ཤོག་ལྷེབ་ ༡༠༡ ནས་ ༢༠༠ བར།
ནི། དམྱལ་བ་དང་། དུད་འགྲོ་དང་། ཡི་དྭགས་ལ་སོགས་པའི་འགྲོ་བ་མི་བཟད་པར་ཆུད་པ། བར་མཚམས་མེད་པར་སྡུག་བསྔལ་ཆེན་པོ་དྲག་པོས་ལུས་འཇོམས་པ། རང་གི་ལུས་གཅོད་པའི་སྡུག་བསྔལ་ལས་སྟོང་འགྱུར་ལས་ཀྱང་ཆེས་ལྷག་པའི་སྡུག་བསྔལ་བསྲན་དུ་མེད་པ་དང་ལྡན་པ་དག་ལ་བལྟས་པ་ན། སློང་བ་པོ་ལ་རང་ལུས་བཅད་ནས་སྟེར་བའི་བདག་གི་སྡུག་བསྔལ་གྱིས་ཏེ་སྡུག་བསྔལ་ལ་རྩིས་མེད་པར་བྱས་ནས། རང་གིས་སྡུག་བསྔལ་ཉམས་སུ་མྱོང་བ་དེ་ཉིད་ཀྱི་རྒྱུ་མཚན་ལས། སེམས་ཅན་གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དེ་གཅད་པའི་ཕྱིར་དུ་ཆོས་མྱུར་དུ་བརྩོན་འགྲུས་རྩོམ་མོ། །འདི་ནི་ནག་ཚོའི་འགྱུར་ལས། ལུས་ནི་བཅད་ནས་བྱིན་པའི་སྡུག་བསྔལ་དེས། །དམྱལ་བ་ལ་སོགས་སྡུག་བསྔལ་གཞན་དག་ལ། །བལྟས་ནས་རང་གི་ཉམས་སུ་མྱོང་དེ་ལས། །གཅོད་པའི་དོན་དུ་དེ་ནི་བརྩོན་པར་བྱེད། །ཅེས་འབྱུང་བ་དང་འགྱུར་གཉིས་ཀ་ལ་བརྟེན་པའི་བཤད་པའོ། །དེ་འདྲ་བའི་བསམ་པའི་སྟོབས་ཡོད་ན་ལུས་གཏོང་བ་ཡིན་ལ། བསམ་པ་དེ་ཡང་ས་མ་ཐོབ་པ་ལ་འོང་བ་མི་འགལ་བས། ས་མ་ཐོབ་པས་ཀྱང་ལུས་གཏོང་བ་གསུངས་སོ། །བཞི་པ་ནི། གཏོང་བའི་སེམས་པའི་སྦྱིན་པ་འདི་ཡང་སྦྱིན་པར་བྱ་བ་དང་། ལེན་པ་པོ་དང་། གཏོང་བ་པོར་བདེན་པར་དམིགས་པས་སྟོང་པའི་ཤེས་རབ་ཟག་པ་མེད་པས་ཟིན་པ་ནི།
འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ལས་གསུངས་ཏེ། མི་དམིགས་པའི་འཕགས་པའི་མཉམ་གཞག་ནི་འཇིག་རྟེན་ལས་འདས་པ་ཡིན་པས་དེས་ཟིན་པའི་སྦྱིན་པ་ཡང་འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པར་བཞག་ལ། མི་དམིགས་པ་དེས་མ་ཟིན་པའི་སྦྱིན་པ་ནི་འཇིག་རྟེན་པའོ། །དེ་གཉིས་ཀྱི་རྣམ་པར་དབྱེ་བ་ནི་དོན་དམ་པའི་བྱང་སེམས་མ་ཐོབ་པ་དག་གིས་མངོན་སུམ་དུ་ངེས་པར་མི་ནུས་སོ། །དེ་ལ་ཕ་རོལ་ནི་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང་། ངོགས་ཏེ་སྒྲིབ་གཉིས་མ་ལུས་པ་སྤངས་པའི་སངས་རྒྱས་སོ། །ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །འདིར་འགྲེལ་པར་ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱའོ། །ཞེས་བྱ་བའི་མཚན་ཉིད་འདིས་ལས་ཀྱི་རྣམ་པར་དབྱེ་བ་མི་མངོན་པར་མ་བྱས་པས་གཟུགས་སུ་གྱུར་པའམ། པྲྀ་ཥོ་ད་ར་ལ་སོགས་པ་ཡིན་པའི་ཕྱིར་མའི་མཐའ་ཅན་ཉིད་དུ་བཞག་ག །ཞེས་གསུངས་པའི་དོན་པཎྜི་ཏ་ཛ་ཡ་ཨཱ་ནནྟ་འདི་ལྟར་འཆད་དེ། རྒྱ་གར་གྱི་སྐད་ལ་ཕ་རོལ་ལ་པཱ་ར་དང་། ཕྱིན་པ་ལ་ཨི་ཏཱ་ཞེས་པ་ཡོད་ལ། ཚིག་གཉིས་སྡུད་པར་བྱེད་པའི་དུས་སུ་པཱ་ར་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་བྱིན། ཨི་ཏཱའི་རྗེས་སུ་རྣམ་དབྱེ་དང་པོའི་ཚིག་སུ་བྱིན་ཏེ། པཱ་ར་མྲ་ཨི་ཏཱ་པ་ར་མི་ཏཱ་ཞེས་ཚིག་བསྡུ་བར་བྱས་ན། ཨམྲ་དང་སུ་མི་མངོན་པར་འགྲོ་བ་ཡིན་ནའང་། འདིར་ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱའོ། །
ཞེས་པའི་སྒྲའི་རྩ་བའི་ཚིག་གིས་སུ་མི་མངོན་པར་བྱེད་ཀྱང་ཨམ་མི་མངོན་པར་མ་བྱས་པའོ། །མཚན་ཉིད་འདིས་ལས་ཀྱི་རྣམ་པར་དབྱེ་བ་ཞེས་པ་ནི། རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་མོ། །དེ་མི་མངོན་པར་མ་བྱས་པས་པཱ་ར་མི་ཏཱ་ཞེས་པའི་སྒྲའི་རང་བཞིན་དུ་གྱུར་པའོ། །པྲྀ་ཥོ་དར་ལ་སོགས་པའི་ནང་ན་པཱ་ར་མྲ་ཞེས་པའི་ཚིག་མའི་མཐའ་ཅན་ཏེ། པཱ་ར་མྲ་ཞེས་བརྗོད་པ་ཡིན་པས་མི་མངོན་པར་མི་བྱའོ་ཞེས་བཤད་དེ། ཨམྲ་གྱི་ཨ་ཕྱིས་མྲ་བཞག་པ་ལ་ཨི་བྱིན་པས་མི་ཏཱར་སོང་ཞེས་པའོ། །དང་པོའི་ཚིག་སུ་ནི་མ་དག་པ་འདྲ་བས་སི་ཡིན་ནམ་དཔྱད་དོ། །བོད་ཁ་ཅིག་ཕ་རོལ་ཏུ་ཕྱིན་པའི་རྒྱ་སྐད་ལ་པཱ་རཾ་ཨི་ཏཱ་ཞེས་པ་ཡོད་པའི་རའི་ཀླད་ཀོར་གྲལ་དུ་བཞག་པས་པཱ་རམ་ཨི་ཏཱར་འགྱུར་བ་ལ། མཚམས་སྦྱར་བའི་ཚེ་ཨི་ཡིག་གི་གི་གུ་མ་ལ་བྱིན། ཨ་ཕྱིས་པས་མི་ཏཱར་སོང་ཟེར་བ་སོགས་ཀྱི་མུན་སྤྲུལ་གྱི་བཤད་པ་མང་དུ་སྣང་ན་ཡང་། པཎྜི་ཏའི་བཤད་པ་སྔར་བཀོད་པ་ཉིད་ལེགས་སོ། །སྦྱིན་པ་སྦྱིན་བྱ་ཞེས་པའི་རྐང་པ་གཉིས་ཀྱིས་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་བཟུང་ནས། དེས་ཟིན་པའི་སྦྱིན་པའི་ཕར་ཕྱིན་བྱེ་བྲག་ཏུ་བཤད་པ་ཡིན་ཏེ། དེས་མ་ཟིན་པའི་སྦྱིན་པ་ལ་སོགས་པ་རྣམས་ནི། ཤེས་རབ་ཀྱིས་ཟིན་པའི་ཕར་ཕྱིན་དང་འདྲ་བས་ཕར་ཕྱིན་ཞེས་བྱའོ། །དེ་ཡང་ཤེས་རབ་ཀྱིས་མ་ཟིན་ཀྱང་བྱང་ཆུབ་ཆེན་པོར་བསྔོས་པས་ཟིན་
པས་ཕ་རོལ་ཏུ་འགྲོ་བར་ངེས་པ་ལ་བཞག་པའི་ཕྱིར། སྦྱིན་པའི་ཕར་ཕྱིན་གྱི་མིང་རྙེད་པར་འགྱུར་རོ། །དེས་ན་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ཕ་རོལ་འདིར་ཕྱིན་པ་ཞེས་ལས་ལ་སྦྱར་ན། སངས་རྒྱས་ཀྱི་སར་ཕྱིན་པ་ཡིན་ལ། འདིས་ཕ་རོལ་ཏུ་ཕྱིན་པར་བྱེད་པ་ཞེས་བྱེད་པ་ལ་སྦྱར་ན། སློབ་ལམ་ན་ཡང་ཕར་ཕྱིན་ཡོད་དོ། །སྦྱིན་པ་ལ་བཤད་པ་དེས་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་སེམས་བསྐྱེད་དང་། བསྔོ་བ་དང་། ཤེས་རབ་ཀྱིས་ཟིན་པ་སོ་སོ་བ་དང་གཉིས་ཀ་རིག་པ་བྱའོ། །སྦྱིན་པའི་འཁོར་གསུམ་པོ་དག་ལ་ཆགས་པ་སྟེ་བདེན་ཞེན་སྐྱེས་པར་གྱུར་པས་བཅིངས་ན་ནི། སྦྱིན་པ་དེ་ལ་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་མདོ་ལས་བསྟན་ནོ། །དེ་ལྟར་བཤད་པ་རྣམས་ལ་ད་ལྟ་ནས་ཉམས་སུ་ལེན་ཚུལ་ནི། ལུས་གཞན་ལ་སྟེར་བ་དང་། དགའ་བ་སྐྱེད་ཚུལ་ཁྱད་པར་ཅན་རྣམས་ནི་མོས་ཡུལ་དུ་བྱས་ནས་སྦྱོང་ལ། ཟང་ཟིང་གི་སྦྱིན་པ་གཞན་རྣམས་ནི་ཡར་མར་གྱི་ཞིང་ལ་བརྟེན་ནས། ཆུ་ཡན་ཆད་གཏོང་བའི་སྒོ་ནས་རྒྱུན་ལྡན་དུ་སོག་པ་དང་། དེའི་ཚེ་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་བྱའོ། །དེ་ཡང་རང་གི་ལུས་དང་ལོངས་སྤྱོད་དང་དགེ་རྩ་གསུམ་སེམས་ཅན་གྱི་དོན་དུ་བསམ་པས་ཡང་ཡང་གཏོང་བ་དང་། མ་བཏང་ཡང་དེ་རྣམས་འཇིག་པས་འདོར་དགོས་ལ། གཏོང་ཚོད་འདྲ་བ་ལ་སྔོན་དུ་རང་གི་བསམ་པས་གཏོང་བ་མཆོག་ཡིན་པ་རྣམས་བསམ་སྟེ། སྤྱོད་འཇུག་
ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། དུས་གསུམ་དགེ་བ་ཐམས་ཅད་ཀྱང་། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཞེས་དང་། ཐམས་ཅད་བཏང་བས་མྱ་ངན་འདའ། །བདག་བློ་མྱ་ངན་འདས་པ་སྒྲུབ། །ཐམས་ཅད་གཏོང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་བཏང་བ་མཆོག །ཅེས་གསུངས་པ་ལྟར་བྱའོ། །གསུམ་པ་ནི། དེ་ནི་སྔར་ཇི་སྐད་བརྗོད་པའི་ས་རབ་དགའ་ཞེས་པ་ཟག་མེད་ཀྱི་ཤེས་པའི་ཁྱད་པར་གྱིས། ས་དེའི་ཡོན་ཏན་མདོར་བསྡུས་ཏེ་བརྗོད་པའི་སྒོ་ནས་བསྟན་པ་ནི། ས་རབ་ཏུ་དགའ་བ་འདི་ནི་ནོར་བུ་ཆུ་ཤེལ་ཟླ་བའི་དཀྱིལ་འཁོར་བཞིན་དུ་གནས་སོ། །འདི་ལ་ཟླ་བ་དང་ཆོས་མཐུན་གསུམ་ལས། དང་པོ་གནས་མཐོན་པོར་གནས་པ་ནི། སྔར་བཤད་པ་དེ་ལྟ་བུར་སའི་ཡོན་ཏན་ཐོབ་པའི་རྒྱལ་བའི་སྲས་ས་དང་པོ་བའི་ཡིད་ལ་རབ་ཏུ་གནས་པའི་ཕྱིར། ལམ་མཐོན་པོར་གནས་པས་ཟླ་བ་ནམ་ཁའི་གནས་མཐོན་པོར་གནས་པ་དང་འདྲའོ། །ས་དང་པོ་ནི་བྱང་སེམས་དེའི་ཡིད་ཀྱི་ཆ་ཤས་ཤིག་ཡིན་པས་དེ་ལ་གནས་ཞེས་བྱ་སྟེ། དཔེར་ན་མགོ་ལ་མིག་གནས་པ་བཞིན་ནོ། །ས་དང་པོའི་དོན་དམ་པའི་སེམས་དེ་རང་གང་ལ་གནས་པའི་དམ་པ་སྟེ་མཆོག་གི་རྟེན་དེའི་ཡིད་དེ། ཡེ་ཤེས་ཀྱི་འོད་ཆགས་པས་མཛེས་པ་རྙེད་པར་གྱུར་པའི་ཕྱིར། ཟླ་བས་རང་གི་རྟེན་གྱི་ནམ་མཁའ་འོད་དཀར་པོས་མཛེས་པར་བྱེད་པ་དང་འདྲའོ། །ཡང་ས་
དང་པོ་ནི་རང་གི་མི་མཐུན་ཕྱོགས་མཐོང་སྤང་རྣམས་ལས་རྒྱལ་ཏེ་གནས་པའི་ཕྱིར། ཟླ་བས་མུན་པ་སྟུག་པོ་སྟེ་འཐུག་པོ་ཐམས་ཅད་རྣམ་པར་བསལ་ནས་གནས་པ་དང་འདྲའོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་དང་པོའི་རྣམ་པར་བཤད་པའོ། ། ༈ གཉིས་པས་གཉིས་པ་དྲི་མ་མེད་པ་བཤད་པ་ལ་ལྔ། ས་འདིར་ཚུལ་ཁྲིམས་ཡོངས་སུ་དག་པར་བསྟན་པ་དང་། ཚུལ་ཁྲིམས་ཀྱི་བསྔགས་པ་བསྟན་པ་དང་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེ་བསྟན་པ་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དབྱེ་བ་བསྟན་པ་དང་། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ལ་བཞི། ས་འདིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བསྟན་པ། དེ་ལ་བརྟེན་ནས་ཡོན་ཏན་ཡོངས་སུ་དག་པར་བསྟན་པ། ས་དང་པོ་ལས་ཚུལ་ཁྲིམས་ལྷག་པར་བསྟན་པ། ཚུལ་ཁྲིམས་ཡོངས་སུ་དག་པའི་རྒྱུ་གཞན་བསྟན་པའོ། །དང་པོ་ནི། ས་གཉིས་པ་ལ་གནས་པ་དེ་ནི། ཚུལ་ཁྲིམས་རབ་ཏུ་གྱུར་པའི་ཕུན་སུམ་ཚོགས་པ་དང་། ཡོན་ཏན་རྣམས་དག་པ་དང་ལྡན་པའི་ཕྱིར། སད་པར་མ་ཟད་རྨི་ལམ་དུ་ཡང་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མ་སྤངས་པ་སྟེ་དེས་མ་གོས་པའོ། །འདི་ནི་རྩ་ལྟུང་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཙམ་གྱི་འཆལ་ཁྲིམས་མིན་གྱི། བཅས་པ་དང་འགལ་བ་ཐམས་ཅད་ཀྱི་འཆལ་ཁྲིམས་ཀྱི་དྲི་མ་སྤངས་པའོ། །དེ་ལ་འཆལ་
ཁྲིམས་ཀུན་ནས་སློང་བའི་ཉོན་མོངས་དང་དུ་མ་ལེན་པ་དང་། བཅས་པ་དང་འགལ་བའི་སྡིག་པའི་ལས་མི་འབྱུང་བའི་ཕྱིར་ན། བཅས་འགལ་གྱི་ལྟུང་བ་བྱུང་བ་ལ་འགྱོད་པའི་མེ་ཞི་བས་བསིལ་བ་ཐོབ་པའི་ཕྱིར་ཚུལ་ཁྲིམས་ཏེ། དེའི་སྐད་དོད་ཤཱིལ་ལ་ཤཱི་ཏི་བསིལ་བ་དང་། ལ་ཏི་ཐོབ་པ་ལ་འཇུག་པའི་ཕྱིར་རོ། །ཡང་ན་བདེ་བའི་རྒྱུ་ཉིད་ཀྱིས་དམ་པས་བསྟེན་བྱ་ཡིན་པའི་ཕྱིར་ཚུལ་ཁྲིམས་ཏེ། འདི་ཡང་ངེས་ཚིག་གི་བཤད་པའོ། །དེ་ནི་ངོ་བོའི་དབང་དུ་བྱས་ན་ལུས་ངག་གི་འཆལ་ཚུལ་བདུན་སྤོང་བའི་སྤོང་བདུན་གྱི་མཚན་ཉིད་ཅན་ཡིན་ལ། མ་ཆགས་པ་བརྣབ་སེམས་མེད་པ་དང་། གནོད་སེམས་ཀྱི་ཞེ་སྡང་མེད་པ་དང་། ལོག་ལྟ་དང་བྲལ་བའི་ཡང་དག་པའི་ལྟ་བ་ནི། སྤོང་བདུན་ཀུན་ནས་སློང་བར་བྱེད་པས་ན་ཀུན་ནས་སློང་བྱེད་དང་བཅས་པའི་དབང་དུ་བྱས་ན། ནག་པོའི་ལས་ལམ་བཅུ་སྤོང་བའི་དཀར་པོའི་ལས་ལམ་གྱི་སྤོང་བ་བཅུའོ། །གཉིས་པ་ནི། ཡང་བྱང་སེམས་དེ་ཚུལ་ཁྲིམས་ཇི་ལྟར་ཕུན་སུམ་ཚོགས་པས། ཡོན་ཏན་རྣམས་དག་པར་འགྱུར་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་རྒྱུ་བ་སྟེ་ཀུན་སྤྱོད་གསུམ། སད་པ་དང་རྨི་ལམ་གྱི་སྐབས་ཀུན་ཏུ་ལྟུང་བ་ཕྲ་མོས་ཀྱང་དག་པར་གྱུར་པས། དམ་པ་སྟེ་མཆོག་གི་ལས་ལམ་བཅུ་ཆར་མ་ཚང་བ་མེད་པར་སོག་པར་བྱེད་དེ། དགེ་བའི་ལས་ལམ་དང་པོ་སྲོག་གཅོད་སྤོང་བ་སོགས་གསུམ་ནི་ལུས་ཀྱིས་དང་།
བར་གྱི་བཞི་ནི་ངག་གིས་དང་། ཐ་མ་གསུམ་ཡིད་ཀྱིས་རྫོགས་པར་བྱེད་པ་ནི་སོག་པར་བྱེད་པའི་དོན་ནོ། །དེ་ཡང་དགག་བཅས་ཀྱི་མཚམས་ལས་ལྡོག་པར་མ་ཟད། ཚུལ་ཁྲིམས་ལས་བརྩམས་པའི་སྒྲུབ་བཅས་ཀྱི་ཕྱོགས་ཀུན་རྫོགས་པར་བྱེད་པའོ། །གསུམ་པ་ནི། ཡང་ཅི་ལས་ཀྱི་ལམ་འདི་རྣམས་ས་དང་པོའི་བྱང་སེམས་ཀྱིས་ཀྱང་བཅུ་ཆར་ཚང་བར་སོག་པར་མི་བྱེད་དམ་ཞེ་ན། །དེས་ཀྱང་སོག་མོད་ཀྱི་འོན་ཀྱང་དགེ་བའི་ལས་ཀྱི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང་། ས་གཉིས་པ་བ་དེ་ལ་ཀླགས་པ་སྟེ་ཤིན་ཏུ་ཕུལ་དུ་བྱུང་བར་དག་པར་འགྱུར་བ་དེ་ལྟར་ས་དང་པོ་བ་ནི་མ་ཡིན་ནོ། །འདི་ལ་ས་དང་པོར་སྦྱིན་པ་ལྷག་པར་གསུངས་པ་ནི་ཡར་ལྡན་དུ་ཡོད་པས། སྦྱིན་པ་ལས་གཞན་པའི་ཕར་ཕྱིན་ལྷག་མ་དགུའི་ནང་ནས། ཚུལ་ཁྲིམས་ལས་བརྩམས་པའི་ཉམས་ལེན་ཕུལ་དུ་བྱུང་བའི་ཚོད་ཙམ་བཟོད་པ་སོགས་ལ་མེད་པའི་ཕྱིར། ཚུལ་ཁྲིམས་ལྷག་པར་གསུངས་ཀྱི། ཕར་ཕྱིན་ལྷག་མ་རྣམས་མེད་པ་ནི་མིན་ནོ། །དགེ་བཅུ་སྨོས་པ་ནི་དེ་ལས་བརྩམས་པའི་ཚུལ་ཁྲིམས་ཀྱི་བཅས་པའི་མཚོན་བྱེད་ཡིན་པས། ཚུལ་ཁྲིམས་ཀྱི་བཅས་མཚམས་ཐམས་ཅད་གཟུང་ངོ་། །དེ་འདྲ་བའི་ཚུལ་ཁྲིམས་དག་པ་ཅན་དེ་ནི། སྟོན་ཀའི་ཟླ་བ་ལ་ཚ་གདུང་ཞི་བར་བྱེད་པ་དང་། དཀར་བའི་འོད་ཀྱིས་ལམ་མེར་གནས་པ་གཉིས་ཡོད་པ་ལྟར། རྟག་ཏུ་ཚུལ་ཁྲིམས་རྣམ་པར་དག་པར་གནས་པ་དེ། དབང་པོའི་
སྒོ་བསྡམས་པའི་ཞི་བ་དང་། ལམ་མེར་གསལ་བའི་ལུས་ཅན་གྱི་འོད་ཆགས་པར་དེ་དག་གིས་རྣམ་པར་མཛེས་སོ། །བཞི་པ་ནི། གང་གི་ཕྱིར་དགེ་སློང་ཁ་ཅིག་སོ་ཐར་ལས་བརྩམས་ཏེ། ཚུལ་ཁྲིམས་ཆེས་ཡོངས་སུ་དག་པ་ཡིན་ཀྱང་། གལ་ཏེ་དེ་ནི་ཆོས་རྣམས་ལ་རང་བཞིན་གྱིས་གྲུབ་པར་ལྟ་བ་མི་སྤོང་ན། དེའི་ཕྱིར་རྒྱུ་མཚན་དེས་དགེ་སློང་དེ་ཚུལ་ཁྲིམས་དག་པར་མི་འགྱུར་ཏེ། ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཁ་ན་མ་ཐོ་བ་ཕྲ་རབ་རྣམས་ལའང་འཇིག་པར་ལྟ་བ། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅིང་ལུས་དང་ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གྱུར་པས། འཚོ་བ་ཡོངས་སུ་དག་ཀྱང་དེ་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུངས་དེ་ནི་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོའོ་ཞེས་བྱ་བ་ནས། འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཀྱང་། དམིགས་པར་ལྟ་བ་ཡིན་ཏེ་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་པ་དེ་ནི། འོད་སྲུངས་ཚུལ་ཁྲིམས་འཆལ་བ་ཚུལ་ཁྲིམས་དང་ལྡན་པ་
ལྟར་བཅོས་པ་བཞི་པ་སྟེ། ཞེས་གསུངས་སོ། །བདག་ཏུ་སྨྲ་བ་ནི་དམིགས་པར་ལྟ་བའོ། །དེ་ཡང་ང་དང་ང་ཡིར་འཛིན་པ་ལ་གནས་པས་བསྟན་ཏེ། དེའི་དོན་ནི་ཐུན་མོང་བའི་འཇིག་ལྟ་ལ་མི་བྱའི། ང་དང་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་མི་སྤོང་བ་ལ་བྱའོ། །དེ་ནི་ཞེས་པ་བཤད་མ་ཐག་པ་ལ་སྙོག་ཏུ་མི་རུང་བས། གལ་ཏེ་རང་བཞིན་ཚུལ་ཁྲིམས་རྣམ་དག་པར། །མཐོང་ན་དེས་དེ་ཚུལ་ཁྲིམས་འཆལ་བ་ཡིན། །ཞེས་ནག་ཚོས་དེས་དེ་ཞེས་བསྒྱུར་བ་ལེགས་སོ། །དམིགས་པ་ཅན་གྱི་ལྟ་བ་མི་སྤོང་ན་ཚུལ་ཁྲིམས་མི་དག་པ་དེའི་ཕྱིར། ས་གཉིས་པ་བ་དེ་ནི། རྟག་ཏུ་སེམས་ཅན་གང་ལ་ཚུལ་འཆལ་སྤོང་བ་དང་། སྤོང་གཉེན་གང་ཞིག་བྱེད་པ་དང་། གང་གིས་སྤོང་བ་གསུམ་ཆར་ལའང་དངོས་པོ་དང་དངོས་མེད་ལ་སོགས་པའི་གཉིས་ཀྱི་ཆོས་ལ་རང་བཞིན་གྱིས་གྲུབ་པར་ལྟ་བའི་གཉིས་སུ་འཛིན་པའི་བློའི་རྒྱུ་བ་ཡང་དག་པར་བྲལ་བར་ཏེ་སྤོང་བར་བྱེད་པར་འགྱུར་རོ། །གཉིས་པ་ལ་ལྔ། སྦྱིན་འབྲས་བདེ་འགྲོར་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། སྦྱིན་འབྲས་ལ་སྐྱེ་བ་བརྒྱུད་མར་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། ཚུལ་ཁྲིམས་དང་བྲལ་ན་ངན་འགྲོ་ལས་ཐར་པ་ཤིན་ཏུ་དཀའ་བར་བསྟན་པ། སྦྱིན་པའི་གཏམ་གྱི་རྗེས་སུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན། མངོན་མཐོ་དང་ངེས་ལེགས་གཉིས་ཀའི་རྒྱུར་ཚུལ་ཁྲིམས་བསྔགས་པའོ། །དང་པོ་ནི། དེ་ལྟར་བྱང་སེམས་ཀྱི་ཚུལ་ཁྲིམས་ཕུན་སུམ་
ཚོགས་པ་དང་ལྡན་པར་བརྗོད་ནས། དེའི་འོག་ཏུ་སྤྱིར་དེ་ལས་གཞན་པའི་ཚུལ་ཁྲིམས་ཕུན་སུམ་ཚོགས་ཀྱང་། སྦྱིན་སོགས་ལས་ཡོན་ཏན་ཤིན་ཏུ་ཆེ་བ་དང་། ཡོན་ཏན་ཕུན་ཚོགས་ཐམས་ཅད་ཀྱི་རྟེན་དུ་གྱུར་པར་སྟོན་པ་ནི། སྦྱིན་པ་པོ་ཚུལ་ཁྲིམས་དང་ལྡན་པས་སྦྱིན་པ་བཏང་བ་ལས། ལྷ་མིའི་ནང་དུ་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་འབྱུང་རྒྱུ་དེ་ནི། འགྲོ་བ་ངན་པ་ངན་འགྲོར་ལྷུང་བའི་ཉི་ཚེ་བའི་དམྱལ་བ་དང་། བ་ལང་དང་རྟ་དང་གླང་པོ་ཆེ་དང་སྤྲེའུ་དང་། ཀླུ་ལ་སོགས་པ་དང་ཡི་དྭགས་རྫུ་འཕྲུལ་ཆེན་པོ་ལ་སོགས་པར་སྐྱེས་པ་ལ། ལོངས་སྤྱོད་ཕུན་སུམ་ཚོགས་པ་སྣ་ཚོགས་པ་འབྱུང་བ་ནི། སྐྱེ་བོ་ཚུལ་ཁྲིམས་ཀྱི་རྐང་པ་ཉམས་པ་སྟེ་བྲལ་བ་ལས་འབྱུང་ངོ་། །དེ་ནི་ཚུལ་ཁྲིམས་དང་བྲལ་ན་དེས་སྦྱིན་པ་བཏང་བའི་འབྲས་བུ་ལོངས་སྤྱོད་རྣམས། བདེ་འགྲོའི་རྟེན་ལ་མི་སྨིན་པར་ངན་འགྲོའི་རྟེན་ལ་སྨིན་པར་འགྱུར་བར་བསྟན་པས། སྦྱིན་འབྲས་བདེ་འགྲོའི་རྟེན་ལ་སྨིན་པ་ཞིག་དགོས་པས་དེ་འདོད་ན། སྔར་བཤད་པའི་སྦྱིན་པ་གཏོང་བ་པོས་ཚུལ་ཁྲིམས་བསྲུང་བར་བྱའོ། །གཉིས་པ་ནི། ཚུལ་ཁྲིམས་དང་བྲལ་ན་སྦྱིན་འབྲས་ངན་འགྲོའི་རྟེན་ལ་སྨིན་པ་དང་། རྟེན་དེ་ལ་སྔར་གྱི་སྦྱིན་པའི་འབྲས་བུ་ལོངས་སྤྱོད་པ་ཙམ་ཡིན་གྱི། ཤིན་ཏུ་བླུན་པས་གསར་དུ་སྦྱིན་སོགས་སྒྲུབ་པ་མེད་པའི་ཕྱིར།
སྐྱེད་དང་བཅས་པའི་དངོས་པོ་འདུ་བ་སྟེ་རྩ་བ་ལ་སྤྱད་པས་ཡོངས་སུ་ཟད་པས་ན། སྔོན་གྱི་སྦྱིན་འབྲས་མ་ལུས་པ་ལོངས་སྤྱོད་པ་ཕྱིན་ཆད་ནས་གང་ཟག་དེ་ལ་ལོངས་སྤྱོད་འབྱུང་བར་མི་འགྱུར་རོ། །དེ་ནི་དཔེར་ན་ས་བོན་ཉུང་དུ་བཏབ་པ་ལས། འབྲས་བུ་རྒྱ་ཆེན་པོ་རྙེད་པའི་མི་དེ་སླར་ཡང་འབྲས་བུའི་ཆེད་དུ། དེ་བས་ཀྱང་ཆེས་མང་བའི་ས་བོན་འདེབས་པ་ནི། འབྲས་བུའི་ཚོགས་ཆེན་པོ་འཕེལ་བས་མ་ཆད་པ་ཡོད་ཀྱི། གང་ཞིག་བླུན་པོ་ཉིད་ཀྱིས་ས་བོན་ཙམ་ཡང་མི་འདེབས་པར་ལོངས་སྤྱོད་པ་ལ་ནི། འབྲས་བུ་མ་ཆད་པར་འཕེལ་བ་མེད་པ་དང་འདྲའོ། །གསུམ་པ་ནི། ཚུལ་ཁྲིམས་ཀྱི་རྐང་པ་ཆག་པས་ལོངས་སྤྱོད་རྒྱུན་པར་འཕེལ་བ་རྙེད་དཀའ་བ་འབའ་ཞིག་ཏུ་མ་ཟད་ཀྱི། ངན་འགྲོར་སོང་བས་ངན་འགྲོ་ནས་ཐོན་པ་ཡང་ཤིན་ཏུ་རྙེད་དཀའོ། །ཞེས་སྟོན་པ་ནི། གང་གི་ཚེ་དཔའ་བོ་མཐུན་པའི་ཡུལ་ན་གནས་པ། འཆིང་བ་ལས་གྲོལ་བ་ལྟར། གཞན་ལ་རག་མ་ལུས་པར་རང་གི་འདོད་པས་རང་དབང་དུ་འཇུག་ཅིང་། མཐུན་པའི་ཡུལ་ལྷ་མིའི་འགྲོ་བ་ན་གནས་པ་ན། གལ་ཏེ་གང་ཟག་འདི་བདག་ཉིད་ངན་འགྲོར་ལྟུང་བ་ལས་འཛིན་པར་མི་བྱེད་ན། དཔའ་བོ་བཅིངས་ནས་རི་སུལ་ཆེན་པོར་བསྐྱུར་བ་ལྟར། ངན་འགྲོའི་གཡང་སར་ལྷུང་བས་རང་ལ་དབང་མེད་པར་གཞན་དབང་གིས་འཇུག་པའི་ཚེ། ངན་འགྲོར་སོང་བ་དེ་ལས་ཕྱི་ནས་ཏེ་དེ་གཟོད་གང་གིས་སློང་བར་བྱེད་དེ་དེ་ལྟར་བྱེད་པ་མེད་དོ། །ངན་འགྲོའི་རྟེན་ལ་ནི་དགེ་བ་སྒྲུབ་པ་ཤིན་ཏུ་
