ཤོག་ལྷེབ་ ༣༠༡ ནས་ ༤༠༠ བར།
དག་ཀྱང་གནས་ངན་ལེན་གྱིས་ནི་སྡུག་བསྔལ་བའོ། །གཞན་ཡང༌ཚོགས་ཀྱི་གཏམ་ལས། གང་ཞིག་གཟུགས་ཅན་གཟུགས་མེད་པའི། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང༌། །ཏིང་འཛིན་བདེ་བའི་བདག༌ཉིད་ཅན། །བསྐལ་པར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ལས་སླར་ཡང་ལྟུང་བར་འགྱུར། །ངན་འགྲོའི་སྡུག་བསྔལ་རྦ་ཀློང་ལས། །འདས་པ་ལྟ་བུར་བྱུང་གྱུར་ལ། །འབད་ཀྱང་ཇི་ལྟར་རིང་མི་གནས། །མཁའ་ལ་ལྡིང་བའི་བྱ་དང་མཚུངས། །བྱིས་པའི་སྟོབས་ཀྱིས་མདའ་འཕངས་ལྟར། །དེ་ནི་ལྟུང་བའི་མཐའ་ཅན་ཡིན། །མར་མེ་རིང་དུ་འབར་བ་དག །སྐད་ཅིག་རེ་རེར་འཇིག་པ་ལྟར། །འདུ་བྱེད་ཡོངས་འགྱུར་ཞེས་པ་ཡི། །སྡུག་བསྔལ་དག་གིས་ཉེ་བར་གཙེས། །ཞེས་གསུངས་སོ། །དེ་ལྟར་རིགས་ལྔའམ་དྲུག་གི་འགྲོ་བ་རྣམས་ཀྱི་སྤྱི་དང་སོ་སོའི་སྡུག་བསྔལ་བསམས་ནས། འཁོར་བ་ལས་ཡིད་འབྱུང་བར་བྱས་ན་དེ་ལྟར་འཁོར་བའི་རྒྱུ་གང་གིས་བྱས་སྙམ་དུ་རྒྱུ་ལ་རྟོག་པ་འབྱུང་བས། གཉིས་པ་ཀུན་འབྱུང་གི་སྒོ་ནས་འཁོར་བའི་འཇུག་རིམ་བསམ་པ་ལ་གསུམ། ཉོན་མོངས་པའི་སྐྱེ་ཚུལ། དེས་ལས་གསོག་ཚུལ། འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལོ། །དང་པོ་ནི། འཁོར་བ་འགྲུབ་པའི་རྒྱུ་ལ་ལས་དང་ཉོན་མོངས་པ་གཉིས་དགོས་ཀྱང༌། ཉོན་མོངས་པ་གཙོ་བོ་ཡིན་ཏེ། ཉོན་མོངས་མེད་ན་སྔར་བསགས་ཀྱི་ལས་བགྲང་ལས་འདས་
པ་ཡོད་ཀྱང་རླན་དང་ས་ལ་སོགས་པ་མེད་པའི་ས་བོན་གྱིས་མྱུ་གུ་མི་འགྲུབ་པ་བཞིན་དུ། ལས་ལ་ལྷན་ཅིག་བྱེད་རྐྱེན་མེད་པས་སྡུག་བསྔལ་གྱི་མྱུ་གུ་མི་འགྲུབ་པའི་ཕྱིར་དང༌། ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་ཀྱང་དེ་མ་ཐག་གསར་དུ་བསགས་ནས་ཕུང་པོ་ཕྱི་མ་ལེན་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་འགྲེལ་ལས། སྲིད་པའི་སྲེད་ལས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །ཞེས་དང༌། སྲེད་པ་ནི། །ཡོད་ན་སླར་ཡང་འབྱུང་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་ཉོན་མོངས་པའི་གཉེན་པོ་བསྟེན་པ་གལ་ཆེ་ལ། དེ་ཡང་ཉོན་མོངས་ཤེས་པ་ལ་རག་ལས་པས་ཉོན་མོངས་པ་རྣམས་ལ་མཁས་པར་བྱའོ། །འདི་ལ་བཞི། ཉོན་མོངས་ངོས་བཟུང་བ་དང༌། ཇི་ལྟར་སྐྱེ་བའི་རིམ་པ་དང༌། ཉོན་མོངས་པའི་རྒྱུ་དང༌། ཉོན་མོངས་པའི་ཉེས་དམིགས་སོ། །དང་པོ་ལ་ཉོན་མོངས་སྤྱིའི་མཚན་ཉིད་ནི། ཀུན་ལས་བཏུས་ལས། ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ། དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་དེ་ཉོན་མོངས་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། གང་སྐྱེས་པ་ན་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའོ། །སོ་སོའི་མཚན་ཉིད་ལ་ཉོན་མོངས་བཅུ་ལས། འདོད་ཆགས་ནི། ཕྱིའམ་ནང་གི་ཡུལ་སྡུག་པ་ཡིད་དུ་འོང་བ་ལ་དམིགས་ནས་རྗེས་སུ་ཆགས་པ་སྟེ། དཔེར་ན་རས་ལ་སྣུམ་ཞུགས་པ་དབྱུང་དཀའ་བ་བཞིན་དུ། འདི་ཡང་རང་གི་
དམིགས་པ་ལ་ཞེན་ཅིང་མཆེད་པ་ནི་དམིགས་པ་དེ་དང་དབྲལ་དཀའ་བའོ། །ཁོང་ཁྲོ་བ་ནི། སེམས་ཅན་རྣམས་དང་སྡུག་བསྔལ་དང་མཚོན་དང་ཚེར་མ་སོགས་སྡུག་བསྔལ་གྱི་གནས་རྣམས་ལ་དམིགས་ནས་ཀུན་ནས་མནར་སེམས་པ་སེམས་རྩུབ་མོ་ཡུལ་དེ་རྣམས་ལ་གནོད་པ་བྱ་བར་སེམས་པའོ། །ང་རྒྱལ་ནི། འཇིག་ལྟ་ལ་བརྟེན་ཏེ་ཕྱིའམ་ནང་གི་མཐོ་དམན་དང་བཟང་ངན་ལ་དམིགས་ནས་སེམས་ཁེངས་པ་སྟེ། མཐོ་བའི་རྣམ་པ་ཅན་དུ་འཇུག་པའོ། །མ་རིག༌པ་ནི། བདེན་བཞི་དང་ལས་འབྲས་དང་དཀོན་མཆོག་གི་རང་བཞིན་ལ་བློ་མི་གསལ་བས་མི་ཤེས་པའི་ཉོན་མོངས་ཅན་ནོ། །ཐེ་ཚོམ་ནི། བདེན་པ་སོགས་གསུམ་ལ་དམིགས་ནས་ཡོད་དམ་མེད་ཡིན་ནམ་མིན་སྙམ་པའོ། །འཇིག་ཚོགས་ལ་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །དེ་ལ་འཇིག་པ་ནི་མི་རྟག་པ་དང་ཚོགས་པ་ནི་དུ་མ་ཡིན་པས་འདིས་གང་ལ་ལྟ་བའི་གཞི་ནི་མི་རྟག་པ་དང་དུ་མའི་ཆོས་ཙམ་ཡིན་གྱི། རྟག་པ་དང་གཅིག་པུའི་གང་ཟག་ནི་མེད་དོ། །ཞེས་བསྟན་པའི་ཕྱིར་དུ་འཇིག་ཚོགས་ལ་ལྟ་བ་ཞེས་མིང་བཏགས་སོ། །མཐར་འཛིན་པའི་ལྟ་བ་ནི། འཇིག༌ལྟས་གང་བཟུང་བའི་བདག་དེ་ལ་དམིགས་ནས་རྟག་པ་ཐེར་ཟུག་པའམ་འདི་ནས་ཕྱི་མར་ཉིང་མཚམས་སྦྱོར་བ་མེད་པའི་ཆད་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་ནི། འཇིག་
ལྟ་དང་མཐར་ལྟ་དང་ལོག་ལྟ་གསུམ་གང་རུང་དང་དེ་དག་གང་ལ་བརྟེན་ནས་འབྱུང་བའི་ལྟ་བ་པོའི་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། འཆལ་ཚུལ་སྤོང་བའི་ཚུལ་ཁྲིམས་དང༌། ཆ་བྱད་དང་ཚུལ་དང་ལུས་དང་ངག་གི་འཇུག་པ་ངེས་པར་བྱེད་པའི་བརྟུལ་ཞུགས་དང༌། གང་ལ་བརྟེན་ནས་དེ་དག་འབྱུང་བའི་ཕུང་པོ་ལ་དམིགས་ནས་སྡིག་པ་འདག་པ་དང་ཉོན་མོངས་ལས་གྲོལ་བ་དང་འཁོར་བ་ལས་ངེས་པར་འབྱིན་པར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་ནོ། །ལོག་པར་ལྟ་བ་ནི། ཚེ་སྔ་ཕྱི་དང་ལས་འབྲས་སོགས་མེད་ཅེས་སྐུར་པ་འདེབས་པ་དང༌། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་འགྲོ་བའི་རྒྱུར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ནོ། །ཉོན་མོངས་བཅུ་པོ་དེ་དག་ནི་ཀུན་ལས་བཏུས་དང་རྣལ་འབྱོར་སྤྱོད་པའི་ས་དང་ཕུང་པོ་ལྔའི་རབ་བྱེད་ཀྱི་བཤད་པ་ལས་འབྱུང་བ་ལྟར་བཤད་པའོ། །གཉིས་པ་ཇི་ལྟར་སྐྱེ་བའི་རིམ་པ་ནི། འཇིག་ལྟ་དང་མ་རིག་པ་སོ་སོར་འདོད་པ་ལྟར་ན། དཔེར་ན་ཐག་པ་བསྡོགས་པ་ལ་མུན་པ་ཅུང་ཟད་བབ་སྟེ་ཐག་པའི་གནས་ལུགས་མི་གསལ་བ་ན་དེ་ལ་སྦྲུལ་དུ་འཛིན་པའི་བློ་སྐྱེ་བ་ལྟར། ཕུང་པོའི་གནས་ལུགས་གསལ་བ་ལ་སྒྲིབ་པའི་མ་རིག་པའི་མུན་པ་ལས་ཕུང་པོ་ལ་བདག་ཏུ་འཁྲུལ་བ་སྐྱེ་ལ། དེ་ལས་ཉོན་མོངས་གཞན་རྣམས་སྐྱེའོ། །དེ་གཉིས་གཅིག་ཏུ་འདོད་པ་ལྟར་ན། འཇིག་ལྟ་ཉིད་ཉོན་མོངས་ཀྱི་རྩ་བའོ། །དེ་ཡང་འཇིག་ལྟས་བདག་
ཏུ་བཟུང་བ་ན་རང་གཞན་སོ་སོ་བར་རིས་སུ་གཅོད་པར་བྱེད་ལ། དེ་ལྟར་བཅད་ནས་རང་གི་ཕྱོགས་ལ་ཆགས་པ་དང་གཞན་གྱི་ཕྱོགས་ལ་ཞེ་སྡང་འབྱུང་ཞིང་བདག་ལ་དམིགས་ནས་ཁེངས་པ་ཡང་སྐྱེ་ལ། བདག་དེ་ཉིད་ལ་རྟག་ཆད་དུ་འཛིན་ཅིང་བདག་ཏུ་ལྟ་བ་སོགས་དང་དེ་དང་འབྲེལ་བའི་སྤྱོད་པ་ངན་པ་ལ་མཆོག་ཏུ་འཛིན་པ་སྐྱེའོ། །དེ་བཞིན་དུ་བདག་མེད་པ་སྟོན་པའི་སྟོན་པ་དང་དེས་བསྟན་པའི་ལས་འབྲས་དང་བདེན་བཞི་དང་དཀོན་མཆོག་སོགས་ལ་དེ་དག་མེད་དོ་ཞེས་པའི་ལོག་ལྟའམ། ཡང་ན་དེ་ལྟ་བུ་ཡོད་དམ་མེད་ཡིན་ནམ་མིན་སྙམ་དུ་ཐེ་ཚོམ་བསྐྱེད་དེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ཉོན་མོངས་པ་སྐྱེ་བའི་རྒྱུ་ནི་དྲུག་ལས། རྟེན་ནི། ཉོན་མོངས་པའི་བག་ལ་ཉལ་ལོ། །དམིགས་པ་ནི། ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་ཡུལ་རྣམས་སྣང་བའོ། །འདུ་འཛི་ནི། སྐྱེས་བུ་དམ་པ་མ་ཡིན་པ་གྲོགས་ངན་པའི་རྗེས་སུ་སློབ་པའོ། །བཤད་པ་ནི། ཆོས་ལོག་པ་མཉན་པའོ། །གོམས་པ་ནི། སྔོན་ཉོན་མོངས་པ་འདྲིས་པའི་སྟོབས་བསྐྱེད་པའོ། །ཡིད་ལ་བྱེད་པ་ནི། སྡུག་མི་སྡུག་གི་མཚན་མ་སྒྲོ་འདོགས་པ་དང་། མི་རྟག་པ་ལ་རྟག་པར་འཛིན་པ་སོགས་ཚུལ་མིན་ཡིད་བྱེད་དོ། །བཞི་པ་ཉེས་དམིགས་ནི། ཉོན་མོངས་སྐྱེས་པ་ན། དང་པོར་
སེམས་ཀུན་ནས་ཉོན་མོངས་པར་བྱེད་པ་དང་། དམིགས་པ་ལ་ཕྱིན་ཅི་ལོག་ཏུ་བྱེད་པ་དང༌། བག་ལ་ཉལ་བརྟན་པར་བྱེད་པ་དང༌། རིགས་མཐུན་གྱི་ཉོན་མོངས་མི་འཆད་པར་བྱེད་པ་དང༌། རང་དང་གཞན་དང་གཉིས་ཀ་ལ་གནོད་པ་དང༌། ཚེ་འདི་དང་ཕྱི་མ་དང་གཉིས་ཀ་ལ་ཁ་ན་མ་ཐོ་བ་སྐྱེད་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་མྱོང་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འགྲུབ་པར་བྱེད་པ་དང༌། མྱང་འདས་ལས་རིང་དུ་དང༌། དགེ་བ་ལས་ཉམས་པར་བྱེད་པ་དང་། ལོངས་སྤྱོད་ལས་ཉམས་པ་དང་། འཁོར་གྱི་ནང་དུ་སོང་བ་ན་ཡིད་ཞུམ་པ་དང་། དགའ་བ་དང་མི་འཇིགས་པ་མེད་པ་དང༌། ཕྱོགས་མཚམས་ཀུན་ཏུ་མི་སྙན་པ་འཕེལ་བ་དང༌། སྟོན་པ་དང་སྲུང་མ་སོགས་དམ་པས་སྨོད་པ་དང༌། འགྱོད་བཞིན་དུ་འཆི་ལ་ཤི་ནས་ཀྱང་ངན་འགྲོར་སྐྱེ་ཞིང་རང་གི་དོན་མི་འཐོབ་པའོ། །མདོ་སྡེའི་རྒྱན་ལས་ཀྱང༌། ཉོན་མོངས་རྣམས་ཀྱིས་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྨད། །རྩོད་པ་མི་སྙན་དེ་ནི་གཞན་དུ་མི་ཁོམ་གནས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་ཡིད་ལ་སྡུག་བསྔལ་ཆེན་པོ་འཐོབ། །ཅེས་གསུངས་སོ། །སྤྱོད་འཇུག་ལས་ཀྱང༌། ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། །རྐང་ལག་ལ་སོགས་ཡོད་མིན་ལ། །དཔའ་མཛངས་མིན་ཡང་ཅི་ཞིག་ལྟར། །དེ་དག་གིས་བདག་བྲན་བཞིན་བྱས། །བདག་གི་སེམས་ལ་གནས་བཞིན་དུ། །དགའ་མགུར་
བདག་ལ་གནོད་བྱེད་པ། །དེ་ལ་མི་ཁྲོ་བཟོད་པ་ནི། །གནས་མིན་བཟོད་པ་སྨད་པའི་གནས། །གལ་ཏེ་ལྷ་དང་ལྷ་མིན་རྣམས། །ཐམས་ཅད་བདག་ལ་དགྲར་ལངས་ཀྱང༌། །དེ་དག་གིས་ཀྱང་མནར་མེད་པའི། །མེ་ནང་ཁྲིད་ཅིང་འཇུག་མི་ནུས། །ཉོན་མོངས་སྟོབས་ཅན་དགྲ་འདིས་ནི། །གང་དང་ཕྲད་ན་རི་རབ་ཀྱང༌། །ཐལ་བ་ཡང་ནི་མི་ལུས་པ། །དེར་བདག་སྐད་ཅིག་གཅིག་ལ་འདོར། །བདག་གི་ཉོན་མོངས་དགྲ་བོ་གང༌། །དུས་རིང་ཐོག་མཐའ་མེད་པ་ལྟར། །དགྲ་གཞན་ཀུན་ཀྱང་དེ་ལྟ་བུར། །ཡུན་རིང་ཐུབ་པ་མ་ཡིན་ནོ། །མཐུན་པར་རིམ་གྲོ་བསྟེན་བྱས་ན། །ཐམས་ཅད་ཕན་དང་བདེ་བྱེད་ན། །ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །ཅེས་གསུངས་པའི་ཉེས་དམིགས་རྣམས་ཤེས་པར་བྱའོ། །དགོན་པ་བའི་ཞལ་ནས། ཉོན་མོངས་སྤོང་བ་ལ་ཉོན་མོངས་པའི་ཉེས་དམིགས་དང་མཚན་ཉིད་དང་གཉེན་པོ་དང་སྐྱེ་བའི་རྒྱུ་རྣམས་ཤེས་དགོས། ཉེས་དམིགས་ཤེས་པར་བྱས་ནས་སྐྱོན་དུ་བལྟ། དགྲར་བཟུང༌། ཉེས་དམིགས་མ་ཤེས་ན་དགྲར་མི་གོ་བས། མདོ་སྡེའི་རྒྱན་དང༌། སྤྱོད་འཇུག་ནས་གསུངས་པ་ལྟར་སེམས་པ་ཡིན་གསུང་བ་དང༌། ཉོན་མོངས་ཀྱི་མཚན་ཉིད་ཤེས་པ་ལ་ཡང་ཆོས་མངོན་པ་མཉན། མ་མཐའ་ནའང་ཕུང་པོ་ལྔའི་རབ་བྱེད་མཉན་ལ། རྩ་བ་དང་ཉེ་བའི་ཉོན་མོངས་རྣམས་ངོ་ཤེས་པར་བྱས་ནས་ཆགས་སྡང་ལ་སོགས་པ་གང་རུང་རྒྱུད་ལ་སྐྱེས་ཙ་ན། འདི་དེ་ཡིན་ཨང་ཁོ་བྱུང་ངོ་སྙམ་དུ་
ངོས་བཟུང་གིན་ཉོན་མོངས་དང་འཐབ་པ་ཡིན་ནོ་གསུང་བ་ལྟར་གོ་དགོས་པ་ཡིན་ནོ། །གཉིས་པ་དེས་ལས་གསོག་པའི་ཚུལ་ལ་གཉིས། བསག་པར་བྱ་བའི་ལས་ངོས་བཟུང་བ་དང༌། དེ་ཇི་ལྟར་གསོག་པའི་ཚུལ་ལོ། །དང་པོ་ནི་གཉིས་ཏེ། སེམས་པའི་ལས་དང༌། བསམས་པའི་ལས་སོ། །དང་པོ་ནི། ཀུན་ལས་བཏུས་ལས། སེམས་པ་གང་ཞེ་ན། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར། རང་དང་མཚུངས་པར་ལྡན་པའི་སེམས་ཡུལ་རྣམས་ལ་གཡོ་ཞིང་སྐུལ་བར་བྱེད་པའི་སེམས་བྱུང་ཡིད་ཀྱི་ལས་སོ། །གཉིས་པ་ནི། སེམས་པ་དེས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཏེ། མཛོད་ལས། ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པའི་ཕྱིར་རོ། །ལུས་ངག་གི་ལས་ལ་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་སུ་བྱས་ནས་གཟུགས་ཅན་ཁོ་ནར་བྱེ་བྲག་ཏུ་སྨྲ་བ་འདོད་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བཀག་ནས། ལུས་ངག་གི་རིག་བྱེད་དང་མཉམ་དུ་འཇུག་པའི་སེམས་པ་ལ་བཞེད་པས་ལས་གཉིས་ཀ་སེམས་པར་བཤད་དོ། །སྤྱིར་ལས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ཀྱང༌། འདིར་ནི་དང་པོ་གཉིས་སོ། །དགེ་བའི་ལས་ལ་ཡང་ཟག་བཅས་ཟག་མེད་གཉིས་ལས། འདིར་ཟག་བཅས་དང་དེ་ལ་ཡང་
འཕགས་པའི་རྒྱུད་ལ་ཡོད་པ་དང་སོ་སོ་སྐྱེ་བོའི་རྒྱུད་ལ་ཡོད་པ་གཉིས་ལས་འདིར་ཕྱི་མའོ། །དེ་ལ་མི་དགེ་བའི་ལས་ནི་བསོད་ནམས་མ་ཡིན་པའི་ལས་ཡིན་ལ། བསོད་ནམས་ཀྱི་ལས་ནི་འདོད་པ་ཁམས་ཀྱིས་བསྡུས་པའི་དགེ་བའི་ལས་སོ། །མི་གཡོ་བའི་ལས་ནི་གཟུགས་དང་གཟུགས་མེད་ཀྱི་སས་བསྡུས་པའི་དགེ་བ་ཟག་པ་དང་བཅས་པའི་ལས་སོ། །དེ་ལྟར་ཡང་མཛོད་ལས། བསོད་ནམས་འདོད་ཁམས་དགེ་བའི་ལས། །མི་གཡོ་གོང་མ་ལས་སྐྱེས་པའི། །ཞེས་གསུངས་སོ། །ཅིའི་ཕྱིར་མི་གཡོ་བའི་ལས་ཞེས་བྱ་ཞེ་ན། ཇི་ལྟར་འདོད་པ་ཁམས་ན་ལྷའི་རྟེན་ལ་སྨིན་རྒྱུའི་ལས་ཁ་ཅིག་མི་དང་དུད་འགྲོ་དང་ཡི་དྭགས་ཀྱི་རྟེན་ལ་སྨིན་པ་ནི་འབྲས་བུ་གཡོ་བ་ཡིན་པ་དེ་བཞིན་དུ་ཁམས་གོང་མར་ས་གཞན་དུ་སྨིན་རྒྱུའི་ལས། ས་དེ་ལས་གཞན་དུ་མི་སྨིན་པས་མི་གཡོ་བ་ཞེས་བྱ་སྟེ། མཛོད་ལས། གང་ཕྱིར་ས་ནི་དེ་དག་ཏུ། །ལས་རྣམས་སྨིན་ཕྱིར་མི་གཡོའི་ཕྱིར། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་གསོག་པའི་ཚུལ་ནི། སྤྱིར་འཕགས་པ་རྣམས་ལ་དགེ་བའི་ལས་བསྐྱེད་ཅིང་གསོག་པ་ཡོད་ལ། མི་དགེ་བའི་ལས་ཀྱང་རྒྱུན་ཞུགས་དང་ཕྱིར་འོང་གིས་གསོག་པ་ཡོད་ཀྱང༌། ངན་འགྲོ་དང་བདེ་འགྲོའི་འཁོར་བར་འཕེན་པའི་ལས་ནི་འཕགས་པས་གསོག་པ་མི་སྲིད་དེ། དབུ་མ་རྩ་བ་ལས། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་
མིན་དེ་ཉིད་མཐོང་ཕྱིར་རོ། །ཞེས་གསུངས་པ་དང༌། སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཇི་སྲིད་དུ་རང་ཉིད་གང་ཟག་གི་བདག་ཏུ་འཛིན་པའི་དབང་དུ་འགྲོ་བ་དེ་སྲིད་དུ་འཕེན་བྱེད་ཀྱི་ལས་གསོག་ལ། བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ནས་ནི་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་ཡོད་ཀྱང་འཕེན་བྱེད་ཀྱི་ལས་གསར་དུ་མི་གསོག་སྟེ། མི་སྟོབས་ལྡན་གྱིས་སྟོབས་ཆུང་ངུ་བརྡུང་བ་ལྟར། རྒྱུན་ཞུགས་དང་ཕྱིར་འོང་གིས་ཀྱང་བདག་འཛིན་དང་དུ་མི་ལེན་ཅིང༌། སྤོང་བར་རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པའི་ཕྱིར་རོ། །དེས་ན་འཁོར་བར་འཕེན་པར་བྱེད་པའི་ལས་གསོག་པ་པོ་ནི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པ་མན་ཆོད་ཀྱི་སོ་སོ་སྐྱེ་བོ་ཐམས་ཅད་དོ། །དེ་ལྟར་ཉོན་མོངས་ཅན་གྱི་མ་རིག་པ་དང་འཇིག་ལྟའི་གཞན་དབང་དུ་གྱུར་པ་དེས་སྒོ་གསུམ་པོས་སྲོག་གཅོད་སོགས་མི་དགེ་བ་མངོན་པར་འདུ་བྱེད་ན་བསོད་ནམས་མ་ཡིན་པའི་ལས་གསོག་ལ། འདོད་ཁམས་ཀྱི་དགེ་བ་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་སོགས་འདུ་བྱེད་ན་བསོད་ནམས་ཀྱི་ལས་དང་། བསམ་གཏན་དང་གཟུགས་མེད་པའི་སས་བསྡུས་པའི་ཞི་གནས་སོགས་བསྒོམ་ན་མི་གཡོ་བའི་ལས་གསོག་པ་ཡིན་ནོ། །འོ་ན་སྲིད་པའི་ཕུན་ཚོགས་ཐམས་ཅད་ལ་ཉེས་དམིགས་སུ་བལྟས་ནས་ཐར་པ་འདོད་པའི་འདུན་པས་ཀུན་ནས་བསླངས་ཏེ་དགེ་བའི་
ལས་དུ་མ་བསྒྲུབ་པ་དང༌། གཞན་ཡང་བདག་མེད་པའི་དོན་ལ་ཚུལ་བཞིན་དུ་དཔྱོད་པའི་ཤེས་རབ་དང་མཚུངས་པར་ལྡན་པའི་སེམས་པ་དགེ་བའི་ལས་རྣམས་འཁོར་བའི་རྒྱུ་ཀུན་འབྱུང་ཡིན་ནམ་མིན་ཞེ་ན། སྤྱིར་ཚོགས་ལམ་པ་དང་སྦྱོར་ལམ་པས་འཕེན་བྱེད་ཀྱི་ལས་རང་དགའ་བ་གསོག་པ་ཡོད་ཀྱང༌། བསམ་པ་དེ་ལྟ་བུས་ཀུན་ནས་བསླངས་པ་དང་བདག་མེད་པ་ལ་དཔྱོད་པའི་ཤེས་རབ་དང་མཚུངས་ལྡན་གྱི་དགེ་བའི་ལས་རྣམས་ནི་སྲིད་པ་ཕྱི་མ་ལ་སྲེད་པའི་གཉེན་པོའི་ཕྱོགས་ཡིན་ཅིང༌། འཁོར་བའི་རྩ་བ་བདག་འཛིན་དང་དམིགས་རྣམ་འགལ་བར་འཇུག་པས་འཕེན་བྱེད་ཀུན་འབྱུང་གི་བདེན་པ་རང་དགའ་བ་དངོས་མ་ཡིན་ཀྱང༌། ཡང་སྲིད་ཕྱི་མ་བསྐྱེད་པའི་ཀུན་འབྱུང་དངོས་དང་རྗེས་སུ་མཐུན་པས་ཀུན་འབྱུང་གིས་བསྡུས་པར་བཞག་གོ །དེ་ལྟར་ཡང༌གཏན་ལ་དབབ་པ་བསྡུ་བ་ལས། འཇིག་རྟེན་པའི་ཆོས་གང་དག་ཡང་འབྱུང་བའི་སྲེད་པ་སུན་འབྱིན་ཞིང་དེ་ལ་མི་ཕྱོགས་བར་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་དེ་དག་ཅིའི་ཕྱིར་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་ཞེ་ན། དེ་དག་ནི་ངོ་བོ་ཉིད་ཀྱིས་ཡང་འབྱུང་བའི་སྲིད་པ་ལ་མི་ཕྱོགས་པ་ཡིན་མོད་ཀྱི། འོན་ཀྱང་ཡང་འབྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་རྗེས་སུ་མཐུན་པ་ཡིན་པས་དེའི་ཕྱིར་ཀུན་འབྱུང་བའི་བདེན་པས་བསྡུས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འཁོར་བའི་ཉེས་དམིགས་ལེགས་པར་
བསམས་ནས། དེ་ལས་ཡིད་འབྱུང་བའི་བསམ་པས་ཀུན་ནས་བསླངས་པའི་དགེ་བའི་ལས་འཇིག་རྟེན་ལས་འདས་པའི་ལམ་སྐྱེད་པར་བྱེད་པ་རྣམས་ཀུན་འབྱུང་རྗེས་མཐུན་པར་གསུངས་པས། བསམ་པ་འདི་དང་བདག་མེད་པའི་ཤེས་རབ་བསྐྱེད་པ་ལ་འབད་དགོས་སོ། །དེ་ལྟར་ན་འཁོར་བ་ལ་རྣམ་གྲངས་དུ་མར་ཉེས་དམིགས་སུ་བརྟགས་ཏེ་བསྒོམས་པས་འཁོར་བའི་ཕུན་ཚོགས་ལ་སྲེད་པ་སུན་འབྱིན་པའི་གཉེན་པོ་ཡང་མ་རྙེད། བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚུལ་བཞིན་དུ་ཡང་མ་དཔྱད། བྱང་ཆུབ་ཀྱི་སེམས་གཉིས་ལ་གོམས་པར་བྱེད་པ་དང་བྲལ་བའི་དགེ་སྦྱོར་རྣམས་ནི། ཞིང་གི་མཐུ་ལ་བརྟེན་པ་འགའ་རེ་མ་གཏོགས་པ་ཀུན་འབྱུང་རང་དགའ་བར་འགྲོ་བས་འཁོར་བའི་འཁོར་ལོ་བསྐོར་བ་ཡིན་ནོ། །ལས་གསོག་པ་དེ་ཡང་གཉིས་ཏེ། ཚོར་བ་བདེ་བའི་དོན་དུ་གསོག་པ་དང༌། ཚོར་བ་བཏང་སྙོམས་ཀྱི་ཕྱིར་གསོག་པའོ། །དང་པོ་ལ་གཉིས་ཏེ། གཟུགས་སྒྲ་ལ་སོགས་པའི་འདོད་པའི་ཡོན་ཏན་སྤྱད་པ་ལས་བྱུང་བའི་བདེ་བ་དང་། ཁ་ཕྱིར་བལྟའི་བདེ་བ་དེ་ལ་ཆགས་པ་ལོག་ནས་ཏིང་ངེ་འཛིན་ལས་སྐྱེས་པའི་ཚོར་བའི་བདེ་བའི་དོན་དུ་ལས་གསོག་པའོ། །དེ་ལ་དང་པོ་ལ་གཉིས་ལས། གཙོ་བོར་མ་ཤི་ཙམ་ཚུན་ཆོད་ཀྱི་ཚེ་འདིའི་བདེ་བའི་ཕྱིར་དུ་དམིགས་ན་ནི་བསོད་ནམས་མ་ཡིན་པའི་ལས་གསོག་ལ། འཇིག་རྟེན་ཕྱི་མའི་འདོད་པའི་བདེ་བ་ལ་གཙོ་བོར་དམིགས་ན་ནི་བསོད་ནམས་ཀྱི་ལས་
གསོག་གོ །ཏིང་ངེ་འཛིན་ལས་སྐྱེས་པའི་ཚོར་བའི་བདེ་བ་ལ་གཙོ་བོར་དམིགས་ན་ནི། བསམ་གཏན་གསུམ་པ་མན་ཆད་ནས་དང་པོའི་བར་དུ་སྐྱེ་བའི་མི་གཡོ་བའི་ལས་གསོག་ལ། འདོད་པ་ལ་ཡང་ཆགས་པ་ལོག་ཅིང་ཚོར་བ་བདེ་བས་ཀྱང་ཡིད་སུན་ནས་ཚོར་བ་བཏང་སྙོམས་པའི་དོན་དུ་ལས་འདུ་བྱེད་ན་ནི་བསམ་གཏན་བཞི་པ་ནས་སྲིད་རྩེའི་བར་དུ་སྐྱེ་བའི་མི་གཡོ་བའི་ལས་གསོག་སྟེ། སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་ཡིན་ནོ། །དེའི་རིགས་པས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་ནས་ཐར་པའི་ཕྱིར་དུ་སྒོ་གསུམ་དགེ་བ་ལ་མངོན་པར་འདུ་བྱེད་ན་འཁོར་བ་ལ་ཇེ་རིང་དང་ཐར་པ་ལ་ཇེ་ཉེར་འགྱུར་བ་ཡིན་ནོ། །གསུམ་པ་འཆི་འཕོ་བ་དང༌ཉིང་མཚམས་སྦྱོར་ཚུལ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་གང་ནས་སྡུད་པ། ཤི་ནས་བར་དོ་འགྲུབ་ལུགས། དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ། །དང་པོ་ནི། ཚེ་ཟད་པས་འཆི་བ་ནི། སྔོན་གྱི་ལས་ཀྱིས་ཇི་ལྟར་འཕངས་པའི་ཚེ་ཐམས་ཅད་ཟད་ནས་འཆི་བ་སྟེ་དུས་ལ་བབ་ནས་འཆི་བའོ། །བསོད་ནམས་ཟད་ནས་འཆི་བ་ནི། ཡོ་བྱད་མེད་ནས་འཆི་བ་ལྟ་བུའོ། །ཡ༌ང་བ་མ་སྤངས་པས་འཆི་བ་ནི། ཚེ་མ་ཟད་པར་འཆི་བའི་རྒྱུ་རྐྱེན་དགུ་མདོ་ནས་གསུངས་པ་ཡིན་ཏེ། ཁ་ཟས་ཚོད་མི་ཟིན་པར་ཟ་བ་དང༌། མི་འཕྲོད་པ་ཟ་བ་དང༌། སྔ་མ་མ་ཞུ་བར་ཟ་བ་དང༌། མ་ཞུ་བ་ལྟོར་བསགས་པ་འབྱིན་པར་མི་བྱེད་པ་དང༌། སྨིན་པ་བསྒགས་པ་དང༌། སྨན་སོ་སོར་མི་བསྟེན་པ་དང༌།
