོངས་པས་ཐུབ་ པར་དཀའ་བ་དང༌། བྱང་སེམས ་ཀྱི་སྤྱོད་པ་དང་མི་འགལ་ཞིང་དེ་ལ་དྲན་པ་དང་ལྡན་པས་ཡོན་ཏན་གྱི་ཚོགས་ཀྱིས་ཇེ་མཐོ་ཇེ་མཐོར་འགྱུར་ཞིང་། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འགྲུབ་པར་འགྱུར་བ་དང༌། དེ་ལ་བསྙེན་བཀུར་བས་བསམ་སྦྱོར་དགེ་བ་ཐོབ་ནས་རང་གཞན་གྱི་དོན་བྱེད་ཅིང་ཚོགས་རྫོགས་པར་འགྱུར་བའོ། །དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་ པར་ཟིན་པའི་བྱང་ཆུབ་སེམས ་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་བསམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་ སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར ་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་ སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར ་སྤྱོད་པ་ཡིན་ནོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་
བའི་བྱང་ཆུབ་ སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར ་དཀའ་བ་ཡིན་ནོ། །ཞེས་དང༌། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་ སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར ་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ། །ཞེས་པ་དང༌། གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང༌། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་ཤིན་ཏུ་གུས་པས་བླ་མ་ལ་བརྟེན་པ་དང་བསྙེན་པ་དང་བསྙེན་བཀུར་བྱའོ། །དེ་ལྟར་ན་དགེ་བའི་ཆོས་ཐོས་པས་བསམ་པ་དགེ་བ་དང་དེ་ལས་སྦྱོར་བ་དགེ་བར་འགྱུར་རོ། །དེས་དགེ་བའི་ལས་བྱེད་ཅིང་དགེ་བར་འགྲོ་བས་དགེ་བའི་གྲོགས་མགུ་བར་བྱེད་དོ། །དེ་ལས་སྡིག་པའི་ལས་མི་བྱེད་ཅིང་དགེ་བ་བྱེད་པས་བདག་དང་གཞན་ལ་གདུང་བར་མི་བྱེད་དོ། །བདག་དང་གཞན་རྗེས་སུ་བསྲུང་བས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་རྫོགས་པར་བྱེད་པས་ལམ་ངན་ པར་ཞུགས་པའི་སེམས ་ཅན་རྣམས་ཀྱི་དོན་བྱེད་ པར་ནུས་སོ། །དེ་བས་བྱང་ཆུབ་སེམས ་དཔས་བླ་མ་ལ་བརྟེན་ཏེ་ཡོན་ཏན་གྱི་ཚོགས་ཐམས་ཅད་རྫོགས་པར་བྱའོ། །
ཞེས་གསུངས་སོ། །གཞན་ཡང་གཤེས་གཉེན་བསྙེན་བཀུར་བས་ནི། ངན་འགྲོ་མྱོང་བའི་ལས་རྣམས་ཚེ་འདི་ལ་ལུས་ སེམས་ལ་གནོད་པ་ཕྲ་མོ་ཙམ་མམ་རྨི་ལམ་དུ་མྱོང་བས་ཀྱང་ལས་དེ་འདྲོངས་ནས་ཟད་པར ་འགྱུར་བ་དང༌། སངས་རྒྱས་དཔག་ཏུ་མེད་པ་ལ་ཡོན་ཕུལ་བ་སོགས་ཀྱི་དགེ་རྩ་རྣམས་ཟིལ་གྱིས་གནོན་པ་སོགས་ཀྱི་ཕན་ཡོན་ཤིན་ཏུ་ཆེ་སྟེ། སའི་སྙིང་པོའི་མདོ་ལས། དེས་ཟིན་པ་ནི་བསྐལ་པ་བྱེ་བ་དཔག་ཏུ་མེད་པར་ངན་འགྲོར་འཁྱམ་ པར་འགྱུར་བའི་ལས་རྣམས་ཚེ་འདིར་རིམས་ལ་སོགས་པའམ་མུ་གེ་ལ་སོགས་པ་ལུས་དང་སེམས ་ལ་གནོད་པ་བྱུང་བས་བྱང་བར་འགྱུར་ཏེ། ཐ་ན་བརྒྱད་བཀག་གམ་རྨི་ལམ་ཙམ་གྱིས་ཀྱང་བྱང་བར་འགྱུར་རོ། །དེས་སངས་རྒྱས་བྱེ་བ་དཔག་ཏུ་མེད་པ་ལ་དགེ་བའི་རྩ་བ་བསྐྱེད་པ་སྦྱིན་པའམ་མཆོད་པའམ་བསླབ་པ་བཟུང་བ་ལས་བྱུང་བ་རྣམས་སྔ་དྲོ་གཅིག་གིས་ཟིལ་གྱིས་གནོན་ནོ། །བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །ཞེས་དང༌། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་འཕྲུལ་བ་དཔག་ཏུ་མེད་པ་ཐམས་ཅད་ཀྱང་འདི་ལས་འབྱུང་བར་བལྟའོ། །དེས་ན་སངས་རྒྱས་ལ་བྱ་བ་ལྟར་བླ་མ་བསྟེན་པ་དང་བསྙེན་པ་དང་བསྙེན་བཀུར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །སྐྱེས་རབས་ལས་ཀྱང༌། དམ་པ་རྣམས་ནི་སུས་ཀྱང་མི་བསྲིང་སྟེ། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་གོས་པར་འགྱུར། །ཞེས་གསུངས་སོ། །པོ་ཏོ་བའི་ཞལ་ནས།
འོ་སྐོལ་ཕལ་དུ་སློག་ཧྲུལ་དུ་འགྲོ་ཉེན་ཆེ་སྟེ། སློག་ཧྲུལ་དྲུད་པས་སྦུར་མ་འབྱར་འོང་གསེར་སྦྲམ་མི་འབྱར་བ་བཞིན་དུ། དགེ་བཤེས་དེའི་ཡོན་ཏན་མི་འགོ་བར་སྐྱོན་བག་རེ་ཙམ་ཡོད་པ་འགོས་ནས་འོང་བས་ཐམས་ཅད་དུ་ཡུད་ཡུད་བྱས་པས་མི་འོང་གསུང་ངོ་། །ལྔ་པ་མ་བསྟེན་པའི་ཉེས་དམིགས་ནི། བཤེས་གཉེན་དུ་བྱས་ནས་བསྟེན་ཚུལ་ལོག་ན་ཚེ་འདིར་ནད་དང་གདོན་དུ་མས་གཙེ་བ་དང་ཕྱི་མར་ངན་འགྲོའི་སྡུག་བསྔལ་དཔག་ཏུ་མེད་པ་དུས་དཔག་ཏུ་མེད་པར་མྱོང་བར་འགྱུར་ཏེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས། གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ། ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིག །གསང་བའི་བདག་པོ། འོན་ཀྱང་ཅུང་ཞིག་བརྗོད་པར་བྱ་ཡི། དཔའ་བོ་བསྒྲིམས་ཏེ་དེ་ཉོན་ཅིག །མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང༌། ལྔ་བཅུ་པ་ལས་ཀྱང༌། སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང༌། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང༌། །ཆུ་དང་མཁའ་འགྲོ་
རྐུན་པོ་དང༌། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་ སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར ་འཚེད་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་དང༌། མཁས་གྲུབ་ཆེན་པོ་ཤཱནྟི་པས་མཛད་པའི་དགྲ་ནག་གི་དཀའ་འགྲེལ་དུ་དྲངས་པ་ལས་ཀྱང༌། ཚིགས་བཅད་གཅིག་ཙམ་མཉན་པ་ལ། །གང་གིས་བླ་མར་མི་འཛིན་པ། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེས་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །གཞན་ཡང་ཡོན་ཏན་མ་སྐྱེས་པ་རྣམས་མི་སྐྱེ་ཞིང་སྐྱེས་པ་རྣམས་ཀྱང་ཉམས་ནས་འགྲོ་སྟེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་ངེ་འཛིན་ལས། གལ་ཏེ་དེས་དེ་ལ་མནར་སེམས་སམ་ཐ་བའམ་སྡང་བའི་སེམས་ཀྱིས་གནས་ན་ཡོན་ཏན་འཐོབ་པ་ནི་གནས་མེད་དོ། །སྟོན་པའི་འདུ་ཤེས་མི་བསྐྱེད་ནའང་དེ་བཞིན་ནོ། །འདི་ལྟར་ཐེག་པ་གསུམ་པའི་གང་ཟག་དང་ཆོས་སྟོན་པའི་དགེ་སློང་ལ་གུས་པ་དང་བླ་མའམ་སྟོན་པའི་འདུ་ཤེས་མི་བསྐྱེད་ན་དེ་དག་མ་ཐོབ་པའི་ཆོས་འཐོབ་པའམ་ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དེ་མ་གུས་པས་ནི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །མི་དགེ་བའི་བཤེས་གཉེན་དང་སྡིག་གྲོགས་ཀྱང་བསྟེན་ན་ཡོན་ཏན་རྣམས་ཁད་ཀྱིས་
