འགྲེལ་བའི་མཆོད་བརྗོད་དང་གླེང་གཞི།
༄༅༅། །འདུལ་བ་་མདོ་རྩ་བའི་རྒྱ་ཆེར་འགྲེལ་སྤྱིའི་དོན་མཐའ་དཔྱད་དང་བསྡུས་དོན་ས་བཅད་དང་འབྲུ་ཡི་དོན་མཐར་ཆགས་སུ་གཉེར་བ་བཅས་འཛམ་བུའི་གླིང་གསལ་བར་བྱེད་པའི་རྒྱན་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་གླེགས་བམ་དང་པོ་བཞུགས་སོ།།
བསོད་ནམས་ཡེ་ཤེས་ཚོགས་གཉིས་ཉི་འོད་བཟང་པོས་མཛེས་པའི་རྣམ་མཁྱེན་ཟླ་ཤེལ་ཁང་བཟང་ཉམས་དགའ་གྲུགས་རྗེའི་མདའ་ཡབ་དཀར་པོ་བྲེས། །ཆོས་འཁོར་བྱེ་བའི་ནོར་བུའི་ཕྲ་ཚོམ་བཀོད་པའི་མྱོས་སྲུང་རྩེར་ཕྱོགས་མངོན་པར་རྟོགས་པའི་ན་ཆུང་མ་རྣམས་འབྲས་ཐོབ་འཛུམ་དཀར་འགྱེད། །སྐུ་གསུམ་ཉི་མའི་རྒྱལ་མཚན་མངོན་བསྒྲེངས་མཆོག་གྲུབ་རྨ་བྱའི་གདུགས་ཀྱི་གྲིབ་བསིལ་སྲིད་གསུམ་འགྲོ་ལ་རབ་དགའ་སར་པའི་དབུགས་འབྱིན་སྦྱིན། །སྤྲིན་དཀར་ཕུང་པོའི་གྲོང་གི་ཟེར་འཕྲོག་གྲགས་སྙན་དཀར་པོའི་བ་དན་རབ་བསྐྱོད་ཕྱོགས་ཀྱི་རྒྱན་གྱུར་ཤྲཱི་མཱན་ཤཱཀྱ་མུ་ནི་ཀ །གང་དེའི་ཞབས་སེན་ཟླ་བ་དཀར་པོའི་ཕྲེང་། །
༼༢ན༽དད་པའི་འཇའ་ཚོན་དབུས་ནས་གར་བྱེད་པོ། །སྐལ་བཟང་རྣམས་ཀྱི་གཙུག་གི་ཤར་རི་ལ། །མགོན་དུ་འཆར་བའི་རྒྱན་དེ་རྒྱལ་གྱུར་ཅིག །ཁམས་གསུམ་པོ་ལ་ཆགས་བྲལ་དྲི་མེད་པདྨའི་རྩེར། །ཡིད་སྲུབས་དཔུང་ཟློག་བུང་བ་རོལ་པའི་ཟློས་གར་གྱིས། །ཉེར་ཞིའི་སྦྲང་རྩི་ལྷག་མེད་རོ་མངར་ཐོབ་གྱུར་པ། །ཟག་མེད་གླུ་ལེན་དགྲ་བཅོམ་གཤོག་ཡངས་འདར་དེར་དད། །གསུང་རབས་ཨུཏྤལ་བཞད་པའི་ལྟེ་བ་ནས། །རྣམ་དཔྱོད་ཕམ་པ་བྲལ་བའི་ལུང་རིགས་ཀྱིས། །འདུལ་བ་ཡིད་བཞིན་མགྲིན་སྙན་བསྒྱུར་བྱས་ཏེ། །དོན་གྲུབ་གར་བྱེད་ཡོན་ཏན་འོད་ལ་འདུད། །ཐུབ་བསྟན་བྱི་དོར་བྱེད་པའི་རྔ་གསང་ཆེ། །ཆོས་མིན་ངོ་སྤྲོད་བྱེད་ཀྱིས་སྒྲོག་བཞིན་པར། །མ་ནོར་ལམ་བཟང་ཆར་རྒྱུན་འབེབས་པ་ཡི། །འགྲོ་བའི་སྲོག་འཛིན་ཀརྨ་ཀཿདེར་མོས། །གངས་རིའི་ལུས་
༼༢བ༽ལྡན་ཟླ་བའི་བཞིན་རས་ཅན། །སྤྲིན་དཀར་ཕུང་པོའི་གོས་ཟུང་གིས་མཛེས་མ། །ཧ་རི་ཙནྡན་དྲི་ངད་ལྡང་བཞིན་པར། །དབྱངས་ཅན་མ་ཁྱོད་མྱུར་བར་ད་སྤྱོན་དང་། །དབྱངས་ཅན་སར་མའི་རོལ་མཚོ་བཞད་པའི་གཞིར། །དབྱེར་མེད་འཆར་བའི་དཔལ་ལ་ལོངས་སྤྱོད་ནས། །ཐར་འདོད་མཛའ་བོའི་སྙིང་གི་པདྨ་ལ། །དབྱངས་ཅན་བླ་མའི་རོ་ཟིལ་ངལ་གསོར་བརྟན། །ངེས་པར་འབྱུང་བའི་བསྟན་ལ་ལྡང་བའི་ཡིད། །དད་པའི་ཐལ་མོ་སྤྱི་བོར་བཀོད་བྱས་ཏེ། དགའ་བའི་གདུང་ཤུགས་རང་དབང་མེད་པ་ཡི། །མཆི་མ་བཀླགས་པའི་སྡུག་གུས་ངག་འདི་ཉོན། །སྟོང་སྐད་ཕུཊ་སྒྲ་སྒྲོག་ཅིང་བདག་ཏུ་ཞེན་པའི་སེམས་ཀྱི་རོ་སྨད་འཁྱིལ། །བག་མེད་སྤྱོད་པའི་ཆུ་རིས་རྣམ་པར་བཀྲ་བས་གྲོལ་བར་ལྟ་བའི་སྤྲིན། །ཆོས་མིན་ཆོས་སུ་སྟོན་པའི་ལྕེ་གཉིས་ཁོང་ནས་འཐུལ་ཞིང་ཁ་རྦད་ཀྱི། །གནམ་ལྕགས་དྲག་པོར་ལྷུང་བའི་ཞིག་པོ་ངོ་མཚར་ཅན་ལ་འདི་མི་མཚར། །འཁོར་བའི་སྡུག་བསྔལ་གཞོམ་འདོད་གཤོག་བཏེག་ཅིང་། །འགྲོ་བ་སྲིད་པའི་བཀྲེན་ལས་སྒྲོལ་བ་དང་། །རྣམ་གྲོལ་སྦྲང་རྩིའི་འབྱུང་གནས་བསྙེགས་འདོད་པའི། །བུང་བ་མོ་ལ་ཕན་ཕྱིར་ངས་འདི་བརྩམ།། །།དེ་ལ་རང་རེའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཟས་གཙང་གི་སྲས་ཤཱཀྱའི་སྐྱེས་མཆོག་དེ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པའི་རིགས་ཆེན་པོའི་རྒྱུད་ལས་བྱུང་ཞིང་ཟག་པ་དང་ཟག་པ་མེད་པའི་ལེགས་བྱས་ཀྱི་མ་མ་རྣམས་ཀྱིས་ཡང་དག་པར་བསྐྱངས་ཏེ་འདོད་པ་དང་སྲིད་
༼༣ན༽པ་ལས་རིང་དུ་འཕགས་པའི་དབང་པོ་དང་མེས་པོ་དག་གིས་བདེན་པ་མངོན་པར་རྟོགས་པའི་ཆུས་ཁྲུས་གསོལ་བ། བསོད་ནམས་སྤེལ་བའི་ཞིང་མཆོག་ཏུ་གྱུར་པས་སྐྱེ་བོ་ཀུན་གྱི་ཡིད་དུ་འཐད་པ། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་དག་གིས་འགྲན་ཟླ་མེད་པའི་སྐྱེས་བུར་ཕྱེ་བ། ཉོན་མོངས་པ་ལས་རྣམ་པར་གྲོལ་བའི་སྐུ་གཞོན་ནུའི་ལང་ཚོ་ཅན་སེམས་ཅན་གྱི་ཁམས་དང་དབང་པོའི་སྤྱོད་ཡུལ་དང་མཐུན་པར་འབབ་ཅིང་ཉེ་བར་གཞོལ་བ་དེ་ཉིད་བསྐལ་པ་གྲངས་མེད་གསུམ་དུ་ལམ་ཡོངས་སུ་གོམས་པའི་སྲིད་སྡེ་ཆེན་པོ་དང་བཅས། བྱམས་པའི་གོ་ཆས་ཡང་དག་པར་བརྒྱན། སྙིང་རྗེ་ཆེན་པོའི་མཚོན་ཆའི་ཚོགས་རྡོ་རྗེ་ལས་ཀྱང་རྣོ་བ་དང་ལྡན་པ་དག་གིས་ཡང་དག་པར་འབྱོར། བདུད་བཞི་ལས་མངོན་པར་རྒྱལ་བའི་དཔུང་གི་ཚོགས་ཡན་ལག་བཞི་མངོན་པར་བཤམས། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་གསེར་གྱི་འཁོར་ལོ་ནམ་མཁའ་ལ་རབ་ཏུ་འཕགས། རྣམ་གྲོལ་གྱི་ཕུང་པོ་ལྔའི་རྣམ་པར་རྒྱལ་བའི་རྔ་ཆེར་བརྡུངས་པས་ལུས་མེད་ཀྱི་དབང་པོའི་ཁང་བཟང་གི་ཏོག་འདར་བར་བྱས་པའི་མོད་ལ་ཡིད་སྲུབས་འཁོར་དང་བཅས་པའི་དྲེགས་པའི་དུག་འཁྲུལ་པའི་ཅ་ཅོ་དང་བཅས་པ་རང་གནས་ནས་ལྷགས་ཏེ་རབ་ཏུ་འཁྲུགས་པའི་གཡུལ་ངོ་ནི་གང་གི་སྟོབས་བརྫི་བ་མེད་པ་དང་ཤེས་རབ་ཟིལ་གྱིས་མི་ནོན་པའི་དཔའ་བོ་དག་གིས་ཕམ་པར་བྱས་ཏེ་མི་འཇིགས་པ་བཞིའི་སེང་གེའི་ཁྲིར་སེམས་ཅན་ཐམས་ཅད་ཀྱི་སྟོན་པར་དབང་བསྐུར་བ་ཟླ་མེད་པའི་ཅོད་པན་ཟེའུ་ཁ་དང་བཅས་པ་སྤྱི་བོར་བཀོད་ཅིང་། འགྲོ་བའི་ཁམས་དང་ས་པ་དག་གི་འཛིན་མའི་གཞི་ཆེན་པོ་སྐྱོང་བར་ཞལ་གྱིས་འཆེས། གུས་པ་དང་མི་གུས་པ་ལ་ཉེ་རིང་གི་ཐུགས་འདུ་བྱེད་པ་མེད་
༼༣བ༽པར་སྙོམས། ལྟ་བ་དང་སྤྱོད་པའི་བཀའ་རྟགས་ཀྱི་ཕྱག་རྒྱས་དུས་གསུམ་གྱི་བདེ་བར་གཤེགས་པ་དག་གིས་ཉེ་བར་བསྟན་པའི་བཀའ་ཁྲིམས་ཀྱི་དྲིལ་བསྒྲགས། སློབ་པ་འཕགས་པའི་གང་ཟག་དང་དབང་ཐོབ་པའི་སེམས་དཔའ་ཆེན་པོའི་ཁམས་ཀྱི་རྒྱལ་ཕྲན་དག་གི་སྤྱི་བོར་ཞབས་ཀྱི་འཁོར་ལོ་བཀོད། སྐྱེ་བོ་རྣམས་རྣམ་པར་གྲོལ་བའི་གཞལ་མེད་ཁང་ཆེན་དུ་འཇུག་པའི་རྣམ་པར་ཐར་པའི་སྒོ་བཞི་པོ་ནི་ཡང་དག་པར་ཕྱེས། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམ་པར་དག་པའི་ཆར་རྒྱུན་དྲི་མ་མེད་པ་ནི་ཕབ། གདུལ་བྱ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་སྒྲིབ་བྲལ་དུ་བྱེད་པའི་མྱུ་གུ་ནི་གྲུང་པོར་བྱས། ཁམས་གསུམ་ལས་ཡང་དག་པར་འདས་པའི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་པའི་ཕོ་བྲང་གི་དཔངས་ནི་བལྟར་མི་མངོན། དེར་ཆོ་འཕྲུལ་རྣམ་པ་གསུམ་གྱི་རོལ་གར་གྱི་ལྟད་མོ་ནི་རྒྱ་ཡོངས་སུ་མ་ཆད་པར་གང་། རང་ཉིད་ཀྱི་མགོན་དུ་སྲུང་བ་ཐམས་ཅད་ཀྱི་མདུད་པ་དང་གདུང་བ་དང་སྲེད་པ་དང་ཆུ་བོ་ནི་ཕྱིར་བཟློག །སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་དཔྱ་ཆེན་པོ་དག་ངང་གིས་འདུས། ཡང་དག་པའི་མཐའ་གཙང་བ་དམ་པའི་བཙུན་མོ་དག་གི་མངལ་འཕགས་པའི་ཚོགས་ཀྱི་རིགས་ཀྱིས་བཟུང་། སེམས་ཅན་མཐའ་དག་ལ་གཟིགས་ཤིང་ཉེས་པའི་ཚོགས་ཀྱི་ཕྱིར་རྒོལ་ཚར་གཅོད་པའི་བློན་པོ་རིན་པོ་ཆེ་དང་གླང་པོ་རིན་པོ་ཆེ་རྣམས་ཡོངས་སུ་དར། མདོར་ན་འཇིག་རྟེན་གྱི་གཙོ་བོ་ཆོས་ཀྱི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་དཔེ་ཟླ་མ་མཆིས་པ་དེ་ཉིད་བསླབ་པ་གསུམ་ཡོངས་སུ་དག་པའི་སྐུ་གསུང་ཐུགས་རྫོགས་ལྡན་གྱི་སྤྲིན་ཆེན་པོ་ལས་ཡང་དག་པར་ཐོན་པའི་ཆོས་ཀྱི་བདུད་རྩི་ལན་གསུམ་དུ་འགྱེད་པའི་ལན་དང་པོ་བཀའ་བདེན་པ་བཞིའི་ཆོས་ཀྱི་འཁོར་
