Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

2 occurrences of ཆུ་བཟང་
[Clear Hits]


 expand section
  
  
 expand section
  
  
 
རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས།
 


2 occurrences of ཆུ་བཟང་
[Clear Hits]

 
previousརྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས། next

རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས།


JLD014_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས་བཞུགས་སོ། །


JLD014_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །མང་ཐོས་རྒྱ་མཚོའི་ཕ་རོལ་སོན་པ་ཡིས། །རྒྱལ་བའི་གསུང་རབ་ཡོངས་སུ་རྫོགས་པའི་གནད། །ཇི་བཞིན་གཟིགས་ནས་བརྩེ་བས་སྟོན་མཛད་པ། །རྗེ་བཙུན་བླ་མ་དེ་ལ་སྦྱི་བོས་འདུད། །བསྟན་པའི་སྙིང་པོ་མཐའ་བྲལ་དབུ་མའི་དོན། །ཀླུ་སྒྲུབ་བཞེད་གཞུང་ཇི་བཞིན་འགྲེལ་མཛད་པ། །ཞི་བ་ལྷ་དང་སློབ་དཔོན་སངས་རྒྱས་བསྐྱངས༌། །དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ལ་འདུད། །རྒྱལ་སྲས་སྤྱོད་པའི་གཙོ་བོ་ཤེར་ཕྱིན་དོན། །ཕྱོགས་འདིར་མཁས་མང་དུ་མས་རྣམ་ཕྱེ་མོད། །དེ་དག་རྣམས་ལས་ཆེས་ཆེར་འཕགས་པའི་སྲོལ། །རྗེ་བཙུན་བླ་མའི་དྲིན་ལས་འདིར་བཤད་བྱ། །


JLD014_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དང་པོར་དལ་འབྱོར་དོན་ཆེ་བ་དང༌། རྙེད་པར་དཀའ་བ་བསམས་ནས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་འདོད་སྐྱེས་པ་ན་སྙིང་པོ་ལེན་པའི་མཆོག་ནི་ཐེག་པ་ཆེན་པོར་འཇུག་པ་ཡིན་ལ། དེའི་ཡན་ལག་ཏུ་སྐྱེས་བུ་ཆུང་འབྲིང་གིས་བསམ་པ་སྦྱང་བ་སྔོན་དུ་བཏང་ནས་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། དེའི་རྗེས་སུ་འཇུག་སེམས་ལེན་པའི་ཆོ་གས་སྡོམ་པ་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་ཚུལ་རྒྱས་པར་སྟོན་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ལེའུ་འདིས་སྟོན་པ་ཡིན་ནོ། །དེ་ལ་གསུམ་སྟེ། ཐར་པ་ཐོབ་པར་འདོད་པས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་


JLD014_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པར་བསྟན་པ་དང༌། དེ་ཁོ་ན་ཉིད་རྟོགས་པའི་སེམས་རབ་ཇི་ལྟར་བསྐྱེད་པའི་ཐབས་དང༌། དེས་ན་དེ་བསྐྱེད་པ་ལ་འབད་པར་གདམས་པའོ། །དང་པོ་ནི། རང་གཞན་གྱི་འཁོར་བའི་སྡུག་བསྔལ་དག་ཉེ་བར་ཞི་བར་འདོད་པས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པར་བྱ་སྟེ། སྔར་གོང་དུ་བཤད་པའི་སྦྱིན་པ་ལ་སོགས་པའི་ཡན་ལག་སྟེ་རྒྱུ་ཚོགས་འདི་དག་ཐམས་ཅད་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་བསྐྱེད་པའི་དོན་དུ་གསུངས་པ་དེའི་ཕྱིར་ནའོ། །གཞན་རྒྱུད་ཀྱི་སྡུག་བསྔལ་མཐའ་དག་ཞི་བར་བྱེད་པ་ལ་བླ་ན་མེད་པའི་བྱང་ཆུབ་ཐོབ་དགོས་པས་དེ་ཁོ་ན་ཉིད་རྟོགས་དགོས་ཀྱང༌། རང་རྒྱུད་ཀྱི་སྡུག་བསྔལ་ཞི་བ་ལ་དེ་ཁོ་ན་ཉིད་རྟོགས་ཅི་དགོས་སྙམ་ན། མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། དེ་སྲིད་དེ་ལ་དར་འཛིན་ཡོད། ཅེས་ཕུང་པོ་ལ་བདེན་འཛིན་ཡོད་པ་དེ་སྲིད་དུ་ང་དང་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟ་མི་ལྡོག་པར་གསུངས་པས། ཉན་རང་དགྲ་བཅོམ་པས་འཇིག་ལྟ་ཟད་པར་མ་སྤངས་པ་སུའང་མི་འདོད་ཅིང་དེ་ལ་ཕུང་པོ་བདེན་འཛིན་ཟད་དགོས་པས་ཉན་རང་འཕགས་པས་ཀྱང་ཕུང་པོ་བདེན་མེད་དུ་རྟོགས་པར་བཞེད་པ་ལྟར་སློབ་དཔོན་འདིས་ཀྱང་འཁོར་བའི་སྡུག་བསྔལ་ཞི་བ་ལའང་དེ་ཁོ་ན་ཉིད་རྟོགས་དགོས་པར་བཞེད་དེ། འོག་ཏུའང་འཆད་པར་འགྱུར་རོ། །འདི་དག་གི་རྣམ་གཞག་རྒྱས་པར་ཤེས་པར་འདོད་ན། ལྷ་དང་བཅས་པའི་འཇིག་རྟེན་ཐམས་


JLD014_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་འདྲེན་པ་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་ཆེན་མོ་ལས་ཤེས་པར་བྱའོ། །གཞུང་འདིས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བསྟན་པ། འདིའི་རྣམ་བཤད་བྱེད་པ་དུ་མས་འཆད་པ་ནི་གཞུང་གི་དོན་ཕྱིན་ཅི་ལོག་ཡིན་པར་གསལ་བར་རྟོགས་ཏེ་འཆད་པར་འགྱུར་རོ། །ཡན་ལག་འདི་དག་ཅེས་པ་ལེའུ་བརྒྱད་པ་ནས་བཤད་པའི་ཞི་གནས་ཙམ་ལ་འཆད་པ་དང༌། སྦྱིན་སོགས་ཕར་ཕྱིན་ལྷག་མ་ཐམས་ཅད་ལ་འཆད་པའི་ལུགས་གཉིས་ལས། ལེའུ་སྔ་ཕྱི་གཉིས་ཙམ་གྱི་འབྲེལ་ལ་སྦྱར་ན་སྔ་མའང་རུང་མོད་ཀྱང་འདིར་ཕྱི་མ་ལྟར་བཤད་ན་ལེགས་སོ། །སྦྱིན་པ་ལ་སོགས་པའི་ཡན་ལག་ཤེས་རབ་ཀྱི་དོན་དུ་གསུངས་ཞེས་པ་ལ་དོགས་པ་འདི་ལྟར་དཔྱད་དེ། དེ་ཁོ་ན་ཉིད་ཐོས་བསམ་གྱིས་རྟོགས་པ་ལ་སྦྱིན་པ་སོགས་སྔོན་དུ་འགྲོ་དགོས་པ་མིན་ཏེ། སྤྱིར་སྟོང་ཉིད་རྟོགས་པ་ལ་ཚོགས་བསག་དགོས་ཀྱང་འདིར་བཤད་པ་འདྲ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྔོན་དུ་འགྲོ་མི་དགོས་ཏེ། སློབ་དཔོན་ཞི་བ་འཚོས་སྟོང་ཉིད་ཐོས་བསམ་གྱིས་གཏན་ལ་འབེབས་ཚུལ་གཉིས་བཤད་པ་བཞིན་ནོ། །སྟོང་ཉིད་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལ་དེ་དག་སྔོན་དུ་འགྲོ་དགོས་པའང་མིན་ཏེ། དེ་ལྟ་ན་མི་རྟོག་པ་རྟོགས་པ་ལྟ་བུའི་ཉམས་མྱོང་ལའང་དེ་དག་སྔོན་དུ་འགྲོ་དགོས་པར་མཚུངས་སོ། །སྟོང་ཉིད་རྟོགས་པའི་སྒོམ་བྱུང་གི་ལྷག་མཐོང་


JLD014_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ལ་དེ་དག་སྔོན་དུ་འགྲོ་དགོས་པའང་མིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་དག་སྔོན་དུ་མ་སོང་ཡང་ཉན་རང་གི་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་སྔར་བཤད་པ་བཞིན་ནོ། །སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཆོས་སྐུའི་ཉེར་ལེན་བྱེད་ཅིང་སྦྱིན་སོགས་ཐབས་རྣམས་ཀྱིས་དེའི་ལྷན་ཅིག་བྱེད་རྐྱེན་བྱེད་པས་ཤེས་རབ་ཀྱིས་འབྲས་བུ་དེ་ཐོབ་པ་ལ། སྦྱིན་སོགས་རྣམས་ཀྱིས་ཕན་པས་དེ་དག་ཤེས་རབ་ཀྱི་དོན་དུ་གསུངས་སོ་ཞེ་ན། དེ་ལྟ་ན་ཤེས་རབ་དེ་དག་གི་དོན་དུ་གསུངས་ཤེས་གོ་ལྡོག་ནའང་མཚུངས་སོ། །དེས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ན། སྒྲིབ་གཉིས་གང་གིའང་ས་བོན་ཟད་པར་བྱེད་མི་ནུས་ལ། ཉོན་སྒྲིབ་ཀྱི་ས་བོན་ཟད་པ་ཙམ་ལ་ཚོགས་མཐའ་ཡས་པས་བརྒྱན་པ་མི་དགོས་ཀྱང༌། ཤེས་སྒྲིབ་ཀྱི་ས་བོན་ཟད་པ་ལ་དགོས་ཤིང་འདིར་ཡང་གཙོ་བོ་ཤེས་སྒྲིབ་ཟད་པའི་དོན་དུ་ཡིན་པས། ཡན་ལག་འདི་དག་ཤེས་རབ་དོན་དུ་གསུངས་པ་ཡིན་ནོ། །བདེན་འཛིན་ཉོན་སྒྲིབ་ཏུ་བྱེད་པ་སློབ་དཔོན་ཀླུ་སྒྲུབ་གྱི་བཞེད་པ་ཡིན་ཅིང་སློབ་དཔོན་འདིའང་དེ་ལྟར་དུ་མཛད་དོ། །ཆོས་ཡང་དག་པར་སྡུག་པའི་མདོ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟར་བ་བཞིན་དུ་རང་ཏུ་ཤེས་སོ། ཞེས་གསུངས་པ་དག་བསླབ་བཏུས་ལས་ཀྱང༌། མཉམ་གཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། ཞེས་གསུངས་པའི་མཉམ་གཞག་ཞི་གནས་དང༌། ཇི་ལྟ་བ་བཞིན་དུ་ཤེས་པ་ལྷག་མཐོང་ཡིན་པས་ལེའུ་བརྒྱད་པ་ནས་བཤད་པའི་བསམ་གཏན་གྱི་ཕར་ཕྱིན་འདིར་བསྟན་པའི་


JLD014_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱིན་གྱི་རྒྱུའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །གཉིས་པ་ལ། བདེན་གཉིས་ཀྱི་རྣམ་གཞག་དང༌། ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་དགོས་པར་སྒྲུབ་པ་དང༌། སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ། དངོས་དང༌། སྟོང་པ་ཉིད་ལ་དགོས་ནུས་མེད་པའི་རྩོད་པ་སྤང་བའོ། །དང་པོ་ལ། །བདེན་གཉིས་ཀྱི་དབྱེ་བ་དང༌། མཚན་ཉིད་དང༌། དེ་གཏན་ལ་འབེབས་པའི་གང་ཟག་ངོས་བཟུང་བའོ། །དང་པོ་ནི། བསླབ་བཏུས་སུ། ཡབ་སྲས་མཇལ་བའི་མདོ་དྲངས་པ་ལས། འདི་ལྟར་དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ། །ཤེར་བར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དེ། དེའང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ་ཞེས་གསུངས་ཏེ། ཤེས་པར་བྱ་བ་ཡང་ཞེས་པས་ཤེས་བྱ་དབྱེ་གཞི་དང༌། འདིར་ཟད་དོ་ཞེས་པས་བདེན་གཉིས་སུ་གྲངས་ངེས་པ་དང༌། བདེན་པ་གཉིས་ཀ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པའི་ཕྱིར། ཐམས་ཅད་མཁྱེན་པར་བསྟན་ནོ། །དེས་ན་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པ་དང༌། བློ་གང་གིས་ཀྱང་མ་རྟོགས་པ་སྤྱོད་འཇུག་གི་དགོངས་པར་འཆད་པ་ནི། ལོག་པར་འཆད་པའོ། །ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་


JLD014_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་སུ་འབྱེད་པ་ནི་དབྱེ་བའི་ངོ་བོའོ། །ཕྱེ་བའི་དོན་ལའང་མི་འདྲ་བ་དུ་མ་ཞིག་འདུག་ཀྱང༌། འདིར་ནི་གཉིས་ཀ་ལ་ངོ་བོ་ཡོད་ལ། དེ་ལ་ངོ་བོ་གཉིས་དང་ཐ་དང་གང་ཡང་མིན་པ་མི་སྲིད་པའི་ཕྱིར་དང༌། ཆོས་ཅན་རྣམས་བདེན་སྟོང་ལས་ངོ་བོ་ཐ་དད་ན་བདེན་གྲུབ་ཏུ་འགྱུར་བ་སོགས་མདོ་དགོངས་འགྲེལ་ལས་བཤད་པའི་གནོད་པ་དེ་དག་འཇུག་ལ། ཐ་མི་དད་ཡིན་ནའང་དེ་ནས་བཤད་པའི་གནོད་པར་འགྱུར་བས་བྱས་མི་རྟག་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དོ། །དེས་ན་ཤེས་པར་བྱ་བ་འདི་ནི་དབྱེ་གཞི། དབྱེ་ན་བདེན་པ་གཉིས་སུ་ཡོད་ཅིང་དེར་གྲངས་ངེས་པར་འདོད་དོ། །དབྱེ་བའི་ངོ་བོ་ནི་ཐ་སྙད་པའི་ཚད་མས་རྙེད་པའི་དོན་ཀུན་རྫོབ་བདེན་པ་དང་ནི་དོན་དམ་པའི་ཚད་མས་རྙེད་པའི་དོན་དོན་དམ་པའི་བདེན་པ་སྟེ་གཉིས་སོ། །གཉིས་པ་ནི། གཞན་གྱི་ལུགས་དགག་པ་དང༌། རང་གི་ལུགས་བཞག་པ་གཉིས་ཀྱིས་ཤེས་པར་བྱའོ། །དང་པོ་ནི། ཁ་ཅིག་རྐང་པ་དང་པོ་དམ་བཅའ་དང༌། ཕྱི་མ་རྟགས་སུ་བྱེད་པ་ནི་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། དོན་གང་ཞིག་མངོན་སུམ་དུ་རྟོགས་པས་དྲི་མ་ཟད་པར་བྱེད་པའི་ཤེས་བྱ་ཞིག་ཁས་མི་ལེན་ན་དྲི་མ་ཟད་པ་མི་སྲིད་པས་སངས་རྒྱས་དང་སེམས་ཅན་གང་ཡང་བཞག་ཏུ་མེད་པའི་སྐུར་འདེབས་འབའ་ཞིག་ཏུ་འགྱུར་ལ། ཁས་ལེན་ན་དོན་དམ་བདེན་པ་ཡུལ་དང༌། དེ་རྟོགས་པའི། བློ་མི་འདོད་པ་འགལ། ཀུན་རྫོན་ཡིན་ན། དོན་དམ་མི་འཇལ་བས་ཁྱད་པར་འདོད་ན། དོན་དམ་བདེན་པ་རང་ཉིད་ཀྱིས་རང་ཉིད་


JLD014_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

འཇལ་བ་མི་སྲིད་པས་འཇལ་བྱེད་མེད་པའི་ཕྱིར་གཏན་མེད་དུ་འགྱུར་ལ། དེ་མེད་ན་བདེན་པ་གཉིས་ཀྱི་དབྱེ་བ་བྱས་པ་ལ་དགོས་པ་ཅི་ཞིག་ཡོད། །གཞན་ཡང་ཀུན་རྫོབ་བདེན་པས་སྟོང་བ་ཡིན་ན། བདེན་སྟོང་ཉིད་དོན་དམ་བདེན་པར་ཁས་བླངས་པ་ལ་གནོད་པ་ཅུང་ཟད་ཀྱང་མེད་ལ་དེ་མིན་ན་ཀུན་རྫོབ་བདེན་གྲུབ་ཏུ་འགྱུར་ཏེ། རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ཟློག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། ཞེས་གསུངས་པས་སོ། །གཉིས་པ་ནི། །རྐང་པ་དང་པོས། དོན་དམ་བདེན་པའི་མཚན་ཉིད་དང༌། །གཉིས་པས་ཀུན་རྫོབ་བདེན་པའི་མཚན་ཉིད་སྟོན་པ་ཡིན་ལ། བློ་སྔ་ཕྱི་གཉིས་སྣང་ཅན་གྱི་བློ་ཡིན་གྱི་བློ་ཙམ་མིན་ལ་དེའང་འཇལ་ཚུལ་གྱི་དབང་དུ་བྱས་པ་ཡིན་ནོ། །དེས་ན་འདི་ལྟར་སྦྱར་ཏེ། །གང་ཟག་དང་ཕུང་པོ་རང་བཞིན་གྱིས་དབེན་པ་མཚན་གཞི། དོན་དམ་བདེན་པར་མཚོན། རང་གི་དངོས་སུ་རྟོགས་པའི་བློ་མངོན་སུམ་ཚད་མ་དེ་ལ་རང་ཉིད་གཉིས་སུ་སྣང་བའི་སྒོ་ནས་དེའི་སྤྱོད་ཡུལ་དུ་འགྱུར་བ་མིན་པ་གང་ཞིག་རང་འཇལ་བའི་མངོན་སུམ་ཚད་མ་དེས་ཤེས་པར་བྱ་བ་ཡིན་པའོ། །འདི་ནི་འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། ཞེས་བཤད་པ་དང་དོན་འདྲ་བ་ཡིན་ནོ། །གང་ཟག་དང་ཕུང་པོ་མཚན་གཞི། ཀུན་


JLD014_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་བདེན་པ་ཡིན་པར་བརྗོད། རང་ཉིད་དངོས་སུ་རྟོགས་པའི་བློ་མངོན་སུམ་ཚད་མ་དེ་ལ་ནི་རང་ཉིད་གཉིས་སུ་སྣང་བའི་སྒོ་ནས་རྟོགས་པར་བྱ་བའོ། །འདི་དག་གི་མཐའ་དཔྱོད་རྒྱས་པར་ནི་རྗེ་ཉིད་ཀྱིས་མཛད་པའི་འཇུག་པའི་རྣམ་བཤད་ལས་ཤེས་པར་བྱའོ། །བདེན་གཉིས་ཀྱི་མཚན་ཉིད་འདི་ལྟར་ཞིབ་ཏུ་བཤད་དགོས་པ་ནི། །སངས་རྒྱས་ཀྱིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཉིད་ཀྱིས་ཇི་སྙེད་པ་མཁྱེན། ཇི་སྙེད་པ་མཁྱེན་པ་དེས་ཇི་ལྟ་བ་མཁྱེན་ཡང༌། ཇི་ལྟ་བ་ལ་ཆུ་ལ་ཆུ་བཞག་དང༌། ཇི་སྙེད་པ་ལ་གཉིས་སྣང་དང་བཅས་པས་མཁྱེན་པ་རྣམས་ལའང་ཁྱབ་པའི་དབང་དུ་བྱས་པའོ། །གསུམ་པ་ལ། བདེན་གཉིས་གཏན་ལ་འབེབས་འདོད་པའི་གང་ཟག་གི་དབང་དུ་བྱས་པའི་དབྱེ་བ་དང༌། བློ་མཐོ་དམན་གྱི་ཁྱད་པར་བཤད་པའོ། །དང་པོ་ནི། བདེན་གཉིས་གཏན་ལ་འབེབས་འདོད་པའི་གང་ཟག་ནི་དེ་ལ་འཇིག་རྟེན་ཏེ་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ཡིན་ལ་དེའང་རྣམ་པ་གཉིས་སུ་མཐོང་སྟེ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་དང་ཕལ་པ་དངོས་པོར་སྨྲ་བའོ། །གཙོ་བོའི་དབང་དུ་བྱས་པ་ཡིན་གྱི་སྟོང་ཉིད་ཐོས་བསམ་གྱིས་རྟོགས་པ་དང༌། གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་རྣམས་ཀྱང་དེ་དག་གི་ཕྱོགས་སུ་བསྡུ་བར་བྱའོ། །གཉིས་པ་ནི། དེ་ལ་འཇིག་རྟེན་ཕལ་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་དང་དངོས་པོ་ཙམ་བདེན་པར་འདོད་པ་ལ་ནི་རྣལ་


JLD014_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཡང་ཡིན་ལ་འཇིག་རྟེན་པ་ཡང་ཡིན་པས་རྣལ་འབྱོར་འཇིག་རྟེན་རང་བཞིན་མེད་པར་རྟོགས་པའི་གང་ཟག་དེས་དངོས་པོར་སྨྲ་བ་གྲུབ་མཐའ་འོག་མ་རྣམས་ལ་གནོད་ཅིང་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་པའང་གོང་མ་གོང་མ་རྣམས་ཀྱིས་འོག་མ་འོག་མ་རྣམས་ལ་གནོད་དེ། །དབུ་མ་པས་སེམས་ཙམ་པ་ཤེས་པ་བདེན་པར་འདོད་པ་རིགས་པས་ཁེགས་ལ། དེས་མདོ་སྡེ་པ་རྡུལ་ཕྲན་ཆ་མེད་ཁས་ལེན་པ་རིགས་པས་ཁེགས་པའོ། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་ནང་ཕན་ཚུན་གཅིག་གིས་གཅིག་ལ་མི་གནོད་དམ་སྙམ་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་པའང་བློའི་ཁྱད་པར་གྱིས་ས་གཉིས་པ་ལ་སོགས་པ་གོང་མ་གོང་མ་ལ་གནས་པ་རྣམས་ཀྱིས་ས་དང་པོ་བ་ལ་སོགས་པ་ས་འོག་མ་ལ་གནས་པ་རྣམས་ལ་གནོད་པ་སྟེ་ཟིལ་གྱིས་གནོན་པ་ཡིན་ནོ། །རྒྱུད་གཅིག་པའི་དབང་དུ་བྱས་ན། བློ་འཕེལ་བའི་ཁྱད་པར་གྱིས་ས་འོག་མར་སྒོམ་སྤང་གི་ས་བོན་ལ་གནོད་མ་ནུས་པས་གོང་མར་གནོད་པ་སོགས་ཀྱང་དོན་གྱིས་འཕངས་པར་ཤེས་པར་བྱའོ། །གཞུང་འདི་དག་བཀོད་པའི་དགོས་པ་ནི། བློ་ལ་ཀུན་རྫོབ་རྟོགས་པའི་བློ་དང༌། དོན་དམ་རྟོགས་པའི་བློ་གཉིས་སུ་ངེས་པར་བྱས་ནས། ཀུན་རྫོབ་རྟོགས་པའི་ཚད་མས་ཀྱང་དོན་དམ་རྟོགས་པའི་བློ་ལ་མི་གནོད་ན། རྡུལ་ཕྲན་ཆ་མེད་དུ་ཞེན་པ་རྣམས་ཀྱིས་གནོད་པ་ལྟ་ཅི་སྨོས། དོན་དམ་རྟོགས་པའི་བློས་མཐར་འཛིན་ཐམས་


JLD014_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་གནོད་པར་ཤེས་པར་བྱ་བའི་ཆེད་ཡིན་ནོ། །གཉིས་པ་ལ། དངོས་དང༌། དེ་ལ་གནོད་པ་སྤང་བའོ། །དང་པོ་ནི། ཕལ་བའི་གྲུབ་མཐལ་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་རྣལ་འབྱོར་པའི་རིགས་པས་གནོད་པ་མི་འཐད་དེ། རང་བཞིན་མེད་པའི་སྒྲུབ་བྱེད་མེད་པའི་ཕྱིར་དང༌། རང་བཞིན་མེད་ན་འབྲས་བུ་སངས་རྒྱས་ཀྱི་དོན་དུ་སྦྱིན་སོགས་ལ་སློབ་པ་དོན་མེད་པར་འགྱུར་རོ་ཞེ་ན། རང་བཞིན་མེད་པའི་སྒྲུབ་བྱེད་མེད་པ་མ་ཡིན་པར་ཐལ། དབུ་མ་པ་དང་དངོས་པོར་སྨྲ་བ་གཉིས་ཀ་ལའང་ནི་བརྫུན་པར་གྲགས་ཤིང་འདོད་པའི་རྨི་ལམ་དང་སྒྱུ་མ་ལ་སོགས་པའི་དཔེས་ཏེ་དེ་ལ་བརྟེན་ནས་རང་བཞིན་མེད་པར་གྲུབ་པའི་ཕྱིར། རང་བཞིན་མེད་ན་སྦྱིན་སོགས་ལ་སློབ་པ་དོན་མེད་དུ་འགྱུར་བ་མ་ཡིན་པར་ཐལ། སངས་རྒྱས་ལ་སོགས་པའི་འབྲས་བུ་ཐོབ་པའི་དོན་དུ་སྦྱིན་སོགས་བདེན་པར་མ་གྲུབ་ཀྱང་མ་བརྟགས་མ་དཔྱད་པ་བརྫུན་པ་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ནས་འཇུག་པའི་ཕྱིར། རང་བཞིན་མེད་རྟོགས་ཀྱི་ཤེས་རབ་ཀྱིས་མ་ཟིན་ན་ཕར་ཕྱིན་ལྷག་མ་རྣམས་ཀྱིས་ཕར་ཕྱིན་གྱི་མིང་མི་འཐོབ་ཅིང༌། དེའི་དམིགས་བུ་དང་བཅས་པས་རྣམ་མཁྱེན་གྱི་གྲོང་ཁྱེར་དུ་བགྲོད་དགོས་པའི་ཕྱིར་རོ། །བཙོ་སྲེག་ལ་སོག་པའི་དོན་བྱེད་ནུས་པའི་མེ་ལ་སོགས་པ་མངོན་སུམ་གྱིས་གྲུབ་པ་འདི་ཁྱེད་ཀྱང་ཁས་ལེན་ན། ཁོ་བོ་ཅག་འདི་ལ་བདེན་པར་གྲུབ་པ་ཞེས་ཟེར་བ་ཡིན་པས། འུ་བུ་ཅག་རྩོད་དོན་མེད་ལ། འདི་ཁས་མི་ལེན་


JLD014_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ན། མངོན་སུམ་དང་འགལ་བ་སོགས་ཀྱི་གནོད་པ་དུ་མར་འགྱུར་རོ་ཞེ་ན། འདི་དག་ནི་དངོས་པོ་རང་བཞིན་གྱིས་མེད་ན་ཡེ་མེད་དུ་འགྱུར་ཞིང༌། ཡོད་ན་རང་བཞིན་གྱིས་ཡོད་དགོས་སྙམ་པ་བདེན་གཉིས་འགའ་བར་འཛིན་པའི་རྩོད་པའོ། །དབུ་མ་པ་དང༌། དངོས་པོར་སྨྲ་བའི་འཇིག་རྟེན་པ་ཡིས་མེ་ལ་སོགས་པའི་དངོས་པོ་གཉིས་ཀས་ཚད་མས་མཐོང་ཞིང་ཁས་ལེན་པ་ཡིན་ཡང་དངོས་པོར་སྨྲ་བས་ཡང་དག་པར་གྲུབ་པ་ཉིད་དུ་རྟོག་ཅིང༌ཁས་ལེན་པར་བྱེད་ཀྱི་བདེན་སྟོང་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པ་མིན་ལ། དབུ་མ་པས་ཁོང་དུ་ཆུད་པས་འདིར་ཡང་རྣལ་འབྱོར་པ་དབུ་མ་པ་དང་འཇིག་རྟེན་དངོས་པོར་སྨྲ་བ་རྩོད་པ་ཡིན་ནོ། །ཡང་ན་འཇིག་རྟེན་པ་སྔ་མ་དངོས་སྨྲ་བ་འབའ་ཞིག་ལ་སྦྱར་རོ། །གཉིས་པ་ལ། མདོ་སྡེ་པ་ལ་སོགས་པའི་དངོས་སྨྲ་བ་སྤྱིར་དགག་པ་དང་། སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་པ་དང༌། སྟོང་ཉིད་རྟོགས་པའི་ལམ་དབུ་མ་ལ་དགོས་ནུས་མེད་པར་ཐལ་བ་སྤང་བའོ། །དང་པོ་ལ། མངོན་སུམ་གྱིས་གནོད་པ་དགག་པ་དང༌། ལུང་གིས་གནོད་པ་དགག་པའོ། །དང་པོ་ནི། རང་བཞིན་གྱིས་མ་གྲུབ་ན། གཟུགས་སོགས་ཡུལ་ལྔ་མངོན་སུམ་གྱིས་མཐོང་བ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གཟུགས་ལ་སོགས་པ་མངོན་སུམ་ཚད་མས་གྲུབ་པ་ཉིད་ཀྱང་ནི་གྲགས་པས་གྲུབ་པའི་ཀུན་རྫོབ་པ་ཙམ་ལ་ཚད་མར་སོང་བ་ཡིན་གྱི། གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་


JLD014_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མ་དེས་གྲུབ་པ་དང༌། དེ་ལ་ཚད་མར་སོང་བ་མིན་ཏེ། དེ་ལྟ་ན་སོ་སོ་སྐྱེ་བོ་རྣམས་ཀྱིས་ཀྱང་དེ་ཁོ་ན་ཉིད་མཐོང་བས་འཕགས་ལམ་བསྐྱེད་པ་དགོས་པ་མེད་པར་འགྱུར་བ་དང༌། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། ཞེས་སོགས་ཀྱང་དེ་ཁོ་ན་ཉིད་ལ་ཚད་མ་ཡིན་པ་བཀག་པར་ཤེས་པར་བྱའོ། །གཟུགས་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་ཇི་ལྟར་གྲགས་ཤིང༌། གྲགས་ནའང་ཇི་ལྟར་བརྫུན་པ་ཡིན་ཞེ་ན། དེ་ནི་བུད་མེད་ཀྱི་ལུས་མི་གཙང་བ་ལ་སོགས་པ་ལ་གཙང་བ་སོགས་སུ་གྲགས་པ་བཞིན་དུ་དངོས་པོ་རྣམས་བརྫུན་པ་ཡིན་ནོ། །གཉིས་པ་ལ། འདུས་བྱས་མི་རྟག་པ་སོགས་སུ་སྟོན་པའི་ལུང་དྲང་དོན་དུ་བསྟན་པ་དང༌། དེས་དོན་ཡིན་པ་དགག་པ་དང༌། དེ་ལ་འགལ་བ་སྤང་བའོ། །དང་པོ་ནི། གཟུགས་ལ་སོགས་པ་རང་བཞིན་གྱིས་མ་གྲུབ་ན། མདོ་ལས་མི་རྟག་པ་སོགས་སུ་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། འཇིག་རྟེན་པ་དེ་ཁོ་ན་ཉིད་ལ་རིམ་གྱིས་གཞུག་པའི་དོན་དུ་ནི་མགོན་པོས་དངོས་པོ་མི་རྟག་པར་བསྟན་ཏོ། །གཉིས་པ་ནི། དེ་ཁོ་ན་ཉིད་དུ་དངོས་པོ་དེ་དག་སྐད་ཅིག་མ་ཉིད་དུ་གྲུབ་པ་མིན་ཏེ་དེ་ཁོ་ན་ཉིད་དུ་གཅིག་དང་དུ་མ་གང་དུའང་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ལ། ཀུན་རྫོབ་ཏུའང་མ་གྲུབ་པ་སྤང་བ་དང༌། ཚོགས་གསོག་པ་མི་འཐད་པ་སྤང་བ་དང༌། ཉིང་མཚམས་སྦྱོར་བ་མི་འཐད་པ་སྤང་བ་དང༌། དགེ་སྡིག་གི་རྣམ་དབྱེ་མི་འཐད་པ་སྤང་བ་དང༌། འཁོར་འདས་ཀྱི་རྣམ་


JLD014_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་སོ་སོར་ངེས་པ་མི་འཐད་པ་སྤང་བའོ། །དང་པོ་ནི། ཀུན་རྫོབ་ཏུའང་འདུས་བྱས་མི་རྟག་པར་གྲུབ་པ་འགལ་ཏེ། །འཇིག་རྟེན་ན་སྔ་དྲོའི་དངོས་པོ་དེ་ཉིད་ཕྱི་དྲོ་ཡོད་པ་སོགས་རྟག་པར་གྲགས་པའི་ཕྱིར་ཞེ་ན། འཇིག་རྟེན་ན་གཟུགས་སོགས་རྟག་པར་གྲགས་ཀྱང་མི་རྟག་པར་ཚད་མས་མ་གྲུབ་པའི་ཉེས་པ་མེད་དེ། །མི་རྟག་སོགས་རྣལ་འབྱོར་པའི་ཀུན་རྫོབ་ཐ་སྙད་པའི་ཚད་མས་གྲུབ་པའི་ཕྱིར། འོ་ན་མི་རྟག་སོགས་མཐོང་བ་དེ་ཉིད་མཐོང་བར་བཤད་པ་དང་འགལ་ཞེ་ན། མི་འགལ་ཏེ། འཇིག་རྟེན་པ་གཙང་བདེ་རྟག་སོགས་སུ་ཞེན་པ་ལ་བལྟོས་ནས་དེ་ཉིད་མཐོང་པར་བཞེད་པ་ཙམ་ཡིན་པའི་ཕྱིར། དེ་ལས་གཞན་དུ་འཇིག་རྟེན་ན་གྲགས་ཚད་ཚད་མ་ཡིན་ན་བུད་མེད་མི་གཙང་བར་ངེས་པར་རྟོག་པ་མི་སྡུག་པ་བསྒོམ་པའི་རྣལ་འབྱོར་པ་ལ་བུད་མེད་གཙང་བར་ཞེན་པའི་འཇིག་རྟེན་གྱིས་གནོད་པར་ཐལ་བར་འགྱུར་རོ། །གཉིས་པ་ནི། རང་བཞིན་མེད་ན་རྒྱལ་བ་མཆོད་པ་སོགས་ལ་བསོད་ནམས་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ་བདེན་མེད་སྒྱུ་མ་དང་འདྲ་བའི་རྒྱལ་བ་ལ་མཆོད་པ་ལ་བསོད་ནམས་འབྱུང་བ་ནི་ཅི་ལྟར་ཁྱོད་རྒྱལ་བ་བདེན་པའི་དངོས་པོར་ཡོད་པར་འདོད་པ་ལ་བསོད་ནམས་འབྱུང་བར་འདོད་པ་ཇི་ལྟ་བ་བཞིན་ནོ། །བདེན་རུང་མི་བདེན་རུང་དངོས་པོ་དང་མཐུམ་པར་བསོད་ནམས་འབྱུང་བ་ཡིན་ནོ། །གསུམ་པ་ནི། གལ་ཏེ་སེམས་


JLD014_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བདེན་མེད་སྒྱུ་མ་དང་འདྲ་ན། སྒྱུ་མའི་སེམས་ཅན་ཞིག་ནས་སླར་མི་འབྱུང་བ་ལྟར་སེམས་ཅན་ཤི་ནས་ཇི་ལྟར་སྐྱེ་ཞེ་ན། སྒྱུ་མ་དང་སེམས་ཅན་རྣམ་པ་ཐམས་ཅད་དུ་འདྲ་བར་ཁས་མ་བླངས་ཀྱི་བདེན་པར་གྲུབ་མ་གྲུབ་འདྲ་བར་ཁས་བླངས་ལ་དེ་ཙམ་ལ་སྐྱོན་དེ་འཇུག་ན་ཁྱོད་རང་གིས་ཀྱང་རྨི་ལམ་སྒྱུ་མ་བརྫུན་པར་ཁས་བླངས་པས་སྤྲུལ་གཞི་དེ་རྟར་སྣང་ན་བོད་བུར་ཇི་ལྟར་མི་སྣང་ཞེས་སྨྲས་ན་མཚུངས་སོ། །དེས་ན་བརྫུན་པ་ལའང་ཇི་སྲིད་རྐྱེན་རྣམས་ཚོགས་པར་གྱུར་ན་དུས་དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར་བ་བཞིན། མ་རིག་པ་ལ་སོགས་པའི་རྐྱེན་ཚོགས་ནས་ན་སེམས་ཅན་རྣམས་ཀྱང་ཉིང་མཚམས་སྦྱོར་བ་ཡིན་ནོ། །དེ་མི་མཚུངས་ཏེ། སེམས་ཅན་ཐོག་མ་མེད་པ་ནས་རྒྱུན་རིང་བའི་ཕྱིར་ཞེ་ན། །རྒྱུན་རིང་བ་ཙམ་གྱིས་ཇི་ལྟར་ན་སེམས་ཅན་བདེན་པར་ཡོད་པ་ཡིན་ལ་སྒྱུ་མ་རྒྱུན་ཐུང་བས་བརྫུན་པའི་ཁྱད་པར་མི་འཐད་པར་ཐལ། དེ་ལྟ་ན་སྒྱུ་མ་དང་རྨི་ལམ་སོགས་ལའང་རྒྱུན་རིང་ཐུང་ཡོད་པས་བདེན་བརྫུན་གྱི་ཁྱད་པར་ཁས་བླངས་དགོས་པའི་ཕྱིར་ཏེ། རྨི་ལམ་དུ་བསྐལ་བ་དྲན་པ་དང་ཞག་གཅིག་དྲན་པ་སོགས་ཡོད་པའི་ཕྱིར་རོ། །བཞི་པ་ནི། རང་བཞིན་མེད་པ་སྒྱུ་མ་དང་འདྲ་ན། སེམས་ཅན་བསད་པ་སོགས་ལ་སྡིག་པ་འབྱུང་བར་བཤད་པ་དང་འགལ་ལོ་ཞེ་ན། སྒྱུ་མའི་སྐྱེས་བུ་བསད་པ་སོགས་ལའང་མིར་འདུ་ཤེས་ཏེ་གསོད་འདོད་ཀྱི་མཚོན་བསྣུན་པ་སོགས་བྱས་ན་སྦྱོར་བའི་སྡིག་པ་ཡོད་ལ། སྲོག་གཅོད་དངོས་གཞིའི་སྡིག་པ་མེད་དེ། དེ་ལ་སེམས་མེད་པའི་ཕྱིར་ནའོ། །མི་ལ་སོགས་


JLD014_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྒྱུ་མའི་སེམས་དང་ལྡན་པའི་སེམས་ཅན་ལ་ཕན་བཏགས་པས་བསོད་ནམས་དང་ནི་གནོད་པ་བྱས་པས་སྡིག་པ་འབྱུང་བ་ཡིན་ནོ། །རང་བཞིན་མེད་པར་མཚུངས་པ་ལ་སེམས་ཡོད་མེད་དུ་སྐྱེ་བ་ཇི་ལྟར་ཡིན་ཞེ་ན། སྒྱུ་མའི་རྫས་སྨན་དང༌། སྔགས་སོགས་རྣམས་ལ་སྒྱུ་མ་སེམས་ལྡན་དུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། སྒྱུ་མའི་རྟ་གླང་ལ་སེམས་ནི་འབྱུང་བ་མེད་དོ། །སྣ་ཚོག་པའི་རྐྱེན་ལས་འབྱུང་བའི་སྒྱུ་མ་དེའང་སྣ་ཚོགས་ཉིད་དུ་སྣང་བ་ཡིན་ཏེ། ཡང་གི་སྒྲས་སེམས་ཅན་དུ་མ་ཟད་པའོ། །འབྲས་བུ་སྣ་ཚོགས་ལ་རྒྱུ་སྣ་ཚོགས་འབྱུང་དགོས་པ་ནི། རྐྱེན་གཅིག་གིས་ནི་འབྲས་བུ་ཀུན་བསྐྱེད་ནུས་པ་གང་ནའང་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། དབུ་མ་པས་དོན་དམ་དུ་སྐྱེ་བ་དང་རྒ་བ་སོགས་མེད་ཅིང་རང་བཞིན་གྱིས་སྟོང་པ་རང་བཞིན་གྱི་མྱང་འདས་སུ་ཁས་བླངས་ཤིང༌། སྐྱེ་རྒ་སོགས་ལས་ཉོན་གྱི་དབང་གིས་གྲུབ་པ་རྣམས་འཁོར་བར་ཁས་བླངས་པ་ལ། མདོ་སྡེ་པ་སོགས་ན་རེ། གལ་རེ་དོན་དམ་པའམ་རང་བཞིན་གྱི་མྱ་ངན་ལས་འདས་པ་ཡིན་ན་མྱང་འདས་ཡིན་ཞིང༌། འཁོར་བ་རང་བཞིན་གྱིས་སྟོང་པ་དོན་དམ་པའི་མྱང་འདས་ཡིན་ཡང༌། འཁོར་བ་ཀུན་རྫོབ་ཏུ་སྐྱེ་འཆིའི་རྒྱུན་གྱིས་འཁོར་བ་ད་ལྟ་ན་འཁོར་བ་དང་མྱང་འདས་གཞི་མཐུན་ཡོད་པར་འགྱུར་ལ། དེ་ཡིན་ན་སངས་རྒྱས་ཀྱང་ནི་འཁོར་བར་འཁོར་བར་འགྱུར་བས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐོབ་པའི་དོན་


JLD014_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱང་ཆུབ་སེམས་དཔའི་སྤྱོད་པས་ཅི་ཞིག་བྱ་དོན་མེད་པར་ཐལ་ལོ་ཞེ་ན། སྐྱོན་མེད་དེ། རང་བཞིན་གྱི་མྱང་འདས་དང༌། གློ་བུར་རྣམ་དག་གི་མྱང་འདས་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །རང་བཞིན་གྱིས་མྱང་ངན་ལས་འདས་པ་ནི། ལམ་ལ་གོམས་པ་ལ་བལྟོས་པ་མ་ཡིན་ཏེ། ལམ་ལ་གོམས་མ་གོམས་ཀུན་གྱི་ཆོས་ཉིད་ཡིན་པས་སོ། །གློ་བུར་དྲི་བྲལ་གྱི་མྱང་འདས་ནི་སྐྱེ་འཆིའི་རྒྱུན་གྱི་འཁོར་བར་འཁོར་བ་ཆད་པ་ལས་ཐོབ་དགོས་པས་རང་བཞིན་མེད་པ་ཡིན་ཡང༌། རྐྱེན་རྣམས་རྒྱུན་ནི་མ་ཆད་ན་འཁོར་བར་མ་ཟད་སྒྱུ་མའང་ལྡོག་པར་མི་འགྱུར་གྱི་མ་རིག་པ་ལ་སོགས་པའི་རྐྱེན་རྣམས་རྒྱུན་ནི་ཆད་པ་ན་འཁོར་བའང་ཀུན་རྫོབ་ཏུའང་མི་འབྱུང་ངོ༌། །སྔར་གྱི་རྩོད་པ་དེ་ལ་དོན་དམ་པའི་མྱང་འདས་དང༌། མྱང་འདས་ཀྱི་ཁྱད་པར་ཕྱེ་ནས་ལན་འདེབས་དགོས་ཀྱི། གཞན་གྱིས་ལན་མི་ཐེབས་ཏེ་སངས་རྒྱས་མི་འཁོར་ལ་སེམས་ཅན་འཁོར་བ་ཕྱིར་རྒོལ་ཡང་འདོད་པས་སོ། །གཉིས་པ་སེམས་ཙམ་པའི་འདོད་པ་བྱེ་བྲག་ཏུ་དགག་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་མེད་ན་སྒྱུ་མ་འཛིན་པའི་ཤེས་པ་འཁྲུལ་པའང་ཡོད་པ་མིན་ན་སྒྱུ་མ་བློ་གང་གིས་དམིགས་པར་འགྱུར་ཏེ་མི་འགྱུར་བས་སྒྱུ་མའང་མེད་པར་འགྱུར་རོ་ཞེ་ན། འདིའང་ཡོད་ན་རང་བཞིན་གྱིས་ཡོད་དགོས་སྙམ་པའི་རྩོད་པའོ། །གཉིས་པ་ལ། རྩོད་པ་མཚུངས་པ་དང༌། དེའི་ལན་དགག་པའོ། །དང་


JLD014_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། གང་གི་ཚེ་སེམས་ཙམ་པ་ཁྱོད་ལ་གཟུང་བྱ་ཕྱི་རོལ་གྱི་དོན་དུ་སྣང་བ་ལྟར་དུ་གྲུབ་ན། ཕྱི་རོལ་གྱི་དོན་ཡོད་པས་སྒྱུ་མ་ལྟ་བུ་དང་དེ་དམིགས་བྱེད་མེད་པར་འགྱུར་ལ། སྣང་བ་ལྟར་མ་གྲུབ་ན། རང་བཞིན་གྱིས་མེད་པས་ཁྱོད་ལྟར་ན་གཏན་མེད་དུ་འགྱུར་དགོས་ལ། གཟུང་བྱ་དོན་དུ་སྣང་བ་སྒྱུ་མ་ལྟ་བུ་ཉིད་མེད་ནའང་དེའི་ཚེ་གཟུང་བྱ་ཅིག་ཞིག་དམིགས་ཏེ་གཟུགས་སྒྲ་སོགས་འཛིན་བྱེད་ཀྱང་མེད་པར་འགྱུར་རོ། །གཉིས་པ་ལ། འདོད་པ་བརྗོད་པ་དང༌། དེ་དགག་པའོ། །དང་པོ་ནི། ཁོ་ན་རེ། གལ་ཏེ་ཕྱི་རོལ་དོན་དུ་སྣང་བ་སྣང་བ་ལྟར་གྱི་དོན་དེ་ཉིད་དུ་མེད་ཀྱང་དེ་ལས་གཞན་དུ་ཡོད་དེ། །གཟུགས་སོགས་ཀྱི་རྣམ་པ་དེ་ནི་སེམས་ཉིད་ཀྱི་རྫས་ཡིན་ནོ་ཞེ་ན། གཉིས་པ་ལ། གཉིས་མེད་ཀྱི་ཤེས་པ་གང་གིས་ཀྱང་མ་མཐོང་བ་དང༌། དྲིས་པའི་ལན་གྱིས་རང་རིག་དགག་པའོ། །དང་པོ་ནི། གང་གི་ཚེ་སེམས་ཉིད་སྒྱུ་མ་ལྟ་བུའི་དོན་དུ་སྣང་བ་ཡིན་གྱི་ཕྱི་རོལ་གྱི་དོན་མེད་ན་དེའི་ཚེ་དོན་དང་བྲལ་བའི་ཤེས་པ་གང་ཞིག་ཚད་མ་གང་གིས་མཐོང་སྟེ་མཐོང་བྱེད་མེད་པར་འགྱུར་རོ། །གཉིས་པ་རང་རིག་དགག་པ་ལ། ཤེས་པ་འདི་ལ་ཁ་ཕྱིར་ཕྱོགས་པའི་གཟུང་བའི་རྣམ་པ་དང༌། ནང་ཁོ་ནར་ཕྱོགས་པའི་འཛིན་པའི་རྣམ་པ་གཉིས་ཡོད་ལ། ཕྱི་མ་རང་རིག་པའི་མངོན་སུམ་ཡིན་པས། དེས་ཤེས་པ་ཐམས་ཅད་དམིགས་པ་ཡིན་ནོ་ཞེ་ན། དེ་ལ་ལུང་གིས་དགག་པ་དང༌།


JLD014_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བས་དགག་པ་དང༌། རང་རིག་ཡོད་པའི་སྒྲུབ་བྱེད་དགག་པ་དང༌། བཏགས་ཡོད་རྣམས་དངོས་པོ་བདེན་གྲུབ་ཀྱི་རྟེན་ཅན་དུ་འདོད་པ་དགག་པའོ། །དང་པོ་ནི། ཤེས་པ་དེ་ཉིད་ཀྱིས་དེ་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་མྱོང་ཞིང་རིག་པ་མི་འཐད་དེ། འཇིག་རྟེན་གྱི་ནི་མགོན་པོས་ཀྱང༌། གཙུག་ན་རིན་པོ་ཆེའི་མདོ་ལས་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་བཅད་པར་མི་ནུས་པ་སོགས་དཔེར་བཞག་ནས་སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས་སོ། །དཔེར་ན། རལ་གྲིའི་སོ་ནི་རང་ལ་རང་གིས་ཇི་ལྟར་ཡང་མི་གཅོད་པ་དེ་བཞིན་དུ་ཡིད་ཀྱིས་ཡིད་མི་མཐོང་ངོ༌། །གཉིས་པ་ལ། དཔེ་དགག་པ་དང༌། དོན་དགག་པའོ། །དང་པོ་ལ། མར་མེའི་དཔེ་དགག་པ་ནི། ཇི་ལྟར་ཏེ་དཔེར་ན། མར་མེས་རང་གིས་དངོས་པོ་དང་གཞན་གྱི་དངོས་པོ་གཉིས་ཡང་དག་པར་གསལ་བར་བྱེད་པ་བཞིན་དུ་ཤེས་པས་ཀྱང་རང་བཞིན་གཉིས་ཀ་རིག་པར་བྱེད་པ་ཡིན་ནོ་ཞེ་ན། དཔེ་མ་གྲུབ་སྟེ། མར་མེ་རང་གིས་རང་གསལ་བར་བྱེད་པ་མ་ཡིན་ཏེ། མར་མེ་རང་གི་རང་གསལ་བར་བྱ་བ་མིན་པའི་ཕྱིར་ཏེ། རང་གིས་རང་གསལ་མི་དགོས་ཤིང་མི་ནུས་པའི་ཕྱིར་རོ། །དེ་ལྟ་ན་མུན་པས་ཀྱང་རང་གཞན་གཉིས་ཀ་སྒྲིབ་པར་བྱེད་པར་འགྱུར་ན། དེ་མི་རིགས་ཏེ། གང་གི་ཕྱིར་ན་མུན་པ་ལ་མུན་པས་བསྒྲིབས་པ་མེད་པའི་ཕྱིར་རོ། །བསྒྲིབས་ན་བུམ་པ་གོས་ཀྱིས་བསྒྲིབས་པ་བཞིན་དུ་མུན་པའང་མི་མཐོང་བར་འགྱུར་རོ། །འདི་དག་ནི་རྩ་ཤེ་ལས་གསུངས་


JLD014_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རྒྱས་པར་ཤེས་པར་བྱའོ། །ཤེལ་གྱི་དཔེ་དགག་པ་ནི། དཔེར་ན་ཤེལ་བཞིན་དུ་ཤེལ་དཀར་པོ་གཞིའི་དབང་གིས་སྔོན་པོར་སྐྱེས་པ་ནི། གཞན་ལ་བལྟོས་ནས་ཡིན་གྱི་རང་གི་ངོ་བོ་ཉིད་ཀྱིས་མ་ཡིན་ལ། བེ་ཌཱུ་རྱའི་སྔོན་པོ་ཉིད་ལ་རང་གི་ངོ་བོ་ཉིད་ཀྱིས་སྔོན་པོར་སྐྱེས་པ་ཡིན་གྱི་གཞན་ལ་བལྟོས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་གཟུགས་ལ་སོག་པ་འགའ་ཞིག་རིག་པ་ནི་ཤེས་པ་གཞན་ལ་ནི་བལྟོས་པ་དང་ཤེས་པ་ནི་རང་གིས་རང་རིག་པ་ཡིན་པས་རིག་བྱེད་གཞན་ལ་བལྟོས་པ་མེད་པའང་མཐོང་ཞེ་ན། བཻ་ཌཱུ་རྱའི་སྔོན་པོ་སྔོན་པོར་རྒྱུ་གཞན་ལས་མ་སྐྱེས་པའི་དཔེ་དེ་མི་འཐད་པར་ཐལ་སྔོན་པོ་ཉིད་དུ་རྒྱུ་གཞན་ལས་སྐྱེས་པ་མིན་པ་ལ་སྔོན་པོ་དེ་རང་གི་བདག་གིས་སྔོན་པོའི་བདག་ཉིད་དུ་བྱས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། མར་མེ་རང་གིས་རང་གསལ་བར་མི་བྱེད་ཀྱང་མར་མེ་གསལ་བ་ཉིད་དོ་ཞེས་ཤེས་པས་ཤེས་ཞེས་དེ་ལྟར་རྗོད་པར་བྱེད་ན་ཤེས་པ་རང་གིས་རང་གསལ་བ་མ་ཡིན་ལ། དེ་ལྟ་ན། བློ་ནི་གསལ་བ་ཉིད་ཡིན་ནོ། ཞེས་ཤེས་པ་རྫས་གཞན་གང་གིས་ཤེས་ནས་དེ་སྐད་དུ་རྗོད་པར་བྱེད་དེ་མི་རིགས་སོ། །རྫས་གཞན་གྱིས་རིག་ན་ཐུག་མེད་དུ་འགྱུར་པས། རང་གིས་ཀྱང་མི་རིག་གཞན་གྱིས་ཀྱང་མི་རིག་ན་གང་གི་ཚེ་རིག་བྱེད་འགས་ཀྱང་ཤེས་པ་དེ་མཐོང་བ་མིན་ན་ཤེས་པ་དེ་ནི་གསལ་བའམ་ནི་མི་གསལ་བའི་ཁྱད་པར་དེ་ནི་བརྗོད་ཀྱང་


JLD014_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་དེ། །ཁྱད་གཞི་ཤེས་པ་ཚད་མས་མ་གྲུབ་པའི་ཕྱིར། མོ་གཤམ་བུ་མོ་མི་སྲིད་ན་དེའི་འགྱིང་བག་བརྗོད་པ་དོན་མེད་པ་བཞིན་ནོ། །གསུམ་པ་ལ། རང་རིག་མེད་ཀྱང་དྲན་པ་སྐྱེ་བའི་དཔེ་དང༌། རང་རིག་མེད་ན་གཞན་རིག་མི་འཐད་པ་དགག་པའོ། །དང་པོ་ནི། གལ་ཏེ་རང་རིག་ཡོད་པ་མིན་ན་ཡུལ་ཅན་རྣམ་ཤེས་དྲན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བས་དྲན་པའི་རྟགས་ཀྱིས་མྱོང་བ་དཔོག་ནུས་ན་དེའང་ངས་སྔར་སྔོན་པོ་མཐོང་ངོ་ཞེས་དྲན་པའི་ཚེ་དྲན་པ་མྱོང་བའི་རྗེས་སུ་བྱེད་པས་སྔོན་པོ་མཐོང་ངོ་ཞེས་ཡུལ་དྲན་པའི་རྟགས་ལས་ཡུལ་མྱོང་བ་ཡོད་པར་གྲུབ་ལ། ཡུལ་མྱོང་དེ་ཉིད་སྔོ་འཛིན་ཡིན་ནོ། །ངས་མཐོང་ཞེས་ཡུལ་ཅན་དྲན་པའི་རྟགས་ལས་ཡུལ་ཅན་མྱོང་བ་ཡོད་པར་གྲུབ་ལ། ཡུལ་ཅན་མྱོང་བ་དེ་ནི་རང་རིག་ཡིན་ལ། སྔོ་འཛིན་མྱོང་བྱེད་གང་ཡིན་མཐའ་གཞན་འགོག་པའི་རིགས་པས་ཀྱང་རང་རིག་གྲུབ་བོ་ཞེ་ན། ཡུལ་ཅན་དྲན་པ་རང་རིག་གྲུབ་པ་མ་ཡིན་ཏེ། སྔོ་འཛིན་གྱི་ཡུལ་གཞན་སྔོན་པོ་མྱོང་བ་ན་སྔར་སྔོན་པོ་འདི་མཐོང་ཞེས་ཡུལ་ཡུལ་ཅན་འབྲལ་པ་ལས་ཏེ་འབྲེལ་བར་དྲན་པ་ལས་ཡུལ་ཅན་དྲན་པ་སྐྱེ་བར་འགྱུར་གྱི་ཡུལ་ཅན་མྱོང་བ་ལས་སྐྱེ་བ་མ་ཡིན་ཏེ། བྱི་བའི་དུག་རྨུགས་པའི་དུས་མ་མྱོང་ཡང་ཕྱིས་དྲན་པ་བཞིན་ནོ། །དཔེར་ན་དགུན་གྱི་དུས་སུ་བྱིས་བས་ལུས་ལ་རྨུགས་པ་ན། བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མ་མྱོང་ངོ༌། །དེ་ལས་དུས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་རྨུགས་


JLD014_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང༌། སྔར་གྱི་ཚེ་དུག་མ་མྱོང་བ་བཞིན་ནོ། །དེ་ལ་བྱི་བས་རྨུགས་པ་ནི་སྔོ་འཛིན་གྱིས་ཡུལ་མྱོང་བ་བཞིན་ནོ། །རྨུགས་པ་དང་དུས་གཅིག་ཏུ་དུག་ཞུགས་པ་ནི་ཡུལ་གཟུང་བ་དང་དུས་གཅིག་ཏུ་ཡོད་པའི་ཡུལ་ཅན་གྱི་མྱོང་བ་དང་འདྲའོ། །དེའི་ཚེ་ཡུལ་ཅན་རང་གིས་རང་མ་མྱོང་བ་ནི། རྨུགས་པའི་ཚེ་དུག་མ་མྱོང་བ་དང་འདྲའོ། །ཕྱིས་རྨུགས་པ་དྲན་པ་ནི་ཡུལ་མྱོང་བ་དྲན་པ་དང་འདྲའོ། །ཡུལ་མྱོང་བ་དྲན་པ་ཉིད་ཀྱིས་སྔར་གྱི་ཡུལ་ཅན་ཁོ་རང་གིས་ཁོ་རང་མ་མྱོང་ཡང་དྲན་པ་ནི། རྨུགས་པ་དྲན་པ་ཉིད་ཀྱི་མཐུས་སྔར་ཞུགས་པའི་དུག་མ་མྱོང་བ་དྲན་པ་དང་འདྲའོ། །འདི་ནི་རང་རིག་མེད་པར་དྲན་པ་སྐྱེ་བའི་རིགས་པ་མཁས་པའི་དབང་པོས་མཛད་པ་ཕུལ་དུ་བྱུང་བ་ཞིག་སྣང་སྟེ། སྤྱོད་འཇུག་གི་བཤད་པ་བྱེད་པ་རྣམས་ཀྱིས་ཇི་བཞིན་དུ་མ་འཐོན་པ་འདྲའོ། །འདི་ནི་སྤྱིར་ཕྱིས་ཀྱི་རྣམ་ཤེས་ཀྱི་དྲན་པ་མི་འཐད་པར་ཐལ། །སྔར་གྱི་རྣམ་ཤེས་དེས་རང་གིས་རང་མ་མྱོང་བའི་ཕྱིར། ཞེས་པ་ལ་ཁྱབ་མ་གྲུབ་གྱི་ལན་བཏབ་པ་ཡིན་པས། སྤྱོད་འཇུག་གི་དགོངས་པ་ནི་ཐ་སྙད་དུ་རང་རིག་འགོག་པ་མིན་ཞེས་པ་ནི་རྒྱལ་སྲས་ཆེན་པོའི་བཞེད་པ་གཏན་མིན་ནོ་ཞེས་གསུང་ངོ༌། །རང་རིང་སྒྲུབ་པའི་རིག་པ་གཞན་དགག་པ་ནི། ཞི་གནས་གྲུབ་ནས་རྣམ་གནས་སྦྱངས་པ་སོགས་ཀྱི་རྐྱེན་གཞན་དག་དང་ལྡན་པ་ཡིས་གཞན་གྱི་སེམས་ལ་སོགས་པ་མཐོང་


JLD014_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་ཤིན་ཏུ་ཉེ་བའི་རང་ཉིད་ཀྱི་སེམས་རང་གི་ཡུལ་དུ་གསལ་བ་ཡིན་ཏེ། དཔེར་ན་རིང་བའི་ཁབ་མཐོང་ན་ཉེ་བའི་རི་མཐོང་བ་བཞིན་ནོ་ཞེ་ན། མིག་སྨན་གྲུབ་པའི་རྫས་མིག་ལ་བྱུགས་པའི་མིག་སྨན་གྱི་སྦྱོར་བ་ལས་ས་འོག་གི་བུམ་སོགས་ཀྱི་གཏེར་མཐོང་ཡང་མིག་སྨན་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་དུ་རང་རིག་ཡོད་པ་ལ་གནོད་པར་འགྱུར་གྱི་སྒྲུབ་བྱེད་དུ་མི་རུང་ངོ༌། །གཉིས་པ་ལ། དངོས་དང༌། སེམས་ལས་སྒྱུ་མ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་དགག་པའོ། །དང་པོ་ནི། ཅི་སྟེ་རང་རིག་མེད་ན་དྲན་པ་མེད་པས་ཡུལ་མྱོང་བ་དང༌། མཐོང་ཐོས་སོགས་མེད་པར་འགྱུར་རོ་ཞེ་ན། ཇི་ལྟར་མིག་ཤེས་ཀྱིས་མཐོང་པ་དང་ཉན་ཤེས་ཀྱིས་ཐོས་པ་དང༌། ཡིད་ཤེས་ཀྱིས་ཤེས་པ་ལ་སོགས་པ་དག་ཀུན་རྫོབ་འདིར་ནི་དགག་པར་བྱ་བ་མིན་ཏེ། དེ་དགག་མི་དགོས་ཏེ། དེ་ཙམ་གྱིས་སྡུག་བསྔལ་མི་བསྐྱེད་ཅིང༌། དགྲ་བཅོམ་པ་རྣམས་ལ་ཡང་ཐ་སྙད་དེ་དག་ཡོད་པའི་ཕྱིར་རོ། །དགག་མི་ནུས་ཏེ། འགོག་ན་ལུང་རིགས་ཀྱིས་འགོག་དགོས་ན་དེ་འགོག་ན་ལུང་རིགས་ལ་ཡང་མཚུགས་པའི་ཕྱིར་རོ། །བཀག་ན་སྐྱོན་ཡོད་དེ། ཆད་ལྟ་ཅན་དུ་འགྱུར་བའི་ཕྱིར་རོ། །དེས་ན་འདིར་ནི་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡུལ་དེ་དག་བདེན་པར་རྟོག་པ་བཟློག་བྱ་ཡིན་ཏེ། དེ་ཉིད་འཁོར་བའི་རྩ་བ་ཡིན་པའི་ཕྱིར། འཁོར་བའི་རྩ་བ་མ་ལོག་ན་འཁོར་བ་མི་ལྡོག་ཅིང༌། གཟུགས་སྒྲ་སོགས་བདེན་འཛིན་འཁོར་བའི་རྩ་བར་བསྟན་པས་ཉན་རང་ལ་ཆོས་ཀྱི་བདག་མེད་


JLD014_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་ཡོད་པར་གསལ་བར་བཞེད་པ་ཡིན་ནོ། །ཁ་རག་པ་སོགས་དབང་ཤེས་ལ་སྣང་ཙམ་དགག་བྱ་མིན་ལ། དེ་ལ་རྟག་མི་རྟག་དང༌། ཡོད་མེད་སོགས་གང་དུ་གཟུང་ཡང་དགག་བྱ་ཡིན་ནོ་ཞེས་ཟེར་བ་ནི། རྒྱ་ནག་གི་མཁན་པོ་སླར་འོངས་པ་ཡིན་ནོ། །གཉིས་པ་ནི། སེམས་ཙམ་པ་ན་རེ། ཕྱི་རོལ་གྱི་དོན་མེད་པས་སེམས་ལས་སྒྱུ་མ་སྟེ་གཟུགས་ལ་སོགས་པ་རྫས་གཞན་མིན་ཞིང་སྔར། དེ་ཚེ་གང་ཞིག་གང་གིས་མཐོང༌། ཞེས་པའི་སྐྱོན་འཇུག་པས་དེ་གཉིས་གཞན་མིན་པར་ཡང་མི་བརྟག་གོ་ཞེ་ན། གཟུགས་སོགས་བདེན་པར་གྲུབ་ན། སྣང་བ་ལྟར་དུ་བདེན་དགོས་ལ་དེ་ལྟ་ན་ཕྱི་རོལ་དོན་དུ་སྣང་བས་ཕྱི་རོལ་དོན་དུ་གྲུབ་དགོས་ལ། ཕྱི་རོལ་གྱི་དངོས་པོ་ཡིན་ན་ཇི་ལྟར་དེ་སེམས་ལས་རྫས་གཞན་མིན་ཏེ་རྫས་གཞན་དུ་ཐལ་ལོ། །རྫས་གཞན་མིན་ཞེ་ན། བདེན་པའི་དངོས་པོར་མེད་པར་ཐལ། །རྣམ་པ་རྣམས་བརྫུན་པར་ཁས་བླངས་པ་དེ་ལས་གཞན་མིན་པའི་ཕྱིར། ཇི་ལྟར་སྒྱུ་མ་སྟེ་དོན་དུ་སྣང་བའི་གཟུགས་ལ་སོགས་པ་བདེན་པར་གྲུབ་པ་མིན་ཡང་སེམས་ཀྱི་བལྟ་བྱ་དང་དམིགས་པ་ཡིན་པ་དེ་བཞིན་ཤེས་པ་དྲུག་ལྟ་བྱེད་ཡིན་པའང་བདེན་པར་མ་གྲུབ་པར་མཚུངས་སོ། །དེའི་ཕྱི་སྔར། གལ་ཏེ་འཁྲུལ་པ་ཡོད་མིན་ན། ཞེས་པའི་སྐྱོན་ངེད་དབུ་མ་པ་ལ་མེད་ཅིང་ཁྱེད་སེམས་ཙམ་པས་ཀྱང་ཚུལ་དེ་ལ་བརྟེན་ན་མཛེས་སོ། །བཞི་པ་ནི། གལ་ཏེ་འཁོར་བ་སོགས་བརྫུན་པ་དང་བཏགས་པར་ཡོད་པ་རྣམས་དངོས་པོ་བདེན་གྲུབ་


JLD014_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

རེའི་རྟེན་ཅན་ནམ་གཞི་ཅན་ཡིན་ཏེ། འཁྲུལ་པ་ཐམས་ཅད་ལ་གཞི་བདེན་པ་རེ་ཡོད་པས་སོ། །དཔེར་ན་སྡོང་དུམ་ལ་མིར་འཁྲུལ་བ་ལ་ཡང་སྡོང་དུམ་བདེན་པར་གྲུབ་པ་བཞིན་ནོ། །འཁོར་བ་དེ་བཞིན་དུ་གཞི་བདེན་པ་ལ་བརྟེན་པ་ལས་གཞན་དུ་མི་བརྟེན་ན་ནམ་མཁའ་དང་འདྲ་བར་དངོས་པོ་མེད་པར་འགྱུར་རོ་ཞེས་པ་སྟེ་རྩོད་པ་འདི་བསླབ་བཏུས་སུ་གསུངས་པའི་དོན་ཡིན་གྱིས་གཞན་དུ་བཤད་པ་འདིའི་དོན་མིན་ནོ། །འཁོར་བ་སོགས་དངོས་མེད་དེ་བརྫུན་པ་རྣམས་འཁྲུལ་གཞི་བདེན་པའི་དངོས་པོ་ལ་བརྟེན་པས་ན་འཆིང་གྲོལ་སོགས་འབྲས་བུ་བསྐྱེད་པའི་བྱེད་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། །བརྟེན་པའི་གཞི་དངོས་པོ་བདེན་གྲུབ་མེད་པའི་ཕྱིར། རྟགས་འདི་བསླབ་བཏུས་སུ་གསུངས་སོ། །སེམས་ཙམ་པ་ཁྱོད་ཀྱི་ལུགས་ཀྱིས་སེམས་ནི་གཟུང་འཛིན་གཉིས་སུ་འཁྲུལ་པ་སོགས་ཀྱི་གྲོགས་མེད་པར་རང་རིག་རང་གསལ་གཅིག་པུ་ཉིད་དུ་འགྱུར་བ་ཡིན་པར་ཐལ། ཡུལ་ཡུལ་ཅན་རྒྱངས་ཆད་དུ་སྣང་བ་འདི་སྣང་བ་ལྟར་མ་གྲུབ་པར་ཁས་བླངས་པས་ཕྱི་དོན་མེད་ལ་གཟུགས་སོགས་ཀྱི་སྣང་བ་ཤེས་པ་ཡིན་པའང་སྔར་བཀག་པས་ཤེས་པ་མིན་ལ། དེ་ལྟ་ན་ཤེས་པ་དང་འབྲེལ་མེད་དོན་གཞན་དུ་འགྱུར་བས། གཟུགས་སོགས་ཀྱི་སྣང་བ་བསླད་ཀྱང་ཤེས་པའི་རྫས་ལས་བླད་པ་མེད་པའི་ཕྱིར་རོ། །འདོད་ན། གང་གི་ཚེ་སེམས་ནི་གཟུང་འཛིན་གཉིས་ཀྱི་སྣང་བ་དང་བྲལ་བ་དེའི་ཚེ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ཉིད་དུ་འགྱུར་


JLD014_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འབད་མེད་དུ་གྲོལ་བར་ཐལ། སེམས་ཅན་ཐམས་ཅད་གཟུང་འཛིན་གཉིས་ཀྱི་སྣང་བ་དང་བྲལ་བའི་ཕྱིར། འདོད་པ་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པ་ཐོབ་པའི་ཆེད་དུ་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བའི་སེམས་ཙམ་དུ་བརྟགས་པ་སྟེ་གཏན་ལ་ཕབ་པའང་ཡོན་ཏན་ཏེ་དགོས་པ་ཅི་ཞིག་ཡོད་དེ་ཅུང་ཟད་ཀྱང་མེད་པར་ཐལ། འདོད་པ་དེའི་ཕྱིར།གསུམ་པ་སྟོང་ཉིད་རྟོགས་པའི་ལམ་དབུ་མ་ལའང་དགོས་ནུས་མེད་པར་ཐལ་བ་སྤང་བ་ལ། རྩོད་པ་དང༌། ལན་ནོ། །དང་པོ་ནི། ཁྱེད་ཀྱིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རང་བཞིན་མེད་པར་གཏན་ལ་ཕབ་སྟེ་དེ་ལྟར་ཤེས་ན་ཡང་དེས་ཉོན་མོངས་སྤོང་བ་སོགས་ཀྱི་དགོས་པ་མེད་ན་ནི་གཏན་ལ་འབེབས་པ་ངལ་བ་ཙམ་དུ་ཟད་ལ། དགོས་པ་ཡོད་པར་འདོད་ནའང་ཇི་ལྟར་དེས་ཉོན་མོངས་ལྡོག་པར་འགྱུར་ཏེ་མི་འགྱུར་བར་ཐལ། གང་གི་ཚེ་སྒྱུ་མའི་བུད་མེད་ལ་དེ་བྱེད་པ་པོ་སྒྱུ་མ་མཁན་ཉིད་ཀྱང་ཕྱི་རོལ་གྱི་བུད་མེད་ཀྱི་སྟོང་བར་རྟོགས་ཀྱང་སྒྱུ་མའི་བུད་མེད་འདི་ལོངས་སྤྱད་རུང་དུ་སོང་ན་སྙམ་དུ་སྒྱུ་མ་མཁན་ཆགས་པ་སྐྱེ་བར་འགྱུར་བ་མཐོང་ལ་ཁྱོད་ཀྱི་སྟོང་ཉིད་ནི་དང་པོ་ཐོས་བསམ་གྱིས་རྟོག་པ་ཙམ་ལས་མེད་པས་སོ་ཞེ་ན། གཉིས་པ་ལ། སྒྱུ་མ་མཁན་ལ་ཆགས་པ་སྐྱེ་བའི་རྒྱུ་མཚན་དང་། སྟོང་ཉིད་རྟོགས་པའི་ཤེས་རབ་གོམས་པས་ཉོན་མོངས་བག་ཆགས་དང་བཅས་པ་སྤོང་བ་འཐད་པར་བསྟན་པ། སྤངས་