གོམས་པ་དང་མ་གོམས་པ་མི་ཤེས་པ་དང༌། དུས་མ་ཡིན་པར་འགྲོ་བ་དང༌། མི་ཚངས་པར་སྤྱོད་པའོ། །གཉིས་པ་འཆི་བའི་སེམས་ནི་གསུམ་ལས། དགེ་བའི་སེམས་དང་ལྡན་པར་འཆི་བ་ནི། རང་གིས་དྲན་པའམ་གཞན་གྱིས་དྲན་དུ་བཅུག་པ་ཡང་རུང་སྟེ། དད་པ་ལ་སོགས་པའི་དགེ་བའི་ཆོས་འདུ་ཤེས་རགས་པ་འབྱུང་བའི་བར་དུ་སེམས་ལ་ཀུན་ཏུ་སྤྱོད་པའོ། །དགེ་བ་དང་མི་དགེ་བ་བྱེད་པའི་གང་ཟག་འཆི་བ་ནི། རང་གིས་དྲན་པའམ་གཞན་གྱིས་དྲན་པར་བྱེད་ཀྱང་རུང་སྟེ། སྔོན་གང་ལན་མང་དུ་གོམས་པར་བྱས་པ་དེ་ཆེས་སྟོབས་དང་ལྡན་པར་འགྱུར་ཏེ། དེས་སེམས་དེ་ལ་གཞོལ་བར་འགྱུར་ལ་གཞན་ནི་བརྗེད་པར་འགྱུར་རོ། །གཉིས་ཀ་ལ་མཚུངས་པར་གོམས་ན་ནི་དང་པོར་གང་དྲན་པ་དེ་ལས་ལྡོག་པར་མི་འགྱུར་ཏེ་སེམས་གཞན་དུ་མི་འཇུག་གོ །དགེ་བ་བྱེད་པ་ནི། མུན་ཁྲོད་ནས་སྣང་བར་འགྲོ་བ་དང་འདྲ་ལ། འཆི་བའི་དུས་ན་དེ་ལ་རྨི་ལམ་ལྟ་བུའི་གཟུགས་མི་སྡུག་པ་མ་ཡིན་པ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་བ་དང༌། བདེ་བར་འཆི་བར་འགྱུར་ཏེ། འཆི་ཁར་དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་འབྱུང་ངོ་། །ལས་ལེགས་པར་བྱེད་བྱེད་པ་རྣམས་ཀྱི་ནི་གནད་གཅོད་ཤིན་ཏུ་ཚབས་ཆུང་བ་ཡིན་ནོ། །མི་དགེ་བའི་སེམས་དང་ལྡན་པར་འཆི་བ་ནི། རང་གིས་དྲན་པའམ་གཞན་གྱིས་དྲན་དུ་བཅུག་ཀྱང་རུང་སྟེ། ཆགས་སོགས་ཀྱི་མི་དགེ་བ་དྲན་པ་རྣམས་འདུ་ཤེས་རགས་པ་རྒྱུ་བའི་བར་དུ་འབྱུང་ཞིང༌། འཆི་ཁར་
དེའི་ལུས་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་བ་དང་མི་དགེ་བའི་ལས་བྱེད་བྱེད་པ་འཆི་བའི་ཚེ་ནི། མི་དགེ་བ་སྔར་བྱས་པའི་ལས་ཀྱི་འབྲས་བུའི་སྔ་ལྟས་རྣམས་འདིར་མྱོང་སྟེ། རྨི་ལམ་བཞིན་དུ་གཟུགས་མི་སྡུག་པ་དུ་མ་དེ་ལ་སྣང་བར་འགྱུར་ཏེ། སྣང་བ་ནས་མུན་ཁྲོད་དུ་འགྲོ་བ་དང་འདྲའོ། །མི་དགེ་བ་ཆེན་པོ་བྱེད་པ་རྣམས་ནི། མཚན་མ་མི་སྡུག་པ་དེ་དག་མཐོང་བས་ལུས་ལ་སྡུག་བསྔལ་འབྱུང་ཞིང་སྤུ་ཟིང་ཞེས་བྱེད་པ་དང༌། རྐང་ལག་གཡོབ་པ་དང་བཤང་གཅི་འབྱུང་བ་དང་ནམ་མཁའ་ལ་རྙོབ་པ་དང་མིག་ལྡོག་པ་དང་ཁ་ནས་དབུ་བ་འབྱུང་བ་དང་དེ་འདྲ་བ་རྣམས་འབྱུང་ངོ་། །གལ་ཏེ་མི་དགེ་བ་འབྲིང་བྱེད་པ་ཡིན་ན་དེ་དག་ལས་ཁ་ཅིག་འབྱུང་ལ། ཁ་ཅིག་མི་འབྱུང་བས་རྫོགས་པར་མི་འབྱུང་ངོ་། །ལས་ཉེས་པ་བྱེད་པ་རྣམས་ལ་གནད་གཅོད་ཤིན་ཏུ་ཚབས་ཆེའོ། །གནད་གཅོད་ནི་ལྷ་དང་དམྱལ་བ་མ་གཏོགས་པའི་སྐྱེ་གནས་ཐམས་ཅད་ལ་ཡོད་དོ། །ཐམས་ཅད་ཀྱང་འཆི་བའི་ཚེ་ན་འདུ་ཤེས་མི་གསལ་བ་ལ་མ་སླེབ་པའི་བར་དུ་ཡུན་རིང་མོ་ནས་གོམས་པའི་བདག་ལ་ཆགས་པ་འབྱུང་ངོ་། །དེའི་འོག་ཏུ་བདག་ལ་ཆགས་པའི་དབང་གིས་བདག་ནི་མེད་པར་འགྱུར་རོ་སྙམ་ནས་ལུས་ལ་དགའ་བར་འགྱུར་ཏེ། དེ་ནི་བར་དོ་འགྲུབ་པའི་རྒྱུའོ། །དེ་ལ་རྒྱུན་ཞུགས་དང་ཕྱིར་འོང་ལ་ཡང་བདག་ལ་ཆགས་པ་འབྱུང་མོད་ཀྱི། ཤེས་རབ་ཀྱིས་བརྟགས་ནས་སྤོང་གི་དང་དུ་མི་ལེན་ཏེ། དཔེར་ན་མི་སྟོབས་
ལྡན་གྱིས་སྟོབས་ཆུང་ངུ་བརྡུང་བ་དང་འདྲའོ། །ཕྱིར་མི་འོང་རྣམས་ལ་ནི་བདག་ལ་ཆགས་པ་དེ་མི་འབྱུང་ངོ་། །ལུང་མ་བསྟན་གྱི་སེམས་དང་ལྡན་པར་འཆི་བ་ནི། དགེ་བ་དང་མི་དགེ་བ་བྱེད་བྱེད་པའམ་དེ་མ་བྱས་ཀྱང་རུང་སྟེ། རང་གིས་དེ་གཉིས་མ་དྲན་ལ་གཞན་གྱིས་ཀྱང་དྲན་པར་མ་བྱས་པའོ། །དེ་ནི་འཆི་བའི་ཚེ་བདེ་སྡུག་གཉིས་ཀ་དང་མི་ལྡན་ནོ། །དགེ་བའི་སེམས་ཀྱིས་འཆི་བ་ནི་འདུ་ཤེས་རགས་པ་ཡོད་པའི་བར་ལ་ཡིན་གྱི། འདུ་ཤེས་ཆ་ཕྲ་མོ་རྒྱུ་བའི་ཚེ་ནི་དགེ་བའི་སེམས་ལྡོག་ཅིང་ལུང་མ་བསྟན་གྱི་སེམས་སུ་འགྱུར་ཏེ། དེས་དེའི་ཚེ་སྔོན་གོམས་པར་བྱས་པའི་དགེ་བ་ལ་ཡང་བརྩལ་བར་མི་ནུས་ལ། གཞན་གྱིས་ཀྱང་དྲན་པར་བྱེད་མི་ནུས་སོ། །མི་དགེ་བ་ལ་ཡང་དེ་དང་འདྲ་བས་འདུ་ཤེས་ཕྲ་མོ་རྒྱུ་བ་ན་འཆི་སེམས་ཐམས་ཅད་ལུང་མ་བསྟན་ནོ། །མཛོད་འགྲེལ་ལས། དགེ་མི་དགེའི་སེམས་ནི་རྣམ་པ་གསལ་བས་འཆི་སེམས་འཆད་པར་འགྱུར་བ་དང་མི་མཐུན་པར་གསུངས་སོ། །གསུམ་པ་དྲོད་གང་ནས་སྡུད་པ་ནི། མི་དགེ་བ་བྱེད་བྱེད་པ་ནི་རྣམ་ཤེས་ཀྱིས་རོ་སྟོད་ནས་ལུས་འདོར་བར་བྱེད་དེ། དང་པོར་རོ་སྟོད་གྲང་མོར་འགྱུར་ཏེ་སྙིང་ག་ལ་ཐུག་པའི་བར་དུ་འདོར་ལ། དགེ་བ་བྱེད་བྱེད་པ་ནི་སྨད་ནས་འདོར་ཞིང་གྲང་བར་འགྱུར་ཏེ། གཉིས་ཀ་ཡང་སྙིང་ག་ནས་རྣམ་ཤེས་འཕོའོ། །དང་པོ་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་གང་ཞུགས་པ་དེ་ལུས་ཀྱི་སྙིང་གར་འགྱུར་ཞིང༌། ཐ་མར་ཕྱོགས་གང་ནས་འཕོ་བ་དེ་ཉིད་དུ་ཐོག་
མར་འཇུག་པ་ཡིན་ནོ། །དེ་ལྟར་ན་ལུས་ཀྱི་དྲོད་ཐོག་མར་སྟོད་ནས་སྙིང་གའམ་སྨད་ནས་སྙིང་གར་བསྡུས་ནས། དེ་ནས་སྨད་དམ་སྟོད་ནས་དེ་བར་དུ་སྡུད་པ་ནི་མ་གསུངས་ཀྱང་ཤེས་པར་བྱའོ། །བཞི་པ་ཤི་ནས་བར་དོ་འགྲུབ་ལུགས་ནི། སྔར་བཤད་པ་ལྟར་རྣམ་ཤེས་གང་ནས་འཕོས་པའི་ཕྱོགས་དེ་ནས་བར་མ་ཆད་པར་སྲང་མདའི་མཐོ་དམན་བཞིན་དུ་ཤི་བ་དང་བར་དོ་འགྲུབ་སྟེ། རྒྱུ་ནི་ལུས་ལ་ཆགས་པ་སྐྱེས་པ་དང་སྔོན་སྤྲོས་པ་ལ་དགའ་བས་ཡོངས་སུ་བསྒོས་པ་དང༌། དགེ་མི་དགེ་གང་རུང་གི་ལས་ཏེ་གཉིས་པོ་དེ་ལ་བརྟེན་ནས་སོ། །བར་དོ་དེ་ཡང་མིག་ལ་སོགས་པའི་དབང་པོ་རྣམས་ཚང་བ། འགྲོ་བ་གང་དུ་སྐྱེ་བར་འགྱུར་བ་དེའི་ལུས་ཀྱི་རྣམ་པ་ཅན། སྐྱེ་བ་མ་བླངས་ཀྱི་བར་དུ་མིག་ནི་ལྷའི་མིག་ལྟར་ཐོགས་པ་མེད་ཅིང་། ལུས་ཀྱང་རྫུ་འཕྲུལ་དང་ལྡན་པ་བཞིན་དུ་ཐོགས་པ་མེད་དོ། །མཛོད་ལས་ཀྱང༌། སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིས་མཐུན་ལྷ་མིག་དག་པས་མཐོང༌། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ལྡོག་དེ་ནི་དྲི་ཟ་འོ། །ཞེས་བར་དོ་རིས་མཐུན་དང་བསྒོམས་པ་ལས་བྱུང་བའི་ལྷའི་མིག་སྐྱོན་དང་བྲལ་བས་མཐོང་ལ། འགྲོ་བ་གང་ཡིན་པའི་བར་དོ་གྲུབ་ན། དེ་ནས་སྐྱེ་བ་གཞན་དུ་བཟློག་ཏུ་མེད་པར་གསུངས་མོད། ཀུན་ལས་བཏུས་སུ་ལྡོག་པ་ཡང་བཤད་དོ། །སྔོན་དུས་ཀྱི་སྲིད་པ་ནི། སྲིད་པ་བཞི་
སྟེ། ཤི་ནས་སྐྱེ་བ་མ་བླངས་བར་ནི་བར་སྲིད་དང༌། སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་ནི་སྐྱེ་སྲིད་དང༌། དེའི་སྐད་ཅིག་མ་གཉིས་པ་ནས་འཆི་སྲིད་སྐད་ཅིག་མ་ཐ་མའི་སྔོན་རོལ་ནི་སྔོན་དུས་ཀྱི་སྲིད་པ་དང༌། འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་དུ་མཛོད་ལས་གསུངས་པས། ད་གཟོད་སྐྱེ་བ་བླངས་པའི་དུས་ཀྱི་འཆི་སྲིད་ལ་བལྟོས་པའི་སྔོན་རོལ་ཡིན་པ་ལ། དེ་ལ་འཁྲུལ་ནས་སྐྱེ་བ་སྔ་མའི་ལུས་དབྱིབས་ཅན་དུ་འདོད་པ་དང༌། ཡང་ཕྱི་མའི་ལུས་དབྱིབས་སུ་བཤད་པ་ཡང་མཐོང་ནས་ཞག་ཕྱེད་དང་བཞི་སྐྱེ་བ་སྔ་མ་དང་ཕྱེད་དང་བཞི་ཕྱི་མའི་ལུས་ཀྱི་རྣམ་པ་ཅན་དུ་འདོད་པ་ནི་ཁུངས་རྣམ་དག་གང་ཡང་མེད་པས་སྒྲོ་བཏགས་ཁོ་ནའོ། །རྣམ་ཤེས་མི་གནས་པས་སྔོན་གྱི་ལུས་ལ་འདོད་པ་མི་འབྱུང་བར་རྣལ་འབྱོར་སྤྱོད་པའི་སར་གསུངས་པས། སྔོན་གྱི་ལུས་མཐོང་ནས་ཡིད་མི་བདེ་སྐྱེ་བར་འདོད་པ་ཡང་སྒྲོ་བཏགས་སོ། །མི་དགེ་བ་བྱེད་པའི་བར་སྲིད་ནི། ཕྱར་བ་ནག་པོའམ་མཚན་མོ་མུན་ནག་ཏུ་སྣང་བ་ལྟ་བུའོ། །དགེ་བ་བྱེད་པའི་བར་སྲིད་ནི། སྣམ་བུ་དཀར་པོའམ་ཟླ་བའི་འོད་དང་བཅས་པའི་མཚན་མོའི་སྣང་བ་ལྟ་བུའོ། །རང་དང་རིགས་མཐུན་གྱི་བར་དོ་དང་དེ་དག་དང་རང་གི་སྐྱེ་གནས་ཀྱང་མཐོང་ངོ་། །མངལ་དུ་འཇུག་པ་ལས། དམྱལ་བའི་བར་དོ་ནི་སྡོང་དུམ་ཚིག་པ་ལྟ་བུ་དང༌། དུད་འགྲོའི་བར་དོ་ནི་དུ་བ་ལྟ་བུ་དང༌། ཡི་དྭགས་ཀྱི་བར་དོ་ནི་ཆུ་ལྟ་བུ་དང༌། འདོད་པའི་ལྷ་དང་མིའི་བར་དོ་ནི་གསེར་ལྟ་བུ་དང༌། གཟུགས་ཁམས་པའི་བར་དོ་ནི་དཀར་པོར་གསུངས་ཏེ་ཁ་དོག་
གི་ཁྱད་པར་རོ། །གཟུགས་མེད་ནས་ཁམས་འོག་མ་གཉིས་སུ་སྐྱེ་ན་བར་དོ་ཡོད་ལ། དེ་གཉིས་ནས་གཟུགས་མེད་དུ་སྐྱེ་ན་གང་དུ་ཤི་བ་དེར་གཟུགས་མེད་ཀྱི་ཕུང་པོ་འགྲུབ་ཀྱི་བར་དོ་མེད་དོ། །གཞུང་ཁུངས་མ་རྣམས་ནས་བར་དོ་མེད་པའི་དམིགས་བསལ་འདི་ལས་མ་བཤད་པས། ཡར་དང་མར་གྱི་མཚམས་མེད་ལ་བར་དོ་མེད་པར་འདོད་པ་ཡང་མི་རིགས་སོ། །ལྷའི་བར་དོ་ནི་གྱེན་དུའོ། །མིའི་བར་དོ་ནི་ཐད་ཀར་འགྲོའོ། །ཉེས་པའི་ལས་བྱེད་པ་རྣམས་ཀྱི་བར་དོ་ནི་མིག་ཐུར་དུ་བྱས་ཏེ་སྤྱིའུ་ཚུགས་སུ་འགྲོ་བར་གསུངས་ཏེ། ངན་སོང་གསུམ་ག་ལ་དགོངས་པ་འདྲའོ། །མཛོད་འགྲེལ་ལས། མི་དང་ཡི་དྭགས་དང་དུད་འགྲོ་གསུམ་རང་རང་ཇི་འདྲ་བ་དེ་བཞིན་དུ་འགྲོ་བར་བཤད་དོ། །ཚེ་ཚད་ནི་སྐྱེ་བའི་རྐྱེན་མ་རྙེད་ན། རེ་ལྟར་ཐོགས་ནའང་ཞག་བདུན་དུ་གནས་སོ། །རྐྱེན་རྙེད་ན་ནི་ངེས་པ་མེད་དོ། །མ་རྙེད་ན་ཡང་ལུས་བརྗེས་ནས་ཞག་བདུན་ཕྲག་བདུན་ཚུན་ཆད་དུ་གནས་ཀྱི། དེ་ཚུན་ཆད་དུ་ངེས་པར་སྐྱེ་བའི་རྐྱེན་རྙེད་པས་དེ་ཕན་ཆད་མི་གནས་སོ། །གཞུང་ཁུངས་མ་གང་ནས་ཀྱང་དེ་ལས་རིང་བ་མ་བཤད་པས། དེ་ལས་རིང་བ་གནས་པར་འདོད་པ་ནི་མི་རིགས་སོ། །ལྷའི་བར་དོ་ལྟ་བུ་དེ་ཞག་བདུན་གྱིས་ཤི་འཕོས་ནས་ལྷའི་བར་དོ་དེའམ། ཡང་ན་མི་ལ་སོགས་པའི་བར་དོ་འགྲུབ་སྟེ། ལས་གཞན་གྱི་བྱ་བ་འགྱུར་བས་བར་དོའི་ས་བོན་འགྱུར་བར་བྱེད་པའི་ཕྱིར་རོ། །གཞན་ལ་ཡང་དེ་ལྟར་
རོ། །ལྔ་པ་དེ་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ཚུལ་ནི། མངལ་དུ་སྐྱེ་བ་ཡིན་ན་ནི་བར་སྲིད་དེས་སྐྱེ་བའི་གནས་སུ་རང་དང་རིགས་མཐུན་པའི་སེམས་ཅན་མཐོང་ནས་དེ་དག་ལ་ལྟ་བ་དང་རྩེ་བ་སོགས་བྱ་བར་འདོད་ནས་སྐྱེ་བའི་གནས་སུ་འགྲོ་འདོད་པར་འགྱུར་ལ། ཕ་མའི་ཁུ་ཁྲག་ལ་ཕྱིན་ཅི་ལོག་ཏུ་མཐོང་བ་སྐྱེ་སྟེ། དེའི་ཚེ་ཕ་མ་གཉིས་ཉལ་པོ་བྱེད་པ་མེད་བཞིན་དུ་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་སྟེ། དེ་ལ་ཆགས་པར་འགྱུར་རོ། །དེ་ཡང་མོར་སྐྱེ་ན་བུད་མེད་དང་འབྲལ་བར་འདོད་ཅིང་སྐྱེས་པ་ལ་ཆགས་ཏེ་ཉལ་བར་འདོད་དོ། །ཕོར་སྐྱེ་ན་ནི་སྐྱེས་པ་དང་འབྲལ་འདོད་ཅིང་བུད་མེད་ལ་ཆགས་ནས་ཉལ་བར་འདོད་དོ། །དེ་ལྟར་རྣལ་འབྱོར་སྤྱོད་པའི་སར་ནི་ཕ༌མ༌དངོས་མཐོང་བ་མིན་པར་ཁུ་ཁྲག་ལ་འཁྲུལ་ནས་ཉལ་པོ་བྱེད་པར་མཐོང་བར་བཤད་དོ། །དེ་ལྟ་བུའི་འདོད་པ་སྐྱེས་ནས་ཇི་ལྟ་ཇི་ལྟར་ཉེ་བར་ཕྱོགས་པ་དེ་ལྟ་དེ་ལྟར་སྐྱེས་པ་དང་བུད་མེད་དེའི་ཡན་ལག་གཞན་གང་ཡང་མི་སྣང་བར་ཕོ་མོའི་མཚན་མ་གཉིས་ཙམ་ཞིག་མཐོང་ངོ་། །དེ་ལ་ཁྲོས་ནས་བར་སྲིད་དེ་འཆི་འཕོ་ཞིང་སྐྱེའོ། །དེ་ཡང་ཕ་མ་གཉིས་ཆགས་པར་གྱུར་ཏེ་འདོད་ཆགས་དྲག་པོའི་སྐབས་སུ་བབ་པ་ན་མཇུག་ཁོ་ནར་ཁུ་བ་བསྐ་བ་འབྱུང་ལ། དེའི་རྗེས་ལ་གཉིས་ཀ་ལས་ཁུ་ཁྲག་གི་ཐིགས་པ་གཉིས་གདོན་མི་ཟ་བར་འབྱུང་སྟེ། དེ་གཉིས་མའི་སྐྱེ་གནས་སུ་འདྲེས་ནས། དཔེར་ན་འོ་མ་བསྐོལ་བ་གྲངས་པའི་སྤྲིས་མ་བཞིན་དུ། ཆགས་པར་གྱུར་པ་དེ་དང་ལྷན་ཅིག་ཏུ་བར་སྲིད་དེ་
འགག་པར་འགྱུར་ལ། དེ་འགགས་པ་དང་དུས་གཅིག་ཏུ་ཀུན་གཞིའི་རྣམ་པར་ཤེས་པའི་མཐུས་དེ་ལས་གཞན་པའི་དབང་པོའི་འབྱུང་བ་ཆེན་པོ་ཆ་ཕྲ་བ་དང་འདྲེས་པ་དེ་དང་མཐུན་པའི་ཁུ་ཁྲག་འདུས་པ་དབང་པོ་དང་བཅས་པ་གཞན་འབྱུང་སྟེ། དེའི་དུས་སུ་རྣམ་ཤེས་ཞུགས་པ་ནི་ཉིང་མཚམས་སྦྱོར་བ་ཞེས་བྱའོ། །ཀུན་གཞི་ཁས་མི་ལེན་པ་རྣམས་ཡིད་ཀྱི་རྣམ་ཤེས་ཀྱིས་ཉིང་མཚམས་སྦྱོར་བར་འདོད་དོ། །དེ་ལ་བསོད་ནམས་ཆུང་ངུ་ཞིག་ཡིན་ན་ནི་རིགས་དམའ་བར་སྐྱེ་སྟེ། འཕོ་བ་དང་འཇུག་པའི་ཚེ་ཀུ་ཅོའི་སྒྲ་དང་འདམ་བུ་དང་ནགས་ཐིབས་པོ་ལ་སོགས་པའི་ནང་དུ་འགྲོ་བའི་སྣང་བ་འབྱུང་ལ། ལེགས་པའི་ལས་བྱེད་བྱེད་པ་ཞིག་ན་རིགས་མཐོན་པོར་སྐྱེ་སྟེ། ཞི་བ་དང་སྙན་པའི་སྒྲ་འབྱུང་ཞིང་ཁང་བཟང་དང་གཞལ་མེད་ཁང་ལ་སོགས་པའི་གནས་སུ་འགྲོ་བའི་སྣང་བ་འབྱུང་ངོ་། །མངལ་ན་གནས་པ་དེ་ཡང་ཞག་བདུན་ཕྲག་སོ་བརྒྱད་ཀྱིས་མངལ་དུ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། །དེ་ནས་ཞག་བཞི་ལོན་ནས་བཙའ་སྟེ། མངལ་དུ་འཇུག་པ་ལས། དེ་ན་ཟླ་བ་དགུའམ་དེ་ལས་འདས་ན་ཤིན་ཏུ་རྫོགས་པར་འགྱུར་རོ། །ཟླ་བ་བརྒྱད་ཀྱིས་ནི་རྫོགས་མོད་ཀྱི་ཤིན་ཏུ་རྫོགས་པ་མིན་ནོ། །ཟླ་བ་དྲུག་གམ་བདུན་གྱིས་ནི་མི་རྫོགས་ཏེ་ཡན་ལག་མ༌ཚང་བར་ཡང་འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །འདི་དག་རྒྱས་པར་མངལ་འཇུག་ལས་ཤེས་པར་བྱའོ། །སྐྱེ་གནས་སུ་འགྲོ་འདོད་མེད་ན་མི་འགྲོ་
ལ་མ་སོང་ན་དེར་མི་སྐྱེ་བས་དམྱལ་བར་སྐྱེ་བའི་ལས་བྱས་ཤིང་བསགས་པ། ལུག་གསོད་པའམ་བྱ་པའམ་ཕག་འཚོང་ལ་སོགས་པའི་སྡོམ་མིན་ཅན་རྣམས་ཀྱི་བར་སྲིད་ན་སྐྱེ་གནས་སུ་ལུག་ལ་སོགས་པ་དེ་དག་རྨི་ལམ་བཞིན་དུ་མཐོང་ནས་སྔོན་གོམས་པའི་དགའ་བས་དེར་རྒྱུག་གོ །དེ་ནས་སྐྱེ་གནས་ཀྱི་གཟུགས་དེ་ལ་ཁྲོས་ནས་བར་སྲིད་འགག་ཅིང་སྐྱེ་སྲིད་དུ་སྐྱེ་སྟེ། དེ་བཞིན་དུ་དམྱལ་བ་དང་འདྲ་བའི་ཡི་དྭགས་ལྦ་བ་ཅན་ལ་སོགས་པར་སྐྱེ་བ་ཡང་དེ་དང་འདྲའོ། །དུད་འགྲོ་དང་ཡི་དྭགས་དང་མི་དང་འདོད་པ་ན་སྤྱོད་པ་དང་གཟུགས་ན་སྤྱོད་པའི་ལྷའི་རིས་རྣམས་སུ་སྐྱེ༌ན་ནི། སྐྱེ་བའི་གནས་སུ་རང་དང་རིགས་མཐུན་པ་དགའ་བར་འགྱུར་བའི་སེམས་ཅན་མཐོང་ཞིང༌། དེ་ནས་དེར་དགའ་བ་དང་འདོད་པ་བསྐྱེད་དེ་སོང་བ་དང་སྐྱེ་བའི་གནས་ལ་ཁྲོས་ནས་བར་སྲིད་འགག་ཅིང༌། སྐྱེ་སྲིད་དུ་སྐྱེ་བར་རྣལ་འབྱོར་སྤྱོད་པའི་སར་གསུངས་ཏེ། སྡོམ་མིན་ཅན་བྱ་པ་དང་ཕག་འཚོང་སོགས་མིན་པའི་དམྱལ་བར་སྐྱེ་ཚུལ་ཡང་འདི་དག་དང་འདྲ་བར་བྱའོ། །མཛོད་དུ། དྲི་དང་གནས་ལ་མངོན་འདོད་གཞན། །ཞེས་དྲོད་གཤེར་ལས་སྐྱེ་ན་དྲི་འདོད་པ་དང༌། བརྫུས་ཏེ་སྐྱེ་ན་གནས་འདོད་ནས་སྐྱེ་བར་གསུངས་ལ། དེ་ཡང་ཚ་དམྱལ་དུ་སྐྱེ༌ན་དྲོ་བ་འདོད་པ་དང༌། གྲང་དམྱལ་དུ་སྐྱེ་ན་བསིལ་བ་འདོད་ནས་བར་སྲིད་འགྲོ་བར་འགྲེལ་པ་ལས་བཤད་དོ། །སྒོང་སྐྱེས་ཀྱང་མངལ་སྐྱེས་དང་འདྲ་བར་མཛོད་འགྲེལ་ལས་བཤད་དོ། །འཆི་འཕོ་བ་དང་ཉིང་མཚམས་སྦྱོར་ཚུལ་རྣམས་ནི་དམིགས་
བསལ་མེད་པ་རྣམས་སའི་དངོས་གཞི་ལྟར་བཤད་པའོ། །གཉིས་པ་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་བསམ་པ་ལ་བཞི། ཡན་ལག་གི་དབྱེ་བ་དང༌། ཡན་ལག་གི་བསྡུ་བ་དང་། ཚེ་དུ་ལ་རྫོགས་པ་དང༌། དེ་དག་གི་དོན་བསྡུ་བའི་ཚུལ་ལོ། །དང་པོ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ལས། མ་རིག་པ་ནི། མཛོད་ལས། མ་རིག་མི་མཛའ་བརྫུན་སོགས་བཞིན། །ཞེས་གསུངས་པ་ལྟར་ཏེ། དེ་ཡང་མི་མཛའ་བ་དང་བརྫུན་ནི་མཛའ་བའམ་བདེན་པ་བཀག་ཙམ་མམ་དེ་གཉིས་ལས་གཞན་པ་ཙམ་ལ་མི་བྱེད་ཀྱི། མཛའ་བ་དང་བདེན་ཚིག་གི་འགལ་ཟླར་གྱུར་པའི་མི་མཐུན་ཕྱོགས་ལ་བྱེད་པ་ལྟར། མ་རིག་པ་ཡང་གཉེན་པོར་གྱུར་པའི་རིག་པ་བཀག་ཙམ་དང་དེ་ལས་གཞན་པ་ཙམ་ལ་མི་བྱེད་ཀྱི། རིག་པའི་འགལ་ཟླར་གྱུར་པའི་མི་མཐུན་ཕྱོགས་སོ། །དེ་ལ་འདིར་གཉེན་པོ་རིག་པ་ནི་ཡང་དག་པ་གང་ཟག་གི་བདག་མེད་པའི་དོན་རིག་པ་ཡིན་པས་དེའི་འགལ་ཟླ་ནི་གང་ཟག་གི་བདག་ཏུ་འཛིན་པའི་འཇིག་ལྟའོ། །ཞེས་སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་བཞེད་ལ། སློབ་དཔོན་ཐོགས་མེད་སྐུ་མཆེད་ནི། ཡང་དག་པའི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཡང་དག་པའི་དོན་ལ་རྨོངས་པ་ཙམ་གཉིས་ལས་ཕྱི་མར་བཞེད་དེ། མདོར་ན་ལོག་པར་རྟོག་པ་དང་མ་རྟོགས་པའི་བློ་གཉིས་ལས་མ་རྟོགས་པའི་བློའོ། །འོན་ཀྱང་དེའི་ལྡོག་ཕྱོགས་ཀྱི་གཉེན་པོའི་གཙོ་བོ་ནི་བདག་མེད་པ་
རྟོགས་པའི་ཤེས་རབ་ལ་བཞེད་པར་འདྲའོ། །རྨོངས་པ་དེ་ལ་ཕྱེ་ན། ལས་འབྲས་ལ་རྨོངས་པ་དང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་པ་གཉིས་ཡོད་དེ། དང་པོས་ནི་ངན་འགྲོར་འགྲོ་བའི་འདུ་བྱེད་གསོག་ལ། གཉིས་པས་ནི་བདེ་འགྲོར་འགྲོ་བའི་འདུ་བྱེད་གསོག་པར་ཀུན་ལས་བཏུས་སུ་གསུངས་སོ། །འདུ་བྱེད་ནི་ལས་ཡིན་ལ། དེ་ཡང་ངན་འགྲོ་འཕེན་པའི་བསོད་ནམས་མ་ཡིན་པའི་ལས་དང༌། བདེ་འགྲོ་འཕེན་པའི་ལས་སོ། །ཕྱི་མ་ལའང་གཉིས་ཏེ། འདོད་ཁམས་ཀྱི་བདེ་འགྲོ་འཕེན་པའི་བསོད་ནམས་ཀྱི་ལས་དང༌། ཁམས་གོང་མའི་བདེ་འགྲོ་འཕེན་པའི་མི་གཡོ་བའི་ལས་སོ། །རྣམ་པར་ཤེས་པ་ནི། མདོ་ལས། རྣམ་ཤེས་ཚོགས་དྲུག་ལ་གསུངས་ཀྱང༌། འདིར་གཙོ་བོ་ནི་ཀུན་གཞི་ཁས་ལེན་པ་རྣམས་ལྟར་ན་ཀུན་གཞི་ཡིན་ལ། ཁས་མི་ལེན་པ་རྣམས་ལྟར་ན་ཡིད་ཀྱི་རྣམ་ཤེས་སོ། །དེ་ཡང་ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་གྱི་སྡུག་བསྔལ་འབྱུང་བ་ལ་རྨོངས་པས་ནི། མི་དགེ་བའི་ལས་མངོན་པར་འདུ་བྱེད་ཅིང་གསོག་ལ། ལས་དེའི་བག་ཆགས་བསྒོས་པའི་ཚེ་འདིའི་རྣམ་པར་ཤེས་པ་ནི་རྒྱུའི་དུས་ཀྱི་རྣམ་ཤེས་ཡིན་ཞིང༌། དེ་ལ་བརྟེན་ནས་མ་འོངས་པ་ན་ངན་འགྲོའི་སྐྱེ་གནས་སུ་ཉིང་མཚམས་སྦྱར་བའི་རྣམ་ཤེས་ནི་འབྲས་བུའི་དུས་ཀྱི་རྣམ་པར་ཤེས་པའོ། །དེ་བཞིན་དུ་བདག་མེད་པའི་དེ་ཁོ་ན་ཉིད་ལ་རྨོངས་པའི་དབང་གིས། བདེ་འགྲོ་རྣམས་ཀྱང་ཡང་དག་པར་སྡུག་བསྔལ་བ་ལ་དེ་ལྟར་མ་ཤེས་པར་བདེ་
བར་བཟུང་བས་བསོད་ནམས་དང་མི་གཡོ་བའི་ལས་གསོག་པའི་དུས་ཀྱི་རྣམ་ཤེས་ནི་རྒྱུ་དུས་དང༌། དེ་ལ་བརྟེན་ནས་འདོད་པ་དང་ཁམས་གོང་མའི་བདེ་འགྲོར་ཉིང་མཚམས་སྦྱར་བའི་རྣམ་ཤེས་ནི་འབྲས་དུས་ཀྱིའོ། །མིང་དང་གཟུགས་ལ། མིང་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྟེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་ནི་གཟུགས་མེད་དུ་སྐྱེ་ན། གཟུགས་ཀྱི་ས་བོན་ཙམ་ཡོད་ཀྱི་གཟུགས་མེད་ལ། དེ་ལས་གཞན་པའི་སྐབས་སུ་ནི་མེར་མེར་པོ་ལ་སོགས་པའི་གཟུགས་ཇི་ལྟར་རིགས་པར་སྦྱར་རོ། །སྐྱེ་མཆེད་དྲུག་ནི། མངལ་ལས་སྐྱེ་ན། དང་པོར་རྣམ་ཤེས་ཞུགས་པའི་ཁུ་ཁྲག་གི་མེར་མེར་པོ་དང་མིང་རྣམས་འཕེལ་བས་མིག་ལ་སོགས་པའི་སྐྱེ་མཆེད་བཞི་གྲུབ་པ་སྟེ། ལུས་དང་ཡིད་ཀྱི་སྐྱེ་མཆེད་ནི་མེར་མེར་པོའི་དུས་ནས་ཡོད་དོ། །བརྫུས་ཏེ་སྐྱེ༌ན་ནི་ཉིང་མཚམས་སྦྱར་བའི་ཚེ་དབང་པོ་རྣམས་ཅིག་ཅར་དུ་འགྲུབ་པས་རིམ་པ་དེ་ལྟ་བུ་མེད་ལ། སྒོང་སྐྱེས་དང་དྲོད་གཤེར་སྐྱེས་ལ་ནི་མངལ་མ་གཏོགས་པ་གཞན་དེ་དང་འདྲ་བར་སའི་དངོས་གཞི་ལས་བཤད་དོ། །དེ་ལྟར་ན་མིང་གཟུགས་གྲུབ་པ་ན་ལུས་ཀྱི་ངོ་བོ་འཐོབ་ལ། སྐྱེ་མཆེད་དྲུག་གྲུབ་པ་ན་ལུས་ཀྱི་ཁྱད་པར་གྲུབ་པས་ལོངས་སྤྱོད་པ་པོར་གྲུབ་པའོ། །སྐྱེ་མཆེད་གཟུགས་ཅན་ལྔ་ནི་གཟུགས་མེད་ན་མེད་དོ། །རེག་པ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་ཡུལ་ཡིད་དུ་འོང་
