ཤོག་ལྷེབ་ ༡ ནས་ ༡༠༠ བར།
བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་བཞུགས་སོ།
དབུ་མ་ལ་འཇུག་པའི་རྒྱ་ཆེར་བཤད་པ་དགོངས་པ་རབ་གསལ་ཞེས་བྱ་བ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་དང་། འཕགས་པ་ཡབ་སྲས་རྣམས་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཟབ་ཅིང་རྒྱ་ཆེའི་ལེགས་བཤད་ཀུན་གྱི་གཏེར། །འཇིག་རྟེན་ཀུན་གྱི་མ་འདྲིས་མཛའ་བཤེས་ཏེ། །ས་གསུམ་འགྲོ་ལ་ལམ་བཟང་མཚོན་པའི་མིག །ཐུབ་དབང་སྨྲ་བའི་ཉི་མས་རྟག་ཏུ་སྐྱོངས། །རབ་འབྱམས་རྒྱལ་བའི་འཁོར་དུ་ཟབ་མོའི་གནས། །ཡང་དག་ཕུལ་གྱི་གཏམ་གྱི་སེང་གེའི་སྒྲ། །ཀུན་ནས་སྒྲོག་ལ་མཚུངས་པ་མ་མཆིས་པའི། །འཇམ་
དབྱངས་བླ་མས་རྟག་ཏུ་བྱིན་གྱིས་རློབས། །དུས་གསུམ་བདེ་བར་གཤེགས་པའི་ཐུགས་ཀྱི་བཅུད། །མཐའ་བྲལ་དབུ་མ་རྟེན་ཅིང་འབྲེལ་འབྱུང་ལམ། །ཇི་བཞིན་འགྲེལ་བར་ལུང་བསྟན་ཀླུ་སྒྲུབ་ལ། །སྙིང་ནས་འདུད་དོ་བརྩེ་བའི་ལྕགས་ཀྱུས་ཟུངས། །མགོན་དེའི་གདམས་པས་གོ་འཕང་མཐོར་གཤེགས་ནས། །ཉིད་ཀྱིས་གཟིགས་གང་འགྲོ་ལ་གསལ་མཛད་པའི། །ལེགས་ལམ་སྟོན་པའི་གཏམ་ལ་དབང་འབྱོར་པ། །དཔལ་ལྡན་འཕགས་པ་ལྷ་ཡི་ཞབས་ལ་འདུད། །རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་གྲུབ་ཅིང་། །འཕགས་པའི་དགོངས་པ་མཐར་ཐུག་གསལ་བར་
མཛད། །གྲུབ་པའི་རིག་འཛིན་གནས་སུ་གཤེགས་གྱུར་པ། །སངས་རྒྱས་བསྐྱངས་ཀྱི་ཞབས་ལ་མགོས་ཕྱག་འཚལ། །ཕྲ་ལ་རྟོགས་དཀའ་དྲང་སྲོང་ཆེན་པོའི་ལམ། །ཀླུ་སྒྲུབ་ལུགས་ཀྱི་ཐུན་མོང་མིན་པའི་གནད། །ཡོངས་སུ་རྫོགས་པར་སྟོན་མཛད་ཟླ་བའི་ཞབས། །ཞི་བ་ལྷ་དང་བཅས་པའི་ཞབས་ལ་འདུད། །ཀླུ་སྒྲུབ་འཕགས་པ་ལྷ་ཡི་གྲུབ་པའི་མཐའ། །ཤིང་རྟ་ཆེན་པོ་གསུམ་གྱིས་བཀྲལ་བ་ཉིད། །ཐུན་མོང་མ་ཡིན་གནད་དོན་ཀུན་རྫོགས་པར། །དྲི་མེད་བློ་གྲོས་མིག་གིས་ལེགས་མཐོང་ཞིང་། །ཕྱོགས་འདིར་ལུགས་དེ་འཆད་འདོད་ཕལ་མོ་ཆེས། །བཤད་པའི་དྲི་མས་སྦགས་པ་བསལ་ཕྱིར་དང་། །གཞན་ཀྱིས་བསྐུལ་ཕྱིར་ཡོངས་དག་བཤད་པ་ཡིས། །དབུ་མ་འཇུག་པའི་རྒྱ་ཆེར་བཤད་པ་བྱ། །འདིར་ཟབ་པ་དང་རྒྱ་ཆེ་པའི་དོན་གཉིས། ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་རང་གི་འགྲེལ་པ་དང་མཐུན་པར་འཆད་པ་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ནི། རྒྱ་གར་ན་སྐད་རིགས་བཞི་ཡོད་པའི་ལེགས་པར་སྦྱར་བའི་སྐད་དུ་ན། བསྟན་བཅོས་འདིའི་མཚན་མ་དྷྱཱ་མ་ཀ་ཨ་བ་ཏཱ་ར་ནཱ་མའོ། །དེ་བོད་ཀྱི་སྐད་དུ་བསྒྱུར་ན། དབུ་མ་ལ་འཇུག་པ་ཞེས་བྱ་བའོ། །འདིར་གང་ལ་འཇུག་པའི་དབུ་མ་ནི། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་
ཕྱིར། ཞེས་གསུངས་པས་དབུ་མའི་བསྟན་བཅོས་ཡིན་ལ། དེ་ཡང་འདིའི་འགྲེལ་པར་རྩ་ཤེ་ཁུངས་སུ་མཛད་པ་ན་དབུ་མ་ལས། ཞེས་མང་དུ་གསུངས་པ་ལྟར་རྩ་ཤེ་ལ་བྱའི། དབུ་མའི་གཞུང་གཞན་དང་། དབུ་མའི་དོན་གཞན་ལ་མི་བྱའོ། །མ་དྷྱཱ་མ་ཀའི་སྐད་ཀྱི་བྱིངས་ལས་བརྩམས་ནས། དབུ་མའི་བསྟན་བཅོས་སམ་དབུ་མའི་གྲུབ་མཐའ་ལ་དབུ་མར་བྱས་པར་ཤེས་རབ་སྒྲོན་མར་ཡང་བཤད་པས། དབུ་མ་ཞེས་པ་ཙམ་ལས་མ་བྱུང་ཡང་། འདིར་དབུ་མའི་བསྟན་བཅོས་ལ་གོ་བར་བྱའོ། །འོ་ན་རྩ་བ་ཤེས་རབ་ལ་བསྟན་བཅོས་འདིས་འཇུག་ཚུལ་དེ་ཇི་འདྲ་ཞིག་ཅེ་ན། འདི་ལ་ཁ་ཅིག་བསྟན་བཅོས་དེར་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་རྒྱས་པར་མ་བརྗོད་ལ། འདིར་དེ་གཉིས་རྒྱས་པར་བསྟན་པས་དེ་ལ་འཇུག་གོ །ཞེས་ཟེར་རོ། །དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་ནི། འཇུག་པ་ལས་རྩ་བ་ཤེས་རབ་ཤིན་ཏུ་རྒྱས་པས། བཤད་པ་དེ་ལེགས་པར་མ་མཐོང་ངོ་། །རང་གི་ལུགས་ནི་རྩ་བ་ཤེས་རབ་ལ་འཇུག་པའི་ཚུལ་གཉིས་ཡོད་དེ། ཟབ་པ་དང་རྒྱ་ཆེ་བའི་སྒོ་ནས་སོ། །དེའི་དང་པོ་ནི་རང་འགྲེལ་ལས། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ། །ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །ཞེས་པ་དང་། དེ་ཉིད་མ་རྟོགས་པས་ཆོས་ཟབ་མོ་འདི་སྤངས་པས། དེའི་ཕྱིར་བསྟན་བཅོས་ཀྱིས་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་
པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་སྦྱར་བ་ཡིན་ནོ། །ཞེས་རང་གིས་དབུ་མའི་དོན་གཏན་ལ་ཕབ་པ་དེ། དབུ་མ་པ་གཞན་དང་ཐུན་མོང་མ་ཡིན་པར་བསྟན་པ་དང་། བསྟན་བཅོས་ཀྱི་དོན་རྣམ་པར་རིག་པ་ཙམ་དང་མཐུན་པར་བཤད་དུ་མི་རུང་བ་ལ་ངེས་པ་བསྟན་པར་བྱ་བའི་ཕྱིར་དུ་དབུ་མ་ལ་འཇུག་པ་བརྩམས་པར་གསུངས་ཏེ། ཚིག་གསལ་ལས་བརྟེན་ནས་བཏགས་པའི་ཚུལ་དབུ་མ་ལ་འཇུག་པ་ལས་ཤེས་པར་བྱ་བར་གསུངས་ཤིང་། རྣམ་རིག་པའི་ལུགས་དགག་པ་རྩ་ཤེ་དང་། ཚིག་གསལ་དུ་མི་རྒྱས་པ་འདིར་རྒྱས་པའི་ཕྱིར་རོ། །དེའི་ཕྱིར་གཞུང་འདི་ལ་བརྟེན་ནས་དགོས་པ་དེ་གཉིས་ཀྱི་སྒོ་ནས་རྩ་ཤེའི་དོན་ལེགས་པར་ངེས་པ་ནི། གཞུང་འདིས་དབུ་མ་ལ་འཇུག་པའི་ཚུལ་གཅིག་གོ །རྒྱ་ཆེ་བའི་སྒོ་ནས་དབུ་མ་ལ་འཇུག་ཚུལ་ནི། འཕགས་པའི་ལུགས་འདིར་ཐེག་པ་གཉིས་ལ་གནས་པ་ལ། ཤིན་ཏུ་ཟབ་པའི་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཡོད་མེད་ཀྱིས་མི་འབྱེད་ཅིང་། རྩ་ཤེ་ལས་ཟབ་མོའི་ཕྱོགས་མ་གཏོགས་པ་རྒྱ་ཆེ་བའི་ཐེག་ཆེན་གྱི་ཁྱད་ཆོས་མ་བསྟན་ཀྱང་། གཞུང་འདི་ནི་ཐེག་པ་ཆེ་ཆུང་གཉིས་ཀྱི་ནང་ནས། ཐེག་ཆེན་པའི་དབང་དུ་མཛད་པ་ཡིན་ཏེ། རིགས་པའི་རྣམ་གྲངས་མཐའ་ཡས་པས་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པ་ནི། ཐེག་ཆེན་པའི་གདུལ་བྱ་ཁོ་ནའི་དབང་དུ་མཛད་པའི་ཕྱིར་དང་། རྩ་ཤེར་ཡང་དེ་བཞིན་
དུ་བསྟན་པའི་ཕྱིར་རོ། །འདི་ཡང་རང་འགྲེལ་ལས། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཞེས་ཤིན་ཏུ་གསལ་བར་གསུངས་ཏེ་འོག་ཏུ་འཆད་དོ། །དེ་ལྟར་ན་གཞུང་དེར་བསྟན་པའི་ལམ་ལ་ཐེག་པ་ཆེན་པོའི་རྒྱ་ཆེ་བའི་ལམ་གཞན་འཕགས་པའི་མན་ངག་གིས་ཁ་བཀང་ན་ཤིན་ཏུ་ལེགས་པས། དེ་སྐོང་བ་ལ་སོ་སྐྱེའི་སའི་ཆོས་གསུམ་དང་། འཕགས་པ་སློབ་པའི་ས་བཅུ་དང་། འབྲས་བུའི་ས་དང་། ས་ལྔ་པ་དང་དྲུག་པའི་གོ་རིམ་གྱིས་བསམ་གཏན་གྱི་ངོ་བ་ཞི་གནས་ལ་བརྟེན་ནས། བདག་མེད་པ་གཉིས་ཀྱི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པའི་ལྷག་མཐོང་སྒོམ་པ་རྣམས་གསུངས་སོ། །དེའི་ཕྱིར་རྩ་ཤེའི་དོན་ཡིད་ལ་བྱེད་པའི་ཚེ། འཇུག་པ་ལས་གསུངས་པ་འདི་རྣམས་དྲན་ནས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ཚོགས་པའི་ལམ་གྱི་རིམ་པ་ཡིད་ལ་བྱེད་པ་མ་བྱུང་ན། གང་ཟག་དེ་ལ་དབུ་མ་ལ་འཇུག་པ་བརྩམས་པའི་དགོས་པ་གཉིས་སྟོར་བ་ཡིན་ནོ། །དེའི་ཕྱིར་གཞུང་འདི་ལ་བརྟེན་ནས་རྩ་ཤེའི་ལམ་ལ་རྒྱ་ཆེ་བའི་སྒོ་ནས་འཇུག་པ་ནི། དབུ་མ་ལ་འཇུག་པའི་ཚུལ་གཉིས་པའོ། །གཉིས་པ་ནི། ཚིག་གི་དོན་གོ་བར་
སླ་ལ། འཇམ་དཔལ་ལ་ཕྱག་འཚལ་བ་ནི། གཞུང་འདི་དོན་དམ་པའི་ཆོས་མངོན་པ་རྣམ་པར་བཞག་པ་ཡིན་པས། ཤེས་རབ་ཀྱི་བསླབ་པ་གཙོ་བོར་གྱུར་པའི་ཕྱིར། སྔོན་གྱི་བཀས་བཅད་པ་དང་མཐུན་པར་མཛད་པའོ། །གསུམ་པ་ལ་བཞི། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐབས་མཆོད་པར་བརྗོད་པ། བརྩམས་པའི་བསྟན་བཅོས་ཀྱི་ལུས་དངོས། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བའོ། །དང་པོ་ལ་གཉིས། སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ་དང་། སྙིང་རྗེ་ཆེན་པོ་ལ་སོ་སོར་ཕྱེ་སྟེ་ཕྱག་འཚལ་བའོ། །དང་པོ་ནི། དགོས་པ་དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར་དུ། གང་ཟག་དབུ་མ་ལ་འཇུག་པ་རྩོམ་པར་བཞེད་པ་ཟླ་བའི་ཞབས་ཀྱིས། གཞུང་གཞན་ལས་མཆོད་བརྗོད་ཀྱི་ཡུལ་དུ་མཛད་པའི་ཉན་རང་གཉིས། མཆོད་བརྗོད་ཀྱི་ཡུལ་དུ་མ་བཀོད་པར་མ་ཟད། སངས་རྒྱས་དང་བྱང་སེམས་རྣམས་ལས་ཀྱང་ཐོག་མར་སངས་རྒྱས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་དང་པོ། སེམས་ཅན་འཁོར་བའི་བརྩོན་རར་བསྡམས་པ་སྐྱབས་མེད་པ་མ་ལུས་པ་ཡོངས་སུ་སྐྱོབ་པའི་མཚན་ཉིད་ཅན། རྒྱུའི་གཙོ་བོ་ལ་འབྲས་བུའི་མིང་གིས་བཏགས་པའི་བཅོམ་ལྡན་འདས་མ། སྙིང་རྗེ་ཆེན་པོ་ལ་བསྟོད་བར་འོས་པར་བསྟན་པའི་ཕྱིར། ཉན་ཐོས་ཞེས་སོགས་ཚིགས་སུ་བཅད་པ་གཉིས་སྨོས་སོ། །འདི་ལ་གཉིས། སྙིང་རྗེ་བྱང་སེམས་ཀྱི་གཙོ་བོའི་རྒྱུར་
བསྟན་པ་དང་། བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པའོ། །དང་པོ་ལ་གསུམ། ཉན་རང་གཉིས་ཐུབ་དབང་ལས་སྐྱེས་ཚུལ་དང་། སངས་རྒྱས་རྣམས་བྱང་སེམས་ལས་འཁྲུངས་ཚུལ་དང་། བྱང་ཆུབ་སེམས་དཔའི་རྒྱུའི་གཙོ་བོ་གསུམ་བསྟན་པའོ། །དང་པོ་ནི། ཡང་དག་པའི་གདམས་ངག་གཞན་ལས་ཉན་ནས། བསྒོམས་པའི་འབྲས་བུ་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ན། དོན་དེ་གཞན་ལ་ཐོས་པར་བྱེད་པས་ན་ཉན་ཐོས་ཏེ། ཐོས་པར་བྱེད་ཚུལ་ནི་འདི་ལྟར་བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ། །ཞེས་བྱ་བ་ལ་སོགས་པ་གསུང་རབ་ལས་མང་དུ་འབྱུང་བ་ལྟར་རོ། །སྒྲ་བཤད་འདི་གཟུགས་མེད་ཁམས་ཀྱི་ཉན་ཐོས་སོགས་འགའ་ཞིག་ལ་མེད་ཀྱང་། སྐྱོན་མེད་དེ་སྒྲ་དངོས་མིང་དུ་འཇུག་པ་ལ་སྒྲ་བཤད་པའི་རྒྱུ་མཚན་ཡོད་པས་མ་ཁྱབ་པ་ནི། དཔེར་ན། སྐམ་ལས་སྐྱེས་པའི་པད་མ་ལ་མཚོ་སྐྱེས་ཀྱི་སྒྲ་དངོས་མིང་དུ་འཇུག་པ་བཞིན་ནོ། །ཡང་ན་ཉན་ཐོས་ཀྱི་སྐད་དོད་སྲ་བ་ཀ་ནི་ཐོས་སྒྲོགས་ལ་ཡང་འཇུག་པ་ལྟར་ན། འབྲས་བུའི་མཆོག་གམ་སངས་རྒྱས་སུ་བགྲོད་པའི་ལམ། སངས་རྒྱས་རྣམས་ལས་ཐོས་ནས་ཐེག་པ་ཆེན་པོའི་རིགས་ཅན་ལམ་དེ་དོན་དུ་གཉེར་བ་རྣམས་ལ་སྒྲོག་པར་བྱེད་པས་ན་ཉན་ཐོས་ཏེ། དམ་ཆོས་པད་དཀར་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲག་པར་
བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་བཟད་འདྲ། །ཞེས་གསུངས་ཏེ་རྒྱུ་མཚན་འདི་གཉིས་བྱང་ཆུབ་སེམས་དཔའ་ལ་ནི་ཉན་ཐོས་དང་འདྲ་བའི་རྒྱུ་མཚན་ཡིན་ལ། ཉན་ཐོས་རྣམས་ལ་ནི་ཐོས་སྒྲོགས་ཀྱི་དོན་དངོས་སོ། །ཁ་ཅིག་རྐང་པ་གསུམ་པ་ལ་དམ་པའི་སྒྲ་མེད་པས་བྱང་ཆུབ་སྔ་མ་ནི་ཐེག་ཆེན་གྱི་དང་། ཕྱི་མ་ནི་ཉན་ཐོས་ཀྱི་བྱང་ཆུབ་བོ་ཞེས་ཟེར་མོད་ཀྱང་། དང་པོ་ནི་ཐེག་ཆེན་གྱི་བྱང་ཆུབ་དང་། གཉིས་པ་ནི་བྱང་ཆུབ་དེར་བགྲོད་པའི་ལམ་ལ་བྱེད་པ་འགྲེལ་པའི་དགོངས་པའོ། །བྱང་སེམས་རྣམས་ཀྱང་སངས་རྒྱས་ཀྱི་ལམ་སངས་རྒྱས་ལས་ཐོས་ནས། གདུལ་བྱ་ལ་སྒྲོག་པས་ཉན་ཐོས་སུ་འགྱུར་རོ་སྙམ་ན། ཉེས་པ་མེད་དོ་ལམ་དེ་སྒྲོག་པ་བྱེད་པ་ཉིད་ཡིན་གྱི། རྗེས་སུ་མཐུན་པ་ཙམ་ཡང་རང་གིས་མི་སྒྲུབ་པ་ལ་བསམས་པ་ཡིན་པས་སོ། །སངས་རྒྱས་འབྲིང་ཞེས་པའི་སངས་རྒྱས་ནི། འགྲེལ་པར་སངས་རྒྱས་ཀྱི་དེ་ཉིད་གང་ཟག་གསུམ་ཆར་ལ་འཇུག་སྟེ། ཞེས་གསུངས་པའི་དོན་ནི། ཁ་ཅིག་ཏ་ཏྭ་བུདྡྷ་ཞེས་པའི་སྒྲ་གང་ཟག་གསུམ་ག་ལ་འཇུག་པར་འཆད་པ་ལྟར་ལེགས་ཏེ། ཏ་ཏྭ་ནི་དེ་ཁོ་ན་ཉིད་དོ། །བུདྡྷ་ཁོང་དུ་ཆུད་པ་ལའོ། །ཞེས་འབྱུང་བ་ལྟར་དེ་ཉིད་རྟོགས་པ་བུདྡྷའི་སྒྲའི་དོན་དུ་བྱས་པའི་ཚེ། དོན་དེ་གང་ཟག་གསུམ་ག་ལ་ཡོད་པས། དེ་ཉིད་རྟོགས་པའི་སྒྲས་རང་སངས་རྒྱས་ཀྱང་བསྙད་ཅེས་ཟེར་རྒྱུ་ཡིན་པ་ལ། སངས་རྒྱས་སུ་བསྒྱུར་རོ། །སྤྱིར་བུདྡྷ་སྒྲ་སངས་རྒྱས་ལ་བསྒྱུར་དུ་
ཡོད་ཀྱང་། སྐབས་འདིར་མི་འཚམ་མོ། །བུདྡྷའི་སྒྲ་ནི་པད་འདབ་རྒྱས་པ་དང་། གཉིད་སད་པ་ལ་ཡང་འཇུག་པར་བཤད་པས་སངས་རྒྱས་ཁོ་ན་ལ་བསྒྱུར་མི་དགོས་སོ། །འབྲིང་གི་དོན་ནི། རང་རྒྱལ་རྣམས་ནི་བསྐལ་པ་བརྒྱར་བསོད་ནམས་དང་ཡེ་ཤེས་སྟན་པ་གོང་དུ་འཕེལ་བའི་ཁྱད་པར་གྱིས། ཉན་ཐོས་ལས་ཁྱད་པར་དུ་འཕགས་ཤིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་། སེམས་ཅན་ཐམས་ཅད་ལ་དུས་ཐམས་ཅད་དུ་འཇུག་པའི་ཐུགས་རྗེ་ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་སོགས་མེད་པས་རྫོགས་པའི་སངས་རྒྱས་ལས་དམན་པས་འབྲིང་པོའོ། །ཁ་ཅིག་ཉན་ཐོས་ལས་ཡེ་ཤེས་ལྷག་པའི་དོན། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། ཞེས་གསུངས་པ་ལྟར་ཡིན་ཞེས་སྨྲ་བ་ནི་མི་རིགས་ཏེ། ལུགས་འདིར་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཉན་རང་གཉིས་ཀ་ལ་ཡོད་པར་གསུངས་པའི་ཕྱིར་དང་། དེ་སྐད་སྨྲ་བ་དེས་ཀྱང་གྲུབ་མཐའ་དེ་འདོད་པར་འདུག་པའི་ཕྱིར་རོ། །དེས་ན་འགྲེལ་པར་ཡེ་ཤེས་གོང་དུ་འཕེལ་བ་ལྷག་པར་གསུངས་ལ། གོང་དུ་འཕེལ་བ་ནི། ལམ་གྱི་བགྲོད་པ་གོང་ནས་གོང་དུ་ཇེ་བཟང་དུ་འགྲོ་བའོ། །དེ་ཡང་བསྐལ་པ་བརྒྱར་བསོད་ནམས་དང་ཡེ་ཤེས་ལ་གོམས་པ་ལྷུར་ལེན་པ་ཡིན་གྱི། ཉན་ཐོས་ལྟར་ལམ་ལ་གོམས་པ་སྲིད་མི་ནུས་པ་མིན་པའོ། །བསོད་ནམས་དང་ཡེ་ཤེས་སྤྱི་ལ་ཚེགས་ཀྱི་སྒྲ་ཙམ་འཇུག་པ་ཡོད་ཀྱང་།
ཚོགས་ཀྱི་སྒྲ་འཇུག་པའི་གཙོ་བོ་ནི། འགྲེལ་པ་དོན་གསལ་ལས། ཡང་དག་པར་འགྲུབ་པའི་ངོ་བོས་བྱང་ཆུབ་ཆེན་པོ་འཛིན་པར་བྱེད་པའི་ཕྱིར་ན། སྙིང་རྗེ་ཆེན་པོ་ལ་སོགས་པ་ནི་ཚོགས་ཡིན་པས། ཞེས་བླ་ན་མེད་པའི་བྱང་ཆུབ་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཐབས་ཀྱིས། འབྲས་བུར་འཛིན་པ་ལ་གསུངས་པ་ལྟར་གྱི་དོན་ཚང་བའི་བསོད་ནམས་དང་ཡེ་ཤེས་སོ། །དོན་དེ་མ་ཚང་བ་གཉིས་ནི་ཚོགས་ཕལ་པའོ། །འདི་ཡང་ཚོགས་ཀྱི་སྐད་དོད་སཾ་བྷ་ར་ལ་ངེས་ཚིག་གིས་བཤད་པའི་དོན་ནོ། །བསོད་ནམས་དང་ཡེ་ཤེས་ཀྱི་བགྲོད་པ་ཉན་ཐོས་ལས་ཆེས་ལྷག་པའི་ཕྱིར། འདོད་པ་ཁམས་སུ་ཡང་སྲིད་པ་ཐ་མ་པའི་ཚེ། སློབ་དཔོན་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་དགྲ་བཅོམ་པའི་ཡེ་ཤེས་སྐྱེད་ནུས་ཤིང་། དེ་ཡང་རང་གཅིག་པུའི་ཕྱིར་སངས་རྒྱས་པ་སྟེ་དགྲ་བཅོམ་ཐོབ་པ་དང་ཐོབ་པར་བྱེད་པས་ན། རང་སངས་རྒྱས་ཞེས་བྱ་ལ་རང་བྱུང་ཞེས་ཀྱང་གསུངས་སོ། །ཐུབ་པའི་སྒྲ་ནི་ཉན་རང་དགྲ་བཅོམ་ལ་ཡང་འཇུག་མོད་ཀྱང་། ཐུབ་པའི་དབང་པོ་མིན་པས་སངས་རྒྱས་ཉིད་ལ་ཐུབ་པའི་དབང་པོ་ཞེས་བྱ་སྟེ། ཉན་རང་དང་བྱང་སེམས་རྣམས་ལས་ཀྱང་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་དམ་པ་བརྙེས་པ་དང་། གང་ཟག་གསུམ་པ་དེ་སངས་རྒྱས་ཀྱི་བཀས་ཆོས་ཀྱི་སྲིད་ལ་མངའ་སྒྱུར་བའི་ཕྱིར་རོ། །ཐུབ་དབང་དེ་རྣམས་ལས་ཉན་རང་རྣམས་སྐྱེས་པ་ནི་དེ་དག་གིས་བསྐྲུན་པའོ། །ཐུབ་དབང་གིས་ཉན་རང་བསྐྲུན་ཚུལ་ཇི་ལྟར་ཡིན་ཞེ་ན།
སངས་རྒྱས་འཇིག་རྟེན་དུ་བྱོན་པ་ན་རྟེན་འབྲེལ་ཟབ་མོ་ཕྱིན་ཅི་མ་ལོག་པར་སྟོན་པ་ལ་འཇུག་ལ། ཚུལ་དེ་ཉན་རང་གི་རིགས་ཅན་རྣམས་ཀྱིས་ཉན་པ་དང་། ཐོས་པའི་དོན་སེམས་པ་དང་། བསམས་པའི་དོན་སྒོམ་པར་འགྱུར་ལ། དེ་འདྲ་བའི་རིམ་པ་ལས་ཀྱང་རང་འབྲས་བུ་གང་ལ་མོས་པ་ཇི་ལྟ་བ་བཞིན་དུ་ཉན་རང་གཉིས་ཀྱི་འདོད་པ་རྫོགས་པར་འགྱུར་བའི་ཕྱིར། དེ་གཉིས་ཐུབ་དབང་གིས་བསྐྲུན་པའོ། །གལ་ཏེ་ཉན་ཐོས་ཀྱི་རིགས་ཅན་མང་པོས་སངས་རྒྱས་ལས་ཆོས་ཐོས་པའི་ཚེ་དེ་ཉིད་ལ་བྱང་ཆུབ་མངོན་དུ་བྱེད་ཀྱང་། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་ཚེ་དེ་ཉིད་ལ་རང་གི་བྱང་ཆུབ་མངོན་དུ་མི་བྱེད་པས། དེ་དག་གིས་ཐུབ་པས་གསུངས་པའི་དོན་ལ་ཐོས་བསམ་སྒོམ་གསུམ་བྱས་པས་རང་གི་འདོད་པ་རྫོགས་པ་མི་འཐད་དོ་སྙམ་ན། སྐྱོན་མེད་དེ། གལ་ཏེ་རང་རྒྱལ་གྱི་རིགས་ཅན་ཁ་ཅིག །སྟོན་པས་རྟེན་འབྲེལ་གསུངས་པ་ཉན་པ་ཁོ་ན་ལས། དོན་དམ་པ་རྟོགས་པ་ལ་མཁས་པ་བྱུང་ཡང་། ཆོས་ཐོས་པའི་མཐོང་ཆོས་ཀྱི་སྐྱེ་བ་དེ་ཁོ་ན་ལ། རང་རྒྱལ་གྱི་མྱང་འདས་མི་འཐོབ་མོད་ཀྱང་། སངས་རྒྱས་ཀྱི་རྟེན་འབྲེལ་བསྟན་པའི་རང་རྒྱལ་གྱི་སྒྲུབ་པ་པོས། མྱོང་ངེས་ཀྱི་ལས་བསགས་པས་ལས་སོག་པའི་ཚེ་དེ་ཉིད་ལ་འབྲས་བུ་མ་མྱོང་ཡང་། སྐྱེ་བ་གཞན་དུ་ངེས་པར་མྱོང་བ་ལྟར། ཚེ་འདིར་མྱང་འདས་མ་ཐོབ་ཀྱང་། ཚེ་རབས་གཞན་དུ་ངེས་པ་ཁོ་ནར་མྱང་འདས་
འཐོབ་པའི་ཕྱིར་དང་། སྔར་སངས་རྒྱས་ཀྱིས་ཆོས་བསྟན་པ་ལ་ཉན་བསམ་བསྒོམ་གསུམ་བྱས་པས། འདོད་པ་རྫོགས་པར་བཤད་པ་ནི་ཚེ་དེ་ཁོ་ན་ལ་བསམས་ནས་བཤད་པ་མིན་པའི་ཕྱིར་རོ། །དེ་ལྟར་ཡང་བཞི་བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་དང་། དབུ་མ་ལས་ཀྱང་། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །རྟེན་པ་མེད་པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །འགྲེལ་པར་གལ་ཏེ་ཡང་ཁ་ཅིག་ཅེས་སོགས་ཀྱི་དོན་ལ། ཁ་ཅིག་རྟེན་འབྲེལ་བསྟན་ཡང་ཉན་ཐོས་ལ་སོགས་པའི་གོ་འཕང་མ་ཐོབ་པ་སྣང་བས། རྟེན་འབྲེལ་བསྟན་པས་ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་མི་འགྱུར་རོ། །ཞེས་པའི་ལན་བསྟན་པར་འདོད་པ་དང་། གཞན་དག་རྟེན་འབྲེལ་སྐྱེ་མེད་ཀྱི་དོན་ཉམས་སུ་བླངས་མ་ཐག་ཏུ་འབྲས་བུ་དེ་འབྱུང་རིགས་པ་ལས། དེ་མེད་པས་ན། ཕྱིས་ཀྱང་འབྲས་བུ་དེ་མི་སྐྱེད་དོ་ཞེས་པའི་ལན་སྟོན་པར་འཆད་པ་ནི། སྐབས་ཀྱི་དོན་མ་རྟོགས་པའི་བཤད་པ་སྟེ། ཐུབ་དབང་གིས་རང་རྒྱལ་བསྐྲུན་ཚུལ་ལ་དོགས་པ་ཆེ་བས་དེ་ལ་དམིགས་ཀྱིས་བཀར་ནས། དོགས་པ་གཅད་དགོས་པ་མ་བཅད་པར་འདུག་པའི་ཕྱིར་རོ། །གཉིས་པ་ནི། ཉན་རང་གཉིས་ཐུབ་དབང་ལས་སྐྱེས་པ་ཡིན་ན། ཐུབ་པའི་
དབང་པོ་དེ་རྣམས་གང་ལས་བལྟམས་ཤེ་ན། རྫོགས་པའི་སངས་རྒྱས་རྣམས་ནི་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཡིན་ནོ། །གལ་ཏེ་བྱང་སེམས་རྣམས་ཀྱང་སངས་རྒྱས་ཀྱིས་ཉེ་བར་བསྟན་པ་ལས་སྐྱེས་པས། རྒྱལ་བའི་སྲས་ཞེས་བརྗོད་པ་མ་ཡིན་ནམ། རྒྱལ་བའི་སྲས་ཡིན་པ་དེའི་ཕྱིར། སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ཇི་ལྟར་རིགས་ཏེ། དཔེར་ན་བུའི་ཕ་ནི་བུ་དེ་ལས་སྐྱེས་པ་མི་རིགས་པ་བཞིན་ནོ་ཞེ་ན། བྱང་སེམས་རྣམས་རྒྱལ་བ་འགའ་ཞིག་གི་སྲས་ཡིན་པ་ནི་བདེན་མོད་ཀྱི། འོན་ཀྱང་རྒྱུ་མཚན་གཉིས་ཀྱིས་བྱང་སེམས་རྣམས་སངས་རྒྱས་རྣམས་ཀྱི་རྒྱུར་འགྱུར་རོ། །དེ་ལ་གནས་སྐབས་ཀྱི་ཁྱད་པར་ལས་བྱང་སེམས་རྣམས་སངས་རྒྱས་རྣམས་ཀྱི་རྒྱུར་འགྱུར་ཚུལ་ནི། དེ་བཞིན་གཤེགས་པའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །འདིས་ནི་སངས་རྒྱས་ཀྱི་གནས་སྐབས་ཐོབ་པ་གང་ཡིན་ཐམས་ཅད། སྔོན་སློབ་ལམ་དུ་བྱང་སེམས་ཀྱི་གནས་སྐབས་སུ་གྱུར་པ་ཁོ་ནས་ཐོབ་པ་ཡིན་ནོ། །ཞེས་སངས་རྒྱས་དང་རྒྱུད་གཅིག་པའི་བརྒྱུད་པའི་ཉེར་ལེན་གྱི་རྒྱུའི་སྒོ་ནས་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་རྒྱུར་བསྟན་ནོ། ཡང་དག་པར་འཛིན་དུ་འཇུག་པ་ལས་བྱང་སེམས་སངས་རྒྱས་ཀྱི་རྒྱུར་འགྱུར་ཚུལ་ནི། རྗེ་བཙུན་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས། བདག་ཅག་
གི་སྟོན་པ་དང་། དེ་ལས་གཞན་པའི་སངས་རྒྱས་རྣམས་ཆེས་ཐོག་མ་ཁོ་ནར་བྱང་ཆུབ་ཀྱི་སེམས་འཛིན་དུ་བཅུག་པར་མདོ་སྡེ་ལས་འདོན་པ་ཡིན་ནོ། །འདིས་ནི་བྱང་སེམས་གཞན་གྱིས་ཐོབ་བྱའི་སངས་རྒྱས་དང་། རྒྱུད་ཐ་དད་པའི་བྱང་སེམས་ཀྱིས་སངས་རྒྱས་དེའི་ལྷན་ཅིག་བྱེད་རྐྱེན་བྱས་པའི་སྒོ་ནས། སངས་རྒྱས་བྱང་སེམས་ལས་འཁྲུངས་པར་སྒྲུབ་པ་ཡིན་ནོ། །འདིར་ཕྱོགས་སྔ་མ་སྨྲ་བས། བྱང་སེམས་རྣམས་རྒྱལ་བའི་སྲས་ཡིན་པས། བྱང་སེམས་རྒྱལ་བ་ལས་འཁྲུངས་པ་རིགས་ཀྱི། དེ་ལས་བཟློག་ནས་སྨྲ་བ་མི་རིགས་ཞེས་བརྩད་པ་ལ། བྱང་སེམས་རྒྱལ་བའི་སྲས་ཡིན་པ་བདེན་མོད་ཀྱི། ཞེས་རང་ཡང་དེ་ལྟར་བཞེད་པར་བསྟན་པ་ན། དེ་ཁས་ལེན་ཀྱང་བྱང་སེམས་ལས་སངས་རྒྱས་འཁྲུངས་པ་མི་འགལ་བའི་རྒྱུ་མཚན་བསྟན་དགོས་པ་མ་བསྟན་པར། བྱང་སེམས་ལས་སངས་རྒྱས་འཁྲུངས་པར་སྒྲུབ་པ་མ་རིགས་ཏེ། དེ་ལྟར་བསྒྲུབས་པ་ལ་ཡང་ད་དུང་དོགས་པ་སྔ་མ་སྐྱེ་བས། དོགས་པ་དེ་མི་ཆོད་པའི་ཕྱིར་རོ་སྙམ་ན། སྐྱོན་འདི་མེད་དེ་བྱང་སེམས་ལས་སངས་རྒྱས་འཁྲུངས་པར་རྩ་བར་བསྟན་པའི་དོན་ནི། རྒྱུ་མཚན་དང་པོའི་སྐབས་སུ་སློབ་ལམ་གྱི་བྱང་སེམས་ཀྱིས། ལམ་ཉམས་སུ་བླངས་པ་ལས་འབྲས་བུ་སངས་རྒྱས་ཐོབ་པ་ལ་བཤད་པ་ན། བྱང་སེམས་དེས་ཐོབ་པའི་སངས་རྒྱས་ཀྱི་སྲས་བྱང་སེམས་དེ་མིན་པར་ཤེས་པས། དེ་ལ་བདེན་མོད་ཀྱི་ཞེས་ཟེར་བ་ག་ལ་ཡིན། ཡང་བདག་ཅག་གི་སྟོན་པའི་གསུང་ལས་
གསར་དུ་བྱང་སེམས་སུ་སྐྱེས་པ་དེ། སངས་རྒྱས་དེའི་སྲས་ཡིན་ཀྱང་བྱང་སེམས་དེ་ལས། སངས་རྒྱས་དེ་འཁྲུངས་པ་མིན་པས་རྩོད་པ་དེ་ནི་ཚུལ་དེ་གཉིས་རྣམ་པར་མ་ཕྱེད་པའི་རྩོད་པར། འགྲེལ་པས་ལན་བཏབ་པ་ལ་བརྟེན་ནས། ཤེས་རབ་ཡོད་ན་ཅིའི་ཕྱིར་མི་རྟོགས། དེ་ལྟར་ནའང་འདི་ལ་ཡང་སྙིང་པོ་མེད་པའི་བཤད་པ་མང་དུ་བྱུང་སྣང་ངོ་། །བྱང་སེམས་རྣམས་སངས་རྒྱས་ཀྱི་རྒྱུའི་གཙོ་བོ་ཡིན་པ་དེ་ཉིད་ཀྱི་ཕྱིར། སངས་རྒྱས་རྣམས་ཀྱིས་བྱང་སེམས་ལ་བསྔགས་པ་མཛད་པ་ཡིན་ནོ་ཞེས་སྦྱར་རོ། །བསྔགས་པ་མཛད་པའི་དགོས་པ་བཞི་ལས། དང་པོ་ནི། སངས་རྒྱས་ཀྱི་རྒྱུ་ཕུན་ཚོགས་ནི་ཆེས་བརླིང་བ་སྟེ་ཤིན་ཏུ་གཅེས་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྒྱུ་བྱང་སེམས་ལ་མཆོད་པར་བརྗོད་པ་ལས་ཀྱང་། འབྲས་བུ་སངས་རྒྱས་ལ་མཆོད་པ་ཤུགས་ཀྱིས་འཕངས་པར་དགོངས་པའི་ཕྱིར་རོ། །གསུམ་པ་ནི། སྨན་གྱི་ལྗོན་ཤིང་འདོད་པའི་འབྲས་བུ་དཔག་ཏུ་མེད་པ་སྟེར་བའི་ཤིང་གི་མྱུ་གུ་དང་སྡོང་བུ་ལ་སོགས་པ་མཐོང་ཞིང་། ཤིང་གི་ལོ་མ་གཞོན་པ་འཇམ་པོའི་གནས་སྐབས་སུ། ལྷག་པར་ཡང་གཅེས་སྤྲས་སུ་བྱས་ཏེ་སྐྱོང་བ་བཞིན་དུ། སངས་རྒྱས་ཀྱི་ལྗོན་ཤིང་སྐྱེ་དགུ་ཐམས་ཅད་ཀྱི་གསོས་སུ་གྱུར་པའི་མྱུ་གུ་བྱང་སེམས་ལས་དང་པོ་པ་ལ་ཡང་གཅེས་སྤྲས་སུ་བྱས་ཏེ། འབད་པ་ཆེན་པོས་བསྐྱང་བར་བྱ་བར་བསྟན་པའི་ཕྱིར་རོ། །བཞི་པ་ནི། བྱང་སེམས་ལ་བསྔགས་པ་གསུང་
བའི་དུས་དེར་འཁོར་དུ་ཉེ་བར་གྱུར་ཅིང་། ཐེག་པ་གསུམ་ལ་བཀོད་པ་རྣམས་ཐེག་ཆེན་ཉིད་ལ་ངེས་པར་སྦྱར་བར་བྱ་བའི་ཕྱིར་རོ། །དཀོན་མཆོག་བརྩེགས་པའི་མདོ་ལས་ཀྱང་། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་མ་ཡིན་ནོ། །འོད་སྲུངས་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟར་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ་། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འབྱུང་ངོ་། །ཞེས་གསུངས་པ་ལྟ་བུའོ། །འདིས་ནི་སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པར་ལུང་གིས་བསྒྲུབས་ལ། རྒྱུ་མཚན་སྔ་མ་གཉིས་ཀྱིས་ནི་རིགས་པས་བསྒྲུབས་སོ། །དེ་ལྟར་ན་གཞན་ལས་མཆོད་བརྗོད་ཀྱི་ཡུལ་དུ་གྲགས་པའི་ཉན་རང་གཉིས་དང་། སངས་རྒྱས་དང་བྱང་སེམས་ལ་འདིར་དངོས་སུ་མཆོད་བརྗོད་མ་མཛད་པ་ནི། དེ་རྣམས་ཀྱི་རྩ་བའི་རྒྱུ་ལ་མཆོད་བརྗོད་བྱེད་པ་ཡིན་ལ། དེ་བཞི་རིམ་པ་བཞིན་རྒྱུ་འབྲས་སུ། ཉན་ཐོས་ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་པ་ནི། དེ་རྣམས་ཀྱི་མཐར་གཏུགས་པའི་རྩ་བའི་རྒྱུ་ངོས་གཟུང་བའི་ཕྱིར་དུ་ཡིན་ནོ། །དེ་ལྟ་ན་སངས་རྒྱས་ཀྱིས་ཉེ་བར་བསྟན་པ་ལས། བྱང་སེམས་སྐྱེ་བ་ཡིན་ཀྱང་། ཐུབ་དབང་སྐྱེས་ཞེས་པའི་སྐབས་སུ། དེ་ལ་ཉན་རང་ལྟར་བཤད་མི་དགོས་ཏེ།
དེ་གཉིས་ཐུབ་དབང་ལས་སྐྱེས་པར་སྟོན་པ་ནི། དེ་གཉིས་ཀྱི་རྩ་བ་ཡང་མཐར་གཏུགས་ན། སྙིང་རྗེ་ལ་ཐུག་པར་བསྟན་པའི་ཕྱིར་ཡིན་ལ། བྱང་སེམས་ཀྱི་རྩ་བ་སྙིང་རྗེ་ལ་ཐུག་པ་ནི་ལོགས་སུ་སྟོན་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཉན་རང་གཉིས་ཐུབ་དབང་ལས་དང་། ཐུབ་དབང་རྣམས་བྱང་སེམས་ལས་འཁྲུངས་ན། བྱང་སེམས་དེ་དག་གི་རྒྱུ་གང་ཡིན་ཞེ་ན། འཆད་པར་འགྱུར་བའི་སྙིང་རྗེའི་སེམས་དང་། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་མཐའ་གཉིས་སུ་མེད་པ་སྟེ་གཉིས་དང་བྲལ་བའི་དོན་རྟོགས་པའི་བློ་ཤེས་རབ་དང་བྱང་ཆུབ་ཀྱི་སེམས་གསུམ་ནི། རྒྱལ་སྲས་བྱང་སེམས་རྣམས་ཀྱི་གཙོ་བོའི་རྒྱུ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་འདིར་འགྲེལ་པར་མདོ་དྲངས་པ་ལས་བསྟན་པ་བཞིན་ཡིན་ཞེས་གསུངས་ལ། མདོ་ལས་ནི། རང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་ནས། ཆོས་ཉིད་འདི་སེམས་ཅན་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ་སྙམ་ནས། སེམས་གང་སྐྱེས་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །ཞེས་གསུངས་སོ། །འདི་ནི་སེམས་བསྐྱེད་ཀྱི་ཆེད་དུ་བྱ་བའི་ཕྱོགས་གཅིག་ཙམ་ལ་དམིགས་པ་ཡིན་པས་མཚན་ཉིད་མ་རྫོགས་ལ། ཡང་འགྲེལ་པར་བདག་གིས་འཇིག་རྟེན་འདི་མཐའ་དག་སྡུག་བསྔལ་ནས་བཏོན་ཏེ། སངས་རྒྱས་ཉིད་ལ་ངེས་བར་སྦྱར་བར་བྱའོ་སྙམ་དུ་ངེས་པར་སེམས་སྐྱེད་པར་བྱེད་དོ། །ཞེས་གསུངས་པ་ལ་ཡང་ཐོབ་བྱ་བྱང་ཆུབ་ལ་དམིགས་
པ་མེད་པས་མཚན་ཉིད་ཕྱོགས་གཅིག་པའོ། །དེས་ན་འགྲེལ་པར་སྙིང་རྗེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་སྐྱེ་བར་སྟོན་པའི་སྐབས་སུ། དམ་པའི་ཆོས་ཀྱི་བདུད་རྩིའི་རོ་ཕུལ་དུ་བྱུང་བ་འབྱུང་བའི་རྒྱུ། ཕྱིན་ཅི་ལོག་གི་རྟོག་པ་མཐའ་དག་ལོག་པའི་མཚན་ཉིད། འགྲོ་བ་ཡོངས་ཀྱི་གཉེན་ཉིད་ཀྱི་རང་བཞིན་དུ་གྱུར་པ། སངས་རྒྱས་ཉིད་ཡང་དག་པར་ཐོབ་པར་འདོད་པ་ཡིན་ནོ། །ཞེས་ཐོབ་བྱའི་བྱང་ཆུབ་ལ་དམིགས་པ་གསལ་བར་བཤད་པས། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་སེམས་བསྐྱེད་ཀྱི་མཚན་ཉིད་རྫོགས་པར་འདོད་པར་བྱ་སྟེ། འགྲེལ་བཤད་ལས་ཀྱང་དེ་ལྟར་འབྱུང་བ་ལེགས་ཤིང་། མངོན་རྟོགས་རྒྱན་ལས་གསུངས་པ་དང་ལུགས་འདི་ལ་མི་འདྲ་བ་མེད་དོ། །དེ་ལྟར་ཆོས་གསུམ་པོ་བྱང་སེམས་ཀྱི་རྒྱུར་འཇུག་པ་ནི། རིན་ཆེན་འཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པའི་ལུགས་སོ། །ལུང་དེས་བྱང་ཆུབ་ཀྱི་རྩ་བར་བསྟན་གྱི་བྱང་སེམས་ཀྱི་རྩ་བར་དངོས་སུ་མ་བསྟན་ཀྱང་། རྩ་བ་ནི་དང་པོའི་དོན་དང་། དེའི་དུས་ཀྱི་གཙོ་བོའི་རྒྱུ་གསུམ་སྟོན་པའི་སྐབས་ཡིན་པས། བྱང་སེམས་ཀྱི་གཙོ་བོའི་རྒྱུ་ཡིན་པར་སྐབས་ལས་ཤེས་སོ། །ཆོས་གསུམ་
བྱང་སེམས་ཀྱི་རྒྱུར་སྟོན་པ་འདི་ཉན་རང་སངས་རྒྱས་ལས་དང་། སངས་རྒྱས་བྱང་སེམས་ལས་འཁྲུངས་ན། བྱང་སེམས་གང་ལས་འཁྲུངས་ཞེས་དཔྱོད་པའི་སྐབས་ཡིན་པས། བྱང་སེམས་ཀྱི་རྣམ་འཇོག་གི་རྒྱུར་མི་རུང་བས་སྐྱེད་བྱེད་ཀྱི་རྒྱུའོ། །དེ་ལྟར་འདི་གསུམ་གང་གི་རྒྱུར་བཞག་པའི་བྱང་སེམས་དེའི་མ་མཐའ། ལམ་ཞུགས་ཀྱི་བྱང་སེམས་ཐོག་མ་པ་ལ་བྱེད་དམ་མི་བྱེད། བྱེད་ན་ཐེག་ཆེན་གྱི་སེམས་བསྐྱེད་དེའི་རྒྱུར་འཇོག་པ་མི་འཐད་དེ། དེ་ཐོབ་མ་ཐག་བྱང་སེམས་སུ་གཞག་དགོས་པའི་ཕྱིར་རོ། །མཐའ་གཉིས་ལ་མི་བརྟེན་པའི་ཡེ་ཤེས་བྱང་སེམས་ཀྱི་རྒྱུར་འཇོག་པ་ཡང་མི་འཐད་དེ། བྱང་སེམས་རྣམས་ནི་ཐོག་མར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། དེའི་འོག་ཏུ་བྱང་སེམས་ཀྱི་སྤྱོད་པ་ཕྱིན་དྲུག་ལ་སློབ་པ་ཡིན་པས། དེ་ལྟ་བུའི་ཤེར་ཕྱིན་ལ་སློབ་པའི་སྐབས་ཉིད་ནས། མཐའ་གཉིས་ལ་མི་བརྟེན་པའི་ཡེ་ཤེས་ལ་སློབ་པ་ཡིན་པའི་ཕྱིར་རོ། །མི་བྱེད་ན་ནི་ཟླ་བ་ཚེས་པ་ལྟ་བུའི་བྱང་སེམས་སུ་བཤད་པ་དང་། སྨན་གྱི་ལྗོན་ཤིང་གི་མྱུ་གུ་ལྟ་བུའི་བྱང་སེམས་སུ་བཤད་པ་དང་འགལ་བར་འགྱུར་རོ་ཞེ་ན། ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་ཕྱོགས་གཉིས་པ་ནི་ཁས་མི་ལེན་པས་དང་པོ་ཁས་ལེན་ནོ། །འོན་ཀྱང་སྔར་བཀོད་པའི་སྐྱོན་ནི་མེད་དེ། བྱང་སེམས་ཀྱི་སྔོན་དུ་འགྲོ་བའི་སེམས་བསྐྱེད་པ་ནི། སེམས་བསྐྱེད་སྒོམ་པའི་སྐབས་ལ་དགོངས་ཀྱི། བསྒོམས་པ་ལ་བརྟེན་ནས་སྐྱེས་པའི་སེམས་
བསྐྱེད་དངོས་མིན་པའི་ཕྱིར་རོ། །དེ་ཡང་དཔེར་ན་བུར་ཤིང་གི་ཤུན་པའི་རོ་མྱོང་བ་དང་། ཤུན་པའི་ནང་གི་རོ་མྱོང་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་ཙམ་ནི། ཚིག་རྗེས་འབྲངས་པའི་གོ་བ་ཙམ་ཡིན་པས་བུར་ཤིང་གི་ཤུན་པའི་རོ་དང་འདྲ་སྟེ། དེ་ལ་སེམས་བསྐྱེད་པ་ཟེར་ཡང་སེམས་བསྐྱེད་དངོས་མིན་ནོ། །བྱང་ཆུབ་ཀྱི་སེམས་སྦྱོང་བའི་མན་ངག་བཞིན་དུ་སྦྱངས་པ་ལ་བརྟེན་ནས། ཡིད་ལེགས་པར་འཁུལ་ཐུབ་པའི་མྱོང་བ་ཁྱད་པར་ཅན་སྐྱེས་པ་ནི། ཤུན་པའི་ནང་གི་བུར་ཤིང་དངོས་ཀྱི་རོ་དང་འདྲ་བས། སེམས་བསྐྱེད་མཚན་ཉིད་པ་ཡིན་ཏེ། དོན་འདི་ལ་དགོངས་ནས་ལྷག་བསམ་བསྐུལ་བ་ལས་ཀྱང་། ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །ཞེས་གསུངས་སོ། །བྱང་སེམས་ཀྱི་རིགས་ཅན་དབང་པོ་རྣོན་པོས་སྔོན་དུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་བཙལ་ནས། དེ་ནས་སེམས་བསྐྱེད་པ་ཡིན་པས་སྐྱོན་གཉིས་པ་ཡང་མེད་པ་ནི་འཆད་པར་འགྱུར་རོ། །གཉིས་སུ་མེད་པའི་བློ་ནི་གཟུང་འཛིན་གཉིས་སུ་སྣང་བ་མེད་པ་མིན་གྱི། འགྲེལ་པར་མཐའ་གཉིས་དང་བྲལ་བའི་ཤེས་རབ་ལ་བཤད་ལ། དེ་ཡང་བྱང་སེམས་ཀྱི་སྔོན་དུ་འོང་བ་མི་འགལ་ལོ། །དོན་དམ་པའི་སེམས་བསྐྱེད་ལ་འཆད་པ་ནི་ཤིན་ཏུ་མ་འབྲེལ་ཏེ། གཉིས་སུ་མེད་བློ་ཞེས་པས་ཐོག་མར་ཞུགས་པའི་བྱང་སེམས་ཀྱི་རྒྱུའི་ཤེས་རབ་ཀྱང་སྟོན་དགོས་པས་སོ། །གཉིས་པ་ནི། བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་
གཉིས་ཀྱི་རྩ་བ་ཡང་སྙིང་རྗེ་ཡིན་པས་ན། དེ་གསུམ་གྱི་ནང་ནས་སྙིང་རྗེ་གཙོ་བོ་ཉིད་དུ་བསྟན་པར་བཞེད་ནས། གང་ཕྱིར་ཞེས་སོགས་གསུངས་སོ། །གང་གི་ཕྱིར་སྙིང་བརྩེ་བ་ནི་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི་ཐོག་མར་སྐྱེད་པ་ལ་གལ་ཆེ་བ་ས་བོན་དང་ནི་འདྲ་ལ། བར་དུ་གོང་ནས་གོང་དུ་སྤེལ་བ་ལ་ཆུ་དང་འདྲ་ཞིང་། ཐ་མར་གདུལ་བྱས་ཡུན་རིང་དུ་ལོངས་སྤྱོད་པའི་གནས་ལ། འབྲས་བུས་སྨིན་པ་ལྟ་བུར་འདོད་པར་གྱུར་པ་དེའི་ཕྱིར། ཟླ་བའི་ཞབས་བདག་གིས་ཉན་རང་དང་སངས་རྒྱས་དང་། བྱང་སེམས་དང་དེའི་རྒྱུ་གཞན་གཉིས་ལས་ཀྱང་ཐོག་མར་རམ། བསྟན་བཅོས་རྩོམ་བའི་ཐོག་མར་སྙིང་རྗེ་ཆེན་པོ་ལ་བསྟོད་པར་བགྱིའོ། །དེ་ཡང་ད་གཟོད་བསྟོད་པ་མིན་གྱི་དེ་མ་ཐག་ཏུ་རྒྱལ་བའི་ལོ་ཏོག་བསྐྲུན་པ་ལ། ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་བསྟན་པ་དེ་ཉིད་དོ། །ཉིད་ཀྱི་སྒྲས་ནི་དཔེའི་སྐབས་སུ་ཕྱིའི་ལོ་ཏོག་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་གསུམ། སོ་སོ་བར་སོང་བ་ལྟ་བུ་མིན་པར། དོན་གྱི་སྐབས་སུ་རྒྱལ་བའི་ལོ་ཏོག་ལ་སྙིང་རྗེ་ཁོ་ན་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་བསྟན་ནོ། །ཐོག་མར་གལ་ཆེ་བ་ལ་ས་བོན་ལྟ་བུ་ཡིན་ཚུལ་ནི། འདི་ལྟར་སྙིང་རྗེ་ཆེན་པོ་ཅན་ནི་སེམས་ཅན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བས། སྡུག་བསྔལ་ཅན་གྱི་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་དུ། བདག་གིས་སེམས་ཅན་འདི་ཐམས་ཅད་འཁོར་བའི་སྡུག་བསྔལ་ནས་བཏོན་ཏེ། སངས་རྒྱས་ལ་ངེས་
པར་སྦྱར་བར་བྱའོ་སྙམ་དུ་ཆེད་དུ་བྱ་བ་ལ་དམིགས་པའི་སེམས་བསྐྱེད་ལ། དེ་ཡང་རང་གིས་སངས་རྒྱས་ཐོབ་པ་ལ་རག་ལས་པར་མཐོང་ནས། བདག་གིས་འདི་རྣམས་ཀྱི་དོན་དུ་བླ་མེད་བྱང་ཆུབ་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་དུ། བྱང་ཆུབ་ལ་དམིགས་པའི་སེམས་ངེས་པར་བསྐྱེད་དོ། །དེ་འདྲ་པའི་དམ་བཅའ་བ་དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མཚོན་པའི་སྦྱིན་སོགས་ཀྱི་སྤྱོད་པ་དོར་ན་མི་འགྲུབ་པར་མཐོང་ནས། ཡེ་ཤེས་གཙོ་བོར་གྱུར་པའི་སྤྱོད་པ་ལ་ཡང་ངེས་པ་ཁོ་ནར་འཇུག་པས་ན། སངས་རྒྱས་ཀྱི་ཆོས་ཀུན་གྱི་ས་བོན་ནི་སྙིང་རྗེ་ཆེན་པོ་ཡིན་ནོ། །དོན་འདི་ལ་དགོངས་ནས་རིན་ཆེན་འཕྲེང་བ་ལས། ཐེག་པ་ཆེན་པོ་གང་ཞིག་ལས། །སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང་། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། ཅེས་སྙིང་རྗེ་སྔོན་དུ་བཏང་ཀྱིས་དྲངས་པའི་སྤྱོད་པ་སྤྱི་དང་། ཁྱད་པར་དུ་མཐའ་གཉིས་ཀྱི་དམིགས་གཏད་ཀྱི་དྲི་མ་མེད་པའི་ཡེ་ཤེས་ཀྱི་སྤྱོད་པ་གསུམ་གྱིས་ཐེག་ཆེན་གྱི་དོན་ཀུན་བསྡུས་པར་གསུངས་སོ། །བར་དུ་གལ་ཆེ་བ་ལ་ཆུ་དང་འདྲ་ཚུལ་ནི། སྙིང་རྗེའི་ས་བོན་གྱིས་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་ཐོག་མར་བསྐྱེད་དུ་ཟིན་ཀྱང་། དུས་ཕྱིས་སྙིང་རྗེའི་ཆུས་ཡང་དང་ཡང་དུ་མ་བཅུས་ན། འབྲས་བུ་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ཚོགས་གཉིས་ཡངས་པ་མ་བསགས་པ་འདི། ངེས་པར་ཉན་རང་གང་རུང་གི་མྱ་ངན་ལས་འདས་པ་མངོན་དུ་བྱེད་ལ། སྙིང་རྗེའི་ཆུས་ཡང་
ཡང་བཅུས་ན་དེ་ལྟར་མི་འགྱུར་རོ། །ཐ་མར་གལ་ཆེ་བ་ལ་སྨིན་པ་དང་འདྲ་ཚུལ་ནི། །རྒྱལ་བའི་གོ་འཕང་ཐོབ་ཏུ་ཟིན་ཀྱང་སྙིང་རྗེའི་སྨིན་པ་དང་བྲལ་ན། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པའི་རྒྱུར་མི་འགྱུར་ཞིང་། ཉན་རང་དང་བྱང་སེམས་འཕགས་པའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་བར་མ་ཆད་པ་འཕེལ་བར་ཡང་མི་འགྱུར་ལ། འབྲས་བུའི་སར་སྙིང་རྗེ་ཆེན་པོ་རྒྱུན་ལྡན་དུ་འཇུག་ན་དེ་ལས་བཟློག་སྟེ་འབྱུང་བའོ། །དེ་ལྟར་ན་གང་ཕྱིར་ཞེས་པ་བཞིའི་དོན་བཀྲལ་བས་ནི། ཐེག་ཆེན་པ་བྱེད་པར་འདོད་ན་ཐོག་མར་ཡིད་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ་ཞིག་དང་། དེ་ནས་དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་མཚན་ཉིད་ཚང་བ་ཅིག་སྙིང་ཐག་པ་ནས་བསྐྱེད་པ་དང་། སེམས་བསྐྱེད་པས་ནི་གདོན་མི་ཟ་བར་བྱང་སེམས་ཀྱི་སྤྱོད་པ་སྤྱི་དང་། ཁྱད་པར་དུ་ཟབ་མོའི་ལྟ་བ་ཕུ་ཐག་གཅོད་དགོས་པར་འདུག་སྙམ་ནས་དེ་དག་ལ་སློབ་པ་ཅིག་དགོས་པར་བསྟན་པ་ལ་ངེས་པ་བརྟན་པོ་རྙེད་དགོས་སོ། །༈ གཉིས་པ་ལ་གཉིས། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་དང་། ཆོས་དང་དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའོ། །དང་པོ་ནི། ངར་འཛིན་གྱི་འཇིག་ལྟས་ང་ཡིར་འཛིན་པའི་འཇིག་ལྟ་སྐྱེད་པས། སེམས་ཅན་འདི་རྣམས་ནི་དང་པོར་ཏེ་བདག་གི་བར་མངོན་པར་ཞན་པའི་
འཇིག་ལྟའི་སྔ་རོལ་ཏུ། ངར་འཛིན་པའི་འཇིག་ལྟས་རང་བཞིན་གྱི་ཡོད་པ་མིན་པའི་བདག་རང་བཞིན་གྱིས་ཡོད་དོ་སྙམ་ནས། ང་ཞེས་པའི་དོན་འདི་ཉིད་དུ་སྟེ་ལ་བདེན་པར་མངོན་པར་ཞེན་པར་བྱེད་དོ། །དེའི་འོག་ཏུ་ང་ཡིར་འཛིན་པའི་འཇིག་ལྟས། ངར་འཛིན་གྱི་དམིགས་ཡུལ་ལས་གཞན་པ་སྟེ་དེ་མིན་པའི་གཟུགས་དང་མིག་ལ་སོགས་པའི་དངོས་པོ་ལ། འདི་ནི་བདག་གིའོ་ཞེས་བདག་གི་བ་ལ་བདེན་པར་ཆགས་པ་བསྐྱེད་པས། ཟོ་ཆུན་གྱི་འཕྲུལ་འཁོར་འཕྱན་པ་སྟེ་འཁོར་བ་ལྟར། རང་དབང་མེད་པར་འཁོར་བ་ཡི་འགྲོ་བ་ལ་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་དོ་ཞེས་པ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའི་དོན་ནོ། །འགྲོ་བ་རྣམས་ཟོ་ཆུན་གྱི་རྒྱུད་མོ་དང་འདྲ་ལུགས་ཇི་ལྟར་ཡིན་སྙམ་ན། དེ་ལ་སེམས་ཅན་དང་ཟོ་ཆུན་གྱི་རྒྱུད་གཉིས་ནི་འདྲ་བ་པོ་དང་འདྲ་ཡུལ་ཏེ་ཁྱད་པར་གྱི་གཞིའོ། །འདྲ་ཚུལ་ནི་དཔེ་ལ་ཐག་པས་བསྡམས་པ་ལ་སོགས་པའི་ཁྱད་པར་གྱི་ཆོས་དྲུག་ཡོད་པ་བཞིན་དུ། དོན་ལའང་དེ་ཡོད་པར་ཕྱོགས་གཅིག་ཏུ་བསྟན་ན། ཁྱད་པར་དང་པ་ནི་བཅུད་ཀྱི་འཇིག་རྟེན་འདི་ནི་ལས་དང་ཉོན་མོངས་པའི་ཐག་པས་ཆེས་དམ་དུ་བསྡམས་པའོ། །འདི་ནི་ཞེས་པ་ནི་འོག་མ་ལྔ་ལ་ཡང་སྦྱར་རོ། །གཉིས་པ་ནི། ཟོ་ཆུན་གྱི་འཕྲུལ་འཁོར་བསྐོར་མཁན་དང་འདྲ་བར། རྣམ་པར་ཤེས་པས་བསྐྱེད་པ་ལ་རག་ལས་པར་འཇུག་པའོ། །གསུམ་པ་