JLD014_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བར་བསྟན་པའོ། །དང་པོ་ནི། སྒྱུ་མ་མཁན་སྒྱུ་མ་དེ་བྱེད་པ་པོ་ནི་ཤེས་བྱ་ལ་སྟེ་སྒྱུ་མའི་བུད་མེད་ལ་ཉོན་མོངས་བག་ཆགས་ཏེ་བདེན་འཛིན་ཅུང་ཟད་ཀྱང་མ་སྤངས་ཤིང་བདེན་པར་འཛིན་པ་དེས་ན་དེ་མཐོང་བའི་དུས་ན་དེ་སྟོང་ཉིད་རྟོགས་པའི་བག་ཆགས་ཉམ་ཆུང་བ་ཉིད་ཡིན་པས་ཉོན་མོངས་སྐྱེ་བ་ཡིན་ནོ། །སྔ་མ་དག་གིས་སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་པར་རྟོགས་པ་ནི་ཉི་ཚེ་བའི་སྟོང་ཉིད་ཙམ་ཡིན་པས་དེས་ཉོན་མོངས་མི་སྤོང་ལ། དེད་ཀྱི་ལུག་ལ་ཁྱབ་པའི་སྟོང་ཉིད་རྟོགས་པས་སྤོང་བ་ཡིན་ནོ། ཞེས་ལན་མཛད་པ་ནི་མི་འཐད་དེ། །སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་བར་རྟོགས་པ་ནི་དགག་བྱ་ཕྲ་མོ་ལ་བལྟོས་པའི་ཉི་ཚེ་བའི་སྟོང་ཉིད་རྟོགས་པ་མིན་ཏེ། དགག་བྱའི་ངོས་འཛིན་དང་དེ་ཆོས་གཅིག་གི་སྟེང་དུ་མེད་པར་རྟོགས་ན་གཞན་ལའང་གོ་འོང་བ་སོགས་གཞན་ལས་བཤད་པ་ལས་ཤེས་པས་སོ། །དེས་ན་སྤྱིར་འཁྲུལ་པ་ལ་རྟོག་མེད་འཁྲུལ་པ་རབ་རིབ་ཀྱིས་སྐྲ་ཤད་འཛག་པར་མཐོང་བ་ལྟ་བུ་ལ། ཡིད་ཀྱིས་སྐྲ་ཤད་མེད་པར་གོ་བས་འཁྲུལ་པ་དེ་མི་ལྡོག་གི་དེ་ལྡོག་པ་ལ་མིག་གི་རབ་རིབ་སེལ་ཐབས་བྱེད་དགོས་སོ། །རྟོག་པ་འཁྲུལ་པ་ལའང་འཕྲལ་དུ་གློ་བུར་བའི་རྒྱུ་ལས་བྱུང་བ་ཐག་ཁྲ་ལ་སྦྲུལ་འཛིན་སོགས་ནི་ཐག་པར་རྟོགས་པ་ཙམ་གྱིས་འཁྲུལ་པ་དེ་ལྡོག་གི་དེ་ལྡོག་པ་ལ་གོ་བ་དེ་རིང་དུ་སྒོམ་པ་སོགས་མི་དགོས་སོ། །འགྲོ་བ་ཀུན་གྱི་རྒྱུད་ཀྱི་བདེན་འཛིན་ནི་སངས་རྒྱས་


JLD014_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་མི་གཟིགས་པའི་ཐོག་མ་མེད་པ་ནས་རྒྱུད་ལ་ཆེས་ཤིན་ཏུ་འདྲིས་ཤིང་དེས་རྒྱུད་ཚོས་པ་བཞིན་དུ་སོང་བས་དེའི་ས་བོན་ལྟ་ཞོག་མངོན་གྱུར་རགས་པའང་བདེན་པ་མེད་པར་རྟོགས་པ་ཙམ་གྱིས་ག་ལ་ལྡོག །དེ་ཙམ་དུ་མ་ཟད་བདེན་མེད་མངོན་སུམ་དུ་རྟོགས་ཀྱང་ཉོན་མོངས་ཀུན་བརྟགས་ས་བོན་དང་བཅས་པ་སྤོང་ཡང་ལྷན་སྐྱེས་མི་སྤོང་བས་སོ། །དེའི་ཕྱིར་ཡུལ་རིང་དུ་བསྒོམ་པའི་སྒོམ་ལམ་སོགས་ལམ་གྱི་རྣམ་གཞག་མང་དུ་གསུངས་པ་ཡིན་ཞིང༌། སྟོང་ཉིད་རྟོགས་པ་ལའང་མཐར་ཉོན་མོངས་ཟད་པ་འབྱུང་བར་ཁས་བླངས་ཤིང་དེས་ཆོག་གི་དེ་ལ་སྟོང་ཉིད་རྟོགས་མ་ཐག་སྤོང་དགོས་ཞེས་ཁས་མ་བླངས་ཤིང་ལེན་ཡང་ག་ལ་དགོས་ཞེས་པ་ལན་བསྡུས་པའོ། །སྒྱུ་མ་མཁན་སྒྱུ་མའི་བུད་མེད་དེ་བྱེད་པས་ནི་དམིགས་ཡུལ་ཤེས་བྱ་སྟེ་སྒྱུ་མའི་བུད་མེད་ལ་ཉོན་མོངས་བག་ཆགས་ཏེ་བདེན་འཛིན་མ་སྤངས་ཤིང་བདེན་པར་འཛིན་པ་དེས་ན་སྒྱུ་མའི་བུད་མེད་བུད་མེད་ཀྱིས་སྟོང་བ་དེ་མཐོང་བ་ན་དེའི་སྟོང་ཉིད་བག་ཆགས་དེ་ཉམ་ཆུང་བ་སྟེ། བདེན་འཛིན་ལ་གནོད་པའི་ནུས་པ་མེད་དེ། །དེ་དང་འཛིན་སྟངས་འགལ་བ་མེད་པས་སོ། །ཉོན་མོངས་བག་ཆགས་ཞེས་པའི་བག་ཆགས་ནི། །བདེན་འཛིན་ལ་བྱས་པ་དང་དེའི་ས་བོན་དང༌། ཤེས་སྒྲིབ་ལ་བྱས་པ་ཡོད་ཀྱང་འདིར་སྔ་མའོ། །གཉིས་པ་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྟོང་ཉིད་བག་ཆགས་


JLD014_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པ་སྟེ་དངོས་པོ་རང་བཞིན་གྱིས་སྟོང་བར་རྟོགས་ན་དངོས་པོ་བདེན་པར་འཛིན་པའི་བག་ཆགས་སྤོང་བར་འགྱུར་ཞིང་ཅིའང་མེད་ཅེས་པ་སྟེ་བདེན་མེད་ཉིད་ཀྱང་བདེན་མེད་དུ་རྟོགས་པ་གོམས་པས་ནི་བདེན་མེད་བདེན་འཛིན་དེའང་ཕྱི་ནས་སྤོང་བར་འགྱུར་རོ། །དགག་བྱ་རགས་པ་བཀག་པ་ཙམ་ཡིན་ན། བཀག་པ་བདེན་གྲུབ་ཕྱིས་དགག་དགོས་ཀྱང་མིང་གི་ཐ་སྙད་ཀྱིས་བཞག་པ་ཙམ་མིན་པའི་ཡོད་པ་བདེན་ཚད་དུ་བྱས་པའི་དགག་བྱ་ཕྲ་མོ་བགག་པའི་བཀག་པ་བདེན་འཛིན་ནི་དུས་དེའི་ཚེ་ཉིད་ན་འགོག་སྟེ་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །གཉིས་པ་ནི། །གང་གི་ཚེ་དངོས་པོ་གང་ཞིག་བདེན་པར་མེད་དོ་ཞེས་བརྟག་བྱའི་དངོས་པོ་བདེན་པར་ཡོད་ན་དམིགས་སུ་རུང་བ་ལས་བདེན་པར་མི་དམིགས་པས་བདེན་མེད་དུ་རྟོགས་པ་དེའི་ཚེ་བདེན་པའི་དངོས་མེད་རྟེན་ཆོས་ཅན་བདེན་གྲུབ་དང་བྲལ་བའི་ཕྱིར། །བཀག་པ་བདེན་གྲུབ་བློ་དེའི་མདུན་དུ་ཇི་ལྟར་གནས་ཏེ་ཆོས་ཅན་དང་བྲལ་བའི་ཆོས་ཉིད་མེད་པས་བདེན་སྟོང་བདེན་པར་གྲུབ་ན་ཆོས་ཅན་དེའི་རང་བཞིན་དུ་གྲུབ་དགོས་ལ་དེ་བདེན་པའི་རང་བཞིན་དུ་གྲུབ་པ་སྔར་ནས་ཁེགས་པའི་ཕྱིར། དེས་ན་གང་གི་ཚེ་དངོས་པོ་དང་དངོས་མེད་དག་བདེན་གྲུབ་གང་ཡང་བློའི་མདུན་ན་མི་གནས་པ་དེའི་ཚེ་བདེན་པར་གྲུབ་པའི་རྣམ་པ་གཞན་མེད་པས་བདེན་འཛིན་གྱི་དམིགས་པའི་གཏད་སོ་མཐའ་དག་མེད་པར་རྟོགས་པར་སྤྲོས་པ་མཐའ་དག་རབ་ཏུ་ཞི་བ་ཡིན་ཏེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གཟིགས་ངོ་ན་སྟོང་ཉིད་ལ་གཉིས་སྣང་གི་སྤྲོས་པའང་ཞི་ལ་སྟོང་ཉིད་


JLD014_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

དོན་སྤྱིའི་ཚུལ་གྱིས་རྟོགས་པ་ལ་ནི་གཉིས་སྣང་མ་ཁེགས་ཀྱང་ངེས་ངོ་ན་བདེན་པའི་སྤྲོས་པ་ཁེགས་པ་ཡིན་ནོ། །གསུམ་པ་ལ། །རྣམ་རྟོག་མེད་ཀྱང་གདུལ་བྱའི་རེ་བ་སྐོང་བ་འཐད་པ་དཔེ་དང་བཅས་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སངས་རྒྱས་ལ་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ན་གདུལ་བྱ་ལ་ཆོས་བསྟན་པར་བྱའོ་སྙམ་པའང་མེད་པས་སེམས་ཅན་ལ་ཆོས་བསྟན་པ་སོགས་ཀྱིས་དོན་མཛད་པ་མི་འཐད་དོ་ཞེ་ན་སྐྱོན་མེད་དེ། །རྟོག་པ་མེད་ཀྱང་མི་ལ་ཡིད་བཞིན་ནོར་བུ་དང༌། ལྷ་ལ་དཔག་བསམ་གྱི་ཤིང་ལ་གསོལ་བ་བཏབ་པས་ཇི་ལྟར་འདོད་པའི་རེ་བ་ཡོངས་སུ་སྐོང་བ་དེ་བཞིན་དུ་གདུལ་བྱ་སངས་རྒྱས་དང་འཕྲད་པ་སོགས་ཀྱི་བསོད་ནམས་བསགས་པའི་མཐུ་དང༌། སངས་རྒྱས་རྣམས་ཀྱིས་རྟོག་པ་མེད་བཞིན་དུ་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་པར་གྱུར་ཅིག་སྙམ་པའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་གཟུགས་ཀྱི་སྐུར་སྣང་ནས་ཆོས་སྟོན་པ་ཆེས་ཤིན་ཏུ་འཐད་པ་ཡིན་ནོ། །སྨོན་ལམ་བཏབ་པ་འདས་ནས་དུས་རིང་པོ་ལོན་པས་ངེས་ད་ལྟར་འབྲས་བུ་བསྐྱེད་པ་མི་འཐད་ཅིང་སྨོན་ལམ་འདེབས་མཁན་བྱང་ཆུབ་སེམས་དཔའ་ཡིན་པས་དེའི་འབྲས་བུ་རྒྱལ་བའི་མཛད་པར་མི་འཐད་དོ་ཞེ་ན། སྐྱོན་མེད་དེ། དཔེར་ན། བྲམ་ཟེས་དུག་ཞི་བར་བྱེད་པའི་ནམ་མཁའ་ལྡིང་གི་མཆོད་སྡོང་བསྒྲུབས་ནས་བྲམ་ཟེ་འདས་ནས་ཡུན་རིང་ལོན་ཡང་མཆོད་


JLD014_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

སྡོང་དེ་ད་ལྟར་དུག་ལ་སོགས་པ་ཞི་བར་བྱེད་ནུས་པ་བཞིན་དུ་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པར་ཚོགས་གཉིས་ཀྱི་སྒོ་ནས། རྒྱལ་བའི་མཆོད་སྡོང་བསྒྲུབ་པའང་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་མི་གནས་པའི་མྱ་ངན་ལས་འདས་པ་མངོན་དུ་བྱས་ཀྱང་གདུལ་བྱའི་གནས་སྐབས་དང་མཐར་ཐུག་གི་དོན་རྣམས་ཐམས་ཅད་མཛད་པ་མི་འགལ་ཞིང་འདི་ནི་རྒྱུན་འཇོག་མ་ཤེས་པའི་རྩོད་པའོ། །གཉིས་པ་ནི། ཉན་ཐོས་པ་ཁ་ཅིག་ན་རེ། སངས་རྒྱས་ལ་རྟོག་པའི་སེམས་མེད་པ་ལ་མཆོད་པ་བྱས་ན་ཇི་ལྟར་བསོད་ནམས་ཀྱི་འབྲས་བུ་ལྡན་པར་འགྱུར་ཏེ། མཆོད་པ་ལེན་པའི་རྟོག་པའང་མེད་པའི་ཕྱིར་རོ་ཞེ་ན། སངས་རྒྱས་ལ་རྟོག་པ་མེད་ཀྱང༌། མཆོད་པར་བྱས་པས་བསོན་ནམས་འབྱུང་བ་འཐད་པར་ཐལ། །རྒྱུ་མཚན་གང་གི་ཕྱིར་ན་སངས་རྒྱས་སྐུ་དངོས་སུ་བཞུགས་པའམ་མྱ་ངན་ལས་འདས་རྗེས་ཀྱི་སྐུ་གདུང་ལ་མཆོད་པ་གཉིས་བསོད་ནམས་མཚུངས་པ་ཉིད་དུ་བྱམས་པ་སེང་གེ་སྒྲའི་མདོ་ལས་བཤད་པའི་ཕྱིར་རོ། །མཆོད་རྟེན་བསྐོར་བའི་ཕན་ཡོན་ལས་ཀྱང༌། གང་ཞིག་བཞུགས་ལ་མཆོད་པ་དང༌། །མྱ་ངན་འདས་པའི་སྐུ་གདུང་ལ། །སེམས་ནི་མཉམ་པར་དང་བ་ཡིས། །བསོད་ནམས་ལ་ནི་ཁྱད་པར་མེད། ཅེས་གསུངས་སོ། །སངས་རྒྱས་ལ་མཆོད་པ་སོགས་ཀུན་རྫོབ་ཏུ་གྲུབ་པའམ་ནི་དེ་ཁོ་ན་ཉིད་དུའང་རུང་སྟེ་དེར་མཆོད་པ་བྱས་པས་འབྲས་བུ་འབྱུང་བ་སངས་རྒྱས་ཀྱི་ལུང་


JLD014_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུངས་པ་ཡིན་ནོ། །དཔེར་ན་ཁྱོད་རང་བདེན་པའི་སངས་རྒྱས་ལ་ཇི་ལྟར་འབྲས་བུ་དང་བཅས་པ་འདོད་པ་བཞིན་ནོ། །དོན་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱད་པ་རེ་ཞིག་བཏང་སྙོམས་བྱས་ནས་བདེན་ཡང་རུང་བརྫུན་ཡང་རུང་ངེད་ལ་དངོས་པོ་དང་མཐུན་པའི་འབྲས་བུ་བྱུང་བ་དེས་ཆོག་ཅེས་པའི་དོན་ནོ། །གཉིས་པ་ཐར་པ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་རྟོགས་དགོས་པར་བསྒྲུབ་པ་ལ། རྩོད་པ་དང༌། ལན་ནོ། །དང་པོ་ནི། ཉན་ཐོས་སྡེ་པ་ཁ་ཅིག་ན་རེ། བདེན་པ་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་མཐོང་བ་གོམས་པས་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར་གྱི་ཆོས་ཐམས་ཅད་བདེན་པས་སྟོང་པ་ཉིད་མཐོང་བས་ཅི་ཞིག་བྱ་དགོས་པ་མེད་ཅིང་མི་རིགས་སོ་ཞེ་ན། ཉན་ཐོས་སྡེ་པ་ཁ་ཅིག་སངས་རྒྱས་ཐོབ་པར་བྱེད་པ་ལའང་སྟོང་ཉིད་རྟོགས་མི་དགོས་པར་མ་ཟད། ཆོས་ཀྱི་བདག་མེད་ཀྱི་མིང་ཙམ་ཡང་ཁས་མི་ལེན་ཅིང༌། ཐེག་པ་ཆེན་པོའི་མདོ་བཀར་ཁས་མི་ལེན་པ་དེ་དག་ཕྱོགས་སྔའི་གཙོ་བོ་ཡིན་ལ། ཞར་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཚད་མར་བཞེད་ཀྱང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་པ་མི་དགོས་པར་བཞེད་པ་དེ་དག་ཀྱང་བཀག་ནས། སྟོང་ཉིད་རྟོགས་པའི་ཤེས་རབ་ཉིད་སྲིད་པ་ལས་གྲོལ་བའི་ལམ་དུ་སྒྲུབ་བཞེད་ནས་གཞུང་འདི་དག་བཀོད་པ་ཡིན་ནོ། །གཉིས་པ་ལ། སྟོང་ཉིད་རྟོགས་པའི་


JLD014_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་དེ་ཉིད་སྲིད་པ་ལས་གྲོལ་བའི་ལམ་དུ་སྒྲུབ་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དུ་སྒྲུབ་པ་དང༌། དེས་ན་གྲོལ་བ་དོན་གཉེར་གྱིས་སྟོང་ཉིད་སྒོམ་རིགས་པར་གདམས་པའོ། །དང་པོ་ལ། ཐེག་པ་ཆེན་པོའི་མདོ་སྡེ་བཀར་ལུང་གིས་བསྒྲུབས་པའི་སྒོ་ནས་བསྒྲུབ་པ་དང༌། །རིགས་པས་བསྒྲུབ་པའོ། །དང་པོ་ནི། ཉན་རང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལའང་སྟོང་ཉིད་རྟོགས་པ་ངེས་པར་དགོས་པར་ཐལ། རྒྱུ་མཚན་གང་གི་ཕྱིར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་ལུང་ལས་སྟོང་ཉིད་རྟོགས་པའི་ལམ་འདི་ནི་གོམས་པ་མེད་པར་བྱང་ཆུབ་གསུམ་ག་ཐོབ་པ་མེད་པར་གསུངས་པའི་ཕྱིར་རོ། །སྤྱོད་འཇུག་འགྲེལ་ཆེན་དུ། ཡུམ་གྱི་མདོ་ལས། དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་པ་དང༌། དུས་གསུམ་གའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང༌། རྒྱུན་ཞུགས་ནས་རང་རྒྱལ་གྱི་བར་རྣམས་ཤེས་ཕྱིན་འདི་ཉིད་ལ་བརྟེན་ནས་ཐོབ་པར་གསུངས་པ་དྲངས་པ་ལྟར་ཡིན་གྱི། བླ་ན་མེད་པའི་བྱང་ཆུབ་རྐྱང་པ་ལ་བྱེད་པ་གཞུང་གི་དོན་མིན་ནོ། །གཞན་ཡང་མདོ་ཕྱོགས་ནས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་སྟོན་པའི་ལུང་མཐའ་ཡས་པ་ཡོད་པ་རྣམས་མ་དྲངས་སོ། །གཞུང་རྐང་པ་གཉིས་པོ་འདི། ཉན་ཐོས་སྡེ་བ་འགའ་ཞིག་གི་བློ་ངོར། །ཐེག་པ་ཆེན་པོ་བཀར་སྒྲུབ་པར་བཞེད་ནས། སྒྲུབ་བྱེད་འདི་བཀོད་པ་ཡིན་ནོ། །ཐེག་པ་ཆེན་པོའི་ལུང་ཚད་མར་མི་འདོད་ན། དེ་ལ་སྒྲུབ་བྱེད་དུ་བཀོད་པའི་རིགས་པ་དང་བྲལ་བར་མི་འགྱུར་རམ་


JLD014_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ན། སྐྱོན་མེད་དེ། སྒྲུབ་བྱེད་བཀོད་པ་ཐམས་ཅད་ཀྱི་ཚུལ་གསུམ་དང་པོ་ནས་ཕྱིར་རྒོལ་གྱིས་གྲུབ་མི་དགོས་ལ། འདིར་ཡང་སྒྲུབ་བྱེད་འདིའི་ཁྱབ་པ་འོག་ནས་འགོ་མཚུངས་དང༌། རྣལ་མའི་རིགས་པས་བསྒྲུབ་པ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་ཐེག་ཆེན་མདོ་སྡེ་བཀར་མི་འདོད་པའི་ལོག་རྟོག་དགག་བཞེད་ནས། གཞུང་འདི་བཀོད་པ་ཡིན་ལ། གཏན་ཚིགས་འདིའི་བསྒྲུབ་བྱ་སྟོང་ཉིད་རྟོགས་པའི་ཤེས་རབ་བྱང་ཆུབ་གསུམ་གའི་ལམ་དུ་སྒྲུབ་པ་ཡིན་གྱི། འདིའི་ཁྱབ་པ་སྒྲུབ་པའི་སྒོ་ནས། ཐེག་ཆེན་བཀར་སྒྲུབ་པ་མིན་པ་དང་ཐེག་ཆེན་བཀར་ལུང་གིས་བསྒྲུབ་བར་སྦྱར་བ་ལ་ཁ་ན་མ་ཐོ་བ་མེད་དོ། །གཉིས་པ་ལ། །འགོ་མཚུངས་ཀྱི་སྒྲུབ་པ་དང༌། རྣལ་མའི་རིགས་པས་བསྒྲུབ་པའོ། །དང་པོ་ནི། གལ་ཏེ་ཐེག་པ་ཆེན་པའི་མདོ་སྡེ་ངེད་ལ་བཀར་མ་གྲུབ་ཅིང་ཚད་མར་ཁས་མི་ལེན་པས་ངེད་ལ་མ་གྲུབ་ན། དེ་སྒྲུབ་བྱེད་དུ་བཀོད་ནས་སྟོང་ཉིད་རྟོགས་པ་ཉན་རང་གིའང་ལམ་དུ་སྒྲུབ་པ་ནི་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་སོ་ཞེ་ན། ཁྱོད་ཀྱི་ལུང་ཁྱོད་རང་ཚད་མར་འདོད་པའི་ཐེག་དམན་གྱི་སྡེ་སྣོད་འདི་རྣམས་བཀའ་ཡིན་པར་ཇི་ལྟར་གྲུབ་དྲིས་པས་དེ་དག་བཀའ་ཡིན་ཏེ་གང་གི་ཕྱིར་ན་འུ་བུ་ཅག་གཉིས་ཀ་ལ་ཐེག་པ་དམན་པའི་མདོ་སྡེ་འདི་བཀར་གྲུབ་བོ་ཞེ་ན། རྒྱུ་མཚན་ཀུན་ནས་མཚུངས་ཏེ། ཁྱོད་སྐྱེས་མ་ཐག་པ་དང༌། ལུང་དོན་རིགས་པས་གཏན་ལ་མ་ཕེབས་པའི་དང་པོ་ཁྱོད་ལའང་


JLD014_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པའི་སྡེ་སྣོད་འདི་ཚད་མར་མ་གྲུབ་ལ་དུས་ཕྱིས་ལུང་ཚད་མར་ཁས་ལེན་པའི་རྐྱེན་དེ་ཐབས་ངག་གང་འདུལ་བ་ལ་སྣང༌། མདོ་སྡེ་ལ་འཇུག །མངོན་པའི་ཆོས་ཉིད་དང་མི་འགལ་བར་འཇུག་པའི་ཆེན་པོ་བསྟན་པ་སོགས་ལུང་དོན་རིགས་པས་གཏན་ལ་འབེབས་པའི་ཐབས་གང་གིས་ནི་ལུང་ཚད་མ་དེར་ཡིད་ཆེས་པར་བསྒྲུབ་པའི་སྒྲུབ་བྱེད་དེ་ནི་ཐེག་ཆེན་གྱི་མདོ་སྡེ་ལའང་མཚུངས་པར་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་གང་ཟག་གཞན་གང་ཡང་རུང་བ་གཉིས་འདོད་པས་ཚད་མར་བདེན་ན་ནི་རིག་བྱེད་ཀྱི་གཞུང་སོགས་ཀྱང་བདེན་པར་འགྱུར་བར་ཐལ། །གང་ཟག་གཉིས་ཀྱི་ཚད་མར་འདོད་པ་ཡོད་པའི་ཕྱིར། ངེད་འདོད་པའི་ཐེག་དམན་གྱི་སྡེ་སྣོད་བཀར་ཁྱེད་ཀྱིས་ཀྱང་འདོད་པས་རྩོད་པ་མེད་ལ། ཐེག་ཆེན་གྱི་སྡེ་སྣོད་ངེད་མི་འདོད་པས་རྩོད་པ་དང་བཅས་པའི་ཕྱིར་ཞེ་ན། འོ་ན་ཐེག་དམན་གྱི་ལུང་ལ་མུ་སྟེགས་པ་རྣམས་དང་ཉན་ཐོས་སྡེ་པ་རྣམས་རྩོད་པ་ཡོད་པའི་ཕྱིར་དང༌། ཐེག་དམན་གྱི་ལུང་སྡེ་བ་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་ཚད་མར་ཁས་ལེན་པ་ཡོད་ཀྱང་ནང་ཚན་གྱི་ལུང་གཞན་བར་སྲིད་ཡོད་པར་སྟོན་པ་སོགས་ཉན་ཐོས་སྡེ་པ་ལ་ལས་བཀར་འདོད་ཀྱང་ལ་ལས་དེ་མི་འདོད་པས་སྡེ་པ་ནང་དུ་རང་དང་གཞན་རྩོད་པ་དང་བཅས་པ་ཡིན་པའི་ཕྱིར། ཐེག་དམན་གྱི་སྡེ་སྣོད་ཀྱང་ཚད་མ་ཡིན་པ་དོར་བྱར་འགྱུར་བར་ཐལ་ལོ། །གཉིས་པ་ལ། སྟོང་ཉིད་རྟོགས་པའི་ཤེས་རབ་དང་བྲལ་ན་དགྲ་བཅོམ་པ་དང་མྱང་འདས་ཐོབ་པ་


JLD014_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲིད་པར་བསྟན་པ་དང༌། མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱི་དགྲ་བཅོམ་ཐོབ་ན་ཉོན་མོངས་མངོན་གྱུར་སྤངས་པ་ཙམ་གྱིས་ཀྱང་ཐོབ་པར་ཐལ་བ་དང༌། དེའི་ལན་དགག་པ་དང༌། དེས་ན་ཐར་བ་ཙམ་ཐོབ་པར་འདོད་པས་ཀྱང་སྟོང་ཉིད་སྒོམ་དགོས་པར་བསྟན་པའོ། །དང་པོ་ནི། དགྲ་བཅོམ་པ་རྣམས་ཀྱིས་སངས་རྒྱས་ལས་མངོན་སུམ་དུ་ཐོས་ནས་དེའི་རྗེས་སུ་སྟོང་ཉིད་སྟོན་པའི་གསུང་བར་ལ་བསྡུ་བ་མཛད་པ་ཡིན་པས། དགེ་སློང་དུ་མ་བཤད་པའི་ནང་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་རྩ་བ་དགེ་སློང་དགྲ་བཅོམ་པ་ཉིད་ཡིན་ཏེ་དེ་ཡིན་པ་ལ་དགེ་སློང་དགྲ་བཅོམ་པ་ཉིད་ཀྱང་དཀའ་བར་གནས་པ་སྟེ། ཉན་ཐོས་འཕགས་པ་ཆོས་ཅན། དགྲ་བཅོམ་པ་མི་ཐོབ་པར་ཐལ། སྟོང་ཉིད་རྟོགས་པའི་ཤེས་རབ་ལམ་དུ་མི་བྱེད་པའི་ཕྱིར། ཆོས་རྣམས་རང་བཞིན་གྱིས་སྟོང་བའི་སྟོང་པ་ཁས་མི་ལེན་པ་རྣམས་ལ་དགྲ་བཅོམ་མི་སྲིད་པར་ཐལ་བ་འཕེན་པའང་འདིས་སྟོན་ནོ། །ཀྱང་གི་སྒྲས་སྟོང་ཉིད་རྟོགས་པ་དང་བྲལ་ན་སངས་རྒྱས་མི་ཐོབ་པར་མ་ཟད་ཅེས་པའོ། །ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། མྱ་ངན་འདས་པའང་དཀའ་བར་གནས་ཏེ་ཁྱེད་རྣམས་ཀྱི་རྒྱུད་ཀྱི་མྱང་འདས་ཀྱང་མི་འཐད་པར་ཐལ། ཁྱོད་ཀྱི་སེམས་ནི་བདེན་འཛིན་གྱི་དམིགས་པ་དང་བཅས་པ་སྟེ། དེའི་ཞེན་ཡུལ་རིགས་པས་སུན་མ་ཕྱུང་བར་དངོས་པོ་ལ་བདེན་པར་ཞེན་པ་དེ་ཡིན་པའི་ཕྱིར། ཡང་ན་རྐང་པ་སྔ་མ་གཉིས་དམ་བཅར་བྱས་ནས་ཕྱི་མ་གཉིས་རྟགས་


JLD014_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱས་ཏེ། བདེན་འཛིན་ཇི་སྲིད་ཡོད་པ་དེ་སྲིད་དུ་མྱང་འདས་མི་ཐོབ་པའི་ཕྱིར་ཞེས་བཤད་དོ། །གཉིས་པ་ནི། དགྲ་བཅོམ་པ་ཐོབ་པ་ལ། སྟོང་ཉིད་རྟོགས་མི་དགོས་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་གོམས་པས་ཉོན་མོངས་ཟད་པར་སྤངས་པས་གྲོལ་བ་དགྲ་བཅོམ་པའི་འབྲས་བུ་ཐོབ་བོ་ཞེ་ན། ཉོན་མོངས་མངོན་གྱུར་ཙམ་རེ་ཞིག་སྤངས་པའི་གང་ཟག་དེའི་མངོན་གྱུར་སྤངས་པ་དེ་མ་ཐག་ཏུ་དགྲ་བཅོམ་པ་དེར་འགྱུར་བར་ཐལ། མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གོམས་པས་ཉོན་མོངས་ཟད་ནས་དགྲ་བཅོམ་ཐོབ་པའི་ཕྱིར། དེ་གཉིས་རྣམ་པ་ཐམས་ཅད་དུ་འགོ་མཚུངས་བྱེད་པ་ཡིན་ནོ། །དེ་འདོད་མི་ནུས་པ་ནི། ཉོན་མོངས་མངོན་གྱུར་རེ་ཞིག་མེད་ཀྱང་མངོན་གྱུར་ཙམ་སྤངས་པའི་གང་ཟག་དེ་དག་ལ་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བའི་ལས་ཀྱི་ནུས་པ་མཐོང་བ་ཡིན་པའི་ཕྱིར་རོ། །ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་ནི། ཕྱོགས་སྔ་མའི་ལུགས་བརྗོད་པ་ཡིན་ལ། དེའི་དོན་ནི། བདེན་པ་མཐོང་བས་གྲོལ་འགྱུར་གྱི། ཞེས་བཤད་པ་བཞིན་དུ་མི་རྟག་སོགས་བཅུ་དྲུག་གི་ལམ་བསྒོམས་པས། ཉོན་མོངས་སྤངས་ཏེ་གྲོལ་བ་ཐོབ་ན་ཞེས་བཤད་རྒྱུ་ཡིན་ཏེ། སྐབས་འདིར་མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་ཉོན་མོངས་ལས་གྲོལ་བ་ཐོབ་མི་ཐོབ་ལ་རྩོད་པའི་ཕྱིར་དང༌། བདེན་པ་མཐོང་བ་ཞེས་སོགས་ཀྱི་རྩོད་པ་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །དེས་ན་མི་རྟག་སོགས་བཅུ་དྲུག་གི་ལམ་གྱིས་ཉོན་མོངས་ཟད་པར་ནུས་པ་ཁས་བླངས་ནས། དེས་སྡུག་


