དབུ་མའི་བརྒྱུད་རིམ།
འདིར་རང་རྐང་དུ་མཛད་པའི་དབུ་མ་ལ་འཇུག་པའི་དོན་བསྡུ་ཞིག་འགོད་པར་འདོད་དེ། དེ་ཡང༌། ཆོས་དེ་གང་ལས་བརྒྱུད་པའི་ཚུལ་དང༌། བཤད་བྱའི་ཆོས་དེ་ཉིད་དངོས་འཆད་པ་གཉིས་ལས། དང་པོ་ལ། ཆོས་འདིའི་ཚུལ་ལ་ཤེས་རབ་གསུམ་གྱི་ངེས་པ་བསྐྱེད་པའི་བཀའ་དྲིན་གང་ལས་བརྒྱུད་པ་དང༌། དེང་སང་བོད་དུ་གྲགས་པའི་ཀླག་ལུང་དང་འབྲུ་སྦྱོར་འགོད་པ་གང་ལས་བརྒྱུད་པའོ། །དང་པོ་ལའང༌། བཀའ་བརྒྱུད་རིན་པོ་ཆེ་ཉིད་ལས་བརྒྱུད་པ་དང༌། ཇོ་བོ་དཱི་པཾ་ཀ་རའི་བཀའ་བརྒྱུད་ལས་བརྒྱུད་པ་དང༌། པ་ཚབ་ལོ་ཙཱ་བ་ནས་བརྒྱུད་པའོ། །དང་པོ་ལའང༌། རྗེ་ནཱ་རོ་པ་ནས་བརྒྱུད་པ་དང༌། རྗེ་མཻ་ཏྲི་པ་ནས་བརྒྱུད་པའོ། །དང་པོ་ལྟར་ན། བཀའ་གདམས་པ་དག་ཟླ་གྲགས་ཀླུ་ཞབས་གཉིས་ལ་ཐུག་པར་བཞེད་ཀྱང༌། རྗེ་མར་པ་ལོ་ཙཱའི་གསུང་བཀའ་བཞི་བརྒྱུད་པའི་ལོ་རྒྱུས་རྣམ་ཐར་གྱི་ཡིག་རྙིང་དུ་ཟླ་གྲགས་ལ་ལུང་བསྟན་གྱི་ཆེ་བ་ཞེས་རྣམ་པར་ཐར་པ་ཆེས་ཆེ་བར་བསྔགས་པར་མཛད་པ་ཡིན་ཏེ། མགོན་པོ་ཀླུ་མྱ་ངན་ལས་འདས་ནས་ནཱ་ལནྡ་པ་རྣམས་ཀྱིས་འཇིག་རྟེན་དུ་ཉི་མ་ནུབ་བོ་ཞེས་ངུས་པས་མཁའ་འགྲོ་མང་པོས་ནམ་མཁའ་ལ་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །ས་ནི་ཞེས་པའི་གྲོང་ཁྱེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་(༥ན)
པཎྜི་ཏ། །ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང༌། །ཞེས་ལུང་བསྟན་པའི་སློབ་དཔོན་དེ་ནི་སློབ་དཔོན་འཕགས་པ་ལྷའི་སློབ་མའོ་ཞེས་འཆད་ལ། དེ་ལྟར་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། རིགས་གསུམ་མགོན་པོ། སློབ་དཔོན་ཀླུ་སྒྲུབ། ཨཱརྱ་དེ་བ། སློབ་དཔོན་ཟླ་གྲགས། མཱ་ཏིངྒ། ཏཻ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། སྦོམ་བྲག་པ། ཀརྨ་པ། ཨཽཌྱན་པ། རང་བྱུང་བ། གཡུང་སྟོན་པ། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ། རཏྣ་བྷ་དྲ། མཐོང་བ་དོན་ལྡན། འཇམ་དཔལ་བཟང་པོ་དང་དཔལ་འབྱོར་དོན་གྲུབ་གང་ཡང་རུང་བ་ལས། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོ། དེའི་ཞལ་སྔར་བསྙེན་པའི་སྙེ་བོ་གོ་ཤྲི་དང་རྗེ་བཙུན་རས་པ་ཆེན་པོ་གཉིས་ཅར་གྱི་ཞབས་ལ་བདག་མི་བསྐྱོད་རྡོ་རྗེ་ཞེས་ཀརྨ་པའི་བཀའ་འབངས་ཆེས་ཐ་ཤལ་བ་དེས་ལེགས་པར་བསྙེན་ཏེ་བཀའ་དྲིན་གྱིས་ཁྱབ་པ་ཡིན་ནོ། །གཉིས་པ་ལྟར་ན། ས་ར་ཧ་ཆེ་ཆུང་དང༌། སློབ་དཔོན་ཀླུ་སྒྲུབ་དང་ཟླ་གྲགས་བཞེད་པའི་དབུ་མའི་དོན་གཅིག་པར་ཐུགས་སུ་ཆུད་ནས་གཞན་ལ་སྟོན་པར་མཛད་པ་མངའ་བདག་རྒྱལ་བ་མཻ་ཏྲི་པ་སྟེ། ལུགས་འདིའི་དབུ་མའི་ཆོས་སྐོར་ལ་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཞེས་གྲགས་ལ། རྒྱལ་བ་མཻ་ཏྲི་པ་ཞེས་པའང་སློབ་དཔོན་ཤཱནྟི་པས་སེམས་ཙམ་རྣམ་རྫུན་གྱི་ཕྱོགས་བཟུང་ནས་བརྩད་པ་ལས་རྒྱལ་བས་རྒྱལ་བ་ཞེས་གྲགས་སོ། །དེས་ན་སློབ་དཔོན་ཆེན་པོ་མཻ་ཏྲི་པས་དེ་ཁོ་ན་ཉིད་བཅུ་པར། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་པའི་འགྲེལ་པར། (༥བ)
སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས། དེ་ལྟར་ན་འདི་ནི་དབུ་མ་པ་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ལྷ་དང༌། ཟླ་བ་གྲགས་པ་ལ་སོགས་པས་བསྔགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཅན་གྱི་དེ་བཞིན་ཉིད་ཤེས་པར་འདོད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ལ་དགོངས་ནས་གང་གསུངས་པ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་ལ་ངོ་བོ་ཅུང་ཟད་མེད། །གང་ལ་ངོ་བོ་ཉིད་མེད་པ། །དེ་དག་གང་དུའང་འབྱུང་བ་མེད། །གང་ཞིག་སྐྱེ་བར་འགྱུར་བ་ཡི། །ཆོས་ནི་ཅུང་ཟད་རྙེད་མི་འགྱུར། །འབྱུང་བ་མེད་པའི་ཆོས་རྣམས་ལ། །བྱིས་པ་རྣམས་ནི་འབྱུང་བར་འདོད། །ཅེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར། བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་བྱེ་བྲག་བཀག་ནས་ལྷག་མ་ཁས་བླངས་པའི་ཡུལ་ཉིད་ཡིན་པའི་ཕྱིར། འདི་ནི་དབུ་མ་བཅོམ་ལྡན་འདས་མ་བླ་མ་དམ་པའི་མན་ངག་གི་རྒྱན་གྱིས་བརྒྱན་པའི་ཟུང་དུ་འཇུག་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཉེ་བར་བསྟན་པ་ནི་མཁས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པ་ཡིན་ནོ། །ཞེས་འབྱུང་ལ། བྱེ་བྲག་རྣམ་པར་བཀག་ནས་ཞེས་སེམས་ཙམ་པ་རྣམ་པར་བཀག་ནས་ལྷག་མ་ཤེས་པ་བདེན་གྲུབ་ཁས་ལེན་པ་ལ་དབུ་མར་བརྗོད་པ་ནི་དབུ་མ་འབྲིང་པོ་སྟེ་དབུ་མའི་ལུགས་རྣམ་པར་དག་པ་དེ་མ་ཡིན་པས། འདི་ནི་བླ་མ་ཀླུ་སྒྲུབ་ཞབས་སོགས་ཀྱི་ལུང་གིས་བརྒྱན་ནས་དབུ་མའི་དོན་འཆད་དོ། །ཞེས་བསྟན་པ་ཡིན་ལ། སློབ་དཔོན་ཆེན་པོ་མཻ་ཏྲི་པའི་ཡིད་ལ་མི་བྱེད་པའི་དབུ་མ་འདི་ལ་བོད་འདིར་དགོངས་པ་སྐོང་ཚུལ་མི་(༦ན)
འདྲ་བ་གསུམ་བྱུང་སྟེ། ཟབ་གསལ་སྔགས་ཀྱི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་པ་དང༌། ཟབ་པ་མདོའི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་པ་དང༌། སེམས་ཙམ་རྣམ་རྫུན་གྱི་དབུ་མ་རྩལ་དུ་བཏོན་ནས་ཉམས་སུ་ལེན་པ་གསུམ་ལས། ཕྱི་མ་འདི་ནི་གཟུང་འཛིན་གྱིས་སྟོང་པའི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་གྲུབ་པ་དོ་ཧའི་དོན་དུ་འཆད་པ་རྒྱ་གར་ཕྱག་ན་དང༌། བལ་པོ་ཨ་སུ་དང༌། ཀོར་ཎི་རུ་པ་སོགས་རྒྱ་བོད་དུ་ཆེས་མང་ངོ༌། །ལུགས་འདི་དབུ་མར་འཆད་པ་ལ་རིགས་པར་སྨྲ་བ་གྲོ་ལུང་པ་སོགས་དཔྱོད་ལྡན་མང་པོས་མ་རངས་ནས་ཨ་མ་ན་སི་པ་སོགས་ཅི་རིགས་ཀྱི་ལུགས་དབུ་མ་པའི་ལུགས་དང་མི་མཐུན་ཞེས་འགོག་པར་མཛད་ལ། ཚིག་འདི་ཙམ་ལ་བརྟེན་ནས་ས་སྐྱ་པཎ་ཆེན་དང༌། བཀའ་གདམས་པ་ཅི་རིགས་པ་ཞིག་གིས། རྗེ་བཙུན་མཻ་ཏྲི་པའི་ཆོས་རྣམ་པར་དག་པ་ཨ་མ་ན་སའི་སྐོར་ཐམས་ཅད་ལ་སྡང་ཞེན་བྱེད་པ་དང༌། དེའི་ཞར་ལ་བྲམ་ཟེ་ཆེན་པོའི་ཡིད་ལ་མི་ བྱེད་པ་དོ་ཧ་མཛོད་ཀྱི་གླུའི་དོན་དང ༌། མངའ་བདག་མཻ་ཏྲི་པ་དང་རྗེ་བཙུན་ས་ར་ཧ་ཆེ་ཆུང་ལ་སྐུར་པ་འདེབས་པའི་སྐལ་བ་ཅན་ཡང་བྱུང་སྣང་ངོ༌། །དང་པོ་གཉིས་ཀྱི་བཀའ་སྲོལ་ནི། རྗེ་མར་པ་དང་མི་ལ་ལྟ་བུ་ལ་གཉིས་ཀ་ཚང་བར་བཞུགས་ཤིང་ཉམས་ལེན་དུ་མཛད་ལ། བཀའ་སྲོལ་བར་པ་འདི་ནི་ལྷག་པར་རྗེ་སྒམ་པོ་པ་ཉིད་ཀྱིས་རྩལ་དུ་བཏོན་ཏེ་ཐུགས་ཉམས་སུ་བཞེས་པ་སྐད་དུ་མཛད་ནས་དེའི་བཀའ་རྒྱ་ཆེར་སྤེལ་བ་ཡིན་ཏེ། དེའང་རྗེ་འདི་ལ་བདེ་བར་གཤེགས་པ་ཉིད་ཀྱིས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ནས་ཏིང་ངེ་འཛིན་རྒྱལ་པོའི་མདོ་དོན་གྱི་དབུ་མ་རྒྱས་བྱེད་དུ་ཆེས་བསྔགས་པའི་ཕྱིར་དབུ་མའི་ཆོས་ཚུལ་འདི་ལ་མཚན་གསང་སྔགས་བླ་མེད་ནས་འབྱུང་བའི་བདེ་སྟོང་གི་ཡེ་ཤེས་(༦བ)
ལ་ཕྱག་ཆེན་དུ་གྲགས་པའི་ཕྱག་ཆེན་དེའི་མིང་དུ་འདོགས་པར་མཛད་པ་དང༌། འདིའི་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པ་ན་ཐ་མལ་གྱི་ཤེས་པ་མངོན་དུ་མཛད་ཅེས་པ་དང༌། ཆོས་སྐུ་མངོན་སུམ་དུ་བྱས་ཟེར་བ་དང༌། ཆོས་ཅན་མྱུ་གུ་དང་རྣམ་རྟོག་སོགས་དེ་དག་དེའི་ཆོས་ཉིད་ལས་གཞན་དུ་མ་གྲུབ་པར་རྟོགས་པ་ན་རྣམ་རྟོག་ཆོས་སྐུར་ཤར་བ་ཞེས་ཐ་སྙད་མཛད་ནས། གསང་སྔགས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སོགས་ཀྱི་ཉམས་མྱོང་ཆེས་བཟང་བཟང་པོ་སྐྱེས་པ་ལའང་ད་དུང་སྤྲོས་པའི་བག་ཉལ་དང༌། གནས་ངན་ལེན་ཡོད་པ་སེལ་བྱེད་ཀྱི་གཉེན་པོར་ལྟ་སྒོམ་འདི་ཉིད་ཆེར་དགོས་པར་བསྔགས་ཏེ། འདིས་དཔེར་ན་སྨན་དཀར་པོ་ཆིག་ཐུབ་དང་འདྲ་བར་སྒྲིབ་པ་ཐམས་ཅད་རྨེག་ནས་སེལ་བར་བྱེད་པའི་ཕྱིར་ཞེས་གདམས་པ་ཡིན་ནོ། །ཆོས་ཚུལ་འདི་ལ་བརྒྱུད་པ་རིན་པོ་ཆེ་འདི་པ་དག་གི་ལུགས་ཀྱི་སྔགས་བླ་མེད་ནས་བཤད་པའི་དབང་གསུམ་པ་དང་བཞི་པར་གྲགས་པའི་དཔེ་དོན་གྱི་ཡེ་ཤེས་སུ་རློམ་པའི་ཞི་ལྷག་གི་ཉམས་ཅི་རིགས་རྒྱུད་ལ་སྐྱེས་པས་སྒྲིབ་གསུམ་གྱི་སྤང་བྱ་ཆེས་ཆེར་བརྩད་ནས་དྲུངས་འབྱིན་པར་མི་ནུས་ལ། དེ་ལས་ཆོས་ཚུལ་འདི་བརྡ་དོན་དཔྱིས་ཕྱིན་པའི་རྡོ་རུས་གཏུགས་པར་གྱུར་ན་རྟོགས་པའི་བོགས་དབྱུང་མཆོག་ཏུ་བསྔགས་ཏེ། དཔེར་ན། རྗེ་ཕག་གྲུ་སྔར་ས་སྐྱ་པའི་སྐུ་མདུན་དུ་རླུང་དབུ་མར་ཆུད་དེ་ལྷན་ཅིག་སྐྱེས་དགའ་མངོན་དུ་མཛད་ནས་མཐོང་ལམ་གྱི་ཡེ་ཤེས་བརྙེས་པར་རློམ་པ་ཞིག་ཕྱིས་རྗེ་སྒམ་པོ་པའི་དྲུང་དུ་རྟོགས་འབུལ་མཛད་པས་སྔར་གྱི་ཉམས་དེ་ཐམས་ཅད་ཤུན་པར་བུད་ནས་གདོད་མཐོང་ལམ་གྱི་ཡེ་ཤེས་བརྙེས་པར་མཛད་པ་ལྟ་བུ་ནི་ཆོས་ཀྱི་གནད་འདིའི་ཟབ་ཁྱད་ཡང་དག་པར་ཤེས་དགོས་སོ། །འདི་ལྟ་བུ་ལ་དགོངས་ནས། རྒྱལ་བ་འབྲི་གུང་པ་ཆེན་པོའི་(༧ན)
གསུང་རབ་ལས། ཁོ་བོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི་དགའ་བ་བཞི་ལས་འདས་པ། འོད་གསལ་ལས་ཁྱད་པར་དུ་འཕགས་པ། ཆེན་པོ་གསུམ་གྱིས་མ་རེག་པ། ཞེས་གསུངས་ཏེ། ལྟ་སྒོམ་དེ་ཆ་མཐུན་རྒྱུད་ལ་སྐྱེས་པས་ཀྱང་ཀུན་རྫོབ་བདེན་པ་དང་འདུས་བྱས་དང་གློ་བུར་དང་ཆོས་ཅན་ནི་དམན་ནོ། །དོན་དམ་བདེན་པ་དང་འདུས་མ་བྱས་དང་རང་བཞིན་དང་ཆོས་ཉིད་ནི་མཆོག་གོ། །ཞེས་སྤྲོས་འཛིན་གྱི་གཉེན་པོ་བླ་ན་མེད་པར་འགྱུར་བའི་ཕྱིར་ཏེ། མཆོག་འཛིན་གྱི་སྤྲོས་པ་དེ་ལ་སེལ་བྱེད་འདི་མེད་ན། སྨན་ཉིད་དུག་ཏུ་སོང་བ་བཞིན་སྤྲོས་བྲལ་གྱི་ལྟ་སྒོམ་ཉིད་སྤྲོས་པའི་ལྟ་སྒོམ་དུ་འགྱུར་བས། དོན་དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས། བདག་ཏུ་ལྟ་བ་རི་རབ་ཙམ་ནི་བླའི། བདག་མེད་པར་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་དབུ་མའི་ཆོས་ཚུལ་གྱི་ཁྱད་པར་འདི་ལ་དགོངས་ནས། སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་ལ་འཇུག་པར། ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པའི་དབང་པོ་རབ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་པ་སོ་སོ་སྐྱེ་བོའི་གནས་སྐབས་ཉིད་ན་ཕྱག་རྒྱ་ཆེན་པོ་དང་ངེས་པར་ལྡན་པ་ཡང་དག་པར་རྟོགས་པ་ཕྱིར་མི་ལྡོག་པའི་རྟགས་ཉིད་དང༌། ཞེས་འབྱུང་བ་དང༌། དེ་ཁོ་ན་ཉིད་བཅུ་པའི་འགྲེལ་པ་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པར་ཡང༌། ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པ། མིང་ཕྱག་རྒྱ་ཆེན་པོ། ཞེས་ཁྱད་པར་སུམ་ལྡན་དུའང་གསུངས་སོ། །ཕྱག་རྒྱ་ཆེན་པོའི་ཆོས་ཚུལ་འདིའི་མྱོང་ཁྲིད་འདེབས་པ་ལ་གསང་སྔགས་ཀྱི་དབང་བསྐུར་བ་ཡང་མི་མཛད་ལ། ཕྱག་ཆེན་འདིའི་དངོས་བསྟན་མདོ་ལུགས་ཀྱི་སྤྲོས་བྲལ་སྟོང་པ་ཉིད་ཀྱི་དབུ་མ་དང༌། ཤུགས་ལས་མདོ་སྔགས་ཀྱི་ཟབ་(༧བ)
དོན་མཐར་ཐུག་བདེ་གཤེགས་སྙིང་པོ་ཐུན་མོང་དང་ཐུན་མོང་མིན་པའང་སྟོན་པ་ལ་དགོངས་ནས། རྗེ་སྒམ་པོ་པ། དཔལ་ཕག་མོ་གྲུ་པ། འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པ་སོགས་ཀྱི་ཞལ་ནས། འོ་སྐོལ་གྱི་ཕྱག་རྒྱ་ཆེན་པོའི་གཞུང་འདི་ནི་བཅོམ་ལྡན་འདས་བྱམས་པས་མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་འདི་ཡིན་ནོ། །ཞེས་གསུངས་སོ། །དོན་འདི་ལ་དགོངས་ནས་རྒྱལ་བ་རྒོད་ཚང་པ་ཆེན་པོ་ཡབ་སྲས་ཀྱིས་ཀྱང༌། ཕྱག་རྒྱ་ཆེན་པོའི་ཆོས་འདི་མགོ་འདོན་མཁན་བྲམ་ཟེ་ཆེན་པོ་དང་ཀླུ་སྒྲུབ་གཉིས་ཡིན། བྲམ་ཟེ་ཆེན་པོས་ཕྱག་རྒྱ་ཆེན་པོ་སྒྲུབ་ཕྱོགས་ནས་བསྟན། མགོན་པོ་ཀླུས་དགག་ཕྱོགས་ནས་བསྟན་པ་ཡིན། ཅེས་གསུངས་སོ། །དེས་ན་རྒྱལ་བ་གར་གྱི་དབང་པོ་ཞྭ་དམར་ཅོད་པན་འཛིན་པ་བཞི་པའི་ཡོངས་སུ་འཛིན་པ་ཆེན་པོ་ལོ་ཆེན་གཞོན་ནུ་དཔལ་གྱི་ཆོས་འབྱུང་དུ། དཔལ་དྭགས་པོ་བཀའ་བརྒྱུད་ཅེས་གྲགས་པ་འདི་ནི་ཚིག་གི་བརྒྱུད་པ་མ་ཡིན་གྱི་དོན་གྱི་བརྒྱུད་པ་ཡིན་ལ། དོན་ཡང་ཕྱག་རྒྱ་ཆེན་པོ་དྲི་མ་མེད་པ་རྟོགས་པའི་བརྒྱུད་པ་ཡིན་ཏེ། བླ་མ་གང་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཐོབ་པ་དེ་ལ་རྩ་བའི་བླ་མར་རྣམ་པར་འཇོག་གོ། །ཞེས་གཟུ་བོའི་ངག་གིས་བརྗོད་པ་ལ་རྗེས་སུ་ཡི་རངས་ཀྱང༌། འདི་པས་ཕྱག་ཆེན་ལ་གནས་ལུགས་དང་བདེ་སྟོང་ཕྱག་ཆེན་གཉིས་འབྱུང་བ་མདོ་སྔགས་སོ་སོའི་དགོངས་པར་བྱས་ནས། ཕྱག་ཆེན་ཕྱི་མ་ལས་སྔ་མ་བཟང་བ་བཀའ་བརྒྱུད་རིན་པོ་ཆེའི་བཞེད་པ་ཡིན་ཅེས་བྲིས་གདའ་བ་ནི་ཆེས་མི་འཐད་པས་གཞན་དུ་བཀག་ཟིན་ཏོ། །དེས་ན་བརྒྱུད་པ་འདི་པ་དག་སྔགས་ལུགས་ལྟར་ན་ཆོས་དྲུག་ལས་གཞན་ཕྱག་ཆེན་གྱི་ཁྲིད་ཟུར་དུ་མེད་ཀྱང་དོན་གྱི་དབང་འདི་གཟིགས་ནས་ཆོས་དྲུག་དང་ཕྱག་ཆེན་ཞེས་ཁྲིད་(༨ན)