དཀོན་ལ། སྡིག་པ་སོག་པ་ལ་ཤིན་ཏུ་ཐུ་བས་ན། ངན་འགྲོ་ཁོ་ནར་བརྒྱུད་དགོས་སོ། །དེ་ཉིད་ཀྱི་ཕྱིར་མདོ་སྡེ་ལས་ཀྱང་། བརྒྱ་ལ་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་། རྣམ་པར་སྨིན་པ་གཉིས་སྒྲུབ་སྟེ། ཞེས་མིར་སྐྱེ་བ་དཀའ་བར་གསུངས་སོ། །དེས་ན་ད་ལྟ་ནས་རང་ཉིད་ངན་འགྲོར་མི་ལྟུང་བར་གཟུང་དགོས་ལ། དེ་ཡང་ཚུལ་ཁྲིམས་ལ་འབད་པ་བྱེད་པ་ཡིན་བར་ཤེས་པར་གྱིས་ཤིག །བཞི་པ་ནི། གང་གི་ཕྱིར་ཚུལ་ཁྲིམས་འཆལ་བ་ནི་ངན་འགྲོར་འཁྲིད་པ་སོགས་ཉེས་པ་དུ་མའི་གནས་སུ་གྱུར་པ་དེའི་ཕྱིར། སྡིག་པ་མཐའ་དག་ཕམ་པར་མཛད་པའི་རྒྱལ་བས། སྦྱིན་པ་ལ་སོགས་པའི་ཡོན་ཏན་ཆུད་མི་ཟ་བར་བྱ་བའི་ཕྱིར་སྦྱིན་པའི་གཏམ་མཛད་ནས། དེའི་མཇུག་ཐོགས་སུ་ཚུལ་ཁྲིམས་སྦྱིན་པའི་རྗེས་སུ་འགྲོ་བ་སྟེ་སྒྲུབ་པའི་གཏམ་ཉིད་མཛད་པ་ཡིན་ནོ། །དེའི་རྒྱུ་མཚན་ནི་ཡོན་ཏན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་ཕྱིར་ཚུལ་ཁྲིམས་ཉིད་ཞིང་ངོ་། །ཞིང་དེར་སྦྱིན་སོགས་ཀྱི་ཡོན་ཏན་རྣམས་རྣམ་པར་འཕེལ་ན། རྒྱུ་སྦྱིན་སོགས་དང་འབྲས་བུ་ལུས་དང་ལོངས་སྤྱོད་བཟང་པོ་ལ་ཉེ་བར་སྤྱོད་པའི་བརྒྱུད་པ་གོང་ནས་གོང་དུ་རྣམ་པར་ཆད་པ་མེད་པའི་སྒོ་ནས། འབྲས་བུའི་ཚོགས་འཕེལ་ཞིང་དུས་རིང་པོར་ལོངས་སྤྱོད་པར་ནུས་ཀྱི། དེ་ལས་གཞན་དུ་ན་དེ་ལྟར་མི་ནུས་པའི་ཕྱིར་རོ། །དེས་ནི་སྦྱིན་པ་གཏོང་བ་རྣམས་ཀྱིས་སྦྱིན་འབྲས་ཀྱི་ལོངས་སྤྱོད་
ཕུན་ཚོགས་འབྱུང་བ་ཁོ་ནའི་རྩིས་མི་གཏང་བར། ལོངས་སྤྱོད་དེ་ལ་གང་གིས་སྤྱོད་པའི་ལུས་རྟེན་ཕུན་ཚོགས་ཀྱི་རྩིས་དང་། ལོངས་སྤྱོད་དེ་སྐྱེ་བ་དུ་མར་འོང་བའི་རྩིས་ཀྱང་གཏང་དགོས་ལ། དེའི་ཐབས་ཀྱང་ཚུལ་ཁྲིམས་སྲུང་བ་ཤིན་ཏུ་གལ་ཆེ་བར་ཤས་དགོས་ཞེས་པའི་དོན་ནོ། །བྱང་སེམས་ལས་དང་པོ་པས་ཀྱང་སྔར་བཤད་པ་ལྟར་སྦྱིན་པ་གཏོང་བ་ལ་བརྩོན་དགོས་ལ། དེ་ཡང་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཐོབ་པའི་དོན་དུ་དམིགས་ཏེ་བྱེད་དགོས་མོད་ཀྱང་། གནས་སྐབས་སུ་བདེ་འགྲོའི་རྟེན་ལ་སྦྱིན་འབྲས་སྨིན་པ་དགོས་པ་དང་། དེ་ཡང་སྐྱེ་བ་དུ་མར་འབྱུང་དགོས་ལ། དེ་ནི་ཚུལ་ཁྲིམས་ལ་རག་ལས་པ་རྣམས་འདྲ་སྟེ། དེ་མེད་ན་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་པའི་མཐུན་རྐྱེན་མི་ཚང་བའི་ཕྱིར་རོ། །ལྔ་པ་ནི། བདེ་འགྲོའི་ལུས་དང་རྟེན་དེ་ལ་སྦྱིན་འབྲས་ཡུན་རིང་དུ་སྤྱོད་པ་གཉིས་ཀ་ཚུལ་ཁྲིམས་ལ་རག་ལས་ཤིང་། དེ་ཉིད་ངེས་ལེགས་འཐོབ་པ་ལ་ཡང་མེད་མི་རུང་ཡིན་པའི་ཕྱིར་ན། ཚུལ་འདིས་སོ་སོ་སྐྱེ་བོ་ལམ་མ་ཞུགས་རྣམས་ཀྱི་མངོན་མཐོའི་རྒྱུ་དང་། ཐུབ་པའི་གསུང་ལས་སྐྱེས་པ་ཉན་ཐོས་རྣམས་དང་། རང་རྒྱལ་གྱི་བྱང་ཆུབ་ཀྱི་ལམ་དུ་བདག་ཉིད་ངེས་པ་རྣམས་དང་། རྒྱལ་སྲས་བྱང་སེམས་རྣམས་ཀྱི་ངེས་པར་ལེགས་པ་བྱང་ཆུབ་ཀྱི་རྒྱུ་ནི། ཚུལ་ཁྲིམས་ལས་གཞན་མེད་དོ། །དེའི་དོན་ནི་ཚུལ་ཁྲིམས་ཁོ་ན་རྒྱུ་ཡིན་ཞེས་རྒྱུ་གཞན་གཅོད་པ་ནི་མིན་ཏེ།
ཚུལ་ཁྲིམས་མིན་པའི་རྒྱུ་གཞན་དུ་མ་ཡོད་པའི་ཕྱིར་རོ། །དེས་ན་མངོན་མཐོ་ཁྱད་པར་ཅན་དང་ངེས་ལེགས་འགྲུབ་པ་ལ་ཚུལ་ཁྲིམས་དང་ངེས་པར་འབྲེལ་བ་དགོས་ཀྱི། དེ་དོར་ན་གཏན་མི་འགྲུབ་པའི་དོན་ནོ། །འདི་ཡང་ས་བཅུ་པའི་མདོ་ལས། སྲོག་གཅོད་སོགས་ཀྱི་མི་དགེ་བ་བཅུ་པོ་རེ་རེ་ལ་ཆེན་པོ་དང་འབྲིང་དང་། ཆུང་ངུར་ཕྱེ་བའི་རེ་རེས་རིམ་པ་བཞིན་དུ་དམྱལ་བ་དང་། དུད་འགྲོ་དང་ཡི་དྭགས་སུ་འཁྲིད་པ་དང་། མཐར་གལ་ཏེ་མིའི་ནང་དུ་སྐྱེས་ན་སྲོག་གཅོད་ཀྱིས་ཚེ་ཐུང་བ་དང་ནད་མང་བ་གཉིས་དང་། ལྷག་མ་དགུའི་རེ་རེས་ཀྱང་མི་འདོད་པ་གཉིས་གཉིས་སྒྲུབ་པ་དང་། དགེ་བཅུས་ནི་འདོད་པའི་ལྷ་དང་མིར་སྐྱེ་བ་ནས་སྲིད་རྩེའི་བར་དུ་སྐྱེ་བ་དང་། དེའི་གོང་མར་དགེ་བཅུ་འདི་དག་རང་གཅིག་པུའི་དོན་ལ་དམིགས་པའི་ཉི་ཚེ་བའི་སེམས་དང་། འཁོར་བ་ལ་སྐྲག་པའི་ཡིད་འབྱུང་བ་དང་བཅས་ཤིང་། སྙིང་རྗེ་ཆེན་པོ་མེད་པ་དང་གཞན་གྱི་སྒྲའི་རྗེས་སུ་འབྲང་བའི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་རྣམ་པས་སྦྱངས་ན། ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བར་བྱེད་དོ། །དེའི་གོང་མར་སྲིད་པ་ཐ་མ་པའི་ཚེ་གཞན་གྱི་དྲིང་མི་འཇོག་པ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ལ་དམིགས་པ་དང་། སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པ་མེད་པ་དང་། རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་སྦྱངས་ན། རང་རྒྱལ་གྱི་ཐེག་པས་ངེས་པར་འབྱུང་བར་བྱེད་དོ། །དེའི་གོང་མར་ཤིན་ཏུ་རྒྱ་ཆེ་ཞིང་
ཤིན་ཏུ་ཚད་མེད་པའི་སྙིང་བརྩེ་བ་དང་། སྙིང་རྗེ་དང་ལྡན་པ་དང་། ཐབས་ལ་མཁས་པས་བསྡུས་པ་དང་། སྨོན་ལམ་རླབས་ཆེན་པོ་བཏབ་པ་དང་། སེམས་ཅན་ཐམས་ཅད་མི་གཏོང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པ་ལ་དམིགས་པས་སྦྱངས་ན། བྱང་སེམས་ཀྱིས་ཡོངས་སུ་དག་པ་དང་། ཕར་ཕྱིན་དག་པའི་སྤྱོད་པ་རྒྱ་ཆེན་པོ་འགྲུབ་པར་བྱེད་པར་གསུངས་པའི་དོན་བསྡུས་པའོ། །བཤེས་སྤྲིང་ལས་ཀྱང་། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྤགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་ཚུལ་ཁྲིམས་ལ་སློབ་པ་གལ་ཆེ་བར་གསུངས་སོ། །དེས་ན་སྐབས་ས་གཉིས་པའི་སྐབས་སུ་གསུངས་ཀྱང་། བྱེད་པ་བྱང་སེམས་ལས་དང་པོ་པས་ཀྱང་བྱ་དགོས་པ་ནི། མི་དགེ་བ་བཅུ་ལ་ཀུན་སློང་ནས་ཀྱང་མི་རྒྱུ་བར་སྡོམ་སེམས་བསྟེན་པའི་སྡོམ་པའི་ཚུལ་ཁྲིམས་ནི་ཤིན་ཏུ་གལ་ཆེ་བར། སྦྱིན་པས་ལོངས་སྤྱོད་དག་ནི། ཞེས་པ་ནས། ཚུལ་ཁྲིམས་ལས་གཞན་མེད། ཅེས་པའི་བར་གྱིས་བསྟན་པ་ལྟར་སེམས་པ་དང་། ཚུལ་ཁྲིམས་ལ་སློབ་རེས་ཀྱིས་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ལ་སྦྱང་དགོས་ལ། དེ་ཡང་གོ་བ་ཙམ་དང་ལན་འགའ་ཟུང་ཙམ་གོམས་པས་ནི་གར་ཡང་མི་ཕྱིན་པས། རྒྱུན་ལྡན་དུ་དོན་དེ་རྣམས་སེམས་དགོས་སོ། །རྒྱུན་ལྡན་དུ་
གོམས་ན་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་ཚུལ་དང་པོ་ཐོས་པ་ནའང་ཡིད་ལ་གདུང་བ་སྐྱེད་པ་དང་། སྟོན་པས་ཀྱང་ཡུན་རིང་པོའི་བར་དུ་སྐུ་ཉམས་སུ་བཞེས་པར་མི་ནུས་པ་རྣམས་ལ་ཡང་། བློ་རང་གི་ངང་གིས་འཇུག་པ་ཅིག་འོང་ངོ་། །དེ་ལྟར་ཡང་ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། གང་ཞིག་ཐོས་པར་གྱུར་ནའང་འཇིག་རྟེན་འདི་ལ་གནད་པ་སྐྱེ་འགྱུར་དང་། །གང་ཡང་ཁྱོད་ཉིད་ཀྱིས་ཀྱང་ཡུན་རིང་སྐུ་ཉམས་བཞེས་པར་མི་སྤྱོད་པའི། །སྤྱོད་པ་དེ་དག་ཁྱོད་ལ་གོམས་པས་དུས་སུ་རང་གི་ངང་ཉིད་འགྱུར། །དེ་སླད་ཡོན་ཏན་དག་ནི་ཡོངས་གོམས་མ་བགྱིས་སྤེལ་བར་དཀའ་བ་ལགས། །ཞེས་སོ། །གསུམ་པ་ནི། ཇི་ལྟར་ཏེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཀླུ་ གཙང ་སྦྲ་ཅན་རྣམས་གནས་པའི་མཐུས། རོ་གང་ཡིན་རླངས་ཀྱིས་ཕྱི་རོལ་ཏུ་འཕེན་པས། རོ་དང་ལྷན་ཅིག་ཏུ་མི་འགྲོགས་པ་དང་། བཀྲ་ཤིས་པའི་ཕུན་ཚོགས་དང་། རྣ་ནག་མ་སྟེ་བཀྲ་མི་ཤིས་པ་གཉིས་ལྷན་ཅིག་ཏུ་མེ་འགྲོགས་པ་དེ་ལྟར་ཏེ་དེ་བཞིན་ཏུ། ཚུལ་ཁྲིམས་ཡོངས་སུ་དག་པས་དབང་དུ་བྱས་པའི་བདག་ཉིད་ཆེན་པོ་ས་གཉིས་པ་བ་དེ། ཚུལ་ཁྲིམས་འཆལ་བ་དང་ལྷན་ཅིག་ཏུ་གནས་པར་མི་འདོད་དོ། །བཞི་བརྒྱ་པའི་འགྲེལ་པ་ལས། བཀྲ་ཤིས་མ་གང་དུ་ཞུགས་པའི་ཁྱིམ་དུ་རྣ་ནག་མ་ཡང་གདོན་མི་ཟ་བར་ཡོད་དོ། །ཞེས་གསུངས་པ་དང་འདིར་བཤད་པ་གཉིས་མི་འགལ་ཏེ། དེར་ནི་མིང་དེ་དང་ལྡན་
པའི་གང་ཟག་གཉིས་ལ་དགོངས་ལ། འདིར་ནི་རྣ་ནག་མ་ཞེས་པ་བཀྲ་མི་ཤིས་པའི་མིང་ཡིན་པའི་ཕྱིར་རོ། །བཞི་པ་ནི། གང་ཟག་གང་གིས་སྤོང་བ་དང་། སྤང་བྱ་གང་ཞིག་སྤོང་བ་དང་། སེམས་ཅན་གང་ལ་སྤོང་བར་བྱེད་པའི་འཁོར་གསུམ་དུ་བདེན་པར་དམིགས་པའི་ས་བོན་འགོག་མི་ནུས་པ་ཡོད་ན། དེ་འདྲ་བའི་ཚུལ་ཁྲིམས་འཇིག་རྟེན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་ལ། ཚུལ་ཁྲིམས་དེ་ཉིད་སྔར་བཤད་པའི་འཁོར་གསུམ་དུ་བདེན་པར་དམིགས་པའི་ཆགས་པས་སྟོང་པ་སྟེ་མི་དམིགས་པར་རྟོགས་པའི་ཟག་མེད་ཀྱི་ཤེས་རབ་ཀྱིས་ཟིན་ན། འཇིག་རྟེན་ལས་འདས་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ཚུལ་ཁྲིམས་ལ་གཉིས་ཀྱི་དབྱེ་བ་ཡོད་དོ། །ལྔ་པ་ནི། ཇི་ལྟར་སྟོན་ཀའི་དུས་ཀྱི་ཟླ་འོད་དྲི་མ་དང་བྲལ་བས། སྐྱེ་བོའི་གདུང་བ་སེལ་བ་ཇི་བཞིན་དུ། རྒྱལ་བའི་སྲས་ས་གཉིས་པ་བའི་ཟླ་བ་ལས་བྱུང་བའི་འཆལ་ཁྲིམས་ཀྱི་དྲི་མ་དང་བྲལ་བའི་ཚུལ་ཁྲིམས་ཀྱི་འོད་དང་ལྡན་པས། ས་གཉིས་པ་དྲི་མ་མེད་པ་ཞེས་པའི་མཚན་དོན་དང་ལྡན་པ་འདི་ཡང་། འཆལ་བའི་ཚུལ་ཁྲིམས་ཀྱིས་བསྐྱེད་པའི་འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན་ནོ། །ས་གཉིས་པ་བ་འདི་ནི་འཁོར་བར་འཁོར་བའི་ཁོངས་སུ་མི་གཏོགས་པས་སྲིད་པ་འཁོར་བ་མིན་ཡང་། སྲིད་པ་ཡི་དཔལ་ཡིན་ཏེ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བྱང་སེམས་དེའི་རྗེས་སུ་འགྲོ་བའི་ཕྱིར་དང་། སེམས་ཅན་གྱི་དོན་དུ་སྨོན་ལམ་གྱི་དབང་གིས་གླིང་བཞི་ལ་
དབང་བའི་འཁོར་སྒྱུར་གྱི་རྒྱུ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་གཉིས་པའི་བཤད་པའོ། ། ༈ གསུམ་པ་ས་གསུམ་པ་འོད་བྱེད་པ་བཤད་པ་ལ་བཞི། ཁྱད་པར་གྱི་གཞི་སའི་ངེས་ཚིག །ཁྱད་པར་གྱི་ཆོས་སའི་ཡོན་ཏན། ཕར་ཕྱིན་དང་པོ་གསུམ་གྱི་ཁྱད་པར་གྱི་ཆོས། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། བྱང་སེམས་ཀྱི་ས་ནི་གསུམ་པ་འདི་ལ་ནི། འོད་བྱེད་པ་ཞེས་བྱའོ། །ཅིའི་ཕྱིར་འོད་བྱེད་པ་ཞེས་བྱ་ཞེ་ན། དེ་ནི་མཚན་དོན་དང་མཐུན་པ་ཡིན་ཏེ། ས་གསུམ་པ་ཐོབ་པ་དེའི་ཚེ་ཤེས་བྱའི་བུད་ཤིང་མ་ལུས་པ་སྲེག་པའི་ཡེ་ཤེས་ཀྱི་མེ་གཉིས་སྣང་གི་སྤྲོས་པ་ཀུན། མཉམ་གཞག་ཏུ་ཞི་བར་བྱེད་ནུས་པའི་བདག་ཉིད་ཅན་གྱི་འོད་འབྱུང་བའི་ཕྱིར་རོ། །དེ་ཡང་སེམས་གསུམ་པ་བསྐྱེད་པའི་བདེ་བར་གཤེགས་པའི་སྲས་པོ་དེ་ལ་ས་གསུམ་པ་དེའི་ཚེ། ཉི་མ་འཆར་ལ་ཁད་པའི་དུས་སུ། ཟངས་འདྲི་བའི་སྣང་བ་འབྱུང་བ་ལྟར་བྱང་སེམས་འདི་ལ་ཡང་ཡེ་ཤེས་ཀྱི་སྣང་བ་འབྱུང་ངོ་། །འདི་ནི་ས་དེར་རྗེས་ཐོབ་ཏུ་འོད་དམར་པོའམ་དམར་སེར་གྱིས་ཀུན་ཏུ་ཁྱབ་པའི་སྣང་བ་འབྱུང་བའོ། །རིན་ཆེན་འཕྲེང་བ་ལས་ཀྱང་། ས་གསུམ་པ་ནི་འོད་བྱད་པའོ། །ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། །བསམ་གཏན་མངོན་ཤེས་སྐྱེས་པ་དང་། །འདོད་ཆགས་ཞེ་སྡང་ཡོངས་ཟད་ཕྱིར། །དེ་ཡི་རྣམ་
པར་སྨིན་པས་ན། །བཟོད་དང་བརྩོན་འགྲུས་ལྷག་པར་སྤྱོད། །ལྷ་ཡི་དབང་ཆེན་མཁས་པ་སྟེ། །འདོད་པའི་འདོད་ཆགས་ཟློག་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ལ་བཞི། ས་འདིར་བཟོད་པ་ལྷག་པར་བསྟན་པ། བཟོད་པ་གཞན་ཇི་ལྟར་བསྟེན་པའི་ཚུལ། བཟོད་པའི་ཕར་ཕྱིན་གྱི་དབྱེ་བ། ས་འདིར་འབྱུང་བའི་དག་པའི་ཡོན་ཏན་གཞན་བསྟན་པའོ། །དང་པོ་ནི། ཡེ་ཤེས་ཀྱི་སྣང་བ་དེ་ལྟ་བུ་རྙེད་པའི་བྱང་སེམས་དེ་ལ། བཟོད་པའི་ཕར་ཕྱིན་ལྷག་པར་བསྟན་པའི་ཕྱིར། གལ་ཏེ་ཞེས་སོགས་སྨོས་སོ། །སྔར་བཤད་པའི་སྦྱིན་པ་དང་ཚུལ་ཁྲིམས་ལྷག་པ་ནི་འདི་ལ་ཡར་ལྡན་དུ་ཡོད་པས། འདིར་ནི་ཕར་ཕྱིན་ལྷག་མ་བརྒྱད་ཀྱི་ནང་ནས་བཟོད་པ་ལྷག་པའོ། །ལྷག་ལུགས་ནི་བཟོད་པའི་ཕར་ཕྱིན་གྱི་ཉམས་ལེན་ཕུལ་དུ་བྱུང་བ་ཙམ། ལྷག་མ་བདུན་ལ་འདིར་མི་འབྱུང་བའོ། །དེ་ཡང་བྱང་སེམས་ས་གསུམ་པ་བ་ནི་གཞན་གྱི་སེམས་བསྲུང་བའི་ཕྱིར་དང་། ཤེས་བྱའི་བུད་ཤིང་ཞེས་པར་བཤད་པ་དེ་ལྟ་བུའི་ཡེ་ཤེས་ཞི་བ་ཡོད་པའི་ཕྱིར། གཞན་དག་གི་ཀུན་ནས་མནར་སེམས་ཀྱི་གཞི། འདིས་བདག་དང་བདག་གི་གཉེན་ལ་གནོད་པ་སྔར་བྱས་སོ། །ད་ལྟ་བྱེད་དོ། །མ་འོངས་པ་ན་བྱེད་པར་འགྱུར་རོ་ཞེས་པའི་དོགས་པ་ཅན་དུ་འགྱུར་བ། དེ་ལྟ་བུའི་སྒོ་གསུམ་གྱི་འཇུག་པ་མངོན་དུ་བྱེད་པ་མིན་པའི་ཕྱིར། ཁོང་ཁྲོ་བའི་གནས་མིན་པ་ཞེས་ཁྱད་པར་དུ་བྱས་སོ། །དེ་ལྟར་ཡིན་ཀྱང་གལ་ཏེ་དེ་འདྲ་བ་ལ་ཁོང་འཁྲུགས་པ་འགའ་ཡིས་བྱང་སེམས་དེའི་ལུས་ལས་ཤ་ནི་རྐྱང་པ་མིན་པར་རུས་པ་
དང་བཅས་པ་དང་། ཤིན་ཏུ་ཆེ་བ་མི་གཅོད་པར་སྲང་རེ་རེ་ནས། རྒྱུན་གཅིག་ལ་མི་གཅོད་པར་སྡོད་ཅིང་སྡོད་ཅིང་དུས་ཐུང་བ་ལ་གཅོད་པ་ཟིན་པར་མི་བྱེད་པར། ཡུན་རིང་མོ་ཞིག་ཏུ་གཅོད་པར་གྱུར་ཀྱང་། གཅོད་པ་པོ་དེ་ལ་སེམས་འཁྲུག་པ་མི་འབྱུང་བ་ཙམ་དུ་མ་ཟད་ཀྱི། སྡིག་པ་དེའི་རྐྱེན་གྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ། རིགས་མཐུན་གཞན་ལས་ལྷག་པར་མྱོང་བར་དམིགས་པའི་བྱང་སེམས་ལ། གཅོད་བྱེད་དེ་ལ་དམིགས་ནས་ཆེས་ལྷག་པར་བཟོད་པ་སྐྱེ་བར་འགྱུར་བའོ། །འདི་ནི་བཟོད་པ་ལྷག་པའི་ལྷག་ཚུལ་ཡིན་པས། རབ་དགའ་སོགས་ས་གཉིས་སུ་ལུས་བཅད་པ་ལ་རྒྱུད་མི་འཁྲུག་པ་ཡོད་ཀྱང་། བཟོད་པ་ལྷག་པར་སྐྱེ་བ་མེད་པར་གསལ་བས། བཟོད་པ་ལྷག་པ་ནི་ས་འདི་ནས་བཟུང་སྟེ་འབྱུང་བར་ཤེས་པར་བྱའོ། །དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལྷག་པ་ལ་དམིགས་ནས། བཟོད་པ་ལྷག་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། གང་གི་ཕྱིར་བདག་མེད་མཐོང་བའི་བྱང་ཆུབ་སེམས་དཔའ་ཡི་ལུས་ལ། གང་གིས་གཅོད་པ་དང་། གང་ཞིག་གཅད་པར་བྱ་བ་དང་། དུས་གང་གི་ཚེ་ཚུལ་ཇི་ལྟར་གཅོད་པའི་འཁོར་གསུམ་གྱི་ཆོས་རྣམས། ས་གསུམ་པ་བ་དེ་ཡིས་གཟུགས་བརྙན་ལྟ་བུར་མངོན་སུམ་དུ་མཐོང་བ་དང་། བདག་དང་བདག་གི་བའི་ཀུན་བརྟགས་ཀྱི་འདུ་ཤེས་དང་བྲལ་བ་དེས་ཀྱང་། བྱང་སེམས་དེ་ཡིས་བཟོད་པར་འགྱུར་རོ། །འགྲེལ་པར་ཀྱང་གི་སྒྲ་ནི་བཟོད་པའི་
རྒྱུ་བསྡུ་བར་བྱ་བའི་ཕྱིར་རོ། །ཞེས་མི་འཁྲུག་པའི་རྒྱུ་སྔ་མར་མ་ཟད། བཤད་མ་ཐག་པ་འདིས་ཀྱང་བཟོད་ཅེས་པ་ཡིན་པའི་ཕྱིར་དང་། འདིའི་ཕྱིར་ཡང་ཞེས་གསུངས་པས། མཐོང་བ་དེས་ཀྱང་ཞེས་བསྒྱུར་རྒྱུ་ཡིན་ནོ། །གཉིས་པ་ལ་གཉིས། ཁོང་ཁྲོ་བྱ་བར་མི་རིགས་པ་དང་། བཟོད་པ་བསྟེན་པར་རིགས་པའོ། །དང་པོ་ལ་བཞི། དགོས་པ་མེད་ཅིང་ཉེས་དམིགས་ཆེ་བས་ཁོང་ཁྲོ་བར་མི་རིགས་པ། ཕྱིས་ཀྱི་སྡུག་བསྔལ་མི་འདོད་པ་དང་གནོད་ལན་བྱེད་པ་གཉིས་འགལ་བར་བསྟན་པ། སྔར་ཡུན་རིང་བསགས་པའི་དགེ་བ་འཇོམས་པས་ཁོང་ཁྲོ་བར་མི་རིགས་པ། མི་བཟོད་པའི་སྐྱོན་མང་པོ་བསམས་ནས་ཁོང་ཁྲོ་དགག་པའོ། །དང་པོ་ནི། བཟོད་པ་འདི་བྱང་སེམས་སར་གནས་པ་རྣམས་ཀྱི་ཐུགས་དང་འཚམས་པའི་ཆོས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། སར་གནས་ལས་གཞན་པ་རྣམས་ཀྱི་ཡོན་ཏན་མཐའ་དག་མི་འཛད་པར་སྲུང་བའི་རྒྱུ་ཡང་ཡིན་པས། མི་བཟོད་པ་དང་ལྡན་པ་རྣམས་ཁྲོ་བ་ལས་ལྡོག་རིགས་པར་འཆད་པ་ནི། གནོད་པ་ཞེས་པ་ནས་མྱུར་བསྟན་བྱ་ཞེས་པའི་བར་རོ། །གལ་ཏེ་གནོད་པ་བྱས་པ་ལས། དེར་ཏེ་གནོད་བྱེད་ལ་བཀོན་པ་སྟེ་ཁྲོ་ན། དེའི་ཚེ་གནོད་པ་བྱས་ཟིན་པ་ལྡོག་ཏུ་མེད་པའི་ཕྱིར། དེ་ལ་བཀོན་པ་སྟེ་དེ་ལ་དམིགས་པའི་ཞེ་འཁམ་པ་བྱས་པས། གནོད་པ་བྱས་ཟིན་པ་ལྡོག་གམ་ཅི་སྟེ་མི་ལྡོག་གོ །དེའི་ཕྱིར་དེ་ལ་བཀོན་པ་འདིར་ངེས་པར་དོན་མེད་དོ། །ཞེ་འཁམ་པ་ནི་ཞེ་ལ་རྩུབ་པའི་སེམས་ཀར་ཀར་བ་སྟེ་ཁྲོ་བ་དང་དོན་
གཅིག་གོ །དེ་ལྟར་དགོས་པ་མེད་པར་མ་ཟད་འཇིག་རྟེན་ཕ་རོལ་གྱི་དོན་དང་ཡང་ནི་འགལ་བར་འགྱུར་ཏེ། ཁོང་ཁྲོ་ལ་སྐབས་བྱིན་པས་ཤི་བའི་འོག་ཏུ་རྣམ་སྨིན་ཡིད་དུ་མི་འོང་བ་འཕེན་པའི་ཕྱིར་རོ། །གཉིས་པ་ནི། གང་ཞིག་རང་གིས་སྔོན་ཉེས་སྤྱོད་བྱས་པའི་འབྲས་བུ་སྡུག་བསྔལ་ལ་ལོངས་སྤྱོད་བཞིན་དུ། དེ་ལ་གཏི་མུག་པས་གཞན་གྱིས་བདག་ལ་གནོད་པ་བྱས་སོ་སྙམ་དུ་རྟོག་པ་དེ་ལ་ནི། གནོད་བྱེད་ལ་ཁྲོ་བ་སྐྱེ་ལ། གནོད་ལན་བྱས་པས་ཕྱིས་དེའི་གནོད་པའི་སྡུག་བསྔལ་མི་འབྱུང་བར་འདོད་པ་དེ་ཡང་བཟློག་བར་བྱ་བའི་ཕྱིར་བཤད་པ་ནི། རང་གི་ལུས་ལ་གནོད་པའི་སྡུག་བསྔལ་ཆེན་པོ་དགྲ་དག་གིས་བསྒྲུབས་པ་དེ་ནི། སྔོན་བྱས་པ་ཡི་སྲོག་གཅོད་ཀྱི་མི་དགེ་བའི་ལས་ཀྱི་འབྲས་བུ། ངན་སོང་གསུམ་དུ་རྣམ་སྨིན་དྲག་པོ་མྱོང་ཞིང་། རྒྱུ་མཐུན་གྱི་འབྲས་བུ་ལྷག་མར་ལུས་པ་ཅན་རྣམས་ཀྱི། རྒྱུ་མཐུན་གྱི་འབྲས་བུ་ཡིད་དུ་མི་འོང་བ་མ་ལུས་པ་ལྡོག་པའི་རྒྱུ་གང་ཡིན་པ། ལས་ཀྱི་ལྷག་མ་ཟད་པར་བྱེད་པར་བརྗོད་པར་འདོད་པ་དེ་ཉིད་ཀོ་སྟེ་ནི། གཞན་ལ་གནོད་པའི་ལན་བྱེད་པ་དང་། རྒྱུད་ཁོང་ནས་འཁྲུག་པའི་ཁྲོ་བས་སྡུག་བསྔལ་འདིར་མྱོང་བ་ལས་ཆེས་ལྷག་པའི་སྡུག་བསྔལ། ཕྱིར་ཏེ་སླར་ཡང་སྡུག་བསྔལ་དེའི་ས་བོན་ཏེ་རྒྱུ་ཉིད་དུ། ཇི་ལྟ་བུར་ན་འཁྲིད་པར་བྱེད་པ་རིགས་ཏེ་མི་རིགས་སོ། །དེས་ན་སྨན་པས་ནད་གསོ་བའི་ཐབས་སུ་གྱུར་པ་གཙགས་བུ་རྣོན་པོས་གཏར་བའི་སྡུག་
བསྔལ་ལ་བཟོད་པར་བྱ་བ་ལྟར། ཕུགས་ཀྱི་སྡུག་བསྔལ་མཐའ་ཡས་པ་ལྡོག་པའི་དོན་དུ། འཕྲལ་གྱི་སྡུག་བསྔལ་ཆུང་ངུ་ལ་ཆེས་ཤིན་ཏུ་བཟོད་པར་རིགས་སོ། །གསུམ་པ་ལ་གཉིས། དཀྱུས་ཀྱི་དོན་དང་། ཞར་བྱུང་གི་དོན་བཤད་པའོ། །དང་པོ་ནི། མི་བཟོད་པ་ནི་རྣམ་སྨིན་ཡིད་དུ་མི་འོང་བ་ཡངས་པ་འཕེན་པའི་རྒྱུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཡུན་རིང་དུ་བསགས་པའི་བསོད་ནམས་ཀྱི་ཚོགས་ཟད་པའི་རྒྱུ་ཡང་ཡིན་ནོ། །ཞེས་སྟོན་པ་ནི། གང་གི་ཕྱིར་བྱང་སེམས་བདག་ཉིད་ཆེན་པོ་དེས། ཡུལ་དེ་བྱང་སེམས་ཡིན་པར་མ་ངེས་པས་སམ། ཡང་ན་བྱང་སེམས་སུ་ངེས་ཀྱང་ཉོན་མོངས་ཀྱི་གོམས་པ་ཤས་ཆེས་པས། རྒྱལ་སྲས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ། བདེན་པ་དང་མི་བདེན་པའི་ཉེས་པ་ལྷག་པར་སྒྲོ་བཏགས་ནས། ཁོང་ཁྲོ་བའི་བསམ་པ་སྐད་ཅིག་ཙམ་ཞི་སྐྱེད་ན་ཡང་། དེ་ཙམ་གྱིས་ཀྱང་བསྐལ་བ་བརྒྱར་བསགས་པའི་བསོད་ནམས་ཀྱི་ཚོགས། སྔར་བཤད་པའི་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གོམས་པ་ལས་བྱུང་བའི་དགེ་བ་རྣམས་འཇོམས་པར་འགྱུར་ན་བྱང་སེམས་མ་ཡིན་པས། བྱང་སེམས་ལ་ཁོང་ཁྲོ་བ་བསྐྱེད་ན་ལྟ་ཅི་སྨོས་ཏེ། དེའི་ཕྱིར་རྒྱ་མཚོ་ཆེན་པོའི་ཆུའི་ཚད་སྲང་གི་གྲངས་ཀྱི་ངེས་མི་ནུས་པ་ལྟར། བྱང་སེམས་ལ་ཁྲོས་པའི་རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་སོ། །དེ་ཡི་ཕྱིར་དེ་ལྟར་ན་འབྲས་བུ་ཡིད་དུ་མི་འོང་བ་འཕེན་པ་དང་། དགེ་བ་ལ་གནོད་པ་བྱེད་པའི་སྡིག་པ་ནི། མི་བཟོད་པ་ཁོང་ཁྲོ་ལས་གཞན་པའི་མཆོག་ཏུ་གྱུར་པ་ཡོད་པ་མ་
ཡིན་ནོ། །བདེན་པའི་ཉེས་པ་ལྷག་པར་སྒྲོ་བཏགས་པ་ནི། ཆུང་ངུ་ལ་ཆེན་པོར་སྒྲོ་བཏགས་པའོ། །ཞེས་འགྲེལ་བཤད་ལས་བཤད་དོ། །དགེ་རྩ་འཇོམས་པར་བཤད་པ་དེ་ཡང་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། འཇམ་དཔལ་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར། ཁོང་ཁྲོ་བ་ཞེས་བྱའོ། །ཞེས་གསུངས་པའོ། །མདོ་དེ་ལས་ཁོང་ཁྲོ་བའི་ཡུལ་རྟེན་གཉིས་བྱང་སེམས་ཡིན་མིན་མི་གསལ་ཡང་། འགྲེལ་པར་ཡུལ་རྟེན་གཉིས་ཀ་བྱང་སེམས་ཀྱི་དབང་དུ་བྱས་པར་གསུངས་པ་ནི། རྣམ་པར་རོལ་པའི་མདོ་དེ་དྲངས་པའི་གོང་ཉིད་དུ། མདོ་ཀུན་ལས་བཏུས་སུ་བྱམས་པ་སེང་གེ་སྒྲའི་མདོ་དྲངས་པ་ལས། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་སྤྱོས་པ་དང་། བརྒྱད་པ་དང་དབྱུག་པ་དང་། ཁུ་ཚུར་གྱིས་བརྡེགས་པ་དེ་ཙམ་གྱིས། བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་ཞིང་རྨས་པར་མི་འགྱུར་གྱི། །བྱང་ཆུབ་སེམས་དཔའ་གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ། ཐ་ན་གནོད་སེམས་དང་། ཐ་བ་དང་ཞེ་སྡང་གི་སེམས་བསྐྱེད་པ་དེ་ཙམ་གྱིས། བྱང་ཆུབ་སེམས་དཔའ་ལ་རྨ་ཕྱུང་ཞིང་རྨས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེས་ཐམས་ཅད་མཁྱེན་པ་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་
དཔས་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་གནོད་སེམས་དང་། ཐ་བ་དང་སྡང་བའི་སེམས་ཇི་སྙེད་དུ་བསྐྱེད་པ་དེ་སྙེད་ཀྱི་བསྐལ་བར་གོ་ཆ་གཟོད་ཡང་བགོ་དགོས་སོ། །ཞེས་གསུངས་པས་ཡུལ་རྟེན་གཉིས་ཀ་བྱང་སེམས་ལ་གསུངས་པ་དེ་ལ་བརྟེན་ནས་མཛད་པར་མངོན་ནོ། །འོ་ན་སློབ་དཔོན་དཔའ་བོ་དང་། ཞི་བ་ལྷས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཡང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། ཅེས་བསྐལ་པ་སྟོང་དུ་བསགས་པའི་དགེ་བ་འཇོམས་པར་བྱེད་པར་གསུངས་པ་ཇི་ལྟར་ཡིན་ཞེ་ན། སྤྱོད་འཇུག་གི་འགྲེལ་པ་ཁ་ཅིག་ལས། བསྐལ་པ་སྟོང་ཕྲག་དུ་མར་བསགས་པའི་དགེ་བ། སེམས་ཅན་ལ་སྡང་བས་འཇོམས་ཞེས་ཟེར་མོད་ཀྱང་ཡིད་ཆེས་པར་དཀའོ། །སློབ་དཔོན་དེ་གཉིས་ཀྱིས་ཡུལ་རྟེན་ལ་གསལ་ཁ་མ་མཛད་ཀྱང་། །བསྐལ་པ་བརྒྱའམ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་པའི་ཁོང་ཁྲོའི་ཡུལ་ལ་ནི། བྱང་སེམས་དགོས་སོ། །ཁྲོ་བའི་རྟེན་ནི་བྱང་སེམས་བདག་ཉིད་ཆེན་པོ་ཞེས་གསུངས་པ་ལ་དཔགས་ན། ཡུལ་གྱི་བྱང་སེམས་ལས་བྱང་སེམས་སྟོབས་ཆེ་བ་ཅིག་འདྲའོ། །དེ་ལ་ཁྲོ་བའི་རྟེན་ནི་བྱང་སེམས་སོ་སྐྱེར་ངེས་ལ། ཡུལ་ལ་ནི་ས་ཐོབ་མ་ཐོབ་གཉིས་སུ་ཡོད་དེ། དེ་ལྟར་ན་བྱང་སེམས་སྟོབས་ཆེ་བས་ཆུང་བ་ལ་དང་། ཆུང་བས་ཆེ་བ་ལ་དང་། ཡུལ་དང་རྟེན་སྟོབས་མཉམ་པས་མཉམ་པ་ལ་ཁྲོས་པ་
གསུམ་མོ། །དེའི་དང་པོ་ལ་ནི་བསྐལ་པ་བརྒྱ་ཡིན་ལ། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་ནི་བསྐལ་བ་སྟོང་དུ་མངོན་ཏེ། གཉིས་པ་དང་གསུམ་པ་དང་། གཉིས་པའི་ཡུལ་གྱི་མཆོག་དམན་གྱི་ཁྱད་པར་ལ་བརྟེན་ནས་དགེ་རྩ་འཇོམས་པ་ཡང་ལུང་ལ་བརྟེན་ནས་དཔྱད་པར་བྱའོ། །སྟོང་གསུམ་གྱི་ཞེས་པ་ནས་སྨྲས་པར་མི་འགྱུར་བའི་བར་གྱིས་ནི། བྱང་སེམས་ཀྱིས་བྱང་སེམས་མིན་པ་ལ་ཡིད་ཀྱིས་ཁྲོས་ནས། ངག་གིས་གཤེ་བ་དང་ལུས་ཀྱིས་བརྡེག་པ་བསྟན་པ། དེ་ཡང་བྱང་སེམས་ལ་རྨ་ཕྱུང་བ་དང་། བྱང་སེམས་རྨས་པ་དང་མི་འདྲ་བར་བསྟན་པས། དེ་འདྲ་བ་ལ་ནི་གཞི་ནས་གོ་ཆ་བགོ་བ་མི་དགོས་པར་ཤེས་སོ། །བྱང་སེམས་ཀྱིས་བྱང་སེམས་གཅིག་ལ་ཡང་ལུས་ངག་ཏུ་མ་ཐོན་བར་ཡིད་ཀྱིས་སྡང་བ་ཙམ་བསྐྱེད་ན་ནི། སེམས་དེ་བསྐྱེད་གྲངས་ཇི་ཙམ་པ་དེ་ཙམ་གྱི་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་པར་བསྟན་ནོ། །དེ་ལྟ་བུའི་ཡུལ་ནི་ལུང་བསྟན་ཐོབ་པའི་སེམས་དཔའ་དང་། རྟེན་ནི་ལུང་བསྟན་མ་ཐོབ་པར་མངོན་ཏེ། སྡུད་པ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཞི་ནས་གོ་ཆ་བགོ་དགོས་པ་ནི། དཔེར་ན་བྱང་སེམས་ཀྱི་ཚོགས་ལམ་ཆེན་པོ་ནས། མྱུར་
པོར་སྦྱོར་ལམ་དུ་འཕོ་ཐུབ་པ་ཅིག་གིས། ལུང་བསྟན་ཐོབ་པ་ལ་ཁྲོས་ན། ཁྲོ་སེམས་ཀྱི་གྲངས་དེ་སྙེད་ཀྱི་བསྐལ་པར་སྦྱོར་ལམ་དུ་འཕོ་མི་ནུས་པར། གཞི་ནས་ལམ་ལ་སློབ་དགོས་པ་ལྟ་བུའོ། །འདི་ལ་སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་བྱང་སེམས་ལ་ཁོང་ཁྲོ་བའི་སེམས་བསྐྱེད་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་བསྐལ་པར་དམྱལ་བར་གནས་པར་གསུངས་ལ། བསྐལ་པ་མང་པོར་བསགས་པའི་དགེ་རྩ་འཇོམས་པའི་ཉེས་དམིགས་ཀྱང་ཡོད་ལ། ལུང་བསྟན་ཐོབ་པ་ལ་མ་ཐོབ་པས་ཁྲོས་ན་ནི་དམྱལ་བར་གནས་པ་བཤད་མ་ཐག་པ་དང་འདྲ་ལ། དེ་སྙེད་ཀྱི་བསྐལ་པར་གཞི་ནས་གོ་ཆ་བགོ་བ་དགོས་པ་དང་གཉིས་ཡོད་དེ། །རྣམ་པར་འཐག་པ་བསྡུས་པ་ལས་གསུངས་པའི་ཆོས་སྤོང་བྱུང་བས་ལོ་བདུན་གྱི་བར་དུ་ཉིན་གཅིག་ཅིང་དུས་གསུམ་དུ་ཉེས་པ་བཤགས་ན་རྣམ་སྨིན་དག་ཀྱང་། བཟོད་པ་འཐོབ་པ་ལ་མྱུར་ནའང་བསྐལ་པ་བཅུ་དགོས་པར་གསུངས་པ་ལྟར། སྒོ་དུ་མ་ནས་བཤགས་བསྡམ་བྱས་ན། ལམ་བུལ་དུ་སོང་བ་སོར་མ་ཆུད་ཀྱང་། རྣམ་སྨིན་མྱོང་བ་འདག་པར་འགྱུར་བས་འབད་པར་བྱའོ། །གཉིས་པ་ནི། ཡུལ་རྟེན་གཉིས་ཀ་བྱང་སེམས་མིན་ཀྱང་། ཁོང་ཁྲོ་སྐྱེས་ན་དགེ་རྩ་འཇོམས་པ་ཡོད་དེ། ཐམས་ཅད་ཡོད་སྨྲའི་གཞུང་བསླབ་བཏུས་སུ་དྲངས་
པ་ལས། དགེ་སློང་དག་དགེ་སློང་གིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ། སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟ་ལགས་སོ། །དགེ་སློང་དག་དགེ་སློང་འདིས་ཇི་ཙམ་ཞིག་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན། བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ། དགེ་སློང་འདིས་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་བྱ་བ་ནས། དེ་ནས་ཚེ་དང་ལྡན་པ་ཉེ་བར་འཁོར་གྱིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་བའི་རྩ་བ་དེ་ལྟ་བུར་ཆེ་བར་གསུངས་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་དེ་དག་གང་དུ་བསྲབས་པ་དང་། ཡོངས་སུ་བྱང་བ་དང་། ཡོངས་སུ་ཟད་པར་འགྱུར། ཉེ་བར་འཁོར་ཇི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་ཕྱུང་བ་དང་། རྨས་པར་བྱས་པ་དེ་ལྟ་བུ་ནི་ངས་མ་མཐོང་སྟེ། ཉེ་བར་འཁོར་དེས་དགེ་བའི་རྩ་བ་ཆེན་པོ་འདི་དག་བསྲབས་པ་དང་། ཡོངས་སུ་བྱང་བ་དང་། ཡོངས་སུ་ཟད་པར་འགྱུར་རོ། །ཉེ་བར་འཁོར་དེ་ལྟ་བས་ན་ཅི་ནས་འགལ་བ་ལ་ཡང་། སེམས་ཀྱིས་གནོད་པར་མི་བྱ་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ལྟར་རོ། །དེ་ལ་བསྲབས་པ་ནི་དགེ་རྩ་ཕུན་ཚོགས་ཆེས་ཆེ་བ་སྐྱེད་པ་ཆུང་ངུ་
བཏང་བ་དང་། རྒྱུན་རིང་སྐྱེད་པ་ཐུང་ངུ་བཏང་བ་ལྟ་བུ་སྟེ། འབྲས་བུ་ཐམས་ཅད་མ་བཅོམ་པ་ཟད་པ་ཆུང་ངུའོ། །བྱང་བ་ནི་ཟད་པ་འབྲིང་པོའོ། །གཏུགས་པ་ནི་ཟད་པ་ཆེན་པོར་མངོན་ནོ། །ཟླ་བ་སྒྲོན་མའི་མདོ་མདོ་བཏུས་སུ་དྲངས་པ་ལས་ཀྱང་། ཕན་ཚུན་གནོད་པའི་སེམས་སུ་གང་བྱེད་པ། །དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་བྱེད། །བསམ་གཏན་དང་ནི་དགོན་གནས་མི་སྐྱོབ་སྟེ། །སྦྱིན་དང་སངས་རྒྱས་མཆོད་པའང་སྐྱོབ་མི་བྱེད། ཅེས་གསུངས་ཏེ་ཕན་ཚུན་ནི་གྲོགས་ཚངས་པ་མཚུངས་པར་སྤྱོད་པའོ། །ཚུལ་ཁྲིམས་སོགས་དྲུག་གིས་མི་སྐྱོབ་པ་ནི། ཁོང་ཁྲོས་དགེ་རྩ་འཇོམས་པ་འགོག་མི་ནུས་པའོ། །གཞོམ་བྱའི་དགེ་རྩ་ནི་སྔར་གྱི་མདོ་ལས་གསལ་བར་མ་བཤད་ལ། སྤྱོད་འཇུག་ལས། སྦྱིན་དང་བདེ་གཤེགས་མཆོད་པ་སོགས་དང་། འཇུག་པར་སྦྱིན་པ་དང་ཚུལ་ཁྲིམས་ལས་བྱུང་བ་ལ་བཤད་དེ། འགྲེལ་པར་བསོད་ནམས་ཀྱི་ཚོགས་ཞེས་གསུངས་པས་བདག་མེད་ལེགས་པར་རྟོགས་པའི་དགེ་རྩ་ལ་མི་བྱེད་པ་འདྲ་སྟེ་དཔྱད་དོ། །འོ་ན་བློ་གྲོས་མི་ཟད་པས་བསྟན་པའི་ལུང་མདོ་བཏུས་སུ་དྲངས་པ་ལས། རྒྱ་མཚོ་ཆེན་པོར་ཆུ་ཐིགས་ལྷུང་བ་ནི། བསྐལ་པ་ཆེན་པོ་མ་བྱུང་གི་བར་དུ་མི་ཟད་པ་དཔེར་མཛད་ནས། བྱང་ཆུབ་ཏུ་བསྔོས་པའི་དགེ་རྩ་ཡང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཟད་པར་གསུངས་པ་དང་། སྡོང་པོ་བཀོད་པ་ལས་ཀྱང་། དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་པ་སྲང་གཅིག་གིས། ལྕགས་སྲང་སྟོང་གསེར་དུ་བསྒྱུར་ཡང་།
ལྕགས་དེས་དེ་ཟད་པར་བྱ་མི་ནུས་པ་དཔེར་མཛད་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་ནི། ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཟད་པར་མི་ནུས་པར་གསུངས་པས། སེམས་བསྐྱེད་དང་དེས་ཟིན་པའི་དགེ་བ་དང་། བྱང་ཆུབ་ཏུ་བསྔོས་པའི་དགེ་བ་རྣམས་ཁོང་ཁྲོས་འཇོམས་མི་ནུས་སམ་སྙམ་ན། དེ་ནི་མིན་ཏེ་བྱང་སེམས་བདག་ཉིད་ཆེན་པོའི་དགེ་རྩ་རྣམས་འཇོམས་པར་གསུངས་པའི་ཕྱིར་རོ། །དེས་ན་ལུང་སྔ་མའི་དོན་ནི། འབྲས་བུ་ཕྱུང་བས་མི་ཟད་པ་ཡིན་གྱི། །ཁོང་ཁྲོས་མི་འཛད་པ་མིན་ལ། གཉིས་པའི་དོན་ཀྱང་སེམས་བསྐྱེད་ལ་བརྟེན་ནས། ལས་ཉོན་གཏན་ཟད་ནུས་པ་ལྟར་ལས་ཉོན་གྱིས་ཚུར་མི་ནུས་པའོ། །དགེ་རྩ་བཅོམ་པའི་དོན་ལ་ཁ་ཅིག་ན་རེ་སྔར་གྱི་དགེ་བ་རྣམས་ཀྱི་འབྲས་བུ་མྱུར་དུ་སྐྱེད་པའི་ནུས་པ་བཅོམ་ནས་འབྲས་བུ་འབྱིན་པ་རྒྱང་བསྲིངས་ཏེ། སྔོན་ལ་ཞེ་སྡང་ལྟ་བུ་དེའི་འབྲས་བུ་འབྱིན་པ་ཡིན་གྱི། དེ་གདོད་རྐྱེན་དང་ཕྲད་ན་རང་རང་གི་འབྲས་བུ་མི་འབྱིན་པ་མིན་ཏེ། འཇིག་རྟེན་པའི་ལམ་གང་གིས་ཀྱང་སྤང་བྱའི་ས་བོན་སྤོང་མི་ནུས་ན། ཉོན་མོངས་པས་ས་བོན་སྤོང་བ་མི་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །རྒྱུ་མཚན་དེ་ནི་མ་ངེས་ཏེ། སོ་སོ་སྐྱེ་བོས་གཉེན་པོ་སྟོབས་བཞིས་མི་དགེ་བ་སྦྱངས་པའི་དགེ་བ་ཡང་ས་བོན་སྤངས་པ་མིན་ཀྱང་། ད་གཟོད་རྐྱེན་དང་ཕྲད་ཀྱང་རྣམ་སྨིན་འབྱིན་པ་མི་སྲིད་པའི་ཕྱིར་དང་། སྦྱོར་ལམ་རྩེ་མོ་དང་བཟོད་པ་
ཐོབ་པའི་ཚེ་ལོག་ལྟ་དང་། ངན་འགྲོའི་རྒྱུར་གྱུར་པའི་མི་དགེ་བའི་ས་བོན་མ་སྤངས་ཀྱང་། རྐྱེན་དང་ཕྲད་ནའང་ལོག་ལྟ་དང་ངན་འགྲོར་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་། ལས་ཀྱིས་འཁོར་བར་ལྕི་གང་དང་། །ཉེ་བ་གང་དང་གོམས་པ་གང་། །སྔོན་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམས་སྨིན་འགྱུར། ཞེས་མཛོད་འགྲེལ་དུ་མདོ་དྲངས་པ་ལྟར། དགེ་མི་དགེའི་ལས་གང་སྔོན་ལ་སྨིན་པ་དེས། རེ་ཞིག་ལ་ལས་གཞན་དེ་སྨིན་པའི་གོ་བཀག་ཀྱང་། དེ་ཙམ་གྱིས་དགེ་བའམ་མི་དགེ་བ་འཇོམས་པར་གཞག་མི་ནུས་ཤིང་མ་གསུངས་པའི་ཕྱིར་རོ། །གཞན་དུ་ན་མི་དགེ་བའི་ལས་སྟོབས་ལྡན་ཐམས་ཅད་དགེ་རྩ་འཇོམས་བྱེད་དུ་གསུང་དགོས་པར་འགྱུར་རོ། །དེས་ན་འདི་ལ་དབུ་མ་སྙིང་པོའི་འགྲེལ་པར། མི་དགེ་བ་སྟོབས་བཞིས་སྦྱངས་པ་དང་། ལོག་ལྟ་དང་གནོད་སེམས་ཀྱིས་དགེ་རྩ་བཅོམ་པ་གཉིས་ཀ །ས་བོན་ཉམས་པ་རྐྱེན་དང་ཕྲད་ཀྱང་མྱུ་གུ་མི་འབྱུང་བ་ལྟར། ད་གདོད་རྐྱེན་དང་ཕྲད་ཀྱང་འབྲས་བུ་འབྱིན་མི་ནུས་པར་གསུངས་སོ། །དགེ་བ་འཇོམས་པ་ཡང་ཁོང་ཁྲོ་སྐྱེས་མ་ཐག་རྒྱུད་ལ་དགེ་བ་མེད་པར་འགྲོ་བ་མིན་གྱི། འབྲས་བུ་འབྱིན་པའི་ནུས་པ་ལ་གནོད་པ་བྱེད་པའོ། །དེ་ཡང་ཟད་པ་ཆུང་འབྲིང་ཆེ་གསུམ་བཤད་པའི་གང་གནོད་པ་བྱས་ཚོད་དེ་སླར་སྨིན་མི་ནུས་པའོ། །དེ་ལྟར་ན་གནོད་པ་སྐྱེལ་ཚུལ་ལ་ལམ་གསར་པ་མྱུར་པོར་སྐྱེ་བའི་ནུས་པ་བཅོམ་པ་དང་། བདེ་འགྲོ་སོགས་ཀྱི་འབྲས་བུ་སྐྱེ་བ་ལ་གནོད་པ་བྱས་པ་གཉིས་སོ། །
བྱང་སེམས་ལ་ཁྲོས་པ་དང་བརྙས་པ་དང་། ཀུན་སློང་ངན་པས་སྨད་པ་ལ་ཉེས་པ་མུ་མེད་པ་མདོ་བཏུས་ལས་གསུངས་ཤིང་། དེ་ལ་བྱང་སེམས་སུ་ངེས་མ་ངེས་དང་། ཁྲོ་བའི་རྒྱུ་མཚན་བདེན་མི་བདེན་གཉིས་འདྲ་བར་གསུངས་པས། ཁོང་ཁྲོ་སྤྱི་དང་ཁྱད་པར་དུ་ཚངས་པ་མཚུངས་པར་སྤྱོད་པ་དང་། བྱང་སེམས་ལ་དམིགས་པའི་ཁོང་ཁྲོ་འགོག་པ་ལ་ནུས་པ་ཅི་ཡོད་ཀྱིས་འབད་པར་བྱའོ། །ནམ་སྙིང་གི་མདོར་རྩ་ལྟུང་རྣམས་ཀྱིས་སྔོན་བསྐྱེད་པའི་དགེ་རྩ་འཇོམས་པ་དང་། བསླབ་བཏུས་ལས། རྙེད་བཀུར་ལ་ལྷག་པར་ཞེན་པས་ཁྱིམ་ལ་ལྟ་བ་དང་། མངོན་པའི་ང་རྒྱལ་གྱིས་ཁེངས་པ་དང་། ཆོས་སྤོང་བས་ཀྱང་སྔོན་བསྐྱེད་པའི་དགེ་བ་ཟད་པར་བྱེད་ཅིང་། དགེ་བའི་ཆོས་ཀྱིས་རྒྱས་པར་མི་འགྱུར་བར་གསུངས་པས། དགེ་རྩ་འཇོམས་པའི་རྐྱེན་ངོ་ཤེས་པར་བྱས་ནས། ལྷག་པར་ཡང་སྤོང་དགོས་སོ། །འདིར་ནི་མདོ་ཙམ་སྟེ་མདོ་བཏུས་དང་བསླབ་བཏུས་ངེས་པར་བལྟ་བར་བྱའོ། །བཞི་པ་ནི། གཞན་ཡང་མི་བཟོད་པ་ནུས་པ་མེད་པས་ནི། རང་ཉིད་ཁོ་ན་འཇོམས་ལ། ནུས་པ་ཅན་སྙིང་རྗེ་མེད་པས་ནི་རང་གཞན་གཉིས་ཀ་འཇོམས་པ་འདི་ནི། སྐྱེས་པ་ཉིད་ཀྱིས་བཞིན་མི་སྡུག་པའི་གཟུགས་སུ་བྱེད་ཅིང་། དམ་པ་མིན་པར་བཀྲི་བར་བྱེད་པ་དང་། འདི་ནི་བྱ་བའི་ཚུལ་དང་། འདི་ནི་བྱ་བའི་ཚུལ་མིན་པའོ་སྙམ་པའི་རྣམ་དཔྱོད་འཕྲོག་པར་བྱེད་ཅིང་། མི་བཟོད་པ་ཁོང་ཁྲོ་ཡིས། ཤི་བའི་འོག་ཏུ་མྱུར་དུ་ངན་འགྲོར་སྐྱུར་བར་
བྱེད་པའི་ཉེས་དམིགས་རྣམས་བསམས་ལ། ཅི་ནས་ཀྱང་ཁོང་ཁྲོ་བ་ལ་སྐབས་མི་སྦྱིན་སྙམ་པས་ཁོང་ཁྲོ་དགག་པར་བྱའོ། །གཉིས་པ་ལ་གཉིས། བཟོད་པའི་ཡོན་ཏན་མང་པོ་བསམ་པ་དང་། དོན་བསྡུས་ཏེ་བཟོད་པ་བསྟེན་པར་གདམས་པའོ། །དང་པོ་ནི། གལ་ཏེ་མི་བཟོད་པའི་སྐྱོན་དེ་དག་ཡིན་ན། དེ་དང་འགལ་བ་བཟོད་པའི་ཡོན་ཏན་གང་ཡིན་ཞེ་ན། བཟོད་པ་བསྒོམས་པས་ནི་སྔར་བཤད་ཟིན་པའི་ཁོང་ཁྲོའི་སྐྱོན་དང་འགལ་བའི་ཡོན་ཏན་རྣམས་བྱེད་དོ། །དེ་ཡང་བཟོད་པ་བསྒོམས་པས་གཟུགས་མཛེས་པ་ཐོབ་ཅིང་། སྐྱེ་བོ་དམ་པ་རྣམས་ལ་ཕངས་ཤིང་གཅེས་པ་དང་། ལུགས་ཏེ་རིགས་པ་དང་ལུགས་མིན་པ་མི་རིགས་པ་ཤེས་པ་ལ་མཁས་པར་འགྱུར་ཞིང་། ཤི་བ་དེ་ཡི་འོག་ཏུ་ནི་ལྷ་དང་མིའི་སྐྱེ་བ་ལེན་པ་དང་། ཁོང་ཁྲོ་བ་སོགས་ཀྱིས་བསགས་པའི་སྡིག་པ་ཟད་པར་འགྱུར་བ་རྣམས་བསམས་ལ་བཟོད་པའི་སྟོབས་བསྐྱེད་དོ། །གཉིས་པ་ནི། སྔར་བཤད་པ་དེ་ལྟར་སོ་སོ་སྐྱེ་བོས་ཁྲོས་པའི་སྐྱོན་ཉེས་དམིགས་དང་། རྒྱལ་སྲས་རྣམས་ཀྱིས་བཟོད་པའི་ཕན་ཡོན་རིག་པར་བྱས་ཏེ། མི་བཟོད་པ་སྤངས་ནས། འཕགས་པའི་སྐྱེ་བོ་ཡིས་བསྔགས་པའི་བཟོད་པ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་བསྟེན་པར་བྱའོ། །གསུམ་པ་ནི། བཟོད་པའི་ཕར་ཕྱིན་ལ་འཇིག་རྟེན་ལས་མ་འདས་པ་དང་། འདས་པ་གཉིས་སུ་འབྱེད་པ་ནི། རྫོགས་སངས་རྒྱས་ཀྱི་ཞེས་པའི་རྐང་པ་བཞིས་སྟོན་ཏེ། སྔར་བཤད་པ་ལས་ཤེས་པར་ནུས་སོ། །བཞི་པ་ནི། ས་གསུམ་པ་དེར་རྒྱལ་སྲས་དེ་ལ་
བཟོད་པའི་ཕར་ཕྱིན་དག་པ་དེ་བཞིན་དུ། བསམ་གཏན་དང་པོ་ལ་སོགས་པ་བཞི་དང་། དེས་མཚོན་ནས་ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། སྲིད་རྩེ་སྟེ་གཟུགས་མེད་པའི་སྙོམས་འཇུག་བཞི་དང་། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚད་མེད་པ་བཞི་དང་། རྫུ་འཕྲུལ་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་དྲན་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་ལྔ་དག་པ་འཐོབ་པར་འགྱུར་རོ། །བསམ་གཏན་དང་གཟུགས་མེད་པ་འདི་དག་ལ་འཇུག་ལྡང་བྱེད་ཀྱང་། བྱང་ཆུབ་ཀྱི་རྒྱུ་ཡོངས་སུ་རྫོགས་པར་འགྱུར་བ་མཐོང་བ་དེར་ཆེད་དུ་བསམས་ཏེ། སྨོན་ལམ་གྱི་དབང་གིས་སྐྱེ་ཡི། འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་པ་དེ་དག་གི་དབང་གིས་མི་སྐྱེའོ། །འདི་ནི་ས་དང་པོ་ནས་ཀྱང་འཐོབ་མོད་ཀྱང་། ས་འདིར་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་སྔ་མ་རྣམས་ལས་ཆེས་མཆོག་ཏུ་གྱུར་པ་འཐོབ་པས། དེའི་དབང་གིས་སྐྱེའམ་སྙམ་པའི་དོགས་པ་ཆེ་བས་སྨོས་སོ། །ས་འདིར་འདོད་ཆགས་དང་ཞེ་སྡང་ཟད་པར་འགྱུར་བ་འཐོབ་བོ། །དང་གི་སྒྲ་ནི་ཀྱང་གི་དོན་ཏེ་མ་སྨོས་པ་གཏི་མུག་ཟད་པ་ཡང་བསྡུ་བའི་ཕྱིར་རོ། །ཟད་པའི་དོན་ནི་གཏན་ཟད་པ་མིན་ཏེ། མདོ་ཉིད་ལས། འདོད་པ་དང་གཟུགས་དང་། སྲིད་པ་དང་མ་རིག་པའི་འཆིང་བ་བཞི་ཐམས་ཅད་བསྲབས་པར་གསུངས་པས་སོ། །དེ་དག་གི་དོན་ནི་བྱང་སའི་
དགོངས་པ་ལྟར་ན། འཇིག་རྟེན་པའི་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་མཐུས། འདོད་པ་དང་གཟུགས་དང་གཟུགས་མེད་ལ་ཆགས་པ་དང་བྲལ་བ་ཡིན་ཏེ། སྔར་བཤད་པའི་མངོན་གྱུར་སྤངས་པའོ། །དེས་ན་བསྲབས་པ་ཞེས་གསུངས་པར་མངོན་ནོ། །འཆིང་བ་ཡང་མངོན་པ་ནས་བཤད་པར་མངོན་ནོ། །འདིར་མདོ་ལས། དེའི་ལྟ་བར་གྱུར་པའི་འཆིང་བ་རྣམས་ནི་སྔ་ནས་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་དོན་ཁ་ཅིག་ལྟ་བ་ཐ་མ་གསུམ་མཐོང་ལམ་དུ་སྤངས་པ་ལ་འཆད་མོད་ཀྱང་། །ལྟ་བ་ཀུན་བརྟགས་ལྔ་ས་དང་པོར་སྤངས་པ་ལ་བྱའོ། །བྱང་ས་ལས་ནི་དེ་ནི་ཐོག་མ་མེས་པས་སྤྱོད་པའི་ས་ཉིད་ནས་ཆོས་ཉིད་ཀྱི་དེ་བཞིན་ཉིད་ལ་མོས་པའི་ཕྱིར། ལྟ་བར་གྱུར་པའི་འཆིང་བ་རྣམས་སྤངས་པ་ཡིན་ནོ། །ཞེས་བཤད་དོ། །དེའི་འོག་ཏུ་མདོ་ལས། ལོག་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག །བསྐལ་པ་ཁྲག་ཁྲིག་འབུམ་ཕྲག་དུ་མར་འགྲིབ་པར་བྱ་བ་མ་ཡིན་པ། ས་འདིར་སྤོང་བར་གསུངས་པ་ནི་ས་བོན་སྤོང་བ་ལ་དགོངས་ལ། དེ་ཡང་སྒོམ་སྤང་གི་ཉོན་མོངས་ལྷན་སྐྱེས་ཆེ་འབྲིང་དྲུག་ས་གཉིས་པ་ནས། བདུན་པའི་བར་གྱིས་སྤོང་བའི་ས་འདིའི་སྤང་བྱ་ལ་དགོངས་སོ། །འགྲེལ་པ་མཛད་པས་ཉོན་མོངས་ཀུན་བརྟགས་ས་དང་པོ་ནས་དང་། ལྷན་སྐྱེས་ས་གཉིས་པ་ནས་སྤོང་བ་གསལ་བར་མ་གསུངས་ཀྱང་། ས་བརྒྱད་པ་མ་ཐོབ་ཀྱི་བར་དུ་ཉོན་མོངས་ཐམས་ཅད་ཀྱི་ས་བོན་ཟད་པ་མེད་པ་དང་། བདེན་
འཛིན་ཉོན་མོངས་སུ་འཇོག་པ་དང་། བདེན་འཛིན་མ་ཟད་བར་དུ་འཇིག་ལྟ་མི་འཛད་པ་དང་། ས་དང་པོར་ཀུན་སྦྱོར་གསུམ་སྤངས་པ་རིན་ཆེན་འཕྲེང་བ་ལས་ཀྱང་བཤད་པས། སྤྱིར་ཉོན་མོངས་ལ་གཉིས་སུ་འབྱེད་པ་དང་། ཁྱད་པར་དུ་འཇིག་ལྟ་ལ་གཉིས་སུ་དབྱེ་དགོས་པར་ཤིན་ཏུ་གསལ་ལོ། །བདེན་འཛིན་ཉོན་མོངས་སུ་འཇོག་པའི་ལུགས་འདི་ལ། ཉོན་མོངས་ཟག་མེད་ཀྱི་ལམ་གྱིས་སྤོང་བ་ན། བདེན་འཛིན་རེའི་ས་བོན་སྤོང་དགོས་པས་ས་བོན་དེ་ལས་གཞན་པའི་གཉིས་སྣང་འཁྲུལ་པའི་བག་ཆགས་ཤེས་སྒྲིབ་ཏུ་བཞག་པའི་ཕྱོགས་རེ་ཡང་གཏན་ཟད་མི་ནུས་པས། ཉོན་མོངས་ཐམས་ཅད་མ་ཟད་བར་དུ་ཤེས་སྒྲིབ་མི་སྤོང་བའི་ཕྱིར། ཤེས་སྒྲིབ་ནི་དག་པ་ས་གསུམ་གྱི་སྐབས་སུ་སྤོང་ངོ་། །ས་གསུམ་པ་དེ་ལ་གནས་པ་ནི། ཕལ་ཆེར་ལྷའི་དབང་པོ་བརྒྱ་བྱིན་དུ་འགྱུར་ཏེ། རྟག་ཏུ་འཇིག་རྟེན་པ་སེམས་ཅན་རྣམས་ཀྱི་ནི། འདོད་པ་ལ་ཆགས་པའི་འདོད་ཆགས་འཇོམས་པར་ནུས་པ་ལ་མཁས་པར་འགྱུར་ཞིང་། གཙོ་བོར་གྱུར་པས་སེམས་ཅན་རྣམས་འདོད་པའི་འདམ་ནས་འདོན་པ་ལ་མཁས་པ་ཡིན་ནོ། །ཀྱང་གི་སྒྲ་ནི་ནག་ཚོའི་འགྱུར་ལས། འདོད་པའི་འདོད་ཆགས་ཀྱང་རྟག་ཏུ་སྤོང་ཞེས་འབྱུང་བ་ལྟར་བདེའོ། །གསུམ་པ་ནི། ད་ནི་ཕར་ཕྱིན་དང་པོ་གསུམ་གྱི་རྟེན་གྱི་ཁྱད་པར་དང་། ཚོགས་ཀྱི་རང་བཞིན་དང་། འབྲས་བུ་གང་འགྲུབ་པའི་རྣམ་གཞག་གསལ་བར་སྟོན་པ་ནི། བྱང་