JLD014_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་ཐམས་ཅད་ལས་གྲོལ་བ་མིན་ནོ་ཞེས་འཆད་པ་ནི་འདིའི་དོན་གཏན་མིན་ནོ། །དེའི་ཕྱིར་ལམ་དེས་ཉན་ཐོས་སྡེ་པ་གཉིས་དང་ཐུན་མོང་བའི་ཉོན་མོངས་སུ་བཞག་པ་རྣམས། སྔར་བཤད་པ་ལྟར་གྱི་ལམ་རྒྱུད་ལ་བསྐྱེད་པས། རེ་ཞིག་མངོན་གྱུར་དུ་རྒྱུ་བ་མེད་པའི་ཚེ། ཉོན་མོངས་ཟད་པའི་གྲོལ་བ་ཐོབ་པར་འཇོག་ན། ཉོན་མོངས་མངོན་གྱུར་ཙམ་རེ་ཞིག་སྤངས་པ་དེའི་དེ་མ་ཐག་ཏུ་ཟག་པ་ཐམས་ཅད་ཟད་པའི་གྲོལ་བ་འཐོབ་པར་འགྱུར་རོ། །ཞེས་འགོག་པ་ལ་དགོངས་པ་ཡིན་ནོ། །དེ་འདོད་པར་མི་ནུས་པ་ནི། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། ཞེས་ཉོན་མོངས་མངོན་གྱུར་རེ་ཞིག་མེད་ཀྱང༌། ལས་ཀྱི་དབང་གིས་ཡང་སྲིད་ཕྱི་མར་འཕེན་པའི་ནུས་པ་མཐོང་བས་སོ། །ཞེས་པས་སྟོན་ནོ། །གཞུང་དེ་རྣམས་ནི་དེ་ལྟར་བཤད་དགོས་ཀྱི། འགྲེལ་པ་འགའ་ཞིག་དང་བོད་རྣམས། །ཉོན་མོངས་མེད་ཀྱང་མཽངྒལ་གྱི་བུ་དང༌། འཕགས་པ་སོར་ཕྲེང་ཅན་ལ་སོགས་པ་ལ་སྔོན་སོ་སྐྱེའི་དུས་སུ་བསགས་པའི་ལམ་གྱི་འབྲས་བུ་སྡུག་བསྔལ་འབྱིན་པ་མཐོང་བས་དེ་མ་ཐག་ཏུ་གྲོལ་བ་མ་ཡིན་ནོ་ཞེས་པ་ལྟར་མི་བྱ་སྟེ། །འདི་ནི་ཚེ་འདིའི་སྡུག་བསྔལ་སྐྱེས་པའི་ནུས་པ་མིན་གྱི་ལས་ཀྱིས་ཡང་སྲིད་ཕྱི་མར་འཕེན་པའི་ནུས་པ་མི་ལྡོག་པས་གྲོལ་བ་མེད་དོ། ཞེས་སྟོན་པ་ཡིན་ནོ། །གསུམ་པ་ནི། །མི་རྟག་སོགས་ཀྱི་ལམ་བསྒོམས་པས་དགྲ་བཅོམ་པ་ཐོབ་པ་ན་སྤངས་པ་རེ་ཞིག་པ་ཙམ་མིན་པའི་སྲིད་པ་ཉེ་བར་ལེན་པའི་ལྷན་ཅིག་བྱེད་རྐྱེན་སྲེད་པ་ནི་ལམ་


JLD014_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཟད་པར་སྤངས་པས་ས་བོན་མེད་པའི་ཕྱིར་ཡང་སྲིད་ཕྱི་མ་མི་ལེན་པ་ཉིད་དོ། །ཞེས་ངེས་པ་ཉིད་དེ་ཞེ་ན། ཁྱོད་དགྲ་བཅོམ་པར་འདོད་པའི་གང་ཟག་དེའི་རྒྱུད་ཀྱི་སྲེད་པ་འདི་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་མིན་ཡང་མངོན་པ་ནས་ཀུན་རྨོངས་པ་རིག་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འདོད་པ་བཞིན་དུ་སྲེད་པ་ལའང་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་པ་ཞིག་དང་མིན་པ་ཞིག་ཀྱང་ཅི་སྟེ་མེད་དེ་འདོད་དགོས་སོ། །གཞུང་དེས་ནི། སྡེ་པ་གཉིས་དང་ཐེག་ཆེན་པ་ལ་ཐུན་མོང་དུ་གྲགས་པ་ལྟར་གྱི་ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཡོད་པར་སྟོན་གྱི། རང་ལུགས་ཀྱི་སྲེད་པ་ལ་ཉོན་མོངས་ཅན་ཡིན་མིན་གཉིས་སུ་འདོད་པ་གཏན་མིན་པར་ཤེས་པར་བྱའོ། །དེས་ན་གང་ཟག་རང་རྐྱང་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་བ་རེ་ཞིག་སྤངས་ཀྱང༌། གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་པ་ཡིན་པས། སྔར་བཤད་པའི་མངོན་གྱུར་སྤངས་པ་ལ་ནི། བཤད་མ་ཐག་པའི་འཇིག་ལྟ་དང་སྲེད་པ་མངོན་གྱུར་བའང་མི་ལྡོག་གོ །གལ་ཏེ་ལུགས་དེ་གཉིས་ཀའི་ཉོན་མོངས་མངོན་གྱུར་བ་སྤངས་ན། གཉིས་ཀའི་ས་བོན་མ་སྤངས་པར་ནི་འདྲ་ལ། མངོན་གྱུར་ཡོད་མེད་ལ་ཁྱད་པར་མ་བྱུང་ན། སྲེད་པ་ལ་ཁྱད་པར་ཕྱེ་བ་དོན་མེད་དོ། །སྟོང་ཉིད་མ་རྟོགས་པའི་གང་ཟག་དེ་དག་ལ་ཚོར་བ་ལ་བདེན་འཛིན་གྱི་མ་རིག་པ་ཅུང་ཟད་ཀྱང་མ་སྤངས་པས་ཚོར་བའི་རྐྱེན་གྱིས་


JLD014_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་བདེ་བ་ལ་མི་འབྲལ་བར་སྲེད་པ་དང་། སྡུག་བསྔལ་ལ་འབྲལ་འདོད་ཀྱི་སྲེད་པ་ངེས་པར་སྐྱེ་བ་ཡིན་ལ་ཚོར་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པ་ཁྱོད་དགྲ་བཅོམ་དུ་འདོད་པ་དེ་དག་ལའང་ཡོད་པའི་ཕྱིར། དངོས་པོ་ལ་བདེན་པར་དམིགས་པ་དང་ནི་བཅས་པའི་སེམས་གང་ཟག་འགའ་ཞིག་གི་རྒྱུད་ལ་ནི་མངོན་གྱུར་དུ་གནས་པར་འགྱུར་བ་དེ་སྲིད་དུ་དེས་དྲངས་པའི་སྲེད་པ་མངོན་གྱུར་ཡང་ལྡོག་པ་མི་སྲིད་དོ། །བཞི་པ་ནི། གང་ཟག་དང་ཕུང་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་ཉིད་དུ་རྟོགས་པ་དང་ནི་བྲལ་བའི་སེམས་ལ་ཉོན་མོངས་མངོན་གྱུར་བ་རེ་ཞིག་འགགས་པ་ཡིན་དུ་ཟིན་ཀྱང་སླར་ཡང་མངོན་གྱུར་དུ་སྐྱེ་བར་འགྱུར་ཏེ་འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་པ་བཞིན་ནོ། །དེས་ན་ཐམས་ཅད་མཁྱེན་པར་མ་ཟད་དགྲ་བཅོམ་པའི་འབྲས་བུ་ཙམ་ཐོབ་པར་འདོད་པ་ལའང་དགག་བྱ་ཕྲ་མོ་བཀག་པའི་སྟོང་ཉིད་བསྒོམ་པར་བྱ་བར་ངེས་པར་འདོད་པར་བྱའོ། །རྩེགས་དབང་ཕྱུག་སེང་གེ་ལ་སོགས་པས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པ་སྤྱོད་འཇུག་གི་དགོངས་པར་བྱེད་པ་དང༌། ཚོར་བའི་རྐྱེན་གྱིས་ཞེས་པ་ལ། རྒྱུས་འབྲས་བུ་དཔོག་པ་ཁྱབ་པ་མ་ངས་ཞེས་སྐྱོན་འཛིན་པ་ནི་ཕྱོགས་སྔའི་ནམ་མ་ལངས་ཤིང་ཚོགས་པར་དབྱུང་དུ་མི་རུང་བའི་གཏམ་མོ། །གང་ཟག་དང་ཕུང་པོ་བདེན་འཛིན་ཉོན་མོངས་སུ་འདོད་པ་སློབ་དཔོན་འདིའི་ཡང་བཞེད་པ་ཡིན་ཏེ། རྒྱས་པར་ཤེས་འདོད་ན་རྗེ་ཉིད་ཀྱིས་


JLD014_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་ཆེན་མོ་ལས་ཤེས་པར་བྱའོ། །གཞུང་འདིའི་མཇུག་ཏུ་ངག་གང་མདོ་སྡེ་ལ་ཞེས་སོགས་ཤློ་ཀ་གསུམ་འདུག་པ་ཐེག་ཆེན་བཀར་སྒྲུབ་པའི་རིགས་པ་སྟོན་འདོད་པར་འདུག་པ་ལ་བསྟན་རྩ་དགེ་སློང་ཞེས་སོགས་ཀྱི་གོང་དུ་འོད་རྒྱུར་འདུག་པ་ལ། འཇུག་སའི་སྐབས་ཀྱང་མ་ཤེས་ཤིང་སློབ་དཔོན་གྱི་གཞུང་མིན་ནོ་ཞེས་འགྲེལ་ཆེན་མཁན་པོ་འཆད་དོ། །གང་ལྟར་ཡང་དོན་ནི་ངག་གང་ལྷག་པ་སེམས་ཀྱི་བསླབ་པ་སྟོན་པས། མདོ་སྡེ་ལ་འདུག །ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་འདུལ་བ་ལ་སྣང༌། ཤེས་རབ་ཀྱི་བསླབ་པ་སྟོན་པས་མངོན་པ་དང་མི་འགལ་བ་དེ་སངས་རྒྱས་ཀྱི་གསུང་དུ་འདོད་ན། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་དུའང་བསླབ་པ་གསུམ་སྟོན་པས་དེ་སངས་རྒྱས་ཀྱི་བཀར་ཅིའི་ཕྱིར་མི་འདོད། །ཁྱོད་ཀྱིས་བཀའི་མཚན་ཉིད་བཞག་པ་དེ་ཚང་བར་མ་རྟོགས་པའི་མདོ་གཅིག་རྒྱུ་མཚན་དུ་བྱས་ནས། ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་སྐྱོན་ཅན་དུ་ཁས་ལེན་ན། ཁྱོད་འདོད་པའི་བཀའི་མཚན་ཉིད་ཚང་བའི་ཐེག་དམན་གྱི་མདོ་སྡེ་གཅིག་མཐོང་བས་ཁྱོད་མདོ་སྡེར་འདོད་པ་དང་མཚན་ཉིད་མཚུངས་པས་ཐེག་ཆེན་གྱི་མདོ་སྡེ་ཐམས་ཅད་རྒྱལ་བས་གསུངས་པར་ཅིའི་ཕྱིར་མི་འདོད། ཡུམ་རྒྱས་པ་སོགས་བཀའ་ཡིན་ན། འོད་སྲུངས་ཆེན་པོ་ལ་སོགས་པས་དེའི་བརྗོད་བྱ་རྟོགས་རིགས་པ་ལ་མ་རྟོགས་པས་བཀའ་མིན་ནོ་ཞེ་ན། འོད་སྲུང་ཆེན་པོ་ལ་སོགས་པས་གཏིང་དཔག་དཀའ་བར་འདོད་པའི་ཤིན་ཏུ་ཟབ་པ་དེ་ཁྱོད་ཀྱིས་


JLD014_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྟོགས་པ་རྒྱུ་མཚན་དུ་བྱས་ནས་བཀར་གཟུང་བྱ་མིན་པར་སུ་ཞིག་བྱེད་དེ་བྱེད་པར་མི་རིགས་སོ་ཞེས་པའི་དོན་ནོ། །གཉིས་པ་ནི། མི་གནས་པའི་མྱང་འདས་འགྲུབ་པ་ངེས་པར་སྟོང་ཉིད་རྟོགས་པ་ལ་རག་ལས་ཏེ། གང་ཟག་དང་ཕུང་པོ་ལ་བདེན་པར་རྨོངས་པས་འཁོར་བར་འཁོར་བའི་སེམས་ཅན་སྡུག་བསྔལ་ཅན་རྣམས་ཀྱི་དོན་དུ་སོ་སོ་སྐྱེ་བོ་རྣམས་ལྟར་ཕུང་པོ་ལ་བདེན་པར་ཆགས་པས་ལས་ཉོན་གྱི་དབང་གིས་འཁོར་བར་འཁོར་བའི་རྟག་མཐར་ལྟུང་བ་དང་ཉན་རང་རྣམས་ལྟར་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྲིད་པར་སྐྱེ་བ་ཙམ་ཆད་པ་ལས་བྱུང་བའི་མྱང་འདས་ཐོབ་བྱར་བྱེད་པའི་ཆད་མཐར་ལྷུང་བའི་མཐའ་གཉིས་ཀ་ལས་གྲོལ་བར་བྱང་སེམས་འཕགས་པ་རྣམས་སྙིང་རྗེའི་དབང་གིས་འཁོར་བར་གནས་པ་འགྲུབ་པར་འགྱུར་བ་འདི་ནི་སྟོང་ཉིད་རྟོགས་པའི་འབྲས་བུ་ཡིན་ཏེ། སྟོང་ཉིད་རྟོགས་པ་དང་བྲལ་ན་སྙིང་རྗེའི་དབང་གིས་འཁོར་བར་གནས་སུ་ཟིན་ཀྱང་འཁོར་བའི་སྡུག་བསྔལ་རང་མཚན་པ་ཉམས་སུ་མྱོང་ནས་དེས་སུན་ནས་ཆད་པའི་མཐར་ལྷུང་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། དེས་ན་སྔར་བཤད་པ་དེ་ལྟར་སྟོང་པ་ཉིད་ཀྱི་ཕྱོགས་ལ་སུན་འབྱིན་པ་ནི་འཐད་པ་མ་ཡིན་ཏེ། འོག་ནས་འཆད་པའི་རིགས་པ་རྣམས་ཀྱིས་ཀྱང་གནོད་པའི་ཕྱིར་རོ། །དེས་ན་ཉན་རང་གི་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཐེ་ཚོམ་མི་ཟ་བར་སྟོང་བ་ཉིད་ནི་བསྒོམ་པར་བྱ་སྟེ་བདེན་འཛིན་འཁོར་བའི་རྩ་བར་གྱུར་


JLD014_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉོན་མོངས་ཅན་གྱི་མ་རིག་པ་ཡིན་ལ། དེའི་ཞེན་ཡུལ་སུན་མ་ཕྱུང་བར་ཐར་པ་ཐོབ་པ་མི་སྲིད་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་མུན་པའི་གཉེན་པོའང་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་པས་མྱུར་དུ་སྒྲིབ་པ་གཉིས་ཟད་པའི་ཐམས་ཅད་མཁྱེན་པ་འདོད་པས་སྟོང་ཉིད་དེ་ནི་ཇི་ལྟར་སྒོམ་མི་བྱེད་དེ་དེ་དང་བྲལ་ན་ཉོན་སྒྲིབ་ཀྱི་ས་བོན་ཡང་སྤོང་མི་ནུས་སོ། །ཤེས་སྒྲིབ་ཀྱི་ས་བོན་ནི་ཉོན་མོངས་པའི་བག་ཆགས་མཐར་ཐུག་པ་དང་མངོན་གྱུར་ནི་དངོས་པོ་བདེན་པར་སྣང་བའི་སྣང་ཆ་སོགས་ཡིན་གྱི་བདེན་པར་སྣང་ན་ཤེས་སྒྲིབ་ཡིན་པས་ཁྱབ་པ་སོགས་བྱར་མི་རུང་ངོ༌། །དོན་བསྡུ་བ་ནི། སྟོང་པ་ཉིད་ཀྱི་དོན་ལ་སྐྲག་པས་དེ་སྒོམ་པར་མི་བྱེད་དོ་ཞེ༌ན། བདེན་འཛིན་གྱི་དངོས་པོ་གང་འཁོར་བའི་སྡུག་བསྔལ་བསྐྱེད་པའི་གཙོ་བོ་བྱེད་པ་དེ་ལ་འཇིགས་ཤིང་སྐྲག་པ་སྐྱེ་བར་འགྱུར་རིགས་ན་སྟོང་ཉིད་རྟོགས་པའི་ཤེས་རབ་འཁོར་བའི་སྡུག་བསྔལ་ཞི་བར་བྱེད་པ་དེ་ལ་འཇིགས་པ་ཇི་ལྟར་སྐྱེ་སྟེ་འཇིགས་པར་མི་རིགས་ཏེ། དེ་འཇིགས་པ་ཟད་བྱེད་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་འགའ་རང་བཞིན་གྱི་གྲུབ་པ་ཡོད་ན་ནི་དེར་ཞེན་པ་ལས་ཡུལ་ཅིའང་རུང་བ་ལས་འཇིགས་པ་སྐྱེ་རིགས་པར་འགྱུར་ན་བདག་ཉིད་འགའ་ཡང་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མིན་པས་འཇིགས་པར་འགྱུར་བ་པོ་དེ་སུ་ཞིག་ཡིན་ཏེ་རང་བཞིན་སེམས་པའི་བློས་ཁ་ནང་དུ་ལོག་ལ་སོགས་ཤིག་དང༌། བདག་མེད་པ་ཁོང་དུ་ཆུད་ནས་འཇིགས་པ་མཐའ་དག་ལས་གྲོལ་བར་


JLD014_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཡིན་ནོ། །གསུམ་པ་སྟོང་ཉིད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པ་ལ། གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་དང༌། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་རྒྱས་པར་བཤད་པའོ། །དང་པོ་ལ། ལྷན་སྐྱེས་ཀྱི་བདག་འཛིན་གྱི་ཞེན་ཡུལ་དགག་པ་དང༌། ཀུན་བརྟགས་ཀྱི་བདག་དགག་པ་དང༌། བཀག་པ་ལ་རྩོད་པ་སྤང་བའོ། །དང་པོ་ནི། སོ་དང་སེན་མོ་སོགས་བདག་ཡིན་པ་འགོག་པ་ནི་འཁོར་བ་ལས་གྲོལ་བའི་དོན་དུ་ཡིན་ན་སེམས་ཅན་རྣམས་ལ་དེ་དག་ང་ཡི་བར་འཛིན་པ་ཡོད་ཀྱི་ངར་འཛིན་པ་མེད་པས་མི་རིགས་སོ། ཞེ་ན། འདི་ནི་མདོ་ལས། གཟུགས་བདག་མ་ཡིན་པར་གསུངས་པ་སོགས་དང་དོན་གཅིག་པས། འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་རྣམ་གཉིས་ཀྱི་དམིགས་པ་ནི། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་ང་ཙམ་དང་ང་ཡི་བའི་རང་ལྡོག་ཙམ་ཡིན་ལ། དེ་ལ་འཇིག་ལྟས་ང་དང་ང་ཡི་བ་རང་གི་མཚན་ཉིད་ཀྱི་གྲུབ་པར་ཞེན་པ་ཡིན་པས་ང་རང་གི་མཚན་ཉིད་ཀྱིས་གྲུབ་ན། །དེའི་མཚན་གཞིར་ཕུང་པོའི་ཚོགས་པ་དང་རྒྱུན་དང་དེའི་ཡ་གྱལ་དང་ཆ་ཤས་དང༌། དེ་རྣམས་ལས་ངོ་བོ་ཐ་དད་པ་གང་རུང་ཞིག་ངའི་མཚན་གཞིར་བསྒྲུབ་དགོས་པ་ལ། དེ་རྣམས་དེ་ལྟར་མ་གྲུབ་པའི་ཕྱིར་ཞེས་འཆད་པ་ཡིན་ནོ། །ཕུང་པོའི་ཡ་གྱལ་བདག་གི་མཚན་གཞི་ཡིན་པ་འགོག་པ་ནི། སོ་དང་སྐྲ་སེན་བདག་མ་ཡིན་བདག་གི་མཚན་གཞི་ནི་རུས་པ་དང་ཁྲག་


JLD014_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་སྣབས་མ་ཡིན་པད་ཀན་མ་ཡིན་ཏེ་དེ་དག་ལ་བདག་ཏུ་བཏགས་པ་ཙམ་དུ་ཟད་པའི་ཕྱིར། ཆུ་སེར་དང་ནི་རྣག་ཀྱང་ངའི་མཚན་གཞི་མིན་བདག་གི་མཚན་གཞི་ནི་ཞག་དང་རྡུལ་མིན་ཏེ་རྒྱུ་མཚན་སྔ་མའོ། །གློ་མཆིན་དག་ཀྱང་བདག་གི་མཚན་གཞི་མ་ཡིན་ལ་རྒྱུ་མ་ལ་སོགས་པའི་ནང་ཁྲོལ་གཞན་ཡང་བདག་གི་མཚན་གཞི་མིན་ཏེ། བདག་ནི་ཕྱི་ས་གཅིན་མ་ཡིན། ཤ་དང་པགས་པ་བདག་མིན་ཏེ། དེ་དག་ལ་བཏགས་པ་ཙམ་དུ་ཟད་པའི་ཕྱིར་རོ། །དྲོད་དང་རླུང་ཡང་བདག་མ་ཡིན། །ལུས་ཀྱི་ནང་གི་བུ་ག་སོགས་ཀྱང་བདག་མ་ཡིན་ཏེ་གོ་བར་ཟད་དོ། །དེ་དག་གི་དོན་བསྡུས་ན། རང་སྡེ་དངོས་པོར་སྨྲ་བ་རྣམས་གང་ཟག་གི་མཚན་གཞིར་ཕུང་པོ་འཛིན་ལ། ཕྱི་རོལ་པ་རྣམས་གང་ཟག་རྗེ་བོ་དང་ཕུང་པོ་ཁོལ་པོ་བཞིན་དུ་ཕུང་པོ་ལས་དོན་གཞན་པའི་བདག་ཁས་ལེན་པ་ཡིན་ནོ། །འདིར་བསྟན་པ་འདི་དག་ནི། དབུ་མ་རིན་ཆེན་ཕྲེང་བ་ལས། ཁམས་དྲུག་གང་ཟག་ཡིན་པ་བཀག་པ་དང་དོན་གཅིག་པས་བུ་ག་མིན་ཞེས་པ་ནི། ནམ་མཁའི་ཁམས་གང་ཟག་ཡིན་པ་བཀག་པ་ཡིན་ནོ། །དེས་ན་ཐ་སྙད་དུའང་ཕུང་པོའི་ཚོགས་པ་དང༌། རྒྱུན་དང་ཡ་གྱལ་དང་ཆ་ཤས་གང་ཡང་གང་ཟག་གི་མཚན་གཞིར་བཟུང་དུ་མི་རུང་ལ། དེ་རྣམས་ལས་ངོ་བོ་ཐ་དད་པ་གཞན་ཡང་གང་ཟག་ཏུ་བཞག་ཏུ་མེད་དེ། དེ་དག་ལ་བརྟེན་ནས་གང་ཟག་ཏུ་བཏགས་པ་ཙམ་དུ་ཟད་པས་སོ། འོ་ན། གང་ཟག་ཅུང་ཟད་ཀྱང་བཞག་ཏུ་མེད་པར་འགྱུར་རོ་ཞེ་ན། ཁྱོད་ལ་ལྷས་བྱིན་དང་མཆོད་སྦྱིན་སོགས་མ་དཔྱད་པར་


JLD014_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་འདིས་མི་ཆོག་གམ། གང་ཟག་ཅེས་པའི་ཐ་སྙད་འཇུག་པའི་གཞི། གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་འདོད་ན་ནི། རྟག་ཆད་ཀྱི་མཐར་ལྟུང་བར་འགྱུར་བས་དེ་རྡུལ་ཙམ་ཡང་མེད་པར་ཤེས་པར་བྱའོ། །གཉིས་པ་ལ། གྲངས་ཅན་བདག་ཤེས་པར་འདོད་པ་དགག་པ་དང༌། བྱེ་བྲག་པ་བདག་བེམ་པོར་འདོད་པ་དགག་པའོ། །ཕྱི་རོལ་པའི་བདག་རྫས་གྲུབ་ཁས་ལེན་པའི་གསལ་བའི་དབྱེ་བ་མཐའ་ཡས་ཀྱང༌། དེ་རྣམས་བེམ་རིག་གང་རུང་ཞིག་ཏུ་འདོད་པས་འདི་གཉིས་བཀག་པས་གཞན་རྣམས་ཀྱང་འགོག་ནུས་པར་དགོངས་ནས་གཉིས་པོ་དགག་པ་འདིར་གསུངས་སོ། །དང་པོ་ལ། བཀག་པ་དངོས་དང༌། དེའི་ལན་དགག་པའོ། །དང་པོ་ནི། གྲངས་ཅན་ཤེས་བྱ་ཉི་ཤུ་རྩ་ལྔར་གྲངས་ངེས་པ་ལ། གཙོ་བོ་སོགས་ཉེར་བཞི་བེམ་པོ་དང༌། ཉེར་ལྔ་པ་ཤེས་པ་དང་རིག་པ་དང་མྱོང་བ་དང་སེམས་པ་ཅན་དུ་གྱུར་པའི་བདག་ཏུ་འདོད་ལ་གཙོ་བོས་རྣམ་འགྱུར་རྣམ་བྱེད་ཤེས་ཀྱང་ལོངས་སྤྱོད་མི་ཤེས་ལ། ཤེས་རིག་གི་སྐྱེས་བུས་ཡུལ་ལོངས་སྤྱོད་ཤེས་ཀྱང་བྱེད་མི་ཤེས་པའི་རྟག་དངོས་སུ་འདོད་ལ། ལོངས་སྤྱོད་པའི་ཚེ། བློ་དང་ཆེན་པོ་ཞེས་པ་དེ་ལ་ཕྱི་ནས་སྒྲ་སོགས་དེ་ཙམ་ལྔ་ཡང་སྣང༌། ནང་ནས་སྐྱེས་བུའང་སྣང་ནས་ལོངས་སྤྱོད་ཅིང༌། བློས་ལོངས་སྤྱད་བྱ་དང་སྤྱོད་བྱེད་གཅིག་ཏུ་ཞེན་པར་བྱས་པ་ལས་འཁོར་བར་འདོད་དོ། །འདིར་ཞིབ་ཏུ་མ་སྤྲོས་ཤིང་འདི་དག་གི་རྣམ་གཞག་གཞན་དུ་ཤེས་པར་བྱ་སྟེ། གྲངས་ཅན་གྱི་ལུགས་འདི་


JLD014_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མིང་གཞན་བཏགས་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཀྱི་དགོངས་པར་འདོད་པ་དུ་མ་སྣང་བའི་ཕྱིར་རོ། །སྒྲ་དང་ཤེས་པ་རྟག་པར་འདོད་མི་འདོད་མི་བཞི་འོང་ཡང་གྲངས་ཅན་གཉིས་ཀ་རྟག་པར་འདོད་པ་ཡིན་ནོ། །གལ་ཏེ་སྒྲ་དང་སྒྲ་སོགས་དེ་ཙམ་ལྔ་ལ་ལོངས་སྤྱོད་པའི་ཤེས་རིག་གི་སྐྱེས་བུ་རྟག་དངོས་ཡིན་ན་སྐྱེས་བུ་དེས་སྒྲ་ཡོད་མེད་ཀྱི་དུས་ཐམས་ཅད་ཀྱི་ཚེ་ན་སྒྲ་གཟུང་དོན་དུ་བྱས་ནས་འཛིན་པར་འགྱུར་བར་ཐལ། དེ་གཟུང་དོན་དུ་བྱས་ནས་འཛིན་པའི་རྟག་པ་ཡིན་པའི་ཕྱིར། འདོད་མི་རིགས་པ་ཐལ། ཡུལ་ཤེས་བྱ་མེད་ན་ཅི་ཞིག་རིག་ནས་ཡུལ་གང་གི་ཡུལ་ཅན་ཤེས་པ་ཞེས་པར་རྗོད་པར་བྱེད་དེ་བརྗོད་མི་རིགས་པའི་ཕྱིར། རྟགས་མ་གྲུབ་སྟེ། སྒྲ་མ་གྲུབ་ཀྱང་དེར་འཛིན་གྱི་ཤེས་པ་རྟག་པར་ཡོད་དོ་ཞེ་ན། ཤིང་ཡང་ཤེས་པར་ཐལ་བར་འགྱུར་ཏེ། ཤེས་བྱ་མེད་པའི་ཤེས་པ་ཁས་བླངས་པས་ཆོག་པའི་ཕྱིར། དེས་ན་ཤེས་བྱ་སྒྲ་སོགས་ཉེ་བར་གནས་པ་མེད་པར་ཤེས་པ་མེད་ཅེས་ངེས་ཏེ་དེ་མེད་ན་ཤེས་པར་འཇོག་བྱེད་མེད་པས་སྐྱེས་བུས་སྒྲ་མི་འཛིན་པའི་དུས་མེད་པར་ཁས་བླངས་དགོས་སོ། །གཉིས་པ་ནི། ཤེས་བྱ་མེད་པའི་ཤེས་པ་ཡོད་པར་ཐལ་བའི་སྐྱོན་མེད་དེ། སྒྲ་མེད་པ་དེའི་ཚེ་སྐྱེས་བུ་རྟག་པ་དེ་ཉིད་ཀྱིས་ནི་གཟུགས་གཟུང་དོན་དུ་བྱས་ནས་ཤེས་སོ་ཞེ་ན། སྐྱེས་བུ་ཆོས་ཅན། གཟུགས་གཟུང་དོན་དུ་བྱས་ནས་འཛིན་པ་དེའི་ཚེ་སྒྲ་ཐོས་པའང་ཇི་སྟེ་མིན་ཏེ་ཐོས་པར་ཐལ། དེ་ཙམ་ལྔ་ལ་ཉེ་རིང་མེད་པར་ལོངས་སྤྱོད་པའི་རྟག་པ་ཡིན་པའི་ཕྱིར། གལ་ཏེ་གཟུགས་ཤེས་པ་དེའི་ཚེ་སྒྲ་ནི་


JLD014_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་གནས་པ་མེད་པས་སྒྲ་མི་ཤེས་པ་ཡིན་ནོ་ཞེ་ན་ཡུལ་སྒྲ་མེད་པ་དེས་ན་སྒྲ་དེའི་ཡུལ་ཅན་ཤེས་པའང་མེད་པར་འགྱུར་ལ། འདོད་ན་སྐྱེ་བུ་རྟགས་ཁྱབ་ཏུ་འདོད་པ་ཉམས་སོ། །གཞན་ཡང་སྒྲ་འཛིན་ཤེས་པའི་རང་བཞིན་གང་ཡིན་པ་དེ་གཟུང་འཛིན་ཤེས་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་གཉིས་རྣམ་པ་ལེགས་པར་འགལ་པའི་ཕྱིར། སྐྱེས་བུ་གཅིག་ལྟོས་ས་ཐ་དད་ལ་བལྟོས་ནས་ཕ་དང་བུར་འཇོག་པ་བཞིན་དུ་རྣམ་འགྱུར་དང་རང་བཞིན་ལ་བལྟོས་ནས་གཟུགས་འཛིན་པའི་ཚེ་སྒྲའི་རྣམ་པར་འགྱུར་བ་མེད་ཀྱང་སྒྲའི་རང་བཞིན་ཡོད་དེ། གཟུགས་སྒྲ་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར། དེའི་ཚེའང་སྒྲའི་ཡུལ་ཅན་དུ་འཇོག་གོ་ཞེ་ན། དེ་གཉིས་དཔེ་དོན་མི་མཚུངས་པར་ཐལ། སྐྱེས་བུ་གཅིག་ནི་ལྟོས་ས་ཐ་དད་ལ་བལྟོས་ནས་ཕ་དང་བུ་ཉིད་དུ་བཏགས་པ་ཡིན་གྱི་ཡང་དག་ཉིད་དུ་གྲུབ་པ་མིན་ཡང་ཁྱོད་ཀྱིས་དེ་དག་གི་རང་བཞིན་དོན་དམ་པར་གྲུབ་པར་ཁས་བླངས་པའི་ཕྱིར། འདི་ལྟར་སྙིང་སྟོབས་དང་རྡུལ་དང་ནི་མུན་པ་གསུམ་ཆ་མཉམ་པ་གཙོ་བོ་དང་རང་བཞིན་དང་དོན་དམ་པའི་བདེན་པར་ཁྱོད་ཀྱིས་ཁས་བླངས་ལ། བུའི་གནས་སྐབས་ཀྱི་རང་བཞིན་དེ་ཉིད་བུ་མིན་པའི་གནས་སྐབས་ཀྱི་རང་བཞིན་དེ་ཉིད་ཕའང་མིན་ཏེ། གྲངས་ཅན་གྱིས། ཡོན་ཏན་རྣམས་ཀྱི་རང་བཞིན་མཆོག །མཐོང་བའི་ལམ་དུ་འགྲོ་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་ཏེ། སྒྱུ་མ་ལྟ་བུར་ཤིན་ཏུ་གསོག །ཅེས་རང་བཞིན་ནམ་


JLD014_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མཐོང་བའི་ལམ་དུ་མི་འགྲོ་ཞིང་དངོས་སུ་མཐོང་བའི་ཕ་དང་བུ་ལ་སོགས་པ་བརྫུན་པར་ཁས་བླངས་པའི་ཕྱིར་དེ་ལྟ་ན། ཕ་དེ་ཉིད་བུ་དང་བུ་དེ་ཉིད་ཕར་ཡང་འགྱུར་ཏེ། ཕ་བུ་གཉིས་ཀྱི་རང་བཞིན་གཅིག་ཡིན་པའི་ཕྱིར། དེས་ན་ཕ་དང་བུའི་རང་བཞིན་གཅིག་ཏུ་ཁས་བླངས་པས་ལྟོས་ས་ལ་བལྟོས་ནས་ཀྱང་གནས་སྐབས་སོ་སོར་བཞག་ས་མེད་པས་སོ། །གཞན་ཡང་གཟུགས་འཛིན་དེ་ནི་ཆོས་ཅན། །སྒྲ་འཛིན་པ་དང་ལྡན་པའི་རང་བཞིན་དུ་མེད་དེ། །དེར་ཡོད་ན་ནི་ཚད་མས་མཐོང་དགོས་པ་ལ་མཐོང་བ་མ་ཡིན་པའི་ཕྱིར་རོ། །གོས་ལ་སོགས་པའི་ཆ་བྱད་སྔ་མ་བཏང་ནས་ཕྱི་མ་ལེན་པའི་གར་མཁན་ལྟ་བུར་གཟུང་འཛིན་གྱི་ཚུལ་ཏེ་རྣམ་འགྱུར་གཞན་གྱིས་སྒྲ་འཛིན་དེ་ཉིད་མཐོང་བ་ཡིན་ཞེ་ན། འོ་ན་ཤེས་རིག་དེ་རྟག་དངོས་མིན་པར་ཐལ། ཚུལ་ལུགས་གཞན་བཏང་ནས་གཞན་ལེན་པའི་ཕྱིར། གལ་ཏེ་སྒྲ་འཛིན་ལས་ཚུལ་གཞན་གཟུང་འཛིན་དེ་ཉིད་སྒྲ་འཛིན་དང་རང་བཞིན་གཅིག་ཡིན་པས་སྐྱོན་མེད་དོ་ཞེ་ན། དེའི་རང་བཞིན་གཅིག་ཉིད་དེ་ནི་སྔོན་མེད་ཅིག་སྟེ་སོ་སོ་ཐ་དད་པ་ཁོ་ནར་གནས་པའི་ཕྱིར། ཡང་ན་ཕྱིས་ཀྱི་ཚུལ་དེ་ཉིད་སྔར་གྱིས་ཚུལ་དེ་ཉིད་དུ་ཁས་ལེན་མི་རིགས་པར་ཐལ། ཕྱིས་ཀྱི་གཅིག་པུ་དེ་ནི་སྔོན་མེད་པ་གཅིག་ཡིན་པའི་ཕྱིར། འགྲེལ་ཆེན་གྱི་གཅིག་པུ་དེ་ཉིད་ཕྱིས་གཞན་སྐྱེས་པའི་ཚེའང་གཅིག་པུ་དེ་ཉིད་ཡིན་ན་དེ་འདྲའི་གཅིག་སྔོན་མེད་ཅིག་སྟེ། ཕན་ཚུལ་འགལ་བ་གཅིག་ཏུ་ཁས་བླངས་པའི་ཕྱིར་ཞེས་འཆད་དོ། །གལ་ཏེ་ཚུལ་གཞན་དུ་སྣང་བ་དེ་སྣང་བ་ལྟར་བདེན་པ་