སོ་སོར་མཛད་དོ། །ཆོས་ཚུལ་འདི་གངས་ཅན་གྱི་ལྗོངས་འདིར་བརྒྱུད་པ་རིན་པོ་ཆེ་འདིར་མ་ཟད་སྤེལ་བ་པོ་ཆེས་མང་བར་བྱུང་སྟེ། རྗེ་བཙུན་དམ་པ་རྒྱ་གར་ནས་བརྒྱུད་པའི་དམ་ཆོས་སྡུག་བསྔལ་ཞི་བྱེད་པར་གྲགས་པ་སྔ་ཕྱི་བར་གསུམ་དུ་བྱོན་པ་དང༌། ཁྱད་པར་གྲུབ་ཆེན་མི་ཏྲ་ཛོ་གི་དང༌། པཎ་ཆེན་ཤཱཀྱ་ཤྲཱི་སོགས་རྒྱ་གར་གྱི་པཎ་གྲུབ་ཆེས་མང་བས་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲོ་ལོ་ལ་གདམས་པའི་ཕྱག་ཆེན་དེ་དག་ཀྱང་ཆོས་ཚུལ་འདི་ཉིད་དུ་སྣང་ལ། དུས་ཕྱིས་པཎ་ཆེན་ནགས་རིན་བོད་དུ་བྱོན་ནས་ལོ་ཆེན་བྱམས་པ་གླིང་པ། ལོ་ཆེན་གཞོན་ནུ་དཔལ། ཁྲིམས་ཁང་ལོ་ཆེན་སོགས་ལ་གདམས་པའི་ཕྱག་ཆེན་དེའི་ཕྱོགས་གཅིག་ཆོས་ཚུལ་འདི་ཉིད་དུ་གདའོ། །དེ་ལྟར་ན་ཆོས་ཀྱི་དོན་པོ་གཅིག་གང་ཟག་མི་འདྲ་བ་སོ་སོས་བརྗོད་ཚུལ་མཐུན་པར་བྱུང་བ་ལ། ས་དགེ་བཽ་དོལ་རྣམས་ཀྱིས་བཀའ་བརྒྱུད་རིན་པོ་ཆེ་ཁོ་ནའི་ཕྱག་ཆེན་གྱི་ལྟ་སྒོམ་འདི་ཧྭ་ཤང་གི་ལྟ་སྒོམ་ཡིན་ཅེས་ཁ་ཟེར་ལ། སྐྱེས་བུ་དམ་པ་གཞན་དེ་དག་གི་ལུགས་ལ་དེ་ལྟར་མི་ཟེར་བ་ཅིས་འཁུམས་ཤེ་ན། དེ་ལ་ཁ་ཅིག་བཀའ་བརྒྱུད་རིན་པོ་ཆེ་འདིའི་ཕྲིན་ལས་ཙམ་བརྒྱུད་པ་གཞན་དག་ལ་མ་བྱུང་ནས་མ་སྨྲས་པ་ཡིན་ནོ་ཟེར་རོ། །དེ་ལྟར་ན་མི་རིགས་ཏེ། རྟོན་པ་བཞི་ལ་རྟོན་པ་ན། ཆོས་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པར་ཞལ་ནས་གསུངས་པ་ལ་སྡང་དབང་གིས་དེ་ལས་བཟློག་པའི་ཕྱིར་རོ། །དེས་ན་ཆོས་འདིའི་བརྒྱུད་ཚུལ་ཡང༌། རྗེ་སྒམ་པོ་པ་ནས་དུས་མཁྱེན་ཕྱིན་འདྲའོ། །བརྒྱུད་ཚུལ་གཉིས་པ་ནི། སློབ་དཔོན་ཀླུ། ཨཱརྱ་དེ་བ། ཟླ་གྲགས། རིག་པའི་ཁུ་བྱུག་ཆེ་ཆུང་སོགས་ནས་ཇོ་བོ་ཨ་ཏི་ཤ དགེ་བའི་བཤེས་གཉེན་སྟོན་པ་ཆེན་པོ། དེ་སྲས་སྤྱན་སྔ་བ་དང་བྱ་ཡུལ་པ་སོགས་བཀའ་གདམས་(༨བ)
ཀྱི་བླ་མ་དུ་མ་ལ་རྗེ་སྒམ་པོ་པས་གསན་པ་དང༌། ཡང་ན། པུ་ཏོ་བ་ནས་དྲང་སྲོང་ཆེན་པོ་ཤ་ར་བ། དེས་དཔལ་ལྡན་དུས་གསུམ་མཁྱེན་པ། དེ་ཕྱིན་འདྲའོ། །འོ་ན་རྗེ་བཙུན་མཻ་ཏྲི་པ་ནས་བརྒྱུད་པའི་ཕྱག་ཆེན་གྱི་མིང་ཅན་གྱི་དབུ་མའི་བཀའ་དང༌། ཇོ་བོ་ནས་བརྒྱུད་པའི་དབུ་མའི་བཀའ་འདི་གཉིས་ཀྱི་ཆོས་ཚུལ་གཅིག་གམ་ཞེ་ན། དོན་ལ་མི་གཅིག་པ་མེད་ཀྱང་འདིར་ནི་རྟོག་དཔྱོད་ཀྱི་སྒོ་ནས་གཏན་ལ་ཕབ་སྟེ། མེད་པར་དགག་པའི་ཆ་ལ་གསལ་སྣང་ཅུང་ཟད་ཐོབ་པའི་ཤེས་རབ་ཀྱིས་མཉམ་པར་འཇོག་ལ། དེར་ནི་བུད་ཤིང་ཟད་པ་ན་མེ་ཞི་བ་ལྟར་རྟོག་དཔྱོད་ཀྱི་ཤེས་རབ་ཉིད་ཀྱང་གཞི་མེད་རྩ་བྲལ་གྱི་སྒོ་ནས་གཏན་ལ་ཕབ་སྟེ། དགག་སྒྲུབ་གང་གིའང་དོན་ཅན་མ་ཡིན་པ་ཞིག་ལ་མཉམ་པར་འཇོག་པ་ནི་ཁྱད་པར་ཡིན་ཏེ། རྗེ་སྒམ་པོ་པ་བཀའ་གདམས་ལུགས་ཀྱི་དབུ་མའི་ཞི་ལྷག་གི་ལྟ་སྒོམ་ཚད་དུ་སྐྱེལ་པ་ཞིག་རྗེ་མི་ལའི་དྲུང་དུ་བྱོན་པ་ན་རྟོགས་པ་ཕུལ་བས། ཞི་གནས་ཀྱི་ཆ་ལ་དེ་ཀུན་ཇི་ལྟར་བཟང་ཡང་ཁམས་གོང་གི་རྒྱུ་ལས་མི་འདའ། ལྷག་མཐོང་གི་ཆ་དེ་ཀུན་ཡང་སྟོང་ཉིད་ཤོར་ས་བཞིར་འགྲོ་ཉེན་འདུག འོན་ཀྱང་བདེན་འཛིན་ལ་སོགས་དངོས་འཛིན་ཕྱོགས་རེ་ཙམ་གྱི་གཉེན་པོར་འགྲོ་ཡང༌། མཐར་འཛིན་ཐམས་ཅད་གཅོད་མི་ནུས་པས་ལྟ་སྒོམ་བཟང་བཟང་པོ་དེ་ཀུན་རང་ཡང་ཤེས་བྱའི་སྒྲིབ་པར་འགྲོ་ཉེན་ཡོད་པས་བསྒྲོགས་ན་ལྕགས་སྒྲོག་དང་གསེར་སྒྲོག་གིས་བསྒྲོགས་པ་ལ་ཁྱད་པར་མེད་ཅེས་གསུངས་ཤིང༌། ཕྱིས་རྗེ་སྒམ་པོ་པས་ཁོ་བོ་རྗེ་བཙུན་ཆེན་པོ་མི་ལ་དང་མ་མཇལ་ན་ལྷ་ཚེ་རིང་པོར་སྡོད་པ་ཞིག་ཏུ་སྐྱེ་ཉེན་གདའ་ཞེས་གསུངས་སྐད། བརྒྱུད་པ་གསུམ་པ་ནི། སློབ་དཔོན་ཟླ་བ་གྲགས་པ། དེའི་དངོས་སློབ་འཇམ་དཔལ་གྲགས་པ། དེ་ནས་དེ་བ་ཙནྡྲ། བྲམ་(༩ན)
ཟེ་རིན་ཆེན་རྡོ་རྗེ། པཱ་ར་ཧི་ཏ། ཧ་སུ་མ་ཏི། པ་ཚབ་ལོ་ཙྭ། རྗེ་དུས་གསུམ་མཁྱེན་པ། དེ་ཕྱིན་འདྲའོ། །འོ་ན་དབུ་མའི་ཆོས་ཚུལ་འདི་དང་ཇོ་བོ་ནས་བརྒྱུད་པའི་དབུ་མའི་ཆོས་ཚུལ་གཉིས་གཅིག་གམ་ཞེ་ན། གཅིག་པར་མ་ཟད་ཚིག་གི་ཟུར་འདི་ཕྱིན་པར་ཡོད་ཀྱང༌། འདིར་དབུ་མའི་ལྟ་བ་ཐོས་བྱུང་རྗེས་དཔག་གིས་གཏན་ལ་ཕབས་ནས་དེ་ལྟར་ཕབ་པའི་གཞལ་བྱའི་དོན་ལ་ཤེས་རབ་ཀྱིས་མཉམ་པར་འཇོག་པ་གཙོ་ཆེ་བ་ཡིན་ལ། དེར་ནི་ཐོས་བསམ་སྒོམ་པའི་རིག་པ་མཐའ་དག་གིས་གཏན་ལ་ཕབས་ནས། དེ་ལྟར་ཕབ་པའི་གཞལ་བྱའི་ཡུལ་ལ་ཡང་དམིགས་པ་མེད་པར་ཤེས་རབ་ཀྱིས་མཉམ་པར་འཇོག་པ་ཡིན་ནོ། །དབུ་མའི་སྒྲུབ་བྱེད་ཐོས་བསམ་སྒོམ་བྱུང་གི་ཤེས་རབ་མཆོག་དམན་དང༌། བསྒྲུབ་བྱ་ལ་གཞལ་བྱ་ཡོད་མེད་ལ་བསམས་ནས་རྨ་བྱ་བ་སོགས་རིགས་པར་སྨྲ་བ་ཁ་ཅིག་དབུ་མའི་སྐབས་སུ་དོན་སྒྲུབ་དང༌། ཐ་སྙད་སྒྲུབ་པར་བྱེད་པའི་དབུ་མ་པ་གཉིས་ལས། དོན་སྒྲུབ་བྱེད་ཀྱི་དབུ་མ་པ་དབུ་མ་པ་མཆོག་མིན་པ་དང༌། དོན་སྒྲུབ་པ་མིན་གྱི་ལོག་རྟོག་ཟློག་ཆེད་དུ་ཐ་སྙད་ཙམ་སྒྲུབ་པར་བྱེད་པའི་དབུ་མ་པ་དབུ་མ་པ་མཆོག་དང༌། དེ་དག་གིས་གཏན་ལ་ཕབ་པའི་བསྒྲུབ་བྱ་དབུ་མ་སྟེ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ལའང་རྗེས་དཔག་ཚད་མར་སོང་བ་དང༌། རིགས་ཤེས་ཚད་མར་སོང་བ་གཉིས་ཀྱི་ཁྱད་པར་ལས། ལུགས་དེ་གཉིས་ལ་མཆོག་དམན་ཡོད་པར་སྨྲའོ། །འོ་ན་ཇོ་བོའི་ལུགས་དང་པ་ཚབ་ལུགས་ཀྱི་དབུ་མའི་ལྟ་སྒོམ་བྱེད་ཚུལ་ལ་ཁྱད་པར་དེ་ལྟར་འབྱུང་བ་ཅི་ཞེ་ན། ཆོས་ལ་ཁྱད་པར་མེད་ཀྱང་དབུ་མའི་དོན་ལ་ནན་ཏན་དུ་བྱེད་པའི་གང་ཟག་དག་བརྩོན་ཤེས་ཀྱི་སྐལ་བ་ཆེ་ཆུང་ལས་ཡིན་ལ། ཡང་པ་ཚབ་རྗེས་འབྲངས་ལའང་(༩བ)
ཇོ་བོའི་དབུ་མའི་ལུགས་ལྟར་ལྟ་སྒོམ་བྱེད་པ་ཡེ་མི་སྲིད་པ་མིན་ཅིང༌། ཇོ་བོའི་རྗེས་འབྲངས་དག་ཀྱང་རྗེ་སྒམ་པོ་པའི་དབུ་མའི་ལུགས་ལྟར་ལྟ་སྒོམ་བྱེད་པ་ཡེ་མི་སྲིད་པ་ཡང་མ་ཡིན་ནོ། །གཉིས་པ་1དེང་སང་བོད་དུ་གྲགས་པའི་ཀླག་ལུང་དང་འབྲུ་སྦྱོར་འགོད་པ་གང་ལས་བརྒྱུད་པ་ནི། པ་ཚབ་ཡན་གོང་བཞིན་ལ། པ་ཚབ་ནས་ཞང་ཐང་སག་པ། འབྲོམ་དབང་ཕྱུག་གྲགས་པ། ཤེས་རབ་རྡོ་རྗེ། བསྟན་ཚུལ་དང་གྲགས་ལྡན་མཆེད་གཉིས། བདེ་བའི་ལྷ། ཇོ་བཙུན་དབུ་ར་པ། ཤེས་རབ་དཔལ། དར་མ་ཤེས་རབ། བང་སྟོན་ཤེས་རིན། བསོད་ནམས་སེང་གེ། བང་སྟོན་བསམ་བཟང༌། བང་སྟོན་གཞོན་བསམ། ཐང་ནག་པ། བཀྲས་སེང༌། གཞོན་ནུ་བཟང་པོ། གསས་ཁང་པ་ཆོས་གྲགས། ཐང་སག་པ་གཞོན་རྒྱལ། རྒྱལ་མོ་རོང་པ་ཆེན་པོ། བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། འབུམ་ཕྲག་གསུམ་པ། སྨྲ་བའི་དབང་ཕྱུག་ཀརྨ་ཕྲིན་ལས་པས་བདག་ཀརྨ་པའི་བཀའ་འབངས་ཆེས་དམན་པ་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ། །འོ་ན་སློབ་དཔོན་ཆེན་པོ་ཀླུ་ཞབས་ཡབ་སྲས་རྗེས་འབྲངས་དང་བཅས་པའི་དབུ་མའི་ཆོས་ཚུལ་ལས་ཁྱད་པར་དུ་གྱུར་པའི་སྔགས་ཀྱི་ཐེག་པའི་དབུ་མའི་ཆོས་ཚུལ་ཡོད་དམ་ཞེ་ན། མཐར་འཛིན་དང་སྤྲོས་འཛིན་གྱི་དགག་བྱ་བཀག་ནས་བསྒྲུབ་བྱ་ཅི་ཡང་མི་སྒྲུབ་པའི་སྤྲོས་བྲལ་གྱི་ཆ་ནས་ཁྱད་པར་མེད་ཀྱང༌། དེ་གཏན་ལ་འབེབས་བྱེད་ཀྱི་ཐབས་ལམ་དབུ་མའི་བྱེད་ལས་འགའ་ཞིག་དང༌། ཁྱད་པར་ལས་དང་པོ་པ་ལ་ཡིད་ཀྱི་རྩོལ་བ་མ་བྱས་པར་གསང་བའི་གསང་གནད་གཞན་བཅིངས་པས་རང་བྱུང་དུ་སྤྲོས་བྲལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཀྱི་ལྟ་བ་དང༌། དེ་རྟོགས་བྱེད་ཀྱི་ཡེ་ཤེས་འཆར་བ་ཡོད་མེད་དང༌། སྤྲོས་པ་དེ་གཞི་གང་གི་(༡༠ན)
སྟེང་དུ་གཅོད་པའི་གཞི་དབུ་མའི་ཆོས་ཅན་གྱི་ཁྱད་པར་འགའ་ཞིག་ལ་ལས་སུ་བྱེད་པ་ཡོད་མེད་དང༌། ཆོས་ཅན་ཀུན་རྫོབ་བདེན་པ་ལས་ཆོས་ཉིད་དོན་དམ་བདེན་པ་ཞེས་པའི་ཆོས་ཅན་ཞིག་གི་མིང་གིས་ཉེ་བར་བཏགས་ནས་དེ་ལ་བདེན་གཉིས་ཟུང་འཇུག་གི་སྐུ་དང་ཡེ་ཤེས་སུ་གནས་གྱུར་གྱི་འབྲས་བུ་ཐོབ་བྱར་ཡོད་མེད་ཀྱིས་འཇིག་པ་འདི་ནི་ཁོ་བོས་སྔ་གོང་ཞིག་ནས་རྟོགས་པ་ཡིན་ཀྱང༌། རྗེ་རས་པ་ཆེན་པོའི་དགོངས་པ་ཅུང་ཟད་མཁྱུད་པས་བཤད་དུ་མ་སྤོབས་ལ། ཕྱི་ཞིག་ནས་དགོངས་པའི་མཁྱུད་པ་ཉིད་གྲོལ་བས་འདིར་དཔྱིས་ཕྱིན་དུ་བཤད་དོ། །དེ་ལས་གཞན་དུ་མདོ་སྔགས་ཀྱི་དབུ་མའི་ལྟ་བའི་ཁྱད་པར་ལ། ཇོ་ནང་པས། ཐལ་རང་སོགས་ངོ་བོ་ཉིད་མེད་སྨྲའི་དབུ་མ་དེ་རང་སྟོང་ཆུ་ཤིང་ལྟར་སྙིང་པོ་མེད་ཅིང་རྟག་པ་མ་ཡིན་པས་འཁོར་ལོ་ཐ་མ་དང་གསང་སྔགས་ནས་བཤད་པའི་དབུ་མའི་ལྟ་བ་མ་ཡིན་ཏེ། གཞན་སྟོང་འདུས་མ་བྱས་རྟག་པ་རང་བྱུང་རྟེན་འབྲེལ་ལས་འདས་པའི་དོན་དམ་བདེན་པ་མ་ཡིན་པའི་ཕྱིར། དེ་ལྟར་ནའང་ལུགས་དེ་དག་གི་ལྟ་སྒོམ་སྟོན་པས་མ་གསུངས་པའང་མ་ཡིན་ཅིང༌། དེ་ལྟར་ཉམས་སུ་ལེན་པ་དོན་མེད་པའང་མ་ཡིན་ཏེ། ཀུན་རྫོབ་རང་སྟོང་དེ་ལས་བཟློག་པའི་ཞེན་ལྟ་སེལ་བའི་ཆེད་ཙམ་ལ་ཕན་པའི་ཕྱིར། དེ་ལྟར་ནའང་དེ་ཁོ་ན་ལ་ལྟ་སྒོམ་བྱེད་པ་བྱང་ཆུབ་ཆེན་པོའི་ངེས་ལེགས་ཀྱི་རྒྱུར་གྱུར་པའི་སྟོང་ཉིད་མཆོག་དེ་ནི་མ་ཡིན་ཏེ། སྟོང་ཉིད་དེ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་མ་ཡིན་པའི་ཕྱིར། ཞེས་ཟེར་རོ། །ཟི་ལུང་མཆོག་ལྡན་པས། མདོ་སྔགས་ཀྱི་དབུ་མ་ལ་ལྟ་བས་སྦྲོས་པ་གཅོད་པ་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡོད་མེད་སོགས་མཐའ་བཞིའི་སྐྱེ་བ་བཀག་ནས་མེད་པར་དགག་པ་ལ་ཁྱད་པར་མེད་ཀྱང༌། སྒོམ་(༡༠བ)
པས་ཉམས་སུ་ལེན་པ་ན་ཁྱད་ཡོད་དེ། ཡོད་མེད་སོགས་དེ་ལྟར་གང་ལ་དགག་གཞི་གཉིས་མེད་ཀྱི་ཡེ་ཤེས་འོད་གསལ་བ་ཁ་ནང་ཁོ་ནར་ཕྱོགས་པའི་མྱོང་བ་ཁྱད་པར་ཅན་དེ་སྔགས་ཀྱི་ཐབས་ཟབ་མོས་ཟིན་པའི་ཆ་ནས་སྔགས་ཀྱི་དབུ་མ་དང༌། དེ་སྔགས་ཀྱི་ཐབས་ཟབ་མོས་མ་ཟིན་ཀྱང་གང་ལས་ཉམས་སུ་མྱོང་བའི་ལྟ་བ་དེ་ནི་ངོ་བོ་ཉིད་མེད་སྨྲའི་དབུ་མའི་ལྟ་བ་ལས་ཁྱད་པར་དུ་གྱུར་པ་ཅན་གྱི་དབུ་མའི་ལྟ་བ་ཡིན་ཏེ། རྗེ་བཙུན་བྱམས་པའི་ཆོས་ཕྱི་མ་ནས་བཤད་པའི་དབུ་མའི་ལྟ་བ་བླ་ན་མེད་པ་དེ་ཡིན་པའི་ཕྱིར། ལུགས་འདི་ལ་རྣམ་རྗུན་དབུ་མ་པ་ཞེས་ལུང་དང་རིགས་པས་གྲུབ་པའི་ཕྱིར་དེར་འདོགས་དགོས་ལ། བོད་རྣམས་སེམས་ཙམ་རྣམ་རྫུན་པ་ཞེས་སེམས་ཙམ་པར་སྐྱེལ་བ་མི་རིགས་ཏེ། རྣམ་བདེན་རྣམ་རྫུན་པའམ་སེམས་ཙམ་པ་དང་དབུ་མ་པའི་ཁྱད་པར་ནི། རྣམ་ཤེས་བདེན་གྲུབ་པར་ཁས་ལེན་པ་དང༌། ཡེ་ཤེས་བདེན་གྲུབ་ཏུ་ཁས་ལེན་པ་ཞེས་བྱ་བ་འདི་ཁྱད་པར་གཅིག་དང༌། ཕྱི་དོན་ལ་བལྟོས་པའི་གཟུང་འཛིན་རྫས་གཞན་ཁས་མི་ལེན་པར་འདྲ་ཡང༌། ནང་ཤེས་པ་ལ་བལྟོས་པའི་གཟུང་འཛིན་རྫས་གཞན་ཁས་ལེན་པ་དང་མི་ལེན་པ་ཞེས་བྱ་བའི་ཁྱད་པར་གཅིག་དང༌། ཡང་དག་མིན་པའི་ཀུན་རྟོག་གམ་གཟུང་རྣམ་བདེན་གྲུབ་ཁས་ལེན་པ་དང༌། སྒྱུ་མ་ལྟ་བུར་ཁས་ལེན་པ་ཞེས་པའི་ཁྱད་པར་གཅིག་དང༌། སྣང་བ་ཐམས་ཅད་སེམས་སུ་ཁས་ལེན་པ་དང༌། སྣང་བ་ཐམས་ཅད་ཆོས་དབྱིངས་སུ་ཁས་ལེན་པའི་ཁྱད་པར་རོ། །འདིའི་ཆོས་དབྱིངས་ནི་ངོ་བོ་ཉིད་མེད་སྨྲ་བས་མེད་དགག་ནམ་མཁའ་ལྟ་བུ་ལ་འདོད་པ་དེ་ལ་མི་བྱ་བར་སེམས་རང་བཞིན་འོད་གསལ་ལ་བྱ་ཞིང༌། སེམས་ལའང་ཀུན་རྫོབ་དོན་དམ་གཉིས་ཡོད་པའི་ཕྱི་མ་ལ་བྱ་ལ། དེ་གཉིས་ཀྱི་ཁྱད་པར་ཡང་(༡༡ན)
གཟུང་འཛིན་གཉིས་སྣང་གི་རྣམ་ཤེས་དང་གཉིས་མེད་ཀྱི་ཡེ་ཤེས་ཏེ། དེ་ལས་ཕྱི་མའི་དབང་དུ་བྱས་པའོ། །ཞེས་ཟེར་རོ། །བོ་དོང་པ་ཆེན་པོ་ནི། ཤིན་ཏུ་དཔྱད་པ་ན་མདོ་སྔགས་ཀྱི་ལྟ་བ་སྤྲོས་བྲལ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་དཔྱད་བཟོད་དུ་གྲུབ་པ་འགའ་ཡང་མེད་པའི་ཕྱིར། དེ་ལྟར་ནའང་ཅུང་ཟད་དཔྱད་པ་ན་སྔགས་ཀྱི་དབུ་མ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་དོན་དམ་བདེན་པའམ་རྡོ་རྗེ་ཐེག་པ་པ་དག་གི་རྣལ་འབྱོར་ཀུན་རྫོབ་དྭངས་མ་མི་ཤིགས་ཁྱད་པར་གསུམ་ལྡན་གྱི་ངོ་བོ་དང༌། བདག་ཉིད་དང༌། བྱེད་པ་པོར་གྱུར་པ་དག་གིས་སྐུ་གསུམ་སོགས་ཐོབ་བྱ་རྣམས་སྒྲུབ་པར་བྱེད་ཅིང༌། དེ་ལྟར་བྱེད་པ་པོའི་དྭངས་མའི་གང་ཟག་དང་བེམས་པོ་ལ་སོགས་ཀྱང་ཡོད་ལ། མ་དཔྱད་པ་ན་ཇི་ལྟར་གྲགས་པ་ལྟར་འཇོག་གོ། །དེ་ལྟ་བུའི་དྭངས་མའི་གང་ཟག་དང་ཆོས་ཀྱི་བྱེད་པོ་དང་བདག་པོའི་ངོ་བོར་འཇོག་ཀྱང་གང་ཟག་དང་ཆོས་ཀྱི་བདག་བདེན་ནི་མེད་དེ། ཆོས་ཐམས་ཅད་ལ་ཁྱབ་པའི་བདག་མེད་པ་ཁས་ལེན་དགོས་པའི་ཕྱིར། ཞེས་ཟེར་རོ། །ཤར་ཙོང་ཁ་པ་ནི། བློ་རྟོག་པས་ཕར་བཞག་མིན་པའི་ཡུལ་རང་ངོས་ནས་གྲུབ་པའི་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་ལ་མདོ་སྔགས་ཀྱི་དབུ་མའི་ལྟ་བ་ལ་མཆོག་དམན་མེད་ཀྱང༌། དེ་ངེས་བྱེད་ཤེས་རབ་མའི་རེག་བྱ་ཚོར་བ་དེས་ལྟ་བ་དེ་རྟོགས་བྱེད་ཡོད་མེད་ལ་མདོ་སྔགས་ཀྱི་ལམ་མཆོག་དམན་ཆེས་ཆེ་བ་ཡིན་ཏེ། མདོར་དེ་མེད་པས་དེ་ཇི་ལྟ་བར་རྟོགས་མི་ནུས་པ་དེ་ཙམ་གྱིས་ཤེས་སྒྲིབ་ཕྲ་མོ་ཡང་བཅོམ་མི་ནུས་ལ། སྔགས་ལམ་དུ་དེས་ཇི་ལྟ་བར་རྟོགས་ནས་ཤེས་སྒྲིབ་ཕྲ་མོ་ཡང་བཅོམ་ནུས་པའི་ཕྱིར། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ལ་མདོའི་ལམ་ལ་(༡༡བ)
