Nitartha Digital Library
Tibetan
 
previousཞུ་བ་སྤྱིར་བསྟན་པ།no next

ཞུ་བ་སྤྱིར་བསྟན་པ།


K8Z003_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དབྱངས་ཅན་དགའ་བའི་གཙུག་ནོར་གྱིས། །རྨོངས་པའི་མཚན་མོའང་ཉིན་བཞིན་བགྱིད་མཛད་ནས། །བདུད་རྩིའི་ཆར་ཆེན་སྤྲོ་ལ་ངལ་མེད་པར། །དྭགས་པོའི་བསྟན་ལ་སྐྱེས་དེར་ཕྱག་འཚལ་ལོ། །འཁྲུལ་མེད་ཡོངས་འཛིན་འདི་འདྲ་བསྟེན་པ་ཡི། །སྐལ་བཟང་སློབ་མས་སྡེ་སྣོད་ཅི་ཡང་ཤེས། །དེ་ཚེ་ལུང་དང་རིགས་པར་འབྲེལ་བ་ཡི། །འདུལ་བའི་ལེགས་བཤད་འབྱུང་བ་རང་བཞིན་ནོ། །འབྱུང་པོ་ཀུན་ལ་ཆང་པ་སྦྱིན་བྱེད་ཅིང༌། །དགེ་སྦྱོང་དགེ་སློང་ཉིད་དུ་ཁས་འཆེས་ནས། །ལོག་འཚོའི་ཟང་ཟིང་མང་པོ་སྡུད་བྱེད་པ། །འདི་འདྲའི་དོན་དུ་བདག་གིས་ལེགས་བསམས་ནས། །དང་པོར་ཚུལ་ཁྲིམས་ཉིད་ཀྱིས་རང་རྒྱུད་བསྡམས། །བར་དུ་ཐོས་བསམ་སྒོམ་པ་ཚུལ་བཞིན་བྱས། །ཐ་མར་འཆད་རྩོད་རྩོམ་ལ་ནན་ཏན་བགྱིས། །བདག་གིས་དལ་འབྱོར་(༢༦༡བ)


K8Z003_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྡན་བྱས་པ་འདྲ། །གཉིས་པ་ཞུ་བའི་སྐབས་སྤྱིར་བསྟན་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། གོ་རིམ་ལ་རྩོད་པ་སྤང་བའི་དོན་དུ། སྤྱིར་བསྟན་ཕྱི་ནས་བཤད་པའི་འཐད་པ་དང༌། རང་བཟོའི་ཉེས་པ་སྤང་བའི་དོན་དུ། ལུང་གང་ལས་གསུངས་པ་འདིར་བསྡུས་པ་དང༌། འབྲས་བུ་མེད་པར་དོགས་པ་སྤང་བའི་དོན་དུ། སྤྱིར་བསྟན་པའི་དགོས་པའི་དོན་དང༌། དེ་ཉིད་རྟོགས་པར་སླ་བའི་དོན་དུ་སྤྱིར་བསྟན་པ་བསྡུས་པའི་དོན་ནོ། །དང་པོ་ནི། ཊཱི་ཀ་ལས་ཉེ་བ་འཁོར་གྱིས་ཞུས་པ་ལས། ལྟུང་བའི་མཚན་ཉིད་རྣམ་པ་གཉིས་སུ་གསུངས་ཏེ། ཕམ་པར་འགྱུར་བ་ལ་སོགས་པ་དག་ལ་སོ་སོར་ངེས་པ་དང༌། སྤྱིར་བསྟན་པའོ། །དེ་ལ་སོ་སོར་ངེས་པ་གང་ཡིན་པ་དེ་ནི། དེ་དག་ཉིད་དང་གཅིག་ཅར་རྣམ་པར་བཤད་ཟིན་ཏོ། །སྤྱིར་བསྟན་པ་གང་ཡིན་པ་དེ་ནི། འདི་མན་ཆད་དུ་རྣམ་པར་བཤད་པར་བྱའོ། །དེ་ནི་རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར། རྣམ་པར་འབྱེད་པ་བསྟན་པའི་འོག་ཏུ་སྤྱིར་བསྟན་པ་རྣམ་པར་བཀོད་དེ་ཞེས་གསུངས་སོ། །དེ་ཡང་ཊཱི་ཀས་ལན་འདེབས་དངོས་སུ་གསུངས་པས་རྩོད་པ་ཤུགས་ཀྱིས་བསྟན་ཏེ། སྤྱིར་བསྟན་པ་འདི་ཆོས་ཅན། རྣམ་འབྱེད་རྣམ་གཉིས་ཀྱི་ཕྱི་ནས་བསྟན་པ་མི་འཐད་པར་ཐལ། རྣམ་འབྱེད་རྣམ་པ་གཉིས་ལས་ཡི་གེ་ཉུང་བའི་ཕྱིར། ཁྱབ་པ་ནི་སྒྲ་ཡི་བསྟན་བཅོས་ལས། གཉིས་ལས་ཡི་གེ་རབ་ཉུང་ངམ། །ཡང་ན་མཆོད་འོས་སྔོན་དུ་སྦྱར། །ཞེས་བཤད་དོ་ཞེ་ན། སྒྲའི་བསྟན་བཅོས་ལས་བཤད་པ་དེ་ནི་རྒྱུ་མཚན་གཞན་མེད་པའི་དབང་དུ་བྱས་པ་ཡིན་ལ། འདིར་རྣམ་འབྱེད་ནི་གཏན་ལ་དབབ་བྱ་ཡིན་ལ། ཞུ་བ་སྤྱིར་བསྟན་པ་ནི་གཏན་ལ་འབེབས་བྱེད་ཡིན་པས། ཊཱི་ཀ་ལས། རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར། ཞེས་གསུངས་(༢༦༢ན)


K8Z003_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གཉིས་པ་ནི། སྤྱིར་བསྟན་ཅེས་ལེའུ་ལོགས་ཤིག་ཏུ་མ་གསུངས་པས། །རང་བཟོའི་ཉེས་པར་འགྱུར་རོ་ཞེ་ན། སྤྱིར་བསྟན་ལ་མདོ་ཐུང་དྲུག་ཅུ་རྩ་ལྔ་ཡོད་པའི་རྫས་བཀག་པས་བཟང་པོ་ལ་ཡང་དེ་དང་ལྡན་པ་ཉིད་དོ། །འདྲ་བ་ལ་ཡང་ངོ་ཞེས་པ་དང༌། མི་ལ་དུད་འགྲོ་ཡང་ངོ་ཞེས་པ་སྟེ། མདོ་གསུམ་ནི་ལུང་རྣམ་འབྱེད་ནས་གསུངས་ལ། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཞེས་པ་ལུང་འདུལ་བྱེད་ལས་གསུངས་ཤིང༌། སྤྱིར་བསྟན་གྱི་མདོ་གཞན་རྣམས་ནི་ལུང་ཞུ་བ་ལས་གསུངས་པ་བསྡུས་པའོ། །དེ་ཡང་མདོ་སྔ་མ་གཉིས་ནི། ལུང་རྣམ་འབྱེད་དུ་ཆ་གཉིས་བསྲེ་བའི་སྐབས་ལས། བལ་ནག་པོ་འབའ་ཞིག་མོད་པ་དང༌། རིན་མཉམ་པ་དང༌། དཀར་པོ་དང༌། འཁོབ་བལ་དཀོན་པ་དང༌། རིན་ཆེ་བར་གྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་ལ། དེའི་འོག་མ་ནི་ལུང་རྣམ་འབྱེད་ལས། རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པའི་སྐབས་སུ་དུད་འགྲོ་མོ་ལ་ཉེས་བྱས་སུ་གསུངས་པ་བསྡུས་སོ། །དེའི་འོག་མ་ནི། ལུང་འདུལ་བྱེད་ལས། འཁྲིག་ཚིག་སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱི་ཆོས་ཅན་མོ་ལ་སྨྲས་ན་སྦོམ་པོའོ། །རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ལ་སྨྲས་ན་དགེ་འདུན་ལྷག་མའོ། །ཞེས་གསུངས་པ་བསྡུས་སོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་དེ་ཐ་དད་པ་ཉིད་དོ་ཞེས་པའི་ཚན་ནི། དེང་སང་བོད་ཀྱི་ལུང་ན་མི་སྣང་ཡང་ལོ་དྲུག་སྟན་དང༌། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ཊཱི་ཀར། ལུང་ཞུ་བའི་ཁུངས་དྲངས་སོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་ནས་ལུང་ཞུས་ལས་གསུངས་ཞེས་ཁ་ཅིག་ཟེར་ཡང༌། སྤོ་བའི་གཞིའི་ལུང་ཞུ་བ་ལས། དགེ་སློང་གིས་དགེ་འདུན་ལྷག་མའི་ནོངས་པ་ཞིག་བྱུང་ན། མ་བཤགས་ཀྱང་སླར་ཕྱིར་བཅོས་མ་བགྱིས་བཞིན་བྱང་བར་འགྱུར་བ་(༢༦༢བ)


K8Z003_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མ་བྱུང་བར་འགྱུར་ལ། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། དགེ་འདུན་ལྷག་མ་ལས་ནི་བྱུང་གི་ཞེས་གསུངས་པ་བསྡུས་ཤིང༌། གཏམ་གྱི་གཞི་ལས་ཀྱང༌། དགེ་སློང་གི་ཉེས་པ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་བྱུང་བ་ལས་མ་བཤགས་ཤིང༌། སླར་ཕྱིར་བཅོས་མ་བགྱིས་པར་ནོངས་པར་མི་འགྱུར་བ་མཆིས་སམ། ཡོད་དེ། མཚན་འཕོས་པའོ། །དགེ་སློང་མས་ཐུན་མོང་མ་ཡིན་པའི་ཉེས་པ་སྡེ་ལྔ་བྱུང་ལ། མ་བཤགས་ཤིང་སླར་ཕྱིར་བཅོས་མ་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཡོད་དེ། མཚན་འཕོས་པའོ། །ཞེས་གསུངས་པའོ། །སྤྱིར་བསྟན་གྱི་གཞུང་འདི་རྣམས་ཀྱི་མདོར་བསྡུས་བསྟན་པ་ཐམས་ཅད་ནི་ལུང་ཕྲན་ཚོགས་ལས་བསྡུས་ཏེ། འདུལ་བ་མདོར་བསྡུས་ནི་ལུང་ཕྲན་ཚེགས་ལས་གསུངས་པས་སོ། །གསུམ་པ་ནི། སྤྱིར་བསྟན་པ་ལ་ཁྱད་པར་གྱི་དགོས་པ་གསུམ་ཡོད་དེ། མདོར་བསྡུས་རྟོགས་པར་བྱེད་པ་དང༌། ཚིག་ཚོགས་བསྐྱུང་བ་དང༌། གཉིས་ཀ་སྟོན་པའི་དགོས་པ་ཡོད་དོ། །དང་པོ་ནི། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ཅེས་གསུངས་པ་ལྟ་བུ་སྟེ། ལུང་འདུལ་བྱེད་ལས། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་དེ་འཁྲིག་ཚིག་སྨྲ་བའི་ཡན་ལག་ཡིན་པར་དངོས་སུ་གསུངས་པས། བསྙེན་བཀུར་བསྔགས་པ་ལ་སོགས་པ་ཡུལ་མཚན་མི་མཐུན་པ། ཡན་ལག་ཏུ་དགོས་པ་གཞན་རྣམས་ལ་ཡང་མདོར་བསྡུས་སྦྱར་ཏེ་སྤྱིར་གསུངས་པ་ལྟ་བུའོ། །ཁ་ཅིག་མདོ་འདིས་ནི། འཁྲིག་ཚིག་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་གཉིས་ཀ་ལ་ལུང་འདུལ་བྱེད་ལས་གསུངས་པ་བསྡུས་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་བསྙེན་བཀུར་བསྔགས་པ་(༢༦༣ན)


K8Z003_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལུང་འདུལ་བྱེད་ལས་གཏན་ནས་མི་སྣང་བའི་ཕྱིར་དང༌། ཊཱི་ཀ་ལས། བསྙེན་བཀུར་བསྔགས་པ་འདི་ལ་འདུལ་བྱེད་ལས་བྱུང་བ་ནི་མེད་དོ། །ཞེས་གསུངས་པ་དང༌། འདིའི་ཐད་ཀྱི་ཉིད་བཤད་ལས་དང་ཊཱི་ཀ་ལས། འདིར་གཞུང་འདི་ལུང་འདུལ་བྱེད་ཀྱི་སྨྲ་བའི་སྐབས་ལས། འཁྲིག་ཚིག་སྨྲ་བའི་སྐབས་འབའ་ཞིག་ཏུ་ལུང་ཁུངས་དྲངས་པ་དང་འགལ་བའི་ཕྱིར་རོ། །གཉིས་པ་ཚིག་ཚོགས་བསྐྱུང་བ་ནི། རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་གསུངས་པ་ལྟ་བུ་སྟེ། བརྫུན་སྨྲ་བའི་ཕམ་པ་ལ་སོགས་པ་མཐར་ཐུག་དོན་གོ་བ་ཡན་ལག་ཏུ་དགོས་པ་སུམ་ཅུ་པོ་ཐམས་ཅད་ལ། རེ་རེ་ལ་རེ་རེར་ལུང་ལས་གསུངས་པ་ལ། འདིར་ཚིག་གཅིག་ཏུ་བསྡུས་པ་ལྟ་བུའོ། །གསུམ་པ་ཚིག་ཚོགས་བསྐྱུང་བ་དང༌། མདོར་བསྡུས་རྟོགས་པར་བྱེད་པ་གཉིས་ཀ་སྟོན་པ་ན། ཚིག་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་གསུངས་པ་ལྟ་བུ་སྟེ། དགེ་སློང་ཕའི་རྣམ་འབྱེད་ཀྱི་ཞུ་བ་ལས། སོ་སོར་བཤགས་པར་བྱ་བ་ཡན་ཆད་ལྟུང་བ་སྡེ་བཞི་པོ་རྣམས་ཀྱི་སྐབས་སུ་བརྫུན་སྨྲའི་ཕམ་པ་ལ་སོགས་པ་བཞི་བཅུ་རྩ་གཉིས་མ་གཏོགས་པ་བསླབ་པའི་ཚིག་གཅིག་པ་ཡན་ལག་ཏུ་དགོས་པར་རེ་རེ་ལ་རེ་རེར་ལུང་ལས་གསུངས་པ་ལས། འདིར་ཚིག་གཅིག་ཏུ་བསྡུས་ཤིང་བཞི་བཅུ་རྩ་གཉིས་པོ་དེ་དག་རྣམས་ལ་ཡང་མདོར་བསྡུས་སྦྱར་ཏེ་སྤྱིར་གསུངས་པ་ལྟ་བུའོ། །བཞི་པ་སྤྱིར་བསྟན་པའི་བསྡུས་པའི་དོན་ལ་གསུམ་ལས། དང་པོ་སྤྱིར་བསྟན་གྱི་སྒྲ་བཤད་པ་ལ་ཡང་གསུམ་སྟེ། མཐའ་དག་ལ་སྤྱིར་བསྟན་པས་ན་སྤྱིར་བསྟན་པ་སྟེ། མདོ་དང་པོ་ལྟ་བུ་སྡོམ་གྱིས་བསྡུས་པའི་ལྟུང་བ་སྡེ་ལྔ་པོ་མཐའ་དག་ལ་སྤྱིར་བསྟན་པའོ། །སྡོམ་གྱིས་མ་བསྡུས་པའི་ལྟུང་བ་ནི། (༢༦༣བ)


K8Z003_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་པ་ལེན་པ་པོ་ལ་སོགས་པ། ཕྱིར་བཅོས་པའི་ཐབས་ཡོད་པ་ལ་ཕྱིར་མི་ཆོས་ན་ཡང་ཉེས་བྱས་སོ་ཞེས་གསུངས་ཀྱང༌། དགེ་སློང་ཕམ་པར་གྱུར་པས་ལྟུང་བ་ཕྱིར་མ་བཅོས་པ་ནི་ཉེས་པ་མེད་དོ། །ཕལ་ཆེར་ལ་སྤྱིར་བསྟན་པ་ནི། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་དགྲ་བཅོམ་ཐོབ་པ་བདེན་སྨྲའི་ལྟུང་བྱེད་དང༌། ལས་ཀྱི་གནས་ནས་མ་སྨྲས་པར་འགྲོ་བའི་ལྟུང་བྱེད་ལྟ་བུ་མ་གཏོགས་པ་ལྟུང་བ་ཕལ་ཆེར་ལ་སྤྱིར་བསྟན་པ་ལྟ་བུའོ། །སྤྱིར་བསྟན་གྱི་ཞར་ལས་བྱུང་བས་ན་སྤྱིར་བསྟན་པ་ཞེས་པ་སྟེ། མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ། །རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ། །གག་ཚིལ་བྱེད་པ་ལ་ཡང་ངོ༌། །སེན་མོ་དང༌། སོ་དང༌། ཤ་མེད་པའི་རུས་པ་དང༌། སྤུ་དང་ལྡན་པ་ནི་གཞན་དང་ལྡན་པ་ཉིད་དོ། །ཡང་དག་པར་ལེན་པར་བྱེད་པ་དག་ལ་ནི་དེར་མ་ཟད་དོ། །དེ་ནི་སྣོད་ཡིན་ནོ་ཞེས་པས་མདོ་དྲུག་ནི། སྤྱིར་བསྟན་གྱི་ཞར་ལས་བྱུང་བའོ། །གཉིས་པ་ཡན་ལག་རྣམ་པར་བཞག་པ་ལ་གཉིས་ཏེ། འདིར་འགྱུར་གྱི་ཡན་ལག་དང༌། ངེས་བཟུང་གི་ཡན་ལག་གོ། །དང་པོ་ནི། ལྟུང་བ་བསྐྱེད་པའི་རྣམ་དག་འདིས་ཀྱང་འགྱུར་ཏེ། བསླབ་པ་སྦྱིན་པ་འདིས་ཀྱང་འགྱུར་ཞེས་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་པ་ལྟ་བུའོ། །གཉིས་པ་ངེས་བཟུང་གི་ཡན་ལག་ལ་གཉིས་ཏེ། ཐུན་མོང་གི་ཡན་ལག་དང༌། ཐུན་མོང་མ་ཡིན་པའི་ཡན་ལག་གོ། །དང་པོ་ནི། བསླབ་པའི་ཡན་ལག་བསྙེན་རྫོགས་ཀྱི་སྡོམ་པ་སྐྱེས་ལ་མ་ཉམས་པ་ལྟ་བུའོ། །གཉིས་པ་ལ་བཞི་སྟེ། གཞིའི་ཡན་ལག་དང༌། བསམ་པ་དང༌། སྦྱོར་བ་དང༌། མཐར་ཐུག་པའི་ཡན་ལག་གོ། །དང་པོ་གཞིའི་ཡན་ལག་ནི། སྲོག་གཅོད་པའི་གཞི་མི་ཡིན་པ་ལྟ་བུ་སྟེ། འདུ་ཤེས་ཀྱི་དམིགས་པའི་གཞི་(༢༦༤ན)


K8Z003_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཅིང༌། ཀུན་སློང་སྐྱེ་བའི་གཞི་ཡིན་ལ། སྦྱོར་བ་འཇུག་པའི་གཞི་ཡིན་པས་གཞི་ཞེས་བྱའོ། །དེ་ཡང་གཞི་སེམས་ཅན་དང༌། སེམས་ཅན་མ་ཡིན་པ་དང༌། དེ་གཉིས་ཀ་ཡན་ལག་ཏུ་གྱུར་པའོ། །དེ་ཡང་སེམས་ཅན་སྤྱིས་བསྐྱེད་པ་ནི། ཕམ་ལྷག་དང་པོ་གཉིས་སོ། །སེམས་ཅན་བྱེ་བྲག་གིས་བསྐྱེད་པ་ལ་གཉིས་ཏེ། གཞི་མི་ལས་གྱུར་པ་དང༌། དུད་འགྲོ་ལས་གྱུར་པའོ། །མི་མ་ཡིན་ལས་ནི་ལྟུང་བ་དངོས་གཞིར་བཅས་པ་མེད་དོ། །དང་པོ་ལ་གཉིས་ཏེ། མི་སྤྱིས་བསྐྱེད་དང༌། མི་བྱེ་བྲག་གིས་བསྐྱེད་པའོ། །དང་པོ་ནི། སྲོག་གཅོད་པའི་ཕམ་པ་སྟེ། རང་གིས་ཀྱང་གཞན་རྒྱུད་ལ་ཕམ་པ་དེ་བསྐྱེད་པར་ནུས་སོ། །གཉིས་པ་ལ་ཚན་པ་དགུ་སྟེ། ཐ་སྙད་དང་ལྡན་པ་སྤྱིས་བསྐྱེད་པ་བཅུ་གཉིས་དང༌། བསྙེན་པར་མ་རྫོགས་པ་སྤྱིས་བསྐྱེད་པ་བཞི་དང༌། བསྙེན་རྫོགས་སྤྱིས་བསྐྱེད་པ་གསུམ་དང༌། དགེ་སློང་པས་ཕས་བསྐྱེད་པ་བཞི་བཅུ་རྩ་དྲུག་དང༌། དགེ་སློང་མས་བསྐྱེད་པ་བཅུ་བཞི་དང༌། དགེ་ཚུལ་གྱིས་བསྐྱེད་པ་གཅིག་དང༌། རབ་ཏུ་བྱུང་བ་སྡེ་ལྔས་སྤྱིས་བསྐྱེད་པ་གཉིས་དང༌། མུ་སྟེགས་ཅན་གྱིས་བསྐྱེད་པ་གཉིས་དང༌། ཁྱིམ་པས་བསྐྱེད་པ་རྣམས་སོ། །དེ་ལ་བཞི་སྟེ། ཁྱིམ་པ་སྤྱིས་བསྐྱེད་ཉི་ཤུ་རྩ་བདུན་དང༌། ཁྱིམ་པ་པོས་བསྐྱེད་པ་དམག་ལྟུང་གསུམ་རྐུན་མ་དང་འགྲོ་བ་སྟེ་བཞི་དང༌། ཁྱིམ་པ་མོས་བསྐྱེད་པ་ཆོས་སྟོན་དང༌། ལམ་དུ་འགྲོ་བ་གཉིས་དང༌། ཕོ་མོ་ཚོགས་པས་བསྐྱེད་པ་ཉལ་ཤོམ་གཉིས་སོ། །གཞི་དུད་འགྲོས་བསྐྱེད་པ་ནི། དུད་འགྲོ་འདེབས། སྤྱོད། གསོད་པ་གསུམ་མོ། ། གཞི་སེམས་ཅན་མ་ཡིན་པས་བསྐྱེད་པ་གཉིས་ཏེ། འབྱུང་བས་བསྐྱེད་པ་དང༌། འབྱུང་བ་ལས་གྱུར་པས་བསྐྱེད་པས་སོ། །དང་པོ་ནི། ས་རྐོ་བ་དང༌། (༢༦༤བ)


K8Z003_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་རེག་པ་དང༌། ཆུ་ལ་ཁྲུས་བྱེད་པ་དང༌། ཆུ་ལ་རྩེ་བ་སྟེ་བཞིའོ། །རླུང་ལས་ཀྱང་བསླབ་བྱའི་ཉེས་བྱས་སུ་འགྱུར་བ་ཡོད་དེ། ས་བོན་འཇོམས་པའི་སྐབས་སུ། རླུང་དང་ཉི་མ་ལ་འཇོག་པས་ཀྱང་ངོ༌། །ཞེས་པ་ནི་སྦྱོར་བའི་ཡན་ལག་བསྟན་པ་ཡིན་གྱི། གཞིའི་ཡན་ལག་ནི་མ་ཡིན་ནོ། །འབྱུང་བ་ལས་གྱུར་པས་བསྐྱེད་པ་ལ་ཚན་པ་ལྔ་སྟེ། གནས་ལས་གྱུར་པ་བཅུ་གསུམ་དང༌། གོས་ལས་གྱུར་པ་སོ་དྲུག་དང༌། ཟས་ལས་གྱུར་པ་ཉི་ཤུ་རྩ་གཉིས་དང༌། སྣོད་སྤྱད་ལས་གྱུར་པ་གསུམ་དང༌། ལྟུང་བ་ལ་བརྟེན་པ་ལྔའོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ཏེ། འདུ་ཤེས་དང༌། ཀུན་སློང་ངོ༌། །དང་པོ་ནི། ངེས་པའི་འདུ་ཤེས་སམ། གཞིའི་ཡན་ལག་གི་རྣམ་པ་མ་དོར་བའི་ཡིད་གཉིས་ཀྱང་འདུལ་བའི་ལུགས་ཀྱི་འདུ་ཤེས་ཡིན་ཏེ། ཊཱི་ཀ་ལས། ཡིད་གཉིས་ཟ་བའི་འདུ་ཤེས་ཀྱིས་སྤྱད་ན་ཞེས་བཤད་དོ། །གཞིའི་ཡན་ལག་གི་རྣམ་པ་བོར་བའི་ཡིད་གཉིས་ནི། ཡན་ལག་མ་ཡིན་ཏེ། སེམས་ཅན་གྱི་རྣམ་པ་དོར་ཏེ། འདི་ཐོ་ཡོར་ཡིན་ནམ། སྡོང་དུམ་ཡིན་ནམ་སྙམ་དུ་ཡིད་གཉིས་ཟ་བ་ལྟ་བུའོ། །ཀུན་སློང་ལ་གསུམ་ལས། རྫོགས་པར་འབྱེད་པའི་ཀུན་སློང་ནི། བཏང་བ་ཡང་ངོ་ཞེས་པའི་ཤུགས་ཀྱིས་བསྟན་ཏོ། །རིགས་འབྱེད་པའི་ཀུན་སློང་ནི། དེའི་ཆ་ནི་དེར་གཏོགས་སོ་ཞེས་པས་བསྟན་ཏོ། །ཆེད་དུ་བྱ་བའི་ཀུན་སློང་ནི། རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་པས་བསྟན་ཏེ། དེ་ལྟར་ན། རང་དོན་ཡན་ལག་ཏུ་དགོས་པའི་ལྟུང་བ་བཞི་བཅུ་རྩ་དྲུག་གི་སྐབས་སུ་ནི། ཀུན་སློང་ཆོས་གསུམ་ལྡན་ཡིན་ལ། དེ་དག་ལས་གཞན་གྱི་སྐབས་སུ་ནི། ཀུན་སློང་ཆོས་གཉིས་ལྡན་ནོ། །གསུམ་པ་སྦྱོར་བའི་ཡན་ལག་ལ་གཉིས་ཏེ། སྦྱོར་བ་རང་ཁོ་ནའི་བྱེད་པ་ཅན་དང༌། གཞན་(༢༦༥ན)


K8Z003_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅོལ་ཡང་རྫོགས་པའི་བྱེད་པ་ཅན་ནོ། །དང་པོ་ལ་བཞི་ལས། སྦྱོར་བ་ལུས་ཁོ་ནའི་བྱེད་པ་ཅན་ནི། ཕམ་པ་དང་པོ་ལ་སོགས་པའོ། །སྦྱོར་བ་ངག་ཁོ་ནའི་བྱེད་པ་ཅན་ནི། བརྫུན་སྨྲའི་ཕམ་པ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གང་ཡང་རུང་བའི་བྱེད་པ་ཅན་ནི། བྱིན་འཕྲོག་བྱེད་པའི་སྤང་བ་ལ་སོགས་པའོ། །སྦྱོར་བ་ལུས་ངག་གཉིས་ཀ་དགོས་པའི་བྱེད་པ་ཅན་ནི། ཟས་བསོད་པ་ངག་གིས་སློང་ཞིང་ཟ་བའི་ལྟུང་བྱེད་ལ་སོགས་པའོ། །བཞི་པ་མཐར་ཐུག་གི་ཡན་ལག་ནི། སིལ་བུར་གནས་ཏེ། སྤྱིའི་ཆོས་སུ་འགྲོ་བ་ཤས་ཆུང་ལ། སྤྱིར་བསྟན་གྱི་སྐབས་འདིར་ཡང་རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་པའི་ཕྱོགས་གཅིག་གི་མཐར་ཐུག་བསྟན་ཏོ། །གསུམ་པ་ལྟུང་བ་རྣམ་པར་བཞག་པ་སྐྱེ་ལུགས་ནི། ལྟུང་བ་གཅིག་ཏུ་སྐྱེ་བ་དང༌། དུ་མར་སྐྱེ་བ་གཉིས་ལས། དང་པོ་ནི་རྣམ་འབྱེད་བསྟན་ལ། གཉིས་པ་ནི་འདིར་བསྟན་ཏེ། དེ་ལ་དྲུག་ལས། བསླབ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི། ཉེས་པ་དེ་མེད་པ་ཉིད་ལ་ཞེས་སོ། །བསམ་རྒྱུན་ཐ་དད་པས་ལྟུང་བ་ཐ་དད་པ་ནི། བཏང་བ་ཡང་ངོ་ཞེས་པའོ། །བཅས་པ་ཐ་དད་པས་ལྟུང་བ་ཐ་དད་པ་ནི་གཞི་གཅིག་ལ་དུ་མ་ཞེས་སོ། །ཀུང་སློང་ཐ་དད་པས་ལྟུང་བ་ཐ་དད་པ་ནི། དེའི་ཆ་ནི་དེར་གཏོགས་སོ་ཞེས་སོ། །གཞི་ཐ་དད་པས་ལྟུང་བ་ཐ་དད་པ་དང༌། སྦྱོར་བ་ཐ་དད་པས་ནི། བྱ་བ་དུ་མའི་འབྲས་བུ་ཞེས་སོ། །གཉིས་པ་ལ། ལྟུང་སྐྱེད་རྒྱུད་ཀྱི་ཡན་ལག་དང༌། །སྦྱོར་འཇུག་ཡུལ་གྱི་ཡན་ལག་དང༌། །ཐ་དད་སྐྱེ་ལུགས་ཞར་བྱུང་བཅས། །བསམ་དངོས་བྱེད་པ་ཞར་བྱུང་དང༌། །སེལ་བ་དབང་བྱེད་ཡན་ལག་གོ། །དང་པོ་ལ། བསླབ་པའི་ཡན་ལག་ཞར་བྱུང་བཅས། །བསམ་པའི་ཡན་ལག་སིལ་བ་བཅས། །(༢༦༥བ)


K8Z003_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་ཡན་ལག་ཞར་བྱུང་བཅས། །མཚན་གྱི་ཡན་ལག་ཞར་བྱུང་ངོ༌། །དང་པོ་ལ། སེལ་སྒོ་བསླབ་པའི་ཡན་ལག་བསྟན། །བསླབ་བྱིན་སྡེ་ལྔ་འབྱུང་རུང་བརྗོད། །བསླབ་བྱིན་ཡུལ་བྱས་ཞར་བྱུང་ངོ༌། །དང་པོ་ལ། སྐྱེས་ལ་མ་ཉམས་སེལ་བ་བསྟན། །རབ་བྱུང་མ་རྫོགས་གསུམ་ལྟུང་བརྗོད། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། ཡན་ལག་གི་ཁྱབ་པ་དང༌། ཡན་ལག་གི་ངོ་བོ་དང༌། སེལ་བ་དང༌། ཅིར་འགྱུར་དང༌། རྒྱུ་མཚན་ནོ། །དང་པོ་ནི། ལྟུང་བ་སྡེ་ལྔ་མཐའ་དག་ལ་སྦྱར་རོ། །གཉིས་པ་ནི། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པའོ། །གསུམ་པ་སེལ་བ་ནི། དེ་ལས་བཟློག་པ་སྟེ། བསྙེན་རྫོགས་ཀྱི་སྡོམ་པ་མ་བླངས་པ་དང༌། བླངས་ཀྱང་སྡོམ་པ་མ་སྐྱེས་པ་དང༌། སྐྱེས་ཀྱང་ཕམ་པ་འཆབ་བཅས་ཀྱིས་ཉམས་པའོ། །བཞི་པ་ཅིར་འགྱུར་ནི། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ཕོ་མོ་ལ་ལྟུང་བ་མེད་ལ། བླངས་ཀྱང་རྫོགས་པར་མ་བླངས་པ་རབ་ཏུ་བྱུང་བ་རྣམ་གསུམ་ལ་ཉེས་བྱས་གསུམ་ཅི་རིགས་པར་འགྱུར་ཏེ། འཆང་བ་ལ་སོགས་པ་གནང་བ་རྣམས་ནི་མ་གཏོགས་སོ། །ཉམས་པ་དང་མ་སྐྱེས་པ་ལ་ནི་ཉེས་བྱས་ཙམ་མོ། །དེ་ཡང་རྣམ་འབྱེད་ཀྱི་འཕྲོག་པ་དང༌། སྐྲོད་པའི་སྐབས་ལས། ཁྱིམ་པ་རྣམས་ལ་ནི་བསོད་ནམས་མ་ཡིན་པ་མང་ངོ་ཞེས་ལྟུང་མེད་དུ་འབྱུང་བ་དང༌། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ་སྟེ་ཉེས་བྱས་སོ་ཞེས་པ་དང༌། ཉམས་པ་དང་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཞེས་གསུངས་པས་སོ། །ལྔ་པ་རྒྱུ་མཚན་ནི། སྡོམ་པ་གཏན་ནས་མ་བླངས་པའི་ཁྱིམ་པ་ལ་ལྟུང་བ་མེད་དེ། བཅས་པ་མེད་པའི་ཕྱིར་ཏེ་བཅས་ཀྱང་ཟློག་འཇུག་བྱེད་པའི་དགོས་པ་མེད་པའི་ཕྱིར་རོ། །(༢༦༦ན)


K8Z003_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སུ་འགྱུར་བ་འདི་དག་གི་རྒྱུ་མཚན་ནི། འོག་ཏུ་རང་རང་གི་སྐབས་སུ་སྟོན་ཏོ། །གཉིས་པ་ལ། གང་ཉམས། གང་ལས་ཉམས། གང་གིས་ཉམས། ཚུལ་ཇི་ལྟར་ཉམས། དེས་ལྟུང་བ་ལ་སྦྱོར་ན་ཅིར་འགྱུར། དགག་པ་དང༌། སྒྲུབ་པའི་དོན་དང༌། སྒྲུབ་བྱེད་ལུང་དང་སྦྱར་བ་ངག་དོན་ནོ། །གང་ཉམས་ན། ལྟུང་བ་ཀུན་ཏུ་སྤྱོད་པའི་གང་ཟག་དེ་ཉམས། གང་ལས་ཉམས་ན། བསྙེན་རྫོགས་ཀྱི་སྡོམ་པ་དགོས་པ་བསྒྲུབ་ནུས་ལས་ཉམས། གང་གིས་ཉམས་ན། ཕམ་པ་འཆབ་སེམས་དང་བཅས་པ་དེས་ཉམས་སོ། །ཚུལ་ཇི་ལྟར་ཉམས་ན། ཕྱིར་བཅོས་སུ་མི་རུང་བར་ཉམས་ཏེ། ཊཱི་ཀ་ལས། ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། ། ཞེས་སོ། །དེའི་དོན་གཏན་ལ་དབབ་པ་ལ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ལ་གཉིས། མདོ་སྡེ་པའི་ལུགས་དགག་པ་དང༌། སྔ་རབས་པའི་ལུགས་དགག་པའོ། །དང་པོ་ལ་གཉིས་ལས། ཕྱོགས་སྔ་འགོད་པ་ནི། མདོ་སྡེ་པ་ན་རེ། འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས། ཕམ་པ་བྱུང་ན་སྡོམ་པ་ཀུན་གཏོང༌། ཕྱིན་ཆད་སྡོམ་པ་བླངས་ཀྱང་མི་སྐྱེ། ལྟུང་བ་བཤགས་ཀྱང་མི་འདག་པའི་ཚུལ་དུ་ཉམས་སོ། །དེ་ཡང་འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པར་གང་གིས་གྲུབ་ཅེ་ན། དགེ་སློང་དགའ་བ་ཅན་ལ་འཆབ་སེམས་མ་གཏོགས་པའི་ཡན་ལག་ཐམས་ཅད་ཚང་ཡང་ཕམ་པ་མ་བྱུང་བའི་ཕྱིར་རོ། །དེ་ལ་ཕམ་པ་མ་བྱུང་སྟེ། དེའི་སྡོམ་པ་མ་བཏང་བའི་ཕྱིར་དང༌། ཕྱིར་བཅོས་བྱར་རུང་བའི་ཕྱིར་རོ། །དེ་ཡང་ལུང་གཞི་ལས། དགེ་སློང་གིས་དེ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་ཞེས་གསུངས་ཤིང་དྲང་དུ་མེད་པ་ཡིན་ནོ། །དཔེར་ན་ཤིང་ཏ་ལའི་མགོ་བཅད་ན། སྔོན་(༢༦༦བ)


K8Z003_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པོར་མི་འགྱུར་བ་བཞིན་དུ་དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །ཞེས་གསུངས་པས་ཕམ་པ་བྱུང་ན་དགེ་སློང་གི་སྡོམ་པ་བཏང་བར་གྲུབ་ཅིང༌། ཕྱིར་བཅོས་བྱར་མི་རུང་དུ་གྲུབ་བོ། །འོ་ན་ཕམ་པ་མ་བྱུང་ན་བསླབ་པ་སྤྱོད་པ་འགལ་སྙམ་ན། དེ་ནི་ཕམ་པའི་སྡེར་གཏོགས་པའི་སྦོམ་པོ་ལྕི་བ་དེ་འདག་པའི་ཕྱིར་བསླབ་པ་སྤྱོད་པ་ཡིན་ཅེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། ལུང་གིས་དགག་པ་ནི། འོད་ལྡན་དུ་ལུང་མ་མོ་ཁུངས་སུ་དྲངས་པ་ལས། ཕམ་པ་བྱུང་བ་བསླབ་པ་བྱིན་པ་གང་ཞེ་ན། མི་ཚངས་པར་སྤྱོད་པ་བྱས་ན། ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་འཆབ་པའི་སེམས་མི་བསྐྱེད་པ་ཡིན་ཏེ། ཞེས་གསུངས་པ་དང་འགལ་ལོ། །འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་ན་ནི། ལུང་རྣམ་འབྱེད་ལས། སྐྱོང་མས་ཆོམ་རྐུན་དྲུག་ཅུ་ལ་ལན་ཚྭའི་རྩབ་མོ་བླུད་ནས་ཤི་བར་བྱས་ཏེ། ངས་རབ་ཏུ་བྱུང་བའི་བྱ་བ་བྱས་སོ་ཞེས་ཟེར་ཞིང༌། ངོ་སོ་ཟླ་བ་བཞིན་ཕྱར་ཏེ་འཆབ་སེམས་གཏན་ནས་མེད་ཀྱང་སྐྱོང་མ་ཕམ་པར་གྱུར་ཏོ། །ཞེས་གསུངས་པ་དང་འགལ་ལོ། །གལ་ཏེ་འཆབ་སེམས་མེད་ཀྱང་ཕམ་པ་འབྱུང་ན། ལུང་ཕྲན་ཚེགས་ལས། དགེ་སློང་དག་དགེ་སློང་དགའ་བ་ཅན་གྱིས་སྤྱད་པར་བྱ་བ་མ་ཡིན་པ་སྤྱད་ཀྱང༌། སེམས་གཅིག་གིས་ཀྱང་མ་བཅབས་པས། འདི་ཕམ་པར་མི་འགྱུར་གྱི་ཇི་སྲིད་འཚོའི་བར་དུ་བསླབ་པ་སྦྱིན་པར་བྱའོ་ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་གསོར་མི་རུང་གི་ཕམ་པར་མ་གྱུར་གྱིས་ཞེས་དགོངས་སོ། །ཞེས་རིགས་སོ། །ལུང་གཞི་ལས། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་འགྱུར་རོ། །ཞེས་གསུངས་པ་དེ་ཡང་ཕམ་པ་འཆབ་བཅས་བྱུང་ན་ཡིན་གྱི། འཆབ་མེད་ཀྱི་ཕམ་པ་བྱུང་བ་ལ་ནི་དེ་ལྟར་མ་ཡིན་ནོ། །ཕམ་པས་སྡོམ་པ་གཏོང་བར་འདོད་པ་ནི། འོག་ཏུ་སྔ་(༢༦༧ན)


K8Z003_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

རབས་པ་དང་ཕྱོགས་གཅིག་ཏུ་དགག་པར་བྱེད་དོ། །གཉིས་པ་སྔ་རབས་པའི་ལུགས་དགག་པ་ལ་གཉིས་ལས། འདོད་པ་བརྗོད་པ་ནི། འཆབ་སེམས་སྐྱེས་ན་སྔ་མ་དང་མཐུན་ལ། འཆབ་སེམས་མ་སྐྱེས་ན་ཕམ་པ་བྱུང་ཡང་ལྟུང་བ་ཕྱིར་བཅོས་བྱར་རུང་ཞིང༌། ཕྱིན་ཆད་སྡོམ་པ་ལེན་ཀྱང་སྐྱེའོ། །འཆབ་སེམས་སྐྱེས་རུང་མ་སྐྱེས་རུང་ཕམ་པ་བྱུང་ནས་སྡོམ་པ་གཏོང་སྟེ། ཞུ་བ་ལས། བསྙེན་པར་མ་རྫོགས་པ་ལ་དགེ་འདུན་ལྷག་མ་འབྱུང་བར་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་ཏེ་བསླབ་པ་བྱིན་པ་ལ་འགྱུར་བ། ཞེས་གསུངས་པ་དང༌། ལུང་ཕྲན་ཚེགས་ལས་ཀྱང༌། བསླབ་པ་བྱིན་པ་ནི་དགེ་སློང་དང་འདྲ་བ་ཡིན་ནོ། །ཞེས་གསུངས་ཏེ། གལ་ཏེ་ཕམ་པ་བྱུང་བས་དགེ་སློང་གི་སྡོམ་པ་མ་ཞིག་ན། བསྙེན་པར་མ་རྫོགས་པ་ལ་ཞེས་གསུངས་པར་མི་རིགས་ལ། བསླབ་པ་བྱིན་པ་ལ་དགེ་སློང་གི་སྡོམ་པ་མ་ཞིག་པར་ཡོད་ན་དགེ་སློང་དངོས་ཉིད་ཡིན་པས་དགེ་སློང་དང་འདྲ་བར་མི་རིགས་པ་དང༌། ལུང་གཞི་ལས། དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་དུ་མི་རུང་བར་འགྱུར་ཞེས་གསུངས་པས། དགེ་སློང་གི་སྡོམ་པ་མེད་པར་གྲུབ་བོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། གནོད་བྱེད་བརྗོད་པ་ནི། བྱེ་སྨྲ་ལྟར་ན། ཕམ་པས་སྡོམ་པ་མི་གཏོང་བའི་སྒྲུབ་བྱེད་ལྔ་འོག་ཏུ་འཆད་པར་འགྱུར་བ་དེ་རྣམས་ནི། འདིར་གནོད་བྱེད་ལྔར་འགྱུར་རོ། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། ཞུ་བ་ལས། བསླབ་པ་བྱིན་པ་བསྙེན་པར་མ་རྫོགས་པར། བཤད་པ་ནི། བསླབ་པ་བྱིན་པས་བྱིན་ལེན་སྟོབ་པ་པོའི་བྱ་བ་བྱེད་པ་ལ་སོགས་པ་དང༌། དགེ་སློང་རྣམ་དག་ལ་ནུབ་ལྷག་པར་ཉལ་བ་ལ་སོགས་པའི་ཡུལ་གྱི་ཆ་ནས་བསྙེན་པར་མ་རྫོགས་པ་དང་འདྲ་བས། བསྙེན་པར་མ་རྫོགས་པ་ཞེས་བཏགས་(༢༦༧བ)


K8Z003_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ལ། ལུང་ཕྲན་ཚེགས་ལས། བསླབ་པ་བྱིན་པ་ནི་དགེ་སློང་དང་འདྲ། ཞེས་འཇུག་ལྡོག་བྱ་དགོས་པའི་ཆ་ནས་རྣམ་དག་གི་དགེ་སློང་དང་འདྲ་ཞེས་བསྟན་པའོ། ། ལུང་གཞི་ལས། དགེ་སློང་དུ་མི་རུང་བར་འགྱུར། ཞེས་གསུངས་པ་དེ་ནི་དམན་པར་དགག་པ་སྟེ། མི་ཤིན་ཏུ་ངན་པ་ལ་མི་རང་མིན་ཅེས་བརྗོད་པའམ། ལྷ་ངན་པ་ལ་ལྷ་མ་ཡིན་ཅེས་བརྗོད་པ་ལྟར། དགེ་སློང་དམན་པ་ལ་དགེ་སློང་མ་ཡིན་པར་བརྗོད་པ་སྟེ། འོད་ལྡན་ལས། དམན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དོན་དམ་པའི་དགེ་སློང་གི་དངོས་པོ་ལས་མ་ཐོབ་པས་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་བཤད་དོ། །གཉིས་པ་རང་ལུགས་བཞག་པ་ནི། བྱེ་བྲག་སྨྲ་བའི་ལུགས་ཀྱིས་ཕམ་པ་འཆབ་བཅས་བྱུང་ན་ལྟུང་བ་ཕྱིར་བཅོས་སུ་མི་རུང༌། ཕྱིན་ཆད་སྡོམ་པ་བླངས་ཀྱང་མི་སྐྱེ། འཆབ་སེམས་སྐྱེས་རུང་མ་སྐྱེས་རུང་ཕམ་པས་སྡོམ་པ་མི་གཏོང་ངོ༌། །བྱེ་སྨྲ་ལྟར་ན། ཕམ་པས་སྡོམ་པ་མི་གཏོང་བ་ལ་སྒྲུབ་བྱེད་ལྔ་སྟེ། རང་རྒྱུད་ལ་ལྟུང་བྱེད་བསྐྱེད་པའི་ཕྱིར་དང༌། གཞན་རྒྱུད་ལ་དགེ་འདུན་ལྷག་མ་བསྐྱེད་པའི་ཕྱིར་དང༌། གང་ཟག་གཅིག་ལ་ཕམ་པ་བཞི་འབྱུང་སྲིད་པའི་ཕྱིར་དང༌། སྔོན་གྱི་སྡོམ་པའི་གྲལ་ཐོབ་པའི་ཕྱིར་དང༌། རང་གི་བསླབ་པ་འབུལ་རྒྱུ་ཡོད་པའི་ཕྱིར་རོ། །ཞེས་སོ། །སྒྲུབ་བྱེད་དང་པོ་ནི། མ་བསྐོས་པར་ཆོས་སྟོན་པའི་ལུང་རྣམ་འབྱེད་ལས། ཇི་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་མིན་ཅེ་ན། ཕམ་པར་གྱུར་པ་བཞི་པོ་དག་གང་ཡང་རུང་བའི་ལྟུང་བ་བྱུང་བ་སྟེ། ཚུལ་ཁྲིམས་དང་ལྡན་པ་མ་ཡིན་པ་སྟེ། དགེ་སློང་མའི་སྟོན་པར་བསྐོས་པ་དེས་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་སོ། །དེས་ན་ཕམ་པ་བྱུང་བས་སྡོམ་པ་མི་གཏོང་བར་གྲུབ་ཅིང༌། སྡོམ་པ་གཏོང་ན་ལྟུང་བྱེད་བསྐྱེད་པར་(༢༦༨ན)


K8Z003_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པས་གནོད་དོ། །སྤྱིར་ཕམ་པ་བྱུང་བ་དེ་དགེ་སློང་མའི་སྟོན་པར་བསྐོས་ཀྱང༌། བསྐོ་བའི་ལས་དེ་མ་ཆགས་པས་མ་བསྐོས་པ་ཉིད་ཡིན་པར་དུལ་བའི་ལྷ་འདོད་དོ། །མ་བསྐོས་པར་ཆོས་སྟོན་པའི་ལུང་རྣམ་འབྱེད་ཀྱི་ལུང་དེ་ལ་སྔ་རབས་པའི་འདོད་པ་འོད་ལྡན་དུ་བཀོད་པ་ལས། ཚུལ་ཁྲིམས་འཆལ་བ་ལ་ལྟུང་བྱེད་དུ་གསུངས་པ་དེ་ནི་ཉེས་བྱས་སུ་བཤད་པ་ཡིན་ཏེ་ཞེས་སྔ་རབས་པ་དག་དེ་ཟེར་བར་བཤད་དེ། ལྟུང་བྱེད་ལ་ཉེས་བྱས་ཡིན་ཅེས་རང་གར་སྒྲོ་བཏགས་ཏེ་སྨྲ་བར་ཟད་དོ། །སྒྲུབ་བྱེད་གཉིས་པ་ནི། ལུང་ཞུ་བ་ལས། དགེ་སློང་རང་ཉིད་ན་རེ། བདག་གིས་མི་ཚངས་པར་སྤྱོད་པ་བྱས་སོ། །ཞེས་ཟེར་བ་ལ། དེ་ལ་དགེ་སློང་གཞན་ཞིག་གིས་གསུམ་པོ་གཞན་དག་གིས་སྐུར་བ་འདེབས་པར་བྱེད་ན་དགེ་འདུན་ལྷག་མའོ་ཞེས་གསུངས་ཤིང༌། སྐུར་འདེབས་ལྷག་མའི་སྐབས་ཀྱི་ལུང་རྣམ་འབྱེད་ལས། མ་དག་པ་ལ་སྐུར་བ་འདེབས་པ་ལ་ནི། གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཞེས་དགེ་འདུན་ལྷག་མའི་ཉེས་པ་བཅུ་གཅིག་ཏུ་གསུངས་ལ། དེ་ཡང་མ་དག་པ་ནི་ཕམ་པ་ཁོ་ནས་ཡིན་པར་ལུང་རྣམ་འབྱེད་ལས། དགེ་སློང་དག་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བ་བཞི་ལས་གང་རུང་མ་བྱུང་བའོ་ཞེས་གསུངས་པས་སོ། །འོ་ན་སོ་སོར་ཐར་པ་ལས། དགེ་སློང་དག་པ་ལྟུང་བ་མེད་པ་དང་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་སྐུར་བ་བཏབ་པའི་གཞི་དེ་ཉིད་ཀྱིས་དག་པ་ཡིན་གྱི། ཕམ་པ་ཙམ་གྱིས་དག་པ་ངེས་བཟུང་དུ་དགོས་པ་མ་ཡིན་ཏེ། ལུང་རྣམ་འབྱེད་ལས་ལྟུང་བ་མ་བྱུང་བ་ཞེས་བྱ་བ་ནི། དེའི་གཞི་ཉིད་དོ་ཞེས་གསུངས་པ་དང༌། ལུང་ཞུ་བ་ལས། གསུམ་པོ་གཞན་དག་གིས་སྐུར་བ་འདེབས་པར་བྱེད་ན། ཞེས་སྔར་དྲངས་པ་དེས་(༢༦༨བ)


K8Z003_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །དེ་ལྟར་ན་ཕམ་པ་བྱུང་ཡང་སྡོམ་པ་མ་བཏང་བར་གྲུབ་སྟེ། སྡོམ་པ་བཏང་ན་སྡོམ་མེད་ལ་སྐུར་བ་བཏབ་པས་དགེ་འདུན་ལྷག་མར་མི་འགྱུར་ཏེ། ཁྱིམ་པ་ལ་སྐུར་བ་བཏབ་ན་ཉེས་བྱས་སུ་གསུངས་ཀྱི། དགེ་འདུན་ལྷག་མར་མི་འགྱུར་བ་བཞིན་ནོ། །སྒྲུབ་བྱེད་གསུམ་པ་ནི། ལུང་ཞུ་བ་ལས། གཅིག་ལ་ཕམ་པར་འགྱུར་བ་བཞི་ཡང་འབྱུང༌།ཞེས་གསུངས་པས། ཕམ་པ་བྱུང་བས་སྡོམ་པ་མ་བཏང་བར་ཡང་གྲུབ་སྟེ། ཕམ་པ་སྔ་མ་བྱུང་བས་སྡོམ་པ་བཏང་ན་སྡོམ་མེད་ཀྱིས་ཉེས་སྤྱོད་བྱས་པ་ལ་ཕམ་པ་ཕྱི་མ་བསྐྱེད་མི་རིགས་པའི་ཕྱིར་རོ། །དེ་ལ་སྔ་རབས་པའི་འདོད་པ་འོད་ལྡན་དུ་བཀོད་པ་ལས། གཅིག་ལ་མཐར་འགྱུར་བ་བཞི་ཡང་འབྱུང་ཞེས་གསུངས་པ་དེ་ནི་ལས་ཀྱི་ལམ་རྣམས་གཅིག་ཅར་རྫོགས་པ་ལ་དགོངས་ཞེས་བརྗོད་ཀྱང༌། དེ་ནི་མི་འདོད་དེ། ཕམ་པ་དང་པོའི་མཐར་ཐུག་བདེ་བ་ཉམས་མྱོང་གི་རྟོག་པ་དང༌། མ་བྱིན་ལེན་གྱི་མཐར་ཐུག་གྲུབ་བློའི་རྟོག་པ་སྟེ། གང་ཟག་གཅིག་ལ་རྟོག་གཉིས་གཅིག་ཅར་འཇུག་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་གྲུབ་ཆེན་ཆོས་ཀྱི་གྲགས་པས། རྟོག་གཉིས་གཅིག་ཅར་འཇུག་པ་མེད། །འདི་ལྟར་རྣམ་པར་རྟོག་པ་རྣམས། །རིམ་གྱིས་འབྱུང་བར་ཡང་དག་རྟོགས། །ཞེས་སོ། །སྒྲུབ་བྱེད་བཞི་པ་ནི། བསླབ་པ་བྱིན་པས་དགྲ་བཅོམ་པ་ཐོབ་པ་ན། ལུང་ཕྲན་ཚེགས་ལས། གང་གི་ཚེ་ཟག་པ་ཟད་པ་དེའི་ཚེ་སྔོན་གྱི་གྲལ་དུ་འདུག་པར་བྱའོ། །ཞེས་གསུངས་སོ། །དེས་ན་ཕམ་པ་གྱུར་ཡང་སྡོམ་པ་མ་བཏང་བར་གྲུབ་སྟེ། སྔོན་གྱི་སྡོམ་པ་བཏང་ན་སྔོན་གྱིས་སྡོམ་པའི་གྲལ་ཐོབ་པར་མི་རིགས་པའི་ཕྱིར་རོ། །འདི་ལ་སྔ་རབས་པ་ན་རེ། སྔོན་གྱི་གྲལ་ཐོབ་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གཟེངས་བསྟོད་པའི་གོ་འཕང་ཡིན་པས་ཉེས་པ་མེད་(༢༦༩ན)


K8Z003_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དོ་ཞེས་ཟེར་བ་ནི། མི་རིགས་ཏེ། ཕམ་པས་མ་གོས་པའི་རྣམ་དག་དགྲ་བཅོམ་ཐོབ་ཀྱང་བསླབ་པ་གཞོན་ཤོས་གྲལ་གོང་དུ་སྡོད་དུ་མ་གནང་ན་ཕམ་པའི་ཉེས་སྤྱོད་བྱས་པ་ལ་བྱ་དགའ་བྱིན་པ་དེ་ནི་མི་རིགས་སོ། །སྒྲུབ་བྱེད་ལྔ་པ་ནི། གཏམ་གྱི་གཞི་དང་ཞུ་བ་ལས། ཕམ་པའི་ཉེས་པ་བྱུང་ལ་དེས་བསླབ་པ་ཕུལ་ཏེ་བབས་པ་ན་ཞེས་གསུངས་ཏེ། ཕམ་པ་བྱུང་ཡང་བསླབ་པ་འབུལ་རྒྱུ་ཡོད་པའི་ཕྱིར། ཕམ་པ་བྱུང་ཡང་སྡོམ་པ་མ་བཏང་བར་གྲུབ་བོ། །དེ་ལྟར་སྒྲུབ་བྱེད་དང་པོ་བཞི་ནི། བྱེ་སྨྲ་རྣམས་ཀྱིས་གསུངས་ཏེ་འོད་ལྡན་ལས་བཤད་དོ། །ཐ་མ་ནི་དེང་སང་གི་བོད་ཀྱི་འདུལ་བ་འཛིན་པ་རྣམས་ཀྱིས་སྒྲུབ་བྱེད་དུ་སྦྱར་བའོ། །དེས་ན་འཆབ་མེད་ཀྱི་ཕམ་པ་བྱུང་བ་ཆོས་ཅན། སྡོམ་པ་བཏང་བར་ཐལ། ཕམ་པ་བྱུང་བའི་ཕྱིར་ཞེས་བརྗོད་ན། སྔ་རབས་པ་ལྟར་ན་འདོད། བྱེ་སྨྲ་ལྟར་ན་ཁྱབ་པ་མ་གྲུབ། མདོ་སྡེ་པ་ལྟར་ན་རྟགས་མ་གྲུབ་སྟེ། ཆོས་ཅན་མ་གྲུབ་པའི་སྐྱོན་གྱིས་རྟགས་མ་གྲུབ་པའོ། །མདོར་ན་དགེ་སློང་ཕ་ལ་ཕམ་པ་འཆབ་བཅས་བྱུང་ན། གསོར་མི་རུང་བར་གྲུབ་མཐའ་གསུམ་ག་མཐུན་ནོ། །དགེ་སློང་མ་ལ་རེག་པ་དང་ལུས་བཀན་གྱི་ཕམ་པ་འཆབ་བཅས་བྱུང་ཡང་མཚན་འགྱུར་ན་གསོར་རུང་ངོ༌། །འཆབ་སེམས་ཕམ་པའི་ཡན་ལག་ཏུ་དགོས་པར་མདོ་སྡེ་པ་འདོད་ཀྱང་མི་དགོས་པར་བྱེ་སྨྲ་དང་སྔ་རབས་པ་མཐུན་ནོ། །མི་གཏོང་བར་བྱེ་སྨྲ་འདོད་ཀྱང་ཕམ་པས་སྡོམ་པ་གཏོང་བར་མདོ་སྡེ་པ་དང་སྔ་རབས་པ་མཐུན་ནོ། །མི་ཚངས་སྤྱོད་འཆབ་མེད་ཀྱིས་གཏོང་བར་སྔ་རབས་པ་འདོད་ཀྱང༌། སྡོམ་པ་མི་གཏོང་བར་མདོ་སྡེ་པ་དང་བྱེ་བྲག་སྨྲ་བ་མཐུན་ནོ། །དེས་ལྟུང་བ་ལ་སྦྱོར་ན་ཅིར་འགྱུར་ཞེ་ན། ཉེས་བྱས་ཏེ་དེ་ཡང་ཉེས་བྱས་ལས་ཆེ་བའི་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི། དགོས་པ་ལ་བསྒྲུབ་ནུས་ཀྱི་སྡོམ་(༢༦༩བ)


K8Z003_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཕྱིར་རོ། །ཉེས་བྱས་ཙམ་ཞིག་བསྐྱེད་པའི་རྒྱུ་མཚན་ནི། དགོས་པ་བསྒྲུབ་མི་ནུས་ཀྱི་དགེ་སློང་གི་སྡོམ་པ་ཡོད་ཅིང་དེ་དང་འགལ་བ་བྱས་པའི་ཕྱིར་རོ། །ཕམ་པ་དང་པོ་འཆབ་བཅས་ཀྱི་དགེ་སློང་རྣམ་དག་ལས་ཉམས་པས་མ་བྱིན་ལེན་གྱི་ལྟུང་བ་ལ་སྦྱོར་བ་ལ་ནི་ཆོས་ཅན་ཕམ་པ་འཆབ་བཅས་ཀྱིས་ཉམས་པ་བདག་ཉིད་ལ། ཕྱིས་བྱུང་སྦྱོར་བ་གསར་བསྐྱེད་ཀྱི་ལྟུང་བ་ཕམ་པར་མི་འགྱུར་ཏེ། ཕམ་པ་འཆབ་བཅས་ཀྱིས་བདག་ཉིད་ལ་ཕྱིས་བྱུང་སྦྱོར་བ་གསར་བསྐྱེད་ཀྱི་ཉེས་བྱས་ཙམ་དུ་ཟད་པའི་ཕྱིར་རོ། །སྦྱོར་བས་མ་བྱིན་པར་ལེན་པའི་ལྟུང་མེད་ལ་སྦྱར་བས་ཏེ། ལྟུང་བ་སྦྱོར་བ་ཞེས་རྣམ་པར་བཅད་དོ། །དགག་པ་དང་སྒྲུབ་པའི་དོན་ནི། ཉམས་པ་ལ་ཉེས་བྱས་ཞེས་པ་འདི་ནི་དགག་པ་ཡིན་ཏེ། ཊཱི་ཀ་ལས་འདི་ལྟར་བཤད་དེ། ཉམས་པ་ལ་ཡང་ཞེས་བསྙེན་རྫོགས་ཀྱི་སྡོམ་པ་ཡོད་པའི་ཕྱིར། དེས་ལྟུང་བ་ལ་སྦྱོར་ན་ཕམ་པ་དང་ལྷག་མ་ལ་སོགས་པ་དག་ཏུ་འགྱུར་བར་ཐལ་བ་དེ་དགག་པའི་ཕྱིར་ཉེས་བྱས་ཙམ་དུ་བསྟན་པ་དེ་འགོག་པར་བྱེད་པའི་ཕྱིར། ཞེས་སོ། །རྨ་ཚོ་ན་རེ། ཕམ་པ་བྱུང་ན་འཆབ་སེམས་མ་སྐྱེས་ཀྱང་བསླབ་པ་བྱིན་ན་དེས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཙམ་དུ་འགྱུར་ཏེ། ཉམས་པ་ལྟུང་བ་ལ་སྦྱོར་ན་ཞེས་ཉམས་པ་སྤྱིར་བཏང་བ་དང༌། བསླབ་པ་བྱིན་པ་ནི་འདྲ་ཞེས་དམིགས་ཀྱིས་བཀར་བའི་ཕྱིར་ཞེས་ཟེར་བ་ནི་མི་རིགས་ཏེ། ཕམ་པ་འཆབ་མེད་ཀྱིས་ཉམས་པ་ཡང་ཡིན་ན། རང་གི་རྣམ་བཤད་ལས། ཉམས་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་སྟེ། འདི་ལ་སྡོམ་པ་ཡོད་དུ་ཟིན་ཀྱང་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། ཞེས་གསུངས་པ་དང༌། ཊཱི་ཀ་ལས། ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། །ཞེས་བཤད་པ་དང་འགལ་ལོ། །བསླབ་པའི་བྱིན་པ་ནི་འདྲ་ཞེས་པས། བསླབ་པ་སྦྱིན་རུང་ཡང་འདྲ་བ་(༢༧༠ན)


K8Z003_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མཚོན་པར་ཤ་ལུགས་པ་རྣམས་བཞེད་དོ། །སྒྲུབ་བྱེད་ལུང་དང་སྦྱར་བ་ནི། ཉམས་པ་ལྟུང་བ་ལ་སྦྱོར་ན་ཞེས་པ་འདི་ལུང་ཞུ་བ་ལས། དགེ་སློང་མི་ཚངས་པར་སྤྱོད་པ་བགྱིས་ཀྱང་ཕམ་པའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཡོད་དེ། སྔོན་ལྟུང་བ་བྱུང་བའོ་ཞེས་བསྡུས་པའི་ཁུངས་དྲངས་ཤིང༌། ཊཱི་ཀས་ལུང་ཞུ་བ་ཁུངས་སུ་དྲངས་པ་ལས། སྔར་ལྟུང་བ་བྱུང་བ་དང༌། རྐུ་ཐབས་སུ་གནས་པ་དང༌། དང་པོར་འཁྲུག་པ་དང༌། མ་ནིང་དང༌། དགེ་སློང་མ་སུན་ཕྱུང་བས་ཉམས་པར་བྱས་པ་ནི་ཉེས་བྱས་སུ་འགྱུར་རོ། །ཞེས་བཤད་དོ། །དེ་ལ་སྔར་ལྟུང་བ་བྱུང་བ་ནི། ཉམས་པ་ལས་ཉེས་བྱས་སུ་འགྱུར་བའི་ལུང་ཡིན་ནོ། །རྐུ་ཐབས་སུ་གནས་པ་ནི་མ་སྐྱེས་པ་ལ་ཉེས་བྱས་སུ་འགྱུར་བའི་ལུང་ཡིན་ནོ། །དང་པོར་འཁྲུག་པ་ནི། ལོ་ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་བྱས་ཏེ་དགེ་སློང་གི་སྡོམ་པ་མ་སྐྱེས་པ་དེ་ཡིན་པར་ལུང་རྣམ་འབྱེད་ལས་བཤད་དོ། །དེས་ན་ལུང་དེ་ནི་ཞུ་བ་ཉུང་ཤོས་ལས། ལྟུང་བ་སྡེ་ལྔ་པོ་རྣམས་རེ་རེ་ལ་རེར་གསུངས་ལ། ལུང་ཞུ་བ་མང་ཤོས་ན་ལུང་དེ་མི་སྣང་བས་ཡང་དག་བསྡུ་བའི་གཞི་ཉམས་པའི་དབང་ལས་སོ། །དགེ་ཚུལ་དང་དགེ་སློང་གི་སྡོམ་པ་མ་སྐྱེས་པ་བར་མའི་དགེ་བའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་དང་ལྡན་པས་མི་ཚངས་སྤྱོད་ལ་སོགས་པའི་ལྟུང་བ་སྡེ་ལྔ་ལ་སྦྱོར་བ་ནི་ཉེས་བྱས་སོ། །འདི་ལ་ཉེས་བྱས་ལས་ཆེ་བའི་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི་སྡོམ་པ་མེད་པའི་ཕྱིར་རོ། །ཉེས་བྱས་ཙམ་པོ་བསྐྱེད་པའི་རྒྱུ་མཚན་ནི། བར་མའི་དགེ་བ་ཁྱད་པར་ཅན་དང་ལྡན་ཅིང༌། དེ་དང་འགལ་བར་བྱས་པའི་ཕྱིར་རོ། །དགག་པ་དང་སྒྲུབ་པའི་དོན་ནི། ཊཱི་ཀ་ལས། མ་སྐྱེས་པ་ནི་སྒྲུབ་པ་ཡིན་ཏེ། དེས་སྡོམ་པ་མ་ཐོབ་པས་མེད་པའི་ཕྱིར། དེས་ལྟུང་བ་ལ་སྦྱོར་ན་(༢༧༠བ)


K8Z003_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་བྱས་སུ་འགྱུར་བར་བསྒྲུབ་པའི་ཕྱིར་རོ། །ཞེས་སོ། །ཊཱི་ཀ་ལས་དོན་འདི་ལྟར་འབྱུང་སྟེ། ཊཱི་ཀའི་ཚིག་སྒྲ་དྲང་ཐད་མིན་དོན་ཡིན། སྡོམ་པ་མེད་པ་ལ་ལྟུང་བ་མེད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་མ་སྐྱེས་པ་ལ་ནི་སྡོམ་པ་ཡང་མ་ཡིན། སྡོམ་པ་མ་ཡིན་པ་ཡང་མ་ཡིན་པའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་པས། དེ་ལ་ཉེས་བྱས་སུ་རྣམ་པར་བཞག་པར་མཛད་དོ། །འོ་ན་ཁྱིམ་པ་རང་རྟགས་བླང་བ་ལ་ཡང་ཉེས་བྱས་སུ་འགྱུར་རམ་ཞེ་ན། ཁྱིམ་པ་རང་གིས་རྟགས་བླངས་པ་ལ་ནི་ངོ་བོ་ཉིད་ཀྱིས་རབ་ཏུ་བྱུང་བ་མེད་པས་དེ་ལ་ནི་ཉེས་བྱས་སུ་རྣམ་པར་བཞག་པ་མ་མཛད་དེ། བསོད་ནམས་མ་ཡིན་པ་མང་པོ་སྐྱེའོ་ཞེས་བཤད་དོ། །ངག་དོན་ནི། བྱེ་སྨྲས་ཕམ་པ་འཆབ་བཅས་ཀྱིས་དགེ་སློང་རྣམ་དག་ལས་ཉམས་པ་བསྙེན་རྫོགས་ཅན་ཡིན་པས། དེས་ཕམ་པ་སོགས་ལྟུང་བ་སྡེ་ལྔ་ལ་སྦྱོར་ན་དངོས་གཞིར་འགྱུར་རམ་སྙམ་ན། དེས་བཅད་པའམ་མདོ་སྡེ་པ་དང༌། བྱེ་སྨྲ་སྔ་རབས་པ་ལྟར་ན། ཉམས་པ་དགེ་སློང་གཏན་མིན་པས་ལྟུང་བ་གཏན་མེད་དམ་སྙམ་ན། དེ་བཅད་པའི་དོན་དུ་སྨོས་སོ། །དང་ཟླ་བཅས་ཀྱི་དོན་ནོ། །རབ་བྱུང་གི་སྡོམ་པ་བླངས་ལ་མ་སྐྱེས་པ་གཉིས་ལྟུང་བ་ལ་སྦྱོར་བ་ནི་ཉེས་བྱས་སོ། །གཉིས་པ་ལ། བླངས་འདས་དངོས་ཀྱི་ཉེས་བྱས་དང༌། །ཕྱོགས་མཐུན་ཡིད་ཀྱི་བསྡམ་བྱའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་བདུན་ལས། དང་པོ་དབྱེ་བ་ལ་གཉིས་ཏེ། དབྱེ་བ་དངོས་དང༌། དེ་ལ་སྒྲོ་སྐུར་སྤང་བའོ། །དང་པོ་ལ་གཉིས་ལས། ཆེ་ལོང་དུ་ཕྱེ་ན་དགེ་ཚུལ་ཕ་མ་ལ་བཅུ་གསུམ་དང༌། དགེ་སློབ་མ་ལ་ཉི་ཤུ་རྩ་ལྔ་ཡོད་དོ། །ཞིབ་མོར་ཕྱེ་ན་དགེ་ཚུལ་ཕ་མ་ལ་བླང་བ་ལས་འདས་པ་སུམ་ཅུ་རྩ་བདུན་ཏེ། མི་གསོད་འདེབས་སྤྱོད་དུད་འགྲོ་གསོད། །རྐུ་དང་མི་ཚངས་སྤྱོད་བྱེད་དང༌། །(༢༧༡ན)


K8Z003_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བརྫུན་དང་གཞི་མེད་བག་ཙམ་དང༌། །དབྱེན་དང་རྗེས་ཕྱོགས་ཁྱིམ་སུན་འབྱིན། །ཤེས་བཞིན་བཤེས་ངོར་འཕྱ་དང་ཟས། །ལྷག་མ་གཞི་མེད་བསླབ་པ་སྤོང༌། །འབྲས་ཆན་ཚོད་མ་ཕན་ཚུན་འགེབས། །ཙུག་ཙུག་ལ་སོགས་བཞི་ལ་ཡང༌། །འདུ་ཤེས་བསྒྱུར་བའི་ཆ་ནས་བཞི། །ཆང་འཐུང་གར་གླུ་རོལ་མོ་དང༌། །རྒྱན་འདོགས་ཁ་དོག་དྲི་བྱུགས་དང༌། །མལ་ཆེན་མཐོ་དང་དུས་མིན་ཟས། །རིན་ཆེན་རེག་དང་བར་མ་གསུམ། །དགེ་སློང་མ་ལ་བཅུ་གཉིས་བསྣན། །ཅེས་ངེས་པར་བཟུང་ངོ༌། །གཉིས་པ་སྒྲོ་སྐུར་སྤང་བ་ལ་གཉིས་ལས། སྒྲོ་འདོགས་སྤང་བ་དང༌། སྐུར་འདེབས་སྤང་བའོ། །དང་པོ་ནི། ཁ་ཅིག་ན་རེ། དགེ་ཚུལ་གྱིས་ཁང་པ་བརྩིགས་ན་བཤགས་བྱའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས། ཁང་པ་དང་ཁང་ཆེན་བརྩིགས་པ་ཡང་འདོད་པའི་གཞི་ལས་བྱུང་བ་ཡིན་ཏེ། འདི་ལྟར་ཁྱིམ་བྱེད་ན་ཁྱིམ་ནས་རབ་ཏུ་བྱུང་བ་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་ཞེས་གསུངས་པས་ཤེས་སོ། །ཞེས་ཟེར་རོ། །དེ་དགག་པ་ནི། འོད་ལྡན་ལས། འདོད་པའི་གཞི་ལས་འབྱུང་བ་ནི། ཁང་པ་དང་ལྷ་ཁང་དུ་གཏོགས་པ་དག་སྟེ། དེ་ནི་རབ་ཏུ་བྱུང་བའི་ཕྱོགས་དང་མཐུན་པ་ཉིད་ཀྱང་ཡིན་ནོ། ། ཞེས་གསུངས་པ་དང་འགལ་ལོ། །རིགས་པས་ཀྱང་ཉེས་པ་དེ་ཁྱིམ་པའི་རྟགས་སྤོང་བ་ཉམས་པའི་ཆ་ནས་ཡིན་དགོས་པ་འདི་ནི་ཁྱིམ་པའི་རྟགས་ངོ་བོའི་སྒོ་ནས་མ་རྫོགས་པའི་ཕྱིར། དབྱིབས་མི་རུང་བ་ཟླུམ་པོ་ལོངས་སྤྱོད་ཀྱང་བསྡམ་བྱ་ལས་མི་བསྐྱེད་པ་བཞིན་ནོ། །ཊཱི་ཀ་ལས། བཤགས་བྱའི་ཉེས་བྱས་སུ་བཤད་པ་དེ་ནི་ཁང་པ་བརྩིགས་པ་ལ་བརྟེན་ནས་དུད་འགྲོ་འདེབས་སྤྱོད་ཀྱི་ཉེས་པ་འབྱུང་བ་ལ་དགོངས། ཞེས་གསུངས་སོ། །གཉིས་པ་སྐུར་འདེབས་སྤང་བ་ནི། མྱང་མཚམས་(༢༧༡བ)


K8Z003_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་རེ། དུད་འགྲོ་འདེབས་སྤྱོད་གཉིས་ཀྱང་བཤགས་བྱ་མ་ཡིན་གྱི། བསྡམ་བྱ་ཁོ་ན་ཡིན་ཏེ། སྲོག་གཅོད་པ་དངོས་ཀྱི་ལྟུང་བ་མི་བསྐྱེད་ལ། བསད་སེམས་མེད་པར་མ་བལྟོས་པའི་བསམ་པས་བསྐྱེད་པའི་ཕྱིར་རོ། །དེ་ཡང་ལུང་རྣམ་འབྱེད་དང་མདོ་རྩ་བ་ལས། བསད་སེམས་དགོས་པར་མ་གསུངས་ཤིང༌། འདུན་པའི་བྱུང་བ་ལས་ཀྱང་མ་བལྟོས་པས་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་ལ་བཅས་པའི་ཕྱིར་ཏེ། ནགས་མེས་གཏོང་བ་བསྡམ་བྱ་ཡིན་ལ། དེ་དང་འདི་གཉིས་རྒྱུ་མཚན་མཚུངས་སོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། འོད་ལྡན་ལས། སྲོག་ཆགས་རེ་རེའི་ལྟུང་བ་ལྕི་བ་འབྱུང༌། །ཞེས་སྐབས་འདིའི་ལྟུང་བ་རྣམ་གཞག་བསྐྱེད་པར་གསུངས་པས། བསད་སེམས་ཡན་ལག་ཏུ་དགོས་པར་གྲུབ་ལ། ལྕི་བ་ཞེས་པས་ཕྱོགས་མཐུན་མ་ཡིན་པར་གྲུབ་བོ། །དཔའ་བོའི་ཚིག་གི་བརྗེད་བྱང་ལས། འདིར་གསོད་པའི་ཕམ་པར་འགྱུར་བ་བཞིན་དུ་རིག་པར་བྱའོ་ཞེས་པ་དང༌། མི་གསོད་པའི་ཕམ་པ་ལ་གསོད་སེམས་དགོས་པར་གསུངས་ནས། སྲོག་ཆགས་དང་བཅས་པའི་ཆུ་ས་ལ་འདེབས་པའི་ལུང་ཞུ་བ་ལས་ཀྱང༌། མི་གསོད་པའི་སྐབས་སུ་བསྟན་པ་བཞིན་རྒྱས་པར་བརྗོད་པར་བྱའོ། །ཞེས་གསུངས་པ་དེ་རྣམས་དང་འགལ་ལོ། །ལུང་རྣམ་འབྱེད་དང་མདོ་རྩ་བ་ལས། སྲོག་གཅོད་པའི་ལྟུང་བ་བཞི་ཆར་ལ་གསོད་སེམས་དགོས་པར་མ་གསུངས་པ་ནི་དང་པོ་དང་ཐ་མ་ལ་གསོད་སེམས་དགོས་པར་གསུངས་པས། བར་པ་གཉིས་ལ་མ་གསུངས་ཀྱང་གོ་བའི་དབང་དུ་བྱས་པ་སྟེ། འཚོ་བའི་བར་དུ་བཅང་བའི་སྨན་གྱི་མཚན་ཉིད། འོད་ལྡན་ལས། རྩ་བའི་སྨན་གྱི་དོན་དུ་གསལ་ཞིང་ཁ་ཟས་ཀྱི་དོན་དུ་ནི་མ་ཡིན་པའོ། །སྡོང་བུའི་སྨན་དང༌། ལོ་མའི་སྨན་དང༌། མེ་ཏོག་གི་སྨན་དང་ཞེས་བྱ་བ་ནས་འབྲས་བུའི་སྨན་གྱི་དོན་དུ་གསལ་(༢༧༢ན)


K8Z003_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ཁ་ཟས་ཀྱི་དོན་དུ་ནི་མ་ཡིན་ནོ། །ཞེས་བཤད་པ་བཞིན་ནོ། །འདུན་པའི་བྱུང་བ་ལས་བཤད་པ་དེ་ནི་གསོད་སེམས་ཡིན་ཏེ། སྲོག་ཆགས་ལ་གནོད་པ་བྱེད་པའི་བསམ་པས་ངེས་པར་འཆི་བའི་ཐབས་ཤོམ་པར་འདོད་པའི་ཕྱིར་རོ། ། ཡང་ཀ་ཀ་ནི་ཆེན་པོ་ན་རེ། སྐུར་འདེབས་ལྔ་ནི་བཤགས་བྱར་འགྱུར་བ་མ་ཡིན་ཏེ། ཊཱི་ཀ་ལས། སྐུར་བ་འདེབས་པ་དང༌། ཚིག་རྩུབ་པོ་སྨྲ་བ་ལ་སོགས་པ་ཡང་གནོད་པའི་གཞི་ལས་བྱུང་བ་ཡིན་ཏེ། དེ་ནི་ཕྱོགས་དང་མཐུན་པ་ཡིན་པས། དེ་ལ་ནི་བསྡམ་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་བཤད་ཅིང༌། སྐུར་འདེབས་བརྫུན་མ་ཡིན་པའི་ཕྱིར་རོ། །དེ་གང་གིས་གྲུབ་ན། རྣམ་འབྱེད་འགྲེལ་པ་ལས། སྐུར་བ་གདབ་པའི་བསམ་པས་སྐུར་བ་འདེབས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །ཉན་པ་པོ་བསླུ་བའི་བསམ་པས་བརྫུན་སྨྲ་བ་ནི། བརྫུན་སྨྲ་བའི་ལྟུང་བྱེད་ཡིན་ཏེ། དེ་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །ཞེས་དེ་གཉིས་ཀྱི་ནང་ནས་ཁྱད་པར་བཤད་པས་གྲུབ་བོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལུང་རྣམ་འབྱེད་ལས། རྫུན་ནི་རྣམ་པ་ལྔ་སྟེ། ལྟུང་བ་སྡེ་ལྔས་སྐུར་བ་འདེབས་པའོ་ཞེས་གསུངས་པ་དང༌། འདི་ཉིད་ལས་བརྫུན་དུ་སྨྲ་བའོ། ། གཞན་ལ་གནས་པའི་ཚིག་གིས་བརྫུན་ནའོ། །ཞེས་སྐུར་འདེབས་བརྫུན་ཡིན་པར་གསུངས་པ་དང་འགལ་ལོ། །རྣམ་འབྱེད་འགྲེལ་པ་ལས་བཤད་པ་དེ་ཡང་བརྫུན་གྱི་ནང་ཁྱད་བཤད་པ་ཡིན་ལ། ཊཱི་ཀ་ལས། སྐུར་འདེབས་བསྡམ་བྱར་བཤད་པ་དེ་ཡང་བདེན་པས་སྐུར་བ་བཏབ་པ་ལ་དགོངས་པ་ཡིན་ཏེ། དེ་ལ་ཉམས་འདུན་ཙམ་ཡང་མེད་པའི་ཕྱིར་རོ། །བདེན་པར་སྨྲས་པ་ལ་སྐུར་བ་བཏབ་པའི་ཐ་སྙད་མེད་དོ་ཞེ་ན། མ་ཡིན་ཏེ། བམ་པོ་ལྔ་བཅུ་པ་ལས། སྐུར་བ་མི་གདབ་ཅེས་བྱ་བ་ནི། གཞན་ལ་ཡང་དག་པ་དང༌། ཡང་དག་པ་མ་ཡིན་པ་གང་ཡང་(༢༧༢བ)


K8Z003_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བས་སྐུར་བ་མི་གདབ་བོ། །ཞེས་བཤད་པས་སོ། །བསྟན་བཅོས་ལ་དགོངས་པ་ཅན་ནི་མི་རིགས་སོ་ཞེ་ན། འོ་ན་རྩ་བ་བཞིའི་ཉེས་པ་ཡང་བཤགས་བྱ་ཡིན་པར་འགྱུར་ཏེ། ཊཱི་ཀ་ལས། མི་ཚངས་པར་སྤྱོད་པ་ནི། དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་པ་ཉིད་ཡིན་པ་དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་པ་ལས་སོ། །འདོད་ན། ཊཱི་ཀ་ལས། ཉམས་སུ་མྱོང་བར་གྱུར་ན་ནི། དེའི་ཚེ་ན་ཕམ་པར་འགྱུར་བ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། ཞེས་བཤད་པ་དང་འགལ་ལོ། །ཊཱི་ཀ་ལས། མི་ཚངས་སྤྱོད་ཀྱི་ལྟུང་བ་དེ་བཤགས་བྱའི་ཉེས་བྱས་ཡིན་པར་བཤད་པ་དེ་ནི་སྦྱོར་བའི་གནས་སྐབས་ལ་དགོངས་སོ་ཞེ་ན། སྐུར་འདེབས་བསྡམ་བྱར་བཤད་པ་ཡང་བདེན་པས་སྐུར་བ་བཏབ་པ་ལ་དགོངས། ཞེས་མཚུངས་སོ། ། ཡང་མཁའ་རེག་པ་ན་རེ། བར་མ་གསུམ་ལས་འདས་པ་ཡང་བསྡམ་བྱ་ཡིན་ཏེ། འོད་ལྡན་ལས། དེ་ཉམས་ཕྱོགས་མཐུན་ཡོངས་སུ་སྤང་བྱ་སྟེ། །ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང༌། །ཁ་དོག་གཅིག་པའམ་ཁ་ཚར་ཅན་དཀར་མིན། །ཅེས་བཤད་པས་བར་མ་གཞན་གཉིས་ལས་འདས་པ་ཡང་རྒྱུ་མཚན་མཚུངས་པ་དང༌། བྱེ་བྲག་བཤད་མཚོ་ལས། ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་དག་ནི་མ་གཏོགས་པ། །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ཞེས་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རང་གི་རྣམ་བཤད་ལས། མུ་སྟེགས་ཅན་གྱི་རྟགས་འཆང་བ་ནི། ཇི་ལྟར་ཁྱིམ་པའི་རྟགས་འཆང་བ་དེ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ལ། ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་ལས་ཀྱང་དེ་སྐད་(༢༧༣ན)


K8Z003_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །གཞན་ཡང་བར་མ་གསུམ་ལས་འདས་པ་བསྡམ་བྱ་མ་ཡིན་ཏེ། ཡུལ་ཁྱད་པར་ཅན་མཁན་པོ་ལས་གཉེན་པོ་ལུས་ངག་གིས་དངོས་སུ་བླངས་པ་དང་འགལ་བའི་ཕྱིར་རོ། །རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཡང་ངོ་ཞེས་གསུངས་པས། བཤགས་བྱའི་ཉེས་བྱས་བསྐྱེད་པར་གྲུབ་བོ། །སྒྲུབ་བྱེད་གཞིག་པ་ནི། འོད་ལྡན་ལས་བཤད་པ་དེ་ནི་ཁྱིམ་པའི་རྟགས་ངོ་བོའི་སྒོ་ནས་མ་རྫོགས་པ་ལ་བཤད་པ་ཡིན་ལ། བྱེ་བྲག་བཤད་མཚོ་ལས་བཤད་པ་དེ་ནི་འཆང་འབྲལ་ལ་སོགས་པ་གནང་བ་རྣམས་དང༌། བསླབ་པའི་གཞི་བཅུ་པོ་དག་ནི་མ་གཏོགས་པ་བླངས་འདས་ཀྱི་ཕྱོགས་མཐུན་དུ་ཤེས་པར་བྱའོ། །ཞེས་པ་དེ་སློབ་དཔོན་ལས་ཐོབ་པའི་སྐབས་ཀྱི་དབང་དུ་བྱས་ནས་བསྡམ་བྱར་གསུངས་པ་ཡིན་ནོ། །མཁན་པོ་ལས་ཐོབ་པའི་སྐབས་སུ་ནི་དེ་ལྟར་མིན་ནོ། །གཉིས་པ་བསྡུ་བ་ནི། མཁན་པོ་ལས་ཐོབ་པ་ལས་འདས་པ་དང༌། སློབ་དཔོན་ལས་ཐོབ་པ་ལས་འདས་པ་གཉིས་སུ་འདུས་སོ། །ཡང་ན་ཚུལ་ཁྲིམས་ཀྱི་ཡན་ལག་དང༌། བག་ཡོད་ཀྱི་ཡན་ལག་དང༌། བརྟུལ་ཞུགས་ཀྱི་ཡན་ལག་གི་མི་མཐུན་ཕྱོགས་དང་གསུམ་དུ་འདུས་ཏེ། དེ་ཡང་རྩ་བ་བཞི་དབྱེ་བ་དང་བཅས་པའི་ལྟུང་བ་དང༌། མྱོས་འགྱུར་འཐུང་བའི་ལྟུང་བ་དང༌། ལྟུང་བ་ལྷག་མ་རྣམས་གོ་རིམ་བཞིན་ནོ། །དེ་ལྟར་ཡང་མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་བསྙེན་གནས་ལ་གསུངས་པ་དེ་ཡང་འདིར་སྦྱར་རོ། །གསུམ་པ་མཚན་ཉིད་ལ། སྐབས་འདིར་བརྗོད་པའི་ལྟུང་བ་ཙམ་གྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པའི་ཁ་ན་(༢༧༣བ)


K8Z003_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོ་བའོ། །སོ་སོའི་མཚན་ཉིད་ལ་གཉིས་ལས། ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པ་གང་ཞིག །ལྟུང་བ་ངོ་བོའི་ཆ་ནས་ཆང་འཐུང་བའི་ཁ་ན་མ་ཐོ་བ་མན་ཆད་ལ་བལྟོས་ཏེ་ཆད་པ་ལྕིར་རུང་བའོ། །མཚན་ཉིད་ཕམ་འདྲའི་ཉེས་བྱས་འཆབ་བཅས་བསྙིལ་བ་དང༌། འཆབ་མེད་བསླབ་པ་སྦྱིན་དགོས་པ་གཉིས་ཀ་ལ་ཁྱབ་བོ། །སྐབས་འདིར་བརྗོད་པའི་བཤགས་པར་བྱ་བའི་ཉེས་བྱས་ཀྱི་མཚན་ཉིད་ནི། རབ་བྱུང་བསྙེན་པར་མ་རྫོགས་པས་རང་གི་བསླབ་པའི་གཞི་རྣམ་པར་བཞག་པ་ལས་འདས་པ་གང་ཞིག །ལྟུང་བའི་ངོ་བོའི་ཆ་ནས་ཉེས་བྱས་ཀྱི་བཤགས་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ། །བཞི་པ་གྲངས་ངེས་པ་ནི། འདིར་སྡོམ་པ་དང་འགལ་བའི་ཉེས་པ་བཅུར་གྲངས་ངེས་ཏེ། གཞི་འགྲེལ་ལས། བསླབ་པའི་གཞི་དེ་དག་ལ་ནི་རེ་རེ་ལ་ཡང་རྣམ་པ་དུ་མ་ཡོད་མོད་ཀྱི། དེ་དག་མང་ཆེས་བས་བསྲུང་མི་ནུས་སོ་སྙམ་དུ་སྤ་བཀོང་བར་འགྱུར་བ་དག་ལ་བསྟན་པར་བྱ་བའི་ཕྱིར་བསླབ་པའི་གཞི་བཅུ་བསྟན་ཏེ། དཔེར་ན་འཕགས་པས་རྒྱ་གར་གྱི་བུ་ལ་བསླབ་པ་གསུམ་བསྟན་པ་དང་འདྲའོ་ཞེས་བཤད་དོ། །མཚན་ཉིད་འདྲ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། གཞི་འགྲེལ་ལས། གླུ་གར་དང་རོལ་མོའི་སྒྲ་སྤོང་བ་ནི་བསླབ་པའི་གཞི་གཅིག་སྟེ་རྒོད་བག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ཕྲེང་བ་དང༌། སྤོས་བྱུག་པ་དང༌། རྒྱན་དང༌། ཁ་དོག་འཆང་བ་སྤང་བ་ནི་བསླབ་པའི་གཞི་གཉིས་པ་སྟེ་རྒྱགས་པ་བསྐྱེད་པའི་ཕྱིར་རོ། །ཁྲི་སྟན་མཐོན་པོ་དང༌། ཁྲི་སྟན་ཆེན་པོ་སྤང་བ་ནི། བསླབ་པ་གསུམ་པ་སྟེ་འདོད་ཞེན་ཆེ་བ་ཡིན་པའི་ཕྱིར་རོ། །ཞེས་བཤད་དོ། ། དེ་བཞིན་དུ་སྲོག་གཅོད་པ་བཞི་དང༌། བརྫུན་(༢༧༤ན)


K8Z003_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་བདུན་ཡང་རེ་རེར་བཞག་སྟེ་སྲོག་ཆགས་ལ་གནོད་པ་དང༌། འདུ་ཤེས་བསྒྱུར་བའི་རང་བཞིན་དུ་གཅིག་པའི་ཕྱིར་རོ། །ལྔ་པ་གོ་རིམ་ངེས་པ་ནི། རྩ་བའི་བཞི་ཆད་པ་ལྕི་བས་དང་པོར་བསྟན་ནོ། །ཆང་དགག་བྱ་ཆེ་བས་ཡན་ལག་དྲུག་གི་དང་པོར་བསྟན་ལ། ལྔ་པོ་དེ་དག་ནི་ཆང་ལ་བལྟོས་ཏེ་དགག་བྱ་ཆུང་བས་དེའི་འོག་ཏུ་བསྟན་ཏོ། །བྱེ་བྲག་ཏུ་རྩ་བ་བཞི་ནི། མི་དགེ་བཅུའི་གོ་རིམ་དང་བསྟན་པའོ། །དྲུག་པ་སྒྲ་བཤད་པ་ནི། སྤྱིར་ན་ལེགས་པར་མ་བྱས་ཉེས་པར་བྱས་པ་སྟེ་ཉེས་བྱས་ཞེས་བྱ་སྟེ། སྤྱི་མིང་བྱེ་བྲག་ལ་བཏགས་པའོ། །བྱེ་བྲག་ཏུ་རྩ་བ་བཞིའི་ཉེས་པ་ལ་ཕམ་པ་དང་འདྲ་བའི་ཉེས་བྱས་ཞེས་བྱ་སྟེ། བྱེད་ལས་ཕམ་པ་དང་འདྲ་ལ། སྡེ་ཚན་ཉེས་བྱས་སུ་གཏོགས་པས་སོ། །བླངས་པ་ལས་འདས་པ་ཕམ་འདྲའི་ཉེས་བྱས་ལས་གཞན་རྣམས་ནི་བཤགས་པར་བྱ་བའི་ཉེས་བྱས་ཞེས་བྱ་སྟེ། བཤགས་ན་འདག་ལ་སྡེ་ཚན་ཉེས་བྱས་སུ་གཏོགས་པའོ། །བདུན་པ་དེ་ལས་འདས་ན་ཅིར་འགྱུར་ཞེ་ན། རྩ་བ་བཞིའི་བཅས་པ་ལས་འདས་ན་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ལ། ཡན་ལག་དྲུག་གི་བཅས་པ་དང་བར་མ་གསུམ་ལས་འདས་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །དེས་ན་འོད་ལྡན་ལས། དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །འོ་ན་དགེ་སློང་ལ་ཕམ་ལྷག་ལ་སོགས་བསྐྱེད་ཀྱང༌། དགེ་ཚུལ་ལ་ཉེས་བྱས་ལས་ཆེ་བ་མི་བསྐྱེད་པའི་རྒྱུ་མཚན་ཅི་ཞེ་ན། ཉེར་སྦས་ཀྱི་ཞལ་ནས། བསྙེན་པར་རྫོགས་པ་དང༌། མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་ཞེས་གསུངས་ལ། དགྲ་བཅོམ་ཟླ་བ་ནོར་བུའི་ཞལ་ནས། ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་གཉིས་ཀྱི་དོན་བསྡུ་ན། རབ་ཏུ་བྱུང་བ་རྣམ་གསུམ་ནི། སྤང་བྱ་ཡོད་ཚད་སྤོང་བ་མ་ཡིན་གྱི། ཐེག་ཚད་(༢༧༤བ)


K8Z003_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བ་ཡིན་པས་བསྟན་པ་ལ་ཞུགས་པ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། དགེ་སློང་ཕ་མ་ལས་གཞན་བསྙེན་པར་མ་རྫོགས་ཤིང༌། ཁྱིམ་པ་ལས་གཞན་དགེ་ཚུལ་ཕ་མ་དང་དགེ་སློབ་མ་སྟེ། རབ་ཏུ་བྱུང་བ་རྣམ་གསུམ་གྱི་ཕྱོགས་མཐུན་ལས་གཞན་ཡང་དག་པར་བླངས་བ་ལས་འདས་པ་ལ་ཡང་ངོ་སྟེ་ཉེས་བྱས་སོ། །ཞེས་སྔ་མར་སྦྱར་ཏེ་ཕམ་པ་དང་འདྲ་བའི་ཉེས་བྱས་དང༌། བཤགས་པར་བྱ་བའི་ཉེས་བྱས་ཅི་རིགས་སུ་བསྐྱེད་དོ། །མདོ་འདི་ནི་གཞུང་ཞུ་བ་ལས། འཆང་བྲལ་ལ་སོགས་གནང་བ་རྣམས་དང༌། ཕྱོགས་མཐུན་རྣམས་མ་གཏོགས་པ་ལྟུང་བ་སྡེ་བཞི་པོ་ཐམས་ཅད་ཀྱི་སྐབས་སུ་དགེ་སློབ་མ་དང༌། དགེ་ཚུལ་མ་རྣམས་ལ་ནི་ཉེས་བྱས་སོ་ཞེས་རེ་རེ་ལ་རེ་རེར་གསུངས་པ་དེ། མདོ་རྩ་བ་འདིར་ཚིག་གཅིག་ཏུ་བསྡུས་པའོ། །འོ་ན་དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་ན། ལུང་འདུལ་བྱེད་ལས། སྡིག་ཅན་གྱི་དགེ་ཚུལ་གསུམ་གྱིས་བུད་མེད་བཟུང་སྟེ། ལམ་ཀུན་ཏུ་མི་ཚངས་པར་སྤྱད་པ་ལས་བཀའ་སྩལ་པ། ཕམ་པར་འགྱུར་རོ། །ཞེས་གསུངས་པ་དང༌། ལུང་རྣམ་འབྱེད་དུ་ཕམ་པའི་སྐབས་ལས། དགེ་སློང་ལ་ཇི་ལྟ་བ་བཞིན་དུ་དགེ་ཚུལ་དང་དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་དང༌། འོད་ལྡན་ལས་ཀྱང༌། དེ་བརླག་འགྱུར་ཞེས་བྱ་བ་ནི་དགེ་ཚུལ་ལས་ཕམ་པ་ཡིན་ཏེ། ཏ་ལའི་མགོ་བཅད་པ་དང་འདྲ་བར་ཕྱིས་སྐྱེ་བའི་སྐལ་བ་མེད་པའི་ཕྱིར། ཞེས་གསུངས་པ་དང་འགལ་ལོ་ཞེ་ན། བྱེད་ལས་ཕམ་པ་དང་འདྲ་བ་ལ་བརྟེན་ནས་ཕམ་པ་ཞེས་བཏགས་པ་སྟེ། ཊཱི་ཀ་ལས། ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཞེས་བཤད་པ་བཞིན་ནོ། །ཀཱ་རི་ཀ་ལས། བྱོལ་སོང་དང་ནི་སེམས་དམྱལ་དང༌། །ཡི་དྭགས་འོན་ཏེ་ལྷ་ཡང་རུང༌། །གསད་ན་ངན་འགྲོར་ལྟུང་བ་ཡི། །སྡིག་པ་སྦོམ་པོ་ཐོབ་པར་འགྱུར། །ཞེས་དགེ་ཚུལ་ལ་(༢༧༥ན)


K8Z003_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སྦོམ་པོ་བསྐྱེད་པར་བཤད་པ་ནི་ལྟུང་བ་ཉེས་བྱས་ལ་མིང་སྦོམ་པོར་བཏགས་པ་ཡིན་པས། དགེ་ཚུལ་གྱི་ལྟུང་བ་ཐམས་ཅད་ཉེས་བྱས་ཡིན་པ་དང་འགལ་བ་མེད་དོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། ཕྱོགས་མཐུན་རྟོགས་པར་སླ་བའི་ཡན་ལག་ཏུ་ཉེས་མེད་དང་པོར་བསྟན་པ་དང༌། ཕྱོགས་མཐུན་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཉེས་པ་མེད་པའི་དབྱེ་བ་དང༌། རྟེན་གང་ལ་ཉེས་མེད་གང་བཞག་པའོ། །དང་པོ་ནི། སོ་སོར་ཐར་པར་བསྙེན་པར་རྫོགས་པ་ལ་ལྟུང་བར་བཅས་པ་ལ་བལྟོས་ནས། རབ་བྱུང་བསྙེན་པར་རྫོགས་པ་ལ་ཉེས་པ་མེད་པ་གཞིར་བྱས་ལ་གནང་བ་བཅུ་གཉིས་ཏེ། བྱེ་བྲག་བཤད་མཚོ་ལས། འཆང་བ་དང་ནི་འབྲལ་བ་དང༌། །དེ་བཞིན་ས་ནི་བརྐོ་བ་དང༌། །རིན་པོ་ཆེ་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང༌། །ལྗོན་ཤིང་བསྐྱེད་དང་ཤིང་གཅོད་དང༌། །བྱིན་ལེན་མ་བྱས་ཟ་བ་དང༌། །རྩྭ་སྔོན་མི་གཙང་འདོར་བ་དང༌། །དེ་བཞིན་གསོག་འཇོག་ཟ་བ་དང༌། །ས་བོན་འཇོམས་དང་བསླབ་པའི་གཞི། །ཞེས་གསུངས་ཏེ། འཆང་བ་ལ་གོས་འཆང་བ་དང༌། ལྷུང་བཟེད་འཆང་བ་གཉིས་སུ་ཕྱེ་བས། གནང་བ་བཅུ་གསུམ་མོ། །དེ་བཞིན་དུ་ཟླ་འཇོག་དང༌། དགོན་པའི་འབྲལ་བ་དང༌། གསོག་འཇོག་བྱེད་པ་དང༌། དགེ་ཚུལ་ནང་ནུབ་ལྷག་པར་ཉལ་བ་དང༌། ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་སྟེ། དེ་རྣམས་ལ་གནང་བ་ཕྱེད་དང་བཅོ་བརྒྱད་ཅེས་གསུངས་སོ། །ཕྱེད་དུ་འཇོག་པ་ནི་ནུབ་ལྷག་པར་ཉལ་བའི་ཕྱེད་གནང་བ་སྟེ། དགེ་ཚུལ་གྱི་ཁྱིམ་པ་ལ་སོགས་པ་དང་ནུབ་ལྷག་པར་ཉལ་བ་ནི་མི་གནང་ལ། དགེ་ཚུལ་གྱིས་དགེ་སློང་གཞན་དང་ནུབ་ལྷག་པར་ཉལ་བ་གནང་བས་ཕྱེད་གནང་བ་ཞེས་བརྗོད་དོ། །ཟླ་འཇོག་གནང་བ་ནི། འཆང་བ་གནང་(༢༧༥བ)


K8Z003_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་རྒྱུ་མཚན་མཚུངས་པའི་ཕྱིར་དང༌། སྤྱིར་བཏང་ལ་རབ་ཏུ་བྱུང་བ་རྣམ་གསུམ་གྱི་ཆོས་གོས་ལ་བྱིན་རླབས་མི་དགོས་པའི་ཕྱིར་རོ། །དགོན་པ་པའི་འབྲལ་བའི་ཉེས་པ་མེད་པ་ནི་ཞག་གཅིག་འབྲལ་བའི་ཉེས་པ་མེད་པའི་རྒྱུ་མཚན་མཚུངས་པའི་ཕྱིར་དང༌། སྔར་བཞིན་ཆོས་གོས་ལ་བྱིན་རླབས་མེད་པའི་ཕྱིར་རོ། །དགེ་ཚུལ་ཕ་མ་ལ་གསོག་འཇོག་ཏུ་འཇོག་པའི་ཉེས་པ་མི་འབྱུང་བ་ནི་གསོག་འཇོག་གི་རྒྱུ་བྱིན་ལེན་མེད་པའི་ཕྱིར་དང༌། གསོག་འཇོག་ཟ་བ་གནང་བའི་ཤུགས་ཀྱིས་གྲུབ་བོ། ། བསླབ་བྱིན་ནང་ཕན་ཚུན་ནུབ་ལྷག་པར་བསྲུང་མི་དགོས་པར་གསུངས་པས། དགེ་ཚུལ་ནང་ཕན་ཚུན་ནུབ་ལྷག་པར་བསྲུང་མི་དགོས་པར་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བའི་ཉེས་པ་མེད་པ་ནི། གནས་དེ་ནས་སོང་ཡང་དགག་བྱ་མེད་ཅིང༌། གནས་དེར་འདུག་ན་དགག་བྱ་དང་ལྡན་པའི་ཕྱིར་རོ། །ཆོས་གོས་ཉི་མ་དང་པོ་ལ་བྱིན་གྱིས་མི་རློབ་པ་དང༌། ཆོས་གོས་ཟླ་བ་ཕྱེད་ཕྱེད་ཅིང་བྱིན་གྱིས་མི་རློབ་པ་དང༌། བསླབ་པ་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་པ་དང༌། རྗེན་པ་འཚེད་པ་དང་བཞིའི་ཉེས་པ་མི་འབྱུང་སྟེ། ཆོས་གོས་བྱིན་གྱིས་མི་རློབ་པ་གཉིས་ནི་སྔར་བཞིན། ཆོས་གོས་ལ་བྱིན་རླབས་མ་གསུངས་པའི་ཕྱིར་དང༌། ཆོས་གོས་ཞག་བཅུ་འཆང་བར་གནང་བའི་ཤུགས་ཀྱིས་གྲུབ་བོ། །བསླབ་པ་ལ་བསླབས་པ་གཞན་བསྙེན་རྫོགས་མི་བྱེད་པའི་ཉེས་པ་མི་འབྱུང་བ་ནི་གཞན་ལ་བསྙེན་རྫོགས་སྦྱིན་པའི་ནུས་པ་མེད་པའི་ཕྱིར་རོ། །རྗེན་པ་འཚེད་པའི་ཉེས་པ་མེད་པར། ཊཱི་ཀ་ལས། རྫས་དེ་བསྙེན་པར་མ་རྫོགས་པས་བསྐོལ་བ་ལ་སོགས་པས་སྦྱར་ཞིང༌། ཚགས་ཀྱིས་བཙག་པར་བྱའོ། །ཞེས་བཤད་པ་དང༌། ཚོད་མ་ལ་སོགས་པ་གང་ཡིན་པའི་ཞལ་ཏ་བྱ་བ་སྟེ། འདིར་གཞན་བྱེད་དུ་གཞུག་པ་ཡིན་གྱི། རང་གིས་ནི་མ་ཡིན་ཏེ། དགེ་སློང་(༢༧༦ན)


K8Z003_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཙོས་པའི་ཉེས་པར་འགྱུར་བའི་ཕྱིར་རོ་ཞེས་ཀྱང་ཊཱི་ཀ་ལས་བཤད་དོ། །འོ་ན་ལུང་ཞུ་བ་ལས། འཆང་བ་གཉིས་དང༌། འབྲལ་བ་གཉིས་དང༌། ཟླ་འཇོག་དང༌། གསོག་འཇོག་བྱེད་པ་དང༌། སྤང་ཟ་དང་བདུན་ལ་དགེ་སློང་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །ཞེས་བཤད་པ་དང་འགལ་ཅེ་ན། དེ་ནི་ལུང་ཡི་གེ་ནོར་བ་སྟེ། ལུང་ཞུ་བ་ཉུང་ཤོས་ལས། འཆང་བ་ལ་སོགས་པ་ཉེས་མེད་དུ་བཤད་པ་དང༌། བྱེ་བྲག་བཤད་མཚོ་ལ་སོགས་པ་བསྟན་བཅོས་རྣམས་ལས་ཉེས་མེད་དུ་བཤད་པའི་གཞུང་གཙོ་བོར་བྱའོ། །གཉིས་པ་རྟེན་གང་ལ་ཉེས་མེད་གང་བཞག་པ་ནི། དགེ་ཚུལ་ཕ་ལ་གནང་བ་ཕྱེད་དང་བཅོ་བརྒྱད་པོ་བཞག་ལ། དགེ་ཚུལ་མ་ལ་དགོན་པའི་འབྲལ་བའི་ཉེས་པ་མེད་ཀྱང་གནང་བའི་ཐ་སྙད་མི་ཐོབ་སྟེ། དགེ་སློང་མ་ལ་དགོན་པའི་འབྲལ་ལྟུང་མེད་པའི་ཕྱིར་རོ། ། དེ་ལྟར་ན་བཅུ་བདུན་གྱི་སྟེང་དུ་འོག་མ་བཞི་སྟེ་ཕྱེད་དང་ཉེར་གཅིག་གོ། །ལག་ཉ་ལ་སོགས་པ་ནི། བསྙེན་རྫོགས་ལས་སོ་ཐར་གྱི་སྡོམ་གྱིས་བསྡུས་པའི་ལྟུང་བ་མ་ཡིན་པས། བསྙེན་པར་མ་རྫོགས་པ་ལ་གནང་བ་མི་བགྲང་ངོ༌། །དགེ་སློབ་མ་ལ་ནི་ཉེར་གཅིག་པོ་དེ་དག་ལས་གསོག་འཇོག་བྱེད་པ་ནི་བསྡམ་བྱར་འགྱུར་ལ། རྗེས་སུ་མཐུན་པའི་ཆོས་དྲུག་དགེ་སློབ་མའི་རྩ་བའི་ཆོས་དྲུག་ལ། གཅིག་པུར་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་བརྒལ་མི་བྱ། །སྐྱེས་པ་དང་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བར་མི་བྱ་ཤིང༌། །ཁ་ན་མ་ཐོ་སྤྱད་མི་བྱ། །ཞེས་སོ། །རྗེས་མཐུན་གྱི་ཆོས་དྲུག་ནི། གསེར་ལ་བཟུང་བར་མི་བྱ་ཞིང༌། །རྩྭ་སྔོན་དག་ཀྱང་བཅད་མི་བྱ། །ས་ནི་བརྐོ་བར་མི་བྱ་ཞིང༌། །བྱིན་ལེན་མ་བྱས་བཟའ་མི་བྱ། །དེ་བཞིན་གསོག་འཇོག་ཟ་མི་བྱ། །ཅེས་སོ། །གི་མདོམས་ཀྱི་སྤུ་བྲེགས་པ་མ་གཏོགས་པ་ལྔ་ནི་བཤགས་བྱའི་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་ན་དྲུག་པོ་དེ་བཀོལ་བའི་(༢༧༦བ)


K8Z003_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ཕྱེད་དང་བཅོ་ལྔའོ། །གཉིས་པ་ཕྱོགས་མཐུན་དངོས་བསྟན་པ་ལ་ལྔ་ལས། དང་པོ་དབྱེ་བ་ནི། གཞིའི་སྒོ་ནས་དབྱེ་ན་བཅུ་སྟེ། བྱེ་བྲག་བཤད་མཚོ་ལས་གསུངས་པ་འོད་ལྡན་དུ་དྲངས་པ་ལས། བླངས་པ་ལ་བརྟེན་རྟགས་དང་ནི། །སློང་སྤྱད་ཉེར་སྤྱད་དགོད་པ་དང༌། །འདོད་དང་གནོད་དང་འགྲོགས་པ་དང༌། །མ་གུས་མི་སྦྱོང་གཞི་ལས་བྱུང༌། །ཞེས་གསུངས་པས་བླངས་པ་ནི་སྡོམ་པ་དང་བར་མ་བླངས་པའོ། །བརྟེན་པ་ནི་དེ་བླངས་པ་ལ་བརྟེན་པའི་ཕྱོགས་མཐུན་པའོ། །རྟགས་ཀྱི་གཞི་ལས་བྱུང་བ་ནི། རབ་བྱུང་གི་རྟགས་ལེན་པར་ཁས་བླངས་པ། དེ་ལས་འདས་པའི་མུ་སྟེགས་ཀྱི་རྟགས་འཆང་བ་དང༌། སྣོད་སྤྱད་རུང་བ་མ་ཡིན་པ་འཆང་བ་ལ་སོགས་པ་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་དང་མཐུན་པའོ། །སློང་བ་ནི་གོས་སློང་བ་ལ་སོགས་པའོ། །སྤྱད་པ་ནི་ཁབ་རལ་ལ་སོགས་བྱེད་པའོ། ། དེ་གཉིས་གསེར་དངུལ་སྤོང་བའི་ཕྱོགས་མཐུན་ནོ། །ཉེར་སྤྱོད་ཅེས་པ་ནི་སྒོག་པ་ཟ་བ་ལ་སོགས་པ་སྟེ། དུས་མ་ཡིན་པར་ཟ་བའི་ཕྱོགས་མཐུན་པའོ། །རྒོད་པ་ནི་རྒྱུག་པ་དང༌། མཆོད་པ་དང༌། ཆུ་ལ་རྩེ་བ་ལ་སོགས་པ་སྟེ། གར་སོགས་ཕྲེང་སོགས་མལ་ཆེ་མཐོའི་ཕྱོགས་མཐུན་ནོ། །འདོད་པ་ན་འབྱིན་པ་ལ་སོགས་པ་དང༌། ཁང་པ་ཁང་ཆེན་ལ་སོགས་པ་སྟེ་མི་ཚངས་སྤྱོད་ཀྱི་ཕྱོགས་མཐུན་དང༌། རབ་ཏུ་བྱུང་བའི་ཕྱོགས་མཐུན་ཀྱང་ཡིན་ནོ། །གནོད་པ་ནི་བརྡེག་ཟས་ལ་སོགས་ཏེ་སྲོག་གཅོད་པའི་ཕྱོགས་མཐུན་ཡིན་ནོ། ། འགྲོགས་པ་ནི་བུད་མེད་དང་ལྷན་ཅིག་ཉལ་བ་དང༌། ལམ་དུ་འགྲོ་བ་ལ་སོགས་ཏེ་མི་ཚངས་པར་སྤྱོད་པའི་ཕྱོགས་དང་མཐུན་པའོ། །ཡང་གནོད་པའི་གཞི་ལས་བྱུང་བ། དབྱེན་ལ་སོགས་པ་དང་འགྲོགས་པའི་གཞི་ལས་བྱུང་བ། གནས་ནས་ཕྱུང་བ་དང་འགྲོགས་པ་སྟེ་སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་མཐུན་ནོ། །མ་གུས་པ་ནི་གང་(༢༧༧ན)


K8Z003_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གཞན་ལ་མ་གུས་པ་སྟེ་མཁན་པོ་ལ་མ་གུས་པའི་ཕྱོགས་མཐུན་ནོ། །མི་སྦྱོང་བའི་གཞི་ནི། གསོ་སྦྱོང་དགག་དབྱེ་མི་བྱེད་པ་དང་གནས་ལ་མི་བསྟེན་པ་སྟེ། སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་མཐུན་ནོ། །གཉིས་པ་བསྡུ་བ་ནི། སྡོམ་པ་ཉམས་པའི་ཕྱོགས་མཐུན་དང༌། བར་མ་ཉམས་པའི་ཕྱོགས་མཐུན་གཉིས་སུ་འདུས་ལ། སོ་སོ་ཉམས་པའི་ཕྱོགས་མཐུན་དང༌། མཐའ་དག་ཉམས་པའི་ཕྱོགས་མཐུན་གཉིས་སུའང་འདུས་སོ། །གསུམ་པ་མཚན་ཉིད་ལ་ཕྱོགས་མཐུན་ལས་འདས་པའི་ཉེས་བྱས་ཀྱི་མཚན་ཉིད་ནི། ཉེས་པ་གང་ཞིག་གཉེན་པོ་ལུས་ངག་གིས་དངོས་སུ་མ་བླངས་པའོ། །བཞི་པ་གང་གི་ཕྱོགས་མཐུན་གང་ཡིན་པ་ནི་འདོད་པའི་གཞི་ལས་བྱུང་བ་ནི་མི་ཚངས་སྤྱོད་ཀྱི་ཕྱོགས་མཐུན་ཡིན་ལ། །གནོད་པའི་གཞི་ལས་བྱུང་བ་ནི་སྲོག་གཅོད་པའི་ཕྱོགས་མཐུན་ཡིན་པ་ལྟ་བུའོ། །ལྔ་པ་དེ་ལས་འདས་ན་ཅིར་འགྱུར་ཞེ་ན། ཡིད་ཀྱི་བསྡམ་བྱར་གྱུར་པའོ། །འདི་ལ་བཤགས་དགོས་ཡན་གྱི་ལྟུང་བ་མི་བསྐྱེད་པའི་རྒྱུ་མཚན་ནི། དེ་དག་སྤོང་བར་ལུས་ངག་གིས་དངོས་སུ་ཁས་མ་བླངས་པའི་ཕྱིར་དང༌། དེ་དག་སྤང་བའི་བར་མའི་དགེ་བ་ཡང་མ་བླངས་པའི་ཕྱིར་རོ། །འོན་ཀྱང་ཉེས་པ་གཏན་མེད་མིན་ཏེ། འོད་ལྡན་ལས། བླངས་པ་ལས་འདས་པ་དང་ཤན་འདྲ་བའི་ཕྱིར་རོ། །ཞེས་བཤད་དོ། །གཉིས་པ་ནི། དངོས་སུ་བླངས་པ་དེའི་ཕྱོགས་དང་མཐུན་པ་ལས་འདས་ཤིང༌། འགལ་བར་བྱས་པ་ལ་ནི་ཡིད་ཀྱིས་བསྡམ་བྱའི་ཉེས་བྱས་སུ་འགྱུར་བའོ། །འདི་ནི་ལུང་ཞུ་བ་ལས། ལྟུང་བ་སྡེ་བཞིའི་ནང་ནས་འབྱིན་རེག་ལ་སོགས་པ་ཕྱོགས་མཐུན་ཀུན་གྱི་སྐབས་སུ་དགེ་སློབ་མ་དང༌། དགེ་ཚུལ་དང༌། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །ཞེས་གསུངས་པས། མདོ་རྩ་བ་འདིར་ཚིག་གཅིག་ཏུ་བསྡུས་པའོ། །ལུང་ལས། ཉེས་བྱས་(༢༧༧བ)


K8Z003_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་སྤྱིར་གསུངས་ཀྱང་ཡིད་ཀྱིའོ། །འདི་ནི་བྱེ་བྲག་བཤད་མཚོ་ལས་ལུང་གི་དགོངས་པ་བཀྲོལ་བའི་རྗེས་སུ་བདག་ཉིད་ཆེན་པོ་ཡོན་ཏན་འོད་ཀྱི་ཞབས་རྗེས་སུ་འབྲངས་ནས་བཤད་པ་ཡིན་ནོ། །དེར་མ་འཐུས་པ་ཕྱོགས་མཐུན་ལས་འདས་ཏེ་དགེ་ཚུལ་གྱིས་སྨྱན་ཕྱེད་པའི་ཁ་ན་མ་ཐོ་བ་ཆོས་ཅན། ངོ་བོ་བཤགས་བྱའི་ཉེས་བྱས་མ་ཡིན་ཏེ། ངོ་བོ་ཡིད་ཀྱིས་བསྡམ་བྱ་འབའ་ཞིག་ཡིན་པའི་ཕྱིར་རོ། །འདི་ནི་ཊཱི་ཀ་ལས། བསྡམ་པར་བྱ་བའི་ཉེས་བྱས་ཡིན་གྱི། བཤགས་པར་བྱ་བའི་ཉེས་བྱས་ནི་མ་ཡིན་ནོ། །ཞེས་སོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། བསླབ་པ་བྱིན་པའི་རང་བཞིན་དང་འདྲ་བའི་དོན་ནོ། །དང་པོ་ནི། མདོ་སྡེ་པ་ལྟར་ན། འདི་ལ་ཕམ་པ་མ་བྱུང་ཡང་སྦོམ་པོ་ལྕི་བ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་ཡིན་ནོ། །སྔ་རབས་པ་ནི་འདི་ལ་ཕམ་པས་སྡོམ་པ་བཏང་བ་གཞི་ནས་སྡོམ་པ་བླངས་ཏེ། སྔར་གྱི་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་ཡིན་ཏེ། བྱེ་བྲག་སྨྲ་བ་ལྟར་ན། འདི་ལ་ཕམ་པ་བྱུང་ཡང་ཕམ་པས་སྡོམ་པ་མི་གཏོང་ཞིང༌། སྡོམ་པ་ཉམས་པར་བྱས་པས་སྡོམ་པ་ཉམས་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ས་གཞན་ན་གནས་པའི་སྤྱོད་པ་བར་མས་བསྡུས་པའི་དགེ་བ། གསོལ་བཞིའི་ལས་ཀྱིས་ཇི་སྲིད་འཚོའི་བར་དུ་བྱིན་པའོ། །འདྲ་བའི་དོན་ལ་བཞི་ལས། དང་པོ་གང་འདྲ་ན། བསླབ་པ་བྱིན་པའི་དགེ་སློང་ཕ་མའོ། །གཉིས་པ་གང་དང་འདྲ་ན། ཕམ་པས་མ་གོས་པའི་རྣམ་པར་དག་པའི་དགེ་སློང་ཕ་མ་དངོས་སོ། །གསུམ་པ་གང་ལ་འདྲ་ན། ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་ལའོ། །བཞི་པ་ཇི་ལྟར་འདྲ་ན། སྤྱིར་བཏང་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ནི། དཔེར་ན་དགེ་སློང་རྣམ་དག་གིས་ལྟུང་བ་སྡེ་ལྔའི་ཉེས་སྤྱོད་ལ་ཞུགས་ན། (༢༧༨ན)


K8Z003_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་སྡེ་ལྔ་རྫོགས་པར་བསྐྱེད་པ་བཞིན་དུ་བསླབ་པ་བྱིན་པས་ཉེས་སྤྱོད་ལ་ཞུགས་ན་ཡང་ལྟུང་བ་སྡེ་ལྔ་རྫོགས་པར་བསྐྱེད་པའོ། །གཉིས་པ་དམིགས་བསལ་ནི། དགྲ་བཅོམ་བདེན་སྨྲ་དང༌། འདུན་པ་ཕྱིར་བསྒྱུར་དང༌། ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་གསུམ་ལ་ནི་མི་འདྲ་སྟེ། དགྲ་བཅོམ་ཐོབ་པ་ན་བསླབ་པ་བྱིན་པ་ལས་གྲོལ་བས་བསླབ་པ་བྱིན་པ་ལ་དགྲ་བཅོམ་ཐོབ་པ་བདེན་སྨྲའི་ལྟུང་བྱེད་བསྐྱེད་པ་མི་སྲིད་ལ། བསླབ་པ་བྱིན་པ་ལས་ཀྱི་ཁ་སྐོང་བར་མི་འོས་པའི་ཕྱིར་ལྟུང་བྱེད་ཕྱི་མ་གཉིས་ཀྱང་མི་བསྐྱེད་དོ། །ཤ་མི་སོགས་སྔ་རབས་པ་རྣམས་ན་རེ། བསླབ་པ་བྱིན་པ་ལ་དགེ་འདུན་གྱི་དབྱེན་བྱེད་པའི་ལྷག་མ་མི་བསྐྱེད་དེ། ལས་ཀྱི་ཁ་སྐོང་བར་མི་འོས་པའི་ཕྱིར་ཟེར་རོ། །འོན་ཀྱང་དགེ་འདུན་གྱི་དབྱེན་ཆགས་པ་དང༌། དགེ་འདུན་དབྱེན་གྱི་སྡིག་པའི་མཚམས་མེད་འབྱུང་བ་ལ། འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་ཡན་ལག་ཏུ་དགོས་པར་གསུངས་ཀྱང༌། དབྱེན་བསྐྱེད་པའི་ལྷག་མ་བསྐྱེད་པ་ལ་འབྱེད་པ་པོ་ལས་ཀྱི་ཁ་སྐོང་བར་འོས་པ་དགོས་པར་ལུང་དང༌། བསྟན་བཅོས་ལས་མ་གསུངས་པས་སྒྲུབ་བྱེད་མེད་ལ། ལུང་ཞུ་བའི་དབྱེན་བྱེད་པའི་ལྷག་མ་ལ་སོགས་བསྒོ་གྱུར་བཞིའི་སྐབས་ལས། དགེ་སློང་ལ་ཇི་ལྟ་བ་བཞིན་དུ་བསླབ་པ་བྱིན་པ་དང༌། དགེ་སློང་མ་རྣམས་ལ་ཡང་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་ལ། ལུང་དེ་ནི་ཞུ་བའི་འགྲེལ་པ་ལས་ཀྱང་བཤད་དོ། །གཉིས་པ་ནི། འཆབ་མེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ། ས་གཞན་ན་གནས་པའི་སྤྱོད་པ་ལ་བསླབ་པ། གསོལ་བཞིའི་ལས་ཀྱིས་བྱིན་པ་སྟེ། དེ་ལྟ་བུའི་བསླབ་པ་བྱིན་པ་ནི་རྟེན་རྣམ་དག་ངེས་བཟུང་དུ་མི་དགོས་པའི་ལྟུང་བ་བསྐྱེད་པའི་རྟེན་ལ་དགེ་སློང་རྣམ་དག་དང་འདྲ་བ་ཉིད་དོ། །དེས་ན་ངག་དོན་(༢༧༨བ)


K8Z003_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱིན་ལེན་གྱི་ཕམ་པའི་ཡན་ལག་ཐམས་ཅད་ཚང་བའི་དབང་དུ་བྱས་ཏེ་མ་བྱིན་པར་ལེན་པ་པོ་དགེ་སློང་བསླབ་པ་བྱིན་པ་རང་མཚན་པ་ནི་ཆོས་ཅན། མ་བྱིན་ལེན་གྱི་ཕམ་པ་འབྱུང་དུ་རུང་སྟེ། མ་བྱིན་ལེན་གྱི་རྒྱུ་ཚོགས་ཚང་བའི་ཕྱིར་རོ། །དམིགས་བསལ་གསུམ་མ་གཏོགས་པ་ལྟུང་བ་སྡེ་ལྔ་པོ་ཐམས་ཅད་བསླབ་པ་བྱིན་པ་ལ་བསྐྱེད་པ་གཞུང་འདིས་བསྟན་ཏོ། །འདི་ནི་ལུང་ཞུ་བར། ཇི་ལྟར་དགེ་སློང་ལ་མཐར་འགྱུར་བ་དེ་བཞིན་བསླབ་པ་བྱིན་པ་ལ་ཡང་མཐར་འགྱུར་རོ། ། ཞེས་ལྟུང་བ་སྟེ་བཞི་པོ་རེ་རེ་ལ་རེ་རེར་གསུངས་པ་མདོ་རྩ་བ་འདིར་ཚིག་གཅིག་ཏུ་བསྡུས་པའོ། །འོ་ན་སྐབས་འདིར་འགྲེལ་པ་ལས། ཇི་ལྟར་དགེ་སློང་གིས་དགེ་སློང་ལ་བརྡེགས་པ་དང༌། གཟས་པ་དང༌། འགྱོད་པ་བསྐྱེད་པ་དང༌། སྐྲོད་པ་ལ་སོགས་པའི་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་པ་དེ་ལ་འགལ་བ་བཞི་ཡོད་དེ། བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ངོ་ཞེས་འབྱུང་བ་དང་འགལ་ཅིང༌། མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་འབྱུང་བ་དང༌། ལུང་ཞུ་བ་ལས། བསྔོས་བསྒྱུར་ལ་སོགས་པ་བཞིའི་སྐབས་སུ་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལ་ལྟུང་བ་ན་སྨད་དུ། གསུངས་པ་བཞི་པོ་འོག་ཏུ་སྟོན་པ་དང༌། ཊཱི་ཀ་ལས། དེས་ཕྲ་མ་བྱས་ན་ཡང་དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་བར་གསུངས་པ་དེ་རྣམས་དང་འགལ་ལོ་ཞེ་ན། འདིའི་ཊཱི་ཀ་ལས། དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང༌། ཞེས་གསུངས་པ་དེ་བསླབ་པ་བྱིན་པའི་དགེ་སློང་གིས་བསླབ་པ་བྱིན་པའི་དགེ་སློང་ལ་དེ་དག་བྱས་ན་ཡང་བསླབ་པ་བྱིན་པའི་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །ཞེས་ཤ་མི་དང་སྦལ་ཏི་ལ་སོགས་པ་རྣམས་(༢༧༩ན)


K8Z003_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཐུན་པར་གསུངས་སོ། །དེ་ལྟར་ན་ཡང་བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ་ཞེས་རྟེན་སྟོན་པའི་སྐབས་སུ། ཊཱི་ཀས་ཡུལ་བསྟན་པས་སྐབས་འཆོལ་བར་འགྱུར་རོ་ཞེ་ན། ཡུལ་ཞར་བྱུང་དུ་བསྟན་པའོ། །འོ་ན་ཡང་ལུང་ཞུ་བ་ལས། བཙུན་པ་དགེ་སློང་གིས་བསླབ་པ་བཙལ་བ་ལ་བརྡེག་ན་ཅིར་འགྱུར། ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་ལ། དེ་བཞིན་དུ་གཟས་པ་དང༌། འགྱོད་པ་བསྐྱེད་པ་དང༌། སྐྲོད་པ་ལ་སོགས་པ་ལྟུང་བ་མང་པོ་རྣམས་ཀྱི་སྐབས་སུ་དགེ་སློང་གིས་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལས་ལྟུང་བྱེད་དུ་གསུངས་པ་དེ་ཇི་ལྟར་ཡིན་ཅེ་ན། དེ་དག་ནི་ཡུལ་རྟེན་གཉིས་ཀ་བསླབ་པ་བྱིན་པ་ཡིན་པའི་དཔའ་འདུ་བྱས་པའོ། །ཞེས་བླ་མ་རྣམས་མཐུན་པར་འཆད་དོ། །གསུམ་པ་ལ། དགེ་སློང་གཞན་ཡུལ་མ་རྫོགས་ལྡན། །བསླབ་བྱིན་ནང་ཡུལ་རྫོགས་ལྡན་བཤད། །དགེ་སློབ་ཡུལ་ལ་རྫོགས་ལྡན་པའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་བཞི་ལས། གང་ལྡན་པ་ནི་བསླབ་པ་བྱིན་པའོ། །གཉིས་པ་གང་དང་ལྡན་པ་ནི། བསྙེན་པར་མ་རྫོགས་པ་དང་ངོ༌། །གསུམ་པ་གང་ལ་ལྡན་པ་ནི། རྟེན་རྣམ་དག་གི་ཡུལ་ལའོ། །བཞི་པ་ཚུལ་ཇི་ལྟར་ལྡན་པ་ལ་མུ་བཞི་ཡོད་པ་ལས། དང་པོ་སེལ་བའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ཡུལ་རྣམ་དག་ཡན་ལག་ཏུ་དགོས་པའི་ལྟུང་བ། བརྡེག་པ་དང༌། གཟས་པ་ལ་སོགས་པ་རྣམས་ནི་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལ་ལྟུང་བ་མི་རྫོགས་ཏེ། ཡུལ་ཕམ་པས་མ་ཉམས་པ་ཡན་ལག་ཏུ་དགོས་པ་ལས། དེ་མ་ཚང་བའི་ཕྱིར་རོ། །དེ་ཡང་ལུང་ཞུ་བ་ལས། བསྔོས་བསྒྱུར་ཚིག་ལ་ཁྱད་དུ་གསོད། །བསླབ་པ་སྤོང་དང་མི་སྨྲ་འགྲོ། །བཞི་ལ་ན་སྨད་དངོས་སུ་གསུངས། །དེ་མཚུངས་གཞན་ལ་མདོར་བསྡུས་སྦྱར། །ཡུལ་དགེ་སློང་(༢༧༩བ)


K8Z003_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྱུར་པ་བཞི་བཅུ་རྩ་དྲུག་གི་ཡུལ་བསླབ་པ་བྱིན་པ་ལ་ནི་ན་སྨད་དོ། །གཞི་མེད་བག་ཙམ་ལྷག་མས་སྐུར་འདེབས་ཕམ་པ་འཆབ་བརྗོད་གཉིས་ཏེ། ལྔ་ནི་ཡུལ་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་དོ། །གཉིས་པ་ཡན་ལག་གི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། འདོན་དང་གནས་ངན་ལེན་དང་ཆོས། །ཞེས་གསུམ་དང༌། ནུབ་ལྷག་པར་ཉལ་བ་དང་བཞི་ནི། ཡུལ་བསྙེན་པར་མ་རྫོགས་པས་བསྐྱེད་པ་བཞི་ཞེས་བྱ་སྟེ། རྟེན་དགེ་སློང་རྣམ་དག་གིས་བཞི་པོ་དེ་དག་གི་ཡུལ་དགེ་སློང་བསླབ་པ་བྱིན་པ་ལ་བྱས་ནས་ཡུལ་བསྙེན་པར་མ་རྫོགས་པ་དང་འདྲ་སྟེ། བཞི་པོ་དེ་དག་གི་ལྟུང་བ་རྫོགས་པར་བསྐྱེད་དོ། །འདིར་མཚོ་སྣ་བ་ཆེན་པོའི་ཞལ་ནས། ཞུ་ཆུང་ནས་གསུངས་བསྟན་བཅོས་མཐུན། །ཞུ་ཆེན་ན་སྨད་སྦྱོར་ལ་དགོངས། །བདེན་སྨྲ་ནུབ་ལྷག་མདོར་བསྡུས་སྦྱར། །ཞེས་བཟུང་ངོ་ཞེས་སོ། །གསུམ་པ་བསྙེན་པར་མ་རྫོགས་པའི་བྱ་བ་འགྲུབ་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ལུང་མ་མོ་ལས། བསླབ་པ་བྱིན་པའི་དགེ་སློང་གིས་རང་བཞིན་དུ་གནས་པའི་བསྙེན་པར་རྫོགས་པ་རྣམས་ལ་བྱིན་ལེན་བྱོས་ཤིག །ཅེས་གསུངས་པ་དང༌། ཊཱི་ཀ་ལས། དེས་རེག་ན་ཡང་བྱིན་ལེན་འཇིག་པ་དང། ཞེས་གསུངས་པ་ལྟ་བུའོ། །བཞི་པ་བསྙེན་རྫོགས་རྣམ་དག་གི་བྱ་བ་མི་འགྲུབ་པའི་སྒོ་ནས་བསྙེན་པར་མ་རྫོགས་པ་དང་ལྡན་པ་ནི། ལས་ཀྱི་ཁ་སྐོང་ལ་སོགས་པ་རྣམ་དག་གི་བྱ་བ་རྣམས་ནི། བསླབ་པ་བྱིན་པས་མི་འགྲུབ་སྟེ། ཆོ་ག་ཁྱད་པར་ཅན་ལས་ཉམས་པའི་ཕྱིར་རོ། །ལུང་ཞུ་བ་ལས། གནས་མལ་དང༌། གདིང་བ་སྡུད་པ་བཅོལ་བྱའི་ཡུལ་དང༌། ཕྱི་དྲོ་གྲོང་དུ་རྒྱུ་བ་བརྗོད་བྱའི་ཡུལ་དང་གསུམ་ལ་ཡུལ་བསླབ་པ་བྱིན་པས་གོ་མི་ཆོད་པར་བཤད་དེ། ཆོས་གོས་བྱིན་གྱིས་བརླབས་པའི་ཡུལ་ལ་སོགས་པ་མདོར་བསྡུས་(༢༨༠ན)


K8Z003_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་རོ། །གཉིས་པ་ནི། དགེ་སློང་བསླབ་པ་བྱིན་པ་དེས་དགེ་སློང་རྣམ་དག་གི་ཡུལ་ལ་བསྙེན་པར་མ་རྫོགས་པ་དགེ་ཚུལ་ལ་སོགས་དང་ལྡན་པའམ་འདྲ་བ་ཉིད་ཀྱང་ཡིན་ནོ། །དེ་ཡང་སེལ་བའི་སྒོ་ནས་འདྲ་བ་དང༌། ཡན་ལག་གི་སྒོ་ནས་འདྲ་བའོ། །ཀྱང་ཞེས་པ་ནི་ལྟུང་བ་བསྐྱེད་པའི་རྟེན་ལ་དགེ་སློང་རྣམ་དག་འདྲ་བར་མ་ཟད་ཅེས་པའོ། །གཉིས་པ་ནི། བསླབ་པ་བྱིན་པ་དེ་ལ་བསླབ་པ་བྱིན་པ་གཞན་ནི་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ཏེ། ཊཱི་ཀ་ལས། རང་བཞིན་དང་འདྲ་བའི་ཕྱིར་རོ། །ཞེས་སོ། །དེ་ཡང་བསྙེན་པར་མ་རྫོགས་པ་དང་མི་ལྡན་པ་འདི་ལ་མུ་བཞི་ཡོད་པ་ལས། རྟེན་དགེ་སློང་བསླབ་པ་བྱིན་པས་བརྡེག་པ་ལ་སོགས་པའི་ཡུལ་དགེ་སློང་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བ་རྫོགས་པར་བསྐྱེད་དེ། ལུང་ཞུ་བ་ལས། བཙུན་པ་དགེ་སློང་གིས་བསླབ་པ་བཙལ་བ་ལ་བརྡེག་ན་ཅིར་འགྱུར། ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་ཏེ། བསླབ་པ་བྱིན་པའི་དགེ་སློང་གིས་ཞེས་དགོངས་སོ་ཞེས་བླ་མ་རྣམས་མཐུན་པར་གསུངས་སོ། །དེ་བཞིན་དུ་བརྡེག་པ་དང༌། གཟས་པ་དང༌། འགྱོད་པ་བསྐྱེད་པ་དང༌། སྐྲོད་པ་ལ་སོགས་པ་མང་པོ་ཞིག་གི་ཡུལ་བསླབ་པ་བྱིན་པ་ལས་ལྟུང་བྱེད་བསྐྱེད་པར་ལུང་ལས་གསུངས་སོ། །གཉིས་པ་རྟེན་དགེ་སློང་བསླབ་པ་བྱིན་པས་དགེ་སློང་བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ལས་འདོན་པ་དང༌། ནུབ་ལྷག་པར་ཉལ་བ་ལ་སོགས་པའི་ལྟུང་བ་གང་ཡང་མི་འབྱུང་ངོ༌། །གསུམ་པ་བསྙེན་པར་མ་རྫོགས་པའི་བྱ་བ་མི་འགྲུབ་པ་ནི་དགེ་སློང་བསླབ་པ་བྱིན་པ་ལ་དགེ་སློང་བསླབ་པ་བྱིན་པས་ཕྱིན་ལེན་སྟོབ་པའི་གོ་མི་ཆོད་པ་ལ་སོགས་པ་དང༌། བཞི་པ་བསྙེན་པར་རྫོགས་པའི་བྱ་བ་འགྲུབ་པ་ནི། བསླབ་པ་བྱིན་པའི་དགེ་སློང་གིས་ཆོས་གོས་བྱིན་གྱིས་རློབ་པའི་ཡུལ་གཞན་མེད་ན་ཡུལ་(༢༨༠བ)


K8Z003_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་བྱིན་པས་ཀྱང་གོ་ཆོད་པ་ལྟ་བུ་སྟེ། ཕྱི་མ་མུ་གསུམ་པོ་འདི་དག་ནི་ལུང་གི་མདོར་བསྡུས་སོ། །གསུམ་པ་ནི། ལྟུང་བའི་རྟེན་དགེ་སློབ་མ་ལ་ཡང་ཡུལ་དགེ་སློང་བསླབ་པ་བྱིན་པ་མོ་དེ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མ་ཡིན་ཏེ། བསྙེན་པར་རྫོགས་པ་དང་ལྡན་པ་ཉིད་ཡིན་ནོ། །འདི་ནི་ལུང་ཞུ་བ་ལས། དགེ་སློབ་མ་ལ་རྒྱུ་དུས་སུ་གསོག་འཇོག་བགྱིས་པར་འགྱུར་བ་ལྔ་སྟེ། ལྔ་གང་ཞེ་ནདཔེ་ལ་ལར་དགེ་སློང་མ་ཟེར་བ་དག་གོ། །། དགེ་སློབ་མ་བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང༌། དགེ་སློབ་མ་གཞན་གྱིས་གསོག་འཇོག་བྱས་པ་དང༌། དགེ་སློབ་མ་བསླབ་པ་བྱིན་པ་མོས་གསོག་འཇོག་བྱས་པ་དང༌། དགེ་སློང་མས་གསོག་འཇོག་བྱས་པ་དང༌། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ། །ཞེས་གསུངས་ལ། མདོ་རྩ་བ་ལས་ཀྱང༌། གསོག་འཇོག་དང་བྱིན་ལེན་ལྟ་བུ་ལ་མཆོག་དང་མཆོག་མ་ཡིན་པ་ཆོ་ག་གཅིག་པར་གསུངས་སོ། །དེ་ཡང་འདི་ལ་མུ་བཞི་ཡོད་དེ། སྐུར་བ་འདེབས་པ་ལྟ་བུ་ཡུལ་རྣམ་དག་ལ་བརྟེན་ནས་ལྟུང་བ་བསྐྱེད་པ་རྣམས་ཡུལ་བསླབ་པ་བྱིན་པ་ལས་ཀྱང་ལྟུང་བ་བསྐྱེད་པ་དང༌། གཞན་གྱིས་གནས་ངན་ལེན་བརྗོད་པ་དང༌། བདེན་སྨྲ་ལྟ་བུ་ཡུལ་བསྙེན་པར་མ་རྫོགས་པ་ལས་ལྟུང་བ་བསྐྱེད་པ་རྣམས་ཡུལ་དགེ་སློང་མ་བསླབ་པ་བྱིན་པ་ལས་ལྟུང་བ་མི་བསྐྱེད་པ་དང༌། བྱིན་ལེན་ལ་སོགས་པ་བསྙེན་པར་མ་རྫོགས་པའི་བྱ་བ་རྣམས་དགེ་སློང་མ་བསླབ་པ་བྱིན་པ་མོ་དེས་གོ་མི་ཆོད་པ་དང༌། དུས་མ་ཡིན་པར་གྲོང་དུ་འགྲོ་བ་སྨྲ་བའི་ཡུལ་ལ་སོགས་པ་ཡུལ་བསྙེན་པར་རྫོགས་པའི་བྱ་བ་རྣམས་ནི། ཡུལ་དགེ་སློང་མ་བསླབ་པ་བྱིན་པ་དེས་ཀྱང་གོ་ཆོད་པའོ། །གཉིས་པ་ནི། སྐབས་སུ་ལུས་ཀྱི་ཡན་ལག་གི་ཆ་ནས་གཏན་ལ་འབེབས་པ་དང༌། སྐབས་དོན་བསམ་པའི་ཡན་ལག་གི་ཆ་ནས་གཏན་ལ་དབབ་པའོ། །(༢༨༡ན)


K8Z003_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། ཕམ་ལྷག་གི་དང་པོ་གཉིས་དང༌། མ་བྱིན་ལེན་དང༌། སྲོག་གཅོད་མི་གསོད་འདེབས་སྤྱོད་དུད་འགྲོ་གསོད་པའི་ལྟུང་བ་བཞི་སྟེ། ལྟུང་བ་བདུན་གྱི་དབང་དུ་བྱས་ནས་བདག་ཉིད་དུད་འགྲོར་སྤྲུལ་པ་ལྟ་བུ་སྟེ། དགེ་སློང་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན། དགེ་སློང་གི་འདུ་ཤེས་ཡོད་པ་ལ་འདྲ་བ་ཉིད་དོ་ཞེས་སྔ་མར་སྦྱར་རོ། །དེ་ཡང་ལུང་ཞུ་བ་ལས། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་ཉིད་བྱོལ་སོང་དུ་བསྒྱུར་ཏེ། མི་ཚངས་པར་སྤྱོད་པ་བགྱིས་ན་ཅིར་འགྱུར་ཏེ། དགེ་སློང་དུ་འདུ་ཤེས་ཡོད་ན་འཁྲིག་པར་སྦྱོར་བ་བྱས་པ་ཡིན་པས་མཐར་འགྱུར་རོ། །དེ་སྟེ་དགེ་སློང་དུ་འདུ་ཤེས་མེད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་ཤིང༌། དེ་བཞིན་དུ་སྲོག་གཅོད་པའི་ལྟུང་བ་བཞི་ལའང་དངོས་སུ་གསུངས་ཏེ། དེའི་ཕྱིར་མཚོ་སྣ་བ་ཆེན་པོས། མི་ཚངས་སྤྱོད་དང་སྲོག་གཅོད་བཞིའི། །ལྟུང་བ་རྫོགས་གསུངས་མདོ་འདིར་བསྡུས། །རྐུ་དང་འབྱིན་ལ་མདོར་བསྡུས་སྦྱར། །ཞེས་སོ། །སྐབས་འདིར་བོད་ཀྱི་འདུལ་འཛིན་སྔ་རབས་པ་ཁ་ཅིག་ན་རེ། དགེ་སློང་བདག་ཉིད་གཟུགས་གཞན་དུ་སྤྲུལ་པས་བྱས་ན་ལྟུང་བ་རྫོགས་པ་འདི་ནི་ལྟུང་བ་ཐམས་ཅད་ལ་སྦྱར་ཏེ། བམ་པོ་ལྔ་བཅུ་པ་ལས། ཕམ་ལྷག་བཅུ་བདུན་དང༌། སྤང་ལྟུང་དང་པོ་དང༌། ལྟུང་བྱེད་འབའ་ཞིག་པ་དང་པོ་དང༌། སོ་སོར་བཤགས་པར་བྱ་བ་དང་པོའི་སྐབས་སུ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན། དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ་ཞེས་བཤད་པས་ཤེས་ཞེས་ཟེར་རོ། །དེ་ལྟར་བམ་པོ་ལྔ་བཅུ་པ་ལས་བཤད་པ་དེ་མི་རིགས་པས་སྒྲུབ་བྱེད་དུ་མི་འགྱུར་ཏེ། སྦྱོར་བ་རྫུ་འཕྲུལ་གྱིས་བྱས་ན་སྐབས་འདིར་ལྟུང་བ་རྫོགས་པ་འདི་ལྟུང་བ་ཐམས་ཅད་ལ་སྦྱར་བར་མི་རིགས་ཏེ། ལུང་ལས། སྦྱོར་བ་རྫུ་འཕྲུལ་གྱིས་བྱས་ན་བལ་ཁུར་བ་ལས་སོགས་བཞིའི་(༢༨༡བ)


K8Z003_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་ན་སྨད་དུ་གསུངས་པ་དང༌། བདག་ཉིད་ཀྱི་ལུས་མི་སྣང་བར་བྱས་ན་ཕམ་བརྫུན་ལ་སོགས་པ་བཞི་བཅུའི་སྐབས་སུ་ལྟུང་བ་ན་སྨད་དུ་གསུངས་པའི་གནད་དང་འགལ་བས་སོ། །དེ་ཡང་ལུང་ཞུ་བ་ལས་གསུངས་པ། མཚོ་སྣ་པ་ཆེན་པོས་བསྡུས་པའི་སྡོམ་ནི། བལ་ཁུར་སྐྱེ་བ་གཅོད་པ་དང༌། །དོན་མཐུན་དང་ནི་སྦེད་དང་བཞི། །རྫུ་འཕྲུལ་གྱིས་བྱས་ན་སྨད་གསུངས། །ཞེས་སོ། ། ལུས་མི་སྣང་བར་བྱས་པའི་དབང་དུ་བྱས་ནས་ཞུ་བ་ལས་གསུངས་པ་རྣམས་མཚོ་སྣ་བ་ཆེན་པོས་བསྡུས་པའི་སྡོམ་ནི། ཕམ་བརྫུན་འཁྲིག་ཚིག་བསྙེན་བཀུར་དང༌། །གཞི་མེད་བག་ཙམ་བལ་ཁུར་དང༌། །བདེན་སྨྲ་དོན་མཐུན་གྲུ་དབྱེན་གཉིས། །འདུག་གནས་འདུག་ཟ་ཉལ་ཤམ་གཉིས། །གཅེར་བུ་བརྡེག་གཟས་ནུབ་ལྷག་དང༌། །སྨྲ་དང་བསྙིལ་སྡུད་འགྱོད་བསྐྱེད་དང༌། །རྩེ་དང་ལྷན་ཅིག་སྔངས་བྱེད་སྦེད། །གཞི་མེད་སྐྱེས་མེད་རྐུ་དང་ཉན། །མི་སྨྲ་མ་གུས་དུས་མིན་འགྲོ། །ཟས་བཅས་སྐྱ་རེངས་དག་དོད་དང༌། །སོ་སོར་བཤགས་བྱ་བཞི་རྣམས་ཏེ། །དེ་ལྟར་ལྟུང་བ་བཞི་བཅུ་ལ། །ལུས་མི་སྣང་བྱས་ན་སྨད་གསུངས། །ཞེས་སོ། །དེ་ལྟར་ན་སྔར་བཤད་པའི་ལྟུང་བ་བདུན་པོ་མ་གཏོགས་པ་ལྟུང་བ་གཞན་རྣམས་ལ་ནི་ལྟུང་བ་འབྱིན་པ་པོ་བདག་ཉིད་ཀྱི་ལུས་ཐ་མལ་དུ་གནས་པ་ཡན་ལག་ཏུ་དགོས་སོ། ། སེལ་བ་ནི་བདག་ཉིད་གཟུགས་གཞན་དུ་སྤྲུལ་པའམ། བདག་ཉིད་ཀྱི་ལུས་མི་སྣང་བར་བྱས་ཏེ། ལྟུང་བ་ལ་སྦྱོར་ན་རང་རང་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། ལུང་གོང་དུ་དྲངས་མ་ཐག་པ་དེའོ། །རིགས་པས་ཀྱང་འཐད་དེ། བདག་ཉིད་གཟུགས་གཞན་དུ་སྤྲུལ་པའམ། བདག་ཉིད་ཀྱི་ལུས་མི་སྣང་བར་བྱས་ན་ལུས་ཀྱི་ཐ་སྙད་ལས་རང་རང་གི་དབང་དུ་བྱ་བའི་དགག་བྱ་མི་རྫོགས་པའི་ཕྱིར་རོ་ཞེས་ཤ་ལུགས་པ་རྣམས་དང་མཐུན་པར་(༢༨༢ན)


K8Z003_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། ། གཉིས་པ་སྐབས་དོན་བསམ་པའི་ཡན་ལག་གི་ཆ་ནས་གཏན་ལ་དབབ་པ་ལ་གཉིས་ཏེ། གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པའོ། །དང་པོ་ནི། །སྐབས་འདིར་སྣེ་ཕོ་ན་རེ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་ཞེས་པའི་མདོ་འདིས་ཤེས་པ་རང་བཞིན་དུ་གནས་པའི་ཡན་ལག་མ་བསྟན་གྱི། བསླབ་པའི་ཡན་ལག་འདུ་ཤེས་གཙོ་བོར་བསྟན་ཏེ། རང་ཉིད་ལ་བསླབ་པ་ཡོད་པ་ལ་ཡོད་པར་འདུ་ཤེས་ཏེ་ཉེས་པ་ལ་ཞུགས་ན་ལྟུང་བ་དངོས་གཞི་འབྱུང་གི། རང་ལ་སྡོམ་པ་ཡོད་པ་བརྗེད་པའམ་མེད་པར་འདུ་ཤེས་འཁྲུལ་ཏེ་ཞུགས་ན་ལྟུང་བ་དངོས་གཞི་མི་འབྱུང་སྟེ། འདི་ཉིད་ལས། དགེ་སློང་གི་འདུ་ཤེས་ཡོད་ན་དངོས་གཞི་མེད་ན་ན་སྨད་དོ། །ཞེས་གསུངས་པ་དང༌། ལུང་ཞུ་བ་ལས། དགེ་སློང་བདག་ཉིད་བྱོལ་སོང་དུ་བསྒྱུར་ཏེ་མི་ཚངས་པར་སྤྱོད་པ་བགྱིས་ན་དགེ་སློང་དུ་འདུ་ཤེས་ཡོད་ན་འཁྲིག་པར་སྦྱོར་བ་བྱས་པ་ཡིན་པས་མཐར་འགྱུར་རོ། །དེ་སྟེ་དགེ་སློང་དུ་འདུ་ཤེས་མེད་ན་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང༌། འོད་ལྡན་ལས། སྡོམ་བརྩོན་སྡོམ་བརྩོན་ཉིད་དུ་འདུ་ཤེས་ན། །དངོས་གཞིའོ་མིན་ན་ལྟུང་བ་ཆུང་དང་ལྡན། །ཅེས་འབྱུང་བས་སོ་ཞེས་ཟེར་རོ། །དེ་དགག་པ་ལ་གཉིས་ལས། དང་པོ་གནོད་བྱེད་བརྗོད་པ་ནི། ལུང་འདུལ་བྱེད་དང་འདི་ཉིད་ལས། བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ཡང་ན་སྨད་པ་མེད་དོ། །ཞེས་གསུངས་པ་དང་འགལ་ལོ། །དེ་ནི་གསོར་རུང་དུ་ཉམས་པའོ་སྙམ་པའི་བསམ་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཊཱི་ཀ་ལས། བདག་ནི་ཞིག་པའོ་ཞེས་བཤད་པས་སོ། །ཡང་ཁྱོད་ཀྱི་བདག་ནི་ཉམས་པའོ་སྙམ་པའི་བསམ་པ་ཅན་ལ་ཞེས་པ་དེ་ཕམ་པ་དང་པོའི་སྐབས་ནས་བཤད་པས་ཕམ་པ་དང་པོའི་སྐབས་སུ་བསླབ་པའི་ཡན་ལག་དངོས་པོ་གཙོ་(༢༨༢བ)


K8Z003_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། ལྟུང་བ་གཞན་རྣམས་ལ་བསླབ་པའི་ཡན་ལག་འདུ་ཤེས་གཙོ་སྟེ། འདི་ཉིད་ལས། དགེ་སློང་གི་འདུ་ཤེས་ཡོད་ན་དངོས་གཞི་མེད་ན་ན་སྨད་དོ། །ཞེས་པ་དང༌། ལུང་ཞུ་བ་དང་འོད་ལྡན་ལས་ཀྱང་དེ་ལྟར་བཤད་པས་ཤེས་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཁྱེད་ཀྱི་བསླབ་པའི་ཡན་ལག་འདུ་ཤེས་གཙོ་བོའི་གཞུང་དུ་དྲངས་པ་དེ་རྣམས་ལུང་ལས། མི་ཚངས་སྤྱོད་ལ་གསུངས་པ་བསྡུས་པ་ཡིན་ལ། ལྟུང་བ་གཞན་གྱི་གཞུང་དུ་མི་རུང་ངོ༌། །གཉིས་པ་སྒྲུབ་བྱེད་གཞིག་པ་ནི། ཁྱེད་ཀྱིས་ཁུངས་སུ་དྲངས་པའི་གཞུང་དེ་རྣམས་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན། དགེ་སློང་གི་འདུ་ཤེས་ཡོད་པས་མཚོན་ནས་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཏུ་དགོས་པར་བསྟན་པ་ཡིན་གྱི། བསླབ་པའི་ཡན་ལག་འདུ་ཤེས་གཙོ་བོར་བསྟན་པ་མ་ཡིན་ཏེ། སྔར་གྱི་གནོད་བྱེད་དམིགས་པས་སོ། །གཉིས་པ་རང་ལུགས་བཞག་པ་ནི། སྔར་བཤད་པ་ལྟར་ལྟུང་བ་བདུན་གྱི་དབང་དུ་བྱས་ནས། དགེ་སློང་སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ། འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ན། བདག་ཉིད་ལ་དགེ་སློང་གི་འདུ་ཤེས་ཡོད་པ་ལ་ཡང་ངོ་ཞེས། ཡང་སྒྲ་ཤེས་པ་རང་བཞིན་དུ་གནས་པ་འདྲ་བ་ཉིད་དོ་ཞེས་སྔ་མར་སྦྱར་ཏེ། དགེ་སློང་གཞན་དང་འདྲ་བར་མི་ཚངས་པར་སྤྱོད་པ་ལ་སོགས་པའི་ལྟུང་བ་རྫོགས་པར་བསྐྱེད་པའོ། །དགེ་སློང་གིས་སྤྲུལ་སྟག་ཏུ་བསྒྱུར་བས། མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱེད་ན་དགེ་སློང་གི་འདུ་ཤེས་ཡོད་ཅིང༌། ཤེས་པ་རང་བཞིན་དུ་གནས་པའི་ཚེ་སྦྱོར་བ་བྱས་ནས་མཐར་ཐུག་གི་ཚེ་ན་དགེ་སློང་གི་འདུ་ཤེས་མེད་ཅིང༌། ལུས་སྤྲུལ་སྟག་ཏུ་བསྒྱུར་བས་སེམས་ཀྱང་སྟག་གི་བསམ་པ་ལྟ་བུར་གྱུར་ཅིང༌། ཤེས་པ་རང་བཞིན་དུ་མི་གནས་ན་ནི། སྦྱོར་བའི་ཚེ་ན་ལྟུང་བ་ན་སྨད་པ་ཉིད་དོ། །མཐར་ཐུག་གི་ལྟུང་(༢༨༣ན)


K8Z003_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མེད་དོ། །ཊཱི་ཀ་ལས། སྦྱོར་བ་ཙམ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི། ཞེས་བཤད་ཅིང༌། བམ་པོ་ལྔ་བཅུ་པ་ལས་ཀྱང༌། སྦྱོར་བ་ཙམ་ཁོ་ན་ལ་ན་སྨད་པ་འདིར་འགྱུར་གྱི། དངོས་གཞི་ཉིད་དུ་ནི་མི་འགྱུར་ཏེ། སྨྱོས་པ་དང༌། སེམས་འཁྲུགས་པ་དང༌། ཚོར་བ་དག་གིས་ཉེན་པ་ལ་སོགས་པ་རང་བཞིན་ཉམས་པ་ལ་ལྟུང་བ་མེད་པའི་ཕྱིར་རོ། །ཞེས་བཤད་དོ། །ལ་སོགས་པ་ཞེས་པ་ནི། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་དགེ་སློང་གི་འདུ་ཤེས་ཉམས་པ་ལྟ་བུའོ། །དེ་ལས་སྤྲོས་ཏེ་སྐབས་འདིར་བསམ་པའི་ཡན་ལག་གཏན་ལ་དབབ་པ་ལ་བཞི་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི་ལྟུང་བ་སྡེ་ལྔ་ཐམས་ཅད་ལ་སྦྱར་རོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ལྟུང་བ་བསྐྱེད་པའི་རྟེན་བདག་ཉིད་ཤེས་པ་རང་བཞིན་དུ་གནས་པའོ། །གསུམ་པ་སེལ་བ་ནི། དེ་ལས་བཟློག་པའོ། །དེ་ལ་དབྱེ་ན་བརྒྱད་དེ། སྨྱོ་བ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་དང༌། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན། དགེ་སློང་གི་འདུ་ཤེས་མེད་པ་སྟེ། ཤེས་པ་རང་བཞིན་དུ་མི་གནས་པ་གཙོ་བོ་བཞི་དང༌། གཙོ་བོ་མ་ཡིན་པ་བཞི་སྟེ། གཉིད་ལོག་པ་དང༌། ཆང་ཁྱད་པར་ཅན་ནམ་ཐང་ཕྲོམ་ལྟ་བུའི་རྫས་ཀྱིས་མྱོས་ཏེ་ཤེས་པ་རང་དབང་མེད་པ་དང༌། སྙོམས་པར་ཞུགས་པ་དང་བརྒྱལ་བར་གྱུར་པའོ། །དེ་ཡང་ལུང་ཞུ་བ་ལས། གཉིད་ལོག་ར་རོ་རྫས་ཀྱིས་མྱོས། །སྙོམས་ཞུགས་འགྲོ་བ་ཐ་མའོ། །ཞེས་ལྟུང་བ་བསྐྱེད་པའི་ཡུལ་ལ་བཤད་པའི་གནད་ཀྱིས་སྦྱར་བ་དང༌། འདི་ཉིད་ལས། ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ཉིད། ཅེས་པའི་གནད་ཀྱིས་སོ། །བཞི་པ་ཅིར་འགྱུར་ལ་གསུམ་ལས། དང་པོ་སྦྱོར་བ་དང༌། མཐར་ཐུག་གཉིས་ཀའི་ཚེ་ན་བདག་ཉིད་ཤེས་པ་རང་(༢༨༣བ)


K8Z003_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མི་གནས་ན་ཅིར་འགྱུར་ཞེ་ན། ལྟུང་བ་མེད་དེ། ཐ་སྙད་དུ་རུང་བའི་འདུ་ཤེས་ལས་ཉམས་པ་ཉིད་ལ་ནི་ཞེས་པ་དང༌། རྨི་ལམ་ནི་མེད་པ་དང་འདྲ་ཞེས་གསུངས་པས་སོ། །གཉིས་པ་དགེ་སློང་ཤེས་པ་རང་བཞིན་དུ་མི་གནས་པས་སྦྱོར་བ་བྱས་ནས་རང་བཞིན་དུ་གནས་པར་གྱུར་པ་ན་མཐར་ཐུག་གྲུབ་ན་ཅིར་འགྱུར་ཞེ་ན། བུད་མེད་ལ་རེག་པ་ལྟ་བུ་ལ་ནི་མཐར་ཐུག་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། བཅས་པའི་རྟེན་ཅན་རང་བཞིན་དུ་གནས་པ་དེ་ལ་སྦྱོར་བ་མ་རྫོགས་པས་མཐར་ཐུག་གྲུབ་པ་ཡོད་པའི་ཕྱིར་རོ་ཞེས་གསུངས་སོ། །གསུམ་པ་དགེ་སློང་ཤེས་པ་རང་བཞིན་དུ་གནས་པས་སྦྱོར་བ་བྱས་ནས་རང་བཞིན་དུ་མི་གནས་པར་གྱུར་པ་ན་མཐར་ཐུག་གྲུབ་ན་ཅིར་འགྱུར་ལ་གཉིས་ལས། དང་པོ་ནི། སྦྱོར་བ་རང་བཞིན་དུ་གནས་པས་བྱས་ནས། མཐར་ཐུག་གྲུབ་པའི་ཚེ་སྨྱོ་བ་ལ་སོགས་པ་གཙོ་བོའི་སེལ་བ་གཞིར་གྱུར་ན་ནི་སྦྱོར་བ་རང་གི་སྦྱོར་ལྟུང་གང་ཡོད་དེ་ཉིད་འབྱུང་ལ། མཐར་ཐུག་གི་ལྟུང་བ་མེད་དེ། ལུང་ལས། སྨྱོ་བ་ལ་སོགས་པ་ལ་ལྟུང་བ་མེད་དོ། །ཞེས་སོ། །གཉིས་པ་སྦྱོར་བ་རང་བཞིན་དུ་གནས་པས་བྱས་ནས་མཐར་ཐུག་གྲུབ་པ་ན་གཉིད་ལ་སོགས་པ་གཙོ་བོ་མ་ཡིན་པ་གཞིར་གྱུར་ན་ནི་ལྟུང་བ་རྫོགས་པར་བསྐྱེད་པ་ཡོད་དེ། ཞག་འདས་པ་དང་འབྲེལ་བ་རྣམས་ཀྱི་སྦྱོར་བ་རང་བཞིན་དུ་གནས་པས་བྱས་ནས་གཉིད་ལོག་པ་ལ་སོགས་པ་ན་མཐར་ཐུག་གྲུབ་ན་དངོས་གཞི་བསྐྱེད་པར་ནུབ་ལྷག་པར་ཉལ་བའི་སྐབས་ཀྱི་ཊཱི་ཀ་ལས་བཤད་ཅིང༌། འདི་ཉིད་ལས། བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །ཞེས་བཤད་པ་དང༌། གཏམ་གྱི་གཞི་ལས། སྙོམས་པར་འཇུག་པ་ན་བདག་གི་ཁང་པ་རྩིགས་ཤིག་ཅེས་བསྒོ་ནས་སྙོམས་པར་ཞུགས་པའི་ཚེ་ཁང་པ་ཟིན་པར་གྱུར་ན་དགེ་འདུན་ལྷག་མར་འགྱུར་རོ། །(༢༨༤ན)


K8Z003_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །གསུམ་པ་ལ། སེལ་སྒོ་ཚིག་གི་ཡན་ལག་བསྟན། །རྫས་ཁྱད་ལས་གྱུར་ཞར་བྱུང་བརྗོད། ། དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། ། དང་པོ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བའོ། །དེ་ལ་གཉིས་ལས། དང་པོ་གཞན་ལུགས་དགག་པ་ནི། རྩིས་པ་ན་རེ། སྦྱོར་བ་རྒྱུན་ལྡན་དང༌། རྒྱུན་མི་ལྡན་གཉིས་ལས། སྦྱོར་བ་རྒྱུན་མི་ལྡན་ལ། ཚིགས་ཀྱི་ཁྱབ་པ་མི་སྦྱོར་ཏེ། ཚིགས་ཀྱི་སེལ་བ་མི་སྲིད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། སྦྱོར་བ་རྒྱུན་མི་ལྡན་ལ་ཚིགས་ཀྱི་སེལ་བ་མི་སྲིད་པའི་ཕྱིར་ཞེས་པ་སྤྱི་ཚིགས་ཀྱི་སེལ་བ་མི་སྲིད་པའི་ཕྱིར། དང་པོ་ལྟར་ན་རྟགས་མ་གྲུབ་སྟེ། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་བུད་མེད་ལ་རེག་པར་བཤམས་པ་ལ། བསྙེན་པར་རྫོགས་པས་རེག་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ལ་སོགས་པ་སྟེ། རེག་པ་ལ་སོགས་པ་སྦྱོར་བ་རྒྱུན་མི་ལྡན་ལ་ཚིགས་ཀྱི་སེལ་བ་སྦྱར་བའི་ཕྱིར་རོ། །སྦྱོར་བ་རྒྱུན་མི་ལྡན་རྣམས་ཀྱི་ཡང་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ནི་སྦྱོར་བ་དང་མཐར་ཐུག་གི་དུས་ན་བསླབ་པའི་ཚིགས་གཅིག་པའི་ཡན་ལག་ཚང་བས་ཁྱབ་པས་སྦྱོར་བ་རྒྱུན་མི་ལྡན་ལ་ཚིགས་གཅིག་པའི་ཡན་ལག་གི་ཁྱབ་པ་མི་སྦྱོར་བ་མི་རིགས་སོ། །གཉིས་པ་ལྟར་ནའང་མ་གྲུབ་སྟེ། ཚིགས་ཀྱི་སེལ་བ་མི་སྲིད་པའང་མ་ཡིན་ཏེ། དགེ་ཚུལ་ལས་དགེ་སློང་དུ་གྱུར་པ་ལྟ་བུ། ཚིགས་འཕོ་བ་ལ་སྐད་ཅིག་ལས་མེད་པའི་ཕྱིར་དང༌། ཚིགས་མར་ལ་འཕོ་བ་ཤིན་ཏུའང་སྲིད་པའི་ཕྱིར་རོ། །གཉིས་པ་རང་ལུགས་བཞག་པ་ནི། ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པ་ཐམས་ཅད་ལ་བསྙེན་རྫོགས་ཀྱི་བསླབ་པའི་ཚིགས་གཅིག་པ་ཡན་ལག་ཏུ་དགོས་པར་སྦྱར་རོ། ། དགེ་ཚུལ་གྱིས་སྦྱོར་བ་བྱས་ནས་དགེ་སློང་གི་(༢༨༤བ)


K8Z003_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གྲུབ་པའི་སྦོམ་པོ་ལ་སོགས་པ་ལ་ནི་ཚིགས་གཅིག་པ་ཡན་ལག་ཏུ་མི་དགོས་སོ། །དེ་ཡང་ལུང་ཞུ་བ་ལས། ཉེས་བྱས་ཀྱི་སྡེ་མ་གཏོགས་པ་དགེ་སློང་ཕའི་ལྟུང་བ་སྡེ་བཞི་ལས། ཕམ་པའི་བརྫུན་ལ་སོགས་པ་བཞི་བཅུ་རྩ་ལྔ་མ་གཏོགས་ལྟུང་བ་གཞན་རྣམས་ལ་ཚིགས་ཀྱི་ཡན་ལག་དངོས་སུ་གསུངས་པས་དེ་དག་ལ་ཡང་མདོར་བསྡུས་སྦྱར་རོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། སྦྱོར་བ་དང་མཐར་ཐུག་གཉིས་ཀའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཚིགས་དེ་ཉིད་དང་ལྡན་པའོ། །གསུམ་པ་སེལ་བ་ནི། སྦྱོར་བ་བསླབ་པའི་ཚིག་གཞན་གྱིས་བྱས་ན་མཐར་ཐུག་ཚིགས་གཞན་དུ་གྲུབ་པའོ། །བཞི་པ་ཅིར་འགྱུར་ལ་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། འདིར་ཁ་ཅིག་ན་རེ། ལྟུང་བ་དངོས་གཞི་བསྐྱེད་པ་ལ་ཚིགས་གཅིག་པ་ཡན་ལག་ཏུ་མེད་དགོས་ཤིང༌། ཚིགས་ཐ་དད་པ་སེལ་བར་མི་འགྱུར་ཏེ། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་མི་ཚངས་པ་སྤྱད་པར་བརྩམས་ནས་བསྙེན་པར་རྫོགས་ཏེ་བཅུག་ན་ཅིར་འགྱུར། མཐར་འགྱུར་རོ་ཞེས་གསུངས་པ་ལ་སོགས་དང༌། འབྱིན་པའི་སྐབས་ཀྱི་ཞུ་བ་ལས། བསྙེན་པར་མ་རྫོགས་པས་བཙལ་ནས་བསྙེན་པར་རྫོགས་ནས་ཕྱུང་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ལ་སོགས་པ་སྟེ། མཚོ་སྣ་བ་ཆེན་པོས་བསྡུས་པའི་སྡོམ་ནི། ཕམ་པ་སྔ་མ་གསུམ་དང་འབྱིན། །འཁྲིག་ཚིག་བསྙེན་བཀུར་སྨྱན་བྱེད་དང༌། །གཞི་མེད་བག་ཙམ་ལྷག་མས་སྐུར། །དུད་འགྲོ་འདེབས་སྤྱོད་གསོད་གསུམ་མོ། །ཞེས་སོ། །དེ་ལྟར་ལྟུང་བ་བཅུ་གསུམ་ཚིགས་ཐ་དད་ལ་ལྟུང་བ་དངོས་གཞི་རྫོགས་པར་གསུངས་པས། །གཞན་ལ་ཡང་རྒྱུ་མཚན་མཚུངས་པའི་ཕྱིར་དང༌། ཊཱི་ཀ་ལས། ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བར་འགྲུབ་པའི་སྦྱོར་བ་ཚིགས་སྔ་མར་བྱས་པ་(༢༨༥ན)


K8Z003_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ན་སྨད་པ་ཡིན། ཅེས་གསུངས་པས་ཤེས་སོ། །འོ་ན་འདི་ཉིད་ལས། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ༌། །ཞེས་ན་སྨད་དུ་གསུངས་པ་དེ་ཅི་ཞེ་ན། འདིར་ན་སྨད་དུ་བཤད་པ་ནི་སྦྱོར་བའི་གནས་སྐབས་ཀྱི་ལྟུང་བ་སྟེ། ཆུང་བའམ་ན་སྨད་པ་ཡིན་ཏེ། ཊཱི་ཀ་ལས། སྦྱོར་བ་སྔ་མ་དེ་ནི་ན་སྨད་པ་ཉིད་དོ། །ཞེས་བཤད་པས་ཤེས་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་ཚིགས་ཐ་དད་དུ་སེལ་བར་མི་འགྱུར་ན། ལུང་ཞུ་བ་ལས། བསྙེན་པར་མ་རྫོགས་པས་རྐུ་བའི་སྦྱོར་བ་བྱེད་ལ། བསྙེན་པར་རྫོགས་པ་ན་རྐུ་ན་ཉེས་པ་སྦོམ་པོའོ། །ཞེས་བྱ་བ་ལ་སོགས་པ་ཚིགས་འཕོ་བ་ལ་ལྟུང་བ་ན་སྨད་དུ་ལན་མང་དུ་གསུངས་པ་དང་འགལ་ཅིང༌། འོད་ལྡན་ལས་ཀྱང༌། དགེ་ཚུལ་ཉིད་ཀྱིས་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་བསྙེན་པར་རྫོགས་པ་ཉིད་དུ་གྲུབ་ན་ཆུང་བ་ཉིད་ཡིན་ཏེ། སྔ་མའི་ཚིགས་སུ་སྦྱོར་བ་བྱས་པའི་ལས་ཀྱི་ལམ་ཚིགས་ཕྱི་མ་ལ་རྫོགས་ན་ཆུང་བ་ཉིད་ཡིན་ནོ། །ཞེས་བཤད་པ་དང་འགལ་ལོ། །རིགས་པས་ཀྱང་ཁྱིམ་པའམ་དགེ་ཚུལ་གྱིས་སྦྱོར་བ་བྱས་ཤིང༌། དེ་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པ་དེ་ལ་ལྟུང་བ་དངོས་གཞི་མི་བསྐྱེད་པར་ཐལ། སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ལུང་ལས། ལྟུང་བ་བཅུ་གསུམ་གྱི་དངོས་གཞི་རྫོགས་པར་གསུངས་པ་ནི། ཚིགས་སྔ་མ་ལ་ཁད་རིང་བའི་སྦྱོར་བ་བྱས་ནས་ཚིགས་ཕྱི་མ་ལ་མེད་མི་རུང་གི་སྦྱོར་བ་ཡོད་པ་ལ་དགོངས་པ་སྟེ། དངོས་གཞི་བསྐྱེད་པའི་ཚུལ་དེ་ལྟར་མ་ཡིན་ན་ཡན་ལག་མ་ཚང་བ་ལ་ལྟུང་བ་དངོས་གཞི་རྫོགས་པར་ཧ་ཅང་ཐལ་བར་འགྱུར་རོ། །ཊཱི་ཀ་ལས། ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར། ཞེས་བཤད་པ་དེ་ཚིགས་ཕྱི་མ་ལ་ཉེས་བྱས་ལ་སོགས་པའི་དངོས་གཞི་འབྱུང་བ་ལ་དགོངས་སོ་ཞེས་(༢༨༥བ)


K8Z003_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །ཊཱི་ཀ་ལས། སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་དོ་ཞེས་བཤད་པ་དེའང་སྦྱོར་བ་སྔ་མ་དེས་འཕངས་པའི་ཚིགས་ཕྱི་མའི་ལྟུང་བ་ན་སྨད་དོ། །ཞེས་དགོངས་པ་སྟེ། གཞན་དུ་ན་སྔར་གྱི་གནོད་བྱེད་དམིགས་སོ། །ཡང་ཁ་ཅིག་ན་རེ། ཚིགས་གཅིག་པ་ཡན་ལག་ཏུ་མི་དགོས་ཤིང༌། ཚིགས་ཐ་དད་སེལ་བར་མི་འགྱུར་ཞེས་པ་ལ་སོགས་པ་སྔ་མ་དང་མཐུན་ལ། མདོ་རྩ་བ་འདིར་ན་སྨད་དུ་བཤད་པ་ནི་འདུན་པ་ལོག་པ་ན་སྨད་ཡིན་ཏེ། དེ་ཡང་ཚིགས་སྔ་མར་ཉེས་པའི་སྦྱོར་བ་བྱས་པ་དེ་ལ་འདུན་པ་མ་ལོག་ན་ཡན་ལག་ངེས་པ་ཡིན་པས། སྡོམ་པ་མི་སྐྱེ་བ་ལས་ཚིགས་ཕྱི་མའི་སྡོམ་པ་སྐྱེ་བའི་ཕྱིར་ཡན་ལག་ངེས་པ་མེད་པར་གསལ་ལོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། སྡོམ་པ་བསྲུང་བྱ་ཐམས་ཅད་བསྲུང་ངོ་སྙམ་དུ་སྤྱིར་ལེན་སེམས་ཡོད་ན་བྱེ་བྲག་རེ་རེ་ནས་མི་དགོས་ཏེ། གལ་ཏེ་དགོས་ན་ཕྱི་ནང་གི་སྤང་བྱ་བསམ་གྱིས་མི་ཁྱབ་པས་སྤང་བྱ་རེ་རེ་ལ། དེའི་སྡོམ་པ་ལེན་སེམས་རེ་རེ་སྡོམ་ལེན་གྱི་བློས་མི་ལྕོགས་པས་སྡོམ་པ་སྐྱེ་བ་མི་སྲིད་པར་འགྱུར་བའོ། །དེས་ན་ཡན་ལག་ངེས་པས་ནི་སྤང་བྱའི་བྱེ་བྲག་སྤང་བར་མི་འདོད་པ་ཡིན་པས་ན། ཁྱོད་ཀྱི་ལུགས་དེ་མི་འཐད་དོ། །གལ་ཏེ་འོད་ལྡན་ལས། འདུན་པ་ལོག་ན་ཉེས་པ་ཆུང་བའི་སྒྲུབ་བྱེད་དུ་ཚིགས་སྔ་མར་སྦྱོར་བ་བྱས་པ་ཡང་ངོ༌། །ཞེས་འོད་ལྡན་དུ་གཞུང་དྲངས་པས་ཀྱང་འདུན་པ་ལོག་པའི་ན་སྨད་དུ་གསལ་ལོ་ཞེ་ན། དེ་ནི་འདུན་པ་ལོག་ན་ཉེས་པ་ཆུང་བ་དེ་ཉེས་པ་ཆུང་ཙམ་དང་འདྲ་བའི་མཐུན་དཔེར་བསླབ་ཚིག་ཐ་དད་ཀྱི་གཞུང་དྲངས་པ་ཡིན་ནོ་ཞེས་བརྗོད་དོ། །གཉིས་པ་རང་ལུགས་བཞག་པ་ནི། ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པ་ཐམས་ཅད་ལ་ཚིག་གཅིག་པ་ཡན་ལག་ཏུ་དགོས་ལ། ཚིག་ཐ་དད་པ་སེལ་བར་འགྱུར་རོ། །དེ་ཡང་དགེ་ཚུལ་ལྟ་བུ་ཚིག་སྔ་མར་སྦྱོར་(༢༨༦ན)


K8Z003_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་ཏེ་ཚིག་སྔ་མའི་སྦྱོར་བ་དེའི་རྐྱེན་གྱིས་ཚིག་ཕྱི་མར་མཐར་ཐུག་གྲུབ་ན་སྤྱིར་བཏང་ལ་དངོས་གཞིའི་རྣམ་པའི་ན་སྨད་དུ་འགྱུར་ཏེ། ལུང་ཞུ་བ་ཉུང་ཤོས་ལས། མ་བྱིན་ལེན་དང་སྲོག་གཅོད་པ་ལ་སོགས་པ་ལྟུང་བ་ཕལ་ཆེ་བའི་སྐབས་སུ་ན་སྨད་དུ་གསུངས་ཤིང༌། འདི་ཉིད་ལས་ཀྱང༌། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ན་སྨད་དུ་གསུངས་པ་དང༌། འོད་ལྡན་ལས་ཀྱང་ན་སྨད་དུ་གསུངས་པའི་ལུང་གོང་དུ་དྲངས་པ་དེ་དག་གིས་གྲུབ་བོ། །འདི་ལ་ལྟུང་བ་དངོས་གཞི་རྫོགས་པར་མི་བསྐྱེད་པའི་རྒྱུ་མཚན་ནི་སྦྱོར་བའི་གནས་སྐབས་ན་བསྙེན་རྫོགས་ཀྱི་བསླབ་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ན་སྨད་བསྐྱེད་པའི་རྒྱུ་མཚན་ནི། གཙོ་བོར་ལྟུང་བ་ན་སྨད་བསྐྱེད་པའི་དབང་གིས་སོ། །དམིགས་བསལ་ནི། འཆང་བྲལ་ལྟ་བུ་ལ་ཚིགས་ཀྱི་སེལ་བ་ན་སྨད་དུ་འབྱུང་བ་མི་སྲིད་ལ། ལོ་དྲུག་སྟན་ལ་ནི་ཚིགས་མར་འཕོས་ན་སྦྱོར་བ་ན་སྨད་བསྐྱེད་ཀྱང་ཚིགས་ཡར་འཕོས་པ་ལ་ལྟུང་བ་མེད་དོ། །གསུམ་པ་རྩོད་པ་སྤང་བ་ནི། གལ་ཏེ་དགེ་སློང་གིས་མི་གསོད་པའི་བསམ་སྦྱོར་གཏན་མ་བྱས་པར་དགེ་ཚུལ་གྱིས་མི་གསོད་པའི་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་དགེ་སློང་དུ་གྱུར་པ་ན། མཐར་ཐུག་གྲུབ་པ་ཆོས་ཅན། དགེ་སློང་ལ་མི་གསོད་པའི་ལྟུང་བ་མི་བསྐྱེད་པར་ཐལ། དགེ་སློང་གིས་མི་གསོད་པར་གཏན་ནས་མ་བསམ་ཞིང༌། དགེ་སློང་གིས་མི་གསོད་པའི་སྦྱོར་བ་གཏན་ནས་མ་བྱས་པའི་ཕྱིར་ཞེ་ན། ཁྱབ་པ་མ་གྲུབ་སྟེ། དགེ་སློང་མས་མི་གསོད་པའི་སྦྱོར་བ་བྱས་ནས་དེ་དགེ་སློང་དུ་མཚན་གྱུར་པ་ན་མཐར་ཐུག་གྲུབ་པའི་སྐབས་སུ་མ་ངེས་པ་ཞུགས་སོ། །གཞན་ཡང་ཁྱེད་ཀྱི་བཀོད་པའི་རྟགས་དེ་ལ་ཆོས་དེས་མ་ཁྱབ་པ་དེ་དགེ་སློང་རང་ཉིད་དང་ཤེས་རྒྱུད་གཅིག་པའི་གང་ཟག་གིས་སྦྱོར་བ་བྱས་པ་ལས་གྱུར་པའི་མཐར་ཐུག་དགེ་(༢༨༦བ)


K8Z003_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ལ་ལྟུང་བ་སྐྱེད་བྱེད་དུ་གྲུབ་པ་ཡོད་པའི་ཕྱིར་རོ། །ལྔ་པ་རྒྱུ་མཚན་ནི། ཅིར་འགྱུར་གྱི་སྐབས་སུ་བཤད་ཟིན་ཏོ། །ཤ་ལུགས་པ་རྣམས་ན་རེ། དགེ་ཚུལ་གྱིས་མི་གསོད་པའི་སྦྱོར་བ་བྱས་ཏེ་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་ན་དགེ་སློང་ལ་ལྟུང་བ་མེད་དོ་ཞེས་གསུངས་ཏེ། ཞུ་བ་ཉུང་ཤོས་ལས་སྦོམ་པོར་གསུངས་པ་དང་འགལ་ལོ། །གཉིས་པ་ལ། མཐར་ཐུག་སྒོ་ནས་བསྟན་པ་དང༌། །སྦྱོར་ལྟུང་སྒོ་ནས་བསྟན་པའོ། །དང་པོ་ནི། ཚིགས་སྔ་མར་སྦྱོར་བ་བྱས་པ་ཞེས་པ་འདི་སྐབས་འདིར་བརྗོད་ཀྱི་ལྟུང་བ་ཐམས་ཅད་ཀྱི་སྤྱིར་བསྟན་ཡིན་ཀྱང་བྱེ་བྲག་ལ་མཚོན་ནས་གོ་སླ་བས་ཁང་པ་ཁང་ཆེན་ལྟ་བུ་ལ་ཚིགས་སྔ་མར་དགེ་ཚུལ་གྱིས་སྦྱོར་བ་བྱས་པ་ལ་ཚིགས་ཕྱི་མ་དགེ་སློང་དུ་གྱུར་པ་ན་མཐར་ཐུག་གྲུབ་པ་ལ་ཡང་ངོ་སྟེ། ན་སྨད་པ་ཉིད་དོ་ཞེས་སྔ་མར་སྦྱར་རོ། །ཁང་ཆེན་གྱི་སྦོམ་པོ་བསྐྱེད་པའི་ཡན་ལག་གཞན་ཐམས་ཅད་ཚང་བའི་དབང་དུ་བྱས་ཏེ། དགེ་ཚུལ་གྱིས་ཁང་ཆེན་བརྩིགས་པའི་སྦྱོར་བ་བྱས་ནས་དགེ་སློང་དུ་གྱུར་པ་ན། མཐར་ཐུག་གྲུབ་པ་ཆོས་ཅན། ཁང་ཆེན་གྱི་སྦོམ་པོ་འབྱུང་རུང་ཡིན་ཏེ། ཁང་ཆེན་གྱི་སྦོམ་པོའི་རྒྱུ་ཚོགས་ཚང་བའི་ཕྱིར་རོ། །ཉེས་བྱས་དང་ལྟུང་མེད་དུ་བྱེད་པའི་རྐྱེན་གཞན་མ་བྱུང་བར་ཁང་པ་ཁང་ཆེན་བརྩིགས་པ་ན། དགེ་ཚུལ་ཉིད་ཀྱིས་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་དགེ་སློང་ཉིད་ན་མཐར་ཐུག་གྲུབ་པའི་ལྟུང་བ་ཆོས་ཅན། ལྟུང་བ་ན་སྨད་པ་ཡིན་ཏེ། བཅས་པའི་ཁྱད་པར་སྦོམ་པོར་བཅས་པ་ལས་འདས་པའི་ལྟུང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཁང་པ་ཁང་ཆེན་གྱི་ཞུ་བ་ལས། བསྙེན་པར་མ་རྫོགས་པས་བརྩམས་ནས་བསྙེན་པར་རྫོགས་ཏེ་ཟིན་ལགས་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་ཤིང༌། དེ་བཞིན་དུ་ལྟུང་བ་གཞན་རྣམས་ལ་ཡང་སྐབས་འདིར་རང་རང་གི་ན་སྨད་དུ་(༢༨༧ན)


K8Z003_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་ནི། ལུང་ཞུ་བ་ལས། བསྙེན་པར་རྫོགས་པས་རྐུ་བར་བཤམས་སྟེ། བསྙེན་པར་མ་རྫོགས་པས་བརྐུས་ན་ཅིར་འགྱུར༌། སྦོམ་པོར་འགྱུར་རོ་ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ། དགེ་སློང་གིས་མ་བྱིན་ལེན་ལྟ་བུའི་སྦྱོར་བ་བྱས་ན་དེ་དགེ་ཚུལ་དུ་བབས་པ་ན་མཐར་ཐུག་གྲུབ་ན་དེའི་སྦྱོར་བ་བྱེད་པ་པོ་ཚིགས་ཕྱི་མ་དགེ་སློང་ལ་ཡང་སྦྱོར་བའི་ན་སྨད་པ་དེ་དང་ལྡན་པ་ཉིད་དོ་ཞེས་པའོ། །མདོ་འདི་ལ་ཊཱི་ཀ་ལས། ཚིགས་ཕྱི་མ་སྟེ་བསྙེན་པར་རྫོགས་པ་ཉིད་དོ། །དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ། ཞེས་བཤད་དེ། ཚིགས་ཕྱི་མ་དགེ་སློང་ལ་ཡང་ཚིགས་སྔ་མ་དགེ་བསྙེན་གྱི་སྡོམ་པ་དང༌། དགེ་ཚུལ་གྱི་སྡོམ་པའི་རྒྱུན་མ་བཏང་བར་ཡོད་པས་སྡོམ་པ་གསུམ་ལྡན་ནོ། །འོ་ན་དགེ་སློང་གིས་མ་བྱིན་ལེན་ལྟ་བུའི་སྦྱོར་བ་བྱས་ནས་དེ་དགེ་ཚུལ་དུ་བབས་ན་མཐར་ཐུག་གྲུབ་ན་དགེ་ཚུལ་དེ་ལ་ཅིར་འགྱུར་ཞེ་ན། ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། ཊཱི་ཀ་ལས། བབས་པའི་ཚིག་དག་ཏུ་དངོས་གཞིར་གྱུར་པའི་ཁ་ན་མ་ཐོ་བ་གྲུབ་པར་འགྱུར་བར་བཤད་དོ། །དེ་ཡང་ཉེས་བྱས་དེའི་སྦྱོར་བ་དང་མཐར་ཐུག་གི་དུས་ན་དགེ་ཚུལ་གྱི་སྡོམ་ཡོད་ཅིང༌། ཉེས་བྱས་དེའི་ཡན་ལག་གཞན་ཚང་གི་དབང་དུ་བྱས་པའོ། །འདིར་སྦྱོར་བ་ནི་ཕམ་པའི་སྦྱོར་བ་ཡིན་པས་ཕམ་པའི་སྦྱོར་བ་ལས་ཕམ་པ་དང་འདྲ་བའི་ཉེས་བྱས་བསྐྱེད་པ་དང་འགལ་ཅེ་ན། ལྟུང་བ་ཆེ་བའི་རྒྱུས་ཆུང་བ་བསྐྱེད་པར་རུང་ཞེས་ཟངས་ཆེན་པ་གསུང་ངོ༌། །གཉིས་པ་ནི། རྫས་དངོས་སུ་བཀག་པ་བས་དཀོན་ཅིང་རིན་ཆེ་བའི་སྒོ་ནས་བཟང་པོ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ། །དེ་ཡང་ལུང་གང་ན་བལ་ནག་པོ་བས་བལ་དཀར་པོ་དཀོན་ཅིང་རིན་ཆེ་བ་ཡིན་ན་བལ་དཀར་པོ་ལ་སྟན་བྱེད་ན་སྤང་ལྟུང་བསྐྱེད་པ་(༢༨༧བ)


K8Z003_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་སྟེ། རང་གི་རྣམ་བཤད་དང་ཊཱི་ཀ་ལས། ཆ་གཉིས་བསྲེ་བའི་སྐབས་ནས་བཤད་དོ། །འདིར་འབན་ཚ་གུང་པ་ན་རེ། རྫས་བཀག་པ་ལས་བཟང་བ་ནི་ལྷའི་རིན་པོ་ཆེ་དང༌། བཙུན་མོ་རིན་པོ་ཆེ་ལ་སོགས་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ལུང་ཞུ་བ་ལས། ལྷ་རྫས་ཀྱི་རིན་པོ་ཆེའམ་རིན་པོ་ཆེར་གཏོགས་པ་ལག་གིས་བཟུང་ན་ཉེས་བྱས་སུ་འགྱུར། ཞེས་དངོས་སུ་བཀག་པའི་ཕྱིར་རོ། །ལྟུང་བྱེད་དུ་མི་འགྱུར་བ་དེའི་དོན་ཡང་དུས་རེས་འགའ་བ་ཡིན་པས་གནས་སྐབས་ཀྱི་སྒོ་ནས་ཉེས་པ་མ་རྫོགས་པའི་ཕྱིར་དང༌། སྤྱིར་བུད་མེད་ལ་རེག་པ་དངོས་སུ་བཀག་པའི་ཕྱིར་རོ། །དེ་བཞིན་དུ་རྟ་མཆོག་རིན་པོ་ཆེ་དང་ཞིང་དང་ཁང་བཟང་ལ་སོགས་པ་ལ་རེག་ན་ཡང་ལྟུང་བར་འགྱུར་རོ་སྙམ་དུ་མི་བསམ་སྟེ། དགག་པ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དཀོན་ཅིང་རིན་ཆེ་བའི་སྒོ་ནས་རྫས་དངོས་སུ་བཀག་པ་དེ་དང་འདྲ་བ་ལ་ཡང་ངོ་སྟེ། བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ། །ཊཱི་ཀ་ལས། སྲིན་བལ་དང་འདྲ་བ་མོན་དར་དང༌། དུ་ཀུ་ལའི་རས་ལ་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བར་བཤད་དོ། །འོ་ན་མོན་དར་དེ་སྲིན་བལ་ཡིན་ནམ་ཞེ་ན། ལུང་དགེ་སློང་མའི་རྣམ་འབྱེད་ལས། མོན་དར་ཞེས་བྱ་བ་ནི་སྲིན་བལ་ལོ་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། མོན་དར་ཡང་རིགས་གཉིས་ཡོད་དེ། སྲིན་བལ་ལས་བྱས་པ་དང༌། རྩྭ་ལས་བྱས་པ་སྟེ་ཕྱི་མ་ནི། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། མོན་དར་འདྲ་བ་ལ་ཡང་ངོ་ཞེས་པ་འདི་འོད་ལྡན་དུ། གུར་གུམ་དང་ཁ་དོག་གསལ་ཆེས་པའི་སྒོ་ནས་འདྲ་བ། མེ་ཏོག་ཤེ་བ་ལི་ཀས་ཁ་བསྒྱུར་བ་ཡང་ཉན་ཐོས་རྣམས་ལ་བཀག་པར་བཤད་དོ། །ཕྱི་མ་འདིའི་དབང་དུ་བྱས་ཏེ། ཚིག་རྒྱན་གྱི་བསྟན་བཅོས་ལས། མཐའ་འཁོབ་ཡུལ་གྱི་ལྗོན་པའི་གེ་སར་ལས། །ལེགས་འབྱུང་སྲིན་བུའི་(༢༨༨ན)


K8Z003_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སུ་འཁྲུལ་པ་བཞིན། །ཅེས་འབྱུང་བས་མོན་སོགས་ཀྱི་ཡུལ་གྱི་བྱེ་བྲག་གི་ཤིང་བལ་བཟང་པོས་ཡུལ་དབུས་ཀྱི་སྲིན་བལ་བར་མ་དང་ངན་པ་ཟིལ་གྱིས་གནོན་ནུས་པ་ཡོད་པར་གདའོ། །འདི་འདྲའི་རིགས་ཅན་གྱི་མདོར་བསྡུས་ཤིན་ཏུ་མང་སྟེ། གསེར་ལ་རེག་པ་བཀག་པ་དང་འདྲ་བར་གཡུ་ལ་རེག་པ་ཡང་བཀག་པར་ཤེས་པར་བྱའོ། །དེ་བཞིན་དུ་ཁྲབ་རྙིང་པ་ལ་རེག་པ་དང༌། བྱ་ཤ་ཟན་གྱི་ཡུལ་དུ་རྩམ་པ་སློང་ན་ཡང་བསོད་པ་སློང་བའི་ལྟུང་བྱེད་བསྐྱེད་པ་དང་འདྲ་བ་ལ་ཡང་ངོ་ཞེས་སྦྱར་རོ། །འདིར་སྨྲས་པ། ལས་ངན་ཕྱིར་དུ་སྒོ་གསུམ་པོ། །གཡོག་ཏུ་བཙོངས་པའི་གྱི་ན་འགས། །གཞན་གྱིས་བསྐུལ་ཀྱང་ལེགས་བྱས་ཀྱི། །ལམ་དུ་འཚོ་བའི་རེ་བ་ཆད། །བདག་ནི་དྭགས་བརྒྱུད་བཀའ་དྲིན་ལས། །ཡོངས་འཛིན་སངས་རྒྱས་དངོས་དང་མཇལ། །འཁྲུལ་པ་མེད་པའི་བཀའ་ལ་སྦྱངས། །རང་གར་གནས་པའི་ལེ་ལོ་དོར། །ཤེས་བྱ་ཟླ་བའི་གཟུགས་བརྙན་ནི། །འཛིན་ནུས་འོ་མའི་རྒྱ་མཚོ་ཆེ། །བདག་བློ་གསལ་ལས་གཞན་ཡོད་དམ། །དེ་ཕྱིར་འབད་པ་བདེ་བའི་རྒྱུ། །སྟོང་ཆེན་གྲུབ་པའི་ལུས་འདི་ལ། །བདེ་ཆེན་ཞུ་བ་འགོད་པས་ནི། །མཁའ་ལ་མུ་ཏིག་ཆར་པའི་ཚོགས། །ཀུན་དགར་བྱེད་པ་ཟིལ་གནོན་ཏོ། །མཆོག་གི་དངོས་པོ་མཐོང་ཞིང་གཙུག་ལག་དུ་མ་ཤེས། །རིག་གྲོལ་མཚན་མ་མང་པོའི་རྟགས་དང་རྣམ་པར་ལྡན། །ཟབ་རྒྱས་བསྟན་བཅོས་འགྲོལ་ན་དག་པའི་སྣང་བ་ཐོབ། །སྐྱེ་བ་ཀུན་ཏུ་ས་ཐོབ་བླ་མར་བསྟེན་པས་གྲུབ། །ཅེས་སོ།། །།བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ལས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ཅི་འདྲ་བའི་ཐུན་མོང་དང༌། རྗེས་སུ་མཐུན་པའི་མིང་ཙམ་གྱི་ཐུན་མོང་ངོ༌། །དང་པོ་ནི། སྲོག་གཅོད་པའི་ཕམ་པ་ལྟ་བུ་སྟེ་(༢༨༨བ)


K8Z003_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དགེ་སློང་ཕ་མ་གཉིས་ལ་ལྟུང་བ་ཆེ་ཆུང་མཉམ་པར་བཅས་ཤིང༌། ལྟུང་བའི་ཡན་ལག་ཐུན་མོང་བའོ། །གཉིས་པ་རྗེས་སུ་མཐུན་པ་མིང་ཙམ་གྱི་ཐུན་མོང་ནི། སྐྱོན་ནས་སྨྲ་བའི་ལྟུང་བྱེད་ལྟ་བུ་སྟེ། རྟེན་དགེ་སློང་ཕ་མ་གཉིས་ལ་ལྟུང་བ་ཆེ་ཆུང་མཉམ་པོར་བཅས་ཤིང༌། ལྟུང་བའི་ཡན་ལག་ཐུན་མོང་མ་ཡིན་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ནི། རེག་པའི་ཕམ་པའམ་འབྱིན་པའི་ལྷག་མ་ལྟ་བུའོ། །དེ་ཡང་དགེ་སློང་ཕ་མའི་ལྟུང་བ་ཐུན་མོང་མ་ཡིན་པར་བཞག་པའི་རྒྱུ་མཚན་ལྔ་སྟེ། རེག་པའི་ཕམ་པ་ལྟ་བུ་སྡེ་ཚན་མི་འདྲ་བའི་ཕྱིར་དང༌། དགེ་སློང་མས་ཡང་ཡང་ཟོས་པའི་ལྟུང་བ་ལྟ་བུ་ཆེ་ཆུང་མི་འདྲ་བའི་ཕྱིར་དང༌། ཉིན་མོ་འབྲལ་བའི་ལྷག་མ་ལྟ་བུ་ཡོད་མེད་མི་འདྲ་བའི་ཕྱིར་དང༌། སྐྲོད་པའི་ལྟུང་བྱེད་གཉིས་ནི། བཅས་པའི་དབྱེ་བ་མི་འདྲ་བའི་ཕྱིར་དང༌། ལྷུང་བཟེད་འཆང་བའི་སྤང་ལྟུང་ནི་དངོས་གཞིར་གྱུར་དུས་མི་འདྲ་བའི་ཕྱིར་རོ། ། བདུན་ཅུ་རྩ་གཉིས་ཞེས་གནས་ངན་ལེན་འཆབ་པ་ཐུན་མོང་བར་བཞག་པ་ནི་ལྷག་མ་འཆབ་པའི་ཆ་ནས་དགེ་སློང་ཕ་མའི་ལྟུང་བྱེད་ཐུན་མོང་བ་ཡིན་ནོ། །ཕམ་པ་འཆབ་པའི་ཆ་ནས་ནི་ཐུན་མོང་མ་ཡིན་པ་སྟེ། ཕམ་པའི་སྐབས་ཀྱི་གཞུང་ལས་ཤེས་སོ། །གཉིས་པ་ལ། མཚན་གྱི་ཡན་ལག་སེལ་བར་བཅས། །སེལ་བའི་སྐབས་ཀྱི་ཞར་བྱུང་བརྗོད། །གཞན་གྱུར་དེ་དག་གི་འཐད་དོ། །དང་པོ་ལ། མཚན་ཉིད་ཅི་འདྲའི་ཐུན་མོང་དང༌། །ཐུན་མོང་མིན་པའི་དབང་བྱས་པའོ། །དང་པོ་ནི། སྔར་ལན་གཉིས་སུ་མཚན་གྱུར་པའི་དགེ་སློང་གིས་མི་གསོད་པ་ལྟ་བུའི་སྦྱོར་བ་བྱས་ནས་ལན་གསུམ་པར་མཚན་གྱུར་པ་ནི་དངོས་གཞི་ལྟུང་བ་དེ་སྐྱེ་བའི་ཞིང་ཉིད་མ་ཡིན་ནོ། །དེས་ན་ལན་གཅིག་མཚན་གྱུར་པ་ལྟ་བུའི་དབང་དུ་བྱས་ནས་དགེ་སློང་གིས་མི་གསོད་པ་ལྟ་བུའི་སྦྱོར་བ་བྱས་ནས་དེ་དགེ་(༢༨༩ན)


K8Z003_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མར་མཚན་གྱུར་ཏེ་མཐར་ཐུག་གྲུབ་པ་ནི་དངོས་གཞིའི་ལྟུང་བ་དེ་སྐྱེ་བའི་ཞིང་ཉིད་དེ་རྟེན་ཉིད་ཡིན་ནོ། །ངག་དོན་སྲོག་གཅོད་ཕམ་པའི་ཡན་ལག་གཞན་ཐམས་ཅད་ཚང་བའི་དབང་དུ་བྱས་ཏེ། དགེ་སློང་གིས་མི་གསོད་པའི་སྦྱོར་བ་བྱས་ནས་མཐར་ཐུག་གྲུབ་པ་དང༌། དུས་མཉམ་དུ་མཚན་གྱུར་པའི་དགེ་སློང་མ་ཆོས་ཅན། སྲོག་གཅོད་པའི་ཕམ་པ་དངོས་སུ་བསྐྱེད་པ་ཅན་ཡིན་ཏེ། སྲོག་གཅོད་པའི་ཕམ་པ་དངོས་སུ་བསྐྱེད་པ་དེའི་ཞིང་ཉིད་ཡིན་པའི་ཕྱིར་རོ། ། འདི་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་གི་ལྟུང་བ་དེ་སྐྱེས་ཟིན་གནས་པའི་ཞིང་ཉིད་ཀྱང་ཡིན་ནོ། །མཚན་གྱུར་པ་ནི་དེའི་ཞིང་ཉིད་ཡིན་ཅེས་མདོ་འདི་ནི་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་མཚན་ཉིད་ཅི་འདྲ་བའི་ཐུན་མོང་བ་ལྔ་བཅུ་རྩ་དྲུག་ཡོད་དེ། ས་བོན་སྐྱེ་འཇིག་གཉིས་པོ་དེ་གཅིག་ཏུ་བགྲངས་ན་ལྔ་བཅུ་རྩ་ལྔ་ཞེས་སྔ་མ་རྣམས་གསུང་ཡང༌། ལུང་ལས། སྐྱེ་བ་གཅོད་པ་ལ་དངོས་སུ་གསུངས་བས་ས་བོན་འཇོམས་པ་ལ་མདོར་བསྡུས་སྦྱར་ཏེ། དངོས་ཀྱི་ལྟུང་བ་དང་མདོར་བསྡུས་ཀྱི་ལྟུང་བ་ཐ་དད་དུ་བགྲངས་ན་ལྔ་བཅུ་རྩ་དྲུག་ཅེས་བརྗོད་དོ། །དེ་ཡང་ལུང་ཞུ་བ་ལས་མཚོ་སྣ་བ་ཆེན་པོས་བསྡུས་པའི་སྡོམ་ནི། རྐུ་དང་སྨྱན་དང་སྐུར་འདེབས་གསུམ། །འཆང་འཇོག་སློང་དང་སློང་རིགས་དང༌། །རིན་ཐང་སོ་སོར་བསྐུར་བ་དང༌། །གསེར་དངུལ་བསྐྱེད་གཉིས་ལྷུང་བཟེད་འཚོལ། །འཐག་གཉིས་བརྫུན་འདོན་སྐྱེ་བ་གཅོད། །རིམ་གཉིས་འདུག་གནས་ཕྱེ་དང་ནི། །སྤངས་ཟ་དུས་མིན་ཁ་ནས་མིད། །གཅེར་བུ་དམག་གསུམ་མེ་རེག་དང༌། །ནུབ་ལྷག་ཁ་བསྒྱུར་རིན་ཆེན་རེག །ཁྲུས་བྱེད་རྩེ་དང་རྐུན་མ་དང༌། །ས་བརྐོ་འགྲོན་དང་ཆང་འཐུང་དང༌། །དུས་མིན་ཟས་བཅས་སྐྱ་རེངས་དང༌། །(༢༨༩བ)


K8Z003_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཁབ་རལ་གདིང་གཡན་བདེ་གཤེགས་གོས། །བཞི་བཅུ་བརྒྱད་ལ་དངོས་སུ་གསུངས། །མི་ཚངས་སྤྱོད་དང་སྲོག་གཅོད་བཞི། །ཕམ་བརྫུན་བདེན་སྨྲ་ས་བོན་འཇོམས། །དེ་ལྟར་བརྒྱད་ལ་མདོར་བསྡུས་སྦྱར། །ཅེས་སོ། །ལུང་ཞུ་བ་ལས། སྤངས་ཟ་ལ་དགེ་སློང་ལས་དགེ་སློང་མར་གྱུར་ན་ཉེས་བྱས་སུ་གསུངས་པ་ནི་མཐར་ཐུག་མ་ཚང་བ་ལ་དགོངས་ཏེ། དགེ་སློང་མ་ལས་དགེ་སློང་དུ་འགྱུར་ན་ལྟུང་བྱེད་དུ་གསུངས་པ་དང་མཚུངས་པ་སྦྱར་རོ། ། དམིགས་བསལ་ནི། གཞན་གྱི་ཡན་ལག་རང་གི་ཁའམ་བཤང་ལམ་དུ་བླང་བའི་ཆ་ནས་མཚན་ཉིད་ཅི་འདྲ་བའི་ཐུན་མོང་ཡིན་གྱི། དགེ་སློང་གིས་ཟག་བྱེད་དུ་མི་ཚངས་པར་སྤྱོད་པའི་སྦྱོར་བ་བྱེད་བཞིན་པ་ན་མཚན་གྱུར་པ་ན་ཕམ་པར་མི་འགྱུར་བ་དང༌། ལྷུང་བཟེད་ཕུལ་དགུ་ཤོང་བ་བས་ཆུང་བ་བསླངས་ན་དགེ་སློང་མ་ལ་སྤང་ལྟུང་བསྐྱེད་ཀྱང༌། དེ་དགེ་སློང་ལ་ལྷུང་བཟེད་ཚད་དང་མི་ལྡན་པ་ཡིན་པའི་ཕྱིར་སྤང་ལྟུང་མི་སྐྱེ་ལ། ལྷུང་བཟེད་ཕུལ་དགུ་ཤོང་བ་བས་ཆེ་བ་བསླངས་ན་དགེ་སློང་ལ་སྤང་ལྟུང་བསྐྱེད་ཀྱང༌། དེ་དགེ་སློང་མ་ལ་ལྷུང་བཟེད་ཚད་དང་མི་ལྡན་པར་འགྱུར་བའི་ཕྱིར་སྤང་ལྟུང་མི་བསྐྱེད་པའོ། །འདིའི་རྒྱུ་མཚན་དགེ་སློང་ཕ་མའི་ལྷུང་བཟེད་འཚོལ་བའི་སྤང་ལྟུང་བསྐྱེད་པ་ལ་ཕ་མ་སོ་སོའི་ལྷུང་བཟེད་ཚད་དང་ལྡན་དགོས་པ་ལ། དགེ་སློང་མ་ལ་ཕུལ་དགུ་ཤོང་བ་ལྷུང་བཟེད་ཆེ་ཚད་དང༌། དགེ་སློང་ལ་ཕུལ་དགུ་ཤོང་བ་ལྷུང་བཟེད་ཆུང་ཚད་ཚད་ལྡན་ཡིན་པའི་དབང་དུ་བྱས་པའོ། །གོས་ལྕི་བ་དང༌། ཡང་བ་འཆང་བ་དང་འཇོག་པ་ལ་སོགས་པ་ནི་དགེ་སློང་མ་ལ་སྤང་ལྟུང་བསྐྱེད་ཀྱང༌། དགེ་སློང་ཕ་ལ་སྤང་ལྟུང་མི་བསྐྱེད་པ་ལྟ་བུའོ། །ཟས་ལས་གྱུར་པ་རྣམས་ལ་གསོག་འཇོག་དང༌། ལག་ཉ་ལ་སོགས་དང་འབྲེལ་བ་དུས་མ་ཡིན་པར་ཟ་བ་ལ་སོགས་པ་རྣམས་ནི་མཚན་ཉིད་(༢༩༠ན)


K8Z003_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདྲ་བའི་ཐུན་མོང་མ་ཡིན་ཏེ་དགེ་སློང་ཕ་མའི་ལྟུང་བ་དེ་དག་ནི་ཡན་ལག་ཙམ་ཐུན་མོང་བ་ཡིན་ནོ། །གཉིས་པ་ནི། སྦྱོང་བའི་ལྟུང་བ་ཆུད་སོར་གནས་བཅས་ཆེར་གྱུར། །མཐར་ཐུག་ལྟུང་ཆུང་བཅས་ཆུང་གྱུར། །མཐར་ཐུག་གི་ལྟུང་བ་ཆུང་སོར་གནས་བཅས་ཆེར་གྱུར། །ལྟུང་མེད་སོར་གནས་བཅས་ཡོད་གྱུར། །ལྟུང་མེད་བཅས་པའང་མེད་པའོ། །དང་པོ་ནི། དགེ་སློང་མ་གཉིས་ཁྲི་གཅིག་ལ་ཉལ་ན་ལྟུང་བྱེད་བསྐྱེད་ལ། དགེ་སློང་ཕས་ཁྲི་གཅིག་ལ་ཉལ་ན་ཉེས་བྱས་བསྐྱེད་པ་དེ་གོ་བར་བྱས་ལ། འགྲེལ་པ་ལས་འདི་ལྟར་བཤད་དེ། དགེ་སློང་གཉིས་ཁྲི་གཅིག་ལ་རེག་པ་དང་བཅས་བཞིན་དུ་སྐྱ་རེངས་མ་ཤར་བའི་མདུན་རོལ་དུ་ཉལ་བ་ན་སྨད་པའི་དོན་ཉེས་བྱས་ཀྱི་སྦྱོར་བ་བྱེད་བཞིན་པ་གང་ཡིན་པ་ཉིད་ལས་མཚན་གྱུར་ན་ན་སྨད་པ་དེའི་ཞིང་ཉིད་ཡིན་ནོ། །ཞེས་པ་སྟེ། དེ་གཉིས་དགེ་སློང་མར་གྱུར་ཏེ་སྐྱ་རེངས་ཤར་ན་ཡང་ལྟུང་བ་ན་སྨད་པ་དེའི་ཞིང་ཉིད་ཡིན་ནོ། །སྐབས་འདིར་མཐར་ཐུག་གི་ལྟུང་བ་ཉེས་བྱས་ཁོ་ནར་ཟད་ཀྱི། ཁྲི་གཅིག་ལ་ཉལ་བའི་ལྟུང་བྱེད་དུ་མི་འགྱུར་རོ། །ཞུ་འགྲེལ་ལས་ནི་ལྟུང་བྱེད་དུ་བཤད་དོ། །འོན་ཀྱང་དེའི་རྗེས་སུ་མི་འབྲང་སྟེ། ཊཱི་ཀ་ལས། ལྷག་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལ་ནི་ལྟུང་བ་ན་སྨད་པར་འབྱུང་བར་འགྱུར་གྱི། ན་སྨད་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལ་ནི་ལྷག་པར་འབྱུང་བར་མི་འགྱུར་བས། འདིར་དངོས་གཞི་ཡང་ན་སྨད་པ་ཉིད་འབྱུང་གི། ལྷག་པར་མི་འབྱུང་བར་བསྟན་ཏོ། །ཞེས་བཤད་པ་ནི། མཚན་གྱུར་གྱི་སྤྱི་གཞུང་དུ་ལེགས་པ་ཡིན་ནོ། །ཡང་གཞུང་འདི་ལ་འབྲུ་འདི་ལྟར་དུ་ཡང་སྦྱར་ཏེ། དགེ་སློང་གིས་དགེ་སློང་མ་ལ་བརྡེགས་པའི་ཉེས་བྱས་དེ་མཚན་མཐུན་པ་ལ་བརྡེགས་པའི་ལྟུང་བྱེད་བས་ཆུང་བས་ན་ལྟུང་བ་ན་སྨད་པའོ། །དེ་ཉིད་བརྗོད་པར་བྱ་བའི་དོན་ཡིན་(༢༩༠བ)


K8Z003_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན་དོན་གྱིའོ། །ན་སྨད་པ་དེ་ཉིད་ཀྱི་སྦྱོར་བ་བྱེད་བཞིན་པ་གང་ཡིན་པ་ཉིད་ལས་གྱུར་ན་ན་སྨད་པ་དེའི་ཞིང་ཉིད་ཡིན་ཏེ། རྟེན་མཚན་གྱུར་པས་བཅས་པ་ཆེར་གྱུར་ཀྱང་སྦྱོར་ལྟུང་ཆུང་བ་ཉིད་སོ་ན་གནས་སོ་ཞེས་བསྟན་ཏེ། སྐབས་འདིར་མཐར་ཐུག་གི་ལྟུང་བ་ཡང་ན་སྨད་ཁོ་ནར་ཟད་ཀྱི། དངོས་གཞི་ཉིད་དུ་མི་འགྱུར་རོ། །མདོ་འདིས་ནི་དགེ་སློང་མ་ལ་ཡང་ཡང་ཟ་བའི་སྦྱོར་བ་བྱེད་བཞིན་པའི་ཉེས་བྱས་ཕྲ་མོ་བྱུང་ནས་མཚན་གྱུར་པ་ལྟ་བུ། མཚན་སྔ་མ་ནས་བཅས་པ་ཆུང་ལྡན་གྱི་སྦྱོར་བ་བྱེད་བཞིན་པ་ལ་རྟེན་མཚན་གྱུར་པས་བཅས་པ་ཆེར་གྱུར་པ་ཐམས་ཅད་ཀྱི་དབང་དུ་བྱས་ཏེ་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི་སྦྱོར་བ་ཆེ་ཆུང་ཞེས་བརྡ་བཏགས་ཏེ་མཚན་གྱུར་པ་ན་སྦྱོར་ལྟུང་ཆུང་བ་དེ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པས་ན་དེ་སྐད་དོ། །གཉིས་པ་ནི། དེ་ཡང་དགེ་སློང་མ་རེག་པའི་ཕམ་པ་རྫོགས་པར་བྱས་པ་ནི་དགེ་སློང་ཕར་མཚན་གྱུར་ན་སྔར་གྱི་རེག་པའི་ཕམ་པ་དེ་ལྟུང་བ་ན་སྨད་དུ་གྱུར་པ་ཡིན་པས་ཁ་ན་མ་ཐོ་བ་ན་སྨད་པ་དེ་ཉིད་ཡིན་ནོ། །སྐབས་འདིར་ཊཱི་ཀ་ལས། ཁ་ན་མ་ཐོ་བ་དེ་ཉིད་ཡིན་ནོ། ། ཞེས་བཤད་པ་ནི་ཁ་ན་མ་ཐོ་བ་ན་སྨད་པ་དེ་ཉིད་ཡིན་ནོ་ཞེས་པའི་ཐ་ཚིག་སྟེ། སྐབས་འདིར་ཊཱི་ཀ་ལས། དགེ་སློང་མ་རེག་པའི་ཕམ་པ་བྱུང་བ་དེའི་མཚན་གྱུར་ཅིང༌། དགེ་སློང་དུ་གྱུར་ན་རེག་པ་དེའི་དགེ་སློང་དེ་ལ་སྦོམ་པོར་འགྱུར་རོ། །ཞེས་གསུངས་སོ། །འོ་ན་ཊཱི་ཀ་ལས། བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་འབྱུང་བ་དེའི་ཡུལ་ནི་དངོས་གཞིའི་ལྟུང་བའི་ཞིང་ཉིད་ཡིན་པར་སྟོན་ཏོ། །ཞེས་གསུངས་པ་དང་འགལ་ཅེ་ན། དེ་ནི་མཐར་ཐུག་གྲུབ་པའི་ལྟུང་བ་དེའི་གནས་སྐབས་ཀྱི་ཞིང་ཡིན་པ་ལ་དགོངས་ནས་དངོས་གཞིའི་ཞིང་ཉིད་ཡིན་ནོ་ཞེས་བསྟན་ཏོ། །འདིར་སྦྱོར་བར་བཀོད་ན་དགེ་སློང་མ་རེག་པའི་ཕམ་པ་རྫོགས་པར་(༢༩༡ན)


K8Z003_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་དེ་ཤེས་པ་རང་བཞིན་དུ་གནས་བཞིན་དུ་མཚན་གྱུར་ན་རེག་པའི་ལྟུང་བ་དེ་ཆོས་ཅན། ཁ་ན་མ་ཐོ་བ་ན་སྨད་པ་དེ་ཉིད་ཡིན་ཏེ། ལྟུང་བ་སྦོམ་པོར་འགྱུར་བ་དེ་ཉིད་ཡིན་པའི་ཕྱིར། མདོ་འདི་ནི་དགེ་སློང་ཡང་ཡང་དུ་ཟ་བའི་ལྟུང་བྱེད་བྱུང་ནས་མཚན་གྱུར་པ་ལྟ་བུ་ལྟུང་བ་ཆེ་བའི་དངོས་གཞི་རྫོགས་པར་བྱུང་ཟིན་ནས་མཚན་གྱུར་པས་བཅས་པ་ཆུང་ངུ་སོང་ན་ཐམས་ཅད་དུ་ཡང་ལྟུང་བ་ཆུང་ངུ་འགྱུར་ཞེས་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་འཛིན་རྣམས་ཀྱིས་ནི་དངོས་གཞི་ཆེ་ཆུང་ཞེས་བརྡ་བཏགས་ཏེ་ལྟུང་བ་དངོས་གཞི་རྫོགས་པར་བྱུང་ཟིན་པ་ན་མཚན་གྱུར་པས་བཅས་པ་ཆུང་ངུར་གྱུར་ཅིང་ལྟུང་བ་ཡང་ཆུང་ངུར་གྱུར་པས་ན་དེ་སྐད་དོ། །སྦྱོར་བ་ཆེ་ཆུང་ཞེས་བརྡ་བཏགས་པ་ཡང་གཞུང་འདིས་མཚོན་ནས་བསྟན་ཏེ། དགེ་སློང་མས་སྐྱེས་པ་ལ་རེག་པའི་སྦྱོར་བ་བྱེད་བཞིན་པ་ན། མཚན་གྱུར་ན་སྦྱོར་བ་བྱེད་བཞིན་པའི་ལྟུང་བ་ཆུང་ངུ་གྱུར་པའོ། །གསུམ་པ་ནི། དེ་ཡང་དགེ་འདུན་ལྷག་མ་ལས་སྡེ་ཚན་ན་སྨད་པ་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་བྱུང་ཟིན་ནས་དགེ་སློང་ཕར་མཚན་གྱུར་པ་ནི་ན་སྨད་པ་་རང་གི་ཁ་ན་མ་ཐོ་བ་ཉིད་དོ། །འདིར་བམ་པོ་ལྔ་བཅུ་པ་ལས། ན་སྨད་པ་ཉིད་རང་གི་ཁ་ན་མ་ཐོ་བ་ཉིད་དོ། །ཞེས་བཤད་དོ། །སྐབས་འདིར་རང་གི་རྣམ་བཤད་དང་ཊཱི་ཀ་ལས། དགེ་སློང་དེ་ལ་ཡང་འབྱིན་པའི་ལྟུང་བྱེད་ཁོ་ནར་འགྱུར་གྱི། འབྱིན་པའི་ལྷག་མར་ནི་མི་འགྱུར་རོ། །ཞེས་གསུངས་སོ། །མདོ་འདི་ནི་ན་སྨད་པའི་མཐར་ཐུག་གི་ལྟུང་བ་ཆུང་བ་བྱུང་ཟིན་ནས་མཚན་གྱུར་པས་བཅས་པ་ཆེར་གྱུར་ན་ཐམས་ཅད་དུ་ཡང་མཐར་ཐུག་གི་ལྟུང་བ་ཆུང་བ་བྱུང་བ་དེར་ཆེར་མི་འགྲོ་བ་སོ་ན་གནས་སོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་དངོས་གཞི་ཆུང་ཆེ་(༢༩༡བ)


K8Z003_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྡ་བཏགས་ཏེ། མཚན་གྱུར་པ་ན་མཐར་ཐུག་གི་ལྟུང་བ་ཆུང་བ་དེའི་རྒྱུན་ལྟུང་བ་ཆུང་བ་ཉིད་དུ་སོ་ན་གནས་ཤིང་བཅས་པ་ཆེར་གྱུར་པས་ན་དེ་སྐད་དོ། །སྐབས་འདིར་རྩོད་པ་འདི་སྐད་དུ། དགེ་སློང་མ་ཁུ་བ་འབྱིན་པ་ལས་དགེ་སློང་དུ་གྱུར་ན་འབྱིན་པའི་ལྟུང་བྱེད་ཁོ་ནར་འགྱུར་གྱི། འབྱིན་པའི་ལྷག་མར་མི་འགྱུར་ན། ལུང་ཞུ་བ་ཉུང་ཤོས་ལས། དགེ་སློང་མ་ཁུ་བ་འབྱིན་པ་ལས་མཚན་གྱུར་ཏེ་དགེ་སློང་དུ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་བཤད་པ་དང་འགལ་ཅེ་ན། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་གསུངས་པ་དེ་ནི་དགེ་སློང་དུ་གྱུར་ནས་སྦྱོར་བ་གསར་སྐྱེས་ཀྱིས་ཕྱུང་བ་ལ་དགོངས་ཞེས་རིགས་སོ། །གཞན་ཡང་ལུང་ཞུ་བ་ལས། བསྔོས་བསྒྱུར་སྐྱོན་སྨྲ་ཕྲ་མ་སྐྱོ་སྔོགས་བྱེད། །གནས་ངན་ལེན་བརྗོད་དང་ནི་བཤེས་ངོར་དང༌། །ཁྱད་གསོད་ཁྲི་གདིང་འབྱུང་དང་འདུས་ཟ་དང༌། །མི་སྨྲ་འགྲོ་དང་མ་གུས་ཟས་བཅས་དང༌། །ད་གདོད་ཁྲི་རྐང་བརྡལ་དང་བསླབ་པ་དྲལ། །དེ་ལྟར་བྱུང་བ་བཅོ་བརྒྱད་དེ་རྣམས་ཀྱི། །སྦྱོར་བ་མཐར་ཐུག་བར་དུ་མཚན་གྱུར་ན། །མཐར་ཐུག་ལྟུང་བྱེད་བསྐྱེད་པར་ལུང་ལས་གསུངས། །དེ་རྣམས་ཀྱི་ན་སྨད་སོ་ན་མི་གནས་པར་ལྟུང་བ་ཆེར་འགྲོ་བར་གསུངས་པ་ནི་མཚན་ཕྱི་མའི་སྐབས་ཀྱི་སྦྱོར་བ་ཡོད་པ་ལ་དགོངས་པ་སྟེ། ཊཱི་ཀ་ལས། དགེ་སློང་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བྱེད་འབྱིན་བཞིན་དུ་མཚན་གྱུར་ན་སྤངས་པའི་རྗེས་སུ་ཕྱོགས་པ་དེ། དགེ་སློང་མ་དེ་ལ་ཟློག་པའི་ཕམ་པའི་སྦོམ་པོར་འགྱུར་ཏེ། དེ་ཡང་དགེ་སློང་མར་གྱུར་པ་ན་ཟློག་པའི་ཚུལ་གྱིས་ཞུགས་ན་ནི་སྦོམ་པོ་ཉིད་ཡིན་ལ། མ་ཞུགས་ན་ནི་ཉེས་བྱས་སོ། །ཞེས་བཤད་པ་དང་མཚུངས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ལྟུང་བ་ཆུང་བའི་སྦྱོར་བ་བྱས་པ་ལས་མཚན་གྱུར་པ་ལས་ལྟུང་བ་ཆེ་བ་བསྐྱེད་ན་མཚན་གྱུར་གྱི་བཅས་པའི་སྤྱི་གཞུང་དང་འགལ་བའི་ཕྱིར་རོ། །བཞི་(༢༩༢ན)


K8Z003_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཊཱི་ཀ་ལས། དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་ན་སྤང་བར་འགྱུར་ལ། དགེ་སློང་མས་ནི་ཞག་གཅིག་ལས་འདས་པར་བཅངས་ན་སྤང་བར་འགྱུར་བ་དེ་ལ་དགེ་སློང་ཕས་ལྷུང་བཟེད་བྱིན་གྱིས་མ་བརླབས་པར་ཞག་བཅུར་མ་ལོན་པ་སྟེ། ཞག་དགུ་ཚུན་ཆད་བཅངས་པ་ལས་དགེ་སློང་མར་མཚན་གྱུར་ན་སྔར་ཞག་དགུ་པོ་དེ་དག་ནི་ཞག་གཅིག་དང་ཆ་འདྲ་བ་ཉིད་དོ། །ཞེས་པ་སྟེ། ཞག་གཅིག་གི་ཆ་སྔ་དྲོ་ཙམ་ཞིག་བཅངས་པ་དང་འདྲ་སྟེ། ལྷུང་བཟེད་འཆང་བའི་ལྟུང་བ་མི་བསྐྱེད་པ་ཉིད་དོ། །མདོ་འདི་ནི་དངོས་སུ་བསྟན་པའི་ཆ་ནས་ནི་ལྷུང་བཟེད་འཆང་བ་འབའ་ཞིག་གི་གཞུང་ཡིན་ནོ། །མདོ་འདིས་མཚན་ནས་བསྟན་པའི་ཆ་ནས་ནི་སྤྱིར་བསྟན་པ་སྟེ། དགེ་སློང་ལ་ཉིན་མོར་འབྲལ་བའི་ལྷག་མའི་བཅས་པ་མེད་པ་ལས། དགེ་སློང་མར་མཚན་གྱུར་པ་ན་བཅས་པ་དེ་ཡོད་པར་གྱུར་པ་ལྟ་བུ། མ་གྱུར་ན་བཅས་པ་དེ་མེད་པ་ལས་མཚན་གྱུར་པས་བཅས་པ་དེ་ཡོད་པར་གྱུར་ན་ཐམས་ཅད་དུ་ཡང་མཚན་གྱུར་པས་བཅས་པ་མེད་པ་ལས་ཡོད་པར་གྱུར་ཀྱང་ལྟུང་བ་ནི་ཡོད་པར་མི་གྱུར་གྱི། སྔར་གྱི་ལྟུང་མེད་དེ་ཉིད་སོ་ན་གནས་སོ་ཞེས་སྦྱོར་བསྟན་པ་ཡིན་ནོ། །འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱི་ནི་མེད་ཡོད་ཅེས་བརྡ་བཏགས་ཏེ། བཅས་པ་དེ་མེད་པ་ལ་མཚན་གྱུར་པས་བཅས་པ་དེ་ཡོད་པར་གྱུར་པས་ན་དེ་སྐད་དོ། །དེ་ཡང་སྦྱོར་བ་མེད་ཡོད་དང་དངོས་གཞི་མེད་ཡོད་གཉིས་ཞེས་གསུངས་ཏེ། དགེ་སློང་གིས་ཉིན་མོ་འབྲལ་བ་ལྟ་བུའི་སྦྱོར་བ་བྱེད་པ་ན་མཚན་གྱུར་པ་དང༌། མཐར་ཐུག་གྲུབ་པ་ན་མཚན་གྱུར་ནའོ། །ལྔ་པ་ནི། དེ་ཡང་ཉིན་མོར་འབྲལ་བའི་ལྷག་མ་དང༌། བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་དང༌། འཁོར་དང་(༢༩༢བ)


K8Z003_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མང་ཉེ་བར་འཇོག་པའི་ལྟུང་བྱེད་དགེ་སློང་ལ་མེད་ཀྱང་དགེ་སློང་མ་ལ་ལྟུང་བ་དེ་རྣམས་ཡོད་པ་ལྟ་བུ་ཐུན་མོང་མ་ཡིན་པའི་ལྟུང་བ་བྱུང་ནས་མཚན་གྱུར་པ་དེ་ལྟུང་བ་དེའི་ཞིང་མ་ཡིན་པ་ཉིད་དུ་གྱུར་པ་ལ་ནི། ཐུན་མོང་མ་ཡིན་པའི་ལྟུང་བ་དེ་ཡོད་པ་ལས་ཉམས་ཏེ་ལྟུང་བ་དེ་མེད་པར་གྱུར་ཏོ། །དེ་ཡང་ཊཱི་ཀ་ལས། ཞིང་མ་ཡིན་པ་ཉིད་ལ་ནི་སྔར་མཚན་མ་གྱུར་པའི་གནས་སྐབས་སུ་ལྟུང་བ་ཐུན་མོང་མ་ཡིན་པ་བྱས་པ་དེ་ཉམས་ཤིང་ཞིག་པ་དང་མེད་པར་རིག་པར་བྱ་སྟེ། བཤགས་པར་བྱ་མི་དགོས་སོ། །ཞེས་གསུངས་སོ། །དེ་ཡང་གཏམ་གྱི་གཞི་ལས། ལྟུང་བ་བྱུང་བ་མ་བཤགས་ཤིང༌། ཕྱིར་བཅོས་མ་བགྱིས་པར་ནོངས་པ་མ་མཆིས་པར་འགྱུར་བ་མཆིས་སམ། ཡོད་དེ། དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་བྱུང་བའམ། དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་བྱུང་བ་དེ་མཚན་གྱུར་ན། ལྟུང་བ་དེ་དག་ལས་གྲོལ་ཏེ་བྱུང་བ་བརྗོད་པར་བྱའོ་ཞེས་གསུངས་སོ། ། དགེ་སློང་གི་སྐབས་སུ་ནི་སྡེ་ལྔ་ཞེས་མ་གསུངས་པ་ནི་དགེ་སློང་གི་ཉེས་བྱས་ཀྱི་སྡེ་ལ་ཐུན་མོང་མ་ཡིན་པ་མེད་པའི་ཕྱིར་རོ། །སྤོ་བའི་གཞི་ཞུ་བ་ལས་ཀྱང༌། དགེ་འདུན་ལྷག་མའི་ནོངས་པ་ཞིག་བྱུང་བ་ལ་མ་བཤགས་བཞིན། སླར་ཕྱིར་བཅོས་མ་བགྱིས་བཞིན། བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མ་བྱུང་བར་གྱུར་ལ། དེའི་མཚན་འཕོས་ནའོ་ཞེས་གསུངས་སོ། །མདོ་འདི་ལ་སྔོན་གྱི་འདུལ་བ་འཛིན་པ་རྣམས་ཀྱིས་ནི། ཡོད་མེད་ཅེས་བརྡ་བཏགས་ཏེ་མ་གྱུར་པ་ན་ཐུན་མོང་མ་ཡིན་པའི་བཅས་པ་དང༌། ལྟུང་བ་དེ་ཡོད་པ་ལས་མཚན་གྱུར་པ་ན་བཅས་པ་དེ་དང༌། ལྟུང་བ་དེ་མེད་པར་གྱུར་པས་ན་དེ་སྐད་དོ། །དེའང་སྦྱོར་བ་ཡོད་མེད་དང༌། དངོས་གཞི་ཡོད་མེད་གཉིས་གསུངས་ཏེ། དགེ་སློང་(༢༩༣ན)


K8Z003_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཉིན་མོ་འབྲལ་བ་ལྟ་བུའི་སྦྱོར་བ་བྱེད་པ་ན་མཚན་གྱུར་པ་དང་མཐར་ཐུག་གྲུབ་པ་ན་མཚན་གྱུར་ནའོ། །སྐབས་འདིར་རྩོད་པ་འདི་སྐད་དུ། མཚན་གྱུར་པས་ཐུན་མོང་མ་ཡིན་པའི་ལྟུང་བ་དེ་མེད་པར་གྱུར་ན་ནི། སླར་ཡང་མཚན་གྱུར་ན་ལྟུང་བ་དེ་ཟློག་པར་མི་རིགས་པ་ལས། སྤོང་བའི་གཞི་ཞུ་བ་ལས། དགེ་འདུན་ལྷག་མའི་ནོངས་པ་ལས་དག་པར་བྱུང་བཞིན་དུ་སླར་ཡང་ནོངས་པ་དེ་བཤགས་དགོས་པར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་ལྷག་མའི་ཉེས་པ་བྱུང་བར་གྱུར་པ་དེའི་ཚེ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་དགེ་འདུན་ལྷག་མ་ལས་དག་པར་བྱུང་བ་དང༌། དེ་སླར་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན་ཉེས་པ་དེ་བཤགས་དགོས་སོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མཚན་གྱུར་པས་ལྟུང་བ་དག་པར་གསུངས་པ་དེ་ནི་མཚན་གྱུར་པས་ཐུན་མོང་མ་ཡིན་པའི་བཅས་པ་མེད་པར་གྱུར་པས་ལྟུང་བ་དེའི་ནུས་པ་འབྱིན་མ་ནུས་པ་ལ་ལྟུང་བ་དག་པར་བཏགས་པ་ཡིན་གྱི། ལྟུང་བའི་ངོ་བོ་དག་པ་ནི་མ་ཡིན་ཏེ། སླར་མཚན་གྱུར་ན་ལྟུང་བ་དེ་འབྱུང་བར་གསུངས་པས་ཤེས་སོ་ཞེས་གསུངས་སོ། །ལྟུང་བ་ཆེ་བ་ལས་ཆུང་ངུ་གྱུར་པ་ཡང་དེ་བཞིན་ནོ། །འོ་ན་རེག་པའི་ཕམ་པ་བྱུང་བ་དེ་མཚན་འཕོས་པས་ལྟུང་བ་སྦོམ་པོར་གྱུར་པ་ལྟ་བུ། ལྟུང་བ་ཆུང་ངུ་གྱུར་པ་ན་ལྟུང་བ་ཕྱིར་བཅོས་བྱས་ནས། སླར་ཡང་མཚན་འཕོས་ནས་ལྟུང་བ་དེ་སླར་ཟློག་གམ་མི་ལྡོག་སྙམ་ན། ཁ་ཅིག་ན་རེ། ལྟུང་བ་ཆུང་དུས་སུ་ཕྱིར་བཅོས་ན་ལྟུང་བ་སླར་མི་ལྡོག་སྟེ། ལྟུང་བ་དག་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟར་ན་ལྟུང་བ་ཆེ་བའི་ངོ་བོར་གནས་པ་དག་གམ། ཆུང་བའི་ངོ་བོ་གནས་པ་དག་སྔ་མ་ལྟར་ན་ལྟུང་བ་ཆེ་བའི་རིགས་བརྗོད་པའི་(༢༩༣བ)


K8Z003_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཅོས་མ་བྱས་པ་དང་འགལ་ལོ། །ཕྱི་མ་ལྟར་ན་མཚན་གྱུར་པས་ལྟུང་བ་ཆེ་བའི་ངོ་བོ་དོར་བར་འགྱུར་བ་ལས། སླར་ཡང་མཚན་གྱུར་ན་ལྟུང་བ་དེ་སླར་ལྡོག་པར་གསུངས་པ་དང་འགལ་ལོ། །སླར་ལྡོག་པའི་ལུང་ནི་ལྟུང་བ་དེ་ལས་གྲོལ་ཞེས་ཀྱང་བྱ་ཞིང༌། སླར་ཡང་ལྟུང་བ་དེ་ཉིད་དང་བཅས་པར་འགྱུར་བ་མཆིས་སམ། ཡོད་དེ། དགེ་སློང་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་བཞི་པོ་བྱུང་བའམ། དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་བྱུང་བ་དེ་མཚན་གྱུར་ན་ལྟུང་བ་དེ་ལས་གྲོལ་ཞེས་ཀྱང་བྱ་ཞིང༌། སླར་ཡང་མཚན་གྱུར་ན་ལྟུང་བ་དེ་ཉིད་དང་བཅས་པ་ཡིན་ནོ་ཞེས་ལུང་ལས་བཤད་ཅེས་སྔ་མ་རྣམས་གསུང་ཡང༌། དེ་ནི་ལུང་ན་མི་སྣང་ཞེས་མཚོ་སྣ་བ་ཆེན་པོས་གསུངས་སོ། །མཚན་གྱུར་ན་ལྷག་མའི་འཆབ་པ་དག་པར་བསྟན་པ་ནི། མཚན་གྱུར་པ་དེ་ལ་སྔར་དགེ་འདུན་ལྷག་མའི་ཉེས་པ་བཅབས་པ་ཉམས་པ་མ་ཡིན་པ་མ་ཡིན་ནོ་སྟེ། བཅབས་པ་དེ་ཡོད་པ་ལས་ཉམས་ཏེ་མེད་པར་གྱུར་པ་ཡིན་ནོ། །ཊཱི་ཀ་ལས། དེས་ན་དགེ་སློང་གིས་དགེ་འདུན་ལྷག་མ་བཅབས་ནས་མཚན་གྱུར་ཏེ་དགེ་སློང་མ་ཉིད་དུ་གྱུར་ན། དེ་ཡོངས་སུ་གནས་པ་སྤོ་བའི་ལས་ཉིད་སྤྱད་པར་བྱ་མི་དགོས་ཏེ། མཚན་མ་གྱུར་པ་ཉིད་ལ་འཆབ་པའི་ཉེས་པ་སྲིད་པའི་ཕྱིར་རོ། །ཞེས་སོ། །འདིར་སྨྲས་པ། ཡིད་ནི་བསྟན་ལ་དད་པ་སྐྱེས་པའི་ལུས། །བཟོད་མེད་འདར་ཞིང་སྤུ་ལོང་རབ་རྒྱས་ཚེ། །འཁོར་བའི་ནགས་ཚལ་མྱ་ངན་ཆེན་པོ་འདི། །བསམས་ཤིང་འཇིགས་པ་གཞན་ཡང་ཇེ་ཆེར་སྐྱེས། །བསྟན་ལ་མ་དག་དྲི་མ་སྣ་ཚོགས་འདི། །མཐོང་བས་ཡི་ཆད་གདོང་ལ་མཆི་མ་བགོས། །དེ་ཚེ་ཐུབ་ཚུལ་བསྟན་པའི་ཡོན་ཏན་རྣམས། །དྲན་གྱུར་བདག་སེམས་གནས་པ་མེད་པར་གཡས། །ཀར་བསྟན་ཕྲིན་ལས་གང་ཁྱོད་(༢༩༤ན)


K8Z003_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དུ། །རང་གི་ཉེས་ཚོགས་ཕྱིར་རྒོལ་རིང་ནས་བཏུལ། །གཞན་གྱི་མགོན་དུ་རྟག་པར་ཆས་པ་ན། །འགྲོ་བའི་སྐྱབས་སུ་གྲུབ་འདི་བསྟེན་པར་འོས། །ཡོན་ཏན་འབྱུང་བའི་གཏེར་ཆེན་ཁྱོད་ཀྱི་ཞལ། །མོས་པའི་ལམ་ལ་མངོན་སུམ་མི་སྟོན་ཅིང༌། །རྟག་ཏུ་ཕན་པའི་གསུང་གིས་མི་འདོམས་ན། །བདག་ལ་བལྟོས་བཅས་སྟོན་པ་འདི་ན་སུ། །ཞེས་སོ།། །།གཉིས་པ་ནི། མགུ་བ་ཞག་དྲུག་གམ་ཟླ་བ་ཕྱེད་རིལ་གྱིས་སྤྱད་ཀྱང་རུང༌། ཆ་ཤས་ཀྱིས་སྤྱད་ཀྱང་རུང་སྟེ། སྔར་མགུ་བ་སྤྱད་པ་ནི་ཕྱིས་མཚན་གྱུར་པ་ན་དོན་མེད་པ་ཉིད་ཡིན་ནོ་སྟེ་གདོད་མགུ་བ་རྫོགས་པར་སྤྱད་དགོས་སོ། །ཞེས་རང་གི་རྣམ་བཤད་དང་ཊཱི་ཀ་ལས་གསུངས་སོ། །འོ་ན་ལུང་ཞུ་བ་ལས། དགེ་སློང་དེ་མགུ་བར་བགྱི་བ་སྤྱོད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི་མ་ཡིན་ཏེ། ཇི་ཙམ་དུ་སྤྱད་པ་དེ་གྲོངས་ལ་དགེ་འདུན་ཟླ་བ་གཉིས་ལ་ཟླ་བ་ཕྱེད་དུ་སྐོངས་ཤིག་ཅེས་སྔར་མགུ་བར་སྤྱད་པ་ནི་ཕྱིས་མཚན་གྱུར་པ་ན་ཞག་གྲངས་ཀྱི་ཁ་སྐོང་བྱེད་པ་དོན་ཡོད་པར་གསུངས་པ་དང་འགལ་ཅེ་ན། སྐྱོར་མོ་ལུང་པ་ཁ་ཅིག་ན་རེ། སྔར་མགུ་བ་སྤྱད་པ་དོན་མེད་དུ་གསུངས་པ་ནི་ཉིན་མོར་འབྲལ་བའི་ལྷག་མ་ལྟ་བུ་སྟེ། ཐུན་མོང་མ་ཡིན་པའི་ལྷག་མའི་ལྟུང་བ་བྱུང་ནས་མགུ་བ་སྤྱད་པ་ནི་མཚན་གྱུར་པ་ན་དོན་མེད་དུ་གྱུར་པ་སྟེ། མཚན་གྱུར་པ་ན་ལྟུང་བ་མེད་པའི་ཕྱིར་རོ། །སྨྱན་བྱེད་པའི་ལྷག་མ་ལྟ་བུ་སྟེ། ཐུན་མོང་གི་ལྷག་མའི་ལྟུང་བ་བྱུང་ནས་མགུ་བ་སྤྱད་པ་ནི། མཚན་གྱུར་ཀྱང་སྔར་མགུ་བ་སྤྱད་པ་དེ་དོན་ཡོད་པའོ་ཞེས་ཟེར་རོ། །འོན་ཀྱང་དེ་ནི་མི་བཟང་སྟེ། རང་གི་རྣམ་བཤད་དང་ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ལས། དགེ་སློང་མ་གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པ་(༢༩༤བ)


K8Z003_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན། ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བར་སྤྱད་པར་བགྱི་འཚལ་ལམ། སྤྱད་པར་བྱ་དགོས་སོ་ཞེས་གསུངས་པས་ནི། སྔར་མགུ་བ་སྤྱད་པ་དོན་མེད་པར་བསྟན་ཏེ། སྔར་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་དུ་ཟིན་ཀྱང༌། ཡང་ཞག་དྲུག་དགེ་འདུན་ལ་མགུ་བ་སྤྱད་པར་བྱ་དགོས་པར་བསྟན་པའི་ཕྱིར་རོ། །ཞེས་གསུངས་པས་གྲུབ་ཆེན་ཡོན་ཏན་འོད། ལུང་ཁུངས་སངས་རྒྱས་བཅོམ་ལྡན་འདས་དང་བཅས་པའི་རྗེས་སུ་མི་འབྲང་བར། ལུང་ཡི་གེ་མ་དག་པར་ལག་ཏུ་བཟུང་ནས་མགོ་ཕར་སྒྲིལ་ཚུར་སྒྲིལ་མང་པོ་བྱེད་ཅིང༌། ངག་ཏུ་འདི་དཀའ་གནས་ཡིན་ཟེར་བ་མ་ཎི་འདོན་འདོན་བྱེད་པ་རྣམས་འོ་རེ་བརྒྱལ་བས་སྐབས་འདིར་ཤུགས་རིང་རེ་མཛོད་ཅིག །གསུམ་པ་ནི། མཚན་གྱུར་པ་འདི་ལ་ལྟུང་བའང་འགྱུར་ཏེ། ཆོ་ག་རྣམས་ཏེ་བཅས་པ་རྣམས་གྱུར་པའི་ཕྱིར་ཏེ། དེ་ཡང་མཚན་གྱུར་གྱི་མདོ་གཉིས་པ་བྱས་པ་ནི་དེ་ཉིད་ཡིན་ནོའི་དབང་དུ་བྱས་ནས་བཅས་པ་ཆེ་བ་ལས་ཆུང་བའི་ཕྱིར། ལྟུང་བ་ཆེ་བ་ལས་ཆུང་ངུ་གྱུར་པ་དང༌། མདོ་ལྔ་པ་ཞིང་མ་ཡིན་པ་ཉིད་ལས་ཉམས་པའི་དབང་དུ་བྱས་ནས། བཅས་པ་ཡོད་པ་ལས་མེད་པའི་ཕྱིར། ལྟུང་བ་ཡོད་པ་ལས་མེད་པར་གྱུར་པ་དང༌། མགུ་སྤྱད་དོན་མེད་དུ་གྱུར་པ་སྟེ། གསུམ་གྱི་འཐད་སྒྲུབ་བསྟན་པ་ཡིན་ནོ། །མཚན་གྱུར་གྱི་མདོ་དང་པོ་དང༌། གསུམ་པ་དང་བཞི་པའི་འཐད་སྒྲུབ་ནི་མ་ཡིན་ཏེ། དེ་ལྟར་ཡིན་ན་འདིར་འགྱུར་ཏེ་མཚན་གྱུར་ཀྱང་ལྟུང་བ་ནི་ཆེར་མི་འགྱུར་བ་རང་སོན་བསྒྲུབ་བྱ་སྒྲུབ་བྱེད་འདི་གཉིས་ཀ་དང་ལུགས་ལ་མི་སྲིད་པས་སྐབས་འདིར་མགོ་མ་རྨོངས་པར་མཛད་པར་ཞུའོ། །གནས་པ་ཡིན་ཏེ། འདི་ལ་ཆོ་ག་རྣམས་གྱུར་པའི་ཕྱིར་ཞེས་བཀོད་དགོས་ལ། དེ་ལྟར་ན་མདོ་འདིའི་དོན་ཕྱིན་ཅི་ལོག་ཆེན་པོར་འགྱུར་རོ། །(༢༩༥ན)


K8Z003_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མཚན་གྱུར་གྱི་སྐབས་འདིར། ཞུ་འགྲེལ་མཁན་པོ་པཎྜི་ཏ་དགེ་ལེགས་བཤེས་གཉེན་གྱིས། ལྟུང་བ་ཆུང་བ་ལས་མཚན་གྱུར་པས་ལྟུང་བ་ཆེར་འགྲོ་བར་བཞེད་པ་ལ། བོད་ཀྱི་འདུལ་འཛིན་ཁ་ཅིག །སྒྲུབ་བྱེད་ཁ་སྐོང་འདི་སྐད་དུ། དགེ་སློང་རེག་པའི་ལྷག་མ་བྱུང་བ་མཚན་གྱུར་ན་ཕམ་པའི་སྦོམ་པོར་འགྱུར་བའི་ཕྱིར་དང༌། དགེ་སློང་མ་རྒྱ་སྐྱེགས་ཀྱི་ཆང་བུ་འཆང་བའི་ལྟུང་བྱེད་དུ་གྱུར་པ་མཚན་གྱུར་ན་ཕྱུང་བའི་ལྷག་མར་འགྱུར་བའི་ཕྱིར་དང༌། བཅས་པ་ཆེ་བ་ལས་མཚན་གྱུར་པས་བཅས་པ་ཆུང་དུ་གྱུར་པ་ན། སྔར་གྱི་ལྟུང་བ་ཡང་ཆུང་དུ་འགྲོ་བ་བཞིན་དུ་མཚན་གྱུར་པས་བཅས་པ་ཆེར་གྱུར་པ་ན་སྔར་གྱི་ལྟུང་བ་ཡང་ཆེར་འགྲོ་སྟེ། བཅས་པ་གྱུར་པར་མཚུངས་པའི་ཕྱིར་ཞེས་ཟེར་རོ། །མཚོ་སྣ་པ་ཆེན་པོས་དེ་ནི་མི་རིགས་ཏེ། ལྷག་མ་ལས་སྦོམ་པོར་གྱུར་པ་དེ་སྡེ་ཚན་ཆེར་གྱུར་པ་ཙམ་ཡིན་གྱི། ལྟུང་བའི་ངོ་བོ་ཆེར་གྱུར་པ་མ་ཡིན་པའི་ཕྱིར་དང༌། རྟེན་དགེ་སློང་དུ་མཚན་གྱུར་ཀྱང་ཆང་བུ་འཆང་བའི་ལྟུང་བྱེད་དེ་ལྷག་མར་འགྱུར་བ་ཉིད་མ་གྲུབ་སྟེ། རྟེན་དགེ་སློང་དུ་གྱུར་ཀྱང་ལྟུང་བྱེད་དེ་སོ་ན་གནས་པའི་ཕྱིར་རོ། །འོ་ན་རྟེན་དགེ་སློང་ལ་ཆང་བུ་འཆང་བའི་ལྟུང་བྱེད་ཡོད་པར་ཐལ་ལོ་ཞེ་ན། མདོར་བསྡུས་ཀྱིས་ལྟུང་བྱེད་དེ་ཡོད་པར་འདོད་པའོ། །བཅས་པར་གྱུར་པ་མཚུངས་པའི་ཕྱིར་ཞེས་པ་དེའང་བཅས་པར་གྱུར་པ་ཙམ་དུ་འདྲ་ཡང༌། བྱེ་བྲག་ཆེ་འགྱུར་དང༌། ཆུང་འགྱུར་མི་འདྲ་བའི་ཕྱིར་སྒྲུབ་བྱེད་དུ་མི་འགྱུར་རོ། །མཚན་གྱུར་པས་སྔར་གྱི་ལྟུང་བ་དེ་ཆེར་འགྲོ་ན་ནི། ཊཱི་ཀ་ལས། ལྷག་པའི་དོན་གྱི་མཚན་གྱུར་པ་ལས་ནི་ལྟུང་བ་ན་སྨད་པ་འབྱུང་བར་འགྱུར་གྱི། ན་སྨད་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལས་ནི་ལྷག་མ་འབྱུང་བར་མི་འགྱུར། ཞེས་གསུངས་པ་(༢༩༥བ)


K8Z003_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དང་འགལ་ལོ། །ལྟུང་བ་ཆུང་བ་ལས་མཚན་གྱུར་པས་ལྟུང་བ་ཆེན་པོར་འགྲོ་ཞིང༌། ལྟུང་བ་མེད་པ་ལས་མཚན་གྱུར་པ་ཙམ་གྱིས་ལྟུང་བ་ཡོད་པར་འགྱུར་ན་ནི་དེའི་ཚེ་ལྟུང་བ་སྤོང་བར་བསྒྲུབ་པར་མི་ནུས་སོ། །ལྷག་པའི་དོན་ཅེས་པ་དགེ་སློང་ལས་ལྷག་པ་དགེ་སློང་མའི་ལྟུང་བའོ། ། ལྷག་པར་འབྱུང་བར་མི་འགྱུར་བ་ནི་དགེ་སློང་མའི་ལྷག་པ་ཐུན་མོང་མིན་པའི་ལྟུང་བ་དགེ་སློང་ལ་མི་འབྱུང་བའི་དོན་ནོ། །རྒྱ་སྐྱེགས་ཀྱི་ཆང་བུ་འཇུག་པའི་ལྟུང་བྱེད་དགེ་སློང་ལ་མདོར་བསྡུས་སྦྱར་ཅེས་མཚོ་སྣ་བ་ཆེན་པོས་གསུངས་ཀྱང་བརྟག་པར་བྱའོ། །འདིར་སྨྲས་པ། མཚན་མོ་ལག་ནོམ་བརྒྱུད་པ་ལས། །གཟུགས་ཀྱི་རང་བཞིན་རྟོགས་རློམ་བཞིན། །ཕྱོགས་འདིར་འཆད་རྩོམ་ཕལ་མོ་ཆེ། །བརྩོན་པ་འབྲས་བུ་མེད་པར་གོ། །བདག་ནི་མཁས་པའི་ལེགས་བཤད་ལ། །གཞན་ཕན་བཟང་པོའི་བློས་བཟུང་སྟེ། །ཚིག་གི་ཚོགས་ལ་མ་འཇིགས་པར། །མཐའ་དག་དོན་སྟོན་བརྗོད་པར་བྱ། །ཞེས་སོ།། །།གཉིས་པ་ལ། འདས་པ་དང་མ་འོངས་པ་ལ་བརྟེན་པའི་དུས་གཉིས་དོགས་གཅོད་ད་ལྟར་ལུས། །ལྟུང་བའི་ཡན་ལག་ཉིད་དུ་བཞག །སྐྱེས་གནས་གཞན་ལ་བརྟེན་པའི་དོགས་གཅོད་རང་འགྲོ་བ་གང་གཏོགས། །ལྟུང་བའི་ཡན་ལག་ཉིད་དུ་བཞག །ཁ་དོག་དང་དབྱིབས་ཀྱི་གཟུགས་ལ་བརྟེན་པའི་དོགས་གཅོད་ཤེས་པའི་རྒྱུད་གང་གཏོགས། །ལྟུང་བའི་ཡན་ལག་ཉིད་དུ་བཞག །ཡོན་ཏན་གྱི་ཆ་ལ་བརྟེན་པའི་དོགས་གཅོད་འཕེན་ས་གཅིག་གིས་བསྡུས་ལུས། །རང་མཆན་ཡིན། རྐང་པ་གཉིས་རེས་ས་བཅད་རེ་སྟོན་ཏོ་ལྟུང་བའི་ཡན་ལག་ཉིད་དུ་བཞག །དང་པོ་ནི། རེག་པ་ལ་མཚོན་ན་མེད་མི་རུང་གི་སྦྱོར་བ་དང༌། མཐར་ཐུག་དེའི་ཚེ་རེག་ཡུལ་མོའི་དབང་པོ་དང་ལྡན་པའི་ལུས་ནི་རེག་པའི་ལྷག་མ་བསྐྱེད་པའི་བྱེད་པ་པོ་ཉིད་ཡིན་གྱི། མེད་མི་རུང་གི་སྦྱོར་(༢༩༦ན)


K8Z003_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྔ་རོལ་དང་མཐར་ཐུག་གྲུབ་པའི་འོག་རོལ་གྱི་ལུས་འདིའི་བྱེད་པ་པོ་མ་ཡིན་ནོ། །མདོ་འདི་ནི་ལུང་ཞུ་བ་ལས། རེག་སྨྱན་འཁྲུར་འཇུག་ལེན་གོས་སྟེར། །ལྔ་ལ་སྦྱོར་དང་མཐར་ཐུག་གོ། །བར་དུ་ཡུལ་དེའི་མཚན་གྱུར་ན། །ན་སྨད་གསུངས་དུས་གཞན་ལའང་སྦྱར། །ཅེས་སོ། །དེའི་ཚེ་ལུས་ནི་མཚོན་པ་ཙམ་སྟེ་མཚན་མཐུན་པ་ཡན་ལག་ཏུ་དགོས་པ་རྣམས་ལ་ནི། དེའི་ཚེ་མཚན་མཐུན་པ་བྱེད་པ་པོ་ཉིད་ཡིན་ནོ། །དེའི་ཚེ་ལྟ་བ་མཐུན་པ་བྱེད་པ་པོ་ཉིད་ཡིན་ནོ་ཞེས་པ་ལ་སོགས་པ་སྟེ། ལྟུང་བ་རང་རང་གི་སྦྱོར་བ་དང་མཐར་ཐུག་དེའི་ཚེ་ལྟུང་བ་རང་རང་གི་གཞིའི་ཡན་ལག་ཚང་བ་བྱེད་པ་པོ་ཉིད་དོ་ཞེས་མཚོན་ནས་བསྟན་ཏོ། །འདིར་དྭགས་བརྒྱུད་པ་ཆེན་པོ་བུ་སྟོན་ན་རེ། དང་པོ་ལྟུང་བ་བྱེད་པོའི་ཡུལ་དང་རྒྱུ་ངོས་བཟུང་བ་སྟེ། ལྟུང་བ་འབྱིན་པ་པོའི་མེད་མི་རུང་གི་སྦྱོར་བ་རྩོམ་པ་ནས་མཐར་ཐུག་གྲུབ་ཀྱི་བར་དེའི་ཚེ་ལུས་གང་ཡིན་པ་དང༌། ལྟུང་བའི་སྦྱོར་བ་བརྩམ་བྱའི་ཡུལ་མེད་མི་རུང་གི་སྦྱོར་བ་ནས་མཐར་ཐུག་གྲུབ་པ་དེའི་ཚེ་ལུས་གང་ཡིན་པ་དེ་ཆོས་ཅན། ལྟུང་བའི་བྱེད་པ་པོ་ཡིན་ཏེ་ལྟུང་བ་སྦྱིན་པ་པོ་དང་ལྟུང་བ་འབྱུང་བའི་གཞི་ཡིན་པའི་ཕྱིར་རོ། །ཆོས་ཆོས་ཅན་གཉིས་ཏེ་འདི་གཉིས་མིན་ཅན་གཉིས་ལ་རྟགས་གཉིས་རིམ་བཞིན་སྦྱོར། འདི་ལྟར་ལྟུང་བ་འབྱིན་པར་བྱེད་པ་པོའི་ལུས་མཚན་གཞན་དུ་མ་གྱུར་པ་དགོས་ཏེ། གྱུར་ན་ལྟུང་བ་ཐུན་མོང་མ་ཡིན་པ་རྣམས་གཞན་དུ་འགྱུར་བའི་ཕྱིར་རོ། །དགེ་སློང་གིས་བུད་མེད་ཀྱི་ལུས་ལ་རེག་པའི་སྦྱོར་བ་བརྩམས་ནས་མཚན་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་ཕམ་པའི་སྦོམ་པོར་འགྱུར་བ་དང༌། དགེ་སློང་མས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བརྩམས་ནས་མཚན་གྱུར་ན་ལྷག་མའི་སྦོམ་པོར་འགྱུར་བ་བཞིན་ནོ། །དེ་བཞིན་དུ་དགྲ་བཅོམ་(༢༩༦བ)


K8Z003_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ལ་གསོད་པའི་སྦྱོར་བ་བྱས་ནས་དགྲ་བཅོམ་ཤི་ན་ཕས་ཕམ་དང་མཚམས་མེད་གཉིས་ཀ་འབྱུང་གི། དགྲ་བཅོམ་མིན་པ་ལ་མཚོན་གྱིས་བསྣུན་པའི་འོག་ཏུ་ཤི་ན་ཕས་ཕམ་འབྱུང་གི། མཚམས་མེད་མི་འབྱུང་ལ། དེ་བཞིན་དུ་དགེ་སློང་གིས་སྐྱེས་པ་ལ་རེག་པར་བརྩམས་ནས་སྐྱེས་པ་དེ་མཚན་གྱུར་ནས་བུད་མེད་དུ་སོང་ན་ལྷག་མར་འགྱུར་བ་དང༌། དགེ་སློང་ལ་བརྡེག་པར་བརྩམས་པ་ལས་དེ་མཚན་གྱུར་ནས་དགེ་སློང་མར་སོང་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །དགེ་ལེགས་བཤེས་གཉེན་ན་རེ། སོ་སོ་སྐྱེ་བོའི་རྟེན་ལ་སྦྱོར་བ་བྱས་ནས་དགྲ་བཅོམ་ཐོབ་སྟེ་ཤི་ནའང་ཕམ་པ་དང་མཚམས་མེད་གཉིས་ཀ་འབྱུང་ལ། དགེ་སློང་གིས་སོ་སོའི་སྐྱེ་བོ་གུམ་པའི་སྦྱོར་བ་བགྱིས་ལ་དགྲ་བཅོམ་ཐོབ་པ་ཞིག་སྲོག་དང་ཕྲལ་ན་ཅིར་འགྱུར་ལགས། མཐར་འགྱུར་ཏེ་མཚམས་མེད་པའི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར་རོ་ཞེས་བཤད་པས་སོ་ཞེ་ན། དེ་ནི་སོ་སྐྱེ་ལ་གསོད་པའི་སྦྱོར་བ་ལག་པས་འཛིན་པ་དང༌། འཆིང་བ་དང༌། བཙོན་རར་འཇུག་པ་ལ་སོགས་བྱས་ནས་དགྲ་བཅོམ་ཐོབ་ནས་མཚོན་བསྣུན་ཏེ་བསད་ན་ཕམ་པ་དང༌། མཚམས་མེད་གཉིས་ཀ་ཡོད་པ་ལ་དགོངས་ཀྱི། སོ་སྐྱེའི་དུས་སུ་མཚོན་བསྣུན་པའི་སྦྱོར་བ་དེས་དགྲ་བཅོམ་ཐོབ་ནས་ཤི་བ་ལ་ཕམ་པར་འགྱུར་ཡང་མཚམས་མེད་དུ་མི་འགྱུར་ཏེ། བསྣུན་འོག་དགྲ་བཅོམ་པ་ལ་མིན། །ཅེས་བཤད་པས་སོ། །འགྲེལ་པ་ལས། གསད་པར་བྱ་བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་ལ་ལྟུང་བ་འབྱིན་པར་བྱེད་པས་གསོད་པའི་སྦྱོར་བ་བརྩམས་ནས། གསད་པར་བྱ་བ་དེས་དགྲ་བཅོམ་པ་ཉིད་ཐོབ་པའི་གནས་སྐབས་སུ་ལྟུང་བ་འབྱིན་པར་བྱེད་པ་དེས་དགྲ་བཅོམ་པ་དེ་གསོད་པར་བྱེད་ན། དེའི་ཚེ་དགྲ་བཅོམ་པའི་ལུས་དེ་ལྟུང་བ་འབྱིན་པར་(༢༩༧ན)


K8Z003_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྒྱུད་ལ་སྲོག་གཅོད་པའི་ལྟུང་བ་དང༌། མཚམས་མེད་པའི་ལས་གཉིས་ཀ་འབྱུང་བའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུ་དང༌། ཞེས་པའང་འདི་ལ་དགོངས་སོ། །ལུང་དུ་དགེ་སློང་གིས་དགྲ་བཅོམ་པའི་གུམ་པའི་སྦྱོར་བ་བགྱིས་ལ། སློབ་པ་སྲོག་དང་ཕྲལ་ན་ཅིར་འགྱུར་ལགས། མཐར་འགྱུར་ཏེ། མཚམས་མེད་པ་དང་ཉེ་བའི་ཁ་ན་མ་ཐོ་བས་ཀྱང་རེག་པར་འགྱུར་རོ་ཞེས་པའི་དོན། པཎྜི་ཏ་ཀ་ལྱཱ་ནམྨི་ཏྲས་དགྲ་བཅོམ་གྱི་རྟེན་ལ་གསོད་པའི་སྦྱོར་བ་བྱས་ནས་དགྲ་བཅོམ་ཉམས་ནས་སློབ་པར་གྱུར་ཏེ་ཤི་ན། སློབ་པ་གསོད་སྙམ་མེད་ཀྱང་འདི་བསད་སྙམ་དུ་རྟེན་ངེས་པར་བཟུང་བའི་ཕྱིར་སློབ་པ་བསད་པར་འགྱུར་གྱི། ནོར་ན་དངོས་གཞིར་མི་འཐད་དོ་ཞེས་སྨྲའོ། །དེ་ནི་མི་རིགས་ཏེ། དགྲ་བཅོམ་པ་ཉམས་ནས་སློབ་པའི་ངང་ལ་འཆི་བ་མི་སྲིད་པའི་ཕྱིར་ཏེ། འབྲས་ལས་ཉམས་པ་འཆི་བ་མེད། །ཅེས་པས་སོ། །ལུང་གི་དགོངས་པ་ནི་དེ་སློབ་པ་ཡིན་ལ། དགྲ་བཅོམ་དུ་ཤེས་ནས་དེ་བསད་ན་མི་འདི་བསད་སྙམ་པ་དེ་མ་ནོར་བའི་ཕྱིར་མཐར་འགྱུར་ལ། སློབ་པ་བསད་སྙམ་མེད་ཀྱང་རྟེན་ངེས་པར་བཟུང་བའི་ཕྱིར་ཉེ་བའི་མཚམས་མེད་དུ་འགྱུར་རོ། །འདིའི་རྒྱུ་མཚན་གཙུག་ཕུད་ཅན་དང་ཨུ་ཏྲ་ཡ་ནའི་རིགས་པས་ཀྱང་དགྲ་བཅོམ་པ་བསད་པ་ལ་དགྲ་བཅོམ་དུ་ཤེས་པར་མི་དགོས་པར་བཤད་པ་བདེན་ཏེ། གླེང་གཞིའི་དབང་གིས་ཀྱང་དེ་ལྟར་གྲུབ་བོའདིའང་ཊཱི་ཀའི་དགོངས་པ་ཡིན་མོད་ཞིབ་མོར་འོག་ནས་དཔྱད་དོ། །། །སོ་སྐྱེ་བསད་སྙམ་ནས་དགྲ་བཅོམ་བསད་ན་སྦོམ་པོར་བཤད་པ་ནི་གང་ཟག་ནོར་བ་ལ་དགོངས་པ་ཡིན་ནོ། །ལུང་དུ་འདི་ལྟུང་བ་རང་གི་སྦྱོར་མཐའ་རྫོགས་པ་ལ་རང་རང་གི་གཞིའི་ཡན་ལག་ཚང་བ་བྱེད་པོར་དགོས་པ་འདིའོ། །བྱིན་ལེན་དང༌། མཚམས་མེད་ལ་དོགས་པ་བཅད་མོད་ཀྱི། དེས་མཚོན་ནས་ལྟུང་བ་སྡེ་ལྔ་ཕལ་ཆེ་(༢༩༧བ)


K8Z003_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་བརྩི་སྟེ། དམིགས་བསལ་མངལ་ན་གནས་པའི་སྨྱན་བྱེད་པ་ལ་སྦྱོར་བའི་དུས་ན་མཚན་རྟེན་རུང་མེད་ཀྱང་མཐར་ཐུག་གི་དུས་ན་སྨྱན་བྱེད་པའི་ལྷག་མ་བསྐྱེད་པ་དང༌། ཁང་པ་ཁང་ཆེན་ལ་རྨང་བཙུགས་པས་སྲོག་ཆགས་ཤི་ན་མཐར་ཐུག་གི་དུས་སུ་སྐྱེ་བ་ཕྲ་མོ་མེད་ཀྱང་ལྷག་མར་བསྐྱེད་པ་དང༌། ཁང་པ་ཁང་ཆེན་བརྩིགས་པ་ན་དང་པོ་རྩོད་པ་བྱས་པ་ཞི་སྟེ། མཐར་ཐུག་གི་དུས་ན་རྩོད་བཅས་མ་ཡིན་ཀྱང་ལྷག་མར་འགྱུར་བ་དང༌། གོས་སློང་བ་ལ་སྦྱོར་བའི་དུས་ན་གོས་ཀྱི་ངོ་བོར་གྲུབ་པ་མེད་ཀྱང་མཐར་ཐུག་གི་དུས་སུ་ཡོད་ན་ལྟུང་བ་དངོས་གཞིར་འགྱུར་བ་ལྟ་བུ་འགའ་ཞིག་ལ་རང་རང་གི་གཞིའི་ཡན་ལག་མ་ཚང་ཡང་དེ་དང་དེར་འགྱུར་བ་མ་གཏོགས་པ་གཞན་ཕལ་ཆེར་ལ་བརྩིའོ། །སྐབས་འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། དགེ་སློང་གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བྱས་ནས། ཡུལ་དེ་བུད་མེད་དུ་མཚན་གྱུར་ན་སྐྱེས་པའི་ལུས་དེ་སྦྱོར་བ་བྱེད་པ་པོ་དང༌། བུད་མེད་ཀྱི་ལུས་དེ་དངོས་གཞི་བྱེད་པ་པོ་ཡིན་པས། དེའི་ཚེ་སྦྱོར་བ་ལ་སྦོམ་པོ་དང༌། དངོས་གཞི་ལ་ལྷག་མ་འབྱུང་བ་ཡིན་ཟེར་བ་ནི་རྩིང་ཞེས་བརྗོད་ནས། རང་ལུགས་ལ་དེ་འདྲ་དེ་མཐར་ཐུག་གྲུབ་པ་གང་དུས་མཉམ་དུ་མཚན་གྱུར་ན་ནི། མཚན་ཕྱི་མ་ལ་བརྟེན་པའི་དངོས་གཞི་འོང་དོན་མེད་ལ། སྦྱོར་བ་བྱེད་བཞིན་པ་ལ་མཚན་གྱུར་ན་ནི་མཚན་ཕྱི་མ་ལ་གང་ཡོད་ཀྱི་སྦྱོར་དངོས་གཉིས་ཀ་འབྱུང་ངོ་ཞེས་པ་དང༌། ཡང་འགྲེལ་པའི་དགོངས་པ་འཆད་པར་རློམ་ནས་སོ་སྐྱེའི་རྟེན་ལ་སྦྱོར་བའི་སྦྱོར་བ་བྱས། དགྲ་བཅོམ་གྱི་ལུས་ལ་དངོས་གཞིའི་སྦྱོར་བ་བྱས་ནས་མཐར་རྟེན་དེ་ཤི་བ་ལ་མཚམས་མེད་དང་ཕམ་པ་འབྱུང་བར་དགོངས་ཏེ། ཊཱི་ཀར། དགྲ་བཅོམ་པ་དེ་གསོད་པར་བྱེད་ན། ཞེས་འབྱུང་བའི་ཕྱིར་རོ། །བོད་(༢༩༨ན)


K8Z003_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དག་འགྲེལ་པ་མཁན་པོའི་ལུགས་འགོག་པ། ཕྱོགས་སྔའི་ནམ་མ་ལངས་པའོ་ཞེས་ཟེར་བ་དང༌། ཡང་འགྲེལ་པར། བསད་བྱ་དགྲ་བཅོམ་པ་ཉིད་མ་ཡིན་པའི་ཚེ་སྦྱོར་བ་བྱས་ཏེ་འགྱོད་པ་དྲག་པོ་ལྟ་བུས་སྦྱོར་བ་དེ་ལས་ཕྱིར་ལོག །དེའི་འོག་ཏུ་ཡུལ་དེས་དགྲ་བཅོམ་པ་ཐོབ། སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཤི་བར་གྱུར་ན་དགྲ་བཅོམ་པའི་ལུས་དེ་སྲོག་གཅོད་པ་འབའ་ཞིག་གི་བྱེད་པ་པོ་ཡིན་གྱི། མཚམས་མེད་པའི་ལས་ཀྱི་བྱེད་པ་པོ་མ་ཡིན་ནོ་ཞེས་གསུངས་པ་དེ་སྒྲ་ཇི་བཞིན་པ་དེ་ཅུང་ཟད་དཀའ་བར་སྣང་ཡང་དོན་ནི་དགྲ་བཅོམ་པའི་ཆ་ལ་འདུན་པ་ལོག་ཅིང་གསོད་པའི་ཆ་ལ་མ་ལོག་པ་ལ་འཆད་དགོས་ཏེ། གཞན་དུ་ན་སྲོག་གཅོད་ཀྱི་ལས་ལམ་དངོས་གཞི་ཡང་འབྱུང་དོན་མེད་པའི་ཕྱིར་རོ། །རྟེན་གཅིག་ལ་འདུན་པ་ཕྱེད་ལོག་དེ་འདྲ་མི་སྲིད་སྙམ་ན་མ་ཡིན་ཏེ། དཔེར་ན་དགྲ་བཅོམ་པ་མི་གསོད་པའི་ཡི་དམ་ཅན་འགའ་ཞིག་གིས། ཡུལ་དེ་དོན་ལ་དགྲ་བཅོམ་པ་ཡིན་ཀྱང་དེ་མིན་པར་འདུ་ཤེས་ནས་བསད་པ་ལྟ་བུའོ། །འདུ་ཤེས་ཙམ་དོན་ཡན་ལག་མིན་ནམ་ཞེ་ན། དོན་ཡན་ལག་ཡིན་པ་དང༌། དོན་ཤེས་མཐུན་པའི་དོན་དོན་དེར་འདུ་ཤེས་པ་མེད་ན་དངོས་པོ་ལ་དོན་དེ་ཡིན་པ་ཙམ་གྱིས་དོན་གཙོ་ཆེ་བའི་གོ་དོན་མིན་ཏེ། ཤིང་སྐམ་བཅད་པར་བྱའོ་སྙམ་དུ་འདུ་ཤེས་ཏེ་མཚོན་བསྣུན་པ་ལས་མི་ཤི་བར་གྱུར་ཀྱང༌། སྦྱོར་དངོས་གཉིས་ཀ་ལ་ཉེས་མེད་དུ་འགྲེལ་པ་མཁན་པོས་བཞེད་པའི་ཕྱིར་ཞེས་སྨྲ་ནའོ། །སྨྲ་བ་དེ་དག་ལ་རིམ་བཞིན་དཔྱད་ན་སྙིང་པོ་ཅིའང་མེད་དེ། དགེ་སློང་གིས་སྐྱེས་པ་ལ་རེག་པའི་མཐར་ཐུག་བཞིན་པ་ན། སྐྱེས་པ་དེ་བུད་མེད་དུ་གྱུར་པ་ཞིག་སྲིད་ལ། དེའི་ཚེ་མཚན་ཕྱི་མ་ལ་བརྟེན་པའི་དངོས་གཞི་མི་འབྱུང་ན་གང་འབྱུང༌། དེར་མ་ཟད་ལྟུང་བ་འབྱིན་པོ་དགེ་སློང་གིས་སྐྱེས་པ་ལ་(༢༩༨བ)


K8Z003_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པའི་སྦྱོར་བ་ལག་པ་དེངས་པ་བྱས་ན། ལྟུང་བ་འབྱིན་ཡུལ་སྐྱེས་པ་དེ་མཚན་འགྱུར་བ་ལ། རྒྱུ་ནུས་ཐོགས་མེད་དུ་སོང༌། དགེ་སློང་གིས་ལག་པས་རེག་པའི་མཐར་ཐུག་པ་གྲུབ་པ་ན། ཡུལ་དེའི་མཚན་གྱུར་པ་མཐར་ཐུག་པ་གྲུབ་པ་ཞིག་ཀྱང་སྲིད་པའི་ཕྱིར་དང༌། གཞན་ཡང་ཁྱོད་ཀྱི་ཞིབ་ཆ་དེ་བོད་དུ་གྲགས་པའི་ཚིག་སྐྱོན་མིན་གྱི། དོན་ལ་སྦྱོར་བའི་ཡུལ་སྐྱེས་པ་དང༌། མཐར་ཐུག་གྲུབ་པའི་ཡུལ་མཚན་གྱུར་ལ་བྱས་པས་སྦྱོར་བ་ལ་སྦོམ་པོ་དང༌། དངོས་གཞི་ལ་ལྷག་མའང་འབྱུང་བ་སྲིད་དོ། །གཞན་ཡང་སྦྱོར་བཞིན་པ་ལ་མཚན་གྱུར་ན་མཚན་ཕྱི་མ་ལ་གང་ཡོད་ཀྱི་སྦྱོར་དངོས་གཉིས་ཀ་འབྱུང་བ་ཡང་མ་ངེས་ཏེ། མཚན་གྱུར་ཟིན་ན་དེ་ལྟ་ཞིག་སྲིད་དུ་ཆུག་ཀྱང་མཚན་འགྱུར་བ་ན། དེ་ལ་སྦྱོར་བ་བྱས་པ་མཚན་ཕྱི་མ་ལ་བྱས་པའི་སྦྱོར་བར་མི་འགྱུར་ཏེ་མཚན་མ་གྱུར་པའི་ཕྱིར་རོ། །དེས་ན་རྨོངས་པའི་དོགས་གཅོད་འདི་ལྟ་བུ་སྔར་ནས་བསལ་ཟིན་ཏེ། རྣམ་དག་ཟངས་ཆེན་པའི་ཞལ་ནས། ཊཱི་ཀ་ལས། དགེ་སློང་གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་ན། སྐྱེས་པ་དེ་མཚན་གྱུར་ཏེ་བུད་མེད་དུ་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་ནི་བུད་མེད་ཀྱི་ལུས་དེ་རེག་པ་ལ་དགེ་འདུན་ལྷག་མའི་བྱེད་པ་པོ་ཉིད་ཡིན། ཅེས་པ་ནི། ཁད་རིང་བའི་སྦྱོར་བའི་དུས་ན་སྐྱེས་པ་ཡིན་ཀྱང་མེད་དུ་མི་རུང་བའི་སྦྱོར་བ་དང་མཐར་ཐུག་དེའི་ཚེ་ཡུལ་བུད་མེད་ཡིན་པ་ལ་དགོངས་ཞེས་གསུངས་སོ། །ཡང་འགྲེལ་པར། བསད་བྱ་དགྲ་བཅོམ་པ་མ་ཡིན་པའི་ཚེ་ཞེས་པ་ལ་སོགས་པའི་དོན་དགྲ་བཅོམ་པ་མ་ཡིན་པ་ལ་སྦྱོར་བ་བྱས་ཤིང༌། ཡུལ་དེ་གསོད་དགོས་བསམ་པ་ལས། དེས་དེའི་ཚེ་ལམ་ལ་འབད་ནས་དགྲ་བཅོམ་པ་ཐོབ་པར་གྱུར་པ་དེ་དགེ་སློང་དེས་རྗེས་སུ་དཔོགས་ནས་འགྱོད་པ་དག་ཏུ་སྐྱེས་ནས་དགྲ་(༢༩༩ན)


K8Z003_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་གསོད་པར་མ་བསམ་པས་གསོད་པའི་ལུས་ངག་གི་སྦྱོར་བ་དེ་ལས་ལོག་པས་མཐར་གྱུར་པ་ན། དགྲ་བཅོམ་མིན་པའི་སྲོག་གཅོད་པའི་ཕམ་པ་འབྱུང་ལ། མཚམས་མེད་མི་འབྱུང་བའི་དོན་ཡིན་ལ། དེའི་ཕྱིར་ཊཱི་ཀའི་ཚིག་འདིས་བསྣུན་འོག་དགྲ་བཅོམ་པ་ལ་མིན་ཅེས་པའང་གསལ་བར་བྱེད་པ་ཡིན་ནོ། །འགྲེལ་པར། གསད་བྱ་དེ་སོགས་ཀྱི་དོན་ཁྱོད་ཀྱིས་བཤད་པ་དེའང་ངེད་ཀྱིས་བཤད་པ་ལས་ཁྱད་པར་ཅིའང་མེད་བཞིན་དུ་འགྲེལ་པ་ལ་སྐྱོན་བརྗོད་ཅིང༌། འགོག་མཁན་མེད་བཞིན་དུ་ཕྱོགས་སྔའི་ནམ་མ་ལངས་ཟེར་བ་ཡང་རང་གི་དེ་ཉིད་གསལ་བར་བྱས་སོ། །ཁྱོད་ཀྱིས་བཤད་དཀའ་བ་བཀྲོལ་བར་འདོད་པའི་བཤད་པ་དེའི་ཞེན་དོན་མྱངས་ན། རྒྱ་གར་བའི་མི་མི་གསོད་པའི་ཡི་དམ་ཅན་ཞིག་གིས་རྒྱ་གར་བ་ཡིན་མིན་མ་ཤེས་པར་རྒྱ་གར་བའི་མི་ཞིག་བསད་ན། རྒྱ་གར་བའི་མི་གསོད་པ་ལ་འདུན་པ་ལོག་ཀྱང༌། མི་འདི་གསོད་པ་ལ་འདུན་པ་མ་ལོག་པས་རྒྱ་གར་བའི་མི་བསད་པའི་ཉེས་པ་མེད་ཀྱང༌། མི་བསད་པའི་ཉེས་པ་ཡོད་ཟེར་བ་ལྟ་བུའོ། །དེས་ན་མི་དེ་མི་ནི་ཡིན། གླིང་གསུམ་གྱི་མི་ནི་མིན། འཛམ་གླིང་ལས་གཞན་པའི་མི་ནི་དེ་ལས་ཀྱང་མིན། རྒྱ་གར་གྱི་མི་བསད་པའི་ཉེས་པ་ནི་མི་འབྱུང་ན། མི་དེ་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ལ་སོགས་ཀྱི་མི་བསད་པའི་ཉེས་པ་འབྱུང་བ་ཨེ་ཡིན་ཅེས་བསྟན་དགོས་སོ། །དོན་ཤེས་མཐུན་པ་ལ། དོན་མི་གཙོ་བར་འདུ་ཤེས་གཙོ་བར་ཁྱོད་ཀྱིས་ཁས་བླངས་པའི་དེ་མ་ཐག་པར་འདི་བྲིས་གདའ་སྟེ། མི་དད་དགྲ་བཅོམ་བསད་པས་ཕམ་པ་དང་མཚམས་མེད་འབྱུང་བ་ལ། དེ་དང་དེར་འདུ་ཤེས་པ་དགོས་སམ་སྙམ་ན་དེའང་མ་ཡིན་ཏེ། ཡུལ་འདི་ནི་མིའམ། དུད་འགྲོའམ། དགྲ་བཅོམ་པའམ། སོ་སོའི་སྐྱེ་བོ་གང་(༢༩༩བ)


K8Z003_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཀྱང་རུང་བསད་པར་བྱའོ་སྙམ་དུ་རྟེན་ངོས་བཟུང་བྱས་པས། བསད་པ་ལས་མཐར་ཐུག་ཏུ་ཤི་ཡང་དོན་ཤེས་མཐུན་པར་འབྱུང་བ་བཞེད་པའི་ཕྱིར་རོ་ཞེས་སྨྲས་པས། འདུ་ཤེས་གཙོ་བའི་སྒྲུབ་བྱེད་ལ་འདུ་ཤེས་མི་གཙོ་ཞིང༌། རྟེན་ངེས་བཟུང་ཙམ་གྱིས་ཆོག་ཅེས་པས་སྒྲུབ་བྱེད་ཕྱིན་ཅི་ལོག་ཏུ་སོང༌། རྟེན་ངེས་བཟུང་གི་དོན་ཤེས་མཐུན་པར་འབྱུང་བ་རང་ལུགས་སུ་ཁས་བླངས་པས། དགྲ་བཅོམ་ལ་དགྲ་བཅོམ་གསོད་པའི་འདུན་པ་ལོག་ཀྱང་མི་གསོད་པའི་ཆ་ལ་འདུན་པ་མ་ལོག་ནས་དགྲ་བཅོམ་མཐར་གྱུར་ན། དགྲ་བཅོམ་བསད་པའི་མཚམས་མེད་མི་འབྱུང་བར་བཤད་པ་དང་འགལ་ཏེ། ཤེས་གཙོ་བ་ལ་ནི་རྟེན་ངེས་བཟུང་གིས་ཆོག །དེ་ནི་དེ་ལ་ཡོད་དོན་ནི་དགྲ་བཅོམ་པ་ཡིན་པས། དགྲ་བཅོམ་བསད་པའི་དོན་ཤེས་མཐུན་པར་འབྱུང་བ་དེ་ཡང་དེ་ལ་ཞུགས་པས་སྔར་སྨྲས་པ་དེ་དང༌། ཁ་ཡ་བྱེར་སོང་འདུག་པ་དེས་ན་ཁྱོད་ཀྱི་འདོད་པ་འཁྲུལ་པའི་སྙིང་པོ་ཅན་དེ་དག་ཕལ་ཆེ་བ་རབ་བྱུང་གི་གཞི་སོགས་སུ་མི་འཐད་པ་ཅུང་ཟད་བཀག་མོད། ད་ནི་ཁྱེད་ཅག་གི་འདོད་པ་བཏང་སྙོམས་སུ་བྱས་ཏེ་འཁྲུལ་པའི་ཚུལ་དགག་གིས་མི་ལང་བའི་ཕྱིར་རོ། །གཉིས་པ་ནི། ཁྲུང་ཁྲུང་མོ་ལས་སྐྱེས་པའི་མི་གནས་བརྟན་བྲག་དང༌། ཉེ་བའི་བྲག་ལྟ་བུ་བསད་ན་དུད་འགྲོའི་བུ་བསད་པ་ཡིན་པས་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་རོ། །འགྲོ་བ་གཞན་དུད་འགྲོའམ། མི་མ་ཡིན་ལས་སྐྱེས་པའི་མི་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་སྟེ། མི་ཉིད་ཡིན་པས་དེ་བསད་པའམ། དེ་ལ་བརྐུས་ན་ཕམ་པར་འགྱུར་བ་ཡིན་ནོ། །འདི་ནི་ལུང་ཞུ་བ་ལས། དགེ་སློང་གིས་བྱོལ་སོང་མོའི་མངལ་དུ་མི་བཀུམ་ན་ཅིར་འགྱུར། མངལ་ན་གནས་པ་དེ་ལ་མིར་འདུ་ཤེས་ཏེ་བཀུམ་ན་ནི་མཐར་འགྱུར་རོ། །(༣༠༠ན)


K8Z003_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་བཞིན་དུ་མི་ལས་གྱུར་པ་ཐམས་ཅད་དུའང་འགྲོ་བ་གཞན་ལས་སྐྱེས་པའི་མི་ལས་ཀྱང་ལྟུང་བ་དངོས་གཞིར་འགྱུར་བའོ། །དེ་བཞིན་དུ་མི་ལས་སྐྱེས་པའི་མི་མ་ཡིན་དང༌། དུད་འགྲོ་ལས་སྐྱེས་པའི་མི་མ་ཡིན་བསད་ན་སྦོམ་པོར་འབྱུང་ཞིང༌། མི་ལས་སྐྱེས་པའི་དུད་འགྲོ་དང༌། མི་མ་ཡིན་ལས་སྐྱེས་པའི་དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་རོ། །ས་ཆུ་མེ་ལས་གྱུར་པའི་ལྟུང་བ་བསྐྱེད་པ་ལ་ས་ཆུ་མེ་གསུམ་རང་རང་གི་རྒྱུན་ལས་སྐྱེས་པ་ལྟར་ཟད་པར་གྱི་ཏིང་ངེ་འཛིན་ལས་སྐྱེས་པའི་ས་ཆུ་མེ་རྣམས་ཀྱང་ལྟུང་བ་བསྐྱེད་པའི་ཡུལ་དུ་མཚུངས་པ་སྦྱར་རོ། །གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་འགྲེལ་པའི་འདོད་པ་གཏན་ལ་དབབ་པ་དང༌། རང་ལུགས་རྣམ་པར་བཞག་པའོ། ། དང་པོ་ནི། རྒྱ་ཆེར་འགྲེལ་པ་ལས། དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་རྟེན་པ་ཞིག་གསོད་ན་དེར་འདུ་ཤེས་པས་ཀྱང་རུང༌། འགྲོ་བ་གཞན་དུ་འདུ་ཤེས་པས་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལ་ནི་ཕམ་པ་ཁོ་ནར་འགྱུར་རོ། །འདིར་ཁུངས་ནི། ཨུ་ཏྲ་ཡ་ནའི་རྟོགས་པ་བརྗོད་པ་དྲན་པར་བྱ་སྟེ། འདི་ལྟར་གཙུག་ཕུད་ཅན་གྱི་ཕས་དགྲ་བཅོམ་པ་ཉིད་ཐོབ་པར་མ་ཤེས་སུ་ཟིན་ཀྱང༌། ཕས་བུ་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ་ཕ་བསད་པའི་ཕྱིར་དང༌། དགྲ་བཅོམ་པ་བསད་པའི་ཕྱིར་རོ་ཞེས་སྤྲིངས་པ་ལྟ་བུའོ་ཞེས་ཊཱི་ཀས་བཤད་དོ། །དེ་ཡང་བུ་གཞོན་ནུ་གཙུག་ཕུད་ཅན་གྱི་ཕ་ཨུ་ཏྲ་ཡ་ན་དགྲ་བཅོམ་ཡིན་པ་ལ་དགྲ་བཅོམ་ཡིན་པར་མ་ཤེས་ཀྱང་ཕ་ཡིན་པ་ལ་ཕ་ཡིན་པར་ཤེས་ལ། སྐབས་འདིར་ཕ་དང་རྒྱུད་གཅིག་པའི་ཕྱིར་རྒྱུད་གཅིག་ལ་མ་འཁྲུལ་བའི་ཆ་ཡོད་པས། དེའི་ཆ་ནས་དགྲ་བཅོམ་བསད་པའི་མཚམས་མེད་འབྱུང་བའོ། །དེ་བཞིན་དུ་མི་སྤྲུལ་སྟག་ཏུ་བསྒྱུར་བ་གསོད་པ་ན། སྟག་འདི་བསད་སྙམ་དུ་སྟག་ཡིན་པར་འདུ་ཤེས་ཏེ་བསད་ན་བསད་པའི་དུས་ན་ཕམ་པར་(༣༠༠བ)


K8Z003_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། སྟག་འདི་བསད་སྙམ་དུ་བསམ་པ་ན། འདི་དང་མི་གཉིས་རྒྱུད་གཅིག་པའི་ཕྱིར་རྒྱུད་གཅིག་ལ་མ་འཁྲུལ་བའི་ཆ་ཡོད་པས་དེའི་ཆ་ནས་མི་གསོད་པའི་ཕམ་པ་འབྱུང་བར་བཞེད་དོ། །ཀུན་སློང་སྤྱི་ཞུགས་ཡིན་པའི་ཕྱིར་ཏེ། སྦྱོར་ལྟུང་སྦོམ་པོ་མི་བསྐྱེད་དང་དངོས་གཞི་ཉིད་བསྐྱེད་པའི་ཕྱིར་རོ། །ཞེས་དགོངས་པ་ལ། བོད་གངས་ཅན་གྱི་སྤྲུལ་པའི་འདུལ་འཛིན་སྔ་རབས་པ་རྣམས་ཀྱི་ཞལ་སྔ་ནས། ཊཱི་ཀར། གཏན་ལ་ཕབ་པ་དེའི་རྗེས་སུ་མི་འབྲང་སྟེ། འདི་ལ་དམ་བཅའ་དགག་པ་དང་སྒྲུབ་བྱེད་དགག་པའོ། །དང་པོ་ནི། སྟག་ཡིན་པར་འདུ་ཤེས་ཏེ་བསད་པའམ། མི་མ་ཡིན་དུ་འདུ་ཤེས་ཏེ་བསད་པས་མི་གསོད་པའི་ཕམ་པར་འགྱུར་ན་ནི། ལུང་ཞུ་བ་ལས། མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་བཀུམ་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་ཀྱི། ཕམ་པར་མ་གསུངས་པ་དང༌། འོད་ལྡན་ལས་ཀྱང༌། མིར་ནི་འདུ་ཤེས་ཞེས་བྱ་བ་ནི་འགྲོ་བ་གཞན་དུ་འདུ་ཤེས་པས་ནི་མཐར་འགྱུར་བ་མེད་པར་སྟོན་ཏོ། །ཞེས་བཤད་པ་དང་འགལ་ལོ། ། དགག་པའི་རྣམ་གྲངས་གཞན་ཡང༌། ཊཱི་ཀ་ཉིད་ལས། ལྷས་བྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བ་ལྟ་བུ་ཐལ་བར་ཡང་མི་འགྱུར་ཏེ། དེ་གཉིས་ནི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར་དང༌། ལྷས་བྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བར་རིགས་སོ། །ཞེས་བཤད་ལ། དེ་དང་མཚུངས་པར་བརྗོད་པ་ནི་མི་སྤྲུལ་སྟག་ཏུ་བསྒྱུར་བ་གསོད་པ་ན། སྟག་འདི་བསད་སྙམ་དུ་སྟག་ཡིན་པར་འདུ་ཤེས་ཏེ་བསད་པ་ལ་ཆོས་ཅན། མི་གསོད་པའི་ཕམ་པ་མི་བསྐྱེད་པར་ཐལ། མིར་འདུ་ཤེས་པ་མེད་པའི་ཕྱིར་དང༌། མི་དང་སྟག་གཉིས་འགྲོ་བ་ཐ་དད་པའི་ཕྱིར་ཞེས་བརྗོད་དོ། །གཉིས་པ་སྒྲུབ་བྱེད་དགག་པ་ནི། གཙུག་ཕུད་ཅན་ལ་(༣༠༡ན)


K8Z003_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མེད་གཉིས་འབྱུང་བར་མ་གྲུབ་སྟེ། མཛོད་འགྲེལ་ལས། གང་ཟག་གིས་ཕ་དགྲ་བཅོམ་པ་བསད་ནའང་དེ་ལ་མཚམས་མེད་པ་ནི་གཅིག་ཁོ་ནར་འགྱུར་ཏེ་རྟེན་གཅིག་པའི་ཕྱིར། ཞེས་བཤད་ཅིང༌། ལུང་རྣམ་འབྱེད་ཀྱི་འགྲེལ་པ་ལས་ཀྱང་སྲོག་ཆགས་གཅིག་བསད་པས་ལས་ཀྱི་དངོས་གཞི་གཉིས་མི་སྲིད་པས། འདིར་མཚམས་མེད་གཅིག་མིང་གཉིས་སུ་བཏགས་ཏེ་འགྱོད་པ་བསྐྱེད་པར་བྱ་བའི་ཕྱིར་ཞེས་བཤད་དོ། །དགྲ་བཅོམ་པ་ཡིན་པར་མ་ཤེས་པས་དགྲ་བཅོམ་པ་བསད་ཀྱང་དགྲ་བཅོམ་པ་བསད་པའི་མཚམས་མེད་པར་མི་འགྱུར་ཏེ། འོད་ལྡན་ལས། ལུས་གཅིག་ལ་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པར་ནོར་བས་གསོད་ན་མཚམས་མེད་པར་འགྱུར་བར་མི་རུང་གི། འོན་ཀྱང་ཕམ་པ་ནི་སུས་ཀྱང་བཟློག་པར་དཀའོ། །ཞེས་བཤད་དོ། །འོ་ན་མཚམས་མེད་པ་གཉིས་བྱས་ཏེ་ཞེས་བཤད་པ་དེ་ཇི་ལྟར་ཡིན་ཅེ་ན། གཙུག་ཕུད་ཅན་སྡིག་པ་སྦྱར་བ་ལ་བརྩོན་པར་བྱ་བའི་ཆེད་དུ་སྒོ་གཉིས་ནས་སྤྱོ་བ་སྟེ། མཛོད་འགྲེལ་ལས། སྐྲ་ཅན་ལ་ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ་ཕ་བསད་པ་དང་དགྲ་བཅོམ་པ་བསད་པའོ་ཞེས་བརྗོད་པ་ནི་ཇི་ལྟ་བུ་ཞེ་ན། སྒོ་གཉིས་ནས་སྤྱོས་པ་ཡིན་ནོ་ཞེས་སོ། །འདིར་དཔལ་ཤཱཀྱ་མཆོག་ལྡན་ན་རེ། ཊཱི་ཀའི་ལུགས་ཀྱི་རྗེས་སུ་འབྲང་བར་འདོད་ནས་བཅས་ལྡན་དགེ་སློང་གིས་ཕ་དང་དགྲ་བཅོམ་པའི་གཞི་མཐུན་བསད་ན་མཚམས་མེད་གཉིས་དང༌། སྲོག་གཅོད་ཀྱི་ཕམ་པ་སྟེ་གསུམ་ལས། གང་མི་བསྐྱེད་པ་ཡིན་ཅེས་རྟགས་ན་འཇིག་པའི་ཕྱིར་དང༌། གསུམ་ག་བསྐྱེད་པའི་ཡན་ལག་བརྩི་བ་རྣམ་པར་བཞག་པ་ཚར་བའི་ཕྱིར་དང༌། དེ་གསུམ་བསྐྱེད་པ་ལ་ཡུལ་རྒྱུད་ཐ་དད་པ་དགོས་ན། ཇི་སྐད་དུ། གཞི་གཅིག་(༣༠༡བ)


K8Z003_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དུ་མ་ཉིད་བཅས་པ་ལ་ནི་ཇི་སྙེད་པ་དེ་ཉིད་ཀྱི་ཉེས་པར་འགྱུར་རོ། ། ཞེས་བྱ་བའི་མདོ་དང་འགལ་བའི་ཕྱིར་དང༌། སྲོག་གཅོད་ཕམ་པ་བསྐྱེད་པ་ལ་མི་ལ་མིར་ཤེས་ཡན་ལག་ཏུ་དགོས་ན། ཇི་སྐད་དུ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་བསད་པ་ཡང་ངོ༌། །ཞེས་པའི་མདོ་དང་འགལ་བའི་ཕྱིར་དང༌། ལུང་ལས། མིའི་མངལ་དུ་དུད་འགྲོ་བསད་པ་ལ་ལྟུང་བྱེད་དུ་གསུངས་པ་དང་འགལ་བའི་ཕྱིར་ཞེས་ཟེར་རོ། །དེ་འདྲའི་དོགས་གཅོད་དང་རྩོད་སྤང་ནི་ཉམས་ཤིན་ཏུ་ཞན་ཏེ། སྤྲུལ་སྟག་ལྟ་བུ་དེ་ཡུལ་ཕ་དང༌། དགྲ་བཅོམ་པ་དང་མིའི་ཆ་གསུམ་ལས། མི་ཡིན་པར་འདུ་མ་ཤེས་ན་སྲོག་གཅོད་ཀྱི་ཕམ་པའང་ཡོང་དོན་མེད་ལ། དེར་ཤེས་པ་སྲོག་གཅོད་ཀྱི་ཕམ་པ་དང༌། དེའི་ཁར་མིའི་ཁྱད་པར་ཕ་ཡིན་པ་དང༌། དགྲ་བཅོམ་པ་ཡིན་པར་མ་ཤེས་ན་མཚམས་མེད་དེ་དག་མི་འབྱུང་ལ། དེར་འདུ་ཤེས་ན་མཚམས་མེད་དེ་དག་འབྱུང་བར་བཤད་པས། དཀའ་བའི་གནས་མེད་ལ་གཞི་གཅིག་ལ་དུ་མ་ཉིད་བཅས་པ་ཟེར་བའི་སྒྲུབ་བྱེད་ནི་ཕྱིན་ཅི་ལོག་སྟེ། འདིར་ནི་སྦྱོར་འཇུག་ཡུལ་གྱི་དོགས་གཅོད་ཀྱི་སྐབས་ཡིན་ལ། དེ་ནི་བཅས་པ་ཐ་དད་པས་ལྟུང་བ་ཐ་དད་བསྐྱེད་པའི་སྐབས་དོན་ཐ་དད་པའི་ཕྱིར་དང༌། བྱེ་བྲག་ལུང་དེ་ནི་སྦྱོར་འཇུག་གཞི་ཡུལ་གྱི་དངོས་པོ་ཤེས་རྒྱུད་གར་གཏོགས་ལ་དོགས་པ་བཅད་པ་སྲོག་གཅོད་ཀྱི་སྐབས་སུ་སྦྱར་བ་མ་ཡིན་པའི་ཕྱིར་དང༌། འགྲོ་བ་གཞན་གྱི་རྣམ་པ་བསྟན་པ་བསད་པའི་གོ་དོན་ཁྱེད་ཀྱིས་བཤད་པ་དེ་ངེད་ལ་བསྒྲུབ་བྱར་འགྱུར་གྱི། སྒྲུབ་བྱེད་དུ་མི་འགྱུར་བ་དང༌། མིའི་མངལ་དུ་དུད་འགྲོ་གསོད་པ་ལ། དུད་འགྲོར་ཤེས་ན་ལྟུང་བྱེད་དུ་འགྱུར་བར་བཤད་པ་ཡིན་ལ། ཁྱེད་ཅག་རྒྱུས་མེད་པར་མང་དུ་སྨྲས་པ་ལ་དོན་མེད་འདི་འདྲ་འབྱུང་བ་ལ་མི་སྨྲ་བའི་བརྟུལ་(༣༠༢ན)


K8Z003_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་བགྱིས་མོད་ཀྱང་ད་ལན་འདི་ཐལ་བ་ཡིན་ནོ། །གཉིས་པ་རང་ལུགས་བཞག་པ་ནི། སྤྱིར་ན་ལྟུང་བ་བསྐྱེད་པའི་ཡུལ། ལུས་ཐ་མལ་དུ་གནས་པ་ངེས་བཟུང་དུ་མི་དགོས་པ་དང༌། དགོས་པ་གཉིས་ལས། དང་པོ་ལ་བདུན་ཏེ། མི་ཚངས་སྤྱོད་དང་འབྱིན་པ་དང༌། མ་བྱིན་ལེན་དང་སྲོག་གཅོད་བཞིའོ། །དེ་ཡང་ལུང་ཞུ་བ་ལས། དགེ་སློང་གིས་སྔགས་སམ་སྨན་གྱིས་མིའི་བུད་མེད་བྱོལ་སོང་དུ་བསྒྱུར་ཏེ་མི་ཚངས་པར་སྤྱད་པར་བགྱིད་ན་ཅིར་འགྱུར། མཐར་འགྱུར་རོ། །ཞེས་གསུངས་པས། འབྱིན་པ་ལ་རྒྱུ་མཚན་མཚུངས་པར་སྦྱར་རོ། །མ་བྱིན་པར་ལེན་པ་ལ་ནི། ཊཱི་ཀ་ལས། རྐུ་བའི་རྫས་དེ་དབང་བའི་མི་དེ་འགྲོ་བ་གཞན་གྱི་རྣམ་པ་བསྟན་དུ་ཟིན་ཀྱང་ལྟུང་བ་འབྱིན་པར་བྱེད་པའི་རྫས་དེ་མིས་ཡོངས་སུ་བཟུང་བར་འདུ་ཤེས་ན་ནི། དངོས་པོ་ཇི་ལྟ་བ་བཞིན་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་གསུངས་སོ། །སྲོག་གཅོད་པ་ལ་ནི། ལུང་ཞུ་བ་ལས། དགེ་སློང་གིས་སྔགས་སམ་སྨན་གྱིས་མི་བྱོལ་སོང་དུ་བསྒྱུར་ཏེ་འཚོ་བ་དང་ཕྲལ་ན་ཅིར་འགྱུར། མཐར་འགྱུར་རོ། །ཞེས་གསུངས་ནས། དུད་འགྲོ་འདེབས་སྤྱོད་གསོད་གསུམ་ལའང་དེ་བཞིན་དུ་སྦྱར་ཏེ་གསུངས་སོ། །འདི་ཉིད་ལས། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་བསད་པ་ལ་ཡང་ངོ༌། །ཞེས་གསུངས་སོ། །གཉིས་པ་ལྟུང་བ་བསྐྱེད་པའི་ཡུལ་ལུས་ཐ་མལ་དུ་གནས་པ་ངེས་བཟུང་དུ་དགོས་པ་ནི། སྔར་བཤད་མ་ཐག་པའི་ལྟུང་བ་བདུན་པོ་མ་གཏོགས་པ་སེམས་ཅན་ལས་གྱུར་པ་ཐམས་ཅད་ཀྱི་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ཡུལ་དེ་གཟུགས་གཞན་དུ་སྤྲུལ་པ་མ་ཡིན་པ་ཡན་ལག་ཏུ་དགོས་ཤིང༌། ཡུལ་དེ་གཟུགས་གཞན་དུ་སྤྲུལ་པ་ལས་ལྟུང་བ་རང་གི་ན་སྨད་དུ་འགྱུར་ཏེ། འདི་ཉིད་(༣༠༢བ)


K8Z003_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྤྲུལ་པ་མོ་ཡང་དེ་བཞིན་ནོ་ཞེས་གསུངས་ཤིང༌། ཊཱི་ཀ་ལས། རེག་པ་ལ་སོགས་པ་དག་ལ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་གོ། །ཞེས་གསུངས་སོ། །ལུང་ཞུ་བ་ལས། མཚོ་སྣ་པ་ཆེན་པོས་བསྡུས་པའི་སྡོམ་ནི། འཁྲིག་ཚིག་བསྙེན་བཀུར་ཁྱད་དུ་གསོད། །ནུབ་ལྷག་ལྷན་ཅིག་རྐུ་དང་དྲུག །སྤྲུལ་པ་ཡུལ་བྱས་ན་སྨད་གསུངས། །དེ་མཚུངས་གཞན་ལ་མདོར་བསྡུས་སྦྱར། །ཅེས་སོ། །སྐབས་འདིར་མི་དུད་འགྲོར་སྤྲུལ་པ་ལྟ་བུ་ཡུལ་དུ་བྱས་པ་ལས། ལྟུང་བ་མི་རྫོགས་པ་འདི་རིགས་པས་ཀྱང་འཐད་དེ། ཡུལ་དེ་ལུས་ཀྱི་ཐ་སྙད་ལས་ཉམས་པས་དགག་བྱ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། མི་སྤྲུལ་སྟག་ཏུ་བསྒྱུར་བ་ལྟ་བུ། འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་མིར་འདུ་ཤེས་ཏེ་བསད་པ་ལ་ཡང་ངོ་སྟེ་མི་གསོད་པའི་ཕམ་པ་བསྐྱེད་དོ། ། གསོད་ན་འགྲོ་བ་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། ཞེས་པའི་རྗེས་སུ་མི་འབྲང་བའི་ཚུལ་སྔ་མར་སྦྱར་རོ། །ཡང་ངོ་ཞེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་སྔ་བར་སྦྱར་རོ། །མི་མ་ཡིན་དང་དུད་འགྲོ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ལ་དེར་འདུ་ཤེས་པས་བསད་ན་རང་རང་གི་ལྟུང་བ་གཞི་ཇི་ལྟ་བ་བཞིན་འབྱུང་ངོ་ཞེས་མདོ་འདིས་བསྟན་ཏོ། །བཞི་པ་ནི། དགྲ་བཅོམ་ཐོབ་ན་ཀུན་ནས་ཉོན་མོངས་པའི་ཆོས་མང་པོ་ནུབ་ཅིང༌། རྣམ་པར་བྱང་བའི་ཆོས་མང་པོ་རྒྱུད་ལ་སྐྱེས་པས་སྔོན་སོ་སོའི་སྐྱེ་བོ་དང་གནས་སྐབས་མི་འདྲ་བས། སྔར་ལས་རྒྱུད་གཞན་ཡིན་ནམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་སོ་སོ་སྐྱེ་བོའི་གནས་སྐབས་ལས་གཞན་མིས་དགྲ་བཅོམ་པ་ཐོབ་པ་ནི་མི་ལས་གཞན་དུ་གྱུར་པ་ཉིད་མ་ཡིན་ནོ་སྟེ། དགྲ་བཅོམ་པའི་རྟེན་ཅན་བསད་ན་(༣༠༣ན)


K8Z003_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་གསོད་པའི་ཕམ་པ་བསྐྱེད་པ་ཡིན་ནོ། །འདི་ནི་ལུང་ཞུ་བ་ཉུང་ཤོས་ལས། དགྲ་བཅོམ་པ་བཀུམ་ན་ཅིར་འགྱུར། ཕམ་པར་འགྱུར་ཞིང༌། མཚམས་མེད་པར་ཡང་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །སྲོག་གཅོད་པ་ལ་གསུངས་པ་ནི་མཚོན་བྱེད་ཡིན་ཏེ། མདོ་འདི་ནི་སོ་སོའི་སྐྱེ་བོ་ཡུལ་དུ་བྱས་པ་ལས་ལྟུང་བ་དངོས་གཞི་བསྐྱེད་པ་ལྟར་དེས་དགྲ་བཅོམ་ཐོབ་པ་ཡུལ་དུ་བྱས་པ་ལས་ཀྱང་ལྟུང་བ་དངོས་གཞི་བསྐྱེད་དོ་ཞེས་མི་ལས་གྱུར་པ་རྣམས་སྤྱིར་བསྟན་པ་ཡིན་ནོ། །ཕམ་ལྷག་དང་པོ་གཉིས་ནི། སེམས་ཅན་གྱི་རིགས་སྤྱིས་བསྐྱེད་པ་ཡིན་ལ། མི་མ་ཡིན་གྱི་བྱེ་བྲག་ལྷ་དགྲ་བཅོམ་པ་མང་དུ་ཡོད་པས། དེ་དག་ལ་ཡང་དོགས་པ་བཅད་པར་སེམས་སོ་ཞེས་ཟངས་ཆེན་པས་གསུངས་སོ། །དགྲ་བཅོམ་ཡུལ་དུ་བྱས་པ་ལས་ལྟུང་བ་དངོས་གཞི་བསྐྱེད་པའི་དམིགས་བསལ་ནི། དགྲ་བཅོམ་པའི་ཆོས་གོས་ལྷུང་བཟེད་བརྐུས་ཀྱང་ཕམ་པར་མི་འགྱུར་བའི་ཚུལ་སྔར་བཤད་པ་དང༌། དགྲ་བཅོམ་པ་ལ་སོགས་པ་རྫུ་འཕྲུལ་ཅན་ཡུལ་དུ་བྱས་པ་ལས་འཁྲིག་ཚིག་སྨྲ་བ་ལ་སོགས་པའི་ལྟུང་བ་དངོས་གཞི་མི་བསྐྱེད་པ་དང༌། དགྲ་བཅོམ་པ་ཡུལ་དུ་བྱས་པ་ལས་ནི། བསླབ་པ་བྱིན་པ་ཡུལ་དུ་བྱས་པ་ནུབ་ལྷག་ལ་སོགས་པའི་ལྟུང་བ་རྣམས་མི་བསྐྱེད་དེ། བསླབ་པ་བྱིན་པ་ཡིན་པ་ལས་གྲོལ་བའི་ཕྱིར་རོ། །དེ་བཞིན་དུ་འཕགས་པ་ཡུལ་དུ་བྱས་པ་ལས། དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་དང༌། དེ་བཞིན་དུ་གནས་ངན་ལེན་བརྗོད་པ་དང༌། མི་ཆོས་བླ་མ་བདེན་སྨྲའི་ལྟུང་བྱེད་མི་བསྐྱེད་པ་དང༌། འཕགས་པ་ཡུལ་དུ་བྱས་པ་ལས་ནི་གཅེར་བུ་ལ་ཟས་བྱིན་པ་ལྟ་བུ། གཞི་མུ་སྟེགས་པ་ལས་གྱུར་པའི་ལྟུང་བྱེད་མི་བསྐྱེད་དེ། དགྲ་བཅོམ་ཐོབ་པ་ན་མུ་སྟེགས་ཀྱི་ལྟ་བ་ལས་གྲོལ་བའི་(༣༠༣བ)


K8Z003_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །འདིར་སྨྲས་པ། གང་གིས་སེམས་འདི་ཆོས་སྐུར་གྱ་གྱུར་ཁོ་ནས་ལྷག་པར་སྟོན་གྱི་གཞན་མ་ཡིན། །དེ་ཡི་ཁ་ནས་གཙུག་ལག་ཚིག་ནི་འཁྲུལ་མེད་ནམ་ཡང་ལན་གཅིག་མི་འབྱུང་ཞིང༌། །ང་རྒྱལ་འབར་བས་གདོང་ནི་མདོག་བྲལ་དྲག་པོ་མི་སྲུན་གཏེར་གྱུར་དེ་དག་གིས། །བཀའ་ཟློག་ཆད་པ་ལྟ་བུར་བདག་གི་ལེགས་བྱས་གཏམ་བཟང་ཁྱད་ཅན་ཇི་ལྟར་བཟོད། །སྲིད་པའི་འཕྱན་སར་ཡོངས་སུ་གདུང་ཞིང་འདོད་པའི་རོ་ཡིས་མྱོས་པ་ཉིད་གྱུར་ལ། །རྨོངས་ཆེན་འཕེལ་བའི་མུན་པ་ནག་པོས་བློ་མིག་ཟུམ་པ་རྒྱལ་ཞིང་བློ་གྲོས་ཆད་པ་ཡི། །འབྱུང་པོ་ལེགས་པར་བྱང་ཆུབ་སྒྲུབ་ལ་ཞུགས་ཤིང་ཉོན་མོངས་མ་ལུས་སེལ་བརྩོན་པ། །འོད་ཟེར་བཅས་པའི་བདག་བློ་བྱམས་སེམས་རབ་སད་ཉི་མ་དེ་ལ་ཕྱག་བྱོས་ཤིག །རྣམ་གྲོལ་པདྨ་ཅན་ནི་རྩ་བ་བསྐྲུན་ནས་སླར་འཕེལ་དད་པའི་རྒྱུ། །བྱང་ཆུབ་ཕུན་ཚོགས་མངོན་དགའ་མངོན་དགའི་འཁྲི་ཤིང་ལེགས་དར་སྐྱེད་ཚལ་ས། །སྲེད་ལེན་ཚ་བ་རབ་ཏུ་གྲང་བྱེད་ཁ་བའི་འཛུམ་ལྡན་གངྒཱའི་རྒྱུན། །གོ་འཕང་མཆོག་ཉིད་རང་གིར་གསལ་བྱེད་འདི་ནི་ལམ་ཞུགས་བསོད་ནམས་ཡིན། །བསྟན་བཅོས་ནོར་གཅིག་བཅོམ་ལྡན་རྣམས་ཀྱི་ཐུགས་ལྟར་འཕེལ་བའི་ཡོན་ཏན་ལེགས་བརྟགས་ན། །བཟང་པོའི་ལམ་གྱི་སྣང་བྱེད་དང་མཚུངས་རྙོགས་མེད་འོད་ཟེར་རྒྱས་པ་སྤྲོ་བྱེད་པ། །འཚོང་བ་ལས་སྐྱབས་བཻ་ཌཱུར་དགའ་བའི་གནས་ལ་མཆོག་སྦྱར་དགེ་བ་ཐོབ་པ་ཡི། །རིན་གང་ས་གཞི་རྒྱ་མཚོའི་སྒེག་ལྡན་དཔྱལ་ཀྱང་འདིར་བཤད་འབྲུ་གཅིག་ལན་གར་བློན། །ཅེས་སོ།། །།གསུམ་པ་ལ། སྤྱིར་ན་ལྟུང་བ་གཅིག་བསྐྱེད་དང༌། །ཐ་དད་ལྟུང་བ་བསྐྱེད་ཚུལ་ལོ། །དང་པོ་རྣམ་འབྱེད་དུ་བསྟན་ཟིན། གཉིས་པ་ལ། ཐ་དད་བསྐྱེད་ལུགས་དངོས་ཉིད་དང༌། །དེ་ཡི་ཞར་ལས་བྱུང་བའོ། །དང་(༣༠༤ན)


K8Z003_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ། བསླབ་རྒྱུན་ཐ་དད་ལྟུང་ཐ་དད། །བསམ་རྒྱུན་ཐ་དད་ལྟུང་ཐ་དད། །བཅས་ཐ་དད་ལས་ལྟུང་ཐ་དད། །ཀུན་སློང་ཐ་དད་ལྟུང་ཐ་དད། །གཞི་སྦྱོར་ཐ་དད་ལྟུང་ཐ་དད། །དང་པོ་ནི། ཉེས་པ་དེ་ཞེས་པའི་མདོ་འདི་དེང་སང་ལུང་ན་མི་སྣང་སྟེ། ལོ་དྲུག་སྟན་དང་མགྲོན་དུ་གཉེར་བ་ལས། རིང་དུ་འདུག་པའི་སྐབས་སུ། ཊཱི་ཀ་ལས། ལུང་ཞུ་བ་ཁོངས་སུ་དྲངས་པ་ལས་འདྲ་བ་གཞན་ལའང་དེ་བཞིན་དུ་སྦྱར་ཏེ་སྤྱིར་བསྟན་པའོ། །དེ་ཡང་དགེ་སློང་གིས་ཁང་པ་ཁང་ཆེན་བརྩིགས་པ་ལྟ་བུ་ལ་སྦྱོར་བ་དང༌། མཐར་ཐུག་གི་བར་སྐབས་སུ་ཁྱིམ་པར་བབས་ན་ཉེས་པ་དེ་བཅས་པ་མེད་པ་ཁྱིམ་པར་བབས་པས་བར་དུ་ཆོད་པ་ཉིད་ལ་ནི་བསླབ་རྒྱུན་སྔ་ཕྱི་གཉིས་སུ་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་པ་ཉིད་དོ། །འོང་བ་ཐ་དད་ཀྱི་དོན་འགྲེལ་པ་མཁན་པོས་ལོ་དྲུག་སྟན་ལ་མཚོན་ཏོ་གསུངས་པ་ནི། ཊཱི་ཀར། འདི་ལྟ་སྟེ། དེ་ལྟར་ན་དགེ་སློང་གིས་སྟན་གཅིག་ལོ་དྲུག་མ་ལོན་པར་ལོ་དྲུག་དེ་ཉིད་ཀྱི་ནང་དུ་སྟན་གཞན་ཞིག་བརྩམས་ནས་ཁྱིམ་པར་བབས་ཤིང༌། ཡང་ཕྱིས་བསྙེན་པར་རྫོགས་ནས་དེས་སྟན་གཞན་ཞིག་བྱེད་ཅིང་དེས་ཟིན་པར་བྱས་ན་དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནར་སྔར་སྟན་བརྩམས་པ་དེ་ཡང་ཟིན་པར་བྱེད་ན། དེའི་ཚེ་བརྩམས་པ་དང་ཟིན་པར་བྱེད་པའི་མཚན་ཉིད་སྔ་ཕྱིའི་ཆ་དེ་ཉིད་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་ཏེ། དེ་ལ་སྔར་མ་བབས་པའི་མདུན་རོལ་དུ་དུས་མ་ཡིན་པར་སྟན་གཞན་རྩོམ་པའི་ཆ་སྔ་མ་དེ་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཕྱིས་བསྙེན་པར་རྫོགས་ནས་སྟན་གཞན་ཞིག་བྱེད་ཅིང༌། དེས་ཟིན་པར་བྱས་པ་དེ་ལ་ནི་ཉེས་པ་མེད་དོ། །དེའི་འོག་ཏུ་དུས་མ་ཡིན་པ་ཁོ་ནར་སྔར་སྟན་པ་བརྩམས་པ་དེ་ཡང་ཟིན་པར་བྱེད་པའི་ཆ་ཕྱི་མ་དེ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པ་པོ་ཉིད་ཡིན་ཅེས།(༣༠༤བ)


K8Z003_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ལ། མཚོ་སྣ་པ་ཆེན་པོས། དེ་ཡང་བསླབ་རྒྱུན་སྔ་མའི་རྟེན་ལ་སྦྱོར་བའི་རྣམ་པའི་ན་སྨད་དང༌། བསླབ་རྒྱུན་ཕྱི་མ་ལ་དངོས་པོའི་རྣམ་པའི་ན་སྨད་དུ་འགྱུར་གྱི། དངོས་གཞི་རྫོགས་པ་གཅིག་ཏུ་འགྱུར་བ་ནི་མ་ཡིན་ཏེ། སྦྱོར་བ་དང་མཐར་ཐུག་གི་བར་དུ་བཅས་པའི་རྟེན་མ་ཡིན་གྱི། བར་དུ་ཆོད་པའི་ཕྱིར་ཞེས་འཆད་ལ། དེ་ལྟར་ན། ཊཱི་ཀར། ཕྱི་མ་དེ་ནི་སྤངས་པའི་ལྟུང་བྱེད་དངོས་གཞིའི་བྱེད་པོ་ཉིད་ཡིན་པར། གསུངས་པ་དང་འགལ་ལོ་སྙམ་ན། འདི་ལ་མུ་གཉིས་ཡོད་དེ། དངོས་གཞི་མི་བསྐྱེད་པའི་མུ་སྔར་མ་བབས་པའི་གནས་སྐབས་སུ་སྟན་ཕྱེད་གྲུབ་པའམ། སྦྱོར་བ་ཡོངས་སུ་རྫོགས་པར་བྱས་ནས་ཕྱིས་ཀྱི་སྐབས་སུ་ཕྱེད་བྱས་པའམ། མཐར་ཐུག་ཟིན་ནའང་བསླབ་རྒྱུན་ཕྱི་མ་ལ་ལོ་དྲུག་སྟན་གྱི་སྦྱོར་བ་ཕྱེད་བྱས་པ་དང་ཡང་ན་མཐར་ཐུག་ཏུ་ཟིན་ཀྱང་སྦྱོར་བའི་ཡན་ལག་མ་ཚང་བས་དངོས་གཞིའི་རྣམ་པ་ལས་མི་བསྐྱེད་ལ། དངོས་གཞི་བསྐྱེད་པའི་མུ་ནི། སྔར་མ་བབས་པའི་གནས་སྐབས་སུ་སྦྱོར་བའི་སྦྱོར་བ་ཐ་ན་སྐུད་པ་ཚོལ་བ་ཙམ་དང་ཁབ་མིག་གསང་བ་ཙམ་ལས་མ་བྱས་ལ། བསླབ་རྒྱུན་ཕྱི་མ་ལ་ནནི་སྟན་གཉིས་པའི་སྦྱོར་བ་ཡོངས་སུ་རྫོགས་པར་བྱས་ཤིང༌། མཐར་ཐུག་ལྟུང་བ་རྫོགས་པར་བྱས་པ་ལྟ་བུ་ལ་འཆད་པ་ཡིན་ནོ། །འདི་ལྟ་བུའི་ཞིབ་ཆ་མ་ཕྱེད་པར་དམར་སྟོན་ཊཱི་ཀར། དངོས་གཞིར་བཤད་པ་དང༌། ཕྱེད་བྱས་པ་དང་འགལ་ལོ་ཞེ་ན། འདི་རང་ཐེ་བའི་འཕྲོ་ཡིན་པའི་ཕྱིར་འགལ་བ་མེད་དེ། ཇི་སྐད་བསྒོ་བ་བཞིན་མི་བྱེད་པ་ཞེས་བཤད་པ་བཞིན་ནོ། །ཡང་ན་འདི་མཐར་ཐུག་པ་ཡིན་པ་ཙམ་ལ་དགོངས་གསུང་ངོ་ཞེས་བཤད་པའང་མ་ཕྱེད་པ་ཡིན་ནོ། །འདིར་བུ་སྟོན་རིན་པོ་ཆེའི་ཞལ་ནས། དགེ་སློང་ལོ་དྲུག་མ་ལོན་པར་སྟན་བྱེད་པར་བརྩོམ་ན་སྟན་བྱེད་པའི་ཉེས་པ་དེ་མེད་པ་ཁྱིམ་པར་བབས། སླར་ཡང་ཉེས་པ་དེ་(༣༠༥ན)


K8Z003_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འོང་བའི་དགེ་སློང་བྱས་ན་ཡང་ལོ་དྲུག་མ་ལོན་པར་སྟན་བྱེད་པར་རྩོམ་པ་ཆོས་ཅན། སྟན་བྱེད་པ་སྔ་ཕྱི་གཉིས་བསྡོམས་ནས་ལྟུང་བ་གཅིག་མིན་ཏེ། སྟན་བྱེད་པ་སྔ་ཕྱི་གཉིས་ཀྱི་བྱེད་པ་པོ་བསླབ་རྒྱུན་ཐ་དད་པའི་ཕྱིར་ཞེས་གསུངས་པས། སྔ་ཕྱི་བསྡོམས་ནས་ལྟུང་བྱེད་གཅིག་མི་བསྐྱེད་ཀྱང༌། ཕྱི་མ་ལ་ཡན་ལག་གཞན་ཚང་ན་ལྟུང་བྱེད་བསྐྱེད་པ་བསྟན་པར་གསལ་ལོ། །གོང་དུ་ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་ངོ་ཞེས་པ་དང༌། མདོ་འདི་གཉིས་ཀྱི་དོན་ལ་མི་མཁས་པ་རྣམས་འཁྲུལ་གཞི་ཤིན་ཏུ་ཆེ་བར་བྱས་སྣང་བའི་འཁྲུལ་གཞི་འདིར་དགེ་སློང་གཞིར་བྱས་ཀྱི་བསླབ་རྒྱུན་ཐ་དད་དང༌། གོང་དུ་བསླབ་ཚིགས་ཀྱི་སེལ་བ་ཐ་དད་ལ་ན་སྨད་བསྐྱེད་པར་གསུངས་པས། ན་སྨད་བསྐྱེད་ཙམ་དུ་འདྲ་བས་འཁྲུལ་གཞི་བྱས་པར་སྣང་ངོ༌། །གཞན་ཡང་ཚིགས་སྔ་མ་ལ་སྦྱོར་བ་བྱས་པ་ལ་ཡང༌། དེའི་ཊཱི་ཀར། ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འབྱུང༌། ཞེས་པ་དང༌། མདོ་འདིའི་ཊཱི་ཀར། ཆ་ཕྱི་མ་དེ་ནི་སྤང་བའི་ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པོ་ཉིད་ཡིན། གསུངས་པ་གཉིས་བྱུང་བ་དང༌། ཚིགས་ཕྱི་མ་དང་བསླབ་རྒྱུན་ཕྱི་མ་ལ་ན་སྨད་དུ་གསུངས་པ་གཉིས་ཆེས་མ་མཐུན་ཅིང༌། དེ་ལ་ཚིགས་ཕྱི་མར་དངོས་གཞི་འབྱུང་བར་བཤད་པ་དགོངས་པ་ཅན་དུ་གོང་དུ་བཤད་པ་དང༌། བསླབ་རྒྱུན་ཕྱི་མར་དངོས་གཞིར་འགྱུར་བ་ལ་མུ་གཉིས་ཡོད་པར་བཤད་མོད་ཀྱང༌། ཊཱི་ཀའི་འགྲོས་ལ་བརྟགས་ན་ད་དུང་དཔྱད་གཞི་ཤིན་ཏུ་ཆེ་བར་སྣང་ངོ༌། །མདོ་འདིའི་ཞར་ལས་འདི་ཡང་ཤེས་དགོས་ཏེ། དགེ་སློང་མ་དགེ་སློང་དུ་གྱུར་པ་བབས་པ་མ་ཡིན་མོད། འོན་ཀྱང་རིགས་མི་མཐུན་གྱི་གནས་སྐབས་ཀྱིས་ཆོད་པའི་ཕྱིར་སྔར་བརྩམས་དང༌། ཕྱིས་ཟིན་བྱེད་པ་དེ་དག་ཕན་ཚུན་ཐ་དད་པ་ཡིན་གྱི། གཅིག་ནི་མིན་ནོ། །མདོར་ན་མདོ་འདི་ནི་(༣༠༥བ)


K8Z003_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དང་མཚུངས་པའི་རུང་བ་གཞན་རྣམས་ལའང་བསླབ་རྒྱུན་སྔ་ཕྱིར་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་དོ་ཞེས་སྤྱིར་བསྟན་པ་ཡིན་ནོ། ། དེ་དག་དང་མི་མཚུངས་པ་ལ་ནི་དེ་ལྟར་མ་ཡིན་ཏེ། འཆང་འཇོག་ལ་སོགས་པ་གནང་ལ། ཚད་བཟུང་རྣམས་ཀྱི་ཞག་ཚོགས་པའི་བར་སྐབས་སུ་ཁྱིམ་པར་བབས་ན། བསླབ་རྒྱུན་སྔ་ཕྱིར་ན་སྨད་ཐ་དད་བསྐྱེད་པ་མ་ཡིན་ཏེ། བསླབ་རྒྱུན་སྔ་ཕྱི་གཉིས་ཀ་ལ་གནས་སྐབས་དེ་གནང་བའི་དུས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ཡང་དགེ་སློང་གིས་ཁང་པ་ཁང་ཆེན་ཕྱེད་བརྩིགས་པ་ན། བསམ་པ་ཐག་པ་ནས་བློས་བཏང་བ་ལ་སླར་ཡང་བསམ་པ་སྐྱེས་ཏེ་སྔར་གྱི་འཕྲོ་ཟིན་པར་བྱེད་ན་ཡང་འོང་བ་ནི་ཐ་དད་དོ་ཞེས་སྔ་མར་སྦྱར་ཏེ། བསམ་རྒྱུན་སྔ་ཕྱི་གཉིས་སུ་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་དོ། །དེ་ཡང་ཊཱི་ཀ་ལས། བྱེད་འདོད་ལོག་པའི་ཕྱིར་རོ། །ཞེས་བཤད་དོ། ། དེ་ཡང་ན་སྨད་ཐ་དད་བསམ་རྒྱུན་སྔ་མའི་སྐབས་སུ་སྦྱོར་བའི་རྣམ་པའི་ན་སྨད་དང༌། བསམ་རྒྱུན་ཕྱི་མའི་སྐབས་སུ་དངོས་གཞིའི་རྣམ་པའི་ན་སྨད་བསྐྱེད་པའོ། །མདོ་འདི་ནི་དེ་དང་མཚུངས་པའི་ལོ་དྲུག་སྟན་ལ་སོགས་པ་ལྟུང་བ་གཞན་ལ་ཡང་བསམ་རྒྱུན་སྔ་ཕྱིར་ལྟུང་བ་འོང་བ་ནི་ན་སྨད་ཐ་དད་ཅེས་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་ཁང་པ་ཁང་ཆེན་རིམ་ལྷག་དང༌། །གོས་བྱེད་ཁབ་རལ་ལ་སོགས་བདུན། །དེ་ལྟར་ལྟུང་བ་བཅུ་གཅིག་ལ། །བསམ་པ་བཏང་ན་ན་སྨད་གསུངས། །ཞེས་སྦྱར་རོ། །ན་སྨད་ཐ་དད་དོ་ཞེས་པ་ནི། ལུང་གི་དགོངས་པ་བླ་ན་མེད་པའོ། །བོད་སྔ་ཕྱི་མང་པོས། མདོ་འདི་གཉིས་ལ་ལྟུང་བ་ཕྱི་མའི་སྐབས་སུ་དངོས་གཞི་མེད་ཟེར་ཞིང༌། ང་ལྟུང་བ་སྔ་མར་སྦྱོར་བ་ཕྱིར་བཅོས་དང༌། ལྟུང་བ་ཕྱི་མ་དངོས་གཞི་ཕྱིར་བཅོས་པར་བྱེད་པ་ཡིན་ཅེས་སྨྲ་བ་ཡང་ལེགས་པར་བསམ་ན་ཤ་བ་ལ་ཁྱི་མ་ཐེབས་པ་ཡིན་ནོ། །གསུམ་པ་ནི། གཞིའམ་(༣༠༦ན)


K8Z003_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་གཅིག་ལ་བཅས་པའི་རིགས་དུ་མ་ཉིད་བཅས་པ་ལ་ནི་བཅས་པའི་གྲངས་ཇི་སྙེད་ལས་འདས་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། ། འདི་ནི་དུས་མ་ཡིན་པར་ཟ་བའི་སྐབས་ཀྱི་ལུང་ཞུ་བ་ལས། དགེ་སློང་གིས་སྐད་ཅིག་སྤྱད་པས་ལྟུང་བ་བཞིར་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། བྱིན་ལེན་མ་བྱས་པ་མི་རུང་བ་གསོག་འཇོག་ཏུ་བཞག་པར་གྱུར་པ་དུས་མ་ཡིན་པར་ཟ་བའི་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་དུ་བརྫུན་གྱི་ཕྲ་མ་བྱས་ན་ལྟུང་བྱེད་གཉིས་འབྱུང་ཞིང༌། བརྫུན་གྱིས་སྐྱོན་ནས་སྨྲ་ན་ལྟུང་བྱེད་གཉིས་འབྱུང་ལ། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་དང༌། བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུའོ། །དེ་བཞིན་དུ་བུད་མེད་བསྙེན་པར་མ་རྫོགས་པ་དང༌། ལྷན་ཅིག་ཏུ་ཞག་གསུམ་ཉལ་བ་ལ་ནུབ་ལྷག་པར་ཉལ་བའི་ལྟུང་བྱེད་དང༌། བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་གཉིས་འབྱུང་བ་སྟེ། ཉིད་བཤད་དང་ཊཱི་ཀས་ཁུངས་སུ་དྲངས་པའི་ལུང་ཞུ་བ་ལས། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་དགུང་གསུམ་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་མཆིས་སམ། ཡོད་དེ། ཞག་གཉིས་དགེ་ཚུལ་དང་ལྷན་ཅིག་ཉལ་ལ། གཞན་གསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ་ཞེས་གསུངས་སོ། །བཞི་པ་ལ། ཀུན་སློང་ཐ་དད་དབྱེ་བ་དངོས། །དམིགས་བསལ་མཚོན་དཔེ་དང་བཅས་པའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། སྤྱིར་ཆ་དང་ཆ་ཅན་རྗེས་སུ་སྦྱོར་བ་ནི། ཊཱི་ཀར། མི་ཚངས་པར་སྤྱོད་པའི་ཆ་ནི་ཁུ་བ་འབྱིན་པ་དང་ལུས་ཀྱིས་རེག་པ་དང་འཁྲིག་པ་སྨྲ་བ་དང༌། སྨྱན་བྱེད་པ་དང༌། འཁྲུར་འཇུག་པ་ལ་སོགས་པའོ། །མ་བྱིན་པར་ལེན་པའི་ཆ་ནི་བྱིན་འཕྲོག་བྱེད་པ་དང༌། བསྔོས་(༣༠༦བ)


K8Z003_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དང༌། སྦེད་པ་དང༌། གདེང་མེད་པར་སྤྱོད་པ་དང༌། རྐུན་མ་དང་ལམ་དུ་འགྲོ་བ་ལ་སོགས་པའོ། །མི་གསོད་པའི་ཆ་ནི་ས་བོན་སྐྱེ་འཇིག་དང༌། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང༌། དམག་ལ་ལྟ་བ་ལ་སོགས་པ་དང༌། བརྡེག་པ་དང་གཟས་པ་ལ་སོགས་པའོ། །མི་ཆོས་བླ་མ་བརྫུན་དུ་སྨྲ་བའི་ཆ་ནི་གཞི་མེད་བག་ཙམ་དང༌། དགེ་འདུན་གྱི་དབྱེན་བྱེད་པ་དང༌། འཕྱ་བ་དང༌། གཞོགས་འཕྱས་བྱེད་པ་དང༌། མི་ཆོས་བླ་མ་བདེན་པར་སྨྲ་བ་ལ་སོགས་པའོ། །ཕམ་པས་སྐུར་བ་འདེབས་པའི་ཆ་ནི་ལྷག་མས་སྐུར་བ་འདེབས་པའོ། །དགེ་འདུན་གྱི་དབྱེན་བྱེད་པའི་ཆ་ནི་དགེ་སློང་ལ་ཕྲ་མ་བྱེད་པ་དང་འདུས་ཤིང་ཟ་བ་དང༌། སྡིག་ལྟ་མི་གཏོང་བ་དང༌། སྤངས་པ་རྗེས་ཕྱོགས་དང༌། བསྙིལ་བ་སྡུད་པ་དང༌། ལས་ཀྱི་གནས་ནས་མི་སྨྲ་བར་འགྲོ་བ་ལ་སོགས་པའོ། །བཀའ་བློ་མི་བདེ་བའི་ཆ་ནི་བསླབ་པ་ལ་ཉེ་བར་འཇོག་པ་སྤང་བ་དང༌། མ་གུས་པའི་ཚུལ་ལོ། །གསོག་འཇོག་བྱས་པ་ཟ་བའི་ལྟུང་བྱེད་ཀྱི་ཆ་ནི་མཚམས་ནང་དུ་བཙོས་པ་དང༌། ནང་དུ་ཞག་ལོན་པ་དང༌། དགེ་སློང་གིས་བཙོས་པ་ཟ་བའོ་ཞེས་ཊཱི་ཀ་ལས་བཤད་དོ། །གཉིས་པ་ནི། མི་ཚངས་པར་སྤྱོད་པ་ལྟ་བུ་ཆ་ཅན་དེའི་ཆ་འབྱིན་རེག་དང༌། དབེན་པར་འདུག་འགྲེང་ལ་སོགས་པ་རྣམས་ནི་ཆ་དེར་གཏོགས་པ་ཡིན་གྱི། ཆ་ཅན་མི་ཚངས་སྤྱོད་ཉིད་དུ་ནི་མ་གཏོགས་སོ། །དེ་ཡང་མི་ཚངས་སྤྱོད་ཉིད་དུ་མ་གཏོགས་ཏེ། མི་ཚངས་སྤྱོད་འདོད་ཀྱིས་ཀུན་ནས་མ་བསླངས་པའི་ཕྱིར་རོ། །འབྱིན་རེག་ལ་སོགས་པ་ཆའི་ལྟུང་བ་ཆ་ཅན་ཉིད་དུ་མི་གཏོགས་པའི་རྒྱུ་མཚན་ནི། ཆ་དང་ཆ་ཅན་ཀུན་སློང་ཐ་དད་པའི་ཕྱིར་རོ། །ལྟུང་བ་བསྐྱེད་པ་ལ་རང་རང་གི་ཀུན་སློང་ཡན་ལག་ཏུ་དགོས་ཀྱི། ལྟུང་བ་གཞན་གྱི་ཀུན་སློང་གིས་ལྟུང་བ་གཞན་མི་བསྐྱེད་དེ། ལུང་ཞུ་བ་ལས། དགེ་སློང་གིས་(༣༠༧ན)


K8Z003_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ལ་བརྡེགས་ཀྱང་ལྟུང་བྱེད་དུ་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། རྩེད་མོར་བསམ་སྟེ་བརྡེག་གམ། བསད་པར་སེམས་པའོ། །དེ་བཞིན་དུ་བརྡེག་པར་གཟས་པ་ལའང་བརྗོད་པར་བྱའོ་ཞེས་གསུངས་ཤིང༌། དགེ་སློང་གིས་རྟག་ཏུ་ཁྲུས་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། ཆུ་བརྒལ་བར་བསམ་པའོ་ཞེས་བརྡེག་གཟས་དང༌། ཁྲུས་ལ་རང་རང་གི་ཀུན་སློང་དགོས་པར་གསུངས་པ་དེ་གཞན་ལ་རང་སྦྱར་ཞེས་བཟུང་ངོ༌། །འོ་ན་ཆ་དང་ཆ་ཅན་གཞན་གྱི་ཀུན་སློང་གིས་གཞན་མི་བསྐྱེད་ན་མདོ་འོག་མའི་ཊཱི་ཀར་མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ལ་རེག་པ་ན། རེག་པའི་དགེ་འདུན་ལྷག་མ་ཡིན་གྱི། ཕམ་པའི་སྦོམ་པོ་ནི་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའམ་འཁྱུད་པ་ལ་སོགས་པ་བྱ་བར་བསམས་ཏེ་དབེན་པ་སྐྱབས་ཡོད་པར་བུད་མེད་གཅིག་པུ་དང་ལྷན་ཅིག་ཏུ་འདུག་པའམ། འགྲེང་བར་བྱེད་ན་ལྟུང་བྱེད་ཁོ་ན་ཡིན་གྱི། མི་ཚངས་པར་སྤྱོད་པ་དང༌། དགེ་འདུན་ལྷག་མའི་སྦྱོར་བའི་ཡང་སྦྱོར་བའི་ཉེས་བྱས་ནི་མ་ཡིན་ནོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་དང་པོ་ཀུན་སློང་གཞན་གྱིས་འཕངས་ཀྱང་བར་སྐབས་སུ་ཀུན་སློང་གཞན་གློ་བུར་དུ་བསྐྱེད་པ་ཡིན་ནོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་གཉིས་ལས། ཁུ་བ་འབྱིན་པའི་འདུན་པས་ཕྱུངས་ན་ལྷག་མར་འགྱུར་བའི་དམིགས་བསལ་ནི། དགེ་སློང་གིས་ལམ་གསུམ་མཚན་ཉིད་དང་ལྡན་པར་མཚམས་ལས་འདས་པར་རྩོལ་ཅིང༌། ཁུ་བ་ཕྱུངས་ན་ཁུ་བ་འབྱིན་པའི་འདུན་པས་ཕྱུང་ཡང་མཐའ་ཉིད་མི་ཚངས་སྤྱོད་ཀྱི་ཕམ་པར་འགྱུར་རོ། །དེ་ཡང་འབྱིན་པའི་ཀུན་སློང་རགས་པས་དེ་སྐད་དུ་བྱའི། མི་ཚངས་སྤྱོད་ཀྱི་ཀུན་སློང་ཕྲ་བའི་ཚུལ་(༣༠༧བ)


K8Z003_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནས་སོ་ཞེས་བྱ་བའམ་རྣམ་པ་གཅིག་ཏུ་ན། སྐབས་འདིར་མི་ཚངས་སྤྱོད་ཀྱི་ཀུན་སློང་གློ་བུར་དུ་ངེས་པ་སྐྱེ་བའི་ཕྱིར་ཞེས་ཀྱང་རིགས་སོ། །གཉིས་པ་བསམ་པའི་བྱེ་བྲག་གིས་ལྟུང་བ་ཐ་དད་དུ་གྱུར་པའི་མཚོན་དཔེ་ནི། མགོ་བཅད་པའི་ཁའམ་ལམ་གསུམ་ནང་ཉམས་པར་མཚམས་ལས་འདས་པར་རྩོལ་ཞིང་ཕྱུངས་ན་ནི་རྨ་དང་ཡན་ལག་ཏུ་ཕྲད་པའི་བདེ་བ་འདོད་པའི་བསམ་པས་མགོ་བཅད་པའི་ཁའམ། ལམ་གསུམ་ནང་ཉམས་པར་རྩོལ་ཞིང་ཕྱུངས་ན་ནི་མི་ཚངས་སྤྱོད་ཀྱི་སྦོམ་པོར་འགྱུར་ལ། མགོ་བཅད་པའི་ཁ་ལ་སོགས་པར་འབྱིན་འདོད་པའི་བསམ་པས་ལམ་དགག་ཏུ་རྩོལ་ཞིང་ཕྱུངས་ན་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་ནི། ཊཱི་ཀ་ལས། ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་བ་ལ་ཕམ་པ་ཉིད་མ་ཡིན་པ་ཐམས་ཅད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ། །ཞེས་གསུངས་ཏེ། ཁུ་བ་ཕྱུང་བ་ཐམས་ཅད་ལ་དགེ་སློང་གིས་བུད་མེད་ཀྱི་ལམ་མཚན་ཉིད་དང་ལྡན་པར་མཚམས་ལས་འདས་པར་རྩོལ་ཞིང༌། ཁུ་བ་ཕྱུངས་ན་ཁུ་བ་འབྱིན་པའི་འདུན་པས་ཕྱུང་ཡང་མཐའ་ཕམ་པ་ཉིད་དེ། དེ་མ་གཏོགས་པ་དགེ་སློང་གིས་ཁུ་བ་ཕྱུང་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པ་དགེ་སློང་ལ་ལྡན་པ་ཐམས་ཅད་ནི་དགེ་འདུན་ལྷག་མའོ། །དགེ་སློང་གིས་ཁུ་བ་ཕྱུང་བ་ལས་གྱུར་པའི་ལྟུང་བ་དངོས་གཞི་རྫོགས་པ་དེ་མཚན་གྱུར་པའི་དགེ་སློང་མ་ལ་ལྡན་པ་ནི་དགེ་འདུན་ལྷག་མ་མ་ཡིན་གྱི། ལྟུང་བྱེད་དོ། །ཁུ་བ་ཕྱུང་བ་ལས་གྱུར་པའི་ལྟུང་བྱེད་ནི་དགེ་སློང་ལ་ཡོད་པ་ཡང་སྲིད་དེ། ལྟུང་བྱེད་དེ་བྱུང་བའི་དགེ་སློང་མ་མཚན་གྱུར་ནའོ། །ལྔ་པ་ལ། བྱ་གཞི་དུ་མའི་ལྟུང་གཅིག་མིན། །བྱ་སྦྱོར་དུ་མའི་ལྟུང་གཅིག་མིན། །དང་པོ་ནི། བྱ་བ་གཞི་མ་རྫོགས་པ་(༣༠༨ན)


K8Z003_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མའི་འབྲས་བུས་དངོས་གཞིའི་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་གོ། །གཞི་རིན་ཐང་མ་ཚང་བ་ལན་དུ་མ་ཞིག་བརྐུས་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ། སྦོམ་པོ་ཐ་དད་དུ་འགྱུར་བ་དང༌། གཞི་མི་མ་ཡིན་དུ་མ་བསད་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ། སྦོམ་པོ་ཐ་དད་དུ་འགྱུར་བ་དང༌། གཞི་སྨྱོན་པ་དུ་མ་ལ་མིའི་ཆོས་བླ་མའི་བརྫུན་སྨྲས་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ། སེམས་ཅན་སོ་སོ་ལ་སྦོམ་པོ་ཐ་དད་དུ་འགྱུར་བ་ལྟ་བུའོ། །འདི་དག་གི་གཞུང་ནི་ལུང་ཞུ་བ་ལས། དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། འདི་ལྟར་རེ་རེའམ། གཉིས་གཉིས་སམ། གསུམ་གསུམ་མམ། བཞི་བཞི་བརྐུས་ཀྱི་ནམ་ཡང་ལྔར་མ་ཚང་ནའོ། །ཞེས་གསུངས་ལ། དེའི་གཞི་ལ་ནི་སེམས་ཅན་སོ་སོ་ལའོ་ཞེས་གསུངས་པ་དང་ཡང་སྦྱར་རོ། །གཉིས་པ་ནི། བྱ་བ་སྦྱོར་བ་མ་རྫོགས་པ་དུ་མའི་འབྲས་བུ་དངོས་གཞིའི་ལྟུང་བ་གཅིག་ཏུ་རྣམ་པར་མི་བཞག་གོ། །བརྫུན་དུ་སྨྲ་བའི་སྦྱོར་བ་མ་རྫོགས་པ་གཞོགས་སྨོས་ཀྱིས་བརྫུན་དེ་ལན་དུ་མ་ཞིག་སྨྲས་ན་ཕམ་པ་གཅིག་ཏུ་མི་བཞག་སྟེ། སྦོམ་པོ་ཐ་དད་དུ་འགྱུར་བ་དང༌། འཁྲིག་ཚིག་སྨྲ་བའི་སྦྱོར་བ་མི་གསལ་བ་དེ་ལན་དུ་མ་ཞིག་སྨྲས་ན་ལྷག་མའི་ལྟུང་བ་གཅིག་ཏུ་མི་བཞག་ལ། བལ་ཁུར་བ་ལ་སོགས་པ་རྒྱང་གྲགས་འདའ་དགོས་པ་རྣམས་ལ་ཉི་མ་ཐ་དད་རེ་རེ་ཞིང་རྒྱང་གྲགས་ཕྱེད་ཕྱེད་ཕྱིན་པ་བསྡོམས་པ་ལས། རྒྱང་གྲགས་ཀྱི་མཐའ་ལས་འདས་ཀྱང་དངོས་གཞིའི་ལྟུང་བ་གཅིག་ཏུ་མི་བཞག་སྟེ། ན་སྨད་ཐ་དད་དུ་འགྱུར་བ་ལྟ་བུའོ། །མདོར་ན་མདོ་འདི་ནི་གཞི་མ་རྫོགས་པ་དུ་མ་དང༌། སྦྱོར་བ་མ་རྫོགས་པ་དུ་མས་ནི་ཐམས་ཅད་དུ་ཡང་དངོས་གཞིའི་ལྟུང་བ་གཅིག་ཏུ་མི་བཞག་གོ། །ཞེས་སྤྱིར་བསྟན་པ་ཡིན་ནོ། །གཉིས་པ་ལ།(༣༠༨བ)


K8Z003_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྗེས་སྒྲུབ་རྣམས་དབང་བྱས་དང༌། །མཐོ་ལས་གྱུར་དབང་བྱས་སོ། །དང་པོ་ནི། ཁང་པ་དང་ཁང་ཆེན་ལ་སོགས་པ་རང་གིས་ཕྱེད་བྱས་ཏེ་པོར་(བོར(་བའམ། གཞན་གྱིས་ཕྱེད་བྱས་པ་ལ་དེའི་འཕྲོ་ཟིན་པར་བྱེད་པ་ནི་ལྟུང་བ་ཕྱེད་ཉིད་དེ། རང་རང་གི་ན་སྨད་པ་ཉིད་དོ། །མདོ་འདི་ནི་ལས་རྗེས་སུ་སྒྲུབ་པའི་ལྟུང་བ་བཅུ་དགུ་པོ་ཐམས་ཅད་དུ་ཡང་ལྟུང་བྱེད་ཕྱེད་ཉིད་དོ་ཞེས་སྤྱིར་བསྟན་པ་ཡིན་ནོ། །དེ་ཡང་ལུང་ཞུ་བ་ཆེ་ཆུང་གཉིས་ཆར་ལས། མཚོ་སྣ་པ་ཆེན་པོས་བསྡུས་པའི་སྡོམ་ནི། ཁང་པ་ཁང་ཆེན་ལོ་དྲུག་སྟན། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །རིམ་ལྷག་གོས་ཀྱི་གཟོ་བྱེད་པ། །ཁབ་རལ་འཆོས་པ་ལ་སོགས་བདུནགོང་གི་ཁབ་རལ་སོགས་བདུན་ལ་གང་བགྲང་སྙམ་ན། ཁབ་རལ་ཁྲི་རྐང་གདལ་དང་གདིང་བ་གཡན། །རས་ཆེན་བདེ་གཤེགས་ཆོས་གོས་ཏེ་བདུན་ནོ།།། །དེ་ལྟར་ལྟུང་བ་བཅོ་ལྔ་ལ། །ཕྱེད་བྱས་ཕྱེད་ཉིད་དངོས་སུ་གསུངས། །འཁྲུར་འཇུག་སྨེལ་འཇུག་ཐ་ག་གཉིས། །དེ་ལྟར་བཞི་ལ་མདོར་བསྡུས་སྦྱར། །ཅེས་བཟུང་ངོ༌། །གལ་ཏེ་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱིས་མ་གླན་པའི་གདིང་བ་གསར་པ་ལ་ལོངས་སྤྱད་པའི་སྤང་བ་ལ་ཡང་ཕྱེད་བྱས་པ་ལ་ཕྱེད་ཉིད་འདི་སྦྱར་ཏེ། མཐོ་གང་གི་སྤང་བའི་སྐབས་ཀྱི་ཞུ་བ་ལས། གཞན་གྱི་མ་ལགས་པ་ལགས་པར་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པས་སོ་ཞེ་ན། ལུང་ལས་གསུངས་པ་དེ་ནི་རབ་ཏུ་བྱུང་བ་གཟོ་བྱེད་པ་སྤྱིར་བཀག་པ་ལས་འདས་པའི་ཉེས་བྱས་ཡིན་གྱི། འདིར་གཏོགས་པ་ནི་མ་ཡིན་ཏེ། འདིའི་དགག་བྱ་དང་མ་འབྲེལ་བའི་ཕྱིར་རོ། །གཉིས་པ་ནི། གཞི་མེད་དང༌། བག་ཙམ་དང༌། ལྷག་མས་སྐུར་འདེབས་ཏེ་གསུམ་དང༌། གནས་ངན་ལེན་དང༌། འཆབ་བརྗོད་གཉིས་ཏེ་ལྔའི་སྐབས་སུ་ཁ་ན་མ་ཐོ་བ་ན་སྨད་པ་སྦོམ་པོས་སྐུར་བ་འདེབས་པ་དང༌། སྦོམ་པོ་འཆབ་བརྗོད་(༣༠༩ན)


K8Z003_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དག་གི་འབྲས་བུའི་ཆ་སྟེ། འབྲས་བུ་ལྟུང་བ་ཉིད་ནི་རྒྱུའི་ལྟུང་བ་སྦོམ་པོ་ལས་ན་སྨད་པ་སྟེ་ཉེས་བྱས་ཉིད་ཡིན་ནོ། །འདི་ནི་འགྱོད་པ་བསྐྱེད་པའི་ཆེད་ལ་ཡང་སྦྱར་ཏེ། འགྱོད་པ་བསྐྱེད་པ་ལ་གཉིས་ཏེ། སྡོམ་པ་མ་སྐྱེས་པ་ལས་འགྱོད་པ་བསྐྱེད་པ་དང༌། ཕམ་པ་བྱུང་བ་ལས་འགྱོད་པ་བསྐྱེད་པའོ། །ཕམ་པའི་ན་སྨད་པ་སྦོམ་པོ་བྱུང་ངོ་ཞེས་འགྱོད་པ་བསྐྱེད་ན་ཉེས་བྱས་སོ། །མདོ་འདིས་ནི། ལུང་ཞུ་བ་ལས། སྦོམ་པོས་སྐུར་འདེབས་དང༌། དགེ་འདུན་གྱི་དབྱེན་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའི་སྐུར་འདེབས་གསུམ་ལ་གསུངས་པ་བསྡུས་པ་ཡིན་ལ། འཆབ་པ་དང༌། བརྗོད་པ་དང༌། འགྱོད་པ་བསྐྱེད་པ་ལ་མདོར་བསྡུས་སྦྱར་རོ། །སྐབས་འདིར་འགལ་བ་སྤང་བ་ནི། ན་སྨད་པ་ངག་གི་ཆ་ཉིད་ནི་ན་སྨད་པ་ཡིན་ན། ཕམ་པས་ཉམས་པ་ལ་སྐུར་བ་བཏབ་ན་དགེ་འདུན་ལྷག་མ་བསྐྱེད་པར་གསུངས་པ་དང་འགལ་ཏེ། ཉམས་པས་མི་ཚངས་སྤྱོད་ལ་སོགས་པ་བྱས་ཀྱང་ཉམས་པ་ལྟུང་བ་ལ་སྦྱོར་བ་ལ་ཉེས་བྱས་ལས་མེད་པས་ཉེས་བྱས་དེས་སྐུར་བ་བཏབ་པ་ལས། ལྷག་མའི་ལྟུང་བ་བསྐྱེད་པས་ན་སྨད་པའི་ཆ་དེ་ནི་ན་སྨད་འབྱུང་བ་དང་འགལ་ཅེ་ན། ཉམས་པ་ལ་གཉིས་ཏེ། ཕམ་པ་གསོར་རུང་གིས་ཉམས་པ་དང༌། ཕམ་པ་གསོར་མི་རུང་གིས་ཉམས་པའོ། །དེ་ལ་སྔ་མས་ནི་མི་ཚངས་སྤྱོད་ལ་སོགས་པ་བྱས་པས་ཕམ་པ་བསྐྱེད་པས་ཕམ་པས་སྐུར་བ་བཏབ་ན་དགེ་འདུན་ལྷག་མ་བསྐྱེད་ཅིང༌། ཕྱི་མས་ནི་མི་ཚངས་སྤྱོད་ལ་སོགས་པ་བྱས་པས་ཉེས་བྱས་ལས་མེད་ལ། ཉེས་བྱས་དེས་སྐུར་བ་བཏབ་པ་ལས་ཉེས་བྱས་ལས་མི་བསྐྱེད་དོ། །དེས་ན་འདི་ལ་འགལ་བ་མ་རྙེད་དོ། །གཞན་ཡང་ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློབ་མ་དང་དགེ་ཚུལ་མ་རྣམས་ལ་སྐུར་བ་བཏབ་ན་ཅིར་འགྱུར། སྦོམ་(༣༠༩བ)


K8Z003_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འགྱུར། ཞེས་གསུངས་པ་དང༌། དེ་བཞིན་དུ་རང་གི་རྣམ་བཤད་དང༌། ཊཱི་ཀ་དང༌། བམ་པོ་ལྔ་བཅུ་པ་ལས། སྦོམ་པོར་གསུངས་པ་དང་འགལ་ཏེ། དགེ་ཚུལ་ལ་སོགས་པ་གསུམ་གྱིས་མི་ཚངས་སྤྱོད་ལ་སོགས་པ་བྱས་ཀྱང་ཉེས་བྱས་ལས་མེད་པས་ཉེས་བྱས་དེས་སྐུར་བ་བཏབ་པ་ལས། སྦོམ་པོ་བསྐྱེད་ན་ན་སྨད་པའི་ཆ་དེ་ནི་ན་བསྟོད་འབྱུང་བ་དང་འགལ་ཅེ་ན། དེ་ནི་དམིགས་བསལ་ཡིན་པར་རིགས་ཏེ། ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱི་སྐུར་བ་བཏབ་པ་ཡིན་པས། ལྟུང་བའི་ཆ་ནས་ནི་བྱེད་ལས་ཕམ་པ་དང་འདྲ་བའི་སྐུར་བ་བཏབ་པ་ཡིན་ལ། ཡུལ་གྱི་ཆ་ནས་ནི་བསྙེན་པར་མ་རྫོགས་པ་ལ་སྐུར་བ་བཏབ་པ་ཡིན་པས་སྦོམ་པོར་བཅས་པ་སྟེ། བཅས་པའི་དབང་གིས་སྦོམ་པོར་འགྱུར་བའོ། །གཞན་ཡང་བཤེས་ངོར་བྱས་པ་དང་ཟས་ཕྱིར་ཆོས་བསྟན་པ་ལ་ཉེས་བྱས་མེད་ལ། དེ་དག་གིས་སྐུར་བ་བཏབ་ན་ལྟུང་བྱེད་དུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ལྟུང་བ་ཉམས་པའི་ཆ་ནས་མ་ཡིན་གྱི། འདུ་ཤེས་བསྒྱུར་བའི་བརྫུན་གྱི་ཆ་ནས་ལྟུང་བྱེད་ཡིན་པ་ལ་འགལ་བ་མེད་དོ། །གཞན་ཡང་ལུང་ཞུ་བ་ལས། དགེ་སློང་གིས་ཁྱིམ་པ་ལ་སྐུར་བ་བཏབ་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པ་དང་འགལ་ཏེ། ཁྱིམ་པས་ཉེས་སྤྱོད་བྱས་ཀྱང་ལྟུང་བ་མེད་པས་ལྟུང་མེད་ཀྱི་སྐུར་བ་བཏབ་པས་ལྟུང་བ་ཉེས་བྱས་སུ་བཤད་པ་དང་འགལ་ཅེ་ན། དེ་ནི་ལྟུང་བ་ཉམས་པའི་ཆ་ནས་ཉེས་བྱས་སུ་བཤད་པ་མ་ཡིན་གྱི། སྐུར་འདེབས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པའི་ཆ་ནས་ཉེས་བྱས་སུ་འགྱུར་བའོ། །འདིར་སྨྲས་པ། གློ་བརྡེག་འཆི་བ་རྟག་ཏུ་དྲན་པ་ནས། །དགེ་དང་སྡིག་པ་གང་ཡིན་ངོ་འཕྲོད་དེ། །འཁོར་འདས་སྡུག་བདེ་སྐྱོན་ཡོན་ངེས་རྟོགས་པ། །ཆོས་གྲུབ་གྲགས་པའི་ལེགས་བྱས་དང་པོ་ཡིན། །དལ་འབྱོར་ཆོས་མིན་ངང་དུ་ཟད་མ་བཅུག །མཆོག་(༣༡༠ན)


K8Z003_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཉིད་ལ་མི་ཟློག་མོས་པ་ཐོབ། །ལྟར་སྣང་ལམ་གྱིས་ནམ་ཡང་ཡིད་མ་དྲངས། །ཆོས་གྲུབ་བཟང་པོའི་སྤྱོད་ལ་རྗེས་ཡི་རང༌། །རྒྱལ་བའི་བཀའ་ལ་ཐོས་བསམ་སྒོམ་པར་འབད། །བསླབ་པ་གསུམ་ལ་དྲན་ཤེས་དག་པས་སྦྱངས། །རྟོག་གེའི་ལོག་བློ་འགོག་ལ་ངལ་བར་བྱས། །ཆོས་གྲུབ་གྲགས་པའི་བགྱི་བ་གཉིས་པ་ཡིན། །ཐོས་དང་ཚུལ་ཁྲིམས་དགེ་ལ་འབད་དེ་དག །རང་དོན་ཡིད་བྱེད་བློ་ཡིས་མ་ཡིན་པར། །མ་རྣམས་དོན་དུ་སྙིང་ནས་བརྩོན་པར་བྱས། །ཆོས་གྲུབ་བཟང་པོས་འགྱོད་མེད་བྱས་པ་འདྲ། །ཚུལ་ཁྲིམས་ཐོབ་ཤེས་ཏིང་འཛིན་རྒྱུད་བསྡམས་ཏེ། །གཞན་རྒྱུད་བསོད་ནམས་སྤེལ་ཡུལ་བྱེད་པ་ཡི། །སྒོ་ནས་རང་གི་ས་ལམ་རྫོགས་བྱེད་པ། །ཆོས་གྲུབ་གྲགས་པའི་བྱ་བ་གསུམ་པ་ཡིན།། །།བཞི་པ་ལ། བསམ་དང་དངོས་པོའི་བྱེད་པ་དངོས། །ཞར་ལས་བྱུང་བ་བརྗོད་པའོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ། དངོས་པོ་གཙོ་བོའི་གྲངས་གཏན་ལ་དབབ་པ་དང༌། འདུ་ཤེས་གཙོ་བོའི་མཚན་ཉིད་གཏན་ལ་དབབ་པ་དང༌། འདུ་ཤེས་ཀྱི་གཙོ་བོ་ལ་ཧ་ཅང་ཐལ་བ་སྤངས་པའོ། །དང་པོ་ལ་གསུམ་ལས། དང་པོ་དགག་པ་ནི། སྔ་རབས་པ་ཁ་ཅིག་ན་རེ། འདུལ་བའི་གཞུང་ལས་དངོས་སུ་བཤད་ཚོད་རྣམས་བགྲངས་ན། དངོས་པོ་གཙོ་བའི་ལྟུང་བ་བཅུ་ཡོད་དེ། དངོས་པོ་གཙོ་བ་ཕམ་ལྷག་དང་པོ་གཉིས། །སྐྱོ་སྔོགས་ས་བོན་སྐྱེ་འཇིག་བརྫུན་སྨྲའི་ཡུལ། །ཁྲི་སྟན་ཆེ་མཐོ་གཟུགས་བསྒྱུར་གསོད་པ་དང༌། །བྱེ་བྲག་མ་ཕྱེད་གཞི་ལས་བཞག་དང་བཅུ། །བསྡུ་བའི་ཚིགས་སུ་བཅད་པའོ་ཞེས་ཕམ་ལྷག་དང་པོ་གཉིས་དངོས་པོ་གཙོ་སྟེ། འདི་ཉིད་ལས། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་བཤད་པས་(༣༡༠བ)


K8Z003_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སོ། །སྐྱོ་སྔོགས་བྱེད་པ་དང་ས་བོན་དང་སྐྱེ་བ་འཇིག་པ་གཉིས་དང༌། བརྫུན་སྨྲ་བའི་ཡུལ་བཞི་པོ་བྱེ་བྲག་ལ་དངོས་པོ་གཙོ་སྟེ། གལ་ཏེ་འདུ་ཤེས་གཙོ་ན་ནི་གཞིའི་ཡན་ལག་གི་བྱེ་བྲག་ལ་དེ་མ་ཡིན་དུ་འདུ་ཤེས་འཁྲུལ་ན་དངོས་གཞི་མི་རྫོགས་པར་རིགས་པ་ལས། འདི་ཉིད་ལས། འདུ་ཤེས་འཁྲུལ་ཡང་དངོས་གཞི་རྫོགས་པར་གསུངས་ཏེ། རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་ཡིན་ནོ། །ས་བོན་ལས་ས་བོན་གཞན་དུ་འདུ་ཤེས་པ་ནི་དེ་དང་འདྲ་བ་ཉིད་དོ་ཞེས་བཤད་ཅིང༌། སྐྱེ་བ་གཅོད་པ་ལ་ཡང༌། ཊཱི་ཀ་ལས། སྐྱེ་བ་ལ་ས་བོན་དུ་འདུ་ཤེས་པ་ཡང་སྐྱེ་བ་དང་འདྲ་བ་ཉིད་ཡིན་ནོ། །ཞེས་བཤད་ལ། མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་བཤད་དོ། །བཞི་པོ་དེ་དག་ནི་གཞིའི་ཡན་ལག་གི་བྱེ་བྲག་ལ་དེ་མ་ཡིན་དུ་འདུ་ཤེས་འཁྲུལ་ཀྱང་དངོས་གཞི་རྫོགས་པར་གསུངས་པས་དངོས་པོ་གཙོ་བ་ཡིན་པར་གྲུབ་བོ། །ཁྲི་སྟན་ཆེ་མཐོ་གཉིས་དངོས་པོ་གཙོ་སྟེ། འོད་ལྡན་དུ་མལ་ཆེ་མཐོའི་སྐབས་ལས། གཞི་འདི་གཉིས་ནི་དངོས་པོ་གཙོ་བོར་བྱ་བ་ཡིན་ཏེ། གང་གི་ཕྱིར་གཏམ་གྱི་གཞི་ལས། ལུས་ཀྱི་ལྟུང་བ་འབའ་ཞིག་གོ་ཞེས་གསུངས་པས། དེའི་ཕྱིར་འདུ་ཤེས་གཙོ་བོར་བྱ་བ་སྤྱིར་བཏང་བའི་སྐབས་མེད་དོ་ཞེས་གསུངས་པས་སོ། །སྤྲུལ་སྟག་ལྟ་བུ་གཟུགས་གཞན་དུ་བསྒྱུར་བ་གསོད་པ་དངོས་པོ་གཙོ་སྟེ། ཊཱི་ཀ་ལས། དགེ་སློང་གིས་མིའི་འགྲོ་བར་གཏོགས་པ་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་ཞིག་གསོད་ན། དེར་འདུ་ཤེས་པས་ཀྱང་རུང་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། བསད་པའི་དུས་ན་དངོས་གཞི་ལ་ནི་ཕམ་པ་ཁོ་ནར་འགྱུར་རོ། །ཞེས་བཤད་པས་སོ། །བྱེ་བྲག་མ་ཕྱེད་པ་ལ་རྐུ་བ་ལ་དངོས་པོ་གཙོ་སྟེ་བྱེ་བྲག་མ་ཕྱེད་པ་ལས་ནི་གཞི་(༣༡༡ན)


K8Z003_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམ་པར་བཞག་གོ་ཞེས་བཤད་ཅིང༌། དེའི་ཊཱི་ཀ་ལས། གཞིའི་ངོ་བོ་ཉིད་ལ་ལྟུང་བ་རྣམ་པར་བཞག་གི། འདུ་ཤེས་ལས་ནི་མི་བཞག་གོ་ཞེས་གསུངས་པས་དངོས་པོ་གཙོ་བོ་ཡིན་པར་ཤེས། ཞེས་ཟེར་རོ། །ཁྱོད་ཀྱི་དངོས་པོ་གཙོ་བའི་ལྟུང་བ་བཅུ་བགྲངས་བ་དེ་ཕམ་ལྷག་དང་པོ་གཉིས་དངོས་པོ་གཙོ་བ་གཞུང་གི་དོན་ལེགས་བཤད་ཡིན་མོད་ཀྱི། དེ་ལ་གཞན་བརྒྱད་པོ་དེ་དག་དངོས་པོ་གཙོ་བར་འདོད་པ་དེ་མི་རིགས་ཏེ། གཞུང་འདི་ཉིད་ལས། མི་ཚངས་སྤྱོད་དང་ཁུ་བ་འབྱིན་པ་གཉིས་དམིགས་ཀྱིས་བཀར་ཏེ། དངོས་པོ་གཙོ་བར་གསུངས་པ་དང་འགལ་ལོ། །གཞན་ཡང་ལྟུང་བ་བཅུའི་སྐྱོ་སྔོགས་བྱེད་པ་དང༌། ས་བོན་འཇོམས་པ་དང༌། སྐྱེ་འཇིག་གི་མདོ་རྩ་བ་འདི་ཉིད་ལས། ཤེས་གཙོའོ་ཞེས་གསུངས་པ་དང་འགལ་ལོ། །རྩོད་པ་གཞན་ཉིད་ལ་རྩོད་པ་གཞན་ཉིད་དུ་འདུ་ཤེས་པ་ནི་དེ་དང་འདྲ་ཞེས་པ་དེ་དངོས་པོ་གཙོ་བའི་གཞུང་མ་ཡིན་གྱི། རྩོད་པ་བཞི་པོ་གང་ཡིན་ཀྱང་སྐྱོ་སྔོགས་བྱའོ་སྙམ་དུ་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པ་སྟེ། དེ་ཡང་ཊཱི་ཀ་ལས། འདིར་རྩོད་པ་ཙམ་ཉིད་ཚད་མ་ཡིན་གྱི། རྩོད་པའི་བྱེ་བྲག་ནི་ཚད་མ་མ་ཡིན་ནོ། །ཞེས་གསུངས་པས་ཤེས་ཏེ། ཀུན་སློང་སྤྱི་ཞུགས་མ་ཡིན་པར་རྩོད་པའི་བྱེ་བྲག་ལ་ཀུན་སློང་ཞུགས་པ་ཡིན་ན་ནི། རྩོད་པ་ཙམ་ཉིད་ཚད་མ་ཡིན་པར་མི་རིགས་པའི་ཕྱིར་རོ། །དེ་དང་མཚུངས་པས་ས་བོན་ལ་ས་བོན་གཞན་ཉིད་དུ་འདུ་ཤེས་པ་དང༌། མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཤེས་པ་ནི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ། །འོད་ལྡན་ལས། མལ་ཆེ་མཐོ་གཉིས་ལྟུང་བ་དངོས་པོ་གཙོ་བར་གསུངས་པ་དེ་ཡང་ལྟུང་བ་གླེང་རུང་ཙམ་ལ་དགོངས་པ་ཡིན་གྱི། ལྟུང་བ་མཚན་ཉིད་པ་ལ་དགོངས་པ་མ་ཡིན་ཏེ། འོད་ལྡན་དུ་གཏམ་གྱི་(༣༡༡བ)