སེམས་ཁྱིམ་པ་དང་རབ་བྱུང་གཉིས་སྦྱིན་སོགས་ཀྱི་རྟེན་ཡིན་མོད་ཀྱང་། སྒྲུབ་དཀའ་སླ་ལ་ལྟོས་ནས་ནི། བྱང་སེམས་ཁྱིམ་པ་རྣམས་ལ་ནི་སྦྱིན་པ་ལ་སོགས་པའི་ཆོས་གསུམ་པོ་དེ་དག་སྒྲུབ་པར་སླ་བས། བདེ་བར་གཤེགས་པས་དེ་གསུམ་རྟེན་དེ་ལ་བསྔགས་སོ། །ཚོགས་གཉིས་ཀྱི་ནང་ནས་བསོད་ནམས་ཞེས་བྱ་བའི་ཚོགས་ཀྱང་གསུམ་པ་དེ་དག་ཉིད་དོ། །ཚོགས་དེ་ནི་སངས་རྒྱས་ཀྱི་གཟུགས་ཀྱི་བདག་ཉིད་ཀྱི་སྐུ་ཡི་རྒྱུ་སྟེ་གཙོ་བོའི་དབང་དུ་བྱས་པའོ། །རིན་ཆེན་འཕྲེང་བ་ལས་ཀྱང་། དེར་ནི་སྦྱིན་དང་ཚུལ་ཁྲིམས་དང་། །བཟོད་པའི་ཆོས་ནི་ཁྱད་པར་དུ། །ཁྱིམ་པ་ལ་བཤད་སྙིང་རྗེ་ཡི། །སྙིང་པོ་ཅན་དེ་བརྟན་གོམས་མཛོད། །ཅེས་སོ། །བྱང་སེམས་ཁྱིམ་པ་ལ་ཆོས་གསུམ་བསྒྲུབ་སླ་བའི་སྦྱིན་པ་ནི། ཟང་ཟིང་དང་མི་འཇིགས་པ་དང་། ཚུལ་ཁྲིམས་ནི་ཁྱིམ་པའི་ཕྱོགས་ཀྱི་དང་། བཟོད་པ་ནི་ཆོས་ལ་ངེས་སེམས་གཙོ་ཆེའོ། །བྱང་སེམས་རབ་བྱུང་རྣམས་ལ་ནི་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་བསྒྲུབ་སླ་སྟེ། དེ་གཉིས་ལ་ལྷག་མ་གཞན་མེད་པ་ནི་མིན་ནོ། །ཡེ་ཤེས་ཀྱི་ཚོགས་ནི་བསམ་གཏན་དང་ཤེས་རབ་ཡིན་ལ། དེ་གཉིས་གཙོ་བོར་ཆོས་སྐུའི་རྒྱུ་དང་། བརྩོན་འགྲུས་ནི་ཚོགས་གཉིས་ཀའི་རྒྱུའོ། །བཞི་པ་ནི། ས་འོད་བྱེད་པ་ཞེས་བྱ་བ་རྒྱལ་བའི་སྲས་པོ་ཉི་མ་ལ་གནས་པ་འདི་ནི། རང་གི་རྒྱུད་དུ་གཏོགས་པའི་མི་ཤེས་པའི་མུན་པ། དོན་དམ་པའི་ས་འདི་འབྱུང་བའི་གེགས་སུ་གྱུར་པ་རྣམས། ས་དེ་དང་པོ་སྐྱེ་
བཞིན་པའི་སྐབས་སུ་ཡང་དག་པར་གསལ་བར་བྱས་ནས། རྣམ་པ་དེ་ལྟ་བུ་གཞན་ལ་ཉེ་བར་བསྟན་པ་ལས་འགྲོ་བ་གཞན་རྣམས་ཀྱི། ས་གསུམ་པའི་གེགས་བྱེད་པའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད་དོ། །བྱང་སེམས་དེ་ནི་ས་གསུམ་པ་འདིར་ཉེས་པའི་མུན་པ་ཡོན་ཏན་འཇོམས་པར་བྱེད་པ་བཅོམ་པས། ཉི་མ་ལྟར་ཤིན་ཏུ་རྣོ་བར་གྱུར་ཀྱང་སྐྱོན་ལྡན་གྱི་སྐྱེ་བོ་ལ་ཁྲོ་བར་མི་འགྱུར་ཏེ། བཟོད་པ་ལ་ཆེས་ལྷག་པར་གོམས་པའི་ཕྱིར་དང་། སྙིང་རྗེས་རྒྱུད་སྣུམ་པར་བྱས་པའི་ཕྱིར་རོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་གསུམ་པའི་རྣམ་པར་བཤད་པའོ། ། ༈ བཞི་པ་ས་བཞི་པ་འོད་འཕྲོ་བ་བཤད་པ་ལ་གསུམ། ས་འདིར་བརྩོན་འགྲུས་ལྷག་པར་བསྟན་པ། སའི་ངེས་པའི་ཚིག་བསྟན་པ། སྤངས་པའི་ཁྱད་པར་བསྟན་པའོ། །དང་པོ་ནི། ད་ནི་ས་འདིར་ཕར་ཕྱིན་དང་པོ་གསུམ་ལས། བརྩོན་འགྲུས་ལྷག་ཅིང་ལྷག་མ་དྲུག་ལས་དམན་པར་བསྟན་པ་ནི། དགེ་བ་ལ་མི་སྤྲོ་བ་ལ་ནི་སྦྱིན་སོགས་ལ་རྣམ་པ་ཐམས་ཅད་དུ་འཇུག་པ་མེད་པས། ཡོན་ཏན་གང་ཡང་འབྱུང་བ་མེད་ལ། སྔར་བཤད་པའི་སྦྱིན་སོགས་ཀྱི་ཡོན་ཏན་བསགས་པའམ། སོག་པ་ལ་སྤྲོ་བ་དང་ལྡན་པ་ལ་ནི། ཐོབ་པའི་ཡོན་ཏན་འཕེལ་བ་དང་། མ་ཐོབ་པ་ཐོབ་པར་འགྱུར་བས། ཡོན་ཏན་མ་ལུས་
པ་ནི་བརྩོན་འགྲུས་ཀྱི་རྗེས་སུ་འགྲོ་ཞིང་། བསོད་ནམས་དང་བློ་གྲོས་ཏེ་ཡེ་ཤེས་ཀྱི་ཚོགས་ནི་གཉིས་ཀྱི་རྒྱུའོ། །དེ་འདྲ་བའི་བརྩོན་འགྲུས་ས་གང་དུ་ལྷག་པར་འབར་བ་འཆང་བར་གྱུར་པ་དེ་ནི། ས་བཞི་པ་འོད་འཕྲོ་བ་ཞེས་བྱའོ། །ས་གསུམ་པར་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་ས་དང་པོ་གཉིས་ལས། ཆེས་ཕུལ་དུ་བྱུང་བ་ཐོབ་པས་དེ་ལས་སྐྱེས་པའི་ཤིན་ཏུ་སྦྱངས་པ། ལེ་ལོ་གཏན་ནས་སེལ་བར་བྱེད་པ་ཁྱད་པར་ཅན་ས་འདིར་ཐོབ་པའི་ཕྱིར་ན། བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་པའོ། །གཉིས་པ་ནི། ཡང་ཅིའི་ཕྱིར་ས་འདི་ལ་འོད་འཕྲོ་བ་ཞེས་བརྗོད་ཅེ་ན། ས་གཞི་པ་དེར་ནི་བདེ་བར་གཤེགས་པའི་སྲས་པོ་ལ། རྫོགས་པ་ཡི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན། སྔར་ལས་ལྷག་པར་བསྒོམས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ། ས་གསུམ་པར་བཤད་པའི་ཟངས་ཀྱི་འོད་དང་འདྲ་བ་ལས་ལྷག་པ་འབྱུང་སྟེ། དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འོད་ལྷག་པ་འབྱུང་བས། བྱང་སེམས་ཀྱི་ས་དེ་ལ་འོད་འཕྲོ་བ་ཞེས་བྱ་སྟེ། རིན་ཆེན་འཕྲེང་བ་ལས། བཞི་པ་འོད་འཕྲོ་ཅན་ཞེས་བྱ། །ཡང་དག་ཡེ་ཤེས་འོད་འབྱུང་ཕྱིར། །བྱང་ཆུབ་ཕྱོགས་མཐུན་མ་ལུས་པ། །ཁྱད་པར་དུ་ནི་བསྒོམས་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །རབ་འཐབ་བྲལ་གནས་ལྷ་རྒྱལ་འགྱུར། །འཇིག་ཚོགས་ལྟ་བ་རབ་འབྱུང་བ། །ཀུན་ནས་འཇོམས་བྱེད་མཁས་པ་ཡིན། ཞེས་གསུངས་པ་བཞིན་འཇུག་པར་ཡང་བཀོད་པའོ། །བྱང་ཕྱོགས་སོ་བདུན་
ནི་དྲན་པ་ཉེར་གཞག་ལ་སོགས་པ་ལམ་སྡེ་ཚན་བདུན་ནོ། །དྲན་པ་ཉེར་གཞག་བཞི་ནི། ལུས་དང་ཚོར་བ་དང་སེམས་དང་ཆོས་དྲན་པ་ཉེར་གཞག་གོ །ཡང་དག་པར་སྤོང་བ་བཞི་ནི་དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པ་དང་། སྐྱེས་པ་རྣམས་སྤེལ་བ་དང་། མི་དགེ་བ་མ་སྐྱེས་པ་མི་སྐྱེད་པ་དང་། སྐྱེས་པ་ཡང་དག་པར་སྤོང་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་དཔྱོད་པའི་ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི། དད་པ་དང་བརྩོན་འགྲུས་དང་། དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི། དད་པ་ལ་སོགས་པའི་སྟོབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་ཡང་དག་མན་ཆད་སྔ་མ་དྲུག་གི་མཐར་ཡང་སྦྱར་རོ། །འཕགས་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་རྟོག་པ་དང་། ངག་དང་ལས་ཀྱི་མཐའ་དང་། འཚོ་བ་དང་རྩོལ་བ་དང་། དྲན་པ་དང་ཏིང་ངེ་འཛིན་ཡང་དག་འཕགས་པའི་ལམ་ཡན་ལག་གོ །ཡང་དག་པའི་ཞེས་པ་རྟོག་པ་མན་ཆད་ལ་སྦྱར་ཞིང་། ཡང་དག་པའི་འཕགས་པའི་ལམ་ཡན་ལག་ཅེས་པ་སྔ་མ་བདུན་གྱི་མཐར་ཡང་སྦྱར་རོ། །དེ་ལ་ས་དང་པོ་ནི་
བསླབ་པའི་རྟེན་དང་། བསླབ་པའི་ངོ་བོ་ལ་གཉིས་པར་ལྷག་པའི་ཚུལ་ཁྲིམས་དང་། གསུམ་པར་ལྷག་པའི་སེམས་ཀྱི་བསླབ་པ་དང་། བཞི་པ་ནས་དྲུག་པའི་བར་གསུམ་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་འཇོག་པ་ལ། ས་འདིར་བྱང་ཕྱོགས་སོ་བདུན་རགས་པ་དང་ཕྲ་བ་ལ་ཆེས་མཁས་པའི་ཤེས་རབ་ཀྱི་བསླབ་པ་ཅན་དུ་འགྱུར་རོ། །གསུམ་པ་ནི། རང་སྟེ་ཕྲ་བའི་འཇིག་ལྟའི་བདག་ཏུ་ལྟ་བ་དང་འབྲེལ་བ་སྟེ་དེ་སྔོན་དུ་འགྲོ་བའི་བདག་དང་། སེམས་ཅན་སོགས་རང་རྐྱ་བའི་རྫས་ཡོད་དུ་འཛིན་པ་རགས་པའི་གང་ཟག་གི་བདག་དང་བདག་གི་བར་འཛིན་པ་དང་། ཕུང་ཁམས་སྐྱེ་མཆེད་ལ་བདེན་པར་ཞེན་པའི་ཆོས་ཀྱི་བདག་འཛིན་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །ཟད་པའི་དོན་ཡང་ས་དེའི་སྤང་བྱར་གྱུར་པའི་བདག་འཛིན་གཉིས་ཀྱི་ས་བོན་སྤངས་པ་ཡིན་གྱི། ཐམས་ཅད་ཟད་པ་མིན་ནོ། །མདོས་ཀྱང་འཇིག་ལྟ་ལྷན་སྐྱེས་ཡོད་པར་བསྟན་ནོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་བཞི་པའི་རྣམ་པར་བཤད་པའོ། ། ༈ ལྔ་པ་ས་ལྔ་པ་སྦྱང་དཀའ་བ་བཤད་པ་ལ་གཉིས། ས་ལྔ་པའི་ངེས་པའི་ཚིག་བཤད་པ། བསམ་གཏན་ལྷག་ཅིང་བདེན་པ་ལ་མཁས་པར་བསྟན་པའོ། །དང་པོ་ནི། བདག་ཉིད་ཆེན་པོ་ས་ལྔ་པ་སྦྱང་དཀའ་བ་ལ་གནས་པ་དེ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་ལྷའི་བུའི་བདུད་རྣམས་ཀུན་གྱིས་ཀྱང་ཕམ་པར་བྱ་བར་ནུས་པ་
མ་ཡིན་ན། དེ་དག་ལས་གཞན་པའི་བདུད་ཀྱི་བཀའ་ཉན་པ་བྲན་ལ་སོགས་པ་རྣམས་ཀྱིས་ལྟ་ཅི་སྨོས། དེའི་ཕྱིར་ས་འདིའི་མིང་སྦྱང་དཀའ་བ་ཞེས་བྱའོ། །རིན་ཆེན་འཕྲེང་བ་ལས་ཀྱང་། ལྔ་པ་ཤིན་ཏུ་སྦྱང་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའི་ཕྱིར། །འཕགས་པའི་བདེན་སོགས་ཕྲ་མོའི་དོན། །ཤེས་ལ་མཁས་པ་འབྱུང་བའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །དགའ་ལྡན་གནས་ཀྱི་ལྷ་རྒྱལ་འགྱུར། །མུ་སྟེགས་བྱེད་པ་ཐམས་ཅད་ཀྱི། །ཉོན་མོངས་ལྟ་གནས་ཟློག་བྱེད་པ། །ཞེས་གསུངས་སོ། །གཉིས་པ་ནི། ས་ལྔ་པ་འདིར་ཕར་ཕྱིན་བཅུའི་ནང་ནས་བསམ་གཏན་གྱི་ཕར་ཕྱིན་ཉིད་ཆེས་ལྷག་པར་འགྱུར་རོ། །དེ་ལྟར་བསྟན་པ་ན་སྦྱིན་པ་ནས་བརྩོན་འགྲུས་ཀྱི་ཕར་ཕྱིན་བཞི་ལྷག་པར་འགྱུར་པ། སྔོན་ཉིད་ནས་ཐོབ་ཟིན་པར་ཤེས་པས། ལྷག་མ་དྲུག་གི་ནང་ནས་ཞེས་ཤེས་པར་འགྱུར་རོ། །དེ་ཡང་བསམ་གཏན་གྱི་ཕར་ཕྱིན་གྱི་མི་མཐུན་ཕྱོགས་རྣམ་གཡེང་སོགས་ཀྱི་ཉེས་པས་གཏན་མི་བརྫི་བ་འདིར་ཐོབ་པ་འདྲ་བ། ཤེས་རབ་ཀྱི་ཕར་ཕྱིན་སོགས་ལ་འདིར་མེད་པའོ། །བསམ་གཏན་ལྷག་པར་མ་ཟད་བློ་བཟང་སྟེ་འཕགས་པའི་བདེན་པའི་རང་བཞིན་ཏེ་རང་གི་ངོ་བོ་ཤེས་པ་ཞིབ་མོས་ཁོང་དུ་ཆུད་དགོས་པ་ཕྲ་མོ་རྟོགས་པ་ལའང་ཤིན་ཏུ་མཁས་པ་འཐོབ་པས། འདིར་བདེན་པ་རགས་པ་དང་ཕྲ་བ་ལ་མཁས་པའི་ལྷག་པའི་ཤེས་རབ་ཅན་དུ་འགྱུར་རོ། །འདིར་ས་བཅུ་པ་ལས་ས་ལྔ་པ་བ་དེས་སྡུག་
ཀུན་དང་། འགོག་ལམ་གྱི་བདེན་པ་བཞི་ལ་མཁས་པ་དང་། དེ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་མཁས་པ་གཉིས་སོ་སོར་གསུངས་པ་ལ། ཡབ་སྲས་མཇལ་བ་དང་། དབུ་མ་ལས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སུ་ངེས་པར་གསུངས་པས། བདེན་གཉིས་ལས་ཐ་དད་པར་བདེན་བཞི་ག་ལ་ཡོད། ཅེས་པའི་ལན་དུ། བདེན་པ་གཉིས་སུ་མ་འདུས་པའི་བདེན་པ་མེད་མོད་ཀྱང་། སྤང་བྱ་ཀུན་ཉོན་གྱི་ཕྱོགས་ལ་ཀུན་འབྱུང་རྒྱུ་དང་། སྡུག་བསྔལ་འབྲས་བུ་དང་། བླང་བྱ་རྣམ་བྱང་གི་ཕྱོགས་ལ་ལམ་བདེན་རྒྱུ་དང་། འགོག་བདེན་འབྲས་བུར་བསྟན་པའི་ཕྱིར་བདེན་བཞི་བཤད་པ་དང་། དེ་ལ་ཡང་སྡུག་ཀུན་དང་ལམ་བདེན་ཀུན་རྫོབ་ཀྱི་བདེན་པ་དང་། འགོག་བདེན་དོན་དམ་བདེན་པར་འགྲེལ་པ་ལས་བཤད་དོ། །རིགས་པ་དྲུག་ཏུ་པའི་འགྲེལ་པ་ལས་ཀྱང་། མྱང་འདས་དོན་དམ་བདེན་པ་དང་། བདེན་པ་གཞན་གསུམ་ཀུན་རྫོབ་བདེན་པར་གསུངས་ཏེ་མྱང་འདས་ནི་འགོག་བདེན་ནོ། །གཞན་ཡང་རིགས་པ་དྲུག་ཅུ་པའི་འགྲེལ་པར་འགོག་བདེན་མངོན་སུམ་དུ་ཤེས་པ་སྟོན་པས་ཞལ་གྱིས་བཞེས་ལ། དངོས་པོར་སྨྲ་བ་མངོན་སུམ་ཚད་མ་དངོས་པོ་རང་མཚན་གྱི་ཡུལ་ཅན་དུ་འདོད་པ་ལ་དེ་མི་རུང་བ་དང་། རང་ལུགས་ལ་འགོག་པ་མངོན་སུམ་དུ་ཤེས་པ་མཉམ་གཞག་ཟག་མེད་ཀྱི་ཡེ་ཤེས་ཀྱིས། །དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་སྟེང་ནས་བསྒྲུབས་
པས། འགོག་བདེན་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་རྣམ་བཞག་དེ་དག་གཏན་མི་རུང་ཞིང་། མྱང་འདས་མངོན་དུ་བྱས་པའི་ཚེ་ཡང་དེ་ཁོ་ན་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་དགོས་པར་འབད་པ་དུ་མས་བསྒྲུབས་པས་ན། འགོག་བདེན་ཀུན་རྫོབ་བདེན་པར་སྨྲ་བ་ནི། མཐའ་མ་ཆོད་པའོ། །གཞི་འགའ་ཞིག་གི་སྟེང་དུ་དགག་བྱ་བདེན་པ་བཅད་པ་ལ་དོན་དམ་བདེན་པར་བྱེད་ཀྱང་། དོན་དམ་བདེན་པ་ཡིན་ཚད་ཐམས་ཅད་ཀྱི་དགག་བྱ་ཤེས་བྱ་ལ་མི་སྲིད་པས་མ་ཁྱབ་སྟེ། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྤྱད་པ་བྱས་པ་ལས། །དག་པ་དེ་ཉིད་མྱང་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་ཆོས་ཉིད་དྲི་མ་དང་བཅས་པའི་དྲི་མ་སྦྱངས་པ་ན། མྱང་འདས་དང་ཆོས་ཀྱི་སྐུར་གསུངས་པ་ལྟར། དག་པའི་ཆོས་ཉིད་ཀྱི་དགག་བྱ་དྲི་མར་གསུངས་པ་དུ་མ་ཞིག་ཡོད་པའི་ཕྱིར་དང་། ཆོས་ཉིད་དྲི་བྲལ་དུ་སོང་པ་མི་སྲིད་ན། ངལ་བ་འབྲས་མེད་དུ་འགྱུར་བའི་ཕྱིར་དང་། སྲིད་ན་དེའི་དགག་བྱ་ཤེས་བྱ་ལ་ཡོད་པའི་ཕྱིར་རོ། །དཔེར་ན་རི་བོང་གི་རྭ་མེད་པའི་དགག་བྱ་རི་བོང་གི་རྭ་ཤེས་བྱ་ལ་མི་སྲིད་ཀྱང་། དགག་བྱ་ཤེས་བྱ་ལ་ཡོད་པའི་བུམ་པ་བཀག་པའི་བུམ་
མེད་རི་བོང་གི་རྭ་མེད་དུ་འཇོག་ནུས་པ་བཞིན་ནོ། །དག་མ་དག་གི་ཆོས་ཅན་སྤྱི་ལ་ཁྱབ་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ན་ནི། བདག་གཉིས་བཀག་པ་ལྟ་བུ་དགག་བྱ་ཤེས་བྱ་ལ་མི་སྲིད་པ་ཙམ་བཀག་པ་ལ་བྱེད་ཀྱང་། ཆོས་ཅན་རིམ་གྱིས་དྲི་མས་ཇེ་དག་ཏུ་སོང་བ་ན་དེའི་ཆོས་ཉིད་ཀྱང་དྲི་མས་ཇེ་དག་ཏུ་འགྲོ་བས། ཆོས་ཅན་ཁྱད་པར་ཅན་ལ་ནི་ཆོས་ཉིད་ཀྱང་དག་པ་ཕྱོགས་གཅིག་པ་ཙམ་གྱིས་མི་ཆོག་གི །རང་རང་གི་སྐབས་ཀྱི་གློ་བུར་གྱི་དྲི་མས་ཀྱང་དག་པ་རེ་དགོས་ལ་དེ་ཉིད་ལ་འགོག་བདེན་ཟེར་བ་ཡིན་ནོ། །ས་བཅུ་པ་ལས་ས་འདིར་མཚན་ཉིད་ཀྱི་བདེན་པ་ལ་མཁས་པ་སོགས་ཀྱི་བདེན་པའི་མིང་འདོགས་མང་དུ་བྱུང་ཡང་། དེ་དག་ཀྱང་བདེན་པ་གཉིས་སུ་མི་འདུ་བ་མིན་ནོ། །དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་ཏུ་གསལ་བ་ལས། དོན་དམ་པའི་སེམས་བསྐྱེད་པ་ལྔ་པའི་རྣམ་པར་བཤད་པའོ། ། ༈ གཉིས་པ་ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་ལ་བཞི། སའི་ངེས་ཚིག་དང་ཤེར་ཕྱིན་ལྷག་པར་བསྟན་པ། ཤེས་རབ་ཀྱི་ཕར་ཕྱིན་གྱི་བསྔགས་པ། ཟབ་མོ་རྟེན་འབྱུང་གཟིགས་པའི་དེ་ཁོ་ན་ཉིད་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་དག་པ་ཐོབ་པས། ས་དྲུག་པ་མངོན་དུ་ཕྱོགས་པ་སྟེ་གྱུར་པར་མཉམ་པར་བཞག་པའི་སེམས་ཕུལ་དུ་བྱུང་བ་ལ་
གནས་ཏེ། དེ་ལ་བརྟེན་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་གྱི་ཟབ་མོའི་དེ་ཁོ་ན་ཉིད་མཐོང་བའི་བྱང་སེམས་ས་དྲུག་པ་ལ་གནས་པས་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་ལ་གནས་པས་འགོག་པ་ཐོབ་པར་འགྱུར་གྱི། དེའི་སྔ་རོལ་ས་ལྔ་པ་སོགས་སུ་ནི་འགོག་པ་ཐོབ་པ་མིན་ཏེ། ཤེར་ཕྱིན་ཕུལ་དུ་བྱུང་བའི་ལྷག་པ་མེད་པའི་ཕྱིར་ཏེ། སྦྱིན་སོགས་ཀྱི་ཕར་ཕྱིན་ལྔ་ཕུལ་དུ་བྱུང་བ་ཙམ་གྱིས་ནི་འགོག་པ་ཐོབ་པར་མི་ནུས་སོ། །དེ་ལྟར་ཤེས་རབ་ལྷག་པའི་སྒོ་ནས་གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་མངོན་དུ་གྱུར་པའི་ཕྱིར་དང་། ས་ལྔ་པར་ལམ་གྱི་བདེན་པ་ལ་དམིགས་པའི་ཕྱིར་དང་། རྫོགས་པའི་སངས་རྒྱས་ཀྱི་ཆོས་འཐོབ་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། ས་འདི་ལ་མངོན་དུ་གྱུར་བ་ཞེས་བྱའོ། །རྒྱུ་མཚན་གཉིས་པའི་དོན་ནི་འགྲེལ་བཤད་ལས། ཤེས་པ་དང་ཤེས་བྱ་མི་དམིགས་པའི་ལམ་མངོན་དུ་གྱུར་པ་ལ་འཆད་མོད་ཀྱང་། ས་ལྔ་པར་ལམ་བདེན་ལ་དམིགས་པ་ནི་བདེན་བཞིའི་ཐ་མ་སྨོས་པས་ན། དེར་བདེན་བཞི་རགས་པ་དང་ཕྲ་བ་ལ་མཁས་པ་འཐོབ་པས། ས་དྲུག་པར་བདེན་པ་བཞི་ལ་མཁས་པའི་ཤེས་རབ་རྫོགས་པའི་དོན་ཡིན་ལ། རྒྱུ་མཚན་དང་པོས་ནི་རྟེན་འབྲེལ་ལུགས་འབྱུང་དང་ལུགས་ལྡོག་ལ་མཁས་པའི་ཤེས་རབ་ཀྱི་བསླབ་པ་རྫོགས་པར་སྟོན་པས། ཤེས་རབ་ཀྱི་
བསླབ་པ་དེ་གཉིས་རྫོགས་པའི་སྒོ་ནས། བདེན་པ་དང་རྟེན་འབྲེལ་མངོན་དུ་གྱུར་པའི་དོན་ནོ། །དེ་ལྟར་ན་ས་འདིར་ཤེས་རབ་ཀྱི་བསླབ་པ་གསུམ་རྫོགས་པ་དང་། ཞི་གནས་ཇི་ཙམ་ཁྱད་ཞུགས་པ་ཙམ་གྱིས་ལྷག་མཐོང་དེ་ཙམ་དུ་ཁྱད་ཞུགས་པར་འགྱུར་ལ། ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་ཕུལ་དུ་བྱུང་བ་ཐོབ་པས། དེ་ལ་བརྟེན་ནས་འདིར་ཤེར་ཕྱིན་ཕུལ་དུ་བྱུང་བ་ཡིན་ནོ། །དེའི་ཕྱིར་འགོག་པ་ལ་སྙོམས་པར་འཇུག་པ་ཐུན་མོང་མ་ཡིན་པ་འདི་ནས་འཐོབ་པ་ཡིན་ནོ། །རིན་ཆེན་འཕྲེང་བ་ལས་ཀྱང་དྲུག་པ་མངོན་ཕྱོགས་ཞེས་བྱ་སྟེ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར། །ཞི་གནས་ལྷག་མཐོང་གོམས་པ་ཡིས། །འགོག་པ་ཐོབ་པས་རྒྱས་པའི་ཕྱིར། །དེ་ཡི་རྣམ་པར་སྨིན་པས་ན། །ལྷ་ཡི་རྒྱལ་པོ་རབ་འཕྲུལ་འགྱུར། །ཉན་ཐོས་རྣམས་ཀྱིས་མི་འཕྲོགས་པས། །ལྷག་པའི་ང་རྒྱལ་ཅན་ཞི་བྱེད། ཅེས་གསུངས་ཏེ་རབ་འཕྲུལ་ནི་འཕྲུལ་དགའ་འོ། །གཉིས་པ་ནི། ཤེར་ཕྱིན་ལས་གཞན་པའི་སྦྱིན་སོགས་ཀྱི་ཚོགས་རྣམས། འབྲས་བུའི་སར་བགྲོད་པ་ཤེར་ཕྱིན་ལ་རག་ལས་པར་བསྟན་པའི་ཕྱིར་བཤད་པ། ཇི་ལྟར་ཏེ་དཔེར་ན་སྐྱེས་བུ་མིག་དང་ལྡན་པ་གཅིག་གིས། ལོང་བའི་ཚོགས་ཀུན་ཏེ་མཐའ་དག །འགྲོ་བར་འདོད་པ་ཡི་ཡུལ་དུ་བདེ་བླག་ཏུ་འཁྲིད་པར་བྱེད་པ་དེ་བཞིན་དུ། ལམ་གྱི་སྐབས་འདིར་ཡང་བློ་སྟེ་ཤེར་ཕྱིན་གྱིས་ཀྱང་། དེ་ཉིད་ལྟ་བའི་མིག་ཉམས་པའི་སྦྱིན་
སོགས་ཀྱི་ཡོན་ཏན་རྣམས་བླངས་པ་སྟེ་ཡོངས་སུ་བཟུང་སྟེ། རྒྱལ་བ་འབྲས་བུ་ཉིད་ཀྱི་གོ་འཕང་དུ་འགྲོ་སྟེ། ཤེར་ཕྱིན་ནི་ལམ་ཡང་དག་པ་དང་དེ་མིན་པ་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བ་ཡིན་པའི་ཕྱིར་རོ། །འཕགས་པ་སྡུད་པ་ལས་ཀྱང་། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རིག་པར་ནུས་མ་ཡིན། །ཞེས་དང་། རྡོ་རྗེ་གཅོད་པ་ལས་ཀྱང་། དཔེར་ན་མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ནས། ཅི་ཡང་མི་མཐོང་པ་བཞིན་དུ་གང་དངོས་པོར་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟ་བར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་ལངས་ཏེ་ཉི་མ་ཤར་ནས་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་དག་མཐོང་བ་དེ་བཞིན་དུ་གང་དངོས་པོར་མ་ལྷུང་བས། སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟ་བར་བྱའོ། །ཞེས་གསུངས་ཏེ་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་དེ་དང་འདྲའོ། །གསུམ་པ་ལ་ལྔ། ཟབ་མོའི་དོན་བཤད་པར་དམ་བཅའ་བ། ཟབ་མོའི་དོན་བཤད་པའི་སྣོད་ངོས་བཟུང་བ། དེ་ལ་བཤད་ན་ཡོན་ཏན་འབྱུང་ཚུལ། སྣོད་ལྡན་གྱི་གང་ཟག་ལ་ཉན་པར་བསྐུལ་བ། རྟེན་འབྱུང་གི་དེ་ཉིད་ཇི་ལྟར་བཤད་པའི་ཚུལ་ལོ། །དང་པོ་ནི། སྔར་ས་དྲུག་པ་
བས་རྟེན་འབྱུང་མཐོང་བ་ན། འདི་ལ་བརྟེན་ནས་འདི་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བར་ཇི་ལྟར་འགྱུར་ཞེ་ན། འདིའི་ལན་དུ་འགྲེལ་པར་དེའི་རང་གི་ངོ་བོ་ནི་མ་རིག་པའི་ལིང་ཏོག་འཐུག་པོས། བློའི་མིག་མ་ལུས་པར་གཡོགས་པའི་བདག་ཅག་གི་ཡུལ་དུ་མི་འགྲོ་ཡི། དྲུག་པ་ལ་སོགས་པ་ས་གོང་མ་ལ་གནས་པའི་ཡུལ་དུ་འགྱུར་བས། ཁོ་བོ་ཅག་ལ་དྲི་བར་བྱ་བ་མིན་གྱི། གང་དག་སྟོང་ཉིད་ལེགས་པར་མཐོང་བའི་མིག་སྨན་མ་རིག་པའི་ལིང་ཏོག་འཇོམས་པས་བསྐུས་པའི་བློའི་སྤྱན། མ་རིག་པའི་རབ་རིབ་ཀྱི་ལིང་ཏོག་དང་བྲལ་བའི་སངས་རྒྱས་དང་། བྱང་སེམས་དེ་དག་ཉིད་ལ་སྨྲ་བར་བྱའོ། །འདིས་ནི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པ་ལ་འདྲི་ན། དེ་རྣམས་ལ་དྲིས་ཤིག་ཅེས་སྟོན་པས། མིག་སྨན་བསྐུས་པས་མིག་གསལ་དུ་འགྲོ་ཡི། མིག་འདོན་པ་མིན་པ་བཞིན་དུ་སྟོང་ཉིད་མཐོང་བའི་མིག་སྨན་བསྐུས་པས། བློའི་མིག་གསལ་དུ་འགྲོ་བ་ཡིན་གྱི། ཡེ་ཤེས་ཀྱི་མིག་འདོན་པ་མིན་པར་ཤེས་ན། འཕགས་པའི་མཉམ་གཞག་ཏུ་ཡེ་ཤེས་མེད་ཅེས་པའི་སྐུར་འདེབས་ཀྱི་ལྟ་བ་ངན་པས་མི་གོས་སོ། །གལ་ཏེ་ཡུམ་གྱི་མདོ་དང་ས་བཅུ་པ་སོགས་ཀྱི་མདོ་རྣམས་ལས། ཤེར་ཕྱིན་ལ་སྤྱོད་པའི་བྱང་སེམས་ཀྱིས་རྟེན་འབྱུང་གི་དེ་ཉིད་མཐོང་བར་གསུངས་པ་མ་ཡིན་ནམ། དེའི་ཕྱིར་ལུང་གི་རྗེས་སུ་འབྲངས་ནས་ཤོད་ཅིག་ཅེ་ན། ལུང་གི་དགོངས་པ་ངེས་པ་ཡང་དཀའ་བའི་ཕྱིར་བདག་ཅག་འདྲ་བས་ལུང་ལས་ཀྱང་དེ་ཁོ་ན་ཉིད་བསྟན་པར་མི་ནུས་སོ། །
རང་དབང་དུ་འཆད་པའི་དབང་དུ་བྱས་ནས་དེ་སྐད་དུ་བརྗོད་ཀྱི། དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་ཚད་མར་གྱུར་པའི་སྐྱེས་བུས་བྱས་ཤིང་། དེས་ལུང་ཕྱིན་ཅི་མ་ལོག་པར་འཆད་པ་མཐོང་བ་ལས། ལུང་གི་དགོངས་པ་ངེས་ནུས་པར་སྟོན་པ་ནི། ས་དྲུག་པ་བ་དེ་ཡིས་ཆེས་ཤིན་ཏུ་ཟབ་པའི་ཆོས་ཟབ་མོ་ཇི་ལྟར་རྟོགས་པ་དེ་ལྟར། འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་ཕྱིན་ཅི་མ་ལོག་པར་མཁྱེན་ནས། དབུ་མའི་བསྟན་བཅོས་ལས་མདོ་སྡེའི་ལུང་དང་། དེར་མ་ཟད་ལུང་ལས་གཞན་ཡང་རིགས་པ་དག་གིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཆོས་གསལ་བར་བསྟན་པ་ཡིན་པས་ན། དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལས། དེ་ཁོ་ན་ཉིད་ཇི་ལྟར་བསྟན་པ་དེ་ཁོ་ན་ལྟར། ཟླ་བའི་ཞབས་ཀྱིས་ཀླུ་སྒྲུབ་དེས་ཉེ་བར་བསྟན་པའི་ལུགས་ཇི་ལྟར་གནས་པ་དེ་བཞིན་དུ་བརྗོད་པར་བྱའོ། །ཅི་སྟེ་འཕགས་པ་ཀླུ་ལ་ངེས་དོན་གྱི་ལུང་གི་དོན་ཕྱིན་ཅི་མ་ལོག་པར་ངེས་པ་ཇི་ལྟར་ཡོད་ཅེ་ན། ལུང་ལས་ཤེས་ཏེ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ངེས་དོན་གྱི་ཐེག་པ་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བ་ཀླུ་སྒྲུབ་ཀྱིས་འགྲེལ་པར་གསུངས་སོ། །འདི་
ནི་གསེར་འོད་དམ་པ་ནས་བཤད་པ། སྟོན་པ་ཞལ་བཞུགས་དུས་ཀྱི་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་ཉིད་སྐྱེ་བ་བཞེས་པ་ཡིན་ཏེ། སྤྲིན་ཆེན་ལས། གཞོན་ནུ་འདི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན། ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་བྱས་ཏེ། མཐར་རབ་ཏུ་དང་བའི་འོད་ཅེས་བྱ་བའི་ཞིང་དུ། ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བའི་རྒྱལ་བར་འགྱུར་རོ། །ཞེས་གསུངས་སོ། །དེའི་ཕྱིར་འདི་ལ་ངེས་དོན་གྱི་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཡོད་པར་གྲུབ་བོ། །འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་ཀྱང་། འབྱུང་བའི་དུས་དང་མཚན་དེ་དང་འདྲ་ལ། ལོ་དྲུག་བརྒྱ་བཞུགས་པར་བཤད་དོ། །རྔ་བོ་ཆེའི་མདོ་ལས་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི། སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ། སྟོན་པའི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ། ལོ་བརྒྱ་ལན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར་གསུངས་སོ། །འདི་ཡང་སློབ་དཔོན་འདིའི་ལུང་བསྟན་དུ་གནས་བརྟན་བྱང་བཟང་དང་། ཇོ་བོ་ཆེན་པོ་བཞེད་དེ་ལི་ཙ་བྱི་མཐོང་ན་དགའ་བ་ཀླུ་སྒྲུབ་དང་རྒྱུད་གཅིག་ཏུ་བཤད་བ་ལ་བརྟེན་པའོ། །རྔ་བོ་ཆེ་ལས་དགེ་སློང་དེ་ས་བདུན་པ་བར་བཤད་དོ། །དེ་ལྟར་བཤད་པ་དང་སྔ་མ་རྣམས་འགལ་བར་སྒྲུབ་མི་ནུས་ཏེ། རྒྱལ་ཆེན་འགའ་ཞིག་ལུང་ཁ་ཅིག་ལས་རྒྱུན་
ཞུགས་སུ་བཤད་པ་དང་། ལུང་གཞན་དུ་སངས་རྒྱས་སུ་བཤད་པ་ལྟ་བུ་གསུང་རབ་ལ་དུ་མ་ཞིག་སྣང་པའི་ཕྱིར་རོ། །གཉིས་པ་ནི། ངེས་བའི་དོན་གྱི་བསྟན་བཅོས་དེ་ཡང་སྔར་གོམས་པར་རྒྱུད་ལ། སྟོང་ཉིད་རྟོགས་པའི་ས་བོན་བཞག་པ་རྣམས་ཉིད་ལ་བསྟེན་པར་བྱའི། གཞན་དག་ལ་ནི་མ་ཡིན་ཏེ། དེ་དག་གིས་སྟོང་ཉིད་སྟོན་པའི་གཞུང་ཉན་དུ་ཟིན་ཀྱང་། སྟོང་ཉིད་ལ་ལོག་པར་ཞུགས་པའི་བསམ་པ་དང་ལྡན་པས། དོན་མ་ཡིན་པ་ཆེན་པོ་དང་ལྡན་པར་འགྱུར་བའི་ཕྱིར་རོ། །དོན་མ་ཡིན་པ་ཆེན་པོར་འགྱུར་ཚུལ་ནི། རེས་འགའ་ནི་མི་མཁས་པས་སྟོང་ཉིད་སྤངས་ནས། ངན་འགྲོར་འགྲོའོ། །རེས་འགའ་ནི་རང་བཞིན་གྱིས་མ་གྲུབ་པའི་སྟོང་པའི་དོན་ནི། ཆོས་འདི་རྣམས་མེད་པ་ཉིད་དང་། ཡོད་པ་མ་ཡིན་ནོ་སྙམ་དུ་ཕྱིན་ཅི་ལོག་ཏུ་ངེས་པར་བཟུང་སྟེ། རྒྱུ་འབྲས་ཀྱི་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་ལྟ་དང་པོར་བསྐྱེད་ནས། དེ་ནས་དེ་མི་གཏོང་བར་གོང་ནས་གོང་དུ་འཕེལ་བར་བྱེད་དོ། །སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པར་བཞིན། །ཞེས་པའི་འགྲེལ་པ་ཚིག་གསལ་ལས་ཀྱང་། ཀུན་རྫོབ་པ་ལ་སྐུར་འདེབས་ཀྱི་མཐར་མི་ལྟུང་བ་ལ། གཟུགས་བརྙན་དང་འདྲ་བའི་ལས་འབྲས་ལ་གནོད་པ་མ་བྱས་པ་དགོས་པ་དང་། དོན་དམ་པར་སྒྲོ་འདོགས་པའི་མཐར་མི་ལྟུང་བ་ལ། དངོས་པོ་
རང་བཞིན་མེད་པ་ཁོ་ན་ལ་ལས་འབྲས་མཐོང་བ་དགོས་པར་གསུངས་ཤིང་། དེ་གཉིས་ལས་བཟློག་པ་ནི་རྟག་ཆད་ཀྱི་མཐར་ལྟུང་བར་བཤད་ལ། འདུ་བྱེད་རྣམས་ཡོད་པ་མ་ཡིན་པར་རྟོག་ན་ལོག་པར་ལྟ་བར་གསུངས་པས། མེད་པ་དང་། ཡོད་པ་མ་ཡིན་པ་ལ་ཚིག་གི་ཁྱད་པར་ཡོད་ཀྱང་། མེད་པའི་རྣམ་པ་འཆར་བ་ལ་ཡིད་ཞིབ་པར་གཏད་ཀྱང་ཁྱད་པར་ཅི་ཡང་མེད་དོ། །བཞི་བརྒྱ་པའི། གཅིག་ནི་ངན་འགྲོ་ཉིད་འགྲོ་ལ། །ཐ་མལ་མ་ཡིན་ཞི་ཉིད་དུའོ། །ཞེས་པའི་འགྲེལ་པར་དམ་པ་མ་ཡིན་པ་གང་ཞིག་བདག་མེད་པའི་ཆོས་ཉན་པ་དེ་ནི། སྤངས་པ་དང་ཕྱིན་ཅི་ལོག་ཏུ་རྟོགས་པས་ངན་འགྲོ་ཁོ་ནར་འགྲོ་ལ། ཞེས་གཉིས་ཀ་ངན་འགྲོར་འགྲོ་བར་བཤད་དེ། ཕྱིན་ཅི་ལོག་ཏུ་རྟོགས་པ་ནི་སྟོང་པའི་དོན་ཡོད་པ་མ་ཡིན་པའི་དོན་དུ་བཟུང་བའོ། །དེས་ན་ཤིན་ཏུ་ཕྲ་བའི་དོན་འབྱེད་པའི་བློའི་མཐུ་མེད་བཞིན་དུ། ཡོད་པར་མངོན་པའི་ང་རྒྱལ་ཅན་གྱིས། རང་གི་དབང་པོ་དང་མི་འཚམས་པའི་ཟབ་དོན་གྱི་ཚིག་ཙམ་ལ་མོས་པ་ལྟར་སྣང་ཤུགས་དྲག་པར་བྱེད་པ་ནི། དོན་མ་ཡིན་པ་ཆེན་པོ་འདྲེན་པར་བྱེད་པས་གནས་འདི་དག་ལ་ཟབ་པར་བྱའོ། །ཡང་ཇི་ལྟར་འདི་ལ་སྟོང་པ་ཉིད་བསྟན་པར་འོས་སོ། །གང་ཟག་འདི་ལ་སྟོང་པ་ཉིད་བསྟན་པར་མི་བྱའོ་ཞེས་ངེས་པར་དཀའ་བ་འདི་ཇི་ལྟར་ངེས་པར་ནུས་ཤེ་ན། དེ་ནི་ཕྱི་རོལ་གྱི་མཚན་མ་རྣམས་ཀྱིས་ངེས་ནུས་པར་སྟོན་པ་ནི། སོ་སོ་སྐྱེ་བོ་ལས་དང་པོ་པའི་དུས་ནའང་སྟོང་པ་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་
ཐོས་པ་ན། དེ་ཐོས་པ་ནས་ནང་དུ་གཏམ་དེ་ལ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་བ་དང་། རབ་ཏུ་དགའ་བ་དེ་ལས་བྱུང་བའི་མཆི་མས་མིག་བརླན་པ་དང་། ལུས་ཀྱི་བ་སྤུ་ལྡང་བ་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ལ། རྫོགས་པའི་སངས་རྒྱས་ཀྱི་བློ་རྣམ་པར་མི་རྟོག་པ་ཡི་ཡེ་ཤེས་ཀྱི་ས་བོན་སྟོང་ཉིད་རྟོགས་པའི་ས་བོན་ཞེས་པ་ཡོད་ལ། དེ་ཁོ་ན་ཉིད་སློབ་དཔོན་མཁས་པས་ཉེ་བར་བསྟན་པའི་སྣོད་ནི་གང་ཟག་དེ་ཡིན་ཏེ། གང་ཟག་དེ་ལ་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱི་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱའོ། །འདི་ནི་སྟོང་ཉིད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོས་པ་དང་། དེ་མི་གོ་བ་མིན་པ་གཉིས་ཚོགས་ནས་ལུས་ཀྱི་མཚན་མ་དེ་རྣམས་སྐྱེ་བར་སྣང་ན། རྟགས་མི་འཁྲུལ་བ་ཡིན་གྱི། དོན་མི་གོ་བ་དང་། གོ་ཡང་མཚན་མ་དེ་རྣམས་མི་སྐྱེ་ན་རེ་ཞིག་ཟབ་མོའི་སྣོད་དུ་ངེས་མི་ནུས་ཀྱང་། བླ་མ་དམ་པའི་བསྒོ་བ་ལས་མི་འདའ་ན། སྟོང་ཉིད་རྟོགས་པའི་རིགས་ནུས་མང་པོ་གསར་དུ་འཇོག་པའི་སྣོད་དུ་རུང་ངོ་། །གསུམ་པ་ནི། སྔར་བཤད་པའི་ཉན་པ་པོ་དེ་ལ་ནི་སྟོང་ཉིད་བསྟན་པ་འབྲས་བུ་མེད་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་པ་པོ་དེ་ལ་སྟོང་པ་ཉིད་དུ་འཛིན་པ་ཕྱིན་ཅི་ལོག་གིས་བསྐྱེད་པའི་དོན་མ་ཡིན་པ་དང་ལྡན་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། སྟོང་ཉིད་ཀྱི་ལྟ་བ་ཉན་པ་དེའི་རྗེས་སུ་འགྲོ་བ་སྟེ་འབྲས་བུའི་ཡོན་ཏན་རྣམས་ཀྱང་འབྱུང་ངོ་། །འབྱུང་ཚུལ་
ཇི་ལྟར་ཞེ་ན། སྣོད་ལྡན་དེ་སྟོང་ཉིད་ཀྱི་ལྟ་བ་ཉན་པ་ལ་གཏེར་རྙེད་པ་དང་འདྲ་བར་སེམས་ཤིང་། ལྟ་བ་དེ་སྐྱེ་བ་གཞན་དུ་ཡང་མི་ཉམས་པར་བྱ་བའི་ཕྱིར། རྟག་ཏུ་ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་འགྱུར་ཏེ། དེ་ཡང་བདག་ཚུལ་ཁྲིམས་འཆལ་བའི་རྐྱེན་གྱིས་ངན་འགྲོར་ལྷུང་ན། སྟོང་ཉིད་ཀྱི་ལྟ་བ་རྒྱུན་ཆད་པ་རང་འགྱུར་རོ་སྙམ་ནས་ཚུལ་ཁྲིམས་བླངས་ཏེ་མི་ཉམས་པར་སྲུང་བ་ཡིན་ནོ། །ཚུལ་ཁྲིམས་འཆལ་པ་ལ་ནི་སྔོན་དུ་ཚུལ་ཁྲིམས་བླངས་པ་མི་དགོས་ཀྱི། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡང་ཚུལ་འཆལ་ལོ། །བདག་ཚུལ་ཁྲིམས་བསྲུངས་པས་བདེ་འགྲོར་སྐྱེས་ཀྱང་། དབུལ་པོར་གྱུར་ནས་བཟའ་བཏུང་དང་སྨན་དང་གོས་ལ་སོགས་པའི་འཚོ་བའི་ཡོ་བྱད་ཀྱིས་ཕོངས་ན། དེ་འཚོལ་བ་ལྷུར་ལེན་ནས་སྟོང་ཉིད་ཀྱི་ལྟ་བ་ཉན་པ་དང་། དེའི་དོན་སྒོམ་པ་སོགས་རྒྱུན་ཆད་པར་འགྱུར་རོ་སྙམ་ནས། སྔར་བཤད་པ་ལྟར་ཡར་མར་གྱི་ཞིང་ལ་སྦྱིན་པ་གཏོང་བར་འགྱུར་རོ། །སྟོང་ཉིད་ཀྱི་ལྟ་བ་སྔར་བཤད་པའི་སྙིང་རྗེ་ཆེན་པོས་ཟིན་པ་ནི་སངས་རྒྱས་ཉིད་འདྲེན་པར་བྱེད་ཀྱི། གཞན་དུ་ནི་མ་ཡིན་ནོ་སྙམ་ནས་རྩ་བ་སྙིང་རྗེ་ཆེན་པོ་ལ་གོམས་པ་སྟེན་པར་བྱེད་དོ། །ཁོ་བས་ནི་ངན་སོང་དུ་འགྲོ་བ་དང་དགེ་བ་འཇོམས་ལ། མདོག་ཤིན་ཏུ་མི་སྡུག་པ་འཐོབ་པར་བྱེད་པས་དེའི་རྐྱེན་གྱིས་འཕགས་པ་རྣམས་མཉེས་པར་མི་འགྱུར་རོ་སྙམ་ནས་བཟོད་པ་སྒོམ་པར་བྱེད་དོ། །ཐམས་ཅད་མཁྱེན་པར་ཡང་ཡང་མ་བསྔོས་པའི་
ཚུལ་ཁྲིམས་ལ་སོགས་པ་ནི། སངས་རྒྱས་ཐོབ་པའི་རྒྱུ་དང་། ལུས་དང་ལོངས་སྤྱོད་ལ་སོགས་པའི་འབྲས་བུ་དཔག་ཏུ་མེད་པ་རྒྱུན་མ་ཆད་པར་འབྱུང་བར་མི་འགྱུར་བས། ཚུལ་ཁྲིམས་ལ་སོགས་པ་དེ་ཡི་དགེ་བ་ཡང་འགྲོ་བ་འཁོར་བ་ལས་སྒྲོལ་བར་བྱ་བའི་ཕྱིར་དུ་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །བྱང་སེམས་མ་གཏོགས་པ་ཉན་རང་ལ་སོགས་པ་གཞན་དག་གིས་རྟེན་འབྲེལ་ཟབ་མོ་བྱང་སེམས་བཞིན་དུ་སྟོན་མི་ནུས་པར་མཐོང་ནས། རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཤིན་ཏུ་གུས་པར་བྱེད་དོ། །སྟོང་ཉིད་ཀྱི་ལྟ་བའི་གོ་བ་གནད་དུ་སོང་བའི་ཐེག་ཆེན་པ་ལ་ནི། སྔར་བཤད་པ་དེ་ལྟ་བུའི་གོ་བ་རྣམ་དག་རྣམས་སྐྱེས་ནས་རྒྱ་ཆེ་བའི་ཕྱོགས་རྣམས་སྒྲུབ་པ་ལ་ཤིན་ཏུ་གུས་པར་འགྱུར་ལ། དེ་ནི་ཤིན་ཏུ་བསྔགས་པའི་གནས་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་སྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་ཏེ། སྣོད་མི་རུང་གཉིས་པོ་མི་མོས་ནས་སྤོང་བ་དང་། །མོས་པ་ལྟར་སྣང་ཡོད་ཀྱང་རིགས་པས་རྒྱུ་འབྲས་ཐམས་ཅད་བཀག་པར་གོ་བའི་སྐྱོན་གཉིས་སྤངས་ལ། རང་བཞིན་མེད་པའི་སྟོང་ཉིད་ཀྱི་ལྟ་བ་ཉིད་ལ་བརྟེན་ནས་བྱ་བྱེད་ཐམས་ཅད་ཆེས་འཐད་པར་རྟོགས་པ་ཞིག་ལ་འོང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ལྟ་བ་རྙེད་པའི་ལུགས་སུ་བྱས་པ་ན། ཚུལ་ཁྲིམས་ལ་
སོགས་པའི་ལས་འབྲས་ཀྱི་རྣམ་གཞག་ཐམས་ཅད། རི་བོང་གི་རྭའི་གཉེར་མ་བགྲང་པ་བཞིན་དུ་སོང་ནས། དེ་འདྲ་བ་ནི་ངེས་དོན་མ་གོ་བ་རྣམས་ཀྱི་ཕྱིར་ཡིན་གྱི། ངེས་དོན་གོ་བ་ལ་མི་དགོས་ཏེ། དེ་དག་ཐམས་ཅད་རྟོག་པས་བྱེད་ལ་རྟོག་པ་ཐམས་ཅད་བདེན་ཞེན་གྱི་མཚན་འཛིན་ཡིན་པའི་ཕྱིར་རོ་སྙམ་དུ་འཛིན་ཞིང་། རྒྱ་ནག་གི་ཧྭ་ཤང་ལྟར་དགེ་བ་ཐམས་ཅད་འཇོམས་ལ། ཁ་ཅིག་འཁྲུལ་ངོར་རེ་ཞིག་ལ་བླང་དོར་བྱེད་ཟེར་ཡང་། རྟོག་པ་ལ་བདེན་འཛིན་ཡིན་མིན་གཉིས་བྱེད་ན་ནི། རང་བཞིན་གྱིས་གྲུབ་པ་འགོག་པའི་རིགས་པས་ཡུལ་ཐམས་ཅད་འགོག་པ་ཅལ་ཅོལ་ཡིན་ལ། གཉིས་སུ་མི་བྱེད་ན་ནི་ལྟ་བ་དང་སྤྱོད་ཕྱོགས་ཀྱི་རྟོག་པ་གཉིས་གཅིག་གིས་གཅིག་ལ་གནོད་པ་སྐྱེལ་བ་ཚ་གྲང་ལྟར་འགྱུར་བའི་ཕྱིར་དང་། གཞག་སའི་འཁྲུལ་ངོ་དང་། འཇོག་མཁན་དང་དེར་འཇོག་རྒྱུ་རྣམས་ཀྱང་འཇོག་ས་མེད་པ་ལ་དེ་སྐད་སྨྲ་བ་ནི་མུན་སྤྲུལ་ཡིན་པས། སྔར་གྱི་གཞུང་དེ་རྣམས་ཀྱི་ཕྱོགས་སྔ་མ་ཉིད་འཛིན་པའོ། །བཞི་པ་ནི། དེ་ལྟར་གོང་དུ་བཤད་པ་ལྟར་གྱི་ཟབ་པ་དང་། རྒྱ་ཆེ་བའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། ཡུན་རིང་པོར་བར་མེད་པར་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་ཀྱི་དགེ་བའི་ཚོགས་རྣམས་སོ་སྐྱེའི་སར། ངེས་པར་བསགས་ནས་རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་པར་འགྱུར་བས། ས་རབ་དགའ་དེ་ནི་དོན་དུ་གཉེར་བས་འཆད་པར་འགྱུར་བའི་ཟབ་མོའི་ལམ་འདི་མཉན་པར་གྱིས་ཤིག་ཅེས་ཉན་པར་བསྐུལ་པའོ། །དེ་ཡང་བཞི་བརྒྱ་བའི་འགྲེལ་པ་
ལས། རང་བཞིན་སྟོང་པ་ཉིད་ཀྱི་གཏམ་ལ་གུས་པར་འགྱུར་ན་དེ་དེ་དང་མཐུན་པའི་རྐྱེན་ཉེ་བར་བསྒྲུབས་པའི་སྒོ་ནས། ཇི་ལྟར་སྟོང་པ་ཉིད་ལ་དང་བ་འཕེལ་བར་འགྱུར་བ་དེ་ལྟར་བྱ་ཞིང་། སྙིང་རྗེ་ཆེ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་། བདག་ཉིད་ཀྱི་དམ་པའི་ཆོས་ཀྱི་བར་ཆད་ཀྱི་རྒྱུ་མཚན་གཡང་ས་ཆེན་པོའི་རྒྱུ་ཡོངས་སུ་སྤང་བར་འདོད་པས། ཡ་ང་བ་ལ་བརྟེན་པ་དང་སྦྱིན་པར་དཀའ་བ་ཡང་སྦྱིན་པ་དང་། བསྡུ་བའི་དངོས་པོ་བཞིས་ཀྱང་བསྡུ་བ་བྱ་སྟེ། དམ་པའི་ཆོས་འདི་འབད་པ་ཐམས་ཅད་ཀྱིས་སྐྱེ་བོ་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པ་ལ་ཉེ་བར་བསྟན་པར་བྱའོ། །ཞེས་གསུངས་པ་ལྟར་ཆོས་འདི་འབད་པ་ཆེན་པོས་བསྟན་དགོས་པར་གསུངས་ཏེ། སྣོད་མིན་གྱི་སྐྱོན་གཉིས་དང་བྲལ་བ་ལའོ། །མོས་པ་ཡོད་པའི་ཇི་ལྟ་བ་བཞིན་མི་གོ་བ་ལ་ཡང་། རྟེན་འབྲེལ་གྱི་ངེས་པ་ལ་མི་གནོད་པའི་ཐབས་བྱས་ནས་བཤད་པར་བྱའོ། །འཆད་པ་པོ་ལེགས་པར་ཤེས་པས་ཉན་པ་པོ་སྣོད་རུང་ཐ་མ་ཡན་ཆད་ལ་འཆད་པ་ནི་བསོད་ནམས་ཤིན་ཏུ་ཆེ་སྟེ། མདོ་ཀུན་ལས་བཏུས་པ་ལས། ཆོས་ཟབ་མོ་ལ་མོས་པས་བསོད་ནམས་ཐམས་ཅད་སྡུད་པ་ཡིན་ཏེ། སངས་རྒྱས་སུ་མ་གྲུབ་ཀྱི་བར་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཁྱེའུ་རིན་པོ་ཆེས་བྱིན་པའི་མདོ་ལས་བྱུང་བ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཐབས་ལ་
མཁས་པ་དང་བྲལ་བས། བསྐལ་པ་བརྒྱ་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་པས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཚོམ་དང་བཅས་པས་ཉན་པ་འདི། བསོད་ནམས་དེ་བས་ཆེས་མང་དུ་སྐྱེད་ན་གང་ཐེ་ཚོམ་མེད་པར་ཉན་པ་ལྟ་ཅི་སྨོས། གང་ཡི་གེར་བྲིས་ནས་ལུང་འབོགས་པ་དང་འཆང་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་ལྟ་ཅི་སྨོས། ཞེས་གསུངས་སོ། །རྡོ་རྗེ་གཅོད་པ་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏེ། རབ་འབྱོར་འདི་ཇི་སྙམ་དུ་སེམས། གངྒཱའི་ཀླུང་གི་བྱེ་མ་སྙེད་གང་ཇི་སྙེད་པ་གངྒཱའི་ཀླུང་ཡང་དེ་སྙེད་དུ་གྱུར་ན། གང་དེ་དག་གི་བྱེ་མར་གྱུར་པ་དེ་མང་བ་ཡིན་ནམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གངྒཱའི་བྱེ་མ་སྙེད་དུ་གྱུར་པ་དེ་དག་ཉིད་ཀྱང་མང་བ་ལགས་ན། དེ་དག་གི་བྱེ་མར་གྱུར་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ལ་བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་གའི་ཀླུང་དེ་དག་གི་བྱེ་མ་ཇི་སྙེད་པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས། སྐྱེས་པའམ་བུད་མེད་ལ་ལས་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་སྦྱིན་པ་བྱིན་ན། སྐྱེས་པའམ་བུད་མེད་དེ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་ཆོས་ཀྱི་རྣམ་གྲངས་
འདི་ལས་ཐ་ན་ཚིག་བཞིའི་ཚིགས་སུ་བཅད་པ་ཙམ་བཟུང་སྟེ། གཞན་དག་ལ་ཡང་བསྟན་ན་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །ཞེས་གསུངས་སོ་ཞེས་དང་། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས་མི་དགེ་བཅུ་ཆེན་པོ་རྣམས་བགྲངས་ནས། དེ་དག་དང་ལྡན་པས་བདག་མེད་པའི་ཆོས་ལ་འཇུག་ཅིང་། ཆོས་ཐམས་ཅད་གདོད་མ་ནས་དག་པར་དད་པ་དང་མོས་པའི་སེམས་ཅན་དེ་ངན་སོང་དུ་མི་འགྲོའོ་ཞེས་གསུངས་པ་དང་། བདུད་འདུལ་བའི་ལེའུ་ལས། དགེ་སློང་གང་གིས་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཤེས་ཤིང་། ཉེས་པ་རྣམས་ཀྱི་ཐོག་མའི་མཐའ་ཡང་རང་བཞིན་གྱིས་དབེན་པར་ཤེས་ཏེ། ཉེས་པ་བྱུང་བའི་འགྱོད་པ་སེལ་ཞིང་བརྟན་པོར་མི་བྱེད་པས་མཚམས་མེད་པ་ཡང་གནོན་ན། ཆོ་ག་དང་ཚུལ་ཁྲིམས་ལ་ལོག་པར་ཞུགས་པ་ཕྲན་ཚེགས་ལྟ་ཅི་སྨོས། ཞེས་གསུངས་པ་དང་། མ་སྐྱེས་དགྲའི་མདོ་ལས། མཚམས་མེད་བྱེད་པས་དམ་པའི་ཆོས་འདི་ཐོས་ནས་འཇུག་ཅིང་མོས་ན། དེའི་ལས་དེ་ལས་ཀྱི་སྒྲིབ་པ་ཡིན་ཞེས་ང་མི་སྨྲའོ། །ཞེས་གསུངས་པ་ལྟར་ཏེ་འཆད་ཉན་བྱེད་པ་དང་། དེ་མིན་པའི་སྐབས་སུ་ཡང་དོན་ཟབ་མོ་ལ་མོས་པ་དང་སེམས་པའི་ཕན་ཡོན་ནོ། །བཤད་པའི་ཕན་ཡོན་ལེགས་པར་འཐོབ་པ་ལ་གཉིས་དགོས་ཏེ། རྙེད་བཀུར་དང་གྲགས་པ་སོགས་ལ་མི་ལྟ་བའི་ཀུན་སློང་དག་པ་ཞིག་དང་། བཤད་རྒྱུའི་ཆོས་