སྔགས་ལམ་བསྣོན་མར་མ་བཏབ་ན་མདོ་ལམ་ཁོ་ནས་འཚང་རྒྱ་བར་མི་ནུས་ལ། གནད་འདི་ཙོང་ཁ་པ་ཉིད་འཇམ་དབྱངས་དང་མཇལ་ནས་ཀྱང་ཕྱིས་དབེན་པ་སོགས་བསྟེན་ནས་ཐུགས་དམ་ལ་སྐྱེད་ཆེན་པོར་བོགས་མ་ཐོན་གྱི་བར་དུ་ཐུགས་སུ་མ་བྱོན་པས། སྔགས་ལམ་རིམ་བརྩམས་དུས་དང་རིམ་ལྔ་གསལ་སྒྲོན་བརྩམས་དུས་གཉིས་ཐུགས་དམ་རྩལ་རྫོགས་མ་རྫོགས་ཀྱི་ཁྱད་པར་ལས། སྔགས་དོན་གྱི་ཟབ་ཁྱད་ཞིབ་མོ་རྣམས་རིམ་ལྔ་གསལ་སྒྲོན་ཉིད་དུ་དཔྱིས་ཕྱིན་པའི་ཟུར་ཐོན་པ་ཡིན་ནོ། །ཞེས་སྨྲའོ། །དེ་ལ་དང་པོ་མི་འཐད་དེ། མདོ་སྔགས་ཀྱི་དབུ་མ་མཐའ་དག་གིས་དགག་པར་བྱ་བའི་དོན་པོ་རྟག་ཆད་ཀྱི་མཐའ་ཆེན་པོ་འདི་གཉིས་ཡིན་ཏེ། འདིར་མ་འདུས་པའི་མཐའ་གཞན་མེད་པའི་ཕྱིར་ཏེ། དངོས་སུ་གཉིས་དང༌། ཤུགས་ལས་དེ་གཉིས་ཡིན་གྱི། ཕུང་གསུམ་དང་གཉིས་མིན་གྱི་ཕུང་གསུམ་སྟེ། མཐའ་བཞི་པོ་འདི་དང་བྲལ་ན་མཐར་འཛིན་གྱི་ལྷག་མ་ཅུང་ཟད་ཀྱང་མི་ལུས་པའི་ཕྱིར། དེས་ན་ཁྱེད་ཅག་དངོས་སུ་གཞན་སྟོང་དོན་དམ་བདེན་པ་འདུས་མ་བྱས་རྟག་པ་ལ་བྱས་པས། དེའི་དབང་གིས་རྟག་པ་ལ་བྱ་བ་མེད་པས་དོན་དམ་བདེན་པ་ལས་བརྩམས་པའི་བྱ་བྱེད་ལས་གསུམ་རྒྱུན་ཆད་པར་འགྱུར་ཞིང༌། དེ་ཆད་ན་དོན་དམ་བདེན་པ་རྟོགས་པ་ལས་བརྩམས་པའི་རྣམ་གྲོལ་རྒྱུན་ཆད་པར་འགྱུར་ལ། དེ་ཆད་ན་འཁོར་བའི་ཆོས་ཀྱང་རྒྱུན་ཆད་པར་འགྱུར་ཏེ། འཁོར་བ་ཀུན་རྫོབ་པ་ནི་དོན་དམ་མྱང་འདས་ལ་འཁྲུལ་ནས་ཕྱིན་ཅི་ལོག་ཏུ་བྱུང་བར་འདོད་པ་གང་ཞིག དོན་དམ་མྱང་འདས་ནི་ཡོད་དུ་མི་རུང་བའི་ཁྱད་པར་ཁས་ལེན་དགོས་བྱུང་ཞིང༌། མྱང་འདས་མེད་ན་དེར་བལྟོས་ཀྱི་འཁོར་བ་ཡང་མེད་པས་ཆད་པར་ཁས་མི་ལེན་ཀ་མེད་དུ་འགྱུར་བའི་ཕྱིར། དེ་(༡༢ན)
ལས་ཅིར་འགྱུར་སྙམ་ན། ཅི་མདོ་སྔགས་ཀྱི་དབུ་མའི་ཆོས་ཚུལ་མཐའ་དག་ཏུ་རྟག་ཆད་ཀྱི་སྒྲོ་སྐུར་དྲུངས་ཕྱུང་སྟེ་དབུ་མའི་དོན་ལ་འཇུག་པར་བཤད་པ་དེ་མི་འཐད་པར་ཐལ། དངོས་སུ་དོན་དམ་བདེན་པ་མ་བྱས་པའི་རྟག་པ་དེ་དབུ་མ་མཆོག་གི་ལུགས་ཡིན་པར་ཁས་བླངས་ཤིང༌། དེ་བླངས་པའི་ཤུགས་ལ་དོན་དམ་བདེན་པ་འདུས་མ་བྱས་པའི་ཆད་པའང་དོན་གྱིས་ཁས་ལེན་དགོས་སུ་གྲུབ་པའི་ཕྱིར། རྟགས་ཁྱབ་རྫོགས་པའི་སངས་རྒྱས་ཀྱིས་མཛད། འདོད་ན། མདོ་སྔགས་ཀྱི་དབུ་མའི་གསུང་རབ་ཐམས་ཅད་དུ་རྟག་ཆད་མཐར་ལྟར་གསུངས་པ་དོན་མེད་པའམ་དྲང་བའི་དོན་ཅན་གང་རུང་ཞིག་ཏུ་འགྱུར་ཞིང༌། དང་པོ་ལྟར་ན། གསུང་རབ་དེ་དག་རྫོགས་པའི་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འགྱུར་ལ། གཉིས་པ་ལྟར་འདོད་དེ། རྟག་ཆད་ཀྱི་མཐའ་བཀག་པ་དེ་ཀུན་རྫོབ་བདེན་པ་ལ་དགོས་ཀྱི། དོན་དམ་བདེན་པ་ལ་མི་དགོས་སྙམ་ན་ནི། འདོད་པ་དེའི་ཕྱིར་རྫོགས་པའི་སངས་རྒྱས་དེས་རྟག་ཆད་དང་བཅས་པའི་ཆ་དོན་དམ་བདེན་པ་དང༌། དེ་བྲལ་བའི་ཆ་ཀུན་རྫོབ་བདེན་པར་བཞེད་པར་འགྱུར་ལ། དེ་ལྟར་ན་སྟོན་པ་སངས་རྒྱས་མི་འཇིགས་པར་དམ་བཅའ་བ་པོ་མ་ཡིན་པར་འགྱུར་ཏེ། དེའི་ངེས་དོན་གྱི་གསུང་རབ་ཏུ་རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་དོན་དམ་བདེན་པར་བཤད་པ་ལས། སྟོན་པས་རྟག་ཆད་ཀྱི་མཐའ་བྲལ་དེ་ཀུན་རྫོབ་བདེན་པར་འཇོག་བྱེད་དང༌། རྟག་ཆད་ཀྱི་མཐའ་གཉིས་ཡིན་ལོག་པའི་ཀུན་རྫོབ་ཙམ་དུའང་མི་རུང་ཞིང་ཤེས་བྱ་ལ་མི་སྲིད་པ་དེ་དོན་དམ་པའི་བདེན་པར་བཞེད་དོ་ཞེས། ཁྱེད་འདོད་པ་དེ་ལྟར་བདེན་ན། སྟོན་པ་བཅོམ་ལྡན་འདས་ནང་འགལ་བླ་ན་མེད་པ་སྨྲ་བ་པོར་འགྱུར་བའི་ཕྱིར། རྟགས་ཁྱབ་(༡༢བ)
ཚད། འདོད་ན། ཅི་ཁྱེད་ཅག་ཤཀྱཱའི་རྒྱལ་པོའི་རིང་ལུགས་ལས་གྲུབ་པའི་བདུད་རྩི་མཆོག་ཐོབ་པར་ཁས་འཆེ་བ་དེ་མི་རིགས་པར་འགྱུར་ཏེ། ཤཱཀྱ་ཐུབ་པ་འདི་མི་འཇིགས་པར་དམ་བཅའ་བའི་སྟོན་པ་སངས་རྒྱས་མ་ཡིན་པར་ནང་འགལ་སྨྲ་བ་པོར་ཁས་བླངས་པའི་ཕྱིར། ཁྱབ་པ་མེད་སྙམ་ན་ཡོད་པར་གྲུབ་སྟེ། ཤཱཀྱའི་རིང་ལུགས་ཀྱིས་གྲུབ་པའི་བདུད་རྩི་མཆོག་ཐོབ་པ་དེ་གྲུབ་པའི་བདུད་རྩི་མཆོག་ཡིན་པར་མ་ངེས་པའི་ཕྱིར་ཏེ། ནང་འགལ་སོགས་ནོར་འཁྲུལ་སྨྲ་བའི་སྟོན་པའི་ངག་གི་རྗེས་སུ་ཞུགས་ནས་ཉམས་སུ་བླངས་པས་ཐོབ་པའི་ཆོས་ཡིན་པའི་ཕྱིར། དབང་ཕྱུག་གིས་བྱིན་པའི་མཆོག་བཞིན་ནོ། །དེས་ན་འདི་ལ་བུའི་ལུགས་འཛིན་པ་ནི་ཅི་ཞིག་གི་ཆེད་དུ་ཡིན། ཀྱེ་མ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་སྨྲས་མོད། ཚིག་ཙམ་ལས་དོན་དུ་འགྱུར་བ་ཅུང་ཟད་ཀྱང་ག་ལ་ཡོད་དེ། འདུས་མ་བྱས་པ་དང་རྟག་པ་ལ་རྣམ་པ་ཡོད་ན་རི་བོང་གི་རྭའི་ཁང་བཟང་གི་ནང་དུ་ནམ་མཁའི་པདྨ་དང་ནོར་བུས་བརྒྱན་ནས་སྡོད་པར་གྱིས་ཤིག དོན་དམ་པ་རྟེན་འབྲེལ་ལས་འདས་ན་རྟེན་འབྲེལ་གྱི་རྟགས་ཀྱིས་ཆོས་ཐམས་ཅད་སྟོང་ཉིད་དུ་སྒྲུབ་པར་རྒྱལ་བ་སྲས་དང་བཅས་པ་དག་གིས་མཛད་པའི་ཕྱོགས་ཆོས་མ་གྲུབ་པར་འགྱུར་བ་དང༌། རྟེན་འབྲེལ་གྱི་ཚུལ་བལྟོས་ནས་འབྱུང་བའི་དོན་ཅན་ཡིན་པས་དོན་དམ་འདུས་མ་བྱས་དང༌། རྟག་པ་ཡིན་ན་དེ་ཡང་འདུས་བྱས་དང༌། མི་རྟག་པ་ལ་བལྟོས་ནས་རྟག་པ་དང་འདུས་མ་བྱས་པར་འཇོག་དགོས་པས། དོན་དམ་བདེན་པ་རྟེན་འབྲེལ་མ་ཡིན་པའང་རང་ཚིག་གིས་རང་གི་དམ་བཅའ་སུན་ཕྱུང་བར་བྱས་པ་དང༌། ངག་དོན་ཁྱོད་ཀྱི་དོན་དམ་བདེན་པ་རྟག་པ་དང་འདུས་མ་བྱས་པ་དེ་མངོན་རྗེས་ཀྱི་ཚད་མ་གཉིས་ཀས་རྟོགས་བྱར་(༡༣ན)
མི་འཐད་དེ། རྟག་པ་དང་འདུས་མ་བྱས་པའི་སྤྱི་མཚན་གྱི་ཆོས་རྟོགས་པའི་རྗེས་དཔག་ཡང་དག་ཡོད་ཀྱང་དེ་ལྟའི་རྟག་སོགས་དེ་དོན་དམ་བདེན་པ་མིན་པའི་ཕྱིར་དང༌། རྟག་པ་དང་འདུས་མ་བྱས་པའི་རང་མཚན་གྱི་ཆོས་ཡོད་པར་རྟོགས་ན་ལོག་ཤེས་སུ་འགྱུར་ལ། ཁྱོད་ཀྱིས་དོན་དམ་བདེན་པ་འདུས་མ་བྱས་དང་རྟག་པ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྨྲས་པའི་ཕྱིར། མངོན་སུམ་ཚད་མས་རྟོགས་ན་གཞལ་བྱར་ཡོངས་སུ་གཅོད་པའི་སྒོ་ནས་རྟོགས་དགོས་པ་ལས། རྟག་པ་དང་མ་བྱས་པའི་ཆོས་མངོན་སུམ་གྱིས་འཇལ་བར་མི་ནུས་པའི་ཕྱིར་ཏེ། དེ་མངོན་སུམ་གྱིས་རྟོགས་པར་ཡང་མི་འགྱུར་ཏེ། ནམ་མཁའ་མངོན་སུམ་གྱི་བཟུང་བྱར་མེད་པ་བཞིན་ནོ། །དེས་ན་ཁྱེད་འདོད་པའི་དོན་དམ་བདེན་པ་དེ་ལྟ་བུ་ནི་ཐར་པ་འདོད་པ་གང་གིའང་རྟོགས་བྱར་མི་འགྱུར་བ་ཉིད་དུ་སྨྲ་དགོས་པར་འགྱུར་རོ། །འོ་ན་ཁྱོད་རང་ལ་ཡང་དེར་འགྱུར་ཏེ། ཁྱོད་རང་ཡང་དོན་དམ་བདེན་པ་བློའི་ཡུལ་ལས་འདས་པར་སྨྲ་བའི་ཕྱིར་ཞེ་ན། མི་མཚུངས་ཏེ། ཁོ་བོས་དོན་དམ་རྟོགས་བྱར་མ་བྱུང་བར་རྟོགས་པ་ཉིད་ཀྱིས་དེ་ཉིད་རྟོགས་པར་འཇོག་པའི་ཕྱིར། དཔེར་ན། དངོས་ཆོས་མངོན་རྗེས་ཀྱི་ཚད་མའི་ཡུལ་དུ་མ་བྱུང་བ་ན་ནམ་མཁའི་དེ་ཉིད་ཁོང་དུ་ཆུད་པར་འཇོག་པ་བཞིན་ནོ། །ཁྱོད་ཀྱི་ཕྱོགས་ལ་དེ་ལྟར་མི་རུང་ཞིང༌། ཁྱེད་དོན་དམ་བདེན་པ་ཀུན་རྫོབ་བདེན་པའི་བློ་ཡུལ་ལས་འདས་ཤིང༌། དོན་དམ་བདེན་པའི་བློ་ཡུལ་ལས་མ་འདས་པར་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་གཞལ་བྱར་ཡང་འདོད་ལ། དེ་ལྟར་ན་ཡུལ་དང་ཡུལ་ཅན་གཞལ་བྱ་དང་འཇལ་བྱེད་དུ་སོང་བ་ན་དེ་གཉིས་ཕྲད་དམ་མ་ཕྲད། ཕྲད་ན་འདུས་མ་བྱས་ལས་ཉམས། མ་ཕྲད་ན་དེས་དེ་རིག་པར་ཇི་ལྟར་(༡༣བ)
འཇོག འདི་ལྟར་དཔྱད་པ་ན་དོན་དམ་བདེན་པ་དཔྱད་བཟོད་ཀྱི་ཡུལ་མིན་ནོ་ཞེས་སྨྲ་ན། དོན་དམ་བདེན་པའང་སྒྱུ་མ་ལྟར་རྒྱལ་བའི་ཡུམ་སོགས་ནས་བཤད་པས་དེ་ཇི་ལྟར་དཔྱད་དུ་མི་རུང་བའི་ཆོས་སུ་གྲུབ། གང་སྟོན་པ་བདེ་བར་གཤེགས་པས་དོན་དམ་པ་སྟོང་པ་ཉིད་དུ་གསུངས་པའི་ཕྱིར། དོན་དམ་དཔྱད་བཟོད་ཀྱི་ཡུལ་དུ་གྲུབ་པ་ལས། དཔྱད་བཟོད་ཀྱི་ཡུལ་དུ་མ་གྲུབ་ན། དོན་དམ་སྟོང་ཉིད་དུའང་མི་འགྲུབ་པས། ཁྱེད་སྨྲ་བ་དེ་ནི་རིགས་པ་འཐད་ལྡན་གྱི་དཔུང་མ་བཟོད་པ་ན་ལན་འདེབས་ཀྱི་སྤོབས་པ་དང་བྲལ་བས་བདག་གིས་དོན་འདི་ལས་ཆ་མ་འཚལ་ལོ། །ཞེས་དོན་གྱིས་འཕེན་པའི་སྒྱུ་ཚིག་ཏུ་ཟད་དོ། །འདོད་པ་གཉིས་པ་དེ་ཡང་མི་འཐད་དེ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་འབྱུང་བས་དབུ་མའི་རིགས་པས་སེམས་ཙམ་རྣམ་བདེན་རྫུན་གྱི་གྲུབ་པ་ལ་གྲགས་པའི་བདེན་གྲུབ་སོགས་སྤྲོས་མཐའ་ཐམས་ཅད་བཀག་ཟིན་པའི་རྗེས་ལ། སེམས་ཙམ་པའི་ནང་གསེས་ཀྱི་མཐར་ལྟ་ཞིག་དབུ་མའི་དོན་དུ་ངལ་བ་ཆེན་པོས་བསྒྲུབས་ན། དེ་ལྟར་སྒྲུབ་པའི་དབུ་མ་པ་དེ་ལས་ཆེས་མི་རིགས་པར་སྨྲ་བ་ཅི་ཞིག་ཡོད་པའི་ཕྱིར། དཔེར་ན། སེམས་ཙམ་པ་ཞིག་མདོ་སྡེ་པ་འདོད་པའི་ཕྱི་དོན་གྱི་ཁྱད་པར་མ་ལུས་བཀག་ཟིན་པའི་རྗེས་ལ། སླར་རྣམ་རིག་མིན་པའི་ཕྱི་དོན་གྱི་གཟུགས་ཞིག་སེམས་ཙམ་པའི་གྲུབ་མཐར་ངལ་བ་ཆེན་པོས་བསྒྲུབས་ན། དེ་ལྟར་སྒྲུབ་པའི་སེམས་ཙམ་པ་ལས་མཚར་ཆེ་བ་ཅི་ཞིག་ཡོད་པ་བཞིན་ནོ། །དེས་ན་ཁྱེད་ཀྱི་དབུ་སེམས་ཀྱི་འབྱེད་བྱེད་ཀྱི་ཁྱད་པར་དེ་དག་ནི་བློ་རྩེ་གཏད་ས་གཏིང་ཚུགས་འདི་ལྟ་བུའོ་ཞེས་མེད་བཞིན་དུ་ཁ་ཞེ་མ་མཐུན་པའི་ཟོལ་ཚིག་དམ་པའི་ལས་སུ་མ་གྱུར་པ་འབའ་ཞིག་བརྗོད་པར་ཟད་དེ། (༡༤ན)
ཁྱད་པར་འབྱེད་བྱེད་བར་པ་གཉིས་སེམས་ཙམ་རྣམ་བདེན་རྫུན་གྱི་ཁྱད་པར་དབུ་སེམས་ཀྱི་ཁྱད་པར་འབྱེད་བྱེད་དུ་སྨྲས་པས། གྲུབ་མཐའི་རྣམ་གཞག་སངས་རྒྱས་ཀྱི་བསྟན་པ་དང་མི་མཐུན་པའི་ཕྱིར། ཐུབ་ཚུལ་བཤིག་པར་བྱེད་པ་ནི་རྣམ་པར་དཀར་བའི་བགྱི་བ་མིན་པར་འཁུམས་ཏེ། སེམས་ཙམ་པ་དང་དབུ་མ་པའི་འདོད་པའི་ཁྱད་པར་ཡིན་ངོ་ཤེས་པ་དེ་ཁྱོད་ཀྱིས་ཅུང་ཟད་ཀྱང་མ་བཤད་པར་དེའི་ཁྱད་པར་འབྱེད་བྱེད་མིན་པ་དུ་མ་དེའི་ཁྱད་འབྱེད་བྱེད་དུ་བཀོད་སྣང་བའི་ཕྱིར། འོ་ན་དེའི་ཁྱད་འབྱེད་བྱེད་དངོས་དེ་གང་ཞེ་ན། སེམས་ཙམ་པས་སེམས་དང་ཤེས་པ་དང་རིག་པ་དང་བློ་དང་མཁྱེན་པ་དང་ཡེ་ཤེས་དོན་གཅིག་མིང་གི་རྣམ་གྲངས་པ་ཞིག་དོན་དམ་བདེན་པར་གྲུབ་པ་ཤེས་བྱ་ཡོངས་གྲུབ་ཀྱི་མཚན་ཉིད་ཅན་དུ་འདོད་ལ། ཤེས་བྱ་ཡོངས་གྲུབ་ཀྱི་མཚན་ཉིད་དེ་ལྟར་འཇོག་ན་རྟག་ཆད་ཀྱི་མཐར་ལྷུང་བས་རྟག་ཆད་ཀྱི་མཐའ་སྤངས་ཏེ་གྲུབ་མཐའ་དེ་ལས་ཕུལ་དུ་བྱུང་བར་སྨྲ་བ་དེ་དབུ་མ་པའོ། །སེམས་དོན་དམ་བདེན་གྲུབ་པར་འདོད་པ་གཞིར་བྱས་ཀྱི་གྲུབ་མཐའ་ལ་རྣམ་པ་ཡོད་མེད་གཉིས་སུ་བྱུང་བ་ནི། དང་པོས་ཕྱི་དོན་ལ་བལྟོས་པའི་གཟུང་འཛིན་གཉིས་མེད་པས་དེར་བལྟོས་ཀྱི་ཆོས་ཐམས་ཅད་སེམས་ཙམ་དུ་ཁས་ལེན་ཀྱང་ནང་ཤེས་པ་ལ་བལྟོས་པའི་དོན་གྱི་རྣམ་པའི་གཟུང་འཛིན་རྫས་གཞན་ཁས་ལེན་ལ། གཉིས་པས་དེ་ལྟར་ན་ནང་ཤེས་པ་ལ་བལྟོས་པའི་གཟུང་འཛིན་རྫས་གཞན་ཁས་བླངས་པས་ཆོས་ཀྱི་བདག་མེད་མི་འབྱུང་བས་རྣམ་པ་དེ་དག་སྐྲ་ཤད་ལྟར་བརྫུན་པ་ཉིད་དུ་སྨྲས་ནས་གཉིས་མེད་ཀྱི་ཡེ་ཤེས་སམ་རྣམ་ཤེས་ཉིད་བདེན་གྲུབ་པར་སྨྲའོ། །དེའི་དང་པོ་ལ་སྒོ་ང་ཕྱེད་ཚལ་པ་དང༌། གཟུང་འཛིན་གྲངས་མཉམ་པ་དང༌། སྣ་ཚོགས་གཉིས་མེད་པ་གསུམ་བྱུང་ལ། གཉིས་པ་(༡༤བ)
ལ་ཡེ་ཤེས་དེ་ལ་གཟུང་འཛིན་གྱི་རྣམ་པས་མ་གོས་ཀྱང༌། དེ་ལྟའི་ཀུན་མཁྱེན་ཡེ་ཤེས་ལ་ཡུལ་སྣང་མི་སྣང་ལས་དྲི་བཅས་རྣམ་རྫུན་དང་དྲི་མེད་རྣམ་རྫུན་པ་གཉིས་བྱུང་བ་ཡིན་ནོ། །སེམས་རིག་པ་ཤེས་པ་བློ་སོགས་དོན་གཅིག་མིང་གི་རྣམ་གྲངས་པར་བརྗོད་པ་ལ་སོགས་པའི་ཆོས་འགའ་ཡང་བདེན་པར་མ་གྲུབ་པའི་ཕྱོགས་ལ་སེམས་ལ་འཆར་བའི་རྣམ་པ་མེད་པར་སྨྲ་བ་ཙམ་གྱིས་དབུ་མར་འཇོག་བྱེད་ཡང་དག་པར་ཅིས་འགྲོ་སྟེ། ཆོས་ཐམས་ཅད་བདེན་པ་སོགས་སྤྲོས་པ་དང་བྲལ་བས་དབུ་མ་དེར་མ་གྲུབ་ན་ནི་རྣམ་པ་དེར་སྨྲས་པ་ཙམ་གྱིས་ནི་དེ་མི་འགྲུབ་ལ། ཆོས་ཐམས་ཅད་དེ་ལྟར་མ་གྲུབ་པར་མ་སྨྲས་ན་ནི་རྣམ་པ་ཙམ་དེར་སྨྲས་པས་ནི་དབུ་མ་པར་མི་འགྲུབ་པའི་ཕྱིར། མ་གྲུབ་ན་དབུ་སེམས་ཀྱི་ཁྱད་པར་དུ་ས་ཕྱོགས་དག་པར་བུམ་པའི་དོན་བདེན་པར་གྲུབ་པ་དང་མ་གྲུབ་པར་འདོད་པ་ལས་སེམས་ཙམ་པ་དང་དབུ་མ་པའི་ཁྱད་པར་འཇོག་རིགས་པར་འགྱུར་ཏེ། ཁྱོད་ཀྱི་རྟགས་མ་གྲུབ་ཀྱི་ལན་འདེབས་དེ་འདིར་ཡང་མཚུངས་པའི་ཕྱིར། དེས་ན་རྣམ་རྫུན་པ་དབུ་མར་སྨྲས་པས་རང་ཚིག་འགལ་བ་ཉིད་ཀྱིས་རང་གི་ཞེན་དོན་དྲུངས་ཕྱུང་བར་བྱས་པ་ཡིན་ནོ། །འོ་ན་རྣམ་རྫུན་པ་དེ་གྲུབ་མཐའ་སྨྲ་བ་བཞི་གང་དུ་སྡུད། དབུ་མར་སྡུད་དོ་སྙམ་ན། འོ་ན་ཁྱེད་དབུ་མའི་དབྱེ་བར་དེ་མི་འདྲེན་པར་རྣལ་འབྱོར་སྤྱོད་པ་དེ་སེམས་ཙམ་པའི་དབྱེ་བར་འདྲེན་ཅིང༌། དབུ་མ་པའི་དབྱེ་བར་མདོ་སྡེ་སྤྱོད་པ། རྣལ་འབྱོར་སྤྱོད་པ། གྲགས་སྡེ་སྤྱོད་པ་རྣམས་འདྲེན་པར་བྱེད་པས། སེམས་ཙམ་པའི་དབྱེ་བར་རྣམ་རྫུན་པ་བགྲངས་ནས་སླར་དེ་བྱམས་མགོན་བཞེད་པའི་དབུ་མ་ཁྱད་འཕགས་སོ་ཞེས་སྨྲས་པ་ལས་མི་རིགས་པ་ཅི་ཞིག་ཡོད། སྤྱིར་ཤཱཀྱ་ཐུབ་པ་དང་བྱམས་མགོན་ལ་སངས་རྒྱས་སུ་ཁྱད་པར་(༡༥ན)