JLD014_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པས་སྐྱོན་མེད་དོ་ཞེ་ན། འོ་ན་ཤེས་པ་དེའི་རང་གི་རང་བཞིན་གཅིག་ཏུ་བདེན་པ་གང་ཡིན་པ་དེ་སྨྲོས་ཤིག་སྟེ་སྨྲས་མེད་པར་ཐལ། ཚུལ་གང་དུ་སྣང་བ་དེ་སྣང་བ་ལྟར་མི་བདེན་པར་ཁས་བླངས་པའི་ཕྱིར། ཤེས་རིག་གི་སྐྱེས་བུ་ཉིད་དུ་བདེན་པར་གྲུབ་པ་ཉིད་དོ་ཞེ་ན་དེ་ལྟ་ན་རྒྱུད་ཐ་དད་པའི་སྐྱེས་བུ་ཀུན་གཅིག་ཏུ་ཐལ་བར་འགྱུར་ཏེ་སྐྱེས་བུ་ཀུན་ཆ་མེད་ཀྱི་རྟགས་ཁྱབ་ཏུ་ཁས་བླངས་པའི་ཕྱིར། སེམས་པ་ཅན་ཤེས་རིག་དང་སེམས་མེད་བེམ་པོ་གཙོ་བོ་དེ་དག་ཀྱང་གཅིག་ཏུ་འགྱུར་བར་ཐལ། གང་གི་ཕྱིར་ན་ཆ་མེད་ཀྱི་རྟགས་ཁྱབ་ཏུ་ཡོད་པ་ཉིད་དུ་མཚུངས་པའི་ཕྱིར། ཡང་ན་ཡོད་པ་ཉིད་ཀྱི་རང་བཞིན་དུ་བདེན་པ་ཡིན་ནོ་ཞེས་པའི་ལན་དུ་སྦྱར་རོ། །གལ་ཏེ་རྣམ་འགྱུར་གྱི་བྱེ་བྲག་མི་འདྲ་བ་རྣམས་ཕྱིན་ཅི་ལོག་བརྫུན་པ་ཡིན་པ་དེའི་ཚེ་དེ་རྣམས་ཀྱིས་འདྲ་བའི་སྟེ་མཚུངས་པའི་རྟེན་སྤྱི་གཙོ་བོ་བདེན་པར་གྲུབ་པ་གང་ཡིན་པ་དེའང་མེད་པར་ཐལ། རྣམ་འགྱུར་རྣམས་བརྫུན་པའི་ཕྱིར་རོ། །གཉིས་པ་ནི། རིགས་པ་ཅན་པ་དང་བྱེ་བྲག་པ་གང་དག་བདག་སེམས་མེད་དང་བེམ་པོར་འདོད་པའང་བདག་མིན་ཏེ། སེམས་མེད་ཉིད་ཡིན་པའི་ཕྱིར། དཔེར་ན་བུམ་སོགས་བཞིན་ནོ། །འོན་ཏེ་བདག་རང་ཉིད་བེམ་པོ་ཡིན་ཡང་འདུ་འབྲེལ་གྲུབ་པའི་སྒོ་ནས་སེམས་དང་ལྡན་པའི་ཕྱིར་ཡུལ་ཤེས་པར་འཇོག་གོ་ཞེ་ན། འོ་ན་བདག་དེ་ཡུལ་སྔར་མི་ཤེས་པའི་རང་བཞིན་དུ་བདེན་པར་ཡོད་པ་དེ་འཇིག་པར་ཐལ། ཕྱིས་རྐྱེན་གཞན་གྱི་སྟོབས་ལས་ཡུལ་


JLD014_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཡིན་པའི་ཕྱིར། ཅི་སྟེ་བདག་ལ་འགྱུར་བ་ཅུང་ཟད་ཀྱང་མེད་པར་ཁས་བླངས་ན། སེམས་པས་བདག་དེ་ལ་བྱ་བ་ཅི་ཞིག་བྱས་ནས་ཡུལ་ཤེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། བདག་འགྱུར་མེད་དུ་ཁས་བླངས་པའི་ཕྱིར། དོན་བསྡུ་བ་ནི། དེ་ལྟར་བདག་དེ་ཤེས་པ་མེད་པ་དང་བྱ་བ་དང་བྲལ་བར་ཁས་བླངས་པས་ནམ་མཁའ་བདག་ཏུ་བྱས་པར་འགྱུར་བའི་ཕྱིར། དེ་འདྲའི་བདག་ཁས་བླངས་པ་ལ་དགོས་པ་མེད་དེ། ཕན་གནོད་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །གསུམ་པ་ལ། ལས་འབྲས་མི་འཐད་པར་ཐལ་བ་སྤངས་པ་དང༌། སྙིང་རྗེ་སྒོམ་པ་མི་འཐད་པར་ཐལ་བ་སྤང་བའོ། །དང་པོ་ལ། རྩོད་པ་དང༌། ལན་ནོ། །དང་པོ་ནི། གལ་ཏེ་བཅིངས་གྲོལ་ཀུན་གྱི་གཞིར་གྱུར་པའི་བདག་ནི་ཡོད་པ་མིན་པར་དངོས་པོ་ཐམས་ཅད་སྐད་ཅིག་གིས་སྐྱེ་འགག་བྱེད་པ་ཡིན་ན། དགེ་མི་དགེའི་ལས་དང་དེའི་འབྲས་བུའི་འབྲེལ་བ་རིགས་པ་མིན་ཏེ། དགེ་མི་དགེའི་ལས་བྱས་ནས་ནི་སྐད་ཅིག་གཉིས་པར་ཞིག་པས་ན་ཕྱིས་ལས་དེ་བྱེད་པ་པོ་སུའི་ལས་སུ་འགྱུར་ཏེ་འབྲས་བུ་མྱོང་བའི་དུས་དེར་བདག་སྟེ་ལས་བྱེད་པ་པོ་མེད་པར་ཡང་འུ་བུ་ཅག་གཉིས་ཀ་ལ་གྲུབ་པས་ལས་འབྲས་ཀྱི་འབྲེལ་པ་སྟོན་པའི་སྐབས་འདིར་ཁྱོད་ཀྱིས་བརྩད་པ་དོན་མེད་མ་


JLD014_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ། རྒྱུ་བྱེད་དུས་ན་འབྲས་བུ་མྱོང་བ་མེད། མྱོང་དུས་ན་ལས་བྱེད་པ་མེད་པར་ཁྱོད་ཀྱིས་ཀྱང་ཁས་བླངས་པའི་ཕྱིར། དེ་སྐྱོན་དུ་འགྱུར་ན་ཁྱོད་རང་ལའང་མཚུངས་པའི་ཕྱིར་དང༌། རྒྱུན་ལྡན་ཏེ་རྒྱུ་གསོག་དུས་ན་འབྲས་བུ་མྱོང་བ་དང་བཅས་ཞེས་མཐོང་བ་འདི་ནི་སྲིད་པ་མ་ཡིན་པའི་ཕྱིར་རོ། །འོ་ན་ཁྱོད་རང་གི་ལུགས་ཇི་ལྟར་ཡིན་ཞེ་ན། ཕུང་པོའི་རྒྱུན་གཅིག་ལ་ནི་བརྟེན་ནས་སུ་ལས་བྱེད་པ་པོ་དང་འབྲས་བུ་མྱོང་བ་པོ་ཞེས་བྱ་བར་བསྟན་པ་སྟེ་གདགས་སོ། །རྒྱུན་ཤེས་པ་ནི། ཆ་ཤས་སུ་གྱུར་པའི་སྐད་ཅིག་སྔ་ཕྱི་བར་གསུམ་ཉེ་བར་བླང་བྱར་ཡོད་པའི་ཆ་ཅན་ཉེ་བར་ལེན་པ་པོ་སྟེ། མདོར་ན། གང་ཟག་འདིས་ལས་ཀྱང་བྱས་འབྲས་བུའང་མྱོང་ཞེས་པ་འཐད་ཀྱི། རྒྱུ་འབྲས་དུས་གཅིག་པ་སུས་ཀྱང་བཞག་མི་ནུས་སོ། །འདས་པ་དང་མ་འོངས་པའི་སེམས་བདག་མིན་ཏེ། དེ་ནི་ཞིག་པ་དང་མ་སྐྱེས་པས་བདག་ཏུ་མེད་པའི་ཕྱིར། འོན་ཏེ་སྐྱེས་པའི་སེམས་ད་ལྟར་བ་བདག་ཡིན་ན་སྐད་ཅིག་གཉིས་པར་དེ་ཞིག་ནའང་ཁྱོད་འདོད་པའི་བདག་མེད་དེ། དཔེར་ན་ཆུ་ཤིང་སྡོང་བོ་དག་ཆ་ཤས་སུ་ཕྱེ་ནས་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་པ་དེ་བཞིན་དུ་རང་བཞིན་གྱིས་གྲུབ་མ་གྲུབ་རིགས་པས་རྣམ་པར་དཔྱད་པ་ཡིས་བཙལ་ན་བདག་ཀྱང་ཡང་དག་པར་གྲུབ་པ་མིན་ཏེ། འོག་ནས་འཆད་པའི་བདག་མེད་སྒྲུབ་པའི་རིགས་པས་གནོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སེམས་ཅན་རང་བཞིན་གྱིས་


JLD014_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་འགལ་ཡང་ཡོད་པ་མིན་ན་སུ་ལ་སྙིང་རྗེ་བསྒོམ་པར་བྱ་སྟེ་སྙིང་རྗེའི་དམིགས་ཡུལ་མེད་པའི་ཕྱིར་རོ་ཞེ་ན། སེམས་ཅན་རང་བཞིན་གྱིས་གྲུབ་པ་མེད་ན་སྙིང་རྗེའི་དམིགས་ཡུལ་མི་འཐད་པའི་སྐྱོན་མེད་པར་ཐལ། འབྲས་བུ་ཐར་པ་ཐོབ་པའི་དོན་དུ་ཁས་བླངས་པའི་རྨོངས་པས་བརྟགས་པ་གང་ཡིན་པའི་སེམས་ཅན་ཐ་སྙད་དུ་ཡོད་པ་དེ་སྙིང་རྗེའི་དམིགས་ཡུལ་དུ་འཐད་པའི་ཕྱིར། རྨོངས་པས་བརྟགས་པ་གང་ཟག་དང་ཆོས་ཀྱི་བདག་འཛིན་ལ་བྱས་ན་དེ་ལ་སེམས་ཅན་བདེན་པར་བརྟགས་པ་ཡིན་པས་དེས་བརྟགས་པ་ལྟར་དུ་གྲུབ་པ་བཀག་པས་སེམས་ཅན་མི་ཁེགས་ཏེ། དེ་བཀག་པས་སེམས་ཅན་བརྟགས་ཡོད་མིང་རྐྱང་དུ་གྲུབ་པའི་ཕྱིར་རོ། །ཡང་ན་རྨོངས་པ་མ་རིག་པ་ཙམ་ལ་བྱས་ནས་དེས་བརྟགས་པར་གྱུར་བའི་སེམས་ཅན་སྙིང་རྗེའི་དམིགས་ཡུལ་དུ་ཡོད་ཅེས་པའོ། །སེམས་ཅན་མེད་ན་སྙིང་རྗེ་གོམས་པའི་འབྲས་བུ་སངས་རྒྱས་དེ་གང་ཟག་སུའི་ཐོབ་བྱ་ཡིན་ཏེ། སྙིང་རྗེ་བསྒོམ་པ་ལ་འབྲས་བུ་མེད་པར་འགྱུར་རོ་ཞེ་ན། རྒྱུ་འབྲས་དེ་དག་བདེན་པར་མེད་པ་བདེན་ཏེ་འོན་ཀྱང་ཐ་སྙད་དུ་ཆོས་སུ་རྨོངས་པ་ལས་སྙིང་རྗེ་གོམས་པ་སོགས་མི་འགལ་བར་འདོད་དོ། །སེམས་ཅན་གྱི་སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ་རང་ཉིད་ཀྱིས་འབྲས་བུ་སངས་རྒྱས་ཐོབ་པའི་རྗེས་ཐོབ་ཀྱི་སྐབས་ཀྱི་ཉོན་མོངས་ཅན་མ་ཡིན་པའི་རྨོངས་པ་བཟློག་པར་མི་བྱ་སྟེ། རེ་ཞིག་ལ་བཟློག་མི་ནུས། མ་བཟློག་ཀྱང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ཀྱི་ཡན་ལག་འདིས་ནི་དེ་ཁོ་ནའི་དོན་ལ་རྨོངས་པ་ལ་སྦྱོར་ན་བདེན་


JLD014_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྨོངས་པ་སྟེ་བདེན་མེད་ཀྱི་ཁྱད་པར་དུ་མ་བྱས་པར་སེམས་ཅན་ཙམ་ལ་དམིགས་ནས་སྙིང་རྗེ་བསྒོམ་པའི་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པའི་སྙིང་རྗེ་སངས་རྒྱས་ཀྱི་རྒྱུར་འགྱུར་པར་བསྟན་པ་ལའང་སྦྱར་དུ་རུང་མོད། དེ་ལས་གཞན་དུ་དེ་ཉིད་རྟོགས་པ་མིན་པའི་སེམས་ཅན་ཙམ་ལ་དམིགས་པ་ལ་སོགས་པའི་ཀུན་རྫོབ་པ་རྣམས་བཟློག་བྱ་མིན་པའི་དོན་ནོ། །འོ་ན་སྔར། རྨོངས་པ་ཡུལ་དང་བཅས་པ་བཀག་པ་ཅི་ཡིན་ཞེ་ན། སྔར་འདིར་ནི་སྡུག་བསྔལ་རྒྱུར་གྱུར་བའི། ཞེས་པའི་སྐབས་སུ་བསྟན་པ་ལྟར། །འཁོར་བའི་སྡུག་བསྔལ་གྱི་རྒྱུའི་ང་རྒྱལ་ཏེ་ཉོན་མོངས་ཅན་གྱི་མ་རིག་པ་ནི་བདག་ཏུ་རྨོངས་པས་འཁོར་བའི་སྡུག་བསྔལ་འཕེལ་བར་འགྱུར་བས་དེ་བཟློག་དགོས་ཤིང་བཟློག་ནུས་པས་འགལ་བ་མེད་དོ། །ཁོ་ན་རེ། དེ་འདྲ་བའི་རྨོངས་པ་བཟློག་པ་དེ་ལས་ཀྱང་བདེན་འཛིན་བཟློག་པ་མེད་པ་སྟེ་བཟློག་མི་ནུས་ལ་ལན་ཅིག་བཟློག་ཀྱང་འཁོར་བའི་ཕུང་པོ་ལྟར་སླར་ཡང་འབྱུང་བས་གཏན་ཟད་དུ་འགྱུར་བ་མེད་དོ་ཞེ་ན། བདེན་འཛིན་བཟློག་མི་ནུས་པ་མ་ཡིན་ཏེ། དེ་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་པས། ཤིན་ཏུ་སྟོབས་ཆུང་ཞིང་དམན་ལ་བདག་མེད་བསྒོམ་པ་དེ་ལ་བལྟོས་ནས་མཆོག་ཡིན་པའི་ཕྱིར་ཏེ། དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡིན་པས། ཅིག་ཤོས་རྩ་བ་ནས་དྲུངས་འབྱིན་ནུས་པ་ཡིན་ནོ། །གཉིས་པ་ཆོས་ཀྱི་བདག་མེད་རྒྱས་པར་བཤད་པ་ལ། དྲན་པ་ཉེར་


JLD014_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་བཞིའི་སྒོ་ནས་ཆོས་ཀྱི་བདག་མེད་བཤད་པ་དང༌། བདེན་གཉིས་མི་འཐད་པའི་ཀླན་ཀ་སྤང་བ་དང༌། བདག་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་དགོད་པའོ། །དང་པོ་ལ། ལུས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་དང༌། ཚོར་པ་དྲན་པ་ཉེ་བར་བཞག་པ་དང༌། སེམས་དྲན་པ་ཉེ་བར་བཞག་པ་དང་། ཆོས་དྲན་པ་ཉེ་བར་བཞག་པ་བསྒོམ་པའོ། །དང་པོ་ལ། ཆ་ཅན་ལུས་རང་བཞིན་མེད་པར་གཏན་ལ་དབབ་པ་དང༌། ཆ་ཤས་ཡན་ལག་རྣམས་རང་བཞིན་མེད་པར་གཏན་ལ་དབབ་པ་དང༌། དེས་ན་རང་བཞིན་མེད་པའི་ལུས་རྨི་ལམ་ལྟ་བུ་ལ་ཆགས་པར་མི་རིགས་པ་དང༌། དེས་གང་ཟག་ཀྱང་རང་བཞིན་མེད་པར་གྲུབ་པའོ། །དང་པོ་ནི། ལུས་ནི་རང་བཞིན་གྱིས་གྲུབ་པ་མ་ཡིན་པར་ཐལ། །དེ་རང་བཞིན་གྱིས་གྲུབ་ན་ལུས་ཀྱི་ཡན་ལག་སོ་སོ་བ་དང༌། དེ་རྣམས་བསྡོམས་པའི་ཚོགས་པ་དང༌། དེ་རྣམས་ལ་ངོ་བོ་ཐ་དད་པ་གང་རུང་ཞིག་ལུས་ཀྱི་མཚན་གཞིར་རྙེད་དགོས་པ་ལ། དེ་མི་རྙེད་པའི་ཕྱིར། ཡན་ལག་ཐམས་ཅད་བསྡོམས་པའི་ཚོགས་པ་ལུས་ཡིན་མོད་དེ་ལ་དོགས་པ་ཅི་ཞིག་ཡོད་སྙམ་ན། ཚོགས་པ་ལ་བརྟེན་ནས་ལུས་སུ་བཏགས་པ་ཡིན་པས་ལུས་ཀྱི་ཡན་ལག་ཚོགས་པ་ལུས་སུ་མི་རིགས་ཏེ། དེ་ལྟ་མ་ཡིན་ན་མཐར་རྡུལ་ཕྲན་ཆ་མེད་ཀྱི་མཐར་ཐུག་པར་ཁས་ལེན་དགོས་པར་འགྱུར་རོ། །དེས་ན། ལུས་ཞེས་པའི་ཐ་སྙད་འཇུག་པའི་གཞི་ལུས་དེ་ཁོ་རང་གི་ངོས་ནས་ཇི་ལྟར་ཡོད་བཙལ་བའི་ཚེ་སྐྱེས་བུའི་རྐང་པ་དང་བྱིན་པ་སྐྱེས་བུའི་ལུས་མིན་ལ་བརླ་དང་རྐེད་པའང་


JLD014_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མ་ཡིན། ལྟོ་དང་རྒྱབ་ཀྱང་ལུས་མིན་ཏེ། དེ་དག་ལ་བརྟེན་ནས་སྐྱེས་བུའི་ལུས་སུ་བཏགས་པའི་ཕྱིར། བྲང་དང་དཔུང་པའང་ལུས་མ་ཡིན་ལ། །རྩིབ་ལོགས་དང་ལག་པའང་ལུས་མ་ཡིན། མཆན་ཁུང་དང་ཕྲག་པའང་ལུས་མ་ཡིན། །ནང་ཁྲོལ་རྣམས་ཀྱང་སྐྱེས་བུའི་ལུས་དེ་མིན་ལ་མགོ་དང་མགྲིན་པའང་སྐྱེས་བུའི་ལུས་མིན་ན་ཡག་ལག་འདི་རྣམས་ལས་སྐྱེས་བུའི་ལུས་ནི་གང་ཞིག་ཡིན་ཏེ་གང་ཡང་མ་ཡིན་ལ། དེ་རྣམས་ཚོགས་པ་དང༌། དེ་རྣམས་ལས་ངོ་བོ་ཐ་དད་པའང་སྐྱེས་བུའི་ལུས་མ་ཡིན་པས་ལུས་རང་བཞིན་གྱིས་གྲུབ་པ་མེད་དོ། །རགས་པའི་ལུས་ཡན་ལག་རྣམས་ལས་དོན་གཞན་པ་ཡོད་དོ་ཞེ་ན། གལ་ཏེ་ཡན་ལག་རྣམས་ལས་དོན་གཞན་པའི་རགས་པ་ཡན་ལག་ཅན་གྱི་ལུས་འདི་ཡན་ལག་ཐམས་ཅད་ལ་ཕྱོགས་རེ་ཡིས་ནི་སྟེ། ལག་པ་ལའང་ཆ་གཅིག་བྱིན་པ་ལའང་ཆ་གཅིག་སོགས་ཀྱི་གནས་པར་འགྱུར་རམ། འོན་ཏེ་ཆ་རེ་རེ་ལའང་ཆ་ཅན་ཏེ་མ་ཚང་བ་མེད་པར་ཐམས་ཅད་ཀྱིས་གནས། དང་པོ་ལྟར་ན། ཆ་ཅན་དེས་ལག་པ་སོགས་ལ་ཁྱབ་པའི་ཁོ་རང་གི་ཆ་རྣམས་ལག་པ་སོགས་ཀྱི་ཆ་ལ་གནས་པར་འགྱུར་མོད། ཆ་ལག་པ་ལྟ་བུ་དེ་རང་ཉིད་ནི་ཆ་གང་ལ་གནས་པ་དེ་ཐུག་མེད་དུ་འགྱུར་ཏེ། ལག་པ་ལྟ་བུ་དེའང་རང་གི་ཆ་སོར་མོ་སོགས་ལ་གནས་ལ། སོར་མོ་སོགས་ཀྱང་རང་གི་ཆ་ལ་གནས་པའི་ཕྱིར། གལ་ཏེ་ཡན་ལག་ཅན་ཆ་མེད་ཡིན་པས། ཆ་སོ་སོ་ཡན་ལག་


JLD014_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ལ་གནས་པ་མ་ཡིན་གྱི། །བརྟག་པ་ཕྱི་མ་ལྟར་བདག་ཉིད་ཀུན་གྱིས་ལུས་ཡན་ལག་ཅན་རྫོགས་པ་ལག་སོགས་ཆ་རེ་རེ་བ་རྣམས་ལའང་གནས་ན་ནི་ལག་སོགས་དེ་དག་ཇི་སྙེད་ཡོད་པའི་གྲངས་དེ་སྲིད་ཀྱི་ནི་ལུས་སུ་འགྱུར་བས་ཆ་ཐུག་པ་མེད་པའི་ཕྱིར་བརྫུན་པ་འབའ་ཞིག་ཏུ་འགྱུར་གྱི་བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དོན་བསྡུ་བ་ནི། དེ་ལྟར་རིགས་པས་བརྟགས་པ་ནི། སངས་རྒྱས་པ་འདོད་པའི་སྐྱེས་བུ་ཕྱི་དང་མུ་སྟེགས་པ་འདོད་པའི་ནང་གི་བྱེད་པའི་སྐྱེས་བུ་གང་ནའང་ལུས་རང་བཞིན་གྱིས་གྲུབ་པ་མེད་ལ་དེ་མེད་ན་ཇི་ལྟར་ལག་སོགས་ལ་ལུས་རང་བཞིན་གྱི་གྲུབ་པ་ཡོད་དེ་མེད་དོ། །ལག་སོགས་རྣམས་ལས་ངོ་བོ་གཞན་པའི་ལུས་མེད་ན་ལུས་དེ་ནི་ཇི་ལྟར་རང་བཞིན་གྱིས་གྲུབ་པ་ཡོད་པ་ཡིན་ཏེ་མེད་དོ། །ལུས་རང་བཞིན་གྱིས་མེད་ཀྱང་འཁྲུལ་བའི་རྒྱུ་ནི་དེས་ན་ལུས་རང་བཞིན་གྱིས་མེད་ཀྱང་དེ་ལྟར་འཁྲུལ་པའི་རྒྱུ་མཚན་ཡོད་དེ། ལུས་རང་བཞིན་གྱིས་མེད་ཀྱང་ལག་སོགས་ལ་བདེན་པར་རྨོངས་པ་ཡིས་ནི་ལུས་རང་བཞིན་གྱིས་གྲུབ་བོ་སྙམ་པའི་བློ་སྐྱེ་བར་འགྱུར་ཏེ་དཔེར་ན་མི་དང་འདྲ་བ་སོགས་ཀྱི་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་མཐོ་ཡོར་ལ་ནི་མིའི་བློ་སྐྱེ་བ་བཞིན་ནོ། །ཇི་སྲིད་མཐོ་ཡོར་དང་སྣང་བ་མི་གསལ་བ་སོགས་འཁྲུལ་པའི་རྐྱེན་ཚོགས་པ་དེ་སྲིད་དུ་ལུས་ནི་སྐྱེས་པ་སྟེ་མི་ལྟར་སྣང་བ་དེ་བཞིན་དུ་ཇི་སྲིད་ལག་སོགས་ལ་རང་གི་རྒྱུ་རྐྱེན་ཚོག་པ་དེ་ཡོད་པ་དེ་སྲིད་དུ་ཡན་ལག་ཡོད་པ་དེར་ལུས་སུ་


JLD014_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ལ་ལུས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བློ་སྐྱེ་བ་ཡིན་ནོ། །གཉིས་པ་ནི། སྐྱེས་བུའི་ལུས་ཡན་ལག་ཚོགས་པ་ལ་བརྟེན་ནས་བཏགས་པ་ཡིན་གྱི་བདེན་པར་མེད་པ་དེ་བཞིན་དུ་ལྷུ་དང་སོར་མོའི་ཚོགས་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་ལག་པའང་རང་བཞིན་གྱིས་གྲུབ་པ་གང་ཞིག་ཡིན་པར་འགྱུར་ཏེ་མི་སྲིད་དོ། །སོར་མི་དེའང་ཚིགས་ཀྱི་ཚོགས་ལ་བརྟེན་ནས་བཏགས་པ་ཡིན་པའི་ཕྱིར་རང་བཞིན་གྱིས་གྲུབ་པ་མེད་དོ། །ཚིགས་ཀྱང་རང་གི་ཆ་དང་ཆར་ཕྱེ་བས་དཔྱད་ན་རང་བཞིན་གྱིས་གྲུབ་པ་མེད་ལ། ཚིགས་ཀྱི་ཆའང་རྡུལ་ཕྲན་དུ་ཕྱེ་བ་སྟེ། དབྱེ་ན་རང་བཞིན་གྱིས་གྲུབ་བ་མེད་དོ། །རྡུལ་ཕྲན་དེའང་ཤར་ལ་སོགས་པའི་ཕྱོགས་ཆའི་དབྱེ་བ་ཡིས་ཕྱེ་ན་ཕྱོགས་ཀྱི་ཆ་དུ་མ་ལ་བརྟེན་ནས་བཏགས་པ་ཡིན་པས་རང་བཞིན་གྱིས་གྲུབ་པ་མེད་དོ། །ཕྱོགས་ཀྱི་ཆར་དབྱེ་བའང་རང་ཞིན་གྱིས་གྲུབ་པ་མེད་དེ། རང་བཞིན་གྱིས་གྲུབ་པའི་ཆ་ཤས་དང་བྲལ་བའི་ཕྱིར་དཔེར་ན་ནམ་མཁའ་བཞིན་ནོ། དེས་ན་རྡུལ་ཡང་རང་བཞིན་གྱིས་གྲུབ་པ་མེད་དེ། ཡོད་ན་རྡུལ་ཕྲན་ཆ་མེད་ཁས་ལེན་དགོས་པར་འགྱུར་ལ་དེ་ལ་ནི། དྲུག་གིས་ཅིག་ཅར་སྦྱར་བ་ན། ཞེས་སོགས་ཀྱི་རིགས་པས་གནོད་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་རྨི་ལམ་ལྟ་བུའི་གཟུགས་ལམ་དཔྱད་པའི་ཚེ་ན་ཚུགས་ཐུབ་པ་ལྟར་སྣང་ཞིང་དཔྱད་པའི་ཚེ་རང་བཞིན་གྱིས་གྲུབ་པ་མེད་པ་ལ་རྣམ་དཔྱོད་དང་ལྡན་པ་སུ་ཞིག་ཆགས་ཏེ་ཆགས་པར་


JLD014_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

མི་རིགས་ཏེ། བདེན་འཛིན་གྱི་དམིགས་གཏད་ཕེར་བ་སུའང་མེད་པའི་ཕྱིར་རོ། །བཞི་པ་ནི། གང་གི་ཚེ་དེ་ལྟར་སྐྱེས་བུའི་ལུས་རང་བཞིན་གྱིས་གྲུབ་པ་མེད་པ་དེའི་ཚེ་རང་བཞིན་གྱིས་གྲུབ་པའི་སྐྱེས་པ་གང་བུད་མེད་གང་སྟེ་གང་ཟག་རང་བཞིན་གྱིས་གྲུབ་པ་མེད་དོ། །གཞུང་འདི་པའི་ལུགས་ཀྱིས་རང་རྐྱ་ཐུབ་པའི་གང་ཟག་ཁེགས་པ་ཙམ་གྱིས་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པར་རྟོགས་པ་མ་ཡིན་གྱི་དེ་ལ་ནི་མིང་གིས་ཐ་སྙད་ཀྱིས་བཞག་པ་ཙམ་མིན་པའི་གང་ཟག་མེད་པར་རྟོགས་དགོས་ལ། བདག་མེད་གཉིས་ལ་རྟོགས་དཀའ་སླའང་མེད་དེ། །གཞི་གང་ཟག་དང་ཕུང་པོ་ལ་རྫས་ཡོད་དང་བཏགས་ཡོད་ཀྱི་ཕྲ་རགས་ཀྱང་མི་འབྱེད་ལ། དགག་བྱའི་ཆོས་བདག་ལ་ཕྲ་རགས་ཀྱི་ཁྱད་པར་ཡང་མི་འབྱེད་པས་སོ། །གང་དག་ཉན་རང་འཕགས་པ་ལ་གང་ཟག་གི་བདག་མེད་རྟོགས་པ་ཡོད་པ་འོས་མེད་ཀྱི་ལུགས་སུ་བྱས་ནས་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་རྩོད་པ་ནི། གཏིང་མ་དཔོགས་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ཚོར་བ་དྲན་པ་ཉེར་གཞག་བསྒོམ་པ་ལ། ཚོར་བ་རང་གི་ངོ་བོ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། རྒྱུ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། དམིགས་ཡུལ་རང་བཞིན་གྱིས་གྲུབ་པ་དགག་པ་དང༌། ཚོར་བའི་ཡུལ་ཅན་རང་བཞིན་གྱིས་གྲུབ་པ་དགག་པའོ། དང་པོ་ལ། ཚོར་བ་སྡུག་བསྔལ་རང་བཞིན་གྱིས་མ་གྲུབ་པ་དང༌། ཚོར་བ་བདེ་བ་རང་བཞིན་གྱིས་མ་གྲུབ་པ་དང༌།


JLD014_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཚོར་བ་རང་བཞིན་མེད་པར་བསྒོམ་པའི་རྣལ་འབྱོར་ལ་གནས་པར་གདམས་པའོ། །དང་པོ་ནི། ལུས་བཞིན་དུ་ཚོར་བའང་རང་བཞིན་མེད་པར་བསྟན་པ་ནི། མྱོང་བྱ་སྡུག་བསྔལ་དང་མྱོང་བྱེད་ཚོར་བ་དེ་ཁོ་ན་ཉིད་དུ་ཡོད་ན་ཅི་སྟེ་ཡིད་ཀྱི་ཤེས་པ་གཅིག་གི་སྟེང་ན་ཡོད་པའི་ཚོར་བ་སྡུག་བསྔལ་རང་བཞིན་གྱིས་ཡོད་ན་དེ་གཞན་དུ་འགྱུར་བ་མི་རིགས་པས་ཚོར་བ་རབ་ཏུ་དགའ་བ་དང་བདེ་བ་ལ་རྒྱུ་མཚན་ཅིས་མི་གནོད་དེ་གནོད་པས་བདེ་བ་སྐྱེད་པའི་གོ་སྐབས་མེད་པར་འགྱུར་དགོས་ན། སྐྱེ་བ་མཐོང་བའི་ཕྱིར་སྔ་མ་རང་བཞིན་གྱིས་མེད་དོ། །གཉིས་པ་ནི། བདེ་བའང་རང་བཞིན་གྱིས་ཡོད་ན། བུ་ཤི་བ་སོགས་ཀྱི་མྱ་ངན་གྱིས་གདུངས་པ་སོགས་ལ་ཁ་ཟས་ཞིམ་པོ་སོགས་ཟོས་པས་དེའི་ཡིད་ཅེ་སྟེ་དགའ་མི་བྱེད་དེ་བདེ་བར་བྱེད་པར་ཐལ། བཟའ་བཏུང་ཞིམ་པོ་སོགས་ཀྱིས་བདེ་བ་རང་བཞིན་གྱིས་གྲུབ་པ་བསྐྱེད་པའི་ཕྱིར། ཁོ་ན་རེ། མྱ་ངན་གྱིས་གདུངས་པའི་དུས་བདེ་བ་དེ་སྐྱེས་ཡོད་ཀྱང་སྡུག་བསྔལ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་པའི་ཕྱིར་གལ་ཏེ་བདེ་བ་དེ་མྱོང་བ་མ་ཡིན་ནོ་ཞེ་ན། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་མིན་པ་དེ་ནི་ཚོར་བ་བདེ་བ་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། ཉམས་སུ་མ་མྱོང་བའི་ཕྱིར། དེ་བཞིན་དུ་བདེ་བ་སྟོབས་ལྡན་གྱིས་སྡུག་བསྔལ་རང་བཞིན་གྱིས་གྲུབ་བ་ཟིལ་གྱིས་མནན་པ་ལའང་ལན་དུ་སྦྱར་རོ། །གལ་ཏེ་བདེ་བ་སྟོབས་ལྡན་སྐྱེས་པའི་


JLD014_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཚོར་བ་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་པ་མྱོང་བས་ཅུང་ཟད་ཀྱང་མ་མྱོང་བ་མ་ཡིན་ནོ་ཞེ་ན། ཚོར་བ་སྡུག་བསྔལ་ཕྲ་མོ་ཡོད་ན། བདེ་བ་སྟོབས་ལྡན་འདིས་སྡུག་བསྔལ་ལ་གནོད་པ་ཅི་ཞིག་བྱས་ནས་བདེ་བ་སྟོབས་ལྡན་མྱོང་བར་འཇོག །བདེ་བ་སྟོབས་ལྡན་དེས་སྡུག་བསྔལ་འདིའི་རགས་པ་བསལ་མིན་ནམ་སྟེ་ཡིན་པར་འདོད་ལ། སྡུག་བསྔལ་ཕྲ་མོ་དེ་ནི་བདེ་བ་ཆེན་པོ་དེ་ལས་གཞན་དགའ་བ་ཕྲ་མོ་ཙམ་ཡིན་ནོ། །ཞེ་ན། བདེ་བ་ཕྲ་བ་ཉིད་དེའང་བདེ་བ་དེའི་མཚན་ཉིད་ལས་མ་འདས་པས་བདེ་བ་ཕྲ་མོ་ཡིན་ན་བདེ་བ་ཡིན་དགོས་བས་སོ། །བདེ་ན་མྱ་ངན་གདུང་སོགས་ལ། ཞེས་པའི་སྐྱོན་སྤོང་བར་འདོད་ནས་གལ་ཏེ་བཟའ་བཏུང་ཞིམ་པ་སོགས་ལས་བདེ་བ་སྐྱེས་པའི་ཚེ་སྡུག་བསྔལ་དང་འགལ་བ་བདེ་བའི་རྐྱེན་སྐྱེས་པས་ན། དེའི་ཚེ་སྡུག་བསྔལ་སྐྱེས་བ་མིན་ནོ་ཞེ་ན། བདེ་སྡུག་གི་ཚོར་བ་རྟོག་པས་མངོན་པར་ཞེན་ཅིང་བཏགས་པ་ཙམ་ཉིད་ཡིན་ཞེས་བྱ་བར་གྲུབ་མིན་ནམ་སྟེ་གྲུབ་པར་ཐལ། བཟའ་བཏུང་གཅིག་ཉིད་རྟོག་པའི་དབང་གིས་བདེ་སྡུག་གཉིས་ཀའི་རྒྱུར་བཏགས་པའི་ཕྱིར།གསུམ་པ་ནི། ཚོར་བ་རང་བཞིན་གྱིས་མ་གྲུབ་པ་དེ་ཉིད་ཀྱི་ཕྱིར་ན་ཚོར་བ་བདེན་འཛིན་འདི་ཡི་ནི་གཉེན་པོར་ཚོར་བ་རང་བཞིན་མེད་པར་རྟོགས་པའི་རྣམ་པར་དཔྱོད་པ་འདི་བསྒོམ་པར་བྱ་སྟེ་རྣམ་པར་བཏགས་ཤིང་དཔྱད་པའི་ཞིང་ལས་བྱུང་བའི་ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་དང་ཞི་གནས་ལ་བརྟེན་ནས་ལྷག་མཐོང་བསྒོམ་པའི་བསམ་


JLD014_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གོམས་པར་བྱས་ན་རྣལ་འབྱོར་པའི་རྟོགས་པའི་ལུས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱེད་པའི་ཕྱིར། ཟས་ཞེས་བྱ་སྟེ། ཐ་མལ་པའི་ཟས་ཀྱིས་ལུས་རྒྱས་པར་བྱེད་པ་བཞིན་ནོ། །ཏིང་ངེ་འཛིན་འདིས་ཐ་མལ་པའི་ལུས་ཀྱང་རྒྱས་པར་འགྱུར་བ་ཡིན་ནོ། །དེས་ན། སྟོང་ཉིད་རྟོགས་ནས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ལ་འབད་པར་བྱའོ། །གཉིས་པ་ལ། དབང་དོན་ཕྲད་པ་རང་བཞིན་གྱིས་གྲུབ་པ་དགག །རྣམ་ཤེས་ལ་ཕྲད་པ་རང་བཞིན་གྱིས་གྲུབ་པ་དགག །དེས་ན་དེ་གསུམ་ཕྲད་པ་ལས་བྱུང་བའི་རེག་པ་རང་བཞིན་གྱིས་མ་གྲུབ་པའོ། །དང་པོ་ནི། རྡུལ་ཕྲན་ལ་ཕྲད་པ་དགག་པར་བྱ་སྟེ། གལ་ཏེ་དབང་དོན་གཉིས་ཀྱི་རྡུལ་ཕྲ་རབ་ཕྲད་ན། རྡུལ་དེ་གཉིས་ལ་རབ་ཡོད་དམ་མེད་པར་བཅས་ཡིན་ནོ་ཞེ་ན། རྡུལ་དེ་དག་གང་དུ་ཕྲད་བར་འགྱུར་ཏེ་མ་འཕྲད་པར་ཐལ། བར་དང་བཅས་པའི་ཕྱིར། བར་དེར་ཡང་སྣང་མུན་གང་རུང་གི་རྡུལ་ཡོད་ལ། དེ་ལའང་བར་ཡོད་པས་ཐུག་པ་མེད་པར་འགྱུར་རོ། །བར་མེད་དོ་ཞེ་ནའང་རྡུལ་ཆ་མེད་གཉིས་ཕྲད་པའི་ཚེ་ཕྲད་མ་ཕྲད་ཀྱི་ངོས་གཉིས་མེད་པས་བདག་ཉིད་ཐམས་ཅད་ཀྱིས་ཐམས་ཅད་དུ་ཕྲད་དགོས་ལ། དེ་ལྟ་ན་གོ་ས་གཅིག་ཏུ་འདྲེས་པས་རྡུལ་གཅིག་ཉིད་དུ་འགྱུར་ལ། དེ་ལྟར་ན་ཕྲད་པ་པོ་གང་ཞིག་ཕྲད་བ་གང་དང་ཕྲད་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ན་གཉིས་མི་འདུག་པའི་ཕྱིར། དེ་དག་གི་


JLD014_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མཚན་ནི། རྡུལ་ཕྲན་རྡུལ་ཕྲན་གཞན་ལ་འཇུག་པ་སྟེ་ཐིམ་པ་མེད་དེ། རྡུལ་ཕྲན་དེ་དག་བར་སྐབས་སྟོང་བ་མེད་པའི་ཕྱིར་དང་བོང་ཚོད་མཉམ་པ་ཡིན་པའི་ཕྱིར། །བདག་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་ཕྲད་པ་མེད་པའི་རྒྱུ་མཚན་བཀོད་པའོ། །ཁྱབ་པ་ཡོད་དེ་རྡུལ་ཕན་ཚུན་མ་ཞུགས་ཤིང་མ་ཐིམ་པ་ལ་འདྲེས་པ་མེད་ཅིང་མ་འདྲེས་པའི་ཆ་མེད་ལ་ཕྲད་པ་མེད་པའི་ཕྱིར། ཆ་མེད་པ་ལའང་ཕྲད་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ཏེ་མི་སྲིད་པས་གལ་ཏེ་ཕྲད་པ་དང་ཆ་མེད་པར་ཡོད་པ་མཐོང་ན་བསྟན་པར་གྱིས་ཏེ་བསྟན་པར་མི་ནུས་སོ། །གཉིས་པ་ནི། རྣམ་ཤེས་གཟུགས་ལུས་མེད་པ་ལ་ནི་རང་བཞིན་གྱིས་འཕྲད་པ་འཐད་པ་མ་ཡིན་པ་ཉིད་དེ། གཟུགས་མེད་པའི་ཕྱིར། རགས་པ་ལ་ཕྲད་པ་དགག་པ་ན། རྡུལ་དུ་མ་ཚོགས་པའི་རགས་པ་ལའང་ཕྲད་པ་རང་བཞིན་གྱིས་གྲུབ་པ་མེད་དོ། །དེ་ལ་བདེན་པའི་དངོས་པོ་མེད་པའི་ཕྱིར་ཏེ་སྔར་ནི་ཇི་ལྟར་ཚིགས་ཀྱི་ཚོགས་རྣམ་པར་དཔྱད་པ་བྱས་ནས་རང་བཞིན་གྱིས་གྲུབ་པ་བཀག་པ་བཞིན་ནོ།གསུམ་པ་ནི། སྔར་བཤད་པ་ལྟར་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པ་རང་བཞིན་གྱིས་མེད་པ་དེ་ལྟར་ན་རེག་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ན་ཚོར་བ་བདེན་པར་གྲུབ་པ་རྒྱུ་གང་ལས་འབྱུང་བར་འགྱུར་ཏེ་རྒྱུ་བརྫུན་པ་ལ་འབྲས་བུ་བདེན་གྲུབ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། ཚོར་བ་རང་བཞིན་གྱིས་གྲུབ་པ་མེད་ན་དེའེི་དོན་དུ་ངལ་བའམ་འབད་པ་འདི་ཅིའི་དོན་དུ་ཡིན་ཏེ་དོན་མེད་པས་སོ། །ཚོར་བ་སྡུག་བསྔར་རང་བཞིན་གྱིས་གྲུབ་


JLD014_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྤང་བའི་དོན་དུ་ངལ་བ་ཡིན་ནོ་ཞེ་ན། མི་འཐད་དེ་ཡུལ་གང་ལས་གང་ཟག་གང་ལ་གནོད་པར་འགྱུར་ཏེ་ཚོར་བ་སྡུག་བསྔལ་རང་བཞིན་གྱིས་གྲུབ་པ་མེད་པའི་ཕྱིར། འཇིག་རྟེན་འདིར་ནི། སྡུག་བསྔལ་ཕྱིར་བཅོས་ཀྱི་བདེ་བ་ཙམ་ཞིག་ཡོད་ཀྱི། སྡུག་བསྔལ་རང་མཚན་པ་ཡོད་པ་ལྟར། བདེ་བ་རང་མཚན་པ་ནི་མེད་དོ། །དེའང་དཔེར་ན། གྲང་བས་ཉེན་ནས་ཉི་མ་ལའང་བསྡད་པའི་ཚེ་གྲང་བའི་སྡུག་བསྔལ་ཅུང་ཟད་ཤུགས་ཆུང་དུ་སོང་བའི་གནས་སྐབས་དེར་སིམ་པར་མྱོང་བའི་མྱོང་བྱེད་དེ་ཚོར་བ་བདེ་བ་ཡིན་གྱི། དེའི་ཚེའང་གྲང་བས་ཉེན་པའི་སྡུག་བསྔལ་ཡོད་དོ། །སྡུག་བསྔལ་དེ་ཟད་མ་ཐག་བར་མ་ཆད་དུ་ཚ་བའི་སྡུག་བསྔལ་གྱི་མགོ་བརྩམས་འོང་པའི་ཕྱིར་དེས་ན་བདེ་བར་འདོགས་པའི་གཞིར་སྡུག་བསྔལ་དགོས་ལ། སྡུག་བསྔལ་གྱི་བློ་སྐྱེ་བའི་གཞིར་བདེ་བ་མི་དགོས་པས་སོ། །དཔེར་ན་སྔོན་པོ་དང་རིང་ཐུང་བཞིན་ནོ། །ཚོར་བ་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་ན་སྲེད་པ་ལྡོག་པར་བསྟན་པ་ནི། གང་གི་ཚེ་ཚོར་བ་པོ་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་ཅིང་ཉམས་སུ་མྱོང་བྱ་ཚོར་བའང་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་པ་ཁོང་དུ་ཆུད་པ་དེའི་ཚེ་ཚོར་བྱ་ཚོར་བྱེད་རང་བཞིན་མེད་པའི་གནས་སྐབས་འདི་མཐོང་ནས་སྲེད་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར་ཏེ། བདེ་བ་ཐོབ་འདོད་ཀྱི་སྲེད་པ་དང་སྡུག་བསྔལ་འབྲལ་འདོད་ཀྱི་སྲེད་པ་རྣམས་བདེན་འཛིན་གྱི་སྟོབས་ཀྱིས་འདྲེན་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསུམ་


JLD014_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། མིག་ཤེས་ཀྱིས་མཐོང་བའམ་ནི་ལུས་ཤེས་ཀྱིས་རེག་པའང་རུང་སྟེ་ཚོར་བ་སྐྱེས་པའི་ཡུལ་རྣམས་རང་བཞིན་གྱིས་སྟོང་བ་རྨི་ལམ་དང་སྒྱུ་མ་དང་འདྲ་བའི་བདག་ཉིད་ཀྱིས་ཚོར་བའང་རང་བཞིན་མེད་དོ། །བཞི་པ་ནི། ཚོར་བ་སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཚོར་བ་སེམས་དེ་ཡིས་རང་བཞིན་གྱིས་མཐོང་བ་མ་ཡིན་ཏེ། རྫས་ཐ་དད་དུས་མཉམ་ལ་འབྲེལ་པ་མེད་པའི་ཕྱིར། ཚོར་བ་ལས་སྔ་བ་དང༌། ཕྱི་མར་སྐྱེས་པས་ཀྱང་ཚོར་བ་དྲན་པར་འགྱུར་གྱི་མྱོང་བ་མ་ཡིན་ཏེ། དེའི་དུས་ན་འགག་པ་དང་མ་སྐྱེས་པའི་ཕྱིར་རོ། །དོན་བསྡུ་བ་ནི། ཚོར་བ་རང་གིས་རང་གི་བདག་ཉིད་མྱོང་བྱ་མིན་ཏེ། རང་རིག་བཀག་པས་ཁེགས་པའི་ཕྱིར། རང་བཞིན་གྱིས་གྲུབ་པའི་གཞན་དག་གིས་ཀྱང་མྱོང་བ་མ་ཡིན་ཏེ། མྱོང་བྱ་མྱོང་བྱེད་འབྲེལ་བ་མེད་པའི་ཕྱིར། །ཚོར་བྱེད་རང་བཞིན་གྱིས་མ་གྲུབ་པར་མ་ཟད་ཚོར་བ་པོ་འགའ་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ཏེ། གང་ཟག་གི་བདག་འགོག་པའི་སྐབས་སུ་བཀག་ཟིན་པའི་ཕྱིར་རོ། །དེས་ན་ཚོར་བ་དེ་ཁོ་ན་ཉིད་དུ་གྲུབ་པ་མིན་པ་དེ་ལྟར་རང་བཞིན་གྱིས་གྲུབ་པའི་བདག་མེད་པའི་ཕུང་པོའི་ཚོགས་འདི་ལ་ཚོར་བ་བདེ་བས་ཕན་པ་དང་སྡུག་བསྔལ་འདི་ཡིས་ཅེ་སྟེ་གནོད་པར་བྱ་བ་སྡུག་བསྔལ་རང་བཞིན་གྱིས་གྲུབ་པའང་མེད་པས་ཚོར་བ་རང་བཞིན་གྱིས་གྲུབ་པའང་མེད་པའི་ཚོར་བ་དྲན་པ་ཉེར་གཞག་བསྒོམ་པ་ལ་འབད་པར་རིགས་སོ། །གསུམ་པ་སེམས་དྲན་པ་ཉེར་གཞག་བསྒོམ་པ་ལ། ཡིད་ཀྱི་ཤེས་པ་རང་བཞིན་གྱིས་མེད་པར་བསྟན་པ་དང༌། རྣམ་ཤེས་


JLD014_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རང་བཞིན་གྱིས་མེད་པར་བསྟན་པའོ། །དང་པོ་ནི། ཡིད་ནི་རང་བཞིན་གྱིས་གྲུབ་པ་མེད་དེ། དབང་པོ་དྲུག་པོ་རྣམས་ལའང་རང་བཞིན་གྱིས་མི་གནས་གཟུགས་སོགས་ཡུལ་དྲུག་ལ་རང་བཞིན་གྱིས་གནས་པ་མིན་ལ་དེ་དག་གི་བར་ནའང་སྟེ་དེ་གཉིས་ཚོགས་པ་ལའང་གནས་པ་མིན་ཏེ་དབུ་མ་ལ་འཇུག་པ་ལས་གསུངས་པ་ལྟར་གྱི་ཤིང་རྟའི་དཔྱད་པ་བདུན་དྲན་པར་བྱའོ། །མུ་སྟེགས་པས་ནང་གི་བྱེད་པའི་སྐྱེས་བུར་བཏགས་པའི་ནང་ནའང་སེམས་རང་བཞིན་གྱིས་གནས་པ་མིན་ལ། ཕྱི་ལག་པ་སོགས་ལའང་གནས་པ་མིན་ཞིང་ཕྱི་ནང་ལས་གཞན་དུའང་ནི་རང་བཞིན་གྱིས་རྙེད་པ་མ་ཡིན་ལ། གང་ཞིག་ལུས་མིན་ཞིང་དེ་ལས་གཞན་དུའང་བདེན་པ་མིན་ལ་སེམས་དེ་ལུས་དང་འདྲེས་པ་མིན་ཞིང་ལུས་ལས་ལོགས་སུའང་ཡན་དགར་བ་རང་བཞིན་གྱིས་གྲུབ་པ་མེད་པ་དེ་ནི་ཅུང་ཟད་ཀྱང་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་པ་དེའི་ཕྱིར་སེམས་རང་བཞིན་གྱིས་སྟོང་པ་དེ་ཉིད་རང་བཞིན་མྱང་ངན་ལས་འདས་པའོ། །གཉིས་པ་ནི། ཤེས་བྱ་ཡུལ་ལས་སྔར་དབང་ཤེས་ཡོད་ན་དེ་ནི་ཅི་ལ་དམིགས་ནས་སྐྱེ་སྟེ་དམིགས་རྐྱེན་སྔོན་དུ་མ་སོང་བའི་ཕྱིར། ཤེས་དང་ཤེས་བྱ་དུས་ལྷན་ཅིག་ན་དབང་ཤེས་དེ་ནི་ཅི་ལ་དམིགས་ནས་སྐྱེ་སྟེ་དབང་ཤེས་མ་སྐྱེས་ན་དམིགས་རྐྱེན་མ་སྐྱེས་པས་བསྐྱེད་མི་ནུས། དམིགས་རྐྱེན་སྐྱེས་ན་ཤེས་པའང་སྐྱེས་ཟིན་པས་སྐྱེད་བྱེད་དུ་དགོས་པ་མེད་པའི་ཕྱིར་རོ། །འོན་ཏེ་དབང་ཤེས་ཤེས་བྱའི་ཕྱིས་ཡོད་ན་དེའི་ཚེ་དབང་པོའི་ཤེས་


JLD014_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྐྱེན་གང་ལས་རང་བཞིན་གྱིས་སྐྱེ་སྟེ་མི་འཐད་པའི་ཕྱིར། སྐད་ཅིག་སྔ་མ་ཞིག་པ་ལས་སྐྱེ་ན། ས་བོན་ཚིག་པ་ལས་མྱུ་གུ་སྐྱེ་བར་འགྱུར་བ་དང༌། སྔ་མ་མ་ཞིག་པ་ལས་སྐྱེ་ན། དུས་གཞན་གྱིས་བར་དུ་ཆོད་མ་ཆོད་གཉིས་ལས། དང་པོ་ལྟར་ན། དངོས་སུ་སྐྱེ་བ་མི་སྲིད་པར་འགྱུར། ཕྱི་མ་ལྟར་ན། བདག་ཉིད་ཐམས་ཅད་ཀྱིས་ཐམས་ཅད་དུ་མཆོད་པ་ཡིན་ན། དུས་གཅིག་ཏུ་འདྲེས་པར་འགྱུར་ལ། ཆོད་མ་ཆོད་ཆ་གཉིས་ཡོད་ན། བདེན་པར་གྲུབ་པ་ཉམས་པས་བདེན་མེད་དུ་གྲུབ་བོ། །བཞི་པ་ཆོས་དྲན་པ་ཉེར་གཞག་བསྒོམ་པ་ནི། སྔར་བཤད་པ་དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་རང་བཞིན་གྱིས་གྲུབ་པ་རྟོགས་པར་འགྱུར་བ་མ་ཡིན་ཏེ། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ་ལྟར། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་རྟོགས་པར་བྱའོ། །གཉིས་པ་བདེན་གཉིས་མི་འཐད་པའི་རྩོད་པ་སྤང་བ་ལ། ཧ་ཅང་ཐལ་བ་སྤང་བ་དང༌། ཐུག་མེད་དུ་ཐལ་བ་སྤང་བ་དང༌། དོན་ཤེས་བདེན་པར་གྲུབ་པ་ལ་སྒྲུབ་བྱེད་མེད་པར་བསྟན་པའོ། །དང་པོ་ལ་རྩོད་པ་ནི། གལ་ཏེ་སྔར་ཡུལ་ཡུལ་ཅན་སྔ་ཕྱི་ལ་བཏགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པ་དེ་ལྟར་ན་ཀུན་རྫོབ་ཏུ་གྲུབ་པར་འདོད་པ་ལའང་སྐྱོན་དེ་མཚུངས་ཤིང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་སྲིད་ན། ཆོས་གང་ཡང་བཞག་ས་མེད་པས། ཀུན་རྫོབ་མེད་པར་འགྱུར་ཞིང༌། དེ་ལ་བདེན་གཉིས་ག་ལ་ཡོད་དེ་གཉིས་ཀ་མེད་ལ། གལ་ཏེ་གཟུགས་སྒྲ་སོགས་བློ་ཀུན་རྫོབ་པ་


JLD014_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་མཚན་ཉིད་ཀྱིས་གྲུབ་པར་ཞེན་པའི་ངོར་བདེན་པར་ཡོད་པ་ཡིན་གྱི། ཡུལ་རང་གི་ངོས་ནས་བདེན་པར་མེད་པས་ཀུན་རྫོབ་ཏུ་ཡོད་པར་ཁྱེད་ཀྱིས་ཁས་བླངས་པ་ཡིན་ལ། དེ་ལྟ་ན་ཁྱེད་ཀྱི་ཀུན་རྫོབ་དེའང་ཐག་པའི་ངོས་ནས་སྦྲུལ་དུ་མེད་ཀྱང་སྦྲུལ་དུ་ཞེན་པའི་ངོར་སྦྲུལ་དུ་ཡོད་པ་ལྟར་རོ། །ཀུན་རྫོབ་ཏུ་ཡོད་པར་བློ་གཞན་གྱིས་ཡོད་པར་རློམས་པ་ཙམ་གྱིས་བཞག་པ་ཡིན་ལ་དེ་ལྟ་ན་སེམས་ཅན་རྣམས་ཀུན་རྫོབ་ཏུའང་མྱ་ངན་ལས་ག་ལ་འདའ་སྟེ་ཐར་པ་ཐོབ་མི་སྲིད་པར་ཐལ། ཡོད་པ་ཐམས་ཅད་ཕྱིན་ཅི་ལོག་གིས་རློམ་པ་ཙམ་དུ་ཟད་བའི་ཕྱིར། འདོད་ན་ཐར་པ་ཐོབ་པའི་དོན་དུ་ལྟ་བ་གཏན་ལ་ཕབ་པ་དོན་མེད་པར་ཐལ་ལོ་ཞེ་ན། ལན་ནི། དབུ་མ་པས་ཁས་བླངས་པའི་ཀུན་རྫོབ་ཏུ་ཡོད་པའོ་ཞེས་པ་འདི་ནི་ཞེན་ཡུལ་ལ་འཁྲུལ་པའི་བློ་གཞན་བདེན་འཛིན་གྱི་སེམས་ཀྱི་རྣམ་རྟོག་གིས་ཡོད་པར་རློམ་པ་ཙམ་དེ་ནི་དབུ་མ་པ་རང་གི་ལུགས་ཀྱི་ཀུན་རྫོབ་ཏུ་ཡོད་པའི་དོན་མིན་ཏེ་རང་གི་ལུགས་ནི་གནས་ལུགས་རྟོགས་པའི་ལྟ་བའི་ཡུལ་དུ་འདོད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བར་རྟོགས་པའི་ཕྱིས་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་བྱ་བྱེད་ཀུན་རྫོབ་པ་ཡོད་པ་དེ་མ་འཆོལ་བར་ཚད་མས་གྲུབ་པའི་ཚུལ་གྱིས་ངེས་པ་ཡོད་པར་འཇོག་ཐུབ་ན་དེ་ཀུན་རྫོབ་ཏུ་ཡོད་པའི་དོན་ཡིན་གྱི་ད་ལྟར་མིན་པར་རང་ལུགས་ལ་བྱ་བྱེད་ཚད་མས་གྲུབ་པར་འཇོག་མི་ཤེས་ན་ཀུན་རྫོབ་ཏུ་གྲུབ་པའང་མེད་པ་ཉིད་དོ། །རང་ལུགས་ཀྱི་ཀུན་རྫོབ་འཇོག་ཚུལ་ནི་ཡུལ་ཅན་


JLD014_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དང་བརྟག་པར་བྱ་བ་ཡུལ་གཉིས་པོ་དག་རྩ་ཤེ་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང་ཞེས་སོགས་གསུངས་པ་ལྟར། གཉིས་པོ་ཕན་ཚུན་བརྟེན་པ་སྟེ་བལྟོས་ནས་འཇོག་པ་ཡིན་གྱི་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཀྱང་མེད་དོ། ཇི་ལྟར་འཇིག་རྟེན་གྱི་ཐ་སྙད་པའི་ཚད་མ་ལ་གྲགས་པ་བཞིན་དུ་མིང་ཙམ་ལ་བརྟེན་ནས་རྣམ་པར་དཔྱོད་པ་སྟེ་རྣམ་གཞག་ཐམས་ཅད་བརྗོད་པ་ཡིན་ནོ། །གཉིས་པ་ནི། གང་གི་ཚེ་ཆོས་རྣམས་ལ་བདེན་པར་ཡོད་མེད་རྣམ་པར་དཔྱད་པའི་རྣམ་དཔྱོད་ཀྱིས་ནི་རང་བཞིན་གྱིས་སྟོང་བ་དཔྱོད་བར་བྱེད་ན་དེའི་ཚེ་རྣམ་པར་དཔྱོད་མཁན་གྱི་བློ་དེ་དཔྱད་བྱ་དེའི་ཁོངས་སུ་མི་གཏོགས་པས་དེ་བདེན་མེད་དུ་དཔྱད་དགོས་སམ་མི་དགོས། མི་དགོས་ན་གཞན་ལའང་མཚུངས་པས་ཐམས་ཅད་བདེན་མེད་ཡིན་པ་ཉམས། དགོས་ན་དཔྱོད་བྱེད་དེའང་ནི་རྣམ་དཔྱོད་གཞན་གྱིས་བདེན་མེད་དུ་དཔྱད་དགོས་པའི་ཕྱིར་ན། དཔྱོད་བྱེད་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ཚད་མ་དེ་ལ་དེ་ཉིད་བདེན་མེད་དུ་དཔྱོད་བྱེད་ཀྱི་ཚད་མ་གཞན་མི་དགོས་པར་ཐལ། དཔྱད་བྱ་ཆོས་ཐམས་ཅད་བདེན་མེད་དུ་རྣམ་པར་དཔྱད་པ་བྱས་ནས་བདེན་མེད་དུ་རྣམ་པར་དཔྱོད་པའི་ཚད་མ་དེ་ལ་ནི་དེའི་འཛིན་སྟངས་མ་ཡལ་བ་དེ་སྲིད་དུ་སླར་ཡང་བདེན་མེད་དུ་དཔྱོད་དགོས་པའི་རྟེན་ཆོས་ཅན་བདེན་གྲུབ་བློ་དེའི་ངོར་ཡོད་པ་མིན་པའི་ཕྱིར་དང༌། ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པའི་གང་ཟག་དེ་ལ་རྟོགས་ཟིན་བྱེད་པ་མ་ཉམས་པའི་བར་ལ་འདི་བདེན་པར་གྲུབ་བམ་མ་གྲུབ་བམ་སྙམ་དུ་དཔྱོད་པས་ཁྱད་པར་དུ་


JLD014_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི་གཞི་ཆོས་ནས་མི་སྲིད་པའི་ཕྱིར་ཏེ། དེ་ལྟར་སེམས་པའི་བློ་སྐྱེས་མ་ཐག་བདེན་པར་མེད་སྙམ་པའི་དྲན་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཆོས་ཐམས་ཅད་བདེན་མེད་དུ་རྟོགས་ཀྱང་བློ་དེ་ཉིད་ཀྱང་ཚད་མ་གཞན་གྱིས་བདེན་མེད་དུ་དཔྱོད་དགོས་ན་ཐུག་པ་མེད་པའི་སྐྱོན་དུ་ཁྱོད་ལ་འགྱུར་ཞིང༌། དཔྱོད་བྱེད་གཞན་དགོས་ན་བདེན་འཛིན་ཀུན་བརྟགས་ལྷག་མ་ལས་སར་འགྱུར་ན་བདེན་འཛིན་ཀུན་བརྟགས་མངོན་གྱུར་མཐའ་དག་ཚད་མ་སྔ་མ་དེ་ཉིད་ཀྱིས་བཟློག་ཟིན་པའི་ཕྱིར། རྟེན་ཆོས་ཅན་བདེན་པ་བ་མེད་པའི་ཕྱིར་ན་དགག་བྱ་དང་བཀག་པ་གཉིས་ཀ་རང་བཞིན་ཉིད་ཀྱིས་མི་སྐྱེ་སྟེ་དེའང་རང་བཞིན་གྱི་མྱང་ངན་འདས་པར་བརྗོད་ལ་དོན་དེ་རྟོགས་ནས་གོམས་པར་བྱས་པ་ལས་གློ་བུར་དྲི་བྲལ་གི་མྱང་འདས་ཐོབ་པར་ཡང་བརྗོད་དོ། །གསུམ་པ་ནི། དངོས་པོར་སྨྲ་བ་གང་གི་ལྟར་ན། དོན་ཤེས་འདི་གཉིས་བདེན་པར་གྲུབ་པ་དེ་ཉིད་ཤིན་ཏུ་དཀའ་བར་གནས་ཏེ། སྒྲུབ་བྱེད་མེད་པའི་ཕྱིར། གལ་ཏེ་ཤེས་པ་དེ་དང་ཚད་མ་བདེན་པར་གྲུབ་པའི་དབང་ལས་བདེན་གྲུབ་ཀྱི་དོན་གྲུབ་པར་འཇོག་གོ་ཞེ་ན། བདེན་གྲུབ་ཀྱི་ཤེས་པ་ཡོད་པ་ཉིད་ལ་རྒྱབ་རྟེན་ཚད་མ་ཅི་ཡོད་མེད་དེ་རང་རིག་མེད་པའི་ཕྱིར་དང༌། ཤེས་པ་གཞན་གྱིས་རིག་ན་ཐུབ་མེད་དུ་འགྱུར་བའི་ཕྱིར། འོན་ཏེ་ཤེས་བྱ་དང་གཞལ་བྱ་བདེན་པ་བ་མངོན་སུམ་དུ་གྲུབ་པ་འདི་ལས་ཤེས་པ་གྲུབ་བོ་ཞེ་ན། ཤེས་བྱ་ཡོད་པ་ལའང་རྒྱབ་རྟེན་ཅི་ཡོད་ཚད་མས་འཇོག་ན། དེ་སྟེ་དོན་ཤེས་གཉིས་ཕན་ཚུན་བལྟོས་པའི་དབང་གིས་ཡོད་པའི་ཕྱིར་གཉིས་


JLD014_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཀའང་ནི་རང་བཞིན་གྱིས་གྲུབ་པ་མེད་པར་གསལ་བར་གྲུབ་པར་འགྱུར་ཏེ། རིང་ཐུང་དང་ཕ་རོལ་དང་ཚུ་རོལ་བཞིན་ནོ། །གལ་ཏེ་བུ་མེད་ན་ཕ་ཡོད་པ་མིན་ཏེ། ཕར་འཇོག་བྱེད་མེད་པས་སོ། །ཕ་མེད་ན་བུ་དེ་ཉིད་གང་ལས་བྱུང་བ་ཡིན་ཏེ་རྒྱུ་མེད་པའི་ཕྱིར། བུ་མེད་པར་ནི་ཕ་མེད་པས་དེ་གཉིས་ཕན་ཚུན་བལྟོས་པས་བདེན་པར་མེད་པ་དེ་བཞིན་དོན་ཤེས་དེ་གཉིས་ཀྱང་བདེན་པར་མེད་པ་ཉིད་དོ། །གལ་ཏེ་མྱུ་གུ་ས་བོན་རང་བཞིན་གྱིས་གྲུབ་པ་ལས་སྐྱེས་ཤིང་ས་བོན་མྱུ་གུ་དེ་ཉིད་ཀྱི་རྟགས་ཡང་དག་ལས་རྟོགས་པ་སྟེ་དཔོག་ནུས་པ་དེ་བཞིན་དུ་ཤེས་བྱ་ལས་སྐྱེས་པའི་ཤེས་པ་བདེན་པར་གྲུབ་པའི་ཤེས་བྱ་དོན་བདེན་གྲུབ་དེ་ཡོད་པ་ནི་ཅི་མི་རྟོགས་ཏེ་རྟོགས་དགོས་སོ་ཞེ་ན། མི་འཐད་དེ། མྱུ་གུ་ལས་རྫས་གཞན་པའི་ཚད་མའི་ཤེས་པ་ཡིས་མྱུ་གུ་མཐོང་ནས་ས་བོན་ཡོད་ཅེས་རྟོགས་པར་འགྱུར་ནའང་གང་གི་ཕྱིར་ཤེས་བྱ་དེ་རྟོགས་པའི་ཤེས་པ་ཡོད་པ་ཉིད་ཚད་མ་གང་ལས་རྟོགས་ཏེ། རང་རིག་བཀག་ཟིན་པའི་ཕྱིར་དང་། རིག་བྱེད་གཞན་ཡང་ཁྱོད་ཀྱིས་ཁས་མ་བླངས་པའི་ཕྱིར་རོ། །གསུམ་པ་བདག་མེད་སྒྲུབ་བྱེད་ཀྱི་གཏན་ཚིག་དགོད་པ་ལ། རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། རྟེན་འབྲེལ་གྱི་གཏན་ཚིགས་དང༌། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་སོ། །དང་པོ་ལ། རྒྱུ་མེད་དུ་སྐྱེ་བ་དགག་པ་དང༌། རྟག་པའི་རྒྱུ་གཞན་ལས་སྐྱེ་བ་དགག་པ་དང༌། གཙོ་བོ་རྟག་པ་ལས་སྐྱེ་བ་དགག་པ་དང༌། རྒྱུ་མེད་དགག་པའི་དོན་བསྡུ་བ་དང༌། བདག་གཞན་གཉིས་ཀ་ལས་སྐྱེ་བ་དགག་པའོ། །དང་པོ་ནི། རྒྱང་པན་པ་སོགས་ན་རེ། རྨ་བྱའི་མདོངས་ཁྲ་བོ་


JLD014_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་འགག་ཞིག་གིས་བྱེད་པར་མ་མཐོང་ལ། པདྨའི་འདབ་མའི་རྩུབ་པ་དང་འཇམ་ཤ་སོགས་དང༌། ཚེར་མའི་རྣོ་བ་སོགས་བྱེད་པ་པོ་སུས་ཀྱང་མ་བྱས་པས་ངོ་བོ་ཉིད་ལས་བྱུང་བ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ། རེ་ཞིག་འཇིག་རྟེན་པའི་མངོན་སུམ་གྱིས་སྟོན་ཐོག་ལ་སོག་པ་ཕྱི་ནང་གི་དངོས་པོ་ཕལ་ཆེ་བ་ལ་སྐྱེད་བྱེད་ཀྱི་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་པའི་ཕྱིར་དང༌། པདྨའི་སྡོང་བུའི་ཁ་དོག་དང་འདབ་མའི་གྲངས་སོགས་འབྲས་བུའི་དབྱེ་བ་ནི་རྒྱུའི་དབྱེ་བ་མི་འདྲ་བས་བསྐྱེད་པ་ཡིན་ལ་རྒྱུའི་དབྱེ་བ་མི་འདྲ་བ་གང་གིས་བྱས་ཤེ་ན་སྔར་གྱི་རྒྱུ་མི་འདྲ་བའི་དབྱེ་བ་ཉིད་ལས་སོ། །ཅིའི་ཕྱིར་རྒྱུ་མི་འདྲ་བས་འབྲས་བུ་མི་འདྲ་བ་བསྐྱེད་ནུས་ཤེ་ན། དེ་ལྟར་མི་ནུས་པའི་སྐྱོན་མེད་དེ། །སྔར་གྱི་རྒྱུའི་མཐུ་ཉིད་ལས་རྒྱུ་མི་འདྲ་བ་སོ་སོ་བས་འབྲས་བུ་མི་འདྲ་བ་སོ་སོར་བསྐྱེད་ནུས་པའི་ཕྱིར། དེས་ན་དངོས་པོ་འདི་རྣམས་ཆོས་ཅན། རྒྱུ་མེད་མ་ཡིན་ཏེ། ཡུལ་དུས་རེས་འགའ་སྐྱེ་བར་དམིགས་པའི་ཕྱིར་རོ། །གཉིས་པ་ལ། དབང་ཕྱུག་གི་དོན་དྲིས་ལ་དགག་པ་དང༌། རྟག་པ་ཡིན་ན་རྐྱེན་ལྡན་ཀུན་གྱི་རྒྱུར་མི་རུང་བ་དང༌། རྡུལ་ཕྲན་རྟག་པ་རྒྱུ་ཡིན་པ་དགག་པ་བཤད་ཟིན་དྲན་པ་དང་སྦྱར་བའོ། །དང་པོ་ནི། རིགས་པ་ཅན་པ་དང༌། བྱེ་བྲག་པ་དང༌། གྲངས་ཅན་གྱིས་ཕྱོགས་གཅིག་དབང་ཕྱུག་ལྷར་ཁས་ལེན་པ་དག་ན་རེ། དབང་ཕྱུག་རང་བྱུང་གི་ཐམས་ཅད་མཁྱེན་པ་དེས་གནས་ལུས་ལོངས་སྤྱོད་ཐམས་ཅད་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་པས་འགྲོ་བའི་རྒྱུ་ཡིན་ནོ་ཞེ་ན། རེ་ཞིག་དབང་


