གནས་ལ་བསྟོད་པའི་མགུར་མ།
གནས་ལ་བསྟོད་པའི་མགུར་མ་བཞུགས་སོ།། རྗེ་རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །མཚན་བརྗོད་ན་པདྨ་ལས་འབྲེལ་རྩལ། །བུའི་སྤྱི་གཙུག་འཁོར་ལོའི་རྒྱན་བཞུགས་ལ། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཡུལ་བལ་བོད་གཉིས་ཀྱི་མཚམས་ཤེད་ན། གནས་ཡོལ་མོ་སྦས་པ་པདྨའི་ཚལ། །མགོན་པདྨས་སྙིགས་དུས་སྐྱེ་འགྲོ་ལ། །ཐུགས་བརྩེ་བས་དགོངས་ཏེ་གནས་འདི་རུ། །ཞབས་བཅགས་ཤིང་་བྱིན་བརླབས་ཟབ་གཏེར་སྦས། །དེའི་གྲགས་སྙན་རྒྱ་བལ་ཡོངས་ལ་ཁྱབ། །ཡུལ་དེ་ཡི་བྱེ་བྲག་གནས་སྡིངས་ཞེས། །དཔལ་མཁའ་སྤྱོད་ཙཱ་རི་གཉིས་པར་བསྔགས། །འདི་མ་མཐོང་རྒྱང་ནས་བསྟོད་པ་མིན། །མི་ཁོ་བོ་རྒས་ཤིང་འཁོགས་ན་ཡང་། །གནས་འདི་ལ་རིང་མོའི་དུས་ནས་སྨོན། །དུས་
ད་ལོ་ཁྲུམས་ཀྱི་ཟླ་བ་ལ། །ཡིད་བརྣག་པའི་གནས་འདིར་དངོས་སུ་སླེབས། །གནས་འདི་ཡི་མཐོང་ཚུལ་ཆ་ཤས་ཙམ། །སེམས་སྤྲོ་བ་བརྟས་ནས་བརྗོད་སྙིང་འདོད། །ལམ་བགྲོད་པར་དཀའ་བས་འདུ་འཛི་དབེན། །མིའི་རྒྱུ་འགྲུལ་དཀོན་ཀྱང་མཐུན་རྐྱེན་འཛོམས། །བྲག་གཡང་ས་ཆེ་སྟེ་ཐེམ་སྐས་སྲ། །ཆུ་རྦ་རླབས་ཕྱུར་ཀྱང་སྡོང་ཟམ་བརླིང་། །དགྲ་ཆོམ་རྐུན་དང་གཅན་གཟན་འཚེ་བ་བྲལ། །ནམ་ཉིན་མཚན་མེད་པར་ན་བུན་འཁྲིགས། །དུས དབྱར་དགུན་མེད་པར་ཁ་ཆར་བབས། །མི་བྱིས་དང་སྡིག་གྲོགས་རྒྱང་ཐག་རིང་། །སེམས་སྐྱོ་ཤས་དང་ངེས་འབྱུང་ཤུགས་ལ་སྐྱེ། །གྲོགས་བྱ་དང་རི་དྭགས་འགྲོགས་ན་བདེ། །རྩི་ཤིང་དང་ནགས་ཚལ་རབ་ ཏུ་རྒྱས། །ཕུ་གསུམ་གྱི་རི་རྒྱུད་གངས་ལ་ཐུག །སའི་དཔྱད་རྣམས་མི་ངན་བཟང ་རྒུ་
ཚང་། །དབུས་ནེའུ་གསེང་སྤང་ལྗང་བདེ་ཞིང་ཡངས། །སྒྲ་ལྷུང་ལྷུང་དང་བཅས་ཕུ་ཆུའི་རྒྱུན། །གཡས་གཡོན་གྱི་གཤོངས་ནས་རྒྱུན་ཆད་མེད། །རྒྱབ་རི་ནི་རྒྱལ་པོ་གདན་བཞུགས་འདྲ། །མདུན་རི་ནི་ཕྱག་རྒྱ་བསྣོལ་བ་འདྲ། །གཡས་སྤང་རི་དར་དཀར་ཡོལ་བ་འདྲ། །གཡོན་ནགས་རི་རིན་ཆེན་སྤུངས་པ་འདྲ། །ཡུལ་རྨི་ལི་ཅན་དང་མཚོ་ཐང་གཉིས། །གནས་འདི་ལ་མཎྜལ་བཤམས་པ་འདྲ། །ལྷ་བརྟན་མ་གཡང་རིས་ཡུལ་ལྷ་མཛད། །ཁོང་ཆོས་མཛད་ཀུན་གྱི་སྡོང་གྲོགས་བྱེད། །དེ་ཙམ་ཞིག་སྐབས་སུ་བབ་པའི་གཏམ། །དོན་དེ་ལས་མང་ན་མི་རྒན འཆལ། །སྤྲང་གར་སྐྱིད་ཀྱི་སངས་རྒྱས་རྡོ་རྗེ་བདག །གནས་འདི་རུ་སྒྲུབ་པའི་རྒྱལ་མཚན་ཚུགས། །ཚེ་འདི་ལ་དངོས་གྲུབ་ཀྱི་ཕ་ཕོགས་ཐོབ།
ཡུལ་འདི་ལ་བཀྲ་ཤིས་བྱིན་གཡང་ཆགས། །དོན་གཉིས་དེ་ལྷན་གྱིས་གྲུབ་པ་ཡི། །དགའ་སྟོན་ལ་རོལ་པའི་བཀྲ་ཤིས་ཤོག །དགེའོ།། །།སརྦ་མངྒ་ལཾ།། །།