མེད་ཀྱང་ཞིང་འདིའི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཡིན་ཅིང༌། དེས་དབུ་སེམས་ཀྱི་སྲོལ་འབྱེད་དུ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལུང་བསྟན་པས། ཞིང་འདིའི་བསྟན་པ་ལ་དབུ་མ་པ་ཡིན་ན་ཀླུ་སྒྲུབ་རྗེས་འབྲངས་ཀྱི་དབུ་མ་དང་ངེས་པར་མཐུན་པ་ཞིག་དགོས་ལ། དེ་ལྟར་མིན་པར་བྱམས་མགོན་ལུགས་ཀྱི་དབུ་མ་སོགས་རྟོག་བརྟགས་མང་དུ་སྨྲ་ནའང་སུ་ཞིག་ཡིད་ཆེས་ཏེ། དེ་ལྟར་ན་བྱང་སེམས་ཉེ་སྲས་བརྒྱད་ཀྱིས་བཞེད་པའི་དབུ་མ་བརྒྱད་དང༌། བསྐལ་བཟང་གི་སངས་རྒྱས་སྟོང་གིས་བཞེད་པའི་དབུ་མ་མ་གཅིག་པ་སྟོང་ལ་སོགས་ཐུག་མེད་དུ་འཇོག་རིགས་པར་འགྱུར་རོ། །ཁྱེད་ཀྱི་གཟུ་ལུམས་སུ་བྱམས་མགོན་བཞེད་པའི་དབུ་མས་དབུ་མའི་གོ་མི་ཆོད་ན། ཀླུ་སྒྲུབ་བཞེད་པའི་དབུ་མས་ཀྱང་དབུ་མའི་གོ་མི་ཆོད་པར་འགྱུར་ཏེ། འཕགས་པ་ཡིན་པར་མཚུངས་པའི་ཕྱིར་ཞེས་པ་དེ་ནི། འོ་ན་སྟོན་པས་ཉན་རང་གི་ཐེག་པ་གསུངས་པ་དེའང་ཐེག་པ་ཆེན་པོར་འགྱུར་ཏེ། ཐེག་པ་ཡིན་པར་མཚུངས་པ་ཉིད་དང༌། སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པར་ཡང་མཚུངས་པའི་ཕྱིར། འཛེམ་མེད་སྨྲ་བ་འདི་ལྟ་བུ་ལའང་དེང་སང་མཆོག་ཏུ་བསྔགས་པའི་སྐྱེ་བོ་དག་མཐོང་བ་བློའི་ནོར་ཅན་མ་ཡིན་པར་ཅིའི་ཕྱིར་མི་བསླན། ཡང་རྣམ་རྫུན་པ་དེ་དབུ་སེམས་གཉིས་ཀར་བཞག་ཆོག་སྟེ། དབུ་མ་པར་འཇོག་པའི་ཚེ་རྣལ་འབྱོར་སྤྱོད་པའི་དབུ་མ་དང་སེམས་ཙམ་པར་འཇོག་པ་ན་རྣམ་རྫུན་པར་འཇོག་གོ་ཞེས་རྟོག་ནའང་མི་རུང་སྟེ། ཁྱེད་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་ངོ་བོ་ཉིད་མེད་སྨྲའི་སློབ་དཔོན་ཞི་འཚོ་སོགས་ལ་བྱེད་པའི་ཕྱིར་དང༌། དབུ་སེམས་གཉིས་ཀ་དབུ་མ་ཡིན་པར་སྨྲ་ན་ནི་སངས་རྒྱས་པ་ལ་གྲུབ་མཐའ་སྨྲ་བ་བཞིའི་གྲངས་ངེས་ཀྱང་ཉམས་པར་འགྱུར་(༡༥བ)
བའི་ཕྱིར། ཡང་རྣམ་རྫུན་སེམས་ཙམ་པ་མིན་ཀྱང་དབྱེ་བ་བྱེད་པ་ན་སེམས་ཙམ་རྣམ་བདེན་རྫུན་ཅེས་འདྲེན་དགོས་ཀྱི། དབུ་མ་རྣམ་བདེན་རྫུན་ཅེས་མི་འདྲེན་ནོ་ཞེ་ན། འོ་ན་སེམས་ཙམ་པ་མིན་བཞིན་སེམས་ཙམ་པར་འདྲེན་དགོས་པ་དེ་ཁྱེད་ཅག་ཉིད་ལ་བྱུང་བ་ཡིན་ནམ་རྣམ་རྫུན་པ་རང་ལ་བྱུང་བ་ཡིན། དེ་ལྟར་བྱུང་བ་དེ་མི་འདྲེན་ཀ་མེད་ལ་གཞན་གྱིས་གཏད་པའམ། རང་གིས་དེ་ལྟར་མི་འདྲེན་ན་མ་བཏུབ་པ་ཆེན་པོ་བྱུང་ནས་དེར་མི་འདྲེན་པ་གང་ཡིན། དེ་དེ་མིན་བཞིན་དེ་དེའི་དབྱེ་བར་བགྲངས་པས་དེར་འགྱུར་རམ་མི་འགྱུར། འགྱུར་ན་ཁྱི་ར་མིན་བཞིན་ཁྱི་རའི་དབྱེ་བར་གྲངས་པས་ཁྱི་རར་འགྱུར་བར་མཚུངས། མི་འགྱུར་ན་དབྱེ་བར་བགྲང་བའང་དོན་མེད། ཡང་རྣམ་རྫུན་པ་དེ་དབུ་མ་པ་ཡིན་ན་ངོ་བོ་ཉིད་མེད་སྨྲ་ལས་མཆོག་གམ་དམན་པའམ་མཉམ་པའི་དབུ་མ་པ་གང་ཡིན། དང་པོ་དེའོ་ཞེ་ན། འོ་ན་སློབ་དཔོན་བཟང་པོའི་ཞབས་ཀྱིས་ལུགས་དེ་རྣལ་འབྱོར་གྱི་ས་གསུམ་པར་བཞག་སྟེ། དེ་ལ་སྤྲོས་མཚན་ལྷག་མར་ལུས་པས་དེ་ལེགས་པར་བཀག་ནས་ངོ་བོ་ཉིད་མེད་སྨྲའི་དབུ་མ་མཆོག་ཏུ་གྱུར་པའི་རྣལ་འབྱོར་གྱི་ས་བཞི་པར་བཞག་པའི་ཕྱིར་དེ་དེ་ལས་མཆོག་མ་ཡིན་པར་གྲུབ་བོ། །དེར་མ་ཟད་བདེན་གྲུབ་སྟོན་པ་དབུ་མ་མཆོག་ཡིན་ན་ཀླུ་སྒྲུབ་དང་བྱམས་མགོན་གྱིས་ལྟ་ཞིག་ཀུན་ཟློག་བསྟན་པ་དབུ་མའི་མཆོག་ཏུ་བསྔགས་པ་དེ་དོན་ལ་མ་ཞུགས་པར་ཐལ། བདེན་གྲུབ་དེ་དབུ་མ་མཆོག་ཏུ་རིགས་པའི་ཕྱིར། ཡང་ཀླུ་སྒྲུབ་དེ་ལྟར་གསུང་ཆུག བྱམས་མགོན་དེ་སྐད་མི་གསུང་སྙམ་ན། བྱམས་པས། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །ཞེས་སྒྲ་ཇི་བཞིན་པ་དེ་ཉིད་ལ་འགོམ་པར་མི་མཛད་པའི་ཕྱིར། དེས་བདེན་གྲུབ་དབུ་མ་མཆོག་ཡིན་པར་ག་ལ་བསྔགས། གཉིས་པ་(༡༦ན)
དེའོ་ཞེ་ན། འོ་ན་དེ་ངོ་བོ་ཉིད་མེད་སྨྲའི་དབུ་མ་ལས་དམན་ན་ངོ་བོ་ཉིད་ཡོད་སྨྲ་ལས་འོས་ཅི་ཡོད། ངོ་བོ་ཉིད་ཡོད་སྨྲ་བའི་དབུ་མ་པར་སྨྲ་ན་རྣམ་རྫུན་པ་འབའ་ཞིག་དེར་སྨྲ་ཅི་དགོས་ཏེ། ཕྱི་ནང་གི་མུ་སྟེགས་བྱེད་ཐམས་ཅད་ཀྱི་འདོད་པ་དབུ་མ་དང་དེ་ལྟར་སྨྲ་བ་པོ་ཐམས་ཅད་དབུ་མ་པར་རིགས་པའི་ཕྱིར། གསུམ་པ་ལྟར་ན། དེ་དང་དེ་མཆོག་དམན་མཉམ་པ་ཉིད་ཀྱི་དབུ་མ་པར་འཇོག་པའི་ཕྱིར་ན་ངོ་བོ་ཉིད་མེད་པའི་དབུ་མ་ངོ་བོ་ཉིད་ཡོད་པའི་དབུ་མར་འགྱུར་བའམ། ཡང་ན་དོན་དམ་བདེན་གྲུབ་དོན་དམ་བདེན་པར་མ་གྲུབ་པར་འགྱུར་རོ། །ངག་དོན་རྣམ་རྫུན་དབུ་མར་མི་གནས་ཏེ། དབུ་མར་གནས་ན་རང་གི་གོང་ན་གྲུབ་མཐའ་གཞན་བླ་བཅས་སུ་མེད་ཅིང༌། ཕྱི་ནང་གི་རིགས་པ་གང་གིས་ཀྱང་གནོད་པ་མི་འཇུག་པར་གྲུབ་དགོས་པ་ལས་དེ་ལྟར་མ་གྲུབ་པའི་ཕྱིར། དཔེར་ན། སྟོང་པ་ལ་རྟེན་འབྱུང་འཐད་པ་ལ་དངོས་པོར་སྨྲ་བ་སུས་ཀྱང་གནོད་པས་བརྫི་བར་མི་ནུས་ལ། གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ལ་དེ་ལྟར་མ་ཡིན་པ་བཞིན། དེའི་ཚུལ་བརྗོད་པར་བྱ་སྟེ། རྣམ་མེད་ཀྱི་ཤེས་པ་དེ་ཆོས་ཅན། ཁྱོད་ལ་ཤེས་རིག་གི་མཚན་ཉིད་མེད་པར་འགྱུར་ཏེ། ཁྱོད་ལ་གང་ཤེས་པར་བྱ་བའི་ཡུལ་མེད་པའི་ཕྱིར། དབུ་མ་རྒྱན་ལས། འདི་ལྟར་གང་ལ་རྣམ་པ་མེད། །དེ་ལ་དེ་ཤེས་ཡོད་མ་ཡིན། །བདེ་བ་མིན་ལ་བདེ་སོགས་དང༌། །དཀར་བ་རྣམས་ལ་མི་དཀར་བཞིན། །ཅེས་དང༌། སེམས་འགྲེལ་ལས། རིག་པོས་རིག་བྱ་རིག་བྱེད་ན། །རིག་བྱ་མེད་པས་རིག་བྱེད་མེད། །ཅེས་དང༌། རྣམ་རྫུན་པ་རང་ཡང༌། གཟུང་བ་མེད་ན་དེར་འཛིན་མེད། །ཅེས་སྨྲ་བ་དང་འགལ་ཞིང༌། གཉིས་སྟོང་གི་ཤེས་པ་ཤེལ་གོང་འདྲ་བ་ལ་ནི་དམིགས་བྱེད་མེད་དེ། རྒྱན་ལས། རྣམ་པ་མེད་པ་དེ་ཉིད་(༡༦བ)
ཀྱིས། །ཤེས་དེ་ཡང་ནི་མེད་པར་འགྱུར། །ཤེལ་གོང་དག་པ་འདྲ་བ་ཡི། །ཤེས་པ་རབ་ཏུ་ཚོར་བ་མེད། །ཅེས་འབྱུང་བའི་ཕྱིར། དེ་འདྲའི་མྱོང་བ་བདེན་གྲུབ་ཡོད་དེ། མེད་ན་འཁོར་འདས་གང་ཡང་འབྱུང་བའི་གཞི་མེད་པའི་ཕྱིར་སྙམ་ན། འོ་ན་དེ་ཡོད་པ་ལས་དེ་འབྱུང་ན་གཟུང་འཛིན་གྱི་རྫུན་སྣང་འདི་དང་དོན་དམ་བདེན་གྲུབ་གཉིས་དེ་ལ་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་ཡོད་དམ་མེད། མེད་ན་རི་བོང་གི་རྭ་ལས་ཀྱང་དེ་འབྱུང་བར་འགྱུར་ཞིང༌། ཡོད་ན་དོན་དམ་བདེན་གྲུབ་དེའང་གཟུང་འཛིན་གྱི་ཆོས་ལྟར་རྫུན་པ་ཉིད་དུ་འགྱུར་ཏེ། དེ་དང་རང་བཞིན་གཅིག་པའམ་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བའི་ཕྱིར། དེས་ན་སློབ་དཔོན་དཔའ་བོས། ཁ་ཅིག་ཤེས་རབ་རྩལ་གྱིས་ནི། །གཟུང་བ་སྟོང་པར་རབ་ཤེས་ཀྱང༌། །འཛིན་པ་རྫས་སུ་གྲུབ་པར་བལྟ། །ཞེས་རྣམ་བདེན་པ་དང༌། ཁ་ཅིག་ཆོས་ཀུན་རང་རིག་ལུས། །སྣ་ཚོགས་བཏགས་པས་རྣམ་པར་དབེན། །དཔེར་ན་རྨི་ལམ་ཉམས་མྱོང་བཞིན། །གཉིས་མེད་ཡེ་ཤེས་གྲུབ་པར་འདོད། །ཅེས་དང༌། སེམས་ཉིད་སྣང་མེད་མཁའ་འདྲ་བ། །དོན་དམ་ཉིད་དུ་གྲུབ་པར་འདོད། །ཅེས་རྣམ་རྫུན་པ་དང༌། དེ་གཉིས་ཀ་དབུ་མ་མིན་པས་དེ་ཉིད་མི་མཐོང་བ་ནི་རིམ་པ་ལྟར། ལྷག་མ་ཀུན་ལས་རྣམ་གྲོལ་བའི། །དོན་དམ་འཇམ་དཔལ་མངོན་སུམ་མིན། །ཅེས་དང༌། རྣམ་ཤེས་ཆོས་ཉིད་ལས་འདས་པའི། །ཆོས་དབྱིངས་འཇམ་དཔལ་མཐོང་བ་མིན། །ཞེས་འབྱུང་བས། གཟུང་འཛིན་གྱི་དོན་གྱི་ངོ་ཁྱད་འཛིན་པ་མེད་པས་རྣམ་ཤེས་སམ་རིག་པའི་དོན་ལ་ཞུགས་པས་ཤེས་ཙམ་དེ་ལ་ཡེ་ཤེས་སུ་བཏགས་ནས་དེ་དོན་དམ་བདེན་གྲུབ་ཏུ་རློམ་པ་དེས་འཇམ་དཔལ་ཏེ་གནས་ལུགས་ཀྱི་དོན་མ་རྟོགས་པ་ཉིད་དུ་གསུངས་སོ།།ཁྱེད་ཀྱིས་ཤེས་པ་དེ་ལ་རྣམ་ཤེས་(༡༧ན)
སུ་བཏགས་ནས་དེ་ཡོད་པར་རློམ་ན། རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །ཞེས་བྱས་ཀྱི། ཡེ་ཤེས་དམ་པའི་དོན་དུ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང༌། །ཞེས་མི་འབྱུང་བས་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་སྨྲ་བ་དབུ་མ་པར་གྲུབ་བོ་ཞེས་སྙིང་པོ་མེད་པའི་སྨྲ་བ་དེ་ཆེས་བསལ་བར་བྱས་པ་ཡིན་ཏེ། ཤེས་པ་དེ་ལྟ་བུ་ལ་རྣམ་རྫུན་པས་ཡེ་ཤེས་སམ་ཆོས་དབྱིངས་དང་ཡང་དག་མཐའ་དང་མཚན་མ་མེད་པ་དང་སྟོང་པ་ཉིད་ཀྱི་མིང་གང་དུ་བཏགས་ཀྱང༌། དེ་བདེན་གྲུབ་པར་ལྟ་བ་དེ་ནི་སེམས་ཙམ་པ་ཁོ་ན་ཡིན་གྱི། དབུ་མ་པ་མ་ཡིན་ཏེ། སེམས་ཙམ་པ་ནི་སེམས་ཉིད་དོན་དམ་པར་ཡོངས་གྲུབ་ཏུ་སྨྲ་བས་ཁྱད་པར་རབ་ཏུ་འབྱེད་པའི་ཕྱིར། ཡང་དབུ་སེམས་འབྱེད་བྱེད་དང་པོ་དེའང་འབྱེད་བྱེད་ཆེས་ཕོངས་ནས་སྨྲས་པར་ཟད་དེ། གཞན་འཇིག་རྟེན་འདིར་བསྟན་བཅོས་སྨྲ་བ་ཐམས་ཅད་སེམས་ཙམ་པས་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་འདོད་པས་མཐའ་ཐམས་ཅད་དང་བྲལ་བའི་དབུ་མའི་ལུས་ཡོངས་སུ་རྫོགས་པའི་དབུ་མ་པར་མ་ཆུད་དོ་ཞེས་རླུང་ལྟར་གྲགས་པའི་ཕྱིར། ཁྱེད་སེམས་ཙམ་པས་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་པར་ཁས་ལེན་པ་མེད་དོ་ཞེས་སྨྲ་བ་ནི་རང་གི་དམ་བཅའ་ཉེས་པས་ཉེས་པ་དུ་མ་ཞར་བྱུང་དུ་ཁས་ལེན་དགོས་བྱུང་བའི་ཕྱིར། རྫུན་གྱི་ཚིག་རྒྱབ་རྫུན་གྱིས་སྐྱོང་དགོས་བྱུང་བ་འདི་ནི་ངོ་ཚ་མེད་པར་མ་སྨྲས་སམ། དེས་ན་སེམས་ཙམ་གྱི་གཞུང་ལ་ལར། གཉིས་མེད་ཀྱི་ཤེས་པ་དང༌། ལ་ལར་གཉིས་མེད་ཀྱི་ཡེ་ཤེས་དང༌། ལ་ལར་གཉིས་སུ་མེད་པའི་ཤེས་པ་ཙམ་དང༌། ལ་ལར་གཉིས་མེད་ཀྱི་བློ་དང་རིག་པ་ཞེས་སོགས་མཐའ་ཀླས་པར་འབྱུང་ལ། དེ་ལྟར་འབྱུང་བའི་གནད་ཅི་སྙམ་ན། ཛྙཱ་ཞེས་པ་(༡༧བ)
ཤེས་པའམ་མཁྱེན་པ་ཙམ་ལ་འཇོག་པ་དང༌། སཾ་ཛྙཱ་ན་དང་བི་ཛྙཱ་ན་ཞེས་འབྱུང་བ་ཡང་དག་པར་ཤེས་པ་དང༌། ཀུན་ནས་ཤེས་པ་དང༌། རབ་ཏུ་ཤེས་པ་དང༌། རྣམ་པར་ཤེས་པ་དང༌། ཡེ་ཤེས་སོགས་སྐབས་ཐོབ་ཀྱིས་སྦྱར་བ་མ་གཏོགས་སེམས་ཙམ་པ་འདོད་པའི་སེམས་སམ་ཤེས་པ་ལ་རྣམ་ཤེས་ཞེས་ངེས་བཟུང་གི་སྒྲ་སྦྱོར་དགོས་པ་དང༌། དབུ་མ་པ་འདོད་པའི་སེམས་སམ་ཤེས་པ་ལ་ཡེ་ཤེས་ཀྱི་སྒྲ་སྦྱོར་དགོས་པའི་ངེས་གཟུང་གསུང་རབ་དང་སྒྲ་རིག་སོགས་འགའ་ཡང་མེད་དོ། །དེས་ན་རྣམ་ཤེས་ཀྱང་ཡེ་ཤེས་ཀྱི་སྒྲ་དོན་ཅན་ཡིན་ལ། ཡེ་ཤེས་ཀྱང་རྣམ་ཤེས་ཀྱི་སྒྲ་དོན་ཅན་ཡིན་པས། དེ་གཉིས་སྒྲ་དོན་འཇུག་པ་གཏན་འགལ་བ་ནི་མ་ཡིན་ནོ། །འོན་ཀྱང་གནས་གྱུར་གྱི་ཤེས་པ་ཡིན་མིན་གྱི་རྣམ་ཤེས་དང༌། ཡེ་ཤེས་ལ་ཁྱད་པར་མེད་དོ་ཞེས་ནི་ཁོ་བོའང་མི་སྨྲ་མོད། ཡང་རྣམ་རྫུན་པས། གཉིས་མེད་ཀྱི་ཡེ་ཤེས་རྣམ་ཤེས་མིན་ཏེ། རྣམ་ཤེས་ཡིན་ན་སེམས་དང་སེམས་ལས་བྱུང་བ་གང་རུང་ཡིན་དགོས་པ་ལས་དེ་མ་ཡིན་པའི་ཕྱིར། ཞེས་སྨྲས་པ་ནི་རང་གི་བློ་གྲོས་ཀྱི་ནུས་པ་བསྟན་པར་ཟད་དེ། འོ་ན་གཉིས་མེད་ཀྱི་ཡེ་ཤེས་ཆོས་ཅན། རྣམ་ཤེས་ཡིན་པར་ཐལ། འོད་གསལ་བའི་སེམས་ཡིན་པའི་ཕྱིར། དེ་ལ་ཁྱབ་པ་མེད་དེ། འོད་གསལ་བའི་སེམས་དེ་སེམས་དང་སེམས་ལས་བྱུང་བ་གང་ཡང་མིན་པའི་ཕྱིར་ཞེ་ན། སེམས་བྱུང་མིན་པ་གྲུབ་ཏུ་ཆུག་སེམས་མིན་ན་འོད་གསལ་གྱི་སེམས་ཆོས་ཅན། བེམས་པོར་ཐལ། དངོས་པོ་ཡིན་པ་གང་ཞིག་ཤེས་པ་མིན་པའི་ཕྱིར། དེར་མ་ཟད་ཁྱེད་ལྟར་ན་དབུ་མ་རང་རྒྱུད་པས་ཆོས་ཉིད་མཉམ་གཞག་སྣང་བཅས་སུ་འདོད་པ་དང༌། ཀུན་མཁྱེན་ཡེ་ཤེས་ཀྱིས་ཀུན་རྫོབ་མཁྱེན་པ་ནའང་དེར་རྣམ་ཤེས་ལས་ཡེ་ཤེས་མེད་(༡༨ན)
པར་སྨྲ་དགོས་པར་འགྱུར་ཏེ། ཡུལ་ཅན་གཉིས་སྣང་ཅན་གྱི་ཤེས་པ་ཡིན་ན་ཡེ་ཤེས་ཡིན་པར་འགལ་བའི་ཕྱིར། འབྱེད་བྱེད་བཞི་པའང་འབྱེད་བྱེད་ཡང་དག་ཏུ་མ་ངེས་ཏེ། སེམས་ཙམ་རྣམ་རྫུན་པས་སྣང་བ་ཐམས་ཅད་སྒྲོ་བཏགས་ལས་མ་གཏོགས་སེམས་སུ་ཁས་མི་ལེན་པ་ཉིད་ཀྱིས་དབུ་མ་པའོ་ཞེས་སྨྲས་པ་དང༌། ཁྱེད་རྣམ་རྫུན་པས་གང་སྣང་ཆོས་དབྱིངས་སུ་བཤད་པ་འགལ་བའི་ཕྱིར་ཏེ། སྣང་བ་ཐམས་ཅད་སྒྲོ་བཏགས་ཡིན་པ་གང་ཞིག གཉིས་མེད་ཀྱི་ཡེ་ཤེས་ལ་སྣང་བའང་སྒྲོ་བཏགས་ཡིན་པས་ཆོས་དབྱིངས་སུ་འགལ་ཞིང༌། ཡེ་ཤེས་བདེན་གྲུབ་པ་དེའི་སྣང་བ་ཡིན་པར་འགལ་བའི་ཕྱིར། མདོར་ན། རྣམ་རྫུན་པས་གང་སྣང་ཆོས་དབྱིངས་སུ་བཤད་པས་དབུ་མ་པ་ཡིན་པར་སྨྲས་པའི་ཆོས་དབྱིངས་དེ་རྣམ་རྫུན་འདོད་པའི་དོན་དམ་བདེན་གྲུབ་དེ་ཡིན་ནམ། དབུ་མ་པས་འདོད་པའི་སྟོང་ཉིད་མེད་དགག་དེ་ཡིན། དང་པོ་ལྟར་ན། ཀླུ་ཞབས་རྗེས་འབྲངས་དང་བཅས་པ་ལ་དབུ་མའི་དྲི་ཙམ་ཡང་མི་བྲོ་བར་ཟད་དེ། དེ་དག་གི་ལུགས་སུ་ཆོས་ཉིད་ལ་མཉམ་གཞག་གི་ཡུལ་ངོ་ན་དོན་དམ་བདེན་གྲུབ་ཀྱི་སྣང་བ་འགའ་ཡང་མི་བཞེད་པའི་ཕྱིར་དང༌། གཉིས་པ་ལྟར་ན། མེད་དགག་སྣང་བའི་རང་བཞིན་ཅན་མིན་པའི་ཕྱིར་གཉིས་མེད་ཡེ་ཤེས་ཀྱི་སྣང་བར་ག་ལ་ཡོད། ཁྱད་པར་རྣམ་པ་བདེན་རྫུན་གྱི་ལུགས་འདི་ནི་ནོར་བ་མེད་པའི་ལུགས་ཡིན་པར་རྡོ་རྗེ་ཐེག་པ་བླ་ན་མེད་པར་ཆེས་ཆེར་བཀག་པ་ལས་བསྒྲུབས་པ་ཅུང་ཟད་ཀྱང་མེད་དེ། སྔགས་ཀྱི་ཐེག་པ་བླ་ན་མེད་པར་འཁྲུལ་པའི་བག་ཆགས་ཀྱི་གཉིས་སྣང་མེད་པའི་ཡེ་ཤེས་དོན་དམ་པའི་གནས་ལུགས་རྟོགས་པའི་ཆ་ནས་དོན་དམ་བདེན་པར་མིང་བཏགས་པའི་རྣལ་འབྱོར་ཀུན་རྫོབ་ཀྱི་བདེན་པ་དེ་ནི་རྣམ་པ་མེད་པ་ཅན་(༡༨བ)