འགྲིབ་ཅིང་ཉེས་པ་ཐམས་ཅད་འཕེལ་ནས་མི་འདོད་པ་མཐའ་དག་བསྐྱེད་པས་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་སྟེ། དྲན་པ་ཉེ་བར་བཞག་པ་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དེ་ནི་དུག་གི་སྡོང་པོ་ལྟ་བུའོ། །ཞེས་དང༌། མྱ་ངན་ལས་འདས་པ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་གྲོགས་ངན་པ་ལ་འཇིགས་པ་ལྟར་གླང་པོ་ཆེ་མྱོས་པ་ལ་སོགས་པ་ལ་ནི་མ་ཡིན་ཏེ། འདིས་ནི་ལུས་ཙམ་འཇིགས་པར་བྱེད་ཀྱི་སྔ་མས་ནི་དགེ་བ་དང་ སེམས་རྣམ་པར ་དག་པ་གཉིས་ཀ་འཇིག་པར་བྱེད་དོ། །ཡང་དེ་གཉིས་ཀྱིས་ཤའི་ལུས་ཙམ་དང་ཆོས་ཀྱི་ལུས་འཇིག་པ་དང༌། ངན་སོང་དུ་བསྐྱུར་བར་མི་ནུས་པ་དང༌། ངེས་པར་བསྐྱུར་ནུས་ པར་ཡང་གསུངས་པ་དང༌། བདེན་པ་པོའི་ལེའུ་ལས་ཀྱང༌། གང་དག་སྡིག་གྲོགས་སྦྲུལ་གྱིས་སེམས ་ཟིན་ཅིང༌། །དགེ་བའི་བཤེས་ཀྱི་དུག་སྨན་རྣམ་སྤངས་པ། །དེ་དག་དམ་ཆོས་དཀོན་མཆོག་ཐོས་གྱུར་ན། །ཀྱེ་མ་བག་མེད་གཡང་ས་ཆེ་ལས་ལྟུང༌། །ཞེས་པ་དང༌། མཛའ་བཤེས་ཀྱི་ཚོམས་ལས་ཀྱང༌། དད་པ་མེད་ཅིང་འཇུངས་པ་དང༌། །བརྫུན་དུ་སྨྲ་དང་ཕྲ་མ་ཅན། །མཁས་པས་བཤེས་པར་མི་བྱ་ཞིང༌། །སྡིག་ཅན་མི་དང་འགྲོགས་མི་བྱ། །གལ་ཏེ་སྡིག་པ་བྱེད་པ་དག །སྡིག་མི་བྱེད་པས་བསྟེན་ན་ཡང༌། །སྡིག་པ་བྱེད་པར་དོགས་སྐྱེ་ཞིང༌། །མི་སྙན་པ་ཡང་འཕེལ་བར་འགྱུར། །བསྟེན་བྱ་མ་
ཡིན་བསྟེན་པའི་མི། །དེ་ཡི་སྐྱོན་གྱིས་སྐྱོན་ཅན་འགྱུར། །དོང་པར་དུག་བསྐུས་མདའ་བཅུག་པས། །དུག་མ་བསྐུས་པའང་གོས་པ་བཞིན། །ཞེས་གསུངས་ཏེ། མི་དགེ་བའི་བཤེས་གཉེན་ནི། གང་ལ་བརྟེན་ན་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་ཉེས་སྤྱོད་སྔར་ཡོད་པ་རྣམས་མི་འགྲིབ་ཅིང་སྔར་མེད་པ་རྣམས་གསར་དུ་འཕེལ་བར་འགྱུར་བ་རྣམས་སོ། །དགེ་བཤེས་སྟོན་པའི་ཞལ་ནས། ཐ་མ་ཞིག་གྲོགས་བཟང་པོ་དང་འགྲོགས་ཀྱང་འབྲིང་ལས་མི་ཐེངས། རབ་ཅིག་ཐ་མ་དང་འགྲོགས་ན་ཐ་མར་འགྲོ་བ་ལ་ཚེགས་མེད་གསུང་ངོ་། །དྲུག་པ་དེ་དག་གི་དོན་བསྡུ་བ་ནི། དེ་ལྟར་ན་བླ་མའི་རྣལ་འབྱོར་ཞེས་ཡོངས་སུ་གྲགས་པའི་གདམས་པ༌ཡང་སྔར་བཤད་པ་ལྟར་གོ་དགོས་ཀྱི། དམིགས་པ་ཐུན་རེ་ཙམ་ལ་སྦྱངས་པས་ནི་གར་ཡང་མི་ཕྱིན་ལ་སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན་ནི་མ་ནོར་བར་འཁྲིད་པའི་བཤེས་གཉེན་དམ་པ་ལ་རྒྱུན་རིང་དུ་བརྟེན་དགོས་ལ། དེའི་ཚེ་ཡང་མཆད་ཀ་བའི་ཞལ་ནས། བླ་མ་བསྟེན་བདོ་ཙ༌ན་སྤངས་དོགས་ཡོད་གསུང་བ་ལྟར། བསྟེན་ཚུལ་མ་ཤེས་པར་བསྟེན་ན་ནི་ཁེ་མི་ཐོན་པར་གྱོང་འབྱུང་བས། བཤེས་གཉེན་བསྟེན་པའི་ཆོས་སྐོར་འདི་རྣམས་ནི་གང་ལས་ཀྱང་གལ་ཆེ་བ་གཏན་གྱི་འདུན་མའི་རྩ་བར་སྣང་བས། རགས་རིམ་ཞིག་དྲི་མ་མེད་པའི་གསུང་རབ་དང་དགོངས་འགྲེལ་ནས་དྲངས་ཏེ་གོ་སླ་ལ་ཡིད་འཁུལ་ཞིང་གསུང་རབ་ཀྱི་དོན་ལ་གཞོལ་བའི་དམ་པ་རྣམས་ཀྱི་གསུང་སྒྲོས་ཀྱིས་བརྒྱན་ནས་བཀོད་དེ། རྒྱས་པར་གཞན་ནས་
ཤེས་པར་བྱའོ། །འོ་སྐོལ་ཉོན་མོངས་ཤིན་ཏུ་རགས་ལ་བླ་མ་བསྟེན་ཚུལ་མི་ཤེས་ཤིང་ཤེས་ཀྱང་མི་བྱེད་པར་དུ་མ་ལ་ཆོས་ཉན་པ་རྣམས་ལ་བླ་མ་ལ་བརྟེན་པའི་ཁ་ན་མ་ཐོ་བ་དཔག་ཏུ་མེད་པ་འབྱུང་ཞིང༌། དེ་ལའང་འཆགས་པ་དང་སྡོམ་པ་སོགས་ཀྱི་བློ་འབྱུང་དཀའ་བས་སྔར་བཤད་པ་ལྟར་ཕན་ཡོན་དང་ཉེས་དམིགས་རྣམས་ཤེས་པར་བྱས་ཏེ་ཡང་དང་ཡང་དུ་བསམས་ལ། ཚེ་རབས་སྔ་མ་རྣམས་ནས་བསྟེན་ཚུལ་ཇི་བཞིན་དུ་མ་བྱུང་བ་རྣམས་བསམ་པ་ཐག་པ་ནས་བཤགས་ཤིང་སྡོམ་སེམས་མང་དུ་བྱ། སྣོད་རུང་གི་ཆོས་རྣམས་ཀྱང་རང་ལ་འབད་པས་བསྒྲུབ། དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་རྣམས་ཀྱང་ཡང་ཡང་བསམས་ལ། དེ་ལྟ་བུས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེས་སུ་འཛིན་པའི་རྒྱུར་ཚོགས་བསག་ཅིང་སྨོན་ལམ་མང་དུ་གདབ་སྟེ། དེ་ལྟར་བྱས་ན་རིང་པོར་མི་ཐོགས་པར་སྙིང་སྟོབས་ཕུལ་དུ་བྱུང་བའི་རྒྱལ་སྲས་རྟག་ཏུ་ངུ་དང་བཤེས་གཉེན་འཚོལ་བས་ངོམས་མི་ཤེས་པའི་གཞོན་ནུ་ནོར་བཟང་ལྟ་བུར་འགྱུར་རོ། །སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ་གཉིས། སྐྱོང་ཚུལ་དངོས་དང༌། དེ་ལ་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ལས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ་ལ། དང་པོ་སྦྱོར་བའི་ཆོས་ནི་དྲུག་སྟེ། གསེར་གླིང་པའི་རྣམ་ཐར་ཡིན་པས། གནས་ཁང་ལེགས་པར་བྱི་དོར་བྱས་ལ་སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་དགྲམ། མཆོད་པ་གཡོ་མེད་པར་
བཙལ་ལ་བཀོད་པ་མཛེས་ པར་བཤམ། དེ་ནས་ཉན་ས་ལས་གཉིད་རྨུགས་ཀྱི་སྒྲིབ་པ་ལས་སེམས ་སྦྱོང་བའི་སྐབས་སུ་ཕན་ཚུན་འཆག་དགོས་ལ་དེ་ལས་གཞན་པའི་འདོད་པ་ལ་འདུན་པ་ལ་སོགས་པའི་སྒྲིབ་པ་རྣམས་ལས་སེམས་སྦྱོང་བའི་ཚེ་ཁྲིའམ་ཁྲིའུ་ལ་སོགས་པའི་སྟེང་དུ་སྐྱིལ་མོ་ཀྲུང་དུ་འཁོད་ནས་བྱ་བར་གསུངས་པས། གནས་མལ་བདེ་བ་ལ་ལུས་དྲང་པོར་བསྲང་སྟེ་སྐྱིལ་མོ་ཀྲུང་ངམ་སྐྱིལ་མོ་ཀྲུང་ཕྱེད་དུའང་རུང་བའི་སྤྱོད་ལམ་གྱིས་འཁོད་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་རྒྱུད་དང་འདྲེས་ངེས་པ་ཞིག་བྱ། མདུན་གྱི་ནམ་མཁའ་ལ་རྒྱ་ཆེན་སྤྱོད་པ་དང་ཟབ་མོ་ལྟ་བའི་བརྒྱུད་པའི་བླ་མ་རྣམས་དང་གཞན་ཡང་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་བཀའ་སྡོད་དང་བཅས་པ་དཔག་ཏུ་མེད་པ་བཞུགས་པར ་བསམས་ཏེ་ཚོགས་གསོག་པའི་ཞིང་གསལ་གདབ།དེ་ནས་ལམ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་ཚོགས་བསག་པ་དང་འགལ་རྐྱེན་སྒྲིབ་པ་སྦྱོང་བའི་ལྷན་ཅིག་བྱེད་རྐྱེན་མེད་ན་ཉེར་ལེན་གྱི་རྒྱུ་དམིགས་རྣམ་སྐྱོང་བ་ཙམ་ལ་འབད་ཀྱང་ལམ་ཤིན་ཏུ་སྐྱེ་དཀའ་བས་བསག་སྦྱང་གི་གནད་རྣམས་བསྡུས་པའི་ཡན་ལག་བདུན་པས་རྒྱུད་སྦྱང་དགོས་སོ། །དེ་ལ་ཕྱག་འཚལ་བའི་ཡན་ལག་ལ་སྒོ་གསུམ་བསྡོམས་པའི་ཕྱག་ནི། ཇི་སྙེད་སུ་དག་ཅེས་པའི་ཚིགས་བཅད་གཅིག་སྟེ། འཇིག་རྟེན་གྱི་ཁམས་ཕྱོགས་རེ་བ་དང་དུས་རེ་རེའི་སངས་རྒྱས་མ་ཡིན་གྱི། ཕྱོགས་བཅུ་ག་ན་བཞུགས་པ་དང་སྔར་བྱོན་ཟིན་པ་དང་མ་འོངས་པ་ན་འབྱོན་པར་