དེའི་དོན་ལོག་པར་མ་བཟུང་བར་ཕྱིན་ཅི་མ་ལོག་པར་བཤད་པ་ཅིག་དགོས་ཏེ། སྐྱོན་གཉིས་ཀའམ་གང་རུང་རེ་དང་ལྡན་པས་བཤད་ན། བསོད་ནམས་མང་པོའི་བར་ཆད་བྱེད་པར་གསུངས་པའི་ཕྱིར་ཏེ། སློབ་དཔོན་དབྱིག་གཉེན་གྱིས། དེའི་ཕྱིར་གང་དག་ཆོས་ལོག་པར་འཆད་པར་བྱེད་པ་དང་། སེམས་ཉོན་མོངས་པ་ཅན་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པས་འཆད་པ་དེ་དག་ནི། བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་ནི་འདིར་ཡང་འདྲའོ། །ཉན་པ་པོ་ལ་ཡང་ཉན་པའི་ཀུན་སློང་དག་པ་དང་། དོན་ལོག་པར་མ་བཟུང་བ་གལ་ཆེ་བས། གཉིས་ཀས་ཀྱང་འཆད་ཉན་གྱི་དུས་སུ་མཚན་ཉིད་མ་མཐའ་རེ་དང་ལྡན་པར་བྱའོ། །ལྔ་པ་ལ་གསུམ། ཡང་དག་པའི་དོན་ལུང་གིས་བསྟན་པའི་ཚུལ། ལུང་གི་དོན་དེ་རིགས་པས་བསྒྲུབ་པ། དེས་གྲུབ་པའི་སྟོང་ཉིད་ཀྱི་རབ་དབྱེ་བཤད་པའོ། །དང་པོ་ལ་གཉིས། ལུང་ལས་གསུངས་པའི་ཚུལ་དགོད་པ་དང་། དེ་ཁོ་ན་ཉིད་ཤེས་པའི་མི་མཐུན་ཕྱོགས་ངོས་གཟུང་བའོ། །དང་པོ་ནི། ས་བཅུ་པ་ལས། ས་ལྔ་པ་པ་དེ་ས་དྲུག་པ་ལ་འཇུག་པ་ན། ཆོས་མཉམ་པ་ཉིད་བཅུས་འཇུག་གོ །བཅུ་གང་ཞེ་ན། འདི་ལྟ་སྟེ་ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང་། དེ་བཞིན་དུ་སྐྱེ་བ་མེད་པ་དང་། མ་སྐྱེས་པ་དང་། དབེན་པ་དང་། གདོད་མ་ནས་རྣམ་པར་དག་པ་དང་། སྤྲོས་
པ་མེད་པ་དང་། བླང་བ་མེད་པ་དང་དོར་བ་མེད་པར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། ཆུ་ཟླ་དང་། གཟུགས་བརྙན་དང་། སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང་། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དེ། དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ད་ལྟར་རབ་ཏུ་རྟོགས་པ་ན། རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ། ཞེས་གསུངས་ཏེ། དེ་བཞིན་དུ་ཞེས་པ་ནི་ཆོས་ཐམས་ཅད་ཅེས་པ་བླང་དོར་མེད་པའི་བར་ལ་སྦྱོར་བའོ། །དེ་གཉིས་མཉམ་ཉིད་གཅིག་དང་། སྒྱུ་མ་སོགས་བདུན་ལྟར་མཉམ་པ་རྣམས་མཉམ་པ་ཉིད་གཅིག་ཏུ་བྱ་ཞིང་། ཐ་མ་གཉིས་ཀྱང་གཅིག་ཏུ་བྱའོ། །མཉམ་པ་ཉིད་བཅུའི་ངོས་འཛིན་ནི་ས་བཅུ་པའི་མདོ་འགྲེལ་དང་། བྱང་ས་གཉིས་ཀྱང་མི་མཐུན་པར་སྣང་ལ། དེ་གཉིས་དང་ལུགས་འདི་སྟོང་པ་ཉིད་འགྲེལ་ཚུལ་མི་མཐུན་པས་འདིར་གཞན་དུ་བཤད་དོ། །དེ་ལ་དང་པོ་ནི་མཚན་མ་མི་འདྲ་བར་སྣང་བ་རྣམས་འཕགས་པའི་མཉམ་བཞག་གི་དོན་མེད་པར་ཆོས་ཀུན་འདྲ་བའོ། །གཉིས་པ་ནི། ཆོས་ཀུན་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པར་མཉམ་པ་སྟེ། དེ་གཉིས་ནི་སྤྱིར་བསྟན་པའོ། །གཞན་བརྒྱད་ནི་སྤྱིར་བསྟན་པའི་དོན་དེ་ཉིད་ཁྱད་པར་དུ་ཕྱེ་ནས་སྟོན་པ་སྟེ། སྐྱེ་བ་མེད་པ་ནི་མ་འོངས་པ་དང་།
མ་སྐྱེས་པ་ནི་དུས་གཞན་གྱི་དབང་དུ་བྱས་པ་སྟེ། དེ་ཡང་ཆོས་ཀུན་ལ་མཉམ་པའམ་འདྲ་བ་ནི་གཞན་རྣམས་ལའང་ཤེས་པར་བྱའོ། །དབེན་པ་ནི་སྐྱེ་འགྱུར་དང་སྐྱེས་པས་སྟོང་པ་སྟེ། དེ་ཡང་མཉམ་ཉིད་གཉིས་པའི་སྐབས་ཀྱི་རང་གི་མཚན་ཉིད་ཀྱིས་ཁྱད་པར་དུ་བྱས་པས་དབེན་པའོ། །དེ་ལྟ་བུ་དེ་ཡང་འཕྲལ་དུ་ལུང་རིགས་ཀྱིས་བྱས་པ་མིན་གྱི། གདོད་མ་ནས་རྣམ་པར་དག་པ་དེ་ལྟར་དུ་གནས་པ་ནི་དྲུག་པའོ། །བདུན་པ་ལ་གཉིས་སྣང་གི་སྤྲོས་པ་མེད་པ་ནི་དང་པོ་དང་སྦྱར་ལ། སྒྲ་དང་རྣམ་རྟོག་གིས་སྤྲོ་བར་མི་ནུས་པ་ལ་ནི་གཉིས་པའི་སྐབས་ཀྱི་ཁྱད་པར་སྦྱར་རོ། །བརྒྱད་པ་ལ་ཡང་ཁྱད་པར་དེ་ལྟར་སྦྱར་རོ། །དགུ་པ་ནི་སྔར་བཤད་པའི་དོན་དེ་རྣམས་ངེས་པར་བྱེད་པའི་དཔེའི་རྣམ་གྲངས་མང་པོའོ། །བཅུ་པ་ནི་ཆོས་གང་ལ་ཡང་དངོས་པོ་དང་དངོས་པོར་མེད་པ་རང་བཞིན་གྱིས་གྲུབ་པ་མེད་པར་འདྲ་བའོ། །རྣོ་བ་ནི་ཤེས་རང་མྱུར་བའོ། །རྗེས་སུ་མཐུན་པ་ནི་ས་བརྒྱད་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་རྗེས་སུ་མཐུན་པ་སྟེ། རྗེས་སུ་མཐུན་པའི་བཟོད་པ་འདི་ལ་སྐབས་སྟོབས་ཀྱིས་མི་འདྲ་བ་མང་དུ་སྣང་ངོ་། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོན་པ་ལ་ལུང་དུ་མ་ཞིག་ཡོད་ཀྱང་། འདིར་ས་དྲུག་པའི་ཤེས་རབ་ཀྱིས་དེ་ཁོ་ན་ཉིད་རྟོགས་ཚུལ་འཆད་པའི་སྐབས་ཡིན་པས། ས་དྲུག་པ་ལ་མཉམ་ཉིད་བཅུས་འཇུག་པར་གསུངས་པའི་ལུང་དྲངས་སོ། །གཉིས་པ་ནི། ཆོས་རྣམས་བདེན་མེད་དུ་གཏན་ལ་འབེབས་པ་འདི་ལ།
བདེན་པར་གྲུབ་ཚུལ་དེ་ཇི་འདྲ་ཞིག་ཡིན་པ་དང་། བདེན་པར་འཛིན་ཚུལ་ལེགས་པར་མ་ཤེས་ན། དེ་ཁོ་ན་ཉིད་ཀྱི་ལྟ་བ་ངེས་པར་འཕྱུག་སྟེ། སྤྱོད་འཇུག་ལས། བརྟགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་བརྟགས་པའི་དངོས་པོ་སྟེ་དགག་བྱའི་སྤྱི་ལེགས་པར་བློ་ལ་མ་ཤར་ན། དགག་བྱ་དེ་མེད་པ་ལེགས་པར་འཛིན་མི་ནུས་པར་གསུངས་པས། མེད་རྒྱུའི་བདེན་གྲུབ་དང་། གང་གིས་སྟོང་པའི་དགག་བྱའི་རྣམ་པ་བློ་ཡུལ་དུ་ཇི་ལྟ་བ་བཞིན་མ་ཤར་ན། བདེན་མེད་དང་སྟོང་པའི་ངོ་བོ་ལེགས་པར་ངེས་པ་མི་སྲིད་དོ། །དེ་ཡང་གྲུབ་མཐའ་སྨྲ་བས་འཕྲལ་དུ་ཀུན་བརྟགས་པའི་བདེན་གྲུབ་དང་། བདེན་འཛིན་ངོས་ཟིན་པ་ཙམ་གྱིས་མི་ཆོག་པའི་ཕྱིར། ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ། གྲུབ་མཐས་བློ་བསྒྱུར་མ་བསྒྱུར་གཉིས་ག་ལ་ཡོད་པའི་ལྷན་སྐྱེས་ཀྱི་བདེན་འཛིན་དང་། དེས་བཟུང་བའི་བདེན་གྲུབ་ལེགས་པར་ངོས་ཟིན་པ་ནི་གནད་ཤིན་ཏུ་ཆེ་སྟེ། དེ་ངོས་མ་ཟིན་པར་རིགས་པས་དགག་བྱ་བཀག་ཀྱང་། ཐོག་མ་མེད་པ་ནས་ཞུགས་པའི་བདེན་ཞེན་ལ་ཅི་ཡང་མི་གནོད་པས་སྐབས་དོན་སྟོར་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཐོག་མར་རང་གི་རྒྱུད་ཀྱི་བདེན་འཛིན་ངོས་ཟིན་ནས། དེའི་ཡུལ་སུན་འབྱིན་པ་ལ་རིགས་པ་རྣམས་དངོས་དང་བརྒྱུད་པས་འགྲོ་ལུགས་ཤེས་དགོས་ཀྱི། ཁ་ཕྱིར་ལྟ་འབའ་ཞིག་གི་དགག་སྒྲུབ་ནི་ཕན་ཤིན་ཏུ་ཆུང་བའི་
ཕྱིར་རོ། །འདི་ལ་དབུ་མ་ཐལ་རང་གཉིས་ཀའི་ལུགས་ཀྱི་ངོས་འཛིན་ཤེས་ན་ཁྱད་པར་ལེགས་པར་ཕྱེད་པར་འགྱུར་བས། དེ་འཆད་པ་ལ་གཉིས། དབུ་མ་རང་རྒྱུད་པའི་ལུགས་ཀྱི་བདེན་འཛིན་ངོས་གཟུང་བ་དང་། དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་བདེན་འཛིན་ངོས་གཟུང་བའོ། །དང་པོ་ལ་གསུམ། བདེན་གྲུབ་དང་བདེན་འཛིན་ངོས་གཟུང་བ། འཇིག་རྟེན་པ་ལ་ལྟོས་པའི་བདེན་རྫུན་སྒྱུ་མའི་དཔེས་བསྟན་པ། དཔེ་དེ་དོན་ལ་སྦྱར་ནས་བཤད་པའོ། །དང་པོ་ནི། རང་རྒྱུད་པའི་གཞུང་ཁུངས་ཐུབ་གཞན་ལས་དགག་བྱ་ངོས་འཛིན་གསལ་བར་མི་འབྱུང་ལ། དབུ་མ་སྣང་བ་ལས་ཀུན་རྫོབ་ཏུ་ཡོད་ཚུལ་བཤད་པའི་བཟློག་ཕྱོགས་ཀྱི་ཡོད་པ་ནི་དོན་དམ་པར་རམ་བདེན་ཡོད་དུ་ཤེས་པས་དེ་ལྟར་བཤད་ན། དེ་ཉིད་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་དེ་ལས་ལྡོག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་པའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདིའམ་འདིས་དེ་ཁོ་ན་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་མདོ་ལས་ཀྱང་། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལས་བྱུང་བའི་ཕྱིར་དེས་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་བརྫུན་པ་ཐམས་ཅད་ནི་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །དེ་ཡང་ཐོག་མ་མེད་པའི་འཁྲུལ་བའི་བག་ཆགས་ཡོངས་སུ་སྨིན་པའི་
དབང་གིས་བྱུང་ལ། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ནི། ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ནི་ཞེས་པ་ཡན་ནི་དོན་དམ་པར་རང་བཞིན་མེད་པ་ལ་དོན་དམ་པར་ཡོད་པར་འཁྲུལ་པའི་དོན་ནོ། །ཀུན་རྫོབ་ནས་ཕྱིར་རོའི་བར་ནི་ཡང་དག་ཀུན་རྫོབ་ཅེས་པའི་དོན་ཏེ། ཀུན་རྫོབ་སྒྲིབ་བྱེད་ལ་བྱས་ནས་ཡང་དག་པ་ལ་སྒྲིབ་པར་བྱེད་པའོ། །བདེན་འཛིན་དེ་ལས་བྱུང་བའི་ཕྱིར་བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་མཐོང་བ་ནི་རྟོག་པ་ཡིན་གྱི་དབང་ཤེས་མིན་ཏེ། བདེན་གཉིས་ཀྱི་འགྲེལ་པར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པ་འདིར་ཡང་འདྲ་བའི་ཕྱིར་རོ། །དེ་ཡང་ནས་བྱུང་བའི་བར་གྱིས་ནི་བདེན་འཛིན་དེ་ལྷན་སྐྱེས་སུ་སྟོན་ནོ། །དེས་ན་སྲོག་ཆགས་ཐམས་ཅད་ལ་ཞེས་སྨོས་སོ། །སྲོག་ཆགས་དེ་དག་གི་བསམ་པ་ནི་རྟོག་པ་ཁོ་ན་མིན་གྱི། རྟོག་མེད་ཀྱི་ཤེས་པ་ལ་ཡང་བྱ་སྟེ། དེ་གཉིས་ཀྱི་དབང་གིས་ཡོད་པར་བཞག་པའི་དོན་དམ་པར་ཡོད་པ་མིན་པའི་དངོས་པོ་བརྫུན་པ་རྣམས་ཀུན་རྫོབ་ཁོ་ནར་ཡོད་པ་ནི། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། ཞེས་པའི་དོན་ཏེ། དེ་ཡང་བདེན་འཛིན་གྱི་ཀུན་རྫོབ་ཏུ་ཡོད་པའི་དོན་མིན་ནོ། །དེ་ལྟར་བྱས་ན་བློ་ལ་སྣང་
བའམ་བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ནི། བདེན་པ་དང་དོན་དམ་དང་ཡང་དག་པར་ཡོད་པ་དང་དེར་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས་སོ། །འོ་ན་སྣང་བ་ལས། དོན་དམ་པར་སྐྱེ་བ་མེད་དོ་ཞེས་བྱ་བ་ནི། འདི་དག་ཡང་དག་པའི་ཤེས་པས་སྐྱེ་བ་མ་གྲུབ་བོ་ཞེས་བཤད་པར་འགྱུར་རོ། །ཞེས་གསུངས་པའི་ཤུགས་ཀྱིས་དོན་དམ་པར་ཡོད་པ་དང་། སྐྱེ་བ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་རིགས་ཤེས་ཀྱིས་སྐྱེ་བར་དང་ཡོད་པར་གྲུབ་པ་ལ་བཤད་པ་ཇི་ལྟར་ཡིན་ཞེ་ན། བདེན་ཏེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་གཉིས་ཤེས་དགོས་ཏེ། ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་ནས། དེས་སྔར་བཤད་པ་ལྟར་མ་གྲུབ་པ་ཅིག་དང་། བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ལ། དོན་དམ་དུ་ཡོད་པར་བཞག་པ་གཉིས་ཀྱི་དང་པོའི་དོན་དམ་དང་། དེའི་ངོར་གྲུབ་པ་ཡང་ཡོད་ལ། ཕྱི་མའི་དོན་དམ་དང་དེར་ཡོད་པ་གཉིས་ཀ་ཡང་མི་སྲིད་དོ། །དེས་ན་ཕྱི་མའི་དོན་དམ་དུ་ཡོད་པ་ལ་སྔ་མའི་དོན་དམ་དུ་ཡོད་པས་ཁྱབ་ཀྱང་། སྔ་མའི་ཡོད་འཛིན་ནི་ལྷན་སྐྱེས་ཀྱི་བདེན་འཛིན་མིན་ལ། དེའི་བདེན་འཛིན་ལ་ནི་ཕྱི་མའི་ཡོད་འཛིན་དགོས་སོ། །འདི་མ་ཕྱེད་པར་དགག་བྱའི་ཚད་འཛིན་རིགས་པས་དཔྱད་བཟོད་དང་། དཔྱད་བཟོད་ཀྱི་དངོས་པོ་ལ་འཛིན་པ་མང་དུ་བྱུང་ཞིང་། དེ་ལ་བརྟེན་ནས་དོན་
དམ་བདེན་པ་གཞི་མ་གྲུབ་དང་། བདེན་གྲུབ་ཏུ་འདོད་པའི་ནོར་པ་མང་དུ་བྱུང་སྣང་ངོ་། །འདི་ལེགས་པར་ཤེས་ན་གཤིས་ལུགས་ལ་དང་། དོན་དམ་དུ་མེད་ཟེར་བ་དང་། ཡང་ཆོས་ཉིད་ཡོད་པར་འདོད་ཅིང་དེ་ཉིད་གཤིས་ལུགས་དང་དོན་དམ་ཡིན་པར་སྨྲ་བ་མི་འགལ་བའི་གནད་རྣམས་ཤེས་པར་འགྱུར་རོ། །གཉིས་པ་ནི། བློའི་དབང་གིས་བཞག་པ་དང་མ་བཞག་པའི་ཡོད་པ་ཇི་ལྟར་ཡིན་ཤེས་པ་ལ། སྒྱུ་མའི་དཔེའི་སྟེང་ནས་ཤེས་པར་བྱེད་པ་བསྔགས་པས་དེ་བཤད་ན། སྒྱུ་མ་མཁན་གྱིས་རྡེ་ཤིང་སོགས་རྟ་གླང་དུ་སྤྲུལ་པ་ན། སྒྱུ་མ་མཁན་དང་མིག་བསླད་པའི་ལྟད་མོ་བ་དང་། མིག་མ་བསླད་པ་གསུམ་གྱི་དང་པོ་ལ། རྟ་གླང་དུ་སྣང་བ་ཙམ་ཡོད་ཀྱི་དེར་ཞེན་པ་མེད་ལ། གཉིས་པ་ལ། དེར་སྣང་དང་དེར་ཞེན་གཉིས་ཀ་ཡོད། གསུམ་པ་ལ། རྟ་གླང་གི་སྣང་ཞེན་གཉིས་ཀ་མེད་དོ། །སྤྲུལ་གཞི་རྟ་གླང་དུ་སྣང་བ་ན། དཔེར་ན་ཐག་པ་ལ་སྤྲུལ་དུ་འཁྲུལ་བའི་ཚེ་ཤེས་པ་དེའི་ངོར་ཐག་པ་སྦྲུལ་ཡིན་གྱི། སྤྱིར་སྦྲུལ་མིན་ཞེས་ཟེར་བ་བཞིན་དུ། ཤེས་པ་འཁྲུལ་ངོ་ཙམ་དུ་རྟ་གླང་དུ་སྣང་བ་ཡིན་གྱི། སྤྱིར་སྤྲུལ་གཞི་རྟ་གླང་དུ་མི་སྣང་ཞེས་བྱར་མི་རུང་གི །ཁྱད་པར་དེ་ལྟར་མ་སྦྱར་ཡང་སྤྲུལ་གཞི་རྟ་གླང་དུ་སྣང་བར་ཁས་བླང་དགོས་ཏེ། ད་ལྟ་མ་ཡིན་ན་སྣང་བ་ལ་འཁྲུལ་བ་མི་སྲིད་པར་འགྱུར་བའི་ཕྱིར་རོ། །དེས་ན་སྤྲུལ་གཞི་རྟ་གླང་དུ་སྣང་བར་འཇོག་ནུས་པ་
དེ། །སྒྱུ་མ་མཁན་ལྟར་ན་བློ་འཁྲུལ་བ་ལ་དེ་ལྟར་སྣང་བའི་དབང་གིས་འཇོག་གི །དེ་ལྟར་མིན་པར་སྤྲུལ་གཞི་རང་གི་སྡོད་ལུགས་ཀྱི་དབང་གིས་འཇོག་པ་མིན་ནོ། །ལྟད་མོ་བ་ལ་ནི་རྟ་གླང་དུ་སྣང་བ་དེ་ནང་གི་བློའི་དབང་གིས་བཞག་པར་མི་འཆར་གྱི། གཞི་གང་དུ་སྣང་བ་དེར་རྟ་གླང་མཚན་ཉིད་པ་ཅིག་ཡུལ་གྱི་གོ་ས་མནན་ནས་བསྡད་པར་འཛིན་ནོ། །དེ་ནི་དཔེའི་སྟེང་ནས་བློའི་དབང་གིས་བཞག་པ་དང་མ་བཞག་པར་འཛིན་པའི་ཚུལ་ཏེ། གཞི་དེར་སྣང་བ་དེ་ཤར་བ་ན་སྣང་བ་ལྟར་གྱི་སྡོད་ལུགས་སུ་འགྲོ་བ་དང་མི་འགྲོ་བ་གཉིས་ཡོད་དོ། །དེ་ལེགས་པར་གོ་ན་ཚད་མའི་དབང་གིས་གཞལ་བྱ་འཇོག་པ་ལ། ཚད་མ་ཡང་བློ་ཡིན་པས་དེས་གཞལ་བྱ་འཇོག་པ་ཡང་བློའི་དབང་གིས་བཞག་པར་འགྱུར་བས། དངོས་པོར་སྨྲ་བ་རྣམས་ཀྱི་ལུགས་ཀྱིས་ཀྱང་བདེན་གྲུབ་ཁེགས་པར་འགྱུར་རོ་སྙམ་དུ། ཕྱོགས་དེ་གཉིས་འདྲེས་པ་ཕྱེད་པར་འགྱུར་ཏེ། ཚད་མའི་དབང་གིས་གཞལ་བྱ་འཇོག་པ་ནི་གཞལ་བྱ་གཉིས་ཀྱི་སྡོད་ལུགས་ཚད་མས་རྟོགས་པའི་དོན་ཡིན་པས། དེ་དང་སྔ་མ་གཉིས་གཏན་མི་འདྲ་བའི་ཕྱིར་རོ། །དེ་ལྟར་སྒྱུ་མའི་སྣང་བ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན་རང་རིག་མངོན་སུམ་དང་། ཕྱི་རོལ་ཁས་ལེན་པའི་རང་རྒྱུད་པ་ལྟར་ན་ས་ཕྱོགས་སམ་བར་སྣང་ལྟ་བུའི་གཞི་འཛིན་པའི་དབང་པོའི་མངོན་སུམ་གྱིས་འགྲུབ་ལ། སྣང་བ་ལྟར་དུ་མེད་པ་ནི་དེ་ལྟར་དུ་ཡོད་ན་མིག་མ་བསླད་པས་མཐོང་བར་འགྱུར་བ་ལས། དེས་མ་
མཐོང་བའི་ཕྱིར་ཞེས་སོགས་ཀྱི་རྟགས་ཀྱིས་ཁེགས་པ་ན་དེར་སྣང་དང་དེས་སྟོང་གཉིས་ཚོགས་པ་གྲུབ་པ་ན། གྲུབ་མཐར་མ་ཞུགས་པའི་ཐ་སྙད་པའི་བློ་རང་དགའ་བ་ལ་ལྟོས་པའི་བརྫུན་པར་འགྲུབ་པས། དེ་དང་གཟུགས་བརྙན་གང་དུ་སྣང་བས་སྟོང་པ་གྲུབ་པའི་བློ་ནི་རིགས་ཤེས་ཕྲ་རགས་གང་དུ་ཡང་མི་འོང་ངོ་། །ཐ་སྙད་པའི་བློ་རང་དགའ་བའི་དབང་དུ་བྱས་པའི་བདེན་གྲུབ་ཡིན་ན་ཡང་། དེར་སྣང་བྱུང་ན་དེས་སྟོང་མི་འོང་ལ། དེས་སྟོང་བྱུང་ནའང་དེར་སྣང་མི་འོང་བས། །དེ་གཉིས་ཚོགས་པ་བྱུང་ན་བློ་རང་དགའ་བའི་དབང་དུ་བྱས་པའི་བརྫུན་པ་ཁོ་ནའོ། །གསུམ་པ་ནི། སྒྱུ་མའི་ལྟད་མོ་བ་མིག་བསླད་པ་བཞིན་དུ་སེམས་ཅན་རྣམས་ཀྱིས་ཕྱི་ནང་གི་ཆོས་འདི་རྣམས་བདེན་པར་ཡོད་པར་སྣང་བ་ན། བློ་ལ་སྣང་བའི་དབང་གིས་བཞག་པ་མིན་པར་ཆོས་དེ་རྣམས་ཀྱི་སྡོད་ལུགས་ཞིག་ཡོད་པར་འཛིན་པ་ནི། ཐོག་མ་མེད་པ་ནས་ཞུགས་པའི་ལྷན་སྐྱེས་ཀྱི་བདེན་འཛིན་ནོ། །རང་རྒྱུད་པས་འདི་ལྟར་བཞག་པ་ནི། ཐལ་འགྱུར་བའི་དགག་བྱ་འཛིན་པའི་བློ་ལ་ལྟོས་ན་ཤིན་ཏུ་རགས་པས། ཕྲ་བའི་བདེན་འཛིན་ལྷན་སྐྱེས་ནི་མིན་ནོ། །ནམ་ཞིག་བདེན་འཛིན་དེས་བཟུང་བའི་བདེན་གྲུབ་རིགས་པས་ཁེགས་པ་ན་སྒྱུ་མ་མཁན་བཞིན་དུ་ཕྱི་ནང་གི་ཆོས་རྣམས་ལ། ནང་གི་བློའི་དབང་གིས་མ་བཞག་པའི་སྡོད་ལུགས་ཡོད་པར་མི་འཛིན་པར། བློའི་དབང་གིས་
བཞག་པའི་ཡོད་པ་ཙམ་དུ་ཤེས་པར་འགྱུར་རོ། །དེ་ཡང་ཚད་མས་མི་གནོད་པའི་བློའི་དབང་གིས་བཞག་པ་རྣམས་ཐ་སྙད་དུ་ཡོད་པར་འདོད་ཀྱི། བློའི་དབང་གིས་གང་བཞག་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་འདོད་དོ། །ས་བོན་ལས་མྱུ་གུ་སྐྱེ་བ་བློའི་དབང་གིས་བཞག་ཀྱང་། མྱུ་གུ་རང་གི་ངོས་ནས་ས་བོན་ལས་སྐྱེ་བ་ཡང་མི་འགལ་བ་ནི། སྤྲུལ་གཞིའི་ངོས་ནས་ཀྱང་རྟ་གླང་དུ་སྣང་བ་དང་འདྲ་སྟེ། དེས་ཐ་སྙད་དུ་ཡོད་པ་ཐམས་ཅད་ཤེས་པར་བྱའོ། །ཆོས་ཉིད་ཀྱང་རང་གང་ལ་སྣང་བའི་བློའི་དབང་གིས་ཡོད་པར་འཇོག་པས། དེ་ཐ་སྙད་དུ་ཡོད་པར་འཇོག་པ་ལ་མ་ཁྱབ་པ་མེད་དོ། །དེས་ན་སྒྱུ་མ་རྟ་གླང་དུ་སྣང་ཡང་དེས་སྟོང་པ་བཞིན་དུ། བུམ་སོགས་ཐམས་ཅད་བུམ་སོགས་སུ་སྣང་ཡང་བུམ་སོགས་ཀྱིས་སྟོང་པ་ནི། སྒྱུ་མ་དང་ཆོས་གཞན་རྣམས་དཔེ་དོན་དུ་སྦྱོར་བའི་དོན་གཏན་མིན་ཏེ། །དེ་ལྟ་ན་ཆོས་དེ་ཡིན་པ་མི་སྲིད་པར་འགྱུར་ཞིང་། དཔེ་དོན་སྦྱར་བ་ཡང་དེར་སྣང་བ་ཡིན་གྱི་དེ་དངོས་མིན་པར་འགྱུར་བའི་ཕྱིར་རོ། །ནམ་ཞིག་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ན། དེའི་ངོར་གཉིས་སྣང་ཐམས་ཅད་ཉེ་བར་ཞི་བ་ནི་མིག་མ་བསླད་པ་ལ་སྒྱུ་མའི་སྣང་ཞེན་གཉིས་ཀ་མེད་པ་དང་འདྲའོ། །འོག་ནས་རང་རྒྱུད་པས་རིགས་པས་འགོག་ཚུལ་ཐུན་མོང་མ་ཡིན་པ་རྣམས་མི་སྟོན་པས། འདིར་དེའི་ལུགས་ཀྱིས་ཆོས་ཐམས་ཅད་སྒྱུ་མ་བཞིན་དུ་འཆར་ཚུལ་
མདོར་བསྡུས་གོ་སླ་བར་བརྗོད་ན། ཤེས་བྱ་ལ་དངོས་པོར་ཡོད་མེད་གཉིས་སུ་ཁ་ཚོན་ཆོད་པའི་དང་པོར་དངོས་པོ་ལ་བཤད་ན། དངོས་པོ་ལ་གཟུགས་ཅན་ཡིན་མིན་གཉིས་སུ་ཁ་ཚོན་ཆོད་ཅིང་། གཟུགས་ཅན་ལ་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་ལ་དུས་སྔ་ཕྱིའི་ཆ་མེད་དགག་པ་གཞན་ནས་བཤད་པ་ལྟར་བྱ་ལ། དངོས་པོ་ལ་ཆ་བཅས་ཀྱིས་ཁྱབ་པར་བསྒྲུབ། དེ་ནས་ཆ་དང་ཆ་ཅན་གཉིས་ཀ་ངོ་བོ་ཐ་དད་ན་འབྲེལ་མེད་དུ་འགྱུར་བས་དགག་ལ་ངོ་བོ་གཅིག་ཏུ་བསྟན། དེའི་ཚེ་དེ་ལ་ཡིད་ཇི་ལྟར་གཏད་པ་ན། ཡིན་ཚུལ་ངོ་བོ་གཅིག་ཡིན་ཀྱང་སྣང་ཚུལ་ལ་ངོ་བོ་ཐ་དད་དུ་སྣང་བ་སྙོན་དུ་མེད་པས། སྒྱུ་མ་བཞིན་དུ་དེར་སྣང་བ་དང་དེས་སྟོང་པ་གཉིས་ཚོགས་པར་གཏན་ལ་དབབ། དེ་ནས་དེ་འདྲ་དེ་བློ་ལ་སྣང་བའི་དབང་གིས་བཞག་བའི་བརྫུན་པའི་སྡོད་ལུགས་ལ་འགལ་བ་མེད་ཀྱང་། གཞི་དེ་བློ་ལ་སྣང་བའི་དབང་གིས་བཞག་པ་མིན་པའི་སྡོད་ལུགས་ཡིན་ན་གཏན་མི་རིགས་ཏེ། སྔར་བཤད་པའི་བདེན་གྲུབ་ལ་གནས་ཚུལ་དང་སྣང་ཚུལ་མི་མཐུན་པ་མི་སྲིད་པའི་ཕྱིར་ཏེ། བདེན་པར་གྲུབ་ན་རྣམ་པ་ཐམས་ཅད་དུ་བརྫུན་པ་སྤངས་ཏེ་གནས་དགོས་པའི་ཕྱིར་དང་། ངོ་བོ་ཐ་དད་དུ་སྣང་བའི་བློ་དེ་མ་འཁྲུལ་བར་འགྲོ་དགོས་པས་ངོ་བོ་གཅིག་པ་ལ་གནོད་པའི་ཕྱིར་རོ། །དེ་གྲུབ་ན་ནི་དངོས་པོར་མེད་པ་རྣམས་བདེན་པར་གྲུབ་པ་ཡང་རིགས་པ་དེ་ལ་བརྟེན་ནས་
འགོག་ནུས་ཏེ། འདུས་མ་བྱས་ཀྱི་ནམ་མཁའ་ལ་ཡང་གཟུགས་ཅན་འགའ་ཞིག་ལ་ཁྱབ་པ་ཁས་བླང་དགོས་ལ། དེ་ལ་ཡང་ཤར་ལ་ཁྱབ་པའི་ཆ་དང་ཕྱོགས་གཞན་ལ་ཁྱབ་པའི་ཆ་ཁས་བླང་དགོས་སོ། །དེ་བཞིན་དུ་ཆོས་ཉིད་ལ་ཡང་ཁྱབ་པའི་ཆ་དུ་མ་དང་། བློ་སྔ་ཕྱི་ཐ་དད་ཀྱིས་རྟོགས་པའི་ཆ་ཐ་དད་པ་དུ་མ་ཡོད་ལ། འདུས་མ་བྱས་གཞན་ཡང་དེ་དང་འདྲ་བས། ཆ་དུ་མ་དང་ཆ་ཅན་གཉིས་ངོ་བོ་ཐ་དད་མི་རུང་བས་ངོ་བོ་གཅིག་པ་དང་། དེ་བརྫུན་པ་ལ་རུང་གི་བདེན་གྲུབ་ལ་མི་རུང་བས། སྔར་བཞིན་བཀག་པས་ཤེས་བྱ་ཐམས་ཅད་བདེན་མེད་དུ་འགྲུབ་བོ། །དེ་ལྟར་བྱེད་པ་ཞི་བ་འཚོ་ཡབ་སྲས་ཀྱི་བཞེད་པ་ཡིན་པས། ཆ་དང་ཆ་ཅན་དངོས་པོ་ཁོ་ན་ལ་རྩི་བ་ནི་བློ་གྲོས་ཆུངས་པའི་སྐྱོན་ནོ། །གྲུབ་མཐས་བློ་མ་བསྒྱུར་བ་ལ་གྲགས་པའི་བརྫུན་པ་ནི་དབུ་མ་པ་འདོད་པའི་བརྫུན་པ་དང་དོན་མི་གཅིག་པས་བློས་བཞག་ཀྱང་དེ་དག་ལ་གྲགས་པ་ལྟར་ཡིན་གྱི། རང་ལུགས་ལ་དེ་ཙམ་ལ་བློས་བཞག་ཏུ་མི་འདོད་དོ། །དེ་ལྟར་ན་བློ་ལ་སྣང་བའི་དབང་གིས་བཞག་པ་མིན་པའི་སྡོད་ལུགས་མེད་ཀྱང་། དེའི་དབང་གིས་བཞག་པའི་སྡོད་ལུགས་མིང་དུ་བཏགས་པ་ཙམ་མིན་པ་ཅིག་ཡོད་པ་ལུགས་འདི་ལ་མི་འགལ་བས། དབུ་མ་པ་གཉིས་ཀྱི་དགག་བྱ་ལ་བློའི་ངོར་མི་འདྲ་བ་ཆེན་པོ་འོང་ངོ་། །དེ་ལྟར་གྱི་གང་ཟག་ལ་ལུགས་འདིའི་བདེན་པ་དང་བདེན་འཛིན་གྱི་ངོས་འཛིན་དང་། དེ་འགོག་པའི་རིགས་པ་མདོར་བསྡུས་ལ་ལེགས་པར་