མ་ཡིན་ཏེ། ཡིན་ན་ཡེ་ཤེས་མཆོག་གི་བདག་ཉིད་ཅན་གྱི་ཚོར་བ་དགའ་བ་དང༌། ཆགས་པ་ཆེན་པོ་དང༌། མཆོག་གི་རྒྱུ་བ་ཅན་གྱི་དབུགས་དང་ལྷན་ཅིག་པ་དང༌། དེ་ལྟ་བུའི་ཡེ་ཤེས་རྣམ་བཅས་དེས་རིགས་ལྡན་མ་མཆོད་བྱེད་ཀྱི་རྣམ་པ་ཅན་ཉིད་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དང་དྲི་ཆུའི་རྣམ་པ་ཅན་དང༌། མཆོག་གི་དབང་པོ་རྣམས་ཀྱི་ཡུལ་གྱི་རྣམ་པ་མཐོང་བ་ལ་ཉེ་བར་ལོངས་སྤྱད་པས་ཆགས་པར་འགྱུར་བ་དང༌། སྙིང་རྗེ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་མཚུངས་པར་ལྡན་པ་དང༌། སྒྲིབ་པ་གཅོད་བྱེད་ལམ་བདེན་གྱི་ངོ་བོར་སྐྱེ་བའི་ཤེས་རབ་དང༌། དེ་ཡུལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པར་བཤད་པ་ལས་བཟློག་སྟེ་བཤད་དགོས་པ་ལས་མ་བཤད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། ལྷན་ཅིག་སྐྱེས་པ་དགའ་བའི་རང་བཞིན། གཟུང་བ་དང་འཛིན་པ་སྤངས་པ། རྡོ་རྗེ་འཛིན་པ། དབུགས་ཆེན་པོ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུ་དང་བྲལ་བ། ཕྱག་རྒྱ་ཆེན་པོའི་རྒྱུ་ལས་བྱུང་བ། རྣལ་འབྱོར་པའི་ཡེ་ཤེས་རང་རིག་པ། ཡུལ་དང་དབང་པོ་གཅིག་ཏུ་འདྲེས་པར་གྱུར་པ། ལྟེ་བར་གཏུམ་མོ་འབར་བས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྲེགས་ཏེ་དཔྲལ་བའི་ཟླ་བ་བཞུ་བའི་བདུད་རྩི་འཛག་པ་མེད་པས་སྟེང་དུ་འགྲོ་བ། མཆོག་ཏུ་མི་འགྱུར་བ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་སྐུ་ཨཱ་ལི་ཀཱ་ལི་དང་ཧཱུྃ་ཕཊ་ཡི་གེ་དང་བྲལ་བ། དཀྱིལ་འཁོར་འཁོར་ལོ་སྒོམ་པ་སྤངས་པ། སྔགས་བཟླས་པ་དང༌། ཕྱག་རྒྱ་དང༌། བྱིན་གྱིས་བརླབ་པ་དང༌། བླ་མའི་བཀའ་ཀུན་ཏུ་སྤྱོད་པའི་ཆོས་རྣམས་ལས་ཕྱི་རོལ་དུ་གྱུར་པ། སྲིད་པ་དང་མྱ་ངན་འདས་པ་ལ་རབ་ཏུ་མི་གནས་པ། སྙིང་རྗེ་དང་སྟོང་པ་ཉིད་དབྱེར་མེད་པ། དཔྲལ་བ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པར་བར་མ་(༡༩ན)
ཆད་པར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་འཛག་པ་མེད་པའི་ཆགས་པ་ཆེན་པོ། དབུ་མ་མཆོག་གི་དབུགས་འདིས་རྟག་ཏུ་རིགས་ལྡན་མ་མཆོད་བྱ་ཞེས་པ་འདིར་རིགས་ལྡན་མ་ནི་ཨ་ཝ་དྷཱུ་ཏཱི། རྡོ་རྗེ་ཕག་མོ་སྒྲིབ་པ་མེད་པ། གཟུང་བ་དང་འཛིན་པ་སྤངས་པ། རྣལ་འབྱོར་པ་རྣམས་ཀྱི་བདུད་ཀྱི་ཚོགས་ཟད་པར་བྱེད་པ་མོ། མི་ཤེས་པ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཚོགས་དང་བྱང་ཆུབ་ཀྱི་སེམས་ཀྱང་ཟད་པར་བྱེད་པ་མོ། བྱང་ཆུབ་ཀྱི་སེམས་འཕོ་བ་ལས་འཆི་བ་སྟེར་བ་མོའོ། །དེ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་སེམས་ཀྱི་སྣང་བ་ཙམ་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སྟོང་པ་ཉིད་དང༌། དེ་བཞིན་ཉིད་དང༌། རིགས་ལྡན་མ་དང༌། པདྨ་ཞེས་བརྗོད་པར་བྱའོ། །རིགས་ལྡན་མ་དེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ། འཛག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ། ཟླ་བ་ཞུ་བའི་ཆགས་པ་ཆེན་པོ། དབུ་མ་མཆོག་གི་དབུགས་དྲི་ཆུ་དང་བཅས་པ། རིགས་ལྡན་མར་ཡང་དག་པར་གྱུར་པའི་ཐབས་དེས་རང་གི་ཤེས་རབ་དེ་ཉིད་མཆོད་པར་བྱའོ་ཞེས་པ་སྟེ། གཟུང་བ་དང་འཛིན་པའི་སེམས་དང༌། ཤེས་པ་དང་ཤེས་བྱ་དང༌། སྟོང་པ་དང་སྙིང་རྗེ་དག་གཅིག་པ་ཉིད་དུ་རྣལ་འབྱོར་པས་བྱའོ་ཞེས་པ་ངེས་པའི་དོན་ནོ། །རྟག་ཏུ་མཆོད་བྱ་ཞེས་པ་དུས་ཐམས་ཅད་དུ་གཙང་བའམ། མི་གཙང་བའམ། ལངས་པའམ། འདུག་པའམ། གཉིད་ལོག་པའམ། ལུས་དང་ངག་དང་སེམས་བྱ་བ་ལ་གནས་པ་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་རྗེས་སུ་ཆགས་པ། ཕྱི་རོལ་གྱི་འདོད་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་དགའ་བ་དང་བྲལ་བ། མཆོག་གི་དབང་(༡༩བ)
པོ་རྣམས་ཀྱིས་མཐོང་བའི་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པའོ་ཞེས་པ་དབུ་མའི་དབུགས་ཀྱིས་རིགས་ལྡན་མ་མཆོད་པའི་ཆོ་ག འཇིག་རྟེན་ལས་འདས་པའི་བདེན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་འབྱུང་ལ། ཡང་རྣམ་མེད་ཀྱི་ཡེ་ཤེས་ནི་ངེས་པའི་དོན་དུ་མི་རིགས་ཏེ། རྣམ་པ་ཀུན་ལྡན་གྱི་ཡེ་ཤེས་ཉིད་ལ་ཆེར་བསྔགས་ནས་ངེས་དོན་དུ་འཇོག་པའི་ཕྱིར། ཡང་དེར། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་ལ་སོགས་པ་རྡོ་རྗེའི་ཚིག་གི་ངེས་པའི་དོན་ནི། འདིར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ་སོ་སོར་སྡུད་པས་གང་ཞིག་མཐོང་བ་དངོས་པོ་བུམ་པ་དང་སྣམ་བུ་ལ་སོགས་པ་པྲ་ཕབ་པ་དང་མཚུངས་པར་སྣང་བའོ། །རྣམ་པ་ཀུན་ལྡན་ཞེས་པ་རྟོག་པ་དང་བྲལ་བ་མ་འཁྲུལ་བའི་མངོན་སུམ་གྱིས་མཐོང་བའི་ལས་ཞེས་པའོ། །རྣམ་པ་མེད་ཅེས་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་རྟོག་པ་དང་བྲལ་བ་ཉིད་ལས་སོ། །གང་གི་ཕྱིར་བཀབ་པ་དང་མ་བཀབ་པའི་མིག་གིས་རྟོགས་པ་དེའི་ཕྱིར་གཟུགས་མ་ཡིན་ཅིང༌། གཟུགས་ལས་གཞན་ཡང་མ་ཡིན་ལ། མིག་གིས་རྟོགས་པ་མ་ཡིན་ཅིང༌། མིག་མེད་པར་རྟོགས་པ་ཡང་མ་ཡིན་ནོ། །དེ་ལྟར་རྣམ་པ་ཀུན་ལྡན་རྣམ་པ་མེད་ནི་རྒྱུ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཡང་ན། སངས་རྒྱས་ཀྱི་གཟུགས་བརྙན་ཁམས་གསུམ་པ་མ་ལུས་པ་ཞེས་རྒྱུའོ། །དེ་ལས་སྐྱེས་པའི་འབྲས་བུ་མཆོག་ཏུ་མི་འགྱུར་བའི་བདེ་བ་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་བ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་རབ་ཡེ་ཤེས་ཆེན་པོ་ཞེས་བརྗོད་དོ། །ཞེས་འབྱུང་བས། རྣམ་མེད་ཀྱི་དོན་ཐམས་ཅད་ཐུན་མོང་མིན་པའི་རང་ཡུལ་གྱི་རྣམ་པ་ལ་འཁྲུལ་(༢༠ན)
པའི་རྣམ་པ་མེད་པ་ཁོ་ནར་གསུངས་ཀྱི། ཡེ་ཤེས་དེའི་ཐུན་མོང་མིན་པའི་རང་ཡུལ་ལ་རྣམ་པ་མེད་པ་ལེགས་པར་བཀག་པ་ཡིན་ནོ། །ཡང་སྔགས་བླ་ན་མེད་པའི་ཐེག་པར་རྣམ་ལྡན་གྱི་སྟོང་ཉིད་རྟོགས་པའི་ཡེ་ཤེས་སྒོམ་པ་ལས་ཀུན་མཁྱེན་གྱི་འབྲས་བུ་ཐོབ་པར་བསྟན་ནས་རྣམ་མེད་ཀྱི་སྟོང་པའི་ཤེས་པ་ཙམ་གོམས་པས་དེར་མི་འགྱུར་རོ་ཞེས། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་ཀྱེའི་རྡོ་རྗེའི་འགྲེལ་པར། རྣམ་པ་ཐམས་ཅད་མཆོག་ལྡན་པའི། །སྟོང་ཉིད་དང་པོར་རྒྱུ་ཡིན་ཏེ། །སྨོན་ལམ་ལས་ནི་སྙིང་རྗེ་ཕྱིས། །འགྲོ་བའི་དོན་བྱེད་འབྲས་བུའོ། །ཞེས་དང༌། ཁྱད་པར་སེམས་ཙམ་རྣམ་རྫུན་པས་རྣམ་ཤེས་ལ་རྣམ་པ་དམིགས་པ་ཡིན་གྱི། གཉིས་མེད་ཀྱི་ཡེ་ཤེས་ལ་རྣམ་པ་དམིགས་པ་དང་སྣང་བ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བའང་མི་འཐད་དེ། གཉིས་མེད་ཀྱི་ཡེ་ཤེས་ལ་རྣམ་པ་མི་སྣང་ན་དེའི་ཡུལ་ཐམས་ཅད་དང་ཀུན་ཞེས་པའི་སྒྲས་ཀུན་རིག་དང་ཀུན་མཁྱེན་དུ་བཤད་མི་རུང་བའི་ཕྱིར་ཏེ། ཡེ་ཤེས་རང་གིས་རང་ཡུལ་དུ་བཞག་པ་ལ་ནི་གཅིག་ལས་མང་ཚིག་ཀུན་གྱི་སྒྲ་སྦྱར་དུ་མི་རུང་བའི་ཕྱིར། དེས་ན་གཉིས་མེད་ཀྱི་ཡེ་ཤེས་ལའང་ཤེས་སྒྲིབ་སྤངས་སྟོབས་ཀྱིས་ཤེས་བྱའི་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ཏེ། དེར༑ ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་ནོ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་འབྱུང་བའི་ཕྱིར། དེར་མ་ཟད་སྔགས་བླ་ན་མེད་པའི་ཐེག་པར་སེམས་ཙམ་རྣམ་མེད་པའི་ལུགས་ཀྱི་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་པ་འདི་ཁོ་ན་ངེས་དོན་དུ་འཆད་པ་ཡིན་ཅེས་པ་(༢༠བ)
ནི། གསང་སྔགས་བླ་ན་མེད་པའི་བསྟན་པའི་སྲོག་ཤིང་ཆེན་པོ་བཅག་པ་ཡིན་ཏེ། རྡོ་རྗེ་ཐེག་པ་བླ་ན་མེད་པར་འཁྲུལ་བའི་གཟུང་འཛིན་གྱི་ཡུལ་དང་ཡུལ་ཅན་ཐམས་ཅད་དང་པོར་བྲལ་བའི་སྐྱེ་འཕགས་གང་གི་རྒྱུད་ཀྱི་གཉིས་མེད་ཀྱི་ཡེ་ཤེས་རྣལ་འབྱོར་མངོན་སུམ་ལ་སོགས་མངོན་སུམ་བཞི་པོ་དེ་ཐམས་ཅད་རྣམ་བཅས་དང༌། རྣམ་བཅས་ཡུལ་ཅན་དང་བཅས་པ་ཐམས་ཅད་ཀྱང་བདེན་མེད་སྒྱུ་མ་ལྟ་བུ་ཁོ་ནར་བཤད་པའི་ཕྱིར། དེར༑ དངོས་པོའི་འཆིང་བས་འཆིང་བར་འགྱུར། །དངོས་པོའི་འཆིང་བས་དེའི་རྣམ་པར་ཤེས་པ་དང་མིག་ལ་སོགས་པ་རྣམས་འཆིང་བར་བྱེད་དོ། །དེ་ཡོངས་ཤེས་པས་གྲོལ་བར་བྱེད། །ཡུལ་དང་དབང་པོ་དེ་རྣམས་འགོག་པས་དེ་ཡོངས་སུ་ཤེས་པས་ཞེས་པའོ། །དེའི་ཕྱིར། དངོས་པོ་ཉིད་ཀྱིས་རྣམ་གྲོལ་བྱེད། །ལྷའི་མིག་ལ་སོགས་པ་རྣམས་ཀྱིས་འདས་པ་དང་མ་འོངས་པའི་ཡུལ་མཐོང་བས་རྣམ་པར་ཤེས་པ་དྲུག་རྣམ་པར་གྲོལ་ཏེ། དེ་ནི་རྣམ་པར་ཤེས་པ་གཞན་ནོ་ཞེས་བཅོམ་ལྡན་འདས་ཀྱི་གསུང་ལས་སོ། །དེ་བཞིན་དུ་གཟུགས་གཞན་ལ་སོགས་པ་ཡང་སྟེ། དེའི་ཕྱིར། ཐམས་ཅད་ནས་ནི་ཕྱག་ཞབས་སོགས། །ཀུན་ནས་སྤྱན་དང་དབུ་དང་ཞལ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ནས་བཞུགས། །ད་ནི་སྔར་བཤད་པའི་ཤེས་རབ་དང་ཐབས་དག་གི་དོན་དམ་པའི་སྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པས་སོ། །འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་ཤེས་པས་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་མཐོང་བའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་དེ་མངོན་སུམ་(༢༡ན)
ཞེས་བརྗོད་པར་བྱའོ། །དེ་ཉིད་རྣམ་པ་བཞི་སྟེ། དབང་པོའི་མངོན་སུམ་དང༌། ཡིད་ཀྱི་མངོས་སུམ་དང༌། རྣལ་འབྱོར་གྱི་མངོན་སུམ་དང༌། རང་རིག་པའི་མངོན་སུམ་ཞེས་པ་སྟེ། ཤེས་པ་དེ་ཉིད་ནི་ཉེ་བར་སྟོན་པར་བྱེད་པ་དང༌། འཇུག་པར་བྱེད་པ་དང༌། ཐོབ་པར་བྱེད་པ་དང༌། ཉམས་སུ་མྱོང་བའི་མཚན་ཉིད་ཅན་ནོ་ཞེས་པའོ། །སྣང་བརྙན་དེ་ཉིད་དཔེ་དགུ་རྣམས་ཀྱིས་བསྒྲུབས་ཏེ། འདི་ལྟ་སྟེ། མིག་ཡོར་དང༌། སྤྲུལ་པའི་གྲོང་ཁྱེར་དང༌། སྒྲ་བརྙན་དང༌། རྨི་ལམ་དང༌། སྒྱུ་མའི་འཁྲུལ་འཁོར་དང༌། སྨིག་རྒྱུ་དང༌། མེ་ལོང་གི་གཟུགས་བརྙན་དང༌། ཆུ་ཟླ་དང༌། ནམ་མཁའ་ཞེས་པའོ། །ཞེས་འབྱུང་ལ། འདིར་དབང་ཡིད་དང་རང་རིག་མངོན་སུམ་ཡང་འཁྲུལ་ཤེས་ཀྱི་དབང་དུ་བྱས་པ་མ་ཡིན་པ་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པའི་ལུགས་གཞན་ཏེ། འདི་དོན་རྒྱས་པར་ཁོ་བོས་གཞན་དུ་བཤད་ཡོད་དོ། །ཅི་ཁྱེད་གཉིས་མེད་ཀྱི་ཡེ་ཤེས་སྐད་ཅིག་མ་གཅིག་གི་ངོ་བོར་བདེན་པར་གྲུབ་བོ་ཞེས་སྨྲ་བ་འདི་ནི་རྡོ་རྗེ་ཐེག་པ་བླ་ན་མེད་པར་ཆེས་བཀག་པ་ཡིན་ཏེ། དེ་ལྟར་ན་སྐད་ཅིག་གི་སྐྱེ་འགག་བྱེད་པའི་སྐད་ཅིག་དེ་གནས་པ་མེད་པར་སྐྱེ་འགག་བྱེད་ན་སྐྱེ་འཇིག་གི་སྐད་ཅིག་ཀྱང་མི་རུང་བའི་ཕྱིར་ཏེ། གནས་པའི་སྐད་ཅིག་མི་རུང་བར་མཚུངས་པའི་ཕྱིར། ཡང་གལ་ཏེ་སྐྱེ་བ་དེ་གནས། གནས་པ་དེ་འཇིག་སྟེ་ཞིག་པའི་སྐད་ཅིག་ལས་སྐྱེ་བ་ཡོད་ན། སྐྱེ་བའི་སྐད་ཅིག་གནས་པའི་སྐད་ཅིག་ལ་སོགས་པ་མི་རིགས་ཏེ། ཕན་ཚུན་ཐ་དད་པའི་ཕྱིར། ཡང་དུས་སྐད་ཅིག་ལ་སྐྱེ་གནས་འཇིག་པར་ཁས་ལེན་ན། སྐྱེ་གནས་འཇིག་པའི་སྐད་ཅིག་གསུམ་སྐད་ཅིག་གཅིག་ཏུ་འགྱུར་བའི་ཕྱིར་དེར་ཡང་མི་འཐད་ལ། སྐད་ཅིག་གིས་སྐྱེ་འཇིག་བྱེད་ན་འགགས་(༢༡བ)
པ་ལས་སྐྱེའམ། མ་འགགས་པ་ལས་སྐྱེ། འགགས་པ་ལས་སྐྱེ་ན་འགགས་པའི་མར་མེ་ལས་མར་མེ་གཞན་སྐྱེ་བར་ཡང་འགྱུར་ལ། མ་འགགས་པ་ལས་སྐྱེ་ན་སྐྱེ་བ་ཐུག་པ་མེད་པས་སྐྱེ་བའི་སྐད་ཅིག་མི་འགྲུབ་པའི་ཕྱིར། གནས་འཇིག་གི་སྐད་ཅིག་ཀྱང་དེ་དང་འདྲ་བ་ཉིད་ཀྱིས་འགགས་པ་དང་མ་འགགས་པ་གཉིས་ཀ་འདྲེས་པ་ལས་ཀྱང་སྐྱེ་བར་མི་རིགས་པའི་ཕྱིར་ཏེ། དུས་འཁོར་འགྲེལ་ཆེན་དུ་རྣམ་བདེན་རྫུན་འདོད་པའི་གཉིས་མེད་ཀྱི་ཡེ་ཤེས་སྐད་ཅིག་བདེན་གྲུབ་འདོད་པ་ལ་དགག་པ་དམིགས་ཕུག་འདི་ལྟར་མཛད་པའི་ཕྱིར་ཏེ། ཇི་སྐད་དུ། ད་ནི་སྐད་ཅིག་འཇིག་པ་དང་སྐྱེ་བའི་སྐྱོན་གསུངས་པ་འདིར་ཆོས་རྣམས་སྐད་ཅིག་མ་གཅིག་ལ་འཇིག་པ་དང་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཅི་གནས་པ་མེད་པར་རམ། གལ་ཏེ་གནས་པ་མེད་པར་འཇིག་པ་དང་སྐྱེ་བར་འགྱུར་ན་དེའི་ཚེ་རི་བོང་གི་རྭ་ལ་ཡང་འགྱུར་རོ། །ཅི་སྟེ་སྐྱེས་པ་ལས་གནས་ཤིང༌། གནས་པ་ལས་འཇིག ཞིག་པ་ལས་སྐྱེ་བ་དེ་ལྟར་ན་གནས་པ་དང་འཇིག་པ་དང་སྐྱེ་བ་རྣམས་གཅིག་ཉིད་མེད་དེ། མཚན་ཉིད་ཐ་དད་པས་རྟོགས་པར་བྱའོ། །འདིར་གང་གི་དུས་ན་གནས་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་འཇིག་པ་མེད་དོ། །གང་གི་དུས་ན་འཇིག་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་གནས་པ་མེད་དོ། །གང་གི་དུས་ན་སྐྱེ་བ་ཡོད་པ་དེའི་དུས་ན་གནས་པ་དང་འཇིག་པ་མེད་དོ། །དུས་ཞེས་པ་ནི་སྐད་ཅིག་གོ། །གལ་ཏེ་དུས་གཅིག་ལ་ཡིན་ན་སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་གཅིག་པ་ཉིད་དོ་ཞེས་པ་ལས་གཞན་ཅི། འདིར་གང་དུ་སྐད་ཅིག་གཅིག་ལ་ཆོས་སྐྱེ་བ་དང་འཇིག་པ་དེ་ཅི། ཆོས་སྔ་མ་འགགས་པ་ལས་སམ་འོན་ཏེ་མ་འགགས་པའི་ཆོས་ལས་ཆོས་ཕྱི་མ་སྐྱེ། (༢༢ན)