JLD014_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་གི་དོན་གང་ཞིག་ཡིན་སྨྲོས་ཤིག་ཅེས་དྲིས་པས་ས་ལ་སོགས་པའི་འབྱུང་བ་རྣམས་འཕེལ་འགྲིབ་ལས་འབྲས་བུ་འཕེལ་འགྲིབ་བྱེད་པས་འབྱུང་བ་ལ་ཟེར་རོ་ཞེ་ན་དེ་ལྟ་མོད་འབྱུང་བ་འཕེལ་འགྲེིབ་ལས་འབྲས་བུ་འཕེལ་འགྲིབ་ཏུ་འགྱུར་བ་ཁོ་བོ་ཅག་ཀྱང་འདོད་མོད་ཀྱི། དོན་ཁྱད་པར་མེད་པའི་མིང་མི་འདྲ་པ་ཙམ་ལའང་དབང་ཕྱུག་བསྒྲུབ་པའི་ཚོགས་ཆེན་པོས་ཅི་ཞིག་ངལ་ཏེ་ངལ་བ་བྱེད་མི་རིགས་པར་ཐལ། རྟག་མི་རྟག་སོགས་དོན་གྱི་ཁྱད་པར་ཆེན་པོ་ཡོད་ན་འདི་དབང་ཕྱུག་ཏུ་མི་རིགས་པ་ནི་འོན་ཀྱང་ཞེས་པའོ། །ས་སོགས་འབྱུང་བ་རྣམས་རྫས་དུ་མའི་རང་བཞིན་དང་སྐྱེ་འཇིག་བྱེད་པའི་མི་རྟག་པ་དང་འབྲས་བུ་བྱེད་པ་ལ་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་པ་དང༌། འབྱུང་བ་ལྷ་མིན་ཞིང་རྐང་པ་སོགས་ཀྱི་འགོམ་བྱ་ཉིད་དང་མི་གཙང་བ་ཡིན་པས། དེ་ནི་དབང་ཕྱུག་ཉིད་མ་ཡིན་ཏེ། དེ་རྟག་པ་དང་གཅིག་པུ་དང༌། འབྲས་བུ་བསྐྱེད་པ་ལ་བློ་སྔོན་དུ་གཏོང་བ་དང༌། ལྷར་ཁས་བླངས་ཤིང་མི་གཙང་བ་དང་འགོམ་བྱ་མིན་པར་ཁས་བླངས་པའི་ཕྱིར། ནམ་མཁའ་དབང་ཕྱུག་གོ་ཞེ་ན། ནམ་མཁའ་ཆོས་ཅན། དབང་ཕྱུག་མིན་ཏེ། འབྲས་བུའི་དོན་དུ་གཡོ་བ་མེད་པའི་ཕྱིར། བདག་རྟག་པའང་དབང་ཕྱུག་མིན་ཏེ། དེ་བེམ་རིག་གཉིས་ཀ་སྔར་ནི་བཀག་ཟིན་པའི་ཕྱིར། དབང་ཕྱུག་དེ་བསམ་བྱ་མིན་པའི་བྱེད་པ་པོ་ཡིན་པས་སྐྱོན་དེ་དག་མེད་དོ་ཞེ་ན། དེའང་བསམ་བྱ་མིན་པ་བྱེད་པ་པོར་བརྗོད་པས་ཅི་ཞིག་བྱ་ཁྱོད་ཀྱིས་ཀྱང་དབང་ཕྱུག་སུ་ཡིན་མི་ཤེས་བས་བསམ་དུ་མེད་པ་ཡིན་པའི་ཕྱིར་རོ། །


JLD014_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། ཚོར་བ་བདེ་སྡུག་སོགས་ནི། སྔོན་གྱི་ལས་ལ་སོགས་པ་ལས་སྐྱེས་པ་ཡིན་ན། ཁྱོད་འདོད་པའི་དབང་ཕྱུག་དེས་བསྐྱེད་པར་འདོད་པའི་འབྲས་བུ་གང་ཞིག་ཡིན་དྲིས་པས་བདག་གོ་ཞེ་ན། དེ་མི་འཐད་པར་ཐལ། བདག་དེ་དང་ས་སོགས་དང༌། དབང་ཕྱུག་རང་གི་རིགས་འདྲ་ཕྱི་མའི་ངོ་བོའང་རུང་སྟེ་དབང་ཕྱུག་གིས་བྱས་པ་མིན་པར་ཐལ། བདག་དང་འབྱུང་བཞིའི་རྡུལ་ཕྲན་དང༌། དབང་ཕྱུག་སོགས་རྟག་པ་མིན་ནམ་སྟེ་རྟག་པར་ཁས་བླངས་པས་དེ་དག་ལ་བསྐྱེད་བྱ་སྐྱེད་བྱེད་མི་འཐད་པའི་ཕྱིར། དེས་ན་སྔོར་སྣང་དབང་པོའི་ཤེས་པ་སོགས་ཤེས་བྱ་སྔོན་པོ་སོགས་ལས་སྐྱེས་པའི་ཕྱིར་དང༌། ཐོག་མ་མེད་པའི་དུས་ནས་ཚོར་བ་བདེ་སྡུག་དགེ་མི་དགེའི་ལས་ལས་སྐྱེས་པ་ཡིན་པའི་ཕྱིར། དབང་ཕྱུག་དེ་ཡིས་འབྲས་བུ་གང་ཞིག་བསྐྱེད་པ་སྨྲས་ཤིག་སྟེ། དེས་བསྐྱེད་པའི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །རྒྱུ་དབང་ཕྱུག་རྟག་དངོས་ཡིན་པས་དེ་ལ་ཐོག་མ་མེད་པ་ཡིན་ན་ད་ལྟར་གྱི་ཚོར་བ་སོགས་འབྲས་བུའི་ཐོག་མ་ག་ལ་ཡོད་དེ། དེ་རིང་གི་ཚོར་བའང་ཐོག་མ་མེད་པའི་དུས་ནས་བསྐྱེད་པའི་དངོས་རྒྱུ་ནུས་པ་ཐོག་མེད་ཡིན་པའི་ཕྱིར་དབང་ཕྱུག་དེས་འབྲས་བུ་ཐམས་ཅད་དུས་རྟག་ཏུ་ཅིའི་ཕྱིར་བྱེད་པ་མིན་ཏེ། དེ་ནི་འབྲས་བུ་ཐམས་ཅད་བྱེད་པ་གང་ཞིག་རྐྱེན་གཞན་ལ་བལྟོས་པ་མིན་པའི་ཕྱིར། དེར་ཐལ། དབང་ཕྱུག་དེས་བྱས་པ་མིན་པའི་འབྲས་བུ་གཞན་ཡོད་པ་མིན་ན་དབང་ཕྱུག་དེས་འབྲས་བུ་བསྐྱེད་པ་འདི་རྐྱེན་གང་ལ་བལྟོས་པར་


JLD014_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་ལྷན་ཅིག་བྱེད་རྐྱེན་དུ་འདོད་པ་དེའང་དབང་ཕྱུག་གིས་བྱ་དགོས་ཤིང་དེས་བྱས་པས་ཆོག་པའི་ཕྱིར། དབང་ཕྱུག་གིས་འབྲས་བུ་བསྐྱེད་པ་གལ་ཏེ་ལྷན་ཅིག་བྱེད་རྐྱེན་ལ་བལྟོས་ན་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཚོགས་པ་ཉིད་རྒྱུ་ཡིན་པར་འགྱུར་གྱི་དབང་ཕྱུག་རང་དབང་ཡོད་པའི་རྒྱུ་མིན་པར་ཐལ། རྒྱུ་རྐྱེན་ཚོགས་ན་དབང་ཕྱུག་ལ་འབྲས་བུ་མི་བསྐྱེད་པའི་དབང་མེད་ཅིང་ཚོགས་པ་དེ་མེད་པར་ནི་དབང་ཕྱུག་གིས་ཀྱང་བསྐྱེད་པའི་དབང་ཡོད་པ་མིན་པའི་ཕྱིར། གལ་ཏེ་དབང་ཕྱུག་མི་འདོད་བཞིན་དུ་འབྲས་བུ་དམྱལ་བའི་སྡུག་བསྔལ་སོགས་ལས་ཀྱིས་བྱེད་ན་དབང་ཕྱུག་དེ་གཞན་གྱི་དབང་ཅན་དུ་ཐལ་བར་འགྱུར་བས་རང་དབང་དུ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ་ཉམས་སོ། །དབང་ཕྱུག་དེ་འབྲས་བུ་བྱེད་འདོད་ནས་འབྲས་བུ་བྱེད་ནའང་འབྲས་བུ་འདོད་པ་ཙམ་ལ་རག་ལས་པར་འགྱུར་ལ། འདོད་པས་འབྲས་བུ་བྱེད་ནའང་དེ་དབང་ཕྱུག་ག་ལ་ཡིན་ཏེ། འདོད་པ་མི་རྟག་པ་ཡིན་པས་སོ། །གསུམ་པ་ནི། བྱེ་བྲག་པ་གང་དག་རྡུལ་ཕྲན་རྟག་པ་འགྲོ་བ་སྣ་ཚོགས་ཀྱི་བྱེད་པ་པོར་སྨྲ་བ་དེ་དག་ཀྱང་ནི་སྔར་རྡུལ་ཕྲན་ཆ་མེད་འགོག་པའི་རིགས་པས་བཟློག་ཟིན་པས་ཤི་ཟིན་པ་ལ་བསྣན་མི་དགོས་སོ། །གསུམ་པ་ལ། འདོད་པ་དགོད་པ་དང༌། དེ་སུན་དབྱུང་བའོ། །དང་པོ་ནི། གྲངས་ཅན་པ་ན་རེ། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། ཞེས།


JLD014_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱ་ཉེར་ལྔ་ཡོད་པའི་ནང་ནས་གཙོ་བོ་རྟག་པ་ཡིན་པ་གཅིག་པུ་ཡིན་པ་སོགས་མཚན་ཉིད་ལྔ་ལྡན་དེ་རྣམ་འགྱུར་སྣ་ཚོགས་པའི་འགྲོ་བའི་རྒྱུ་ཡིན་པར་ནི་གྲངས་ཅན་འདོད་དོ། །བདེ་སྡུག་བཏང་སྙོམས་གསུམ་གྱི་མིང་གི་རྣམ་གྲངས་སྙིང་སྟོབས་དང་རྡུལ་དང་མིན་པ་ཞེས་བྱ་བའི་ཡོན་ཏན་གསུམ་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་ཞེས་བྱར་རབ་ཏུ་བརྗོད་དེ། དེ་གསུམ་ཆ་མི་མཉམ་པ་དེ་ནི་འགྲོ་བ་སྟེ་རྣམ་འགྱུར་ཡིན་པར་བརྗོད་དོ། །གཉིས་པ་ལ། དངོས་དང༌། དབུ་མ་པ་ལ་སྐྱོན་མི་མཚུངས་པའོ། །དང་པོ་ལ། གཙོ་བོ་ཆ་མེད་ཀྱི་རྟག་པ་རྣམ་འགྱུར་རྣམས་ཀྱི་རང་བཞིན་ཡིན་པ་དགག་པ་དང་། རྟག་པ་ཡིན་པ་དགག་པ་དང༌། འབྲས་བུ་སྔར་མེད་གསར་སྐྱེ་མི་སྲིད་པ་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། གཟུགས་ལ་སོགས་པ་དང་གཙོ་བོ་ཆ་མེད་གཅིག་ལ་བདེ་སོགས་རང་བཞིན་གསུམ་ཡོད་ན་དེ་རིགས་པ་མིན་པར་ཐལ། གཅིག་ཡིན་པ་མི་སྲིད་པར་འགྱུར་བའི་ཕྱིར། དེ་མི་སྲིད་ན་དུ་མའང་མི་སྲིད་པས་གཏན་མེད་དུ་འགྱུར་རོ། །རྒྱུ་མཚན་དེས་ན་ཡོན་ཏན་གསུམ་གྱི་རང་བཞིན་གྱི་གཙོ་བོ་ཆ་མེད་དེ་ཡོད་པ་མིན་ནོ། དེ་བཞིན་དུ་ཡོན་ཏན་ཉིད་ཀྱང་གཅིག་ཏུ་བདེན་པར་ཡོད་པ་མིན་ཏེ་དེའང་སོ་སོར་རེ་རེ་ལ་རྣམ་པ་གསུམ་གསུམ་དུ་ཡོད་པའི་ཕྱིར་དེ་ལྟར་དཔྱད་པ་ན་ཡོན་ཏན་གསུམ་ཆ་མཉམ་པའི་གཙོ་བོ་དེ་མེད་ན་སྒྲ་སོགས་ཀྱང་ཡོད་པ་ཉིད་ཤིན་ཏུ་རྒྱང་རིང་དུ་འགྱུར་ཏེ་དེ་ཙམ་ལྔ་གཙོ་བོའི་རྣམ་འགྱུར་


JLD014_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁས་བླངས་པའི་ཕྱིར་རོ། །སེམས་མེད་བེམ་པོ་ཡིན་པའི་ཕྱིར། གོས་ལ་སོགས་པ་ལ་ཆོས་ཅན། བདེ་སོགས་གྲུབ་བདེ་རྫས་གཅིག་གི་རང་བཞིན་དུ་ཡོད་པར་སྲིད་པའང་མིན་པར་ཐལ་ལོ། །གོས་ལ་སོགས་པ་རྣམ་འགྱུར་གྱི་དངོས་པོ་རྣམས་བདེ་སོགས་དེའི་རྒྱུའི་རང་བཞིན་དུ་བདེན་ན། དངོས་པོ་རྣམས་བདེན་པར་གྲུབ་པ་རྣམ་པར་དཔྱད་ཟིན་པ་མིན་ནམ་སྟེ་བདེན་པ་བཀག་ཟིན་པའི་ཕྱིར། ཁྱོད་ཀྱི་ལྟར་ན་སྣམ་སོགས་ཀྱི་རྒྱུའང་བདེ་སོགས་ཆ་མཉམ་པའི་གཙོ་བོ་ཉིད་ཡིན་ན་གཙོ་བོ་དེ་ལས་སྣམ་སོགས་འབྱུང་བའང་མེད་དེ་གཙོ་བོ་མི་སྲིད་པའི་ཕྱིར། སྣམ་སོགས་ལས་ནི་བདེ་སོགས་སྐྱེ་བ་ཡིན་ན་ཕྱིས་སྣམ་བུ་སོགས་དེ་མེད་པའི་ཕྱིར་ན་བདེ་སོགས་ཆ་མཉམ་པའི་གཙོ་བོའང་མེད་པར་འགྱུར་ཏེ། རྒྱུ་མེད་པའི་འབྲས་བུ་མི་སྲིད་པའི་ཕྱིར། འདོད་མི་རིགས་ཏེ། གཙོ་བོ་རྟག་དངོས་སུ་ཁས་བླངས་པའི་ཕྱིར་རོ། །གཉིས་པ་ནི། བདེ་སོགས་ཀྱི་རང་བཞིན་རྟག་པ་ཉིད་དུའང་ནམ་ཡང་ཡོད་པ་མ་ཡིན་པར་ཐལ། དེ་ལྟར་ཚད་མས་དམིགས་པ་ཡོད་པ་མ་ཡིན་པའི་ཕྱིར། གལ་ཏེ་བདེ་བའི་གསལ་བ་རྟག་པའི་དངོས་པོར་ཡོད་པ་ཉིད་ཡིན་ན་སྡུག་བསྔལ་སྐྱེས་པའི་དུས་ནའང་བདེ་བ་མྱོང་བ་ཅི་ཕྱིར་འཛིན་མ་ཡིན་ཏེ་འཛིན་པར་ཐལ་ལོ། །དེའི་ཚེ་བདེ་བ་དེ་ཉིད་ཕྲ་མོར་གྱུར་ན་དེ་རགས་པ་དང་དེ་དོར་ནས་ཕྲ་བའང་ཇི་ལྟར་ཡིན་ཏེ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། བདེ་སོགས་ཕྲ་བ་དེ་དོར་ནས་རགས་པ་དང༌། རགས་པ་དོར་ནས་ཕྲ་བར་འགྱུར་བས་ཏེ་འགྱུར་བའི་ཕྱིར། ཕྲ་རགས་དེ་དག་མི་


JLD014_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་ཉིད་དུ་འགྱུར་བར་ཐལ་ལོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་ནི་ཆོས་ཅན། མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ་འདོད་རིགས་པར་ཐལ། རང་བཞིན་གཞན་དང་གཞན་དུ་འགྱུར་བའི་ཕྱིར། རགས་པ་བདེ་བ་ལས་གྲུབ་བདེ་རྫས་གཞན་ནམ་རྫས་གཞན་མིན། དང་པོ་ལྟར་ན། རགས་པ་ལོག་ཀྱང་བདེ་བ་མྱོང་བར་འགྱུར་བས་བདེ་བ་གསལ་བར་མྱོང་བ་རགས་པ་ཉིད་ཡིན་པ་ཉམས་སོ། །རྫས་གཞན་མིན་ན་བདེ་བའང་གསལ་བར་མི་རྟག་པ་ཉིད་དུ་འགྱུར་ཏེ། རགས་པ་འགགས་ན་བདེ་བའང་འགགས་པས་སོ། །འདོད་ན་བདེ་སོགས་ཀྱི་རང་བཞིན་རྟག་པ་ཉམས་སོ། །གསུམ་པ་ནི། གལ་ཏེ་སྐྱེ་ན་རྒྱུ་དུས་ན་ཡོད་དགོས་པས་རྒྱུ་དུས་ན་མེད་པ་འགའ་ཡང་ནི་སྐྱེ་བ་མིན་ཏེ། རྒྱུའི་རང་བཞིན་དུ་མེད་པའི་ཕྱིར་ཞེས་འདོད་ན། ཁྱོད་ཀྱི་སྐྱེ་བའི་དོན་གང་ཡིན། རང་བཞིན་སྔར་ཡོད་ཀྱང་གནས་སྐབས་བློ་ཡུལ་དུ་སྔར་མི་གསལ་བ་མངོན་པར་གསལ་བ་ཡིན་ནོ། ཞེ་ན། མངོན་པར་གསལ་བ་རྒྱུ་དུས་ན་མེད་པར་སྐྱེ་བ་ནི་ཁས་བླངས་པས་སྔར་མེད་གསར་སྐྱེའི་འབྲས་བུ་ཁྱོན་མི་འདོད་ཀྱང་གནས་པ་ཉིད་དེ་དོན་ཁས་བླངས་ནས་ཐ་སྙད་མི་འདོད་པ་ཙམ་དུ་ཟད་དོ། །ཡང་ན་གསལ་བ་སྟེ་རྣམ་འགྱུར་སྔར་མེད་གསར་སྐྱེ་ཁྱོད་མི་འདོད་ཀྱང་གནས་པ་ཁས་བླང་དགོས་སོ་ཞེས་བཤད་དོ། གལ་ཏེ་རྒྱུ་ལ་འབྲས་བུ་རང་བཞིན་ཐ་མི་དད་གྱི་ཚུལ་དུ་གནས་ན་ཟན་ཟ་བ་མི་གཙང་བ་ཟ་བར་འགྱུར་བར་ཐལ། ཟན་གྱི་རང་བཞིན་དང་མི་གཙང་བའི་


JLD014_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཆ་མེད་ཀྱི་གཅིག་ཡིན་པའི་ཕྱིར། གཙོ་བོ་དེ་ཉིད་ཆོས་རྣམས་ཀྱི་རང་བཞིན་དང་གནས་ལུགས་དང་དོན་དམ་པ་དང༌། ཆ་མེད་ཀྱི་རྟག་པར་ཁས་བླངས་ལ། ཟན་གྱི་རང་བཞིན་དང་མི་གཙང་བའི་རང་བཞིན་གཅིག་ཏུ་ཁས་བླངས་པས་སོ། །གཞན་ཡང་རས་གོས་ཀྱི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་བགོ་བར་བགྱིས་ཏེ། གྱོན་པས་ཆོག་པར་ཐལ། རས་གོས་ཀྱི་རང་བཞིན་དང་རས་བལ་གྱི་ས་བོན་གྱི་རང་བཞིན་ཆ་མེད་གཅིག་ཡིན་པའི་ཕྱིར། གལ་ཏེ་དེ་གཉིས་རང་བཞིན་གཅིག་ཡིན་ཀྱང་འཇིག་རྟེན་རྨོངས་པས་རྒྱུ་དུས་ན་འབྲས་བུ་ཡོད་པ་མ་མཐོང་བས་ན་རས་བལ་གྱི་ས་བོན་མི་གྱོན་པ་ཡིན་ནོ་ཞེ་ན། འོ་ན་གྲངས་ཅན་ཁྱོད་ཀྱི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པ་ཐམས་ཅད་མཁྱེན་པར་འདོད་པས། རྒྱུ་དུས་ན་འབྲས་བུ་ཡོད་པའི་དེ་ཉིད་ཤེས་པ་ཉིད་ཀྱིས་བཞག་པ་དེ་ཉིད་ཁྱོད་ཀྱིས་ཀྱང་ཤེས་པས་ཁྱོད་ཟན་ཟ་བ་མི་གཙང་བ་ཟ་བ་སོགས་སུ་འགྱུར་རོ། །ཁྱོད་ཀྱི་ལུགས་ཀྱིས་འཇིག་རྟེན་པ་ལའང་ནི་དེ་ཉིད་ཤེས་པ་ཡོད་པས་རྒྱུའི་དུས་ན་འབྲས་བུ་ཡོད་པ་ཅི་སྟེ་མཐོང་མ་ཡིན་ཏེ་མཐོང་བར་ཐལ། རྒྱུ་དུས་ན་འབྲས་བུ་ཡོད་པ་གྲངས་ཅན་གྱིས་བཞག་པ་དེ་ཤེས་པའི་ཕྱིར། ཡང་རྐང་པ་སྔ་མ་ལ། དེ་ཉིད་ཤེས་པར་འདོད་པའི་ཁྱོད་ཀྱི་སྟོན་པས་ཀྱང་རས་བལ་གྱི་ས་བོན་མི་གྱོན་པར་རས་གོས་ནན་གྱིས་གྱོན་པར་མཐོང་བས་རྒྱུ་དུས་ན་འབྲས་བུ་མེད་པར་གསལ་ལོ། །གལ་ཏེ་འཇིག་རྟེན་བས་མཐོང་བ་ཚད་མ་ཉིད་མིན་པས་ན་མི་རྟོག་པ་ཡིན་ནོ་ཞེ་ན། འོ་ན་འཇིག་རྟེན་པས་གསལ་བ་རྣམ་འགྱུར་མངོན་དུ་གྱུར་


JLD014_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་བཞིན་མཐོང་བའང་བདེན་པ་མ་ཡིན་པར་ཐལ། འཇིག་རྟེན་པས་མཐོང་བ་ཚད་མ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དབུ་མ་པ་ལ་སྐྱོན་མི་མཚུངས་པ་ནི། གལ་ཏེ་ཁྱེད་ལྟར་ནའང་ཚད་མ་དོན་དམ་པར་ཚད་མ་མིན་ན་བརྫུན་པའི་ཚད་མ་དེས་གཞལ་བྱ་གཞལ་བའང་གཞལ་བ་ལྟར་མ་གྲུབ་པའི་ཕྱིན་ཅི་ལོག་བརྫུན་པར་མི་འགྱུར་རམ་སྟེ་འགྱུར་བར་ཐལ། འཇམ་བྱེད་ཚད་མ་བརྫུན་པ་ཡིན་པའི་ཕྱིར། རྒྱུ་མཚན་དེ་ཉིད་དུ་ན་ཁྱོད་འདོད་པའི་སྟོང་པ་ཉིད་བསྒོམ་པ་ཕྱིན་ཅི་མ་ལོག་པ་མི་འཐད་པར་འགྱུར་ཏེ། དེ་འཇལ་བྱེད་ཀྱི་ཚད་མ་བརྫུན་པ་ཡིན་པ་དེའི་ཕྱིར་ཞེ་ན། ཤེས་བྱ་ཆོས་ཅན། ཁོ་བོ་ཅག་ལ་སྟོང་ཉིད་འཇལ་བའི་ཚད་མ་བརྫུན་པ་དང༌། དེས་བཞག་པའི་སྟོང་པ་ཉིད་ཀྱང་བརྫུན་པ་ཡིན་པ་ཆེས་འཐད་དེ། རྟོག་པས་བདེན་པའི་དངོས་པོ་བཀག་པའི་བཀག་པ་ངེས་པ་དེ་དགག་བྱའི་རྣམ་པ་ཤར་བ་ལ་རག་ལས་པའི་ཕྱིར། དེར་ཐལ། བརྟགས་པའི་དངོས་པོ་བདེན་གྲུབ་ལ་རྟོག་པས་མ་རིག་པར་ཏེ་བདེན་གྲུབ་ཀྱི་རྣམ་པ་མ་ཤར་པར་བདེན་སྟོང་དེའི་དངོས་མེད་བདེན་མེད་དེ་རྟོག་པས་འཛིན་པ་མ་ཡིན་པའི་ཕྱིར། དེའི་ཕྱིར་དགག་བྱ་བརྫུན་པའི་དངོས་པོ་གང་ཡིན་པ་དེ་མི་སྲིད་པས་དགག་བྱ་དེ་བཀག་པ་དེའི་དངོས་མེད་དེ་གསལ་བར་བརྫུན་ནོ། །སྔ་མའི་དཔེ་ནི་རྟོག་པ་ལ་མོ་གཤམ་གྱི་བུའི་རྣམ་པ་མ་ཤར་བར་མོ་གཤམ་བུ་ཤི་བའི་རྣམ་པ་མི་འཆར་བ་བཞིན་ནོ། །དགག་བྱ་བཀག་པའི་བདེན་སྟོང་བདེན་པར་གྲུབ་ན། རིགས་ཤེས་རྗེས་


JLD014_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ལ་བདེན་སྟོང་སྣང་བ་བདེན་པར་གྲུབ་དགོས་ལ། དེ་ལྟ་ན་ཡ་གྱལ་བཀག་པའི་ཚོགས་པ་མི་སྲིད་ཅིང་དེ་ལ་དགག་བྱ་བདེན་པ་སྣང་བས་བདེན་སྣང་ཡང་བདེན་པར་གྲུབ་དགོས་ལ། དེ་ལྟ་ན། བདེན་གྲུབ་ཡོད་དགོས་ན་དེ་མེད་པའི་ཕྱིར། དེ་བཀག་པའི་བདེན་སྟོང་ཡང་བརྫུན་པ་ཡིན་གྱི་བདེན་པར་མ་གྲུབ་བོ། །དེ་ནི་རྩ་ཤེ་ལས། གལ་ཏེ་མི་སྟོང་ཅུང་ཟད་ཡོད། ཅེས་སོགས་ཀྱི་དོན་སྟོན་པ་ཡིན་ནོ། །བདེན་གྲུབ་ཀྱི་དོན་སྤྱི་མ་ཤར་པར་བདེན་སྟོང་ལེགས་པར་མི་ངེས་པས། སྟོང་ཉིད་ངེས་པ་དགག་བྱའི་ཚད་འཛིན་ལ་མཁས་དགོས་པ་ཡིན་ནོ། །རྒྱུ་མཚན་དེས་ན། དཔེར་ན། རྨི་ལམ་དུ་བུ་ཤི་བ་དམིགས་པ་ལ་བུ་དེ་མེད་སྙམ་པའི་རྣམ་རྟོག་ནི་བུ་དེ་ཡོད་སྙམ་པའི་རྣམ་པར་རྟོག་པའི་གེགས་ཡིན་ཀྱང་རྨི་ལམ་གྱི་སྤང་གཉེན་གཉིས་པོ་དེའང་བརྫུན་པ་ཡིན་པ་དེ་བཞིན་དུ་གཉེན་པོ་བརྫུན་པས་སྤང་བྱ་བརྫུན་པ་འཇོམས་པ་དང༌། ཚད་མ་བརྫུན་པས་གཞལ་བྱ་བརྫུན་པ་འཇལ་བ་མི་འགལ་ལ། གྲངས་ཅན་གྱིས་ཤེས་བྱ་ཐམས་ཅད་བདེན་གྲུབ་ཏུ་ཁས་བླངས་པས་ཚད་མ་བརྫུན་པ་འཇོག་མི་ཤེས་པས་མི་མཚུངས་སོ། །བཞི་པ་ནི། རྒྱུ་མཚན་དེ་བས་ན་སྔར་བཤད་པ་དེ་ལྟར་རིགས་པས་རྣམ་པར་དཔྱད་པས་དབང་ཕྱུག་དང་གཙོ་བོ་སོགས་མི་མཐུན་པའི་རྒྱུ་ལས་སྐྱེ་བ་མི་སྲིད་པར་མ་ཟད་འབྲས་བུ་འགའ་ཡང་རྒྱུ་མེད་ལས་སྐྱེ་བའང་ཡོད་པ་མ་ཡིན་ཞེས་རྒྱུ་མེད་ལས་སྐྱེ་བ་ཁེགས་པའི་འཇུག་བསྡུས་པ་ཡིན་ནོ། །ལྔ་པ་ནི། གཞུང་རྐང་པ་བཞི་པོ་འདི་མུ་གསུམ་ལས་སྐྱེ་བ་བཀག་


JLD014_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཇུག་སྡུད་ལ་སྦྱར་ཡང་རུང་ཞིང་རང་གཞན་གཉིས་ཀ་ལས་སྐྱེ་བ་འགོག་པའི་རིགས་པ་ལའང་སྦྱར་རོ། །མྱུ་གུ་ལ་སོགས་པའི་འབྲས་བུ་རྣམས་ཆུ་ལུང་དྲོད་གཤེར་ལ་སོགས་པ་སོ་སོ་བ་རྣམས་ལ་གནས་པའམ་ཐམས་ཅད་འདུས་པའི་རྐྱེན་རྣམས་ལའང་རང་བཞིན་གྱིས་འཁར་གཞོང་ལ་རྒྱ་ཤུག་བརྟེན་པའི་ཚུལ་དུ་གནས་པ་མ་ཡིན་ཏེ་དེ་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར་དང༌། དེའི་དུས་ནའང་ཡོད་པ་མ་ཡིན་ཏེ། རྐྱེན་རྣམ་པར་མ་འགྱུར་བར་མྱུ་གུ་མི་སྐྱེ་བའི་ཕྱིར་རོ། །རྐྱེན་དེ་རྣམས་ལས་གཞན་ནས་འོངས་པའང་མ་ཡིན་ལ་རང་བཞིན་གྱིས་གྲུབ་པའི་ཚུལ་གྱི་གྲུབ་ཟིན་གནས་པ་མ་ཡིན་ཞིང་འགག་ནས་གཞན་དུ་འགྲོ་བའང་མ་ཡིན་པས་རང་བཞིན་ཅུང་ཟད་ཀྱང་མེད་ལ། དེའི་ཕྱིར་བདག་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་དང་བདག་གཞན་གཉིས་ཀ་ལས་སྐྱེ་བའང་མེད་དོ། །མདོར་ན། ཕུང་པོ་དང་གང་ཟག་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། བདག་ལས་ཀྱང་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་གཉིས་ཀ་ལས་ཀྱང་མི་སྐྱེ། རྒྱུ་མེད་ལས་མི་སྐྱེ་བའི་ཕྱིར། ཞེས་པའི་ཕྱོགས་ཆོས་རྒྱས་པར་བསྒྲུབས་པ་ཡིན་ནོ། །གཉིས་པ་རྟེན་འབྲེལ་གྱི་གཏན་ཚིགས་ནི། ཉོན་མོངས་ཅན་གྱི་རྨོངས་པ་མ་རིག་པས་བདེན་པར་གང་བྱས་ཤིང་བཏགས་པའི་དངོས་པོ་འདི་སྒྱུ་མ་དང་རྨི་ལམ་དང་གཟུགས་བརྙན་སོགས་ལས་ནི་ཁྱད་ཅི་ཡོད་དེ་རང་བཞིན་གྱིས་གྲུབ་པས་སྟོང་བཞིན་དུ་རང་བཞིན་གྱིས་གྲུབ་པར་སྣང་བའི་ཕྱིར།


JLD014_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་མཁན་གྱིས་སྤྲུལ་བ་སྒྱུ་མའི་རྟ་གླང་སོགས་གང་ཡིན་པ་དང་རྒྱུ་རྐྱེན་རྣམས་ཀྱིས་ནི་གང་སྤྲུལ་བའི་དངོས་པོ། རང་བཞིན་གྱིས་གྲུབ་ན་སྐྱེས་བའི་ཚེ་གཞན་ནས་འོང་དགོས་ཤིང༌། འགགས་པའི་ཚེ་གཞན་དུ་འགྲོ་དགོས་ན། །གང་ནས་འོངས་པར་འགྱུར་ཞིང་གང་དུ་འགྲོ་བའང་བརྟག་པར་གྱིས་ཏེ་འགྲོ་འོང་རང་བཞིན་མེད་པས་གང་ཟག་དང་ཕུང་པོ་ཆོས་ཅན། རང་བཞིན་གྱིས་མེད་དེ། །རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན་ཞེས་པའོ། །འདུ་བྱེད་དང་མྱུ་གུ་སོགས་པའི་འབྲས་བུ་གང་ཞིག་མ་རིག་པ་དང་ས་བོན་ལ་སོགས་པའི་རྒྱུ་གང་དང་ནི་ཉེ་བ་ཡིས་སྐྱེ་བ་མཐོང་བར་འགྱུར་ལ་རྒྱུ་དེ་དག་མེད་ན་སྐྱེ་བ་མིན་པ་བཅོས་བུ་ཡིན་པས་གཟུགས་བརྙན་དང་མཚུངས་པ་དེ་ལ་བདེན་པར་གྲུབ་པ་ཉིད་ཇི་ལྟར་ཡོད་དེ་མེད་དོ། །སྒྱུ་མ་ཞེས་པ་བཞིས་རྟེན་འབྲེལ་གྱི་རྟགས་ཀྱི་ཁྱབ་པ་སྒྲུབ་པ་དང༌། དེ་ནས་རྐང་པ་ཕྱེད་དང་གསུམ་གྱིས་གཏན་ཚིགས་དང༌། དེ་ནས་ཕྱེད་ཀྱིས་དཔེ་དང༌། ཐ་མས་དམ་བཅའ་བསྟན་ནོ། །རྒྱས་པར་ཤེས་འདོད་ན་འཇུག་པའི་རྣམ་བཤད་ཆེན་མོ་ལས་ཤེས་པར་བྱའོ། །གསུམ་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ལ། གཏན་ཚིགས་བསྒྲུབས་ནས་སྐྱེ་བ་རང་བཞིན་གྱིས་གྲུབ་པ་དགག་པ་དང་། དེས་འགག་པ་རང་བཞིན་གྱིས་གྲུབ་པ་ཁེགས་པ། དེས་ན་སྲིད་ཞི་མཉམ་པ་ཉིད་དུ་གྲུབ་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་པར་གྱུར་པ་ལ་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ་རང་བཞིན་གྱིས་ཡོད་པ་བསྐྱེད་མི་དགོས་པའི་ཕྱིར་རོ། །


JLD014_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་འབྲས་བུ་དེ་ནི་མེད་ནའང་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ་བསྐྱེད་མི་ནུས་པའི་ཕྱིར་རོ། །འབྲས་བུ་ཐམས་ཅད་རྒྱུའི་དུས་ན་མེད་པ་སྐྱེ་བ་ཤ་སྟག་ཡིན་པས་དེ་འགོག་པ་མ་ཡིན་གྱི་གཏན་མེད་སྐྱེ་བ་འགོག་པ་ཡིན་ནོ། །འབྲས་བུ་ཡོད་པ་སྐྱེ་བ་འགོག་པའང་གྲངས་ཅན་རྒྱུ་དུས་སུ་ཡོད་པར་འདོད་པ་དང༌། ཕལ་ཆེར་རང་བཞིན་གྱིས་ཡོད་པར་འདོད་པ་འགོག་པ་ཡིན་གྱི། སྐྱེས་ཟིན་པའི་ཕྱིར་བསྐྱེད་མི་དགོས་པར་འགྱུར་རོ་ཞེས་ཟེར་བ་ནི་རིགས་པའི་ལམ་ལས་འདས་པའོ། །དེས་ན། རང་བཞིན་གྱིས་སྟོང་བའི་རྒྱུ་འབྲས་སྒྱུ་མ་ལྟ་བུ་དང་གཟུགས་བརྙན་ལྟ་བུ་ཁས་ལེན་པར་བྱེད་པ་ཡིན་ནོ། །དངོས་མེད་རྒྱུའི་བྱེད་པའི་ཡུལ་དུ་མི་རུང་བར་སྒྲུབ་པ་ནི། ཡོད་པ་གྲུབ་ཟིན་པས་བསྐྱེད་མི་དགོས་ཀྱང༌། མེད་པ་ཅིའི་ཕྱིར་མི་འབྱུང་ཞེ་ན། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་དངོས་པོ་མེད་པ་དངོས་པོར་བསྒྱུར་དུ་མེད་དེ་དངོས་མེད་དངོས་པོར་སུ་གང་གིས་ཀྱང་བྱ་བར་མི་ནུས་པའི་ཕྱིར། འགྱུར་ན་དངོས་མེད་ཀྱི་གནས་སྐབས་མ་བཏང་བའམ། བཏང་ནས་ཡིན། དང་པོ་ལྟར་ན་དངོས་མེད་ཀྱི་གནས་སྐབས་དེ་དངོས་པོ་ཇི་ལྟར་ཡིན་ཏེ་དོན་བྱེད་ནུས་པ་དང་མི་ནུས་པའི་གནས་སྐབས་འགལ་བའི་ཕྱིར་རོ། །གཉིས་པ་ལྟར་ན། དངོས་པོ་དང་དངོས་མེད་ལས་དངོས་པོར་འགྱུར་རྒྱུ་གཉིས་ལས་གཞན་ཡང་གང་ཞིག་ཡིན་མི་སྲིད་པའི་ཕྱིར་རོ། །གཞན་ཡང་དངོས་མེད་ཀྱི་གནས་སྐབས་མ་བཏང་ན་དངོས་པོར་མེད་པའི་ཚེ་དངོས་པོར་ཡོད་པ་


JLD014_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་མིན་ན། དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཏེ་མེད་པའི་དུས་ན་དངོས་པོ་མ་སྐྱེས་པའི་ཕྱིར། གཞན་ཡང༌། དངོས་མེད་ཀྱི་གནས་སྐབས་བཏང་ནས་འགྱུར་ན། དངོས་པོ་སྐྱེས་པར་མ་གྱུར་པར། དངོས་མེད་དག་ནི་བྲལ་བར་མི་འགྱུར་ལ། དངོས་མེད་དང་ནི་མ་བྲལ་ན། དངོས་པོར་ཡོད་པའིསྐབས་མི་སྲིད་དེ། གནས་སྐབས་གཉིས་འགལ་བའི་ཕྱིར་རོ། །དངོས་མེད་དངོས་པོར་མི་འགྱུར་བ་དེ་བཞིན་དུ། །དངོས་པོའང་དངོས་པོ་མེད་པར་འགྱུར་བ་མིན་ཏེ་ཕྱེད་དངོས་པོ་དང་ཕྱེད་དངོས་མེད་ཡིན་ན་གཅིག་ཉིད་རང་བཞིན་གཉིས་སུ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར། རིགས་པ་འདི་དག་གིས་ཡེ་མེད་དང་དངོས་པོར་མེད་པ་མཐའ་དག་སྐྱེ་བ་བཀག་པ་ཡིན་ནོ། །མྱུ་གུ་ཆོས་ཅན། རང་བཞིན་གྱིས་སྐྱེ་བ་མེད་དེ། ཡོད་པ་རང་བཞིན་གྱིས་གྲུབ་པའང་མི་སྐྱེ། མེད་པ་རང་བཞིན་གྱིས་གྲུབ་པའང་མི་བསྐྱེད་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །རྒྱུའི་དུས་ན་མེད་པ་སྐྱེ་བ་འགོག་པ་ནའང༌། རྒྱུའི་དུས་ན་མེད་ཀྱང་སྐྱེས་པའི་ཚེ་རང་བཞིན་གྱིས་གྲུབ་པར་སྐྱེ་བ་འགོག་པ་ཡིན་པས་དགག་བྱ་ལ་ཁྱད་པར་སྦྱར་བའོ། །གཉིས་པ་ནི། སྔར་གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་སྐྱེ་བ་རང་བཞིན་གྱིས་མ་གྲུབ་པ་དེ་ལྟར་ན་འགག་པ་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་ཞིང་དངོས་པོའང་རང་བཞིན་གྱིས་ཡོད་པ་མིན་པ་དེའི་ཕྱིར། འགྲོ་བ་འདི་དག་ཐམས་ཅད་ནི་རྟག་ཏུ་རང་བཞིན་གྱིས་མ་སྐྱེས་པ་དང༌། མ་འགགས་པ་ཉིད་དང་གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་


JLD014_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ཉིད་དོ། །གསུམ་པ་ནི། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ་རང་བཞིན་ཅུང་ཟད་ཀྱང་མེད་པ་ལ་བྱ་བྱེད་མ་འདྲེས་པ་སོ་སོར་གནས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་རྣམ་པར་དཔྱད་ན་ཆུ་ཤིང་དང་འདྲ་སྟེ་ཚུགས་ཐུབ་པ་ལྟར་སྣང་ཡང་རང་བཞིན་གྱིས་གྲུབ་པའི་སྙིང་པོ་ཅུང་ཟད་ཀྱང་མེད་པའི་ཕྱིར། དེ་ཁོ་ན་ཉིད་ལ་དཔྱད་པར་འགྲོ་མི་འགྲོའི་ས་ཚིགས་ནི། མིང་གི་ཐ་སྙད་བཏགས་པ་ཙམ་གྱིས་མ་ཚིམ་པར་ཐ་སྙད་འཇུག་པའི་གཞི་ཇི་ལྟར་ཡོད་འཚོལ་འདོད་ནས་དཔྱོད་པ་ན་དེ་ཁོ་ན་ཉིད་ལ་དཔྱོད་པར་འགྲོ་ལ། དེ་ལྟར་མིན་པར་ཐ་སྙད་བཏགས་ཙམ་གྱིས་ཚིམ་ནས་ལྷ་བྱིན་འོངས་མ་འོངས་སོགས་དཔྱོད་པ་ནི། ཐ་སྙད་ཀྱི་དཔྱད་པ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་སྲིད་པའི་འཆིང་བ་ལས་གྲོལ་བའི་མྱ་ངན་ལས་འདས་པ་དང་འཁོར་བའི་བཙོན་རར་ཆུད་པའི་མྱ་ངན་ལས་མ་འདས་པའང་དེ་ཁོ་ན་ཉིད་དུ་ནི་ཁྱད་པར་མེད་དེ། སྲིད་པ་དང་ཞི་བ་རང་བཞིན་གྱིས་སྟོང་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོ་ལས། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་མི་སྐྱེ་སུ་ཡང་འཆི་བ་མེད། ཅེས་སོགས་དང༌། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། ཆོས་ཀྱི་རང་བཞིན་དག་ལ་གཞལ་བྱས་ནས། །འབྲས་བུ་ཀུན་མེད་འབྲས་བུ་ཐོབ་པའང་མེད། ཅེས་སོགས་གསུངས་པ་ལྟར་རོ། །གསུམ་པ་དེས་ན་སྟོང་པ་ཉིད་རྟོགས་པ་ལ་འབད་རིགས་པར་གདམས་པ་ལ། གདམས་པ་དངོས་དང༌། འཁོར་བའི་


JLD014_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་དམིགས་བསྟན་པའི་སྒོ་ནས་སྙིང་རྗེ་ཆེན་པོའི་དམིགས་པ་བསྟན་པ་དང༌། སྙིང་རྗེ་ཆེན་པོའི་རྣམ་པའི་འཛིན་སྟངས་བསྟན་པའོ། །དང་པོ་ལ། གནས་ལུགས་ཀྱི་དོན་བསྟན་པ་དང་། དེ་རྟོགས་པ་ལ་འབད་རིགས་པའོ། །དང་པོ་ནི། སྔར་གོང་དུ་ཇི་སྐད་བཤད་པའི་ཚུལ་དེ་ལྟར་རང་བཞིན་གྱིས་སྟོང་པའི་དངོས་པོ་རྣམས་ལ་རང་བཞིན་གྱི་ངོས་ནས་གཞལ་ན་རྙེད་པ་གང་གིས་ཆགས་པར་འགྱུར་བ་ཐོབ་པ་ཅི་ཡོད་རྙེད་པ་གང་ཞིག་ཤོར་བས་ཁོང་ཁྲོ་སྐྱེ་བར་འགྱུར་བ་ཤོར་བ་ཅི་ཡོད་དེ་ཅུང་ཟད་ཀྱང་མེད་ལ། གང་གིས་རིམ་གྲོ་བྱས་པའམ་ཡོངས་སུ་བརྙས་པའི་ཕན་པ་བྱས་པ་དང་གནོད་པ་བྱས་པའང་ཅི་ཞིག་ཡོད་གང་ཞིག་ཐོབ་པ་དང་སྤང་བའི་དོན་དུ་འབད་པ་བྱེད་པ་བདེ་བའམ་སྡུག་བསྔལ་གྱི་རྒྱུ་བདེན་པ་བ་གང་ལས་ཡིན་འདོད་བྱ་མ་ཡིན་པ་དང་འདོད་བྱ་རང་བཞིན་གྱིས་གྲུབ་པའི་མི་དགར་ཅི་ཡོད་གནས་ལུགས་ཀྱི་དོན་ལ་དཔྱོད་པའི་རིགས་པས་དེ་ཉིད་དུ་ནི་བཙལ་བྱས་ན། སྲིད་པ་སྐྱེ་བའི་གཞི་གང་ལ་སྲེད་པ་པོ་གང་ཞིག་སྲེད་ཅིང་དམིགས་པ་གང་ལ་སྲེད་དེ། སྲིད་པའི་འཁོར་གསུམ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ལས་དང་ལས་གསོག་པ་པོ་ལ་སོགས་པ་རྣམས་ལ་དཔྱད་ན་གསོན་པོའི་འཇིག་རྟེན་སེམས་ཅན་འདི་གང་ཞིག་སྲིད་པ་འདིར་ནི་འཆི་འགྱུར་ཏེ་འཆི་བ་རང་བཞིན་གྱིས་མ་གྲུབ་བའི་ཕྱིར། ཚེ་ཕྱི་མར་འབྱུང་འགྱུར་གང་ཡིན་སྐྱེ་བ་སྔ་མར་བྱུང་གྱུར་གང་ཕན་འདོགས་པའི་གཉེན་དེ་གང་ཡིད་དུ་འོང་བའི་བཤེས་ཀྱང་གང་ཞིག་ཡིན་ཏེ། རང་བཞིན་གྱིས་


JLD014_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་གནས་ལུགས་ཀྱི་དོན་ཁོང་དུ་ཆུད་པར་བྱས་ནས་འཇིག་རྟེན་གྱི་ཆོས་བརྒྱད་རོ་སྙོམས་པ་ལ་འབད་པར་བྱའོ། །གཉིས་པ་ནི། དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ནི་གཞུང་རྩོམ་པ་པོ་བདག་འདྲ་བས་ཡོངས་སུ་བཟུང་བར་བགྱིས་ཏེ། སྲིད་པའི་རྩ་བ་གཅོད་པ་དང༌། ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །བདག་འདྲ་བ་ནི་རྩོམ་པ་པོའི་ཁེངས་སྐྱུང་བ་དང་གཙོ་བོ་ནི་དེ་ཁོ་ན་ཉིད་མ་རྟོགས་པའི་སོ་སོ་སྐྱེ་བོ་རྣམས་ལ་གདམས་པ་ཡིན་ནོ། །གཉིས་པ་ལ། ཚེ་འདིའི་ཉེས་དམིགས་དང༌། འཇིག་རྟེན་ཕྱི་མའི་ཉེས་དམིགས་དང་། བདེ་འགྲོར་སྐྱེས་ཀྱང་དམ་པའི་ཆོས་སྒྲུབ་པའི་ལོང་མེད་བསམ་པ་དང༌། དལ་འབྱོར་ཤིན་ཏུ་རྙེད་དཀའ་བ་བསམ་པ་དང༌། དེས་ན་རང་གཞན་འཁོར་བའི་སྡུག་བསྔལ་གྱིས་མནར་པ་ལ་མྱ་ངན་བྱ་བར་འོས་པའོ། །དང་པོ་ནི། ཚེ་འདིར་ཡང་བདག་ཉིད་བདེ་བར་འདོད་ཀྱང་སྡུག་བསྔལ་གྱི་དབང་ལས་མ་འདས་ཏེ། རང་གཞན་རྣམས་ནི་བདེ་བར་འདོད་པས་དགྲ་ལ་འཐབ་པ་དང་གཉེན་ལ་སྤྲོ་བའི་རྒྱུ་དག་གིས་རབ་ཏུ་འཁྲུག་པ་དང་དགའ་བར་བྱེད་ཅིང་འདོད་པ་མ་གྲུབ་ན་མྱ་ངན་དང་འདོད་པའི་དོན་དུ་འབད་རྩོམ་བྱེད་པ་དང་གཞན་ལ་རྩོད་པ་དང་བདག་གཞན་ཕན་ཚུན་ལུས་གཅོད་པ་དང་འབིགས་པ་དང་གཞན་ཡང་ངག་ཡིད་ལ་སོགས་པའི་སྡིག་པ་མཐའ་ཡས་པ་བསགས་པ་དག་གིས་ནི་ཚེགས་


JLD014_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འབྲས་བུ་མེད་པའི་དཀའ་བ་ཆེན་པོས་འཚོ་དགོས་པར་སྣང་བས་མཁས་པ་དག་གིས་ཚེ་འདིའི་ཕུན་ཚོགས་ལ་སྲེད་པར་མི་བྱའོ། །གཉིས་པ་ནི། དགེ་བའི་བཤེས་གཉེན་དང་ལན་རེ་ཙམ་ཕྲད་པའི་སྟོབས་ཀྱིས་བདེ་འགྲོར་གློག་འགྱུ་བ་བཞིན་དུ་དུས་ཅུང་ཟད་རེ་ཡང་དང་ཡང་འོངས་ཏེ་བདེ་བ་མང་པོ་ལོངས་སྤྱད་སྤྱད་ནས་ཡང་ཤི་ནས་ངན་སོང་གི་སྡུག་བསྔལ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་ནི་ཡུན་རིང་པོ་བསྐལ་པ་མཐའ་ཡས་པའི་བར་དུ་དམྱལ་བ་ཆེན་པོ་མི་བཟད་པ་རྣམས་སུ་ལྟུང་ཞིང༌། སྡུག་བསྔལ་མཐའ་ཡས་པ་ཉམས་སུ་མྱོང་དགོས་པས་ངན་འགྲོའི་ཉེས་དམིགས་བསམ་པར་བྱའོ། །སྲིད་པ་སྤྱིའི་ཉེས་དམིགས་སེམས་པ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་ན་ནི། སྡུག་བསྔལ་གྱིས་གནོད་པའི་གཡང་ས་ཤིན་ཏུ་མང་སྟེ་དེ་དག་ལས་མི་འདའ་བའི་རྒྱུ་ནི་སྲིད་པ་དེར་ནི་སྡུག་བསྔལ་ལས་གྲོལ་བའི་ཐབས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་མིན་པར་སྲེད་པའི་ཞགས་པས་བཅིངས་པ་འདི་འདྲ་དང་ལྡན་པའི་སྐབས་དེར་ཡང་ཕན་ཚུན་འགལ་བས་ན་སྟེ་དེ་ཁོ་ན་ཉིད་ཁོང་དུ་མ་ཆུད་ན་ཐར་པའི་རྒྱུ་དང་འགལ་བ་དངོས་པོ་བདེན་པར་སྒྲོ་བཏགས་ནས་འཁོར་བར་འཁོར་བ་འབའ་ཞིག་ཏུ་ཟད་དོ། །སྲིད་པ་འཁོར་བ་ན་དེ་ཉིད་ཁོང་དུ་ཆུད་པ་འདི་འདྲ་མེད་པས་སྲིད་པ་དེར་ཡང་དཔེ་མེད་པའི་མི་ཟད་པའི་སྡུག་བསྔལ་གྱི་རྒྱ་མཚོ་མཐའ་ལས་འདས་པ་ཉམས་སུ་མྱོང་བར་འགྱུར་བས་སྟོང་པ་ཉིད་རྟོགས་པ་ལ་འབད་པར་རིགས་སོ། །གསུམ་པ་ནི། སྲིད་


JLD014_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེར་ནི་བདེ་འགྲོར་སྐྱེས་ཀྱང་དེ་ལྟར་དགེ་བ་སྒྲུབ་པའི་སྟོབས་ཆུང་ཞིང་དེང་ནི་དགེ་བ་སྒྲུབ་པའི་རྟེན་དལ་འབྱོར་གྱི་ཚེའང་ཐུང་བ་ཉིད་དང་དེར་ཅུང་ཟད་གནས་པའི་སྐབས་སུའང་ཡུན་རིང་དུ་གསོན་དུ་རེ་བའི་ཐབས་ཁྲུས་དང་སྐུ་མཉེ་སོགས་དང་ནད་མེད་ཀྱི་རྒྱུ་སྨན་བསྟེན་པ་སོགས་བྱེད་པ་དང་བཀྲེས་པ་དང་ལམ་གྱི་ངལ་བ་དང་གཉིད་དང་ཕྱི་ནང་གི་གནོད་པ་སྣ་ཚོགས་པའི་ཉེ་བར་འཚེ་བ་དང་དེ་བཞིན་དུ་སྡིག་གྲོགས་ཀྱི་བྱིས་པ་དང་འགྲོགས་པ་སོགས་དོན་མེད་ཀྱིས་ཆོས་བྱེད་པའི་ལོང་མེད་པར་ཚེ་འདི་དོན་མེད་མྱུར་པོར་ཏེ་འགྱོགས་པ་འདའ་ཞིང་འཇིགས་པར་འགྱུར་ལ། སྲིད་པ་ལས་འདའ་བའི་རྒྱུ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྣམ་པར་དཔྱད་པའང་ཤིན་ཏུ་རྙེད་པར་དཀའ་བས་འཁོར་བ་ལྡོག་པའི་ཐབས་ལ་འབད་པར་བྱའོ། །བཞི་པ་ནི། བདེ་འགྲོར་སྐྱེས་པའི་དུས་སུ་སྟོང་པ་ཉིད་ཀྱི་དོན་བསྒོམས་ནས་འཁོར་བ་ལྡོག་པས་ཆོག་གོ་ཞེ་ན། འཁོར་བ་དེར་ཡང་དངོས་པོ་ལ་བདེན་པར་མངོན་པར་ཞེན་པ་དང༌། འདུ་འཛི་ལ་སོགས་པའི་རྣམ་གཡེང་ཚེ་འཁོར་བ་ཐོག་མ་མེད་པ་ནས་གོམས་པ་ནི་ལྡོག་ཤིན་ཏུ་དཀའ་བས་དེ་ལྡོག་པའི་ཐབས་ནི་ག་ལ་ཡོད་དེ་དེ་ལྡོག་པའི་མཐུན་རྐྱེན་ཤིན་ཏུ་ཉུང་ཞིང༌། འགལ་རྐྱེན་ཉེར་འཚེ་ཤིན་ཏུ་མང་བའི་ཕྱིར་ཏེ། དམ་པའི་ཆོས་ཅུང་ཟད་སྒྲུབ་པའི་དུས་དེར་ཡང་ངན་སོང་ཆེན་པོར་ནི་ལྟུང་བའི་ཕྱིར་དུ་ལྷའི་བུའི་བདུད་ལ་སོགས་པ་ནི་བརྩོན་པར་བྱེད་པས་སྲིད་པ་ལས་གྲོལ་བའི་འགལ་རྐྱེན་མང་ཞིང་བཟློག་


JLD014_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་ཡིན་ནོ། །བདེ་འགྲོར་སྐྱེས་པའི་ཚེ། བདེན་པ་དང་དཀོན་མཆོག་སོགས་ལ་དད་པ་བསྒོམ་པ་ལ་སོགས་པ་བྱས་ནས་སྲིད་པ་ལས་གྲོལ་བར་བྱེད་པས་རྙེད་མི་དཀའོ་ཞེ་ན། བདེ་འགྲོར་སྐྱེས་པའི་དུས་དེར་ཡང་ཡང་དག་པའི་ལྟ་བའི་མི་མཐུན་ཕྱོགས་རྟག་ཆད་ཀྱི་མཐར་ལྷུང་བའི་ལོག་པའི་ལམ་ཤིན་ཏུ་མང་ཞིང་ལོག་པའི་བཤེས་གཉེན་གྱིས་དེ་དག་ཏུ་འཁྲིད་པར་བྱེད་པ་དང༌། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བའི་ཐེ་ཚོམ་ལས་ཀྱང་རྒལ་དཀའ་སྟེ་ཐེ་ཚོམ་གཅོད་པའི་ཕྱི་ནང་གི་རྐྱེན་རྙེད་དཀའ་བའི་ཕྱིར་རོ། །ཚེ་འདིར་མ་རྙེད་ཀྱང་ཚེ་ཕྱི་མར་དགེ་བའི་བཤེས་གཉེན་བཙལ་ནས་བསྒྲུབས་པས་ཆོག་གོ་ཞེ་ན། ཚེ་འདིར་དགེ་བཤེས་རྙེད་དུ་ལགས་པར་མ་འབད་ན་སླར་ཡང་ཕྱི་མ་ཕན་ཆད་དུ་དལ་བ་རྙེད་དཀའ་ཞིང་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་རྙེད་ཤིན་ཏུ་དཀའ་བའི་ཕྱིར། དགེ་བཤེས་དང་ཕྲད་པའང་ཤིན་ཏུ་དཀའོ། །དགེ་བའི་བཤེས་གཉེན་དང་མཇལ་ཞིང་དལ་འབྱོར་གྱི་རྟེན་ བཟང་པོ་ཐོབ་ཏུ་ཟིན་ཀྱང་བག་ཡོད་པས་ལེགས་པར་མ་འབད་ན་ཉོན་མོངས་པའི་ཆུ next hit་བོ་སྤང་དཀའ་སྟེ་ཐར་བ་མ་ཐོབ་པར་དུ་ནར་མར་འབབ་པའི་ཕྱིར་རོ། །ཨེ་མ་ཞེས་པ་ནི་ཞུམ་ཞིང་སྐྱོ་བའི་དོན་ཏེ་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པར་འགྱུར་བས་ཤིན་ཏུ་སྡུག་བསྔལ་ཏེ། སྡུག་བསྔལ་གཅིག་ལས་ཐར་ཡང་ཡང་སྡུག་བསྔལ་གཞན་དུ་ལྟུང་བའི་ཕྱིར། དེས་ན་དལ་འབྱོར་ཐོབ་བའི་དུས་སུ་འཁོར་བའི་ཉེས་དམིགས་སེམས་པ་ལ་འབད་པར་བྱའོ། །ལྔ་པ་ནི། དེ་ལྟར་ཤིན་ཏུ་སྡུག་བསྔལ་


JLD014_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྡུག་བསྔལ་ལ་བདེ་བར་བཟུང་ནས་རང་སྡུག་བསྔལ་གྱི་ནང་དུ་བྱིང་བ་མི་མཐོང་བ་གང་ཡིན་པ་སྡུག་བསྔལ་གྱི་ཆུ་བོར་གནས་པའི་སེམས་ཅན་འདི་དག་ལ་རྗེས་སུ་བརྩེ་བས་ན་ཀྱི་ཧུད་འདི་དག་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པ་སོགས་ཀྱི་སྒོ་ནས་སེམས་ཅན་སྡུག་བསྔལ་གྱི་འདམ་དུ་བྱིང་བ་ལ་མྱ་ངན་བྱ་བར་འོས་བས། སྙིང་རྗེ་ཆེན་པོ་བསྒོམ་པ་ལ་འབད་པར་བྱའོ། །དཔེར་ན་ལོག་པའི་སྟོན་པས་བསླུས་པའི་ཕྱི་རོལ་པ་འགའ་ཞིག་ཡང་ཡང་ཁྲུས་བྱས་ཏེ་ཡང་ཡང་མེར་འཇུག་པ་དེ་ལྟ་ན་ལུས་དཀའ་ཐུབ་ཀྱི་གདུང་བས་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་དེ་ཉིད་ཐར་བ་ཐོབ་པའི་ཐབས་སུ་བཟུང་ནས་བདག་ཉིད་བདེ་བར་རློམ་པ་བཞིན་ནོ། །དེ་ལྟར་སེམས་ཅན་རྒ་བ་དང་འཆི་བ་མེད་པ་དགྲ་བཅོམ་པ་བཞིན་དུ་སྤྱོད་པས་གནས་པ་རྣམས་ལ་མཐར་གྱིས་བཅོས་སུ་མེད་ཅིང་སྤང་དུ་མེད་པ་འཆི་བདག་གིས་དང་པོ་ཉིད་དུ་བསད་བྱས་ནས་ངན་སོང་གསུམ་དུ་ལྟུང་བའི་སྡུག་བསྔལ་མི་བཟད་པ་འོང་བར་འགྱུར་རོ། །གསུམ་པ་ནི། སྔར་གོང་དུ་ཇི་སྐད་བཤད་པའི་ཚུལ་དེ་ལྟར་སྡུག་བསྔལ་མི་བཟད་པ་རྒྱུད་ལ་འོང་བ་དེ་དག་ལ་སྡུག་བསྔལ་གྱིས་མནར་བའི་མནར་ལུགས་ལེགས་པར་བསམས་ནས་དེ་ལྟར་སྡུག་བསྔལ་གྱི་མེས་གདུངས་པའི་སེམས་ཅན་ལ་དམིགས་ནས་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་སྤྲིན་ལས་ལེགས་པར་བྱུང་བའི་སྨན་དང་ཁ་ཟས་སོགས་རང་གི་བདེ་བའི་འཚོག་ཆས་ཀྱིས་


JLD014_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་ངན་འགྲོའི་སྡུག་བསྔལ་ཞི་བར་བྱེད་པར་བདག་ནམ་ཞིག་འགྱུར་སྙམ་དུ་སེམས་ཅན་ངན་འགྲོའི་སྡུག་བསྔལ་ལས་མ་ཐར་ན་ཐར་པར་གྱུར་ཅིག་ཐར་བ་དེ་བདག་གིས་བྱའོ་སྙམ་དུ་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་རྒྱུར་སྨོན་པ་ནི་བདག་ནམ་ཞིག་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པ་དམིགས་པ་མེད་པའི་ཤེས་རབ་དང་ལྡན་པའི་ཚུལ་དུ་གུས་པར་དེའི་ཐབས་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་བསགས་ཏེ་བདེན་པར་ཞེན་པའི་དམིགས་པས་འཁོར་བར་ཕུང་བར་འགྱུར་བའི་སེམས་ཅན་རྣམས་ལ་འཁོར་བའི་སྡུག་བསྔལ་ཞི་བའི་ཆེད་དུ་སྟོང་བ་ཉིད་ནི་སྟོན་པར་འགྱུར་སྙམ་ནས་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་དང་མ་བྲལ་ན་བྲལ་བར་གྱུར་ཅིག་བྲལ་བ་དེ་བདག་གིས་བྱའོ་སྙམ་པའི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །ཐེག་པ་ཆེན་པོའི་ལམ་གྱིས་བསྡུས་པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་མཚན་ཉིད་ཡོངས་སུ་རྫོགས་པ་ནི། བདེ་བ་ཐམས་ཅད་དང་ལྡན་པ་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དགོད་འདོད་དགོས་པ་ཡིན་ནོ། །དམ་པའི་ཆོས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཤེས་རབ་ཀྱི་ལེའུའི་རྣམ་བཤད་འདི་རྗེ་ཉིད་ཀྱིས་མཛད་པའི་དཀའ་འགྲེལ་ལ་གཞི་བྱས། དངོས་སུ་མི་གསལ་བ་རྣམས་ཁྱབ་བྱ་ཁྱབ་བྱེད་ཀྱི་དོན་ལ་ལེགས་པར་དཔྱད་ཅིང་ཚིག་དོན་ཁ་ཡར་ཤེར་འབྱུང་བློ་གྲོས་


JLD014_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཛད་པའི་འགྲེལ་ཆེན་སོགས་ལས་ཁ་བཀང་ནས་བཤད་པ་ཡིན་ནོ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་རྟོགས་དཀའི་གནས། །རྒྱལ་དང་དེ་སྲས་རྣམས་ཀྱི་བགྲོད་གཅིག་ལས། །ངེས་དོན་ལུང་དང་དྲི་མེད་རིགས་པ་དང༌། །དམ་པའི་མན་ངག་རྣམས་ལས་ཅུང་ཟད་བཤད། །རྒྱལ་སྲས་ཆེན་པོའི་གཞུང་ཚིག་ཤིན་ཏུ་བརླིང༌། །བདག་ནི་བློ་གྲོས་ཉམ་ཆུང་སྦྱངས་པ་དམན། །ལོག་པར་བཤད་སོགས་ནོངས་པ་གང་ཡོད་དེ། །བླ་མ་ལྷ་ཡི་ཚོགས་ལ་འབད་པས་འཆགས། །གསུང་རབ་ཀུན་ལ་བལྟ་བའི་མིག་གཅིག་བུ། །རྟེན་འབྱུང་མཐའ་དང་བྲལ་བའི་དབུ་མ་ནི། །གང་གིས་ཐུགས་རྗེའི་སྒོ་ནས་སྟོན་མཛད་པ། །བླ་མ་དེ་ལ་གུས་པས་ཕྱག་འཚལ་ལོ། །དེ་ལྟའི་དགེ་བ་ཟེགས་མ་ཅི་ཡོད་དེས། །སྲིད་པའི་ཞགས་པས་བཅིངས་པའི་སེམས་ཅན་རྣམས། །དངོས་པོར་ཞེན་པའི་འཆིང་བ་རབ་བཅད་ནས། །ཀུན་མཁྱེན་རྒྱལ་བའི་གྲོང་ཁྱེར་བགྲོད་པར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །ཟབ་མོ་སྟོན་པའི་གཞུང་བཟང་ཀློག་པ་དང༌། རྒྱུན་དུ་སེམས་དང་གཞན་ལ་སྟོན་པ་ཡིས། །རང་གཞན་སྲིད་པའི་མཚོ་ལས་བསྒྲལ་གྱུར་ཅིག །དམ་པའི་ཆོས་སྤྱོད་པ་ལ་འཇུག་པའི་ཤེས་རབ་ལེའུའི་རྣམ་བཤད་འདི་ནི། བསྟན་པ་རིན་པོ་


JLD014_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་ཁུར་ཆེས་ཆེར་འཛིན་པས་མི་ངལ་ཞིང་མདོ་སྔགས་ཀྱིས་བསྡུས་པའི་གཞུང་གི་གནད་དུ་མ་ཐུགས་སུ་ཆུད་ཅིང་བསླབ་པ་གསུམ་ལ་གཅེས་སྤྲས་སུ་མཛད་པ་བཤེས་གཉེན་ཆེན་པོ་ནམ་མཁའ་བཟང་པོ་པ་དང་གྲགས་སེང་པ་གཉིས་ཀྱིས་རྗེ་ཉིད་ཀྱི་དྲུང་དུ་སྤྱོད་འཇུག་གི་རྣམ་བཤད་ཡོངས་སུ་རྫོགས་པ་ཞིག་བྱུང་ན་ཟེར་བའི་ཞུ་ཡིག་མེ་ཏོག་རྒྱ་ཆེན་པོ་དང་བཅས་པ་མདོ་ཁམས་སྟོང་ནས་བསྐུར་བྱུང་བས་རྐྱེན་བྱས་ཁོང་རྣམ་གཉིས་ཀྱི་སློབ་མ་དགེ་བའི་བཤེས་གཉེན་སེང་བཟང་དུ་ཤེས་རབ་ལེའུའི་ཊཱིཀྐ་ཙམ་བྱེད་པ་བྱུང་ན་ཞེས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། །ལྷ་དང་བཅས་པའི་འཇིག་རྟེན་གྱི་འདྲེན་པ་དམ་པ་མདོ་སྔགས་ཀྱིས་བསྡུས་པའི་བསྟན་པ་ཡོངས་སུ་རྫོགས་པའི་གནད་མ་ལུས་པར་ཐུགས་སུ་ཆུད་པ་སངས་རྒྱས་རྣམས་ཀྱི་དམ་པའི་ཆོས༌མ་ལུས་པ་འཛིན་པའི་སྨོན་ལམ་ལེགས་པར་གྲུབ་པའི་སེམས་དཔའ་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱི་པདྨ་སྤྱི་བོས་བླངས་ཤིང༌། ཁྱད་པར་དུ་ལེའུ་འདིའི་དོན་ཡང་རྗེ་དེ་ཉིད་ལས་བཀའ་དྲིན་མནོས་ནས་ཟབ་མོའི་དོན་ལ་དད་པ་དར་མ་རིན་ཆེན་གྱིས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བའི་ཡི་གེ་པ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་ནམ་མཁའ་དཔལ་བཟང་ངོ་། །འདིས་ཀྱང་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་


JLD014_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་གྱུར་ཅིག །འདིའི་དབུ་ཞབས་སུ་ཅུང་ཟད་རེ་དང་བར་སྐབས་འགར་ཁ་སྐོང་ཕྲན་ཚེགས་རེ་མིན་པ་རྒྱལ་སྲས་འཇུག་ངོགས་ཀྱི་ཤེར་ལེ་ཇི་ལྟ་བ་བཞིན་འདུག་གོ །མངྒལཾ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྒྱལ་ཚབ་ཆོས་རྗེས་རྗེའི་དྲུང་དུ་གསན་པའི་ཤེས་རབ་ལེའུའི་ཟིན་བྲིས། next