༼༤ན༽ལོར་གྲགས་པའི་ཁོངས་སུ་གཏོགས་པ་གཙོ་ཆེ་བའི་དབང་དུ་བྱས་ཏེ་ཐེག་པ་གསུམ་ཆར་ལ་འཇུག་པའི་གང་ཟག་དག་གི་ཕྲ་རྒྱས་འཇོམས་ཤིང་དགེ་བའི་རྩ་བ་སྐྱེད་པར་བྱེད་པ་ཐུན་མོང་གི་འདུལ་བའི་ཡོན་ཏན་ལ་ཆེ་བ་བརྗོད་པར་འདོད་དེ། དེའང་དེ་བཞིན་གཤེགས་པའི་སྡེ་སྣོད་གསུམ་ལས། འདུལ་བའི་སྡེ་སྣོད་འདི་མདོ་སྡེ་དང་མངོན་པ་དག་འཕེལ་བ་དང་ཀུན་འཛིན་པའི་རྒྱུ་ཡིན་ཏེ། འདུལ་བ་ལ་བསྟོད་པར། ཇི་ལྟར་འདི་ན་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་བཞིན་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །གཞི་དང་རྩ་བ་འདུལ་བ་ཡིན་པར་གསུངས། །ཞེས་སོ། །ས་གཞི་ལས་ཤིང་གི་མྱུ་གུ་ནས་འབྲས་བུའི་བར་གང་འདོད་པ་འབྱུང་བ་བཞིན་སྡོམ་བརྩོན་དགེ་སློང་དགེ་ཚུལ་སོགས་འབྱུང་སྟེ། སྡོམ་པ་སྐྱེ་བ་དང་སྲུང་བ་དང་ལེགས་པར་སྦྱོར་བའི་ཕྱིར་བྱམས་པ་སྒོམ་པ་ལ་སོགས་པའི་བསོད་ནམས་ཀྱང་སྐྱེ་བར་འགྱུར་ལ། བསམ་གཏན་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་གནས་དང་རྟེན་ཡིན་པས་ས་ལྟ་བུ་སྟེ། ཇི་ལྟར་ས་ནི་སྐྱེ་རྒུ་རྣམས་ཀྱི་གཞི། །དེ་ལས་འབྲུ་རྣམས་སྐྱེ་བར་འགྱུར་བ་བཞིན། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་བསོད་ནམས་རྣམས་ཀྱང་སྐྱེ། །ཚུལ་ཁྲིམས་ཡོན་ཏན་རྣམས་ཀྱི་གནས་སུ་དགོངས། །དེ་ཡི་གནས་སུ་འདུལ་བ་ཡིན་པར་གསུངས། །འདི་ལ་གནས་པར་གྱུར་ན་མཐར་ཕྱིན་འགྱུར། །འདི་ལ་མི་གནས་མཐར་ཕྱིན་ག་ལ་འགྱུར། །ཞེས་སོ། །འདིས་ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་བཟློག་ནས་ཚུལ་ཁྲིམས་དག་པར་བྱས་པས་བྱང་ཆུབ་གསུམ་གའི་རྒྱུའི་གཙོ་བོ་ཡིན་ཏེ། ཇི་ལྟར་ཆུ་ལོན་མི་ཕྱེད་སྲ་བ་ཡིས། །ཆུ་ཀླུང་ཆེ་ཡང་བཟློག་པར་
༼༤བ༽འགྱུར་པ་ལྟར། །དེ་བཞིན་འདུལ་བ་འཕགས་པའི་ཆུ་ལོན་འདིས། །ཚུལ་ཁྲིམས་འཆལ་བའི་ཆུ་ཀླུང་བཟློག་པར་འགྱུར། །སངས་རྒྱས་རྣམས་དང་རང་རྒྱལ་རྣམས་ཀྱིས་ཀྱང་། །བྱང་ཆུབ་གང་བརྙེས་ཐུབ་བློ་རྣམ་དག་པའི། །སེམས་ཅན་དགྲ་བཅོམ་ཡོན་ཏན་ལྡན་པ་རྣམས། །དེ་ལའང་རྒྱུ་ནི་འདུལ་བ་ཡིན་པར་གསུངས། །ཞེས་སོགས་འདུལ་བ་རྫོགས་པར་གནས་ན་སངས་རྒྱས་ཀྱི་བསྟན་པ་གནས་ཤིང་འདུལ་བ་ནུབ་ན་བསྟན་པ་ནུབ་པར་འགྱུར་ལ། སངས་རྒྱས་མེད་ཀྱང་ལྷའི་མདོ་ལ་སོགས་པ་མདོ་སྡེའི་ཡན་ལག་དམ་དུམ་མང་པོ་ཡོད་ནའང་བསླབ་པ་བཅའ་བ་མེད་པས་བསྟན་པ་མེད་ལ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ཡང་འདུལ་བ་མེད་ན་བསླབ་པ་ལ་འཇུག་པ་མེད་པས་ན་སངས་རྒྱས་དང་ཆོས་གཞན་པས་ཀྱང་འདུལ་བ་ནི་ཆེས་ཆེར་དཀོན་ཏེ། ཇི་སྐད་དུ། ཇི་སྲིད་འགྲོ་འདིར་རྒྱལ་བ་ཐམས་ཅད་ཀྱི། །མཛོད་མཆོག་འདུལ་བ་རྫོགས་པ་འདི་གནས་པ། །དེ་སྲིད་ཆོས་སྒྲོན་འདི་ནི་གནས་འགྱུར་ཞིང་། །བཟློག་པར་གྱུར་ན་ཞི་བ་ཐོབ་པར་འགྱུར། །སངས་རྒྱས་མི་བཞུགས་འཇིག་རྟེན་ཚིགས་བཅད་དང་། །མདོ་སྡེའི་ཡན་ལག་དེ་དང་དེ་དག་སྤྱོད། །བསླབ་འཇུག་མེད་ན་འདུལ་བའང་མེད་འགྱུར་བས། །དེ་ཕྱིར་རྒྱལ་བ་དག་པས་ཆེས་འདི་དཀོན། །འཇོག་བྲལ་སེམས་གླང་ལྕགས་ཀྱུ་འདི་ཡིན་ཏེ། །གདུལ་བྱ་མ་ཐུལ་བ་ཡི་སྲབ་འདི་ཡིན། །ར་བའི་མཚམས་ཀྱི་འོབས་དང་འདྲ་བ་སྟེ། །ཟག་པ་ཀུན་གྱི་ཆུ་ལོན་འདུལ་བ་ཡིན། །རྒྱལ་བ་སྟོན་པ་དེ་ཡི་བསྟན་པ་དག །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་བཅོས་དངོས་ཡིན་དེ་ཡི་ཕྱིར། །གཉིས་འགྱུར་ཕྱག་བྱས་སངས་རྒྱས་ཆོས་གཅིག་བཞིན། །ཞེས་པས། གདུལ་བྱ་མ་ཐུལ་བའི་སེམས་
༼༥ན༽ཀྱི་གླང་པོ་དང་རྟ་རྒོད་འདུལ་བའི་ལྕགས་ཀྱུ་དང་སྲབ་ལྟ་བུ་དང་། འདའ་བར་བྱ་བ་ཡིན་མིན་གྱི་མཚམས་འབྱེད་པའི་ར་བ་ལྟ་བུ་དང་ཟག་པའི་ཆུ་བོ་འགོག་པའི་ཆུ་ལོན་ལྟ་བུ་ཡིན་ཅིང་། མདོ་སྡེ་དང་མངོན་པ་ནི་སངས་རྒྱས་ཀྱི་བསྟན་པའི་ཆོས་ཙམ་ཡིན་ལ་འདུལ་བ་ནི་ཆོས་དང་སྟོན་པ་གཉིས་གཞི་མཐུན་པ་ཡིན་པས་ཆེས་ཁྱད་པར་དུ་འཕགས་ལ། འདུལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་གུས་པར་བྱ་བའི་སྐྱབས་གནས་ཡིན་ཅིང་རང་བཞིན་བསྲུང་བའི་ཕྱིར་བཅས་པའི་བསླབ་པ་གསུངས་པས་དེ་ལས་འདས་ནའང་སྡུག་བསྔལ་ཆེན་པོ་འཐོབ་སྟེ། ཇི་སྐད་དུ། གང་ལ་བརྟེན་ཏེ་གནས་པའི་སངས་རྒྱས་རྣམས། །དེ་ལ་གུས་བྱས་ཞེ་སར་བཅས་འགྱུར་ཞིང་། །དེ་ནི་མགོན་བས་མགོན་ཡིན་སྐྱབས་གནས་ཡིན། །དེ་ཕྱིར་རབ་བསྒྲིམས་འདུལ་ལ་ཕྱག་འཚོལ་ཅིག །གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་ན། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨིག་ཚལ་དྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང་། །འདས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་འབྱུང་བ་ལྟར་ཆེ་བའི་བདག་ཉིད་དུ་གྱུར་པ་དམ་པའི་ཆོས་འདུལ་བ་ཡིད་བཞིན་གྱི་བདུད་རྩི་དེ་ཉིད་གཏན་ལ་འབེབས་པར་བྱེད་པ་རྗོད་བྱེད་ཚིག་གི་འབབ་ངོགས་ཀྱི་རིན་པོ་ཆེའི་སྟེགས་ནི་རྣམ་པ་གཉིས་སུ་མཐོང་སྟེ་དེ་བཞིན་གཤེགས་པ་ཉིད་ཀྱི་བཀའ་དང་། དེ་ལས་གཞན་པའི་བསྟན་བཅོས་གཉིས་སོ། །དང་པོ་ལའང་རྩ་བའི་ལུང་དང་བཤད་པའི་ལུང་གཉིས་ཀྱི་དང་པོ་
༼༥བ༽ནི། སོ་སོ་ཐར་པ་གཉིས་ཏེ། བོད་སྔ་རབས་པ་ཁ་ཅིག །རྩ་བའི་ལུང་སོ་ཐར་རྣམ་གཉིས་བཙུན་པ་ཆོས་ཀྱི་ཚོང་དཔོན་ལ་སོགས་པས་བྱས་པའི་བསྟན་བཅོས་ཡིན་ཞེས་པ་དང་། ཁ་ཅིག་དབུའི་མཆོད་བརྗོད་ལ་སོགས་པ་སློབ་དཔོན་གཞན་དང་གཞན་གྱིས་བྱས་པས་མདོ་འདི་ལ་སྟོན་པ་དྲུག་ཡིན་ཟེར་རོ། །འདི་བུ་སྟོན་འདུལ་འཛིན་གྱིས་དེ་སྐད་དུ་སྨྲ་བ་དེ་ནི་འདུལ་བ་ལ་བློ་ཁ་མ་ཕྱོགས་པའི་གཏམ་སྟེ། བམ་པོ་ལྔ་བཅུ་པ་ལས། དེའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པ་འདི་དག་ཀྱང་སྐྱེས་བུ་དམ་པའི་སྤྱོད་པ་རྗེས་སུ་བསྒྲུབས་པས་ན་དང་པོར་རང་གི་སྟོན་པ་ལ་བསྟོད་པ་དང་ཕྱག་འཚལ་བའི་སྒོ་ནས་མཆོད་པ་བྱེད་པ་ལ་ཞུགས་པ་ཡིན་ནོ་ཞེས་བཤད་ཅིང་། གཞན་ཡང་སོ་ཐར་གྱི་རྒྱ་འགྲེལ་རྣམ་དག་ཐམས་ཅད་ནས་བཀའ་སྡུད་པ་པོས་ཚིགས་སུ་བཅད་པའི་ཕྱིར་རྗེས་སུ་གནང་བའི་བཀའ་ཡིན་པར་བཤད་དོ། །དེ་བཞིན་དུ་སྡོམ་རྣམས་ཀྱང་བཀའ་སྡུད་པ་པོའི་གསུང་ཡིན་པས་རྗེས་སུ་གནང་བའི་བཀའོ། །འོ་ན་འདུལ་བར་མི་འགྱུར་ཏེ། འདུལ་བ་ནི་སངས་རྒྱས་རང་གིས་གསུང་དགོས་པའི་ཕྱིར་ན། ཕྲན་ཚེགས་འགྲེལ་པ་ལས། དེ་ལྟ་ན་ནི་མདོ་སྡེ་དག་ལ་ཡང་སངས་རྒྱས་སྨོས་དགོས་སོ་ཞེ་ན་མི་བྱ་སྟེ་ཉན་ཐོས་ཀྱི་མདོ་སྡེ་ཡང་སྲིད་པའི་ཕྱིར་ཏེ། དེ་ལྟར་བསླབ་པའི་གཞི་འཆའ་བ་དག་ནི་ཉན་ཐོས་འཕགས་པ་ཤཱ་རིའི་བུ་ལ་ཡང་དབང་ཡོད་པ་མ་ཡིན་པ་དེའི་ཕྱིར་འདུལ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་པ་ལ་སྟོན་པ་གཅིག་པུ་གཙོ་བོར་གྱུར་པ་ཡིན་གྱི། གཞན་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཀྱི་ཕྱིར་སངས་རྒྱས་སྨོས་སོ་ཞེས་བཤད་པས་སོ་ཞེ་ན། དེ་ནི་འདུལ་བའི་བརྗོད་བྱའི་གཙོ་བོ་དངོས་བསླབ་པ་བཅའ་བ་སངས་རྒྱས་ཁོ་ནས་མཛད་དགོས་ཀྱི། དེའི་འཁོར་
༼༦ན༽དུ་མདོ་སྡེ་དང་མ་མོ་བསྟན་པ་རྣམས་དང་གླེང་གཞི་ལ་སོགས་པ་རྣམས་རྗེས་སུ་གནང་བའི་བཀའ་ཡིན་ཏེ། གནས་མ་དྲན་ན་གྲོང་ཁྱེར་དྲུག་པོ་གང་རུང་སྨོས་པར་བྱའོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེས་ན་ལུང་སྡེ་བཞིར་ཡང་ཞར་ལ་མདོ་སྡེ་དང་མ་མོའི་སྡེ་སྣོད་མང་དུ་གསུངས་པ་ཡིན་ནོ་ཞེས་འཆད་པར་མཛད་དོ། །གཉིས་པ་བཤད་པའི་ལུང་བཞི་པོ་དེ་ལས་ཀྱང་ལུང་རྣམ་པར་འབྱེད་པ་ནི་སོ་སོ་ཐར་པ་གཉིས་ཀྱི་ཚིག་གི་འགྲེལ་པ་སྟེ་དེ་ལའང་དགེ་སློང་ཕ་མའི་དབྱེ་བས་གཉིས་སུ་ཡོད་ལ། དང་པོ་ལ་བམ་པོ་བརྒྱད་ཅུ་རྩ་གསུམ་མོ། །དེང་སང་བོད་དུ་ཡོད་པའི་མའི་རྣམ་འབྱེད་འདི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྣམ་འབྱེད་མིན་པར་སྣང་ཞེས་བུ་སྟོན་འདུལ་འཛིན་གསུང་ངོ་། །ལུང་གཞི་ནི་མ་ཚང་བ་ཁ་སྐོང་བའི་འགྲེལ་པ་ཡིན་ལ་བམ་པོ་ནི་བརྒྱ་དང་བཅུའོ། །ལུང་ཕྲན་ཚེགས་ནི་བསླབ་པའི་གནས་ཕྲ་མོ་རྣམས་རྒྱས་པར་གཏན་ལ་ཕབ་པའི་སྒོ་ནས་སོ་སོར་ཐར་པ་རྣམ་གཉིས་ཀྱི་སྤྱི་དོན་ལྟ་བུར་གྱུར་པའི་འགྲེལ་བ་ཡིན་ལ་བམ་པོ་ནི་ལྔ་བཅུ་རྩ་དགུའོ། །གཞུང་དམ་པའམ་བླ་མ་ནི་འགྱུར་གྱི་ཁྱད་པར་ཏེ་སྐད་དོད་ཨུཏྟར་ཞེས་པ་སྟེང་དང་བྱང་དང་ཕྱི་མ་ལ་འཇུག་པ་ལས་འདི་ཕྱི་མའི་དོན་ཏེ། སྨན་དཔྱད་ལ་རྒྱུད་སྔ་ཕྱི་གཉིས་ཡོད་པ་བཞིན་དུ་འདིར་ཡང་ལུང་དང་པོ་གསུམ་ནི་གཞུང་སྔ་མ་ཡིན་ལ། དེ་རྣམས་ཀྱི་དོན་རྟོགས་དཀའ་ཞིང་ཟབ་པ་རྣམས་འདིས་སྟོན་ཅིང་གཏན་ལ་འབེབས་པས་ན་ཤིན་ཏུ་གཅེས་པའི་འགྲེལ་པ་འདུལ་བའི་གཞུང་ཕྱི་མ་སྟེ་བམ་པོ་ལྔ་བཅུ་རྩ་གསུམ་མོ། །བོད་འདིར་ཡོད་པའི་མའི་རྣམ་འབྱེད་འདི་ལའང་བམ་པོ་ཉི་ཤུ་རྩ་བརྒྱད་དོ། །མདོར་ན་སྟོན་པའི་འདུལ་བ་ལ་གཞུང་ཚད་འབུམ་དུ་བཤད་པ་ལས། དེང་སང་བོད་དུ་
༼༦བ༽ཡོད་པ་རྣམས་བསྡོམས་པས་ཤླཽ་ཀ་དགུ་ཁྲི་དགུ་སྟོང་བདུན་བརྒྱ་སྟེ་འབུམ་ཕྲག་གཅིག་ཏུ་ཤླཽ་ཀ་སུམ་བརྒྱས་མ་ལོངས་པའོ། །ཁ་ཅིག་འདུལ་བའི་སྡེ་སྣོད་འབུམ་ཉི་ཁྲི་ལྔ་སྟོང་ཞེས་ཟེར་མོད། ལུང་དུ་འབུམ་དུ་བཤད་ཅིང་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱིས་ཀྱང་འབུམ་དུ་བཤད་དོ། །དགེ་སློང་གི་སོ་ཐར་ལ་ཤླཽ་ཀ་བདུན་བརྒྱ་བམ་པོ་གཉིས། དགེ་སློང་མའི་སོ་ཐར་ལ་ཤླཽ་ཀ་བརྒྱད་བརྒྱ་བམ་པོ་གཉིས། ཐམས་ཅད་བསྡོམས་པས་འབུམ་ཕྲག་གཅིག་དང་སྟོང་ཉིས་བརྒྱའོ། །གཞན་ཡང་འདི་ལྟར་ཤེས་དགོས་ཏེ། ལུང་རྣམ་འབྱེད་དུ། དགེ་སློང་གི་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་པོ་རྣམས་ལ་བསླབ་པ་འཆའ་བའི་རྒྱུ་གླེང་གཞི། བསླབ་པ་བཅས་པའི་ཕན་ཡོན། བསླབ་པ་བཅས་པ། ལྟུང་བའི་རྣམ་གཞག །ལྟུང་བ་མེད་པ། བསླབ་པར་བྱ་བ་སྟེ། དོན་དྲུག་དྲུག་གི་སྒོ་ནས་འཆད་ཅིང་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་པོ་ཡང་རྒྱས་པར་བཤད་དོ། །ལུང་གཞིའི་སྤྱི་སྡོམ་ནི། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽ་ཤམྦི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་གཞི་བཅུ་བདུན་འབྱུང་ལ་གཞུང་དམ་པར་གཞི་བཅོ་བརྒྱད་དུ་འཆད་པ་ཅི་ཞེ་ན། འགྲེལ་ཆུང་ནས་རབ་བྱུང་གི་གཞི་ལ་རབ་བྱུང་དང་བསྙེན་རྫོགས་གནས་སྐབས་ཐ་དད་བྱེད་པ་ཡིན་ཅེས་པ་ལ། བུ་སྟོན་འདུལ་འཛིན་གྱིས། དེ་མི་རིགས་ཏེ། དེ་ལྟར་ན་གཞི་བཅུ་དགུར་འགྱུར་ལ། གཞི་བཅོ་བརྒྱད་དུ་བཤད་པ་ནི། ཀཽ་ཤམྦིའི་གཞི་ལ་གཉིས་སུ་འབྱེད་དགོས་པ་ཡིན་ཏེ།
༼༧ན༽གཉིས་སུ་འབྱེད་རྒྱུ་ནི་ཕྱིར་བཅོས་ཀྱི་བྱེ་བྲག་ཁ་འཕངས་པ་རྣམས་འབྱེད་པ་ཡིན་ལ། བསྡུ་ནའང་ཀཽ་ཤམྦི་དང་དམར་སེར་ཅན་གང་རུང་གི་ཁོངས་སུ་བསྡུ་བ་ཡིན་ཏེ། དོན་འདི་ལ་དགོངས་ནས་རྒྱ་ཆེར་འགྲེལ་དུ་ཀཽ་ཤམྦི་དང་དམར་སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་བྱ་བའི་མིང་གཅིག་ཏུ་བྱས་ཏེ་ཕྱིར་བཅོས་པར་བྱ་བའི་གང་ཟག་གི་བྱེ་བྲག་སོ་སོར་བསྟན་པས་ཀྱང་ཤེས་ནུས་ཞེས་འཆད་པར་མཛད་དོ། །འདི་རྣམས་ལ་གཞི་ཞེས་བྱ་བའི་དོན་ནི། གཞིའི་སྐད་དོད་བསྟུ་ཞེས་བྱ་བ་དོན་ལྔ་ལ་འཇུག་པར་བཤད་ཀྱང་འདིར་དེ་དང་དེའི་རྟེན་བྱེད་པས་ན་གཞི་ཞེས་བྱ་སྟེ་བརྗོད་བྱ་དེ་སྟོན་པས་རྗོད་བྱེད་ལའང་གཞིར་བཏགས་སོ། །ཕྲན་ཚེགས་ནི་སྒོ་བརྒྱད་དེ། སྒོ་བརྒྱད་པོ་དོན་མཚན་མཐུན་པ་ཕྱོགས་གཅིག་ཏུ་སྟོན་པའི་ངེས་པ་མེད་དེ། དོན་སིལ་བུ་རྣམས་སྟོན་པ་ལ་སྒོ་རེར་སྤྱི་སྡོམ་རེ། སྤྱི་སྡོམ་རེ་ལ་སྡོམ་གྱི་ཚིགས་སུ་བཅད་པ་བཅུ་བཅུ་ཡོད་པ་ལས། སྒོ་གཉིས་པ་ལ། སྤྱི་སྡོམ་གྱི་ཚིག་ཐ་མ་སྨོ་བའོ་ཞེས་པ་ལས་ཚིགས་བཅད་གཉིས་སུ་གྱེས་ནས་སྡོམ་བཅུ་གཅིག་གོ །གཞན་སྒོ་དེ་དག་གི་སྡོམ་ལས་ཆད་པ་དང་སྔོན་གྱི་འགྱུར་འཕྲོ་ལ་ལུས་པ་རྣམས་ཀུན་མཁྱེན་བུས་བསགས་ནས་བསྒྱུར་བས་འགྱུར་ཅུང་ངན་པ་ཞིག་བྱུང་བར་གྲག་གོ །གཞུང་དམ་པ་ལའང་ཁ་ཅིག་ལེའུ་བཅུ་དྲུག་ཏུ་ཡོད་དེ། ཞུ་བ་འདུལ་བྱེད་གཅིག་ལས་འཕྲོས། །མ་ཎ་བི་ཀ་གཏམ་གྱི་གཞི། །བྲམ་ཟེའི་བུ་མོ་ཨུཏྤལ་ཕྲེང་། །བྱ་བའི་ཕུང་པོ་ཅི་ཡང་བསྟན། །སིལ་བུ་རྐྱང་པ་གླེང་གཞི་དང་། །ལྔ་ཚན་དང་ནི་བཅུ་དྲུག་ཚན། །མ་མོ་ཡང་དག་ལྡན་ལུང་རྣམས། །གཞུང་ནི་དམ་པར་བཤད་ཅེས་སོ། །ཞེས་ཟེར་བ་ལ་བུ་སྟོན་གྱིས་དགག་པ་མང་དུ་
༼༧བ༽མཛད་ནས་ཉིད་རང་ན་རེ། འདི་ཡི་ལུང་ལ་སྤྱི་སྡོམ་མེད་ཅིང་ད་ལྟ་ཡོད་ཚད་པོ་འདི་ལ་སྤྱི་སྡོམ་དུ་བྱེད་ན། ཞུ་བ་འདུས་བྱེད་གཅིག་ལས་འཕྲོས། །ལྔ་པ་དང་ནི་བཅུ་དྲུག་པ། །གླེང་གཞི་དང་ནི་རྐྱང་པ་དང་། །གཏམ་གཞི་མ་ཎ་བི་ཀ་དང་། །མ་ལྟ་བུ་དང་ལུས་སོགས་ཏེ། །སྤྱི་ཡི་སྡོམ་དུ་བྱས་པའོ། །ཞེས་འདོན་པར་མཛད་དགོས་པར་བཞེད་དོ། །དེས་ན་གཞུང་བླ་མ་འདིའི་ནང་གསེས་ལ་ཤེས་རབ་དང་ལྡན་པ་དག་དཔྱོད་རྒྱུ་ཆེ་བར་སྣང་ལ། དེར་མ་ཟད་སྤྱིར་འདི་ལ་མ་དག་པ་ཡོད་པར་འཆད་དེ། སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་འགྲེལ་པའི་ངག་བསྡུ་ན་བྲམ་ཟེ་རྒྱལ་པོ་རྒྱལ་བཤེས་བྱ་བ་བསྟན་པ་ལ་སྡང་བ་ཞིག་གིས་དཀོན་མཆོག་གསུམ་ལ་གནོད་པ་ཆེར་བྱས། དུས་ཕྱིས་དགེ་སློང་རྣམས་ཀྱིས་སྡེ་སྣོད་གསུམ་གྱི་གླེགས་བམ་བསྡུས་ནས་བཅོམ་བརླག་ཏུ་བསྡུ་བ་བྱས་པས་གཞུང་དམ་པའི་གླེགས་བམ་མ་རྙེད་པ་ལས། ཁ་ཆེ་ན་དགེ་སློང་ཞིག་གཞུང་བླ་མ་འདོན་པ་དེ་ཐོས་པ་ན་དེ་དག་དེའི་གན་དུ་ཕྱིན་ནས་འདོན་པར་བསྐུལ་བས་དེས་ཡིད་ལ་དྲན་པ་དང་མ་དྲན་པ་སྦྱར་ནས་བཏོན། བཏོན་པ་བཞིན་བྲིས་པ་ལ་ཕྱིས་ཀྱང་རྣམ་པར་གཡེངས་ནས་ཇི་ལྟ་བ་བཞིན་མ་སྦྱར་ནས་ཡུལ་སོ་སོར་འདོན་པ་ཐ་དད་དུ་བྱུང་བས་ཡང་དག་བསྡུ་བའི་གཞི་ཉམས་པས་གཞུང་བླ་མའི་ཚིག་དོན་རྣམ་པ་དུ་མར་བལྟ་སྟེ། ཞེས་འབྱུང་ངོ་། །དེའི་ཕྱིར་ཁ་ཆེའི་དགེ་སློང་དེ་ལས་རྙེད་པ་ལ་ཞུ་བ་ཁ་ཆེ་བ་ཟེར་ཏེ། རིམ་པ་གཉིས་སུ་རྩིག་པ་ཡན་གཏན་ལ་ཕབ་ཅིང་སློབ་དཔོན་དགེ་ལེགས་བཤེས་གཉེན་གྱི་འགྲེལ་པ་ཡང་འདིའི་འགྲེལ་པ་ཡིན་ནོ། །དེས་ན་ཡང་དག་བསྡུ་བའི་གཞི་ཉམས་པ་གཞན་དག་ཀྱང་སྣང་སྟེ། ལུང་རྣམ་འབྱེད་ནས་མདོའི་སྡེ་ཚན་བཞིར་གསུངས་པ་དང་
༼༨ན༽ཀོ་ལྤགས་ཀྱི་གཞི་ལས་ལུང་བཞི་པོ་དག་བཀླགས་སོ་ཞེས་པས་མདོའི་ལུང་སྡེ་བཞི་སྟེ་ལུང་རིང་པོ་དང་ལུང་བར་མ་དང་ཡང་དག་པར་ལྡན་པའི་ལུང་དང་གཅིག་ལས་འཕྲོས་པའི་ལུང་སྟེ་བཞི་པོ་དེ་དག་གི་ནང་ནས་ཀྱང་ཅི་རིགས་པ་དེང་སང་གི་དུས་སུ་ཉམས་པར་སྣང་ངོ་། །ད་ནི་འདུལ་བ་དེ་ཉིད་ཀྱི་ཕྱོགས་སུ་བསླན་པའི་མདོ་ལ་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་དང་ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་དང་། གནྜིའི་མདོ་དང་གནྜིའི་དུས་ཀྱི་མདོ་དང་གནས་འཇོག་གི་མདོ་དང་འཁར་སིལ་གྱི་མདོ་དང་ངའི་ཀུན་སྤྱོད་བསྟན་པའི་མདོ་ལ་སོགས་པ་རྣམས་ཡིན་ལ། ཕྱོགས་གཏོགས་ཐུན་མོང་གི་མདོ་ནི་སྐྱེས་རབས་དང་ལུང་བསྟན་གྱི་སྡེ་ལ་སོགས་པ་ཆེས་མང་ངོ་། །གཉིས་པ་བསྟན་བཅོས་ནི། མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པའི་འཕགས་པ་ཉེར་སྦས་ལ་སོགས་ཀྱིས་རྩ་བའི་བྱེ་བྲག་ཏུ་བཤད་པ་ལས་འདུལ་བའི་བྱེ་བཤད་མཛད་པ་ཡིན་ལ། ལྷག་པར་རྣལ་འབྱོར་གྱི་དབང་ཕྱུག་ཡོན་ཏན་འོད་ཀྱིས། འདུལ་བ་ཀུན་ལས་བཏུས་པ་ཞེས་ཉི་མ་ལྟར་རབ་ཏུ་གསལ་བའི་བསྟན་བཅོས་ཆེན་པོ་འདི་ཉིད་མཛད་ཅིང་འདི་ལ་རང་འགྲེལ་སྟོང་ཕྲག་བཅུ་བཞི་པ་སྟེ། ཚིགས་བཅད་སྟོང་ཕྲག་བཅུ་བཞི་ནི། །འདི་ཡི་ཚད་དུ་ཤེས་བྱ་སྟེ། །དཔལ་ལྡན་རྒྱལ་ཆེན་ཐམས་ཅད་ཀྱིས། །རྒྱལ་སྲིད་བྱེད་དུས་འདི་བྱས་སོ། །ཞེས་འབྱུང་ལ། སློབ་དཔོན་ཆོས་བཤེས་ཀྱིས་མཛད་པའི་རྒྱས་འགྲེལ་ཤླཽ་ཀ་ཉི་ཁྲི་ཆིག་སྟོང་བམ་པོ་བདུན་ཅུ་པར་བྱས་པ་གཉིས་ཀྱི་ཚིག་དོན་ནི་འཁྲུལ་པ་དང་བྲལ་ཞིང་། སློབ་དཔོན་ཤེས་བྱེད་ཀྱིས་མཛད་ཟེར་བའི་འགྲེལ་པ་དང་འགྲེལ་ཆུང་གཉིས་ནི་བོད་མའོ་ཞེས་འདུལ་བ་འཛིན་པ་ཆེན་པོ་དག་གསུང་ངོ་། །
༼༨བ༽གཞན་ཡང་འཛམ་བུའི་གླིང་དུ་སྐྱེ་འཕགས་ཀྱིས་བྱས་པའི་འདུལ་བའི་བསྟན་བཅོས་ཀྱང་བགྲང་བ་ལས་འདས་ཀྱང་འདིར་བརྗོད་ཀྱིས་མ་ལང་ངོ་། །ད་ནི་དམ་པའི་ཆོས་འདུལ་བ་དེ་དག་འཛིན་པ་འཕགས་པའི་ཡུལ་དང་། བོད་ཀྱི་སར་ཅི་ལྟར་བྱུང་ཞེ་ན། དེ་ཡང་། འདུལ་བ་ལུང་དུ་ནི་འོད་སྲུང་ནས་ལེགས་མཐོང་གི་བར་བསྟན་པའི་གཏད་རབས་བདུན་དང་དགྲ་བཅོམ་པ་ཐམས་ཅད་འདོད་ལ་སོགས་པ་བདུན་བརྒྱས་བཀའ་བསྡུ་བ་གཉིས་པ་བྱས་པའི་བར་རྒྱས་པར་འབྱུང་བ་བཞིན་ནོ། །དེའི་རྗེས་སུ་ཆོས་རྒྱལ་དྷརྨ་ཨ་ཤྭ་ཀ་ཤི་བིའི་རིང་ནས་བཟུང་དགྲ་བཅོམ་པ་རྣམས་ཀྱི་སྐད་ཐ་དད་པ་ལ་བརྟེན་ནས་གྱེས་པ་བཅོ་བརྒྱད་དུ་གྱུར་པ་འོད་ལྡན་ལས་འབྱུང་བ་དང་སློབ་དཔོན་ལེགས་ལྡན་གྱིས་སྟོན་པ་འདས་ནས་ལོ་བརྒྱ་སོ་བདུན་ན་གྲོང་ཁྱེར་སྐྱ་བོའི་བུར་རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ་ཞེས་བྱ་བ་བྱུང་ཞིང་བཀའ་གཉིས་པ་སྡུད་པ་པོ་རྣམས་འདས་པའི་རྗེས་སུ་འཕགས་པ་འོད་སྲུང་དང་བུ་ཆེན་པོ་སོགས་བཞུགས་པ་ན། བདུད་སྡིག་ཅན་དགེ་སྦྱོང་གི་ཆ་བྱད་འཛིན་པ་བཟང་པོ་ཞེས་པས་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་གཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གཞི་ལྔ་པོ་དེ་ལ་གནས་བརྟན་ཀླུ་དང་ཡིད་བརྟན་ཞེས་བྱ་བས་བསྔགས་པར་བྱས་པས་དེ་ལས་དགེ་འདུན་གནས་བརྟན་པ་དང་ཕལ་ཆེན་པ་གཉིས་སུ་གྱེས། དེ་ནས་ལོ་དྲུག་ཅུ་རྩ་གསུམ་དུ་འཁྲུག་ལོང་དུ་གནས་སོ། །དེ་ནས་ལོ་ཉིས་བརྒྱ་འདས་རྗེས་སུ་གནས་བརྟན་གནས་མའི་བུས་བསྟན་པ་བསྡུས་སོ་ཞེས་འཆད་དོ། །གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་དང་བཞི་བརྒྱ་པ་དང་ལོ་དྲི་སོགས་ལས་གྱེས་ཚུལ་མི་འདྲ་བ་དུ་མ་གསུངས་ཀྱང་། དུལ་ལྷས། རྩ་བའི་སྡེ་བཞི་ལས་བཅོ་བརྒྱད་དུ་གྱེས་པར་བཞེད་ལ། དེང་སང་བོད་
༼༩ན༽གངས་ཅན་པ་དག་འདིའི་རྗེས་སུ་འཇུག་པ་མང་ངོ་། །ཁ་ཅིག་དགེ་སློང་ལྷ་ཆེན་པོ་དང་། དགེ་སྦྱོང་གི་ཆ་བྱད་འཛིན་པ་བཟང་པོ་གཉིས་གཅིག་ཡིན་པའི་སྒྲུབ་བྱེད་འགོད་པ་ཡང་མཐོང་ངོ་། །དེས་ན་ཁ་ཅིག །སྔོན་ཡོད་སྨྲ་གཅིག་པུ་ལས་མེད་ལ། ཕྱིས་བཅུ་བདུན་དུ་གྱེས་པ་ནི་སངས་རྒྱས་ཀྱི་བཀའ་མིན་ཏེ་གྱེས་པ་བཅུ་བདུན་པོ་མདོ་སྡེ་ལ་མི་འཇུག་སྟེ་དོན་ཕན་ཚུན་འགལ་བར་བཤད་པའི་ཕྱིར་དང་། འདུལ་བ་ལ་མི་སྣང་སྟེ་སྡོམ་གྱིས་མ་བསྡུས་པའི་ཕྱིར་དང་། ཆོས་ཉིད་དང་མི་མཐུན་ཏེ་ཚིག་དོན་གཞན་དུ་བསྟན་པའི་ཕྱིར་རོ་ཞེ་ན་མིན་ཏེ། གྱེས་པ་བཅུ་བདུན་པོ་སེམས་ཀྱི་བསླབ་པ་སྟོན་པས་མདོ་སྡེ་ལ་འཇུག །ལྷག་པའི་ཚུལ་ཁྲིམས་སྟོན་པས་འདུལ་བ་ལ་སྣང་། ལྷག་པའི་ཤེས་རབ་སྟོན་པས་མྱང་འདས་དང་མཐུན་པའི་ཕྱིར་ཆོས་ཉིད་དང་མཐུན་ཏེ་ཆོས་ཉིད་ཅེས་བྱ་བ་ནི། དཔེར་ན་གཟུགས་སུ་རུང་བའི་མཚན་ཉིད་ནི་གཟུགས་ཡིན་ནོ་ཞེས་པ་ལྟ་བུ་ཆོས་རྣམས་ཀྱི་ངང་ཚུལ་ཏེ། དེ་ཡང་སངས་རྒྱས་ཀྱི་བཀར་གྱུར་པའི་བསྟན་པ་ནི་ཕྱག་རྒྱ་གསུམ་གྱི་རྒྱས་བཏབ་པ་ཞིག་དགོས་པ་ལས་འདི་ལྟར་ཆོས་ཐམས་ཅད་ནི་བདག་མེད་པ་ཡིན། འདུས་བྱས་ཐམས་ཅད་ནི་སྐད་ཅིག་མ་ཡིན། མྱ་ངན་ལས་འདས་པ་ནི་ཞི་བ་ཡིན། ཞེས་པ་ལྟར། ཕྱག་རྒྱ་གསུམ་གྱི་རྒྱས་བཏབ་ཅིང་བསླབ་པ་གསུམ་སྟོན་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་ཏེ། ཇི་སྐད་དུ། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། བསླབ་པ་གསུམ་ནི་རབ་སྟོན་ཅིང་། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་སོ། །དེས་ན་གཙོ་བོའི་དོན་སངས་རྒྱས་ཀྱི་གསུང་དང་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་དང་སངས་རྒྱས་ཀྱི་བྱིན་རླབས་ལས་ཀྱང་སོ་སོར་གྱེས་པ་བྱུང་
༼༩བ༽བའི་ཕྱིར་དང་། མདོ་རྒྱུད་ཆེན་པོ་ཐམས་ཅད་ནས་ཀྱང་རྩ་བའི་སྡེ་པ་བཞིར་འཇོག་པ་ཉིད་འབྱུང་བས་རིགས་སོ། །རྩ་བའི་སྡེ་པ་བཞི་པོ་འདིའི་ལག་ལེན་འཁྲུགས་ན་དགྲ་བཅོམ་པ་འཐོབ་པ་ལ་གེགས་བྱེད་པས་རྩ་བའི་སྡེ་པ་བཞིའི་མཁན་པོ་དང་རྟགས་དང་བྱིན་ལེན། ནུབ་ལྷག་ཉལ་སོགས་འདི་ལྟ་བུའོ་ཞེས་ཇོ་བོའི་གསུང་རྒྱུན་ཡིན་ཟེར་བ་བོད་རྣམས་ཀྱིས་སྐྱོར་བ་ཇི་ལྟ་བ་བཞིན་མ་ཁྱོར་བ་འདྲ་ཞེས་བུ་སྟོན་འདུལ་འཛིན་གྱིས་གསུངས་སོ། །དེའི་ཕྱིར་རྩ་བའི་སྡེ་པ་དག་གི་ཁྱད་པར་ཁ་ཆེ་པཎ་ཆེན་གྱིས་གསུངས་པ་ཉིད་ལེགས་སོ། །སྡེ་པ་བཅོ་བརྒྱད་པོ་འདི་དག་གི་ལྟ་སྤྱོད་འཛིན་པའི་སློབ་དཔོན་རྣམས་ཀྱི་མཚན་འདིར་མ་བགྲངས་ལ། སྐབས་སུ་བབ་པའི་སློབ་དཔོན་ཡོན་ཏན་འོད་འདི་ཉིད་ཀྱི་སྐུ་ཆེ་བའི་ཡོན་ཏན་བཤད་པར་བྱ་སྟེ། དེ་ཡང་འདི་ཉིད་འཕགས་པ་ལེགས་མཐོང་ལ་ཐུག་ཅེས་སྨྲ་བ་ཡང་དུས་མི་མཚུངས་ལ་ཕྱིར་མི་འོང་བློས་མི་འབེབས་ཀྱི་དངོས་སློབ་ཏུ་འདོད་པ་ལ་བུ་སྟོན་ལོ་ཙཱས་ནི་དུས་མི་མཚུངས་པར་འཆད་མོད་ཀྱང་། ཁོ་བོའི་སློབ་དཔོན་གྱིས་ནི་འདི་ཉིད་དག་པར་འཆད་དོ། །གང་ཡིན་ཀྱང་སློབ་དཔོན་ཆེན་པོ་དབྱིག་གཉེན་ལ་རང་ལས་མཁས་པའི་སློབ་མ་བཞིར་གྲགས་པའི་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད་ཅེས་པ་སྟེ། ལངྐར་གཤེགས་པར། བདེ་གཤེགས་མྱ་ངན་འདས་ནས་ནི། །ཡང་དག་བསྟན་པ་སུ་ཞིག་འཛིན། །ཞེས་པའི་འགྲེལ་པར། ཐུབ་པ་ནས་དྷི་དྷི་ཀའི་བར་ལུང་དང་འདྲ་ལ། དེས་རྣམ་འབྱེད་ལ་སོགས་བཅུ་བཞིའི་མཐར་ནོར་གྱི་རྩ་ལག །དེས་མ་ནོ་ཧ་སྟེ། ཡོན་ཏན་འོད་ཀྱི་བར་བསྟན་པའི་གཏད་རབས་སུ་གསལ་ལོ། །དེས་ན་ཉིད་ཀྱི་རྣམ་བཤད་ཀྱི་མཇུག་ན་ཡུལ་བཅོམ་བརླག་གི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྩོད་པ་བ་ཆེན་
༼༡༠ན༽པོ་རྣམས་ཀྱི་ཁྱུ་མཆོག་བསྟན་བཅོས་དུ་མ་མཛད་པ་གཞུང་འབུམ་ཕྲག་བཅོ་བརྒྱད་ལ་ཁ་ཏོན་མཛད་པའི་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཞེས་འབྱུང་བ་ལྟར་རོ། །འདི་ཉིད་ཀྱིས་མཛད་པའི་མདོ་ལ་རྒྱས་འགྲེལ་མཛད་པ་པོ་ནི་ཐོ་གར་བྱེ་སྨྲའི་གྲུབ་མཐའ་འཛིན་པ་སྟེ། ཇི་སྐད་དུ། དཔལ་ལྡན་ཡུལ་མཆོག་ཏར་མི་ར་ཞེས་བྱ། །དམ་པས་བསྔགས་པ་དེ་ལ་མཁས་པ་གནས། །པཀྵུ་ཞེས་བྱ་ཆུ་ཀླུང་འགྲམ་དུ་ནི། དཔལ་ལྡན་གནས་མཆོག་གྲོང་ཁྱེར་དེ་ཉིད་དུ། ཁ་ན་མ་ཐོ་མེད་པའི་རིགས་མཆོག་སྐྱེས། །དེ་ནི་ལོ་བརྒྱད་བསམ་པ་རྣམ་དག་པས། །ཁྱིམ་གྱི་འབྱོར་པ་དག་ལའང་ཆགས་པ་མེད། །སྐྱེ་བ་གཞན་ནས་གོམས་པས་རྟོགས་པ་ལྡན། །དཀོན་མཆོག་གསུམ་ལ་བསྟེན་པས་སེམས་དབེན་གྱུར། །བསླབ་པའི་རྟེན་ལྡན་ཚུལ་ལ་ཉེར་སྤྱོད་ཅིང་། །དམ་པའི་བསྟན་ལ་བསྟེན་པས་འདི་རྣམ་ཕྱེ། །ཞེས་སོ། །གཞན་ཡང་སློབ་དཔོན་ཤཱཀྱ་འོད་ནི་མཁན་པོ་ས་མ་ཏ་རར་གནས་པ་བསོད་ནམས་གྲགས་དང་། སློབ་དཔོན་གཞན་ཞི་བ་འོད་ལ་ཐུག་པ་ཁ་ཆེ་བྱེ་སྨྲ་བ་སྟེ་འདིའི་དངོས་སློབ་དགེ་སློང་སེང་གེའི་གདོང་ཅན་ཏེ། འདིའི་དུས་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་ཟ་ཧོར་གྱི་མཁན་པོ་བྱང་སེམས་ཞི་བ་འཚོས་གཙོས་པའི་པཎ་ཆེན་མང་པོ་སྤྱན་དྲངས། མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་སངས་རྒྱས་ཀྱི་བསྟན་པ་བཙུགས། ཡོད་སྨྲ་མ་གཏོགས་གཞན་མི་བསྒྱུར་བར་བཅས་ཤིང་། སད་མི་མི་བདུན་སོགས་ཀྱིས་འདུལ་བ་ལ་སྦྱངས། དེའི་ནང་ནས་སྦ་རཏྣས་འདུལ་བ་ལ་ཀུན་ཆུབ་པར་མཛད། དེ་ལ་ལི་ཡེ་ཤེས་རིན་ཆེན་གྱིས་གསན་ནས་མཁས་པར་སྦྱངས། དེ་ལ་གཡོ་དགེ་འབྱུང་གིས་ཐུག །དེ་ཉིད་དང་གཙང་རབ་གསལ་དམར་
༼༡༠བ༽ཤཱཀྱ་མུ་ནེ་རྣམས་ཏེ་རྒྱལ་པོ་བེའུས་བསྟན་པ་བསྣུབས་པ་ལ་བརྟེན་མངའ་རིས་ནས་གར་ལོག་བྱས། སྟོད་ཧོར་ནས་བྱང་རྒྱབ་ཏུ་བྲོས་ཏེ་མདོ་སྨད་ཀྱི་ལྷོ་ངོས་ནས་བེ་རི་ཚྭ་མཚོ་ནས་ཚུར་བྱུང་སྟེ་རྨ་ལུང་རྡོ་རྗེའི་བྲག་ར་ཨན་ཆུང་གནམ་རྫོང་དན་ཏིག་ཤེལ་གྱི་ཡང་དགོན་ན་སྒོམ་གྱིན་ཡོད་པ་ལ། མུ་གཟུ་གསལ་འབར་རབ་ཏུ་བྱུང་བས་དགེ་བ་རབ་གསལ་དུ་བཏགས། ཕྱིས་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། དེ་མཁས་པར་གྱུར་པས་དེ་ལ་སློབ་མ་ལ་སྣུབས་བ་ཤི་དང་གྲུམ་ཡེ་ཤེས་རྒྱལ་མཚན་གཉིས་ཐུག །རབ་ཏུ་བྱུང་། འདུལ་བ་ལ་ཆུབ་པར་བྱས། དེ་དུས་དབུས་གཙང་ན་སྡོམ་པ་དང་བཤད་གྲྭའི་བཀའ་ཆད་ནས་གང་ཡང་མེད། གཙུག་ལག་ཁང་གི་ལྡེའུ་མིག་ཤམ་ཐབས་གོང་པ་ཅན་གྱོན་པ་ལ་གནས་བརྟན་དགྲ་བཅོམ་དུ་མིང་བཏགས་ནས་འཛིན་པའི་སྔགས་རྙིང་མ་བ་དག་ཡོད་ཀྱང་སངས་རྒྱས་ཀྱི་བསྟན་པ་ནི་མེད་དོ། །དེའི་ཚེ་མཆིམས་ཡུལ་སྨད་ན་ཆེན་པོ་རྒྱལ་བ་ཞེས་བྱ་བ་དང་། དེའི་སློབ་མ་ཞང་ལྕམ་འབྲུ་ཆུང་མ་གཉིས་ཀྱིས་ཀློག་མཁས་པ་ཤེས་པས་མི་ཤི་བའི་དགེ་རྩར་གླེགས་བམ་བཀླགས་པ་ལ། མི་རྒན་ཤི་ན་བདེ་ཆེན་འདོན། བྱིས་པ་ཤི་ན་སུམ་བརྒྱ་པ་འདོན། དེ་གཉིས་ཤེས་རབ་ཆེ་བས་གཞུང་ཆེན་པོ་རྩ་འགྲེལ་རྣམས་ལ་བལྟས་ནས་མཁན་པོ་དམར་པོ་འདི་དོན་བསྡུས་པར་འདུག །དེའི་གོ་བ་ལེགས་པོ་ཞིག་ནག་པོར་བཞག་པ་འདི་ཡིན་པར་འདུག་ཟེར། མཁན་པོས་དཔེ་ཆ་ཞིག་ནས་ཡིག་ཆུང་བལྟས་པས་སྔོན་གྱི་བགྲེས་པོ་རྣམས་ཀྱི་བརྗེད་ཐོའི་ཡི་གེར་འདུག་སྟེ་དེའི་གོ་བ་ལེགས་པོ་ཞིག་མཆན་གྱི་ཡིག་ཆུང་འདི་ལ་འདུག་ཟེར་ནས་རྩལ་བཤད་བག་རེ་བྱེད་པ་བྱུང་ངོ་། །དེའི་ཚེ་དབུས་གཙང་གི་མི་བཅུ་མདོ་སྨད་དུ་སྡོམ་པ་ལེན་དུ་ཕྱིན་པ་ནས་བཟུང་། མངའ་
༼༡༡ན༽རིས་དང་བོད་ན་བཞུགས་པའི་ཆོས་ཀྱི་རྒྱལ་པོ་རྣམས་ཀྱིས་རྒྱ་གར་ནས་པཎ་ཆེན་མང་པོ་སྤྱན་དྲངས་པ་ནས་སྤྲུལ་པའི་ལོ་ཙཱ་བ་སྔ་ཕྱིར་བྱོན་པ་རྣམས་དང་། བོད་གངས་ཅན་པའི་སྤྲུལ་པའི་སྐྱེས་ཆེན་འདུལ་བ་འཛིན་པ་དཔག་ཏུ་མེད་པ་རྣམས་ཀྱིས་སྡོམ་རྒྱུན་ཇི་ལྟར་ཚུགས་པ་དང་། བཤད་གྲྭ་ཇི་ལྟར་བསྐྱངས་པ་རྣམས་བརྗོད་ན་འབྱམས་ཀླས་པས་འདིར་མ་བརྗོད་ལ། ཁོ་བོ་ཅག་བསྙེན་པར་རྫོགས་པའི་མཁན་རྒྱུན་གང་ལས་འོངས་པ་དང་སྡོམ་རྒྱུན་གང་ནས་འདེད་པ་དང་ལྷག་པར་མདོ་རྩ་བའི་རྣམ་བཤད་གང་ལས་ཐོས་པའི་བརྒྱུད་རིམ་དག་བརྗོད་པར་བྱའོ། །དེ་ཡང་དགྲ་བཅོམ་པ་བྱང་ཆུབ་དཔལ་གྱིས་བཙུགས་པའི་དགེ་འདུན་ལས་བསྙེན་པར་རྫོགས་པ་ཡིན་ཅིང་། དགེ་སློང་གི་དངོས་པོའང་དེ་དག་ལས་ཐོབ་པ་ཡིན་ནོ། །མཁན་རྒྱུན་ནི་ཚིགས་སུ་བཅད་དེ་བརྗོད་ན། ཟླ་བྲལ་ཐུབ་དབང་གནས་བརྟན་ཤཱ་རིའི་བུ། །སྒྲ་གཅན་ཟིན་གཉིས་འཕགས་མཆོག་ཀླུ་སྒྲུབ་ཞབས། །ཡོན་ཏན་བློ་གྲོས་རིན་ཆེན་བཤེས་གཉེན་དང་། །ཆོས་ཀྱི་བཟང་པོ་ཡོན་ཏན་རྒྱ་མཚོའི་ཞབས། །ཆོས་ཀྱི་ཕྲེང་བ་བློ་གྲོས་འབྱུང་གནས་སྦས། །ས་སྟེང་འགྲན་ཟླ་དང་བྲལ་ཤཱཀྱ་ཤྲཱི། །བྱང་ཆུབ་དཔལ་བཟང་དབང་ཕྱུག་གྲགས་པ་དང་། །གཞོན་ནུ་བྱང་ཆུབ་གནས་བརྟན་ཡོན་རྒྱལ་བ། །ཡོན་ཏན་བློ་གྲོས་འདུལ་འཛིན་སེང་གེ་དཔལ། །སྡོམ་བཙུན་དམ་པ་རབ་འབྱོར་སེང་གེ་དང་། །བླ་མ་དམ་པ་ཆོས་གྲུབ་སེང་གེའི་ཞབས། །དད་པའི་སྤྱི་བོར་རྟག་པར་བཀོད་པ་ཡིན། །ཞེས་པ་ལྟར་ཡིན་ཅིང་སྡོམ་རྒྱུན་ཡང་མཁན་པོ་དེ་དག་གང་ལས་བཀའ་དྲིན་ནོད་པའི་དགེ་འདུན་གྱི་སྡེ་རྣམས་སོ། །མདོ་རྩ་བའི་དཀའ་གནས་མཐའ་གཅོད་དང་བཅས་པ་གང་ལས་ཐོས་པའི་རིམ་པ་ནི།
༼༡༡བ༽རྫོགས་པའི་སངས་རྒྱས། ཉེ་བ་འཁོར། ཉེར་སྦས། ནག་པོ། ལེགས་མཐོང་། ཕྱིར་མི་འོང་བློས་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད། དགྲ་བཅོམ་པ་སེང་གེའི་གདོང་ཅན། པཎ་ཆེན་དཱ་ན་ཤཱི་ལ། པཎ་ཆེན་ཛི་ན་མི་ཏྲ། ཅོག་རོ་ཀླུའི་རྒྱལ་མཚན། གཙང་རབ་གསལ། གཡོ་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། གཟུ་སྟོན་རྡོ་རྗེ་རྒྱལ་མཚན། སོག་སྟོན་ཚུལ་ཁྲིམས་བླ་མ། རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས། རྨ་ཚེ་བྱང་ཆུབ་རྡོ་རྗེ། སྐྱི་ཤོད་པ་ཚུལ་ཁྲིམས་འཕགས། འདར་ཚུལ་ཁྲིམས་རྒྱལ་པོ། ཉི་སྟེང་པ་ཚུལ་ཁྲིམས་གྲགས། འདུལ་འཛིན་བློ་གྲོས་གྲགས། ནེལ་པ་པཎ་ཆེན། འདུལ་འཛིན་རྒྱལ་མཚན་དཔལ། སློབ་དཔོན་རིན་ཆེན་བྱང་ཆུབ། དམར་སྟོན་དཔལ་ལྡན་རིན་ཆེན། དམར་སྟོན་རྒྱ་མཚོ་རིན་ཆེན། བྱམས་ཆེན་སངས་རྒྱས་འཕེལ། སློབ་དཔོན་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས་ཐོས་སོ། །ཡང་ན་ཟངས་ཆེན་པའི་བཤད་རྒྱུན་ལྟར་ན། ཐུབ་དབང་། ཉེ་བ་འཁོར། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ །ནག་པོ། ལེགས་མཐོང་། བློས་མི་འབེབས། སློབ་དཔོན་ཉིད། ཤཱཀྱ་འོད། སེང་གེའི་གདོང་ཅན། དཱ་ན་ཤཱི་ལ། ཛི་ན་མི་ཏྲ། ཀླུའི་རྒྱལ་མཚན། གཙང་རབ་གསལ། གཡོ་དགེ་འབྱུང་། དམར་ཤཱཀྱ་མུ་ནེ། དགོངས་པ་རབ་གསལ། ཀླུ་མེས་དབང་ཕྱུག་གྲགས། ཀླུབས་ལོ་ཙཱ། སྐྱོགས་འདུལ་འཛིན། གཟུ་སྟོན་རྡོ་རྗེ་རྒྱལ་མཚན། ཚུལ་ཁྲིམས་བླ་མ། ཚུལ་ཁྲིམས་འབྱུང་གནས། གྲགས་རྒྱལ། ཤེས་རབ་འོད། རྒྱ་འདུལ་འཛིན། ཚ་རོད་པ། ཤ་མི་འདུལ་འཛིན། སྦལ་ཏི་ཆེན་པོ། ཀླུབས་དཀར། གྲབ་མི་འདུལ་འཛིན། རྒྱ་དུར་བ་དར་མ་ཡེ་ཤེས། རྣམ་དག་ཟངས་ཆེན་པ། ཀུན་
༼༡༢ན༽མཁྱེན་གཉིས་པ་མཚོ་སྣ་པ། རི་སྟེངས་པ་རྒྱལ་མཚན་བཟང་པོ། མཁན་ཆེན་ཤེས་རྡོར་པ། མཁན་ཆེན་བཀའ་བཅུ་པ། གནས་བརྟན་ལྷུན་བཟང་། བཅོམ་ལྡན་འདས་རིགས་ཀྱི་བདག་པོ་རྒྱལ་བ་ཀརྨ་པའི་ཕྲིན་ལས་པའི་ཞལ་ནས་ཐོས་སོ། །འདི་དག་གི་བརྒྱུད་རིམ་རྗེ་ཕྲིན་ལས་པའི་གསན་ཡིག་ལྟར་བྲིས་པ་ཡིན་ལ། དག་མ་དག་ཅུང་ཟད་ཡོད་པ་འདྲ་བས་དཔྱོད་ལྡན་དག་གིས་འཁྲུལ་མེད་དུ་བསྡེབ་པར་གྱིས་ཤིག །འདིར་སྨྲས་པ། ཆོས་འདིར་ཁོ་བོ་ཞུགས་ནས་བསྐལ་མང་སོང་། །བརྡ་དོན་ལེགས་པར་འཕྲོད་ནས་བདེ་ཆེན་མྱོང་། །སླར་ཡང་རྡོ་རྗེའི་ལམ་དུ་རབ་གར་བ། །དབྱངས་ཅན་བཟང་པོ་བཞད་པའི་ངོ་མཚར་ཡིན། ༈ །ད་ནི་བསྟན་བཅོས་ཉིད་ལ་འཇུག་པར་འདོད་དེ། དེ་ཡང་། མཚན་དོན་རྟོགས་ཆེད་མཚན་ནས་བརྗོད། །གཞུང་ཚད་རྟོགས་ཆེད་བམ་གྲངས་བཀོད། །མཐར་ཕྱིན་ཆེད་དུ་ཕྱག་འཚལ་སྨོས། །སྐབས་དོན་རྟོགས་ཆེད་གཞུང་དོན་བཤད། །དེ་ལ་དང་པོ་ནི། རྒྱ་གར་སྐད་དུ། བི་ན་ཡ་སཱུ་ཏྲ། བོད་སྐད་དུ། འདུལ་བའི་མདོ། ཞེས་པ་སྟེ། དེ་ཡང་ཚད་ནི་ལུང་འབུམ་ཕྲག་གི་དོན་གཞི་བཅུ་བདུན་དང་རྣམ་འབྱེད་གཉིས་ཀྱི་ལུས་སུ་དྲིལ་ནས་སྟོན་ལ། དེ་ཡང་བསྡུ་ན་མ་ཐོབ་པ་ཐོབ་བྱེད། ཐོབ་པ་མི་ཉམས་པར་བསྲུང་ཚུལ། ཉམས་ན་ཕྱིར་བཅོས་དང་གསུམ་བརྗོད་བྱའི་དོན་ཡིན་ལ། རྗོད་བྱེད་ནི་ཤླཽ་ཀ་ཉིས་སྟོང་བདུན་བརྒྱའོ། །གཉིས་པ་ནི། བམ་པོ་དང་པོ། གསུམ་པ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཞི་པ་ལ། གཞན་འཇུག་ཆེད་དུ་དགོས་འབྲེལ་བསྟན། །བརྗོད་བྱ་ངེས་འབྱུང་ཚུལ་ཁྲིམས་བསྟན། །དང་པོ་ལ། སྤྱི་དོན་དང་ཚིག་དོན་གཉིས་ལས། དང་
༼༡༢བ༽པོ་ནི། དབུར་དགོས་འབྲེལ་བཀོད་པའི་འབྲེལ། དགོས་འབྲེལ་གྱི་བསྡུས་དོན་ནོ། །དང་པོ་ལ། དགག་བཞག་སྤང་གསུམ། དང་པོ་ནི། རྣ་བ་མ་ཕུག་པས་བསྟན་བཅོས་ཀྱི་དབུར་དགོས་འབྲེལ་གྱི་ངག་བཀོད་པའི་འབྲེལ་ལམ་དགོས་པ་ནི། བསྟན་བཅོས་ལུས་ལ་དགོས་སོགས་བཞི་ཡོད་ངེས་སྙམ་པའི་ཤེས་པ་དེ་སྐྱེ་བའི་ཆེད་ཁོ་ན་ཡིན་ཅེས་ཟེར་རོ། །དེ་ལྟར་ན་ནི་དེའི་དགོས་པ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་དེ་ཡང་ཅིས་མིན་ཏེ་མཚུངས་པའི་ཕྱིར། ཁོ་ན་རེ། མི་མཚུངས་ཏེ་ངེས་ཤེས་སྐྱེས་པ་ལས་རྟོག་ལྡན་འཇུག་པའི་ཕྱིར་ཞེ་ན། དེས་ན་ནི་ཅིས་མི་མཚུངས་ཏེ་ཐེ་ཚོམ་སྐྱེས་པ་ལས་ཀྱང་རྟོག་ལྡན་འཇུག་པའི་ཕྱིར། རྟགས་ཁྱབ་ནི། ཚད་མ་བརྟགས་པ་ལས། གང་ཕྱིར་དོན་གཉེར་འཇིག་རྟེན་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་སོ། །དཔལ་བློ་སེམས་མཚོས། དང་པོར་དེ་འགོད་པའི་དགོས་པ་ནི། གཞན་དག །བསྟན་བཅོས་འདི་བརྩམ་བྱ་མིན་ཏེ། །དགོས་སོགས་ཆོས་བཞི་མེད་པའི་ཕྱིར། །ཞེས་ཟེར་བ་ལ། རྟགས་ལ་ཐེ་ཚོམ་ཟ་བའི་སྒོ་ནས་མ་གྲུབ་པར་བསྟན་པས་གཞན་གྱི་སྦྱོར་བ་ངན་པ་དེ་བཟློག་པའི་ཆེད་ཡིན་ཅེས་གསུངས་སོ། །དེ་ལྟར་ན་ནི་དགོས་འབྲེལ་གྱི་ངག་དེ་ཉིད་ཀྱང་བརྩམ་བྱ་མིན་ཏེ། དེ་ལའང་། དགོས་སོགས་ཆོས་བཞི་མེད་པའི་ཕྱིར། ཞེས་པའི་སྦྱོར་བ་ངན་པ་བཟློག་དགོས་པར་འགྱུར་བས་ཐུག་པ་ག་ལ་ཡོང་། ཡང་བྲམ་ཟེ་བདེ་བྱེད་དགའ་བས། དབུར་དེ་འགོད་པའི་དགོས་པ་གཞུང་མཛེས་བྱེད་ཡིན་ཟེར། དེ་ལྟར་ན་དབུར་དེ་འགོད་པའི་ཡོངས་གཅོད་ཀྱི་དགོས་པ་དེ་ཆོས་ཅན། དགོས་འབྲེལ་ངག་གི་བརྗོད་བྱ་རྟོགས་པའི་ཆེད་ཁོ་ན་མ་ཡིན་པར་ཐལ། གཞུང་མཛེས་བྱེད་ཙམ་ཡིན་པའི་
༼༡༣ན༽ཕྱིར། རྟགས་ཁྱབ་མ་གྲུབ་ན་དམ་བཅའ་བསལ། འདོད་ན་རྣམ་ངེས་ལས། བརྡ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་དང་། སྒྲ་སྦྱར་བའི་དགོས་པ་ཡང་དེ་ཙམ་དུ་ཟད་པའི་ཕྱིར། ཞེས་སོ། །གཉིས་པ་ལ། དགོས་པ་དང་། ཉིང་དགོས་སོ། །དང་པོ་ལ། ཡོངས་གཅོད་ཀྱི་དགོས་པ་ནི། དགོས་སོགས་ཡོད་སྟོན་གྱི་ངག་ལ་བརྟེན་ནས་ལུས་ཀྱི་དགོས་སོགས་བཞི་ཡོད་པར་དང་པོར་རྟོགས་པ་དེ་ཆོས་ཅན། དགོས་སོགས་བཞི་ཡོད་སྟོན་གྱི་ངག་བཀོད་པའི་དགོས་པ་ཡིན་ཏེ། དེ་སྐོར་གྱི་ངག་ལ་བརྟེན་ནས་དགོས་སོགས་ཡོད་སྟོན་གྱི་སྒྲའི་བརྗོད་བྱ་རྟོགས་པ་ཡིན་པའི་ཕྱིར་རོ། །གྲུབ་སྟེ། ཊཱི་ཀ་ལས། ངེས་པར་འབྱུང་བ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་བྱ་བའི་མདོ་དང་པོ་འདིས་ནི། འདུལ་བ་མདོའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་ཡང་དགོས་པ་རྣམས་བརྗོད་དེ་ཞེས་གསུངས་པས། ལུས་ཀྱི་དགོས་སོགས་བཞི་པོ་དེ་དག་འདིའི་བརྗོད་བྱ་ཡིན་པར་གྲུབ་ལ། ངག་འདི་ལ་བརྟེན་ནས་ངག་འདིའི་བརྗོད་བྱ་དེ་རྟོགས་པ་ཡིན་པས་རྟགས་གྲུབ་བོ། །ཁྱབ་པ་ནི་དྲངས་མ་ཐག་པའི་རྣམ་ངེས་ཀྱི་ལུང་གིས་གྲུབ་བོ། །དེ་ཡང་དགོས་སོགས་བཞི་ཡོད་པར་གོ་བའི་ངག་ཙམ་དེ་ནི་དབང་རྣོན་ལ་ཐེ་ཚོམ་དང་དབང་རྟུལ་ལ་ངེས་ཤེས་སྐྱེ་བ་ཤས་ཆེ་བ་ཡིན་ཏེ། རིམ་བཞིན་དེ་གཉིས་ཚིག་དོན་འབྲེལ་བར་མ་ངེས་ཤིང་ཡིད་ཆེས་པར་དཀའ་བའི་རིགས་དང་ཚིག་དོན་འབྲེལ་བར་མ་ངེས་ཀྱང་ཡིད་ཆེས་པར་སླ་བའི་རིགས་ཅན་གཉིས་སུ་ངེས་པའི་ཕྱིར། རྣམ་གཅོད་ཀྱི་དགོས་པ་ནི། དགོས་སོགས་བཞི་ཡོད་པ་གོ་བ་ལ་བརྟེན་ནས་རྣམ་པར་བཅད་བྱ་ལོག་རྟོག་བཞི་དང་ཐེ་ཚོམ་བཞི་སྟེ་བརྒྱད་བསལ་བ་ཡིན་
༼༡༣བ༽ལ། ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་ དོགས་པ ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་ དོགས་པ ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པའི་ དོགས་པ ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་འགྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་ཡང་བསྟན་ཏོ་ཞེས་སོ། །གཉིས་པ་ནི། བསྟན་བཅོས་ལ་རྟོག་ལྡན་འཇུག་པའི་ཆེད་ཡིན་ཏེ། ཆོས་མཆོག་གིས། དགོས་པ་སྟོན་པའི་ངག་གིས་ཅི་ཞིག་བྱ་ཞེ་ན། ཚིག་ལས་རྟོག་པ་དང་ལྡན་པ་རྣམས་ཐེ་ཚོམ་སྐྱེ་ཞིང་། དེས་ན་དོན་དུ་གཉེར་ལ་དེ་ལས་ཀྱང་འཇུག་པར་འགྱུར་བའི་ཕྱིར་རོ་ཞེས་སོ། །གསུམ་པ་ལ། རྣམ་གཅོད་ཟློག་ཕྱོགས་དང་། ཡོངས་གཅོད་ཟློག་ཕྱོགས་དང་། ཧ་ཅང་ཐལ་བའི་རྩོད་སྤང་གསུམ་མོ། །དང་པོ་ནི། ཁ་ཅིག་དགོས་སོགས་བཞིའི་ངག་གིས་ལོག་རྟོག་བསལ་ནུས་ན་སྒྲ་མི་རྟག་སྒྲུབ་པ་ལ་བྱས་པ་རྟགས་དཔེ་བཀོད་པའི་སྦྱོར་བ་དོན་མེད་དུ་ཐལ། སྒྲ་རྟག་འཛིན་གྱི་ལོག་རྟོག་ལྡོག་པ་ལ་སྒྲ་མི་རྟག་ཅེས་པའི་ངག་ཙམ་གྱིས་ལོག་རྟོག་བསལ་ནུས་པའི་ཕྱིར། གལ་ཏེ་དེས་ལོག་རྟོག་བསལ་མི་ནུས་ན་ལོག་རྟོག་བསལ་བ་དེ་དགོས་འབྲེལ་བཀོད་པའི་དགོས་པ་ཡིན་པར་ཁས་བླངས་པ་དང་འགལ་ལོ་ཞེ་ན། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་མི་ནུས་ཀྱང་ཐོས་བྱུང་ངག་ལ་བརྟེན་པའི་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས་སྐྱོན་མེད་དོ། །གཉིས་པ་ལ། ཁ་ཅིག་དགོས་སོགས་བཞི་ཡོད་སྟོན་གྱི་ངག་དེས་དེའི་དོན་ལ་ངེས་ཤེས་སྐྱེད་མི་ནུས་པར་ཐལ། ངག་དང་དོན་ལ་འབྲེལ་པ་མེད་པའི་ཕྱིར་ཞེ་ན། ཐོལ་བྱུང་ཙམ་གྱི་ངོར་དེ་སྐྱེད་མི་ནུས་པར་ཐལ་ཅེ་ན་ཁྱབ་པ་མེད་ལ། ཚད་མར་གྱུར་པའི་ངེས་ཤེས་སྐྱེད་མི་ནུས་
༼༡༤ན༽པར་ཐལ་ཅེ་ན་འདོད་དོ། །ཁ་ཅིག །ཐེ་ཚོམ་གྱི་ཕྱིར་དགོས་སོགས་ཡོད་སྟོན་གྱི་ངག་སྨོས་མི་དགོས་པར་ཐལ། ངག་དེ་མེད་ཀྱང་ཐེ་ཚོམ་དེ་ངང་གིས་སྐྱེ་བའི་ཕྱིར་ཞེ་ན། དགོས་འབྲེལ་ངག་གི་འབྲས་བུར་མ་གྱུར་བའི་ཐེ་ཚོམ་སྐྱེ་སྲིད་ཀྱང་། འདིར་གཉེར་བྱ་མིན་ལ་དེའི་འབྲས་བུར་གྱུར་པའི་ཐེ་ཚོམ་སྐྱེད་པའི་ཆེད་དུ་སྨོས་མི་དགོས་པར་ཐལ་ཟེར་ན་གཏན་ཚིགས་ཅི་ཡོད། དགོས་འབྲེལ་ངག་གི་འབྲས་བུར་གྱུར་པའི་ཐེ་ཚོམ་ངང་གིས་སྐྱེད་པའི་ཕྱིར་ཞེ་ན། རྟགས་མ་གྲུབ་ལ། ངག་དེ་མེད་ཀྱང་དགོས་འབྲེལ་ངག་གི་འབྲས་བུར་མ་གྱུར་པའི་ཐེ་ཚོམ་དེ་ངང་གིས་སྐྱེ་བའི་ཕྱིར་ཞེ་ན་ཁྱབ་པ་མེད་དོ། །གསུམ་པ་ནི། བརྗོད་དགོས་འབྲེལ་གསུམ་པོ་དེ་དང་པོར་དགོས་འབྲེལ་ངག་གིས་བརྗོད་མི་དགོས་པར་ཐལ། ལུས་རྣམ་བཞག་ཉིད་ལ་བརྟེན་ནས་དེ་གོ་བའི་ཕྱིར་ཞེ་ན་གོ་མོད། དེ་བསྟན་བཅོས་ལ་འཇུག་པའི་སྔོན་དུ་གོ་ནུས་པའི་ཕྱིར་སྙམ་ན་མ་གྲུབ་ལ། བསྟན་བཅོས་ལ་ཞུགས་ནས་གོ་བའི་ཕྱིར་ཞེ་ན་ཁྱབ་པ་མེད་དོ། །གཉིས་པ་ལ་བདུན་ལས། དང་པོ་དགོས་འབྲེལ་གྱི་དབྱེ་བ་ནི། བཞི་གསུམ་བཅུ་གཉིས་ལས། ངག་ཙམ་ལ་ཡོད་པའི་དེ་བཞི་ནི། ངག་དེས་བསྟན་བྱའི་དོན་བརྗོད་བྱ། ངག་དེ་ལ་བརྟེན་ནས་སྐྱེས་བུའི་དོན་འགྲུབ་རུང་གི་དབང་དུ་བྱས་ཏེ་ངག་གི་བརྗོད་བྱའི་དོན་རྟོགས་པ་དགོས་པ། ངག་དོན་རྟོགས་པ་ལ་བརྟེན་ནས་སྐྱེས་བུའི་དོན་གྲུབ་པ་ཉིང་དགོས། ཉིང་དགོས་དགོས་པ་ལས་བྱུང་ཞིང་། དགོས་པ་ངག་ལ་བརྟེན་ནས་བྱུང་བས་དེ་བྱུང་གི་འབྲེལ་ལོ། །འདིའི་དགོས་པ་ལ་སྐྱེས་བུའི་དོན་འགྲུབ་རུང་གི་དབང་དུ་བྱས་ཏེ་བརྗོད་དོན་རྟོགས་པ་ཞེས་སྦྱར་དགོས་ཀྱི། བརྗོད་དོན་རྟོགས་པ་ཙམ་ནི་བྱ་རོག་སོ་རྟོག་གི་བསྟན་བཅོས་ལའང་མཐོང་བའི་ཕྱིར་རོ། །དགོས་
༼༡༤བ༽འབྲེལ་ངག་ལ་ཡོད་པའི་དེ་བཞི་ནི། ལུས་ལ་དགོས་སོགས་ཆོས་བཞི་ཡོད་པ་དེ་བརྗོད་བྱ། དགོས་སོགས་བཞི་ཡོད་སྟོན་གྱི་ངག་ལ་བརྟེན་ནས་ལུས་ཀྱི་དགོས་སོགས་བཞི་ཡོད་པར་གོ་བ་དེ་དགོས་པ། དེ་གོ་བ་ལ་བརྟེན་ནས་རྟོག་ལྡན་བསྟན་བཅོས་ལ་འཇུག་པ་ཉིང་དགོས། ཉིང་དགོས་དགོས་པ་ལས་བྱུང་། དགོས་པ་དགོས་འབྲེལ་གྱི་ངག་ལ་བརྟེན་ཏེ་བྱུང་བ་ནི་འབྲེལ་བའོ། །བསྟན་བཅོས་ལུས་ལ་ཡོད་པའི་དེ་བཞི་ནི། བསྟན་བཅོས་འདིར་ངེས་འབྱུང་གི་ཚུལ་ཁྲིམས་ནི་བརྗོད་བྱ། དེ་བདེ་བླག་ཏུ་རྟོགས་པ་ནི་དགོས་པ། མྱང་འདས་ནི་ཉིང་དགོས། མྱང་འདས་ཐོབ་པ་ཚུལ་ཁྲིམས་རྟོགས་པ་ལས་བྱུང་། ཚུལ་ཁྲིམས་རྟོགས་པ་བསྟན་བཅོས་འདི་ལ་བརྟེན་ཏེ་བྱུང་བ་ནི་འབྲེལ་པ་ཡིན་ནོ། །བཞི་ཚན་ཕྱི་མ་འདི་ལ་ཞིབ་ཏུ་ཕྱེ་ན་དགོས་འབྲེལ་ཡན་ལག་བརྒྱད་ཡོད་དེ་འོག་ནས་འཆད་དོ། །གཉིས་པ་གྲངས་ངེས་པའི་རྒྱུ་མཚན་ལ། དངོས་དང་། ཞར་བྱུང་གཉིས་སོ། །དང་པོ་ནི། བསྟན་བཅོས་འདི་ལ་བརྗོད་བྱ་མེད། དེས་ན་དེ་རྟོགས་ཀྱི་དགོས་པ་མེད། དེའི་ཕྱིར་འབྲེལ་དང་ཉིང་དགོས་མེད་ཀྱི་ལོག་རྟོག་བཞི་དང་། ཡང་བརྗོད་བྱ་སོགས་ཕལ་ཆེར་མེད་ལས་ཆེ་སྙམ་པའི་ཐེ་ཚོམ་བཞི་བསལ་བའི་ཕྱིར་དགོས་འབྲེལ་ཡན་ལག་བཞིར་གྲངས་ངེས་ཏེ། ཊཱི་ཀ་ལས། འདུལ་བའི་མདོ་ལ་བརྗོད་པར་བྱ་བ་མེད་པར་ དོགས་པ ་བསལ་བའི་ཕྱིར་བརྗོད་པར་བྱ་བ་བསྙད་དོ། །འབྲས་བུ་མེད་པར་ དོགས་པ ་བཟློག་པའི་ཕྱིར་དགོས་པ་བརྗོད་དོ། །ཐབས་མེད་པར་ དོགས་པ ་སྤང་བའི་ཕྱིར་འབྲེལ་པ་བཤད་དོ། །འདོད་པའི་དོན་བསྒྲུབ་པར་བྱ་བའི་ཕྱིར་དགོས་པའི་ཡང་དགོས་པ་བསྟན་ཏོ། །ཞེས་སོ། །གཉིས་པ་ལ། བསྟན་བྱ་དགོས་འབྲེལ་གཅིག་ཐ་དད་དཔྱད་པ་ནི། ངོ་བོ་གཅིག་པ་
༼༡༥ན༽དང་ཐ་དད་ཅི་རིགས་སུ་ཡོད་དེ། དེའང་རྟོག་གེ་ལྟར་ན། ཚུལ་ཁྲིམས་བདེ་བླག་ཏུ་རྟོགས་པའི་བློ་གཅིག་གི་ངོར་སྐབས་དེ་བསྡུས་ཀྱི་དགོས་འབྲེལ་ངོ་བོ་གཅིག་ལ། དགོས་པ་དང་ཞེན་བརྗོད་ངོ་བོ་ཐ་དད་ཅིང་། ཁྱད་པར་བརྗོད་བྱ་ལའང་། དངོས་ཀྱི་བརྗོད་བྱ་དངོས་མེད་དང་། ཞེན་བརྗོད་དངོས་པོར་གྲུབ་པའི་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། ཟླ་བ་ཉིད་དང་ཟླ་བའི་རྣམ་པ་བཞིན་ནོ། །མདོ་སྡེ་པ་ལྟར་ན། ཉིང་དགོས་མྱང་འདས་དངོས་མེད་ཡིན་པ་དེ་དང་ཞེན་བརྗོད་སོགས་གཞན་དངོས་པོར་གྲུབ་པ་རྣམས་གཅིག་པ་བཀག་པའི་ཐ་དད་ཡིན་ལ། བྱེ་སྨྲས་ཉིང་དགོས་མྱང་འདས་དངོས་པོར་འདོད་པས་དེ་དང་ཞེན་བརྗོད་སོགས་དངོས་པོར་གྲུབ་པ་རྣམས་རྫས་ཐ་དད་པར་བརྗོད་དོ། །བྱེ་སྨྲས་འབྲེལ་པ་ཡང་རྫས་གཞན་དུ་འདོད་དེ། འབྲེལ་པ་ནི་ཐོབ་པ་ལྡན་མིན་འདུ་བྱེད་ཀྱི་རྫས་ཡིན་པའི་ཕྱིར། ཞེས་བརྗོད་དོ། །དགོས་འབྲེལ་སྟོན་བྱེད་ཀྱི་ངག་གཅིག་ཐ་དད་དཔྱད་པ་ནི། མདོ་འདིའི་བརྗོད་དགོས་འབྲེལ་གསུམ་ཡོད་སྟོན་གྱི་ངག་ངོ་བོ་གཅིག་སྟེ། ཚུལ་ཁྲིམས་ཞེས་པའི་ངག་གཅིག་གི་དངོས་ཤུགས་ཀྱིས་བསྟན་པའི་ཕྱིར། ངག་དེ་དང་ཉིང་དགོས་ཡོད་སྟོན་གྱི་ངག་ཐ་དད་དེ། སྔ་མ་ལས་ཚིག་ལོགས་སུ་ངེས་པར་འབྱུང་བ་ཞེས་སྨོས་པའི་ཕྱིར་རོ། །གསུམ་པ་དབྱེ་བ་སོ་སོའི་ངོ་བོ་ནི། དགོས་འབྲེལ་གྱི་ཡན་ལག་རེ་རེ་ལ་གཉིས་གཉིས་སུ་ཕྱེ་བས་བརྒྱད་ཡོད་དེ། བརྗོད་བྱ་ལ་དངོས་དང་། ཞེན་པའིའོ། །དང་པོ་ནི། བརྡ་སྦྱོར་གྱི་འབྲེལ་བས་དེ་སྐབས་ཀྱི་བརྗོད་བྱ་སྣང་སྟོབས་ཀྱིས་གོར་རུང་ཞིང་རང་མཚན་གྱི་ནུས་སྟོབས་ཀྱིས་སྟོང་སྟེ། རིགས་པ་མཁྱེན་པས། སྒྲ་གང་ཞིག་ནི་བརྗོད་པ་ན། །རྟོགས་པའི་དོན་གང་ཡིན་པ་དེ། སྒྲ་ཡི་ཡུལ་ནི་ཡིན་འདོད་དེ། །དོན་གྱི་མཚན་ཉིད་གཞན་ཡོད་
༼༡༥བ༽མིན། །ཞེས་སོ། །ཞེན་པའི་བརྗོད་བྱ་ནི་སོ་ཐར་སྡོམ་པ་རང་མཚན་པའོ། །དགོས་པ་ལའང་དོན་ཆོས་བློ་ཆོས་གཉིས་ལས། ཡུལ་རྟོགས་བྱའི་དོན་གང་རྟོགས་པས་ན་དགོས་པ་དོན་ཆོས། དེ་རྟོགས་བྱེད་ཤེས་པ་གང་གིས་རྟོགས་པས་ན་དགོས་པ་བློ་ཆོས་སོ། །འབྲེལ་པ་ལ་གཉིས་ལས། དགོས་པ་བསྟན་བཅོས་དང་འབྲེལ་ཏེ། བསྟན་བཅོས་ལ་བརྟེན་ནས་དེའི་དགོས་པ་འབྱུང་བའི་ཕྱིར། ཉིང་དགོས་དགོས་པ་དང་འབྲེལ་ཏེ། དགོས་པ་ལ་བརྟེན་ནས་དགོས་པའི་དགོས་པ་འབྱུང་བའི་ཕྱིར་རོ། །ཉིང་དགོས་ལ་གཉིས་ཏེ། ཉིང་དགོས་གནས་སྐབས་པ་ཟག་མེད་ཀྱི་ལམ་དང་། ཉིང་དགོས་མཐར་ཐུག་པ་མྱ་ངན་ལས་འདས་པའོ། །བཞི་པ་དགོས་འབྲེལ་བསྟན་ལུགས་ནི། ཚུལ་ཁྲིམས་ཀྱིས་དངོས་སུ་བརྗོད་བྱ། ཤུགས་ལ་དགོས་འབྲེལ། ངེས་པར་འབྱུང་བས་ཉིང་དགོས་དངོས་སུ་བསྟན་ཏོ། །ལྔ་པ་གང་ལ་བསྟན་པའི་ཡུལ་ནི། དེ་ལྟར་བསྟན་རུང་མ་བསྟན་རུང་འཇུག་པ་དང་མི་འཇུག་པ་ལ་མ་ཡིན་ཅིང་། དེར་མ་ཟད་མ་བསྟན་ན་འཇུག་བསྟན་ན་མི་འཇུག་པ་ལའང་མིན་ལ། བསྟན་ན་འཇུག་ལ་མ་བསྟན་ན་མི་འཇུག་པ་ལ་བསྟན་པར་རིགས་སོ། །དྲུག་པ་དགོས་སོགས་བཞི་ལ་རིམ་བཞིན་རྩོད་པ་སྤང་བའི་དང་པོ་དགོས་པ་ལ། མདོ་ལས་བསྟན་པའི་ཚུལ་ཁྲིམས་ཟློས་སྐྱོན་དུ་ཐལ། ལུང་གིས་བསྟན་ཟིན་བསྟན་པའི་ཕྱིར་ཞེ་ན་དེར་མི་འགྱུར་ཏེ། ལུང་ལ་མེད་པ་མདོ་ལ་ཡོད་པ་དང་དགོས་པ་གཞན་ཡང་ཡོད་པའི་ཕྱིར། གྲུབ་སྟེ། ཊཱི་ཀ་ལས། གཞུང་རྒྱས་པ་ཉན་པས་འཇིགས་པ་རྣམས་ཀྱི་དོན་དང་། རྣམ་པར་འབྱེད་པ་ལ་སོགས་པ་དེ་དག་ཉིད་ཡང་དག་པར་བསྟན་པའི་ཕྱིར། ལོག་པར་རྣམ་པར་འཆད་པ་བསལ་བའི་དོན་དུ་སློབ་དཔོན་གྱིས་མདོ་བརྩམས་སོ་ཞེས་སོ། །གཉིས་པ་བརྗོད་བྱ་ལ། མདོ་འདིས་སོ་
༼༡༦ན༽ཐར་སྡོམ་པ་བརྗོད་བྱར་བསྟན་པ་མི་འཐད་པར་ཐལ། དེའི་ངོ་བོ་བསྟན་པ་མེད་པའི་ཕྱིར་ཞེ་ན། མདོ་འདིས་སྡོམ་པའི་ངོ་བོ་དངོས་སུ་མ་བསྟན་ཀྱང་བརྒྱུད་ནས་བསྟན་པའི་ཕྱིར་ཁྱོད་ཀྱིས་བཀོད་པའི་རྟགས་མ་གྲུབ་བོ། །ཡང་ཁྱོད་ཀྱིས་སྡོམ་པའི་ངོ་བོ་རང་མཚན་ཡིན་པས་ཀྱང་བརྗོད་བྱ་མིན་པར་ཐལ་ཅེ་ན། དངོས་དང་ཞེན་པ་གང་གི་བརྗོད་བྱ་མ་ཡིན་པར་ཐལ་ཟེར། དང་པོ་ལྟར་ན་འདོད་ལ། གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་བོ། །གསུམ་པ་འབྲེལ་བ་ལ། ཉིང་དགོས་མྱང་འདས་འདུས་མ་བྱས་ཡིན་པས་དེ་བྱུང་གི་འབྲེལ་མེད་དུ་ཐལ། འདོད་ན་ཉིང་དགོས་དགོས་པ་ལས་བྱུང་བར་འདོད་པ་འཇིག་ཅེ་ན། མྱང་འདས་དངོས་ལ་དེ་བྱུང་འབྲེལ་ཡོད་ཅེས་སུས་སྨྲས། དེ་ཐོབ་པ་ལ་དེ་བྱུང་འབྲེལ་ཡོད་དེ་དགོས་པ་རྟོགས་པ་ལ་བརྟེན་ནས་རིམ་གྱིས་དེ་འཐོབ་པའི་ཕྱིར་བརྒྱུད་འབྲེལ་ཡིན་ནོ། །བཞི་པ་ཉིང་དགོས་ལ། བརྒལ་ལན་གྱི་སྒོ་ནས་ཉིང་དགོས་ངོས་བཟུང་བ། འདུས་བྱས་མ་བྱས་ཀྱི་སྒོ་ནས་རྩོད་པ་སྤང་། གནས་སྐབས་མཐར་ཐུག་གི་སྒོ་ནས་རྩོད་པ་སྤང་བའོ། །དང་པོ་ནི། ཊཱི་ཀ་ལས། བརྒྱ་ལ་ལ་ལ་ཞིག་ཚུལ་ཁྲིམས་ཡོངས་སུ་ཤེས་པ་དེས་ཅི་ཞིག་བྱ་སྟེ། དེ་ནི་བྱ་རོག་གི་སོ་བརྟག་པ་དང་འདྲ་བར་གར་ཡང་དགོས་པ་མེད་དོ་ཞེས་རྒོལ་ན། དེའི་ཕྱིར་དགོས་པའི་ཡང་དགོས་པ་བརྗོད་པར་བྱ་སྟེ། དེ་ཡང་ངེས་པར་འབྱུང་བ་ཞེས་སྨོས་པས་བསྟན་ཏོ། །ངེས་པར་འབྱུང་བ་ནི་མྱ་ངན་ལས་འདས་པ་སྟེ་ཞེས་སོ། །གཉིས་པ་ནི། མདོ་རྩ་བའི་ཉིང་དགོས་དེ་འདུས་བྱས་མ་བྱས་གང་དུ་དྲངས། དང་པོ་ལྟར་ན། དེའི་ཉིང་དགོས་མི་རྟག་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། ཊཱི་ཀ་ལས། མྱ་ངན་ལས་འདས་པ་ནི་དོན་དམ་པར་གཙོ་བོ་ཡིན་ཏེ། དགེ་བ་དང་རྟག་པའི་ཕྱིར་ཞེས་སོ། །གཉིས་
༼༡༦བ༽པ་ལྟར་ན་དེའི་ཉིང་དགོས་ཆོས་ཅན། ལྡན་མིན་འདུ་བྱེད་མ་ཡིན་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། ཊཱི་ཀ་ལས། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་པ་དང་འགལ་ལོ་ཞེ་ན། འདི་ལ་མཐར་ཐུག་པའི་ཉིང་དགོས་གཉིས་ཏེ། མྱང་འདས་དང་། དེའི་ཐོབ་པའོ། །སྔ་མ་ནི་འདུས་མ་བྱས་ཡིན་པས་ལུང་དང་པོ་དང་མི་འགལ། ཕྱི་མ་ནི་འདུས་བྱས་ཡིན་པས་ལུང་གཉིས་པ་དང་མི་འགལ་ལོ། །གསུམ་པ་ནི། ཟག་མེད་ཀྱི་ལམ་ཉིང་དགོས་ཡིན་ནམ་མིན། དང་པོ་ལྟར་ན། ཊཱི་ཀ་ལས། ཅིའི་ཕྱིར་ཟག་པ་མེད་པའི་ལམ་མི་བཟུང་ཞེ་ན། གཙོ་བོ་མ་ཡིན་པའི་ཕྱིར་རོ་ཞེས་པ་དང་འགལ། གཉིས་པ་ལྟར་ན། ཕྲན་ཚེགས་འགྲེལ་པར། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་བར་ནི་དགོས་པའི་དགོས་པ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཉིང་དགོས་ལ་མཐར་ཐུག་དང་གནས་སྐབས་གཉིས་ཡོད་པ་ལས། མཐར་ཐུག་གི་དབང་དུ་བྱས་ན་ལུང་དང་པོ་དང་འགལ་མེད་གྲུབ། གནས་སྐབས་པའི་དབང་དུ་བྱས་ན་ལུང་གཉིས་པ་དང་འགལ་མེད་གྲུབ་བོ། །བདུན་པ་སྒྲུབ་བྱེད་ཀྱི་ཚད་མ་ཡོད་མེད་དཔྱད་པ་ནི། བསྟན་བཅོས་ལ་ཞུགས་དུས་ན་བརྗོད་དགོས་འབྲེལ་གསུམ་མྱོང་བས་གྲུབ་ལ་ཉིང་དགོས་ནི་ལུང་གིས་གྲུབ་པ་ཡིན་ནོ། །གཉིས་པ་ཚིག་དོན་ལ། ངེས་པའི་སྒྲ་ནི། སམ་སྐྲྀ་ཏ་ལས། ནི་ཤྩ་ཞེས་པ་གདོན་མི་ཟ་བ་དང་རྟག་པ་གཉིས་ལ་འཇུག་པ་ལས་འདིར་ཕྱི་མ་ལ་བཟུང་དགོས་ཏེ་མྱང་འདས་ཐོབ་ནས་ཕྱིར་མི་ལྡོག་པའི་དོན་ཏེ། ཊཱི་ཀ་ལས། ཕྱིར་མི་ལྡོག་པ་ཐོབ་པར་བྱ་བ་ཕུང་པོ་
༼༡༧ན༽ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་འབྱུང་བས་ཕྱི་རོལ་པས་བཏགས་པའི་རྟག་པ་ལྟ་བུ་ནི་མིན་ནོ། །འབྱུང་བའི་སྒྲ་ནི་དོན་མང་པོ་ལ་འཇུག་སྟེ་རྐང་གིས་འགྲོ་བ་དང་བཞོན་པ་དང་གནས་དང་ལམ་དང་ཐོབ་པར་བྱ་བ་རྣམས་ལ་རིམ་བཞིན་འཇུག་སྟེ། དཔེར་ན། རྐང་ཐང་གིས་འབྱུང་ཞེས་དང་། གླང་པོ་ཆེས་འབྱུང་ཞེས་དང་། གྲོང་དུ་འབྱུང་ཞེས་དང་། ལམ་པོ་ཆེ་ནས་འབྱུང་ཞེས་དང་། འདིར་འབྱུང་ངོ་ཞེས་པ་ལྟ་བུ་རྣམས་ལས་འདིར་ཐ་མའི་དོན་བཟུང་སྟེ། ཊཱི་ཀ་ལས། ཐོབ་པར་བྱ་བ་ལ་ཡང་འབྱུང་བ་ཞེས་བྱ་བ་སྟེ། འབྱུང་བ་ནི་ཐོབ་བར་བྱ་བའོ་ཞེས་ཟེར་བའི་ཕྱིར་རོ། །དེ་དག་ལས་འདིར་ནི་འབྱུང་བའི་སྒྲ་ཐོབ་པར་བྱ་བ་ཁོ་ནར་བཟུང་སྟེ། ངེས་པར་ཞེས་བྱ་བའི་སྒྲ་སྨོས་པའི་ཕྱིར་རོ་ཞེས་སོ། །དེ་ལ་གང་འབྱུང་ན་ཚུལ་ཁྲིམས་སྲུང་པོ་དེ་འབྱུང་ངོ་། །གང་ནས་འབྱུང་ན་ཁམས་གསུམ་འཁོར་བ་ནས་སོ། །གང་གིས་འབྱུང་ན་ཚུལ་ཁྲིམས་ཀྱིས་སོ། །གང་དུ་འབྱུང་ན་མྱ་ངན་ལས་འདས་པར་རོ། །དེས་ན་འདིར་འབྱུང་བ་ནི་གང་དུ་འབྱུང་ས་ཉིད་གཙོ་ཆེ་བ་ཡིན་ནོ། །བུ་སྟོན་འདུལ་འཛིན་གྱི་ཞལ་ནས། འདི་ལས་ངེས་པར་འབྱུང་བ་ཞེས་འཁོར་བར་འཇུག་པར་རྩོམ་པར་གྱུར་པ་འདི་ལས་འབྱུང་བའམ་འཁོར་བར་འཇུག་པ་ལས་མཐར་ཐུག་པར་འགྲོ་བ་ཡང་མ་ཡིན་ཏེ། དེ་ནི་བརྟེན་པར་བྱ་བ་མ་ཡིན་ལ། འདི་བརྟེན་པས་མྱང་འདས་ཐོབ་པའི་ཕྱིར་རོ་ཞེས་འབྱུང་བས་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་སྒྲ་ནི་ཤཱི་ལ་སྟེ་དོན་བསྒྱུར་ན་བསིལ་ཐོབ་ཅེས་བྱ་སྟེ། ཁ་ན་མ་ཐོ་བའི་གདུང་བ་ལས་བསིལ་བ་ཐོབ་པའི་ཕྱིར་རོ། །ཀྱི་ནི་དྲུག་པ་འབྲེལ་པའི་སྒྲ་སྟེ་མྱང་འདས་ཐོབ་བྱེད་ཀྱི་རྒྱུའི་དོན་ནོ། །དབང་དུ་བྱས་ཏེ་ཞེས་པ་ནི། ཨ་ཐ་ཞེས་པའི་
༼༡༧བ༽སྒྲ་ལས་དྲངས་ན་བཀྲ་ཤིས་དང་དེ་ནས་དང་དེ་མ་ཐག་དང་དབང་དུ་བྱས་པ་བཞི་ལ་འཇུག་པ་ལས་འདིར་ཕྱི་མ་ལ་བསམས་ནས་སྦྱར་བ་ཡིན་ཏེ། ཊཱི་ཀ་ལས། འདིར་ཨ་ཐ་ཞེས་སྨོས་པ་ནི་དབང་དུ་བྱས་པའི་དོན་ཁོ་ནར་སྦྱར་ཏེ་ཞེས་སོ། །ཅིའི་དབང་དུ་བྱས་ཞེ་ན། དགེ་འདུན་ཐམས་ཅད་འདུས་པ་ན་ཞེས་པ་ནས་ཕྱི་མ་དང་མཐུན་ལ་སྔ་མ་དང་འགལ་བ་ནི་རུང་བར་རོ་ཞེས་པའི་བར་གྱི་བརྗོད་བྱའི་དབང་དུ་བྱས་ན་འདི་ལྟར་རོ་ཞེས་པའི་དོན་ནོ། །