ནི། འཁོར་བའི་ཁྲོན་པ་ཆེན་པོ་སྲིད་རྩེ་ནས། མནར་མེད་པ་ལ་ཐུག་པ་ཟབ་པར་བར་སྐབས་མེད་པར་འཕྱན་པའོ། །བཞི་པ་ནི། ཐུར་དུ་ངན་འགྲོར་འབད་རྩོལ་ལ་མི་ལྟོས་པར་རང་གི་ངང་གིས་འགྲོ་ཞིང་གྱེན་དུ་བདེ་འགྲོར་ནི་འབད་པ་ཆེན་པོས་དྲང་བར་བྱ་བའོ། །ལྔ་པ་ནི། མ་རིག་པ་དང་སྲེད་ལེན་གྱི་ཉོན་མོངས་པ་དང་། འདུ་བྱེད་དང་སྲིད་པའི་ལས་དང་། ལྷག་མ་བདུན་གྱི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་ཡོད་ཀྱང་། དེ་གསུམ་གྱི་སྔ་ཕྱིའི་རིམ་པ་མཐའ་གཅིག་ཏུ་ངེས་པར་མི་ནུས་པའོ། །དྲུག་པ་ནི། ཉི་མ་རེ་རེ་ཞིང་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་གཅོག་པའི་ཕྱིར། འགྲོ་བ་འདི་ནི་ཟོ་ཆུན་གྱི་རྒྱུད་མོའི་གནས་སྐབས་ལས་མ་འདས་པ་ཞིག་གོ །འདིར་ཁྱད་པར་གྱི་ཆོས་དྲུག་གི་སྒོ་ནས་ཆོས་མཐུན་སྦྱར་བ་ནི། སེམས་ཅན་འཁོར་བར་འཁྱམས་ཚུལ་གྱི་གོ་བ་ཙམ་ཞིག་སྐྱེད་པའི་ཕྱིར་མིན་ནོ། །འོ་ན་ཇི་ལྟར་ཡིན་སྙམ་ན། སྔར་ཐེག་ཆེན་ལ་འཇུག་འདོད་པས་ཐོག་མར་སྙིང་རྗེ་ཆེན་པོ་སྐྱེད་དགོས་པར་བསྟན་ཀྱང་། ཅི་འདྲ་བ་ཞིག་བསྒོམས་པས་སྙིང་རྗེ་སྐྱེད་ཚུལ་སྔར་མ་བསྟན་བས། འདིར་སེམས་ཅན་རྣམས་རང་དབང་མེད་བར་འཁོར་བར་འཁྱམས་ཚུལ་བསྟན་པ་ལྟར་བསྒོམས་པས། སྙིང་རྗེ་ཆེན་པོ་སྐྱེད་ཚུལ་སྟོན་པ་ཡིན་ནོ། །དེ་ཡང་
བྱེད་པ་པོ་གང་གིས་འཁོར་དུ་བཅུག་ན། ཤིན་ཏུ་མ་ཞི་ཞིང་མ་དུལ་བའི་སེམས་འདི་ཉིད་ཀྱིས་སོ། །གནས་གང་དུ་ཚུལ་ཇི་ལྟར་འཁོར་ན། སྲིད་རྩེ་ནས་མནར་མེད་ཀྱི་བར་གྱི་གནས་འདིར། མི་འཁོར་བའི་སྐབས་ཅུང་ཟད་ཀྱང་མེད་པར་རོ། །རྒྱུ་རྐྱེན་གང་གིས་འཁོར་ན་ལས་དང་ཉོན་མོངས་པའི་དབང་གིས་སོ། །དེ་ཡང་བསོད་ནམས་མ་ཡིན་པའི་ལས་དང་། དེའི་ཉོན་མོངས་ཀྱི་དབང་གིས་ངན་འགྲོ་དང་། བསོད་ནམས་དང་མི་གཡོ་བའི་ལས་དང་། དེའི་ཉོན་མོངས་ཀྱི་དབང་གིས་བདེ་འགྲོར་འཁོར་ལ། དེའི་དང་པོ་ནི་དེར་སྐྱེ་བའི་དོན་དུ་འབད་ནི་དགོས་པར་ངང་གིས་འཇུག་པ་དང་། ཕྱི་མ་ནི་དེའི་རྒྱུ་རྣམས་འབད་པ་ཆེན་པོས་སྒྲུབ་དགོས་པས་དཀའ་བ་སྟེ། ལུང་གཞི་ལས། བདེ་འགྲོ་དང་ངན་འགྲོ་ནས་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོའི་རྡུལ་དང་། དེ་གཉིས་ནས་འཕོས་ཏེ་བདེ་འགྲོར་འགྲོ་བ་ནི། ཕྱག་སེན་གྱི་རྩ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པ་ལྟར་རོ། །རྟེན་འབྲེལ་ཚར་གཅིག་གི་ཉོན་མོངས་གསུམ་གང་རུང་ཞིག་གི་དུས་སུ་ཡང་ཚར་གཞན་གྱི་ཀུན་ནས་ཉོན་མོངས་གཞན་གཉིས་འཇུག་པས་རྒྱུན་མི་འཆད་པ་དང་། ཉིན་རེ་ཞིང་སྡུག་བསྔལ་གསུམ་ཆུའི་གཉེར་མ་ལྟ་བུས་ལན་གཅིག་མ་ཡིན་པར་མནར་བ་རྣམས་སེམས་པའོ། །འདི་ཡང་སྔོན་དུ་རང་ཉིད་འཁོར་བར་འཁྱམས་ཚུལ་བསམས་པ་ན། ཡིད་ལ་འགྱུར་བ་ཅི་ཡང་མི་ཐོན་པ་ཅིག་
གིས། སེམས་ཅན་གཞན་གྱི་སྟེང་དུ་བསམས་པ་ན། དེ་རྣམས་ཀྱི་སྡུག་བསྔལ་མི་བཟོད་པ་ལས་དང་པོ་པ་ལ་འོང་མེད་པས། བཞི་བརྒྱ་པའི་འགྲེལ་པར་གསུངས་པ་ལྟར་སྔོན་དུ་རང་སྟེང་དུ་བསམ་མོ། །དེ་ནས་སེམས་ཅན་གཞན་ལ་བསྒོམ་པར་བྱའོ། །འོ་ན་སེམས་ཅན་གཞན་ལ་འཁོར་བར་སྡུག་ཀུན་གྱིས་མནར་ཚུལ་བསྒོམས་པ་ཉིད་ཀྱིས་སྙིང་རྗེ་ཆེན་པོ་འདྲེན་ནམ། གྲོགས་གཞན་ཅིག་དགོས་སྙམ་ན། འདི་ན་དགྲ་ལ་སྡུག་བསྔལ་མཐོང་བ་ན་མི་བཟོད་པ་མེད་ཀྱི་སྟེང་དུ་དགའ་བ་དང་། ཕན་གནོད་གང་ཡང་མ་བྱས་པ་སྡུག་བསྔལ་བར་མཐོང་བ་ན། ཕལ་ཆེར་ཡལ་བར་འདོར་བ་ནི་རང་གི་ཡིད་དུ་འོང་བ་མེད་པས་ལན་ལ། གཉེན་གྱི་སྡུག་བསྔལ་མཐོང་ན་མི་བཟོད་པ་དང་། དེ་ཡང་ཡིད་དུ་འོང་ཚབས་ཇི་ལྟར་ཆེ་བ་ཙམ་གྱིས་དེའི་སྡུག་བསྔལ་མི་བཟོད་པ་ཤུགས་དྲག་པར་སྣང་བས། སེམས་ཅན་ཤིན་ཏུ་གཅེས་ཤིང་ཡིད་ལ་ཕངས་པའི་ཡིད་འོང་སྐྱེད་པ་ཞིག་དགོས་པ་ནི་གནད་ཆེན་པོའོ། །ཡིད་འོང་ཐབས་གང་གིས་སྐྱེད་པ་ལ་མཁས་པའི་དབང་པོ་དག་གི་ལུགས་གཉིས་སྣང་བའི་དང་པོ་ནི། ཟླ་བའི་ཞབས་ཀྱིས་བཞི་བརྒྱ་པའི་འགྲེལ་པར་སེམས་ཅན་རྣམས་ཐོག་མ་མེད་པ་ནས། ཕ་མ་སོགས་ཀྱི་གཉེན་ཡིན་པ་བསམས་ན། དེ་རྣམས་བསྒྲལ་བའི་ཕྱིར་དུ་འཁོར་བར་མཆོང་པར་བཟོད་པ་ཡིན་པར་གསུངས་པ་ལྟར། བདག་ཉིད་ཆེན་པོ་ཙནྡྲ་གོ་མི་དང་།
མཁས་པའི་དབང་པོ་ཀ་མ་ལ་ཤཱི་ལས་ཀྱང་གསུངས་སོ། །ཕྱོགས་གཉིས་པ་ནི་དཔལ་ལྡན་ཞི་བ་ལྷའི་ལུགས་ཏེ། དེ་ནི་གཞན་དུ་བཤད་ཟིན་པ་ལས་ཤེས་པར་བྱའོ། །དེ་ལྟར་སེམས་ཅན་ཡིད་ལ་ཤིན་ཏུ་གཅེས་པ་དང་། འཁོར་བ་ན་མནར་བའི་ཚུལ་གཉིས་ཀྱི་སྒོ་ནས། སྙིང་རྗེ་ཆེན་པོ་སྦྱོང་བ་ལ་འབད་པ་དེ་དག་གིས་ནི། ཟླ་བས་མཆོད་བརྗོད་ཐུན་མོང་མ་ཡིན་པ་མཛད་པ་དོན་ཡོད་པར་བྱས་ལ། དེ་ལྟར་མ་ཡིན་ན་དེའི་མཁས་པར་རློམ་པ་ནི། ནེ་ཙོའི་འདོན་པ་དང་འདྲ་སྟེ། སྐབས་གཞན་དུ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེར་འགྲོ་ཚུལ་ནི་འཆད་པར་འགྱུར་རོ། །གཉིས་པ་ནི། ཆོས་ལ་དམིགས་པ་དང་དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེ་ཡང་། དམིགས་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར་འགྲོ་བ་ཞེས་པ་གཉིས་སྨོས་སོ། །འགྲོ་བ་རླུང་གིས་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར་གཡོ་བ་སྟེ་སྐད་ཅིག་གིས་འཇིག་པར་མཐོང་ནས། དེ་ལ་སྙིང་རྗེར་གྱུར་པ་གང་ཡིན་པ་དེ་ལ་འདུད་དོ། །ཞེས་པ་དང་སྦྱར་བ་ནི་ཆོས་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའོ། །དེ་བཞིན་དུ་འགྲོ་བ་ཆུའི་ནང་གི་ཟླ་གཟུགས་ལྟར། རང་བཞིན་ཉིད་ཀྱིས་གྲུབ་པར་སྣང་ཡང་དེས་སྟོང་པར་མཐོང་ནས། དེ་ལ་སྙིང་རྗེར་གྱུར་པ་ལ་འདུད་དོ་ཞེས་པ་དང་སྦྱར་བ་ནི། །དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བའོ། །འགྲེལ་པར་འགྲོ་བ་ཞེས་པ་
བཞག་ནས་སྙིང་རྗེར་གྱུར་གང་དེ་ལ་འདུད་ཅེས་གསུངས་པ་ནི། དམིགས་པ་འོག་མ་གཉིས་ལ་འགྲོ་བ་ཞེས་པ་ཡོད་པ་ལ་དགོངས་སོ། །འདི་ལྟར་ཆུ་ཤིན་ཏུ་དྭངས་པ་རླུང་ཤིན་ཏུ་དྲག་པོ་མིན་པས། ཆུའི་ཆ་ཤས་བརླབས་པས་ཁྱབ་པའི་ནང་དུ་ཟླ་བའི་གཟུགས་བརྙན། གཟུགས་བརྙན་ལས་སྔར་དམིགས་པའི་རྟེན་གྱི་ཡུལ་ཆུ་དང་ལྷན་ཅིག་ཏུ། ཉེ་རེ་རེ་འཇིག་པ་ཟླ་བ་རང་གི་དངོས་པོ་མངོན་སུམ་དུ་དམིགས་པ་ལྟ་བུར་ཤར་བ་ན། དམ་པ་སྟེ་སྐྱེ་བོ་ཚུལ་དེ་ལ་མཁས་པ་དག་གིས་སྐད་ཅིག་རེ་རེ་ལ་མི་རྟག་པ་དང་། གང་དུ་སྣང་བའི་ཟླ་བའི་རང་བཞིན་གྱིས་སྟོང་པར་མཐོང་ངོ་། །དཔེ་དེ་བཞིན་དུ་བྱང་སེམས་སྙིང་རྗེའི་དབང་དུ་གྱུར་པ་རྣམས་ཀྱིས་ཀྱང་། སེམས་ཅན་འཇིག་ལྟའི་མཚོར་དེ་རྒྱས་པའི་ཕྱིར་དུ་འབབ་པའི་མ་རིག་པའི་ཆུ་སྔོན་པོ་རྒྱ་ཆེ་བ་དང་ལྡན་པ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རླུང་གིས་བསྐྱོད་པའི་ནང་ན་གནས་པ། ནམ་མཁའི་ཟླ་བ་ལྟ་བུའི་རང་གི་ལས་དཀར་ནག་གི་གཟུགས་བརྙན་ལྟ་བུར་མདུན་ན་གནས་པ་རྣམས། སྐད་ཅིག་རེ་རེ་ལ་འཇིག་པའི་འདུ་བྱེད་ཀྱི་སྡུག་བསྔལ་ཐོག་ཏུ་འབབ་པ་དང་། རང་བཞིན་གྱིས་གྲུབ་པས་སྟོང་པར་མཐོང་བ་ན། དེ་རྣམས་ལ་དམིགས་ནས་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར་ཏེ། དེ་ཡང་སེམས་ཅན་ཡིད་དུ་འོང་བ་དང་། འཁོར་བར་འཁྱམས་པའི་ཚུལ་བསམས་པ་
ལས་སྐྱེ་སྟེ་སྔར་བཤད་པ་བཞིན་ནོ། །འཇིག་ལྟ་མ་རིག་པ་ཡིན་ཀྱང་དེ་ལས་མ་རིག་པ་ལོགས་སུ་བཤད་པ་ནི། འཇིག་ལྟ་འདྲེན་བྱེད་ཆོས་ཀྱི་བདག་འཛིན་གྱི་མ་རིག་པ་ལ་དགོངས་སོ། །འདིར་འགྲེལ་པར་སྙིང་རྗེ་གསུམ་རྣམ་པས་མི་འབྱེད་པར་དམིགས་ཡུལ་གྱི་འབྱེད་པར་གསུངས་པས། གསུམ་གའི་རྣམ་པ་ནི་སེམས་ཅན་སྡུག་བསྔལ་དང་འབྲལ་བར་འདོད་པའི་རྣམ་པ་ཅན་ཡིན་པས། སེམས་ཅན་ལ་དམིགས་པ་ཡིན་པ་ཡང་འདྲ་སྟེ། སྙིང་རྗེ་དང་པོའི་སྐབས་སུ་འགྲོ་ལ་སྙིང་རྗེར་གྱུར་ཞེས་གསུངས་ལ། ཕྱི་མ་གཉིས་ཀྱི་སྐབས་སུ་ཡང་འགྲོ་བ་གཡོ་བཞེས་གསུངས་པས། སེམས་ཅན་དམིགས་པར་བསྟན་པའི་ཕྱིར་རོ། །དེས་ན་ཆོས་ལ་དམིགས་པའི་སྙིང་རྗེས་ནི། སེམས་ཅན་ཙམ་ཞིག་ལ་དམིགས་པ་མིན་གྱི། སྐད་ཅིག་གིས་འཇིག་པའི་སེམས་ཅན་ལ་དམིགས་པ་ཡིན་པས། སྐད་ཅིག་གི་མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་དམིགས་པའོ། །སེམས་ཅན་སྐད་ཅིག་གིས་འཇིག་པར་ངེས་པ་ན། རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་ཡོད་པ་བློ་ངོ་དེར་ཁེགས་པས། ཕུང་པོ་ལས་ངོ་བོ་ཐ་དད་པའི་སེམས་ཅན་མེད་པ་དེས་པར་ནུས་སོ། །དེའི་ཚེ་སེམས་ཅན་ནི་ཕུང་པོའི་ཚོགས་ཙམ་ལ་བཏགས་པར་ཁོང་དུ་ཆུད་པས། ཕུང་སོགས་ཀྱི་ཆོས་ཙམ་ལ་བཏགས་པའི་སེམས་ཅན་དམིགས་པར་འགྲོ་བས་ཆོས་ལ་དམིགས་པ་ཞེས་
གསུངས་སོ། །མི་རྟག་པའི་སེམས་ཅན་ཞེས་པ་ནི་མཚོན་པ་ཙམ་སྟེ། རང་རྐྱ་ཐུབ་པའི་རྫས་སུ་མེད་པའི་སེམས་ཅན་དམིགས་པར་བྱེད་པ་ལྟ་བུ་ལ་ཡང་། ཆོས་ལ་དམིགས་པ་ཞེས་བྱའོ། །དེས་ན་ཆོས་ཙམ་ལ་བཏགས་པའི་སེམས་ཅན་ལ་དམིགས་པ་ལ་ཆོས་ལ་དམིགས་པ་ཞེས་པ་ནི། བར་གྱི་ཚིག་མི་མངོན་པར་བྱེད་པའོ། །དམིགས་པ་མེད་པ་ལ་དམིགས་པའི་སྙིང་རྗེས་ཀྱང་སེམས་ཅན་ཙམ་ལ་དམིགས་པ་མིན་གྱི། དམིགས་པ་ཁྱད་པར་བ་རང་བཞིན་གྱིས་གྲུབ་པས་སྟོང་པའི་སེམས་ཅན་ལ་དམིགས་སོ། །དམིགས་པ་མེད་པ་ནི་མཚན་འཛིན་གྱིས་བཟུང་བ་ལྟར་གྱི་ཞེན་ཡུལ་མེད་པ་བདེན་མེད་དོ། །བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པ་ལ། དམིགས་པ་མེད་པ་ལ་དམིགས་པ་ཞེས་སམ། དམིགས་པ་མེད་པའི་སྙིང་རྗེ་ཞེས་བར་གྱི་ཚིག་མི་མངོན་པར་བྱས་པའོ། །བོད་ཀྱི་ཊཱིཀ་བྱེད་མང་པོས་སྙིང་རྗེ་གཉིས་པ་ཉིད་ཀྱིས་སྐད་ཅིག་གིས་འཇིག་པར་དམིགས་པ་དང་། སྙིང་རྗེ་གསུམ་པ་ཉིད་ཀྱིས་རང་བཞིན་མེད་པར་དམིགས་ཟེར་བ་ནི། འདི་དག་གི་དམིགས་རྣམ་ལེགས་པར་མ་རྟོགས་པའི་བཤད་པ་སྟེ། སྙིང་རྗེ་གཉིས་ནི་སེམས་ཅན་སྡུག་བསྔལ་དང་འབྲལ་འདོད་ཀྱི་རྣམ་པ་ཅན་དུ་ཁས་ལེན་དགོས་ལ། སྐད་ཅིག་མ་དང་རང་བཞིན་མེད་པ་གཉིས་རྣམ་པའི་
ཡུལ་དུ་འདོད་ན། སྙིང་རྗེ་གཅིག་ལ་འཛིན་སྟངས་ཀྱི་རྣམ་པ་མི་མཐུན་པ་གཉིས་སུ་འགྱུར་བའི་ཕྱིར་རོ། །དེས་ན་ཁྱད་པར་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་སྙིང་རྗེའི་དམིགས་པར་འཇོག་པ་ལ། སྙིང་རྗེ་གཉིས་རྒྱུད་ལྡན་གྱི་གང་ཟག་གིས་སེམས་ཅན་སྐད་ཅིག་མ་དང་། རང་བཞིན་མེད་པར་སྔོན་དུ་ངེས་ཟིན་པ་ལ་བརྟེན་ནས་ཁྱད་ཆོས་གཉིས་ཀྱི་རྣམ་པ་ཤར་བ་ཅིག་དགོས་ཀྱི། སྙིང་རྗེས་དེ་གཉིས་སུ་དམིགས་པ་མི་དགོས་སོ། །རྩ་འགྲེལ་གཉིས་ཀར་སྙིང་རྗེ་ཕྱི་མ་གཉིས་ལ་སྔར་བཤད་པའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་དམིགས་པར་བཤད་ལ། སྙིང་རྗེ་དང་པོ་ལ་དེ་འདྲ་བའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་མིན་པར། སེམས་ཅན་ཙམ་ཞིག་དམིགས་པར་གསུངས་པས། དེ་ལ་དགོངས་ནས་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞེས་པ་ཡང་ཐ་སྙད་བདེ་བའི་ཕྱིར་ཉེར་བསྡུའི་མིང་ངོ་། །དེས་ན་སྙིང་རྗེ་དང་པོ་འདིས་རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་ལ་དམིགས་དགོས་པར་འདོད་པ་ནི། མི་རིགས་པར་སྨྲ་བ་སྟེ། བདག་མེད་པའི་ལྟ་བ་མ་རྙེད་པའི་རྒྱུད་ཀྱི་སྙིང་རྗེ་ལ་ཡང་སེམས་ཅན་ཙམ་ལ་དམིགས་ནས་སྐྱེ་བ་དུ་མ་ཡོད་པའི་ཕྱིར་དང་། གང་ཟག་གི་བདག་མེད་ཐུན་མོང་བ་དང་། དེ་ཁོ་ན་ཉིད་ཀྱི་ལྟ་བ་རྙེད་པའི་རྒྱུད་ལ་ཡང་། སྔར་བཤད་པའི་ཁྱད་པར་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ལ་དམིགས་
པའི་སྙིང་རྗེ་དུ་མ་ཡོད་པའི་ཕྱིར་རོ། །དཔེར་ན་བུམ་པ་རྟག་པར་འཛིན་པའི་ཞེན་ཡུལ་སུན་ཕྱུངས་ནས། མི་རྟག་པར་ཁོང་དུ་ཆུད་པས་ཀྱང་། བུམ་པ་དམིགས་པར་འཇོག་རེས་ཀྱིས་མི་རྟག་པས་ཁྱད་པར་དུ་བྱས་པའི་བུམ་པ་དམིགས་པར་མི་འཇོག་པ་དུ་མ་ཞིག་འོང་ལ། བུམ་པ་མི་རྟག་པར་ཁོང་དུ་ཆུད་པས་ཀྱང་། བུམ་པ་དམིགས་པར་འཇོག་རེས་ཀྱིས་རྟག་པས་ཁྱད་པར་དུ་བྱས་པའི་བུམ་པ་དམིགས་པར་མི་འཇོག་པ་བཞིན་ནོ། །འདིའི་སྙིང་རྗེ་གསུམ་ནི་དམིགས་པ་གསུམ་པོ་གང་ལ་དམིགས་ཀྱང་། སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་བསྐྱབ་པར་འདོད་པའི་རྣམ་པ་ཅན་ཡིན་པས། ཉན་རང་གི་སྙིང་རྗེ་དང་ཁྱད་པར་ཤིན་ཏུ་ཆེའོ། །དེ་འདྲ་བའི་སྙིང་རྗེ་རྣམས་བསྐྱེད་པ་ན། སེམས་ཅན་གྱི་དོན་དུ་བདག་གིས་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་འགྱུར་རོ། །མཆོད་བརྗོད་ཡུལ་དུ་གྱུར་པའི་སྙིང་རྗེ་ནི། ཐོག་མའི་སྙིང་རྗེ་གཙོ་བོ་ཡིན་ཀྱང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་གཞན་རྣམས་ཀྱང་ཡིན་པས་ན། སྐབས་འདི་རྣམས་སུ་འགྲེལ་པས་སྙིང་རྗེ་སྐྱེད་པ་པོ་བྱང་ཆུབ་སེམས་དཔར་གསུངས་པ་རྣམས་ཀྱང་མི་འགལ་ལོ། །འོ་ན་ལམ་དུ་ཐོག་མར་ཞུགས་པའི་བྱང་སེམས་ཀྱི་རྒྱུར་གྱུར་པའི་སྙིང་རྗེ་དེ་ལ་སྙིང་རྗེ་གསུམ་ག་ཡོད་
དམ་མེད་ཅེ་ན། འདི་ལ་གཉིས་ལས་ཐེག་ཆེན་གྱི་རིགས་ཅན་ཆོས་ཀྱི་རྗེས་འབྲང་ནི། ཡང་དག་པའི་དེ་ཁོ་ན་ཉིད་ཤེས་པ་ཚོལ་བ་སྔོན་དུ་བཏང་སྟེ། དོན་དམ་པ་ལེགས་པར་གཏན་ལ་ཕབ་པའི་འོག་ཏུ་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ་བརྟེན་ནས། སེམས་ཅན་བསྐྱེད་ཅིང་ཐུབ་པའི་བརྟུལ་ཞུགས་བྱང་སེམས་ཀྱི་སྤྱོད་པ་ལ་སློབ་བོ། །ཐེག་ཆེན་གྱི་རིགས་ཅན་དད་པའི་རྗེས་འབྲང་ནི། སྔོན་དུ་དེ་ཁོ་ན་ཉིད་རྟོགས་པར་མི་ནུས་པས་སེམས་བསྐྱེད་པའི་འོག་ཏུ་ཡང་དག་པའི་དོན་ཤེས་པ་ཚོལ་བ་ལ་སོགས་པའི་སྤྱོད་པ་ལ་སློབ་སྟེ། དབུ་མའི་རྒྱན་ལས། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་ཐིབས་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ཏུ་བསྐྱེད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡི། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཡང་དག་དད་པས་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའི་བརྟུལ་ཞུགས་བླངས་བྱས་ཏེ། །དེ་ནི་ཡང་དག་ཤེས་ཚོལ་བརྩོན། །ཞེས་གསུངས་པ་ལྟར་ཡིན་པས་སྙིང་རྗེ་གསུམ་ག་སྔོན་དུ་སྐྱེད་པ་ཡོད་དོ། །སྔོན་དུ་དེ་ཁོ་ན་ཉིད་ཀྱི་ལྟ་བ་རྙེད་ཀྱང་སྤྱོད་པ་ལ་སློབ་པའི་དུས་སུ་ཡང་། དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་ཕབ་ནས། དེ་ལ་སློབ་པ་ལ་འགལ་བ་མེད་པ་ཙམ་དུ་མ་ཟད་ཚུལ་དེ་ངེས་པར་བྱ་དགོས་པ་ཡིན་ནོ། །དེ་ལྟར་མཆོད་པར་བརྗོད་ནས་བརྩམ་པར་དམ་བཅའ་བ་དངོས་སུ་
མ་མཛད་ཀྱང་སྐྱོན་མེད་དེ། དབུ་མ་རྩ་བ་དང་རིགས་པ་དྲུག་ཅུ་པ་བཞིན་ནོ། །དེ་བཞིན་དུ་བརྩམ་པར་དམ་བཅའ་མཛད་ནས། མཆོད་བརྗོད་དངོས་སུ་མ་མཛད་པ་བཤེས་པའི་འཕྲིན་ཡིག་ལྟ་བུ་ཡང་ཡོད་དོ། །འོན་ཀྱང་དབུ་མ་ལ་འཇུག་པ་རྩོམ་པར་འདོད་ནས་མཆོད་བརྗོད་མཛད་པ་ཡིན་པས། ཤུགས་ལ་ནི་བརྩམ་པར་དམ་བཅའ་བ་ཡོད་དོ། །གཞན་འཇུག་པའི་ཡན་ལག་དགོས་འབྲེལ་ལ་བརྗོད་བྱ་ནི། ཟབ་པ་དང་རྒྱ་ཆེ་བ་གཉིས་ཡིན་ལ། ཐུན་མོང་མ་ཡིན་པའི་དགོས་པ་ནི་བཤད་ཟིན་ཏོ། །ཉིང་དགོས་ལ་གནས་སྐབས་པ་ནི་བསྟན་བཅོས་ཀྱི་དོན་ཤེས་པ་ཉམས་སུ་ལེན་པ་ནས་བཟུང་སྟེ་ལམ་བཞི་བགྲོད་པའོ། །མཐར་ཐུག་པ་ནི་འབྲས་བུའི་སའོ། །ཉིང་དགོས་དགོས་པ་ལ་རག་ལས་པ་དང་། དགོས་པ་བསྟན་བཅོས་ལ་རག་ལས་པ་ནི་འབྲེལ་བའོ། །གཉིས་པ་ལ་གཉིས། རྒྱུའི་ས་དང་། འབྲས་བུའི་སའོ། །དང་པོ་ལ་གསུམ། ལུགས་འདིའི་ལམ་ཉམས་སུ་ལེན་ཚུལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་སོ་སྐྱེའི་སར་ཉམས་སུ་ལེན་ཚུལ་བཤད་པ་དང་། བྱང་སེམས་འཕགས་པའི་སའི་རྣམ་གཞག་བསྟན་པའོ། །༈ དང་པོ་ནི། གལ་ཏེ་བསྟན་བཅོས་འདིར་བྱང་སེམས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ཏེ་གཏན་ལ་འབེབས་ན། རེ་ཞིག་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱིས་སངས་རྒྱས་ཀྱི་སར་བགྲོད་པའི་ལམ་
གྱི་རིམ་པ་ཅི་འདྲ་བ་ཞིག་བཞེད་ཅེ་ན། དེ་ལ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་སོགས་པའི་ལུགས་ཐོས་བསམ་གྱིས་གཏན་ལ་འབེབས་པ་ནི། རང་གིས་ཡང་དག་པའི་ལམ་ཉམས་སུ་ལེན་ཚུལ་ལ་ངེས་པ་ཆེན་པོ་རྙེད་ནས། ལམ་ལྟར་སྣང་རྣམས་ཀྱིས་བཀྲི་བར་མི་ནུས་པའི་ཆེད་དུ་ཡིན་ནོ། །དེའི་ཕྱིར་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་ཀྱི་གཞུང་ལ་ཅི་ཙམ་སྦྱངས་ཀྱང་། རང་གི་ལམ་ཉམས་སུ་ལེན་པའི་ཚུལ་ལ་ངེས་པ་ཅི་ཡང་མི་རྙེད་པའི་ཐོས་བསམ་པ་ནི། ཐོས་བསམ་བྱེད་ཚུལ་གནད་དུ་མ་སོང་བའི་ཕྱིར། ཐེག་པ་ཆེན་པོ་ལ་ངལ་བར་བྱས་ཀྱང་སྙིང་པོ་ལེགས་པར་མི་ལོན་པས་ན། ལམ་བགྲོད་པའི་རིམ་པ་རྣམས་ཤེས་པ་ལ་འབད་པར་བྱའོ། །ཀླུའི་ཞབས་ཀྱིས་ལམ་གྱི་ཆ་ཕྱོགས་རེ་བཤད་པ་མང་ཡང་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ལས་བརྩམས་པའི་ལམ་གྱི་ལུས་སྟོན་པའི་གཞུང་གསུམ་ལས། རིན་ཆེན་འཕྲེང་བ་ལས་གསུངས་ཚུལ་ལ། དེ་ཡི་རྩ་བ་བྱང་ཆུབ་སེམས། །ཞེས་པ་དང་། སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང་། །ཞེས་སོགས་ནི་སྔར་དྲངས་ཟིན་ལ། ཡང་དེ་ཉིད་ལས། དེ་ལ་བྱང་ཆུབ་སེམས་དཔའ་ཡི། །ཡོན་ཏན་མདོར་བསྟན་བྱ་བ་ནི། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་རྗེ་སོགས། །སྦྱིན་པ་རང་དོན་ཡོངས་བཏང་བ། །ཚུལ་ཁྲིམས་གཞན་ཕན་བྱ་བའོ། །བཟོད་པ་ཁྲོ་བ་སྤངས་པ་སྟེ། །དཀར་པོའི་ཆོས་སྤེལ་བརྩོན་འགྲུས་སོ། །བསམ་གཏན་རྩེ་གཅིག་ཉོན་མོངས་མེད། །ཤེས་རབ་བདེན་དོན་
གཏན་ལ་འབབས། །སྙིང་བརྩེ་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་རོ་གཅིག་བློ་གྲོས་སོ། །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །སྙིང་བརྩེ་བས་ནི་དོན་ཀུན་སྒྲུབ། །བདུན་པོ་འདི་དག་མ་ལུས་པར། །ཅིག་ཅར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཞེས་ཕྱིན་དྲུག་གི་ངོས་འཛིན་དང་། །ཕན་ཡོན་དང་སྙིང་རྗེའི་གྲོགས་དང་བཅས་པ་ལ་བསླབ་པར་གསུངས་ཏེ། སྦྱོད་པའི་རྟེན་སེམས་བསྐྱེད་པ་སྔོན་དུ་བཏང་བ་དང་། སྤྱོད་པ་དེས་བྱང་སེམས་ཀྱི་ས་བཅུ་བགྲོད་པར་གསུངས་སོ། །ཆོས་དབྱིངས་བསྟོད་པ་ལས་ཀྱང་། སྐྱབས་སུ་སོང་ནས་སེམས་བསྐྱེད་པ་དང་། ཕར་ཕྱིན་བཅུས་ཁམས་རྒྱས་པར་བྱེད་པ་དང་། བྱང་སེམས་ཀྱི་ས་བཅུ་གསུངས་སོ། །ལམ་གྱི་ལུས་ཀྱི་སྡོམ་རགས་པ་ཅིག་མཛད་པ་དེ། མདོ་ཀུན་ལས་བཏུས་ལས་རྒྱས་པར་བཤད་པ་ན། དལ་འབྱོར་དང་བསྟན་པ་ལ་དད་པ་རྙེད་དཀའ་བ་དང་། དེ་དག་ལས་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་དཀའ་བར་གསུངས་ལ། སེམས་ཅན་རྣམས་ལ་སྙིང་རྗེ་ཆེ་བ་ཡང་རྙེད་དཀའ་བ་དང་། སྔར་བཤད་པ་རྣམས་ལས་ཀྱང་། བྱང་སེམས་ལ་རྨ་འབྱིན་པའི་ལས་སྒྲིབ་དང་། དེ་ལ་བརྙས་པའི་སེམས་དང་། བདུད་ཀྱི་ལས་དང་། དམ་ཆོས་སྤོང་བ་སོགས་སྤོང་བ་རྙེད་དཀའ་བ་
སོགས་ཀྱི་བཤད་པ་མང་དུ་གསུངས་སོ། །འདི་སྔ་མ་གཉིས་ལ་ལྟོས་ན་གསལ་མོད་ཀྱང་། ད་དུང་ལམ་གྱི་རིམ་པ་རྣམས་རྟོགས་དཀའ་བ་ལ། སློབ་དཔོན་གྱི་ལུགས་འཛིན་ཆེན་པོ་ཞི་བ་ལྷས། སྤྱིར་བསླབ་སྤྱོད་གཉིས་ཀ་དང་ཁྱད་པར་དུ་མདོ་ཀུན་བཏུས་ཀྱི་དོན་གྱི་འགྲེལ་པ་བསླབ་བཏུས་ལས་ཤིན་ཏུ་གསལ་ཞིང་རྒྱས་པར་གསུངས་ཏེ། ཐོག་མར་དལ་འབྱོར་དོན་ཆེ་ཞིང་ཤིན་ཏུ་རྙེད་དཀའ་བ་བསམས་ནས། ཚེ་འདིར་སྙིང་པོ་ལེན་པའི་ཕན་པ་སེམས་པ་དང་། དེ་ནས་དད་པ་སྤྱི་དང་ཁྱད་པར་དུ་ཐེག་པ་ཆེན་པོའི་ཡོན་ཏན་བསམ་པའི་དད་པ་བརྟན་པོ་བསྐྱེད་དེ། སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་ནས་འཇུག་པའི་སྡོམ་པ་བཟུང་བ་དང་། དེ་ནས་ལུས་དང་ལོངས་སྤྱོད་དགེ་རྩ་གསུམ་བཏང་བ་དང་། བསྲུང་བ་དང་། དག་པར་བྱེད་པ་དང་། སྤེལ་བའི་ཚུལ་རྣམས་གསལ་བར་གསུངས་པ་འདིས། མདོ་ཀུན་ལས་བཏུས་བཤད་པར་བྱའོ། །བཞི་བརྒྱ་པར་ཡང་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་ལུས་གསུངས་ལ། དབུ་མ་སྙིང་པོ་དང་། དབུ་མ་རྒྱན་དང་། དབུ་མའི་སྒོམ་རིམ་གསུམ་ལས་བསྡུས་ཏེ་གསུངས་པའི་ལུས་རྣམས་ཀྱང་འདྲ་བས། འཕགས་པའི་ལུགས་འཛིན་པའི་ཆེན་པོ་ཐམས་ཅད་ལམ་གྱི་ཁོག་ལ་འདྲའོ། །འདི་རྣམས་ལ་ངེས་པ་བདེ་བླག་ཏུ་སྟེར་བའི་ཐབས་ལས་དང་པོ་བས་འཇུག་པ་བདེ་བ་ནི་ཤིང་རྟ་ཆེན་པོའི་ལུགས་གཉིས་ལ་མཁས་པའི་དཔལ་མར་མེ་མཛད་ཀྱི་གདམས་ངག་བྱང་ཆུབ་ལམ་གྱི་རིམ་པར། ཤིན་ཏུ་
གོ་སླ་བའི་འཁྲིད་ཚུལ་བསྟན་པ་ལས་ཤེས་པར་བྱའོ། །གཉིས་པ་ནི། གལ་ཏེ་བསྟན་བཅོས་འདིར་བྱང་སེམས་ཀྱི་ལམ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་དང་། དེས་ཐོབ་པར་བྱ་བའི་འབྲས་བུ་གཏན་ལ་འབེབས་ན། བྱང་སེམས་ལ་གལ་ཤིན་ཏུ་ཆེ་བའི་སོ་སྐྱེའི་སའི་ལམ་གྱི་རིམ་པ་རྣམས། མཆོད་བརྗོད་ཀྱི་འོག་འདིར་བསྟན་དགོས་པ་ལས། དེར་མི་སྟོན་པར་འཕགས་པའི་ས་ཉིད་ནས་འཆད་པ་ཇི་ལྟར་རིགས་སྙམ་ན། འདི་ནི་མཆོད་བརྗོད་ཀྱི་སྐབས་ཉིད་དུ་བཤད་པས། སྐབས་འདིར་མ་བཤད་དོ། །དེའི་དགོས་པ་ནི་གང་བསྒོམས་པ་ལ་བརྟེན་ནས་བྱང་སེམས་སུ་འགྱུར་བའི་རྒྱུའི་གཙོ་བོ་གསུམ་བསྟན་པས། ཐེག་ཆེན་དུ་འཇུག་པར་འདོད་པས་དེ་གསུམ་ཐོག་མར་ཉམས་སུ་བླང་དགོས་པར་བསྟན་པའི་ཕྱིར་རོ། །དེ་གསུམ་ནི་སྔོན་དུ་ཉམས་སུ་ལེན་དགོས་པར་མ་ཟད། བྱང་སེམས་སུ་གྱུར་ནས་ཀྱང་ཉམས་སུ་བླང་དགོས་པ་ལ། གཉིས་ལ་མི་རྟེན་པའི་ཡེ་ཤེས་ནི་སྤྱོད་པའི་གཙོ་བོ་ཡིན་པས། དེས་མཚོན་ནས་སྦྱིན་སོགས་ཀྱི་སྤྱོད་པ་གཞན་ལ་སློབ་པ་ཡང་གོ་དགོས་སོ། །དེ་ཡང་མདོ་ཀུན་ལས་བཏུས་པ་ལས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བར་ཆོས་ཉིད་ཟབ་མོ་ལ་སྦྱར་བར་མི་བྱ་སྟེ། འདི་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་པའོ། །ཞེས་གསུངས་པ་ལྟར་ཚོགས་གཉིས་ཟུང་དུ་འབྲེལ་བ་ལ་བསླབ་
དགོས་ཀྱི། ཐབས་ཤེས་ཕྱོགས་རེ་བས་ཆོག་ཤེས་བྱེད་པ་དང་། ཐབས་ཤེས་ཁྱད་པར་ཅན་གང་ཡང་མེད་པའི་སེམས་རྩེ་གཅིག་པ་ཙམ་ལ་ཡིད་བརྟན་པར་མི་བྱའོ། །དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་དགག་བྱ་འགོག་པའི་ས་མཚམས་མ་ཟིན་པར་ཐམས་ཅད་བཀག་པར་མཐོང་སྟེ། རྟོག་པ་གང་ཡིན་ཐམས་ཅད་བདེན་འཛིན་དུ་འཁྲུལ་བས། ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་གཞན་ངོ་ཁོ་ན་ལ་སྐྱེལ་བ་དང་། འབྲས་བུའི་སྐབས་སུ་ཡེ་ཤེས་ཀྱིས་སྟོང་པའི་དེ་བཞིན་ཉིད་ཙམ་ཞིག་གི་ཆོས་སྐུ་ལས་མེད་ཅིང་། གཟུགས་ཀྱི་སྐུ་གདུལ་བྱའི་ཤེས་རྒྱུད་ཀྱིས་བསྡུས་པར་འདོད་པ་རྣམས་ལ་ནི། ཉན་རང་གཉིས་ཐུབ་དབང་ལས་སྐྱེས་པ་དང་། སངས་རྒྱས་བྱང་སེམས་ལས་འཁྲུངས་པར་ལུང་རིགས་ཀྱིས་བསྒྲུབས་པ་སོགས་ཐམས་ཅད་དབུ་མ་ལ་འཇུག་པའི་ལུགས་མིན་པར་འགྱུར་ཞིང་། ཆོས་གསུམ་བསྒོམ་པ་ཡང་བྱང་སེམས་དབུ་མ་པའི་ལུགས་མིན་པར་གཞན་ངོ་ཙམ་དུ་བཞག་པའོ། །ཞེས་པས་རང་ངོས་ནས་ལམ་ཉམས་སུ་བླང་དགོས་པ་ཐམས་ཅད་ལ་སྐུར་པ་བཏབ་ཅིང་། རང་བཞིན་གྱིས་གྲུབ་པས་སྟོང་པའི་སེམས་ཅན་ཟོ་ཆུན་དང་ཆོས་མཐུན་དྲུག་གིས་འཁོར་བར་བཤད་པ་རྣམས་འགལ་འདུ་འབའ་ཞིག་ཏུ་འགྱུར་པས། དབུ་མ་འཇུག་པའི་མཆོད་བརྗོད་ནས་བཟུང་སྟེ། གཞུང་གི་དོན་ལོག་པར་འཆད་པ་ལ་ཞུགས་པར་ཤེས་པར་བྱའོ། །སྦྱིན་སོགས་ལ་སློབ་ཚུལ་འཕགས་པའི་སའི་སྐབས་སུ་བཤད་པ་རྣམས་ལའང་སོ་
སྐྱེའི་ས་ནས་ཀྱང་། ཉམས་སུ་བླང་བྱའི་སྤྱོད་པ་མང་དུ་ཡོད་པ་རྣམས་ཤེས་པར་བྱས་ནས། ད་ལྟ་ནས་ཀྱང་ཉམས་སུ་བླང་བ་ལ་འབད་པར་བྱའོ། །གསུམ་པ་ལ་གསུམ། ས་བཅུའི་ཐུན་མོང་གི་རྣམ་གཞག །ས་སོ་སོའི་རྣམ་གཞག །ས་བཅུའི་ཡོན་ཏན་བསྟན་པའོ། །དང་པོ་ནི། འདིར་རབ་དགའ་སོགས་ས་བཅུ་གཅིག་བཤད་པ་ནི། རིན་ཆེན་འཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་ས་བཅུ་དང་། བཅུ་གཅིག་པའི་རྣམ་གཞག་རགས་པ་ཅིག་གསུངས་པ་ལ་གཞི་མཛད་ཅིང་། ས་བཅུ་པའི་མདོ་ལ་ཡང་བརྟེན་ནས་མཛད་དེ། དེ་ལ་རབ་དགའ་སོགས་ས་བཅུ་ལ་སེམས་བསྐྱེད་པ་བཅུར་བཤད་པ་ནི། དོན་དམ་པའི་སེམས་བསྐྱེད་ལ་དགོངས་སོ། །དོན་དམ་སེམས་བསྐྱེད་དུ་བཞག་པའི་ས་བཅུའི་ངོ་བོ་ནི། འགྲེལ་པ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ན། ས་ཞེས་བྱ་བའི་མིང་འཐོབ་སྟེ་ཡོན་ཏན་གྱི་གནས་སུ་འགྱུར་བའི་ཕྱིར་རོ། །ཞེས་ས་ཡི་ངོ་བོ་དང་གང་གིས་ཡོངས་སུ་ཟིན་པ་དང་། སའི་མིང་འཐོབ་ཚུལ་དང་། སྒྲའི་དོན་བཤད་པ་བཞིས་བསྟན་ནོ། །ཟག་པ་མེད་པའི་ཡེ་ཤེས་ཞེས་པའི་ངོ་བོ་ནི། ཁ་ཅིག་མཛོད་ནས་བཤད་པ་ལྟར་གྱི་ཟག་པ་རྒྱས་སུ་མི་རུང་བ་ལ་ཟག་མེད་དུ་འཆད་
པ་ནི། ལུགས་འདིའི་ཟག་མེད་དུ་འཇོག་པའི་དོན་ཐུན་མོང་མ་ཡིན་པ་མ་རྟོགས་པར་སྣང་བས། རང་གི་ལུགས་ནི་བདེན་འཛིན་གྱི་མ་རིག་པ་དང་། དེའི་བག་ཆགས་གང་རུང་གིས་བསླད་པ་ནི་ཟག་བཅས་དང་། བསླད་པ་དེ་དང་བྲལ་བའི་ཡེ་ཤེས་ནི་ཟག་པ་མེད་པ་ཡིན་ཏེ། ཚིག་གསལ་ལས། མ་རིག་པའི་རབ་རིབ་དང་བྲལ་བ་དག་གི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ནི་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་སངས་རྒྱས་ཀྱི་ས་མ་ཐོབ་ཚུན་ཆད་དུ་མ་རིག་པའི་བག་ཆགས་ཀྱིས་མ་བསླད་པའི་ཤེས་པ་ནི། འཕགས་པ་རྣམས་ཀྱི་མཉམ་གཞག་མི་རྟོག་པའི་ཡེ་ཤེས་མིན་པ་མེད་ལ། དེ་ཡང་རེས་འཇོག་པ་སྟེ་མཉམ་གཞག་ལས་ལངས་པ་ན་བག་ཆགས་ཀྱིས་བསླད་པ་ཅན་དུ་སྐྱེའོ། །ས་བདུན་པའི་བར་དུ་ནི་མ་རིག་པས་སླད་པ་ཡོད་ལ། ས་བརྒྱད་པ་ནས་དང་དགྲ་བཅོམ་པ་གཉིས་ལ་ནི། སློང་བྱེད་ཀྱི་མ་རིག་པ་ཟད་པས། དེས་བསླད་པ་མེད་ཀྱི་མ་རིག་པའི་བག་ཆགས་ཀྱིས་བསླད་པ་ནི་ཡོད་དོ། །ཡང་འགྲེལ་པར་ས་དང་པོ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མིང་ཅན་ཞེས་གསུངས་པ་ནི། ཡུལ་ཡུལ་ཅན་རྒྱངས་ཆད་དུ་གཉིས་སུ་སྣང་བ་མེད་པ་ལ་ཟེར་གྱི། མཐའ་གཉིས་སྤངས་པ་ཙམ་གྱི་ཡེ་ཤེས་ལ་མི་བྱའོ། །སློབ་དཔོན་འདིའི་གཞུང་དུ་མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་རབ་དང་ཡེ་ཤེས། ཞེས་དུ་མ་ཞིག་གསུངས་པས་མ་རིག་པ་དང་། དེའི་བག་ཆགས་རིག་པའི་ཁྱབ་བྱེད་དུ་བྱས་ནས། དེ་གཉིས་ཟད་པ་ན་
ཡེ་ཤེས་ཀྱང་ལྡོག་པ་སློབ་དཔོན་འདིའི་ལུགས་སུ་སྨྲ་བ་ནི། མུ་སྟེགས་དཔྱོད་པ་བ་དྲི་མ་ཟད་ན་སེམས་ཀྱང་ཟད་པར་འདོད་པ་ལྟར་སྨྲ་བའི་སྐུར་འདེབས་ཆེན་པོ་ཡིན་ལ། འཕགས་པའི་མཉམ་གཞག་ན་ཡེ་ཤེས་མེད་ཟེར་བ་ཡང་དེ་དང་འདྲའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། དེ་ཕྱིར་དེ་ལྟར་མཐོང་བ་གྲོལ། །གང་གིས་མཐོང་བར་འགྱུར་ཞེ་ན། །ཐ་སྙད་དུ་ནི་སེམས་ལ་བརྗོད། །ཅེས་ཡུལ་ཅན་གྱི་བྱེད་པ་ཅི་འདྲ་བ་ཞིག་གིས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་དྲིས་པའི་ལན་དུ། ཐ་སྙད་དུ་སེམས་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བར་གསུངས་ཤིང་། ཆོས་དབྱིངས་བསྟོད་པ་ལས་ཀྱང་། ཇི་ལྟར་མེ་ཡིས་དག་པའི་གོས། །སྣ་ཚོགས་དྲི་མས་དྲི་མ་ཅན། །ཇི་ལྟར་མེ་ཡི་ནང་བཅུག་ན། །དྲི་མ་འཚིག་འགྱུར་གོས་མིན་ལྟར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་ལས་སྐྱེས་དྲི་མ་ཅན། །ཡེ་ཤེས་མེ་ཡིས་དྲི་མ་སྲེག །དེ་ཉིད་འོད་གསལ་མ་ཡིན་ནོ། ཞེས་རྡོ་རྒྱུས་ཀྱི་གོས་དྲི་མ་ཅན་མེར་བཅུག་པ་ན། མེས་དྲི་མ་ཚིག་ཀྱང་གོས་མི་འཚིག་པ་ལྟར། སེམས་ཀྱི་དྲི་མ་ཡེ་ཤེས་ཀྱི་མེས་བསྲེགས་པ་ན། དྲི་མ་སྲེག་པ་ཡིན་གྱི་འོད་གསལ་བའི་སེམས་མེད་པར་མི་འགྱུར་བར་གསུངས་སོ། །བྱང་སེམས་འཕགས་པའི་མཉམ་གཞག་ཡེ་ཤེས་དང་། ཉན་རང་འཕགས་པའི་མཉམ་གཞག་ཡེ་ཤེས་གཉིས། མ་རིག་པའི་བག་ཆགས་ཀྱིས་མ་བསླད་པར་ཆོས་ཉིད་མངོན་སུམ་དུ་རྟོགས་པར་
མཚུངས་ཀྱང་། བྱང་སེམས་འཕགས་པའི་སར་འཇོག་མི་འཇོག་གི་ཁྱད་པར་ནི། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་མ་གྱུར་དང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཀྱི་ནུས་པ་ཡོད་མེད་ཀྱི་དབང་གི་ཡིན་ནོ། །གཞན་ཡང་སྔར་བཤད་པ་ལྟར་ཚོགས་སྦྱོར་གྱི་སྐབས་སུ། བདག་མེད་གཉིས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ། རིགས་པའི་རྣམ་གྲངས་དཔག་ཏུ་མེད་པའི་སྒོ་ནས། ཟབ་དོན་ལ་བློ་རྒྱས་པ་དང་མ་རྒྱས་པ་ལས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡང་ཤིན་ཏུ་ཆེའོ། །ཆར་ཕྱེ་བ་ན་ཞེས་པ་ནི་ཆ་ཅན་ཟག་མེད་ཀྱི་ཡེ་ཤེས་གཅིག་ཉིད་ཀྱི་ཆ་སོ་སོ་སོ་སོར་རིམ་གྱིས་ཕྱེ་བའི་སྔ་ཕྱིའི་ཆ་རྣམས་ས་སོ་སོར་འགྱུར་བ་སྟེ། ས་ཞེས་པ་ནི་ཡོན་ཏན་གྱི་གནས་སམ་རྟེན་བྱེད་པས། ས་དང་འདྲ་བས་དེ་ལྟར་བསྙད་པའོ། །དེ་དག་གིས་ནི་དོན་དམ་པའི་ས་བཅུ་ཀ་ཡང་མི་རྟོག་ཡེ་ཤེས་ཉིད་ལ་འཇོག་པར་བསྟན་ནོ། །དེ་མཚུངས་ཀྱང་རབ་དགའ་སོགས་ས་སོ་སོར་འཇོག་ཚུལ་ནི། བཞིའི་སྒོ་ནས་འཇོག་པའི་ཁྱད་པར་དང་པོ་ནི། ས་དང་པོ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དང་། གཉིས་པ་ལ་སྟོང་ཕྲག་བཅུ་གཉིས་སོགས་འཆད་པར་འགྱུར་བ་ལྟར་ཡོན་ཏན་གྱི་གྲངས་གོང་ནས་གོང་དུ་འཕེལ་བའོ། །ཁྱད་པར་གཉིས་པ་ནི་མཐུ་ཕུལ་དུ་བྱུང་བ་གོང་ནས་གོང་དུ་འཐོབ་པའི་ཁྱད་པར་རོ། །དེ་ནི་ཞིང་བརྒྱ་གཡོ་བ་དང་སྟོང་གཡོ་བ་སོགས་ལ་འཆད་མོད་ཀྱང་། དེ་ཡོན་ཏན་གྱི་གྲངས་འཕེལ་བའི་ནང་དུ་སོང་ཟིན་པས། ས་སོ་སོའི་སྐབས་ཀྱི་དྲི་མ་སྦྱོང་བའི་
སྟོབས་དང་། ལམ་བགྲོད་བའི་སྟོབས་གོང་ནས་གོང་དུ་འཕེལ་བ་ལ་བྱ་དགོས་པ་འདྲའོ། །གསུམ་པ་ནི། ས་དང་པོར་སྦྱིན་པའི་ཕར་ཕྱིན་ལྷག་པ་དང་། གཉིས་པར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་སོགས་ཕར་ཕྱིན་ལྷག་པའི་ཁྱད་པར་རོ། །ཁྱད་པར་བཞི་པ་ནི། ས་དང་པོར་འཛམ་བུ་གླིང་ལ་དབང་བ་དང་། གཉིས་པར་གླིང་བཞི་ལ་དབང་པའི་རྒྱལ་པོར་སྐྱེ་བ་སོགས་རྣམ་སྨིན་གྱི་སྐྱེ་བ་གོང་ནས་གོང་དུ་འཕེལ་བའོ། དེས་ན་ས་སོ་སོའི་མི་རྟོག་ཡེ་ཤེས་ལ་ཡོན་ཏན་གྱི་གྲངས་ལ་སོགས་པའི་ནུས་པ་དམན་མཆོག་གི་ཁྱད་པར་ཆེན་པོ་ཡོད་པས་ས་རྣམས་སོ་སོར་འཇོག་ལ། ས་སོ་སོའི་སྐབས་ཀྱི་རྗེས་ཐོབ་ཀྱི་ཡོན་ཏན་རྣམས་ཀྱང་ས་དེ་དང་དེར་བསྡུ་དགོས་པས། མཉམ་གཞག་ཁོ་ན་ལ་མི་བྱའོ། །ས་སོ་སོར་འབྱེད་ཚུལ་དེ་ལྟར་བྱའི། དོན་དམ་པའི་ས་འདི་རྣམས་ལ་རང་གི་ངོ་བོའི་དམིགས་རྣམ་མི་འདྲ་བའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་ནི་ཡོད་པ་མིན་ཏེ། ས་བཅུ་པའི་མདོ་ལས། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཡང་། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་བར་སྣང་གི་ནམ་མཁའ་ལ་བྱས་བགྲོད་ཀྱང་། བྱའི་རྗེས་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ངག་གིས་བརྗོད་པ་དང་། བློས་མཐོང་བ་མིན་པ་བཞིན་དུ་བྱ་ལྟ་བུའི་དོན་དམ་པའི་ས་རྣམས་ཀྱིས། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ་བགྲོད་ཀྱང་། དེའི་བགྲོད་ཚུལ་
འཕགས་པས་ཉམས་སུ་མྱོང་བ་ཇི་བཞིན་པ་ནི། འཆད་པ་པོ་འཕགས་པས་ཀྱང་བརྗོད་པར་མི་ནུས་ན། ཉན་པ་པོ་རྣམས་ཀྱིས་གཟིགས་པ་ཇི་བཞིན་པ་མཉན་པར་མི་ནུས་པར་གསུངས་སོ། །གཉིས་པ་ལ་གསུམ། རབ་དགའ་སོགས་ས་ལྔ་བཤད་པ་དང་། ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་དང་། རིང་དུ་སོང་བ་སོགས་ས་བཞི་བཤད་པའོ། །་དང་པོ་ལ་ལྔ། ས་དང་པོ་རབ་ཏུ་དགའ་བ་དང་། ས་གཉིས་པ་དྲི་མ་མེད་པ་དང་། ས་གསུམ་པ་འོད་བྱེད་པ་དང་། ས་བཞི་པ་འོད་འཕྲོ་བ་དང་། ས་ལྔ་པ་སྦྱང་དཀའ་བ་བཤད་པའོ། །དང་པོ་ལ་གསུམ། ཁྱད་གཞི་སའི་ངོ་བོ་མདོར་བསྟན། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །༈ དང་པོ་ནི། ས་དང་པོ་ལ་གནས་པའི་རྒྱལ་བའི་སྲས་པོ་སྔར་བཤད་པའི་ཚུལ་གྱིས། འགྲོ་བ་རང་བཞིན་མེད་པར་མཐོང་བའི་རང་བཞིན་མེད་པ་སྙིང་རྗེའི་དམིགས་ཡུལ་གྱི་ཁྱད་པར་དུ་བཟུང་བ་འདི་ཡི་སེམས་གང་འགྲོ་བ་རྣམས། རྣམ་པར་གྲོལ་བར་བྱ་བའི་ཕྱིར་དུ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཅིང་། བྱང་སེམས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་དགེ་བ་རྣམས་རབ་ཏུ་བསྔོས་པ། རབ་ཏུ་དགའ་བ་ཞེས་པའི་མིང་ཅན་གཉིས་སུ་སྣང་བ་མེད་པའི་ཡེ་ཤེས། དེའི་འབྲས་བུ་ཡོན་ཏན་ཀྱི་གྲངས་ལ་སོགས་པས་ཉེ་བར་མཚོན་པ་ལ། རབ་ཏུ་གནས་པའི་བྱང་སེམས་ཀྱི་དོན་དམ་པའི་སེམས་དེ་ནི་འཇིག་རྟེན་ལས་འདས་པའི་སེམས་དང་པོ་ཞེས་བྱའོ། །དེ་ལ་ས་བཅུ་པའི་མདོ་
ལས་གསུངས་པའི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ། སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་ས་དང་པོ་བས་འདེབས་པ་ནི། ཀུན་ཏུ་བཟང་པོའི་སྨོན་ལམ་གྱི་ནང་དུ་འདུས་པས། སྨོན་ལམ་མ་ལུས་པ་བསྡུ་བའི་ཕྱིར་དུ་རྩ་བར་ཀུན་ཏུ་བཟང་པོའི་སྨོན་ལམ་བཀོད་དེ། བཟང་པོ་སྤྱོད་པའི་སྨོན་ལམ་མོ། །དེའི་ནང་ནས་ཀྱང་འཇམ་དཔལ་དཔའ་བོ་ཞེས་པའི་ཚིགས་བཅད་གཉིས་ནི། བསྔོ་བ་བླ་ན་མེད་པར་བསླབ་བཏུས་ལས་གསུངས་སོ། །འགྲེལ་པར་ཉན་ཐོས་སྦྱོར་ལམ་པ་འབྲས་བུ་དང་པོ་ལ་ཞུགས་པར་མི་འདོད་པ་བཞིན་དུ། ས་དང་པོར་དེ་མ་ཐག་ཏུ་འབྱུང་བར་འགྱུར་བའི་བྱང་སེམས་ཀྱི་མོས་པས་སྤྱོད་པ་ཆེན་པོའི་ཡང་ཆེན་པོ་ནི། བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སའོ། །ཞེས་གསུངས་པ་ནི་དོན་དམ་པའི་སེམས་མ་བསྐྱེད་པ་ཡིན་གྱི། སྤྱིར་ན་དེ་ལས་དམའ་བ་ནས་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་ཡོད་པར་ལུགས་འདིས་ཀྱང་བཞེད་པ་ནི། སྔར་བཤད་ཟིན་ལ། བསླབ་བཏུས་ལས་ཀྱང་། སོ་སོ་སྐྱེ་བོ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡོད་པར་མདོ་མང་པོས་བསྒྲུབས་པས་བྱང་ཆུབ་སེམས་དཔའ་བཏགས་པ་བར་འདོད་པ་ནི་ལོག་པར་འཆད་པའོ། །ཉན་ཐོས་ཀྱི་སྦྱོར་ལམ་སྟན་གཅིག་པ་ནས་བཟུང་སྟེ། འབྲས་བུ་དང་པོ་མ་ཐོབ་པའི་བར་རྣམས་རྒྱུན་ཞུགས་ཞུགས་པར་མངོན་པ་ཀུན་ལས་བཏུས་ལས་བཤད་པས། དཔེ་མ་གྲུབ་བོ་སྙམ་ན། རྒྱུན་ཞུགས་ཞུགས་པ་འཕགས་
ལམ་ཐོབ་པ་ཉིད་ལ་འཇོག་པར་མངོན་པ་མཛོད་ལས་བཤད་ལ། ཀུན་ལས་བཏུས་ལས་སྔ་མ་ལྟར་ཡང་བཤད་པས། ལུགས་མི་མཐུན་པ་གཉིས་བྱུང་བ་ལ་སློབ་དཔོན་འདི་མངོན་པ་མཛོད་ལྟར་བཞེད་དོ། །འདི་ནི་མདོ་ཀུན་ལས་བཏུས་ལས། དད་པའི་རྗེས་སུ་འབྲང་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ལ། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། ཉི་མ་རེ་རེ་ཞིང་ལྷའི་ཟས་རོ་བརྒྱ་བ་དང་། ལྷའི་གོས་བྱིན་པ་བས། གཞན་ཞིག་གིས་ཆོས་ཀྱི་རྗེས་འབྲང་གཅིག་ལ། ཉིན་གཅིག་ཟན་གཅིག་བྱིན་ན་སྔ་མ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་པ་དང་། ཡང་ཆོས་ཀྱི་རྗེས་འབྲང་སྔ་མ་ལྟ་བུའི་གྲངས་ལ། སྔ་མ་ལྟར་སྦྱིན་པ་བྱིན་པ་བས། བརྒྱད་པའི་གང་ཟག་གཅིག་ལ་ཉིན་གཅིག་ཟན་གཅིག་བྱིན་ན། སྔ་མ་བས་བསོད་ནམས་ཆེས་གྲངས་མེད་པ་བསྐྱེད་པར་གསུངས་པ་དང་མཐུན་པ་ཡིན་ཏེ། རྗེས་འབྲང་གཉིས་ནི་ཚོགས་སྦྱོར་གྱི་སྐབས་ཡིན་པར་གསལ་བའི་ཕྱིར་རོ། །གཉིས་པ་ལ་གསུམ། རང་གི་རྒྱུད་མཛེས་པར་བྱེད་པའི་ཡོན་ཏན། གཞན་གྱི་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གཉིས། ཡོན་ཏན་སོ་སོར་ཕྱེ་སྟེ་བཤད་པ་དང་། ཡོན་ཏན་མདོར་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། དོན་ལྡན་གྱི་མཚན་འཐོབ་པའི་ཡོན་ཏན། རིགས་སུ་སྐྱེ་བ་སོགས་བཞིའི་ཡོན་ཏན། ས་གོང་མ་གནོན་པ་སོགས་གསུམ་གྱི་ཡོན་ཏན་ནོ། །དང་པོ་ནི། ས་དང་པོ་ལ་ཞུགས་པ་དེ་ནས་བཟུང་སྟེ་བྱང་
སེམས་དེ་ནི་དོན་དམ་པའི་སེམས་དེ་ཐོབ་པར་གྱུར་པ་ཡིས། །སོ་སྐྱེའི་ས་ལས་འདས་པའི་སྐབས་སུ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྒྲ་ཉིད་ཀྱིས་བསྙད་པར་བྱ་བ་ཡིན་གྱི། དེ་དང་མི་མཐུན་པའི་རྣམ་པ་གཞན་གྱིས་བརྗོད་པར་མི་བྱ་སྟེ། དེའི་ཚེ་དེ་བྱང་སེམས་འཕགས་པ་ཡིན་པའི་ཕྱིར་རོ། །འགྲེལ་པར་དཀོན་མཆོག་སྤྲིན་དྲངས་པ་ལས། སྦྱོར་ལམ་ཆོས་མཆོག་ཆེན་པོ་པ་ལ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ། །ཞེས་གསུངས་པས། བྱང་སེམས་ཁྱད་པར་བའི་མིང་གིས་བསྙད་པར་ཤེས་སོ། །ཤེར་ཕྱིན་ཉིས་སྟོང་ལྔ་བརྒྱ་པ་ལས། ཇི་ལྟར་ཤེས་ཤེ་ན། མ་བྱུང་བ་དང་ཡང་དག་པར་མ་བྱུང་བ་དང་། ལོག་པ་དང་། དེ་དག་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོས་བཏགས་པ་མ་ཡིན་པ་དང་། ཇི་ལྟར་བྱིས་པ་སོ་སོ་སྐྱེ་བོས་རྙེད་པ་དེ་ལྟར་མ་ཡིན་པར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་པའི་ཤུགས་ཀྱིས་ཆོས་འདི་དག་གི་དེ་ཁོ་ན་ཉིད་འཕགས་པས་རྙེད་པ་ཇི་བཞིན་པ་དེ་ལྟར་རྙེད་པ་ཅིག །བྱང་ཆུབ་སེམས་དཔར་གསུངས་པ་ཡང་དོན་དམ་པའི་བྱང་སེམས་ལ་དགོངས་ཀྱི། སོ་སྐྱེ་ལ་བྱང་སེམས་མཚན་ཉིད་པ་མེད་པར་སྟོན་པ་མིན་ནོ། །གཉིས་པ་ནི། གཞན་ཡང་ས་དང་པོ་ལ་གནས་པ་འདི་ནི་སོ་སྐྱེ་དང་ཉན་རང་གི་ས་ཐམས་ཅད་ལས་འདས་པའི་ཕྱིར་དང་། སངས་རྒྱས་ཀྱི་སའི་རྗེས་སུ་འགྲོ་བར་ངེས་པའི་ལམ་རྒྱུད་ལ་སྐྱེས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་
རིགས་སུའང་སྐྱེས་པ་སྟེ། ལམ་གཞན་དུ་མི་འགྲོ་བར་རང་གི་ལམ་དུ་རིགས་ངེས་པ་ཡིན་ནོ། །ས་དང་པོ་འདི་ནི་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བས། འཇིག་ལྟ་དང་ཕྲ་རྒྱས་ཀྱི་ཐེ་ཚོམ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པ་ཡིན་ཏེ། སླར་མི་སྐྱེ་བའི་ཕྱིར་རོ། །དེས་ནི་དེ་གསུམ་གྱི་ས་བོན་སྤངས་པར་བསྟན་ལ། འཇིག་ལྟ་ནི་མཐོང་སྤང་དུ་གྱུར་པ་ཀུན་བརྟགས་ཡིན་གྱི་ལྷན་སྐྱེས་མིན་ནོ། །འོ་ན་ཕྲ་རྒྱས་ཀྱི་མཐོང་སྤང་གཞན་ཡང་སྤངས་པ་ལ། གསུམ་པོ་འདི་ཙམ་སྨོས་པ་ཅི་ཡིན་སྙམ་ན། མདོ་སྡེ་ལས་འདི་ལྟར་གསུངས་པའི་དགོངས་པ་འཆད་པ་ལ་ལུགས་གཉིས་ཡོད་ཀྱང་། ལེགས་པ་ནི་མཛོད་ལས། འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པར་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ནོ། །ཞེས་བཤད་པ་ལྟར་རོ། །དཔེར་ན་ཡུལ་གཞན་དུ་འགྲོ་འདོད་པ་ལ་བར་ཆད་ཀྱི་གཙོ་བོ་གསུམ་སྟེ། འགྲོ་མི་འདོད་པ་དང་། ལམ་ནོར་བ་དང་། ལམ་ལ་ཐེ་ཚོམ་ཟ་བའོ། །དེ་བཞིན་དུ་ཐར་པར་བགྲོད་པ་ལ་ཡང་བར་ཆད་ཀྱི་གཙོ་བོ་གསུམ་སྟེ། དང་པོས་ནི་ཐར་པ་ལ་སྐྲག་པས་དེར་འགྲོ་མི་འདོད་པ་དང་། གསུམ་པས་ནི་ལམ་གཞན་ལ་བརྟེན་པས་ལམ་ནོར་བ་དང་། གཉིས་པས་ནི་ལམ་ལ་ཐེ་ཚོམ་ཟ་བས་གསུམ་བསྟན་ནོ། །བྱང་ཆུབ་སེམས་དཔའ་ས་དང་པོ་བ་དེ་ནི་སྔར་བཤད་པ་ལྟར་རིགས་ངེས་པ་ལ་ཞུགས་པས།
དེའི་འབྲས་བུའི་ཡོན་ཏན་ཐོབ་པ་དང་། སའི་སྤང་བྱའི་སྐྱོན་དང་བྲལ་བས་ཐུན་མོང་མ་ཡིན་པའི་དགའ་བ་སྐྱེས་པས། རབ་ཏུ་དགའ་བ་མང་བའི་ཕྱིར། རྒྱལ་སྲས་དེ་དགའ་བ་མཆོག་ཏུ་གྱུར་པ་འཆང་བ་ཡང་ཡིན་ནོ། །རབ་དགའ་ཁྱད་པར་དུ་འཕགས་པ་ཡོད་པའི་ཕྱིར་ས་འདི་ལ་རབ་ཏུ་དགའ་བ་ཞེས་ཀྱང་བྱའོ། །འཇིག་རྟེན་གྱི་ཁམས་མི་གཅིག་པ་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན་ནོ། །གསུམ་པ་ནི། ས་དང་པོ་ནས་ས་གཉིས་པར་གནོན་པར་བྱེད་པ་ལ་སྤྲོ་བ་ཤིན་ཏུ་ཆེ་ཞིང་། ས་གོང་མར་རབ་ཏུ་འགྲོ་བར་འགྱུར་རོ། །ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་འདི་ཡི་ངན་འགྲོར་འགྲོ་བའི་ལམ་རྣམས་མཐའ་དག་འགག་པ་སྟེ་ཟད་པར་འགྱུར་རོ། །འོ་ན་སྦྱོར་ལམ་བཟོད་པ་ཐོབ་ནས་ངན་སོང་དུ་ལས་དབང་གིས་འགྲོ་མི་སྲིད་པ་མ་ཡིན་ནམ། ངན་འགྲོའི་ལམ་ཟད་པ་ས་འདི་ཐོབ་པ་ལ་ལྟོས་ཅི་དགོས་སྙམ་ན། བཟོད་པ་ཐོབ་ནས་ངན་འགྲོར་འགྲོ་མི་སྲིད་པ་ནི། དེར་འཁྲིད་པའི་ས་བོན་གཉེན་པོས་བཅོམ་པ་མིན་གྱི། རྐྱེན་མ་ཚང་བས་ཡིན་ཅིང་། འདིར་ནི་ས་བོན་གཉེན་པོས་བཅོམ་པ་ཡིན་ལ། ཀུན་ལས་བཏུས་ལས་ཀྱང་ངན་འགྲོའི་ཕུང་ཁམས་སོགས་མཐོང་སྤང་དུ་བཤད་དོ། །ས་དང་པོ་ཐོབ་པ་དེའི་ཚེ་བྱང་སེམས་འདི་ཡི་སོ་སོ་སྐྱེ་བོའི་ས་སྟེ་གནས་སྐབས་ཐམས་ཅད་ཟད་དོ། །གཉིས་པ་ནི། མདོར་ན་ཇི་ལྟར་འབྲས་གནས་བཞི་དང་འབྲས་བུ་ལ་ཞུགས་པ་བཞིའི་དགྲ་བཅོམ་ནས་ཡས་བགྲངས་ན། གྲངས་
བརྒྱད་པ་ཡིན་པས་འཕགས་པ་བརྒྱད་པ་རྒྱུན་ཞུགས་ཞུགས་པ་ལ། འཕགས་པའི་ཆོས་ཐོབ་པ་ལས་རང་དང་རྗེས་སུ་མཐུན་པའི་སྤངས་པ་དང་། རྟོགས་པའི་ཡོན་ཏན་འབྱུང་བར་འགྱུར་བ་བཞིན་དུ། བྱང་སེམས་འདི་ཡང་ས་དང་པོ་ཐོབ་པ་ལས་སྐྱོན་ཟད་པ་དང་། ཡོན་ཏན་འབྱུང་བ་བརྒྱད་པ་ཇི་ལྟ་བ་དེ་ལྟར་ཉེ་བར་བསྟན་ནོ། །གཉིས་པ་ལ་གསུམ། ས་འདིར་ཉན་རང་རྣམས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་དང་། ས་བདུན་པར་ཉན་རང་གཉིས་བློའི་སྒོ་ནས་ཟིལ་གྱིས་གནོན་པ་དང་། དེ་ལྟར་གསུངས་པས་གྲུབ་པའི་དོན་བཤད་པའོ། །དང་པོ་ནི། རྫོགས་པའི་བྱང་ཆུབ་ཀྱི་སེམས་ལྟ་གཉིས་པ་སོགས་སུ་མ་ཟད། སེམས་དང་པོ་རབ་ཏུ་དགའ་བ་ལ་གནས་པས་ཀྱང་། ཐུབ་པའི་དབང་པོའི་གསུང་ལས་སྐྱེས་པ་ཉན་ཐོས་དང་བཅས་པའི་རང་སངས་རྒྱས་རྣམས་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་བསོད་ནམས་དག་གི་དབང་གིས་ཕམ་པར་བྱས་པ་སྟེ་ཟིལ་གྱིས་གནོན་ནས། དེ་དག་ལས་བསོད་ནམས་རྣམ་པར་འཕེལ་བར་འགྱུར་ཏེ། སྔར་བཤད་པའི་ཡོན་ཏན་གྱི་ཁྱད་པར་རྣམས་ལས། ཡོན་ཏན་གྱི་ཁྱད་པར་གཞན་པ་ཅིག་ཡིན་ནོ། །འདི་ཡང་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོ་མ་ལོན་པ། རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་། རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་
པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་། བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་། རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུག་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང་། མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི། དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ། དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་བྱུང་བ། ནམ་མཁའ་ལྡིང་གི་དབང་པོའི་ཕྲུག་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི། བསྐལ་པ་བརྒྱ་སྟོང་དུ་ངེས་པར་བྱུང་བའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ། །འགྲེལ་བཤད་ལས་ལུང་དེ་གཉིས་ཀྱི་དོན་བརྡ་ལས་བྱུང་བའི་སེམས་བསྐྱེད་ལ་འཆད་མོད་ཀྱང་། ལས་དང་པོ་པ་དང་། སེམས་བསྐྱེད་ནས་རིང་དུ་མ་ལོན་པ་ཞེས་གསུངས་པ་ནི། དོན་དམ་
པའི་སེམས་བསྐྱེད་ལ་བལྟོས་ནས་ཡིན་ལ། སྔར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ས་དང་པོ་ནས་ཡིན་པར་གསུངས་པ་དང་། ལུང་སྔ་ཕྱི་གཉིས་ཀ་ནི་དཔེ་སོ་སོ་པ་ཙམ་མ་གཏོགས་པ་དོན་གཅིག་ཡིན་པའི་ཕྱིར་དང་། རྩ་བའི་ཚིག་རྐང་གསུམ་གྱི་དོན་ཡང་མདོ་དེའི་དོན་བསྡུས་པར་སྣང་བའི་ཕྱིར་དང་། ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་ནི་ས་དང་པོའི་སེམས་བསྐྱེད་ལ་མདོ་སྡེ་རྒྱན་ལ་སོགས་པ་མང་པོ་ལས་གསུངས་པའི་ཕྱིར་རོ། །འོ་ན་བྱང་སེམས་སོ་སྐྱེའི་ཀུན་རྫོབ་སེམས་བསྐྱེད་ཀྱིས། ཉན་རང་ཟིལ་གྱིས་གནོན་པར་མའི་འདོད་དམ་སྙམ་ན། དེ་ནི་མ་ཡིན་ཏེ་མདོ་དེ་ཉིད་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །ཞེས་གསུངས་ལ་མདོ་འདི་བསླབ་བཏུས་ལས། བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བྲལ་བ་ལ་ཡང་བརྙས་པར་མི་བྱ་བའི་ཤེས་བྱེད་དུ་དྲངས་པའི་ཕྱིར་དང་། ས་ཐོབ་པ་ལ་སེམས་བསྐྱེད་སྤྱོད་པ་དང་བྲལ་བ་ནི་དོན་སྤྱོད་སྲིད་པའི་ཕྱིར་རོ། །གཉིས་པ་ནི། བྱང་སེམས་ས་
དང་པོ་བ་དེ་ནི། ས་རིང་དུ་སོང་བར་སོན་པ་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིལ་གྱིས་གནོན་པར་མ་ཟད། དོན་དམ་པའི་སེམས་བསྐྱེད་ཀྱི་བློ་ཡི་སྟོབས་ཀྱིས་ཀྱང་། ཉན་རང་རྣམས་ལྷག་པར་ཏེ་ཟིལ་གྱིས་གནོན་པར་འགྱུར་ཏེ། འདི་ནི་ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་པོའི་བུ་རྒྱལ་པོའི་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས། བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་། སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །སེམས་བསྐྱེད་མ་ཐག་ཏུ་ཞེས་པ་ནི་ས་དང་པོའི་སྐབས་ཡིན་པས། ལྷག་པའི་བསམ་པ་དག་པའི་སེམས་བསྐྱེད་པའོ། །དེ་ལྟར་ན་ས་རིང་དུ་སོང་བ་ཁོ་
ན་ནས་བཟུང་ནས། བྱང་སེམས་ཀྱིས་རང་གི་བློའི་སྟོབས་བསྐྱེད་པས་ཀྱང་། ཉན་རང་རྣམས་ཟིལ་གྱིས་གནོན་གྱི། ས་དྲུག་པ་མན་ཆད་དུ་ནི་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་མ་ཡིན་ནོ། །ཉན་རང་གི་བྱ་བ་ཐམས་ཅད་ལས་འདས་པའི་དོན་ནི། དེ་གཉིས་བློས་ཟིལ་གྱིས་གནོན་པའི་དོན་ཡིན་པར་འགྲེལ་པའི་དོན་བསྡུས་ལས་ཤེས་སོ། །བློའི་སྟོབས་འཆད་པ་ན་རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས། ཞེས་པ་ནི་བྱང་སེམས་རང་གི་ཡུལ་འགོག་པ་ཡང་དག་པའི་མཐའ་ཤེས་པའི་ཆེ་བའོ། །དོན་འདི་ལ་ཁ་ཅིག་དྲུག་པ་མན་ཆད་དང་། བདུན་པའི་ཡེ་ཤེས་ཀྱི་ངོ་བོ་ལ་ཁྱད་མེད་ཀྱང་། ཡེ་ཤེས་དང་པོ་རྣམས་ལ་ཤེས་སྒྲིབ་སྤོང་བའི་ནུས་པ་མེད་ལ། བདུན་པའི་ཡེ་ཤེས་ལ་ཤེས་སྒྲིབ་སྤོང་བའི་ནུས་པ་ཡོད་པས། བློའི་སྒོ་ནས་ཟིལ་གྱིས་གནོན་མི་གནོན་ཡོད་དོ། །ཞེས་པ་དང་། ཡང་བདུན་པ་ནས་ཏིང་ངེ་འཛིན་ལ་ཐོད་རྒལ་དུ་འཇུག་ནུས་པས་ཞེས་པ་དང་། བདུན་པའི་ཡེ་ཤེས་དེ་ཕྱིར་མི་ལྡོག་པའི་ས་བརྒྱད་པ་ལ་མངོན་དུ་ཕྱོགས་པའི་ཡེ་ཤེས་སུ་འདུག་པས། བློས་ཟིལ་གྱིས་གནོན་ནོ་ཞེས་ཟེར་རོ། །དེའི་དང་པོ་ནི་མི་རིགས་ཏེ་ལུགས་འདིས་ནི། གང་ཟག་བདེན་འཛིན་ཐམས་ཅད་ཉོན་མོངས་ཅན་གྱི་མ་རིག་པར་བཞེད་ལ། དེ་སླར་མི་སྐྱེ་བའི་ཚུལ་གྱིས་སྤོང་བ་ལ། དེ་དག་གི་ས་བོན་ཟད་དགོས་ཤིང་། སྤངས་པ་དེ་ཡང་དགྲ་བཅོམ་པ་གཉིས་དང་ཐུན་མོང་བ་ཡིན་པས། བདེན་འཛིན་གྱི་ས་བོན་སྤོང་བ་ནི་ཤེས་
སྒྲིབ་སྤོང་བ་མིན་ནོ། །ས་བོན་དེ་ལས་གཞན་པའི་བག་ཆགས་ཀྱི་སྒྲིབ་པ་ཤེས་སྒྲིབ་ཏུ་འཇོག་པ་ནི། ས་བརྒྱད་པ་མ་ཐོབ་བར་དུ་སྤོང་བ་མིན་པའི་ཕྱིར་རོ། །དེས་ན་ལུགས་འདི་ལ་བདེན་འཛིན་ཤེས་སྒྲིབ་ཏུ་འཇོག་པའི་ལུགས་ཀྱིས། དེ་ལ་ཤེས་སྒྲིབ་ཆུང་འབྲིང་ཆེན་པོ་དགུར་བྱས་ནས། ས་གཉིས་པ་སོགས་སྒོམ་ལམ་དགུས་སྤོང་བའི་རྣམ་གཞག་ཁས་མི་ལེན་ཏེ། ད་དུང་འཆད་པར་འགྱུར་རོ། གཉིས་པ་ཡང་མི་རིགས་ཏེ་ཐོད་རྒལ་ཞེས་པ་ལ་ནི། བརྡ་རྙིང་པ་ལས་སྣྲེལ་ཞི་ཞེས་ཀྱང་འབྱུང་བས། རིམ་པ་འཆོལ་བ་ལ་ཟེར་ཞིང་། འདིར་དེའི་སྒོ་ནས་ཏིང་ངེ་འཛིན་ལ་འཇུག་པ་དྲུག་པ་མན་ཆད་ལ་མེད་ཅིང་བདུན་པ་ནས་ཡོད་པ་ལ་ཤེས་བྱེད་མེད་པའི་ཕྱིར་རོ། །གསུམ་པ་ཡང་མི་རིགས་ཏེ། དེ་ལ་ནི་དྲུག་པ་མན་ཆད་དང་བདུན་པ་ལ་རྟོགས་པས་ཟིལ་གྱིས་གནོན་མི་གནོན་གྱི་རྒྱུ་མཚན་ལ། ད་དུང་དོགས་པ་མ་ཆོད་པས་རྩོད་གཞི་རྟགས་སུ་བཀོད་པ་དང་འདྲ་བའི་ཕྱིར་རོ། །འགྲེལ་བཤད་ལ་ས་བདུན་པར་ཁོ་བོ་ལམ་ལ་འཇུག་པར་བྱའོ་སྙམ་པའི་རྣམ་རྟོག་ཡོད་པས་རྩོལ་པ་དང་བཅས་ལ། མདོ་ལ་སོགས་པའི་ཆོས་ཀྱི་མཚན་མ་མངོན་དུ་མི་བྱེད་པས། མཚན་མ་མེད་པའི་ལམ་ཐོབ་ཅིང་། དྲུག་པ་མན་ཆད་དང་ཉན་རང་རྣམས་ལ་མཚན་མེད་དེ་མེད་པས། བློས་ཟིལ་གྱིས་གནོན་པར་གསུངས་ཀྱང་། འདི་ལ་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་སྟེང་ནས་ཁྱད་པར་གཞག་དགོས་པར་སྣང་
ངོ་། །དེ་ཡང་ཡང་དག་པའི་མཐའི་དེ་ཁོ་ན་ཉིད་ལ་འཇུག་ལྡང་གི་སྒོ་ནས་ཡིན་ཏེ། ས་བདུན་པའི་སྐབས་སུ་འཆད་པ་ལྟར་སེམས་ཀྱི་སྐད་ཅིག་རེ་རེ་ལ་འགོག་པ་ཡང་དག་མཐའ་ལ་འཇུག་ལྡང་བྱེད་པ་ས་འདི་ནས་ནུས་ལ། ས་འོག་མར་མི་ནུས་པར་གསུངས་པ་ཡིན་ནོ། །ཞེས་བདག་གི་བླ་མ་དམ་པ་གསུང་བ་ལྟར་ལེགས་ཏེ། མོས་སྤྱོད་དུ་སེམས་དང་དེ་ཁོ་ན་ཉིད་གཉིས་རོ་གཅིག་ཏུ་མ་སོང་བའི་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་དུས་ཐུང་ངུར་འཇུག་ལྡང་བྱེད་པ་མི་དཀའ་ཡང་། སེམས་དང་དེ་ཁོ་ན་ཉིད་གཉིས་ཆུ་ལ་ཆུ་བཞག་པ་བཞིན་དུ་སོང་བའི་འཕགས་པའི་སྐབས་སུ། འཇུག་ལྡང་གི་ཚུལ་དེ་ཤིན་ཏུ་དཀའ་བའི་ཕྱིར་རོ། །གལ་ཏེ་ས་དང་པོའི་ཡོན་ཏན་གྱི་སྐབས་སུ། ས་བདུན་པར་ཉན་རང་བློས་ཟིལ་གྱིས་གནོན་པར་འཆད་པ་འདི་སྐབས་ལ་མ་བབ་པོ་སྙམ་ན། སྐབས་འཆོལ་བའི་སྐྱོན་མེད་དེ། འདིར་ས་དང་པོ་སོགས་ཀྱི་བཤད་པ་ནི། མདོ་སྡེ་ས་བཅུ་པ་ལ་བརྟེན་ནས་འཆད་ལ། མདོ་དེར་ས་དང་པོ་ལ་གནས་པས་ཉན་རང་རྣམས་ཀུན་རྫོབ་སེམས་བསྐྱེད་ཀྱིས་ཟིལ་གྱིས་གནོན་པ་དང་། དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་ཟིལ་གྱིས་མི་གནོན་པའི་ཁྱད་པར་ལེགས་པར་ཕྱེ་ནས་གསུངས་ལ། དེའི་ཚེ་ས་གང་ནས་རྟོགས་པས་ཟིལ་གྱིས་གནོན་སྙམ་པའི་དོགས་པ་སྐྱེ་བ་བསལ་བའི་ཕྱིར་དུ། ས་བདུན་པ་ནས་རྟོགས་པས་ཟིལ་གྱིས་གནོན་པར་གསུངས་པ་དེ་ཉིད། གཞུང་འདིར་ཡང་བཀོད་པ་ཡིན་པས་ཤིན་ཏུ་ཡང་སྐབས་ལ་
བབ་པར་ཤེས་པར་བྱའོ། །གསུམ་པ་ལ་གསུམ། ས་བཅུ་པའི་མདོས་ཉན་རང་ལ་ཆོས་རང་བཞིན་མེད་པར་རྟོགས་པ་ཡོད་པར་བསྟན་པ་དང་། དེ་སྒྲུབ་པའི་ཁུངས་བསྟན་པ་དང་། དེ་ལྟར་བསྟན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། འགྲེལ་པ་མཛད་པའི་དགོངས་པ་གསལ་བར་བཤད་པ་དང་། དེ་ཉིད་སྤྱོད་འཇུག་གི་ལུགས་སུའང་བསྟན་པའོ། །དང་པོ་ནི། ས་བཅུ་པ་ལས་ས་དྲུག་པ་མན་ཆད་དུ་རྟོགས་པའི་སྒོ་ནས། ཉན་རང་རྣམས་ཟིལ་གྱིས་གནོན་མི་ནུས་པར་གསུངས་པའི་ལུང་འདི་ལས་ནི། ཉན་རང་རྣམས་ལ་ཡང་ཆོས་རང་བཞིན་མེད་པར་ཤེས་པ་ཡོད་དོ། །ཞེས་གསལ་བར་ངེས་ཏེ། དེ་གཉིས་ལ་ཤེས་རབ་དེ་མེད་ན་འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྲིད་རྩེ་མ་གཏོགས་པའི་ས་ལ་འདོད་ཆགས་དང་བྲལ་བའི་དྲང་སྲོང་རྣམས་བཞིན་དུ། ཉན་རང་དགྲ་བཅོམ་པ་དེ་དག་ཀྱང་དོན་དམ་པའི་སེམས་དང་པོ་བསྐྱེད་པས་ཀྱང་། རྟོགས་པའི་སྒོ་ནས་ཟིལ་གྱིས་གནོན་པར་འགྱུར་ཏེ། དངོས་པོ་རང་བཞིན་མེད་པར་ཤེས་པ་དང་བྲལ་བའི་ཕྱིར་རོ། །ཕྱི་རོལ་མུ་སྟེགས་བྱེད་བཞིན་དུ་ཉན་རང་གིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་ཐམས་ཅད་ས་བོན་དང་བཅས་པ་སྤངས་པར་ཡང་མི་འགྱུར་བར་གསུངས་པ་ནི། སྟོང་ཉིད་ལེགས་པར་རྟོགས་ནས་གོམས་པ་མེད་ན། ཉོན་མོངས་ཀྱི་ས་བོན་ཟད་པར་བྱེད་མི་ནུས་པ། འཇིག་རྟེན་པའི་ལམ་ཞི་རགས་ཀྱི་རྣམ་པ་ཅན་དང་འདྲ་བར་
བསྟན་ནོ། །དེ་ཁོ་ན་ཉིད་རྟོགས་པ་དང་བྲལ་ན། གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པས། བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་རྟོགས་པ་མེད་པར་འགྱུར་ཏེ། བདག་དང་གང་ཟག་ཏུ་འདོགས་པའི་གཞི། ཕུང་པོ་ལ་བདེན་པར་དམིགས་པའི་ཡུལ་སུན་ཕྱུང་བ་མེད་པས་ཕྱིར་རོ། །འདིས་ནི་གདགས་གཞི་ཕུང་པོ་ལ་བདེན་པར་ཞེན་པའི་ཞེན་ཡུལ་སུན་མ་ཕྱིན་ན། བཏགས་ཆོས་གང་ཟག་ལ་བདེན་པར་འཛིན་པའི་ཞེན་ཡུལ་ཡང་སུན་མི་ཕྱིན་པས། གང་ཟག་བདེན་མེད་དུ་མ་རྟོགས་པའི་ཕྱིར། གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་མ་རྟོགས་པར་བསྟན་ནོ། །དེ་ལྟར་སྔར་བཤད་པ་དེ་དག་གི་དོན་ཤིན་ཏུ་རྟོགས་དཀའ་ལ། ལུགས་འདི་དང་ཞི་བ་ལྷའི་གཞུང་ལ་བརྟེན་པ་རྣམས་ཀྱིས་ཀྱང་ལེགས་པར་མ་ཤོད་སྣང་བས། འདིའི་མཐའ་བཅད་པ་ལ་དོགས་པ་སྐྱེ་ཚུལ་དང་། དེ་སེལ་ཚུལ་གཏན་ལ་ཕབ་ན། གལ་ཏེ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཕུང་པོ་དང་ངོ་བོ་གཅིག་ཏུ་མེད་པ་དང་། དེ་ལས་ཐ་དད་པས་སྟོང་པའི་སྟོང་བདགམེད་དང་། མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་ཚད་མས་གཏན་ལ་ཕེབས་པ་ནི་ངེས་པར་འོང་ལ། དེ་བྱུང་བ་ན་དེའི་གདུལ་བྱའི་གཙོ་བོ་རྣམས་ཀྱིས། དེ་ལ་ཤིན་ཏུ་གོམས་པར་བྱེད་པ་ཡང་འོང་ངོ་། །དེ་བྱས་ན་གང་ཟག་གི་བདག་མེད་དེ་མངོན་སུམ་དུ་རྟོགས་པ་འོང་བ་ནི། རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པ་རྣམས་ཀྱིས་འགྲུབ་བོ། །དེ་ལྟར་ན་དེ་རྟོགས་པའི་མཐོང་ལམ་གྱིས་ཉོན་
མོངས་ཀུན་བརྟགས་རྣམས་སྤོང་བ་འགྲུབ་བོ། །དེ་གྲུབ་ན་གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པར་བྱེད་པའི་སྒོམ་ལམ་ཡང་འགྲུབ་པས། ལྷན་སྐྱེས་ཀྱི་ཉོན་མོངས་ཀྱང་སྤོང་ནུས་པས། ཉོན་མོངས་པའི་ཟག་པ་ཐམས་ཅད་ཟད་པ་འགྲུབ་པས་སྟོང་ཉིད་མ་རྟོགས་ཀྱང་། ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་ས་བོན་དང་བཅས་པ་སྤོང་བར་ནུས་ཏེ། ཇི་སྐད་བཤད་པའི་ཚུལ་དུ་མཐོང་སྒོམ་གཉིས་ཀྱིས་སྤངས་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱི་སྤོང་ཚུལ་ཡིན་པའི་ཕྱིར་རོ། །དེས་ན་མི་རྟག་སོགས་བཅུ་དྲུག་སྒོམ་པའི་ལམ་གྱིས་ཀྱང་ཉོན་མོངས་ཐམས་ཅད་ཟད་པར་ནུས་སོ་ཞེ་ན། འདི་ལ་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་མི་རྟག་སོགས་བཅུ་དྲུག་ཚད་མས་གཏན་ལ་ཕེབས་པ་དང་། དེའི་གདུལ་བྱ་རྣམས་ཀྱིས་དོན་དེ་བརྩོན་པ་ཆེན་པོས་སྒོམ་པ་དང་། བསྒོམས་པ་ལས་གང་ཟག་གི་བདག་མེད་རགས་པ་མངོན་སུམ་དུ་མཐོང་བ་དང་། མཐོང་ཟིན་གོམས་པར་བྱེད་པ་ནི་མི་འོང་ཞེས་ཁོ་བོ་ཅག་མི་སྨྲའོ། །འོ་ན་ཅི་ཞེ་ན། དེ་འདྲ་བའི་ལམ་དེ་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པར་རྟོགས་པ་མིན་པས། ལམ་དེ་མཐོང་ལམ་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་དུ་མི་འདོད་དོ། །དེའི་ཕྱིར་མཐོང་སྤང་དང་། སྒོམ་སྤང་གང་གི་ཡང་ས་བོན་སྤོང་མི་ནུས་པས། ལམ་དེ་མཐོང་ལམ་དང་སྒོམ་ལམ་དུ་བཤད་པ་དང་། སྤང་བྱ་
གཉིས་ས་བོན་དང་བཅས་པ་སྤོང་བར་བཤད་པ་དང་། ལམ་དེ་གཉིས་ཀྱི་མཐར་དགྲ་བཅོམ་པ་འཐོབ་པར་བཤད་པ་ནི། དྲང་བའི་དོན་དུ་འགྲེལ་བའི་ལུགས་ཡིན་ཏེ། དཔེར་ན་སེམས་ཙམ་པས་རྡུལ་ཆ་མེད་དང་། དེ་བསགས་པའི་ཕྱི་དོན་དང་། དེ་ལས་རྫས་ཐ་དད་པའི་འཛིན་པ་གཉིས་བཀག་པ་ཡང་ཚད་མས་འགྲུབ་ཅིང་། དེས་འདུལ་བའི་གདུལ་བྱས་རིང་དུ་གོམས་པར་བྱས་ན། དོན་དེ་མངོན་སུམ་དུ་མཐོང་བ་དང་། མཐོང་ཟིན་གོམས་པར་བྱེད་པ་འགྲུབ་ཏུ་ཆུག་ཀྱང་། དེའི་སྟེང་ནས་ས་བཅུ་དང་། ལམ་ཕྱི་མ་གསུམ་བགྲོད་པ་དབུ་མ་པས་དྲང་དོན་དུ་འགྲེལ་བ་བཞིན་ནོ། །མི་རྟག་སོགས་བཅུ་དྲུག་སྒོམ་པ་ཡིན་ཀྱང་། སྔར་བཤད་པའི་གང་ཟག་གི་བདག་མེད་རྟོགས་པ་ཉིད་ཉོན་མོངས་ལས་གྲོལ་བར་བྱེད་པའི་ལམ་དུ་འདོད་པ་ཡིན་ཏེ། ཀུན་ལས་བཏུས་ལས། བདག་མེད་པའི་ཡིད་བྱེད་ཀྱིས་ཉོན་མོངས་སྤོང་ལ། རྣམ་པ་ལྷག་མ་རྣམས་དེ་ཡོངས་སུ་སྦྱོང་བའི་ཐབས་སུ་གསུངས་པ་དང་། རྣམ་འགྲེལ་ལས་ཀྱང་། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་སྔ་མ་དང་མཐུན་པར་གསུངས་པས་སོ། །སྟོང་ཉིད་ལྟ་བ་ཞེས་པའི་ཚིག་ཙམ་ལ་འཁྲུལ་ནས། རྒྱ་གར་བ་འགའ་ཞིག་གིས་ཀྱང་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་ལ་འདོད་པ་ནི་དོན་མིན་པས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་ལྟ་བ་ཡིན་ནོ། །ལམ་དེས་ཉོན་མོངས་ཀྱི་ས་བོན་སྤོང་མི་ནུས་ཀྱང་། ཉོན་མོངས་མངོན་གྱུར་བ་ནི་རེ་ཞིག་འགོག་
ནུས་ཏེ། ཕྱི་རོལ་བ་དང་ཐུན་མོང་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱིས། ཅི་ཡང་མེད་པ་མན་ཆད་ཀྱི་ཉོན་མོངས་མངོན་གྱུར་སྤོང་བར་མངོན་པ་ལས་གསུངས་པ་ལྟར་འདོད་དགོས་ན། སྔར་གྱི་ལམ་གྱིས་མངོན་གྱུར་རེ་ཞིག་སྤོང་ནུས་པ་ལྟ་ཅི་སྨོས་པའི་ཕྱིར་རོ། །ཉོན་མོངས་མངོན་གྱུར་སྤོང་ཞེས་པའི་ཉོན་མོངས་ཀྱང་། མངོན་པ་གཉིས་ནས་གསུངས་པ་ལྟར་གྱི་དམིགས་རྣམ་ཅན་གྱི་ཉོན་མོངས་ཡིན་གྱི། ལུགས་འདིས་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཤད་པ་དང་། དེའི་དབང་དུ་བྱས་པའི་ལྟ་བ་དང་ལྟ་མིན་གྱི་ཉོན་མོངས་མངོན་པ་ལས་བཤད་ཚུལ་ལས་གཞན་རྣམས་ནི་མངོན་གྱུར་ཡང་སྤོང་བར་མི་ནུས་སོ། །མངོན་པ་ནས་བཤད་པའི་སྲིད་རྩེའི་སས་བསྡུས་པའི་ཉོན་མོངས་མངོན་གྱུར། ཞི་རགས་ཀྱི་རྣམ་པ་ཅན་གྱིས་སྤོང་མི་ནུས་ཀྱང་། སྔར་བཤད་པའི་གང་ཟག་གི་བདག་མེད་རགས་པ་རྟོགས་པའི་ལམ་ལ་གོམས་པར་བྱས་པས་སྤོང་ནུས་སོ། །དེ་དག་གིས་ནི་འགྲེལ་པར་དེ་ཁོ་ན་ཉིད་རྟོགས་པ་དང་བྲལ་བའི་ཉོན་མོངས་ཀྱི་སྤོང་གཉེན་དུ་བཤད་པའི་ལམ་རྣམས། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་དང་འདྲ་བ་དང་། ཕྱི་རོལ་པ་བཞིན་དུ་ཉོན་མོངས་ཐམས་ཅད་སྤོང་མི་ནུས་པར་གསུངས་པ་རྣམས་གསལ་བར་བསྟན་ནོ། །གཉིས་པ་ནི། འདི་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཡང་བཞེད་དེ། སྤྱོད་འཇུག་ལས། བདེན་པ་མཐོང་བས་གྲོལ་འགྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་
བྱ། །ཞེས་བདེན་བཞི་མི་རྟག་སོགས་བཅུ་དྲུག་མཐོང་བའི་ལམ་གྱིས། ཉོན་མོངས་ལས་གྲོལ་བར་འགྱུར་བས། ཉོན་མོངས་ཟད་པའི་དོན་དུ་རང་བཞིན་མེད་པའི་སྟོང་ཉིད་མཐོང་བ་མི་དགོས་སོ། །ཞེས་པའི་ལན་དུ། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །ཞེས་རང་བཞིན་གྱིས་གྲུབ་པས་སྟོང་པར་མཐོང་བའི་ལམ་འདི་མེད་པར། བྱང་ཆུབ་གསུམ་གང་ཡང་ཐོབ་པ་མེད་པར་གསུངས་ཏེ། གསུངས་ཚུལ་ནི་སྤྱོད་འཇུག་འགྲེལ་ཆེན་ལས། ཡུམ་གྱི་མདོ་ལས་དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད་པ་དང་། དུས་གསུམ་གའི་རྒྱུན་ཞུགས་ནས་རང་རྒྱལ་གྱི་བར་རྣམས་ཤེར་ཕྱིན་འདི་ཉིད་ལ་བརྟེན་ནས་ཐོབ་པར་གསུངས་པ་དྲངས་པ་ལྟར་ཡིན་གྱི། བླ་ན་མེད་པའི་བྱང་ཆུབ་རྐྱང་པ་ལ་བྱེད་པ་དོན་མིན་ནོ། །དེ་ནས་བསྟན་རྩ་དགེ་སློང་ཉིད་ཡིན་ན། ཞེས་པའི་རྐང་པ་བཞིས་སེམས་བདེན་འཛིན་གྱི་དམིགས་པ་དང་བཅས་པའི་ལམ་གྱིས་མྱང་འདས་མི་འཐོབ་པར་ཡང་བསྟན་ནོ། །དེ་ནས་ཉོན་མོངས་སྤངས་པས་གྲོལ་ན་དེའི། དེ་མ་ཐགཏུ་དེ་འགྱུར་རོ། །ཞེས་གསུངས་པའི་ཉོན་མོངས་སྤངས་པས་གྲོལ་ན་ཞེས་པ་ནི། ཕྱོགས་སྔ་མའི་ལུགས་བརྗོད་པ་ཡིན་ལ། དེའི་དོན་ནི། བདེན་པ་མཐོང་བས་གྲོལ་འགྱུར་གྱི། ཞེས་བཤད་པ་བཞིན་དུ་མི་རྟག་སོགས་བཅུ་དྲུག་གི་ལམ་བསྒོམས་པས། ཉོན་མོངས་སྤངས་ཏེ་གྲོལ་བ་འཐོབ་ན་ཞེས་བཤད་རྒྱུ་ཡིན་ཏེ། སྐབས་འདིར་མི་རྟག་སོགས་ཅུ་དྲུག་གི་ལམ་ཙམ་གྱིས་
ཉོན་མོངས་ལས་གྲོལ་བ་འཐོབ་མི་འཐོབ་ལ་རྩོད་པའི་ཕྱིར་དང་། བདེན་པ་མཐོང་བས་ཞེས་སོགས་ཀྱི་རྩོད་པ་ལས་ཤིན་ཏུ་གསལ་བའི་ཕྱིར་རོ། །དེས་ན་མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་གྱིས་ཉོན་མོངས་ཟད་པར་ནུས་པ་ཁས་བླངས་ནས། དེས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བ་མིན་ནོ་ཞེས་འཆད་པ་ནི་འདིའི་དོན་གཏན་མིན་ནོ། །དེའི་ཕྱིར་ལམ་དེས་ཉན་ཐོས་སྡེ་པ་གཉིས་དང་ཐུན་མོང་བའི་ཉོན་མོངས་སུ་བཞག་པ་རྣམས། སྔར་བཤད་པ་ལྟར་གྱི་ལམ་རྒྱུད་ལ་བསྐྱེད་པས། རེ་ཞིག་མངོན་གྱུར་དུ་རྒྱུ་བ་མེད་པའི་ཚེ། ཉོན་མོངས་ཟད་པའི་གྲོལ་བ་ཐོབ་པར་འཇོག་ན། ཉོན་མོངས་མངོན་གྱུར་ཙམ་རེ་ཞིག་སྤངས་པ་དེའི་དེ་མ་ཐག་ཏུ་ཟག་པ་ཐམས་ཅད་ཟད་པའི་གྲོལ་བ་ཐོབ་པར་འགྱུར་རོ། །ཞེས་འགོག་པ་དགོངས་པ་ཡིན་ནོ། །དེ་འདོད་པར་མི་ནུས་པ་ནི། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་ཉོན་མོངས་མངོན་གྱུར་རེ་ཞིག་མེད་ཀྱང་། ལས་ཀྱི་དབང་གིས་ཡང་སྲིད་ཕྱི་མ་འཕེན་པའི་ནུས་པ་མཐོང་བས་སོ། །ཞེས་པས་སྟོན་ནོ། །གཞུང་དེ་རྣམས་ནི་དེ་ལྟར་བཤད་དགོས་ཀྱི། འགྲེལ་བ་འགའ་ཞིག་དང་བོད་རྣམས། ཉོན་མོངས་མེད་ཀྱང་མཽ་གལ་གྱི་བུ་དང་། འཕགས་པ་སོར་ཕྲེང་ཅན་ལ་སོགས་པ་ལ་སྔོན་སོ་སྐྱེའི་དུས་སུ་བསགས་པའི་ལས་ཀྱི་འབྲས་བུས་སྡུག་བསྔལ་འབྱིན་པ་མཐོང་བས། དེ་མ་ཐག་ཏུ་གྲོལ་བ་མ་ཡིན་ནོ། །ཞེས་པ་ལྟར་
མི་བྱ་སྟེ། འདི་ནི་ཚེ་འདིའི་སྡུག་བསྔལ་སྐྱེད་པའི་ནུས་པ་མིན་གྱི། ལས་ཀྱིས་ཡང་སྲིད་ཕྱི་མ་འཕེན་པའི་ནུས་པ་མི་ལྡོག་པས་གྲོལ་བ་མེད་དོ། །ཞེས་སྟོན་དགོས་པའི་ཕྱིར་ཏེ། སྟོང་པ་ཉིད་དང་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་གསུངས་ཏེ་དེའི་དོན་སྟོང་པ་ཉིད་ཀྱི་རྟོགས་པ་དང་བྲལ་ན། ལམ་གཞན་བསྒོམས་པས་ཉོན་མོངས་དང་བཅས་པའི་སེམས་རེ་ཞིག་འགགས་ཀྱང་། གཏན་ནས་ལོག་པ་མིན་པས་སླར་ཡང་ཉོན་མོངས་མངོན་གྱུར་དུ་སྐྱེ་བས། ལས་ཀྱི་དབང་གིས་འཁོར་བར་འཁོར་བ་མི་འཆད་ཅེས་པའི་དོན་ཡིན་པའི་ཕྱིར་རོ། །ཉོན་མོངས་དང་བཅས་པའི་སེམས་རེ་ཞིག་འགགས་པ་འོང་བར་བསྟན་པ་ནི། སྔར་བཤད་པ་ལྟར་ཉོན་མོངས་མངོན་གྱུར་སྤངས་པ་རེ་ཞིག་འོང་བའི་དོན་ནོ། །ལས་ཀྱི་ནུས་པ་མཐོང་བ་ཡིན། ཞེས་པའི་ལན་དུ། རེ་ཞིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །ཞེས་ཡང་སྲིད་ལེན་པའི་སྲེད་པ་ལམ་དེས་ཟད་པར་བྱེད་པས། ལས་ཀྱི་དབང་གིས་ཡང་སྲིད་ཕྱི་མ་མི་ལེན་པར་ངེས་པ་ཉིད་དོ། །ཞེས་པའི་ལན་དུ། སྲེད་འདི་ཉོན་མོངས་ཅན་མིན་ཡང་། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཅེས་ཕ་རོལ་པོས་ཀུན་རྨོངས་མི་ཤེས་པ་ལ། མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཡིན་པ་ཞིག་དང་། དེ་མིན་པ་གཉིས་འདོད་པ་བཞིན་དུ། སྲེད་པ་ཡང་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་
མོངས་ཅན་ཡིན་པ་ཅིག་དང་མིན་པ་ཅིག་ཀྱང་ཅིའི་ཕྱིར་མི་འདོད། ཅེས་གསུངས་སོ། །དེ་ནི་སྡེ་པ་གཉིས་དང་ཐེག་ཆེན་པ་ལ་ཐུན་མོང་དུ་གྲགས་པ་ལྟར་གྱི་ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཡོད་པར་སྟོན་གྱི་རང་ལུགས་ཀྱིས་སྲེད་པ་དེ། ཉོན་མོངས་ཅན་དུ་མི་འདོད་པ་མིན་ནོ། །དེས་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་བ་རེ་ཞིག་སྤངས་ཀྱང་། གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་པ་ཡིན་པས། སྔར་བཤད་པའི་མངོན་གྱུར་སྤངས་པ་ལ་ནི། བཤད་མ་ཐག་པའི་འཇིག་ལྟ་དང་སྲེད་པ་མངོན་གྱུར་བ་ཡང་མི་ལྡོག་གོ །གལ་ཏེ་ལུགས་དེ་གཉིས་ཀའི་ཉོན་མོངས་མངོན་གྱུར་བ་སྤངས་ན། གཉིས་ཀའི་ས་བོན་མ་སྤངས་པར་ནི་འདྲ་ལ། མངོན་གྱུར་ཡོད་མེད་ལ་ཁྱད་མ་བྱུང་ན། སྲེད་པ་ལ་ཁྱད་པར་ཕྱེ་བ་དོན་མེད་དོ། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །ཅེས་གསུངས་པས་ནི་ལམ་གཞན་གྱིས་ཉོན་མོངས་མངོན་གྱུར་བ་གཞན་སྤངས་པ་ལ། སྲེད་པ་མི་ལྡོག་པའི་རྒྱུ་མཚན་སྟོན་ཏེ། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་དང་བྲལ་ན། ཚོར་བ་ལ་བདེན་འཛིན་གྱི་མ་རིག་པ་ཅུང་ཟད་ཀྱང་མི་སྤོང་ལ། དེ་ལྟ་ན་ཚོར་བ་བདེ་བ་སྐྱེས་པ་ན་མི་འབྲལ་བར་སྲེད་པ་དང་། ཚོར་བ་སྡུག་བསྔལ་སྐྱེས་པ་ན་འབྲལ་འདོད་ཀྱི་སྲེད་པ་ཅིའི་ཕྱིར་མི་སྐྱེ་སྟེ། མཐུན་རྐྱེན་
ཚང་ཞིང་འགལ་རྐྱེན་མེད་པའི་རྒྱུ་ལས་འབྲས་བུ་སྐྱེ་བར་ངེས་པའི་ཕྱིར་རོ། །རང་ལུགས་ཀྱི་ཚོར་བ་ལ་སྲེད་པ་ལྡོག་ལུགས་ནི། གང་ཚེ་ཚོར་པོ་འགའ་མེད་ཅིང་། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲེད་པ་ཅི་ཕྱིར་ལྡོག་མི་འགྱུར། །ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར་ཡིན་ཏེ། ཚོར་བ་པོ་དང་ཚོར་བ་འགའ་ཡང་རང་བཞིན་གྱིས་གྲུབ་པ་མེད་པར་མཐོང་བ་གོམས་ན། སྲེད་པ་ལྡོག་པར་བསྟན་པས། དེ་འདྲ་བའི་ལམ་མེད་ན་སྲེད་པ་ཐམས་ཅད་ཅིའི་ཕྱིར་ལྡོག་ཅེས་པར་ཡང་སྟོན་ནོ། །འདི་ནི་རིགས་པ་དྲུག་ཅུ་པ་ལས། གནས་དང་བཅས་པའི་སེམས་ལྡན་ལ། །ཉོན་མོངས་དུག་ཆེན་ཅིས་མི་འབྱུང་། །ཞེས་གསུངས་པའི་དོན་ནོ། །ཚོར་བ་ཡོད་པའི་རྒྱུ་མཚན་གྱིས་སྲེད་པ་ཡོད་པར་གསུངས་པ་ལ། རྒྱུ་ཡོད་པས་འབྲས་བུ་ཡོད་པར་སྒྲུབ་མི་ནུས་པས་ལེགས་པ་མིན་ཞེས་ཆ་པ་དང་། རྩེགས་དབང་ཕྱུག་སེང་གེས་སྤྱོད་འཇུག་འགོག་པ་ནི། ཉན་ཐོས་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་གཉིས་བོད་ན་ཕྱི་མ་གྲགས་ཆེ་ཞིང་། ལུགས་དེ་ལ་གོམས་པ་ཤས་ཆེ་བ་དང་། ཕྱོགས་དང་པོའི་ལུང་རིགས་རྣམས་ལ་མཐའ་ཆོད་པར་མ་སྦྱངས་པས། རིགས་པ་བརླིང་པོའི་དོན་ཞིབ་ཏུ་མ་རྙེད་པར་མཁས་པ་ཆེན་པོ་ལ་གྱ་ཚོམ་དུ་སྐྱོན་བཟུང་བའི་ནོར་པ་ཆེན་པོའོ། །དེ་བཞིན་དུ་ཟླ་བའི་ཞབས་ལ་བོད་རྣམས་ཀྱིས་སྐྱོན་བཟུང་བ་འགའ་ཞིག་སྣང་བ་ཡང་། ཕྱོགས་སྔ་མ་ཞིབ་ཏུ་ཡེ་མ་གོ་བར་སྐྱོན་ལྟར་སྣང་བརྗོད་པས། རང་གི་དེ་
ཉིད་སྟོན་པ་མཁས་པས་མཐོང་ན་ཤིན་ཏུ་ངོ་ཚ་བའི་གནས་ཁོ་ནར་སྣང་ངོ་། །དེ་ལྟར་ན་འགྲེལ་བཤད་ལས་མི་རྟག་སོགས་བཅུ་དྲུག་གི་ལམ་གྱིས་ཉོན་མོངས་ཀུན་བརྟགས་སྤོང་ནུས་ལ། ལྷན་སྐྱེས་སྤོང་མི་ནུས་སོ་ཞེས་ཁྱད་པར་འབྱེད་པ་ཡང་རིགས་པ་མ་ཡིན་ཏེ། ཐེག་པ་ཐུན་མོང་བ་ལ་གྲགས་པའི་ཉོན་མོངས་མངོན་གྱུར་ཙམ་རེ་ཞིག་སྤོང་བ་ལ་ནི། ཀུན་བརྟགས་དང་ལྷན་སྐྱེས་གཉིས་འདྲ་ལ། ས་བོན་སྤོང་མི་ནུས་པ་ཡང་གཉིས་ཀ་ལ་འདྲ་བའི་ཕྱིར་རོ། །འདིར་ཟླ་བ་དང་ཞི་བ་ལྷ་གཉིས་དགོངས་པ་གཅིག་ཏུ་འཆད་མ་ཤེས་འདུག་གོ །ཕུང་པོ་བདེན་མེད་དུ་མ་རྟོགས་ན། གང་ཟག་བདེན་མེད་དུ་མི་རྟོགས་ལ། དེ་ལྟ་ན་གང་ཟག་གི་བདག་མེད་མི་རྟོགས་པ་ནི། དཔེར་ན་ཕུང་སོགས་ཀྱི་ཆོས་བདེན་པས་སྟོང་པ་ཆོས་ཀྱི་བདག་མེད་དུ་འཇོག་པ་ལྟར། གང་ཟག་བདེན་མེད་ཀྱང་གང་ཟག་གི་བདག་མེད་དུ་གཞག་དགོས་ཏེ། རྒྱུ་མཚན་ཀུན་ནས་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་གང་ཟག་བདེན་པར་འཛིན་པ་གང་ཟག་གི་བདག་འཛིན་དུ་གཞགདགོས་པས། དེ་མ་ཟད་བར་དུ་ཉོན་མོངས་ཐམས་ཅད་ཟད་པ་མི་འོང་བ་དང་། གང་ཟག་དང་ཆོས་ལ་བདེན་འཛིན་ཉོན་མོངས་སུ་འཇོག་དགོས་པ་ཡིན་ཏེ། ཞི་བ་ལྷའི་ལུགས་ལའང་འདི་ཉིད་རྣམ་པར་བཞག་དགོས་སོ། །གཉིས་པ་ལ་གཉིས། ཐེགཆེན་གྱི་མདོའི་ཤེས་བྱེད་དགོད་པ་དང་། བསྟན་བཅོས་དང་ཐེག་དམན་གྱི་མདོའི་ཤེས་བྱེད་དགོད་པའོ། །དང་
པོ་ནི། ལྷག་པའི་བསམ་པ་བསྟན་པས་ཞུས་པ་ཚིག་གསལ་དུ་དྲངས་པ་ལས། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་བའི་བུད་མེད་མཐོང་ནས། འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་བཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་དེ་སོང་ནས་ཀྱང་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ་འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་པ་བཅོམ་ལྡན་འདས་གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང་། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་ཤིན་ཏུ་གསལ་བར་གསུངས་སོ། །སྒྱུ་མའི་བུད་མེད་ལ་
བུད་མེད་དངོས་སུ་བཟུང་ནས། དེ་ལ་མི་རྟག་སོགས་སུ་ཡིད་ལ་བྱེད་པ་དང་། ཕུང་པོ་བདེན་པར་བཟུང་ནས་ཕུང་པོ་ལ་མི་རྟག་པ་ལ་སོགས་པ་སྔར་ཡིད་ལ་བྱེད་པ་གཉིས་དཔེ་དོན་དུ་སྦྱར་བ་ལ། བདེན་པའི་ཕུང་པོ་དམིགས་པར་བྱས་ནས་མི་རྟག་སོགས་སུ་ཡིད་ལ་བྱེད་པ་ཅིག་ཀྱང་ཡོད་ལ། དེ་ནི་ཞེན་ཡུལ་ལ་འཁྲུལ་བའི་ལོག་ཤེས་རྐྱང་པ་ཡིན་པས། ཚད་མས་གྲུབ་པ་མིན་ཀྱང་བདེན་འཛིན་གྱི་ཡུལ་སུན་ཕྱུང་བའི་ལྟ་བ་མ་རྙེད་པའི་རྒྱུད་ལ། བདེན་བརྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ཕུང་པོ་ལ་དམིགས་ནས། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་མི་རྟག་པ་སོགས་སུ་ཐ་སྙད་པའི་ཚད་མས་གྲུབ་པ་དུ་མ་ཞིག་འོང་ལ། སྒོམ་པའི་ཚེ་ཡང་དོན་དེ་བསྒོམས་པས་སྔར་བཤད་པ་བཞིན་གྱི་ལམ་རྒྱུད་ལ་སྐྱེའོ། །ཡང་འཕགས་པ་བསམ་གཏན་པའི་དཔེ་མཁྱུད་ཀྱི་མདོ་ཚིག་གསལ་དུ་དྲངས་པ་ལས་ཀྱང་། འཇམ་དཔལ་འཕགས་པའི་བདེན་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བས། སེམས་ཅན་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བ་ཡང་དག་པ་མ་ཡིན་པ་འདི་ལས་འདའ་བར་མི་འགྱུར་རོ། །ཞེས་གསུངས་པ་ལ་འཇམ་དཔལ་གྱིས། བཅོམ་ལྡན་འདས་གང་ལ་ཉེ་བར་དམིགས་པས་སེམས་ཅན་རྣམས་འཁོར་བ་ལས་འདའ་བར་མི་འགྱུར་བ་བསྟན་དུ་གསོལ། ཞེས་སྟོན་པས་བདེན་བཞི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པས། འཁོར་བ་
ལས་མི་གྲོལ་བར་གསུངས་པ་ལ། རྗེ་བཙུན་གྱིས་ཡུལ་གང་ལ་ཇི་འདྲ་བ་ཞིག་ཏུ་དམིགས་པས། འཁོར་བ་ལས་མི་ཐར་བ་བཤད་པ་ཞུས་པའི་ལན་དུ། བདག་ནི་འཁོར་བ་ལས་འདའ་བ་དང་། མྱང་འདས་འཐོབ་པར་འགྱུར་རོ་སྙམ་དུ་བདེན་པར་ཞེན་པའི་ཚུལ་གྱིས་རྟོག་པར་བྱེད་པས། མི་རྟག་པ་ལ་སོགས་པ་བསྒོམས་པ་ན། བདག་གིས་སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་སྙམ་ནས་བདག་ནི་དགྲ་བཅོམ་པར་གྱུར་ཏོ་སྙམ་པ་འབྱུང་བར་གསུངས་ཏེ། སྔར་བཤད་པ་ལྟར་གྱི་ཉོན་མོངས་མངོན་གྱུར་རེ་ཞིག་སྤངས་པ་ན། ཟག་པ་ཐམས་ཅད་ཟད་དོ་སྙམ་པ་སྐྱེས་པའོ། །དེ་འཆི་བའི་དུས་ཀྱི་ཚེ་རང་སྐྱེ་བ་ལེན་པར་མཐོང་བ་ན། སངས་རྒྱས་ལ་ཐེ་ཚོམ་ཟོས་བའི་ཉེས་པས། དམྱལ་བ་ཆེན་པོར་ལྟུང་བར་གསུངས་སོ། །དེ་ནི་ལམ་དེ་ལྟ་བུ་ལ་གནས་པ་འགའ་ཞིག་ལ་ཡིན་གྱི། ཐམས་ཅད་ལ་ནི་མ་ཡིན་ནོ། །དེ་ནས་འཇམ་དཔལ་གྱིས་འཕགས་པའི་བདེན་པ་བཞི་པོ་ཇི་ལྟར་རྟོགས་པར་བགྱི་ཞུས་པ་ནི། སྔར་འཁོར་བ་ལས་གྲོལ་བ་ལ་བདེན་བཞི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་དགོས་པར་གསུངས་པ་དེ་འདིར་དྲིས་པའོ། །དེའི་ལན་དུ། འཇམ་དཔལ་གང་གིས་འདུ་བྱེད་ཐམས་ཅད་མ་སྐྱེས་པར་མཐོང་བ་དེས་ནི། སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ནི་ཀུན་འབྱུང་བ་སྤངས་པ་ཡིན་ནོ། །གང་ཞིག་ཆོས་
ཐམས་ཅད་གཏན་མྱ་ངན་ལས་འདས་པར་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མ་སྐྱེས་པར་མཐོང་བ་དེས་ནི་ལམ་བསྒོམས་པ་ཡིན་ནོ། །ཞེས་གསུངས་ནས་ལམ་དེས་ལེན་པ་མེད་པར་མྱ་ངན་ལས་འདའ་བར་གསུངས་ཏེ། འདིས་ནི་བདེན་བཞི་རང་བཞིན་གྱིས་གྲུབ་པ་མེད་པར་མཐོང་བ་དེས། འཁོར་བ་ལས་གྲོལ་བར་བྱེད་ལ། བདེན་འཛིན་དང་མ་བྲལ་བའི་ལམ་གྱིས་འཁོར་བ་ལས་མི་འདའ་བ་ཤིན་ཏུ་གསལ་བར་གསུངས་པས། བདེན་བཞི་མི་རྟག་སོགས་བཅུ་དྲུག་ཙམ་གྱི་ལམ་གྱིས་ཉོན་མོངས་ཀྱི་ས་བོན་སྤོང་མི་ནུས་པ་དང་། དེ་སྤོང་བ་ལ་ཡིན་ལུགས་ཀྱི་དོན་རྟོགས་ནས་སྒོམ་པ་དགོས་པར་བསྟན་ནོ། །འདི་རྣམས་ལེགས་པར་མ་ཕྱེད་ན་ཉན་ཐོས་ལ་ཉོན་མོངས་སྤོང་བའི་ལམ་མི་རྟག་སོགས་བཅུ་དྲུག་ཏུ་སྒོམ་པ་ཙམ་ལས་མེད་པར་བཟུང་ནས། ཉན་ཐོས་འཕགས་པ་དང་ཉན་ཐོས་དགྲ་བཅོམ་པས་འཕགས་པ་དང་དགྲ་བཅོམ་གྱི་གོ་མི་ཆོད་དོ། །ཞེས་འཕགས་པ་ལ་སྐུར་འདེབས་ཀྱི་སྡིག་ཆེན་པོ་སོག་ལ། དེ་ལྟར་སྨྲ་བ་ལ་བྱང་སེམས་ཀྱི་སྡོམ་པ་ཡོད་ན། རྩ་ལྟུང་ཡང་སྐྱེད་པ་ཡིན་ཏེ། བསླབ་བཏུས་ལས། སློབ་པའི་ཐེག་པས་ཆགས་ལ་སོགས། །སྤོང་བར་འགྱུར་བ་མིན་ཞེས་འཛིན། །ཕ་རོལ་དག་ཀྱང་འཛིན་འཇུག་དང་། །ཞེས་རྩ་ལྟུང་དུ་གསུངས་པའི་ཕྱིར་རོ། །དོན་འདི་རྡོ་རྗེ་གཅོད་པ་ལས་ཀྱང་གསལ་བར་གསུངས་ཏེ། རབ་
འབྱོར་འདི་ཇི་སྙམ་དུ་སེམས། རྒྱུན་དུ་ཞུགས་པ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་སམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་གང་ལ་ཡང་ཞུགས་པ་མ་མཆིས་པའི་སླད་དུ་སྟེ། དེས་ན་རྒྱུན་དུ་ཞུགས་པ་ཞེས་བགྱིའོ། །ཞེས་དང་། བཅོམ་ལྡན་འདས་གལ་ཏེ་རྒྱུན་དུ་ཞུགས་པ་དེ་འདི་སྙམ་དུ་བདག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སྙམ་དུ་སེམས་པར་གྱུར་ན། དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་བ་ལགས་སོ། །སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་ལགས་སོ། །ཞེས་གསུངས་ཤིང་། འབྲས་གནས་ཕྱི་མ་གསུམ་ལ་ཡང་དེ་བཞིན་དུ་གསུངས་སོ། །རྒྱུན་ཞུགས་ཀྱི་ས་ཐོབ་མཁན་དང་། ཐོབ་བྱའི་འབྲས་བུ་ལ་བདེན་པར་བཟུང་ནས། བདག་གིས་རྒྱུན་ཞུགས་ཐོབ་བོ་སྙམ་དུ་སེམས་ན། དེ་ཉིད་དེའི་བདག་ཏུ་འཛིན་པར་འགྱུར་རོ། །ཞེས་པས་ནི་གང་ཟག་དང་འབྲས་བུ་བདེན་འཛིན་གཉིས་བདག་འཛིན་དུ་གསུངས་པའི་དང་པོ་ནི། གང་ཟག་གི་བདག་འཛིན་དང་། གཉིས་པ་ནི་ཆོས་ཀྱི་བདག་འཛིན་ནོ། །རྒྱུན་ཞུགས་ཀྱིས་བདེན་པར་བཟུང་ནས་བདག་གིས་འབྲས་བུ་ཐོབ་བོ་སྙམ་དུ་མི་འཛིན་པ་ནི། བདེན་འཛིན་གྱི་ཡུལ་སུན་མ་ཕྱུང་བའི་དབང་དུ་མཛད་པ་ཡིན་གྱི། ལྷན་སྐྱེས་ཀྱི་འཛིན་པ་ཡང་མེད་པར་སྟོན་པ་མིན་ནོ། །དེས་ནི་ཕྱི་མ་རྣམས་ཀྱང་ཤེས་པར་བྱའོ། །ལུང་འདི་དབུ་མ་རང་
རྒྱུད་པ་ཁ་ཅིག་གཞན་དུ་འཆད་ཀྱང་། ཤེར་འབྱུང་བློ་གྲོས་ཀྱིས་ཉན་རང་གི་བྱང་ཆུབ་ཏུ་བགྲོད་པ་ལ། སྟོང་ཉིད་རྟོགས་དགོས་པའི་ཤེས་བྱེད་དུ་དྲངས་པ་ལྟར་ལེགས་སོ། །དེ་ལྟར་ན་ལུང་དེ་དག་གིས་ནི་དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་བྲལ་ན། འཁོར་བ་ལས་མི་གྲོལ་བ་དང་། འཁོར་བ་ལས་གྲོལ་བ་ལ་ལྟ་བ་དེ་དགོས་པར་གསལ་བར་བསྟན་ལ། ཉན་རང་དགྲ་བཅོམ་པ་འཁོར་བའི་འཆིང་བ་ལས་མ་གྲོལ་བ་ནི། མཁས་པ་སུ་ཡང་མི་འདོད་ཅིང་མི་འཐད་པས། ཉན་རང་ལ་ཆོས་རང་བཞིན་གྱིས་གྲུབ་པ་མེད་པ་རྟོགས་པ་ཡོད་པར་གསལ་བར་བསྟན་ནོ། །གཞན་ཡང་ཡུམ་ཆེན་མོ་སོགས་ཁུངས་མང་མོད་ཀྱང་། ཚིག་མངས་སུ་དོགས་ནས་མ་བྲིས་སོ། །གཉིས་པ་ནི། རིན་ཆེན་འཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཉིད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་ཉིད་དུའང་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ལས་ལས་དང་སྐྱེ་བ་ཡང་། །ཞེས་གསུངས་སོ། །དེའི་རྐང་པ་དང་པོ་གཉིས་ཀྱིས་ནི་ཕུང་པོ་ལ་བདེན་པར་འཛིན་པ་ཇི་སྲིད་ཡོད་པ་དེ་སྲིད་དུ། དེ་ལས་ངར་འཛིན་པའི་འཇིག་ལྟ་འབྱུང་བར་བསྟན་པས། འཇིག་ལྟ་མ་ལུས་པར་ཟད་པ་ལ་
ཕུང་པོ་བདེན་འཛིན་ཟད་དགོས་པར་བསྟན་ཏེ། དེའི་ཚེ་ཉན་རང་དགྲ་བཅོམ་པས་ཀྱང་ཕུང་པོ་བདེན་འཛིན་ཟད་པར་སྤངས་པར་ཤེས་སོ། །དེ་ལྟར་ན་བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུང་བར་དུ། འཇིག་ལྟའི་ཞེན་ཡུལ་སུན་མི་ཕྱིན་པས། ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་ལ་ཐུན་མོང་དུ་གྲགས་པའི་གང་ཟག་གི་བདག་མེད་ནི། རགས་པའི་གང་ཟག་གི་བདག་ཙམ་བཀག་པ་ཡིན་གྱི། ཕྲ་བའི་གང་ཟག་གི་བདག་མེད་མིན་པར་ཤེས་སོ། །དེའི་ཕྱིར་སློབ་དཔོན་འདིའི་ལུགས་ཀྱིས་ཉན་རང་གིས་གང་ཟག་གི་བདག་མེད་རྟོགས་ཚུལ། གྲུབ་མཐའ་སྨྲ་བ་གཞན་དང་འདྲ་བ་བཟུང་ནས། ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་ལ་མི་མཐུན་པར་སྨྲ་བས་ནི། འདིའི་ལུགས་ལེགས་པར་མ་རྟོགས་པ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་བྲལ་བ་ལ་གང་ཟག་གི་བདག་མེད་པ་རྟོགས་པར་ཡང་མི་འགྱུར་བར་འགྲེལ་པ་ལས་གསུངས་པའི་ཕྱིར་རོ། །དེ་ནས་རྐང་པ་གཉིས་ཀྱིས་འཇིག་ལྟ་ཡོད་པས་དེའི་དབང་གིས་འཁོར་བར་འཆིང་བའི་ལས་སོག་པ་དང་། དེ་ལས་ལས་དབང་གིས་འཁོར་བར་སྐྱེ་བར་གསུངས་ཏེ། དེ་ཡང་ཕུང་པོ་ལ་བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱིན་པའི་དབང་དུ་མཛད་ཀྱི། སྤྱིར་འཇིག་ལྟ་ཡོད་ཙམ་ལ་མིན་ཏེ། ས་བདུན་པའི་བར་དུ་འཇིག་ལྟ་ཡོད་ཀྱང་། ས་དང་པོ་ནས་ལས་དབང་གིས་སྐྱེ་བ་མི་ལེན་པའི་ཕྱིར་རོ། །གཞུང་དེ་དག་གིས་ནི་དེ་ཁོ་ན་ཉིད་ཀྱི་ལྟ་བ་སྒོམ་པ་དང་བྲལ་ན། འཇིག་ལྟ་ཟད་
པར་བྱེད་མི་ནུས་པར་བསྟན་པས། མི་རྟག་སོགས་བཅུ་དྲུག་གི་ལམ་ཙམ་ལས་མེད་ན་ཉོན་མོངས་ཟད་པར་སྤོང་བ་མེད་པར་བསྟན་ནོ། །དེ་ལྟར་ཐུན་མོང་མ་ཡིན་པའི་གང་ཟག་གི་བདག་མེད་ཀྱི་འཇོག་ཚུལ་མཛད་ཕྱིན་ཆད། གང་ཟག་གི་བདག་མེད་ཐུན་མོང་བ་ཙམ་གྱི་དབང་དུ་མཛད་ནས། འཇིག་ལྟ་ལ་སོགས་པའི་ངོས་འཛིན་མཛད་པའི་ཉོན་མོངས་ཀྱི་རྣམ་གཞག་རྣམས་སོར་བཞག་ཏུ་མཛད་ན། ཐུན་མོང་མ་ཡིན་པའི་གྲུབ་མཐའ། མཐའ་མ་ཆོད་པའི་ནོར་པ་ཆེན་པོར་འགྱུར་བས། དེ་ལ་མཁས་པའི་དབང་པོ་འདི་འཁྲུལ་བ་ག་ལ་སྲིད། དེས་ན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཤད་པའི་གཞུང་འཛུགས་པར་སྒོམ་ཞིང་། ཉོན་མོངས་ཀྱི་རྣམ་གཞག་ལ་ཐུན་མོང་མ་ཡིན་པའི་འཇོག་ཚུལ་ཡོད་དམ་མེད་སྙམ་པ་ཙམ་ཡང་མི་སྐྱེ་བའི་འདིའི་རྗེས་འབྲང་རྣམས་ནི། ལུགས་འདི་ལ་དད་པ་ཙམ་དུ་ཟད་དོ། །འདིས་མཚོན་ནས་གཞན་ཡང་མང་དུ་སྣང་བ་རྣམས་ལེགས་པར་རྩད་གཅད་པར་བྱའོ། །ལམ་གསུམ་ནི་ཉོན་མོངས་དང་ལས་དང་སྐྱེ་བའི་ཀུན་ཉོན་གསུམ་མོ། །དེ་གསུམ་ལ་ཐོག་མཐའ་དང་དབུས་མེད་པ་ནི་ཉོན་མོངས་ལས་ལས་དང་། དེ་ལས་སྡུག་བསྔལ་སྐྱེ་ཞིང་སྡུག་བསྔལ་ལས་ཀྱང་དེའི་རིགས་འདྲ་དང་། ཉོན་མོངས་སོགས་སྐྱེ་བའི་ཕྱིར་ཕར་སྐྱེ་ཚུར་སྐྱེ་བྱེད་པས། སྔ་ཕྱིའི་རིམ་པ་ངེས་པ་མེད་པ་སྟེ། ཕན་ཚུན་གྱི་རྒྱུ་ཅན་གྱི་དོན་
ནོ། །རྟེན་འབྲེལ་དེ་ནི་རང་དང་གཞན་དང་གཉིས་ཀ་ལས་སྐྱེ་བ་མེད་ལ། དེ་ཡང་དུས་གསུམ་གང་ཡང་རང་བཞིན་གྱིས་སྐྱེ་བ་མ་ཐོབ་པ་སྟེ་མེད་པ་མཐོང་བའམ། མ་མཐོང་བའི་ཕྱིར་ཏེ། རྒྱུ་མཚན་གྱིས་ངར་འཛིན་པའི་འཇིག་ལྟ་ཟད་པས་འཁོར་བར་འཁོར་བ་ལྡོག་གོ །དེའི་འོག་ཏུ་ཕུང་ཁམས་སོགས་རང་བཞིན་མེད་པར་གཏན་ལ་ཕབ་པའི་མཐར། དེ་ལྟར་ཡང་དག་ཇི་བཞིན་དུ། །འགྲོ་བ་དོན་མེད་ཤེས་ནས་ནི། །རྒྱུ་མེད་པ་ཡི་མེ་བཞིན་དུ། །གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་དེ་ཁོ་ན་ཉིད་ཀྱི་དོན་མཐོང་ནས་མྱ་ངན་ལས་འདའ་བར་གསུངས་སོ། །ཅི་སྟེ་དེ་ལྟར་མཐོང་བ་དེ་བྱང་སེམས་ཁོ་ནའི་དབང་དུ་མཛད་ནས་གསུངས་སོ་ཞེ་ན། དེ་ལྟར་གསུངས་པ་དེ་ཉན་རང་གི་དབང་དུ་མཛད་ནས་གསུངས་པ་ཡིན་ཏེ། མྱ་ངན་འདའ་ཞེས་པའི་མཇུག་ཐོགས་ཉིད་དུ། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང་། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འགྲེལ་པར་དྲངས་པའི་རིན་ཆེན་འཕྲེང་བའི་གཞུང་རྣམས་ནི་སྔ་འགྱུར་མི་ལེགས་པར་འདུག་གོ །ཉན་ཐོས་ལ་བསྟན་པའི་མདོ་ལས་ཀྱང་། ཉན་ཐོས་རྣམས་ཀྱི་ཉོན་མོངས་པའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པར་
ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏེ། །ཞེས་དཔེ་ལྔས་འདུས་བྱས་རྣམས་རང་བཞིན་མེད་པར་དཔྱད་པ་ཡིན་ནོ། །བྱང་ཆུབ་སེམས་འགྲེལ་ལས། སྟོན་པས་ཉན་ཐོས་རྣམས་ལ་ཕུང་པོ་ལྔ་དང་། བྱང་སེམས་རྣམས་ལ་གཟུགས་དབུ་བ་སོགས་ལྔ་དང་འདྲ་བར་བཤད་ཅེས་ཁྱད་པར་ཕྱེ་བ་ནི། རེ་ཞིག་དེ་ཁོ་ན་ཉིད་རྟོགས་མི་ནུས་པའི་ཉན་ཐོས་ལ་དགོངས་ཀྱི་ཉན་ཐོས་ཐམས་ཅད་ལ་མིན་ཏེ། དེ་ཉིད་ལས། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །ཐེག་དམན་གྱི་སྡེ་སྣོད་དུ་ཆོས་རང་བཞིན་མེད་པའི་དོན་འདི་ཉིད་སྟོན་པར་མཛད་པ་ན། རིན་ཆེན་འཕྲེང་བ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་ཐེག་ཆེན་གྱི་མདོ་སྡེ་ལས་རང་བཞིན་གྱིས་སྐྱེ་བ་མེད་པ་སྟོང་ཉིད་དུ་བསྟན་པ་དང་། གཞན་ཏེ་ཐེག་དམན་གྱི་མདོ་ལས་ནི་སྟོང་པ་ཉིད་སྟོན་པ་ན། འདུས་བྱས་ཟད་པར་བསྟན་པས་སྟོང་པ་ཉིད་སྟོན་པ་གཉིས་དོན་གཅིག་པས། ཐེག་ཆེན་ལས་སྟོང་ཉིད་བསྟན་པ་ལ་མི་བཟོད་པར་མ་བྱེད་ཅེས་གསུངས་སོ། །འདི་གཉིས་དོན་གཅིག་ལུགས་ལ་ཁ་ཅིག་ན་རེ། ཉན་ཐོས་པ་རྣམས་དངོས་པོ་ལ་ཟད་པ་ཁས་ལེན་ན། རང་བཞིན་ཡོད་ན་ཟད་
པ་མི་རིགས་པས། དེ་ཁས་ལེན་ན་དང་པོ་ནས་རང་བཞིན་མེད་པ་ཁས་ལེན་དགོས་པས་དེ་གཉིས་དོན་གཅིག་གོ་ཞེས་འཆད་པ་ནི། ཤིན་ཏུ་མི་འཐད་དེ། དེ་ལྟ་ཡིན་ན་དབུ་མ་པས་ཡོད་པར་འདོད་པའི་མྱུ་གུ་ལ་སོགས་པའི་ཆོས་གང་ཁས་ལེན་པ་ལ་ཡང་། རྒྱུ་མཚན་དེ་ཡོད་པས་མྱུ་གུ་ལ་སོགས་པ་ཐམས་ཅད་དང་། སྟོང་པ་ཉིད་གཉིས་དོན་གཅིག་ཏུ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རིན་ཆེན་འཕྲེང་བའི་འགྲེལ་པར་སྐྱེ་བ་མེད་པ་དང་། སྐད་ཅིག་མ་ལ་དོན་གྱི་ཁྱད་པར་འགའ་ཡང་མེད་དོ། །ཞེས་པ་ཡང་གཞུང་དོན་མ་གོ་བའི་བཤད་པའོ། །རིགས་པ་དྲུག་ཅུ་པའི་འགྲེལ་པར་དྲངས་པའི་ཐེག་དམན་གྱི་མདོ་ལས། གང་སྡུག་བསྔལ་འདི་མ་ལུས་པར་སྤངས་པ། ངེས་པར་སྤངས་པ། བྱང་བར་གྱུར་པ། ཟད་པ་འདོད་ཆགས་དང་བྲལ་བ། འགོག་པ། ཉེ་བར་ཞི་བ། ནུབ་པ། སྡུག་བསྔལ་གཞན་གྱི་མཚམས་མི་སྦྱོར་ཞིང་། མི་འབྱུང་མི་སྐྱེ་བ་འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ་ཕུང་པོ་ཐམས་ཅད་ངེས་པར་སྤངས་པ། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། མྱ་ངན་ལས་འདས་པའོ། །ཞེས་གསུངས་ལ། དེའི་དོན་འགྲེལ་བ་ན་སྡུག་བསྔལ་འདི་ཞེས་པའི་ཉེ་བའི་ཚིག་གིས་གསུངས་པའི་ཕྱིར། ད་ལྟར་གྱི་རང་རྒྱུད་ཀྱི་སྡུག་བསྔལ་ལམ་ཕུང་པོ་ཁོ་ནའི་དབང་དུ་མཛད་ནམ། མ་ལུས་པར་སྤངས་པ་ནས་ནུབ་པའི་བར་དང་། མ་འོངས་པའི་སྡུག་བསྔལ་གྱི་དབང་དུ་མཛད་ནས། སྡུག་བསྔལ་གཞན་
མཚམས་མི་སྦྱོར་བ་ནས། མྱ་ངན་ལས་འདས་པའོ་ཞེས་པའི་བར་དུ་གསུངས་སོ། །སྡུག་བསྔལ་ལམ་ཕུང་པོ་འདི་ཞེས་པ་དེ་གཉིས་ཀྱི་བྱེ་བྲག་ཉོན་མོངས་ལ་འཇུག་པའི་སྤྱི་སྒྲ་བྱེ་བྲག་ལ་འཇུག་པའོ་སྙམ་ན། དེ་ཡང་མི་རུང་སྟེ་སྤྱི་སྒྲ་ནི་སྤྱིའི་དོན་ལ་བཤད་དུ་མི་རུང་ན། བྱེ་བྲག་ལ་བཤད་དགོས་མོད་ཀྱང་། འདིར་ནི་སྤྱི་སྒྲའི་སྟེང་ནས་བཤད་དུ་ཡོད་པའི་ཕྱིར་རོ། །དེ་ལྟར་བྱས་ན་དངོས་པོར་སྨྲ་བ་རྣམས་ལྟར་ན། རྒྱུད་བླ་མ་ལས་ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་གསུངས་པ་ལྟར་ཕུང་བོ་གདོད་མ་ནས་རང་བཞིན་གྱིས་སྐྱེ་བ་མེད་པས། གདོད་མ་ནས་ཟད་པ་ལ་བཤད་དུ་མི་རུང་བའི་ཕྱིར། ལམ་གྱིས་མ་ལུས་པར་སྤངས་པ་ལ་བཤད་དགོས་ན། དེའི་ཚེ་མངོན་དུ་བྱ་རྒྱུའི་མྱང་འདས་ཡོད་པ་ན་མངོན་དུ་བྱེད་མཁན་མེད་པ་དང་། བྱེད་མཁན་ཡོད་པ་ན་ཕུང་པོ་མ་ཟད་པས་མངོན་དུ་བྱ་རྒྱུའི་མྱང་འདས་མེད་པར་འགྱུར་བས། མདོ་འདི་བཤད་མི་ནུས་པར་འགྱུར་རོ། །ཁོ་བོ་ཅག་ལྟར་ན། འདིའི་ཟད་པ་ནི། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། དེ་ནི་གདོད་ནས་ཟད་པས་ཟད་ཅེས་བྱ། ཞེས་གསུངས་པ་ལྟར་བཤད་པས་ཆོག་པས་མདོའི་དོན་ལེགས་པར་བཤད་པར་ནུས་སོ། །དེས་ན་མདོ་ལས་འདི་འདྲ་བའི་ཟད་པ་བསྟན་ནས། སྡུག་བསྔལ་འགགས་པའི་འགོག་པ་མྱ་ངན་ལས་འདས་པ་བསྟན་པ་དེ་དང་། རང་བཞིན་གྱིས་སྐྱེ་བ་མེད་པའི་འགོག་པ་བསྟན་པ་
གཉིས་དོན་གཅིག་ཏུ་འཕགས་པས་གསུངས་པ་འདི་མ་རྟོགས་པར་སྣང་བས་ཞིབ་ཏུ་བཤད་དོ། །རྩ་ཤེ་ལས་ཀྱང་། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱཱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་གསུངས་པ་འདིས་ཀྱང་ཐེག་དམན་གྱི་མདོ་ལས་མཐའ་གཉིས་བཀག་པ་གསུངས་པར་སྟོན་ཏེ། མདོ་འདི་ནི་ལུང་ཕྲན་ཚེགས་ན་སྣང་ངོ་། །དེ་དག་ཀྱང་མཚོན་པ་ཙམ་ཡིན་གྱི། རིན་ཆེན་འཕྲེང་བ་ན་འདིར་མ་དྲངས་པ་དུ་མ་ཞིག་དང་། རིགས་པ་དྲུག་ཅུ་པ་དང་། བསྟོད་པའི་ཚོགས་ལས་ཀྱང་དུ་མ་ཞིག་གསུངས་སོ། །གསུམ་པ་ལ་གཉིས། འགྲེལ་པ་ནས་བཤད་པའི་རྩོད་པ་སྤང་བ་དང་། དེར་མ་བཤད་པའི་རྩོད་པ་སྤང་བའོ། །དང་པོ་ནི། འགྲེལ་པ་ལས། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཆོས་ལ་བདག་མེད་པ་བསྟན་ན། དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པ་དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། །ཞེས་པའི་ཕྱོགས་སྔ་མ་སྨྲ་བ་ནི་སློབ་དཔོན་ལེགས་ལྡན་ཡིན་ཏེ། སངས་རྒྱས་བསྐྱངས་ཀྱིས་རབ་བྱེད་བདུན་པའི་འགྲེལ་པར་ཐེག་དམན་གྱི་མདོར་ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་དོན། ཆོས་རྣམས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པའི་དོན་དུ་བཤད་པ་ལ། ཤེས་རབ་སྒྲོན་མེར་དེ་ལྟ་ཡིན་ན། ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་རོ་ཞེས་དགག་པ་
མཛད་དོ། །དེ་ལ་སྤྱིར་ཐེག་ཆེན་བསྟན་པ་དོན་མེད་དུ་འགྱུར་ཟེར་རམ། ཐེག་ཆེན་དུ་ཆོས་ཀྱི་བདག་མེད་བསྟན་པ་དོན་མེད་དུ་འགྱུར་ཟེར། དང་པོ་ལྟར་ན་ནི། ཐལ་བ་དེ་ལ་ཁྱབ་པ་ཡོད་ན་ནི། ཐེག་ཆེན་བསྟན་པ་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་འགྱུར་ན། དེ་ནི་མ་ཡིན་ཏེ་ཐེག་ཆེན་ལས་ནི། བྱང་སེམས་ཀྱི་ས་རྣམས་དང་། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་གྱི་སྤྱོད་པ་དང་། སྨོན་ལམ་དང་བསྔོ་བ་རླབས་པོ་ཆེ་རྣམས་དང་། སྙིང་རྗེ་ཆེན་པོ་སོགས་དང་། ཚོགས་གཉིས་རླབས་པོ་ཆེ་དང་། བྱང་སེམས་ཀྱི་མཐུ་རྨད་དུ་བྱུང་བ་སོ་སྐྱེ་དང་། ཉན་རང་གིས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་སྟོན་པའི་ཕྱིར་ཏེ། རིན་ཆེན་འཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །བྱང་ཆུབ་སྤྱོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་སྩལ། །ཐེག་པ་ཆེ་ལས་བཀའ་སྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང་། །ཞེས་གསུངས་པའི་ཕྱིར་རོ། །འདི་ནི་ཐེག་དམན་གྱི་སྡེ་སྣོད་ནས་བཤད་པའི་ལམ་ཉིད་ཀྱིས། སངས་རྒྱས་སུ་བགྲོད་ནུས་པས། ཐེག་ཆེན་གཞན་མི་དགོས་སོ་སྙམ་པའི་ལོག་རྟོག་སེལ་བ་ལ་གསུངས་ལ། ཁྱེད་ལྟར་ན་ཐེག་ཆེན་ལས་ཆོས་ཀྱི་བདག་མེད་གསུངས་པས་ཐེག་དམན་གྱི་གཞུང་ནས་བཤད་པས་མི་ཆོག་ཅེས་
གསུང་དགོས་པ་ལ། དེ་མ་གསུངས་པར་རྒྱ་ཆེ་བའི་ཕྱོགས་གཞན་གསུངས་སོ་ཞེས་པའོ། །གལ་ཏེ་ཕྱོགས་གཉིས་པ་ལྟར་ན་ནི་དེ་ལ་ཡང་ཁྱབ་པ་མེད་དེ། ཉན་ཐོས་ཀྱི་སྡེ་སྣོད་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་བསྡུས་པ་ཙམ་ལས་མི་སྟོན་ལ། ཐེག་ཆེན་ལས་ནི་ཆོས་ཀྱི་བདག་མེད་སྒོ་དུ་མ་ནས་ཤིན་ཏུ་རྒྱས་པར་སྟོན་པའི་ཕྱིར་རོ། །དེ་ཡང་འཕགས་པའི་བཞེད་པ་ཡིན་ཏེ། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པ་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པའི་ཕྱིར་རོ། །དེའི་རྐང་པ་དང་པོ་གཉིས་ཀྱིས་མཚན་མེད་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པར་ཉོན་མོངས་ཟད་པ་མེད་པས་ཐར་པ་ཐོབ་པ་མེད་པར་བསྟན་ནོ། །ཁྱོད་ཀྱི་ཞེས་སོགས་ཀྱིས་ཐེག་ཆེན་ལས་མཚན་མེད་ཆོས་ཀྱི་བདག་མེད་ཚང་བར་ཏེ་རྫོགས་པར་བསྟན། ཞེས་པས་ཐེག་དམན་དུ་ནི་ཆོས་ཀྱི་བདག་མེད་རྫོགས་པར་མ་བསྟན་པར་ཤེས་སོ། །འོ་ན་དེ་ཕྱིར་ཞེས་པ་རྫོགས་པར་བསྟན་པའི་རྒྱུ་མཚན་དུ་འགྲོ་ཚུལ་ཇི་ལྟར་ཡིན་སྙམ་ན། མཚན་མེད་མ་རྟོགས་པར་ཉོན་མོངས་ཟད་པའི་ཐར་པ་མི་འཐོབ་པས་ན། ཉན་ཐོས་ཀྱི་ཐེག་པར་ཡང་ཆོས་ཀྱི་བདག་མེད་བསྟན་དགོས་ལ། དེ་ལ་ཐེག་པ་ཆེ་ཆུང་གི་ཁྱད་པར་ཡང་ དགོས་པ་དེའི་ཕྱིར་ཞེས་བཤད་དགོས་སོ། །དེ་དག་གིས་ནི་སུན་འབྱིན་པའི་ཐལ་བ་དང ་། དེས་བཟློག་པ་
འཕངས་པ་གཉིས་ལ་ཁྱབ་བྱེད་མ་ངེས་པའི་སུན་འབྱིན་ལྟར་སྣང་དུ་བསྟན་པ་ནི། རིགས་པ་དང་འགལ་བའོ། །ལུང་དང་འགལ་བ་ནི་སྔར་མང་དུ་བཤད་ཟིན་ཏོ། །འོ་ན་ཐེག་པ་ཆེ་ཆུང་གི་སྡེ་སྣོད་དུ་ཆོས་ཀྱི་བདག་མེད་རྫོགས་པར་སྟོན་མི་སྟོན་དང་། དེ་གཉིས་ཀྱི་ལམ་དུའང་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་མི་སྒོམ་སློབ་དཔོན་འདིས་བཤད་པའི་དོན་གང་ཡིན་སྙམ་ན། དེ་ནི་ཐེག་ཆེན་པ་ལ་ཤེས་བྱ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་པ་ཡོད་ལ། ཉན་རང་ལ་དེ་མེད་པར་ཤེས་བྱ་ཕྱོགས་གཅིག་པ་འགའ་རང་བཞིན་གྱིས་གྲུབ་པ་མེད་པར་རྟོགས་པ་ཡོད་ཅེས་པ་ནི། གཏན་མིན་ཏེ་གཞི་གྲུབ་པ་ཅིག་གི་སྟེང་དུ། ཆོས་ཀྱི་བདག་མེད་ཚད་མས་གྲུབ་པ་ཅིག་བྱུང་ན། དེ་ནས་གཞི་གཞན་ལ་བདེན་པར་ཡོད་མེད་ཀྱི་དཔྱོད་པ་ཞུགས་ན། རིགས་པ་སྔ་མ་ལ་བརྟེན་ནས་བདེན་མེད་དུ་རྟོགས་པར་ནུས་པའི་ཕྱིར་རོ། །དབུ་མ་པར་འདོད་པ་ཁ་ཅིག་གིས་དངོས་པོ་བདེན་གྲུབ་ཁེགས་པའི་ལུགས་སུ་བྱས་ནས། བདེན་སྟོང་བདེན་གྲུབ་ཏུ་འདོད་པ་དང་། ཁ་ཅིག་གིས་ཆོས་ཉིད་སྒྲུབ་པ་རང་དབང་བ་བདེན་གྲུབ་ཏུ་འདོད་པའི་སྔ་མ་ནི། བདེན་ཚད་ལེགས་པོར་མ་ཟིན་པར་རགས་པ་ཅིག་ལས་མ་ཁེགས་པར་འདུག་པའི་སྐྱོན་དུ་སྣང་ལ། ཕྱི་མ་ནི་དངོས་པོ་བདེན་པ་བཀག་པར་རློམ་ཡང་། ཚད་མས་ཁེགས་པར་མི་སྣང་གི་དངོས་པོ་ལ་སྐུར་འདེབས་ཀྱི་ལྟ་བར་འདུག་པས། དེ་དག་གིས་
མ་ངེས་པ་མེད་དོ། །དེས་ན་ཐེག་ཆེན་པར་ནི་རྩ་ཤེ་ལས་གསུངས་པ་བཞིན་དུ། གཞི་གཅིག་བདེན་མེད་དུ་སྒྲུབ་པ་ལ་ཡང་། སྒྲུབ་བྱེད་ཀྱི་རིགས་པ་མི་འདྲ་བ་མཐའ་ཡས་པས་བསྒྲུབས་པས། དེ་ཁོ་ན་ཉིད་ལ་བློ་ཤིན་ཏུ་རྒྱས་པར་འགྱུར་ལ། ཐེག་དམན་ལ་ནི་རིགས་པ་མདོར་བསྡུས་པ་ཞིག་གིས་དེ་ཁོ་ན་ཉིད་ཚད་མས་གྲུབ་ན། སྔ་མ་ལྟར་མི་བྱེད་པས་དེ་ཁོ་ན་ཉིད་ལ་བློ་རྒྱས་པ་མེད་པས་རྒྱས་བསྡུས་དང་། བདག་མེད་སྒོམ་པ་རྫོགས་མ་རྫོགས་སུ་གསུངས་སོ། །དེ་ལྟར་འོང་བ་ཡང་ཉན་རང་རྣམས་ནི། ཉོན་མོངས་ཙམ་སྤོང་བའི་ཕྱིར་བརྩོན་པ་ཡིན་ལ། དེ་ལ་ནི་དེ་ཁོ་ན་ཉིད་ཀྱི་དོན་མདོར་བསྡུས་པ་དེ་ཙམ་ཞིག་རྟོགས་པས་ཆོག་གོ །ཐེག་ཆེན་པ་ཤེས་སྒྲིབ་སྤོང་བ་ལྷུར་ལེན་པས། དེ་ལ་དེ་ཁོ་ན་ཉིད་ལ་ཤེས་རབ་མཆེད་ནས་བློ་ཤིན་ཏུ་རྒྱས་པ་ཞིག་དགོས་པ་ཡིན་ནོ། །གཉིས་པ་ནི། འོ་ན་མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་རང་རྒྱལ་གྱི་ལམ་གྱིས་གཟུང་བ་ལ་བདེན་ཞེན་གྱི་རྟོག་པ་སྤོང་ནུས་ཀྱང་། འཛིན་པ་ལ་བདེན་ཞེན་སྤོང་མི་ནུས་པར་གསུངས་པ་དང་། ཡང་། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །ཞེས་གཟུང་བ་ལ་བདེན་ཞེན་ཤེས་སྒྲིབ་ཏུ་གསུངས་པ་ཇི་ལྟར་དྲང་ཞེ་ན། དེ་ལ་གཟུང་བ་ཕྱི་རོལ་ལ་