མི་འོང་བར་མ་གསུམ་ཡོངས་སུ་གཅོད་པ་སྟེ། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་ཞེས་གསུངས་པས་ནི་ཡུལ་དང་རྣམ་ཤེས་ཀྱང་མཚོན་པ་ཡིན་ནོ། །ཚོར་བ་ནི། རེག་པས་ཡུལ་གསུམ་བཅད་པ་དང་རྗེས་སུ་མཐུན་པར་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སྐྱེས་པའོ། །སྲེད་པ་ནི། ཚོར་བ་བདེ་བ་ལ་མི་འབྲལ་བ་དང་སྡུག་བསྔལ་ལ་འབྲལ་བར་སྲེད་པའོ། །ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བར་གསུངས་པ་ནི། མ་རིག་པའི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་ལས་སྲེད་པ་སྐྱེད་ཀྱི། མ་རིག་པ་མེད་ན་ནི་ཚོར་བ་ཡོད་ཀྱང་སྲེད་པ་མི་སྐྱེའོ། །དེ་ལྟར་ན་རེག་པ་ནི་ཡུལ་གྱི་ལོངས་སྤྱོད་དང༌། ཚོར་བ་ནི་སྐྱེ་བའམ་རྣམ་སྨིན་གྱི་ལོངས་སྤྱོད་ཡིན་པས་དེ་གཉིས་རྫོགས་པ་ན་ལོངས་སྤྱོད་རྫོགས་པ་ཡིན་ནོ། །དེ་ལ་ཁམས་གསུམ་གྱི་སྲེད་པ་གསུམ་ཡོད་དོ། །ལེན་པ་ནི། ཡུལ་རྣམ་པ་བཞི་ལ་འདུན་ཞིང་ཆགས་པ་བཞི་སྟེ། འདི་ལྟར་གཟུགས་སྒྲ་ལ་སོགས་པའི་འདོད་ཡོན་དང༌། འཇིག་ལྟ་མ་གཏོགས་པའི་ལྟ་བ་ངན་པ་རྣམས་དང༌། ལྟ་ངན་དང་འབྲེལ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་དང༌། འཇིག་ཚོགས་ལ་ལྟ་བ་ལ་འདུན་ཞིང་ཆགས་པའི་འདོད་པ་ཉེ་བར་ལེན་པ་དང༌། ལྟ་བ་ཉེ་བར་ལེན་པ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །སྲིད་པ་ནི། སྔར་གྱི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པ་སྲེད་ལེན་གྱིས་གསོས་བཏབ་པས་ཡང་སྲིད་ཕྱི་མ་འདྲེན་པ་ལ་མཐུ་ཅན་དུ་གྱུར་པ་སྟེ། རྒྱུ་ལ་འབྲས་བུའི་མིང་
གིས་བཏགས་པའོ། །སྐྱེ་བ་ནི། སྐྱེ་གནས་བཞི་པོར་དང་པོར་རྣམ་ཤེས་ཉིང་མཚམས་སྦྱར་བའོ། །རྒ་ཤི་ལ། རྒ་བ་ནི། ཕུང་པོ་སྨིན་ཞིང་གཞན་དུ་འགྱུར་བ་ཡིན་ལ། ཤི་བ་ནི། ཕུང་པོའི་རིས་མཐུན་དོར་བའོ། །གཉིས་པ་ཡན་ལག་མདོར་བསྡུ་བ་ནི། ཀུན་ལས་བཏུས་ལས། ཡན་ལག་མདོར་བསྡུ་བས་ཇི་ལྟ་བུ་ཞེ་ན། འཕེན་པའི་ཡན་ལག་དང་འཕངས་པའི་ཡན་ལག་དང་མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་མངོན་པར་གྲུབ་པའི་ཡན་ལག་གོ །འཕེན་པའི་ཡན་ལག་གང་ཞེ་ན། མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །འཕངས་པའི་ཡན་ལག་གང་ཞེ་ན། མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་དང་ཚོར་བའོ། །མངོན་པར་འགྲུབ་པའི་ཡན་ལག་གང་ཞེ་ན། སྲེད་པ་དང་ལེན་པ་དང་སྲིད་པའོ། །མངོན་པར་གྲུབ་པའི་ཡན་ལག་གང་ཞེ་ན། སྐྱེ་བ་དང་རྒ་ཤིའོ། །ཞེས་གསུངས་པ་ལྟར་རོ། །འོ་ན་འཕེན་པ་དང་འགྲུབ་པའི་རྒྱུ་འབྲས་ཚན་པ་གཉིས་ཀྱིས་སེམས་ཅན་གཅིག་གིས་སྐྱེ་བ་ལེན་པའི་རྒྱུ་འབྲས་ཚར་གཅིག་སྟོན་ནམ་ཚར་གཉིས་སྟོན། དང་པོ་ལྟར་ན། འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་གྲུབ་པའི་རྗེས་སུ་སྲེད་པ་སོགས་སྐྱེ་བར་བཤད་པ་མི་རིགས་ལ། གཉིས་པ་ལྟར་ན། རྒྱུ་འབྲས་སྐོར་ཕྱི་མ་ལ་མ་རིག་པ་དང་འདུ་བྱེད་དང་རྒྱུ་དུས་ཀྱི་རྣམ་ཤེས་མེད་པར་འགྱུར་ལ། རྒྱུ་འབྲས་སྐོར་སྔ་མ་ལ་སྲེད་ལེན་དང་སྲེད་པ་མེད་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། འཕེན་
བྱེད་ཀྱི་རྒྱུས་གང་འཕངས་པ་དེ་ཉིད་འགྲུབ་བྱེད་ཀྱི་རྒྱུས་བསྒྲུབ་ཅིང་འཕངས་པ་དེ་གྲུབ་པ་ན་དེ་ཉིད་ལ་སྐྱེ་བ་དང་རྒ་ཤི་འཇོག་པའི་ཕྱིར་རོ། །འོ་ན་རྒྱུ་འབྲས་སྐོར་གཉིས་སུ་བཤད་པས་ཅི་བྱ་ཞེ་ན། འཕེན་བྱེད་ཀྱི་འབྲས་བུའི་སྡུག་བདེན་དང་འགྲུབ་བྱེད་ཀྱི་འབྲས་བུའི་སྡུག་བདེན་གྱི་མཚན་ཉིད་ཐ་དད་པར་བསྟན་པའི་ཕྱིར་ཏེ། སྔ་མ་ནི་འཕངས་པའི་དུས་ན་ས་བོན་དུ་གནས་ཀྱི། རང་གི་ངོ་བོ་མ་གྲུབ་པས་མ་འོངས་པ་ན་སྡུག་བསྔལ་བར་འགྱུར་ལ། ཕྱི་མ་ནི་སྡུག་བསྔལ་དེ་གྲུབ་པའི་སྐབས་ཡིན་པས་ཚེ་འདི་ལ་སྡུག་བསྔལ་བའོ། །གཞན་ཡང་འབྲས་བུ་སྐྱེ་བ་ལེན་པ་ལ་འཕེན་པའི་རྒྱུ་དང༌། དེས་འཕངས་པ་གྲུབ་པའི་རྒྱུ་གཉིས་ཡོད་པ་ངོས་བཟུང་བའི་ཕྱིར་དུ་རྒྱུ་འབྲས་སྐོར་གཉིས་སུ་བཤད་པ་ཡིན་ཏེ། སའི་དངོས་གཞིར། རྣམ་པར་ཤེས་པ་ལ་སོགས་པ་ནས་ཚོར་བ་ལ་ཐུག་པ་དག་དང༌། སྐྱེ་བ་དང་རྒ་ཤི་རྣམས་འདྲེས་པའི་མཚན་ཉིད་ཡིན་ན་ཅིའི་ཕྱིར་རྣམ་པ་གཉིས་སུ་བསྟན་ཅེ་ན། སྡུག་བསྔལ་བའི་དངོས་པོའི་མཚན་ཉིད་ཐ་དད་པ་བསྟན་པའི་ཕྱིར་དང༌། འཕེན་པ་དང་མངོན་པར་འགྲུབ་པའི་རབ་ཏུ་དབྱེ་བ་ཡོངས་སུ་བསྟན་པའི་ཕྱིར་རོ། །ཞེས་དང༌། ཡན་ལག་རྣམས་ལས་དུ་ཞིག་སྡུག་བསྔལ་གྱི་བདེན་པས་བསྡུས་ལ་ཚེ་འདིའི་སྡུག་བསྔལ་དུ་འགྱུར་ཞེ་ན། གཉིས་ཏེ། སྐྱེ་བ་དང་རྒ་ཤིའོ། །དུ་ནི་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ཉིད་ཡིན་ལ། ཕྱི་མ་ལ་སྡུག་བསྔལ་ཁོ་ནར་འགྱུར་ཞེ་ན། རྣམ་པར་ཤེས་པ་ནས་ཚོར་བ་ལ་ཐུག་པ་ས་བོན་དུ་
གྱུར་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་འགྲུབ་བྱེད་ཀྱི་སྲེད་པ་དང་དེ་བསྐྱེད་པའི་ཚོར་བ་གཉིས་ནི་རྟེན་འབྲེལ་ཚར་མི་གཅིག་པས། སྲེད་པ་བསྐྱེད་པའི་ཚོར་བ་ནི་རྟེན་འབྲེལ་ཚར་གཞན་ཞིག་གི་འབྲས་བུའི་སྐབས་ཡིན་ནོ། །འཕེན་བྱེད་དང་འཕངས་པ་ནི་བཞིས་ཤེས་པར་བྱ་སྟེ། གང་འཕངས་ན། འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་ཡན་ལག་ཕྱེད་དང་ལྔའོ། །གང་གིས་འཕངས་ན། མ་རིག་པ་ལ་བརྟེན་པའི་འདུ་བྱེད་ཀྱིས་སོ། །ཇི་ལྟར་འཕངས་ན། རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བསྒོས་པའི་ཚུལ་གྱིས་སོ། །འཕངས་པའི་དོན་ནི། སྲེད་པ་སོགས་ཀྱི་འགྲུབ་བྱེད་ཡོད་ན་འབྲས་བུ་དེ་དག་འགྲུབ་རུང་དུ་བྱས་པའོ། །འགྲུབ་བྱེད་དང་གྲུབ་པ་ནི་གསུམ་གྱིས་ཤེས་པར་བྱ་སྟེ། གང་གིས་འགྲུབ་པར་བྱེད་ན་སྲེད་པའི་རྐྱེན་ཅན་གྱི་ལེན་པས་སོ། །གང་འགྲུབ་པར་བྱེད་ན་སྐྱེ་བ་དང་རྒ་ཤིའོ། །ཇི་ལྟར་འགྲུབ་པར་བྱེད་ན་འདུ་བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་པ་མཐུ་ཅན་དུ་བྱས་པའི་ཚུལ་གྱིས་སོ། །རྟེན་འབྲེལ་མདོ་འགྲེལ་དུ་སྐྱེ་བ་གཅིག་པུ་གྲུབ་པའི་ཡན་ལག་ཏུ་བྱས་ནས་རྒ་ཤི་དེ་དག་གི་ཉེས་དམིགས་སུ་གསུངས་སོ། །དེ་ལྟར་ན་ལས་འབྲས་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླངས་པའི་མི་དགེ་བའི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་ངན་པའི་བག་ཆགས་བཞག་ནས། ངན་སོང་གསུམ་གྱི་འབྲས་དུས་ཀྱི་རྣམ་
ཤེས་ནས་ཚོར་བའི་བར་འགྲུབ་རུང་དུ་བྱས་པ་དེ། སྲེད་ལེན་གཉིས་ཀྱིས་ཡང་ཡང་གསོས་བཏབ་པས་ལས་ཀྱི་བག་ཆགས་མཐུ་ཅན་དུ་གྱུར་ནས་ཕྱི་མ་ངན་འགྲོར་སྐྱེ་རྒ་སོགས་འགྲུབ་ལ། ཡང་བདག་མེད་པའི་དོན་ལ་རྨོངས་པའི་མ་རིག་པས་ཀུན་ནས་བསླངས་པའི་འདོད་ཁམས་ཀྱིས་བསྡུས་པའི་ཚུལ་ཁྲིམས་སོགས་བསོད་ནམས་ཀྱི་འདུ་བྱེད་དང༌། ཁམས་གོང་མས་བསྡུས་པའི་ཞི་གནས་བསྒོམ་པ་སོགས་མི་གཡོ་བའི་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་བཟང་པོའི་བག་ཆགས་བཞག་ནས། འདོད་པའི་བདེ་འགྲོ་དང་ཁམས་གོང་མའི་ལྷའི་འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་འགྲུབ་རུང་དུ་བྱས་པ་དེ། སྲེད་ལེན་གྱིས་ཡང་ཡང་གསོས་པས་ལས་ཀྱི་བག་ཆགས་མཐུ་ཅན་དུ་སོང་ནས་ཕྱི་མར་བདེ་འགྲོ་དེ་དག་ཏུ་སྐྱེ་བ་སོགས་འགྲུབ་བོ། །དེ་ལྟ་བུའི་ཡན་ལག་བཅུ་གཉིས་པོ་དེ་ཡང་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་གྱི་ལམ་གསུམ་དུ་འདུ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །ཞེས་གསུངས་པ་བཞིན་ནོ། །སཱ་ལུ་ལྗང་པའི་མདོ་ལས་ནི། ཡན་ལག་བཅུ་གཉིས་སྡུད་པའི་རྒྱུ་བཞི་གསུངས་ཏེ། མ་རིག་པའི་འདེབས་པ་པོས་ལས་ཀྱི་ཞིང་ལ་རྣམ་ཤེས་ཀྱི་ས་བོན་བཏབ་པ་དེ་སྲེད་པའི་ཆུས་བརླན་པར་བྱས་ན་མའི་མངལ་དུ་མིང་གཟུགས་ཀྱི་མྱུ་གུ་འགྲུབ་པར་བཤད་དོ། །གསུམ་པ་ཚེ་དུ་ལ་རྫོགས་པ་ནི།
འཕེན་བྱེད་དང་འཕངས་པའི་ཡན་ལག་གི་བར་དུ་བསྐལ་པ་བགྲང་ལས་འདས་པས་ཆོད་པ་ཡོད་པའང་སྲིད་ལ། ཚེ་གཞན་གྱིས་བར་མ༌ཆོད་བར་སྐྱེ་བ་གཉིས་པ་ལ་འགྲུབ་པའང་སྲིད་དོ། །འགྲུབ་བྱེད་ཀྱི་ཡན་ལག་དང་གྲུབ་པའི་ཡན་ལག་གཉིས་ནི་བར་མ་ཆད་དུ་འོང་བས་མྱུར་ན་ཚེ་གཉིས་ལ་རྫོགས་པ་ཞིག་འོང་སྟེ། དཔེར་ན་ཚེ་འདི་འདྲ་བ་ཞིག་ལ་ལྷར་སྐྱེས་ནས་མྱོང་བར་འགྱུར་བའི་ལས་གསར་དུ་བསགས་ན། དེའི་ཚེ་མ་རིག་པ་དང་འདུ་བྱེད་དང་རྒྱུ་དུས་ཀྱི་རྣམ་ཤེས་ཏེ། ཡན་ལག་ཕྱེད་དང་གསུམ་དང་འཆི་ཁ་ཚུན་ཆད་དུ་སྲེད་ལེན་སྲིད་པ་གསུམ་རྫོགས་ལ། སྐྱེ་བ་ཕྱི་མ་ལ་འཕངས་པའི་ཡན་ལག་ཕྱེད་དང་ལྔ་དང་གྲུབ་པའི་ཡན་ལག་གཉིས་རྫོགས་པའི་ཕྱིར་རོ། །ཡུན་རིང་ན་ཡང་ཚེ་གསུམ་ལས་མི་འགྱང་སྟེ། འགྲུབ་བྱེད་དང་གྲུབ་པ་གཉིས་དང་འཕེན་བྱེད་གསུམ་ལ་ཚེ་རེ་རེ་དགོས་ལ། འཕངས་པའི་ཡན་ལག་རྣམས་གྲུབ་པའི་ཡན་ལག་ཏུ་འདུས་པའི་ཕྱིར་དང༌། འཕེན་བྱེད་དང་འགྲུབ་བྱེད་ཀྱི་བར་དུ་ཚེ་དུ་མས་ཆོད་ཀྱང་རྟེན་འབྲེལ་གཞན་གྱི་ཚེ་ཡིན་གྱི། རྟེན་འབྲེལ་དེའི་ཚེ་མིན་པའི་ཕྱིར་རོ། །འདི་དག་ལ་བར་དོའི་ཚེ་ཟུར་དུ་མ་བརྩིས་སོ། །དེ་ལྟར་འབྲས་བུའི་ཡན་ལག་དེ་རྣམས་གྲུབ་པའི་ཚེ་ན་ཡང་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོའི་གང་ཟག་གི་བདག་མེད་ཀྱི། སྔར་བཤད་པ་ལྟར་ཆོས་ཙམ་གྱི་རྒྱུའི་ཡན་ལག་ལས། ཆོས་ཙམ་གྱི་འབྲས་བུའི་ཡན་ལག་དེ་རྣམས་འབྱུང་ཞིང་འཁོར་བའི་ཚུལ་
མ་ཤེས་པར་དེ་ལ་རྨོངས་ནས་བདག་ཏུ་བཟུང་ཞིང༌། བདག་བདེ་བར་འདོད་ནས་དེའི་ཕྱིར་དུ་སྒོ་གསུམ་དགེ་བ་དང་མི་དགེ་བ་ལ་མངོན་པར་འདུ་བྱས་པས་སླར་ཡང་འཁོར་བས་ན། ཉོན་མོངས་པ་གསུམ་ལས་ལས་གཉིས་དང་དེ་ལས་སྡུག་བསྔལ་བདུན་འབྱུང་ཞིང༌། བདུན་པོ་ལས་ཀྱང་ཉོན་མོངས་དང་དེ་ལས་ཀྱང་སྔར་ལྟར་འཁོར་བས་སྲིད་པའི་འཁོར་ལོ་རྒྱུན་ཆད་མེད་པར་འཁོར་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་སོ། །དེ་ལྟ་བུའི་ཚུལ་གྱིས་འཁོར་བར་འཁྱམས་པ་བསམས་ན་ནི་སྐྱོ་བའི་ཐབས་མཆོག་ཏུ་འགྱུར་ལ། བསྐལ་པ་དཔག་ཏུ་མེད་པ་ནས་དགེ་མི་དགེའི་ལས་བསགས་པའི་འཕེན་བྱེད་ཀྱི་ལས་རྣམ་སྨིན་མ་ཕྱུང་ཞིང་གཉེན་པོས་མ་བཅོམ་པ་རྣམས་ཀྱང༌། ད་ལྟའི་སྲེད་ལེན་གྱིས་གསོས་བཏབ་ན་དེའི་དབང་གིས་བདེ་འགྲོ་དང་ངན་འགྲོར་འཁྱམ་པ་དང༌། དགྲ་བཅོམ་པ་ལ་སྔོན་སོ་སྐྱེའི་དུས་སུ་བསགས་པའི་འཕེན་བྱེད་ཀྱི་ལས་བགྲང་ལས་འདས་པ་ཡོད་ཀྱང༌། ཉོན་མོངས་མེད་པས་འཁོར་བ་ལས་གྲོལ་བའི་ཚུལ་ལ་ངེས་པ་བརྟན་པོ་རྙེད་ན་ཉོན་མོངས་ལ་དགྲར་བཟུང་ནས་འགོག་པ་ལ་བརྩོན་པ་སྐྱེ་བར་འགྱུར་རོ། །འདི་ལ་བཤེས་གཉེན་ཆེན་པོ་ཕུ་ཆུང་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ཉིད་ལ་བློ་སྦྱོང་མཛད་ཅིང༌། ལམ་རིམ་ཡང་དེའི་
ལྡོག་འཇུག་སེམས་པ་རང་ལ་མཛད་དོ། །དེ་ཡང་ངན་འགྲོའི་ཡན་ལག་བཅུ་གཉིས་ཀྱི་ལྡོག་འཇུག་སེམས་པ་ནི་སྐྱེས་བུ་ཆུང་ངུའི་སྐོར་ཡིན་ལ། དེ་ནས་བདེ་འགྲོ་གཉིས་ཀྱི་ཡན་ལག་བཅུ་གཉིས་ཀྱི་ལྡོག་འཇུག་སེམས་པ་ནི་སྐྱེས་བུ་འབྲིང་གི་སྐོར་རོ། །དེ་ལྟར་རང་གི་ཉམས་ལ་དཔགས་ནས་མར་གྱུར་པའི་སེམས་ཅན་རྣམས་ཀྱང་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམས་པ་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་དེ། དེ་རྣམས་ཀྱི་དོན་དུ་སངས་རྒྱས་ལ་ཐོབ་འདོད་སྦྱོང་བ་དང་དེའི་ལམ་ལ་སློབ་པ་ནི་སྐྱེས་བུ་ཆེན་པོའི་སྐོར་དུ་འཆད་དོ། །བཞི་པ་དེ་དག་གི་དོན་བསྡུ་བ་ནི། སྔར་བཤད་པ་ལྟར་ཀུན་འབྱུང་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་འགྲུབ་ཚུལ་དང༌། ཁྱད་པར་དུ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་སྲིད་པའི་འཁོར་ལོ་འཁོར་ཚུལ་རྣམས་ལེགས་པར་ཤེས་པར་བྱས་ནས་དེ་ལ་གོམས་པར་བྱེད་པ་ནི། རྒུད་པ་ཐམས་ཅད་ཀྱི་རྩ་བ་རྨོངས་པའི་མུན་པ་མི་བཟད་པ་འཇོམས་པར་བྱེད་པ། རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་ཕྱི་ནང་གི་འདུ་བྱེད་རྣམས་འབྱུང་བར་འཛིན་པའི་ལོག་པར་ལྟ་བ་ཐམས་ཅད་སེལ་བ། རྒྱལ་བའི་གསུང་གི་མཛོད་ཀྱི་གཅེས་པའི་ནོར་སྤེལ་བ། འཁོར་བའི་མཚན་ཉིད་ཇི་ལྟ་བ་བཞིན་རིག་ནས་སྐྱོ་ཤས་དྲག་པོས་ཐར་པའི་ལམ་ལ་ཡིད་བསྐུལ་བ། སྔར་དེ་ལྟར་གོམས་པ་རྣམས་ལ་འཕགས་པའི་གོ་འཕང་འཐོབ་པའི་བག་
ཆགས་སད་པར་བྱེད་པའི་ཐབས་དམ་པ་ཡིན་ནོ། །དེ་ལྟར་ཡང་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ། །ཞེས་དང༌། ས་ལུ་ལྗང་པ་ལས། རྟེན་འབྲེལ་ལེགས་པར་མཐོང་ན་སྔོན་དང་ཕྱི་མའི་མཐའ་དང་ད་ལྟར་བ་ལ་དམིགས་པའི་ལྟ་བ་ངན་པ་ཐམས་ཅད་བཟློག་པར་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་པ་དང་། འདུལ་བ་ལུང་ལས། མཆོག་ཟུང་གཅིག་གི་ཀུན་སྤྱོད་ནི་དུས་དུས་སུ་འགྲོ་བ་ལྔར་རྒྱུ་བ་ཡིན་པས། དེ་དག་བརྒྱུས་ནས་འཛམ་བུའི་གླིང་དུ་གཤེགས་ཏེ། འཁོར་བཞི་པོ་ལ་དེ་དག་གི་སྡུག་བསྔལ་རྣམས་བརྗོད་པར་མཛད་དོ། །གང་ལ་ལའི་ལྷན་ཅིག་གནས་པ་དང་ཉེ་གནས་ཚངས་སྤྱོད་ལ་མི་དགའ་བ་དེ་དག་དེས་ཁྲིད་དེ་མཆོག་ཟུང་གཅིག་འདོམས་སུ་འཆོལ་བར་བྱེད་ཅིང༌། དེ་གཉིས་ཀྱང་དེ་དག་ལ་འདོམས་སོ། །གདམས་པ་ན་ཚངས་སྤྱོད་ལ་དགའ་ཞིང་གོང་དུ་ཁྱད་པར་ཡང་རྟོགས་པར་བྱེད་དོ། །དེ་སྟོན་པས་གཟིགས་ནས། ཀུན་དགའ་བོ་ལ་དྲིས་པས་རྒྱུ་མཚན་རྣམས་གསོལ་པ་དང༌། ཐམས་ཅད་དུ་མཆོག་ཟུང་གཅིག་ལྟ་བུ་དག་མི་འབྱུང་བས་སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ་ཁོར་ཡུག་ཏུ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དང་ལུགས་ལྡོག་ཀྱང་བྲིས་ཤིག་གསུངས་ནས། དེ་ནས་སྲིད་པའི་འཁོར་ལོ་བྲིས་པ་དང༌། རྒྱལ་པོ་ཨུ་ཏྲ་ཡ་ན་ལ་བྲིས་སྐུ་བསྐུར་བ་ན། འོག་ཏུ་རྟེན་འབྲེལ་བཅུ་གཉིས་
ལུགས་འབྱུང་དང་ལུགས་ལྡོག་བྲིས་ནས་བསྐུར་བ་རྒྱལ་པོས་བཟུང་ནས་ནམ་ལངས་པའི་ཚེ་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་དྲན་པ་ཕྱོགས་པར་བཞག་སྟེ། རྟེན་འབྲེལ་གྱི་ཚུལ་གཉིས་ལ་རྣམ་པར་བལྟས་པས་འཕགས་པའི་གོ་འཕང་ཐོབ་པར་གསུངས་སོ། །གཉིས་པ་བསམ་པ་དེ་སྐྱེས་པའི་ཚད་ནི། དེ་ལྟར་སྡུག་བསྔལ་དང་ཀུན་འབྱུང་གཉིས་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བའི་མཚན་ཉིད༌ཞིབ་ཏུ་ཤེས་པར་བྱས་པ་ན། དེ་དག་འདོར་བར་འདོད་པ་དང་དེ་རྣམས་ཉེ་བར་ཞི་བ་ལ་ཐོབ་འདོད་བྱུང་བ་ཙམ་ནས་ངེས་འབྱུང་གི་བསམ་པ་ཙམ་ཡིན་མོད་ཀྱང་དེ་ཙམ་གྱིས་མི་ཆོག་པས། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། ས་གསུམ་མི་རྟག་པ་ཉིད་ཀྱི་མེ་རབ་ཏུ་འབར་བ་ན་འདུག་པ་ནི། ཁྱིམ་རབ་ཏུ་འབར་བའི་ནང་དུ་ཆུད་པ་བཞིན་དུ་ངེས་པར་དེ་ལས་འདའ་བར་འདོད་ཅིང༌། ཞེས་གསུངས་པ་དང༌། ཇི་ལྟར་བཙོན་ནི་བཙོན་ར་ལས། །ཞེས་སོགས་སྔར་དྲངས་པ་ལྟར་མེ་འབར་བའི་ཁྱིམ་དུ་ཆུད་པ་དང༌། བཙོན་རར་ཆུད་པའི་བཙོན་གནས་དེ་དག་ལ་མི་འདོད་ཅིང༌། དེ་དག་ནས་ཐར་བར་འདོད་པའི་བློ་ཇི་ཙམ་སྐྱེ་བ་དེ་ལྟ་བུའི་བློའི་ཚོད་ཙམ་དུ་བསྐྱེད་པར་བྱ་ཞིང༌། དེ་ནས་ཀྱང་ཇེ་འཕེལ་དུ་བཏང་དགོས་སོ། །བསམ་པ་འདི་ཤ་ར་བ་གསུང་བ་ལྟར། སིང་སྐྱུར་ལ་བཏབ་པའི་ཕྱེ་བཞིན་ཁ་ན་ཕར་ཡམ་མེ་བ་ཞིག་ལས་མི་འདུག་ན། འཁོར་བའི་རྒྱུ་ཀུན་འབྱུང་ལ་མི་འདོད་པར་ལྟ་བ་ཡང་དེ་འདྲ་ཞིག་ལས་
མི་འོང༌། དེ་ལྟར་ན་སྡུག་ཀུན་འགགས་པའི་འགོག་པ་ཐར་པ་དོན་དུ་གཉེར་བ་ཡང་དེ་དང་འདྲ། དེའི་ཕྱིར་ཐར་པའི་ལམ་ལ་སྒྲུབ་པ་བྱེད་པར་འདོད་པ་ཡང་ཚིག་ཙམ་དུ་འགྲོ་ཞིང༌། སེམས་ཅན་གཞན་འཁོར་བར་འཁྱམས་པའི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་ཡང་འོང་ས་མེད་ལ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་མ་བཅོས་པ་ཡིད་སྐུལ་བར་བྱེད་ནུས་པའི་ཤུགས་ཅན་ཡང་མི་སྐྱེ་བས། ཐེག་པ་ཆེན་པོ་ཡང་ཚིག་རྗེས་འབྲངས་པའི་གོ་བ་ཙམ་དུ་འགྱུར་བ་ཡིན་ནོ། །དེས་ན་འབྲིང་གི་ཆོས་སྐོར་འདི་དག་གདམས་པའི་མཐིལ་དུ་བཟུང་ནས་སྦྱོང་དགོས་སོ། །གསུམ་པ་དེ་ལ་ལོག་རྟོག་བསལ་བ་ནི། གལ་ཏེ་འཁོར་བས་ཡིད་ཤིན་ཏུ་འབྱུང་ཞིང་སྐྱོ་བ་བསྒོམས་ན། ཉན་ཐོས་ལྟར་འཁོར་བར་ཞུགས་པ་ལ་མི་དགའ་བའི་ཕྱིར་ཞི་བའི་མཐར་ལྟུང་བས། སྐྱོ་བ་བསྒོམ་པ་ནི་ཐེག་དམན་ལ་མཛེས་ཀྱི། བྱང་ཆུབ་དཔའ་ལ་ནི་དེ་བསྒོམ་པ་མི་རིགས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཡོངས་སུ་སྨིན་པ་ཉིད་ཉེ་བར་བཟུང་ནས། འཁོར་བ་ལ་ཕན་ཡོན་དུ་ལྟ་བ་དེ་ལྟར་ནི་ཡོངས་སུ་འདས་པ་ཆེན་པོ་ལ་མ་ལགས་སོ། །ཞེས་དང༌། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བའི་སྤྱོད་ཡུལ་ལ་སྐྲག་ན་ནི་སྤྱོད་ཡུལ་མ་ལགས་པར་ལྟུང་ངོ་། །ཞེས་དང༌། བཅོམ་ལྡན་འདས། ཉན་ཐོས་རྣམས་ནི་འཁོར་བའི་སྤྱོད་ཡུལ་ལ་སྐྲག་པར་འགྱུར་ལགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་སླར་འཁོར་བ་དཔག་ཏུ་མེད་པ་ཡོངས་
སུ་འཛིན་པར་བྱེད་པར་འགྱུར་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ་ཞེ་ན།འདི་ནི་མདོའི་དོན་ཕྱིན་ཅི་ལོག་ཏུ་བཟུང་བའི་ནོར་བ་ཆེན་པོ་སྟེ། འདི་ལྟར་འཁོར་བ་ལ་སྐྱོ་བར་མི་བྱ། ཞེས་གསུངས་པའི་དོན་ནི། ལས་དང་ཉོན་མོངས་པའི་དབང་གིས་སྲིད་པར་འཁྱམས་པའི་སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་ལ་ཡིད་འབྱུང་མི་བྱ་བར་སྟོན་པ་མིན་གྱི། བྱང་ཆུབ་སེམས་དཔས་འགྲོ་བའི་དོན་དུ་འཁོར་བའི་མཐའི་བར་དུ་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པར་གོ་ཆ་བགོས་པ་ན། འགྲོ་བའི་སྡུག་བསྔལ་ཐམས་ཅད་བསྡོམས་པ་སྐད་ཅིག་རེ་རེ་ལ་ལུས་དང་སེམས་ལ་བབ་ཀྱང༌། དེ་དག་གིས་ཡིད་སྐྱོ་ཞིང་བྲེད་པ་མེད་པར་སྤྱོད་པ་རླབས་ཆེན་པོ་རྣམས་ལ་སྤྲོ་བའི་བརྩོན་འགྲུས་རྩོམ་པ་ལ་འཁོར་བ་ལ་མི་སྐྱོ་བར་གསུངས་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཟླ་བ་གྲགས་པས། འགྲོ་བའི་སྡུག་བསྔལ་མ་ལུས་པ་ལྷགས་པ་འཁོར་བའི་བར་དུ་སྐད་ཅིག་དང་སྐད་ཅིག་ལ་རྣམ་པ་གཞན་དུ་ལུས་དང་སེམས་ལ་གནོད་པ་དག་གིས་ཀྱང་བྲེད་པར་མི་འགྱུར་ལ། འགྲོ་བའི་སྡུག་བསྔལ་ཅིག་ཅར་ལྷགས་པ་དག་གིས་འཁོར་བའི་བར་དུ་སྤྲོ་བར་བྱས་པའི་བརྩོན་འགྲུས་ཀྱི་སྐད་ཅིག་རེ་རེ་ནི་འགྲོ་བ་མཐའ་དག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ནོར་གྱི་ཚོགས་མཐའ་ཡས་པ་སྐྱེ་བའི་རྒྱུར་རིག་པར་བྱས་ནས། སླར་ཡང་སྲིད་པ་བརྒྱ་ཕྲག་བླང་བར་རིགས་ཏེ། ཞེས་དེའི་ཤེས་བྱེད་དུ་མདོ་དེ་རྣམས་དྲངས་པའི་ཕྱིར་རོ། །སྲིད་པ་ལ་ཕན་ཡོན་དུ་ལྟ་བའི་རྒྱུ་མཚན་དུ་
ཡང༌། མདོ་དེ་ཉིད་ལས། བྱང་སེམས་སེམས་ཅན་གྱི་དོན་ལ་བརྩོན་པ་ཡིན་ལ། དེ་ལ་ཇི་ལྟར་བརྩོན་པ་དེ་ལྟར་ཐུགས་བདེ་བར་འགྱུར་བར་གསུངས་པས། སྲིད་པ་ལ་མི་སྐྱོ་བའི་དོན་འཁོར་བར་སེམས་ཅན་གྱི་དོན་བྱེད་པ་ལ་མི་སྐྱོ་ཞིང༌། དེ་དག་ལ་དགའ་བར་གསུངས་པའི་ཕྱིར་རོ། །དེས་ན་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་འཁྱམས་ན་སྡུག་བསྔལ་དུ་མས་མནར་ནས། རང་གི་དོན་ཡང་མི་ནུས་ན་གཞན་གྱི་དོན་ལྟ་ཅི་སྨོས། དེ་ནི་རྒུད་པ་ཀུན་གྱི་སྒོ་ཡིན་པས་ཐེག་དམན་ལས་ཆེས་ཤིན་ཏུ་སྐྱོ་བར་བྱས་ལ་དགག་དགོས་ཤིང༌། སྨོན་ལམ་དང་སྙིང་རྗེ་ལ་སོགས་པའི་དབང་གིས་སྲིད་པར་སྐྱེ་བ་འཛིན་པ་ལ་ནི་དགའ་བར་བྱ་དགོས་པས་དེ་གཉིས་མི་གཅིག་གོ །དེ་ལྟར་མ་ཕྱེད་པར་སྔར་ལྟར་སྨྲ་ན་ནི་སྨྲ་བ་པོ་དེ་ལ་བྱང་སེམས་ཀྱི་སྡོམ་པ་ཡོད་ན་ཉེས་བྱས་ཉོན་མོངས་ཅན་ཞིག་སྐྱེད་པར་བྱང་ས་ལས་གསུངས་ཏེ། ཚིག་མངས་སུ་དོགས་པས་མ་བྲིས་སོ། །དེའི་ཕྱིར་སྲིད་པའི་སྐྱོན་མཐའ་དག་པར་མཐོང་ནས་ཤིན་ཏུ་ཡིད་འབྱུང་ཡང་། སྙིང་རྗེ་ཆེན་པོས་ཡིད་དྲངས་པས་སྲིད་པ་མི་སྤོང་བ་ནི་ངོ་མཚར་བ་ཡིན་གྱི། སྲིད་པའི་ཕུན་ཚོགས་ལ་གཞལ་མེད་ཁང་ལྟར་མཐོང་བའི་སྲེད་པ་ཅུང་ཟད་ཀྱང་ཁ་མ་བྲི་བར་གཞན་དོན་ལ་སྙད་བཏགས་ནས། ཁོ་བོ་ཅག་འཁོར་བ་མི་སྤོང་བྱས་ཀྱང་མཁས་པ་མགུ་བར་ག་ལ་འགྱུར། དབུ་མའི་སྙིང་པོ་ལས་ཀྱང༌། སྐྱོན་མཐོང་ཕྱིར་ནི་སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཅན། །སྲིད་པ་ན་ཡང་གནས་