ཁྲིད་ནས། དེའི་འོག་ཏུ་ཐལ་འགྱུར་བའི་ལུགས་བསྟན་ན་ལྟ་བ་དམིགས་ལེགས་པར་ཕྱེད་པར་མཐོང་ནས་འདིར་བཤད་པ་ཡིན་ནོ། །གཉིས་པ་ནི། ལུགས་འདི་ལ་ཆོས་རྣམས་རྟོག་པའི་དབང་གིས་བཞག་པ་ཙམ་གྱི་འཇོག་ཚུལ་ཤེས་ན། དེ་ལས་བཟློག་སྟེ་འཛིན་པའི་བདེན་འཛིན་བདེ་བླག་ཏུ་ཤེས་པར་འགྱུར་བས། འདི་ལ་གཉིས། ཆོས་རྣམས་རྟོག་པའི་དབང་གིས་འཇོག་ཚུལ་དང་། དེ་ལས་བཟློག་སྟེ་འཛིན་པའི་བདེན་འཛིན་བསྟན་པའོ། །དང་པོ་ནི། ཉེ་བར་འཁོར་གྱིས་ཞུས་པ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། ཞེས་ཆོས་རྣམས་རྟོག་པའི་དབང་གིས་བཞག་པར་གསུངས་ཏེ། ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དང་རྟོག་པའི་དབང་གིས་བཞག་པར་གསུངས་པ་གཞན་ཡང་མང་ངོ་། །རིགས་པ་དྲུག་ཅུ་པ་ལས་ཀྱང་། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །ཅེས་གསུངས་པའི་དོན་འགྲེལ་པར་འཇིག་རྟེན་རྣམས་རང་གི་ངོ་བོས་མ་གྲུབ་པ་རྟོག་པས་བཏགས་པ་ཙམ་དུ་བཤད་ཅིང་། བརྒྱ་པ་ལས་ཀྱང་། རྟོག་པ་མེད་པར་འདོད་ཆགས་ལ། །སོགས་
ལ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་གསུངས་ཤིང་དེའི་འགྲེལ་པ་ལས་ཀྱང་། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང་། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི། གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་གསུངས་ཏེ་ཡང་དག་དོན་ནི་རང་གི་ངོ་བོས་གྲུབ་པའོ། །རྟོག་པ་ནི་དེ་ལ་བལྟོས་ཏེ་སྐྱེ་བའོ། །འགྲེལ་པ་དེར་ཆགས་སོགས་རྣམས་ཐག་པ་ལ་སྦྲུལ་དུ་བཏགས་པ་ལྟར་གསུངས་པ་ནི་མཚོན་པ་ཙམ་སྟེ། ཆོས་གཞན་ཐམས་ཅད་ཀྱང་ཐག་པ་ལ་སྦྲུལ་དུ་བཏགས་པ་ལྟར་རྟོག་པས་བཞག་པར་འཆད་པའོ། །དེ་ལ་ཁྲ་བོའི་མདོག་དང་འཁྱིལ་ལུགས་སྦྲུལ་དང་འདྲ་ཞིང་། ཡུལ་མི་གསལ་བར་སྣང་བ་ན་ཐག་པ་ལ་འདི་སྦྲུལ་ལོ་སྙམ་པ་འབྱུང་ངོ་། །དེའི་ཚེ་ཐག་པ་ལ་ཐག་པའི་ཚོགས་པ་དང་ཆ་ཤས་སྦྲུལ་གྱི་མཚན་གཞིར་འཇོག་རྒྱུ་ཅུང་ཟད་ཀྱང་མེད་པས། དེའི་སྦྲུལ་ནི་རྟོག་པས་བཏགས་པ་ཙམ་མོ། །དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པ་འབྱུང་བ་ན། ཕུང་པོའི་སྟེང་ནས་སྔ་ཕྱིའི་རྒྱུན་གྱི་ཚོགས་པ་དང་། དུས་གཅིག་པའི་ཚོགས་པ་དང་དེའི་ཆ་ཤས་དེའི་མཚན་གཞིར་འཇོག་རྒྱུ་ཅུང་ཟད་ཀྱང་མེད་དེ་རྒྱས་པར་འོག་ནས་འཆད་དོ། །དེའི་ཕྱིར་དང་ཕུང་པོའི་ཆ་དང་ཆ་ཅན་ལས་ངོ་བོ་ཐ་དད་པའི་དེའི་གཞིར་འཛིན་རྒྱུ་ཡང་ཅུང་ཟད་ཀྱང་མེད་པས། ང་དེ་ནི་རྟོག་པས་
ཕུང་པོ་ལ་བརྟེན་ནས་བཞག་པ་ཙམ་ཡིན་གྱི། རང་གི་ངོ་བོས་གྲུབ་པ་མེད་དོ། །འདི་ནི་རིན་ཆེན་འཕྲེང་བ་ལས་ཀྱང་གསུངས་ཏེ། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །ཞེས་སོ། །དེ་ལ་སྐྱེས་བུ་ནི་གང་ཟག་དང་སེམས་ཅན་དང་ང་དང་བདག་གོ །ས་མིན་ནས་རྣམ་ཤེས་མ་ཡིན་པའི་བར་གྱིས་སེམས་ཅན་གྱི་ཁམས་དྲུག་གི་ཆ་ཤས་དང་། ཀུན་མིན་གྱིས་ཁམས་ཀྱི་ཚོགས་པ་གང་ཡང་གང་ཟག་ཏུ་འཇོག་པ་བཀག་གོ །ཚིག་ཐ་མས་ཁམས་ལས་ངོ་བོ་ཐ་དད་པ་གང་ཟག་ཏུ་འཇོག་པ་བཀག་གོ །དེ་ལྟ་ནའང་གང་ཟག་ཁས་མི་ལེན་པ་ནི་མིན་ལ། ཀུན་གཞི་རྣམ་ཤེས་སོགས་གང་ཟག་ཏུ་བཞེད་པ་ཡང་མིན་པས། འགྲེལ་པ་མཛད་པས་བཀྲལ་བ་ལྟར་འཕགས་པ་ཡང་བཞེད་དོ། །གང་ཟག་རྟོག་པས་བཞག་ལུགས་དེ་ལྟར་ཤེས་ན། ཆོས་གཞན་ཐམས་ཅད་ཀྱང་རྟོག་པས་བཞག་ལུགས་དེ་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཞེས་དང་། འཕགས་པ་སྡུད་པ་ལས་ཀྱང་། བདག་ཇི་འདྲ་དེ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། །སེམས་ཅད་ཐམས་ཅད་ཇི་འདྲ་དེ་འདྲར་ཆོས་ཀུན་ཤེས། ཞེས་གསུངས་ཤིང་། རིན་ཆེན་འཕྲེང་བ་ལས་ཀྱང་། སྐྱེས་བུ་ཁམས་དྲུག་འདུས་པའི་
ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་གསལ་བར་གསུངས་སོ། །རྐང་པ་དང་པོའི་དོན་ནི་སྐྱེས་བུ་ཁམས་དྲུག་འདུས་པ་ལ་བརྟེན་ནས་བཏགས་པའི་ཕྱིར་ཞེས་པའོ། །རྐང་པ་གསུམ་པ་དང་བཞི་པའི་དོན་ནི་ཆ་དང་ཆ་ཅན་མེད་པ་མི་སྲིད་པས། ཁམས་རེ་རེ་ཡང་རང་གི་ཆ་དུ་མ་འདུས་པ་ལ་བརྟེན་ནས་བཏགས་པའི་ཕྱིར། ཡང་དག་ཏུ་སྟེ་རང་གི་ངོ་བོས་གྲུབ་པ་མིན་པའོ། །དེ་ཡང་ཆ་ཤས་འདུས་པ་ལ་བརྟེན་ནས་བཏགས་པ་ཡིན་ན། ཆ་ཤས་དང་ཆ་ཅན་དེ་དེའི་གཞིར་འཇོག་ཏུ་མི་རུང་ལ། དེ་གཉིས་ལས་ངོ་བོ་ཐ་དད་པ་ཡང་དེའི་གཞིར་མི་སྲིད་པའོ། །བུམ་པ་ལ་སོགས་པ་རྣམས་རྟོག་པས་བཞག་ལུགས་ཀྱི་ཆ་དེ་ཙམ་ཞིག །ཐག་པ་ལ་སྦྲུལ་དུ་བཏགས་པ་དང་འདྲ་བ་ཡིན་ཀྱང་། བུམ་སོགས་རྣམས་དང་ཐག་པའི་སྦྲུལ་གཉིས་ཡོད་མེད་དང་བྱ་བ་བྱེད་པར་ནུས་མི་ནུས་སོགས་ནི་གཏན་མི་འདྲ་སྟེ། དེ་གཉིས་ཀྱི་ཐ་སྙད་ངེས་པར་བྱ་དགོས་མི་དགོས་དང་། ཐ་སྙད་བྱེད་པ་ལ་གནོད་པ་ཡོད་མེད་སོགས་རྣམ་པ་ཐམས་ཅད་དུ་མི་མཚུངས་པའི་ཕྱིར་རོ། །རྟོག་པས་བཞག་པ་དེ་ལ་རང་རང་གི་བྱ་བྱེད་འཐད་པ་ནི། ཚིག་དང་དོན་གྱི་འགྲེལ་མཛད་རྣམས་ཀྱི་ནང་ནས། སངས་རྒྱས་བསྐྱངས་དང་ཞི་བ་ལྷ་དང་སློབ་དཔོན་འདི་གསུམ་གྱིས་འཕགས་པ་ཡབ་སྲས་གཉིས་ཀྱི་འགྲེལ་ལུགས་ཐུན་མོང་མ་ཡིན་པའོ། །དབུ་མའི་ལྟ་བ་མཐར་ཐུག་པའི་དཀའ་ས་
ཡང་འདི་ཉིད་དོ། །དེ་ལྟར་བྱས་ན་རིན་ཆེན་འཕྲེང་བ་ལས། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཚོར་དང་འདུ་ཤེས་འདུ་བྱེད་དང་། །རྣམ་ཤེས་འབྱུང་བ་ལྟ་བུ་དང་། །བདག་བཞིན་དུ་ནི་བསམ་བྱ་སྟེ། །དེ་ཕྱིར་ཁམས་དྲུག་བདག་མེད་དོ། །ཞེས་དང་། ཐ་སྙད་གདགས་པ་མ་གཏོགས་པར། །གང་ཞིག་ཡོད་དམ་མེད་འགྱུར་བའི། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད། །ཅེས་དོན་དམ་པར་མིང་ཙམ་ཡང་མེད་པ་དང་། ཐ་སྙད་དུ་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་གཏོགས་པ་ཅི་ཡང་མེད་པར་གསུངས་པ་ལྟར་མིང་དུ་བཏགས་པ་ཙམ་དུ་གནས་སོ། །དེ་རྣམས་ལེགས་པར་ཤེས་ན་ཆོས་ཐམས་ཅད་བརྟེན་ནས་གཞག་དགོས་པ་དང་། བརྟེན་ནས་བཏགས་པ་དང་བརྟེན་ནས་སྐྱེས་པ་ཉིད་ཀྱིས་རང་གི་ངོ་བོས་གྲུབ་པ་མེད་པ་དང་། ཐ་སྙད་གཞན་གྱི་དབང་གིས་བཞག་པ་མིན་པའི་རང་དབང་བའི་ངོ་བོ་མེད་པ་དང་། ཆེས་གང་ཡོད་པར་འཇོག་ནའང་བཏགས་དོན་མ་བཙལ་བར་འཇོག་པ་རྣམས་ལེགས་པར་ཤེས་པར་འགྱུར་རོ། །གཉིས་པ་ནི། སྔར་བཤད་པའི་མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མིན་པའི་ཡོད་པར་འཛིན་པ་ནི། བདེན་པ་དང་དོན་དམ་པར་དང་ཡང་དག་ཏུ་གྲུབ་པ་དང་། རང་གི་ངོ་བོས་དང་རང་གི་མཚན་ཉིད་
ཀྱིས་དང་རང་བཞིན་གྱིས་ཡོད་པར་འཛིན་པ་ལྷན་སྐྱེས་ཡིན་ལ། དེས་བཟུང་བའི་ཞེན་ཡུལ་ནི་བརྟག་པ་མཐའ་བཟུང་གི་བདེན་ཚད་དོ། །དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་དམ་ལ་ཚུལ་གཉིས་ཤེས་དགོས་པ་ནི་འདིར་ཡང་འདྲ་ལ། དབུ་མ་རང་རྒྱུད་པ་རྣམས་བདེན་པ་སོགས་གསུམ་དུ་གྲུབ་པ་ཤེས་བྱ་ལ་མི་སྲིད་པར་བཞེད་ཀྱང་། རང་གི་ངོ་བོས་གྲུབ་པ་སོགས་གསུམ་ནི་ཐ་སྙད་དུ་ཡོད་པར་བཞེད་དེ། དེ་ཁོ་ན་ཉིད་ཤིན་ཏུ་ཕྲ་བ་རེ་ཞིག་ལ་བདེ་བླག་ཏུ་རྟོགས་མི་ནུས་པ་རྣམས། དེ་ལ་བཀྲི་བའི་ཐབས་ལ་མཁས་པ་ཆེན་པོར་མཐོང་ངོ་། །དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཡུལ་ཅན་ཐ་སྙད་ཀྱི་རྟོག་པ་གཞན་ལ་རག་མ་ལས་པ་སྟེ། དེའི་དབང་གིས་བཞག་པ་མིན་པའི་རང་བཞིན་དེ་ཉིད་ལ་དགག་བྱའི་བདག་ཅེས་བྱ་ལ། དེ་ཉིད་ཁྱད་གཞི་གང་ཟག་གི་སྟེང་དུ་མེད་པ་ནི་གང་ཟག་གི་བདག་མེད་དང་། མིག་སྣ་སོགས་ཆོས་ཀྱི་སྟེང་དུ་མེད་པ་ནི་ཆོས་ཀྱི་བདག་མེད་དུ་གསུངས་པས། རང་བཞིན་དེ་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི་བདག་གཉིས་ཀྱི་འཛིན་པར་ཤུགས་ཀྱིས་རྟོགས་ཏེ། བརྒྱ་པའི་འགྲེལ་པ་ལས། དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་ཞེས་བྱའོ། །ཞེས་པ་ལྟར་ཏེ། འདི་ཉིད་
ལས་ཀྱང་། ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། ཞེས་བདག་མེད་གཉིས་དགག་བྱའི་སྒོ་ནས་མ་ཕྱེ་བར་གཞི་ཆོས་ཅན་གྱིས་འབྱེད་པར་བཤད་དོ། །བདག་འཛིན་གྱི་འཇིག་ལྟ་ལྷན་སྐྱེས་ལ་ནི་རྩ་བར་ཕུང་པོ་དམིགས་པ་ཡིན་པ་བཀག་ཅིང་། འགྲེལ་པར་བརྟེན་ནས་བཏགས་པའི་བདག་དམིགས་པར་གསུངས་པས། ངའོ་སྙམ་པ་ཙམ་ཞིག་སྐྱེ་བའི་དམིགས་པའི་ང་ཙམ་དང་། གང་ཟག་ཙམ་ཞིག་ལ་དམིགས་པར་བྱའོ། །རྣམ་པ་ནི་རང་འགྲེལ་ལས། ངར་འཛིན་པས་ཡོད་པ་མ་ཡིན་པའི་བདག་ཡོད་དོ་སྙམ་དུ་ཉེ་བར་བརྟགས་ནས། འདི་ཉིད་དུ་བདེན་པར་མངོན་པར་ཞེན་ཅིང་། ཞེས་གསུངས་པས་ང་དེ་བདེན་པར་གྲུབ་པར་འཛིན་པའོ། །གཞན་ཡང་རང་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ང་དང་ངའི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་པ་ལྟར་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ལ་ངའོ་སྙམ་པའི་བློ་ངང་གིས་སྐྱེ་བ་དགོས་པས། རྒྱུད་གཞན་གྱི་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ལྷན་སྐྱེས་གང་ཟག་གི་བདག་འཛིན་ལྷན་སྐྱེས་ཡིན་ཀྱང་འཇིག་ལྟ་ལྷན་སྐྱེས་མིན་ནོ། །ང་དང་ངའི་སྙམ་པའི་རྣམ་པར་ཞུགས་ཞེས་པས་ནི་ང་ཙམ་དང་ང་ཡི་བ་ཙམ་འཛིན་སྟངས་ཀྱི་རྣམ་པའི་ཡུལ་དུ་སྟོན་པ་མིན་གྱི། དེ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྣམ་
པ་ཅན་དུ་སྟོན་པའོ། །བདག་གིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ནི། ང་ཡི་བ་ཉིད་ཡིན་གྱི། རང་གི་མིག་སོགས་དམིགས་པར་མི་བཟུང་ངོ་། །རྣམ་པ་ནི་དམིགས་པ་དེ་ལ་དམིགས་ནས་ང་ཡི་བ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའོ། །འོ་ན་བདག་གི་འདི་ཞེས་ཞེས་པའི་རང་འགྲེལ་ལས། འདི་ནི་བདག་གིའོ་སྙམ་དུ་ངར་འཛིན་པའི་ཡུལ་ལས་གཞན་པའི་དངོས་པོའི་རྣམ་པ་མ་ལུས་པ་ལ་མངོན་པར་ཞེན་པ་ཡིན་ནོ། །ཞེས་མིག་ལ་སོགས་པའི་གཞི་ལ་དམིགས་ནས་འདི་ནི་བདག་གི་ཡིན་ནོ་སྙམ་དུ་ཞེན་པ་བདག་གིར་འཛིན་པར་བཤད་པ་ཇི་ལྟར་ཡིན་སྙམ་ན། དེ་ནི་མིག་སོགས་རྣམས་བདག་གི་བར་མཐོང་ནས་བདག་གི་བ་ལ་བདེན་པར་མངོན་པར་ཞེན་པའི་དོན་ཡིན་གྱི། བདག་གི་བའི་མཚན་གཞི་མིག་སོགས་དམིགས་པར་སྟོན་པ་མིན་ཏེ། དེ་ལྟར་མ་ཡིན་ན་འཇིག་ལྟ་དང་ཆོས་ཀྱི་བདག་འཛིན་གཉིས་མི་འགལ་བར་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ནི། རང་གཞན་གྱི་རྒྱུད་ཀྱི་གཟུགས་ཕུང་སོགས་དང་། མིག་རྣ་སོགས་དང་། རྒྱུད་ཀྱིས་མ་བསྡུས་པའི་སྣོད་ལ་སོགས་པའོ། །རྣམ་པ་ནི་སྔར་བཤད་པ་ལྟར་རོ། །དེ་ལྟར་བདག་གཉིས་སུ་འཛིན་པ་དེ་ནི་འཁོར་བར་འཆིང་བའི་མ་རིག་པ་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེས་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་
གསུངས། །དེ་ལས་ཡང་ལག་བཅུ་གཉིས་འབྱུང་། །ཞེས་ཆོས་ཀྱི་དངོས་པོ་ལ་དམིགས་ནས་ཡང་དག་ཏུ་གྲུབ་པར་འཛིན་པ་འཁོར་བའི་རྩ་བའི་མ་རིག་པར་གསུངས་ཏེ། ཆོས་ཀྱི་བདག་འཛིན་དེ་ལས་གང་ཟག་གི་བདག་འཛིན་གྱི་མ་རིག་པ་འབྱུང་བས། དེ་ལས་བཅུ་གཉིས་འབྱུང་བར་བཤད་དོ། །མ་རིག་པ་དེ་ལྡོག་པ་ལ་དེས་ཇི་ལྟར་བཟུང་བས་སྟོང་པ་དང་། ཇི་ལྟར་བཟུང་བའི་བདག་མེད་པར་མཐོང་བ་དགོས་ཏེ། སྟོང་ཉིད་བདུན་ཅུ་པ་ལས། །ཡང་དག་མཐོང་ཕྱིར་དངོས་སྟོང་པར། །ལེགས་ཤེས་མ་རིག་མི་འབྱུང་བ། །དེ་ནི་མ་རིག་འགག་པ་ཡིན། །དེ་ཕྱིར་ཡན་ལག་བཅུ་གཉིས་འགག །ཅེས་དང་། ཆོས་དབྱིངས་བསྟོད་པ་ལས་ཀྱང་། བདག་དང་བདག་གི་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་བརྟགས་པ། །བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་དང་། བཞི་བརྒྱ་པ་ལས་ཀྱང་། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་གསུངས་
པའི་གཏི་མུག་ནི་དུག་གསུམ་གྱི་ཡ་གྱལ་གྱི་གཏི་མུག་ངོས་འཛིན་པའི་སྐབས་ཡིན་པས། ཉོན་མོངས་ཅན་གྱི་མ་རིག་པ་ཡིན་ཞིང་། མ་རིག་པ་དེ་ལྡོག་པ་ལ་སྟོང་པ་རྟེན་འབྱུང་གི་དོན་དུ་ཤར་བའི་རྟེན་འབྲེལ་ཟབ་མའི་དོན་རྟོགས་དགོས་པར་གསུངས་སོ། །འགྲེལ་པ་མཛད་པས་ཀྱང་། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་བདག་འཛིན་གྱི་ཡུལ་སུན་ཕྱུང་བའི་ཚུལ་གྱིས་བདག་མེད་རྟོགས་དགོས་པར་གསུངས་སོ། །དེའི་ཕྱིར་བདག་འཛིན་གྱི་ཡུལ་སུན་མ་ཕྱུང་བར་དེར་ཡུལ་ལ་ཡིད་ཕར་འགྲོ་བ་ཚུར་བསྡུས་པ་ཙམ་བྱས་ཀྱང་། དེས་ནི་བདག་མེད་ལ་ཞུགས་པར་འཇོག་མི་ནུས་པའི་ཕྱིར་རོ། །དེའི་རྒྱུ་མཚན་ནི་ཡིད་ཡུལ་ལ་འཇུག་པ་ན་དམིགས་པ་དེ་བདེན་པར་འཛིན་པ་ཅིག་དང་། བདེན་མེད་དུ་འཛིན་པ་ཅིག་དང་། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་འཛིན་པ་ཅིག་དང་གསུམ་ཡོད་པས། བདེན་མེད་དུ་མ་བཟུང་ཡང་བདེན་པར་འཛིན་མི་དགོས་པ་བཞིན་དུ། བདག་གཉིས་ལ་མ་ཞུགས་ཀྱང་བདག་མེད་གཉིས་ལ་ཞུགས་མི་དགོས་ཏེ། བློ་ཕུང་པོ་གསུམ་པ་ལ་གནས་པ་མཐའ་ཡས་པ་ཅིག་ཡོད་པའི་ཕྱིར་རོ། །བདག་ཏུ་འཛིན་པ་གཉིས་ཀྱང་རང་རྒྱུད་ཀྱི་སྟེང་དུ་ངོས་བཟུང་ནས། རང་གང་ལ་འཁྲུལ་བའི་གཞི་དེ་ཉིད་ཇི་ལྟར་བཟུང་བ་ལྟར་དུ་མེད་པར་གཏན་ལ་འབབ་དགོས་ཀྱི། དེ་ལྟ་མིན་པར་ཁ་ཕྱིར་ལྟའི་དགག་སྒྲུབ་ནི། རྐུན་མ་ནགས་ལ་སོང་བའི་རྗེས་སྤང་ལ་རྩད་གཅོད་པ་དང་འདྲ་བས་
གནད་དུ་མི་འགྲོའོ། །དེ་ལྟར་བདེན་འཛིན་ལེགས་པར་ངོས་ཟིན་ན། བདག་འཛིན་གཉིས་མིན་པའི་རྟོག་པ་དུ་མ་ཅིག་ཡོད་པ་ཤེས་པར་འགྱུར་བས། རྟོག་པས་གང་བཟུང་གི་ཡུལ་ཐམས་ཅད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་འགོག་པར་འདོད་པའི་ལོག་རྟོག་ཐམས་ཅད་ལྡོག་པར་འགྱུར་རོ། །འདི་དག་ལས་བརྩམས་པའི་བཤད་དགོས་པ་མང་དུ་ཡོད་ནའང་། འགའ་ཞིག་ནི་གཞན་མང་པོར་བཤད་ཟིན་ལ། འགའ་ཞིག་ནི་འོག་ཏུ་འཆད་པར་འགྱུར་བས་འདིར་མ་སྤྲོས་སོ། །གཉིས་པ་ལ་གཉིས། ཆོས་ཀྱི་བདག་མེད་རིགས་པས་བསྒྲུབ་པ་དང་། གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པའོ། །དང་པོ་ལ་བཞི། མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཀར་དགག་པ། དེ་ལྟར་བཀག་པ་ལ་རྩོད་པ་སྤང་བ། རྟེན་འབྱུང་གི་སྐྱེ་བ་ཉིད་ཀྱིས་མཐར་འཛིན་གྱི་ལོག་རྟོག་འགོག་ཚུལ། རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་གཟུང་བའོ། །དང་པོ་ལ་གསུམ། རང་བཞིན་གྱིས་སྐྱེ་བ་མེད་པའི་དམ་བཅའ་བཞག་པ། དེ་རིགས་པས་སྒྲུབ་པའི་སྒྲུབ་བྱེད་བསྟན་པ། མཐའ་བཞིའི་སྐྱེ་བ་བཀག་པས་གྲུབ་པའི་དོན་ནོ། །དང་པོ་ནི། སྔར་བཤད་པའི་མཉམ་པ་ཉིད་བཅུའི་ནང་ནས་རང་བཞིན་གྱིས་སྐྱེ་བ་མེད་པར་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱིས། ཆོས་མཉམ་པ་ཉིད་གཞན་རྣམས་བསྟན་པ་སླ་བར་དགོངས་ཏེ། འཕགས་
པས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་དོ། །ནམ་ཡང་དང་གཞར་ཡང་ནི་རྣམ་གྲངས་སོ། །གང་ན་ཡང་ཞེས་པའི་སྒྲ། འགར་ཡང་གི་སྒྲའི་རྣམ་གྲངས་གང་དུ་མི་སྐྱེ་བའི་གཞི་སྟོན་པ་རྟེན་གྱི་ཚིག་གིས་ནི། ཡུལ་དང་དུས་དང་གྲུབ་པའི་མཐའ་བཤད་དོ། །གཞི་དེ་གསུམ་དུ་གང་ཞིག་མི་སྐྱེ་བའི་གང་དག་གིས་སྒྲ་རྟེན་པའི་ཚིག་ནི། ཕྱི་ནང་གི་དངོས་པོ་བརྗོད་པའོ། །དེས་ན་བདག་ལས་ཞེས་སོགས་ཀྱི་གཞུང་གི་དོན་ནི། ཕྱི་ནང་གི་དངོས་པོ་རྣམས་ནི་ཡུལ་དུས་གྲུབ་པའི་མཐའ་འགར་ཡང་བདག་ལས་སྐྱེ་བ་སྲིད་པ་མ་ཡིན་ནོ། །ཞེས་འདི་ལྟར་སྦྱར་ཏེ་བཤད་པར་བྱའོ། །དེ་བཞིན་དུ་དངོས་པོ་རྣམས་ནི་ནམ་ཡང་གཞན་ལས་དང་། གཉིས་ཀ་ལས་དང་རྒྱུ་མེད་ལས་སྐྱེ་བ་སྲིད་པ་མ་ཡིན་ནོ། །ཞེས་དམ་བཅའ་གཞན་གསུམ་ལ་ཡང་སྦྱར་རོ། །ཚིག་གསལ་ལས། བདག་ལས་དངོས་པོ་གང་དག་ཅེས་བསྒྱུར་ཡང་འགྱུར་འདི་ལེགས་སོ། །ཡུལ་གྱི་དབང་གིས་ཡུལ་འགའ་ཞིག་ཏུ་གུར་ཀུམ་མི་སྐྱེ་བ་དང་། དུས་ཀྱི་དབང་གིས་དུས་འགའ་ཞིག་གི་ཚེ་ལོ་ཏོག་མི་སྐྱེ་བ་ལྟ་བུ་ཡིན་ནམ་སྙམ་པ། ཡུལ་དུས་གང་ན་ཡང་ཞེས་པས་འགོག་པས་ནམ་ཡང་ཞེས་སྨོས་པ་དོན་མེད་པ་མིན་ནོ། །དབུ་མ་པའི་གྲུབ་མཐའི་དབང་གིས་མི་སྐྱེ་ཡང་། །དངོས་པོར་སྨྲ་བའི་གྲུབ་མཐའི་དབང་གིས་སྐྱེའོ་
སྙམ་པ། གྲུབ་མཐའ་གང་ན་ཡང་ཞེས་པས་འགོག་པས། དངོས་པོར་སྨྲ་བའི་ལུགས་ལ་མི་སྐྱེ་ཞེས་སྟོན་པ་མིན་ནོ། །རང་འགྲེལ་ལས་འདིར་མ་ཡིན་ཞེས་བྱ་བ་འདི་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་འབྲེལ་གྱི། ཡོད་པ་དང་ནི་མ་ཡིན་ཏེ། དེ་དགག་པ་དོན་གྱིས་འགྲུབ་པའི་ཕྱིར་རོ། །ཞེས་གསུངས་པའི་དོན་ནི་རྐང་པ་ཕྱི་མ་གཉིས་ཀྱིས་དམ་བཅའ་དང་། སྔ་མ་གཉིས་ཀྱིས་རྟགས་བསྟན་པར་འཆད་པ་ལྟར་སོ་སོར་མི་གཅོད་པར། བདག་ལས་སྐྱེ་བ་ཡོད་པ་མ་ཡིན། ཞེས་སྦྲེལ་བར་བྱ་ཞེས་པ་སྟེ་གཞན་གསུམ་ལའང་དེ་ལྟར་སྦྲེལ་ལོ། །རང་བཞིན་གྱིས་སྐྱེ་བ་ཡོད་ན་དེའི་སྒྲུབ་བྱེད་དུ་མཐའ་བཞིའི་སྐྱེ་བ་གང་རུང་ཁས་བླང་དགོས་པས་ཡོད་པའི་སྒྲུབ་བྱེད་ཅེས་སྨོས་སོ། །མཐའ་བཞིའི་སྐྱེ་བ་ཁེགས་ན་རང་བཞིན་གྱིས་སྐྱེ་བ་དགག་པ་ཡང་ཤུགས་ཀྱིས་འགྲུབ་པས། དེ་ལྟར་སྦྱར་བ་ལ་རང་བཞིན་གྱིས་སྐྱེ་མེད་མི་འགྲུབ་པའི་སྐྱོན་མེད་པ་ནི་ཚིག་ཐ་མའི་དོན་ནོ། །དེས་ན་དབུ་མ་སྣང་བར་བཤད་པ་ལྟར་མཐའ་བཞིའི་སྐྱེ་བ་བཀག་པ་རྟགས་སུ་བྱས་ནས། རང་བཞིན་གྱིས་སྐྱེ་མེད་སྒྲུབ་པ་མི་རུང་ཞེས་པ་མིན་གྱི། སྔར་ལྟར་སོ་སོར་གཅོད་པ་གཞུང་དེའི་དོན་མིན་ཞེས་པའོ། །དངོས་པོ་རྣམས་ཡུལ་དུས་གྲུབ་པའི་མཐའ་འགར་ཡང་གཞན་ལས་སྐྱེ་བ་སྲིད་པ་མ་ཡིན། ཞེས་སྦྱར་བ་དང་། ཚིག་གསལ་ལས་ཀྱང་། རྐྱེན་ཉིད་འདི་པ་ཙམ་
