ཡིད་དང་ཀུན་གཞིའི་དཀའ་བའི་གནས་ཀྱི་རྩ་བ།
ཡིད་དང་ཀུན་གཞིའི་དཀའ་བའི་གནས་ཀྱི་རྩ་བ་བཞུགས་སོ།
རྒྱལ་དང་རྒྱལ་བའི་སྲས་རྣམས་གཤེགས་པའི་བཤུལ། །ལེགས་གསུངས་ལེགས་ལམ་ཇི་བཞིན་ཐུགས་ཆུད་ནས། །མ་ནོར་མ་འདྲེས་རྫོགས་པར་སྟོན་མཛད་པའི། །མཁས་པའི་མཁས་པ་དེ་ལ་མགོས་ཕྱག་འཚལ། །རྣམ་རིག་གཞུང་གི་ཤིན་ཏུ་དཀའ་བའི་གནས། །ཡིད་དང་ཀུན་གཞི་གསལ་བར་བསྟན་པ་དང༌། །བདག་ཉིད་དྲན་པ་གསོ་བར་བྱ་བའི་ཕྱིར། །བླ་མའི་གསུང་ལ་བརྟེན་ནས་འདིར་བཤད་བྱ། །སྨྲ་བའི་དམ་པས་ཐེག་པ་མཆོག །འཛིན་པར་ལུང་བསྟན་འཕགས་པ་ཀླུས། །ཐེག་མཆོག་རྒྱས་པར་མཛད་པའི་རྗེས། །ལུང་བསྟན་བརྙེས་པའི་ཐོགས་མེད་ཀྱིས། །སྲོལ་བཏོད་སྔོན་དུ་དབུ་མ་ཉིད། །མཚན་ཉིད་གྲུབ་པར་བྱེད་པ་དང༌། །དགུ་དང་གཅིག་
པུར་འདོད་པ་དགག །དོན་རྣམས་བཞི་ཡིས་ཀུན་གཞི་དང༌། ། ཉོན་མོངས་ཅན་ཡིད་ཤེས་པར་བྱ། །མཚན་ཉིད་གཉིས་ལས་ཀུན་གཞི་ནི། །རྟེན་དང་བརྟེན་པའི་དབྱེ་བ་ཡིས། །མཚན་ཉིད་རྣམ་པ་གཉིས་སུ་འདོད། །དེ་ལ་རྟེན་གྱུར་ཀུན་གཞི་ནི། །དོན་དང་སེམས་ཅན་བག་ཆགས་ལ། །རྣམ་པར་རིག་པ་མི་རིག་པ། །ལུང་དུ་མ་བསྟན་རེག་ལ་སོགས། །ལྔ་ཉིད་དང་ལྡན་ས་བོན་གྱི། །དབང་གིས་གནས་དོན་ལུས་སུ་ནི། །སྣང་ཕྱིར་དམིགས་པ་དག་ཏུ་འདོད། །ཀུན་གཞིའི་གཟུང་ཆ་དག་ལ་ནི། །རྣམ་ཤེས་ལྔ་ཡིས་འཛིན་བྱེད་ཅིང༌། །དྲུག་པས་ཐ་སྙད་འདོགས་པས་ན། །ཁམས་གཉིས་དག་ཏུ་ངེས་པ་སྟེ། །དེ་ལྟ་མིན་ན་གཟུགས་མེད་པ། །གཟུགས་ཀྱི་འདུ་ཤེས་མ་འདས་
དང༌། །གཟུགས་ཅན་པ་རུ་ཐལ་འགྱུར་ཏེ། །ཤེས་ལ་གཟུགས་སུ་སྣང་བ་ལས། །མ་གཏོགས་ཕྱི་རོལ་མེད་ཕྱིར་རོ། །འོག་ནའང་སེམས་ཅན་གཅིག་གི་ནི། །ཀུན་གཞི་ལ་ནི་སྣོད་དང་བཅུད། །ཐམས་ཅད་སྣང་ན་གཟུགས་ཁམས་ཀྱི། །ལྷ་ལའང་དམྱལ་སྣང་འབྱུང་བ་དང༌། །དམྱལ་བ་ལ་ཡང་ལྷ་རྣམས་ཀྱི། །སྣོད་བཅུད་སྣང་བ་འབྱུང་བ་དང༌། །ཐ་མལ་རྣམས་ལ་བསྐལ་པ་ཡི། །ཡུལ་སྣ་ཚོགས་པ་སྣང་བར་འགྱུར། །དངོས་སུ་རང་གི་དབང་དོན་ནོ། །བརྒྱུད་ནས་དེ་ཡི་ཚོགས་དྲུག་གི། ཡུལ་དུ་སྣང་བ་གང་ནུས་པ། །ཀུན་གཞིའི་ཡུལ་དུའང་འཇོག་པ་ཡིན། །དབང་དོན་ལས་གཞན་དྲུག་པའི་ཡུལ། །ཀུན་གཞིའི་ཡུལ་དུ་མི་འགྱུར་ཏེ། །དྲུག་པ་བཏགས་པའི་ཡུལ་ཅན་དང༌། །ཀུན་གཞི་བཀྲར་འཛིན་གྱིས་དབེན་ཕྱིར། །བག་ཆགས་བསྒོ་གཞི་ཡིན་ཕྱིར་དང༌། །དགེ་དང་མི་དགེ་མངོན་གྱུར་དང༌། །རྒྱུད་གཅིག་ལ་ནི་འཇུག་པའི་ཕྱིར། །མ་བསྒྲིབས་ལུང་མ་བསྟན་དུ་གྲུབ། །ལུང་མ་བསྟན་དང་མི་གསལ་ཕྱིར། །རེག་སོགས་ལྔར་ངེས་ཚོར་བ་ནི། །བར་མའོ་འདི་ལ་བདག་ཏུ་ནི། །སྦྱོར་བའི་ཕྱིར་ན་ཀུན་གཞིའོ། །ལྷག་མ་མེད་དང་རྡོ་རྗེ་ལྟའི། །བར་དུ་རྒྱུན་མི་འཆད་དུ་འཇུག །བརྟེན་པ་ས་བོན་ཀུན་གཞི་ནི། །སྒོ་བར་བྱེད་པས་སྒོ་གཞི་ལ། །འགག་ལ་སྔོན་དུ་ཕྱོགས་པའི་ཚེ། །བཞག་པའི་ནུས་པའོ་སྒོ་གཞི་ནི། །བསྟན་ལུང་མ་བསྟན་བསྒོ་བྱ་བ། །སྒོ་བར་བྱེད་དང་འབྲེལ་བ་དང༌། །མཐའ་གཅིག་རྟེན་དུ་གྱུར་པ་སྟེ། །
ཁྱད་པར་ལྔ་དང་ལྡན་པའོ། །ཕྱི་དང་ནང་དང་མི་གསལ་བ། །གཉིས་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་ཏེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །གཞན་ཡང་མངོན་བརྗོད་བདག་ལྟ་དང༌། །སྲིད་པའི་ཡན་ལག་བག་ཆགས་གསུམ། །ཐུན་མོང་ཐུན་མོང་མ་ཡིན་དང༌། །ཚོར་དང་བཅས་དང་ཚོར་མེད་པའི། །ས་བོན་རྣམ་བཞི་གནས་ངན་ལེན། །ཤིན་ཏུ་སྦྱངས་དང་སྤྱད་ཟིན་དང༌། །མ་ཟིན་པ་དང་བཞི་རུའང་གསུངས། །བག་ཆགས་དེ་ཡང་རྟེན་ལས་ནི། །རྫས་གཅིག་ཐ་དད་གང་ཡང་མིན། །ས་བོན་དམིགས་རྣམ་ཡོད་པ་དང༌། །འགྲོ་བ་ལྔ་ཡི་ས་བོན་རྣམས། །འཆོལ་བ་ཉིད་དུ་འགྱུར་བ་དང༌། །ཁམས་ཀྱང་འཆོལ་ཕྱིར་གཅིག་ཉིད་མིན། །རྟེན་གཅིག་ལ་ནི་ཀུན་གཞི་གཉིས། །ཡོད་པར་འགྱུར་བས་སོ་སོ་མིན། །དེས་ན་རྟེན་ལས་དེ་ཉིད་དང༌། །གཞན་དུ་བརྗོད་དུ་མེད་པ་སྟེ། །བཏགས་ཡོད་ཙམ་དུ་གནས་ཕྱིར་རོ། །འཇོག་བྱེད་དགེ་སོགས་གང་ཡིན་ཀྱང༌། །བཞག་པའི་བག་ཆགས་ལུང་མ་བསྟན། །དགེ་དང་མི་དགེ་མཚན་ཉིད་པར། །འདོད་ལ་སྒྲུབ་པར་བྱེད་པ་མེད། །བག་ཆགས་འཇོག་པའི་ཚུལ་ལ་གསུམ། །ཆོས་ཉིད་ཀྱིས་གནས་སྔོན་མེད་བསྐྱེད། །དེ་དག་གཉིས་ཀར་འདོད་པའོ། །ཀུན་ནས་ཉོན་མོངས་ཆོས་ཐམས་ཅད། །རྒྱུ་འམ་འབྲས་བུའི་དངོས་པོ་རུ། །སྦྱོར་བའི་ཕྱིར་ན་ཀུན་གཞིའོ། །དེའི་ཕྱིར་དབང་ཐོབ་དགྲ་བཅོམ་ལ། །ཀུན་གཞི་ཡོད་པ་མ་ཡིན་ཏེ། །འཇོག་བྱེད་གཉིས་པོ་མེད་
ཕྱིར་རོ། །ཉོན་མོངས་ཅན་ཡིད་མཚན་ཉིད་ནི། །ཀུན་གཞི་རྣམ་སྨིན་ཆ་ཉིད་ལ། །བདག་ལྟ་བསྒྲིབས་ལ་ལུང་མ་བསྟན། །རེག་དང་ཆགས་སོགས་དགུ་ཁོ་ན། །འགོག་པ་མཉམ་གཞག་གནས་སྐབས་དུས། །དབང་ཐོབ་དགྲ་བཅོམ་མཐར་ཐུག་གོ་ཉོན་མོངས་ཅན་དུ་འཇོག་བྱེད་པའི། །གང་ཟག་འཛིན་པ་ལོག་གྱུར་ཀྱང༌། །དེ་ཡི་རིགས་ཙམ་ཡོད་ཕྱིར་དང༌། ། ཆོས་འཛིན་སྐྱེད་ནུས་མ་ལོག་ཕྱིར། །ཡིད་ཤེས་མེད་དང་མཉམ་པ་ཉིད། །ཐོབ་པའི་སྐྱོན་གཉིས་རིང་དུ་སྤངས། །ཡིད་ཆེས་ལུང་དང་རིགས་པ་ཡིས། །རྣམ་ཤེས་དྲུག་ལས་ཐ་དད་པའི། །ཡིད་དང་ཀུན་གཞི་རྣམ་པར་ཤེས། །ཡོད་པར་ཁོང་དུ་ཆུད་པར་བྱ། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་ནས། །སྒྲུབ་བྱེད་རིགས་པ་མཐའ་ཡས་པ། །གསུངས་ཀྱང་ལེན་དང་དང་པོ་གསལ། །ས་བོན་ལས་དང་ལུས་ཚོར་དང༌། །སྙོམས་འཇུག་འཆི་འཕོ་མི་རུང་བ། །བརྒྱད་དུ་འདུས་ཕྱིར་འདི་བཤད་བྱ། །ཀུན་གཞི་རྣམ་པར་ཤེས་པ་དེ། །ཐེག་དམན་གཙུག་ལག་རྣམས་སུ་ཡང༌། །ཀུན་གཞི་རྩ་བའི་རྣམ་ཤེས་དང༌། །སྲིད་པ་ཡན་ལག་ཇི་སྲིད་པའི། །ཕུང་པོའི་རྣམ་གྲངས་དག་གིས་བསྟན། །དེ་ལྟར་གསུངས་པའི་ཀུན་གཞི་ལ། །དབྱིག་བཤེས་མིའུ་ཐུང་དབྱངས་སྒྲོག་གསུམ། །རིམ་བཞིན་ཕུང་པོ་ཚོར་བ་དང༌། །འཇིག་ལྟ་གསུམ་ལ་དགོངས་ཞེས་འདོད། །ཐེག་པ་འོག་མའི་ལུགས་དག་ལ། །ཚུལ་དེ་མི་རུང་མེད་མོད་ཀྱི། །ཐེག་ཆེན་པ་རྣམས་ལུང་དེའི་དོན། །ཀུན་གཞི་རྣམ་པར་ཤེས་པ་རུ། །འདོད་པ་ཆེས་ཆེར་བཟང་བ་