པར་བྱེད། །ཅེས་གསུངས་སོ། །གཞན་ཡང་སེམས་ཅན་མཐའ་དག་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའི་རྒྱུར་བྱང་ས་ནས་བཤད་པ་ལྟར་སྡུག་བསྔལ་བརྒྱ་རྩ་བཅུ་ལྟ་བུའི་སྡུག་བསྔལ་མཐའ་ཡས་པ་མཐོང་ནས། ཐུགས་ལ་མི་བཟོད་པ་ཤུགས་དྲག་ལ་རྒྱུན་རིང་བ་བསྐྱེད་དགོས་པ་དང༌། འཁོར་བ་ལ་ཅུང་ཟད་ཀྱང་མི་སྐྱོ་ཞེས་པ་ནི་ཆེས་འགལ་བ་ཡིན་ནོ། །འཁོར་བ་ལ་ཡིད་ལེགས་པར་འབྱུང་བར་བྱས་ཏེ། དེ་ནས་སེམས་ཅན་དེ་རྣམས་རང་གི་གཉེན་དུ་མཐོང་ནས་དེ་དག་གི་དོན་དུ་སྲིད་མཚོར་འཇུག་པའི་ལམ་གྱི་རིམ་པ་ནི། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཡང་དགོངས་པ་ཡིན་ཞིང༌། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་ཀྱང་དེའི་འགྲེལ་པར་གསལ་བར་མཛད་དེ། ཇི་སྐད་དུ། འཁོར་བའི་ཉེས་དམིགས་བཤད་པས་ཡིད་སྐྲག་ཅིང་གྲོལ་བར་འདོད་པ་རྣམས་ཐེག་པ་ཆེན་པོ་ལ་ངེས་པར་སྦྱར་བར་བྱ་བའི་དོན་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཡུན་རིང་པོར་འཁོར་བར་འཁོར་བ་རྣམས་ལ། གང་ལ་ཕའམ་མའམ་བུའམ་བུ་མོའམ་ཉེ་དུའམ་སྣག་གི་གཉེན་མཚམས་གང་ཡང་རུང་བའི་གནས་དང་འདྲ་བར་མི་སྨྲ་བ་ནི། སེམས་ཅན་གྱི་རིས་ན་སེམས་ཅན་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རིག་པར་བྱས་ནས་འཁོར་བ་བརྒྱུད་པ་ཐོག་མ་མེད་པ་ནས་ཕ་དང་མ་ལ་སོགས་པའི་རྩ་ལག་ཏུ་གྱུར་པའི་འགྲོ་བ་གྱ་ཞིང་མགོན་མེད་པ་མཐའ་དག་ཐེག་པ་ཆེན་
པོའི་ཚུལ་གྱི་གཟིངས་ཀྱིས་བསྒྲལ་བར་བྱ་བའི་ཕྱིར་མཆོད་པར་བཟོད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །ཚུལ་དེ་ནི་གསང་སྔགས་བླ་ན་མེད་པ་ལ་ཡང་དགོས་ཏེ། སྤྱོད་པ་བསྡུས་པའི་སྒྲོན་མེ་ལས། རིམ་པ་འདིས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་འཇུག་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་དང་པོ་ཁོ་ནར་སྒྲུབ་པ་པོས་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་དྲན་པར་བྱས་ལ་མྱ་ངན་ལས་འདས་པའི་བདེ་བ་འདོད་པས་འདུ་འཛི་ཐམས་ཅད་ཡོངས་སུ་སྤང་བར་བྱ་ཞིང༌། ཐ་ན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་སྡུག་བསྔལ་གྱི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་འཕགས་པ་ལྷས་གསུངས་པའི་ཕྱིར་རོ། །བཞི་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་ནི། ཤྲཱི་ཛ་ག་ཏ་མི་ཏྲས། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད། །སྲིད་པའི་ཀློང་དུ་བྱིང་གྱུར་ཀྱང༌། །སྐྱོ་མེད་འཇིགས་མེད་དགའ་དང་རྒོད། །བདག་ཅག་སྙིང་ལ་ཅི་ཞིག་མཆིས། །ཕོངས་དང་བཙལ་དཀའ་བསྲུང་དང་བརླག །འབྲལ་དང་ན་རྒ་རྒུད་པ་ཡིས། །རྟག་ཏུ་འབར་བའི་མེར་ཞུགས་ཀྱང༌། །བདེར་རློམ་སྨྱོན་པ་ལགས་པར་སྙམ། །ཞེས་དང༌། ཀྱི་ཧུད་འཇིག་རྟེན་མིག་བཅས་ལོང༌། །མངོན་སུམ་རྟག་ཏུ་ངེས་མཐོང་ཡང༌། །ད་དུང་ཅུང་ཟད་མི་སེམས་པ། །ཁྱོད་སྙིང་རྡོ་རྗེར་གྱུར་ཏམ་ཅི། །ཞེས་གསུངས་པ་ལྟར། རང་ལ་རང་གིས་བསྐུལ་ཞིང་འཁོར་བའི་ཉེས་དམིགས་བསྒོམས་པས། གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ་ལས། འཇིག་རྟེན་གནས་པ་ཆུ་ནང་སོང་བའི་ཟླ་བའི་གཟུགས་བཞིན་གཡོ་བར་
མཐོང༌། །འདོད་པ་ཁྲོས་པའི་སྦྲུལ་གྱི་ལུས་བསྐྱིལ་གདེངས་ཀའི་གྲིབ་མ་ལྟ་བུར་མཐོང༌། །འགྲོ་བ་འདི་དག་སྡུག་བསྔལ་མེ་ཡིས་ཀུན་ཏུ་འབར་བར་མཐོང་བས་ན། །རྒྱལ་པོ་བདག་ཅག་ངེས་པར་འབྱུང་ལ་མངོན་དགའ་དུར་ཁྲོད་དག་ཏུ་མཆི། །ཞེས་གསུངས་པ་ལྟར། སྣོད་བཅུད་ཀྱི་འཁོར་བ་རླུང་གིས་བསྐྱོད་པའི་ཆུ་ཟླ་ལྟར་སྐད་ཅིག་ཀྱང་མི་སྡོད་པར་འཇིག་པའི་མི་རྟག་པ་དང༌། འདོད་པའི་ཡོན་ཏན་ནི་མནོག་ཆུང་ལ་ཉེན་ཆེ་བ་སྦྲུལ་གདུག་པའི་ལུས་ཀྱི་གྲིབ་མ་དང་འདྲ་བ་དང༌། འགྲོ་བ་ལྔ་པོ་རྣམས་སྡུག་བསྔལ་གསུམ་གྱི་མེ་རབ་ཏུ་འབར་བས་ཀུན་ཏུ་གདུངས་པར་མཐོང་ནས། སྲིད་པ་ལ་ཞེན་པ་གཏིང་ནས་ལོག་པ་བྱང་པའི་བྱིས་པའི་བློ་སྣ་ལྟ་བུ་ཞིག་སྐྱེས་ན། ངེས་པར་འབྱུང་བ་ཐར་པ་ལ་མངོན་པར་དགའ་བའི་ཐོབ་འདོད་འབྱུང་ངོ་། །བྱང་པའི་བྱིས་པ་ནི་བྱང་ན་རྩམ་པ་དཀོན་པས་ཉུང་མ་ཉི་ཚེ་ཟ་བས་བྱིས་པ་ཞིག་བཀྲེས་ཏེ་རྩམ་པ་ཟ་འདོད་ནས། མ་ལ་ཟས་བསླངས་པ་ལ་མ་ལ་རྩམ་པ་མེད་པས་ཉུང་གཤེར་ཞིག་བྱིན་པས་དེ་མི་འདོད་ཟེར། དེ་ནས་ཉུང་མ་སྐམ་པོ་ཞིག་བྱིན་པས་མི་འདོད་ཟེར། དེ་ནས་ཉུང་མ་ཕོ་ཤ་ཞིག་བྱིན་པ་ལ་ཡང་ང་མི་འདོད་ཟེར། དེ་ནས་ཉུང་མ་བཙོས་འཁེངས་ཅིག་བྱིན་པས་དེ་ཡང་ང་མི་འདོད་ཟེར་ཞིང་ཁོ་མ་མགུ་ནས་དེ་ཡོ་ཉུང་མ་ཡིན་ཟེར་ལོ། །དེ་བཞིན་དུ་རང་ཅག་ཀྱང་འཇིག་རྟེན་གྱི་བདེ་བ་གང་མཐོང་བ་དང་ཐོས་པ་དང་དྲན་པ་ཐམས་ཅད་ལ་དེ་ཡང་འཇིག་རྟེན་ཡིན། དེ་ཡང་འཇིག་རྟེན་ཡིན། དེ་ཡོ་སྡུག་བསྔལ་ཡིན།
ཅིས་ཀྱང་བྱར་མེད་སྙམ་ནས་སྐྱུག་ཏིང་ཏིང་བ་དགོས་གསུང་བ་ལྟར་རོ། །དེ་ལྟར་སྔར་ཐོག་མ་མེད་པ་ནས་འཁོར་བར་འཁྱམས་པ་བསམས་པས་ནི་སྐྱོ་ཞིང་ཡིད་འབྱུང་བ་དང༌། ད་གདོད་འཁྱམ་དགོས་པ་བསམས་པས་ནི་འཇིགས་ཤིང་སྐྲག་པའི་བློ་ཚིག་ཙམ་དུ་མ་སོང་བ་སྐྱེས་པ་དེས། བཤེས་སྤྲིངས་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང༌། །དམྱལ་བ་ཡི་དྭགས་དུད་འགྲོའི་གནས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་འགྱུར་ལགས་མཁྱེན་མཛོད། །ཅེས་གསུངས་པ་ལྟར། གནོད་པ་ཐམས་ཅད་ཀྱི་རྩ་བ་འཁོར་བར་སྐྱེ་བ་བཟློག་དགོས་སོ། །དེ་ཡང་རྒྱུ་ལས་དང་ཉོན་མོངས་གཉིས་བཟློག་པ་ལ་ལྟོས་ལ། དེ་གཉིས་ཀྱང་ཉོན་མོངས་མེད་ན་ལས་ཅི་ཙམ་ཡོད་ཀྱང་སྐྱེ་བར་མི་འགྱུར་ལ། ཉོན་མོངས་ཡོད་ན་ལས་སྔར་བསགས་མེད་དུ་ཆུག་ཀྱང་འཕྲལ་འཕྲལ་དུ་གསོག་པར་འགྱུར་བས་ཉོན་མོངས་གཞོམ་པར་བྱའོ། །དེ་འཇོམས་པ་ཡང་ལམ་མ་ནོར་ཞིང་ཚང་བ་བསྒོམ་པ་ལ་རག་ལས་སོ། །འདི་ལ་གཉིས། རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ་དང༌། ལམ་ཇི་འདྲ་བ་ཞིག་བསྒོམས་པས་བཟློག་པའོ། །དང་པོ་ནི། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་
བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར། དལ་འབྱོར་ཐོབ་པའི་དུས་འདིར་བཟློག་དགོས་ཏེ། མི་ཁོམ་པར་ནི་བཟློག་པའི་སྐབས་མེད་པའི་ཕྱིར་ཏེ། སྔར་བཤད་ཟིན་ཏོ། །རྣལ་འབྱོར་པ་ཆེན་པོའི་ཞལ་ནས། ད་རེས་ཕྱུགས་ལས་བྱེ་བྲག་འབྱེད་པའི་དུས་ཡིན་ནོ་གསུང༌། པོ་ཏོ་བའི་ཞལ་ནས་ཀྱང་། སྔར་དེ་ཙམ་ཞིག་འཁྱམས་པ་ལ་རང་ལོག་མ་བྱུང་ཙ་ན། ད་ཡང་རང་ལོག་མི་འོང་བས་བཟློག་དགོས། བཟློག་པའི་དུས་ཀྱང་ད་རེས་དལ་འབྱོར་ཐོབ་པའི་དུས་འདིར་ཡིན་གསུང་ངོ་། །དེ་ལས་ཀྱང་ཁྱིམ་ན་གནས་པ་ནི་ཆོས་བསྒྲུབ་པའི་བར་ཆད་མང་ཞིང་ཉེས་པ་དུ་མའི་སྐྱོན་ཆགས་ལ། རབ་ཏུ་བྱུང་བ་ནི་དེ་ལས་ལྡོག་པས་ན་འཁོར་བ་བཟློག་པའི་རྟེན་ནི་རབ་བྱུང་མཆོག་ཏུ་གྱུར་པས་མཁས་པས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བར་བྱའོ། །ཁྱིམ་པའི་སྐྱོན་དང་རབ་ཏུ་བྱུང་བའི་ཡོན་ཏན་ཡང་ཡང་སེམས་པ་ནི། སྔར་རབ་ཏུ་བྱུང་བ་རྣམས་ཀྱི་ནི་བསམ་པ་བརྟན་པར་འགྱུར་ལ། རབ་ཏུ་མ་བྱུང་བ་རྣམས་ཀྱི་ནི་བཟང་པོའི་བག་ཆགས་འཇོག་ཅིང་སད་པར་འགྱུར་བས་དེའི་ཚུལ་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་ཁྱིམ་པ་ནི། འབྱོར་ན་དེ་བསྲུང་བའི་འབད་པས་སྡུག་བསྔལ་ལ། དབུལ་ན་ནི་འཚོལ་བའི་སྡུག་བསྔལ་གྱིས་ཤ་ཐང་བས་བདེ་བ་མེད་པ་ལ། རྨོངས་ནས་བདེ་བར་འཛིན་པ་ནི་ལས་ངན་པའི་འབྲས་བུར་ཤེས་པར་བྱ་སྟེ། སྐྱེས་རབས་ལས། བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག །ཕྱུག་གམ་ཡང་ན་དབུལ་ཡང་རུང༌། །ཁྱིམ་ན་གནས་
པ་ནད་དུ་ཆེ། །གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་བ་ཡང༌། །གང་ན་བདེ་བ་མེད་གྱུར་པ། །དེ་ལ་དགའ་བ་རྨོངས་པ་ནི། །སྡིག་པའི་འབྲས་བུ་སྨིན་པ་ཉིད། །ཅེས་གསུངས་སོ། །དེའི་ཕྱིར་ཡོ་བྱད་མང་པོ་འཛིན་པ་དང་ཆོག་མི་ཤེས་པར་ཚོལ་བ་ནི་རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ཏེ། གཞན་དུ་ན་ཁྱིམ་པ་དང་ཁྱད་མེད་པར་འགྱུར་བས་སོ། །གཞན་ཡང་ཁྱིམ་ན་གནས་པ་ནི་ཆོས་དང་འགལ་བས་དེར་ཆོས་བསྒྲུབ་པར་དཀའ་སྟེ། དེ་ཉིད་ལས། ཁྱིམ་གྱི་སོ་ནམ་བྱས་ན་ནི། །བརྫུན་དུ་མི་སྨྲར་མི་རུང་ཞིང༌། །ཕ་རོལ་ཉེས་པ་བྱེད་པ་ལ། །ནན་ཏུར་མི་བྱར་མི་རུང་ངོ་། །གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། །ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །ཆོས་ཀྱི་ལས་ནི་རབ་ཏུ་ཞི་བ་ཡིན། །ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་གྱིས་འགྲུབ། །དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཞེས་དང༌། དྲེགས་དང་ང་རྒྱལ་གཏི་མུག་སྦྲུལ་གྱི་ཚང༌། །རབ་ཏུ་ཞི་བ་དགའ་བའི་བདེ་འཇིག་པ། །སྡུག་བསྔལ་མི་བཟད་མང་པོའི་གནས་གྱུར་ཁྱིམ། །ཁུང་དང་འདྲ་བར་སུ་ཞིག་གནས་པར་བྱེད། །ཅེས་གསུངས་སོ། །དེ་ལྟ་བུ་ལ་སོགས་པ་ཁྱིམ་ན་གནས་པའི་སྐྱོན་ཡང་ཡང་བསམས་ལ། རབ་ཏུ་བྱུང་བ་ལ་སྨོན་པར་བྱའོ། །དེ་ཡང་ཆོས་གོས་དང་ལྷུང་བཟེད་ངན་ངོན་དང་བསོད་སྙོམས་ཀྱིས་ཆོག་ཤེས་ཤིང་དབེན་པར་རང་གི་ཉོན་མོངས་པ་སྦྱངས་ནས། གཞན་གྱི་ཡོན་གནས་བྱེད་པ་
ལ་སྨོན་པ་ནི། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། སྐྲ་རྣམས་བྲེགས་པར་གྱུར་ནས་ནི། །ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང༌། །དགོན་པ་ཡུལ་དུ་འདོད་པར་ནི། །ནམ་ཞིག་དེ་ལྟར་འགྱུར་ཞིག་གུ །གཉའ་ཤིང་གང་ཙམ་རྣམ་བལྟ་ཞིང༌། །ས་ཡི་ལྷུང་བཟེད་ལག་ཐོགས་ནས། །དཔྱས་མེད་ཁྱིམ་ནས་ཁྱིམ་དུ་ནི། །ནམ་ཞིག་སློངས་མོ་སྤྱོད་པར་འགྱུར། །རྙེད་དང་བཀུར་སྟི་ཆགས་མེད་ཅིང༌། །ཉོན་མོངས་ཚེར་མའི་འདམ་རྫབ་དག །སྦྱོང་བར་བྱེད་ཅིང་གྲོང་ཁྱེར་གྱི། །སྦྱིན་པའི་གནས་སུ་ནམ་ཞིག་འགྱུར། །ཞེས་གསུངས་པ་ལྟར་རོ། །མལ་སྟན་རྩྭ་ལས་བྱས་པ་ལ་བླ་གབ་མེད་པར་ཉལ་བས། གོས་བ་མོས་ལྕི་བ་དང་བཟའ་བཏུང་ངན་ངོན་གྱིས་ཆོག་ཤེས་པ་དང༌། གནས་མལ་ཤིང་དྲུང་དུ་རྩྭ་འཇམ་པོ་ལ་ཆོས་ཀྱི་དགའ་བདེས་འཚོ་ཞིང་ཉལ་བ་ལ་སྨོན་པ་ནི། རྩྭ་ཡི་ཚོགས་ལས་ལངས་ནས་ནི། །བ་མོས་ལྕི་བའི་གོས་དག་དང༌། །ཟས་སྐོམ་ངན་ངོན་ཙམ་གྱིས་ནི། །ནམ་ཞིག་ལུས་ལ་ཆགས་མེད་འགྱུར། །ཤིང་དྲུང་ནེ་ཙོ་ལྟར་ལྗང་བའི། །དུར་བ་འཇམ་པོའི་གོས་ཅན་དུ། །མཐོང་ཆོས་བདེ་བའི་དགའ་སྟོན་དང༌། །ནམ་ཞིག་བདག་ནི་ཉལ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །པོ་ཏོ་བ་མཁར་ཐོག་ཏུ་ཁ་བ་འཆགས་ནས་དོ་ནུབ་ནི་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ནས་བཤད་པ་དང་འདྲ་བ་ཞིག་བྱུང་བས་དགའ་བ་ཞིག་བྱུང༌། དེ་ལྟ་བུ་ཞིག་ཉམས་སུ་བླང་འདོད་པ་མིན་པ་གཞན་མེད་གསུང་ངོ་། །སྨན་ལྗོངས་དང་ཆུ་བོའི་ངོགས་སུ་གནས་ནས་ཆུ་རླབས་
སྐྱེ་འཇིག་བྱེད་པ་དང་རང་གི་ལུས་སྲོག་གཉིས་འདྲ་བར་སེམས་པ་དང༌། སྲིད་པའི་རྩ་བ་ལྟ་ངན་ཐམས་ཅད་ཀྱི་སྐྱེད་བྱེད་བདག་ཏུ་འཛིན་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འགོག་ཅིང༌། སྲིད་པའི་དགའ་བདེ་ལ་ཞེན་པ་ལོག་པ་དང་སྣོད་བཅུད་ཀྱི་འཇིག་རྟེན་རྣམས་སྒྱུ་མ་སོགས་དང་འདྲ་བར་ཡང་དང་ཡང་དུ་སེམས་པ་ལ་སྨོན་པ་ནི། ནམ་ཞིག་ཆུ་ངོགས་སྨན་ལྗོངས་སུ། །གནས་ནས་ཆུ་རླབས་འབྱུང་འཇིག་དང༌། །འཚོ་བའི་འཇིག་རྟེན་གནས་འདྲ་བར། །ཡང་དང་ཡང་དུ་བལྟ་བར་འགྱུར། །ལྟ་བ་ཀུན་གྱི་མར་གྱུར་པའི། །འཇིག་ཚོགས་ལྟ་བ་འབྱིན་པ་དང༌། །སྲིད་པའི་ལོངས་སྤྱོད་མི་འདོད་པར། །བདག་ནི་ནམ་ཞིག་འགྱུར་ཞིག་གུ །རྨི་ལམ་སྨིག་རྒྱུ་སྒྱུ་མ་སྤྲིན། །དྲི་ཟའི་གྲོང་ཁྱེར་མཚུངས་པར་ནི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་དག །ནམ་ཞིག་རྟོགས་པར་བྱེད་པར་འགྱུར། །ཞེས་གསུངས་ཏེ། དེ་ཐམས་ཅད་ཀྱང་རྟེན་རབ་ཏུ་བྱུང་བ་བྱས་ནས་བྱ་བ་དེ་དག་བྱེད་པ་ལ་སྨོན་པ་བྱེད་པའོ། །མཆད་ཀ་བའི་ཞལ་ནས། དཀའ་ཐུབ་ཀྱི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་པ་ཞིག་བྱུང་ན། ད་གཟོད་ཕས་བུ་གསོས་བྱ་བ་ཡིན་གསུང་བ་དང༌། ཤ༌ར་བའི་ཞལ་ནས་ཀྱང༌། ཁྱིམ་པ་ལས་ཀས་བྲེལ་བའི་དུས་སུ་གོས་བཟང་བཟང་གྱོན་ལ་དེ་ན་ཕར་སོང་དང་རབ་ཏུ་བྱུང་བ་ཨ་རེ་སྐྱིད་སྙམ་ནས། མ་འོངས་པ་ན་རབ་བྱུང་གི་བག་ཆགས་འཇོག་གསུང་ངོ་། །དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང༌། བདག་ཀྱང་སྡུག་བསྔལ་གྱི་གནས་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ། ནམ་ཞིག་ན་འདི་ལྟ་བུ་སྤྱོད་པར་འགྱུར། བདག་ཀྱང་
ནམ་ཞིག་ན་དགེ་འདུན་གྱི་ལས་དང་གསོ་སྦྱོང་གི་ལས་དང་དགག་དབྱེའི་ལས་དང་འདུད་པའི་ལས་དེ་ལ་གནས་པར་འགྱུར་སྙམ་ནས། དེས་འདི་ལྟར་རབ་ཏུ་བྱུང་བའི་སེམས་ལ་དགའ་བར་བྱའོ། །ཞེས་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པས་དེ་ལྟར་སྨོན་པ་བྱ་བར་གསུངས་ཏེ། འདིས་ནི་གཙོ་བོར་བསྙེན་པར་རྫོགས་པ་ལ་སྨོན་པར་གསུངས་སོ། །མདོ་སྡེའི་རྒྱན་ལས་ཀྱང༌། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟས་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་ཆུབ་སེམས་དཔའ་ལས་ཁྱད་འཕགས། །ཞེས་གསུངས་སོ། །དེ་ལྟར་ན་འཁོར་བ་ལས་ཐར་བའི་རྣམ་གྲོལ་བསྒྲུབ་པ་ལ་རྟེན་རབ་ཏུ་བྱུང་བ་བསྔགས་པར་མ་ཟད། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པའི་སྒོ་ནས་རྣམ་མཁྱེན་བསྒྲུབ་པ་ལ་ཡང་རབ་ཏུ་བྱུང་བ༌རྟེན་མཆོག་ཏུ་གསུངས་ལ། རབ་ཏུ་བྱུང་བའི་སྡོམ་པ་ནི་སྡོམ་པ་གསུམ་གྱི་ནང་ནས་སོ་སོར་ཐར་པ་ཉིད་ཡིན་པས་བསྟན་པའི་རྩ་བ་སོ་སོར་ཐར་པ་ལ་གུས་པར་བྱའོ། །གཉིས་པ་ལམ་ཇི་ལྟ་བུ་ཞིག་བསྒོམས་པས་བཟློག་པ་ནི། བཤེས་སྤྲིངས་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་གསུངས་པ་ལྟར། ལམ་
བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ལ་སློབ་དགོས་སོ། །དེ་ལ་བསླབ་པ་གསུམ་གྱི་གྲངས་ངེས་པ་ནི་གསུམ་ལས།དང་པོ་སེམས་འདུལ་བའི་རིམ་པ་ལ་ལྟོས་པའི་གྲངས་ངེས་ནི། སེམས་རྣམ་པར་གཡེངས་པ་གཡེང་བ་མེད་པར་བྱེད་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། སེམས་མཉམ་པར་མ་བཞག་པ་མཉམ་པར་འཇོག་པ་ལ་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ་དང༌། སེམས་མ་གྲོལ་བ་གྲོལ་བར་བྱེད་པ་ལ་ཤེས་རབ་ཀྱི་བསླབ་པ་སྟེ། དེ་གསུམ་གྱིས་རྣལ་འབྱོར་པ་རྣམས་ཀྱི་བྱ་བ་ཐམས་ཅད་རྫོགས་པར་འགྱུར་བའི་ཕྱིར་རོ། །འབྲས་བུ་ལ་ལྟོས་པའི་གྲངས་ངེས་ནི། ཚུལ་ཁྲིམས་མ་ཉམས་པའི་འབྲས་བུ་ནི་འདོད་པའི་བདེ་འགྲོ་གཉིས་ཡིན་ལ། ཉམས་པའི་འབྲས་བུ་ནི་ངན་འགྲོའོ། །སེམས་ཀྱི་བསླབ་པའི་འབྲས་བུ་ནི་ཁམས་གོང་མའི་བདེ་འགྲོ་གཉིས་སོ། །ཤེས་རབ་ཀྱི་བསླབ་པའི་འབྲས་བུ་ནི་ཐར་པ་སྟེ། མདོར་ན་བསྒྲུབ་བྱ་མངོན་མཐོ་དང་ངེས་ལེགས་གཉིས་དང༌། སྔ་མ་ལ་ཁམས་གོང་འོག་གི་བདེ་འགྲོ་གཉིས་ཡོད་པས་དེའི་སྒྲུབ་བྱེད་ཀྱང་གསུམ་མོ། །དེ་གཉིས་ནི་སའི་དངོས་གཞིར་གསུངས་སོ། །གོང་མ་རྣམས་ནི་སྤང་བྱ་ཉོན་མོངས་ལ་ལྟོས་ནས་ཀྱང་གསུམ་དུ་བཞེད་དེ། ཉོན་མོངས་སུན་འབྱིན་པ་དང་མངོན་གྱུར་འགོ་གནོན་པ་དང་ས་བོན་རྩད་ནས་སྤོང་བ་ལ་བསླབ་པ་གསུམ་མོ། །གོ་རིམ་ངེས་པ་ནི། ཚངས་པས་ཞུས་པ་སའི་དངོས་གཞིར་དྲངས་པ་ལས། རྩ་བ་ཤིན་ཏུ་བརྟན་པ་དང༌། །ཞི་བའི་སེམས་ལ་དགའ་བ་དང༌། །འཕགས་པའི་ལྟ་དང་སྡིག་པའི་ལྟ། །ལྡན་པར་བྱ་ཞིང་བྲལ་བར་བྱ། །
ཞེས་གསུངས་པས་བསྟན་ཏོ། །དེ་ལ་ཚུལ་ཁྲིམས་ནི་རྩ་བ་སྟེ། གཞན་གཉིས་དེ་ལས་འབྱུང་བའི་ཕྱིར་རོ། །ཚུལ་ཁྲིམས་ལ་བརྟེན་ནས་སེམས་མཉམ་པར་བཞག་པ་ལ་མངོན་པར་དགའ་བ་ནི་གཉིས་པའོ། །སེམས་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཕྱིར་འཕགས་པའི་ལྟ་བ་དང་ལྡན་ཞིང་སྡིག་པའི་ལྟ་བ་དང་བྲལ་བ་ནི་གསུམ་པའོ། །བསླབ་པ་གསུམ་གྱི་རང་བཞིན་ནི། ཚངས་པས་ཞུས་པ་ལས། ཡན་ལག་དྲུག་དང་ལྡན་པ་དང༌། །གནས་བཞི་བདེ་དང་ལྡན་པ་དང༌། །བཞི་པོ་ཡི་ནི་རྣམ་པ་བཞི། །རྟག་ཏུ་ཡེ་ཤེས་དག་པ་ཡིན། །ཅེས་གསུངས་པ་ལྟར་རོ། །དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཡན་ལག་དྲུག་དང་ལྡན་པ་སྟེ། ཚུལ་ཁྲིམས་དང་ལྡན་པ་དང་སོ་སོར་ཐར་པའི་སྡོམ་པས་བསྡམས་པ་གཉིས་ཀྱིས་ནི་ཐར་པར་ངེས་པར་འབྱིན་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །ཆོ་ག་དང་སྤྱོད་ཡུལ་དང་ལྡན་པ་གཉིས་ཀྱིས་ནི་མ་སྨད་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །ཁ་ན་མ་ཐོ་བ་ཕྲ་རབ་ལ་ཡང་འཇིགས་པར་ལྟ་བས་ནི་མ་ཉམས་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །བསླབ་པའི་གཞི་རྣམས་ཡང་དག་པར་བླངས་ཏེ་སློབ་པས་ནི་ཕྱིན་ཅི་མ་ལོག་པའི་ཚུལ་ཁྲིམས་དག་པ་བསྟན་ཏོ། །སེམས་ཀྱི་གནས་བཞི་ནི་བསམ་གཏན་བཞི་ཡིན་ལ། དེ་ཉིད་ཚེ་འདི་ལ་བདེ་བར་གནས་པས་ན་བདེ་བ་དང་ལྡན་པ་སྟེ་སེམས་ཀྱི་བསླབ་པའོ། །བཞི་པོ་ནི་བདེན་པ་བཞི་ཡིན་ལ། དེའི་རྣམ་པ་བཞི་ནི་སྡུག་བསྔལ་ལ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་
དང་བདག་མེད་དོ། །ཀུན་འབྱུང་ལ་རྒྱུ་དང་ཀུན་འབྱུང་དང་རབ་སྐྱེ་དང་རྐྱེན་ནོ། །འགོག་བདེན་ལ་འགོག་པ་དང་ཞི་བ་དང་གྱ་ནོམ་དང་ངེས་འབྱུང་ངོ་། །ལམ་བདེན་ལ་ལམ་དང་རིགས་པ་དང་སྒྲུབ་པ་དང་ངེས་འབྱིན་ཏེ། བཅུ་དྲུག་པོ་དེ་རྟོགས་པའི་རྣམ་པ་བཅུ་དྲུག་ནི་ཤེས་རབ་ཀྱི་བསླབ་པའོ། །འདིར་སྐྱེས་བུ་འབྲིང་གི་ལམ་རང་དགའ་བ་ལ་འཁྲིད་ན། བསླབ་པ་གསུམ་ལ་འཁྲིད་ལུགས་རྒྱས་པར་དགོས་ནའང༌། དེ་མིན་པས་ཤེས་རབ་ལྷག་མཐོང་དང་སེམས་ཀྱི་བསླབ་པ་ཞི་གནས་བསྐྱེད་ལུགས་ནི། སྐྱེས་བུ་ཆེན་པོའི་སྐབས་སུ་རྒྱས་པར་འཆད་པར་འགྱུར་བས་འདིར་དེ་ཙམ་ལས་མི་སྤྲོའོ། །དེས་ན་ཚུལ་ཁྲིམས་ལ་བསླབ་ཚུལ་མདོར་བསྡུས་ཤིག་བརྗོད་པར་བྱའོ། །དེ་ལ་ཐོག་མར་ནི། ཚུལ་ཁྲིམས་ཀྱི་ཕན་ཡོན་ཡང་དང་ཡང་དུ་བསམས་ནས་སྙིང་ཐག་པ་ནས་སྤྲོ་ཤུགས་འཕེལ་བར་བྱ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་ལས། ཚུལ་ཁྲིམས་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་ཐེམ་སྐས་སོ། །ཤིང་ལ་སོགས་པའི་རྩ་བ༌ས་ཡིན་པ་ལྟར་རྩ་བའོ། །ཚོང་དཔོན་ཚོང་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་ལྟར་དགེ་བའི་ཆོས་ཐམས་ཅད་ཀྱི་ཐོག་མར་འགྲོ་བའོ། །བརྒྱ་བྱིན་གྱི་རྒྱལ་མཚན་བསྒྲེང་བ་ལྟར་ཆོས་ཐམས་ཅད་ཀྱི་རྒྱལ་མཚན་ནོ། །སྡིག་པ་ཐམས་ཅད་དང་ངན་སོང་གི་ལམ་གཏན་གཅོད་པའོ། །སྡིག་པའི་ནད་ཐམས་ཅད་གསོ་བས་སྨན་གྱི་སྡོང་པོ་ལྟ་བུའོ། །སྲིད་པའི་ལམ་ཉམ་ང་བའི་བརྒྱགས་ཚོགས་སོ། །ཉོན་མོངས་པའི་དགྲ་འཇོམས་པའི་གོ་མཚོན་ནོ། །ཉོན་མོངས་པའི་སྦྲུལ་གདུག་པ་སེལ་བའི་རིག་སྔགས་སོ། །སྡིག་པའི་ཆུ་ལས་སྒྲོལ་བའི་ཟམ་པའོ། །