གལ་ཏེ་འགགས་པའི་ཆོས་ལས་སྐྱེ་ན་དེའི་ཚེ་འགགས་པའི་མར་མེ་ལས་མར་མེ་གཞན་སྐྱེའོ། །ཅི་སྟེ་མ་འགགས་པ་ལས་སྐྱེ་ན་དེའི་ཚེ་མ་འགགས་པའི་མར་མེ་ལས་མར་མེ་སྐྱེ་བ་བཞིན་དུ་དེ་ལས་གཞན་སྐྱེའོ། །དེ་ལྟར་སྐྱེས་པ་ལས་སྐྱེ་བས་ན་མར་མེའི་ཕྲེང་བ་བཞིན་དུ་རྣམ་པར་ཤེས་པའི་ཕྲེང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་སྔ་མ་མ་འགགས་པ་ལས་གཞན་སྐྱེ་བ་བརྗོད་པར་མི་ནུས་ཏེ། འགགས་པ་ལས་ཀྱང་ངོ༌། །འདྲེས་པ་ལས་ཀྱང་མ་ཡིན་ཏེ། དེ་དག་ཕན་ཚུན་འགལ་བས་གཅིག་པ་ཉིད་མེད་དོ། །ཞེས་འབྱུང་ངོ༌། །དེ་ལྟར་རྣམ་རྫུན་པ་དག་ཤེས་རབ་ལ་སོགས་པའི་སེམས་བྱུང་དེ་དང་མཚུངས་ལྡན་གྱི་གཙོ་སེམས་སོགས་ཀྱི་རྣམ་པ་མེད་པའི་ཡེ་ཤེས་ཙམ་ཞིག་ཁོ་ན་དོན་དམ་བདེན་པ་ངེས་དོན་དུ་མི་འཐད་དེ། དེ་ལྟར་ན་སེམས་མེད་ཐམས་ཅད་ཀྱང་དོན་དམ་བདེན་པ་ངེས་པའི་དོན་ཅན་དུ་ཐལ་བའི་ཕྱིར། དེས་ན་འཁྲུལ་པ་དང་བྲལ་བའི་གཉིས་མེད་ཡེ་ཤེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་རིག་པ་ལ་རང་ཉིད་རིག་པའི་ངོ་བོར་མ་སྐྱེས་ན་གཞན་རིག་ཏུ་མི་རུང་བས་ཡེ་ཤེས་རང་རིག་ཉིད་དུ་རྒྱ་ཆེར་བསྒྲུབས་པ་ཡིན་ཏེ། དེར་དེ་ལྟར་རབ་ཏུ་མི་མཁས་པ་བསམ་པ་མེད་པ་ཡེ་ཤེས་སུ་འདོད་པ་ཆད་པ་ཆེན་པོར་ལྟུང་བ་འགའ་ཞིག་སྨྲ་བར་འགྱུར་ཏེ། དེའི་ཕྱིར་བརྗོད་པར་བྱས་སོ། །གལ་ཏེ་བསམ་པའི་ཤེས་པ་མེད་པས་སངས་རྒྱས་ཉིད་སྟེར་བར་བྱེད་པ་ཡིན་ན་དེའི་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་སུ་ཅིའི་ཕྱིར་མ་གྱུར། འདི་རྣམས་ཀྱིའང་གཉིད་འཐུག་པོ་ལ་བསམ་པའི་ཤེས་པ་མེད་པར་རབ་ཏུ་འཇུག་ཅིང༌། འདོད་པའི་དངོས་པོ་རྣམས་ལ་ཆགས་པ་མེད་ལ། མི་འདོད་པའི་དངོས་པོ་རྣམས་ལ་ཆགས་པ་ཡང་མེད་དེ། དེའི་ཕྱིར་ཤིན་ཏུ་གཉིད་ལོག་པའི་གནས་(༢༢བ)
སྐབས་དེ་ལ་ཆགས་པ་དང་ཆགས་བྲལ་དག་ཏུ་མི་འགྱུར་བ་དེ་བས་ན་བསམ་པའི་ཤེས་པ་མེད་པ་དེས་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་བསམ་པའི་ཤེས་པ་མེད་པ་ནི་དེ་བཞེན་གཤེགས་པའི་ཡེ་ཤེས་སུ་མི་འགྱུར་ཏེ། གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གྱི་ལེའུ་ལས། ཏིང་ངེ་འཛིན་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལ་རིན་ཆེན་སྒྲོན་མེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་སོ། །འདིར་གལ་ཏེ་རིན་ཆེན་སྒྲོན་མ་བསམ་པའམ་རབ་ཏུ་སྣང་བ་མེད་པ་ཡིན་ན་དེའི་ཚེ་རིན་ཆེན་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དུ་ཇི་ལྟར་འགྱུར། དེ་བཞིན་དུ་ཏིང་ངེ་འཛིན་གཞན་རྣམས་ཀྱང་བསམ་པ་མེད་པར་མི་འགྱུར་ཏེ། རང་རིག་པའི་མཚན་ཉིད་ཀྱི་ཕྱིར་དང༌། བེམ་པོའི་སྟོང་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཡང་དེར། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་འབྱུང་ལ། ཁྱད་པར་རྒྱལ་བའི་ཐུགས་དང་ཡེ་ཤེས་གཉིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཡུལ་ཅན་དང༌། དངོས་པོའི་རྣམ་པ་ཐམས་ཅད་འཛིན་བྱེད་དུ་གསུངས་ཀྱི། རྣམ་མེད་དུ་གསུངས་བ་ཡེ་མེད་དེ། དེར༑ རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་པ་ལ་གནས། །དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། །ཞེས་དཔལ་ལྡན་ས་བཅུ་པའི་འགྲེལ་པ་རྣམས་སུའང་འབྱུང་ལ། དེ་དང་མཐུན་པར་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་ཡེ་ཤེས་གྲུབ་པར། རྣམ་བདེན་དང་རྣམ་རྫུན་པ་གཉིས་ཀ་དོན་ལ་གནས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཇུག་པ་མི་སྲིད་པར་(༢༣ན)
འགྱུར་ཞེས། དེ་འགོག་པ་ལ་ལེའུ་རེ་རེ་མཛད་ནས་ཁྱད་པར་རྣམ་མེད་འགོག་པ་ན། ཇི་སྐད་དུ། ཇི་ལྟར་རིགས་པས་རྣམ་བཏགས་པ། །རྣམ་པ་དང་བཅས་རབ་བཀག་ནས། །རྣམ་མེད་ཉིད་ཀྱང་མི་འགྲུབ་པ། །དེ་ལྟར་དུ་ནི་རྗོད་པར་བྱེད། །གལ་ཏེ་རྣམ་པ་མེད་ན་ཡང༌། །ཡེ་ཤེས་འགྱུར་བར་རྣམ་རྟོག་ན། །རྣམ་པ་དང་ནི་རྣམ་བྲལ་བས། །འདི་ཅི་རིག་ནས་ཀུན་རིགས་ཡིན། །ཀུན་མཁྱེན་དེ་ལ་ཡོད་མིན་ཅིང༌། །ཡེ་ཤེས་ཞེས་བྱ་རྟོག་པ་ཉིད། །རྣམ་པ་ཐམས་ཅད་མ་གཟིགས་པས། །བེམས་པོ་ཉིད་དུ་ཐལ་བར་འགྱུར། །ཞེས་སོགས་སྔགས་གཞུང་རབ་འབྱམས་སུ་རྒྱ་ཆེར་གསུངས་ཤིང༌། ཁྱད་པར་དུ་སློབ་དཔོན་ཤཱནྟི་པས་རྣམ་རྫུན་པ་དབུ་མར་སྒྲུབ་པའི་དབུ་མ་རྒྱན་ཞེས་པའི་བསྟན་བཅོས་ཤིག་བྱས་ནས་སྔགས་ཀྱི་ལྟ་གྲུབ་ཐམས་ཅད་ཀྱང་ལུགས་འདི་དང་མཐུན་ཅེས་དྲིལ་བསྒྲགས་པ་དེ་སློབ་དཔོན་མཻ་ཏྲི་པ་ཆེན་པོས་སུན་ཕྱུང་ནས་སློབ་དཔོན་ཆེན་པོ་འདིས་ཨ་མ་ན་སིའི་ཆོས་སྐོར་རྒྱས་པར་བརྩམས་ཤིང༌། ཁྱད་པར་རྣམ་རྫུན་དབུ་མ་པར་འདོད་པ་འགོག་པ་ལ་དེ་ཁོ་ན་ཉིད་བཅུ་པ་ཞེས་པའི་བསྟན་བཅོས་མཛད་དེ། དེར༑ དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་ལུགས་དེ་དབུ་མ་པར་མི་རུང་བར་ཞར་ལ་བཤད་ནས། རྣམ་མེད་ཀྱི་ཤེས་པ་ཙམ་ལས་ཕྱག་ཆེན་གྱི་ཡེ་ཤེས་མི་སྐྱེ་བར་རྩལ་དུ་བཏོན་ན། ཡེ་ཤེས་བདེན་གྲུབ་པ་ལས་ལྟ་ག་ལ་སྐྱེ་བར་དགོངས་ཞེས། སློབ་དཔོན་ལྷན་སྐྱེས་པའི་རྡོ་རྗེས་དེའི་འགྲེལ་པར། དེ་ལ་རྣམ་པ་དང་བཅས་པའི་སྒྲས་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པའི་འདོད་པ་དག་བཟུང་ངོ༌། །རྣམ་པ་མེད་པ་ཞེས་བྱ་བའང་བྱེ་བྲག་ཏུ་སྨྲ་བ་དང༌། རྣལ་འབྱོར་སྤྱོད་པ་བ་དག་སྟེ་འདི་དག་གིས་ནི་རྣམ་པ་དང་བཅས་(༢༣བ)
པ་དང་རྣམ་པ་མེད་པའི་འདོད་པ་བསྡུས་པ་ཡིན་ནོ། །དེ་བཞིན་ཉིད་ཤེས་པར་འདོད་པའི་སྐྱེས་བུས་བླང་བར་བྱ་བ་མིན་ཏེ། གཉིས་ཀས་ཀྱང་རང་བཞིན་དུ་ཁས་བླངས་པའི་ཕྱིར་ལ། དེ་ཡང་དཔྱད་མི་བཟོད་པ་ཉིད་ཀྱིས་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར། ཞེས་དང༌། ཡང་དེར། རྣམ་པ་དང་བཅས་པ་དང༌། རྣམ་པ་མེད་པ་ཞེས་བྱ་བ་ནི་རྣལ་འབྱོར་སྦྱོད་པ་པའི་འདོད་པ་བླང་བར་བྱ་བ་མ་ཡིན་པ་ཉེ་བར་ཁས་མི་ལེན་པ་ཁོ་ན་སྟེ། དེ་དག་ཀྱང་གཟུང་བ་དང་འཛིན་པའི་དངོས་པོ་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་དེ་བཞིན་ཉིད་ཁས་ལེན་པའི་ཕྱིར། རང་བཞིན་དང་བཅས་པ་ཉིད་ཁས་ལེན་པ་ན་རང་བཞིན་མེད་པ་ཉིད་ཀྱི་མཚན་ཉིད་ཀྱི་དེ་བཞིན་ཉིད་མེད་པའི་ཕྱིར་སེམས་ཙམ་དུ་བསྟན་པ་ཡང་དྲང་བའི་དོན་ཁོ་ན་ཡིན་ཏེ། ཇི་སྐད་དུ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པ། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཡིས་ནི་གང་གསུངས་པ། །བྱིས་རྣམས་སྐྲག་པ་སྤང་ཕྱིར་ཏེ། །དེ་ནི་དེ་ཁོ་ན་ཉིད་མིན། །ཅེས་སོགས་རྒྱས་པར་འབྱུང་ལ། རྣམ་རྫུན་དུ་སྨྲ་བ་སྔགས་ཀྱི་ཟབ་དོན་དུ་འཁྲུལ་པ་འཕགས་པའི་ཡུལ་དུ་མི་སློབ་པའི་ཟུང་འཇུག་བརྙེས་པའི་སློབ་དཔོན་རྣམས་ཀྱིས་བཀག་ཟིན་པས་སྤྲོས་པ་ཆོག་གོ། །གཞན་ཡང་གསང་སྔགས་ཀྱི་དགོངས་པ་དགོངས་འགྲེལ་རྣམས་ལས་རྣམ་རྫུན་གྱི་དོན་དབུ་མར་མ་གྲུབ་པ་དང༌། དེར་མ་གྲུབ་ན་སྔགས་ཀྱི་ཟབ་དོན་དུ་འོངས་མི་རྙེད་པའི་ལུང་རིགས་ཀྱི་རྒྱ་མཚོ་ཆེས་མུ་མེད་དོ། །འདིར་མདོ་སྔགས་ཀྱི་འཇུག་ངོགས་ཆེན་པོ་གཉིས་ནས་བསྒྲུབས་པའི་སངས་རྒྱས་ཚུལ་ལ། རྒྱ་བོད་འདིར་ལ་ལ་ཞིག་གང་ལས་སྒྲུབ་པའི་གཞི་དང༌། གང་འགྲུབ་པའི་གཞི་འབྲས་ལ་ཁྱད་པར་མེད་ཀྱང༌། (༢༤ན)
གང་གིས་སྒྲུབ་བྱེད་ཀྱིས་ལམ་ལ་མཆོག་དམན་མྱུར་བར་འགྲུབ་མི་འགྲུབ་ཀྱི་ཟབ་ཁྱད་ཡོད་པར་འདོད་པ་དང༌། གཞི་ལ་ཁྱད་པར་མེད་ཀྱང་ལམ་ལ་ཁྱད་པར་ཡོད་པའི་སྟོབས་ཀྱིས་འབྲས་བུ་ལ་མཆོག་དམན་གྱི་ཁྱད་པར་ཡོད་པར་འདོད་པ་གཉིས་ལས། གཞི་ལ་ཁྱད་པར་མེད་པའི་ཕྱོགས་འདི་ལ་བསམས་ནས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། རྣམ་རྫུན་པས་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་པར་སྨྲ་བས་དབུ་མར་མི་རིགས་ཀྱང༌། གཉིས་སྟོང་གི་ཤེས་པ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བདེན་མེད་སྒྱུ་མ་ལྟར་ཡོད་པ་གཞི་དུས་ཀྱི་བདེ་གཤེགས་སྙིང་པོ་དང༌། དེ་ལ་མདོ་སྔགས་ཀྱི་ལམ་གྱིས་བྱ་བ་བྱས་པ་ན་ལམ་དུས་ཀྱི་ཡེ་ཤེས་དང༌། དེས་སྒྲིབ་པ་ཐམས་ཅད་ལྷག་མ་མ་ལུས་པར་དྲུངས་ཕྱུང་བར་བྱས་ན་འབྲས་དུས་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་དེར་འཇོག་པས་དོན་འདིའི་གནད་མཚང་མ་རྟོགས་པ་དག་གིས་ཐེག་པ་ཆེན་པོར་རྒྱུད་བླ་མར་རྒྱུ་ལམ་འབྲས་གསུམ་གྱི་བདེ་གཤེགས་སྙིང་པོའི་རྣམ་གཞག་བཤད་པ་དེ་དག་ཀྱང་ཁོང་དུ་ཆུད་མི་ནུས་ལ། རྒྱུད་སྡེ་རིན་པོ་ཆེ་དག་ལས་འབྱུང་བའི་རྒྱུད་གསུམ་གྱི་རྣམ་གཞག་ཀྱང་འཁྲུལ་མེད་དུ་ཤེས་མི་ནུས་སོ། །ཞེས་ཟེར། འདི་ལ་དུས་ཕྱིས་ཀྱི་དྭགས་བརྒྱུད་པ་ཁ་ཅིག་ཆེས་ནོར་བ་མེད་པའི་ལེགས་བཤད་དུ་འཁྲུལ་ནས། རྗེ་སྒམ་པོ་པས་སྔགས་ལ་མ་བརྟེན་ནའང་སེམས་ཅན་ལས་དང་པོ་པ་རྣམས་ལ་ཕྱག་ཆེན་གྱི་ཡེ་ཤེས་རྗེན་ཅར་དུ་ཁ་ནང་ཁོ་ནར་ཕྱོགས་པའི་གཉིས་མེད་ཀྱི་ཡེ་ཤེས་ལ་ངོ་སྤྲད་ནས་ཐ་མལ་ལམ་གདོད་མའི་ཤེས་པ་མངོན་དུ་བྱེད་པ་ཡིན། ཅེས་ཟེར་ལ། ལུགས་འདི་རྗེ་སྒམ་པོ་པས་རྨི་ལམ་དུའང་ག་ལ་བཞེད་ཅིང༌། ལོ་ཙཱ་བ་ཤེས་རིན་པས་བརྗོད་པ་དེ་ཤིན་ཏུ་ནོར་བ་ཡིན་ཏེ། (༢༤བ)
ནོར་བའི་ཚུལ་འདི་ནི་འཁྲུལ་པ་དང་བྲལ་བར་བརྗོད་པར་མཛད་པ་རྗེ་བཙུན་མར་པ་ཡབ་སྲས་ཀྱི་བཞེད་པ་ཆེས་གསལ་བ་རྗེ་རས་པ་ཆེན་པོའི་བཀའ་དྲིན་ལས་འདིར་བརྗོད་ན། གཟུང་འཛིན་གཉིས་སྟོང་གི་སེམས་ཞེས་མདོ་ཕྱོགས་ཀྱི་བཀའ་དགོངས་འགྲེལ་ནས་འབྱུང་བའི་གཟུང་འཛིན་གཉིས་སྟོང་གི་སེམས་དེ་རྣམ་ཤེས་ཚོགས་དྲུག་གམ་བརྒྱད་དུ་འདོད་པ་གང་ཡང་རུང་བས་རྣམ་ཤེས་ཀྱི་ཚོགས་དེ་དག་ལ་གཟུང་འཛིན་ལ་སོགས་པ་སྒྲིབ་པ་གཉིས་ཀྱི་ཆ་ཐམས་ཅད་ལེགས་པར་སྤངས་པའི་གནས་གྱུར་གྱི་ཡེ་ཤེས་དེ་ཉིད་ལ་འཆད་ལ། ལུགས་འདིར་དབུ་མ་ཐལ་འགྱུར་བས་དཔྱད་པ་ན་རྣམ་ཤེས་ཀྱི་ཚོགས་ཐམས་ཅད་གློ་བུར་དྲི་མའི་བདག་ཉིད་ཅན་ཡིན་པས་དེ་ཉིད་དྲི་བྲལ་ཡེ་ཤེས་ཀྱི་ངོ་བོར་གནས་འགྱུར་དུ་མི་རུང་སྟེ། རུང་ན་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བས་འཁྲུལ་བཅས་སུ་འགྱུར་བའི་ཕྱིར། སངས་རྒྱས་ཀྱི་སར་རྣམ་ཤེས་གནས་གྱུར་གྱི་ཡེ་ཤེས་ཀྱང་མི་འདོད་ལ། དེས་ན་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སེམས་བདེན་གྲུབ་པ་དབུ་མ་ཐམས་ཅད་ཀྱིས་མི་བཞེད་ཀྱང༌། ཐ་སྙད་དུ་རང་རྒྱུད་པ་ཁ་ཅིག་གཉིས་སྟོང་གི་སེམས་འོད་གསལ་བ་དང་ཡེ་ཤེས་བྱང་འཕགས་དང་རྫོགས་སངས་ཀྱི་མཉམ་གཞག་ན་ཡོད་པར་འཆད་ཅིང༌། ཐལ་འགྱུར་པས་ནི་ཐ་སྙད་དུའང་དེར་སེམས་དང་ཡེ་ཤེས་ཀྱི་རྒྱུ་བ་གཏན་ཡོད་པར་མི་བཞེད་ལ། དེས་ན་རྣམ་ཤེས་ཀྱི་ཚོགས་དྲུག་གམ་བརྒྱད་ལ་གཟུང་འཛིན་གྱིས་སྟོང་པའི་སེམས་ལྷག་མ་གཟུང་འཛིན་མངོན་གྱུར་པའི་རྣམ་རིག་བསྐྱེད་མི་ནུས་ཀྱི་བག་ཉལ། ཉན་རང་དགྲ་བཅོམ་ལྷག་མེད་ཀྱི་དབྱིངས་སུ་ཞུགས་པའི་རིག་རྒྱུན་མངོན་པར་མི་གསལ་བ་ཡུལ་གྱིས་ཁམ་བསྒྱུར་ཅིང་གཉིས་སྣང་ནུབ་པའི་ཤེས་པའམ་སེམས་དེ་ནི་(༢༥ན)
རྒྱུད་བླ་མར་བཤད་པའི་རྒྱུ་ལམ་འབྲས་བུའི་བདེ་གཤེགས་སྙིང་པོ་དང༌། སྔགས་སུ་བཤད་པའི་གཞི་ལམ་འབྲས་གསུམ་གྱི་གཉིས་མེད་ཡེ་ཤེས་དང་གཏན་མི་གཅིག་སྟེ། གཅིག་ན་མདོ་སྔགས་ཀྱི་འབྲས་བུ་སངས་རྒྱས་ཀྱང་མི་གཅིག་ཀ་མེད་དུ་འོང་ཞིང༌། སྟག་ཚང་ལོ་ཙཱ་བ་ཁྱེད་ཅག་དེའང་འདོད་མི་ནུས་པའི་ཕྱིར་ཏེ། མདོ་སྔགས་ཀྱི་སངས་རྒྱས་ལ་མཆོག་དམན་གྱི་ཁྱད་པར་འབྱེད་པའི་ཕྱིར། དེས་ན་འཁོར་ལོ་བར་པ་སོགས་ལས་དགོངས་གཞི་སྔགས་ནས་བཤད་པའི་སེམས་འོད་གསལ་ལ་དགོངས་ནས། དགོས་པ་མདོ་ལུགས་ཀྱི་ལམ་གྱིས་མདོ་ལུགས་ཀྱི་སངས་རྒྱས་ཐོབ་པར་ཤེས་པའི་ཆེད་དུ་རྣམ་ཤེས་ཀྱི་ཚོགས་བརྒྱད་དམ། དྲུག་གི་རང་ངོ་འོད་གསལ་བར་གསུངས་པ་ཡོད་དེ། སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གཟུང་འཛིན་གྱི་སེམས་མ་མཆིས་པའི་སེམས་དང་ཡེ་ཤེས་ཆེས་རབ་འབྱམས་སུ་བཤད་ཅིང༌། དོན་དེ་ལ་དགོངས་ནས་རྗེ་བཙུན་བྱམས་པས་ཀྱང༌། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང༌། དེའི་འགྲེལ་པར་དབྱིག་གཉེན་ཞབས་ཀྱིས། ཆོས་ཉིད་ཀྱི་སེམས་ལས་མ་གཏོགས་པའི་སེམས་གཞན་གྱི་དབང་གི་མཚན་ཉིད་ནི་རང་བཞིན་གྱིས་འོད་གསལ་བར་མི་བརྗོད་དོ། །དེ་ལྟ་བས་ན་སེམས་ནི་འདིར་ཆོས་ཉིད་ཀྱི་སེམས་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་འབྱུང་ལ། དེས་ན་རྩ་འགྲེལ་འདི་དག་གི་དགོངས་པ་ལྟར་ན་ཡོངས་གྲུབ་ཁོ་ན་ཡེ་ཤེས་དང་མྱང་འདས་སུ་འཆད་དགོས་པ་དང༌། གཞན་དབང་ཡིན་ན་འཁོར་བའི་རྣམ་རིག་ཡིན་དགོས་ཀྱི། དོན་དམ་བདེན་པ་མིན་པས་ཁྱབ་པ་དང༌། ཡོངས་གྲུབ་ལ་མ་ཡིན་(༢༥བ)