འགྱུར་བ་དང་ད་ལྟར་བྱུང་བའི་རྒྱལ་བ་ཐམས་ཅད་ལ་དམིགས་ནས་གཞན་གྱི་གཡམ་ལ་རྒྱུག་ལྟ་བུ་མིན་པར་བསམ་པ་ཐག་པ་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བའོ། །དེ་ཡང་སངས་རྒྱས་གཅིག་ལ་ཕྱག་འཚལ་ནའང་བསོད་ནམས་དཔག་ཏུ་མེད་པ་ལ་སངས་རྒྱས་དེ་ཙམ་ལ་དམིགས་ནས་ཕྱག་འཚལ་ན་ལྟ་ཅི་སྨོས་ཞེས་སློབ་དཔོན་ཡེ་ཤེས་སྡེས་འགྲེལ་པར་བཤད་དོ། །སྒོ་གསུམ་སོ་སོ་བའི་ཕྱག་ལ་ལུས་ཀྱི་ཕྱག་ནི། བཟང་པོ་སྤྱོད་པ་ཞེས་སོགས་ཚིགས་བཅད་གཅིག་སྟེ། རྒྱལ་བ་ཕྱོགས་དང་དུས་ཀྱིས་བསྡུས་པ་ཐམས་ཅད་ཡིད་ཀྱི་ཡུལ་དུ་མངོན་སུམ་པ་ལྟར་དམིགས་ལ་རང་གི་ལུས་ཞིང་རྣམས་ཀྱི་རྡུལ་ཕྲ་རབ་དང་གྲངས་མཉམ་པར་སྤྲུལ་ལ་ཕྱག་བྱའོ། །དེ་ཡང་ཡུལ་རྣམས་ཀྱི་བཟང་པོའི་སྤྱོད་པ་ལ་རབ་ཏུ་དད་པའི་སྟོབས་བསྐྱེད་དེ་དེས་ཀུན་ནས་བསླངས་ཏེའོ། །ལུས་གཅིག་གིས་ཕྱག་བྱས་པ༌ཡང་བསོད་ནམས་ཆེ་ན་ལུས་དེ་ཙམ་གྱིས་ཕྱག་བྱས་པ་ནི་བསོད་ནམས་ཤིན་ཏུ་ཆེའོ་ཞེས་སློབ་དཔོན་ཡེ་ཤེས་སྡེ་གསུང་ངོ་། །ཡིད་ཀྱི་ཕྱག་ནི། རྡུལ་གཅིག་སྟེང་ན་ཞེས་པའི་ཚིགས་བཅད་གཅིག་སྟེ། རྡུལ་ཕྲ་རབ་རེ་རེའི་སྟེང་ནའང་རྡུལ་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་འཁོར་བྱང་སེམས་ཀྱིས་བསྐོར་བའི་དབུས་ན་བཞུགས་པ་ལ་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པའི་མོས་པ་བསྐྱེད་པའོ། །ངག་གི་ཕྱག་ནི། དེ་དག་བསྔགས་པ་ཞེས་པའི་ཚིགས་བཅད་གཅིག་སྟེ། ཡུལ་རྣམས་ཀྱི་ཡོན་ཏན་གྱི་བསྔགས་པ་ཟད་མི་ཤེས་པ་རྣམས་ལུས་རེ་རེ་ལ་མགོ་བོ་དཔག་ཏུ་མེད་པ་དང་མགོ་རེ་རེ་ལ་
ལྕེ་དཔག་ཏུ་མེད་པར་སྤྲུལ་བར་གསུངས་པ་ལྟར་བྱས་ནས་སྙན་པའི་དབྱངས་ཀྱིས་བརྗོད་པའོ། །འདིར་དབྱངས་ནི་བསྟོད་པ་ཡིན་ལ་དེའི་ཡན་ལག་ནི་རྒྱུ་སྟེ་ལྕེའོ། །རྒྱ་མཚོ་ནི་མང་པོའི་ཚིག་གོ །མཆོད་པའི་ཡན་ལག་ལ་བླ་ན་ཡོད་པའི་མཆོད་པ་ནི། མེ་ཏོག་དམ་པ་ཞེས་པའི་ཚིགས་བཅད་གཉིས་ཏེ། མེ་ཏོག་དམ་པ་ནི་ལྷ་དང་མིའི་ཡུལ་ལ་སོགས་པའི་མེ་ཏོག་རྨད་དུ་བྱུང་བ་སིལ་མ་རྣམས་སོ། །ཕྲེང་བ་ནི་མེ་ཏོག་སྣ་ཚོགས་སྤེལ་ཏེ་བརྒྱུས་པ་སྟེ་དེ་གཉིས་ཀ་ཡང་དངོས་དང་བཅོས་མ་ཐམས་ཅད་དོ། །སིལ་སྙན་ནི་རོལ་མོ་རྒྱུད་ཅན་དང་འབུད་པ་དང་བརྡུང་བ་དང་དཀྲོལ་བ་རྣམས་སོ། །བྱུག་པ་ནི་སྤོས་ཞིམ་པོའི་ལྡེ་གུའོ། །གདུགས་མཆོག་ནི་གདུགས་རྣམས་ཀྱི་མཆོག་གོ །མར་མེ་ནི་སྤོས་མར་ལ་སོགས་པ་དྲི་ཞིམ་ཞིང་འོད་གསལ་བ་དང་རིན་ཆེ་བའི་ནོར་བུ་འོད་གསལ་བའོ། །བདུག་པ་ནི་བདུག་སྤོས་སྦྱར་བ་དང་སྣ་གཅིག་པའོ། །ན་བཟའ་དམ་པ་ནི་གོས་ཐམས་ཅད་ཀྱི་མཆོག་གོ །དྲི་མཆོག་ནི་སྤོས་ཆུ་ཡོན་ཆབ་ཏུ་གསོལ་བ་ཟེར་ཏེ་སྟོང་གསུམ་དུ་དྲི་ངད་ལྡང་བའི་དྲིས་བསྒོས་པའི་ཆུ་ལ་སོགས་པའོ། །ཕྱེ་མ་ཕུར་མ་ནི་སྤོས་ཞིམ་པོའི་ཕྱེ་མ་གཏོར་ཞིང་བདུག་ཏུ་རུང་བ་ཐུམ་པོར་བྱས་པའམ་དཀྱིལ་འཁོར་བྲིས་པའི་ཚོན་ཕྱེ་སྤེལ་བའི་རིམ་པ་རྒྱ་དང་རྔམས་རི་རབ་དང་མཉམ་པའོ། །བཀོད་པ་ནི་གོང་མ་ཀུན་གྱི་མཐར་སྦྱོར་བ་སྟེ་ཕལ་ཆེ་བ་དང་སྤྲས་པ་དང་སྣ་ཚོགས་པ་ལ་བྱའོ། །མཆོད་པ་བླ་ན་མེད་པ་ནི། མཆོད་པ་གང་རྣམས་
ཞེས་པའི་ཚིགས་བཅད་གཅིག་སྟེ། བླ་ན་ཡོད་པ་ནི་འཇིག་རྟེན་པའི་མཆོད་པ་ཡིན་པས། འདིར་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་མཐུ་ཅན་རྣམས་ཀྱིས་བཟང་དགུ་སྤྲུལ་པའོ། །ཚིག་རྐང་པ་ཐ་མ་གཉིས་ནི་གོང་མ་དེ་གཉིས་མ་ཚང་བ་ཐམས་ཅད་ལ་སྦྱར་ཏེ་ཕྱག་དང་མཆོད་པ་རྣམས་ཀྱི་ཀུན་སློང་དང་ཡུལ་སྟོན་པའོ། །སྡིག་པ་བཤགས་པའི་ཡན་ལག་ནི། འདོད་ཆགས་ཞེས་པའི་ཚིགས་བཅད་གཅིག་སྟེ། རྒྱུ་དུག་གསུམ་ལ་བརྟེན་ནས་གཞི་ལུས་ལ་སོགས་པ་གསུམ་གྱིས་རང་བཞིན་ནི་བདག་གིས་བགྱིས་པ་སྟེ་དེ་ཡང་དངོས་སུ་རང་གིས་བྱ་བ་དེ་ལ་ཞུགས་པ་དང་གཞན་བྱེད་དུ་བཅུག་པ་དང་གཞན་གྱིས་བྱས་པ་ལ་ཡི་རང་བའོ། །དེ་དག་ཐམས་ཅད་སྤྱིར་བསྡུས་པ་ནི། ཅི་མཆིས་པ་ཞེས་པ་སྟེ། དེ་དག་གི་ཉེས་དམིགས་དྲན་ནས་སྔ་མ་ལ་འགྱོད་ཅིང་ཕྱི་མ་ལ་བསྡམ་པའི་སེམས་ཀྱིས་སྙིང་ཐག་པ་ནས་བཤགས་ན་སྔར་བྱས་འཕེལ་བ་འཆད་ཅིང་ཕྱི་མ་རྣམས་འཕྲོ་འཆད་དོ། །རྗེས་སུ་ཡི་རང་བའི་ཡན་ལག་ནི། ཕྱོགས་བཅུའི་རྒྱལ་བ་ཞེས་པའི་ཚིགས་བཅད་གཅིག་སྟེ། གང་ཟག་ལྔ་པོ་དེའི་དགེ་བའི་ཕན་ཡོན་དྲན་ནས་དབུལ་པོས་གཏེར་རྙེད་པ་ལྟར་དགའ་བ་བསྒོམ་པའོ། །ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། གང་རྣམས་ཕྱོགས་བཅུའི་ཞེས་པའི་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུའི་ཞིང་དུ་བྱང་ཆུབ་ཏུ་རྣམ་པར་སངས་རྒྱས་ཏེ་མ་ཆགས་ཤིང་ཐོགས་པ་མེད་པའི་མཁྱེན་པ་བརྙེས་ནས་རིང་དུ་མ་ལོན་པ་རྣམས་ལ་ལུས་
ཀྱང་དེ་སྙེད་དུ་སྤྲུལ་ནས་ཆོས་སྟོན་པར་བསྐུལ་མ་གདབ་བོ། །སློབ་དཔོན་ཡེ་ཤེས་སྡེས་བྱང་ཆུབ་རྣམ་པར་སངས་རྒྱས་ཞེས་བཏོན་ནས་བཤད་པ་མཛད་དོ། །གསོལ་བ་འདེབས་པའི་ཡན་ལག་ནི། མྱ་ངན་འདའ་སྟོན་ཞེས་པའི་ཚིགས་བཅད་གཅིག་སྟེ། ཕྱོགས་བཅུའི་ཞིང་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་རྣམས་ལ་འགྲོ་བ་རྣམས་ལ་ཕུགས་སུ་ཕན་པ་དང་གནས་སྐབས་སུ་བདེ་བ་བསྐྱེད་པའི་ཕྱིར་དུ་ཞིང་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་བསྐལ་པར་མྱ་ངན་མི་འདའ་བར་བཞུགས་པར་ལུས་དཔག་ཏུ་མེད་པར་བྱས་ཏེ་གསོལ་བ་གདབ་བོ། །བསྔོ་བའི་ཡན་ལག་ནི། ཕྱག་འཚལ་བ་དང་ཞེས་པའི་ཚིགས་བཅད་དེ། གོང་གི་ཡན་ལག་དྲུག་གི་དགེ་བས་མཚོན་ནས་དགེ་རྩ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འདུན་པ་དྲག་པོས་བསྔོས་པས་ནམ་ཡང་མི་འཛད་པའོ། །དེ་ལྟར་ཚིག་དེ་དག་གི་དོན་གོ་བར་བྱས་ལ་ཡིད་གཞན་དུ་མ་ཡེངས་པར་དལ་བུས་ཇི་སྐད་བསྟན་པ་བཞིན་དུ་བྱས་ན་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཛིན་ནོ། །དེ་ལྟར་ན་ཕྱག་དང་མཆོད་པ་དང་བསྐུལ་བ་དང་གསོལ་བ་གདབ་པ་དང་ཡི་རང་དང་ལྔ་ནི་མཐུན་རྐྱེན་ཚོགས་གསོག་པ་ཡིན་ལ། བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དང་ཡི་རང་གི་ཕྱོགས་གཅིག་རང་གི་དགེ་བ་བྱས་པ་ལ་དགའ་བ་བསྒོམ་པ་ནི་རང་གི་དགེ་བ་སྤེལ་བར་ཡང་འགྱུར་རོ། །བསྔོ་བས་ནི་བསགས་པ་དང་སྦྱངས་པ་དང་སྤེལ་བའི་
དགེ་བ་རྣམས་ཉུང་ངུ་ཡང་ཆེས་མང་བར་སྤེལ་བ་དང་གནས་སྐབས་སུ་འབྲས་བུ་ཕྱུང་སྟེ་ཟད་པར་འགྱུར་བ་རྣམས་ཀྱང་ནམ་ཡང་མི་ཟད་པར་བྱེད་པ་སྟེ་བསྡུ་ན་བསག་པ་དང་སྦྱང་བ་དང་སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་དུ་འདུའོ། །དེ་ནས་དམིགས་པ་གསལ་བར་བྱས་ནས་མཎྜལ་ཕུལ་ཏེ། བཤེས་གཉེན་ལ་མ་གུས་པ་ནས་བདག་གཉིས་སུ་མཚན་མར་འཛིན་པའི་བར་གྱི་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་མྱུར་དུ་འགག་པ་དང༌། བཤེས་གཉེན་ལ་གུས་པ་ནས་བདག་མེད་པའི་དེ་ཁོ་ན་ཉིད་རྟོགས་པའི་བར་གྱི་ཕྱིན་ཅི་མ་ལོག་པའི་བློ་སྣ་ཐམས་ཅད་བདེ་བླག་ཏུ་སྐྱེ་བ་དང༌། ཕྱི་དང་ནང་གི་བར་ཆད་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་མང་དུ་འདུན་པ་དྲག་པོས་གསོལ་བ་གདབ་པར་བྱའོ། །དངོས་གཞི་ལ་ཇི་ལྟར་བསྐྱང་བ་ལ་གཉིས། སྤྱིའི་སྐྱོང་ཚུལ་དང༌། སྐབས་འདིའི་སྐྱོང་ཚུལ་ལོ། །དང་པོ་ནི། སྒོམ་ཞེས་གྲགས་པ་སེམས་དགེ་བའི་དམིགས་པ་ལ་ཡང་དང་ཡང་དུ་གཏོད་པའི་དམིགས་རྣམ་སྐྱོང་བ་འདི་ནི་ཐོག་མ་མེད་པ་ནས་རང་སེམས་ཀྱི་དབང་དུ་གྱུར་ཅིང་སེམས་རང་གི་དབང་དུ་མ་གྱུར་ལ། སེམས་ཀྱང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་རྣམས་ལ་རྗེས་སུ་ཕྱོགས་པས་ཉེས་སྐྱོན་ཐམས་ཅད་སྐྱེད་ པར་བྱེད་པའི་སེམས ་འདི་རང་གི་དབང་དུ་འགྱུར་བར་བྱས་ནས་དགེ་བའི་དམིགས་པ་ལ་ཇི་ལྟར་འདོད་འདོད་དུ་བཀོལ་དུ་རུང་བར་
བྱེད་པའི་ཆེད་ཡིན་ནོ། །དེ་ཡང་གང་ཟིན་ཟིན་ནས་དམིགས་པ་ལ་བསྐྱངས་ན་རང་ཇི་ལྟར་འདོད་པ་ལྟར་གྱི་དགེ་བའི་དམིགས་པ་གྲངས་འདི་ཙམ་དང་གོ་རིམ་འདི་བཞིན་བཏང་སྙམ་ནས་བཏང་ཡང་འགྲོར་མི་ཉན་པས་ཇི་ལྟར་འདོད་པ་བཞིན་དུ་དགེ་བའི་དམིགས་པ་ལ་བཀོལ་དུ་རུང་བའི་གེགས་ཆེན་པོར་འགྱུར་ཞིང༌། དང་པོ་ནས་ལང་དུ་སོང་བས་ཚེ་ཧྲིལ་པོའི་དགེ་སྦྱོང་སྐྱོན་ཅན་དུ་འགྲོའོ། །དེས་ན་ཐོག་མར་གང་བསྐྱང་བར་བྱ་བའི་དམིགས་པ་རྣམས་ཀྱི་གྲངས་དང་གོ་རིམ་ངེས་ངེས་བྱ། དེ་ནས་ཇི་ལྟར་ངེས་པར་བྱས་པ་དེ་ལས་གཞན་དུ་མི་གཏང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་འགའ་ཞིག་བཏང་ལ། ཇི་ལྟར་ངེས་པར་བྱས་པ་དེ་ལས་ལྷག་ཆད་མེད་པར་དྲན་ཤེས་བཞིན་དང་ལྡན་པར་བསྐྱང་བར་བྱའོ། །སྐབས་འདིའི་སྐྱོང་ཚུལ་ནི། དང་པོར་བསྟེན་པའི་ཕན་ཡོན་སངས་རྒྱས་མྱུར་དུ་འཐོབ་པ་སོགས་དང༌། མ་བསྟེན་པའི་ཉེས་དམིགས་འདི་དང་ཕྱི་མར་སྡུག་བསྔལ་བསྐྱེད་པ་སོགས་བསམ། དེ་ནས་བླ་མའི་སྐྱོན་རྟོག་པའི་བློ་ཡེ་མ་ཤོར་བར་བྱ་སྙམ་པའི་སྡོམ་སེམས་མང་དུ་བཏང་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་ཐོས་པ་སོགས་ཡོན་ཏན་རང་གིས་གང་རྟོགས་པ་རྣམས་བསམས་ཏེ་སེམས་དང་བའི་རྣམ་པ་ཅན་གྱི་དད་པ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །དེ་ནས་རང་ལ་ཕན་བཏགས་པ་དང་འདོགས་པར་འགྱུར་བའི་བཀའ་དྲིན་རྣམས་སྔར་མདོ་སྡེ་ནས་དྲངས་པ་ལྟར་བསམས་ཏེ་སྙིང་ཐག་པ་ནས་གུས་པ་མ་སྐྱེས་ཀྱི་བར་དུ་བསྒོམ་མོ། །མཇུག་
ཏུ་ཇི་ལྟར་བྱ་བ་ནི། བསགས་པའི་དགེ་བ་རྣམས་བཟང་པོ་སྤྱོད་པ་དང༌། སྨོན་ལམ་བདུན་ཅུ་པ་ལ་སོགས་པའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ལྟ་བུ་དེས་ཐོ་རངས་དང་སྔ་དྲོ་དང་ཕྱི་དྲོ་དང་སྲོད་དེ་ཐུན་བཞི་ལ་བསྒོམ་པར་བྱ་སྟེ། དེ་ཡང་དང་པོར་ཡུན་རིང་ན་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང་། དེ་ལ་གོམས་ན་བློ་འཆོས་དཀའ་བས་ཐུན་ཆུང་ལ་གྲངས་མང་བར་བྱ། བསྒོམ་འདོད་པའི་འཕྲོ་ལ་བཅད་ཀྱིན་བྱས་ན་ཕྱི་མ་རེས་ཀྱང་འཇུག་སྙིང་འདོད། གཞན་དུ་ན་མལ་མཐོང་བའི་ཚེ་ན་སྐྱུག་ལོག་ལོག་འོང་གསུང་བ་ལྟར་རོ། །ཅུང་ཟད་བརྟན་དུ་སོང་བ་ན་ཐུན་བསྲིང༌། དེ་ཐམས་ཅད་ལའང་སྦྱོར་བ་ཧ་ཅང་དམ་དྲགས་པ་དང་ཧ་ཅང་ལྷོད་པའི་སྐྱོན་དང་བྲལ་བར་བྱས་ལ་བསྐྱང་སྟེ། དེས་ནི་གེགས་ཉུང་ཞིང་ཧ་ཅང་དུབ་པ་དང་བྱིང་རྨུགས་སོགས་ཞི་བར་འགྱུར་རོ། །ཐུན་མཚམས་ལ་ཇི་ལྟར་བྱ་བ་ནི། སྤྱིར་ཕྱག་དང་བསྐོར་བ་དང་ཁ་ཏོན་སོགས་དུ་མ་ཞིག་ཡོད་ཀྱང་འདིར་སྐབས་སུ་བབ་པའི་གཙོ་བོ་ནི། ཐུན་གྱི་ངོ་བོ་ལ་འབད་ནས་ཐུན་བཏང་བའི་མཚམས་སུ་བསྐྱང་རྒྱུའི་དམིགས་རྣམ་ལ་དྲན་ཤེས་མ་བསྟེན་པར་རྒྱ་ཡན་དུ་བཏང་ན་སྐྱེད་ཤིན་ཏུ་ཆུང་བས། ཐུན་མཚམས་སུའང་དེ་སྟོན་པའི་ཆོས་རྣམས་བལྟ་བ་དང་ཡང་ཡང་དྲན་པར་བྱ། ཡོན་ཏན་སྐྱེ་བའི་མཐུན་རྐྱེན་ཚོགས་སྒོ་དུ་མ་ནས་བསག་ཅིང་འགལ་རྐྱེན་སྒྲིབ་པ་སྦྱོང་བའང་སྒོ་དུ་མ་ནས་བྱ། ཐམས་ཅད་ཀྱི་གཞི་གང་ཁས་བླངས་པའི་བསྲུང་
སྡོམ་ལ་གང་ཤེས་པའི་སྒོ་ནས་འབད་དེ་དམིགས་རྣམ་ལ་བློ་སྦྱོང་བ་དང་སྡོམ་ཁྲིམས་དང་ཚོགས་གསོག་གསུམ་ལ་སུམ་བསྒྲིལ་དུ་མིང་བཏགས་ནས་འཁྲིད་པའང་ཡོད་དོ། །གཞན་ཡང་ཞི་གནས་དང་ལྷག་མཐོང་གི་ལམ་བདེ་བླག་ཏུ་སྐྱེ་བའི་རྒྱུར་གྱུར་པའི་ཚོགས་བཞི་ལའང་བསླབ་པར་བྱ་སྟེ། དབང་པོའི་སྒོ་སྡོམ་པ་དང༌། ཤེས་བཞིན་དུ་སྤྱོད་པ་དང༌། ཟས་ཀྱི་ཚོད་རིག་པ་དང༌། མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང་ཉལ་བའི་ཚེ་ཇི་ལྟར་བྱ་བའོ། །དང་པོ་ལ་ལྔ་ལས། གང་གིས་སྡོམ་པ་ནི་དྲན་པ་ཀུན་ཏུ་བསྲུང་བ་དང༌། དྲན་པ་ལ་རྟག་འགྲུས་བྱེད་པའོ། །དེ་ལ་དང་པོ་ནི་དབང་པོའི་སྒོ་སྡོམ་པ་ལས་བརྩམས་པའི་ཆོས་རྣམས་མི་བརྗེད་པར་ཡང་ཡང་སྐྱོང་བའོ། །གཉིས་པ་ནི་དྲན་པ་དེ་ལ་རྒྱུན་དུ་དང་གུས་པར་སྐྱོང་བའོ། །གང་སྡོམ་པ་ནི་དབང་པོ་དྲུག་གོ །གང་ལས་སྡོམ་པ་ནི་ཡུལ་དྲུག་ཡིད་དུ་འོང་བ་དང་མི་འོང་བ་ལས་སོ། །ཇི་ལྟར་བསྡམ་པ་ལ་གཉིས་ལས། དབང་པོ་སྲུང་བར་བྱེད་པ་ནི། ཡུལ་དང་དབང་པོ་ལ་བརྟེན་ནས་རྣམ་པར་ཤེས་པ་དྲུག་སྐྱེས་པའི་མཇུག་ཏུ་ཡིད་ཤེས་ཡུལ་ཡིད་དུ་འོང་བ་དྲུག་དང་ཡིད་དུ་མི་འོང་བ་དྲུག་ལ་ཆགས་པ་དང་སྡང་བ་སྐྱེ་བར་འགྱུར་བ་དེ་ལས་འབད་པ་ཆེན་པོས་མི་སྐྱེ་བར་བསྲུང་བའོ། །དབང་པོ་དྲུག་གིས་ཀྱང་སྡོམ་པ་སྒྲུབ་པར་བྱེད་པ་ནི། གང་ལ་བལྟ་བ་ལ་སོགས་པ་བྱས་ན་ཉོན་མོངས་སྐྱེ་བར་འགྱུར་བའི་ཡུལ་དེ་རྣམས་ལ་དབང་པོ་མི་གཏོང་བར་འགོག་པའོ། །དབང་པོ་བསྲུང་བ་དེ་ཡང་ཡུལ་དྲུག་ལ་མཚན་མར་དང་མངོན་རྟགས་སུ་མི་འཛིན་
ཅིང་བརྗེད་ངས་དང་ཉོན་མོངས་མང་བས་སྡིག་པའི་ སེམས་བྱུང་ན༌ཡང་སྡོམ་པར ་བྱེད་པས་བསྒྲུབ་བོ། །མཚན་མར་འཛིན་པ་ནི། བལྟ་བར་མི་བྱ་བའི་གཟུགས་ལ་སོགས་པ་ཡུལ་དུ་བྱས་པའམ་ཡུལ་སྣང་བ་རྣམས་དེ་དག་འབྱུང་བ་ཡིད་ལ་བྱེད་པ་མངོན་སུམ་དུ་བྱས་ནས་མཐོང་བའོ། །མངོན་རྟགས་སུ་འཛིན་པ་ནི། ཤེས་པ་དྲུག་གི་མཇུག་ཏུ་ཆགས་སྡང་རྨོངས་གསུམ་སྐྱེ་བའི་ཡུལ་ལ་ཡིད་ཀྱི་ཤེས་པས་འཛིན་པའམ་ཡུལ་མངོན་སུམ་དུ་མི་སྣང་ཡང་གཞན་ལས་ཐོས་ནས་དེ་དག་ལ་རྟོག་པའོ། །སྡོམ་པ་གང་ཡིན་པ་ནི། ཉོན་མོངས་ཅན་ལས་ཡིད་བསྲུངས་ནས་དགེ་བའམ་ལུང་མ་བསྟན་ལ་འཇོག་པའོ། །འདིར་མ་བསྒྲིབས་པའི་ལུང་མ་བསྟན་ལ་འཇོག་པ་ནི་སེམས་དགེ་བའི་དམིགས་པ་ལ་འཛིན་པའི་དུས་མིན་གྱི་སྤྱོད་ལམ་ལ་སོགས་པའི་སྐབས་སུའོ། །ཤེས་བཞིན་དུ་སྤྱོད་པ་ནི་གཉིས་ཏེ། གང་ལ་སྤྱོད་པའི་གཞི་དང༌། དེ་ལ་སྤྱོད་པའི་ཤེས་བཞིན་ནོ། །དང་པོ་ནི་གཉིས་ཏེ། རྒྱུ་བ་དང་ལྡན་པའི་ལས་ལྔ་དང༌། སྤྱོད་པ་དང་ལྡན་པའི་ལས་ལྔའོ། །དེ་ལ་དང་པོ་ལྔའི་ལུས་ཀྱི་ལས་ནི། གྲོང་དང་གཙུག་ལག་ཁང་ལ་སོགས་པ་གཞན་དུ་ཕར་འགྲོ་བ་དང་དེ་ནས་ཚུར་ལྡོག་པའོ། །མིག་གི་ལས་ནི། བློ་སྔོན་དུ་མ་བཏང་བར་ཡུལ་སྣ་ཚོགས་མཐོང་བའི་ཅུང་ཟད་བལྟས་པ་དང༌། བློ་སྔོན་དུ་བཏང་ནས་མཐོང་བའི་རྣམ་པར་བལྟས་པའོ། །ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་ལས་ནི། ཡན་ལག་དང་ཉིང་ལག་བརྐྱང་བ་དང་