༼འདི་ནས་༣༥༠ནས་༣༥༨བར་མ་ནོག་འདུག་༽ཞེས་པ་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་པ་དང༌། དཔུང་བཟང་གིས་ཞུས་པའི་རྒྱུད་ལས་ཀྱང༌། ཇི་ལྟར་ལོ་ཏོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར། །དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཞེས་གསུངས་པ་ལྟར་བསམ་མོ། །ཁས་བླངས་ནས་མ་བསྲུངས་ན་ཉེས་དམིགས་ཤིན་ཏུ་ཆེ་སྟེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ལོ། །ཞེས་བསླབ་པ་ཁས་བླངས་པ་དེ་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་ཕྱོགས་སུ་འགྲོ་བར་གསུངས་སོ། །དེའི་ཕྱིར་ཉེས་དམིགས་རྣམས་ཀྱང་ལེགས་པར་བསམས་ལ་བསླབ་པ་ལ་རབ་ཏུ་གུས་པར་བྱའོ། །ཇི་ལྟར་བསླབ་པའི་ཚུལ་ནི། ལྟུང་བ་འབྱུང་བའི་རྒྱུ་བཞི་ལས། མི་ཤེས་པའི་གཉེན་པོར་ནི། བསླབ་བྱ་རྣམས་མཉན་ནས་ཤེས་པར་བྱའོ། །བག་མེད་པའི་གཉེན་པོར་ནི། བླང་དོར་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང་། འཕྲལ་འཕྲལ་དུ་སྒོ་གསུམ་ལ་སོ་སོར་རྟོག་ཅིང་ལེགས་ཉེས་གང་ལ་འཇུག་ཤེས་པར་བྱེད་པའི་ཤེས་བཞིན་དང༌། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང༌། ཉེས་སྤྱོད་ཀྱི་རྣམ་
སྨིན་ལ་འཇིགས་ནས་བག་འཁུམས་པ་སོགས་ལ་བསླབ་བོ། །མ་གུས་པའི་གཉེན་པོར་ནི། སྟོན་པ་དང་དེའི་བཅས་པ་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་བྱའོ། །ཉོན་མོངས་མང་བའི་གཉེན་པོར་ནི། རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བསྟེན་ནོ། །དེ་ལྟར་མི་འབད་པར་འདི་ཙམ་ལས་འགལ་ཡང་སྐྱོན་ཆུང་ངོ་སྙམ་དུ་བསམས་ནས། བཅས་པ་རྣམས་ལ་བག་ཡངས་སུ་འཇུག་པ་ནི་སྡུག་བསྔལ་འབའ་ཞིག་འཐོབ་སྟེ། ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང༌། །འདས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཉེས་ལྟུང་གིས་མ་གོས་པ་ལ་འབད་ཅིང༌། བརྒྱ་ལ་གོས་ན་ཡང་ཇི་མི་སྙམ་པར་མི་འཇོག་པར་ལྟུང་བ་དང་སྡིག་པའི་ཕྱིར་བཅོས་ལ་ཇི་ལྟར་གསུངས་པ་ལྟར་འབད་པར་བྱའོ། །ཚངས་པས་ཞུས་པ་ལས། བསླབ་པ་ལ་ནི་བརྟེན་པར་བྱ། །དེ་ལ་སྙིང་ནས་ནན་ཏན་བྱ། །ཕྱིར་ནི་སྤང་བར་མི་བྱ་ཞིང༌། །སྲོག་གི་ཕྱིར་ཡང་བཤིག་མི་བྱ། །རྟག་ཏུ་ནན་ཏན་གནས་པར་བྱ། །འདུལ་བ་ལ་ནི་འཇུག་པར་བྱ། །ཞེས་དང༌། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་བླ་ཡི།
ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་སྐྱེ་བ་འདི་ཉིད་ཀྱི་ཚེ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་གཏན་ཚིགས་དང་བཅས་ཏེ་བཀའ་སྩལ་པ་ལྟར། སྲོག་དང་བསྡོས་ཏེ་བསྲུང་བར་བྱའོ། །དེ་ལྟ་མ་ཡིན་ན་བདག་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་པ་ནི་དོན་མེད་དོ་སྙམ་དུ་བསམ་པར་བྱ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སངས་རྒྱས་བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་ཤིན་ཏུ་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་པོར་འདུ་ཤེས་ཤིང་། །བཞོན་དང་བ་གླང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅི་ཕྱིར་མགོ་བོ་བྲེགས། །ཞེས་གསུངས་པའི་ཕྱིར་རོ། །འདུས་བྱས་འཁོར་བ་ལས་འབྲོས་པར་འདོད་ནས་ཐར་པའི་གྲོང་ཁྱེར་དུ་འགྲོ་བ་ལ་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་ན་ནི་འགྲོ་མི་ནུས་པར་མ་ཟད། འཁོར་བར་སླར་འཁོར་ཞིང་སྡུག་བསྔལ་རྣམས་ཀྱིས་འཇོམས་པ་དཔེ་དང་བཅས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། མི་ཞིག་ཆོམ་རྐུན་མང་པོས་རབ་གཙེས་ནས། །འཚོ་བར་འདོད་པས་བྲོས་ཤིང་འགྲོར་བརྩལ་ན། །དེ་ནི་རྐང་པ་འགྲོ་ཞིང་རྒྱུག་མི་ནུས། །ཆོམ་རྐུན་དག་གིས་དེ་བཟུང་བཅོམ་པ་ལྟར། །དེ་བཞིན་ཚུལ་ཁྲིམས་ཉམས་པ་རྨོངས་པའི་མི། །འདུས་བྱས་དག་ལས་འབྲོས་
པར་འདོད་མོད་ཀྱི། །ཚུལ་ཁྲིམས་ཉམས་པས་དེ་ཡང་འབྲོས་མི་ནུས། །ན་རྒ་འཆི་བ་དག་གིས་ཤིན་ཏུ་འཇོམས། །ཞེས་གསུངས་སོ། །དེས་ན་མདོ་དེ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་གསུངས་པ་ལྟར། དགེ་བསྙེན་ལ་གསུངས་པའི་བསླབ་པའི་གཞི་ལྔ་ཡོངས་སུ་རྫོགས་པར་བསྲུང་བ་དགེ་སློང་ལ་ཡང་མེད་པར་གསུངས་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི། ལྷག་པར་ཡང་འབྲས་བུ་ཆེ་བས་འབད་པར་བྱ་སྟེ། མདོ་དེ་ཉིད་ལས། བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང༌། །བདེར་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་བྱེ་བྲག་འཕགས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ལྟུང་བ་བྱུང་ཡང་བཤགས་པས་ཆོག་སྙམ་ནས་ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་མེད་པར་འཇུག་པ་ནི། ཕྱིས་བཅོས་པས་ཆོག་ཟེར་ནས་དུག་ཟ་བ་དང་འདྲ་སྟེ། བྱམས་པ་སེང་གེ་སྒྲའི་མདོ་ལས། བྱམས་པ། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པ་དང༌། རབ་ཏུ་བྱུང་བ་ཁ་ཅིག་དེ་དག་འདི་སྐད་ཅེས། སྡིག་པའི་ལས་ནི་ཉེས་པ་བཤགས་པས་མ་ལུས་པར་འཛད་པར་
འགྱུར་རོ་ཞེས་ཟེར་ཞིང༌། དེ་དག་སྡིག་པ་མངོན་པར་འདུ་བྱ་བ་མངོན་པར་འདུས་བྱས་ནས་ཡང་བཤགས་པར་བྱའོ། །ཞེས་ལྟུང་བ་ལྷག་པར་འབྱིན་པར་བྱེད་ཅིང༌། ཕྱིས་སྡོམ་པ་འཛིན་པར་ནི་མི་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་འཆི་བའི་ལས་ཅན་ཡིན་ནོ་ཞེས་ང་སྨྲ་སྟེ། འཆི་བ་ཡང་གང་ཞེ་ན། འདི་ལྟ་སྟེ། དཔེར་ན་དུག་ཟ་བའི་མི་དེ་དང་འདྲ་བར་འཆི་བའི་དུས་བྱས་ནས་ལོག་པར་ལྟུང་བ་རྣམས་སུ་འགྲོ་བར་འགྱུར་བ་ཡིན་ནོ། །ཞེས་དང༌། བྱམས་པ། འཕགས་པའི་ཆོས་འདུལ་བ་འདི་ལ་དུག་ཅེས་བྱ་བ་དེ་ནི། འདི་ལྟ་སྟེ། བསླབ་པའི་གཞི་ཇི་ལྟར་བཅས་པ་དག་ལས་འདའ་བར་བྱེད་པ་ཡིན་པས་ཁྱེད་ཅག་གིས་ནི་དུག་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཚུལ་གྱིས་བསྲུང་བ་ནི་སོ་ཐར་གྱི་སྡོམ་ལྡན་ཡིན་ན་གསང་སྔགས་ལ་ཡང་འདྲ་བ་ཡིན་ཏེ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་སྔགས་པ་ཁྱིམ་པས་ཀྱང་རབ་བྱུང་གི་རྟགས་ཀྱི་སྐོར་དང་ལས་ཀྱི་ཆོ་ག་དང་བཅས་པ་རྐྱང་པའི་ཆ་འགའ་ཞིག་མ་གཏོགས་པ་འདུལ་བ་ནས་འབྱུང་བ་བཞིན་བྱ་དགོས་པར་གསུངས་ན། སྔགས་པ་རབ་བྱུང་ལ་སྨོས་ཅི་དགོས་པའི་ཕྱིར་རོ། །སྔགས་འགྲུབ་པའི་རྩ་བ་ཡང་ཚུལ་ཁྲིམས་ཡིན་ཏེ། དཔུང་བཟང་གིས་
ཞུས་པ་ལས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང༌། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པ་འོ། །ཇི་ལྟར་མི་དབང་རིན་ཆེན་བདུན་ལྡན་པ། །སྐྱོ་བ་མེད་པར་སྐྱེ་དགུ་འདུལ་བར་བྱེད། །དེ་བཞིན་སྔགས་པ་ཡན་ལག་འདི་བདུན་དང༌། །ལྡན་པར་གྱུར་ན་སྡིག་པ་འདུལ་བར་བྱེད། །ཅེས་དང༌། འཇམ་དཔལ་རྩ་རྒྱུད་ལས་ཀྱང༌། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་མཆོག་མེད་ཅིང་། །གྲུབ་པ་འབྲིང་ཡང་ཡོད་མེད་དེ། །གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བྱིས་པ་ངན་པ་འདི་ལ་ནི། །སྔགས་འགྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་བདེ་འགྲོ་ག་ལ་ཡོད། །མཐོ་རིས་སུ་ཡང་མི་འགྱུར་ཞིང༌། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་རོ། །ཁམ་ལུང་པའི་ཞལ་ནས་ཀྱང༌། མུ་གེ་བྱུང་ཙ་ན་ཐམས་ཅད་ནས་ཀྱི་སྟེང་དུ་འོང༌། དེ་བཞིན་དུ་ཐམས་ཅད་ཚུལ་ཁྲིམས་ཀྱི་སྟེང་དུ་ཀོར་ཀོར་འོང་བས་འདི་ལ་འབུངས་ཤིག །ཚུལ་ཁྲིམས་དག་པའང་ལས་འབྲས་མ་བསམས་པ་ལ་མི་འོང་བས་དེས་ན་འདི་སེམས་པ་མན་ངག་ཡིན་གསུང་བ་དང༌། ཤ་ར་བའི་ཞལ་ནས་ཀྱང༌། སྤྱིར་ལེགས་ཉེས་ཅི་བྱུང་
ཡང་ཆོས་ལ་བརྟེན་པ་དེའི་ནང་ནས་ཀྱང་འདུལ་བ་ནས་ཇི་ལྟར་འབྱུང་བ་ལ་བརྟེན་ན་བལྡབ་ཀྱང་མི་དགོས་པ་ཞེ་གཙང་བ་བརྟག་ཐུབ་པ་ཉམས་དགའ་བ་མཐའ་བཟང་བ་ཡིན་གསུང་བ་དང༌། དགེ་བཤེས་སྟོན་པའི་ཞལ་ནས་ཀྱང༌། ཚན་ཞིག་གིས་འདུལ་བ་ལ་བརྟེན་ནས་སྔགས་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་སོང་བ་ངའི་བླ་མའི་བཀའ་བརྒྱུད་མིན་པ་མེད་གསུང་བ་དང༌། ཇོ་བོའི་ཞལ་ནས་ཀྱང༌། ངེད་རྒྱ་གར་ན་དོ་གལ་ཆེན་པོའམ་བྱ་བ་གློ་བུར་བ་བྱུང་ན། སྡེ་སྣོད་འཛིན་པ་རྣམས་འཚོགས་ནས། སྡེ་སྣོད་གསུམ་ནས་མ་བཀག་གམ། སྡེ་སྣོད་གསུམ་དང་མི་འགལ་ལམ། ཞེས་གཏན་ལ་ཕབ་ནས་དེའི་སྟེང་དུ་འཇོག་པ་ཡིན། ངེད་བྲི་ཀཱ་མ་ལ་ཤཱི་ལ་བ་ལ་དེའི་སྟེང་དུ་བྱང་སེམས་ཀྱི་སྤྱོད་པ་ནས་མ་བཀག་གམ། དེ་དང་མི་འགལ་ལམ་བྱ་བ༌ཞིག་ཡོད་ལ། འདུན་མའི་ཞབས་འདུལ་བ་འཛིན་པས་འཇུག་པ་ཡིན་གསུང་ངོ་། །དེ་ལྟར་ཚུལ་ཁྲིམས་དག་པར་བྱེད་པ་ལ་ཡང༌། སྣེའུ་ཟུར་པའི་ཞལ་ནས། ད་ལྟ་ནང་ན་ཉོན་མོངས་པ་དང་འཐབ་པ་འདི་ཁོ་ན་གལ་ཆེ་སྟེ། ཉོན་མོངས་དང་མ་འཐབས་ན་ཚུལ་ཁྲིམས་དག་པ་མི་འོང༌། དེ་ཙ་ན་ཉོན་མོངས་མགོ་གནོན་པ་དང་རྩད་ནས་སྤོང་བའི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་མི་འོང་བས་འཁོར་བར་གཏན་དུ་འཁྱམ་དགོས་གསུང་བ་ལྟར་ཡིན་པས། སྔར་བཤད་པ་ལྟར་ཉོན་མོངས་ངོས་ཟིན་པར་བྱས་ལ་དེ་དག་གི་ཉེས་དམིགས་དང་དེ་དག་
དང་བྲལ་བའི་ཕན་ཡོན་བསམས་ནས་དྲན་པ་དང་ཤེས་བཞིན་གྱི་སོ་བཙུགས་ཏེ། ཉོན་མོངས་པ་གང་མགོ་འབུར་འབུར་ལ་ཡང་དང་ཡང་དུ་མདུང་བུ་འདེབས་དགོས། དེ་ཡང་ཉོན་མོངས་པ་གང་ཡང་རུང་བ་རང་གི་རྒྱུད་ལ་ཉུག་གིས་བྱུང་མ་ཐག་ཉིད་དུ་དེ་ལ་དགྲར་བལྟས་ནས་འཐབ་དགོས། དེ་ལྟར་མིན་པར་དང་པོར་བྱུང་ཙ་ན་དང་དུ་ལེན། ཚུལ་མིན་ཡིད་བྱེད་ཀྱིས་གསོས་འདེབས་པར་སོང་ན་འཐབ་ཟླ་མེད་པར་ཁོ་འབའ་ཞིག་ཏུ་འགྲོ་གསུང་ངོ་། །དེ་ལྟར་འབད་པས་མ་ལྡོག་ན་ཡང་རྒྱུན་མི་འཐུད་པར་མོད་ལ་ལྡོག་པ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་ཞིག་དགོས་ཀྱི། རྡོ་ལ་རི་མོ་བྲིས་པ་ལྟར་མི་བྱ་སྟེ། བཤེས་སྤྲིངས་ལས། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི། །དེ་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །ཞེས་གསུངས་པ་ལྟར་ཏེ། ཆོས་ཀྱི་ཕྱོགས་ལ་ནི་དེ་ལས་ལྡོག་པར་བྱའོ། །སྤྱོད་འཇུག་ལས་ཀྱང༌། འདི་ལ་བདག་གིས་ཞེན་བྱ་ཞིང༌། །ཁོན་དུ་བཟུང་ནས་གཡུལ་སྤྲད་དེ། །རྣམ་པ་དེ་འདྲའི་ཉོན་མོངས་པ། །ཉོན་མོངས་འཇོམས་བྱེད་མ་གཏོགས་སོ། །བདག་ནི་བསྲེགས་ཏེ་བསད་གྱུར་ཏམ། །བདག་གི་མགོ་བོ་བཅད་ཀྱང་བླ། །རྣམ་པ་ཀུན་ཏུ་ཉོན་མོངས་པའི། །དགྲ་ལ་འདུད་པར་མི་བྱ་འོ། །ཞེས་གསུངས་སོ། །དགེ་བཤེས་ཕུ་ཆུང་བའི་ཞལ་ནས་ཀྱང༌། ང་ནི་ཉོན་མོངས་ཀྱིས་ལྗིར་གྱིས་མནན་ཡང་མ་ཐའང་འོག་ནས་སོ་ཚིགས་བྱེད་གསུང་བ༌པོ་ཏོ་བས་གསན་པས། དེ་ཙུག་སོང་ན་མོད་ལ་ལྡོག་གསུང་ངོ་། །ཐ་
མལ་པའི་དགྲ་ནི་ལན་ཅིག་བཏོན་ཡང་ཡུལ་གཞན་བཟུང་ནས་སྟོབས་རྙེད་པ་ན་སླར་རྒོལ་དུ་འོང་བ་དང་ཉོན་མོངས་གཉིས་མི་འདྲ་སྟེ། ཉོན་མོངས་རྒྱུད་ལ་ལན་ཅིག་རྩ་བ་ནས་འདོན་ཐུབ་ན་ཡུལ་གཞན་དུ་འགྲོ་བ་ཡང་མེད་ལ་སླར་ལོག་ནས་ཀྱང་མི་འོང་ངོ་། །འོན་ཀྱང་བདག་ཅག་ཉོན་མོངས་གཞོམ་པ་ལ་བརྩོན་པ་མེད་པས་ལན་ཏེ། སྤྱོད་འཇུག་ལས། ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། །ཡུལ་གཞན་དག་ཏུ་གནས་ཤིང་ཡོངས་བཟུང་ནས། །ནུས་པ་བརྟས་ནས་དེ་ནས་ཕྱིར་ལྡོག་གི །ཉོན་མོངས་དགྲ་ཚུལ་དེ་དང་འདྲ་མ་ཡིན། །ཉོན་མོངས་ཉོན་མོངས་ཤེས་རབ་མིག་གིས་སྤང༌། །བདག་ཡིད་ལས་བསལ་གང་དུ་འགྲོ་བར་འགྱུར། །གང་དུ་གནས་ནས་བདག་གནོད་བྱ་ཕྱིར་འོང༌། །བློ་ཞན་བདག་ལ་བརྩོན་པ་མེད་པར་ཟད། །ཅེས་གསུངས་སོ། །བསྙུག་རུམ་པའི་ཞལ་ནས། ཉོན་མོངས་པ་ཉུག་གིས་བྱུང་ཙ་ན་ལེ་ལོ་མི་བྱ་བར་མོད་ལ་གཉེན་པོས་བཟློག །བཟློག་མ་ནུས་ན་ལངས་ལ་མཎྜལ་དང་མཆོད་པ་བཤམ། བླ་མ་དང་ཡི་དམ་ལ་ཕུལ་ལ་གསོལ་བ་གདབ། དེ་ལ་དམིགས་ནས་ཁྲོ་བོའི་བཟླས་པ་བྱས་པས་ཉལ་གྱིས་འགྲོ་གསུང་བ་དང༌། གླང་རི་ཐང་པའི་ཞལ་ནས་ཀྱང༌། འདུག་ས་སྤོས་པ་དང་སྐེ་ཅུ་ཅུ་བྱས་པ་ཙམ་གྱིས་ཀྱང་ཉལ་གྱིས་འགྲོ་གསུང་སྟེ། ཁོང་རང་ཉོན་མོངས་དང་འཐབས་པར་སྣང་གསུང་ངོ་། །དེ་ཡང་དགོན་པ་བའི་ཞལ་ནས། ཉིན་མཚན་དུ་རང་གི་སེམས་ལ་བྱ་ར་བྱ་བ་ལས་གཞན་ཅི་ཡོད་གསུང་བ་ལྟར་བྱེད་པ་ཞིག་ལ་འོང་ཚོད་དུ་གདའ། ཇོ་བོ་ཆེན་
པོ་ལ་ཡང་ཉི་མ་གཅིག་ལ་ལན་དུ་ཕྲད་ཀྱང༌། དེའི་རིང་ལ་སེམས་བཟང་པོ་བྱུང་ངམ་གསུངས་ནས་འདྲི་སྐད།ཉོན་མོངས་དེ་དག་ཇི་ལྟར་སྤོང་བ་ནི། ཁ་ན་མ་ཐོ་བ་ཆེ་ལ་དབྲལ་བར་དཀའ་ཞིང༌། ཉོན་མོངས་གཞན་ཐམས་ཅད་ཀྱི་རྟེན་བྱེད་པ་ནི་གཏི་མུག་ཡིན་པས། དེའི་གཉེན་པོར་རྟེན་འབྲེལ་མང་དུ་བསྒོམས་ལ། འཁོར་བའི་འཇུག་ལྡོག་ལ་མཁས་པར་བྱ་སྟེ། འདི་ལ་གོམས་ན་ནི་ལྟ་བ་ལྔ་ལ་སོགས་པའི་ལྟ་ངན་ཐམས་ཅད་ཀྱང་མི་འབྱུང་ངོ་། །འདི་ཕྱི་གཉིས་ཀར་སྡུག་བསྔལ་སྟེར་ཞིང་དགེ་རྩ་བསགས་པ་རྣམས་འཇོམས་པའི་དགྲ་ནི་ཞེ་སྡང་ཡིན་ཏེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཅེས་གསུངས་པ་ལྟར་རོ། །དེའི་ཕྱིར་དེ་ལ་རྣམ་པ་ཐམས་ཅད་དུ་སྐབས་མི་དབྱེ་བར་བཟོད་པ་ལ་འབད་དོ། །འདི་མ་བྱུང་ན་ཚེ་འདི་ཉིད་ལ་ཡང་ཆེས་ཤིན་ཏུ་བདེ་སྟེ། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར་རོ། །དགེ་མི་དགེའི་ལས་སྔར་བསགས་ཐམས་ཅད་འཁོར་བ་འགྲུབ་པ་ལ་མཐུ་ཅན་དུ་བྱེད་ཅིང་ནུས་པ་ཇེ་རྒྱས་སུ་གཏོང་བ་ནི་འདོད་ཆགས་སྲེད་པ་ཡིན་ལ། དེ་ཡང་འདོད་ཁམས་པ་རྣམས་ལ་ནི། ཡུལ་ལ་ལོངས་སྤྱོད་པའི་རེག་པའི་རྐྱེན་ཅན་གྱི་ཚོར་བའི་རོ་མྱངས་པ་ལས་འབྱུང་བས། ཕྱི་དང་ནང་གི་མི་སྡུག་པ་དང་འདོད་ཡོན་ལ་ཆགས་པའི་ཉེས་དམིགས་མང་དུ་བསྒོམས་ལ་བཟློག་པར་བྱ་སྟེ། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས། རི་དྭགས་གླང་པོ་ཕྱེ་མ་ལེབ་དང་ཉ། །སྦྲང་མ་ལྔ་པོ་ལྔ་ཡིས་བཅོམ་གྱུར་ཏེ། །གཅིག་གིས་འཇོམས་ན་གང་ཞིག་
ལྔ་རྣམས་ནི། །རྟག་ཏུ་བསྟེན་པ་ཅི་ཕྱིར་འཇོམས་མི་འགྱུར། །ཞེས་གསུངས་སོ། །གཞན་ཡང་འབྱུང་ཉེ་ལ་དབྲལ་བར་དཀའ་བ་རྙེད་པ་དང་གྲགས་པ་དང་བསྟོད་པ་དང་བདེ་བ་བཞི་ལ་སྲེད་ཅིང༌། དེ་དག་གི་ལྡོག་ཕྱོགས་བཞི་ལ་ཡིད་མི་དགའ་བའི་གཉེན་པོ་ལ་འབད་དེ། དེ་ཡང་སྤྱིར་འཁོར་བའི་ཉེས་དམིགས་བསྒོམ་པ་དང༌། ཁྱད་པར་དུ་འཆི་བ་དྲན་པ་གནད་དུ་སོང་ན་ལྡོག་པར་འགྱུར་རོ། །ང་རྒྱལ་ནི་འདིར་ལམ་སྐྱེ་བའི་གེགས་ཀྱི་མཆོག་ཕྱི་མར་བྲན་ལ་སོགས་པའི་རྒྱུ་ཡིན་པས་སྤང་སྟེ། སྤོང་ཚུལ་ནི། བཤེས་སྤྲིངས་ལས། ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་རྣམས་བདག་གིར་བྱ་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །བདེན་པ་དང་དཀོན་མཆོག་དང་ལས་འབྲས་ལ་ངེས་པ་རྙེད་ན་ནི་ཐེ་ཚོམ་གྱི་ཕྲ་རྒྱས་མི་འབྱུང་ངོ་། །གཞན་ཡང་གཉིད་དང་རྨུགས་པ་དང་རྒོད་པ་དང་ལེ་ལོ་དང་བག་མེད་པ་དང་ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང་བརྗེད་ངས་དང་ཤེས་བཞིན་མ་ཡིན་པ་ཞེས་བྱ་བའི་ཉེ་བའི་ཉོན་མོངས་པ་རྣམས་ནི་དགེ་བའི་ཕྱོགས་ལ་སྦྱོར་བའི་བར་དུ་གཅོད་པ་འབྱུང་ཉེ་བ་རྣམས་ཡིན་པས། ཉེས་དམིགས་རིག་པར་བྱས་ལ་གཉེན་པོ་བསྟེན་ནས་འཕྲལ་འཕྲལ་དུ་མཐུ་ཇེ་ཆུང་དུ་གཏོང་བ་ལ་གོམས་པར་བྱའོ། །ཉེས་དམིགས་ནི། བཤེས་སྤྲིངས་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་
ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད། །ཅེས་དང༌། ལྷག་པའི་བསམ་པ་བསྐུལ་བ་ལས་ཀྱང༌། གང་ཞིག་གཉིད་དང་རྨུགས་ལ་དགའ་འགྱུར་བ། །བད་ཀན་རླུང་དང་དེ་བཞིན་མཁྲིས་པ་རྣམས། །དེ་དག་དེ་ཡི་ལུས་ལ་ཤས་ཆེར་འབྱུང༌། །དེ་ཡི་ཁམས་རྣམས་རབ་ཏུ་འཁྲུག་པར་འགྱུར། །གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །ཁ་ཟས་ཉེས་པས་ལྟོ་ནི་མ་དག་ཅིང༌། །ལུས་ཀྱང་ལྕི་ལ་ཟོ་མདོག་བདེ་མ་ཡིན། །དེ་ཡི་ཚིག་ཀྱང་གསལ་བར་མི་འགྱུར་རོ། །ཞེས་དང༌། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ། །དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས། །བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས། །དཀར་པོ་ཉམས་ཤིང་མུན་པར་འགྲོ་བར་འགྱུར། །ཞེས་ཉེས་དམིགས་མང་དུ་གསུངས་པ་དང༌། དྲན་པ་ཉེར་གཞག་ལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་དང༌། ཚོམས་ལས། བག་མེད་པ་ལ་སྦྱོར་བྱེད་པ། །སྐྱེ་བོ་བྱིས་པ་བསམ་བརླག་ཡིན། །ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར། །མཁས་པས་བག་དང་ལྡན་པར་བྱ། །ཞེས་དང༌། སྐྱེས་རབས་ལས། ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བ་བྱེད་པ་བས། །གྱོ་མོའི་སྣོད་ཐོགས་གོས་ངན་གྱོན་ནས་ནི། །དགྲ་བོའི་ཁྱིམ་དུ་འབྱོར་པ་མཐོང་ཡང་བླ། །ཞེས་དང༌། བཤེས་སྤྲིངས་ལས། དབང་ཕྱུག་ལུས་གཏོགས་དྲན་པ་བདེར་གཤེགས་ཀྱི། །བགྲོད་པ་གཅིག་པའི་
ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་དང༌། སྤྱོད་འཇུག་ལས། ཐོས་ལྡན་དད་པ་ཅན་དང་ནི། །བརྩོན་པ་ལྷུར་ལེན་དུ་མ་ཡང་། །ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དགག་པར་མ་ནུས་ཀྱང༌། ཉོན་མོངས་ཀྱི་ཁ་མི་སྐྱོར་ཕྱོགས་མི་འཛིན་པར་དགྲར་ལྟ་བ་ཞིག་ད་ལྟ་མེད་དུ་མི་རུང་བས་གཉེན་པོའི་ཕྱོགས་བཟུང་ལ་ཉོན་མོངས་སུན་འབྱིན་པ་ལ་འབད་ནས། རང་གིས་གང་ཁས་བླངས་པའི་ཚུལ་ཁྲིམས་ཡོངས་སུ་དག་པར་བྱའོ། །ཇོ་བོ་ཆེན་པོའི་སློབ་མ་དཔལ་ལྡན་དགོན་པ་བའི་ཞལ་ནས་ཀྱང༌། སྣེའུ་ཟུར་པ་ལ། ཡེ་འབར། སང་གནངས་ཙ་ན་ཁྱེད་ཀྱི་དགེ་བཤེས་པ་དེ་ཀུན་མན་ངག་གི་མཐིལ་གང་ལ་བྱེད་ཟེར་ནས་འདྲི་ན། མངོན་པར་ཤེས་པའམ་ཡི་དམ་གྱི་ལྷ་ཞལ་མཐོང་བ་ལ་བྱེད་བྱས་པར་འོང་ངོ་། །ལས་རྒྱུ་འབྲས་ལ་ཇེ་ངེས་ཇེ་ངེས་སོང་ནས་ཇི་ལྟར་ཁས་བླངས་པའི་སྡོམ་པ་དག་པར་བསྲུང་བ་ཞིག་ལ་བྱེད་ཟེར་བ་ཡིན་ནོ་གསུང༌། དེས་ན་བསྒོམས་པའི་དངོས་གྲུབ་ཀྱང་མ་རིག་པ་ལ་སོགས་པའི་ཉོན་མོངས་ཇེ་ཆུང་དུ་སོང་བ་ལ་བྱ་གསུང་བ་ལྟར་གོ་དགོས་སོ། །ཚེ་འདི་ཕྱི་གཉིས་ཀར་སྡིག་དང་སྡུག་བསྔལ་འབའ་ཞིག་བསྐྱེད་པའི་གཞན་དང་འཁྲུག་པ་ལ་ཡང༌། དེའི་རིང་གི་སྡུག་བསྔལ་ཐམས་ཅད་སྲོག་དང་བསྡོས་ནས་བཟོད་པར་བྱེད་ཅིང༌། རྨས་