དགག་ཡིན་པས་ཁྱབ་པ་དང༌། དོན་དེ་ལ་དགོངས་ནས་རྗེ་བཙུན་གྱིས་བདེན་གཉིས་ལས་འཁོར་འདས་འཇོག་གོ་ཞེས་དང༌། མཚན་ཉིད་དང་པོ་གཉིས་ལས་ཀུན་རྫོབ་བདེན་པ་དང༌། མཚན་ཉིད་ཕྱི་མ་ལས་དོན་དམ་བདེན་པ་རྣམ་པར་འཇོག་གོ་ཞེས་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་དང༌། དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་གཉིས་གསུངས་པ་ཡིན་ནོ། །དེས་ན་ཡབ་རྗེ་རས་པ་ཆེན་པོའི་ཞལ་སྔ་ནས་བྱམས་ཆོས་སྡེ་ལྔ་པོ་འདི་རྒྱུ་འབྲས་ཀྱི་ཐེག་པ་ཆེན་པོ་སྤྱིའི་བཀའ་ཐམས་ཅད་ཀྱི་དགོངས་འགྲེལ་དུ་གྲུབ་སྟེ། བར་པ་གསུམ་ཞར་བྱུང་དབུ་མའི་ཆོས་ཚུལ་མི་སྟོན་པ་མིན་ཀྱང༌། དངོས་བསྟན་སེམས་ཙམ་ཐུན་མོང་མིན་པའི་བསྟན་བཅོས་དང༌། བྱམས་ཆོས་དང་པོ་དབུ་སེམས་ཐུན་མོང་གི་བསྟན་བཅོས་དང༌། བྱམས་ཆོས་ཐ་མ་མདོ་སྔགས་ཐུན་མོང་གི་བསྟན་བཅོས་ཡིན་པའི་ཕྱིར་ཞེས་བཀའ་སྩལ་ཏོ།།དོན་གྱི་དབང་འདི་གཟིགས་ནས་རྗེ་སྒམ་པོ་པ་ཡབ་སྲས་ཀྱིས། ཁོ་བོའི་ཕྱག་རྒྱ་ཆེན་པོ་རྒྱུད་བླ་མའི་དགོངས་པ་ཡིན། ཅེས་གསུངས་པ་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་རང་བྱུང་རྡོ་རྗེའི་ཞལ་སྔ་ནས། ཟབ་མོ་རྡོ་རྗེའི་ཐེག་པ་ལ་འཇུག་པར་འདོད་པ་གང་དག་ཐེག་པ་ཆེན་པོ་རྒྱུད་བླ་མ་དང་ཁོ་བོས་བྱས་པའི་ཟབ་མོ་ནང་དོན་གྱི་ཚིག་དོན་ཙམ་ཁོང་དུ་མ་ཆུད་པར་ཟབ་རྒྱས་སྔགས་ཀྱི་དོན་ལ་དཔྱིས་ཕྱིན་དུ་འཇུག་མི་ནུས་པས་བསྟན་བཅོས་འདི་གཉིས་ལ་ལེགས་པར་སློབས་ཤིག་ཅེས་བཀའ་སྩལ་ཏོ། །དེས་ན་མདོར་བཤད་པའི་གཉིས་མེད་ཀྱི་ཡེ་ཤེས་འོད་གསལ་བ་དེ་སྔགས་ལུགས་ཀྱི་ཡེ་ཤེས་དང༌། སེམས་འོད་གསལ་ཡིན་ན་དངོས་ལ་གནོད་བྱེད་ཡོད་དེ། སྔགས་ལུགས་ཀྱི་སེམས་འོད་གསལ་དང༌། དེ་མངོན་དུ་བྱས་ནས་མི་(༢༦ན)
སློབ་པའི་ཟུང་འཇུག་སྒྲུབ་པར་བྱེད་པ་ལ་ཐབས་ཤེས་ཟུང་འཇུག་གི་རྟེན་བརྟེན་པའི་དཀྱིལ་འཁོར་དུ་ཞུགས་ནས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདག་ཉིད་ཀྱི་བདེ་སྟོང་དབྱེར་མེད་ཀྱི་དབང་བཞི་བླང་བ་དང་བསྐུར་བར་མ་བྱས་ན་མི་འབྱུང་ཞིང༌། དེར་བལྟོས་ཀྱི་སྡོམ་པ་དང་དམ་ཚིག་བསྲུང་ཞིང་སྤྱོད་པ་སྤྱད་པ་དང༌། ཁྱད་པར་ཕྱག་རྒྱའི་རྐྱེན་ལས་མཆོག་གི་དབུ་མ་གཏན་ལ་ཕབས་ནས། དེར་སྒྲིབ་མེད་ཀྱི་རླུང་ཐིག་འཛག་མེད་ཟད་པ་མེད་པར་མཐའ་ཀླས་པའི་ཕ་རོལ་ཏུ་ཕྱིན་པར་མ་བྱས་པས་དེར་འགྲུབ་མི་སྲིད་པ་གང་ཞིག མདོར་བཤད་པའི་སེམས་འོད་གསལ་དང༌། སྔགས་སུ་བཤད་པའི་སེམས་འོད་གསལ་གཅིག་ན་མདོར་བཤད་པའི་སེམས་འོད་གསལ་དེ་རྟོགས་བྱེད་དུ་སྔགས་ནས་བཤད་པའི་ལམ་འདི་མེད་མི་རུང་བའམ། ཡང་ན། སྔགས་ལམ་དུ་དེ་རྟོགས་པ་ལ་རྟོགས་བྱེད་ཀྱི་ཐབས་ཤེས་ཀྱི་ལམ་དེ་མི་དགོས་པར་མདོ་ལུགས་ཀྱི་ལམ་ཁོ་ནས་དེར་འགྲུབ་པས་དེ་འགྲུབ་བྱེད་སྔགས་ལམ་ལ་རག་མ་ལས་པའི་ཕྱིར། ཁྱད་པར་མདོར་བཤད་པའི་སེམས་འོད་གསལ་དང༌། སྔགས་ནས་བཤད་པའི་སེམས་འོད་གསལ་གཅིག་ན། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྔགས་ནས་བཤད་པའི་སེམས་འོད་གསལ་དང་སྒྱུ་ལུས་ཀྱི་རྣམ་པར་གཞག་པ་ཐམས་ཅད་མདོར་བཤད་པའི་འོད་གསལ་དང་སྒྱུ་མ་ལྟར་སྟོན་པའི་ཆོས་ཚུལ་ལས་ཆེས་ཁྱད་འཕགས་སུ་སྒྲུབ་པའང་དོན་མེད་པར་ཐལ་བ་དང༌། ཁྱད་པར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྟན་པའི་ཆོས་གཞན་ཐམས་ཅད་ཁོང་དུ་ཆུད་ཀྱང་འདུས་པའི་རྒྱུད་དོན་ཁོང་དུ་མ་ཆུད་ན་རྡོ་རྗེ་འཆང་གི་གོ་འཕང་མི་ཐོབ་སྟེ། འོད་གསལ་དང་སྒྱུ་ལུས་ཀྱི་དོན་ཁོང་དུ་ཆུད་པར་མི་(༢༦བ)
འགྱུར་ཞེས་གསུང་བ་ཡང་དོན་ལ་མ་ཞུགས་པའི་རྫུན་ཚིག་ཆེན་པོར་སོང་བའི་ཕྱིར། ཁྱད་པར་སྔགས་ནས་བཤད་པའི་སེམས་འོད་གསལ་དང༌། མདོ་ནས་བཤད་པའི་སེམས་འོད་གསལ་གཉིས་མི་གཅིག་སྟེ། དེ་གཉིས་ལྷན་ཅིག་མི་གནས་འགལ་དུ་བཤད་པའི་ཕྱིར། རང་བཞིན་གཅིག་ན་ལྷན་ཅིག་མི་གནས་འགལ་དུ་མི་འགྲུབ་པའི་ཕྱིར། ལྷན་ཅིག་མི་གནས་འགལ་དུ་ཇི་ལྟར་བཤད་ཅེ་ན། སྔགས་ལུགས་ཀྱི་འོད་གསལ་དེ་གང་ཟག་ཐམས་ཅད་ལ་མི་གསལ་བར་ཞུགས་མོད། གསལ་བར་མངོན་དུ་འགྱུར་ཉེ་བ་ན་ཚོགས་བརྒྱད་ཀྱི་ཁྱད་པར་གྱི་ཆོས་གསལ་རིག་དགེ་མི་དགེ་ཐམས་ཅད་ལྷན་ཅིག་མི་གནས་པར་འགག་པར་འགྱུར་བ་ཡིན་ཏེ། དེ་འཆར་དུ་ཉེ་བ་ན་དང་པོར་འཇུག་ཤེས་དྲུག་གི་བདག་ཉིད་སྣང་བ་ཙམ་འགགས་ཤིང༌། དེ་ནས་ཉོན་ཡིད་ཀྱི་བདག་ཉིད་སྣང་བ་མཆེད་པ་འགགས་ཏེ། དེ་ནས་ཀུན་གཞིའི་བདག་ཉིད་ཀྱི་སྣང་བ་ཉེར་ཐོབ་ཀྱང་འགགས་ནས་མཐར་འོད་གསལ་བའི་སེམས་འཆར་བའི་ཕྱིར། དེས་ན་ཟབ་མོ་སྔགས་ཀྱི་ཐེག་པ་ལྟར་ན་ཐ་སྙད་དུ་ཚོགས་བརྒྱད་ཡོད་པར་དོན་ལ་གནས་ཏེ། སྣང་མཆེད་ཐོབ་གསུམ་གྱི་བདག་ཉིད་ཅན་གྱི་རྣམ་ཤེས་ཚོགས་བརྒྱད་རང་མྱོང་གིས་གྲུབ་པའི་ཕྱིར་ཞེས་རྗེ་འགོས་གསུངས་ལ། རྗེ་མར་པ་ལོ་ཙཱའི་ཞལ་སྔ་ནས་ཐ་སྙད་དུའང་ཀུན་གཞི་ཉོན་ཡིད་སེམས་ཙམ་གྱི་གྲུབ་མཐར་བཤད་པ་ལྟར་དོན་ལ་ཡོད་པར་མ་ངེས་ཀྱང༌། གསང་སྔགས་ནས་སྣང་མཆེད་ཐོབ་གསུམ་འགགས་པའི་ཚུལ་འདི་ཚོགས་དྲུག་གི་ཤེས་པ་ཉིད་ཅུང་ཟད་འགགས་པ་དང༌། ཕལ་ཆེར་འགགས་པ་དང༌། མ་ལུས་པར་འགགས་པ་ལ་དགོངས་ཏེ། ཚོགས་བརྒྱད་ཀྱི་ཐ་སྙད་ཙམ་བྱས་ཀྱང་ཚོགས་དྲུག་ལས་ཚོགས་བརྒྱད་ཐ་སྙད་(༢༧ན)
དུའང་མཐའ་གཅིག་ཏུ་མ་གྲུབ་པར་དོགས་གོ་ཞེས་བཀའ་སྩལ་ཏོ། །དེས་ན་རྡོ་རྗེ་འཆང་ཆེན་པོའི་བཀའ་བབས་ཀྱི་བརྒྱུད་པ་འདིའི་ལུགས་ལ་ནི་མདོ་དང་སྔགས་ཀྱི་སངས་རྒྱས་གང་ལས་སྒྲུབ་པ་དང༌། གང་གིས་སྒྲུབ་པར་བྱེད་པ་དང༌། གང་གྲུབ་པའི་གཞི་ལམ་འབྲས་གསུམ་ཀའི་བདེ་གཤེགས་སྙིང་པོ་དང༌། སེམས་དང༌། འོད་གསལ་ཞེས་མིང་མཐུན་པར་འབྱུང་ཡང༌། དེ་ལྟར་གདགས་གཞིའི་དོན་གཏན་མི་གཅིག་ཅིང༌། དེའི་དབང་གིས་མདོ་ལུགས་ཀྱི་སངས་རྒྱས་བསྒྲུབས་པས་སྔགས་ལུགས་ཀྱི་སངས་རྒྱས་ཞར་བྱུང་དུ་མི་ཐོབ་ལ། སྔགས་ལུགས་ཀྱི་སངས་རྒྱས་བསྒྲུབས་པས་མདོ་ལུགས་ཀྱི་སངས་རྒྱས་ཞར་བྱུང་དུ་འགྲུབ་བོ་ཞེས་བཞེད་དོ། །འདི་ནི་མདོ་རྒྱུད་ཐམས་ཅད་ཀྱི་ཆོས་ཀྱི་སྲོག་མིག་འཁྲུལ་པ་མེད་པ་ཡིན་པས་འཇིགས་མེད་སེང་གེའི་སྒྲ་འདི་ནི་རྒྱལ་བ་འབྲི་གུང་པས་དམ་ཆོས་དགོངས་པ་གཅིག་པར་ཆེར་བསྒྲགས་ཀྱང༌། བསྐལ་པ་བཟང་པོའི་རྣ་བ་ཉམས་པར་གྱུར་པའི་མཁས་པ་དང༌། གྲུབ་པ་དང༌། པཎ་ཆེན་དང༌། རྗེ་བཙུན་དང༌། གཞན་ཡང་འགྲན་བྲལ་གྱི་བླ་དྭགས་ཅན་དག་གིས་ཅུང་ཟད་ཀྱང་ཐོས་པའི་སྐབས་མ་ཕྱེད་པར་སྣང་ན་དྲན་ལམ་དུ་ལྟ་ཅི་ལྟར་འཆར། འོ་ན་མདོར་ཡང་བདེར་གཤེགས་སྙིང་པོ་བསྟན་པ་མ་ཡིན་ནམ་ཞེ་ན། བསྟན་མོད། མིང་ཙམ་དུ་བསྟན་གྱི། དོན་གདུལ་བྱ་དེ་དག་གི་གློ་བར་མི་ཆུད་པས་སྒྲ་ཇི་བཞིན་མིན་པའི་སྒོ་ནས་བསྟན་པ་ལས། སྔགས་ནས་དེའི་དོན་སྒྲ་ཇི་བཞིན་པ་ཡིན་མིན་གཉིས་ཀས་གསལ་བར་བསྟན་པ་འདི་ལྟ་བུ་ཡོད་པ་མ་ཡིན་ཅིང༌། གལ་སྲིད་དེའི་དོན་ཤུགས་སམ་ཞར་ལ་སྦས་ནས་བསྟན་པ་ཡོད་ཀྱང༌། སྒྲུབ་བྱེད་མདོའི་ལམ་གྱིས་ནི་སྒྲུབ་གཞི་སྔགས་ནས་བསྟན་པའི་(༢༧བ)
བདེར་གཤེགས་སྙིང་པོ་དེ་ལ་ལས་སུ་མི་བྱེད་པར་རྣམ་ཤེས་ཚོགས་བརྒྱད་དམ་དྲུག་གི་ཐོག་ནས་སྒྲིབ་གཉིས་སྤངས་ཤིང་ཚོགས་གཉིས་བསགས་ཏེ་འབྲས་བུ་མདོ་ལུགས་ཀྱི་སངས་རྒྱས་ཐོབ་པར་བྱེད་དོ། །དེས་ན་མདོ་ལས་བདེར་གཤེགས་སྙིང་པོ་འདུས་མ་བྱས་སུ་བཤད་པ་དང༌། འདུས་མ་བྱས་གཞིར་བྱས་ལ་རེས་དངོས་པོར་བཤད་པ་དང༌། རེས་དངོས་མེད་སྟོང་པར་བཤད་པའི་དབང་ལས། གཉིས་པ་དེ་ལ་བསམས་ནས་ལོ་ཙཱ་བ་ཆེན་པོས་བདེར་གཤེགས་སྙིང་པོ་སྟོང་ཉིད་མེད་དགག་ཏུ་འཆད་པ་དང༌། དེ་དང་མཐུན་པར་འཕགས་སེང་གིས་ཕར་ཕྱིན་སྒྲུབ་པའི་རྟེན་རིགས་ཆོས་དབྱིངས་སྟོང་ཉིད་ལ་འཆད་པ་དང༌། དང་པོ་དེ་ལ་བསམས་ནས་ཇོ་ནང་པ་ཆེན་པོས་བདེར་གཤེགས་སྙིང་པོ་རྟག་བརྟན་ཐེར་ཟུག་འདུས་མ་བྱས་ཀྱི་དངོས་པོ་ལ་བཤད་པ་སོགས་ཕྱོགས་ཙམ་དུའང་མ་ཕྱིན་པའི་མུན་སྤྲུལ་མཐའ་ཀླས་པ་ཤེས་བྱའི་ཁོངས་སུ་བྱུང་བ་སུ་ཞིག་གིས་བརྗོད་ནུས། གསུམ་པ་དེ་མི་འཐད་དེ། ཤིན་ཏུ་དཔྱད་པ་ན་མདོ་སྔགས་གཉིས་ཀར་ཆོས་ཐམས་ཅད་དཔྱད་མི་བཟོད་པ་ལ་གཞན་སྤྲོས་པར་མ་གྲུབ་པ་དང༌། རྒྱུ་རྒྱུད་བདེར་གཤེགས་སྙིང་པོ་ལ་དྭངས་མ་མི་ཤིགས་ཁྱད་པར་གསུམ་ལྡན་གྱི་ཁྱད་པར་རྩལ་དུ་བཏོན་ནས་བཤད་པ་ལ་མི་རིགས་པ་མེད་ཀྱང་འཆད་ལུགས་དེའི་མ་དཔྱད་པ་དང༌། ཅུང་ཟད་དང༌། ཤིན་ཏུ་དཔྱད་པའི་འཆད་ཚུལ་གསུམ་གྱི་རྣམ་གཞག་ལ་སྐྱོན་ཡོད་པ་དང༌། ཅུང་ཟད་དཔྱད་ཚེ་བཅོམ་ལྡན་འདས་ཀྱི་བཀའི་ཕྱག་རྒྱ་ལས་དོན་གཞན་དུ་བརྒལ་བས་སྐྱོན་དུ་འགྱུར་བ་དང༌། དྭངས་མའི་གང་ཟག་ཁས་བླངས་པས་སེམས་ཅན་གཅིག་སངས་རྒྱས་མ་ཐོབ་ཀྱི་བར་དེའི་རྒྱུད་ལ་གང་ཟག་གཉིས་ཡོད་ཅིང༌། སངས་རྒྱས་(༢༨ན)
ཐོབ་པ་ན་གཅིག་རྒྱུན་ཆད། ཅིག་ཤོས་ལྷག་མར་ལུས་པར་འགྱུར་ཞིང༌། དེ་ལྟར་འདོད་ན་སྐྱོན་ཆགས་པར་བསྟན་པའོ། །དང་པོ་ལ། འདོད་པ་དེ་ལྟ་བུ་དབུ་མའི་ལུགས་ཙམ་དུ་མི་རུང༌། ཁྱད་པར་ཁྱེད་རང་ཟླ་གྲགས་ཀྱི་སྐུ་སྐྱེར་ཞལ་གྱིས་འཆེས་ཤིང༌། ཁྱེད་རང་གི་དབུ་མའི་ལུགས་འདི་སྔར་ཟླ་གྲགས་དུས་ཇི་ལྟར་བཀྲལ་བ་ལྟར་ཁས་ལེན་ནོ་ཞེས་དམ་བཅས་པ་དང་འགལ་བར་འགྱུར་བའོ། །དང་པོ་ནི། དབུ་མ་རང་རྒྱུད་པ་སོགས་དབུ་མ་པ་ཕལ་ཆེ་བས་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་བྱེད་པ་ལྟར་ཀུན་རྫོབ་པའི་དྭངས་སྙིགས་ལ་ཡོད་མེད་དང་བདེན་རྫུན་གྱི་དབྱེ་བ་བྱེད་དོ་སྙམ་ན། དེ་དག་གིས་དེ་ལྟར་དབྱེ་བ་དང་ཁྱེད་ཀྱི་དབྱེ་བ་བྱེད་ལུགས་ཀྱི་ཞེན་དོན་མི་གཅིག་སྟེ། དེ་དག་གིས་ཀུན་རྫོབ་ཁོ་ནའི་དབང་དུ་བྱས་ནས་དེར་འཆད་པའི་ཕྱིར་དང༌། ཁྱེད་ནི་དཔྱད་པ་ན་རྣལ་འབྱོར་ཡང་དག་ཀུན་རྫོབ་དང༌། རང་བཞིན་ལྷུན་གྲུབ་ཀྱི་དོན་དམ་གྱི་གཞི་མཐུན་ཡིན་ཅེས་ཟོལ་སྦྱོར་དུ་སྨྲས་པའི་ཕྱིར། དབུ་མར་སྨྲ་བ་དག་བྱིས་འཕགས་སུས་ཀྱང་བདེན་གཉིས་གཞི་མཐུན་མངོན་སུམ་གྱི་སྣང་འཇུག་ཏུ་འཇོག་པའི་རྣམ་གཞག་མི་བྱེད་པས་རིང་ལུགས་ཆེན་པོ་དང་འགལ་བར་འགྱུར་ལ། རང་བཞིན་ལྷུན་གྲུབ་ཀྱི་དོན་དམ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་ནམ་མ་བཅོས་པ་དོན་དམ་ལས་འོས་མེད་ན་དེ་ནི་སྐྱེ་འགག་སོགས་ཀྱིས་འདུ་བྱ་བར་མི་རུང་བའི་ཕྱིར། ཁྱེད་ཀྱི་དྭངས་མའི་རྩ་རླུང་ཐིག་ལེ་སོགས་འདུས་བྱས་སུ་འགལ་ཞིང༌། ཡང་རང་བཞིན་ལྷུན་གྲུབ་ཀྱི་དོན་དམ་འདུས་བྱས་སུ་ཁས་ལེན་ན་ནི་རང་བཞིན་ལྷུན་གྲུབ་ཀྱི་དོན་དམ་ཞེས་པའི་དོན་དམ་ཡང་བཏགས་པ་ཙམ་དུ་ཟད་པ་ལས་བདེན་གཉིས་ཀྱི་ཟླས་དབྱེ་བའི་(༢༨བ)
དོན་དམ་བདེན་པར་མ་སོང་བས། དྭངས་མ་འཇོག་བྱེད་ལ་བདེན་པ་གཉིས་ཀའི་ཆ་ནས་ཟབ་ཁྱད་བླ་ན་མེད་པར་བཞག་པའང་སྒྲ་གྲག་སྟོང་ཁོང་དུ་ཆུད་བྱེད་ལས་གཞན་དོན་ཅི་ཞིག་ཡོད། གཉིས་པ་ནི། དཔལ་ལྡན་ཟླ་བས་བདེན་པ་གཉིས་ལ་འཇུག་པ་ན། མ་བརྟགས་པར་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རྣམ་པར་གཞག་ལ། བརྟགས་ན་བདེན་པ་གཉིས་ཅར་དཔྱད་མི་བཟོད་པའི་ཕྱིར་བདེན་པ་གཉིས་ཀ་ལ་དཔྱད་ནས་གྲུབ་མ་གྲུབ་ཡོད་མེད་བདེན་བརྫུན་ཞལ་གྱིས་མི་བཞེས་ལ། དོན་དེས་ན་སློབ་དཔོན་འདིས་ཀུན་རྫོབ་བདེན་པ་དཔྱད་ནས་གྲུབ་པར་འཇོག་པའི་ཕྱི་ནང་གི་གྲུབ་མཐའ་མཐའ་དག་དགག་བྱའི་གཙོ་བོ་ཡིན་ཏེ། དེ་ལྟར་ཁས་བླངས་ན་ཀུན་རྫོབ་བདེན་པ་རིགས་པས་དཔྱད་བཟོད་དུ་འགྱུར་བས་དེ་ལ་རང་བཞིན་རྙེད་པར་འགྱུར་ལ། དེ་རྙེད་ན་དེ་ཀུན་རྫོབ་མ་ཡིན་པར་འགྱུར་བས། ཀུན་རྫོབ་བདེན་པ་ལས་ཉམས་པ་དང༌། དེ་ཡང་བདེན་པར་ཁས་བླངས་པས་བདེན་པ་གཉིས་ཀར་བདེན་གྲུབ་ཀྱི་ཆོས་རྙེད་ན་བདེན་མེད་དེ་ཁོ་ནར་མ་ཞུགས་པས་དོན་དམ་བདེན་པ་ལས་ཉམས་པས་བདེན་གཉིས་ཀྱི་དོན་ལ་ཕྱིན་ཅི་ལོག་ཁོ་ནར་སོང་བའི་ཕྱིར། དེ་ལྟར་ཞེ་བཞག་དང་ཁར་འབྱིན་བྱེད་པ་དེ་དག་གིས་བདེན་གཉིས་ཀྱི་གནས་ལུགས་སྒྲིབ་བྲལ་དུ་མཐོང་རེ་ཀན་ཞེས་དགོངས་པ་མཐར་ཐུག་ཡིན་ལ། ཁྱེད་ཟླ་བ་གྲགས་པ་ཡིན་པར་དྲན་ཡང་དེའི་མཛད་པའི་མཐའ་བཞག་པའི་དོན་བརྗེད་པ་ནི་ལེགས་བྱས་སུ་མི་འགྱུར་རོ།།ཡང་མ་བརྟགས་པ་དང༌། ཅུང་ཟད་བརྟགས་པ་དང༌། ཤིན་ཏུ་བརྟགས་པའི་རྣམ་གཞག་སྐྱོན་མེད་དེ། སློབ་དཔོན་ཀླུས་སངས་རྒྱས་རྣམས་ཀྱིས་བདག་དང་བདག་མེད་དང་འགའ་མེད་ཀྱི་ཆོས་བསྟན་པར་བཤད་པའི་ཕྱིར་(༢༩ན)