ཞེན་པ་སྤོང་བའི་དོན་ནི། ཕྱི་རོལ་གྱི་དོན་ཚད་མས་གྲུབ་ཀྱང་། ཕྱི་རོལ་བདེན་གྲུབ་རིགས་པས་ཁེགས་པ་དབུ་མ་པ་ལྟར་གཏན་ལ་ཕབ་བའི་དོན་བསྒོམས་ནས་བདེན་ཞེན་སྤོང་བ་དང་། ཡང་ན་སེམས་ཙམ་པ་ལྟར་ཕྱི་རོལ་གྱི་དོན་རིགས་བས་བཀག་པའི་དོན་བསྒོམས་པ་ལ་བརྟེན་ནས། ཕྱི་རོལ་ཡོད་པར་འཛིན་པ་སྤོང་བ་གང་རུང་གཅིག་ལས་མི་འདའོ། །དེ་ལ་དང་པོ་ལྟར་ན་ནི་མི་རིགས་ཏེ། ཕྱི་དོན་སྤྱིར་ཡོད་པར་འཇོག་ཐུབ་པ་ལ། བདེན་ཡོད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་ཁེགས་པ་ཞིག་ཡིན་ན་ནི། དེ་ནས་འཛིན་པ་ལ་བདེན་པ་ཡོད་མེད་ཀྱི་དཔྱོད་པ་ཞུགས་པ་ན། རིགས་པ་སྔ་མའི་མཐུ་ལ་བརྟེན་ནས་བདེན་མེད་དུ་རྟོགས་པར་ནུས་ཏེ། འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟར་འདོད་པ་ནི་སློབ་དཔོན་སེང་གེ་བཟང་པོ་ལ་སོགས་པའི་འགྲེལ་པའི་ལུགས་ཡིན་པས། དེའི་ལྟར་ན་ཕྱི་རོལ་མེད་པར་ཚད་མས་གྲུབ་པ་ཡིན་ནོ། །ཕྱི་རོལ་མེད་པར་གྲུབ་ན་དེ་འཛིན་པའི་ཤེས་པ། གཟུང་བ་ལས་རྫས་ཐ་དད་པ་མེད་པར་ནི། སུ་དབང་པོ་རྟུལ་ཡང་འགྲུབ་པས། འཛིན་པ་ལ་བདེན་ཞེན་མི་སྤོང་བ་ནི། སྤྱིར་ཤེས་པ་བདེན་གྲུབ་ཏུ་ཁས་ལེན་པ་ལ་བྱེད་ཀྱི། གཟུང་འཛིན་རྫས་ཐ་དད་ཀྱི་ཕྱེད་ཁེགས་ཤིང་ཕྱེད་བདེན་པར་འཛིན་པ་གཏན་མིན་
པས། འཛིན་པ་བདེན་པར་སྨྲ་བའི་རང་རྒྱལ་དང་། གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དོན་དམ་དུ་གྲུབ་པར་སྨྲ་བའི་རྣམ་རིག་པ་གཉིས་གྲུབ་མཐའ་མཚུངས་པ་མཚར་ཞེས་པ་ནི། གསལ་བྱེད་པའི་བཞད་གད་དོ། །འདིར་རང་རྒྱལ་གྱི་ལམ་ཐེག་པ་འབྲིང་དུ་སྟོན་པ་ལ། གཟུང་བ་དང་འཛིན་པ་ལ་བདེན་ཞེན་སྤོང་མི་སྤོང་གི་ཁྱད་པར་གསུངས་ཏེ། དེ་གཉིས་ཀྱིས་ཉན་ཐོས་ལས་ལྷག་པ་དང་། ཐེག་ཆེན་ལས་དམན་པའི་ཕྱིར་འབྲིང་པོའོ། །འདི་ནི་ཐེག་པ་ཆེ་འབྲིང་ཆུང་གསུམ་གྱི་གང་ཟག་གསུམ། དབང་པོ་རྣ་འབྲིང་རྟུལ་བ་ཡིན་པས། བདག་མེད་ལ་ལྟོས་ཏེ་དབང་པོའི་རིམ་པ་བཞག་པ་སྟེ། ཐེག་ཆེན་ལ་ལྟ་བ་རབ་དབུ་མའི་ལྟ་བ་དང་། ཐེག་འབྲིང་ལ་ལྟ་བ་འབྲིང་སེམས་ཙམ་གྱི་ལྟ་བ་དང་། ཐེག་ཆུང་ལ་ལྟ་བ་ཐ་མ་གང་ཟག་གི་བདག་མེད་ཐུན་མོང་བའི་ལྟ་བ་བཞག་པ་ཡིན་ཀྱང་། དེར་མ་ངེས་སོ། །དེ་ཁོ་ན་ཉིད་ཀྱི་ལྟ་བ་གསུམ་ག་ལ་ཡོད་པ་ལྟར་ནའང་། དེ་ཁོ་ན་ཉིད་མྱུར་དུ་གཏིང་དཔོགས་མི་དཔོགས་སོགས་ཀྱི་སྒོ་ནས་དབང་པོའི་རིམ་པ་གསུམ་མི་འགལ་ལོ། །འཛིན་པ་ཤེས་པ་ལ་བདེན་ཞེན་སྤོང་མི་ནུས་པ་དམན་ཁྱད་དུ་བསྟན་པའི་ཕྱིར། མངོན་རྟོགས་རྒྱན་ནས་བཤད་པའི་བདག་མེད་ཀྱི་ལྟ་བ་ནི་མངོན་རྒྱན་དང་། འབྱེད་རྣམ་པ་གཉིས་ལྟར་སེམས་ཙམ་ལ་བཤད་དུ་མི་རུང་ངོ་། །མངོན་རྟོགས་རྒྱན་ལའང་དབུ་སེམས་སུ་འགྲེལ་ཚུལ་རྒྱ་གར་བ་རྣམས་ལའང་ཡོད་པས། དེ་དག་གི་རྒྱུ་མཚན་མང་དུ་བཤད་དགོས་ཀྱང་།
ཚིག་མངས་སུ་དོགས་ནས་རེ་ཞིག་མ་བྲིས་སོ། །ཡང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་གསུངས་པ་འདིས་ནི་ཉན་རང་རྣམས་ལའང་ཆོས་ཉིད་རྟོགས་པ་ཡོད་པར་བསྟན་ནོ། །དེ་ལ་ཆོས་ཀྱི་དབྱིངས་ཞེས་པ་ནི་ཉི་ཁྲི་སྣང་བ་ལས། དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་ནི་དངོས་པོ་དང་དེའི་མཚན་མ་ལ་མངོན་པར་ཞེན་པ་སྟེ། དེ་མེད་པའི་ཕྱིར་ཆགས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ཡོད་པར་མ་གྱུར་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །དེས་ན་འདིས་ནི་ཆོས་ཀྱི་དབྱིངས་ཉིད་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། །རང་བཞིན་དུ་གནས་པའི་རིགས་སྒྲུབ་པའི་རྟེན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཞེས་དངོས་པོ་དང་དེའི་མཚན་མ་ལ་བདེན་པར་ཞེན་པའི་ཆགས་པས་བཟུང་བ་ལྟར་ཡོད་པ་མིན་པའི་བདེན་སྟོང་ལ་བཤད་དོ། །དེ་ལ་ཆོས་དབྱིངས་རིགས་ཡིན་ན། སེམས་ཅན་ཐམས་ཅད་རིགས་ལ་གནས་པར་འགྱུར་ཏེ། ཆོས་དབྱིངས་ནི་ཐམས་ཅད་ལ་སྤྱིར་གནས་པའི་ཕྱིར་རོ། །ཞེས་པའི་རྩོད་པ་བཀོད་དེ། རིགས་ལ་གནས་པ་ནི་ལམ་གྱི་སྐབས་ཀྱི་རིགས་ལ་བསམས་པའོ། །དེའི་ལན་དུ། ཇི་ལྟར་དམིགས་པ་ན་འཕགས་པའི་ཆོས་རྣམས་ཀྱི་རྒྱུར་འགྱུར་བ་དེ་ལྟར་རིགས་ཡིན་པར་བརྗོད་པ་དེས་ན། འདིར་ཧ་ཅང་ཐལ་བ་མེད་པར་གསུངས་ཏེ། ཆོས་ཉིད་ཡོད་པ་
ཙམ་གྱིས་ལམ་གྱི་སྐབས་ཀྱི་རིགས་ལ་གནས་པ་མིན་གྱི། ཆོས་ཉིད་ལ་ལམ་གྱིས་དམིགས་ནས་བསྒོམས་པ་ན། འཕགས་ཆོས་ཀྱི་རྒྱུ་ཁྱད་པར་ཅན་དུ་གྱུར་པའི་ཚེ། རིགས་ཁྱད་པར་ཅན་དུ་འཇོག་པའི་དོན་ནོ། །དེ་ལྟ་ནའང་ཆོས་དབྱིངས་ལ་དབྱེ་བ་མེད་པས་ཐེག་པ་གསུམ་གྱི་རིགས་ནི་ཐ་དད་མི་རུང་ངོ་ཞེས་པའི་ལན་དུ། བརྟན་པའི་ཆོས་དམིགས་བྱེད་ཀྱི་ལམ་གྱི་དབྱེ་བས་རིགས་ཐ་དད་དུ་བརྗོད་དོ། །ཞེས་སྟོན་ནོ། །རྟེན་ནི་འདིར་དམིགས་པ་དང་། བརྟེན་པ་ནི་དམིགས་བྱེད་ཡིན་ལ། དམིགས་བྱེད་ལ་ཉན་རང་གི་ཐེག་པ་གཉིས་ཀྱང་ཡོད་ཅིང་། ཆོས་ཉིད་ལ་དམིགས་པ་ལ་དེ་བློ་ངོར་འགྲུབ་དགོས་ལ། བདེན་གྲུབ་བློ་ངོར་མ་བཅད་པར། །བདེན་སྟོང་བློ་ངོར་མི་འགྲུབ་ཅིང་། དེ་མ་གྲུབ་ན་ཆོས་ཉིད་བློ་ངོར་མི་འགྲུབ་བོ། །དེ་ཡང་དང་པོར་གཞི་ཆོས་ཅན་གཅིག་གི་སྟེང་དུ་ངེས་དགོས་པས། ཉན་རང་ལ་ཡང་ཕྱི་ནང་གི་ཆོས་ཅན་ལ་དམིགས་ནས། དེའི་ཆོས་ཉིད་བདེན་པར་མེད་པར་དམིགས་པ་ཡོད་པར་བསྟན་ནོ། །དེ་ལྟར་བྱས་ན་རང་རྒྱལ་ལ་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་ཅིག་ཀྱང་ཡོད་པས། རང་རྒྱལ་ལ་ཤེས་པ་ལ་བདེན་ཞེན་སྤོང་མི་ནུས་པས་མ་ཁྱབ་བོ། །ཉན་ཐོས་ལ་ཡང་དེ་ཁོ་ན་ཉིད་རྟོགས་པ་དང་མ་རྟོགས་པ་གཉིས་སུ་དབྱེ་དགོས་པའི་ཕྱིར། མངོན་རྟོགས་རྒྱན་དུ་ཡང་ཐེག་དམན་ལ་ཚུལ་གཉིས་གསུངས་པས། གཟུང་འཛིན་རྫས་ཐ་དད་དུ་བདེན་པར་འཛིན་པ་ལ། ཤེས་སྒྲིབ་ཏུ་འཇོག་མི་
འཇོག་གཉིས་ངེས་པར་བྱ་དགོས་སོ། །གལ་ཏེ་ཐེག་པ་གསུམ་གྱི་རིགས་ཐ་དད་པ་མི་རུང་ངོ་ཞེས་མི་རྩོད་ཀྱི། རིགས་བཅུ་གསུམ་གྱི་དབྱེ་བ་མི་རུང་བར་རྩོད་པ་ཡིན་སྙམ་ནའང་མི་འཐད་དེ། ཉི་ཁྲི་སྣང་བར། ཇི་སྐད་དུ་འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་གཅིག་དང་། དེ་བཞིན་ཉིད་གཅིག་དང་། ཡང་དག་པའི་མཐའ་གཅིག་ཡིན་ན། དེ་ལ་ཇི་ལྟར་སྣོད་དང་སྣོད་མ་ཡིན་པར་གདགས་སོ་ཞེས་གསུངས་པ་བཞིན་ནོ་ཞེ་ན། ཞེས་མདོ་གཞན་ལས་ཆོས་དབྱིངས་ལ་དབྱེ་བ་མེད་པས། ཐེག་ཆེན་གྱི་སྣོད་དང་སྣོད་མ་ཡིན་པར་ཇི་ལྟར་བརྟག་ཅེས་གསུངས་པ་དང་འདི་འདྲ་བས། ཐེག་པ་ཆེ་ཆུང་གི་རིགས་ཐ་དད་པ་མི་རུང་བ་ལ་རྩོད་རྒྱུ་ཡིན་གྱི། རིགས་བཅུ་གསུམ་ལ་བྱས་ན་སྣོད་དང་སྣོད་མ་ཡིན་པར་རྩོད་པ་མི་རུང་བའི་ཕྱིར་རོ། །སློང་དཔོན་ཆེན་པོ་སེང་གེ་བཟང་པོ་ཡང་འཕགས་པ་གྲོལ་སྡེ་དང་མཐུན་པར་བཞེད་དོ། །དེ་བཞིན་དུ་རྒྱུད་བླ་མ་རྩ་འགྲེལ་ལས་ཀྱང་། ཉན་རང་ལ་ཆོས་ཉིད་རྟོགས་པ་དང་མ་རྟོགས་པ་གཉིས་ཀ་གསུངས་པ་ཡོད་དེ་མངས་པས་འཇིགས་ནས་རེ་ཞིག་མ་བྲིས་སོ། །དེ་ལྟར་གཉིས་འོང་བ་ནི་མངོན་རྟོགས་རྒྱན་དུ་ཉན་རང་གི་ལམ་ཤེས་པའི་ལམ་ཤེས་སྟོན་པ་ནི། ཉན་རང་གི་རིགས་ཅན་རྣམས་རྗེས་སུ་འཛིན་པའི་ཕྱིར་དུ་ཡིན་པས། རྗེས་སུ་གཟུང་རྒྱུའི་ཐེག་དམན་ལ་ཡང་ཟབ་མོའི་སྣོད་དུ་གྱུར་མ་གྱུར་གཉིས་ཡོད་ཅིང་། དེ་གཉིས་ལའང་ཕྱི་མ་ཆེས་
མང་བས་ཕལ་ཆེར་དེའི་ལམ་མང་དུ་གསུངས་སོ། །ཐེག་ཆེན་ལ་ཐོག་མར་སེམས་ཙམ་ལ་མ་ཁྲིད་པར་དབུ་མའི་ལྟ་བ་མི་རྙེད་པ་སྣང་བ་བཞིན་དུ། རང་རྒྱལ་ལ་ཡང་ཡོད་ལ་དེ་ནི་ཉན་ཐོས་ལའང་ཡོད་པར་མངོན་ནོ། །གཞན་ཡང་ཉི་ཁྲི་སྣང་བ་དང་། བརྒྱད་སྟོང་འགྲེལ་ཆེན་གཉིས་ཀར་ཆོས་དབྱིངས་ཐེག་པ་གསུམ་གའི་རིགས་སུ་འཇོག་པའི་ཤེས་བྱེད་དུ། འཕགས་པའི་གང་ཟག་ཐམས་ཅད་ནི། འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་གསུངས་པ་དྲངས་ལ། དེ་ནི་རྡོ་རྗེ་གཅོད་པ་ལས་སངས་རྒྱས་པའི་ཆོས་དང་། དེས་བསྟན་པའི་ཆོས་ཐམས་ཅད་མ་མཆིས་སོ། །ཞེས་པའི་སྒྲུབ་བྱེད་དུ་འཕགས་པའི་གང་ཟག་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་སླད་དུའོ། །ཞེས་གསུངས་པའི་དོན་ནི་ཐེག་པ་ཆེ་ཆུང་གི་འཕགས་པའི་གང་ཟག་ཐམས་ཅད་ནི་ཆོས་རྣམས་དེ་ཁོ་ནར་མ་གྲུབ་པའི་དོན་དམ་འདུས་མ་བྱས་མངོན་དུ་བྱས་པས་བཞག་པའི་ཕྱིར་ཞེས་པའོ། །དེའི་ཕྱིར་ལུགས་འདི་དང་མངོན་རྟོགས་རྒྱན་གཉིས་འགལ་བ་མ་ཡིན་ནོ། །དེས་ན་རྒྱན་གྱི་འགྲེལ་མཛད་དེ་དག་གི་ལུགས་ལ་ཡང་ཚུལ་གཉིས་ཤེས་པར་བྱའོ། །སྤྲོས་པས་ཆོག་གོ །གསུམ་པ་ལ་བཞི། ས་དང་པོ་ལ་གནས་པའི་སྦྱིན་པ་བཤད་པ། རྟེན་དམན་པ་རྣམས་ཀྱི་སྦྱིན་པ་བཤད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་བཤད་པ། སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། ས་རབ་ཏུ་དགའ་བ་ཐོབ་པ་དེའི་ཚེ་བྱང་སེམས་དེ་ལ་ཕར་
ཕྱིན་བཅུའི་ནང་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དེ་ཁོ་ན། ཆོས་ལྷག་པར་ཡོད་པར་འགྱུར་ཏེ། དེ་ལ་ཕར་ཕྱིན་གཞན་རྣམས་མེད་པ་ནི་མིན་ནོ། །འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་དེ་ཡང་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་དང་པོ་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་དབང་དུ་བྱས་པའོ། །སྤྱིར་ཕར་ཕྱིན་སྔ་མ་རྣམས་ལས་ཕྱི་མ་རྣམས་ལྷག་པ་ཡིན་ཀྱང་། ས་འདིར་སྦྱིན་པ་ལྷག་པར་གསུངས་པ་ནི། ས་འདིར་སྦྱིན་པ་ཉམས་སུ་ལེན་པ་ལ་མཐུ་ཕུལ་དུ་བྱུང་བ་དེའི་ཚོད་ཙམ་ཚུལ་ཁྲིམས་ལ་སོགས་པ་ཉམས་སུ་ལེན་པ་ལ་མེད་པའི་དོན་ཏེ། ས་དང་པོར་བདག་གི་ལུས་དང་། ཕྱིའི་ཡོ་བྱད་གཏོང་བ་ལ་སྦྱིན་པའི་ཕར་ཕྱིན་དང་འགལ་བའི་ཀུན་འཛིན་གྱི་ཆགས་པ་ཅུང་ཟད་ཀྱང་མ་འབྱུང་བར་གསུངས་པ་ལྟར་སྤྱོད་ནུས་ཀྱང་། ས་གཉིས་པར་རྨི་ལམ་ན་ཡང་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་འཆལ་ཁྲིམས་ལ་གཏན་མི་སྤྱོད་པ་ལྟར་མི་ནུས་པའོ། །ཡང་ས་དེར་སྣང་དུ་མི་རུང་བའི་རྟོགས་པ་སྦྱིན་པས་དཔོག་པ་ནི། ཕྱིའི་ཡོ་བྱད་སྟེར་བ་ལ་གུས་བར་མ་ཟད། སློང་བ་ལ་རང་གི་ཤ་སྟེར་བ་ལའང་ཆེས་གུས་པར་བྱས་པ་ཡིས། གང་ཟག་གཞན་ཕལ་ཆེ་བ་ལ་སྣང་དུ་མི་རུང་བའི་ནང་གི་ས་ཐོབ་པ་སོགས་དཔོག་པའི་རྒྱུར་ཏེ་གཏན་ཚིགས་སུ་འགྱུར་ཏེ། དུ་བ་སོགས་ཀྱིས་མེ་ལ་སོགས་པ་དཔོག་པ་བཞིན་ནོ། །འདིས་ནི་ལུས་སྲོག་དང་ལོངས་སྤྱོད་གཏོང་བ་ལ་ཀུན་འཛིན་གྱི་དྲི་མ་མེད་
པར་བསྟན་ཏེ། དེ་ལྟར་བཏང་ཡང་རྒྱུད་རྣམ་པ་གཞན་དུ་མི་འགྱུར་བར་བརྟན་པར་གནས་པའི་ཕྱིར་རོ། །གཉིས་པ་ལ་གཉིས། སྦྱིན་པས་འཁོར་བའི་བདེ་བ་འཐོབ་པ་དང་། སྦྱིན་པས་མྱང་འདས་ཀྱི་བདེ་བ་འཐོབ་པར་བསྟན་པའོ། །དང་པོ་ནི། སྐྱེ་བོ་འདི་རྣམས་ཀུན་ནི། བཀྲེས་སྐོམ་དང་ནད་དང་ཚ་གྲང་སོགས་ཀྱི་སྡུག་བསྔལ་ཕྱིར་བཅོས་པའི་བདེ་བ་ཐོབ་པར་མངོན་པར་འདོད་ཅིང་། མི་ལ་སོགས་པ་རྣམས་ཀྱི་བདེ་བ་དེའང་འདོད་པའི་ཡུལ་གྱི་ལོངས་སྤྱོད་བཟའ་བཏུང་དང་། ནད་གསོ་བའི་ཆས་དང་གོས་དང་གནས་ཁང་སོགས་ལ། སྤྱད་པ་མེད་པར་སྐྱེ་བ་མིན་ལ། ལོངས་སྤྱོད་དེ་རྣམས་ཀྱང་ནི་སྔོན་སྦྱིན་པ་ལས་བྱུང་བའི་བསོད་ནམས་བསགས་པ་ལས་འབྱུང་བར་མཁྱེན་ནས། འགྲོ་བ་ཐམས་ཅད་ཀྱི་བསམ་པ་མཁྱེན་པའི་ཐུབ་པས། ཆེས་དང་པོར་སྦྱིན་པའི་གཏམ་ཉིད་མཛད་དེ། ཐབས་དེ་ལ་འཇུག་པར་ཡང་སླ་བའི་ཕྱིར་རོ། །གལ་ཏེ་སྦྱིན་པ་བཏང་བ་ལས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པ་དེ་ལ། གཏོང་བ་པོ་ཚུལ་དང་མཐུན་པ་དགོས་སམ་སྙམ་ན། དེ་ནི་མི་དགོས་ཏེ་འདི་ལྟར། ཚོང་པ་བཞིན་དུ་ནོར་ཆེས་ཆུང་ངུ་བཏང་བ་ལས། འབྲས་བུ་ནོར་གྱི་ཕུང་པོ་ཆེས་ཡངས་བ་འདོད་པས་ལོངས་སྤྱོད་འདོད་པའི་སློང་མོ་བ་ལས་ཀྱང་ལོངས་སྤྱོད་རྒྱ་ཆེ་བ་འདོད་པས། སྦྱིན་པ་བྱེད་པ་ལ་གུས་ཀྱི། བྱང་སེམས་རྣམས་ལྟར་སྙིང་རྗེའི་གཞན་གྱི་དབང་གིས་སྦྱིན་པའི་འབྲས་བུ་དོན་དུ་མི་གཉེར་བ་ཁོ་ནར། སྦྱིན་པར་འདོད་
པའི་དགའ་སྟོན་མངོན་པར་འཕེལ་བར་མི་བྱེད་པའི་གཏོང་བ་པོ་སྙིང་རྗེ་དམན་ཞིང་། དེར་མ་ཟད་སེམས་ཅན་ལ་སེམས་ཤིན་ཏུ་རྩུབ་པའི་སེམས་དང་ལྡན་པ། རང་གི་དོན་མངོན་མཐོའི་བདེ་བ་ཙམ་ལྷུར་ལེན་པ་ཉིད་དུ་འགྱུར་བ་སྟེ། གཙོ་བོར་བྱེད་པ་གང་ཡིན་པ་དེ་དག་གི་སྟེ་ལ་ཡང་། ལོངས་སྤྱོད་མི་གཏོང་བར་འཛིན་པའི་སྐྱོན་ལ་རྒྱབ་ཀྱིས་ཕྱོགས་པ་རྣམ་སྨིན་ལ་རེ་བའི་ཡོན་ཏན་ཙམ་འཛིན་པ་ལ་གཡེར་བག་ཐོབ་པའི་སྦྱིན་པ་ལས། ལོངས་སྤྱོད་ཕུལ་དུ་བྱུང་བ་ཕུན་ཚོགས་འབྱུང་བའི་སྒོ་ནས། བཀྲེས་སྐོམ་སོགས་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་རོ། །གཉིས་པ་ནི། གང་ཞིག་སྙིང་རྗེ་དང་བྲལ་བས་རང་གི་སྡུག་བསྔལ་ཕྱིར་བཅོས་པའི་བདེ་བ་ཙམ་ལ་ལྟོས་པ་ཉིད་ཀྱིས། སྦྱིན་པ་གཏོང་པ་ལ་གུས་པ་འདི་ཡང་། སྦྱིན་བདག་གཏོང་བ་པོའི་ཐད་དུ་དམ་པ་དག་གིས་བགྲོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྦྱིན་པ་གཏོང་བའི་སྐབས་ཀྱིས་ནམ་ཞིག་གི་ཚེ་འཕགས་པའི་སྐྱེ་བོ་དང་ཕྲད་པ་མྱུར་དུ་འཐོབ་བོ། །དེ་ནས་དམ་པ་དེས་ཆོས་བསྟན་པ་ལས། འཁོར་བ་ལ་ཡོན་ཏན་མེད་པར་རིག་ཅིང་། འཕགས་ལམ་ཟག་པ་མེད་པ་མངོན་དུ་བྱས་པས་མ་རིག་པ་སྤངས་ནས། སྲིད་པ་འཁོར་བའི་རྒྱུན་ཐོག་མེད་ནས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡང་དག་པར་བཅད་པར་བྱས་ཏེ། དམ་པ་དང་ཕྲད་པ་དེ་ཡི་རྒྱུ་ཅན་ཉན་ཐོས་སམ་རང་རྒྱལ་གྱི་ཞི་བ་མྱང་འདས་སུ་འགྲོ་བར་འགྱུར་
རོ། །གསུམ་པ་ལ་བཞི། བྱང་སེམས་ཀྱི་སྦྱིན་པའི་ཕན་ཡོན་ཐུན་མོང་མ་ཡིན་པ་བསྟན་པ། རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་གཙོ་བོར་བསྟན་པ། བྱང་སེམས་ཀྱིས་སྦྱིན་པའི་ཚེ་དགའ་བ་ཅི་འདྲ་བ་འཐོབ་པ་བསྟན་པ། བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་བསྟན་པའོ། །དང་པོ་ནི། བྱང་སེམས་མ་ཡིན་པ་རྣམས་ནི་སྦྱིན་པས་སློང་བ་པོ་ཚིམ་པར་བྱས་པ་དང་། དུས་མཉམ་པ་སྟེ་དེའི་མཇུག་ཐོགས་ཉིད་དུ་སྦྱིན་པའི་འབྲས་བུའི་བདེ་བ་ལ་ངེས་པར་ལོངས་སྤྱོད་པ་མིན་ནོ། །དེས་ན་དེ་རྣམས་ནི་སྦྱིན་པའི་འབྲས་བུ་མངོན་སུམ་དུ་མི་མཐོང་བའི་ཕྱིར་སྦྱིན་པ་ལ་མི་འཇུག་པ་ཡང་སྲིད་ན། འགྲོ་བ་ཐམས་ཅད་ལ་ཕུགས་སུ་ཕན་པ་དང་། འཕྲལ་དུ་བདེ་བ་སྒྲུབ་པར་དམ་བཅས་པའི་ཡིད་ཅན་གྱི་བྱང་སེམས་རྣམས། སྦྱིན་པས་རིང་པོར་མི་ཐོགས་པར་སློང་བ་པོ་ཚིམ་པར་བྱས་པ་མཐོང་བའི་མཇུག་ཐོགས་ཉིད་དུ། སྦྱིན་པའི་འབྲས་བུ་དགའ་བ་མཆོག་ཏུ་གྱུར་བ་འཐོབ་ཅིང་སྦྱིན་འབྲས་ལ་ལོངས་སྤྱོད་པས། དུས་ཐམས་ཅད་ཀྱི་ཚེ་སྦྱིན་པ་བྱེད་པ་ལ་དགའ་བར་འགྱུར་རོ། །གཉིས་པ་ནི། གང་གི་ཕྱིར་སྔར་ཇི་སྐད་བཤད་པའི་ཚུལ་གྱིས་བརྩེ་བའི་བདག་ཉིད་བྱང་སེམས་དང་། བརྩེ་བའི་བདག་ཉིད་མ་ཡིན་པ་ཐད་ཀྱི་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་རྣམས་སྦྱིན་པས་འདྲེན་པ་དེའི་ཕྱིར། སྦྱིན་པའི་གཏམ་ཉིད་གཙོ་བོ་སྟེ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །བཤེས་སྤྲིང་ལས་ཀྱང་།
ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སྦྱོང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་སོ། །གསུམ་པ་ནི། རྒྱུ་གང་ལས་བྱང་སེམས་རྣམས་སྦྱིན་པ་ལ་གུས་པར་འགྱུར་བ། །སློང་བ་རྣམས་ལོངས་སྤྱོད་ཀྱིས་ཚིམ་པར་བྱས་པ་ན། བྱང་སེམས་ལ་དགའ་བའི་ཁྱད་པར་སྐྱེ་བ་ཀོ་ཅི་འདྲ་ཞིག་ཅེ་ན། ཇི་ལྟར་སློང་བ་པོས་བྱིན་ཅིག་ཅེས་ཟེར་བའི་སྒྲ་ཐོས་པའི་དོན་བསམས་པ་ན། འདི་དག་ནི་བདག་ལ་སློང་བ་ཞིག་གོ་སྙམ་པ་ལས། རྒྱལ་སྲས་ལ་ཡིད་ལ་བདེ་བ་ཡང་ནས་ཡང་དུ་འབྱུང་བ་དེ་ལྟར་ནི། ཐུབ་པ་དགྲ་བཅོམ་པ་རྣམས་ལ་ཞི་བ་མྱང་འདས་ཀྱི་དབྱིངས་སུ་ཞུགས་པས། བདེ་བ་སྐྱེད་པར་བྱེད་པ་མིན་ན། ཕྱི་ནང་གི་དངོས་པོ་ཐམས་ཅད་བཏང་བས་སློང་བ་པོ་ཚིམ་པར་བྱེད་པས། ཞི་བདེ་ལས་ལྷག་པའི་བདེ་བ་སྐྱེད་པ་ལྟ་ཅི་ཞིག་སྨོས་དགོས་ཏེ་མི་དགོས་སོ། །ཞི་བདེས་སེམས་ཕྲོགས་པ་ན་གཞན་དོན་ལ་གཡེལ་བར་འགྱུར་ལ། བྱང་སེམས་ཀྱི་བདེ་བ་སྔར་བཤད་པ་དེས་སེམས་ཕྲོགས་པ་ཉིད་ཀྱིས། གཞན་དོན་ལ་ལྷག་པར་ཡང་བརྩོན་པར་འགྱུར་བས་མི་འདྲའོ། །བཞི་པ་ནི། ཡང་སྦྱིན་པ་བཏང་བ་གང་ལས་བདེ་བ་ཕུལ་བྱུང་སྐྱེ་བར་བརྗོད་པ་ཕྱི་ནང་གི་དངོས་པོ་གཏོང་བའི་བྱང་སེམས་ལ། ལུས་ཀྱི་སྡུག་བསྔལ་ཡང་མི་འབྱུང་
ངམ་ཞེ་ན། བདག་ཉིད་ཆེན་པོ་ས་ཐོབ་པའི་དབང་དུ་བྱས་ནས་འདྲི་ན་ནི། སེམས་མེད་པ་རྣམས་ལ་བཅད་པ་ལྟར་ལུས་ཀྱི་སྡུག་བསྔལ་མེད་དེ། འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས། འདི་ལྟ་སྟེ། དཔེར་ན་ཤིང་སཱ་ལ་ཆེན་པོའི་ཚལ་ཞིག་ཡོད་ལ། དེར་འགའ་ཞིག་འོངས་ནས་སཱ་ལ་གཅིག་བཅད་པ་ན། དེར་ཤིང་སཱ་ལ་ལྷག་མ་དེ་རྣམས་འདི་སྙམ་དུ་འདི་ནི་བཅད་པའོ། །བདག་ཅག་ནི་མ་བཅད་པའོ་སྙམ་དུ་སེམས་ཤིང་། དེ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་དོ། །རྟོག་པ་དང་རྣམ་པར་རྟོག་པ་མེད་དོ། །བྱང་ཆུབ་སེམས་དཔའི་བཟོད་པ་དེ་ལྟ་བུ་གང་ཡིན་པ་འདི་ནི། བཟོད་པ་ཡོངས་སུ་དག་པ་མཆོག་ནམ་མཁའ་དང་མཉམ་པ་ཡིན་ནོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །རིན་ཆེན་འཕྲེང་བ་ལས་ཀྱང་། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་གསུངས་པ་འདི་ཡང་ས་ཐོབ་པ་ལ་དགོངས་སོ། །ཡང་ལུས་དང་ལོངས་སྤྱོད་ལ་ཀུན་འཛིན་གྱི་ཆགས་པ་མེད་པའི་ས་རབ་ཏུ་དགའ་བ་མ་ཐོབ་པའི་དབང་དུ་བྱས་ནས་འདྲི་ན་ནི་ལུས་གནས་པ་དང་འགལ་བའི་རྐྱེན་རང་གི་ལུས་ལ་བབས་པས། ལུས་ཀྱི་སྡུག་བསྔལ་གདོན་མི་ཟ་བར་འབྱུང་མོད་ཀྱང་། དེའི་ཚེ་ཡང་སྡུག་བསྔལ་དེ་ལ་བརྟེན་ནས་སེམས་ཅན་གྱི་དོན་ལ་ལྷག་པར་འཇུག་པའི་རྒྱུ་ཉིད་དུ་གནས་ཏེ། འདི་ལྟར་བྱང་སེམས་རྣམས་