པའི་རྨ་ལ་སོགས་པ་ཡང་འདི་དེའི་ཚེ་བྱུང་བ་ཡིན་ཟེར་ནས་ངོམ་པར་བྱེད་ན། ཉོན་མོངས་གཞོམ་པ་ལ་བརྩོན་པའི་དུས་སུ་དཀའ་སྤྱད་བཟོད་པ་ནི་ཤིན་ཏུ་ཡང་རིགས་ཏེ། སྤྱོད་འཇུག་ལས། དོན་མེད་དགྲ་ཡིས་རྨ་སྲོལ་བཏོད་པ་ཡང༌། །ལུས་ལ་རྒྱན་དང་འདྲ་བར་སྲེལ་བྱེད་ན། །དོན་ཆེན་བསྒྲུབ་ཕྱིར་ཡང་དག་བརྩོན་གྱུར་པ། །བདག་ལ་སྡུག་བསྔལ་ཅི་ཕྱིར་གནོད་བྱེད་ཡིན། །ཞེས་གསུངས་སོ། །དེ་ལྟར་ཉོན་མོངས་པའི་དགྲ་ལ་འཐབས་ནས་རྒྱལ་བ་ལ་དཔའ་བོ་ཞེས་བྱ་ཡི། དགྲ་གཞན་ལ་འཐབ་པ་ནི་མ་བསད་ཀྱང་ངང་གིས་འཆི་བ་ལ་རྒོལ་བས་རོ་ལ་གསོད་པ་དང་འདྲ་སྟེ། སྤྱོད་འཇུག་ལས། སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས། །ཞེ་སྡང་ལ་སོགས་དགྲ་འཇོམས་པ། །དེ་དག་རྒྱལ་བྱེད་དཔའ་བོ་སྟེ། །ལྷག་མ་རོ་ལ་གསོད་པ་འོ། །ཞེས་གསུངས་སོ། །དེའི་ཕྱིར་དེ་ཉིད་ལས། ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ན། །རྣམ་པ་སྟོང་དུ་བསྲན་གཟུག་སྟེ། །ཝ་ལ་སོགས་པས་སེང་གེ་བཞིན། །ཉོན་མོངས་ཚོགས་ཀྱིས་མི་ཚུགས་བྱ། །ཞེས་གསུངས་པ་ལྟར། ལམ་གྱི་མི་མཐུན་པའི་ཕྱོགས་ཀུན་གྱིས་ཚུར་ལ་མི་ཚུགས་ཤིང་དེ་དག་ལས་རྒྱལ་བར་བྱའོ། །སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་བཤད་ཟིན་ཏོ།། །།༈ རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟར་འཁོར་བའི་ཉེས་དམིགས་སྒོ་སྣ་ཚོགས་ནས་རྒྱུན་རིང་དུ་བསྒོམས་པ་ལས་སྲིད་པ་ཐམས་ཅད་མེ་འབར་བའི་རླུབས་ལྟར་མཐོང་སྟེ། ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བའི་ཐར་པ་ལ་ཐོབ་འདོད་
ཀྱིས་ཡིད་ཀུན་ཏུ་གདུངས་པ་དེས། ལམ་བསླབ་པ་རིན་པོ་ཆེ་གསུམ་ལ་བསླབས་ན་འཁོར་བ་ལས་གྲོལ་བའི་ཐར་པ་འཐོབ་ཅིང༌། དེ་ཡང་མཐོ་རིས་ཀྱི་དཔལ་ལྟར་སླར་ལྡོག་པ་ཡང་མ་ཡིན་མོད། འོན་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་ཐོབ་པ་ཕྱོགས་རེ་བ་ཡིན་པས་རང་གི་དོན་མ་རྫོགས་ལ་དེ་ཉིད་ཀྱིས་ན་གཞན་གྱི་དོན་ཡང་ཉི་ཚེ་བར་ཟད་ཅིང༌། མཐར་སངས་རྒྱས་ཀྱིས་བསྐུལ་ནས་ཐེག་ཆེན་དུ་འཇུག་དགོས་པས་ན། བློ་དང་ལྡན་པ་རྣམས་ཀྱིས་ནི་ཐོག་མ་ནས་ཐེག་པ་ཆེན་པོར་འཇུག་པར་རིགས་ཏེ། ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པའི། །ཐེག་པ་གཉིས་པོ་གཏན་དུ་སྤང་བྱས་ཤིང༌། །ཐུབ་རྒྱལ་ཐེག་པ་སྙིང་རྗེས་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །ཅེས་དང༌། བདེ་དང་མི་བདེ་རྨི་ལམ་འདྲར་བགྲངས་ཤིང༌། །གཏི་མུག་སྐྱོན་གྱིས་དམའ་བའི་འགྲོ་མཐོང་ན། །ལས་ཀྱི་དམ་པ་གཞན་དོན་དགའ་བོར་ཞིང༌། །རང་གི་དོན་ལ་དེ་ཀོ་ཅི་སྟེ་བརྩོན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་རང་ཉིད་སྲིད་པའི་མཚོར་ལྷུང་བ་དང་འདྲ་བར་འགྲོ་བ་རྣམས་ཀྱང་བླང་དོར་འབྱེད་པའི་ཤེས་རབ་ཀྱི་མིག་ཟུམ་པས་ཉམ་ང་བ་དང་བྲལ་བའི་ཕྱོགས་སུ་བགྲོད་མི་ནུས་པར་གོམ་འགྲོས་འཁྱོར་བ་མཐོང་ན། རྒྱལ་བའི་རིགས་དང་ལྡན་པ་རྣམས་གཞན་ལ་བརྩེ་བ་མེད་པ་དང་དེ་དག་གི་དོན་དུ་མི་བརྩོན་པ་ནི་མི་རིགས་ཏེ། དེ་ཉིད་ལས། ཤེས་རབ་མིག་ཟུམ་འགྲོས་འཁྱོར་གྱུར་པ་ལ། །འཇིག་རྟེན་དོན་སྒྲུབ་རྒྱལ་བའི་རྒྱལ་རིགས་ན། །སྙིང་རྗེ་མི་བསྐྱེད་
སྐྱེས་བུ་གང་ཞིག་ཡོད། །དེ་དག་རྨོངས་བསལ་བརྩོན་འགྲུས་སུ་མི་རྩོམ། །ཞེས་སོ། །འདི་ན་སྐྱེས་བུ་རྣམས་ཀྱི་བདེ་བ་དང་བརྗིད་བག་དང་སྐྱེས་བུའི་རྩལ་ནི་གཞན་གྱི་དོན་ཁུར་དུ་འཁྱེར་བ་ལ་བྱ་བར་རིགས་ཏེ། རང་གི་དོན་ཙམ་ལ་དམིགས་པ་ནི་དུད་འགྲོ་རྣམས་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཆེན་པོ་རྣམས་ཀྱི་ངང་ཚུལ་ནི་གཞན་གྱི་ཕན་བདེ་ལ་མཐའ་གཅིག་ཏུ་གཞོལ་བ་ཡིན་ཏེ། སློབ་མ་ལ་སྤྲིངས་པ་ལས། ཤིན་ཏུ་རྙེད་སླའི་རྩྭ་ཁམ་འགའ་ལྟ་ཕྱུགས་ཀྱང་རང་ཉིད་ཟ། །ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང༌། །འདི་ན་སྐྱེས་བུ་གཞན་དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང༌། །ཁུར་ལ་མི་རྩེག༌ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ། །ཞེས་སོ། །དེ་ལྟར་འགྲོ་བ་སྡུག་བསྔལ་གྱིས་ཀུན་ཏུ་གདུངས་པར་མཐོང་ནས་དེ་དག་གི་དོན་དུ་བྲེལ་བ་ལ་སྐྱེས་བུ་ཞེས་བྱ་ལ་མཁས་པ་ཞེས་ཀྱང་དེ་ལ་བྱ་སྟེ། དེ་ཉིད་ལས། འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་པ། །སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྷུང་མཐོང་ནས། །ཐོད་ལ་མེ་མཆེད་འབར་བ་ལྟ་བུར་ཡིད་བྲེལ་བརྩོན་པ་གང༌། །འདི་ན་དེ་དག་སྐྱེས་བུ་ཡིན་ཏེ་མཁས་པའང་དེ་དག་ཡིན། །ཞེས་སོ། །དེའི་ཕྱིར་རང་གཞན་གྱི་ལེགས་
པ་ཐམས་ཅད་ཀྱི་འབྱུང་གནས། རྒུད་པ་ཐམས་ཅད་སེལ་བའི་སྨན། མཁས་པའི་སྐྱེ་བོ་ཀུན་གྱིས་བགྲོད་པའི་ལམ་ཆེན་པོ། མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པས་ཀྱང་འགྲོ་བ་ཀུན་གྱི་གསོས་སུ་འགྱུར་བ། གཞན་གྱི་དོན་དུ་ཞུགས་པས་རང་གི་དོན་མ༌ཚང་བ་མེད་པར་ཞར་ལ་འགྲུབ་པའི་ཐབས་མཁས་པ་ཆེན་པོ་དང་ལྡན་པའི་ཐེག་པ་ཆེན་པོ་ལ་འཇུག་ཏུ་ཡོད་པ་ནི། ཀྱེ་མའོ་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་བསམས་ལ། སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་ཐེག་པའི་མཆོག་འདིར་འཇུག་པར་བྱའོ། །དེ་ཡང་ཕར་ཕྱིན་བསྡུས་པ་ལས། ཤེས་རབ་རྣམ་དག་མངོན་སྒྲུབ་ཐེག་པའི་མཆོག །ཐུབ་ཆེན་ཐམས་ཅད་མཁྱེན་པ་དེ་ལས་འབྱུང༌། །དེ་ནི་འཇིག་རྟེན་རྣམས་ཀྱི་མིག་བཞིན་ཏེ། །འོད་ལྡན་ཉི་མ་ཤར་བའི་འོད་དང་འདྲ། །ཞེས་གསུངས་པ་ལྟར། སྒོ་སྣ་ཚོགས་ནས་ཐེག་པ་ཆེན་པོའི་ཡོན་ཏན་མཐོང་བས་ཡིད་དྲངས་པའི་གུས་པ་ཆེན་པོ་བསྐྱེད་ནས་འཇུག་པར་བྱའོ། །དེ་ལྟར་ན་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ་དང༌། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་དང༌། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་ཐེག་པ་ཆེན་པོ་ལ་འཇུག་དགོས་ན་འཇུག་པའི་སྒོ་གང་ནས་ཡིན་སྙམ་ན། དེ་ལ་རྒྱལ་བས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་གསང་སྔགས་ཀྱི་ཐེག་པ་ཆེན་པོ་གཉིས་གསུངས་ཀྱི། དེ་ལས་གཞན་པའི་ཐེག་པ་ཆེན་པོ་ནི་མེད་
དོ། །དེ་གཉིས་གང་གི་སྒོར་འཇུག་ཀྱང་འཇུག་སྒོ་ནི་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། དེ་རྒྱུད་ལ་ནམ་སྐྱེས་པ་ན་གཞན་གང་ཡང་མ་སྐྱེས་ཀྱང་ཐེག་ཆེན་པར་འཇོག་པ་ཡིན་ལ། དེ་དང་ནམ་བྲལ་བ་ན་སྟོང་པ་ཉིད་ཀྱི་རྟོགས་པ་ལ་སོགས་པའི་ཡོན་ཏན་ཅི་ཡོད་ཀྱང་ཉན་ཐོས་ལ་སོགས་པའི་སར་ལྟུང་ཞིང༌། ཐེག་ཆེན་ལས་ཉམས་པ་ཡིན་པར་ཐེག་པ་ཆེན་པོ་པའི་གཞུང་དུ་མ་ལས་གསུངས་ཤིང་རིགས་པས་ཀྱང་འགྲུབ་པ་ཡིན་ནོ། །དེས་ན་དང་པོར་ཐེག་ཆེན་པར་ཆུད་པ་ཡང༌། སེམས་དེ་བསྐྱེད་པ་ཙམ་གྱིས་འཇོག་ལ། ཕྱིས་ཐེག་ཆེན་པའི་ནང་ནས་འཐོན་པའང་དེ་དང་བྲལ་བ་ཙམ་གྱིས་འཇོག་པས་ན་ཐེག་ཆེན་པ་ནི་སེམས་དེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་དོ། །དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག༌གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེར་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །ཞེས་དང༌། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད༌གྱུར་ཏོ། །ཞེས་སེམས་བསྐྱེད་མ་ཐག་ཏུ་རྒྱལ་སྲས་སུ་འགྲོ་བར་གསུངས་ལ། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས་ཀྱང༌། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ། དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་
བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཞིང༌། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །ཞེས་སྤྱོད་པ་ལ་མ་བསླབས་ཀྱང་སེམས་དེ་ཡོད་ན་ བྱང་ཆུབ་སེམས་དཔར་གསུངས་པ་དང༌། མགོན་པོ ་ཀླུ་སྒྲུབ་ཀྱིས་ཀྱང༌། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཞེས་དང༌། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་ཤིན་ཏུ་རྒྱ་ཆེ་བ་འདི་དང་ཤིན་ཏུ་ཟབ་པ་འདི་དང་གཏིང་དཔག་དཀའ་བ་དང་གསང་བ་བས་ཀྱང་ཆེས་གསང་བ་སེམས་ཅན་སྡིག་ཅན་རྣམས་ལ་བསྟན་དུ་མི་རུང་བ་འདི་ནི་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཤིན་ཏུ་དཀོན་པ་ཞིག་སྨྲས་ཏེ། འདི་ནི་སྔོན་མ་ཐོས་ན་འདི་སེམས་ཅན་ཇི་ལྟ་བུ་དག་ལ་བཤད་པར་བྱ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ། གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་གང་གི་ཚེ་དེ་དག་གི་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ། འཇམ་དཔལ། བྱང་ཆུབ་སེམས་དཔའི་སྤྱད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་ཡི། གང་དག་གི་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། དེ་དག་ནི་དཀྱིལ་འཁོར་
ཡང་བལྟར་མི་གཞུག་གོ །དེ་དག་ལ་ནི་ཕྱག་རྒྱ་དང་གསང་སྔགས་ཀྱང་བསྟན་པར་མི་བྱའོ། །ཞེས་གསུངས་སོ། །དེས་ན་ཆོས་ཐེག་པ་ཆེན་པོའི་ཆོས་ཡིན་པས་མི་ཆོག་གི །གང་ཟག་དེ་ཐེག་པ་ཆེན་པོ་པར་ཆུད་པ་ཞིག་གལ་ཆེའོ། །ཐེག་ཆེན་པར་བྱེད་པའང་བྱང་ཆུབ་ཀྱི་སེམས་ཉིད་ལ་རག་ལས་པས་ན། སེམས་དེ་གོ་བ་ཙམ་ལས་མེད་ན་ཐེག་ཆེན་པའང་དེ་དང་འདྲ་ལ། སེམས་དེ་མཚན་ཉིད་ཚང་བ་ཞིག་ཡོད་ན་ཐེག་ཆེན་པའང་རྣམ་པར་དག་པ་ཞིག་འོང་བས་འདི་ལ་འབད་པར་བྱའོ། །འདི་ལ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་གསུངས་པ་ལ་ངེས་པ་རྙེད་དགོས་པས་དེ་བཤད་པར་བྱའོ། །དེ་ལ་ཆུ་དང་ལུད་དང་དྲོད་དང་ས་ལ་སོགས་པ་ནི་འབྲས་ཀྱི་ས་བོན་དང་ཚོགས་ན་འབྲས་ཀྱི་མྱུ་གུའི་རྒྱུ་བྱེད་ལ། གྲོ་དང་སྲན་མ་ལ་སོགས་པའི་ས་བོན་དང་ཚོགས་ནའང་དེ་དག་གི་མྱུ་གུའི་རྒྱུ་བྱེད་པས་དེ་དག་ནི་རྒྱུ་ཐུན་མོང་བ་ཡིན་ནོ། །ནས་ཀྱི་ས་བོན་ནི་རྐྱེན་སུ་དང་ཚོགས་ཀྱང་འབྲས་ལ་སོགས་པའི་མྱུ་གུའི་རྒྱུར་མི་རུང་བས། ནས་ཀྱི་མྱུ་གུའི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་ལ། དེས་ཟིན་པའི་ཆུ་ལུད་ལ་སོགས་པའང་ནས་ཀྱི་མྱུ་གུའི་རྒྱུར་འགྱུར་བ་དེ་བཞིན་དུ། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་མྱུ་གུའི་རྒྱུའི་ནང་ནས་ས་བོན་ལྟ་བུ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་ཆུ་ལུད་ལ་སོགས་པ་དང་འདྲ་བར་བྱང་ཆུབ་གསུམ་གའི་རྒྱུ་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར་རྒྱུད་བླ་མ་ལས་ཀྱང༌། ཐེག་མཆོག་ལ་མོས་ས་བོན་ཤེས་
རབ་ནི། །སངས་རྒྱས་ཆོས་བསྐྱེད་མ་དང༌། ཞེས་བྱང་ཆུབ་ཀྱི་སེམས་ནི་ཕའི་ས་བོན་དང་བདག་མེད་རྟོགས་པའི་ཤེས་རབ་ནི་མ་ལྟ་བུར་གསུངས་ཏེ། དཔེར་ན། ཕ་བོད་ལ་ནི་བུ་རྒྱ་དང་ཧོར་ལ་སོགས་པ་སྐྱེ་མི་སྲིད་པས་ཕ་ནི་བུའི་རིགས་ངེས་པའི་རྒྱུ་ཡིན་ལ། མ་བོད་ལས་ནི་བུ་སྣ་ཚོགས་པ་སྐྱེ་བས་ཐུན་མོང་གི་རྒྱུར་འགྱུར་བ་བཞིན་ནོ། །མགོན་པོ་ཀླུ་སྒྲུབ་ཀྱིས་ཀྱང༌། སངས་རྒྱས་རང་སངས་རྒྱས་རྣམས་དང༌། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཞེས་ཤེར་ཕྱིན་ལ་བསྟོད་པས་ཉན་རང་རྣམས་ཀྱང་དེ་ལ་བརྟེན་ལ། དེས་ན་ཤེར་ཕྱིན་ལ་ཡུམ་ཞེས་ཀྱང་གསུངས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་སྲས་ཀྱི་ཡུམ་ཡིན་པས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཐེག་པ་ཆེ་ཆུང་འབྱེད་པ་མིན་གྱི། བྱང་ཆུབ་ཀྱི་སེམས་དང་སྤྱོད་པ་རླབས་ཆེ་བ་རྣམས་ཀྱིས་འབྱེད་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་ལྟ་བས་མ་ཕྱེ་ཞིང་སྤྱོད་པས་ཕྱེ་བར་གསུངས་སོ། །དེ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱང་ཐེག་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པར་མི་འགྱུར་ན། དེ་ལས་གཞན་པའི་ལམ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་བྱང་ཆུབ་ཀྱི་སེམས་གདམས་པའི་མཐིལ་དུ་བཟུང་ནས་སྦྱོང་བ་མེད་ཅིང་ཐུན་
འགོ་ལ་ཚིག་ཙམ་ཞིག་དྲན་པར་བྱས་ནས་ལམ་གྱི་ཆ་ཤས་ཕྲ་མོ་རེ་ལ་ནན་ཏན་དུ་མས་འབད་པ་ནི་ཆོས་རྒྱུས་ཤིན་ཏུ་ཆུང་བར་གསལ་ལོ། །སྤྱིར་བུ་སྐྱེད་པ་ལ་ཕ་མ་གཉིས་ཆར་དགོས་པ་ལྟར། ལམ་ཆ་ཚང་བ་ལ་ཐབས་དང་ཤེས་རབ་ཀྱི་ཕྱོགས་ཚང་བ་དགོས་ཤིང་ཁྱད་པར་དུ་ཐབས་ཀྱི་གཙོ་བོ་བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་ཀྱི་གཙོ་བོ་སྟོང་པ་ཉིད་ཀྱི་རྟོགས་པ་དགོས་ལ། གལ་ཏེ་རེ་རེ་བ་ལས་མི་བསྒོམ་ན་འཁོར་བ་ལས་གྲོལ་བ་ཙམ་དོན་དུ་གཉེར་ན་ནི་ཞི་གནས་ལ་ལྷག་མཐོང་དུ་མ་འཁྲུལ་བར་བྱས་ནས་བདག་མེད་པ་སྟོང་པ་ཉིད་ཀྱི་དོན་བསྒོམ་དགོས་ནའང༌། ཐེག་པ་ཆེན་པོ་པར་ཁས་འཆེ་ན་ནི་བྱང་ཆུབ་ཀྱི་སེམས་ལ་སྦྱང་དགོས་པ་ཡིན་ཏེ། རྗེ་བཙུན་བྱམས་པས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པ་ལྟར། ཤེས་རབ་ཀྱིས་འཁོར་བའི་མཐར་ལྟུང་བ་འགོག་ལ། སྙིང་རྗེས་ཞི་བའི་མཐར་ལྟུང་བ་འགོག་དགོས་པས། ཤེས་རབ་ཀྱིས་ཞི་བར་ལྟུང་བ་མི་ཁེགས་པའི་ཕྱིར་དང༌། སྲིད་པའི་མཐར་མ་ལྷུང་བ་ཐེག་དམན་ལ་ཡང་ཡོད་པའི་ཕྱིར་དང༌། བྱང་སེམས་ཀྱི་ལམ་གྱི་དགག་བྱའི་གཙོ་བོ་ཞི་བའི་མཐར་ལྟུང་བ་ཡིན་པའི་ཕྱིར་རོ། །དེས་ན་རྒྱལ་བའི་དགོངས་པ་འགྲེལ་བ་ལ་ཚད་མར་གྱུར་པའི་རྒྱལ་སྲས་རྣམས་ནི། རིན་པོ་ཆེའི་སེམས་འདི་ཉིད་རྒྱུད་ལ་སྐྱེས་ན་འདི་འདྲ་བའི་རྨད་དུ་བྱུང་བའི་ལམ་སྐྱེས་སོ་ཞེས་ཡ་མཚན་པར་འཛིན་གྱི། བྱིས་པ་མགུ་བའི་ཡོན་ཏན་ཕྲ་མོ་རེ་རྒྱུད་ལ་སྐྱེས་པ་ལ་དེ་
ཙམ་དུ་མི་འཛིན་ཏེ། སྤྱོད་འཇུག་ལས། གཞན་དག་རང་གི་དོན་དུ་ཡང༌། །མི་འབྱུང་སེམས་ཅན་དོན་སེམས་གང༌། །སེམས་ཀྱི་རིན་ཆེན་ཁྱད་པར་འདི། །སྔ་ན་མེད་པའི་རྨད་ཅིག༌འཁྲུངས། །ཞེས་དང༌། དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། །བསོད་ནམས་དེ་འདྲ་ག་ལ་ཡོད། །ཅེས་དང༌། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །ཞེས་གསུངས་པ་དང༌། དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །ཞེས་གསུང་རབ་ཀྱི་སྙིང་པོ་ཕྱུང་བའི་གདམས་པའི་མཆོག་ཏུ་གསུངས་པའི་ཕྱིར་རོ། །དེས་ན་དཔལ་ལྡན་ཨ་ཏི་ཤ་དབུ་མའི་ལྟ་བ་འཛིན་ཅིང་གསེར་གླིང་པ་སེམས་ཙམ་རྣམ་བདེན་གྱི་ལྟ་བ་འཛིན་པ་ཡིན་ཀྱང་བྱང་ཆུབ་ཀྱི་སེམས་ཁོང་ལ་བརྟེན་ནས་རྙེད་པས། བླ་མ་རྣམས་ཀྱི་སྐུ་དྲིན་ཆེ་ཤོས་སུ་འཛིན་པའི་རྣམ་པར་ཐར་པ་ལ་གསུང་རབ་ཀྱི་གནད་ཤེས་པ་ཞིག་གིས་བལྟས་ན་ལམ་གྱི་གནད་ལ་གོ་རྒྱུ་ཆེན་པོ་ཡོད་དོ། །འདི་ལ་འབད་ནས་བཅོས་མ་མིན་པ་ཞིག་སྐྱེ་རྒྱུ་བྱུང་ན་དེས་ཟིན་པའི་བྱ་རོག་ལ་ཟན་ཉུང་ཟད་ཅིག་བྱིན་པའང་བྱང་སེམས་ཀྱི་སྤྱོད་པ་ཞེས་བྱ་བའི་གྲངས་སུ་འགྲོ་ཡི། དེ་མེད་ན་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་བྱིན་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཆུད་དོ། །དེ་བཞིན་དུ་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དང་ལྷ་བསྒོམ་པ་དང་རྩ་རླུང་ཐིག་ལེ་སོགས་བསྒོམ་པའང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཆུད་
དོ། །འཇིག་རྟེན་ན་རྩྭ་རྔ་བ་དང་ཟོར་བ་བརྡར་བའི་དཔེ་བརྗོད་པ་ལྟར། རིན་པོ་ཆེའི་སེམས་འདི་གནད་དུ་མ་སོང་བར་ཡུན་ཇི་ཙམ་དགེ་སྦྱོར་ལ་འབད་ལོ་བྱས་ཀྱང་ཟོར་བ་ཤིན་ཏུ་རྟུལ་བས་རྩྭ་རྔ་བ་དང་འདྲ་སྟེ། ས་བཅད་པ་ཅི་ཡང་མེད་ལ། སེམས་འདི་གནད་དུ་ཞིག་སོང་ན་རེ་ཞིག་ལ་མི་རྔ་བར་ཟོར་བ་བརྡར་ནས་རྣོན་པོར་བྱས་ཏེ་དེ་ནས་བརྔས་པས་ཅུང་ཟད་ཙམ་ལའང་མང་དུ་བརྔས་ཟིན་པ་དང་འདྲ་སྟེ། སྐད་ཅིག་རེ་རེ་ལ་སྒྲིབ་པ་སྦྱོང་བ་དང་ཚོགས་སྡུད་པ་བདེ་བླག་ཏུ་ནུས་ཤིང་། དགེ་བ་ཆུང་བ་དང་བར་སྐབས་སུ་འཛད་པ་རྣམས་ཀྱང་རྒྱ་ཆེ་བ་དང་མི་ཟད་པར་བྱེད་པའི་ཕྱིར་ཏེ། སྤྱོད་འཇུག་ལས། སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་དང༌། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་དང༌། སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ། །བསལ་ལོ་སྙམ་དུ་བསམས་ན་ཡང༌། །ཕན་འདོགས་བསམ་པ་དང་ལྡན་ཏེ། །བསོད་ནམས་དཔག་མེད་ལྡན་གྱུར་ན། །སེམས་ཅན་རེ་རེའི་མི་བདེ་བ། །དཔག་ཏུ་མེད་པ་བསལ་འདོད་ཅིང༌། །རེ་རེའང་ཡོན་ཏན་དཔག་མེད་དུ། །བསྒྲུབ་པར་འདོད་པ་སྨོས་ཅི་དགོས། །ཞེས་དང༌། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །
གཉིས་པ་སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་ལ་བཞི། རྒྱུ་གང་ལ་བརྟེན་ནས་ཇི་ལྟར་སྐྱེ་བ་དང༌། བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ་དང༌། སྐྱེས་པའི་ཚད་དང༌། ཆོ་གས་བཟུང་བའི་ཚུལ་ལོ། །དང་པོ་ལ་གསུམ་ལས་རྐྱེན་བཞི་ལས་སྐྱེ་ཚུལ་ནི། སངས་རྒྱས་སམ་བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་རང་གིས་མཐོང་བའམ་ཡིད་ཆེས་པ་ལས་ཐོས་པ་ལ་བརྟེན་ནས། གང་ལ་གནས་པ་དང་ཞུགས་པའི་བྱང་ཆུབ་དེ་ནི་མཐུ་ཆེའོ་སྙམ་ནས་སེམས་བསྐྱེད་པ་དང༌། དེ་ལྟ་བུའི་མཐོང་ཐོས་མེད་ཀྱང་བླ་ན་མེད་པའི་བྱང་ཆུབ་ལས་བརྩམས་པའི་སྡེ་སྣོད་མཉན་པ་ན་སངས་རྒྱས་ཀྱི་ཡེ་ཤེས་ལ་མོས་ནས་སེམས་བསྐྱེད་པ་དང༌། ཆོས་མ་ཐོས་ཀྱང་བྱང་སེམས་ཀྱི་དམ་ཆོས་ནུབ་ཏུ་ཉེ་བ་མཐོང་བ་ན། ཆོས་དེ་ལྟ་བུ་གནས་པ་ནི་སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་སེལ་བར་བྱེད་པས་བདག་གིས་བྱང་སེམས་ཀྱི་ཆོས་རིང་དུ་གནས་པར་བྱ་བའི་ཕྱིར་དུ་ངེས་པར་སེམས་བསྐྱེད་དོ་སྙམ་ནས་སེམས་བསྐྱེད་པ་དང༌། ཆོས་ནུབ་པར་མ་མཐོང་ཡང་དུས་ངན་པ་གཏི་མུག་དང་ངོ་ཚ་དང་ཁྲེལ་མེད་དང་ཕྲག་དོག་དང་སེར་སྣ་སོགས་ཤས་ཆེ་བའི་དུས་འདིར་ནི་ཉན་རང་གི་བྱང་ཆུབ་ཏུ་སེམས་བསྐྱེད་པའང་རྙེད་པར་དཀའ་ན། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་ཅི་སྨོས། རེ་ཞིག་བདག་གིས་སེམས་བསྐྱེད་ན་གཞན་ཡང་དེ་ལྟར་འགྱུར་རོ་སྙམ་ནས་སེམས་བསྐྱེད་པ་དཀའ་བར་མཐོང་ནས་སེམས་བསྐྱེད་པ་སྟེ་བཞིའོ། །སེམས་སྐྱེ་བའི་ཚུལ་ནི། བྱང་ཆུབ་