གྱིས་ཀུན་རྫོབ་གྲུབ་པར་ཁས་ལེན་གྱི། ཕྱོགས་བཞི་ཁས་བླངས་པའི་སྒོ་ནས་ནི་མ་ཡིན་ཏེ། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བར་ཐལ་བར་འགྱུར་པའི་ཕྱིར་དང་། ཞེས་གསུངས་པས་གཞན་སྐྱེ་ནི་གསུང་རབ་ཀྱི་ཐ་སྙད་མིན་གྱི་གྲུབ་མཐའ་སྨྲ་བའི་ཐ་སྙད་ཡིན་ལ། དེ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ལ་བསམས་ནས་བྱས་པས། དེ་ཁས་བླངས་ན་རང་བཞིན་དང་བཅས་པར་སྨྲ་བར་འགྱུར་བའི་ཕྱིར། ལུགས་འདི་ལ་ནི་གཞན་སྐྱེ་ཐ་སྙད་དུ་ཡང་མེད་དོ། །རྒྱུ་འབྲས་གཉིས་ངོ་བོ་ཐ་དད་པར་ཐ་སྙད་དུ་འདོད་མོད་ཀྱང་དེ་ཙམ་གཞན་སྐྱེའི་དོན་མིན་ཏེ། ཐ་སྙད་དུ་ཆོས་རེ་རེས་ཀྱང་ངོ་བོ་གཉིས་གཉིས་འཛིན་པར་གསུངས་པ་ལྟར་ངོ་བོ་གྲུབ་པ་ཡོད་ཀྱང་། རང་བཞིན་གྱིས་སྐྱེ་བའི་ངོ་བོར་མི་འདོད་པ་བཞིན་ནོ། །ཚིག་གསལ་ལས་དངོས་པོ་བདག་ལས་སྐྱེ་བ་མེད་པའི་དམ་བཅའ་མེད་དགག་ཏུ་བཤད་པ་ནི། དམ་བཅའ་གཞན་གསུམ་ལ་ཡང་འདྲ་བས། རང་བཞིན་མེད་པར་གཏན་ལ་འབེབས་པའི་སྐབས་སུ་བསྒྲུབ་བྱ་ནི་དགག་བྱ་བཅད་ཙམ་གྱི་མེད་པར་དགག་པ་ཡིན་ཏེ། ཚིག་གསལ་ལས། འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །བྱ་བ་ལ་སོགས་པ་འབྱུང་བས་ན། མེད་པར་དགག་པ་བརྗོད་པར་འདོད་པའི་ཕྱིར། དངོས་པོ་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །རང་འགྲེལ་ལས་དམ་བཅའ་བ་བཞི་
པོ་དེ་རྗེས་སུ་བརྗོད་ནས་རིགས་པས་བསྒྲུབ་པའི་ཕྱིར་བཤད་པ། ཞེས་གསུངས་ཤིང་། འོག་ནས་མཐའ་བཞིའི་སྐྱེ་བ་བཀག་པ་རྟགས་སུ་བྱས་ནས། དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་དང་བྲལ་བར་གསུངས་པ་དང་། ཚིག་གསལ་ལས་ཀྱང་མཐའ་བཞིའི་སྐྱེ་བ་བཀག་པའི་མཐར། དེའི་ཕྱིར་སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་བསྒྲུབ་པ་ཡིན་ལ། ཞེས་གསུངས་པས་དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་པ་སྒྲུབ་པར་མི་འདོད་པ་མིན་ནོ། །ཚིག་གསལ་ལས། རྗེས་སུ་དཔག་པ་དག་ནི་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ནི་སྦྱོར་བ་རྣམས་ཀྱིས་ཕ་རོལ་པོས་རང་བཞིན་གྱིས་ཡོད་པར་དམ་བཅས་པ་འགོག་པ་ཙམ་དུ་ཟད་ཀྱི། །དེ་ལས་གཞན་མི་སྒྲུབ་པའི་དོན་ཡིན་གྱི་བཀག་པ་ཙམ་སྒྲུབ་པ་འགོག་པ་མིན་ནོ། །དེ་བཞིན་དུ། ཁོ་བོ་ཅག་འདི་མེད་པ་དང་ཡོད་པར་མི་སྒྲུབ་ཀྱི། གཞན་གྱིས་ཡོད་པར་བཏགས་པ་དང་མེད་པར་བཏགས་པ་འགོག་སྟེ། མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། །ཞེས་གསུངས་པ་ཡང་ཕ་རོལ་པོས་ཁས་བླངས་པའི་ཡོད་མཐའ་དང་། མེད་མཐའ་གཉིས་རྣམ་པར་གཅོད་པ་ཙམ་ཡིན་གྱི། དེ་མ་གཏོགས་པ་གཞན་མི་སྒྲུབ་ཅེས་པའི་དོན་ནོ། །མཐའ་གཉིས་བཀག་པ་ཙམ་མ་བསྒྲུབས་པ་ཡང་མ་ཡིན་ཏེ། མཐའ་གཉིས་
བསལ་ནས་དབུ་མའི་ལམ་སྒྲུབ་པར་གསུངས་པས་སོ། །རང་བཞིན་གྱིས་གྲུབ་པ་མེད་པ་ཡང་མིན་ན་ནི་ཕུང་གསུམ་མེད་པས་རང་བཞིན་གྱིས་ཡོད་པ་ཡིན་ཏེ། རྩོད་ཟློག་ལས། གལ་ཏེ་རང་བཞིན་མེད་ཉིད་ཀྱིས། །ཅི་སྟེ་རང་བཞིན་མེད་ལ་བཟློག །རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །དེ་འདྲ་བའི་བསྒྲུབ་བྱ་དང་སྒྲུབ་བྱེད་ཁས་ལེན་ཀྱང་རང་རྒྱུད་པར་མི་འགྱུར་བའི་རྒྱུ་མཚན་ནི། རྒྱས་པར་གཞན་དུ་ཡང་ཡང་བཤད་ཟིན་པས་མ་སྤྲོས་སོ། །འོ་ན་དགག་པ་གཉིས་ཀྱི་མཚན་ཉིད་ཇི་ལྟ་བུ་ཞེ་ན། སྤྱིར་དགག་པ་ནི་བློས་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་ཡིན་པས། །རང་མ་ཡིན་བཅད་པ་ལྟ་བུ་དངོས་པོ་ལ་དགག་བྱ་བཅད་པ་ཙམ་དགག་པ་མིན་ལ། ཆོས་ཉིད་དང་དོན་དམ་བདེན་པ་ལྟ་བུ་སྒྲས་དགག་བྱ་དངོས་སུ་མ་བཅད་ཀྱང་དེའི་དོན་བློ་ལ་འཆར་བ་ན། སྤྲོས་པ་བཅད་པའི་རྣམ་པ་ཅན་དུ་འཆར་བ་རྣམས་དགག་པ་ཡིན་ནོ། །དེ་ལ་གཉིས་ལས་མེད་དགག་ནི་བློས་དགག་བྱ་དངོས་སུ་བཅད་ནས་ཆོས་གཞན་མི་འཕེན་པའམ་མི་སྒྲུབ་པ་ཡིན་ཏེ། དཔེར་ན་བྲམ་ཟེས་ཆང་འཐུང་དུ་རུང་མི་རུང་དྲིས་པ་ན། ཆང་མི་བཏུང་ངོ་ཞེས་པ་ནི་ཆང་འཐུང་པ་རྣམ་པར་བཅད་པ་ཙམ་ཞིག་ཡིན་གྱི། །དེ་ལས་གཞན་པའི་བཏུང་བ་བཏུང་ངོ་ཞེའམ་མི་བཏུང་ངོ་ཞེས་མི་སྒྲུབ་པ་བཞིན་ནོ། །མ་ཡིན་དགག་ནི་བློས་དགག་བྱ་བཅད་ནས་ཆོས་གཞན་འཕེན་པའམ་སྒྲུབ་
པ་ཡིན་ཏེ། དཔེར་ན་སྐྱེས་བུ་གཅིག་དམངས་རིགས་སུ་སྟོན་འདོད་པ་ན་འདི་བྲམ་ཟེ་མ་ཡིན་ཞེས་པ་ནི། བྲམ་ཟེ་བཀག་པ་ཙམ་མིན་གྱི་བྲམ་ཟེ་ལས་གཞན་པ། དེ་ལས་ཐོས་པ་ལ་སོགས་པས་དམན་པའི་དམངས་རིགས་ཡིན་པར་སྒྲུབ་པ་ལྟ་བུའོ། །ཆོས་གཞན་འཕེན་པ་ལ་དངོས་དང་ཤུགས་དང་སྐབས་ཀྱིས་འཕངས་པ་གསུམ་སྟེ། དང་པོ་ནི། བདག་མེད་པ་ཡོད་ཅེས་པ་ལྟ་བུ་སྟེ་དགག་བྱ་གཅོད་པ་དང་། ཆོས་གཞན་འཕེན་པ་གཉིས་ཀ་ཚིག་གཅིག་གིས་སྒྲུབ་པའོ། །གཉིས་པ་ནི། མཆོད་སྦྱིན་ཚོན་པོ་ཉིན་པར་མི་ཟ་བ་ཞེས་པ་ལྟ་བུ་སྟེ་དོན་གྱིས་བསྟན་པའོ། །དེ་གཉིས་ནི་དངོས་ཤུགས་ལ་འཕངས་པ་རེ་རེ་བ་ཡིན་ལ། གཉིས་ཀ་ལྡན་པ་ནི་མཆོད་སྦྱིན་ཚོན་པོ་ཉིན་པར་མི་ཟ་བ་རིད་པ་མིན་པ་ཡོད་ཅེས་པ་ལྟ་བུའོ། །གསུམ་པ་ནི། སྐྱེས་བུ་ཞིག་རྒྱལ་རིགས་དང་བྲམ་ཟེ་གང་རུང་གཅིག་ཏུ་ངེས་ཤིང་ཁྱད་པར་མ་ངེས་པའི་སྐབས་སུ། འདི་བྲམ་ཟེ་མ་ཡིན་ཞེས་པ་ལྟ་བུ་རང་གི་ཚིག་གིས་མི་སྟོན་པ་སྟེ། ཤེས་རབ་སྒྲོན་མའི་འགྲེལ་བཤད་དུ་དྲངས་པ་ལས། དགག་པ་དོན་གྱིས་བསྟན་པ་དང་། །ཚིག་གཅིག་སྒྲུབ་པར་བྱེད་པ་དང་། །དེ་ལྡན་རང་ཚིག་མི་སྟོན་པ། །མ་ཡིན་གཞན་པ་གཞན་ཡིན་ནོ། །ཞེས་སོ། །ཁ་ཅིག་གཞི་སྒྲུབ་པ་དང་ཚོགས་ན་མེད་དགག་མིན་པར་སྨྲ་བ་མི་འཐད་དེ། བྲམ་ཟེ་སྒྲུབ་པ་ཡིན་པས་བྲམ་ཟེས་ཆང་མི་འཐུང་བ་
དགག་བྱ་བཅད་ཙམ་ཡིན་པ་མི་འགོག་པའི་ཕྱིར་ཏེ། དཔེར་ན་སྒྲ་མངོན་གྱུར་ཡིན་པས་སྒྲ་མི་རྟག་པ་ལྐོག་གྱུར་ཡིན་པ་མི་འགོག་པ་བཞིན་ནོ། །གཞན་དག་གཞི་དང་ཚོགས་ན་ཆོས་གཞན་འཕངས་སོ་ཞེས་པ་ཡང་མི་འཐད་དེ། བྲམ་ཟེ་ལྟ་བུ་ནི་ཆོས་གཞན་འཕེན་མི་འཕེན་རྩི་བའི་གཞི་ཡིན་གྱི། འཕངས་པའི་ཆོས་གཞན་མིན་པའི་ཕྱིར་རོ། །དེ་ལྟར་འཕགས་པའི་དམ་བཅའ་གཞི་འདིར་བཀོད་པ་ནི། འབྲས་བུ་དེ་ཉིད་དེའི་ངོ་བོ་ཉིད་ལས་འབྱུང་བ་མིན་པ་དང་། རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་གཞན་དག་ལས་ལྟ་འབྱུང་བ་ག་ལ་ཞིག་སྟེ་དེ་མེད་པ་དང་། རང་གཞན་གཉིས་ཀ་ལས་ཀྱང་འབྱུང་བ་མ་ཡིན་པ་དང་། རྒྱུ་མེད་པར་ནི་འབྱུང་བ་ག་ལ་ཡོད་དེ་མེད་དོ། །དངོས་པོ་རང་བཞིན་གྱིས་གྲུབ་པ་ཡོད་ན་མཐའ་བཞིའི་སྐྱེ་བ་གང་རུང་གིས་ཁྱབ་སྟེ། རང་བཞིན་གྱིས་སྐྱེ་བ་ལ་རྒྱུ་ཡོད་མེད་གཉིས་སུ་ཁ་ཚོན་ཆོད་ཅིང་། རྒྱུ་ཡོད་པ་ལ་རང་གཞན་རེ་རེ་བ་དང་གཉིས་ཀ་ཚོགས་པ་ལས་སྐྱེ་བ་གསུམ་དུ་ཁ་ཚོན་ཆོད་པས་དམ་བཅའ་བཞིས་ཆོག་གོ །གཉིས་པ་ལ་བཞི། བདག་སྐྱེ་དགག་པ། གཞན་སྐྱེ་དགག་པ། གཉིས་ཀ་ལས་སྐྱེ་བ་དགག་པ། རྒྱུ་མེད་པར་སྐྱེ་བ་དགག་པའོ། །དང་པོ་ལ་གཉིས། འགྲེལ་པ་མཛད་པའི་རིགས་པས་དགག་པ། རྩ་བ་ཤེས་རབ་ཀྱི་རིགས་པས་དགག་པའོ། །དང་པོ་ལ་གསུམ། དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་གྲུབ་མཐའ་མཁན་གྱི་ལུགས་དགག་པ། གྲུབ་མཐས་
བློ་མ་བསྒྱུར་བའི་ཐ་སྙད་དུ་ཡང་མེད་པར་བསྟན་པ། དེ་ལྟར་བཀག་པ་རྣམས་ཀྱི་དོན་བསྡུ་བའོ། །དང་པོ་ལ་གཉིས། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ། རྒྱུ་དང་འབྲས་བུ་གཉིས་ངོ་བོ་གཅིག་པ་དགག་པའོ། །དང་པོ་ལ་གསུམ། ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་ན་དོན་མེད་དུ་ཐལ་བ་དང་། ངོ་བོ་གཅིག་པ་ལས་སྐྱེ་ན་རིགས་པ་དང་འགལ་བ་དང་། དེ་དག་གི་ཉེས་སྤོང་གི་ལན་དགག་པའོ། །དང་པོ་ནི། དངོས་པོ་རྣམས་བདག་ལས་མི་སྐྱེ་བ་འདི་རྒྱུ་མཚན་གང་ལས་ངེས་ཤེ་ན། སྐྱེ་བཞིན་པ་སྐྱེ་བའི་བྱ་བའི་བྱེད་པ་པོ་མྱུ་གུ་དེ་ནི། དེའི་རང་གི་ངོ་བོ་ལས་འབྱུང་ན་དེ་ལྟར་འབྱུང་བ་ལ་འབྱུང་དགོས་པའི་ཡོན་ཏན་ལྷག་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། མྱུ་གུའི་རང་གི་ངོ་བོ་ཡོད་པ་ཉིད་སྔར་རྒྱུའི་དུས་ནས་ཐོབ་ཟིན་པའི་ཕྱིར་རོ། །འདི་ལ་གྲངས་ཅན་པ་རྣམས་རྒྱུ་རྐྱེན་ཕན་ཚུན་སོ་སོ་ཐ་དད་པ་རྣམས་ལ་འབྲས་བུ་ཐུན་མོང་བ་གཅིག་ནི་ཡོད་ལ། དེ་ཡང་རྒྱུ་རྐྱེན་རྣམས་ལ་རང་བཞིན་གཅིག་པའི་གཙོ་བོ་གཅིག་རྗེས་སུ་འགྲོ་བ་མེད་ན་མི་རུང་བས། རྒྱུ་ནས་ཀྱི་རང་བཞིན་གང་ཡིན་པ་ཡང་། རྐྱེན་ཆུ་ལུད་སོགས་ཀྱི་རང་བཞིན་ཡིན་ལ། དེ་བཞིན་དུ་མྱུ་གུའི་རང་བཞིན་དང་དེའི་རྒྱུ་རྐྱེན་གྱི་རང་བཞིན་རྣམས་ཕར་ཡིན་ཚུར་ཡིན་དུ་འདོད་དེ། རྣམ་འགྱུར་ཐམས་ཅད་ཀྱི་རང་བཞིན་རྣམས་དེ་ལྟར་དུ་འདོད་དོ། །དེའི་ཕྱིར་ས་མྱུག་ཕན་ཚུན་
ཐ་དད་པ་ཁོ་ནར་འདོད་པས་མྱུ་གུ་མྱུ་གུ་ལས་སྐྱེ་བར་མི་འདོད་ཀྱང་། མྱུ་གུ་ནི་ས་བོན་དང་དེའི་རང་བཞིན་ལས་སྐྱེ་བར་སྨྲ་བ་ན། རང་བཞིན་གཉིས་གཅིག་ཡིན་པས་རང་གི་རང་བཞིན་ལས་ཀྱང་སྐྱེ་བ་དང་མྱུ་གུ་མི་གསལ་བ་རྒྱུ་དུས་ན་ཡོད་པ་སྐྱེ་བ་ནི་བདག་སྐྱེའི་འདོད་ཚུལ་ལོ། །གྲངས་ཅན་གྱི་ཁྱད་པར་འགའ་ཞིག་ནི་སྐྱེ་བར་མི་སྨྲ་བར་རྒྱུ་ལས་སྔར་མི་གསལ་བ་ཕྱིས་གསལ་བར་འདོད་མོད་ཀྱང་དོན་འདྲའོ། །འདིས་སྤྱི་གསལ་ངོ་བོ་གཅིག་ཏུ་འདོད་པ་ཡང་དེ་ལྟར་ཡིན་གྱི། སངས་རྒྱས་པས་དངོས་པོ་དང་བུམ་པ་ངོ་བོ་གཅིག་ཏུ་འདོད་པ་དང་གཏན་མི་འདྲའོ། །དེ་ལྟར་མྱུ་གུའི་ངོ་བོའམ་རང་བཞིན་གང་ཡིན་ཐམས་ཅད་ས་བོན་གྱི་དུས་སུ་ཡོད་ན། མྱུ་གུའི་ངོ་བོ་ལས་དོན་གཞན་པའི་མྱུ་གུ་གསལ་བ་ཉིད་ཀྱང་མི་སྲིད་པས་རྒྱུ་དུས་ནས་མྱུ་གུའི་རང་བཞིན་ནམ་ངོ་བོར་མ་ཟད། མྱུ་གུ་ཉིད་ཀྱང་ཡོད་དགོས་པས། དེའི་ཚེ་དེ་གྲུབ་པའི་འོག་ཏུ་སླར་ཡང་སྐྱེ་བ་ལ་དོན་གཏན་མེད་དོ། །གཉིས་པ་ནི། སྐྱེས་ཟིན་པར་གྱུར་པ་སླར་ཡང་སྟེ་སྐྱེས་ཟིན་པའི་འོག་ཏུ་ལྡབས་ནས། སྐྱེ་བར་རིགས་པ་མ་ཡིན་པ་ཉིད་དོ། །འང་གི་སྒྲས་ནི་རང་གི་རང་བཞིན་ལས་སྐྱེ་ན་དོན་མེད་དུ་འགྱུར་བར་མ་ཟད་པའོ། །གལ་ཏེ་གསལ་བའི་ཕྱོགས་འཛིན་ནའང་འབྲས་བུ་གསལ་བ་རྒྱུ་དུས་ནས་ཡོད་ན་ནི་ཁས་བླངས་དང་འགལ་ལ། མེད་ན་ནི་འབྲས་བུའི་གསལ་བ་དང་དེའི་རང་བཞིན་གཉིས་གཅིག་ཐ་དད་དཔྱད་ལ་དགག་གོ །
བདག་སྐྱེ་རིགས་པ་དང་འགལ་ཞེས་པ་དམ་བཅའ་ཙམ་དུ་ཟད་པས་དེ་འགོག་པའི་རིགས་པ་སྟོན་པ་ནི། སྐྱེས་ཟིན་པའི་ས་བོན་སླར་ཡང་ལྡབས་ནས་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་བ་སྟེ་འདོད་ན་ནི། རྒྱུ་མཚན་གང་གིས་ས་བོན་ལྡབས་ནས་སྐྱེ་བ་བཀག་ནས། མྱུ་གུ་སྐྱེ་བར་འདོད་པ་སླར་ཡང་ས་བོན་དེ་སྐྱེ་བ་ལ་གེགས་ཅི་ཞིག་ཡོད་དེ་མེད་པས། མྱུ་གུ་དང་ལ་སོགས་པས་སྡོང་བུ་དང་སྦུབས་འཆའ་བ་སོགས་ཀྱི་སྐྱེ་བ་འཇིག་རྟེན་འདིར་གཏན་རྙེད་པར་མི་འགྱུར་རོ། །སྐྱོན་གཞན་ཡང་ས་བོན་དེ་ཉིད་བར་མ་ཆད་པར་སྲིད་པའི་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་ཏེ། སྐྱེས་ཟིན་པ་དེ་ཉིད་སླར་ཡང་སྐྱེ་དགོས་པའི་ཕྱིར་རོ། །དེ་ནི་འབྲས་བུའི་རིགས་འདྲ་རྣམས་མི་སྐྱེ་བ་དང་། རྒྱུའི་རིགས་འདྲ་རྣམས་བར་མ་ཆད་དུ་སྐྱེ་བའི་སྐྱོན་གཉིས་བསྟན་ནས་རིགས་པ་དང་འགལ་པ་བརྗོད་པའོ། །གསུམ་པ་ནི། ཅི་སྟེ་མྱུ་གུ་སྐྱེ་བ་ལ་ཕན་འདོགས་པའི་རྐྱེན་ཆུ་དང་། དཔྱིད་ཀྱི་དུས་ལ་སོགས་པ་རྣམས་ཀྱིས་ནི། ས་བོན་སྦང་རོ་ལྟ་བུར་རྣམ་པར་འགྱུར་བ་བྱེད་ཅིང་། མྱུ་གུ་སྐྱེད་པར་བྱེད་ལ། མྱུ་གུ་ཡང་རང་སྐྱེད་པ་པོ་ས་བོན་དང་ལྷན་ཅིག་ཏུ་གནས་པར་འགལ་བའི་ཕྱིར། ས་བོན་འགག་པར་བྱེད་ཅིང་འབྱུང་བས་རིགས་པ་དང་འགལ་བའི་སྐྱོན་གཉིས་སྨྲས་པའི་ཉེས་པའི་སྐབས་མེད་ལ། ས་མྱུག་ཀྱང་རང་བཞིན་ནམ་ངོ་བོ་
གཞན་མ་ཡིན་པས་བདག་ལས་མི་སྐྱེ་པ་ཡང་མ་ཡིན་ནོ་སྙམ་ན། འདི་ཡང་མི་རུང་སྟེ་གང་གི་ཕྱིར་ས་མྱུག་གཉིས་ཀྱི་རང་བཞིན་གཉིས་རྣམ་པ་ཐམས་ཅད་དུ་གཅིག་ཡིན་པས་ཇི་ལྟར་ན་མྱུ་གུ་དེ་ཉིད་ཀྱིས་ས་བོན་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར་ཏེ་མི་འགྱུར་ཏེ། མྱུ་གུས་མྱུ་གུ་འཇིག་པར་མི་བྱེད་པ་བཞིན་ནོ་སྙམ་དུ་བསམས་སོ། །འདི་འདྲ་བའི་གནོད་པ་མཐོང་ཡང་མི་ལྡོག་པ་ནི། མྱུ་གུས་ས་བོན་འཇིག་པ་ནི་རྣམ་འགྱུར་གྱི་སྟེང་ནས་ཡིན་པས། རང་གིས་རང་འཇིག་པ་དང་ག་ན་འདྲ་སྙམ་དུ་རྒོལ་བ་བླུན་པས་ཡིན་ལ། ངོ་བོའམ་རང་བཞིན་ཐམས་ཅད་ཕར་ཡིན་ཚུར་ཡིན་དུ་སོང་ན་རྣམ་འགྱུར་སོ་སོར་ཡང་མི་འགྲུབ་པས་གནོད་པ་སྤང་མི་ནུས་སོ། །གཉིས་པ་ལ་གསུམ། ས་མྱུག་གཉིས་ལ་དབྱིབས་སོགས་ཐ་དད་མེད་པར་ཐལ་བས་དགག །དེའི་ཉེས་སྤོང་གི་ལན་དགག །གནས་སྐབས་གཉིས་ཀྱི་རེ་རེར་གཉིས་ཀ་འཛིན་མི་འཛིན་མཚུངས་པར་ཐལ་བས་དགག་པའོ། །དང་པོ་ནི། སྐྱོན་གཞན་ཡང་ཡོད་དེ་མྱུ་གུ་སྐྱེད་པར་བྱེད་པའི་རྒྱུ་ས་བོན་གྱི་ཁ་དོག་དང་དབྱིབས་ལ་སོགས་པ་ལས་ཐ་དད་པའི་མྱུ་གུའི་རིང་ཐུང་སོགས་ཀྱི་དབྱིབས་དང་། སྔོ་སེར་སོགས་ཀྱི་ཁ་དོག་དང་། མངར་སྐྱུར་སོགས་ཀྱི་རོ་དང་ནུས་མཐུ་དང་། སྨིན་པ་རྣམས་ཀྱི་ཐ་དད་པ་ཁྱོད་ལ་མེད་པར་འགྱུར་ཏེ། ས་མྱུག་གཉིས་ཀྱི་ངོ་བོ་དང་རང་བཞིན་ལ་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་
ཐལ་བ་ལས་ཐ་མི་དད་པར་དམིགས་པ་ཡང་མ་ཡིན་པའི་ཕྱིར། དེ་གཉིས་གྱི་ངོ་བོ་ཀུན་ནས་གཅིག་པ་ཡང་མ་ཡིན་ནོ་ཞེས་བཟློག་པ་འཕེན་པ་མཛད་དེ། བཟློག་པ་འཕེན་པ་དང་བཟློག་པ་རང་རྒྱུད་འཕེན་པ་ལ་ཁྱད་པར་ཤིན་ཏུ་ཆེའོ། །དེ་ལ་ནུས་མཐུ་ནི་གཞང་འབྲུམ་གྱི་སྨན་ལུས་དང་ཉེ་བ་ཙམ་གྱིས་ནད་དེ་སེལ་བ་དང་། རྩི་སྨན་སོགས་འགའ་ཞིག་བཅངས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བ་ལྟ་བུའོ། །རྣམ་པར་སྨིན་པ་ནི་རྐྱེན་མི་འདྲ་བ་ལས་རྫས་ཀྱི་ཁྱད་པར་འགྱུར་བ་སྟེ། དཔེར་ན་འོ་མས་བཅུས་པ་སོགས་ལས་སྐྱུ་རུ་ར་དང་། པི་པི་ལིང་སོགས་ལ་རོ་མངར་པོར་འགྱུར་བ་ལྟ་བུའོ། །གཉིས་པ་ནི། ཅི་སྟེ་ས་བོན་གྱི་གནས་སྐབས་བཏང་ནས་མྱུ་གུའི་གནས་སྐབས་གཞན་དུ་གྱུར་པས། ས་མྱུག་གཉིས་གནས་སྐབས་ཐ་དད་པ་ཙམ་ཡིན་པའི་ཕྱིར་ས་བོན་དེ་ཉིད་མྱུ་གུར་འགྱུར་བ་ཡིན་ནོ་ཞེ་ན། གལ་ཏེ་སྔར་གྱི་ས་བོན་གྱི་བདག་གི་དངོས་པོའི་གནས་སྐབས་བསལ་ནས། གནས་སྐབས་དེ་ལས་གཞན་མྱུ་གུའི་གནས་སྐབས་ཀྱི་ངོ་བོར་འགྱུར་ན། དེ་ལྟར་འདོད་པ་དེའི་ཚེ་ས་བོན་དེ་ཡི་རང་བཞིན་ཉིད་མྱུ་གུའི་རང་བཞིན་དེ་ཉིད་ཡིན་ཞེས་ཇི་ལྟར་རིགས་པར་འགྱུར་ཏེ། དེའི་གནས་སྐབས་ཀྱི་དངོས་པོ་དེ་ཉིད་དེའི་དངོས་པོ་ཉིད་ཡིན་པའི་ཕྱིར་དང་། དེའི་ངོ་བོ་ལས་དོན་གཞན་པའི་དེའི་དངོས་པོ་མེད་པའི་ཕྱིར་རོ། །དེས་ན་ས་མྱུག་འདི་གཉིས་ཀྱི་ངོ་བོ་རྣམ་པ་
ཐམས་ཅད་དུ་ཐ་མི་དད་པ་ཉིད་ཉམས་པ་ཡིན་ནོ། །ཅི་སྟེ་ས་མྱུག་གི་དབྱིབས་ལ་སོགས་པ་ཐ་དད་ཀྱང་། རྫས་ཐ་མི་དད་པས་མི་འགལ་ལོ་སྙམ་ན། དེ་ནི་མི་རིགས་ཏེ་དབྱིབས་ལ་སོགས་པ་མ་བཟུང་ན་ས་མྱུག་གི་རྫས་ཀྱང་མི་འཛིན་པའི་ཕྱིར་རོ། །གསུམ་པ་ནི། སྐྱོན་གཞན་ཡང་ཡོད་དེ་གལ་ཏེ་ཁྱོད་ཀྱི་ལྟར་ས་བོན་དང་མྱུ་གུའི་ངོ་བོ་གཉིས་ལ་འཇིག་རྟེན་འདིར་ངོ་བོ་གཞན་པ་ཡོད་པ་མ་ཡིན་ན། ཇི་ལྟར་མྱུ་གུའི་གནས་སྐབས་སུ་ས་བོན་གཟུང་དུ་མེད་པ་དེ་བཞིན་དུ། མྱུ་གུ་ཡང་གཟུང་དུ་མེད་པར་འགྱུར་ཏེ། འམ་ཞེས་པ་ཡང་ན་ས་མྱུག་དེ་དག་གི་ངོ་བོ་རྣམ་པ་ཀུན་ཏུ་གཅིག་པས་ཇི་ལྟར་མྱུ་གུའི་གནས་སྐབས་སུ། མྱུ་གུ་འདི་གཟུང་དུ་ཡོད་པ་དེ་བཞིན་དུ། ས་བོན་དེ་ཡང་དབང་པོའི་ཤེས་པས་གཟུང་དུ་ཡོད་པར་འགྱུར་བ་ལས། མེད་པ་དེའི་ཕྱིར་ཉེས་པ་དེ་གཉིས་སྤོང་བར་འདོད་པས། ས་མྱུག་གཉིས་ཀྱི་ངོ་བོ་ལ་གཞན་མེད་པ་འདི་ནི་ཁས་བླང་བར་མི་བྱའོ། །རིགས་པ་དེ་རྣམས་ལེགས་པར་རྟོགས་ན་ཆོས་ཅན་ཐམས་ཅད་ཕན་ཚུན་དུ་ངོ་བོ་ཐ་དད་པ་ལ། དེ་རྣམས་ཀྱི་ཆོས་ཉིད་ཐམས་ཅད་ཕར་ཡིན་ཚུར་ཡིན་གྱི་གཅིག་ཏུ་འདོད་པ་དང་། གནས་སྐབས་སྔ་མའི་དུས་ཀྱི་ཆོས་ཉིད་དེ་ཉིད་གནས་སྐབས་ཕྱི་མའི་དུས་ཀྱི་ཆོས་ཉིད་དེ་ཉིད་དུ་འདོད་པའི་ལོག་རྟོག་ཐམས་ཅད་ལྡོག་པར་འགྱུར་རོ། །གཉིས་པ་ནི། དེའི་ཕྱིར་དེ་ལྟར་དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་གྲངས་ཅན་གྱི་ལུགས།
སངས་རྒྱས་པའི་ལུགས་ལས་གཞན་དུ་བརྟགས་པའི་བདག་སྐྱེ་བཀག་ནས། གྲུབ་མཐའི་ལུགས་གཞན་དུ་བློ་མ་སྦྱངས་པའི་འཇིག་རྟེན་པའི་ཐ་སྙད་དུ་ཡང་། བདག་ལས་སྐྱེ་བར་རྟོགས་པ་འདི་མི་འཐད་དོ་ཞེས་སྟོན་པ་ནི། གང་གི་ཕྱིར་རྒྱུ་ས་བོན་ཞིག་ནའང་ས་བོན་དེ་ཡི་འབྲས་བུ་མཐོང་བའི་ཕྱིར། ས་མྱུག་དེ་དག་ངོ་བོ་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན་ནོ། །གསུམ་པ་ནི། གང་གི་ཕྱིར་དོན་དམ་པ་དང་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་ཕྱོགས་གཉིས་ཀ་ལྟར་ཡང་བདག་ལས་སྐྱེ་བ་རིགས་པ་དང་འགལ་བ་དེའི་ཕྱིར། ཕྱི་ནང་གི་དངོས་པོ་རྣམས་བདག་ལས་འབྱུང་བ་ཡིན་ཞེས་རབ་ཏུ་བརྟགས་པ་འདི། །དེ་ཉིད་དོན་དམ་དང་ནི་འཇིག་རྟེན་གྱི་ཀུན་རྫོབ་ཏུའང་རིགས་པ་མ་ཡིན་ནོ། །དེའི་ཕྱིར་འཕགས་པས་བདག་སྐྱེ་འགོག་པ་ན་དོན་དམ་པ་དང་ཀུན་རྫོབ་ཀྱི་ཁྱད་པར་མ་སྦྱར་བར་བདག་ལས་མ་ཡིན་ཞེས་བདག་སྐྱེ་སྤྱིར་བཀག་གོ །དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དངོས་པོ་རྣམས་ནི་དོན་དམ་པར་བདག་ལས་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར་སེམས་པ་ཅན་བཞིན་ནོ་ཞེས་ཁྱད་པར་དུ་བྱེད་པ་དེའི་དོན་དམ་པར་ཞེས་པའི་ཁྱད་པར་དོན་མེད་དོ་ཞེས་བསམ་པར་བྱའོ། །གཉིས་པ་ནི། སྐྱོན་གཞན་ཡང་ཡོད་དེ། །འབྲས་བུ་བདག་ལས་སྐྱེ་བར་འདོད་ན། བསྐྱེད་པར་བྱ་བ་འབྲས་བུ་དང་། སྐྱེད་བར་བྱེད་པ་རྒྱུ་དང་། གང་
ཞིག་བྱ་བའི་ལས་དང་། གང་གིས་བྱེད་པའི་བྱེད་པ་པོ་ཡང་གཅིག་ཉིད་དུ་འགྱུར་ན། དེ་དག་ནི་གཅིག་ཉིད་མ་ཡིན་པས་ན། བདག་ལས་སྐྱེ་བར་ཁས་བླང་བར་བྱ་བ་མིན་ཏེ། བསྟན་བཅོས་འདི་དང་རྩ་ཤེ་ལས་རྒྱ་ཆེར་བཤད་པའི་ཉེས་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་སྐྱོན་དང་པོ་ནི་རྩ་ཤེ་ལས། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེད་དང་བསྐྱེད་པ་གཅིག་ཏུ་འགྱུར། ཞེས་གསུངས་ཏེ་རྒྱུ་འབྲས་ངོ་བོ་གཅིག་ན་ཕ་དང་བུ་དག་གམ། མིག་དང་དེའི་རྣམ་ཤེས་དག་ཀྱང་གཅིག་ཉིད་དུ་འགྱུར་ཞེས་པའོ། །སྐྱོན་གཉིས་པ་ནི་རྩ་ཤེ་ལས། གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་པའོ། །དེ་ལྟར་བཀག་པ་ན་ཕ་དང་བུ་དང་བྱེད་པ་པོ་དང་ལས་གཉིས་ཀྱང་ངོ་བོ་གཅིག་ཏུ་ཐལ་ཟེར་ན་འདོད་ལ། སྤྱིར་གཅིག་ཏུ་ཐལ་ཟེར་ན་མ་ཁྱབ་བོ་ཞེས་སྨྲ་མོད་ཀྱང་། སྔར་བཤད་པ་ལྟར་གྱི་རང་བཞིན་གཅིག་ཏུ་འདོད་ན་རྣམ་འགྱུར་ཡང་གཅིག་ཏུ་འཕུལ་ནུས་པའི་རིགས་པས་སྤོང་མི་ནུས་སོ། །དེའི་ཕྱིར་ཇི་སྐད་བཤད་པའི་སྐྱོན་གྱིས་འཇིགས་པས་བདེན་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པར་འདོད་པས། བདག་སྐྱེ་ཁས་བླང་བར་མི་བྱའོ་ཞེས་གསུངས་ལ། བདག་ལས་སྐྱེ་བ་ཡོད་མེད་ཀྱང་གཅིག་ཡོངས་སུ་གཅོད་པ་ཅིག་ཤོས་རྣམ་པར་བཅད་པ་མེད་ན་མེད་པའི་དངོས་འགལ་ཡིན་པས་བདག་ལས་