བསྐུམ་པའོ། །ཆོས་གོས་དང་ལྷུང་བཟེད་ཀྱི་ལས་ནི། ཆོས་གོས་གསུམ་དང་ལྷུང་བཟེད་ལོངས་སྤྱད་པ་དང་བཅང་བར་བྱ་བའོ། །བསོད་སྙོམས་ཀྱི་ལས་ནི། ཟོས་འཐུངས་སོགས་སོ། །གཙུག་ལག་ཁང་ན་སྤྱོད་པའི་ལས་ལྔའི་ལུས་ཀྱི་ལས་ནི། འཆག༌ས་ན་འཆག་པའམ་ཆོས་མཐུན་པའི་གན་དུ་འགྲོ་བའམ་ཆོས་ཀྱི་ཕྱིར་ལམ་དུ་ཞུགས་པའི་སོང་བ་དང་འཆག༌ས་ཆོས་མཐུན་པ་མཁན་སློབ་བླ་མ་དང་དེ་འདྲ་བ་རྣམས་ཀྱི་མདུན་ན་སྡོད་པ་དང་ཁྲི་ལ་སོགས་པའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་འདུག་པའོ། །ངག་གི་ལས་ནི། ལུང་མ་མནོས་པའི་གསུང་རབ་བཅུ་གཉིས་ཀྱི་ལུང་ནོད་ཅིང་ཀུན་ཆུབ་པར་བྱེད་པ་དང་མནོས་པ་རྣམས་ཁ་ཏོན་དང་གཞན་ལ་སྟོན་པ་དང་བརྩོན་འགྲུས་བསྐྱེད་པའི་དོན་དུ་གཞན་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་པའི་སྨྲ་བའོ། །ཡིད་ཀྱི་ལས་ནི། ནམ་གྱི་ཐུན་བར་པ་ལ་ཉལ་བ་དང་དབེན་ པར་སོང་སྟེ་ཇི་ལྟར་ཐོས་པའི་དོན་སེམས ་པ་དང་སེམས་དགུས་ཏིང་ངེ་འཛིན་དུ་བྱེད་པ་དང་ལྷག་མཐོང་ལ་བརྩོན་པའི་མི་སྨྲ་བ་དང༌། ཚ་བའི་དུས་སུ་ངལ་བའི་ཚེ་དུས་མ་ཡིན་པར་གཉིད་ཀྱི་སྙོམས་པ་འདོད་པ་བསང་བར་བྱེད་པའོ། །ཉིན་མོ་དང༌། མཚན་མོའི་ལས་གཉིས་ནི། ཉིན་མོ་དང་ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བས་བསྟན་ལ་དེས་ལུས་ངག་གི་ལས་ཀྱང་བསྟན་ཏོ། །ཉལ་བ་ཞེས་གསུངས་པས་ཀྱང་མཚན་མོའི་ལས་དང་ཡིད་ཀྱི་ལས་ཁོ་ན་བསྟན་ཏོ། །བཅུ་པོ་དེ་ལ་ཤེས་བཞིན་དུ་སྤྱོད་པ་ནི། རྒྱུ་བའམ་སྤྱོད་པའི་ལས་ཤིག་རྩོམ་
པར་བྱེད་ན་དང་པོ་ཁོ་ནར་ལས་དེ་ལ་དྲན་པ་ཉེ་བར་བཞག་ཅིང་བག་ཡོད་པར་སྤྱོད་ལ། དེ་གཉིས་ཀྱིས་ཟིན་པས་རྣམ་པ་གང་གིས་བརྟག་པར་བྱ་བ་དང་ཚུལ་ཇི་ལྟར་བརྟག་པར་བྱ་བའི་རྣམ་པ་དེས་ཚུལ་དེ་ལྟར་རྟོག་པར་བྱེད་ཅིང་ཤེས་པར་བྱེད་པའོ། །དེ་ཡང་རྣམ་པ་བཞི་སྟེ། དང་པོ་ནི། ལུས་ཀྱི་ལས་ལ་སོགས་པའི་གཞི་བཅུ་པོ་གང་ལ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་གཞི་དེ་ལ་རྣམ་པ་དེས་དེ་ལྟར་རྟོག་པར་བྱེད་པ་སྟེ། དཔེར་ན། འགྲོ་བ་དང་ལྡོག་པའི་ལས་ལ་འགྲོ་བ་དང་འོང་བའི་ཀུན་སྤྱོད་འདུལ་བ་ནས་གསུངས་པ་ལྟར་ཤེས་ནས་དེའི་ཚེ་ད་ལྟ་འདི་དང་འདི་བྱེད་དོ་ཞེས་རྟོག་པ་ལྟ་བུའོ། །གཉིས་པ་ནི། ཕྱོགས་གང་དུ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་ཕྱོགས་དེ་ལ་རྣམ་པ་དེས་དེ་ལྟར་རྟོག་པ་སྟེ། དཔེར་ན། འགྲོ་བའི་ཚེ་ཆང་འཚོང་ལ་སོགས་པའི་གནས་ལྔར་མི་འགྲོ་ཞིང་དེ་ལས་གཞན་དུ་འགྲོ་བའི་ཚུལ་རྣམས་ཤེས་ནས་དེ་དང་དེའི་ཚེ་ཤེས་བཞིན་འཇོག་པ་ལྟ་བུའོ། །གསུམ་པ་ནི། དུས་གང་གི་ཚེ་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་དུས་དེའི་ཚེ་རྣམ་པ་དེས་དེ་ལྟར་རྟོག་པ་སྟེ། དཔེར་ན། སྔ་དྲོ་གྲོང་རྒྱུར་རུང་ཡང་ཕྱི་དྲོ་མི་རུང་བར་ཤེས་ནས་དེ་ལྟར་སྤྱོད་ཅིང་དེའི་ཚེ་ཡང་ཤེས་བཞིན་འཇོག་པ་ལྟ་བུའོ། །བཞི་པ་ནི། ལས་དེ་དག་ཇི་སྙེད་ཅིག་རྣམ་པ་གང་གིས་ཇི་ལྟར་བརྟག་པར་བྱ་བའི་ལས་དེ་སྙེད་ཅིག་རྣམ་པ་དེས་དེ་ལྟར་རྟོག་པར་བྱེད་པ་སྟེ།
དཔེར་ན། འགྲོ་བའི་ཚེ་ཤིན་ཏུ་བསྡམས་ཤིང་ཁྱིམ་གཞན་དུ་འགྲོ་བར་བྱའོ་ཞེས་པ་ལ་སོགས་པ་འགྲོ་བའི་བསླབ་བྱ་ཇི་སྙེད་ཡོད་པ་རྣམས་དྲན་པར་བྱེད་པ་ལྟ་བུའོ། །མདོར་ན་ཉིན་མོ་དང་མཚན་མོའི་ཀུན་སྤྱོད་ཇི་ཙམ་ཡོད་དྲན་པར་བྱས་ནས་དེ་དག་གི་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པར་བྱ་བ་དང་འཇུག་ལྡོག་གི་ཚེ་ནའང་ད་ལྟ་འཇུག་པའམ་ལྡོག་པ་འདི་དང་འདི་བྱེད་དོ་ཞེས་ཐམས་ཅད་ལ་ཤེས་བཞིན་འཇོག་པའོ། །དེ་ལྟར་བྱས་ན་ཚེ་འདིར་ཡང་ལྟུང་བས་མི་གོས་པ་དང་ཤི་ནས་ཀྱང་ངན་སོང་དུ་མི་ལྟུང་བ་དང་ལམ་གྱི་རྟོགས་པ་མ་ཐོབ་པ་ཐོབ་པར་བྱ་བའི་རྒྱུའི་ཚོགས་ལ་གནས་པར་གསུངས་སོ། །འདི་དང་དབང་པོའི་སྒོ་སྡོམ་པ་གཉིས་ནི་འཕགས་པ་ཐོགས་མེད་ཀྱིས་མདོ་དྲངས་ནས་དེའི་དོན་བཀྲལ་བ་ལྟར་བཀོད་པ་སྟེ་འདི་གཉིས་ལ་འབད་ན་དགེ་སྦྱོར་བྱེད་པ་ཐམས་ཅད་ལ་བོགས་གཞན་དང་མི་འདྲ་བར་འོང་ཞིང་ཁྱད་པར་དུ་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་ སེམས་རྣམ་པར ་མི་རྟོག་པའི་ཏིང་ངེ་འཛིན་བདེ་བླག་ཏུ་འགྲུབ་པར་གསུངས་པས་འབད་པར་བྱའོ། །ཟས་ཀྱི་ཚོད་རིག་པ་ནི། ཆོས་བཞི་དང་ལྡན་པ་སྟེ། ཧ་ཅང་ཉུང་བ་མ་ཡིན་པ་ནི། ཧ་ཅང་ཉུངས་ན་བཀྲེས་པ་དང་ཉམ་ཆུང་བར་གྱུར་ནས་དགེ་བའི་བྱ་བ་ལ་མཐུ་མེད་པར་འགྱུར་བས་སང་གི་ཟས་ཀྱི་དུས་ལ་མ་སླེབ་ཀྱི་བར་དུ་བཀྲེས་པས་མི་གནོད་པའི་ཚོད་ཙམ་དུ་ཟ་བའོ། །ཧ་ཅང་མང་བ་མ་ཡིན་པ་ནི། མང་ན་ལུས་ཁུར་ཐོགས་པ་ལྟར་ལྕི་བ་དང་དབུགས་
འབྱུང་རྔུབ་དཀའ་བ་དང་གཉིད་རྨུགས་འཕེལ་བ་དང་ལས་སུ་མི་རུང་བས་ཉོན་མོངས་སྤོང་བ་ལ་མཐུ་མེད་པར་འགྱུར་བས་སོ། །ཟས་ཞུ་བ་དང་འཕྲོད་པས་ནི། ཟས་ལ་བརྟེན་པའི་ཚོར་བ་སྡུག་བསྔལ་བ་རྙིང་པ་རྣམས་སྤོང་ཞིང་ཚོར་བ་སྡུག་བསྔལ་གསར་པ་རྣམས་མི་བསྐྱེད་དོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཟས་རན་པས་ནི། ཁ་ན་མ་ཐོ་བ་མི་བསྐྱེད་པ་དང་བདེ་བ་ལ་རེག་པར་གནས་པའོ། །དེ་ཡང་ཟས་ལ་སྲེད་པའི་གཉེན་པོ་དེའི་ཉེས་དམིགས་བསྒོམ་པ་ལ་རག་ལས་པས། ཉེས་དམིགས་ནི་གསུམ་ལས། ལོངས་སྤྱད་པའི་རྒྱུ་ལས་བྱུང་བའི་ཉེས་དམིགས་ནི། ཁ་དོག་དྲི་རོ་བཟང་པོའི་ཟས་ཅི་འདྲ་བ་ཞིག་ཀྱང་སོ་ཡིས་བལྡད་ཅིང་མཆིལ་མས་བརླན་པ་ན་སྐྱུགས་པ་ལྟར་སྣང་བ་སེམས་པའོ། །ཟས་ཞུ་བ་ལས་བྱུང་བའི་ཉེས་དམིགས་ནི། ཟས་དེ་ནམ་གྱི་ཐུན་བར་པའམ་ཐ་མ་ལ་ཞུ་ནས་ཤ་ཁྲག་སོགས་སྐྱེ་ཞིང༌། ཁ་ཅིག་ནི་བཤང་གཅིར་གྱུར་ནས་ལུས་ཀྱི་སྨད་ལ་གནས་ཤིང་དེ་ཡང་ཉིན་རེ་བཞིན་བསལ་དགོས་པ་དང་ཟས་དེ་ལ་བརྟེན་ནས་ནད་ཀྱི་རིགས་དུ་མ་བསྐྱེད་པ་སེམས་པའོ། །ཟས་ཚོལ་བ་ལས་གྱུར་པའི་ཉེས་དམིགས་ནི་ལྔ་ལས། བསྒྲུབས་པ་ལས་བྱུང་བའི་ཉེས་དམིགས་ནི། ཟས་དང་ཟས་ཀྱི་རྒྱུའི་དོན་དུ་ཚ་གྲང་གིས་ཉེན་བཞིན་དུ་འབད་པ་དུ་མ་བྱས་ནས་བསྒྲུབ་ཅིང་མ་གྲུབ་ན་མྱ་ངན་སོགས་ཀྱིས་སྡུག་བསྔལ་ལ་གྲུབ་ནའང་ཕྲོགས་པ་དང་ཆུད་ཟོས་ཀྱིས་དོགས་ནས་བསྲུང་བའི་རྩོལ་བ་དྲག་པོས་སྡུག་བསྔལ་