སྙམ་ན། བསྟན་མོད། འདིར་མི་ཕན་ཏེ། དེར་སྟོན་པས་གདུལ་བྱའི་བློའི་འཇུག་སྟོབས་ཀྱི་ནུས་པ་མཆོག་དམན་ལས་བདེན་གཉིས་ཀྱི་ཡུལ་རྒྱ་ཇེ་ཆེ་ཇེ་ཆེར་བསྟན་པར་མཛད་པ་དང༌། འདིར་བདེན་གཉིས་ཀྱི་ཆོས་ལ་གནས་ལུགས་ཀྱི་དོན་དོན་དུ་མི་གཉེར་བ་ལ་སྤྲོས་པ་རང་དགར་འཇོག་པ་དང༌། དེ་དོན་གཉེར་ལ་སྤྲོས་པ་སེལ་བའི་ཆེད་དུ་དཔྱད་པ་མཛད་པའི་སྐབས་དོན་མི་གཅིག་པའི་ཕྱིར། གྲུབ་སྟེ། དེ་ལྟར་གཅིག་ན་སྤྲོས་པ་སེལ་བའི་དུས་དེར་ཡང་རིགས་པས་དཔྱད་ནས་སྤྲོས་པ་དུ་མར་འཇོག་དགོས་ན་སྤྲོས་པ་མཐའ་དག་ལས་གྲོལ་བ་མི་སྟེར་བར་འགྱུར་བའི་ཕྱིར་དང༌། སྤྲོས་མཐའ་སེལ་ཚེ་སླར་སྤྲོས་པ་མང་པོའི་རྣམ་གཞག་འདི་ཐལ་ཆེས་ན་རིགས་པ་སྔ་མ་གནོད་བཅས་དང༌། ཕྱི་མ་ཐུག་མེད་དུའང་འགྱུར་བའི་ཕྱིར། འོ་ན། སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང༌། །ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་འབྱུང་བས། ཤིན་ཏུུ་དཔྱད་ན་དེར་མ་གྲུབ་ཀྱང་ཅུང་ཟད་བརྟགས་པ་ན་བདེན་གཉིས་ཀྱི་གྲུབ་དོན་བཞག་པ་དང༌། རྙེད་པར་བཞག་པ་མི་འགལ་ལོ་སྙམ་ན་དེས་ཀྱང་འདིར་མི་ཕན་ཏེ། དེར་ལས་དང་པོ་པས་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་གཉེན་པོར་སྟོང་པ་ཉིད་ལྟ་སྒོམ་དུ་བྱེད་ཅིང༌། དེའི་བྱེད་པ་རྫོགས་པ་ན་དེ་ལྟར་ལྟ་སྒོམ་གྱི་བློའི་འཇུག་པའང་ཉེ་བར་ཞི་བར་བཤད་པ་དེས། ཁྱེད་ཀྱིས་ཅུང་ཟད་བརྟགས་པ་ན་བདེན་གཉིས་ལས་དོན་བྱེད་པའི་དངོས་ཆ་འདི་ལྟར་གྲུབ་བོ་ཞེས་རྣམ་པར་བཞག་པ་འཐད་པའི་སྒྲུབ་བྱེད་དུ་མི་འགྱུར་བའི་ཕྱིར། ངག་དོན་ཡང་དག་པའི་དོན་གཉེར་བའི་སྐབས་སུ་དཔྱད་པ་བྱེད་པ་(༢༩བ)
ན་འཇིག་རྟེན་དང་བསྟན་བཅོས་ན་མ་གྲགས་པའི་བདེན་གཉིས་གཞི་མཐུན་པའི་དངོས་པོ་འབད་པས་བསྒྲུབས་ཏེ་རྣམ་པར་འཇོག་པ་ནི་ཕྱི་རོལ་པས་ཀུན་བརྟགས་པའི་ཆོས་བཞག་པ་ལྟར་ཚུལ་འདི་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ་ཅུང་ཟད་ཀྱང་ཉེ་བར་མི་མཁོ་བ་ཁོ་ནའོ། །གཉིས་པ་ནི། ཅུང་ཟད་དཔྱད་ཚེ་བདེན་གཉིས་གཞི་མཐུན་པ་འཇོག་པ་ན་དྭངས་མ་མི་ཤིགས་པའི་ཆོས་དང་གང་ཟག་དེ་ཐམས་ཅད་མྱང་འདས་ཀྱི་ཆོས་ཀྱི་བདག་ཉིད་དང་བྱེད་པ་པོར་དངོས་སུ་ཁས་ལེན་ཅིང༌། འཁོར་བའི་ཆོས་ཐམས་ཅད་ཀྱང་བརྒྱུད་ནས་དེའི་བྱེད་པ་དང་བདག་ཉིད་དུ་འགྱུར་བར་ཁས་ལེན་པ་ནི། སྟོན་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གསུངས་པ་དང་འགལ་བར་ཁས་བླངས་པ་ཡིན་ཏེ། དེ་ལྟར་འཁོར་འདས་ཐམས་ཅད་སྒྲུབ་པར་བྱེད་པའི་བྱེད་པོ་དང་བདག་དེ་དྭངས་མ་རང་ངམ། བདག་ཉིད་ཀྱི་རྒྱུ་རྐྱེན་ལས་མ་གཏོགས་པའི་དེ་ལྟར་བྱེད་པོ་དང་བདག་པོ་དེ་གཞན་གྱི་བྱེད་བདག་ལ་རག་མ་ལས་པའི་ཕྱིར། རྟགས་ཁས་བླངས་པ་ཡིན་མོད། ཉེས་པ་ཅི་ཡོད་སྙམ་ན། དེ་ལྟར་ན་དཔྱད་ངོར་ཡང་དག་པར་བདག་ལས་སྐྱེ་བར་རིགས་པས་ལེགས་པར་བསྒྲུབ་པའི་ཕྱིར་ཁྱེད་ཅག་གྲངས་ཅན་གྱི་བདག་སྐྱེ་འདོད་པ་འགོག་པའང་བྱེད་མི་རིགས་པས་སྙིང་ལས་ཆུང་ངུར་འགྱུར་རོ། །དེས་ན་མཐའ་བཞིའི་སྐྱེ་བ་ཁས་ལེན་པའི་བདག་ཏུ་སྨྲ་བ་དེ་ལ་ཐར་པ་ག་ལ་ཡོད། ཡང་ཁྱེད་དེ་ལྟར་མི་འགྱུར་ཏེ། དྭངས་མ་རང་ངམ་དྭངས་མའི་བདག་ཉིད་དེར་བལྟོས་ཀྱི་རྒྱུ་རྐྱེན་གཞན་དང་གཞན་ཚོགས་པ་ལས་སྐྱེ་བས་བདག་སྐྱེ་ཁས་བླངས་པའི་ཉེས་པར་མི་འགྱུར་སྙམ་ན། དེ་ལྟར་ན་གྲངས་ཅན་གྱིས་མིག་སོགས་གཞན་དོན་བྱེད་པར་སྨྲ་བ་ལྟར་(༣༠ན)
ཚིག་གི་ཟོལ་ཙམ་གྱིས་ནོར་བ་མེད་པའི་གྲུབ་མཐར་མི་འགྱུར་ཏེ། རང་ལ་བསམས་ནས་གཞན་སྒྲོ་བཏགས་ནས་སྨྲས་པའི་ཕྱིར། ཡང་ངེད་ཀྱི་དྭངས་མ་མི་རྟག་པར་འདོད་ལ་རྟག་པར་མི་འདོད་པས་ཕྱི་རོལ་པས་བདག་རྟག་པ་འདོད་པ་དང་ཁྱད་པར་ཆེའོ་སྙམ་ན། འོ་ན་མུ་སྟེགས་རྒྱང་འཕེན་པས་ཀྱང་བདག་མེད་པ་ཁས་ལེན་པར་འགྱུར་ཏེ། ཤི་ནས་བདག་ཆད་པར་འདོད་ཅིང་མ་ཤིའི་བར་བདག་ཤེས་པར་འདོད་ལ། དེའང་མི་རྟག་པར་འདོད་པའི་ཕྱིར། དེས་ན་དཔྱད་པ་འདིའི་སྐབས་སུ་དྭངས་མའི་ཆོས་བྱེད་པོ་དང་བདག་པོར་འཇོག་ཀྱང་གང་ཟག་དང་ཆོས་ཀྱི་བྱེད་པོ་དང་བདག་པོ་ཁས་བླངས་པ་མ་ཡིན་ནོ་ཞེས་པའང་ཁ་ཞེ་མ་མཐུན་པར་སྨྲས་པ་ཡིན་ཏེ། དཔྱད་དོན་དྭངས་མའི་རང་བཞིན་ལྷུན་གྲུབ་ཀྱི་དོན་དམ་པའི་བྱེད་པོ་ནི། རྒྱུ་རྒྱུད་བདེར་གཤེགས་སྙིང་པོའི་བྱེད་པ་དཔྱད་མི་བཟོད་ལས་བཞན་དུ་མེད་པའི་ཕྱིར། དཔེར་ན་མུ་སྟེགས་པས་བཏགས་པའི་བདག་རིགས་པས་བརྟགས་ན་འདིར་ཕུང་པོ་ལས་གཞན་དུ་མི་རྙེད་བ་བཞིན་ནོ། །གསུམ་པ་ནི། སངས་རྒྱས་དང་སེམས་ཅན་གྱི་རྒྱུན་ལ་གང་ཟག་ཙམ་ཞིག་འཇོག་པ་ལས་དྭངས་མའི་རྣལ་འབྱོར་པ་དང་དཔའ་བོ་མཁའ་འགྲོ་སོགས་འཇོག་ན་གཞི་ལམ་གྱི་གནས་སྐབས་སུ་སེམས་ཅན་དེ་ལ་གང་ཟག་གཉིས་ཡོད་ཅིང༌། སངས་རྒྱས་པ་ན་གང་ཟག་གཅིག་ལས་མེད་པར་འགྱུར་ཏེ། སངས་རྒྱས་ནས་སྙིགས་མ་ཐམས་ཅད་རྨེག་མེད་པར་བྱས་པའི་ཕྱིར། འདོད་མི་རིགས་ཏེ། མདོ་སྔགས་གཉིས་ཀ་ནས་སྐྱེ་འཕགས་གཉིས་ཀྱིས་རབ་ཏུ་ཕྱེ་བའི་སོ་སོར་གང་ཟག་གཉིས་ཡོད་པར་མ་གསུངས་ཤིང༌། སོ་སྐྱེ་འཆིང་བ་ལས་གྲོལ་ཚེ་དེ་ལ་འཕགས་པའི་གང་ཟག་ཅེས་བརྗོད་(༣༠བ)
ཀྱི། དེ་ལས་གཞན་དུ་དྭངས་མའི་བདག་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་འཕགས་པའི་གང་ཟག་མ་དམིགས་པའི་ཕྱིར། མ་གྲུབ་ན་བྱེ་སྨྲས་སོ་སོ་སྐྱེ་བོ་གང་ཟག་ལ་བཏགས་པའི་བཏགས་ཡོད་མིན་པར་རྫས་ཡོད་དུ་ཁས་ལེན་པ་ལྟར་ཐ་སྙད་དུའང་གང་ཟག་ཀྱང་དག་མ་དག་གི་ཕུང་པོ་ལ་གཏགས་པའི་བཏགས་ཡོད་མིན་པར་རྫས་ཡོད་དུ་ཁས་ལེན་དགོས་པར་འགྱུར་ཏེ། དྭངས་མའི་ཆོས་སུ་གྱུར་པའི་གང་ཟག་དེ་རང་བཞིན་ལྷུན་གྲུབ་ཀྱི་དོན་དམ་དང༌། རྡོ་རྗེ་ཐེག་པ་པའི་རྣལ་འབྱོར་པ་ལ་སྣང་བའི་རྣལ་འབྱོར་ཡང་དག་ཀུན་རྫོབ་ཡིན་པ་གང་ཞིག དེ་ཡིན་ན་བཏགས་སྣང་གི་ཀུན་རྫོབ་དང་བཏགས་སྣང་ལོག་པས་བཏགས་པའི་ཀུན་རྫོབ་ཀྱི་ཆོས་དེས་དེར་གྱུར་གྱི་ཆོས་ཀྱི་གོ་མི་ཆོད་པའི་ཕྱིར། དེར་མ་ཟད་ཁྱེད་རང་གི་ལུགས་ལའང་ནང་འགལ་ཞུགས་པ་ཡིན་ཏེ། དྭངས་མའི་གང་ཟག་ཡིན་ན་དེ་སྙིགས་མ་མིན་པས་སྙིགས་མའི་སེམས་ཅན་མ་ཡིན་པ་ལས་ཁྱེད་སྙིགས་མའི་སེམས་ཅན་གྱི་གང་ཟག་དེའི་རྒྱུད་ལ་སངས་རྒྱས་སུ་གྱུར་པའི་དྭངས་མ་ཡོད་པ་ལ་བསམས་ནས་སེམས་ཅན་ཡིན་ན་སངས་རྒྱས་མ་ཡིན་པ་བུད་ཅེས་སྨྲས་པས། ཞེ་བཞག་ལ་ཅི་ཡིན་ཀྱང་ཁར་འདོན་ལ་སྙིགས་མའི་སེམས་ཅན་སངས་རྒྱས་མིན་པར་འདོད་བཞིན། བརྗོད་ཚུལ་ལ་ཡིན་པ་ལྟར་བརྗོད་སྣང་བའི་ཕྱིར། དེས་ན་རྟོག་བཟོའི་དྲན་རྒྱ་རྩལ་བསྐྱེད་དེ་སྨྲས་པ་ཐམས་ཅད་ཀྱང་ཕྱི་རོལ་རྟོག་གེའི་སྨྲ་བ་ལྟར་རིགས་པ་ཡང་དག་པས་དཔྱད་པ་ན་དོན་ལ་ཞུགས་པའི་སྐབས་ག་ལ་ཡོད། བཞི་པ་དེ་མི་འཐད་དེ། རྟོག་པས་ཕར་བཞག་མིན་པའི་ཡུལ་རང་ངོས་ནས་སྡོད་ལུགས་ཀྱི་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་དེ་རྟོགས་པས་ཆོས་ཀྱི་བདག་མེད་རྟོགས་པ་ཡིན་ན། ཕྱི་ནང་གི་(༣༡ན)
མུ་སྟེགས་བྱེད་སོགས་སེམས་ཅན་ཐམས་ཅད་ཆོས་ཀྱི་བདག་མེད་འབད་པ་མེད་པར་མངོན་དུ་འགྱུར་བར་ཐལ། དེ་དག་གིས་ཁྱད་གཞི་ཆོས་ཀྱི་ཁྱད་པར་བེམས་ཤེས་ལྟ་བུ་ལ་ལྷན་སྐྱེས་ཀྱིས་དེ་དེར་བདེན་པ་ཙམ་དུ་ལྟ་བ་ནི་ཁྱེད་ཀྱི་ལུགས་ལ་བདེན་འཛིན་ལྷན་སྐྱེས་མིན་པར་ཐ་སྙད་ཚད་གྲུབ་ཡིན་ཅིང༌། ཁྱད་ཆོས་རྡུལ་ཕྲ་རབ་དང་སྐད་ཅིག་ཆ་མེད་ལྟ་བུར་ཀུན་བརྟགས་ཀྱི་ཁྱད་པར་དུ་བྱས་པ་དེ་ཙམ་དུ་འཛིན་ཀྱང༌། དེ་ནི་ཆོས་ཀྱི་བདག་ལྟ་ལྷན་སྐྱེས་མ་ཡིན་ལ། ཁྱེད་འདོད་པའི་བདག་ལྟ་དེ་འདྲ་ནི་འཇིག་རྟེན་དང་བསྟན་བཅོས་ན་སྔར་ཡང་མ་གྲགས་ཤིང༌། དེ་དག་གི་རྒྱུད་ལ་མྱོང་བ་ལ་བཀར་ན་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར། དེ་ལ་ཁྱེད་འཇིག་རྟེན་དང་བསྟན་བཅོས་ན་བདག་ལྟ་དེ་འདྲ་སྔར་མ་གྲགས་པ་རྟགས་མ་གྲུབ་སྙམ་ན། དེ་གྲགས་མ་གྲགས་གང་ཡིན་ཀྱང་བླའི། རྟགས་ཕྱི་མ་གྲུབ་སྟེ། ཕྱི་ནང་གི་མུ་སྟེགས་བྱེད་སོགས་སེམས་ཅན་ཐམས་ཅད་ལ་ཁྱད་གཞི་དོན་བྱེད་པའི་ཆོས་དམིགས་ཙམ་ནས་དེ་དེར་བྱ་བྱེད་ལས་གསུམ་སོགས་བྱེད་པའི་བདག་བདེན་གྱི་བློ་ལྷན་སྐྱེས་སུ་འཆར་ལ། དེའི་བདག་བདེན་གྱི་ཁྱད་པར་འགའ་ཞིག་ཀུན་བརྟགས་ཀྱིས་སྒྲོ་འདོགས་པར་བྱེད་ཀྱང༌། ལྷན་སྐྱེས་ཀྱི་བདག་ལྟ་ལས་དམིགས་རྣམ་མི་མཐུན་པ་མེད་པར་ཉམས་སུ་མྱོང་བ་ལས། ཁྱེད་ལ་འཇམ་དབྱངས་ཀྱིས་བསྟན་པའི་རྟགས་ཀྱི་དགག་བྱ་དངོས་པོའི་བྱ་བྱེད་རང་བདེན་པའི་སྟེང་དུ་སྡོད་ལུགས་ཀྱིས་གྲུབ་པའི་བྱ་བྱེད་རང་བདེན་པ་གཉིས་པའི་ལྷན་སྐྱེས་ཀྱི་འཁྲུལ་པའི་བདག་ལྟའི་དམིགས་མྱོང་ནི་ཅུང་ཟད་ཙམ་ཡང་རང་གཞན་སུའི་རྒྱུད་ལ་བཀར་ཡང་མི་སྣང་བའི་ཕྱིར། དེ་ཡང་མ་གྲུབ་བོ་ཞེ་ན། ངེད་ཅག་སེམས་ཅན་ཐམས་ཅད་(༣༡བ)
ཀྱི་ཆོས་ལ་བདག་ལྟ་ལྷན་སྐྱེས་ཞུགས་ལུགས་དང༌། ཁྱེད་ཅག་དཔོན་སློབ་ཆོས་ལ་བདག་ལྟ་ལྷན་སྐྱེས་ཞུགས་ལུགས་གཉིས་མི་གཅིག་པར་འདུག་པས། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་བདེན་ལྟ་ལ་ཁྱེད་བསྙོན་འདེབས་ན་ངེད་ཅག་ཇི་ལྟར་བྱར་ཡོད། ཡང་ན། ཆོས་ཀྱི་བདེན་ལྟ་ལྷན་སྐྱེས་འཆར་ཚུལ་འདི་ལ་ངེད་ཅག་སེམས་ཅན་ཐམས་ཅད་དང༌། ཁྱེད་ཅག་གཉིས་ལ་ནད་དང་གདོན་གྱི་དབང་གིས་སྨྱོ་ནས་གང་རུང་ཞིག་བློའི་འཇུག་པ་ཉམས་པ་ལས་འོས་མེད་པས། དེ་ལྟར་ན་ངེད་ཅག་སེམས་ཅན་ཐམས་ཅད་དང་ཁྱེད་གཉིས་སུ་སྨྱོ་བརྟག་པར་བྱ་དགོས་ལ། ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་བདེན་འཛིན་ལྷན་སྐྱེས་ཀ་བ་ཀ་བར་བདེན་པ་དང༌། བུམ་པ་བུམ་པར་བདེན་པའི་བདེན་སྣང་ཞེན་འཛིན་དང་བཅས་པའི་འཁྲུལ་པ་འདིས་སེམས་ཅན་ཐམས་ཅད་འཁྲུལ་པར་བྱས་སོ་ཞེས་རྫོགས་པའི་སངས་རྒྱས་དང་དཔལ་མགོན་ཀླུ་སྒྲུབ་སོགས་ཀྱིས་གསུངས་ལ། ཁྱེད་འདོད་པའི་བདེན་འཛིན་ལྷན་སྐྱེས་དེ་འདྲ་ནི་ཁྱེད་རང་རྣམས་ཀྱི་ངག་ལས་འདི་ལྟར་དུ་ཐོས་ཏེ། ངེད་ཀྱི་རྗེ་བཙུན་འཇམ་དབྱངས་ཀྱིས་བཞེད་པའི་ལྷན་སྐྱེས་འདི་ནི་ངེད་རང་གི་དབུ་མའི་ལྟ་ཁྲིད་སྐྱོང་བའི་ཉམས་མྱོང་སྐྱེས་པ་ཞིག་མ་གཏོགས་ངོས་ཟིན་པ་མི་སྲིད་ཟེར་བར་འདུག་པས། ཁྱེད་ཅག་དབུ་མའི་ཉམས་མྱོང་རྒྱུད་ལ་སྐྱེས་པ་ན་སེམས་ཅན་སུ་ཡིའང་རྒྱུད་ལ་མི་འཆར་བའི་བདག་དང་བདེན་འཛིན་ལྷན་སྐྱེས་ངོས་ཟིན་པ་དེ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དེས་ན་ཁོ་བོ་ཅག་ཞིང་འདིའི་སྟོན་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཡིན་པས། དེས་གང་དུ་བལྟས་ན་ཆོས་ཀྱི་བདག་ལྟར་འགྱུར་བ་དང༌། དེར་མ་བལྟས་ན་དེར་མི་འགྱུར་བར་འཆད་པའི་ཤིང་རྟ་ཆེན་པོར་ལུང་བསྟན་(༣༢ན)
པའི་རྗེས་སུ་འབྲང་གི། དེ་ལས་གཞན་གློ་བུར་བའི་བྱམས་པ་འཇམ་དབྱངས་སོགས་གང་གིའང་རྗེས་སུ་མི་འབྲང་ངོ༌། །དེས་ན་ཁྱེད་ཀྱི་ཆོས་དང་གང་ཟག་གི་བདག་མེད་ཁྱད་ཅན་དེ་འདྲ་བ་མདོ་སྔགས་གཉིས་ཆར་གྱི་རྟོགས་བྱའི་དབུ་མར་ཁྱད་མེད་དུ་སྨྲ་བ་དེ་ལ་ཁོ་བོས་བདེན་སྙམ་དུ་ག་ལ་བགྱིད། ཁྱེད་འདོད་པའི་སྟོང་ཉིད་དེ་ངེས་བྱེད་མཆོག་གྱུར་འཁྲིག་པའི་ཚོར་བ་དེ་ཙམ་ཡིན་པར་འདོད་པ་དེ་ལའང་དཔྱད་པར་བྱར་ཡོད་དེ། འདི་ལྟར་དེའི་ཚེ་མིའི་རྟེན་ཅན་གྱི་འཁྲིག་ཚོར་ཐམས་ཅད་ལ་འཛིན་ནམ། ཡང་ན། མིའི་རྟེན་ཅན་གྱི་འཁྲིག་ཚོར་ཁྱད་པར་བ་ཞིག་ལ་འཛིན། དང་པོ་ལྟར་ན། མདོ་སྔགས་ཀྱི་དབུ་མའི་ལྟ་བ་དེ་སེམས་ཅན་ཐམས་ཅད་ཀྱིས་སྔགས་ལུགས་ཀྱི་ཐབས་ཁྱད་ཅན་དེའི་སྒོ་ནས་མངོན་དུ་བྱེད་ནུས་པར་ཐལ། དེ་མངོན་དུ་བྱེད་པ་ལ་ཐབས་དེ་ཙམ་གྱིས་འགྲུབ་པར་བཟུང་བའི་ཕྱིར། གཉིས་པ་ལྟར་ན། མིའི་རྟེན་ཅན་གྱི་འཁྲིག་ཚོར་ལས་ཁྱད་པར་བ་ཁམས་གོང་གི་འཁྲིག་པའི་ཚོར་བ་དེ་ལྟ་བུ་ཞིག་ལ་ངོས་འཛིན་ནམ། ཡང་ན། འདོད་པའི་ཚོར་བ་དེའི་ཁྱད་པར་བ་ཞིག་ལ་ངོས་འཛིན། དང་པོ་ལྟར་ན་མི་རུང་སྟེ། ཁམས་གོང་ལ་འཁྲིག་པའི་ཚོར་བ་དེ་མེད་ཅིང༌། ཁྱད་པར་དེ་ངེས་བྱེད་འདོད་པའི་ཚོར་བ་དེ་ཁོ་ནར་བསྔགས་པའི་ཕྱིར། གཉིས་པ་ལྟར་རོ་ཞེ་ན། འདོད་པའི་ཚོར་བ་དེའི་ཁྱད་པར་ཞིག་ཡིན་ན་འདོད་པའི་ཚོར་བ་དེ་ལས་མ་འདས་པས་ངན་སོང་གི་འདོད་པའི་ཚོར་བ་དེ་ཡང་མདོ་སྔགས་ཀྱི་དབུ་མའི་ལྟ་བ་དེ་རྟོག་བྱེད་ཀྱི་ཐབས་སུ་འགྱུར་བས་ཐལ་ཆེས་སོ། །ཡང་ན། སོ་སྐྱེ་ལས་དང་པོ་པའི་མིའི་རྟེན་ཅན་གྱིས་ཤེས་རབ་མ་བརྟེན་པའི་ཚོར་བདེ་དེ་ནི་ཟག་མེད་ཀྱི་བདེ་བའོ་ཞེ་ན། དེར་ཡང་མི་རུང་སྟེ། (༣༢བ)
འདོད་པའི་ཚོར་བ་དེ་རྣམ་སྨིན་སྐྱེས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་བདེན་པ་ཡིན་པའི་ཕྱིར། འོ་ན་དེ་ཁྱེད་ལའང་མཚུངས་སོ་ཞེ་ན། ཁོ་བོ་ལ་དེར་མི་ཐལ་ཏེ། རྟགས་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་པའི་རྒྱུ་མཚན་ཅི་ཞེ་ན། རྒྱུ་མཚན་དེ་ཁྱེད་ཅག་གསང་སྔགས་ལ་སྒྲོ་སྐུར་གྱི་ལོག་ལྟ་འདི་སྤངས་ནས་ནམ་སྐལ་བའི་དབང་ཕྱུག་ཏུ་གྱུར་པའི་དུས་དེར་གདམས་པར་བྱའི། ད་ལྟ་ཁྱེད་ལ་བཤད་ན་བཅོམ་ལྡན་འདས་ཀྱིས་བཤད་མི་རུང་ཞེས་ལེགས་པར་བཀའ་སྩལ་བའི་མནའ་ཆུ་བཏུང་ཟིན་པས་འདིར་བཤད་དུ་གར་སྤོབས། ཁྱད་པར་ཚོར་བ་ཞུ་བདེ་ནི་རྟོག་མེད་ཀྱི་ཤེས་པ་ཡིན་ལ། ཁྱེད་བདེན་སྟོང་འཇལ་བྱེད་ནི་བདེན་མེད་དུ་རྟོགས་པའི་བློ་རྟོག་པ་ཞིག་གིས་བྱེད་དགོས་པས། ཁྱེད་ཀྱི་དབུ་མའི་ལྟ་བ་ཡུལ་དང་ཞུ་བདེ་ཡུལ་ཅན་དུ་འོང་བའི་སྐབས་ཨེ་འདུག བསྐལ་པའི་བར་དུ་སོམས་ཤིག དེས་ན་མདོ་སྔགས་ཀྱི་དབུ་མའི་ཆོས་ཚུལ་གྱི་རྣམ་གཞག་འདི་དཔྱིས་ཕྱིན་པར་གྲགས་ལྡན་ཐམས་ཅད་ལ་ཆེས་ལྐོག་གྱུར་དུ་སྣང་བ་ལ་བརྟེན་རང་བཟོ་འབའ་ཞིག་གིས་འཆད་པར་སྣང་བས་འདིར་ཞར་བྱུང་ཅུང་ཟད་བརྗོད་ལ་སྐབས་དོན་མིན་པས་རྒྱས་བཤད་ཀྱི་སྤྲོས་པ་ཆོག་གོ། །