ཆེན་པོར་སེམས་སྐྱེད་པར་བྱེད་ཅེས་གསུངས་པས་བྱང་ཆུབ་ལ་ཐོབ་འདོད་སྐྱེས་པའོ། །རྐྱེན་གང་གིས་བྱས་པ་ལ། དང་པོ་ནི། ཆོ་འཕྲུལ་ངོ་མཚར་བ་རྣམས་མཐོང་ངམ་ཐོས་ནས་ཡ་མཚན་སྐྱེས་ཏེ། དེ་ལྟ་བུའི་བྱང་ཆུབ་དེ་བདག་གིས་ཐོབ་པར་བྱའོ་སྙམ་ནས་ཡིན་ལ། གཉིས་པ་ནི། ཆོས་སྨྲ་བ་ལས་སངས་རྒྱས་ཀྱི་ཡོན་ཏན་ཉན་པས་དང་པོར་དད་པ་སྐྱེས། དེ་ནས་དེ་དག་ལ་ཐོབ་འདོད་སྐྱེས་པའོ། །གསུམ་པ་ནི། ཐེག་ཆེན་གྱི་བསྟན་པ་ནུབ་པར་འགྱུར་བ་མ་བཟོད་ནས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཐོབ་འདོད་སྐྱེས་པ་སྟེ། འདི་ལ་བསྟན་པ་མ་ནུབ་ན་སེམས་ཅན་གྱི་སྡུག་བསྔལ་བཟློག་པར་མཐོང་བ་ཡོད་པས་སྡུག་བསྔལ་བསལ་བའི་ཕྱིར་དུ་དམིགས་པའང་ཡོད་མོད་ཀྱང༌། སེམས་བསྐྱེད་པའི་རྐྱེན་གྱི་གཙོ་བོ་བསྟན་པ་ནུབ་པ་ལ་མ་བཟོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འོག་ཏུ་སྙིང་རྗེ་ལ་བརྟེན་ནས་སྐྱེ་བར་བཤད་པ་དང་ཟློས་སོ། །བཞི་པ་ནི། དོན་ཆེ་བའི་སེམས་དེ་དཀོན་པར་མཐོང་ནས་གཙོ་བོར་དེས་བསྐུལ་ནས་སངས་རྒྱས་ལ་ཐོབ་འདོད་སྐྱེས་པ་སྟེ། སེམས་བསྐྱེད་པ་འདི་བྱང་ཆུབ་ལ་ཐོབ་འདོད་སྐྱེས་པའི་སྒོ་ནས་བཞག་གི་ཆེད་དུ་བྱ་བའི་སྒོ་ནས་མ་བཞག་པར་སྣང་ངོ་། །སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་སྦྱངས་པའི་སྒོ་ནས་སངས་རྒྱས་ལ་ཐོབ་འདོད་མེད་ན། རང་གི་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པའི་བློ་མི་ལྡོག་སྟེ། བྱམས་པ་དང་སྙིང་རྗེ་སྦྱངས་པའི་སྒོ་ནས་གཞན་དོན་ལ་དགོས་པར་མཐོང་ནས་སངས་རྒྱས་ཐོབ་པར་འདོད་པས་ནི། གཞན་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པ་
ལྡོག་ནུས་ཀྱི། ཆོག་འཛིན་སྔ་མ་བཟློག་མི་ནུས་པའི་ཕྱིར་དང་། དེ་འགོག་བྱེད་གཞན་ཡང་མེད་པའི་ཕྱིར་རོ། །རང་དོན་འགྲུབ་པ་ལ་ཞི་བ་རྐྱང་པས་ཆོག་པར་འཛིན་པའི་བློ་བཟློག་མི་དགོས་པའང་མིན་ཏེ། འཁོར་བ་ལས་གྲོལ་བ་ཙམ་གྱི་ཐེག་དམན་ལ་སྤངས་པ་དང་རྟོགས་པ་ཕྱོགས་རེ་བ་ལས་མེད་པས་རང་དོན་ཕུན་སུམ་ཚོགས་པ་མེད་པའི་ཕྱིར་དང༌། དེ་དག་སྲིད་པའི་རྒུད་པ་ལས་ཐར་ཡང་ཞི་བའི་རྒུད་པ་ལས་མ་གྲོལ་བའི་ཕྱིར་དང༌། རང་དོན་ཕུན་སུམ་ཚོགས་པ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུར་གསུངས་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་སྦྱངས་ནས་གཞན་དོན་ལྟ་ཞོག །རང་གི་དོན་འགྲུབ་པ་ལའང་སངས་རྒྱས་ཐོབ་པ་མེད་མི་རུང་དུ་མཐོང་ན་ནི་ཐེག་དམན་དུ་མི་ལྡོག་པའི་རྐྱེན་ཆེན་པོར་འགྱུར་རོ། །སྔར་བཤད་པའི་སེམས་བསྐྱེད་པ་དང་པོ་གཉིས་ལ་ནི་བྱམས་པ་དང་སྙིང་རྗེས་དྲངས་པ་མི་སྣང་ལ། གསུང་རབ་དང་བསྟན་བཅོས་གཞན་ལས་ཀྱང་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའི་ཡོན་ཏན་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ལ་སེམས་བསྐྱེད་དུ་བཤད་པ་མང་པོ་སྣང་བ་དང༌། སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་པར་ཡི་དམ་བཅས་པའང་སེམས་བསྐྱེད་དུ་གསུངས་པ་སྣང་བས། དེ་གཉིས་རེ་རེ་ཡང་སེམས་བསྐྱེད་པ་ཙམ་གྱི་གྲངས་སུ་བགྲང་དགོས་ལ། མཚན་ཉིད་ཡོངས་སུ་རྫོགས་པའི་སེམས་བསྐྱེད་ལ་ནི་གཞན་དོན་ལ་དགོས་པར་མཐོང་བ་ཙམ་གྱིས་དྲངས་པའི་སངས་རྒྱས་ཐོབ་འདོད་ཙམ་
གྱིས་མི་ཆོག་པས། རང་དོན་ལའང་སངས་རྒྱས་མེད་དུ་མི་རུང་བར་མཐོང་བའི་ཐོབ་འདོད་དང་། དེ་ཡང་གཞན་གྱི་དོན་ཡལ་བར་བཞག་པ་མིན་པར་གཞན་གྱི་ཕྱིར་དུའང་དོན་དུ་གཉེར་བ་ཞིག་དགོས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་བྱང་ཆུབ་དང་གཞན་དོན་དོན་གཉེར་གཉིས་ཀ་གསུངས་པའི་ཕྱིར་རོ། །རྒྱུ་བཞི་ལས་སྐྱེ་བ་ནི། རིགས་ཕུན་སུམ་ཚོགས་པ། དགེ་བཤེས་ཀྱིས་ཟིན་པ། སེམས་ཅན་ལ་སྙིང་བརྩེ་བ། འཁོར་བའི་དཀའ་སྤྱད་ལ་མི་སྐྱོ་བ་བཞི་ལ་བརྟེན་ནས་སེམས་བསྐྱེད་པའོ། །སྟོབས་བཞི་ལས་སྐྱེ་བ་ནི། རང་གི་མཐུས་རྫོགས་བྱང་འདོད་པ་རང་གི་སྟོབས་དང༌། གཞན་གྱི་མཐུས་རྫོགས་བྱང་འདོད་པ་གཞན་གྱི་སྟོབས་དང༌། སྔོན་ཐེག་ཆེན་ལ་གོམས་པ་དེ་ལྟར་སངས་རྒྱས་དང་བྱང་སེམས་ཀྱི་བསྔགས་པ་ཐོས་པ་ཙམ་གྱིས་སྐྱེ་བ་རྒྱུའི་སྟོབས་དང༌། འདིར་དམ་པ་བསྟེན་ཅིང་ཆོས་ཉན་ལ་སེམས་པ་སོགས་ཀྱི་དགེ་བ་ལ་རིང་དུ་གོམས་པ་སྦྱོར་བའི་སྟོབས་བཞི་ལ་བརྟེན་ནས་སྐྱེའོ། །དེ་ཡང་རྒྱུ་རྐྱེན་བརྒྱད་པོ་སོ་སོ་བའམ་ཚོགས་པ་ལ་བརྟེན་ནས་རང་དང་རྒྱུའི་སྟོབས་ལས་སྐྱེས་ན་བརྟན་ལ། རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་གཞན་དང་སྦྱོར་བའི་སྟོབས་ལས་སྐྱེས་ན་མི་བརྟན་པར་བྱང་ས་ལས་གསུངས་སོ། །དེ་ལྟར་བསྟན་པ་སྤྱི་དང་ཐེག་པ་ཆེན་པོའི་བསྟན་པ་ནུབ་ཏུ་ཉེ་ཞིང༌། སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པའི་དུས་འདིར་ལེགས་པར་གོ་ནས་སྙིང་ཐག་པ་ནས་སེམས་བསྐྱེད་པ་ཤིན་
ཏུ་དཀོན་པར་རིག་པར་བྱས་ལ་དམ་པའི་བཤེས་ལ་བརྟེན་ཏེ། ཐེག་པ་ཆེན་པོའི་སྡེ་སྣོད་ཉན་པ་དང་སེམས་པ་ལ་སོགས་པའི་སྦྱོར་བ་ལ་འབད་ཅིང་། གཞན་གྱིས་དབང་མེད་དུ་བསྐུལ་བ་དང་གཡམ་ལ་རྒྱུགས་དང་སྲོལ་ཀ་སོགས་ཀྱིས་མི་བྱ་བར། རང་གི་སྟོབས་ཀྱིས་བསམ་པ་ཐག་པ་ནས་སེམས་བསྐྱེད་པའི་རྩ་བ་ཚུགས་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་འདི་ལ་བརྟེན་དགོས་པའི་ཕྱིར་རོ། །གཉིས་པ་བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ་ནི། ཇོ་བོ་ཆེན་པོ་ནས་བརྒྱུད་པ་ལ་མན་ངག་རྒྱུ་འབྲས་བདུན་མ་དང༌། རྒྱལ་སྲས་ཞི་བ་ལྷའི་གཞུང་ནས་འབྱུང་བ་ལ་བརྟེན་ནས་སྦྱོང་བ་གཉིས་སྣང་ངོ་། །རྒྱུ་འབྲས་བདུན་ནི་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སེམས་ལས་འབྱུང་ལ། སེམས་དེ་ལྷག་བསམ་ལས་དང༌། བསམ་པ་དེ་སྙིང་རྗེ་ལས་དང༌། སྙིང་རྗེ་བྱམས་པ་ལས་དང༌། བྱམས་པ་དྲིན་དུ་གཟོ་བ་ལས་དང༌། དྲིན་དུ་གཟོ་བ་དྲིན་དྲན་པ་ལས་དང༌། དྲིན་དྲན་པ་ནི་མར་མཐོང་བ་ལས་འབྱུང་བ་སྟེ་བདུན་ནོ། །འདི་ལ་གཉིས། རིམ་པ་ལ་ངེས་པ་བསྐྱེད་པ་དང༌། རིམ་ཅན་དུ་སྦྱང་བ་དངོས་སོ། །དང་པོ་ལ་གཉིས། ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ་དང༌། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་དང་འབྲས་བུར་འགྱུར་ཚུལ་ལོ། །དང་པོ་ལ་གསུམ་ལས། ཐོག་མར་གལ་ཆེ་བ་ནི། སྙིང་རྗེ་ཆེན་པོས་ཡིད་བསྐྱོད་ན། སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པའི་ཕྱིར་ངེས་པར་དམ་འཆའ་བར་འགྱུར་ལ། སྙིང་རྗེ་དམན་ན་དེ་ལྟར་བྱེད་པ་མི་འོང་
བས་འགྲོ་བ་མ་ལུས་པ་སྒྲོལ་བའི་ཁུར་འཁྱེར་བ་ནི་དེ་ལ་རག་ལས་པའི་ཕྱིར་དང༌། ཁུར་དེ་མི་འཛིན་ན་ཐེག་ཆེན་པར་མི་ཆུད་པའི་ཕྱིར་སྙིང་རྗེ་ནི་ཐོག་མར་གལ་ཆེ་བ་ཡིན་ནོ། །དེ་ལྟར་ཡང་བློ་གྲོས་མི་ཟད་པས་བསྟན་པ་ལས། བཙུན་པ་ཤཱ་ར་དྭ་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་མི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤཱ་ར་དྭ་ཏིའི་བུ། འདི་ལྟ་སྟེ། དཔེར་ན། དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པའི་སྔོན་དུ་འགྲོ་བ་ཡིན་ནོ། །ཞེས་དང༌། གཱ་ཡ་གཽ་རི་ལས་ཀྱང༌། འཇམ་དཔལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ། །ཞེས་སོ། །དེ་ལྟར་དམ་བཅས་པ་དེ་ཡང་ཚོགས་གཉིས་རྒྱ་ཆེན་པོ་ལ་མ༌བསླབས་ན་མི་འགྲུབ་པར་མཐོང་ནས་བྱ་དཀའ་བའི་ཚོགས་རྒྱ་ཆེན་པོ་ལ་འཇུག་པས་ན་སྤྱོད་པ་ལ་འཇུག་པའི་རྟེན་ནོ། །བར་དུ་གལ་ཆེ་བ་ནི། དེ་ལྟར་ལན་ཅིག་སེམས་དེ་ལྟ་བུ་སྐྱེས་ནས་ཞུགས་ཀྱང་སེམས་ཅན་གྲངས་མང་ཞིང་བྱེད་ངན་པ་དང་བསླབ་པར་བྱ་བའང་ཤིན་ཏུ་བྱ་དཀའ་ཞིང་མཐའ་ཡས་པ་དང་དུས་ཀྱང་དཔག་ཏུ་མེད་པ་དགོས་པར་མཐོང་བ་ན་ཞུམ་ནས་ཐེག་པ་དམན་པར་ལྟུང་བ་ལ། སྙིང་རྗེ་ཆེན་པོ་ལན་ཅིག་བསྐྱེད་པ་ཙམ་མིན་པར་ཇེ་འཕེལ་དུ་གོམས་པར་བྱས་
པས་རང་གི་བདེ་སྡུག་ལ་མི་ལྟ་ཞིང་གཞན་གྱི་དོན་ལ་མི་སྐྱོ་བས་ཚོགས་ཐམས་ཅད་བདེ་བླག་ཏུ་རྫོགས་པར་བྱེད་དེ། སྒོམ་རིམ་དང་པོ་ལས། དེ་ལྟར་སྙིང་རྗེ་ཆེན་པོས་བསྐྱོད་པས་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ལ་མི་ལྟ་བར་གཞན་ལ་ཤིན་ཏུ་ཕན་པ་དོན་དུ་གཉེར་བའི་ཕྱིར་ཚོགས་བསགས་པ་ཤིན་ཏུ་བྱ་དཀའ་ཞིང་ཡུན་རིང་ལ་དུབ་པར་འགྱུར་བ་ལ་འཇུག་གོ །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་གསུངས་པ་ལྟ་བུ་སྟེ། དེ་ལ་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་གྱི་སྐྱེ་བ་མི་ལེན་པ་ཅི་ཡང་མེད་དོ། །དེས་བདེ་བའི་སྐྱེ་བ་མི་འདོར་བ་ཅི་ཡང་མེད་དོ་ཞེའོ། །དེ་ལྟར་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ན་རིང་པོར་མི་ཐོགས་པར་ཚོགས་ཡོངས་སུ་རྫོགས་སོ། །གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་ནོ། །ཞེས་སོ། །ཐ་མར་གལ་ཆེ་བ་ནི། སངས་རྒྱས་རྣམས་འབྲས་བུ་བརྙེས་པའི་ཚེ་ཡང་ཐེག་དམན་བཞིན་ཞི་བར་མི་གནས་པར། ནམ་མཁའ་ཇི་སྲིད་དུ་འགྲོ་བའི་དོན་མཛད་པའང་སྙིང་རྗེ་ཆེན་པོའི་མཐུ་སྟེ། དེ་མེད་ན་ཉན་ཐོས་ལྟར་འགྱུར་བའི་ཕྱིར་ཏེ། སྒོམ་རིམ་བར་པ་ལས། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་གི་བར་དུ་བཞུགས་པར་མཛད་དོ། །ཞེས་དང༌། བཅོམ་ལྡན་
འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་ནོ། །ཞེས་སོ། །དཔེར་ན་ལོ་ཏོག་ལ་ཐོག་མར་ས་བོན་དང་བར་དུ་ཆུ་དང་ཐ་མར་སྨིན་པ་གལ་ཆེ་བ་ལྟར། སངས་རྒྱས་ཀྱི་ལོ་ཏོག་ལའང་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཡིན་པར་དཔལ་ལྡན་ཟླ་བ་གྲགས་པས་གསུངས་ཏེ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སོ། །དོན་གྱི་དབང་འདི་གཟིགས་ནས། ཆོས་ཡང་དག་པར་སྡུད་པ་ལས་ཀྱང༌། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས། སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས། དཔེར་བགྱི་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས། དཔེར་བགྱི་ན་སྲོག་གི་
དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །ལམ་གྱི་གནད་དམ་པ་ལུང་མཐའ་ཡས་པ་དང་རིགས་པས་གྲུབ་པ་འདི་ལྟ་བུ་ལ་ངེས་པ་རྙེད་ན་ནི། བྱང་ཆུབ་ཀྱི་སེམས་རྩ་བ་སྙིང་རྗེ་དང་བཅས་པའི་ཆོས་སྐོར་ལ་གདམས་པའི་མཆོག་ཏུ་ཅིའི་ཕྱིར་མི་འཛིན། དེས་ན་ཞང་སྣ་ཆུང་སྟོན་པས། ཇོ་བོ་ལ་གདམས་ངག་ཞུས་ཀྱང་འཇིག་རྟེན་བློས་ཐོངས་བྱང་ཆུབ་ཀྱི་སེམས་སྒོམས་བྱ་བ་ཞིག་ལས་མི་འོང་བྱས་པ་ལ། དགེ་བཤེས་སྟོན་པས་ཁྲེལ་ནས། དེ་ཇོ་བོའི་གདམས་ངག་གི་མཐིལ་ཕྱུང་བ་ལ་གསུང་སྟེ། ཆོས་ཀྱི་གནད་མཁྱེན་པ་ཡིན་ནོ། །ངེས་པ་རྙེད་པའང་འདི་ཁོ་ན་དཀའ་བས་ཡང་དང་ཡང་དུ་བསག་སྦྱང་དང་སྡོང་པོ་བཀོད་པ་སོགས་ཀྱི་གསུང་རབ་དང་དགོངས་འགྲེལ་རྣམས་བལྟས་ནས་ངེས་པ་བརྟན་པོ་བཙལ་དགོས་ཏེ། དཔལ་ལྡན་མ་ཁོལ་གྱིས། ཁྱོད་ཀྱི་ཐུགས་ནི་རིན་པོ་ཆེ། །རྫོགས་པའི་བྱང་ཆུབ་ས་བོན་དེ། །དཔའ་ཁྱོད་ཁོ་ནས་སྙིང་པོར་མཁྱེན། །དེ་གཞན་སྐྱེ་བོས་འོལ་མི་དབྱི། །ཞེས་གསུངས་པ་ལྟར་རོ། །གཉིས་པ་རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལ། མར་ཤེས་ནས་བྱམས་པའི་བར་རྒྱུར་འགྱུར་ཚུལ་ནི། སྤྱིར་སྡུག་བསྔལ་དང་བྲལ་འདོད་ཙམ་ཞིག་ནི་སེམས་ཅན་དེའི་སྡུག་བསྔལ་ཡང་ཡང་བསམས་ན་སྐྱེ་མོད་ཀྱང༌། བློ་དེ་སྐྱེ་སླ་བ་དང་ཤུགས་དྲག་པ་དང་བརྟན་པོར་སྐྱེ་བ་ལ་ནི་
སྔོན་དུ་སེམས་ཅན་དེ་ཡིད་དུ་འོང་ཞིང་གཅེས་ལ་ཕངས་པའི་རྣམ་པ་ཅན་ཞིག་དགོས་ཏེ། གཉེན་ལ་སྡུག་བསྔལ་བྱུང་ན་མི་བཟོད་ལ། དགྲ་ལ་སྡུག་བསྔལ་བྱུང་ན་དགའ་ཞིང་། དགྲ་གཉེན་བར་མ་ལ་སྡུག་བསྔལ་བྱུང་ན་ཕལ་ཆེར་ཡལ་བར་འདོར་བའི་བཏང་སྙོམས་སྐྱེ་བ་བཞིན་ནོ། །དེ་ལ་དང་པོ་ནི་ཡིད་དུ་སྡུག་པ་ཡོད་པས་ཡིན་ལ། དེ་ཡང་ཇི་ཙམ་གཅེས་པ་དེ་ཙམ་དུ་སྡུག་བསྔལ་ལ་མི་བཟོད་པའང་དེ་ཙམ་སྐྱེ་སྟེ། གཅེས་པ་ཆུང་བ་དང་འབྲིང་ལ་མི་བཟོད་པ་ཤས་ཆུང་ལ་ཤིན་ཏུ་གཅེས་ན་སྡུག་བསྔལ་ཕྲ་མོ་ལའང་མི་བཟོད་པ་ཆེན་པོ་སྐྱེ་བར་སྣང་བས་སོ། །དགྲ་ལ་སྡུག་བསྔལ་མཐོང་ན་འབྲལ་འདོད་མི་སྐྱེ་བར་མ་ཟད་ད་དུང་དེ་ལས་ཆེ་བ་དང་དེ་དང་མ་བྲལ་ན་སྙམ་པ་སྐྱེ་བ་ནི་ཡིད་དུ་མི་འོང་བས་ལན་ལ། དེ་ཡང་ཡིད་དུ་མི་འོང་བ་ཤས་ཆེ་ཆུང་གིས་སྡུག་བསྔལ་བྱུང་བ་ལ་དགའ་བ་ཤས་ཆེ་ཆུང་དུ་འགྱུར་རོ། །དགྲ་གཉེན་བར་མའི་སྡུག་བསྔལ་ལ་མི་བཟོད་པའང་མེད་ལ་དགའ་བའང་མེད་པ་ནི་ཡིད་དུ་འོང་མི་འོང་གང་ཡང་མེད་པས་ལན་ནོ། །དེ་ལྟར་བྱས་ན་སེམས་ཅན་གཉེན་དུ་བསྒོམ་པ་ནི་ཡིད་འོང་བསྐྱེད་པའི་ཆེད་ཡིན་ལ། གཉེན་གྱི་མཐར་ཐུག་ནི་མ་ཡིན་པས་མར་བསྒོམ་པ་དང་དེའི་དྲིན་དྲན་པ་དང་དྲིན་ལན་གཟོ་བ་གསུམ་ནི་ཡིད་དུ་འོང་ཞིང་གཅེས་པ་སྒྲུབ་བྱེད་ཡིན་ལ། སེམས་ཅན་ལ་བུ་གཅིག་པུ་ལྟར་སྙིང་དུ་སྡུག༌པར་འཛིན་པའི་བྱམས་པ་ནི་དེ་གསུམ་གྱི་འབྲས་བུ་ཡིན་ཏེ། དེས་སྙིང་རྗེ་སྐྱེད་པར་བྱེད་དོ། །བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་སྙིང་རྗེ་ལ་རྒྱུ་འབྲས་ཀྱི་ངེས་པ་མི་སྣང་ངོ་། །དེས་ན་མར་ཤེས་པ་སོགས་ཀྱི་དམིགས་
པ་གསུམ་ནི་བདེ་བ་དང་ཕྲད་འདོད་ཀྱི་བྱམས་པ་དང་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་གཉིས་ཀའི་གཞིར་སྣང་བས་འདི་ལ་འབད་དགོས་སོ། །སེམས་བསྐྱེད་སྐྱེ་བའི་རྒྱུར་སེམས་ཅན་རྣམས་གཉེན་དུ་བསྒོམ་པ་འདི་ནི། སློབ་དཔོན་ཟླ་བ་གྲགས་པ་དང་བཙུན་པ་ཟླ་བ་དང་སློབ་དཔོན་ཀ་མ་ལ་ཤཱི་ལ་རྣམས་ཀྱིས་བཤད་དོ། །ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ནི། དེ་ལྟར་བློ་རིམ་གྱིས་སྦྱངས་པས་སྙིང་རྗེ་སྐྱེས་པ་ན། སེམས་ཅན་གྱི་དོན་དུ་སངས་རྒྱས་ལ་ཐོབ་འདོད་སྐྱེ་བས་དེ་ཙམ་གྱིས་ཆོག་མོད། བར་དེར་ལྷག་བསམ་བཅུག་པས་ཅི་བྱ་སྙམ་ན། སེམས་ཅན་བདེ་བ་དང་ཕྲད་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པའི་བྱམས་པ་དང་སྙིང་རྗེ་ཚད་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལའང་ཡོད་ཀྱང༌། སེམས་ཅན་ཐམས་ཅད་ལ་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ་རང་གི་ཁུར་དུ་བཞེས་པ་ནི་ཐེག་ཆེན་པ་མིན་པ་ལ་མེད་པས། སྙིང་སྟོབས་ཀྱི་བསམ་པ་ལྷག་པའི་ལྷག༌བསམ་བསྐྱེད་དགོས་སོ། །དེས་ན་སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་སྙམ་པ་དང་སྡུག་བསྔལ་དང་བྲལ་ན་སྙམ་པས་མི་ཆོག་གི །རང་གིས་དེ་དག་བསྒྲུབ་པའི་ཁུར་སྙིང་ཐག་པ་ནས་འཁྱེར་དགོས་པས་ཁྱད་པར་རྣམས་ཕྱེད་པར་བྱ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་ཅིག་ལ་བུ་གཅིག་པུ་འདོད་པ་སྡུག་པ་ཕངས་པ་ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད་པ་ཞིག་ཡོད་ལ། ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པས་
མི་གཙང་བའི་དོང་དུ་ལྷུང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེའི་མ་དང་གཉེན་གྱིས་ཁྱེའུ་དེ་མི་གཙང་བའི་དོང་དུ་ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་ཆོ་ངེ་ཆེན་པོས་འདེབས་ཤིང་མྱ་ངན་བྱེད་ལ་སྨྲེ་སྔགས་འདོན་ཏེ། མི་གཙང་བའི་དོང་དེར་ཞུགས་ནས་ཁྱེའུ་དེ་འདོན་པར་ནི་མི་བྱེད་དོ། །དེ་ནས་ཁྱེའུ་དེའི་ཕ་ཕྱོགས་དེར་སོང་སྟེ། དེས་བུ་གཅིག་པུ་དེ་མི་གཙང་བའི་དོང་དེར་ལྷུང་བར་མཐོང་ངོ་། །མཐོང་ནས་ཀྱང་རིངས་པར་རིངས་པར་བརྟབས་པའི་ཚུལ་གྱིས་བུ་གཅིག་པུ་དེ་འདོན་པའི་བློས་སྲེད་པར་བྱས་ཏེ་སྐྱུག་བྲོ་བ་མེད་པར་མི་གཙང་བའི་དོང་དེར་བབས་ཏེ་བུ་གཅིག་པུ་ཕྱུང་བར་གྱུར་ཏོ། །ཞེས་ཁམས་གསུམ་པོ་ནི་མི་གཙང་བའི་དོང་དང༌། བུ་གཅིག་པུ་ནི་སེམས་ཅན་རྣམས་དང༌། མ་དང་གཉེན་ནི་སེམས་ཅན་འཁོར་བར་ལྷུང་བ་མཐོང་ནས་མྱ་ངན་དང་སྨྲེ་སྔགས་འདོན་གྱི། གདོན་པར་ནུས་པ་མེད་པ་ཉན་རང་དང༌། ཚོང་དཔོན་དང་ཁྱིམ་བདག་ནི་བྱང་ཆུབ་སེམས་དཔའ་དང་དཔེ་དོན་དུ་སྦྱར་ནས་གསུངས་ཏེ། བུ་གཅིག་པུ་གཅེས་པ་མི་གཙང་བའི་དོང་དུ་ལྷུང་བ་ལ་དེའི་མ་སྙིང་རྗེ་སྐྱེ་བ་འདྲ་བ་ཞིག་ཉན་རང་ལ་ཡོད་པར་གསུངས་སོ། །དེས་ན་སྙིང་རྗེ་ལ་བརྟེན་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི་ལྷག་བསམ་བསྐྱེད་པར་བྱའོ། །དེ་ལྟར་སེམས་ཅན་སྒྲོལ་བའི་བློ་སྐྱེས་པ་ན་རང་གི་གནས་སྐབས་འདི་ལྟ་བུས་ནི་སེམས་ཅན་གཅིག་གི་དོན་རྫོགས་པའང་བྱ་བར་མི་ནུས་ལ། དེར་མ་ཟད་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཀྱང་སེམས་ཅན་ཉུང་ཟད་རེ་དང་དེའི་དོན་ཡང་ཐར་པ་ཙམ་བསྒྲུབ་པར་ནུས་ཀྱི། ཐམས་ཅད་མཁྱེན་པ་ལ་དགོད་མི་ནུས་པས། སེམས་ཅན་མཐའ་ཡས་པ་དང་དེ་
དག་གི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་རྫོགས་པར་སུ་ཞིག་གིས་ནུས་སྙམ་དུ་བསམས་པ་ན། སངས་རྒྱས་ཉག་གཅིག་ལ་ནུས་པ་དེ་ཡོད་པར་ཤེས་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་བསྐྱེད་དོ། །གཉིས་པ་རིམ་ཅན་དུ་སྦྱང་བ་དངོས་ལ་གསུམ། གཞན་དོན་དོན་དུ་གཉེར་བའི་བློ་སྦྱང་བ་དང༌། བྱང་ཆུབ་དོན་དུ་གཉེར་བའི་བློ་སྦྱང་བ་དང༌། སྦྱངས་པའི་འབྲས་བུ་སེམས་བསྐྱེད་པ་ངོས་གཟུང་བའོ། །དང་པོ་ལ་གཉིས། བློ་དེ་སྐྱེ་བའི་གཞི་བསྒྲུབ་པ་དང༌། བློ་དེ་བསྐྱེད་པ་དངོས་སོ། །དང་པོ་ལ་གཉིས། སེམས་ཅན་ལ་སེམས་སྙོམས་པ་བསྒྲུབ་པ་དང༌། ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པའོ། །དང་པོ་ནི། སྔར་སྐྱེས་བུ་ཆུང་འབྲིང་གི་སྐབས་སུ་བཤད་པ་ལྟར། སྔོན་འགྲོ་ལ་སོགས་པའི་རིམ་པ་རྣམས་འདིར་ཡང་བླངས་ལ་བསྐྱང་བར་བྱའོ། །དེ་ལ་ཐོག་མར་སེམས་ཅན་ཁ་ཅིག་ལ་ཆགས་ཤིང་ཁ་ཅིག་ལ་སྡང་བའི་ཕྱོགས་རིས་སུ་གཅོད་པ་བཀག་ནས་སེམས་སྙོམས་པ་མ་བསྒྲུབས་ན། བྱམས་པ་དང་སྙིང་རྗེ་གང་སྐྱེ་བ་དེ་ཕྱོགས་རིས་ཅན་དུ་སྐྱེ་ཡི། ཕྱོགས་རིས་མེད་པ་ལ་དམིགས་ནས་མི་སྐྱེ་བས་བཏང་སྙོམས་བསྒོམ་པར་བྱའོ། །བཏང་སྙོམས་ལ་འདུ་བྱེད་བཏང་སྙོམས་དང་ཚོར་བ་བཏང་སྙོམས་དང་ཚད་མེད་བཏང་སྙོམས་གསུམ་ལས་འདིར་ནི་ཐ་མ་ཡིན་ལ། དེ་ལའང་སེམས་ཅན་རྣམས་ལ་ཆགས་སྡང་ལ་སོགས་པའི་ཉོན་མོངས་མེད་པ་བསྒྲུབ་པའི་རྣམ་པ་ཅན་ཞིག་དང༌། རང་ཉིད་སེམས་ཅན་ལ་ཆགས་སྡང་དང་བྲལ་ནས་སེམས་སྙོམས་པ་གཉིས་གསུངས་པ་
ལས་འདིར་ཕྱི་མའོ། །འདི་བསྒོམ་པའི་གོ་རིམ་ནི། སྐྱེ་སླ་བས་ཐོག་མར་ཕན་ཡང་མ་བཏགས་གནོད་པའང་མ་བྱས་པའི་བར་མ་ཞིག་ལ་དམིགས་རྟེན་བྱས་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་བསལ་ཏེ་སེམས་སྙོམས་པ་བསྒྲུབ་པར་བྱའོ། །དེ་ལ་སེམས་སྙོམས་པ་གྲུབ་ན་དེ་ནས་མཛའ་བཤེས་ལ་སེམས་སྙོམས་པ་བསྒྲུབ་སྟེ། དེ་ལ་སེམས་མ་སྙོམས་པ་ནི་ཆགས་སྡང་གིས་རིས་སུ་གཅོད་པའམ་ཆགས་པ་ཆེ་ཆུང་གིས་མ་སྙོམས་པའོ། །དེ་ལ་སྙོམས་ནས་དགྲ་ལ་སེམས་སྙོམས་པ་བསྒོམ་སྟེ། དེ་ལ་མ་སྙོམས་པ་ནི་མཐའ་གཅིག་ཏུ་མི་མཐུན་པར་བལྟས་ནས་ཞེ་སྡང་བའོ། །དེ་ལ་སྙོམས་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་བསྒོམ་མོ། །འོ་ན་དེ་དག་ལ་ཅི་ཞིག་བསྒོམས་པས་ཆགས་སྡང་སྤོང་ཞེ་ན་གཉིས་ཏེ། སེམས་ཅན་གྱི་ངོས་ནས་ནི་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་མཚུངས་པས་ན། ཁ་ཅིག་ལ་ཉེ་བར་བཟུང་ནས་ཕན་འདོགས་ཤིང་། ཁ་ཅིག་ལ་རིང་བར་བཟུང་ནས་གནོད་པ་བྱེད་པའམ་ཕན་པ་མི་བྱེད་པ་མི་རིགས་སོ་སྙམ་པ་དང༌། རང་གི་ངོས་ནས་ནི་ཐོག་མ་མེད་པ་ནས་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་ནི་གང་ཡང་མེད་པས། གང་ལ་ནི་ཆགས་པར་བྱ་ལ་གང་ལ་ནི་སྡང་བར་བྱ་སྙམ་དུ་སེམས་པའོ། །ཞེས་སྒོམ་རིམ་བར་པ་ལས་གསུངས་སོ། །ཡང་གཉེན་ལ་ཆགས་པ་ལ་ནི། བུ་མོ་ཟླ་བ་མཆོག་གིས་ཞུས་པ་ལས། བདག་གིས་སྔོན་ཆད་ཁྱེད་རྣམས་ཐམས་ཅད་བསད། །བདག་ཀྱང་ཁྱེད་ཀྱིས་སྔོན་ཆད་གཤགས་ཤིང་གཏུབས། །ཀུན་ཀྱང་ཕན་ཚུན་དགྲ་དང་གསོད་པ་