སྟེ། །གང་ཕྱིར་དབྱིག་ཤེས་སོགས་ཀྱིས་ནི། །བཀྲལ་བ་སྐྱོན་དང་ལྡན་ཕྱིར་རོ། །ཉོན་མོངས་ཅན་གྱི་ཡིད་མེད་ན། །མ་འདྲེས་པ་ཡི་མ་རིག་དང༌། །ལྔ་པོ་དག་དང་འདྲ་བ་དང༌། །སྙོམས་པར་འཇུག་པའི་བྱེ་བྲག་དང༌། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །འདུ་ཤེས་མེད་པར་སྐྱེས་པའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་ཏུ་མི་འཐད་ཕྱིར། །ཉོན་ཡིད་ཡོད་པར་ཤེས་པར་བྱ། །བདུན་པ་ལེན་པའི་རྣམ་ཤེས་དང༌། །ཀུན་གཞི་ གསུམ་དུ་འཆད་པ་དང༌། །དགུ་པ་དྲི་མེད་རྣམ་ཤེས་སུ། །འདོད་པ་ཡང་དག་བདེན་པའི་ལུགས། །ཚོགས་བརྒྱད ་དག་ལས་ལོགས་པ་ཡི། །གཙོ་བོ་རྣམ་ཤེས་ཡོད་གྱུར་ན། །རྟག་པའི་དངོས་པོར་འགྱུར་བའི་ཕྱིར། །ཚོགས་དགུར་འདོད་ལ་སྒྲུབ་བྱེད་མེད། །ཡིད་ཤེས་གཅིག་ཉིད་དབང་དྲུག་གི། རྟེན་ལ་སོ་སོར་རྒྱུ་བའི་ཚེ། །སོ་སོའི་མིང་དུ་བཏགས་པ་ཙམ། །བྲམ་ཟེའི་ཚོམས་དང་སྐྱེ་མཆེད་ནི། །བཅུ་གཉིས་སྟོན་པའི་མདོ་ལས་ཀྱང༌། །གཅིག་པུར་གསུངས་དང་རྣམ་ཤེས་དྲུག །ཡིད་ཀྱི་སྐྱེ་མཆེད་ཡིན་གསུངས་ཕྱིར། །ཤེས་ཀུན་ཡིད་ཤེས་གཅིག་པུ་ལོ། །ལུང་དོན་གཞན་དུ་ནུས་ཕྱིར་དང༌། །དབང་ཤེས་ཀྱིས་ཀྱང་ལྐོག་གྱུར་དང༌། །འདས་དང་མ་འོངས་འཛིན་གྱུར་ཕྱིར། །ཚོགས་གཅིག་འདོད་པ་མུན་སྤྲུལ་ལོ། །དེ་ཕྱིར་ཡིད་ཆེས་ལུང་རིགས་ཀྱིས། །གྲུབ་པ་རྣམ་ཤེས་བརྒྱད་ཡིན་ཕྱིར། །གསང་བའི་གནས་ལ་མི་ཞུམ་པའི། །མཁས་པས་བརྒྱད་ཉིད་འདོད་པར་བྱ། །ཡིད་དང་ཀུན་གཞིའི་དཀའ་བའི་གནས། །གསལ་བར་སྟོན་འདི་
མཁས་མཆོག་རྣམས། །ཇི་ལྟར་བཞེད་བཞིན་བླ་མ་ཡི། །གསུངས་ལ་བརྟེན་ནས་རྒྱལ་ཁམས་པ། །བློ་བཟང་གྲགས་པས་སྦྱར་བ་ཡི། །དགེ་དེས་ཐུབ་བསྟན་རྒྱས་གྱུར་ཅིག། སྭ་སྟི། །རྒྱལ་བསྟན་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདབ་རྒྱས་རྣམ་གྲོལ་སྦྲང་རྩིའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྐྱེ་བཞི་དགེ་བཅུའི་གླིང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །