Nitartha Digital Library
Tibetan
 
no previousསྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཀོད་པ།next

སྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཀོད་པ།


JLD019_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཀོད་པ་བཞུགས་སོ། །


JLD019_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཀཱ་ལ་ཙ་ཀྲ་ཡེ། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་བཅུ་དྲུག་པར། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱི་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་དང་། དེའི་འགྲེལ་པར། འདི་དག་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ཞེས་པ་ནི། རྣམ་པ་གསུམ་བགྲོད་པའི་དབང་གིས་ཞེས་པ་སྟེ། འདིར་བྱང་ཆུབ་ཀྱི་སེམས་འཛག་པའི་བགྲོད་པ་ནི་དམན་པའི་


JLD019_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་སོ། །གཡོ་བའི་བགྲོད་པ་ནི་འབྲིང་གི་གནས་སྐབས་སོ། །མི་གཡོ་བའི་བགྲོད་པ་ནི་མཆོག་གི་གནས་སྐབས་སོ། །འདི་རྣམས་ལས་ལས་ཀྱི་ཕྱག་རྒྱ་ནི། འཛག་པའི་བདེ་བ་སྦྱིན་པ་མོའོ། །ཡེ་ཤེས་ཀྱི་ཕྱག་རྒྱ་ནི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །ཕྱག་རྒྱ་ཆེན་མོ་ནི། མི་གཡོ་བའི་བདེ་བ་སྦྱིན་པ་མོའོ། །དེ་ལྟར་སྦྱོར་བ་ཡན་ལག་དྲུག་ལ་ཕྱག་རྒྱ་གསུམ་བསྒོམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། རྣལ་འབྱོར་པས་སངས་རྒྱས་ཉིད་ཀྱི་སླད་དུ་སྦྱོར་བ་ཡན་ལག་དྲུག་བསྒོམ་པར་བྱའོ་ཞེས་སོ། །ཕྱག་རྒྱ་བཞི་བསྒོམ་པའི་རིམ་པའང་། ཡེ་ཤེས་ལེའུའི་ཚིགས་བཅད་དོན་གཉིས་པ་དང་། དོན་གསུམ་པར་


JLD019_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱི་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། །འགྱུརབ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པར་བྱ། ཞེས་སོ། །སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་དང་བཅོ་བརྒྱད་པར། སོ་སོར་སྡུད་པ་ལ་སོགས་རྣམས་ཀྱིས་གལ་ཏེ་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན། །ནཱ་ད་གོམས་པས་བཙན་ཐབས་ཆུ་སྐྱེས་སུ་གནས་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་བསྒྲུབ་པར་བྱ། ཞེས་དང་དེའི་འགྲེལ་པར། ད་ནི་བཙན་ཐབས་ཀྱི་རྣལ་འབྱོར་གསུངས་ཏེ། འདིར་གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་གྱུར་པ་ལ་སྲོག་མ་བཅིངས་པ་ཉིད་


JLD019_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན། དོའི་ཚེ་ནཱ་ད་གོམས་པ་འཆད་པར་འགྱུར་བས་བཙན་ཐབས་སུ་དབུ་མར་འབབ་པར་བྱས་ནས། ཤེས་རབ་ཀྱི་ཆུ་སྐྱེས་སུ་གནས་པའི་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ཐིག་ལེ་བཀག་ནས་མི་གཡོ་བས་འགྱུར་བ་མེད་པའི་སྐད་ཅིག་མ་བསྒྲུབ་པར་བྱའོ། །ཞེས་པ་ནི་བཙན་ཐབས་ཀྱི་རྣལ་འབྱོར་རོ། །ཞེས་གསུངས་ལ། དེའི་འཆད་འགྱུར་ནི། །ལེའུ་དེའི་ཚིགས་བཅད་བརྒྱ་གོ་ལྔ་པ་དང་། གོ་དྲུག་པར་ནུས་མ་གང་ཞིག་ལྟེ་བའི་དབུས་ནས་གཞན་གྱི་གནས་སུ་བཅུ་གཉིས་མཐའ་དང་ཆ་ཡི་མཐར་འགྲོ་བ། །དེ་ནི་ལྟེ་བར་འགོག་པ་དང་བཅས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་གཟུགས་ཅན་ལངས་པ་ཡང་། །འཁོར་ལོ་ནས་ནི་འཁོར་ལོའི་བར་དུ་ངེས་པར་དམན་ཞིང་རོལ་པའི་བགྲོད་པས་དབུ་མའི་རྩ་ལ་བསྐྱོད། །ཇི་སྲིད་གཙུག་ཏོར་བུག་པར་བཙན་ཐབས་ཉིད་ཀྱིས་ཕྱི་རོལ་གྱི་ནི་པགས་པ་དག་ལ་ཁབ་བཞིན་རེག །དེ་ཡི་དུས་སུ་ཐུར་དུ་སེལ་བ་མཆོག་གི་བཙན་ཐབས་ཉིད་ཀྱིས་སྟེང་གི་ལམ་དུ་བསྐུལ་བར་བྱ། །ཟུང་གི་རླུང་དག་འགག་པ་ན་ནི་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར། །དེ་ལྟར་ཡིད་ལ་རྡོ་རྗེ་རབ་ཏུ་སད་པས་ཡུལ་དང་བཅས་པ་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར། །སླར་ཡང་འདིས་ནི་རྣལ་འབྱོར་པ་རྣམས་མངོན་ཤེས་ལྔ་ཡི་རང་བཞིན་སྣ་ཚོགས་ཡུམ་དུ་འགྱུར་བ་ཡིན། ཞེས་


JLD019_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ཀྱི་མཚན་བརྗོད་ཀྱི་འགྲེལ་པར་འབྱུང་བ་ནི། ཏིང་ངེ་འཛིན་གྱི་ཡན་ལག་གསལ་བའི་དོན་དུ། བཙན་ཐབས་ཀྱི་སྦྱོར་བའང་ཐབས་སོ། །བཙན་ཐབས་ཀྱི་སྦྱོར་བའང་འདི་ལྟ་སྟེ། གང་གི་ཚེ་སོ་སོར་སྡུད་པ་ལ་སོགས་པས་གཟུགས་བརྙན་མཐོང་ནས། རླུང་མ་བསྡམས་པ་ཉིད་ཀྱིས་མི་འགྱུར་བའི་སྐད་ཅིག་སྐྱེ་བར་མི་འགྱུར་ཏེ། དེའི་ཚེ་ནཱ་ད་གོམས་པར་བྱས་པས། ལྷན་ཅིག་སྐྱེས་པའི་དགའ་བ་གོམས་པའི་བཙན་ཐབས་ཀྱིས་ཧཱུཾ་གི་རྣམ་པའི་སྒྲ་ཡིས་སྲོག་དབུ་མར་གཞུག་པར་བྱའོ། །འདི་ལྟར་ལེགས་པར་བསླབས་པའི་མཆོག་གི་འདོད་པ་མ་རྒྱུད་ལ་གསུངས་པའི་ཡོན་ཏན་དང་ལྡན་པ་རྗེས་སུ་ཆགས་པ་མོའི་ཀཀྐོ་ལར་བོ་ལ་ཆོ་ག་བཞིན་དུ་བཅུག་ལ། མི་འདར་བ་ཉིད་ཀྱིས་ངལ་བ་སོགས་ཏེ། དེའི་ཟེ་འབྲུའི་ཁར་རྡོ་རྗེ་ནོར་བུ་བཙིར་ནས་ཤིན་ཏུ་དགའ་བའི་རོས་སྐད་ཅིག་ཙམ་མི་སྒུལ་བར་བྱའོ། །དེ་མི་འགྱུར་བའི་གནས་སྐབས་བྱུང་བ་ན། ཧཱུཾ་གི་རྣམ་པ་བརྗོད་པ་སྔོན་དུ་འགྲོ་བས། བླ་མ་དམ་པའི་དྲིན་གྱིས་ཐོབ་པ་སྔོན་དུ་བྱ་ཞིང་། བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ཡིས། །བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འགོག་པའོ། །དེ་ནས་མི་འགྱུར་བའི་སྐད་ཅིག་ཐོབ་པའོ། །འདི་ལྟར་ཏིང་ངེ་འཛིན་གྱི་ཡན་ལག་གསལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཞེས་གསུངས་སོ། །འདི་དག་དགོས་པའི་དབང་གིས་རྒྱུད་ཚིག་ལོགས་སུ་བཀོལ་ལགས་


JLD019_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཁའ་འགྲོའི་ཚོགས་ཀུན་བཟོད་མཛད་རིགས་སོ། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དཔལ་དུས་ཀྱི་འཁོར་ལོའི་ཕྱག་རྒྱ་ལ་བརྟེན་ནས་རྫོགས་པའི་རིམ་པ་ཉམས་སུ་ལེན་པའི་ཚུལ་མདོར་བསྡུས་པ་ནི། ཉམས་ལེན་དམིགས་ཕྱེད་པའི་ཡན་ལག་ཏུ་སྐབས་སུ་བབ་པའི་རྒྱུད་ཚིག་གི་དོན་ཅུང་ཟད་བཤད་པ་དང་། དེའི་དོན་ཉམས་སུ་ལེན་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། ཕྱག་རྒྱ་གསུམ་ལ་བརྟེན་ནས་བདེ་བ་བསྐྱེད་པ་རྒྱུད་ནས་གསུངས་པའི་ཚུལ་དང་། སྲོག་རྩོལ་གྱི་སྤོགས་ཆོག་བཙན་ཐབས་ཀྱི་སྦྱོར་བ་རྒྱུད་ནས་གསུངས་པའི་ཚུལ་ལོ། །དེའི་དང་པོ་ནི་སྦྱིར་དུས་འཁོར་ནས་ཕྱག་རྒྱ་བཞིར་གསུངས་ཀྱང་ལས་རྒྱ་དང་། ཡེ་རྒྱ་ཕྱག་ཆེན་གསུམ་ནི་མི་འགྱུར་བའི་བདེ་བ་སྐྱེད་བྱེད་ཀྱི་ཕྱག་རྒྱ་ཡིན། ཕྱག་རྒྱ་བཞི་བ་ནི་སྔ་མ་གསུམ་ལ་བརྟེན་ནས་བྱུང་བའི་བདེ་བ་ལ་ཕྱག་རྒྱར་བརྗོད་པ་ཡིན་པས། འདིར་ཕྱག་རྒྱ་གསུམ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་སྐྱེད་བྱེད་ཀྱི་ཁྱད་པར་རྣམས་གསུངས་ན། ཕྱག་རྒྱ་བཞི་པའང་ཞར་ལ་རྟོགས་པར་འགྱུར་བས། ཕྱག་རྒྱ་གསུམ་གྱི་རྟེན་ཚུལ་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་བཅུ་དྲུག་པར། འདི་དག་དམན་པ་ཞེས་སོགས་ཚིག་རྐང་པ་གཉིས་ཀྱིས་སྟོན་ཏེ། སྣ་ཚོགས་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལ་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཡོད་པའི་འདིར་


JLD019_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ། ཕྱག་རྒྱ་གསུམ་ལ་བརྟེན་པའི་སྒྲུབ་ཐབས་ཁྱད་པར་ཅན་གསུམ་ནི། དམན་པ་དང་། སོགས་ཀྱིས་བསྡུས་པ་འབྲིང་དང་། མཆོག་གི་དབྱེ་བ་གསུམ་དུ་འགྱུར་ཚུལ་ནི། གཞུང་འོག་མས་སྟོན་ཏེ། རྣམ་གསུམ་བགྲོད་པའི་དབང་གིས། གནས་སྐབས་རྣམ་པ་གསུམ་དུ་འགྱུར་ལ། གང་ལ་བརྟེན་ནས་འགྱུར་ན། ཕྱག་རྒྱ་གསུམ་ལ་བརྟེན་ནས་འགྱུར་ཞིང་། ཕྱག་རྒྱ་གསུམ་ནི་ལས་དང་ཀུན་རྟོག་མཆོག་རྣམས་སོ་ཞེས་པའི་དོན། ལས་རྒྱ་དང་། ཀུན་རྟོག་སྟེ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་། མཆོག་སྟེ་ཕྱག་ཆེན་གསུམ་ལ་བརྟེན་ནས་སོ། །གནས་སྐབས་གསུམ་བསྐྱེད་ཚུལ་ནི། ལས་རྒྱས་ནི་འཛག་པའི་བདེ་བའི་གནས་སྐབས་སྦྱིན་པར་བྱེད་ལ། ཡེ་རྒྱས་ནི་གཡོ་བའི་བདེ་བའི་གནས་སྐབས་དང་། ཕྱག་ཆེན་གྱིས་ནི་མི་གཡོ་བའི་བདེ་བའི་གནས་སྐབས་སྦྱིན་པར་བྱེད་དོ། །ཕྱག་རྒྱ་དང་པོ་གཉིས་བསྟེན་པ་ལ་མི་བལྟོས་པར་ཕྱག་ཆེན་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་ཐུབ་པ་ནི་གང་ཟག་དབང་པོ་རབ། ཕྱག་ཆེན་ལ་བརྟེན་ནས་བསྐྱེད་མི་ནུས་ཤིང་། ལས་རྒྱ་བསྟེན་པ་ལ་མི་བལྟོས་པར་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་ནུས་པ་ནི་དབང་པོ་འབྲིང་དང་། ཕྱག་རྒྱ་སྔ་མ་གཉིས་ལ་བརྟེན་ནས་བདེ་བ་འདྲེན་མི་ནུས་པ་ནི། དང་པོར་ལས་རྒྱ་ཙམ་ལ་བརྟེན་ནས་ལྷན་སྐྱེས་བསྐྱེད་པ་ནི་དབང་པོ་ཐ་མར་འཇོག་ལ། དེའང་དང་པོར་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་བདེ་བ་འདྲེན་པའི་དབང་དུ་


JLD019_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་དབང་པོའི་རིམ་པ་དེ་བཞིན་དུ་བཞག་གི །གོམས་པ་མཆོག་ཏུ་གྱུར་ནས་མ་ཡིན་ཏེ། ཕྱག་ཆེན་ལ་བརྟེན་པའི་དབང་པོ་རབ་ཀྱིས་ཀྱང་ཕྱག་རྒྱ་དང་པོ་གཉིས་ལ་བརྟེན་ནས། ཕྱག་རྒྱ་ཉིད་ཀྱི་མཐུས་འགྱུར་མེད་ཀྱི་ལྷན་སྐྱེས་འདྲེན་པར་བྱེད་དོ། །གང་ཟག་ཀྱང་རྒྱུད་ཐ་དད་པ་གསུམ་གྱི་དབང་དུ་བྱས་པ་དང་། གང་ཟག་གཅིག་ཉིད་ཀྱིས་ཕྱག་རྒྱ་དང་པོ་ནས་གསུམ་པའི་བར་ལ་བརྟེན་ནས་བདེ་བ་འདྲེན་པའི་བར་རིམ་གྱིས་དབང་པོ་ཐ་མ་འབྲིང་མཆོག་ཏུ་འགྱུར་བའི་སྐབས་ཡོད་དོ། །འོ་ན་འཛག་པའི་བདེ་བ་ཞེས་པའི་འཛག་པ་བདེ་བ་ལ་སྦྱར་མི་རུང་ཞིང་། བདེ་བའི་རྟེན་བྱང་སེམས་ལ་བྱེད་དགོས་ན། ཕྱག་རྒྱ་དང་པོ་གཉིས་ཀྱི་སྐབས་སུ་འཛག་པ་དང་། གཡོ་བ་ཞེས་བརྗོད་ལ། ཕྱག་རྒྱ་གསུམ་པ་ལ་མི་གཡོ་བ་ཞེས་བརྗོད་པའི་དོན་ཇི་ལྟར་ཡིན། དབང་པོའི་སྒོ་ནས་ཕྱིར་འཛག་པ་དང་གཡོ་བ་ལ་བྱེད་ན་གཞི་དུས་རང་དགའ་བ་དང་མཚུངས་པས། གཙོ་བོའི་སྒྲུབ་ཐབས་སུ་མི་རུང་བ་དང་། འཛག་བདེ་ལ་རྒྱུད་ནས་རྣམ་པ་དུ་མར་སྨད་པ་དང་། འོག་ནས་ཀྱང་འགྱུར་མེད་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་ཞེས་གསུངས་པས། ལམ་དུས་སུ་ཕྱག་རྒྱ་དང་པོ་གཉིས་ཀས་ཀྱང་འགྱུར་མེད་ཀྱི་བདེ་བ་སྟེར་བར་གསུངས་པ་དང་། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད། ལས་རྒྱ་སོགས་བསྟེན་པར་གསུངས་པས། ཕྱིར་མི་


JLD019_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

འཛག་པ་ཕྱག་རྒྱ་གསུམ་ག་ལ་དགོས་པར་མཚུངས་ཤིང་། ནང་གི་བྱང་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བབས་པའི་ལྷན་སྐྱེས་སྒོམ་པའང་གསུམ་ག་ལ་མཚུངས་པས་མདོར་ན་ཕྱི་རོལ་ཏུ་མི་འཛག་པར་མཚུངས། ནང་གི་འཁོར་ལོ་གོང་མ་ནས་ནོར་བུའི་བར་དུ་འཛག་པར་མཚུངས་བཞིན་དུ། སྔ་མ་གཉིས་ལ་འཛག་པ་དང་གཡོ་བ་ཞེས་བརྗོད་ལ། ཕྱི་མ་ལ་མི་གཡོ་བ་ཞེས་བརྗོད་པ་ཇི་ལྟར་ཡིན་ཞེ་ན།  དོགས next hit་དེ་སེལ་ཚུལ་ནི། བྱང་སེམས་ནང་ནས་རིམ་པ་བཞིན་འཛག་པར་མཚུངས་པས། གཡོ་མི་གཡོའི་ཁྱད་པར་དེས་འབྱེད་པ་མིན་ཞིང་། དབང་པོའི་ཕྱིར་མི་འཕོ་བའང་གསུམ་ག་ལ་མཚུངས་ཀྱང་། མི་འཕོ་བར་བྱེད་པའི་ཐབས་ཁྱད་པར་ཤིན་ཏུ་ཆེ་བས། དེའི་སྒོ་ནས་ཁྱད་པར་ཕྱེ་ན་འདི་བཞིན་དུ་འགྱུར་ཏེ། ཕྱག་ཆེན་ལའང་རླུང་དབུ་མར་ཚུད་ནས་གྲུབ་པའི་ཕྱག་ཆེན་ནི་གཙོ་བོ་དང་། དབུ་མར་མ་ཚད་གོང་ནས་གྲུབ་པའི་ཕྱག་ཆེན་ནི་སྔ་མ་ལ་བལྟོས་ནས་ཕལ་པར་འགྱུར་ལ། དེ་གཉིས་གང་གིས་ལྷན་སྐྱེས་བྱིན་ཀྱང་། བྱང་སེམས་མི་འཕོ་བའི་ཐབས་གཞན་ལ་ལྟོས་མེད་དུ། །ཕྱག་རྒྱ་ཉིད་ཀྱི་སྟོབས་ཀྱིས་བྱང་སེམས་མི་འཕོ་བའམ། མི་གཡོ་བར་འགྱུར་བས། མི་གཡོ་བའི་བདེ་བ་ཞེས་བརྗོད་ལ། ཡེ་རྒྱ་དང་ལས་རྒྱ་གཉིས་ཀྱིས་ལྷན་སྐྱེས་སྟེར་བའི་དུས་སུ་ཐིག་ལེ་འགོག་ཐབས་གཞན་ལ་བལྟོས་དགོས་ཤིང་། ཕྱག་རྒྱའི་སྟོབས་ཀྱིས་མི་གཡོ་བར་བྱེད་མི་ནུས་པས། ཐབས་གཞན་གྱིས་བཀག་ནས་མི་འགྱུར་བར་སྒྲུབ་དགོས་པས།


JLD019_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱའི་ངོས་ནས་འཛག་བདེ་གཡོ་མི་གཡོ་བ་ཞེས་བརྗོད་ཀྱི། བྱང་སེམས་དབང་པོའི་སྒོ་ནས་འཕོ་མི་འཕོ་ཙམ་གྱིས་མ་བཞག་པས་ཁྱད་པར་ཆེ་ཞིང་། ཡེ་རྒྱ་དང་ལས་རྒྱ་གཉིས་ལ་གཡོ་བ་དང་འཛག་པའི་བདེ་བ་ཞེས་བརྗོད་པའི་ཁྱད་པར་ནི། བྱང་སེམས་འཛག་པ་མྱུར་དུ་འཛག་པ་དང་དལ་བུས་འཛག་པའི་ཁྱད་པར་རོ། །ཕྱག་ཆེན་གྱིས་བྱིན་གྱིས་བརླབས་ནས། ཕྱག་རྒྱ་སྔ་མ་གཉིས་ཀྱང་ལྷན་སྐྱེས་སྟེར་བའི་དུས་སུ་ཕྱག་རྒྱའི་མཐུས་བྱང་སེམས་མི་འཕོ་བར་བཤད་ཀྱང་། དབང་པོ་འབྲིང་དང་བརྟུལ་པོས་ཕྱག་རྒྱ་སྔ་མ་གཉིས་ལ་བརྟེན་ནས། ལྷན་སྐྱེས་ཀྱི་དུས་སུ་བྱང་སེམས་མི་འཕོ་བ་ཕྱག་རྒྱའི་སྟོབས་ཀྱིས་མི་ནུས་པར་བཤད་པ་གཉིས་མི་འགལ་ཏེ། སྔ་མ་ནི་དབང་པོ་མཆོག་དང་། འདི་གཉིས་དབང་བརྟུལ་གྱི་སྐབས་ཡིན་པས་སོ། །མི་འཕོ་བའི་ཐབས་ཁྱད་པར་ཅན་ཀྱང་ཕྱག་རྒྱ་སྲོག་རྩོལ་དུ་འགྲོ་བའི་ཚུལ་རྒྱུད་གཞན་ནས་གསུངས་པ་ལྟར་འདིར་མ་གསུངས་ལ། ཕཊ་ཡིག་དང་རྫས་ལ་སོགས་པས་འགོག་པའང་འདིར་མི་བཞེད་པས། བྱང་སེམས་མི་འཕོ་བའི་ཐབས་ནི་རླུང་གི་རྣལ་འབྱོར་ཁྱད་པར་ཅན་ཞིག་གིས་བྱེད་དེ། འོག་ནས་འཆད་པར་འགྱུར་རོ། །ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་དང་སྒོམ་པའི་རིམ་པ་སོགས་ཅུང་ཟད་རྒྱས་པར་ཡེ་ཤེས་ལེའུའི་ཚིགས་བཅད་དོན་གཉིས་པས་བསྟན་པ་དང་། གནས་དང་དགོས་པ་སོགས་དོན་གསུམ་པས་བསྟན་པ་ནི། རྒྱལ་


JLD019_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་ཅེས་སོགས་ཀྱིས་འཆད་ལ། རྒྱལ་བའི་ལྷན་སྐྱེས་བདེ་བ་ལ་འབྲས་དུས་དང་། དེ་འདྲེན་བྱེད་ལམ་གྱི་ལྷན་སྐྱེས་གཉིས་ཡོད་པ་ལས་ཕྱི་མ་སྟེ། །དེ་འཕེལ་བའི་ཆེད་དུ་དང་པོར་ལས་བརྒྱ་བསྟེན་པར་བྱ་སྟེ། དེའང་ལས་རྒྱ་མཚན་ཉིད་དང་ལྡན་པ་བསྟེན་ནས་ལྷན་སྐྱེས་འཕེལ་བར་བྱེད་པའོ། །ལས་རྒྱས་ལྷན་སྐྱེས་བསྐྱེད་པའི་རྗེས་དེ་ནས་ཉི་མ་སྟེ། ཤེས་རབ་ལྷ་མོའི་གཟུགས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། ལྷན་སྐྱེས་འཕེལ་བར་བྱེད་དེ། ཕྱག་རྒྱ་དེའང་ཇི་ལྟ་བུ་ཞེ་ན། ལུས་དང་ཞེས་སོགས། གཙུག་ཏོར་ཡན་ལག་ཉིང་ལག་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ལ་བརྟེན་ནས་སོ། །ཡེ་རྒྱས་ལྷན་སྐྱེས་འདྲེན་ནུས་པའི་རྗེས་དེ་ནས་ཕྱག་ཆེན་ལ་བརྟེན་ནས་ལྷན་སྐྱེས་སྤེལ་བར་བྱེད་དེ། དེའི་མཚན་ཉིད་ནི་ཡན་ལག་དང་ཉིང་ལག་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ཡོན་ཏན་གྱི་ཁྱད་པར་དེས་འཕོ་བ་མེད་པའི་བདེ་བ་སྐྱེད་པར་བྱེད་པ་དང་། ས་འོག་ས་སྟེང་ས་བླ་སྟེ་སྲིད་པ་གསུམ་གྱི་གནས་ལུས་ཡིད་ངོར་ཅི་རིགས་སུ་སྣང་བར་བྱེད་པའི་འོད་ཀྱི་སྣང་བ་དང་ལྡན་ཞིང་། རྡོ་རྗེ་རྣམས་ཀྱི་ཞེས་པས་རྣལ་འབྱོར་པ་རང་དང་ཕྱག་རྒྱ་གཉིས་ཀ་མ་བརྟགས་པའི་འདོད་ལྷ་ཡབ་ཡུམ་སྙོམས་པར་འཇུག་པའི་རྣམ་པ་ཅན་གྱི་སྐུ་རྡོ་རྗེ་དང་། དེས་སྟོང་ཉིད་ཀྱི་སྒྲ་དབྱངས་བསྒྲགས་པའི་གསུང་རྡོ་རྗེ་དང་། མི་འགྱུར་བའི་བདེ་བའི་ཆ་ནས་ཐུགས་རྡོ་རྗེ་དང་།


JLD019_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ལ་དམིགས་ཤིང་མི་རྟོག་པའི་ཆ་ནས་ཡེ་ཤེས་རྡོ་རྗེ་སྟེ། རྡོ་རྗེ་བཞི་དང་ལྡན་ཞིང་མ་བརྟགས་ཤིང་གསལ་བ་གློག་ལྟ་བུའི་ཕྱག་ཆེན་ལ་བརྟེན་ནས་ལྷན་སྐྱེས་འཕེལ་བར་བྱེད་དོ། །ཚིགས་བཅད་གཉིས་པས་ནི་དེ་ལྟ་བུའི་ལྷན་སྐྱེས་བསྐྱེད་པའི་ཁྱིམ་དང་ཞེས་སོགས་ཀྱིས་གནས་དང་། དུས་ཀུན་ཏུ་ཞེས་པས་དུས་ཀྱི་ཁྱད་པར་དང་། འགྱུར་མེད་བདེ་བའི་འབྲས་སྟེར་ཞེས་པས་བསྟེན་པའི་དགོས་པ་དང་། ཤིན་ཏུ་དགའ་བ་ལ་གནས་ཞེས་པས། ལྷན་སྐྱེས་དོན་དུ་གཉེར་བའི་སྒྲུབ་པ་པོ་དང་། འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་ཞེས་པས། རིགས་མཆོག་དམན་ཀུན་ལ་སྤྱོད་པར་གསུངས་ཤིང་། ལུས་སྟོབས་ཞེས་སོགས་ཀྱིས་བྱང་སེམས་འཕེལ་བའི་དོན་དུ་ཡུལ་ཁྱད་པར་ཅན་རྣམས་བསྟེན་ནས། དབང་པོ་རྟེན་བཅས་རྣམས་ཚིམ་པར་བྱས་པས་བདེ་བ་འཕེལ་བར་བྱེད་པའོ། །གཉིས་པ་ནི་འཆད་པར་འགྱུར་བའི་བཙན་ཐབས་ཀྱི་སྦྱོར་བ་འདི་ཡན་ལག་དྲུག་པོ་གང་གི་སྤོགས་ཆོག་ཏུ་འདོད་པ་ནི། བླ་མ་ཁ་ཅིག་ནི་སོར་བསམ་གཉིས་གྲུབ་རྗེས་སུ་སྲོག་རྩོལ་གྱིས་མ་གྲུབ་པ་སྒྲུབ་པའི་སྤོགས་ཆོག་ཏུ་འདོད་དེ། འགྲེལ་ཆེན་ལས་སོ་སོར་སྡུད་པ་ལ་སོགས་པས་གཟུགས་མཐོང་བར་འགྱུར་ལ། སྲོག་མ་ཆིངས་པ་ཉིད་ཀྱིས་ཞེས་གསུངས་པ་ལ་བསམས་ནས་སྲོག་རྩོལ་གྱི་སྤོགས་ཆོག་ཏུ་འདོད་ཅིང་། ཡང་ཁ་ཅིག་ཏིང་ངེ་འཛིན་གྱི་སྤོགས་ཆོག་ཏུ་བཞེད་དེ། འགྲེལ་


JLD019_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་མེད་པའི་སྐད་ཅིག་མ་མ་སྐྱེས་ན་དེའི་ཚེ་ནཱ་ད་གོམས་པ་འཆད་པར་འགྱུར་བ་ཞེས་སོགས་གསུངས་པའི་དོན་དུ་དགོངས་སོ། །སློབ་དཔོན་ཉི་མ་དཔལ་ཡེ་ཤེས་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་པའི་མི་འགྱུར་བའི་བདེ་བ་མ་སྐྱེས་པ་བསྐྱེད་པའི་ཕྱིར་དུ་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱང་སེམས་ནོར་བུར་ཕབ་པ་སྟེང་དུ་ལྡོག་པའི་ཐབས་སུ་བཙན་ཐབས་ཀྱི་སྦྱོར་བ་བྱེད་པར་གསུངས་པ་དང་འགལ་ཞིང་། ཡན་ལག་སྔ་མ་རྣམས་མ་གྲུབ་ན་སྤོགས་ཆོག་དེ་ཙམ་གྱིས་ཏིང་ངེ་འཛིན་གྱི་ཡན་ལག་མཚན་ཉིད་པ་བསྐྱེད་མི་ནུས་ཤིང་མི་འགྱུར་བའི་བདེ་བ་ཙམ་བསྐྱེད་ནུས་ཀྱང་། དེ་ཙམ་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་མི་འགྱུར་བས་སོ། །སློབ་དཔོན་ཉི་མ་དཔལ་གྱི་བཞེད་པ་དེའང་བདེ་བ་མ་སྐྱེས་པ་བསྐྱེད་པའི་ཐབས་སུ་ཕྱག་རྒྱ་ལ་བརྟེན་པ་སོགས་གསུངས་ཀྱང་དེའི་སྔོན་དུ་སྲོག་དབུ་མར་མ་ཆིངས་པ་འཆིང་བར་བྱེད་པའི་སྤོགས་ཆོག་མ་གསུངས་པས་དེ་གཉིས་ཀ་དགོས་སོ། །རང་གི་ལུགས་ནི་སྲོག་རྩོལ་གྱི་སྤོགས་ཆོག་ཡིན་ཏེ། སྲོག་དབུ་མར་མཆིངས་བས་ན་ད་གོམས་པའི་སྦྱོར་བས་བཙན་ཐབས་སུ་སྲོག་དབུ་མར་འབབ་པར་བྱེད་དགོས་པར་གསུངས་པ་དང་། དེ་ལ་བརྟེན་ནས་གཏུམ་མོ་འབར་ནས་བྱང་སེམས་ཞུ་བའི་བདེ་བ་


JLD019_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བའང་། ཕྱིའི་ཕྱག་རྒྱ་ལ་བརྟེན་པའི་བདེ་བ་མ་སྐྱེས་པ་བསྐྱེད་པ་ལའང་དེ་སྔོན་དུ་འགྲོ་དགོས་པས་སྲོག་དབུ་མར་བསྲེ་བའི་སྤོགས་ཆོག་གོ །དེའང་སྒྲུབ་ཐབས་ལེའུའི་ཚིགས་བཅད་བརྒྱ་དང་བཅོ་བརྒྱད་པར་སོ་སོར་སྡུད་པ་ཞེས་སོགས་རྐང་པ་གཉིས་ཀྱིས་གསུངས་པ་ནི། སོར་བསམ་གཉིས་ཀྱི་རྟོགས་བཅུ་རྫོགས་ནས་སྔགས་པ་རྣམས་ཀྱི་འདོད་པ་གྲུབ་པར་མ་གྱུར་ན་ཞེས་པ་སྲོག་རྩོལ་བསྒོམས་ཀྱང་དེའི་མཐུས་སྲོག་དབུ་མར་མ་ཚུད་ན་འཆད་འགྱུར་ནཱ་ད་གོམས་པར་བྱེད་པར་གསུངས་པ་ནི་རྡོ་རྗེ་ནོར་བུར་ཐིག་ལེ་བཀག་ནས་སྒྲུབ་པར་བྱེད་ལ། གང་གིས་ན། བཙན་ཐབས་ཀྱི་སྦྱོར་བས་སོ། །ཆུ་སྐྱེས་ནི་ཡུམ་གྱི་པདྨ་སྟེ། དེར་གནས་པའི་རྡོ་རྗེའོ། །དེའི་དོན་རྒྱས་པར་ལེའུ་དེའི་ཚིགས་བཅད་གོ་ལྔ་པ་དང་གོ་དྲུག་པར་གསུངས་པ་ནི། ནུས་མ་ཞེས་སོགས་ཏེ། ནུས་མ་ནི་སྲོག་འཛིན་ནོ། །ལྟེ་བའི་དབུས་རྩ་འཁོར་གྱི་ལྟེ་བ་རོ་རྐྱང་ནས་གཞན་ནི་སྣ་བུག་གི་ཕྱི་རོལ་གྱི་གནས་སུ་བཅུ་གཉིས་མཐའ་དང་། ཞེས་པ་དང་། མཐར་འགྲོ་བ་ཞེས་པ་སྦྲེལ་ན། སོར་བཅུ་གཉིས་ཕྱི་རོལ་ཏུ་འགྲོ་སྟེ། ས་རླུང་ཕྱི་རོལ་ཏུ་འགྲོ་བའི་ཚད་དོ། །ཆའི་མཐར་འགྲོ་ཞེས་པ་ཆ་ནི་བཅུ་དྲུག་ཡིན་ལ། དེའང་ནམ་མཁའི་རླུང་ཕྱི་རོལ་ཏུ་སོར་བཅུ་དྲུག་འགྲོ་བར་བསྟན་པས། ཕྱི་རོལ་ཏུ་འགྲོ་བའི་རིང་ཚད་དེ། སྔར་ཐུང་ཚད་གཉིས་ཀྱི་བར་གྱིས། ཆུ་མེ་རླུང་གསུམ་གྱི་ཚད་ཀྱང་ཤེས་པར་ནུས་ཏེ། རིམ་པ་ལྟར་སོར་བཅུ་གསུམ་དང་བཅུ་བཞི་དང་བཅོ་ལྔ་


JLD019_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱི་རོལ་ཏུ་འགྲོ་བའི་ཆད་དོ། །སྲོག་འཛིན་དེ་རོ་རྐྱང་ནས་རྒྱུ་བ་བཀག་ནས། ལྟེ་བའི་དབུས་ཀྱི་དབུ་མའི་ནང་དུ་བཙུད་དེ། འཁོར་ལོ་དེ་ནས་འཁོར་ལོ་གོང་མ་གོང་མ་རྣམས་སུ་ཕྱིན་ཅིང་། ཁྱད་པར་དུ་ཇི་སྲིད་གཙུག་ཏོར་གྱི་བུག་པར་ཕྱིན་ནས་དེའི་ཕྱི་རོལ་གྱི་པགས་པ་དག་ལ་ཁབ་བཞིན་རེག་གི་བར་དུའོ། །ལམ་གང་ནས་འགྲོ་ན་རོལ་པ་སྟེ་བདེ་བ་སྟེར་བའི་ལམ་དབུ་མ་ནས་གྱེན་དུ་འགྲོ་ཞིང་རོ་རྐྱང་གཉིས་ཀ་ནས་དུས་གཅིག་ལ་རྒྱུ་བ་འགོག་པའི་ཕྱིར། ངེས་པར་དམན་ཞིང་ཞེས་པའི་དོན་རོ་རྐྱང་ནས་རྒྱུ་བ་དམན་པ་སྟེ་བཀག་ནས་དབུ་མ་ཁོ་ན་ནས་རྒྱུ་བའི་དོན་ནོ། །རླུང་ཁོ་ན་རྒྱུ་བ་མ་ཡིན་ཏེ་བཅས་ཞེས་པ་དང་། དང་ཞེས་པའི་དོན་གཏུམ་མོ་དང་བཅས་པ་དེ་ནས་རྒྱུ་བའོ། །དེ་ཇི་ལྟ་བུ་ཞེ་ན་དྲི་མ་མེད་པའི་གློག་དང་མཚུངས་ཤིང་། རླུང་དང་གཅིག་ཏུ་འདྲེས་པས་དབྱུག་པའི་གཟུགས་ཅན་ལྟ་བུའོ། །ལངས་པ་ཞེས་པ་ནི་འབར་བའི་དོན་ནོ། །དེ་ལྟ་བུ་དེ་ཐབས་གང་གིས་བྱེད་ན་བཙན་ཐབས་ཉིད་ཀྱི་ཞེས་པས་སྟོན་ཏེ། ལྟེ་བར་རླུང་འགོག་པ་དེའི་དུས་སུ་བསྒུལ་བར་བྱ་ཞེས་སོ། །གང་བསྐུལ་བ་ནི། གཞི་དུས་སུ་ལྟེ་འོག་ནས་འོག་སྒོ་གཉིས་སུ་འགྲོ་བའི་ཐུར་སེལ་ལོ། །ལམ་གང་ནས་བསྐུལ་ན་སྟེང་གི་ལམ་དུ་སྟེ་ལྟེ་བའི་སྟེང་གི་དབུ་མའི་ལམ་ནས་སོ། །ཐབས་གང་གིས་བསྐུལ་ན་མཆོག་གི་བཙན་ཐབས་ཉིད་ཀྱི། ཞེས་པས། ཐུར་སེལ་ལྡོག་པའི་སྦྱོར་བ་སྟོབས་དྲག་པོ་ཉིད་ཁོ་ནས་སོ། །དགོས་པ་གཏུམ་མོ་ཁྱད་པར་བ་འབར་བ་སོགས་དང་། གཞན་


JLD019_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རོ་རྐྱང་ནས་རྒྱུ་བའི་རླུང་གི་ཟུང་དག་བཀག་ནས། དབུ་མར་ཚུད་པས། གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དག་ཏུ་འགྲོ་བར་འགྱུར་ཞེས་པ་འཕོ་བ་དང་། གྲོང་འཇུག་ནུས་པ་དང་། རོ་རྐྱང་ནི་རླུང་དབུ་མར་ཚུད་པ་སོགས་སྔར་གྱི་དེ་ལྟར་བྱས་ན། རང་གི་ཡིད་ལ་རྡོ་རྗེ་རབ་ཏུ་སད་པ་སྟེ། བདེ་སྟོང་ཁྱད་པར་ཅན་བསྐྱེད་ཅིང་གོམས་པས། དབང་ཕྱུག་གི་ཡོན་ཏན་གཟུགས་ཕྲ་བ་དང་། རེག་པ་ཡང་བ་སོགས་དང་། ཡིད་ཡུལ་དང་བཅས་པ་ནམ་མཁའ་ལ་སྤྱོད་པ་སོགས་ཡོན་ཏན་བརྒྱད་ཐོབ་པ་དང་། བདེ་སྟོང་ཉིད་གོམས་པར་བྱས་པས། མངོན་ཤེས་ལྔ་ཐོབ་ཅིང་། གཞན་ཡང་སྲོག་དབུ་མར་འདྲེས་པའི་མཐུས་རྣལ་འབྱོར་པ་རང་ལ་ལྷན་སྐྱེས་ཁྱད་པར་ཅན་སྟེར་བས། སྣ་ཚོགས་ཡུམ་གྱི་བྱ་བ་རྣམས་ཀྱང་བྱེད་པར་འགྱུར་རོ། །འོ་ན་རང་ལུགས་ལའང་སྲོག་དབུ་མར་མ་ཆིངས་པ་འཆིང་བའི་སྤོགས་ཆོག་ཏུ་བཙན་ཐབས་ཀྱི་སྦྱོར་བ་བྱས་པས་རླུང་དབུ་མར་ཚུད་ན་གཏུམ་མོ་འབར་ནས་ཞུ་བདེ་ཡང་འདྲེན་ནུས་པས། སྤོགས་ཆོག་གཉིས་པ་བདེ་བ་མ་སྐྱེས་པ་བསྐྱེད་པའི་སྤོགས་ཆོག་དོན་མེད་དོ་སྙམ་ན། སྲོག་དབུ་མར་ཚུད་ན་དེ་ལྟར་བདེ་བ་སྐྱེའང་བདེ་བ་མ་སྐྱེས་ནས་ཞེས་པའི་དོན་ནི། བདེ་བ་ཙམ་མ་སྐྱེས་པ་ལ་མི་བྱེད་ཀྱི། ཁྱད་པར་ཅན་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་མི་འགྱུར་པའི་བདེ་བ་མ་སྐྱེས་པ་


JLD019_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་སྤོགས་ཆོག་ཏུ་ལས་རྒྱ་ཀུན་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་བསྐྱེད་ཅིང་སྤེལ་བའི་ཐབས་ཁྱད་པར་ཅན་དགོས་པས་སྐྱོན་མེད་དོ། །གཉིས་པ་ཉམས་སུ་ལེན་ཚུལ་ལ་གཉིས། ནཱ་ད་གོམས་པའི་སྦྱོར་བ་ཉམས་སུ་ལེན་ཚུལ་དང་། སྟོང་གཟུགས་ཁྱད་པར་ཅན་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། ནཱ་ད་ཞེས་པ་སྒྲ་ཙམ་ཡིན་ལ། འདིར་སྐབས་སུ་བབ་པ་ཧཱུཾ་ཡིག་གོ །དེའང་ཧཱུཾ་ངག་ཏུ་བརྗོད་ཅིང་ཐུར་སེལ་སྟེང་དུ་འདྲེན་པའི་དམིགས་པ་དྲག་པོ་གཅིག་ལྷན་ཅིག་ཏུ་བྱེད་པའི་དོན་ནོ། །ཉམས་ལེན་གྱི་དུས་སུ་སྔོན་དུ་བླ་མའི་རྣལ་འབྱོར་མཎྜལ་གསོལ་འདེབས་ཡིག་བརྒྱ་སོགས་སྔོན་དུ་གཏོང་ཞིང་། སྔོན་འགྲོ་ཁྱད་པར་ཅན་ནི་འདིར་སྲོག་རྩོལ་བསྒོམས་པས་དབུ་མར་ཚུད་ཀྱང་རླུང་ལས་རུང་དུ་གྱུར་པ་ཞིག་གིས་བཙན་ཐབས་ཀྱི་སྦྱོར་བ་བྱེད་པར་གསུངས་པས། རླུང་མ་བྱང་བའི་གང་ཟག་གིས་ཐོག་མར་འོག་སྒོའི་རྡོར་བཟླས་བྱ་སྟེ། ལུས་དང་དུས་ཀྱི་གནད་ནི་གཞན་དུ་བཤད་པ་བཞིན་དང་། གང་དུ་དམིགས་པ་ཡུལ་གྱི་གནད་ནི་གསང་གནས་ཀྱི་རྩེ་ནས། ལྟེ་འཁོར་སྟེང་སོར་བཞི་ལྷག་ཙམ་དུ་དབུ་མ་ཁ་དོག་སྔོ་ཞིང་དྭངས་པ་གསལ་བ། དབུ་མའི་མར་སྣ་ནས། ལྟེ་གོང་གི་བར། ནང་དུ་འཇུག་པ་ཨོཾ་གྱི་གདངས་དང་གནས་པ་སྟེ། དབུས་སུ་ཧཱུཾ་དང་། ལྟེ་གོང་ནས་གསང་གནས་ཀྱི་རྩེ་བར་དུ་ཕྱིར་འགྲོ་བ་ཨཱཿའི་གདངས་ཀྱི་རྣམ་པ་ཅན་གྱི་


JLD019_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་ལྡང་གནས་གསུམ་ལ་དམིགས་པའི་རྡོར་བཟླས་བྱས་པས་རླུང་འཇམ་དུ་སོང་བའི་སྐབས་སུ་དམིགས་པ་དངོས་གཞི་བྱ་བ་ནི་ལུས་བསྲང་། ལག་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྣོལ། ལྕེ་རྩེ་དང་མིག་ཅུང་ཟད་གྱེན་དུ་ལྡོག་ནས་ངག་ཏུ་ཧཱུཾ་གི་གདངས་དང་། ལྟོ་བ་སྒལ་ཚིགས་ལ་སྦྱར་བ་སོགས་ལུས་ངག་གི་རྩོལ་བ་ཅུང་ཟད་དང་དུས་གཅིག་ཏུ་དབུ་མའི་མར་སྣ་ནས་ཐུར་སེལ་རིམ་གྱིས་ལྟེ་བའི་སྟེང་སོར་བཞི་ཙམ་དུ་དྲངས་ནས་ཅུང་ཟད་བཟུང་། སྟེང་རླུང་མི་མནན་ཞིང་རྩོལ་མེད་དུ་བཞག །གཏོང་དུས་སྣ་བུག་ནས་དལ་བུས་བཏང་ནས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཇི་ཙམ་འཚམ་པར་བྱ། མགོ་ནི་བ་དང་ཁྱད་པར་དུ་སྲོག་རྩ་བརྒྱངས་པ་ལྟ་བུ་སོགས་བྱུང་ན་དེའི་མོད་ལ་བཞག་ནས་སྔར་བཞིན་རྡོར་བཟླས་བྱ། མི་བདེ་བ་སངས་པ་དང་སྔར་བཞིན་བྱ་ཞིང་། དེའི་མཐུས་རླུང་ཅུང་ཟད་བྱང་བ་དང་སྟོབས་དྲག་པོ་བྱ་ཞིང་དེ་གོང་དུ་དལ་བུས་བྱ། སྟོབས་དྲག་པོ་བྱེད་པའི་ཚིགས་ནི་སྲོག་འཛིན་ལྟེ་འོག་མན་ཆད་དུ་འཆུག་པ་དང་། ཐུར་སེལ་ལྟེ་བ་ཡན་ཆོད་དུ་འཆུག་པ་གང་གིས་ཀྱང་ཟུག་གཟེར་སོགས་ཀྱིས་ཉམས་ལེན་ལ་གནོད་པའི་གེགས་ཆེན་པོ་མི་འབྱུང་བའི་མཚམས་ནས་ཡིན་ནོ། །དེ་ལྟར་ཉམས་ལེན་ལ་མཁས་པར་བྱས་པས། སྲོག་ཐུར་གཉིས་དབུ་མར་ཚུད་པ་སོགས་ལ་རླུང་སྦྱོར་གཞན་རྣམས་ལས་མྱུར་བ་སོགས་ཀྱི་ཕན་ཡོན་འབྱུང་ངོ་། །གཉིས་


JLD019_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གསུམ། སྟོང་གཟུགས་ཁྱད་པར་ཅན་ངོས་བཟུང་བ། དེ་སྒྲུབ་ཚུལ་གྱི་ཟུར་པ་ཡོད་མེད་དང་། དེ་ལ་བརྟེན་ནས་ཡོན་ཏན་ཁྱད་པར་ཅན་སྐྱེ་ཚུལ་ལོ། །དང་པོ་ནི། སྣ་ཚོགས་ཡུམ་ལྟ་བུ་སོགས་མ་བརྟགས་པའི་ཡུམ་མཚན་ཉིད་རྫོགས་པ་སྣང་ཞིང་། དེར་མ་ཟད་རང་ཡང་དུས་འཁོར་ལྟ་བུའི་ཡབ་ཏུ་སྣང་བ་གཉིས་ཕན་ཚུན་ཞལ་སྦྱོར་བའི་རྣམ་པ་ཅན་དུ་སྣང་བ་ནི་སྟོང་གཟུགས་ཁྱད་པར་ཅན་ནོ། །དེ་ལའང་འདོད་མི་འདོད་ཀྱི་སྣང་བ་གཉིས་སྐྱེ། མི་འདོད་པ་ནི་སྤང་བྱར་ཤེས་དགོས་ཤིང་། འདོད་པ་ལའང་ཕྱི་རོལ་ནས་གང་ཟག་ཁྱད་པར་ཅན་གྱིས་རྣམ་པ་གཏད་མ་གཏད་གཉིས། རྣམ་པ་གཏད་པ་ནི་སྣ་ཚོགས་ཡུམ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་གང་ཟག་གི་རྣམ་པ་གཏད་པ་ལས་བྱུང་བ་དང་། འཇིག་རྟེན་པའི་རྣལ་འབྱོར་མ་ཁྱད་པར་ཅན་གྱི་གཏད་པ་གཉིས་ཀྱིས་ཀྱང་། ལྷན་སྐྱེས་འདྲེན་པའི་ཡུལ་ཁྱད་པར་ཅན་དུ་འགྱུར་ཡང་འདིར་བཤད་པའི་སྟོང་གཟུགས་ཕྱག་རྒྱ་ཆེན་མོར་མི་བཞེད་དོ། །ཆེད་ཀྱི་རྣམ་པ་མ་གཏད་པ་ནི་གློག་ལྟ་བུ་མ་བརྟགས་པར་འབྱུང་བའི་ཡུམ་གྱི་རྣམ་པ་སྟེ། འདིར་བཤད་པའི་ཕག་ཆེན་ནོ། །དེ་ལའང་རྣམ་པ་ཁྱད་པར་ཅན་ལྷ་མོའི་རྣམ་པ་དང་། ཕལ་པའི་རྣམ་པ་གཉིས་འབྱུང་ངོ་། །གཉིས་པ་ནི། གང་ཟག་འགའ་ཞིག་ལ་སྒྲུབ་ཚུལ་ཟུར་པ་མ་བྱས་ཀྱང་འབྱུང་བ་སྣང་མོད་ཀྱང་དེ་ནི་ནམ་འདོད་དུ་མི་འོང་བས་མི་བརྟན། འདིར་གཟུགས་སྒྲུབ་དང་སྲོག་


JLD019_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་གཉིས་ཀྱི་ནང་ནས་གཟུགས་སྒྲུབ་ཁྱད་པར་ཅན་གཟུགས་འདུན་པས་བསྒྱུར་བ་ནི། ལུས་གནད་ཁྱད་པར་ཅན་དང་མིག་དང་སེམས་སྨིན་མཚམས་སུ་གཏད། རང་ཉིད་མ་བརྟགས་པའི་སྟོང་གཟུགས་ཀྱི་འདོད་ལྷ་ཡབ་ཡུམ་དང་སྙོམས་པར་འཇུག་པར་བྱའོ་སྙམ་པའི་འདུན་པ་དུར་རེ་བ་བྱས་ནས། དེ་རྗེས་སྟོང་གཟུགས་སོགས་ཅི་ལའང་མི་རྟོག་པར་སྨིན་མཚམས་སུ་སེམས་ཆིག་དྲིལ་དུ་བསྒོམ་པ་གོམས་པར་བྱས་ན་འདུན་པ་དང་རྗེས་སུ་མཐུན་པར་འགྲུབ་པར་འགྱུར་ཏེ་རླུང་དབུ་མར་ཆུད་པས་སྒྲུབ་པ་ནི་སླ་ཞིང་། དེས་སྒྲུབ་པ་ནི། སྟོང་གཟུགས་ཁྱད་པར་ཅན་དང་དབུ་མར་མ་ཆུད་པས་བསྒྲུབ་པ་ནི་ཅུང་ཟད་དཀའ་ཞིང་། དེས་གྲུབ་པའང་ཕལ་པ་ཡིན་པ་ནི་སྔར་བཤད་ཟིན་པ་བཞིན་ནོ། །སྔ་མ་ལ་བརྟེན་ནས་ཞུ་བདེ་མི་འདྲེན་པ་མི་སྲིད་ལ་ཕྱི་མ་ལ་བདེ་བ་འདྲེན་མི་འདྲེན་གཉིས་ཡོད་དེ། གཟུགས་རྣམས་ཀྱིས་དགའ་བར་མ་གྱུར་ན་ཞེས་གསུངས་པས་ཤེས་སོ། །དེས་བདེ་བ་མི་འདྲེན་པའི་དུས་སུ་བདེ་བ་འདྲེན་པའི་ཐབས་ཁྱད་པར་ཅན་གཞན་ཡང་བྱ་དགོས་སོ། །དེའང་སྔོན་དུ་སྔར་གོམས་པ་གང་ཆེ་བའི་ལྷ་གང་ཡིན་ལ་འདུན་པས་བསྒྱུར་བ་སོགས་སྔར་བཞིན་བྱས། དེ་རྗེས་སྔར་གྱི་དམིགས་པ་བཞིན་བྱས་ན་འགྲུབ་སླ་གསུང་ངོ་། །གསུམ་པ་ནི། དེ་ལྟ་བུའི་སྟོང་


JLD019_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱི་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས་ལྷན་སྐྱེས་ཁྱད་པར་ཅན་སྟེར་བ་དང་། དེ་གོམས་པར་བྱས་པས་ཏིང་ངེ་འཛིན་གྱི་ཡན་ལག་ཐོབ་པར་འགྱུར་རོ། །ཡེ་རྒྱ་ལྟ་བུ་ལ་བརྟེན་ནས་ཞུ་བདེ་དྲངས་དུས་སུ་ཞུ་བ་ཤས་ཆུང་ན་ལྡོག་ཐབས་ཟུར་པ་མི་དགོས་ཤིང་། ཞུ་བ་ཤས་ཆེ་ན། བྱང་སེམས་ནོར་བུའི་བར་དུ་ཕབ། དེར་དམིགས་པས་བཀག་ནས་ལྷན་སྐྱེས་བསྒོམ། དེ་ལས་ལངས་པ་དང་། སྔར་གྱི་རླུང་སྦྱོར་གྱིས་དལ་བུས་དབུ་མའི་ལམ་ནས་འགྲོ་བར་མོས་ནས་སྟེང་དུ་དྲང་། སྤྱི་བོའི་རྩ་འཁོར་གྱི་དབུས་སུ་རླུང་དང་ལྷན་ཅིག་ཏུ་བཅིངས་ཏེ་ཅུང་ཟད་བཟུང་། དེ་རྗེས་འཇམ་རླུང་བུམ་པ་ཅན་དང་། འགྲེམ་པའི་འཁྲུལ་འཁོར་རྣམས་ཀྱིས་སྤྱི་བོ་ནས་རིམ་གྱིས་སྙིང་ག་ཡན་ཆད་ཀྱི་ལུས་ཀྱི་སྟོད་ཀྱི་ཆ་རྣམས་ལ་དགྲ་མ་ཞིང་དེ་གོམས་པ་དང་ལུས་ཀྱི་གནས་ཐམས་ཅད་དུ་བཀྲམ་པའི་དམིགས་པ་སོགས་ཀྱང་བྱ། རླུང་རྐྱང་པ་སྟེང་དུ་འདྲེན་པ་ལས་ཐིག་ལེ་དང་བཅས་ཏེ་འདྲེན་པ་སླ་ཞིང་། གེགས་ཀྱང་ཆུང་བདེ་བའང་འཕེལ། །རླུང་བྱང་བ་དང་དབུ་མར་ཚུད་པ་ལའང་ཁྱད་ཤིན་ཏུ་ཆེ་བས། ཞུ་བདེ་གཞན་གྱི་སྐབས་སུའང་དེ་བཞིན་དུ་ཤེས་པར་བྱའོ། །གསུང་གི་བདུད་རྩི་བརྗེད་བྱང་དུ་བྱས་པ་ལགས་པ་དགེ་བར་གྱུར། འདིའི་གཞུང་ཚིག་རྒྱུད་ནས་ལོགས་སུ་བཀོལ་བ་ཡོད་པས་རྒྱས་བཤད་སྦྱར་ཏེ་རྣམ་དཔྱོད་ཅན་


JLD019_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཚིམ་པར་མ་སླ་བར་དུས་རྒྱུན་དུ་ཉིན་མཚན་དུ་བརྟགས་པས་ཐེག་པ་བླ་ན་མེད་པའི་རིགས་ཀྱི་ནུས་པ་བརྟས་པར་བྱ་བ་ལ་བརྩོན་པར་བྱ་དགོས་སོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །རྡོ་རྗེ་འཆང་ཆེན་ཙོང་ཁ་པའི། །ལེགས་བཤད་གསུང་གི་ཟིན་བྲིས་འདི། །རྒྱལ་ཚབ་དམ་པ་ཟླ་བཟང་མཆོག །གཉིས་པ་ལྟ་བུས་མཛད་པ་ཡིན། །སརྦ་མདྒ་ལཾ། །


no previousསྒྲུབ་ལེའི་ཕྱག་རྒྱ་བཞི་ཞིབ་ཏུ་གསུངས་པ་རྒྱལ་ཚབ་ཆོས་རྗེས་ཟིན་བྲིས་སུ་བཀོད་པ།next