ཡིན། །ཁྱེད་ཅག་ཇི་ལྟར་འདོད་ཆགས་སེམས་ཀྱང་སྐྱེ། །ཞེས་གསུངས་པ་དང༌། སྔར་ངེས་མེད་ཀྱི་ཉེས་པའི་སྐབས་སུ་བཤད་པ་ལྟར་དགྲ་གཉེན་ཐམས་ཅད་མྱུར་དུ་འགྱུར་ནས་འགྲོ་བའི་ཚུལ་བསམ་པར་བྱ་སྟེ། དེས་ནི་ཁྲོ་ཆགས་གཉིས་ཀ་བཟློག་གོ །འདི་དགྲའམ་གཉེན་ཁྱད་པར་གྱི་གཞིར་བཟུང་ནས་བྱེད་དགོས་པས་དགྲ་གཉེན་གྱི་བློ་ལྡོག་མི་དགོས་ཀྱི། དགྲ་གཉེན་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཆགས་སྡང་གིས་རིས་སུ་གཅོད་བའི་བློ་འགོག་པ་ཡིན་ནོ། །ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པ་ནི། སྒོམ་རིམ་བར་པ་ལས། བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་སེར་ཡོད་པའི་ས་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །དེ་ནས་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས་སྙིང་རྗེ་བསྒོམ་པར་བྱའོ། །ཞེས་གསུངས་པའི་བྱམས་པ་ནི་སེམས་ཅན་རྣམས་ལ་བུ་སྡུག་པ་ལྟར་མཐོང་བའི་ཡིད་འོང་གི་རྣམ་པ་ཅན་ཏེ། བཏང་སྙོམས་བསྒོམས་པས་ཆགས་སྡང་གིས་མ་སྙོམས་པའི་རང་རོང་རྣམས་ཞི་སྟེ། ཞིང་ས་ལེགས་པར་དུལ་བ་ལྟར་གྱུར་པ་ལ་ཡིད་འོང་དུ་མཐོང་བའི་བྱམས་པའི་ཆུ་ཡིས་བརླན་པར་བྱས་ནས་སྙིང་རྗེའི་ས་བོན་གྲུང་པོ་བཏབ་ན་སྙིང་རྗེ་ཆེན་པོ་བདེ་བླག་ཏུ་སྐྱེ་བར་གསུངས་པ་འདི་གནད་ཤིན་ཏུ་ཆེ་བར་རྟོགས་སོ། །འདི་ལ་གསུམ་ལས། མར་བསྒོམ་པ་ནི། འཁོར་བ་ལ་ཐོག་མ་མེད་པས་རང་གི་སྐྱེ་བ་ལའང་ཐོག་མ་མེད་པས་ན་སྐྱེ་བ་དང་ཤི་བ་བརྒྱུད་མར་བྱས་ཏེ། འཁོར་བ་ན་ལུས་འདི་མ་བླངས་བྱ་བ་དང་ཕྱོགས་འདིར་མ་
སྐྱེས་བྱ་བ་ནི་ཡེ་མེད་ལ། མ་ལ་སོགས་པའི་གཉེན་དུའང་མ་གྱུར་པ་མེད་དེ། སའི་དངོས་གཞིར་དྲངས་པ་ལས། སྔོན་ཡུན་རིང་པོ་འདས་པ་ནས་གང་དུ་ཁྱེད། མ་སྐྱེས་པ་དང་མ་སོང་བ་དང་མ་ཤི་བའི་ས་ཕྱོགས་དེ་ནི་ངས་མཐོང་བར་དཀའོ། །ཡུན་རིང་པོ་འདས་པ་ནས་སེམས་ཅན་གང་ཁྱེད་ཀྱི་ཕའམ་མའམ་ཕུ་ནུའམ་སྲིང་མོའམ་སློབ་དཔོན་ནམ་མཁན་པོའམ་བླ་མའམ་བླ་མའི་གནས་ལྟ་བུར་མ་གྱུར་པ་དེ་ནི་ངས་མཐོང་བར་དཀའོ། །ཞེས་གསུངས་སོ། །དེ་ཡང་སྔར༌མ་བྱས་པར་མ་ཟད་མ་འོངས་པ་ནའང་མ་བྱེད་པར་འགྱུར་བའང་མཐའ་ཡས་པས་དེ་ལྟར་བསམས་ལ་རང་གི་མ་བྱས་པ་ལ་ངེས་པ་བརྟན་པོ་བཙལ་བར་བྱ་སྟེ། འདི་སྐྱེས་ན་དེ་ནས་དེའི་དྲིན་དྲན་པ་སོགས་སྐྱེ་བར་སླ་ལ། མ་སྐྱེས་ན་དྲིན་དྲན་པ་སོགས་ཀྱི་གཞི་མེད་པའི་ཕྱིར་རོ། །དྲིན་དྲན་པ་བསྒོམ་པ་ནི། སེམས་ཅན་ཐམས་ཅད་མར་བསྒོམས་པའི་འོག་ཏུ་ཐོག་མར་ཚེ་འདིའི་མ་ལ་བསྒོམས་ན་སྐྱེ་མྱུར་བར་པོ་ཏོ༌བ་བཞེད་པ་ལྟར་བསྒོམ་པར་བྱ་སྟེ། མདུན་དུ་མ་རྣམ་པ་གསལ་པོ་ཞིག་བསམས་ལ། ད་ལྟར་དུ་མ་ཟད་འཁོར་བ་ཐོག་མ་མེད་པ་ནས་འདིས་བདག་གི་མ་བགྲང་ལས་འདས་པ་བྱེད་བྱེད་པ་ཡིན་སྙམ་དུ་ལན་འགའ་ཞིག་བསམ་མོ། །དེ་ལྟར་དེས་མ་བྱས་པའི་དུས་སུ་གནོད་པ་ཐམས་ཅད་ལས་བསྐྱབས། ཕན་བདེ་ཐམས་ཅད་བསྒྲུབས། ཁྱད་པར་དུ་ཚེ་འདིར་ཡང་དང་པོ་མངལ་དུ་ཡུན་རིང་པོར་བཟུང༌། དེ་ནས་བཙས་པའི་དུས་སུ་སྤུ་སེར་ཟེང་ངེ་བ༌ཞིག་ཤའི་དྲོད་ལ་བཅར། སོར་མོ་བཅུའི་ཁ་ལ་གཡེངས། ནུ་ཞོ་བསྣུན། ནོམ་བུ་ཁས་བསྙོད། སྣབས་
ལུད་ཁས་ཕྱིས། མི་གཙང་བ་ལག་པས་ཕྱིས་ཀྱིན་ཐབས་སྣ་ཚོགས་ཀྱིས་སྐྱོ་ངལ་མེད་པར་གསོས། དེ་ཡང་བཀྲེས་སྐོམ་གྱི་དུས་སུ་བཟའ་བཏུང་དང་། འཁྱགས་པའི་དུས་སུ་གོས་དང་། ཕོངས་པའི་དུས་སུ་ནོར་རང་གིས་སྤྱད་མི་བྲ་བ་རྣམས་བྱིན། ཡོ་བྱད་དེ་རྣམས་ཀྱང་བདེ་བླག་ཏུ་རྙེད་ནས་མིན་གྱི། སྡིག་དང་སྡུག་དང་གཏམ་ངན་དང་བསྲེས་ཀྱིན་ཤ་ཐང་ཐང་དུ་བཙལ་ནས་བྱིན་པ་ཡིན། བུ་ལ་ན་ཚ་ལ་སོགས་པའི་སྡུག་བསྔལ་བྱུང་ན། བུ་འཆི་བ་བས་རང་འཆི་བ་དང་། བུ་ན་བ་བས་རང་ན་བ་དང་། བུ་སྡུག་པ་བས་རང་སྡུག་པ་ལ་བསམ་པ་ཐག་པ་ནས་འདམ་ཞིང་། སྦྱོར་བས་དེ་བསལ་བའི་ཐབས་བྱེད་པ་ཡིན། མདོར་ན་རང་གིས་ཤེས་ཚད་དང་ནུས་ཚད་ཀྱིས་ཕན་བདེ་གང་ཡིན་བསྒྲུབ། གནོད་པ་དང་སྡུག་བསྔལ་སེལ་བར་བྱེད་པའི་ཚུལ་རྣམས་ལ་རྩེ་གཅིག་ཏུ་སེམས་པའོ། །དེ་ལྟར་བསྒོམས་པས་དྲིན་དྲན་པའི་བློ་ཚིག་ཙམ་མིན་པ་ཞིག་སྐྱེས་པ་ན། དེ་ནས་ཕ་ལ་སོགས་པའི་མཛའ་བཤེས་གཞན་ལའང་མར་ཤེས་པར་བྱས་ལ་དེ་ལྟར་བསྒོམ། དེ་ནས་བར་མ་རྣམས་ཀྱང་མར་ཤེས་པར་བྱས་ལ་བསྒོམ། དེ་ལ་མཛའ་བཤེས་འདྲ་བའི་བློ་སྐྱེས་པ་ན་དགྲ་རྣམས་ཀྱང་མར་ཤེས་པར་བྱས་ལ་བསྒོམ། དེ་ལ་མ་དང་འདྲ་བའི་བློ་སྐྱེས་པའི་ཚེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་མར་ཤེས་པ་སྔོན་དུ་བཏང་ལ་རིམ་གྱིས་རྒྱ་ཇེ་ཆེར་བཏང་ལ་བསྒོམ་མོ། །དྲིན་དུ་གཟོ་བ་བསྒོམ་པ་ནི། དེ་ལྟར་སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་ཙམ་མ་གཏོགས་པ་བདག་གི་མ་དྲིན་ཅན་སྡུག་བསྔལ་ཞིང་སྐྱབས་མེད་པ་དེ་རྣམས་རྩིས་མེད་དུ་དོར་ནས་རང་ཉིད་འཁོར་བ་ལས་ཅི་ཐར་བྱེད་ན་
དེ་ལས་ཁྲེལ་ཆུང་བ་མེད་དེ། སློབ་མ་ལ་སྤྲིངས་པ་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་སོ། །དེས་ན་དེ་ལྟ་བུའི་དྲིན་ཅན་འདོར་བ་ནི་མ་རབས་རྣམས་ལའང་མི་རིགས་ན་བདག་གི་ཚུལ་དང་ག་ལ་མཐུན་སྙམ་དུ་བསམས་ནས་དྲིན་ལན་བསྐོར་བའི་ཁུར་བཟུང་སྟེ། དེ་ཉིད་ལས། བྱིས་པ་པང་ན་བཙའ་བ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་བྱས་ཤིང༌། །གང་གིས་བརྩེ་བའི་སེམས་ཀྱིས་ཟོན་བཅས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་འདིར་བོར་ནས། །འགྲོ་བ་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །ཞེས་དང༌། ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས་ཀྱང༌། སེམས་ཅན་གང་དག་མ་རིག་ལྡོངས་པས་བསམ་པ་རྒུད་པའི་བློ་གྲོས་ཅན། །ཕ་དང་བུར་གྱུར་རྣམས་ཀྱིས་བདག་ལ་བསྙེན་བཀུར་བྱམས་པས་ཕན་བཏགས་པ། །དེ་དག་བཏང་ནས་གཅིག་པུ་ཐར་བར་བྱེད་པ་བདག་གི་ཚུལ་མིན་ཞེས། །དེ་སླད་ཁྱོད་ཀྱིས་འགྲོ་བ་མགོན་མེད་ངེས་ཐར་བགྱིད་སླད་སྨོན་ལམ་བཏབ། །ཅེས་གསུངས་སོ། །འོ་ན་ཕན་ལན་བྱེད་པ་དེ་ཇི་ལྟ་བུ་ཞིག་བྱ་སྙམ་ན། མ་རང་གིས་ཀྱང་འཁོར་བའི་བདེ་འབྱོར་ཅི་ཙམ་ཞིག་ཐོབ་སྟེ་དེ་དག་ཐམས་ཅད་ཀྱིས་མ་
བསླུས་པ་མེད། དེས་ན་བདག་གིས་སྔོན་ཆད་ཉོན་མོངས་པའི་གདོན་གྱིས་བརླམས་པའི་དབང་གིས་རྨས་ནས་རྨ་དྲག་པོ་བྱུང་ཟིན་པ་ལ། བ་ཚྭ་ལ་སོགས་པའི་འགྱུར་བྱེད་འདེབས་པ་དང་འདྲ་བར། རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པ་རྣམས་ལ་སླར་ཡང་སྡུག་བསྔལ་སྣ་ཚོགས་བསྐྱེད་པ་དང༌། བྱམས་པས་ཕན་བཏགས་པ་དེ་རྣམས་ནི་ཐར་པ་མྱ་ངན་ལས་འདས་པའི་བདེ་བ་ལ་དགོད་བར་བྱའོ་སྙམ་དུ་ཕན་ལན་བྱ་དགོས་ཏེ། དབུ་མའི་སྙིང་པོ་ལས། གཞན་ཡང་སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་བདག་གིས་ནི། །རྨས་ལ་འགྱུར་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས། །བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་ལ་ལན་དུ་ཕན་གདགས་པ། །མྱ་ངན་འདས་ལས་གཞན་ཅི་ཡོད། །ཅེས་སོ། །རྒྱ་མཚོ་རི་རབ་དང་བཅས་པའི་ཁུར་ལས་བྱས་པ་མི་གཟོ་བ་ཁུར་ཆེ་བ་དང༌། བྱས་པ་གཟོ་བ་ནི་མཁས་པས་བསྔགས་པའི་གནས་སུ་གསུངས་ཏེ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། རྒྱ་མཚོ་དང་ནི་རི་རབ་དང༌། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །མི་གང་སེམས་ནི་མི་རྒོད་ཅིང༌། །བྱས་པ་གཟོ་དང་བྱས་པ་ཚོར། །བྱས་པ་ཆུད་གཟོན་མི་བྱེད་པ། །དེ་དག་མཁས་པས་རབ་ཏུ་བསྔགས། །ཞེས་སོ། །མདོར་བསྡུ་ན་རང་གི་མ༌དྲན་པ་རྣལ་དུ་མི་གནས་པར་སྨྱོ་ཞིང་མིག་ལོང་བ་ལོང་ཁྲིད་མེད་པ་ཞིག་གོམ་པ་རེ་རེ་ནས་བརྡེག་འཆའ་
ཞིང་གཡང་ཁ་འཇིགས་སུ་རུང་བ་ལ་མངོན་པར་ཕྱོགས་ནས་འགྲོ་ན། མ་དེས་ཀྱང་བུ་ལ་མི་རེ་ན་སུ་ལ་རེ། བུ་དེ་ལའང་མ་དེ་འཇིགས་པ་དེ་ལས་སྒྲོལ་བ་མི་འབབ་ན་སུ་ལ་འབབ་པས་དེ་ལས་སྒྲོལ་དགོས། དེ་བཞིན་དུ་མར་གྱུར་པའི་སེམས་ཅན་རྣམས་ཀྱང་ཉོན་མོངས་པའི་གདོན་གྱིས་སེམས་རྣལ་དུ་གནས་པ་དཀྲུགས་པས་ནི་ཤེས་པ་ལ་རང་དབང་མ་ཐོབ་པས་སྨྱོ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལྟ་བའི་མིག་དང་ནི་བྲལ། ཡང་དག་པའི་བཤེས་ཀྱི་ལོང་འཁྲིད་ནི་མེད། སྐད་ཅིག་རེ་རེ་བཞིན་ཉེས་སྤྱོད་ཀྱིས་དབྱེན་བཅོས་པས་ནི་བརྡེག་འཆའ། སྤྱིར་འཁོར་བ་དང་ཁྱད་པར་དུ་ངན་འགྲོའི་གཡང་ཁ་འགྲིམ་པ་མཐོང་ན། མ་དེ་ཡང་བུ་ལ་རེ་དགོས་ལ། བུ་ལའང་མ་དེ་འདོན་པ་འབབ་པས་དེ་ལྟར་བསམས་ནས་འཁོར་བ་ལས་ངེས་པར་གདོན་པའི་དྲིན་གཟོ་བྱ་སྟེ། བསླབ་བཏུས་ལས། ཉོན་མོངས་ཀྱིས་སྨྱོ་གཏི་མུག་ལྡོངས། །གཡང་ས་མང་པོའི་ལམ་དུ་ནི། །གོམ་པ་རེ་རེ་བརྡེག་འཆའ་བ། །བདག་དང་གཞན་རྟག་མྱ་ངན་གཞི། །འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས། །ཞེས་དེ་ལྟར་བལྟས་ནས་གཞན་ལ་སྐྱོན་བཙལ་བར་མི་རིགས་ཤིང་ཡོན་ཏན་སྣ་རེ་མཐོང་ན་ངོ་མཚར་བར་བཟུང་ཞེས་གསུངས་མོད་ཀྱང་འདིར་ཡང་ཉམ་ཐག་པའི་ཚུལ་སྦྱར་དུ་རུང་བ་ཡིན་ནོ། །གཉིས་པ་བློ་དེ་བསྐྱེད་པ་དངོས་ལ་གསུམ་ལས། བྱམས་པ་བསྒོམ་པ་ལ། བྱམས་བའི་དམིགས་པ་ནི། བདེ་བ་དང་མི་ལྡན་པའི་སེམས་ཅན་ནོ། །རྣམ་པ་ནི། བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པ་དང་བདེ་བ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང་བདེ་བ་དང་ཕྲད་པར་བྱའོ་
སྙམ་པའོ། །ཕན་ཡོན་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དངོས་པོ་ཤིན་ཏུ་རྒྱ་ཆེ་བས་ཡུལ་མཐར་ཐུག་པའི་ཞིང་ལ་དུས་རྟག་ཏུ་མཆོད་པ་བྱེད་པ་ལས་བསོད་ནམས་ཆེས་ཆེ་བར་གསུངས་པ་དང༌། འཇམ་དཔལ་གྱི་ཞིང་བཀོད་ལས་ཀྱང༌། བྱང་ཤར་གྱི་མཚམས་ནས་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་དེ་ན་དགེ་སློང་འགོག་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་རྣམས་ཀྱང་བདེ་བ་དང་ལྡན་ནོ། །དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་སྤྱོད་སྤྱད་པས་ནི་ཞིང་འདིར་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་དུ་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་ན་ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས། ཞེས་བཤད་པ་དང༌། རིན་ཆེན་ཕྲེང་བ་ལས་ཀྱང༌། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག །ཉིན་རེ་དུས་གསུམ་སྦྱིན་པས་ཀྱང༌། །བྱམས་པ་ཡུད་ཙམ་ཐང་གཅིག་གི །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང༌། །དེ་དག་ཀྱང་ནི་བསྲུང་བ་དང༌། །ཡིད་བདེ་བ་དང་བདེ་མང་དང༌། །དུག་དང་མཚོན་གྱིས་གནོད་མེད་དང༌། །འབད་པ་མེད་པར་དོན་འཐོབ་དང༌། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང༌། །བྱམས་
ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་གསུངས་ཏེ། བྱམས་པ་ཡོད་ན་ལྷ་མི་བྱམས་ཤིང་ངང་གིས་འདུ་བ་དང༌། རྒྱལ་བས་ཀྱང་བདུད་སྡེ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད་པས་བསྲུང་བའི་མཆོག་ཏུ་འགྱུར་བ་སོགས་སོ། །དེས་ན་སྐྱེ་བར་དཀའ་ཡང་འབད་དགོས་ཏེ། བསླབ་བཏུས་ལས། གསེར་འོད་དམ་པ་ལས་འབྱུང་བའི་བྱམས་པ་དང་སྙིང་རྗེ་བསྒོམ་པ་སྟོན་པའི་ཚིགས་བཅད་རྣམས་ལ་སེམས་ཐམས་ཅད་ཀྱིས་བསམས་ཏེ་ཐ་ན་ཚིག་ཏུ་ཡང་བཏོན་ནས་བསྒོམ་པར་གསུངས་སོ། །ཚིག་དེ་ནི། གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང༌། །དབུལ་བའི་སྡུག་བསྔལ་སྡུག༌བསྔལ་ཞི་བར་ཤོག །ཅེས་སོགས་སོ། །བྱམས་པ་བསྒོམ་པའི་རིམ་པ་ནི། ཐོག་མར་མཛའ་བཤེས་ལ་བསྒོམ། དེ་ནས་བར་མ་དང་དེ་ནས་དགྲ་ལ་བསྒོམ་པར་བྱ་ཞིང་དེ་ནས་སེམས་ཅན་ཐམས་ཅད་ལ་རིམ་པ་བཞིན་དུ་བསྒོམ་མོ། །བསྒོམ་བའི་ཚུལ་ནི། ཇི་ལྟར་སེམས་ཅན་སྡུག་བསྔལ་བས་སྡུག་བསྔལ་བའི་ཚུལ་ཡང་ཡང་བསམས་ན་སྙིང་རྗེ་སྐྱེ་བ་ལྟར། སེམས་ཅན་ལ་ཟག་བཅས་དང་ཟག་པ་མེད་པའི་བདེ་བ་མེད་ཅིང་བདེ་བས་ཕོངས་ལུགས་རྣམས་ཡང་ཡང་བསམ་པར་བྱ་སྟེ། དེ་གོམས་པ་ན་བདེ་བ་དང་ཕྲད་འདོད་ངང་གིས་འབྱུང་ལ། དེ་ཡང་བདེ་བ་སྣ་ཚོགས་པ་རྣམས་ཡིད་ལ་བྱས་ནས་དེ་དག་སེམས་ཅན་རྣམས་ལ་བསྟབ་པར་བྱའོ། །སྙིང་རྗེ་བསྒོམ་པ་ལ། སྙིང་རྗེའི་དམིགས་པ་ནི། སྡུག་
བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བའི་སེམས་ཅན་ནོ། །རྣམ་པ་ནི། སྡུག་བསྔལ་དེ་དག་དང་བྲལ་ན་སྙམ་པ་དང་བྲལ་བར་གྱུར་ཅིག་སྙམ་པ་དང་བྲལ་བར་བྱའོ་སྙམ་པའོ། །བསྒོམ་པའི་གོ་རིམ་ནི། ཐོག་མར་མཛའ་བཤེས་དང་དེ་ནས་བར་མ་དང་དེ་ནས་དགྲ་ལ་བསྒོམ་སྟེ། མཛའ་བཤེས་དང་འདྲ་བར་དགྲ་ལའང་སེམས་སྙོམས་པར་འཇུག་པའི་ཚེ། རིམ་གྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལའང་བསྒོམ་མོ། །དེ་ལྟར་བཏང་སྙོམས་དང་བྱམས་པ་དང་སྙིང་རྗེ་ལ་ཡུལ་སོ་སོར་ཕྱེ་ནས་རིམ་ཅན་དུ་བསྒོམ་པ་དེ་ནི། ཆོས་མངོན་པའི་མདོའི་རྗེས་སུ་འབྲངས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་ཡིན་ལ། དེ་ནི་གནད་ཤིན་ཏུ་ཆེ་སྟེ། སོ་སོར་མ་ཕྱེ་བར་དང་པོ་ནས་སྤྱི་ལ་དམིགས་ནས་སྦྱངས་པ་ལ་སྐྱེ་བ་ལྟར་སྣང་ཡང་། རེ་རེ་ནས་བསམས་ན་གང་ལའང་མི་སྐྱེ་བར་སྣང་ལ། རེ་རེ་ནས་ཡིད་འགྱུར་བའི་མྱོང་བ་སྔར་བཤད་པ་ལྟར་བཏོན་ནས་ཇེ་མང་དུ་བཏང་སྟེ་མཐར་སྤྱི་ལ་དམིགས་ནས་བསྐྱངས་ན་ཚོགས་པ་དང་སོ་སོ་བ་གང་ལ་དམིགས་ཀྱང་རྣམ་དག་སྐྱེ་བའི་ཕྱིར་རོ། །བསྒོམ་པའི་ཚུལ་ནི། མར་གྱུར་པའི༌སེམས་ཅན་དེ་རྣམས་འཁོར་བར་ལྷུང་ནས་སྤྱི་དང་སོ་སོའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བ་རྣམས་སེམས་པ་སྟེ། སྡུག༌བསྔལ་རྣམས་ནི་སྔར་བཤད་ཟིན་ཏོ། །དེ་ཡང་སྔར་སྐྱེས་བུ་འབྲིང་གི་ལམ་སྦྱངས་པས་སྐྱེས་པ་ཡིན་ན། རང་གི་ཉམས་ལ་དཔགས་ཏེ་བསྒོམས་པས་སྐྱེ་སླ་བར་འགྱུར་རོ། །རང་གི་སྟེང་དུ་དེ་དག་བསམས་ན་ངེས་འབྱུང་གི་
བསམ་པ་སྐྱེ་བའི་རྒྱུར་འགྱུར་ལ། གཞན་སྟེང་དུ་བསམས་པས་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་རོ། །འོན་ཀྱང་རང་སྟེང་དུ་སེམས་པ་སྔོན་དུ་མ་སོང་ན་གནད་དུ་འགྲོ་བ་མི་སྐྱེའོ། །དེ་དག་ནི་མཚོན་པ་ཙམ་སྟེ། རྒྱས་པར་སྙིང་རྗེའི་དམིགས་པའི་སྡུག༌བསྔལ་བརྒྱ་རྩ་བཅུ་བྱང་སར་གསུངས་པ་ལ་བློའི་མཐུ་ཡོད་པ་རྣམས་ཀྱིས་བསྒོམ་པར་བྱའོ། །དེ་ཡང་ཉན་ཐོས་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་དང་མཐར་ཐུག་པ་སྐྱོ་བའི་སེམས་ཀྱིས་སྡུག་བསྔལ་མཐོང་བ་ལས། བྱང་ཆུབ་སེམས་དཔའ་སྙིང་རྗེ་བསྒོམ་པས་སྡུག་བསྔལ་སེམས་པ་མང་བར་གསུངས་སོ། །བདེ་བ་མེད་པ་དང་སྡུག་བསྔལ་བའི་ཚུལ་སྒོ་མཐའ་ཡས་པ་ནས་བསམས་ན་བྱམས་པ་དང་སྙིང་རྗེ་ཡང་ཤིན་ཏུ་མང་པོ་སྐྱེ་ལ། རྒྱུན་རིང་བར་བསམས་ན་ཤུགས་དྲག་ལ་བརྟན་པ་སྐྱེ་བས། གདམས་ངག་ཅུང་ཟད་རེས་ཚིམ་ནས་གཞུང་ཆེ་བ་ནས་བཤད་པ་རྣམས་ལ་བསྒོམ་པ་དོར་ན་སྟོབས་ཤིན་ཏུ་ཆུང་ངོ་། །དེ་ཡང་སྔར་བཤད་པ་ལྟར་ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཡིན་ལུགས་དང་སྙིང་རྗེ་རྩ་བར་འགྲོ་ལུགས་ལ་སོགས་པ་རྣམས་ཀྱི་དམིགས་ལེགས་པར་ཕྱེད་ནས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ཅིང་བསྐྱངས་པའི་མཐར་སྐྱེས་པའི་མྱོང་བ་དགོས་ཀྱི། གོ་བས་ལེགས་པར་དམིགས་མ་ཕྱེད་པར་ཕུར་ཚུགས་རེ་ལ་འབད་པའི་མྱོང་བ་ཐམ་ཐོམ་གྱིས་གར་ཡང་མི་ཕྱིན་ཏེ། ཉམས་ལེན་གྱི་སྐབས་གཞན་དུའང་དེ་ལྟར་ཤེས་པར་བྱའོ། །དེ་ལ་སྙིང་རྗེ་སྐྱེས་པའི་ཚད་ནི། སྒོམ་རིམ་དང་པོ་ལས། གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་
ཐམས་ཅད་ལའང་སྡུག་བསྔལ་གཏན་ནས་བྱང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་འཇུག་པར་འགྱུར་བ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་འཐོབ་སྟེ། ཞེས་བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་པ་ལ༌མ༌དེ་སྙིང་རྗེ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་རང་གི་ངང་གིས་སྐྱེ་བ་ན་སྙིང་རྗེ་ཆེན་པོའི་མཚན་ཉིད་ཚང་བར་གསུངས་སོ། །འདིས་བྱམས་པ་ཆེན་པོ་སྐྱེས་པའི་ཚད་ཀྱང་རིག་པར་བྱའོ། །ཡང་ལུང་དེའི་འཕྲོས་ཉིད་ནས། དེ་ལྟར་སྙིང་རྗེ་ཆེན་པོ་གོམས་པའི་སྟོབས་ཀྱིས་སེམས་ཅན་མ་ལུས་པ་དྲང་བར་དམ་བཅས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་བསྒྲིམ་མི་དགོས་པར་སྐྱེ་སྟེ། ཞེས་སྨོན་སེམས་སྐྱེ་བའི་རྒྱུར་སྔར་བཤད་པའི་སྙིང་རྗེ་ཆེན་པོ་དེ་དགོས་པར་གསུངས་ཏེ། འདིས་ནི་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཚད་ཀྱང་ཤེས་པར་བྱའོ། །འདི་ཡང་ལམ་མཐོན་པོར་སོང་བའི་སེམས་བསྐྱེད་མིན་གྱི། ལས་དང་པོ་པའི་སེམས་བསྐྱེད་པ་ལ་དེ་ལྟར་གསུངས་ལ། ཐེག་བསྡུས་ལས་ཀྱང༌། བཟང་དང་སྨོན་པའི་སྟོབས་ཅན་དང༌། །འདུན་བརྟན་ཁྱད་པར་འགྲོ་བ་ནི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་གསུངས་པས། གྲངས་མེད་གསུམ་གྱི་འགོ་རྩོམ་པའི་བྱང་ཆུབ་སེམས་དཔའ་ལའང་སེམས་དེ་ལྟ་བུ་ཞིག་སྐྱེ་དགོས་པ་ཡིན་
ནོ། །དེས་ན་འདི་དག་གི་ཕྱོགས་དང་ཡུལ་ཙམ་ནའང་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་བདག་གིས་དགེ་བ་འདི་བྱའོ་སྙམ་དུ་བསམ་པ་བསྐྱེད་པ་ཙམ་ལ་ཆེས་ཆེར་འཁྲུལ་ནས་མ་ཐོབ་པར་ཐོབ་བོ་སྙམ་པའི་མངོན་པའི་ང་རྒྱལ་བརྟན་པར་བྱས་ཏེ། བྱང་ཆུབ་ཀྱི་སེམས་གདམས་ངག་གི་མཐིལ་དུ་བཟུང་ནས་མི་སྦྱོང་བར་གཞན་ཞིག་ནས་འཚོལ་ཞིང་འབད་པས་ས་མང་པོ་ཞིག་བཅད་པར་འདོད་པ་ཁོ་ན་སྣང་བ་ལ། ཐེག་པ་ཆེན་པོའི་གནད་ཤེས་པས་བལྟས་ན་བཞད་གད་ཀྱི་གནས་སུ་སྣང་སྟེ། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྐལ་པ་དུ་མར་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་སྦྱོང་བར་གཞུང་དུ་མ་ལས་འབྱུང་ན་གོ་བ་ཙམ་ལས་མེད་པ་རྣམས་ཀྱིས་ལྟ་ཅི་སྨོས་པའི་ཕྱིར་རོ། །དེ་ཡང་ལམ་གཞན་བསྒོམ་དུ་མི་རུང་ཟེར་བ་མིན་གྱི། བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྐོར་ལའང་གདམས་པའི་མཐིལ་དུ་བཟུང་ནས་བསྐྱང་དགོས་སོ་ཞེས་ཟེར་བ་ཡིན་ནོ། །སྤྱིར་སྔར་བཤད་པ་ལྟ་བུའི་མྱོང་བ་མ་སྐྱེས་ཀྱང་ཐེག་པ་ཆེན་པོའི་བསླབ་པར་བྱ་བ་རྣམས་ཤེས་ཤིང་ཐེག་ཆེན་ལ་མོས་པ་བརྟན་ན་སྔོན་ལ་སེམས་བསྐྱེད་པ་དང་སྡོམ་པ་ཆོ་གས་བཟུང་ནས་དེ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བའང་ཡོད་དེ། སྤྱོད་འཇུག་ཏུ་སྔོན་ལ་སྡོམ་པ་དང་སེམས་བཟུང་ནས་དེའི་བསླབ་བྱ་ཕྱིན་དྲུག་གི་བསམ་གཏན་གྱི་སྐབས་སུ་བྱང་ཆུབ་ཀྱི་སེམས་སྦྱོང་ལུགས་རྣམས་རྒྱས་པར་གསུངས་པ་ལྟ་བུའོ། །འོན་ཀྱང་དེ་དག་གི་སྣོད་རུང་དུ་བསྒྲུབ་པ་ལའང་སྔོན་དུ་བློ་མང་པོ་ཞིག་སྦྱང་དགོས་པ་སྣང་སྟེ། ཕན་ཡོན་སེམས་པ་དང་ཡན་