བའོ། །མཛའ་བ་ཉམས་པ་ནི། དེའི་ཕྱིར་དུ་ཕ་དང་བུ་ལ་སོགས་པའང་ཕན་ཚུན་རྩོད་ཅིང་འཐབ་པའོ། །ངོམས་མི་ཤེས་པ་ནི། དེ་ལ་སྲེད་པ་ཇེ་ཆེར་གྱུར་ནས་རྒྱལ་པོ་སོགས་ཕན་ཚུན་དུ་གཡུལ་སྤྲོད་ཅིང་སྡུག་བསྔལ་དུ་མ་མྱོང་བའོ། །རང་དབང་མེད་པའི་ཉེས་པ་ནི། གཞན་གྱི་ཟས་ཟ་བ་རྣམས་རྗེ་བོའི་དོན་དུ་ཕ་རོལ་དང་འཐབ་པ་ན་སྡུག་བསྔལ་དུ་མ་མྱོང་བའོ། །ཉེས་པར་སྤྱད་པ་ལས་བྱུང་བ་ནི། ཟས་དང་ཟས་ཀྱི་རྒྱུའི་ཕྱིར་སྒོ་གསུམ་གྱི་སྡིག་པ་བསགས་ནས་འཆི་བའི་ཚེ་དེ་དག་དྲན་ནས་འགྱོད་བཞིན་དུ་འཆི་ཞིང་ཤི་ནས་ཀྱང་ངན་འགྲོར་ལྟུང་བའོ། །དེ་ལྟ་ནའང་ཕན་ཡོན་འགའ་ཡོད་དེ་ཟས་ལ་བརྟེན་ནས་ལུས་གནས་པའོ། །དེ་ཙམ་གྱི་ཕྱིར་དུ་ཟས་བསྟེན་པར་མི་རིགས་པས་ལུས་གནས་པ་ལ་བརྟེན་ནས་བདག་གིས་ཚངས་པར་སྤྱོད་པ་ཡང་དག་པར་བསྒྲུབ་པར་བྱའོ། །སྦྱིན་པ་པོ་དང་སྦྱིན་བདག་པགས་པ་དང་ཤ་ཁྲག་བཙིར་ཏེ་འབྲས་བུ་ཁྱད་པར་ཅན་འདོད་ནས་སྦྱིན་པར་བྱེད་པ་དེ་དག་གིས་བྱ་བ་བྱས་པ་དེ་ཡང་འབྲས་བུ་ཆེན་པོར་འགྱུར་བར་བྱའོ་སྙམ་དུ་བསམས་ལ་དེ་ནས་ལོངས་སྤྱད་དོ། །བསླབ་བཏུས་སུ་སྦྱིན་པ་པོ་ལ་ཕན་བཏགས་པ་དང་ལུས་ཀྱི་སྲིན་བུ་ད་ལྟ་ཟང་ཟིང་གིས་བསྡུ་ལ་མ་འོངས་པ་ན་ཆོས་ཀྱིས་བསྡུ་སྙམ་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་སྙམ་པའི་བསམ་པས་བཟའ་བར་གསུངས་པའང་དྲན་པར ་བྱའོ། །བཤེས་སྤྲིངས་ལས་ཀྱང༌། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །
རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་སོ། །མི་ཉལ་བར་རྣལ་འབྱོར་ལ་བརྩོན་ཞིང་ཉལ་བའི་ཚེ་ཇི་ལྟར་བྱ་བ་ནི། བཤེས་སྤྲིངས་ལས། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་མོའང་ཐུན་གྱི་སྟོད་སྨད་འདས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །ཞེས་གསུངས་པས། ཉིན་མོ་ཧྲིལ་པོ་དང་མཚན་མོའི་ཆ་སྟོད་སྨད་གཉིས་ཐུན་གྱི་ངོ་བོ་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་བསྟན་པས་འཆག་པ་དང་འདུག་ནས་སྒྲིབ་པ་ལྔ་ལས་སེམས་ཡོངས་སུ་སྦྱངས་པས་དོན་ལྡན་དུ་བྱ་བ་སྟེ་སྔར་བཤད་པ་ལྟར་རོ། །འདི་དང་དབང་པོའི་སྒོ་སྡོམ་པ་དང་ཤེས་བཞིན་དུ་སྤྱོད་པ་གསུམ་ལ་ཐུན་གྱི་ངོ་བོ་དང་ཐུན་མཚམས་གཉིས་ཀའི་ཆོས་ཡོད་པས་འདིར་ཐུན་མཚམས་རྣམས་བཟུང་ངོ་། །ཉལ་བའི་ཀུན་སྤྱོད་ནི་ཐུན་མཚམས་ཡིན་པས་དེ་ཡང་དོན་མེད་དུ་མི་གཏང་བར་བྱའོ། །དེ་ཇི་ལྟར་བྱ་བ་ནི། ཉིན་མོ་དང་མཚན་མོ་ལ་ཆ་གསུམ་དུ་བྱས་པའི་ཆ་སྟོད་ལ་དགེ་བའི་བྱ་བས་དུས་འདའ་བར་བྱས་ནས་ཆ་བར་པ་ལ་བབ་པའི་ཚེ་ཉལ་བར་བྱ་སྟེ། གཉིད་ཀྱིས་རྒྱས་པར་བྱ་བའི་འབྱུང་བ་རྣམས་གཉིད་ཀྱིས་རྒྱས་པར་བྱ་བའི་ཕྱིར་རོ། །དེ་ལྟར་ལུས་དེ་བརྟས་ན་དགེ་བའི་ཕྱོགས་ལ་བརྩོན་འགྲུས་གཉིས་བྱ་བ་ལ་ཤིན་ཏུ་ལས་སུ་རུང་ཞིང་ཕན་པར་ཡང་འགྱུར་རོ། །ཉལ་
བའི་ཚེ་ན་གནས་ཁང་ནས་ཕྱིར་བྱུང་སྟེ་རྐང་པ་བཀྲུས་ནས་ནང་དུ་ཞུགས་པ་དང་གློ་གཡས་པ་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་སེང་གེ་ལྟར་ཉལ་བར་བྱའོ། །སེང་གེ་ལྟར་ཉལ་བ་ནི། ཇི་ལྟར་དུད་འགྲོ་ཐམས་ཅད་ཀྱི་ནང་ན་སེང་གེ་ནི་ལུས་རྩལ་ཆེ་བ་དང་སེམས་གཟེངས་མཐོ་བ་དང་བརྟན་པས་ཕ་རོལ་གནོན་པ་བཞིན་དུ། མི་ཉལ་བར་རྣལ་འབྱོར་ལ་བརྩོན་པའང་རྩལ་ཆེ་བ་སོགས་ཀྱིས་ཕ་རོལ་གནོན་ཞིང་གནས་པས་སེང་གེ་བཞིན་དུ་ཉལ་གྱི། ཡི་དྭགས་དང་ལྷ་དང་འདོད་པ་ལ་སྤྱོད་པ་དག་གི་ཉལ་སྟངས་ནི་དེ་ལྟ་མིན་ཏེ། དེ་དག་ཐམས་ཅད་ལེ་ལོ་ཅན་བརྩོན་འགྲུས་ཞན་པ་ཕ་རོལ་གནོན་པ་ཆུང་བའི་ཕྱིར་རོ། །རྣམ་གྲངས་གཅིག་ཏུ་ན་གློ་གཡས་པས་སེང་གེ་བཞིན་དུ་ཉལ་བ་ནི། ཆོས་ཉིད་ཀྱིས་ལུས་ལྷོད་པར་མི་འགྱུར་བ་དང་གཉིད་ལོག་ནའང་དྲན་པ་མི་བརྗེད་པ་དང་གཉིད་སྟུག་པོར་མི་འགྱུར་བ་དང་རྨི་ལམ་སྡིག་པའམ་ངན་པ་མི་རྨི་བ་ཡིན་གྱི། དེ་ལྟ་མ་ཡིན་པར་ཉལ་བ་ནི་སྔ་མ་བཞི་ལས་ལྡོག་པའི་ཉེས་པ་ཐམས་ཅད་འབྱུང་བའོ། །བསམ་པ་ཇི་འདྲ་བས་ཉལ་བ་ལ་བཞི་ལས། སྣང་བའི་འདུ་ཤེས་ནི། འོད་ཀྱི་མཚན་མ་ལེགས་ པར་བཟུང་སྟེ་འོད་དང་ལྡན་པའི་སེམས ་ཀྱིས་ཉལ་ཏེ། དེས་གཉིད་ལོག་པའི་ཚེ་སེམས་ལ་མུན་པ་མི་འབྱུང་ངོ་། །དྲན་པ་ནི། ཆོས་དགེ་བ་དོན་དང་ལྡན་པ་མཉན་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་དྲན་པ་གཉིད་དུ་མ་སོང་གི་བར་དུ་རྗེས་སུ་འབྲང་བར་བསྟེན་པའོ། །དེས་
ནི་གཉིད་ལོག་པའི་ཚེ་ཡང་མ་ལོག་པ་དང་འདྲ་བར་ཆོས་དེ་དག་ལ་ སེམས་དེ་ལན་མང་དུ་རྗེས་སུ་འཇུག་པར ་འགྱུར་བ་སྟེ་མདོར་ན་གཉིད་ཀྱི་ཚེ་ཡང་དགེ་སྦྱོར་སྐྱོང་བའོ། །ཤེས་བཞིན་ནི། དེ་ལྟར་དྲན་པ་བསྟེན་པའི་ཚེ་ཉོན་མོངས་པ་གང་རུང་བྱུང་ན་དེ་ཤེས་ནས་དང་དུ་མི་ལེན་ཅིང་སྤོང་བར་བྱེད་པའོ། །ལྡང་བའི་འདུ་ཤེས་ནི་གསུམ་ལས། དང་པོ་ནི། རྣམ་པ་ཐམས་ཅད་དུ་གཉིད་ཀྱིས་ནོན་པ་ལ་ སེམས་གཞོལ་བར་མི་བྱེད་པར ་བརྩོན་འགྲུས་ཀྱིས་ཟིན་པའི་སེམས་ཀྱིས་རི་དྭགས་བཞིན་དུ་ཐུམ་ཕྲས་ཀྱིས་ཉལ་བའོ། །དེས་ནི་གཉིད་མི་འཐུག་ཅིང་ལྡང་བའི་དུས་ལས་མི་ཡོལ་བར་སད་པར་ནུས་སོ། །གཉིས་པ་ནི། ཀྱེ་མ་བདག་གིས་སངས་རྒྱས་ཀྱིས་གནང་བའི་མི་ཉལ་བ་ཐམས་ཅད་དུ་བསྒྲུབ་པར་བྱའོ་སྙམ་ནས་དེ་བསྒྲུབ་པའི་ཕྱིར་དུ་འབད་པ་ཆེན་པོས་འདུན་པ་བསྐྱེད་པའོ། །དེས་ནི་སངས་རྒྱས་ཀྱིས་གནང་བའི་སེང་གེའི་ཉལ་སྟངས་ལས་ལྷག་ཆད་མེད་པར་ཉལ་ལ། །གསུམ་པ་ནི། ཇི་ལྟར་བདག་གིས་དེང་མི་ཉལ་བ་དང་དགེ་བའི་ཆོས་རྣམས་བརྩོན་པས་བསྒྲུབ་པ་ལྟར་སང་ཡང་དེ་ལྟར་བྱའོ་སྙམ་དུ་ སེམས་པའོ། །དེས་ནི་དགེ་བ་ལ་འདུན་པ་རྒྱུན་མི་འཆད་པར ་བྱེད་དེ་བརྗེད་ངས་ནའང་གོང་ནས་གོང་དུ་བསྒྲུབ་པའི་ཕྱིར་བརྩོན་པར་བྱེད་དོ། །ཟས་དང་ཉལ་བའི་ཀུན་སྤྱོད་འདི་ཁ་ན་མ་ཐོ་བ་མེད་ཅིང་དོན་ལྡན་དུ་སྤྱོད་པ་བྱུང་ན་ཚེ་དོན་མེད་དུ་འདའ་བ་དུ་མ་ཞིག་ཁེགས་པར་སྣང་བས། འཕགས་
པ་ཐོགས་མེད་ཀྱིས་མདོ་དྲངས་ཏེ་ཇི་ལྟར་གཏན་ལ་ཕབ་པ་ལྟར་བཤད་པ་ཡིན་ནོ། །དེ་ལྟར་ན་དངོས་གཞིའི་སྐབས་ཀྱི་སྐྱོང་ཚུལ་ཐུན་མོང་མ་ཡིན་པ་མ་གཏོགས་པ་སྦྱོར་བ་དང་དངོས་གཞི་དང་མཇུག་དང་ཐུན་མཚམས་སུ་ཇི་ལྟར་བྱ་བ་རྣམས་ནི། འདི་ནས་བཟུང་སྟེ་ལྷག་མཐོང་གི་བར་གྱི་དམིགས་རྣམ་གང་སྐྱོང་ཐམས་ཅད་ལ་སྦྱར་བར་བྱའོ། །ཐུན་མཚམས་སུ་ཇི་ལྟར་བྱ་བ་བཤད་ཟིན་ཏོ། །གཉིས་པ་སྐྱོང་ཚུལ་དེ་ལ་ལོག་རྟོག་དགག་པ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེན་མོ་རྣམས་མན་ངག་ཏུ་འཆར་བ་ལ་བློ་ཁ་མ་ཕྱོགས་པ་རྣམས་ན་རེ། ལམ་བསྒོམ་པའི་ཚེ་ནི་ཡུལ་ལ་ཡང་ཡང་མི་དཔྱོད་པར་འཇོག་སྒོམ་ཁོ༌ན་བྱ་སྟེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱོད་པ་ནི་ཐོས་བསམ་གྱི་སྐབས་ཡིན་པའི་ཕྱིར་དང༌། རྟོག་པ་རྣམས་ནི་མཚན་མར་འཛིན་པ་ཡིན་པས་འཚང་རྒྱ་བ་ལ་གེགས་བྱེད་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ནི་ཉམས་ལེན་གྱི་གནད་གཏན་ནས་མ་རྟོགས་པའི་ཅལ་ཅོལ་ཆེན་པོ་ཡིན་ཏེ། མདོ་སྡེའི་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། །ཚུལ་བཞིན་ཡིད་ལ་བྱེད་པ་གོམས་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། །ཞེས་ཐོས་པའི་དོན་རྣམས་བསམས་བྱུང་གི་ཤེས་རབ་ཀྱིས་ཚུལ་བཞིན་དུ་ཡིད་ལ་བྱས་པ་ལས། ཡང་དག་པའི་དོན་མངོན་སུམ་དུ་རྟོགས་པའི་བསྒོམས་བྱུང་འབྱུང་བར་གསུངས་པའི་ཕྱིར་རོ། །དེས་ན་གང་ཉམས་སུ་བླང་རྒྱུ་དེ་དང་པོར་གཞན་
ལས་མཉན་ནས་གཞན་སྟོབས་ཀྱིས་ངེས་པར་བྱེད། དེ་ནས་ཐོས་པའི་དོན་དེ་རང་གིས་ལུང་དང་རིགས་པས་ཚུལ་བཞིན་དུ་བསམས་ཏེ་རང་སྟོབས་ཀྱིས་ངེས་པར་བྱེད། དེ་ལྟར་ཐོས་བསམ་གྱིས་ངེས་པར་བྱས་ཏེ་ཐེ་ཚོམ་དང་བྲལ་བ༌ན་ཡང་དང་ཡང་དུ་འདྲིས་པར་བྱེད་པ་ལ་སྒོམ་པ་ཞེས་ཟེར་བས་ཡང་ཡང་དཔྱད་ཀྱིན་བསྒོམ་པ་དང་མི་དཔྱོད་པའི་འཇོག་སྒོམ་གཉིས་ཀ་དགོས་ཏེ། ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་ལ་མི་དཔྱོད་པར་འཇོག་པ་དང༌། སོ་སོར་རྟོག་པས་དཔྱད་ནས་བསྒོམ་པ་གཉིས་ཀ་སྣང་བའི་ཕྱིར་རོ། །དེས་ན་སྒོམ་ཐམས་ཅད་འཇོག་སྒོམ་དུ་འདོད་པ་ནི་དཔེར་ན་ནས་རྡོག་གཅིག་བཟུང་ནས་འབྲུ་ཐམས་ཅད་འདི་ཁོ་ན་ཡིན་ནོ་ཞེས་ཟེར་བ་དང་འདྲ་བ་ཡིན་ནོ། །དེ་ཡང་ཐོས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་ཐོས་པ་དང༌། བསམས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་བསམ་པ་འགྲོ་དགོས་པ་ལྟར་བསྒོམས་བྱུང་གི་ཤེས་རབ་ཀྱི་སྔོན་དུའང་སྒོམ་པ་འགྲོ་དགོས་ཏེ་ཤེས་རབ་དེ་ནི་བསྒོམས་པ་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་བྱས་ན་བསྒོམས་བྱུང་གི་ཤེས་རབ་ཀྱི་སྔོན་དུ་འགྲོ་བའི་སྒོམ་པ་དེ་བསམས་བྱུང་གི་ཤེས་རབ་ཀྱིས་ངེས་པར་བྱས་པ་དེ་ཉིད་གོམས་པར་བྱེད་པ་ཡིན་པས། བསམས་བྱུང་གི་ཤེས་རབ་ལས་བསྒོམས་བྱུང་གི་ཤེས་རབ་འབྱུང་བར་གསུངས་པ་ཡིན་ནོ། །དེས་ན་ཐོས་པ་ཇི་ཙམ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་ལ་དེ་མང་བ་ཙམ་དུ་བསམ་པ་མང་བ་དང༌། དེ་མང་བ་ཙམ་དུ་དེ་ལས་བྱུང་བའི་ཤེས་རབ་མང་
བ་དང་དེ་ཇི་ཙམ་མང་བ་བཞིན་དུ་བསྒོམ་པས་ཉམས་སུ་ལེན་པ་མང་ལ་དེ་མང་ན་སྐྱོན་འགོག་པ་དང་ཡོན་ཏན་བསྒྲུབ་པའི་ཚུལ་མང་བས། སྒོམ་བྱེད་པ་ལ་ཐོས་བསམ་གལ་ཆེ་བར་གསུང་རབ་དགོངས་འགྲེལ་དང་བཅས་པ་ནས་གསུངས་པ་ཡིན་གྱི། ཐོས་བསམ་གྱིས་གཏན་ལ་ཕབ་པ་དེ་བསྒོམ་པའི་ཕྱིར་མིན་པར་ཕྱིའི་གོ་རྒྱ་གཅོད་པ་ཙམ་དང་བསྒོམ་པ་ན་གཞན་དེ་དང་འབྲེལ་མེད་ཅིག་བསྒོམ་ན་ནི་དཀྱུ༌ས་གཞན་དུ་བསྟན་ནས་རྒྱུག་ས་གཞན་དུ་བྱེད་པ་ལྟར། དེ་ལྟར་གསུངས་པ་དེ་འབྲེལ་མེད་དུ་འགྱུར་ཞིང་ཤེས་རབ་གསུམ་རིམ་གྱིས་སྐྱེ་བའི་ཚུལ་གསུང་རབ་སྤྱིའི་རྣམ་གཞག་ཀྱང་ལེགས་པར་བཤིག་པ་ཡིན་ལ། ལམ་མ་ནོར་བར་བགྲོད་པ་ལ་མང་དུ་ཐོས་པ་མི་དགོས་ཞེས་པའི་ཅལ་ཅོལ་ཡང་ལེགས་པར་སྨྲས་པར་འགྱུར་རོ། །འདི་དག་གི་གནད་མ་རྟོགས་པའི་རྟགས་སུ་མདོ་ཕྱོགས་སམ། རྒྱུད་སྡེའི་ཕྱོགས་ལ་མང་དུ་སྦྱངས་པ་ཞིག་དང་གཞུང་ལ་སྦྱང་བ་ཡེ་མ་བྱས་པ་གཉིས་ད་གདོད་སྒྲུབ་པ་བྱེད་པའི་ཚེ་ཉམས་ལེན་ལ་མང་ཉུང་མི་འོང་བ་དང༌། གཞན་ཡང་སྒྲུབ་པ་བྱེད་པ་དེས་ཆོས་ཉན་པ་དང་ལྟ་རྟོག་སོགས་བྱས་ན་མཚང་དུ་བྱེད་པའི་ལུགས་ངན་པ་རྣམས་གཏན་ཆགས་པར་བྱུང་བ་ཡིན་ནོ། །དེས་ན་ཐོས་བསམ་གྱི་ཤེས་རབ་ཀྱིས་ངེས་པ་དེ་ཉིད་ལ་འདྲིས་པར་བྱེད་པ་ཙམ་དེ་བསྒོམས་བྱུང་མ་ཡིན་མོད་འོན་ཀྱང་སྒོམ་པ་ཡིན་པ་ཅི་ཞིག་འགལ། འགལ་ན་ནི་བསམ་གཏན་དང་པོའི་ཉེར་བསྡོགས་མ་ཐོབ་པའི་སོ་སྐྱེ་ལ་སྒོམ་གཏན་མི་སྲིད་པར་འགྱུར་ཏེ། འདོད་
པའི་ས་ལ་ས་མཐོན་པོར་ཆུད་པའི་ཚེ་དེ་ལ་བརྟེན་ནས་བསྒོམས་བྱུང་བསྐྱེད་པར་བཤད་པ་མ་གཏོགས་པ་དེ་ལ་བསྒོམས་བྱུང་མེད་པར་ཆོས་མངོན་པ་ལས་ལན་དུ་མར་བཤད་པའི་ཕྱིར་རོ། །དེས་ན་སྒོམ་ཞེས་པ་ནི། ཕར་ཕྱིན་གྱི་འགྲེལ་བཤད་ཚིག་གསལ་བ་ལས། སྒོམ་པར་བྱེད་པ་ཞེས་བྱ་བ་ནི་ཡིད་དེའི་སྐལ་བ་ཅན་དུ་བྱེད་པའམ་དེའི་དངོས་པོར་བྱེད་པའོ། །ཞེས་བཤད་པ་ལྟར་གོ་བར་བྱ་སྟེ། དཔེར་ན། དད་པ་བསྒོམ་སྙིང་རྗེ་བསྒོམ་ཞེས་པ་ནི་ཡིད་དེ་དང་དེར་བསྐྱེད་པ་ལ་བྱ་དགོས་པ་བཞིན་ནོ། །དེའི་ཕྱིར་ལོཙྪ་བ་ཆེན་པོ་རྣམས་ཀྱིས་ཀྱང་རེས་འགའ་སྒོམ་པའི་ལམ་ཞེས་པར་བསྒྱུར་ལ། རེས་འགའ་ནི་མངོན་རྟོགས་རྒྱན་ལས། མཐོང་དང་གོམས་པའི་ལམ་དག་ལ། །ཞེས་གསུངས་པ་ལྟར་གོམས་པར་བསྒྱུར་ཏེ་སྒོམ་པ་དང་གོམས་པ་གཉིས་དོན་གཅིག་གོ །གཞན་ཡང་རྗེ་བཙུན་བྱམས་པས། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང༌། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་ཐེག་ཆེན་འཕགས་པའི་སྒོམ་ལམ་ཡིན་པས་ཡང་ཡང་ སེམས་པ་དང་འཇལ་བ་དང་ངེས་པར ་རྟོག་པ་ཡོད་པར་གསུངས་པ་ལ་དཔྱད་ནས་སྐྱོང་བ་དང་སྒོམ་གཉིས་འགལ་བར་འདོད་པ་ནི་བཞད་གད་ཀྱི་གནས་སོ། །དེ་ལྟར་ན་དད་པ་བསྒོམ་པ་དང་ཚད་མེད་བཞི་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་མི་རྟག་པ་དང་སྡུག་བསྔལ་བསྒོམ་
པ་ཞེས་གསུངས་པ་ལྟ་བུ་ཡང་དང་ཡང་དུ་དཔྱད་ནས་སྐྱོང་དགོས་པ་ལ་སྒོམ་དུ་གསུངས་པ་མཐའ་ཡས་པ་ཞིག་སྣང་སྟེ། སྤྱོད་འཇུག་དང་བསླབ་བཏུས་ལས། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་གཞུང་དེ་གཉིས་སུ་བཤད་པའི་ལམ་གྱི་རིམ་པ་ཐམས་ཅད་སྒོམ་དུ་གསུངས་པ་དང༌། བསླབ་བཏུས་ལས། དེ་ལྟ་བས་ན་ལུས་དང་ལོངས་སྤྱོད་དང་བསོད་ནམས་རྒྱུན་མི་འཆད་པར་བཏང་བ་དང་བསྲུང་བ་དང་དག་པ་དང་སྤེལ་བ་ཅི་རིགས་པར་བསྒོམ་པར་བྱའོ། །ཞེས་ལུས་ལོངས་སྤྱོད་དགེ་རྩ་གསུམ་རེ་རེ་ལ་བཏང་བསྲུང་དག་སྤེལ་བཞི་བཞི་བྱེད་པ་ཐམས་ཅད་སྒོམ་དུ་གསུངས་པའི་ཕྱིར་སྒོམ་ཞེས་པ་དེ་རྒྱ་ཆུང་ཆུང་ཞིག་ལ་མི་བཟུང་ངོ་། །གཞན་ཡང་རྟོག་པ་ཐམས་ཅད་མཚན་འཛིན་ཡིན་པས་འཚང་རྒྱ་བའི་གེགས་སུ་བཟུང་ནས་སོ་སོར་རྟོག་པའི་སྒོམ་ཐམས་ཅད་འདོར་བའི་ལོག་རྟོག་གི་ཐ་ཆད་འདི་ནི། རྒྱ་ནག་གི་མཁན་པོ་ཧྭ་ཤང་གི་ལུགས་ཡིན་ལ། དེ་དགག་པ་ནི་ཞི་གནས་དང་ལྷག་མཐོང་གི་སྐབས་སུ་བཤད་པར་བྱའོ། །གཞུང་ཆེན་མོ་རྣམས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་ཀྱང་ལོག་རྟོག་འདིས་བྱེད་དེ། གཞུང་དེ་དག་གི་དོན་ནི་ཕལ་མོ་ཆེ་སོ་སོར་རྟོག་པས་དཔྱད་དགོས་པ་ཁོ་ནར་སྣང་ལ། དཔྱོད་པ་རྣམས་ཀྱང་ཉམས་ལེན་གྱི་ཚེ་དགོས་པ་མེད་པར་མཐོང་བས་སོ། །བསྟན་པ་ནུབ་པའི་རྐྱེན་དུ༌ཡང་འདི་ཆེ་སྟེ་གསུང་རབ་དང་དགོངས་འགྲེལ་ཆེན་མོ་རྣམས་གདམས་ངག་ཏུ་མི་འགྲོ་བར་མཐོང་ནས་ཞེ་རྩིས་མེད་པའི་
ཕྱིར་རོ། །དེ་ལྟར་ན་ལམ་བསྒོམ་པ་ལ་དཔྱད་ནས་བསྒོམ་པ་དང་མི་དཔྱོད་པར་འཇོག་པའི་སྒོམ་གཉིས་ཡོད་ན། ལམ་ཇི་འདྲ་བ་ནི་དཔྱད་སྒོམ་ཡིན་ལ། ཇི་འདྲ་ཞིག་ནི་འཇོག་སྒོམ་ཡིན་ཞེ་ན། བཤད་པར་བྱ་སྟེ། བཤེས་གཉེན་ལ་དད་པ་བསྒོམ་པ་དང་དལ་འབྱོར་དོན་ཆེ་ཞིང་རྙེད་དཀའ་བ་དང་འཆི་བ་མི་རྟག་པ་དང་ལས་འབྲས་དང་འཁོར་བའི་ཉེས་དམིགས་དང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལྟ་བུ་ལ་ནི་དཔྱད་སྒོམ་དགོས་སོ། །འདི་ལྟར་དེ་དག་ལ་ནི་བློ་ཤུགས་དྲག་ལ་རྒྱུན་རིང་བའི་ཡིད་འཁུལ་ནུས་པ་རེ་དགོས་ཏེ། དེ་མེད་ན་དེ་དག་གི་ལྡོག་ཕྱོགས་མ་གུས་པ་སོགས་འགོག་མི་ནུས་པའི་ཕྱིར་དང༌། བློ་དེ་ལྟ་བུ་བསྐྱེད་པ་ནི་ཡང་དང་ཡང་དུ་སོ་སོར་རྟོག་པས་དཔྱད་ནས་བསྒོམ་པ་ཁོ༌ན་ལ་རག་ལས་པའི་ཕྱིར་རོ། །དཔེར་ན། ཆགས་ཡུལ་ལ་སྡུག་པའི་མཚན་མ་སྒྲོ་འདོགས་པ་མངས་ན་འདོད་ཆགས་དྲག་པོ་སྐྱེ་བ་དང༌། དགྲ་ལ་ཡིད་དུ་མི་འོང་བའི་མཚན་མ་མང་དུ་བསམས་ན་ཞེ་སྡང་དྲག་པོ་སྐྱེ་བ་བཞིན་ནོ། །དེས་ན་ལམ་དེ་དག་བསྒོམ་པ་ལ་ནི་ཡུལ་གྱི་རྣམ་པ་གསལ་མི་གསལ་འདྲ་ཡི། བློའི་འཛིན་སྟངས་ཤུགས་དྲག་ལ་རྒྱུན་རིང་བ་དགོས་པས་དཔྱད་སྒོམ་བྱའོ། །སེམས་དམིགས་པ་གཅིག་ལ་གནས་སུ་མི་བཏུབ་པ་དམིགས་པ་གཅིག་ལ་ཇི་ལྟར་འདོད་འདོད་དུ་བཞག་པས་ཆོག་པའི་ལས་རུང་དུ་བྱེད་པ་ཞི་གནས་བསྒྲུབ་པ་ལ་སོགས་པའི་སྐབས་སུ་ནི་ཡང་དང་ཡང་དུ་དཔྱད་ན་སེམས་གནས་པ་སྐྱེར་མི་ཉན་པས་དེ་ལ་ནི་འཇོག་སྒོམ་བྱ་དགོས་པ་ཡིན་ཏེ། འདི་ནི་ཞི་ལྷག་གི་སྐབས་སུ་བཤད་
པར་བྱའོ། །ཚུལ་དེ་ལྟར་མི་ཤེས་པར་མཁས་པ་ཡིན་ན་དཔྱད་སྒོམ་ཁོ་ན་བྱ་ལ། ཀུ་ས་ལིས་ནི་འཇོག་སྒོམ་ཁོ་ན་བྱའོ་ཞེས་སྨྲ་བ་ཡང༌མ་ཡིན་ཏེ། རེ་རེས་ཀྱང་གཉིས་ཀ་བྱ་དགོས་པའི་ཕྱིར་ཏེ། མཁས་པས་ཀྱང་ཞི་གནས་སོགས་བསྒྲུབ་དགོས་ལ། ཀུ་ས་ལིས་ཀྱང་བཤེས་གཉེན་ལ་དད་པ་ཤུགས་དྲག་སོགས་བསྒྲུབ་དགོས་པའི་ཕྱིར་རོ། །བསྒོམ་པའི་ཚུལ་དེ་གཉིས་ཀྱང་མདོ་སྡེ་དང་རྒྱུད་སྡེའི་ཕྱོགས་གཉིས་ཀར་ནི་སོ་སོར་རྟོག་པའི་སྒོ་ནས་བསྒོམ་དགོས་པ་ཤིན་ཏུ་མང་བར་གསུངས་ལ། ཚུལ་དེས་བསྒོམ་པ་མེད་པའམ་ཉུངས་ན་ལམ་གྱི་སྲོག་དམ་པ་དྲི་མ་མེད་པའི་ཤེས་རབ་མི་སྐྱེ་བ་དང་ཅུང་ཟད་སྐྱེས་ཀྱང་ཤེས་རབ་ཇེ་ཆེར་མི་འཕེལ་བས་ལམ་ལ་ས་ཆོད་ཅི་ཡང་མི་འབྱུང་སྟེ། ལམ་གྱི་བསྒྲུབ་བྱ་མཐར་ཐུག་པ་ནི། ཤེས་རབ་ནང་ན་ཀུན་མཁྱེན་ལྟར། །ཞེས་སློབ་དཔོན་མ༌ཁོལ་གྱིས་གསུངས་པ་ལྟར། ཇི་ལྟ་ཇི་སྙེད་ཐམས་ཅད་མ་འདྲེས་པར་འབྱེད་པའི་ཤེས་རབ་ཏུ་འདུག་པའི་ཕྱིར་རོ། །དེའི་ཕྱིར་ལམ་ཇི་ཙམ་བསྒོམས་པ་ཙམ་དུ་བརྗེད་ངས་ཆེ་བས་དྲན་པ་རྟུལ་བ་དང་སྤང་བླང་འབྱེད་པ་ལ་ཡིད་རྟུལ་དུ་འགྲོ་བར་སྣང་ན་ལམ་གོལ་བར་སོང་བའི་རྟགས་ཡང་དག་ཏུ་ཤེས་པར་བྱའོ། །གཞན་ཡང་དཀོན་མཆོག་གསུམ་ལ་སོགས་པ་ལ་ཡོན་ཏན་གྱི་ཁྱད་པར་མང་པོ་ཤེས་ནས་དེ་ལ་བརྟེན་པའི་དད་པའང་མང་པོར་འཕེལ་བ་དང་འཁོར་བའི་ཉེས་དམིགས་དུ་མ་ཁོང་དུ་ཆུད་ནས་ཡིད་འབྱུང་ཞིང་སྐྱོ་བ་མང་བ་དང་ཐར་པའི་ཕན་ཡོན་ཡང་སྒོ་དུ་མ་ནས་མཐོང་བས་དེ་ལ་དོན་གཉེར་དྲག་པོ་དང༌། བྱང་ཆུབ་ཀྱི་སེམས་དང་ཕྱིན་དྲུག་ལ་སོགས་པའི་
སྤྱོད་པ་ངོ་མཚར་བའང་དུ་མ་ཁོང་དུ་ཆུད་ནས་དེ་དག་ལས་བཟློག་ཏུ་མེད་པའི་དད་པ་དང་འདུན་པ་དང་བརྩོན་པ་རྣམས་ཇེ་རྒྱས་སུ་འགྲོ་བ་ཐམས་ཅད་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གསུང་རབ་ཀྱི་དོན་ལ་དཔྱད་ནས་བསྒོམ་པ་ཁོ་ན་ལ་རག་ལས་པས་བློ་དང་ལྡན་པ་རྣམས་ཀྱིས་ཚུལ་འདི་ལ་གཞན་གྱིས་བཀྲི་བར་མི་ནུས་པའི་ངེས་པ་དྲང་བར་བྱའོ། །སྒོམ་གྱི་ཚུལ་ལ་གོ་བ་ཤིན་ཏུ་ཆུང་བ་རྣམས་ན་རེ། སོ་སོར་རྟོག་པས་དཔྱོད་པ་ཆེས་མང་བར་བྱས་ཏེ་བསྐྱངས་ན་དམིགས་པ་གཅིག་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་གེགས་སུ་འགྱུར་བས་ཏིང་ངེ་འཛིན་བརྟན་པོ་མི་འགྲུབ་བོ་ཞེས་ཟེར་རོ། །བཤད་ པར་བྱ་སྟེ། སེམས ་དམིགས་པ་གཅིག་ལ་ཇི་ལྟར་འདོད་འདོད་དུ་བཞག་པས་ཆོག་པའི་ཏིང་ངེ་འཛིན་སྔར་མ་གྲུབ་པ་གསར་དུ་བསྒྲུབ་པའི་ཚེ་ན་དམིགས་པ་དུ་མ་ལ་དཔྱད་ན་དེ་སྐྱེ་བར་མི་འགྱུར་བས་དེ་མ་གྲུབ་བར་དུ་དེ་བསྒྲུབ་པའི་སྒོམ་ལ་འཇོག་སྒོམ་ཉིད་བྱའོ་ཞེས་ཟེར་ན་ནི་ཁོ་བོ་ཅག་ཀྱང་འདོད་པ་ཡིན་ལ། དེ་ལྟ་བུའི་ཏིང་ངེ་འཛིན་དེ་བསྒྲུབ་པའི་སྔ་རོལ་ཏུ་དཔྱད་སྒོམ་མང་ན་ཏིང་ངེ་འཛིན་དེའི་གེགས་སུ་འདོད་ན་ནི་ཏིང་ངེ་འཛིན་བསྒྲུབ་ལུགས་ཤིང་རྟ་ཆེན་པོའི་དགོངས་འགྲེལ་ནས་བཤད་པ་གཏན་ནས་མ་གོ་བར་གསལ་ཏེ། འདི་ལྟར་དཔེར་ན། གསེར་དང་དངུལ་ནི་མགར་བ་མཁས་པས་ཡང་དང་ཡང་དུ་མེར་བསྲེགས་ཤིང་ཡང་དང་ཡང་དུ་ཆུར་བཀྲུས་ན་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱངས་ཏེ་ཤིན་ཏུ་མཉེན་ཞིང་ལས་སུ་རུང་བར་འགྱུར་བས། དེ་ནས་རྣ་རྒྱན་ལ་སོགས་
པའི་རྒྱན་ཆ་ཅི་འདོད་འདོད་དུ་བསྒྱུར་བས་ཆོག་པ་བཞིན་དུ། སྔོན་ལ་ཉོན་མོངས་དང་ཉེ་བའི་ཉོན་མོངས་དང་ཉེས་སྤྱོད་རྣམས་ལ་ནག་པོའི་ལས་འབྲས་དང་འཁོར་བའི་ཉེས་དམིགས་བསྒོམ་པ་ལ་སོགས་པའི་སྐབས་ནས་འབྱུང་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་དག་གི་ཉེས་དམིགས་ཡང་དང་ཡང་དུ་བསྒོམ་པ་སེམས་ཀུན་ཏུ་གདུང་བར་འགྱུར་བའམ་སྐྱོ་བར་འགྱུར་བའི་ཡིད་བྱེད་ཀྱིས་གསེར་མེར་བསྲེགས་པ་བཞིན་དུ་ནག་ཕྱོགས་རྣམས་ལས་ཡིད་ཕྱིར་ཕྱོགས་པར་བྱེད་ཅིང་དྲི་མ་དེ་དག་སྦྱོང་ལ། བཤེས་གཉེན་གྱི་ཡོན་ཏན་དང་དལ་འབྱོར་དོན་ཆེ་བ་དང་དཀོན་མཆོག་གསུམ་གྱི་ཡོན་ཏན་དང་དཀར་པོའི་ལས་འབྲས་དང་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ལ་སོགས་པའི་སྐབས་ནས་འབྱུང་བ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་དག་གི་ཡོན་ཏན་ཡང་ཡང་བསྒོམ་པ་ སེམས་བརླན་པར ་འགྱུར་བའམ་དང་བར་འགྱུར་བའི་ཡིད་བྱེད་ཀྱིས་གསེར་ཆུར་འཁྲུ་བ་ལྟར་དཀར་ཕྱོགས་རྣམས་ལ་ཡིད་མངོན་དུ་ཕྱོགས་པ་དང་དགའ་བར་བྱས་ནས་དགེ་བའི་ཆོས་ཀྱིས་ སེམས་བརླན་པར ་བྱེད་དོ། །དེ་ལྟར་གྱུར་ན་ཞི་ལྷག་གང་བསྒྲུབ་པར་འདོད་པ་དེ་ལ་ཡིད་གཏད་པ༌ན་ཚེགས་མེད་པར་འགྲུབ་པས། དེ་ལྟ་བུའི་དཔྱད་སྒོམ་ནི་མི་རྟོག་པའི་ཏིང་ངེ་འཛིན་བསྒྲུབ་པའི་ཐབས་མཆོག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་ཐོགས་མེད་ཀྱིས། དཔེར་ན། མགར་བའམ་མགར་བའི་སློབ་མ་མཁས་པ་ཞིག་གིས་གང་གི་ཚེ་གསེར་རམ་དངུལ་ཞིག་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱང་བའི་ཕྱིར། དུས་