K8Z003_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལས། ལྟུང་བ་འབའ་ཞིག་གོ་ཞེས་ལུང་དྲངས་པས་ཤེས་ཏེ། དེ་ཡང་གཏམ་གྱི་གཞི་ལས། མ་ཤེས་བཞིན་དུ་ཉེས་པ་འབྱུང་བ་ཡོད་དེ། འདི་ལྟར་གཉིད་ལོག་པ་ལས་བཏེགས་ཏེ། མལ་སྟན་ཆེན་པོའམ་མཐོན་པོའི་སྟེང་དུ་བཞག་པའོ་ཞེས་གསུངས་པས་ལྟུང་བ་གླེང་རུང་ཙམ་དུ་གསལ་ལོ། །འོ་ན་ལྟུང་བ་གླེང་རུང་ཙམ་ཡང་འབྱུང་བར་མི་རིགས་ཏེ། ལྟུང་བ་མཚན་ཉིད་པ་མེད་པའི་ཕྱིར་ཞེ་ན། ཁྱབ་པ་མ་གྲུབ་སྟེ། འདི་ལ་དངོས་པོ་ལ་བདེན་པ་ཉིད་ཀྱི་རྒྱུ་མ་ཡིན་ནོ་ཞེས་གསུངས་པས་སོ། །གཟུགས་གཞན་དུ་བསྒྱུར་བ་དངོས་གཙོ་སྟེ། ཊཱི་ཀ་ལས་བཤད་ཅེས་ཟེར་བ་ཡང་སྐབས་འདིར་ནི་ཊཱི་ཀའི་རྗེས་སུ་མི་འབྲང་ཞེས་གོང་དུ་བསྟན་ཟིན་ཏོ། །བྱེ་བྲག་མ་ཕྱེད་པ་ལ་རྐུུ་ན་གཞིའི་ངོ་བོ་ཉིད་ལས་བཞག་གི། འདུ་ཤེས་ལས་ནི་མི་བཞག་ཅེས་ཊཱི་ཀས་གསུངས་པ་དེ་ཡང་བྱེ་བྲག་གི་འདུ་ཤེས་ལས་ནི་མི་བཞག་ཅེས་དགོངས་པ་སྟེ། བདག་པོ་གང་གི་ཡིན་ཀྱང་བརྐུའོ་སྙམ་དུ་ཀུན་སློང་སྤྱི་ལ་ཞུགས་པ་ཡིན་ལ། དེའི་སྔོན་རོལ་དུ་བདག་པོ་གང་ཡང་རུང་བ་བདག་པོ་སྤྱི་ཙམ་དུ་འཛིན་པའི་འདུ་ཤེས་ལས་ནི་ངེས་པར་བལྟོས་ཏེ་རྣམ་པར་བཞག་གོ། །གཉིས་པ་རང་ལུགས་བཞག་པ་ནི། དངོས་པོ་གཙོ་བ་ལ་རིགས་གཉིས་ཏེ། མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་གསུངས་པས་སོ། ། མི་ཚངས་སྤྱོད་དང་འབྱིན་པའི་ལྟུང་བ་ནི་ཕམ་ལྷག་དང་པོ་གཉིས་ཁོ་ནར་མ་ཟད་དེ། དེ་དག་གི་སྦོམ་པོ་ལ་སོགས་པ་དང༌། དགེ་སློང་མས་ཁུ་བ་འབྱིན་པའི་ལྟུང་བྱེད་ཀྱང་དངོས་པོ་གཙོ་སྟེ། མི་ཚངས་སྤྱོད་དང་ཁུ་བ་འབྱིན་པའི་ལྟུང་བ་ཡིན་པ་ལས་མ་འདས་སོ། །གསུམ་པ་རྩོད་པ་སྤང་བ་ནི། སོག་པ་ན་རེ། སྐྱོ་སྔོགས་བྱེད་པ་དང་སྐྱེ་འཇིག་བྱེད་པ་ནི་སྤྱི་ལ་འདུ་ཤེས་གཙོ་ཡང་བྱེ་(༣༡༢ན)


K8Z003_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ལ་དངོས་པོ་གཙོ་སྟེ། རྩོད་པ་གཞན་ལ་རྩོད་པ་གཞན་དུ་འདུ་ཤེས་འཁྲུལ་ཀྱང་ལྟུང་བ་རྫོགས་པར་གསུངས་པས་ཤེས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རྩོད་པ་ལ་སྐྱོ་སྔོགས་བྱེད་པའི་བྱེ་བྲག་ལ་དངོས་པོ་གཙོ་ན། ཉན་རྣ་བྱེད་པའི་བྱེ་བྲག་ལའང་དངོས་པོ་གཙོ་བར་ཐལ་བར་འགྱུར་ཞིང༌། ས་བོན་སྐྱེ་འཇིག་གི་བྱེ་བྲག་ལ་དངོས་པོ་གཙོ་ན་ས་རྐོ་བ་ལ་སོགས་པ་ཡང་བྱེ་བྲག་ལ་དངོས་པོ་གཙོ་བར་ཐལ་བར་འགྱུར་ཞེས་རྒྱུ་མཚན་མཚུངས་པའི་ཕྱིར་ཧ་ཅང་ཐལ་ཆེས་སོ། །ཡང་སོག་པ་ན་རེ། ཕམ་པ་དང་པོ་བྱེ་བྲག་ལ་དངོས་པོ་གཙོ་མོད་ཀྱི། སྤྱི་ལ་འདུ་ཤེས་གཙོ་སྟེ། གཞན་དུ་ན་ལུང་ཞུ་བ་ལས། མ་དཀྲིས་པ་ལ་དཀྲིས་པར་འདུ་ཤེས་ཏེ་བཅུག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ་ཞེས་གསུངས་པ་དང་འགལ་ལོ་ཞེས་ཟེར་རོ། ། དེ་ནི་ལུང་ཡི་གེ་ནོར་བར་སེམས་ཏེ། སྐབས་དེ་ཉིད་ཀྱི་ལུང་ཞུ་བ་ཉུང་ཤོས་ལས། བར་ཆད་མ་མཆིས་པ་ལ་བར་ཆད་དང་བཅས་པར་འདུ་ཤེས་ཏེ་བཅུག་ན་ཅིར་འགྱུར། མཐར་འགྱུར་རོ་ཞེས་གསུངས་པ་དང༌། འོད་ལྡན་གྱི་རྩ་བ་ལས། འཁྲིག་པ་ལ་ནི་འདུ་ཤེས་གཙོ་བྱར་མེད། །ཅེས་གསུངས་པས་སྤྱི་ལ་འདུ་ཤེས་གཙོ་བ་མ་ཡིན་ནོ། །གཉིས་པ་འདུ་ཤེས་གཙོ་བོའི་མཚན་ཉིད་གཏན་ལ་དབབ་པ་ནི། དགར་གྲམ་ཆེན་པོ་ན་རེ། འདུ་ཤེས་གཙོ་བོའི་མཚན་ཉིད་ནི་ལྟུང་བའི་ཡན་ལག་ཏུ་མ་འཁྲུལ་བ་ངེས་བཟུང་དུ་དགོས་པའོ། །དོན་དང་ཕྲད་ན་འཁྲུལ་མ་འཁྲུལ་ཁྱད་པར་ལྟུང་བ་བསྐྱེད་པ་ནི་དངོས་པོ་གཙོ་བོ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་ཐོ་ཡོར་ལ་མིར་འདུ་ཤེས་འཁྲུལ་ཏེ་གསོད་འདོད་ཀྱིས་མཚོན་བརྡེགས་པ་ལ་སོགས་པ་ལྟུང་མེད་ཀྱི་ཡུལ་ལ་ལྟུང་བཅས་ཀྱི་ཡུལ་དུ་འཁྲུལ་བའི་ལྟུང་བ་རྣམས་ཆོས་ཅན། འདུ་ཤེས་གཙོ་བོ་མ་(༣༡༢བ)


K8Z003_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཐལ། འཁྲུལ་པ་་ངེས་བཟུང་དུ་དགོས་པའི་ཕྱིར། འདུ་ཤེས་གཙོ་བོ་མ་ཡིན་པ་འདོད་ན། མི་ཚངས་པར་སྤྱོད་པ་དང༌། ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་པའི་ཤུགས་ཀྱིས་དེ་ལས་གཞན་པའི་ལྟུང་བ་ཐམས་ཅད་འདུ་ཤེས་གཙོ་བར་བཤད་པ་དང་འགལ་ལོ། །ཆོས་བྱང་ན་བཟའ་བ་ན་རེ། འདུ་ཤེས་གཙོ་བོའི་མཚན་ཉིད་ནི། ལྟུང་བ་གང་ཞིག་བསྐྱེད་པ་ལ་འདུ་ཤེས་འཁྲུལ་མ་འཁྲུལ་གཉིས་ལས་གང་རུང་ངེས་བཟུང་དུ་དགོས་པའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། ཚུལ་ཁྲིམས་མ་དག་པ་ལ་སྐུར་བ་འདེབས་པའི་དགེ་འདུན་ལྷག་མ་དང༌། བྱིན་འཕྲོག་བྱེད་པའི་སྤང་ལྟུང་དང༌། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་གསུམ་པོ་དེ་དག་ཆོས་ཅན། འདུ་ཤེས་གཙོ་བོ་མ་ཡིན་པར་ཐལ། འདུ་ཤེས་འཁྲུལ་མ་འཁྲུལ་གཉིས་ཀ་ངེས་བཟུང་དུ་དགོས་པའི་ཕྱིར། ཕྱོགས་ཆོས་གྲུབ་སྟེ། དེ་ཡང་མ་དག་པ་ལ་སྐུར་བ་འདེབས་པ་ལ་ནི་ཉམས་པ་ལ་མ་ཉམས་པར་འདུ་ཤེས་མ་འཁྲུལ་བ་ཡན་ལག་ཏུ་དགོས་ལ། གོ་བྱའི་ཡུལ་ལ་འཁྲུལ་བ་ཡན་ལག་ཏུ་དགོས་པ་དང༌། བྱིན་འཕྲོག་བྱེད་པ་ལ་ནི་དངོས་པོ་དེ་བདག་པོ་གཞན་དབང་བ་ལ་རང་གི་ཡིན་པར་འཁྲུལ་བ་ཡན་ལག་ཏུ་དགོས་ལ། ཕ་རོལ་པོ་དགེ་སློང་ཡིན་པ་ལ་དེ་མ་ཡིན་པར་འཁྲུལ་བ་ཡན་ལག་ཏུ་དགོས་པ་དང༌། སྡིག་ལྟ་མི་གཏོང་བའི་ལྟུང་བྱེད་བསྐྱེད་པ་ལ་ནི་བར་དུ་གཅོད་པ་ལ་བར་དུ་མི་གཅོད་པར་འཁྲུལ་བ་ཡན་ལག་ཏུ་དགོས་ལ། གོ་བྱའི་ཡུལ་ལ་སོགས་པ་ལ་མ་འཁྲུལ་བ་ཡན་ལག་ཏུ་དགོས་པའི་ཕྱིར། རྩ་བར་འདོད་ན་གོང་བཞིན་ནོ། །འོ་ན་གང་ཞེ་ན། འདུ་ཤེས་གཙོ་བའི་ལྟུང་བའི་མཚན་ཉིད་ནི། བཅས་པ་ལས་འདས་པའི་ཆ་ནས་ལས་སྒྲིབ་ཏུ་གྱུར་པ་གང་ཞིག །རང་གི་གཞིའི་ཡན་ལག་(༣༡༣ན)


K8Z003_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

གི་བྱེ་བྲག་ལ་འདུ་ཤེས་ཀྱི་བྱེ་བྲག་ངེས་བཟུང་དུ་དགོས་པའོ། །དེ་ཡང་གཞིའི་ཡན་ལག་གི་བྱེ་བྲག་ནི། གཞིའི་ཡན་ལག་གི་ཕྱོགས་གཅིག་ཡིན་ལ། འདུ་ཤེས་ཀྱི་བྱེ་བྲག་ནི་འདུ་ཤེས་འཁྲུལ་བའམ་མ་འཁྲུལ་བ་ཅི་རིགས་པའོ། །ངེས་བཟུང་དུ་དགོས་ཞེས་པ་ནི། དངོས་པོ་གཙོ་བ་རྣམས་གཅོད་ཅིང་འདུ་ཤེས་གཙོ་བ་རྣམས་སྡུད་དོ། །འདི་ལྟ་བུའི་ལེགས་བཤད་ནི་སྤྲུལ་པའི་སྐྱེས་ཆེན་མཚོ་སྣ་བ་ལྟ་བུ་མ་གཏོགས་ལུས་ལ་ངུར་སྨྲིག་བརྒྱན་ཚད་ལ་འབྱུང་བར་དཀའ་བ་འདྲའོ། །གསུམ་པ་འདུ་ཤེས་གཙོ་བ་ལ་ཧ་ཅང་ཐལ་བ་སྤང་བ་ལ་གཉིས་ཏེ། འདུ་ཤེས་གཙོ་བའི་དངོས་གཞི་བསྐྱེད་པ་ལ། དོན་ཡན་ལག་ཏུ་མི་དགོས་པར་འདོད་པ་དགག །འདུ་ཤེས་གཙོ་བའི་སྦྱོར་ལྟུང་བསྐྱེད་པ་ལ། དོན་ཡན་ལག་ཏུ་མི་དགོས་པར་འདོད་པ་དགག་པའོ། །དང་པོ་ནི། བ་རོང་པ་ན་རེ། ཐོ་ཡིན་པ་ལ་མིར་འདུ་ཤེས་ཏེ་བསད་པ་ལ་ཕམ་པ་བསྐྱེད་དེ། འདུལ་བ་ལས་བྱུང་བ་ཐམས་ཅད་དཔྱད་པ་ཐ་སྙད་པ་ཡིན་པའི་ཕྱིར་རོ། །དེ་ཡང་འོད་ལྡན་ལས། འདུལ་བ་ཐམས་ཅད་ལས་བྱུང་བའི་དཔྱད་པ་ཐ་སྙད་པ་ཡིན་གྱི། གལ་ཏེ་དཔྱད་པ་དངོས་སུ་ཡིན་པར་གྱུར་ན་བསྒྲུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་ཞེས་བཤད་པས་ཤེས་སོ། །ཞེས་ཟེར་རོ། །དེ་དགག་པ་ལ་གཉིས། དམ་བཅའ་དགག་པ་དང༌། སྒྲུབ་བྱེད་དགག་པའོ། །དང་པོ་ནི། སྲོག་གཅོད་པའི་ཕམ་པ་བསྐྱེད་པ་ལ་ཐོ་མ་ཡིན་པར་ཤེས་པ་ལྟ་བུ། མི་ཡིན་པར་འདུ་ཤེས་ཀྱིས་བཟུང་ན་དོན་ལ་མི་ཡིན་པ་ཡན་ལག་ཏུ་མི་དགོས་ན་འདི་ཉིད་ལས། བསམ་པ་ནི་དེ་ཉིད་དོ་ཞེས་གསུངས་པ་དང་འགལ་ཅིང༌། དེའི་ཊཱི་ཀ་ལས། དངོས་གཞི་ལ་ནི་དོན་ཉིད་ཡན་ལག་ཡིན་པར་སྟོན་ཏེ་ཞེས་བཤད་པ་དང༌། དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་བཤད་པ་དང༌། སྤྲུལ་པ་བསད་པའི་སྐབས་ཀྱི་ཊཱི་(༣༡༣བ)


K8Z003_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ལས། སྲོག་གཅོད་པ་ནི་གཞིའི་རྣམ་པ་ལ་བལྟོས་པའི་ཕྱིར། ཞེས་བཤད་པ་སྟེ། འདུལ་བའི་གཞུང་དེ་རྣམས་དང་འགལ་ལོ། །གཞན་ཡང་ཐོ་བསད་པ་དེ་ཐོ་བསྒྱེལ་བ་ལ་བྱེད་དམ། ཐོའི་སྲོག་འགགས་པ་ལ་བྱེད། བསམ་པ་ཅུང་ཟད་རེ་བ་རྣལ་བར་ཞུ། གཉིས་པ་སྒྲུབ་བྱེད་དགག་པ་ནི། འདུལ་བ་ལས་འབྱུང་བ་ཐམས་ཅད་དཔྱད་པ་ཐ་སྙད་པ་ཡིན་ཅེས་པ་དེ་མ་གྲུབ་སྟེ། མཁན་པོ་དང་ལས་བྱེད་པ་ལ་སོགས་པ་བརྗོད་བྱ་འཇུག་པའི་ཚུལ་ཁྲིམས་ཕལ་ཆེར་དཔྱད་པ་ཐ་སྙད་པ་ཡིན་མོད་ཀྱི། ལུང་རྣམ་འབྱེད་ཀྱི་བརྗོད་བྱ་ལྡོག་པའི་ཚུལ་ཁྲིམས་ཀྱི་སྐབས་ཀྱི་ལྟུང་བ་སྡེ་ལྔའི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་འདུ་ཤེས་ཀྱིས་བཟུང་བ་ཙམ་གྱིས་མི་འགྲུབ་ཀྱི། དོན་ཡན་ལག་ཏུ་དགོས་ཏེ། སྔར་བཤད་མ་ཐག་པའི་གཞུང་དེ་དག་དང་དོན་ཇི་ལྟ་བ་ཉིད་ལ་ནི་དངོས་གཞིའོ། །དོན་ཇི་ལྟ་བ་ཉིད་མ་ཡིན་པ་ལ་ནི་དངོས་གཞི་དང་ཉེ་བའོ་ཞེས་གསུངས་པ་དང༌། འོད་ལྡན་རྩ་བ་ལས། འདུ་ཤེས་གཙོ་ལ་དོན་ཉིད་ཇི་བཞིན་ནོ། །ལྟུང་རྫོགས་དོན་ཉིད་ཇི་བཞིན་མིན་ན་ཆུང༌། །ཞེས་བཤད་པས་སོ། །ཁྱེད་ཀྱིས་ཁུངས་སུ་དྲངས་པའི། འོད་ལྡན་ལས། འདུལ་བ་ཐམས་ཅད་ལས་བྱུང་བའི་དཔྱད་པ་ཐ་སྙད་པ་ཞེས་པ་དེའང་འདུལ་བ། ཞེས་པ་ལ་སྒྲ་ཡངས་དོག་གཉིས་ལས། སྒྲ་དོག་པའི་དབང་དུ་བྱས་ན་འདུལ་བ་ཞེས་པའི་སྒྲ་དེ་ལུང་གཞི་ལ་འཇུག་གི། རྣམ་འབྱེད་ལ་སོགས་པ་ནི་མ་ཡིན་ཏེ། གནས་མལ་གཞིའི་ཊཱི་ཀ་ལས། འདིར་གཞི་དག་ནི་འདུལ་བ་ཉིད་ཀྱིས་བསྟན་ཏོ། །རྣམ་པར་འབྱེད་པ་དང་དེར་གཏོགས་པའི་ཕྲན་ཚེགས་ལ་སོགས་པ་དག་ནི་སོ་སོར་ཐར་པ་དང་ལྡན་པ་ཉིད་ཀྱིས་བསྟན་ཏོ་ཞེས་བཤད་དོ། །དེ་ལའང་བ་རོད་ཆོས་དགའ་ན་རེ། གལ་ཏེ་ཕམ་པ་བསྐྱེད་པ་ལ་གཞི་ནི་མི་ཡིན་པ་ལ་སོགས་པ་དོན་ཡན་ལག་ཏུ་དགོས་ན་ནི་ཕམ་པ་བྱུང་ངམ་མ་བྱུང་མི་ཤེས་པའི་སྐྱོན་(༣༡༤ན)


K8Z003_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་ཏེ། གཞི་དེ་དོན་ལ་མི་ཡིན་མིན་མི་ཤེས་པའི་ཕྱིར་རོ། །དེ་ཡང་མིའི་ལུས་གཟུགས་སུ་གནས་པ་ནི་མི་ཡིན་པར་མ་ངེས་ཏེ། ཀླུའི་རྒྱལ་པོ་རི་བོ་དང༌། ཡིད་འོང་གི་བྱུང་བ་དང༌། ཨེ་ལའི་འདབ་ཀྱི་བྱུང་བ་བཞིན་ནོ། །ཕམ་པའི་ཡན་ལག་གཞན་ཚང་བས་ང་བ་རོད་ཆོས་དགའ་བསད་ན་ཕམ་པ་བསྐྱེད་དམ་མི་བསྐྱེད། ཕམ་པ་བསྐྱེད་ན་ང་མི་ཡིན་པར་ཅིས་ཤེས། ང་བེ་ཧར་མིར་སྤྲུལ་པ་ཡིན་ནམ་ཅི་ཆ་སྟེ། ཕམ་པ་བྱུང་ངམ་མ་བྱུང་གཏན་ནས་མི་ཤེས་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །དེའི་སྐྱོན་མེད་དེ། ལྟུང་བ་བྱུང་བར་ཤེས་པ་ནི་ལྟུང་བ་རྫོགས་པའི་ཡན་ལག་ཏུ་མི་དགོས་ལ། ཕྱིར་བཅོས་འདུ་ཤེས་ཀྱི་རྗེས་སུ་འབྲངས་ཏེ་བྱེད་པའི་ཕྱིར་རོ། །གཉིས་པ་འདུ་ཤེས་གཙོ་བའི་སྦྱོར་ལྟུང་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་པར་འདོད་པ་དགག་པ་ནི། བྱ་ལུགས་པ་ན་རེ། ཐོ་ཡིན་པ་ལ་མི་ཡིན་པར་འདུ་ཤེས་འཁྲུལ་ཏེ་བསད་ན་སྦྱོར་བའི་གནས་སྐབས་སུ་སྦོམ་པོར་འགྱུར་རོ། །དེ་ཡང་སྤྱིར་ན་འདུ་ཤེས་གཙོ་བོ་རྣམས་ཀྱི་སྦྱོར་ལྟུང་རྫོགས་པར་བསྐྱེད་པ་ལ་དོན་ཡན་ལག་ཏུ་མི་དགོས་ཀྱི། འདུ་ཤེས་པ་ཙམ་གྱིས་ཆོག་སྟེ་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་མདོ་འདི་ཉིད་ཀྱི་དོན་དེ་ཉིད་ཡིན་ནོ། །མདོ་འདི་ཉིད་ཀྱི་ཊཱི་ཀ་ལས། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་གྱི། དོན་ཉིད་ནི་མ་ཡིན་ཏེ་ཞེས་བཤད་དོ། །ཞེས་ཟེར་རོ། །དེ་ལྟར་ན་མེད་པ་ཉིད་ལ་ཡོད་པའི་བློ་ཅན་ལ་ནི་ན་སྨད་ཅེས་པའི་ཊཱི་ཀ་ལས། གལ་ཏེ་ཚོལ་བའི་དུས་ན་ཡང་ལྷུང་བ་ཟད་དེ་ཆུད་ཟོས་པར་གྱུར་ཟིན་ན་ནི། དེའི་ཚེ་ན་སྦྱོར་བའི་ལྟུང་བ་ཡང་ན་སྨད་པ་ཁོ་ནར་འགྱུར་རོ་ཞེས་སྦྱོར་ལྟུང་རྫོགས་པ་ལ་དོན་ཡན་ལག་ཏུ་དགོས་པར་བཤད་པ་དང་འགལ་ལོ། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་(༣༡༤བ)


K8Z003_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

པའོ་ཞེས་པའི་འོད་ལྡན་ལས། དངོས་གཞིའི་རྣམ་པར་གཏོགས་པའི་ཡན་ལག་རྣམས་འདུས་པའི་ཕྱིར་ཞེས་མཐར་ཐུག་གི་སྦོམ་པོར་གསུངས་པ་དང་འགལ་ཏེ། སྦོམ་པོའི་སྦྱོར་བ་ལ་ཉེས་བྱས་ཡིན་པས། སྐབས་འདིར་སྦྱོར་བའི་གནས་སྐབས་སུ་མ་བྱིན་ལེན་གྱི་སྦོམ་པོར་བསྐྱེད་པ་ཁྱེད་ཅག་འདོད་པ་དེ་ནི་མི་བཟང་ངོ༌། །མདོར་ན་ཁྱོད་ལ་འཁྲུལ་བ་འདི་འབྱུང་བ་ནི་དངོས་གཞི་ལ་དངོས་གཞིའི་ཐད་ཀར་དངོས་གཞིའི་ན་སྨད་སྦོམ་པོ་དང༌། སྦྱོར་བ་སྦོམ་པོ་དང༌། སྦྱོར་བའི་གནས་སྐབས་ལ་དེའི་ན་སྨད་ཀྱི་དབང་དུ་བྱས་པའང་སྦྱོར་བའི་གནས་སྐབས་ལ་དངོས་སྦོམ་འོང་དོན་མེད། དངོས་སྦོམ་དང་སྦྱོར་སྦོམ་གྱི་ཐ་སྙད་ཁས་ལེན་ནའང་སྦྱོར་བའི་སྦྱོར་བའི་གནས་སྐབས་སུ་སྦྱོར་སྦོམ་རྫོགས་པ་མི་སྲིད་དོ། །རང་མཆན་ན་སྨད་དུ་གསུངས་པ་དང༌། སྦྱོར་བ་ལ་སྦྱོར་བའི་ཐད་ཀར་ན་སྨད་དུ་གསུངས་པ་མ་དྲན་པར་དངོས་སྦོམ་གྱི་སྦྱོར་བའི་གནས་སྐབས་ནས་སྦོམ་པོ་རྫོགས་པར་བཤད་པས་འདི་བྱུང་བ་ཡིན་ནོ། །ད་དུང་ཡང་འདི་རྣམས་ལ་དཔྱད་པའི་གཞི་ཤིན་ཏུ་ཆེ་བར་སྣང་ངོ༌། །འདུ་ཤེས་གཙོ་བ་རྣམས་ཀྱི་སྦྱོར་ལྟུང་རྫོགས་པར་སྐྱེ་བ་ལ་དོན་ཡན་ལག་ཏུ་དགོས་པའི་གཞུང་ནི་ཁོ་བོས་བཀོད་པ་དེ་གཉིས་ལས། འདུལ་བའི་ལུང་དང་བསྟན་བཅོས་གང་ནའང་མི་སྣང་ཞེས་མཚོ་སྣ་པ་ཆེན་པོས་གསུངས་སོ། །རིགས་པས་ཀྱང་བདག་པོ་གཏན་མེད་ལ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་ཏེ། དོན་དང་མ་ཕྲད་ན་ནི་དགག་བྱ་མ་རྫོགས་པའི་ཕྱིར་སྦྱོར་ལྟུང་རྫོགས་པར་མི་རིགས་ཏེ། དཔེར་ན་དོན་དང་མ་ཕྲད་ན་དངོས་གཞིའི་ལྟུང་བ་མི་རྫོགས་པ་བཞིན་ནོ། །འོ་ན་སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་མདོ་རྩ་འགྲེལ་གྱི་དོན་གང་ཡིན་ཅེ་ན། སྦྱོར་བ་ལ་ནི་འདུ་ཤེས་གཙོ་ཆེ་བའི་ཡན་ལག་ཡིན་གྱི། དོན་ཉིད་ནི་གཙོ་ཆེ་བའི་ཡན་ལག་མ་ཡིན་ཅེས་བསྟན་པའོ། །དེས་ན་སྤྲུལ་པ་བསད་པའི་ཊཱི་ཀ་ལས། སེམས་ཅན་དུ་བགྲངས་པ་མ་ཡིན་པའི་(༣༡༥ན)


K8Z003_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ལ་མིར་འདུ་ཤེས་པས་གསོད་པར་བྱེད་པ་ལ་ནི་སྦྱོར་བའི་སྦོམ་པོ་སྟེ། མིར་འདུ་ཤེས་པས་ཞུགས་པའི་ཕྱིར། ཞེས་དགོངས་པ་ནི། དཔེར་ན། ཐོ་ཡོར་ལ་མིར་འདུ་ཤེས་པ་ལ་སོགས་ལྟུང་མེད་ཀྱི་ཡུལ་ལ་དངོས་གཞིའི་ཡུལ་དུ་ཤེས་པས་ཞུགས་པའི་སྦྱོར་བ་ལ་སྦོམ་པོར་བཤད་པ་རྣམས་ཉེས་བྱས་ལྕི་བ་ལ་སྦོམ་པོར་བཏགས་པའོ། །གཉིས་པ་ལ། གཞི་ལ་ཐེ་ཚོམ་ཟ་བྱེད་དང༌། །འདུ་ཤེས་གཙོ་བ་རྣམས་ཀྱི་དོན། །དངོས་པོ་གཙོ་བའི་ཁྱད་པར་རོ། །དང་པོ་ནི། སྲོག་གཅོད་པ་ལྟ་བུ་གཞི་ཐམས་ཅད་ལ་རང་རང་གི་གཞིའི་རྣམ་པ་མ་དོར་བའི་ཐེ་ཚོམ་ཟ་བས་ཞུགས་པ་ནི་ཡིད་གཉིས་ཟ་བའི་འདུ་ཤེས་ཞེས་ཊཱི་ཀ་ལས་སྔར་བཤད་པ་ལྟར་འདུ་ཤེས་ཀྱི་ཆ་ནས་དངོས་གཞི་བསྐྱེད་ནུས་ཀྱི་བསམ་པ་དང་བཅས་པ་ཡིན་ནོ་སྟེ། ངེས་པའི་འདུ་ཤེས་དང་འདྲ་བའི་ཕྱིར་རོ། །མདོ་འདི་ནི། ལུང་རྣམ་འབྱེད་ལས་ལྟུང་བ་མང་པོ་ཞིག་ལ་གསུངས་ཀྱང༌། ལུང་ཞུ་བ་ལས། རྐུ་དང་སྲོག་གཅོད་བཞི་དང་རེག ། དྲུག་ལ་གསུང་བསྡུས་གཞན་ལ་སྦྱར། །ཅེས་གསུངས་སོ། །གཉིས་པ་ནི། སྲོག་གཅོད་པ་ལྟ་བུ་འདུ་ཤེས་གཙོ་བ་རྣམས་ཀྱི་སྦྱོར་བའི་ལྟུང་བ་རྫོགས་པར་བསྐྱེད་པ་ལ་ནི་འདུ་ཤེས་གཙོ་ཆེ་བའི་ཡན་ལག་ཡིན་ནོ། །འདུ་ཤེས་གཙོ་བའི་རྒྱུ་མཚན་ནི། དོན་དང་འདུ་ཤེས་མ་མཐུན་པའི་ཚེ་ན་སྦྱོར་ལྟུང་ཙམ་བསྐྱེད་པ་ལ་ནི་འདུ་ཤེས་ཀྱི་ཆ་ནས་ལྟུང་བར་འཇོག་གི། དོན་གྱི་ཆ་ནས་མི་འཇོག་པའི་ཕྱིར་རོ། །སྲོག་གཅོད་པའི་ཕམ་པ་ལྟ་བུ་འདུ་ཤེས་གཙོ་བ་རྣམས་ཀྱི་དངོས་གཞི་རྫོགས་པར་བསྐྱེད་པ་ལ་ནི་གང་ལ་བསམ་པའི་དོན་དང་ཕྲད་པ་ནི་ཡན་ལག་དེ་ཉིད་ཡིན་ནོ། །དེས་ན་འདུ་ཤེས་ཀྱིས་གང་ལ་བསམ་པའི་དོན་དེ་དང་ཕྲད་ན་དངོས་གཞི་བསྐྱེད་ཀྱི། བསམ་པའི་དོན་དང་མ་ཕྲད་ན་དངོས་གཞི་མི་བསྐྱེད་(༣༡༥བ)


K8Z003_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དོ། །མདོ་འདི་གཉིས་ནི་ལུང་ཞུ་བ་ལས། ཁང་པ་ཁང་ཆེན་བསྒོ་གྱུར་ལྔགཞི་མེད། བག་ཙམ། དབྱེན། དེ་རྗེས་ཕྱོགས། ཁྱིམ་སུན་འབྱིན།། །སྣོད་འཆང་བཤེས་ངོ་ཁྱད་དུ་གསོད། །བུད་མེད་དང་ཉལ་ཁབ་རལ་འཆོས། །བཅུ་གཉིས་ལ་ནི་གཞན་དག་ལ། །དངོས་སུ་གསུངས་པ་འདིར་བསྡུས་ཤིང༌། །དེ་རྣམས་ལ་ནི་མདོར་བསྡུས་སྦྱར། །ཅེས་བཟུང་ངོ༌། །གསུམ་པ་ནི། མི་ཚངས་པར་སྤྱོད་པ་དང༌། ཁུ་བ་འབྱིན་པའི་ལྟུང་བ་གཉིས་ལ་ནི་འདུ་ཤེས་ཀྱི་བསམ་པའི་དོན་དང་ཕྲད་པ་ལས། དངོས་གཞི་བསྐྱེད་པ་དེར་མ་ཟད་ཀྱི་མ་བསམ་པའི་དོན་དང་ཕྲད་པས་ཀྱང་དངོས་གཞི་བསྐྱེད་དེ། དངོས་པོ་གཙོ་བོ་ཡིན་པའི་ཕྱིར་ཏེ་མི་ཚངས་སྤྱོད་ནི་རྟེན་འདོད་ཁམས་པ་ལ་འབྱུང་ཉེ་ཞིང་སླང་དཀའ་བས་དོག་ཏུ་བཀག་པའི་ཕྱིར་དང༌། འབྱིན་པ་ཡང་དེ་དང་རྣམ་པ་འདྲ་བས་དོག་ཏུ་བཀག་པའོ། །དེ་ཡང་ལུང་ཞུ་བ་ལས། གཞི་ལ་འདུ་ཤེས་འཁྲུལ་ན་ཡང༌། །ཕམ་པ་དང་པོ་རྫོགས་པར་གསུངས། །འབྱིན་དང་བརྫུན་སྨྲའི་ཡུལ་ལ་ནི། །དེང་སང་ལུང་ལ་མི་སྣང་ངོ༌། །ཞེས་བཟུང་ངོ༌། །འདིར་རང་རེའི་སྟོན་པ་ཐུགས་རྗེ་ཆེན་པོའི་རྗེས་སུ་འབྲང་བའི་ཉན་ཐོས་ངུར་སྨྲིག་འཛིན་པ་རྣམས་ལ་དད་པས་རྩེ་གཅིག་ཏུ་གསོལ་བ་འདི་ལྟ་བུ་ཞིག་འདེབས་ཏེ། བཅོམ་ལྡན་སངས་རྒྱས་རྗེས་སུ་འབྲང་བཞིན་པར། །འདོད་ཡོན་གཉེར་བ་བདུད་ཀྱི་རྗེས་འབྲངས་ནས། །མགོ་རེག་བརྟུལ་ཞུགས་འཛིན་འདི་དགོས་པ་ཅི། །བསྟན་ཞུགས་འདོད་ཡོན་རྗེས་སུ་མི་འབྲང་གསོལ། །འཁོར་བའི་གནས་ནས་དབྱུང་བར་ཁས་འཆེས་ནས། །འདོད་པའི་གཉིས་སྦྱོར་འཁྲིག་པ་དོན་གཉེར་ན། །དགའ་བ་ལེན་པའི་ལྷུང་བཟེད་དགོས་པ་ཅི། །འཁོར་བ་སྤང་འདོད་ཚུལ་ངན་འདི་དོར་གསོལ། །རྫོགས་པའི་སྡོམ་ལྡན་དགེ་ལ་སྦྱངས་བཞིན་པར། །ཁུ་བ་དབྱུང་བའི་བདེ་བ་མྱོང་བརྩོན་ན། །དྲས་ཤིང་(༣༡༦ན)


K8Z003_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

དྲུབས་པའི་གོས་འཆང་དགོས་པ་ཅི། །འབྲས་བུ་ཐོབ་འདོད་འདི་ལྟར་མི་མཛད་གསོལ། །གཞན་ལ་ཕན་འདོད་བྱང་སེམས་འཆང་བཞིན་པར། །དགྲ་ལ་ཐབས་རྣམ་དུ་མས་འཚེ་བྱེད་ན། །གཞན་ལ་དམ་ཆོས་འཆད་པའི་དགོས་པ་ཅི། །ཡོངས་འཛིན་མཛད་རྣམས་སྤྱོད་པ་འདི་སྤང་གསོལ། །མདོར་ན་གཟུགས་སྡུག་དྲི་ཞིམ་རོ་མངར་དང༌། །རེག་འཇམ་རྣར་སྙན་ཡིད་འཐད་ལ་ཆགས་ན། །རྟག་ཏུ་ཐར་པ་བསྒྲུབ་པར་བཞེད་ཀུན་ལ། །ངལ་བ་འབྲས་བུ་མེད་ཅེས་གསོལ་བ་འདེབས། །དེ་ལྟར་ཚིགས་སུ་བཅད་པས་གསོལ་ཞིང་ཉེ་བར་བཏུད་དེ་གསོལ་ན། འབྲས་བུ་ཐོབ་པར་བཞེད་པ་རྣམས་འཁོར་བའི་བདེ་བ་ཐམས་ཅད་སྡུག་བསྔལ་དུ་དགོངས་ནས་འདོད་པ་ཆུང་ཞིང་འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་གསོལ་བ་འདེབས་སོ། །སངས་རྒྱས་འདོད་པའི་དགེ་སློང་དག །ཆགས་བྲལ་དག་ཀྱང་ཐོབ་པར་ཤོག །འདོད་པ་ཐམས་ཅད་སྤངས་ནས་ནི། །སེམས་ནི་ལས་རུང་ཐོབ་པར་ཤོག །གཉིས་པ་ལ། བརྫུན་སྨྲ་ཡུལ་གྱི་བྱེད་པ་དང༌། །བསྟེན་དུ་རུང་བའི་ཚད་བཟུང་ངོ༌། །དང་པོ་ནི། མི་བདེན་པ་བརྫུན་དུ་སྨྲ་བའི་ལྟུང་བ་བསྐྱེད་པ་ལ་ནི་ཉན་པ་པོ་ཡང་ངོ་སྟེ། དེར་མ་ཟད་དོ་ཞེས་སྔ་མར་སྦྱར་ཏེ་ཉན་པ་པོ་བསམ་པའི་དོན་དང་ཕྲད་པ་ལ་དངོས་གཞི་རྫོགས་པར་མ་ཟད་ཀྱི། ཉན་པ་པོ་མ་བསམ་པའི་དོན་དང་ཕྲད་པ་ལས་ཀྱང་དངོས་གཞི་རྫོགས་པར་འབྱུང་ངོ༌། །སུ་དང་ཕྲད་ནའང་བརྫུན་སྨྲ་བར་བྱའོ་སྙམ་དུ་འདི་ནི་ཀུན་སློང་སྤྱི་ཞུགས་ཀྱི་དབང་དུ་བྱས་པའོ། །ཀུན་སློང་སྤྱི་ཞུགས་ཞེས་མང་དུ་སྨྲས་མོད་ཀྱི། ཀུན་སློང་སྤྱི་ཞུགས་གཞུང་གང་ནས་བཤད་ཅེས་འདྲི་ན། ནགས་མེས་གཏོང་བའི་སྐབས་སུ། འོད་ལྡན་ལས། ངེས་པར་མ་བྱས་པར་འདི་ན་གང་ཅི་ཡོད་ཐམས་ཅད་བརླག་པར་གྱུར་(༣༡༦བ)


K8Z003_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་སྙམ་པ་ལས། དེ་རྣམས་ཤི་ན་སྲོག་ཆགས་ཇི་ལྟ་བུ་དང༌། སྲོག་ཆགས་ཇི་སྙེད་པའི་ལྟུང་བ་རྣམས་ཀྱང་དེ་ལྟ་བུ་དང༌། དེ་སྙེད་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །ཇི་ལྟ་བུ་ནི་མི་དང་དུད་འགྲོའོ། །ཇི་སྙེད་པ་ནི་བརྒྱ་སྟོང་ལ་སོགས་པ་གྲངས་སོ། །དེ་ལྟ་བུ་ནི་ཕམ་པ་དང་ལྟུང་བྱེད་དོ། །དེ་སྙེད་ནི་གྲངས་དེ་སྙེད་དོ། །ས་བོན་ལས་ས་བོན་གཞན་དུ་འདུ་ཤེས་པའམ། ལྷ་སྦྱིན་ལ་མཆོད་སྦྱིན་དུ་འདུ་ཤེས་པ་ལ་སོགས་པ་འདུ་ཤེས་གཙོ་བ་རྣམས་ལ་གཞིའི་བྱེ་བྲག་ཕན་ཚུན་འདུ་ཤེས་འཁྲུལ་ནའང་ཀུན་སློང་སྤྱི་ལ་ཞུགས་ན་དངོས་གཞི་རྫོགས་པར་བཞེད་དོ། །གལ་ཏེ་ཀུན་སློང་སྤྱི་ལ་ཞུགས་ཀྱང་དངོས་གཞིའི་བྱེ་བྲག་ལ་འདུ་ཤེས་འཁྲུལ་ན་འདུ་ཤེས་གཙོ་བའི་ལྟུང་བ་དངོས་གཞི་མི་བསྐྱེད་པར་ཐལ། འདུ་ཤེས་འཁྲུལ་བའི་མཚན་ཉིད་དེ་ལས་མ་འདས་པའི་ཕྱིར་ཞེ་ན། ཁྱབ་པ་མ་གྲུབ་སྟེ། རྩོད་པ་ལ་རྩོད་པ་གཞན་དུ་འདུ་ཤེས་པ་དང༌། ས་བོན་ལ་ས་བོན་གཞན་དུ་འདུ་ཤེས་པ་དང༌། དགྲ་བཅོམ་པ་ལ་སོ་སོའི་སྐྱེ་བོར་འདུ་ཤེས་འཁྲུལ་ཏེ་བསད་པ་ཆོས་ཅན། ཐལ་འགྱུར་དང་རྟགས་ཁྱེད་ཀྱིས་བརྗོད་པ་བཞིན་ནོ། །འདོད་ན། སྐྱོ་སྔོགས་བྱེད་པ་དང༌། ས་བོན་སྐྱེ་འཇིག་གི་སྐབས་ཀྱི་གཞུང་དང་འགལ་ལོ། །འོད་ལྡན་ལས། ལུས་གཅིག་ལ་དགྲ་བཅོམ་ཉིད་ཀྱི་ཆོས་མེད་པར་ནོར་བས་བསད་ན་མཚམས་མེད་པར་གྱུར་ན་མི་རུང་གི །ཕམ་པ་ནི་སུས་ཀྱང་བཟློག་པར་དཀའོ། །ཞེས་བཤད་པ་དང་འགལ་ལོ། །གཉིས་པ་ནི། མི་ཚངས་སྤྱོད་དང་རེག་པ་ལ་སོགས་པའི་ཡུལ་དེ་ནི། ལག་པས་ལག་པར་དང༌། རྐང་པས་རྐང་པར་དང༌། ཞེས་པ་ལ་སོགས་པ་སྔར་སྨོས་པ་ལྟ་བུ། ཡན་ལག་ཐམས་ཅད་ཅེས་སྨོས་ཀྱང་མཚོན་པ་སྟེ། མཚན་བསྟེན་དུ་རུང་བའི་ལམ་དང༌། ཡན་ལག་(༣༡༧ན)


K8Z003_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུ་བླང་དུ་རུང་བ་ཉིད་ནི་འཁྲིག་པ་བསྟེན་པའི་ཕྱིར་ནུས་པ་དང་ལྡན་པའི་མཐུ་དང་ལྡན་པ་ཡན་ལག་ཉིད་ཡིན་པས། དེ་ལས་ལྟུང་བ་རྫོགས་པར་བསྐྱེད་ལ་མཚན་བསྟེན་དུ་མི་རུང་བ་ལ་ནི་རང་རང་གི་ན་སྨད་དོ། །མདོ་འདི་ནི་ལུང་ཞུ་བ་ལས། སྨྱན་དང་དབྱེན་གཉིས་ཉལ་ཤོམ་གཉིས། །ལྷན་ཅིག་ལམ་འགྲོ་བདུན་ལ་གསུངས། །ཞེས་སོ། །མི་ཚངས་སྤྱོད་དང༌། རེག་པ་དང༌། འཁྲིག་ཚིག་དང༌། བསྙེན་བཀུར་ལ་སོགས་པ་ནང་སེམས་ཅན་ལ་ཆགས་པ་དངོས་དང༌། ཆགས་པའི་རྒྱུ་གྱུར་པ་གཞན་རྣམས་ལ་མདོར་བསྡུས་སྦྱར་རོ། །ལྔ་པ་ལ། སེལ་བ་དབང་དུ་བྱེད་པའི་མདོ། །ཡན་ལག་སོ་སོའི་དབྱེ་བའོ། །དང་པོ་ནི། གཞུང་འདིའི་སྐབས་འོག་མ་ནས་འཆད་པར་འགྱུར་བའི་ཡན་ལག་བཅོ་བརྒྱད་པོ་དག་ལ་ནི་ཡན་ལག་ཚང་བ་ལས་གཞན་ཡན་ལག་གཅིག་མ་ཚང་བ་ལ་ན་སྨད་པ་ཉིད་ཡིན་ནོ། །དེ་ཡང་ཡན་ལག་བཅོ་བརྒྱད་ནི། རྫུ་འཕྲུལ་ཅན་མིན་མ་ཉམས་ལུས་དངོས་དང༌། །ཐ་སྙད་ཡན་ལག་ལྔ་ཐ་སྙད་ལྔ་ནི། མི་ཡིན། སྨྲ་ཤེས། དོན་གོ། །ཤེས་པ་རང་བཞིན་དུ་གནས། མ་ནིང་དང་མཚན་གཉིས་མིན་པའོ། །དང་ཁྱིམ་པ་དང༌། །བསྙེན་རྫོགས་རྣམ་དག་མཚན་དང་ལྟ་བ་མཐུན། །རུང་དང་ཚད་ལྡན་རང་དོན་རང་ཉིད་ཀྱིས། །བདག་ཏུ་འབྲེལ་བར་ངག་ཏུ་སྨྲ་བ་སྟེ། །འོག་ནས་སྟོན་པའི་ཡན་ལག་བཅོ་བརྒྱད་དོ། །ཞེས་བཟུང་ངོ༌། །ཡན་ལག་བཅོ་བརྒྱད་པོ་དེ་དག་ལས་ཡན་ལག་གཅིག་མ་ཚང་བ་ལ་ན་སྨད་དུ་མི་འགྱུར་བ་འདི་ལ་དམིགས་བསལ་གསུམ་ལས། ཡན་ལག་གཅིག་མ་ཚང་བ་ལ་ཆེས་ན་སྨད་དུ་འགྱུར་བ་ནི་རེག་པ་ལྟ་བུ་མི་ལ་དུད་འགྲོ་ཡང་ངོ་ཞེས་གསུངས་པ་ལྟ་བུ་དང༌། བརྡེག་གཟས་ལྟ་བུ་དགེ་སློང་ལས་གྱུར་པ་རྣམས་ཀྱི་སེལ་བ་ཁྱིམ་པ་ཡིན་ན་ཆེས་ན་སྨད་དུ་(༣༡༧བ)


K8Z003_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའོ། །ཡན་ལག་གཅིག་མ་ཚང་བ་ལ་དངོས་གཞི་གཞན་དུ་འགྱུར་བ་ནི་དགེ་སློང་མ་དང་ལམ་དུ་འགྲོ་བའི་སེལ་བ། ཁྱིམ་པ་མོ་དང་ལམ་དུ་འགྲོ་ན་ལྟུང་བྱེད་གཞན་དུ་འགྱུར་བ་ལྟ་བུ་སྟེ། དེ་ལས་བཟློག་པ་ཡང་དེ་བཞིན་ནོ། །ཡན་ལག་གཅིག་མ་ཚང་བ་ལས་ལྟུང་མེད་དུ་འགྱུར་བ་ནི་མ་སྨྲས་པར་ཕྱི་དྲོར་གྲོང་དུ་འཇུག་པ་ལ་སོགས་པ་རྣམས་ལ་ཁྱིམ་པའི་སེལ་བ་རབ་ཏུ་བྱུང་བ་ཡིན་ན། རབ་ཏུ་བྱུང་བའི་གནས་ཁང་དུ་ཕྱི་དྲོར་འཇུག་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །འོག་ནས་འཆད་པར་འགྱུར་བའི་ཡན་ལག་ཏུ་མ་ཚང་བ་སྟེ། ཡན་ལག་གཉིས་མ་ཚང་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ངོ་སྟེ། ན་སྨད་པ་སྟེ་ཆེས་ན་སྨད་དུ་འགྱུར་རོ། །དེ་ཡང་རེག་པར་བྱ་བའི་ཡུལ་མ་ཉམས་པ་དང༌། རེག་པར་བྱ་བའི་ལུས་མ་ཉམས་པ། ཡན་ལག་གཉིས་མ་ཚང་བ་རྨ་དང༌། ཤུ་བ་དང༌། གཡན་པ་དང༌། ཁྱི་རྡོ་ལ་སོགས་ཀྱིས་བུད་མེད་ཀྱི་ལུས་ཉམས་པ་དང༌། ཁྱི་རྡོ་ལ་སོགས་པས་དགེ་སློང་གི་ལུས་ཉམས་པས་རེག་ན་ཉེས་བྱས་སུ་འགྱུར་བར་ལུང་ལས་གསུངས་པ་དང༌། སྐྱོན་སྨྲ་བའི་ལྟུང་བྱེད་བསྐྱེད་པ་ལ་ཡུལ་རྟེན་མཚན་མཐུན་ཅིང༌། ལྟ་བ་མཐུན་པ་ཡན་ལག་ཏུ་དགོངས་པ་ལ་ཡན་ལག་གཉིས་མ་ཚང་བ་སྟེ། དགེ་སློང་གིས་དགེ་སློང་མ་ལ་ལྟ་བ་ཐ་དད་པའི་སྐྱོན་ནས་སྨྲས་ན་ཆེས་ན་སྨད་དུ་འགྱུར་བ་ལྟ་བུའམ། གོས་ལས་གྱུར་པའི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་གོས་རུང་ཞིང་ཚད་དང་ལྡན་པ་ཡན་ལག་ཏུ་དགོས་པ་ལ་ཡན་ལག་གཉིས་པ་ཚང་བ་སྟེ། གོས་མི་རུང་ཞིང་ཚད་དང་མི་ལྡན་ན་ཆེས་ན་སྨད་དུ་འགྱུར་བ་ལྟ་བུའོ། །རེག་པ་འཁྲིག་ཚིག་བསྙེན་བཀུར་བསྔགས་པའི་ལྷག་མ་ལྟ་བུ་སྟེ། ཡུལ་དེ་མི་ཡིན་པ་ཡན་ལག་ཏུ་དགོས་པ་རྣམས་ལ་སེལ་བ་དུད་འགྲོ་ཡིན་ན་ཡང་ངོ་(༣༡༨ན)


K8Z003_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཆེས་ན་སྨད་དུ་འགྱུར་རོ་ཞེས་སྔ་མར་སྦྱར་རོ། །ངག་དོན་རེག་པའི་སྐབས་ཀྱི་བཅས་ལྡན་དགེ་སློང་གིས་ཆགས་སེམས་ཀྱིས་དུད་འགྲོ་མོ་ལ་རེག་པ་ཆོས་ཅན། ལྟུང་བ་ཆེས་ན་སྨད་དུ་འགྱུར་ཏེ། དགག་བྱ་ཆེས་མ་རྫོགས་པའི་ལྟུང་བར་འགྱུར་བའི་ཕྱིར་རོ། །མདོ་འདི་ནི་ལུང་རྣམ་འབྱེད་ལས། རེག་པའི་འཁྲིག་ཚིག་བསྙེན་བཀུར་ལ། །ཉེས་བྱས་ཉིད་དུ་གསུངས་པ་བསྡུས། །རྐུ་དང་མི་གསོད་མ་གཏོགས་པ། །མི་ལས་གྱུར་པ་ཀུན་ལ་སྦྱར། །ཅེས་སོ། །དེ་ཡང་དུད་འགྲོ་ལ་བརྐུས་ན་སྦོམ་པོར་འགྱུར་ཞིང༌། དུད་འགྲོ་བསད་ན་ལྟུང་བྱེད་དུ་འགྱུར་རོ། །དེ་གཉིས་མ་གཏོགས་པ་མི་ཡན་ལག་ཏུ་དགོས་པ་རྣམས་ལ་སེལ་བ་དུད་འགྲོ་ལ་ནི་ཆེས་ན་སྨད་དུ་འགྱུར་ཏེ། དུད་འགྲོ་བླུན་ཅིང་གཏི་མུག་པས་དགག་བྱ་ཆེས་མ་རྫོགས་པའི་ཕྱིར་རོ། །འོ་ན་འགྲེལ་ཆུང་ལས། དུད་འགྲོ་མོ་སྤུ་མེད་པ་ལ་རེག་ན་སྦོམ་པོའོ། །ཞེས་བཤད་པ་དང་འགལ་ཅེ་ན། ཁ་ཅིག་ན་རེ། སྤྱིར་དུད་འགྲོ་མོ་ལ་རེག་ན་ཉེས་བྱས་ཡིན་ཀྱང་དམིགས་བསལ་སྤུ་མེད་པ་ལ་རེག་ན་ཆགས་པ་མངོན་གྱུར་ཆེ་བས་སྦོམ་པོ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་དགོས་ཀྱི་དགག་བྱ་ཡན་ལག་ཏུ་འགྱུར་རོ། །འདོད་ན། མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་ལ་རེག་ན་ཕམ་པ་བསྐྱེད་པར་ཐལ་བར་འགྱུར་ཏེ། མིའི་བུད་མེད་ལ་རེག་པ་བས་ཆགས་པ་མངོན་གྱུར་ཆེ་བའི་ཕྱིར་རོ། །དེ་གང་གིས་འགྲུབ་ན་ལུང་གཞི་ལས། རྒྱལ་པོ་ནོར་བཟང་གི་བྱུང་བ་བརྗོད་པ་ལས་གྲུབ་བོ། །གཞན་ཡང་བུད་མེད་གཟུགས་མི་སྡུག་པ་ལ་རེག་ཀྱང་ལྷག་མ་མི་བསྐྱེད་པར་ཐལ་བའི་སྐྱོན་ཡང་སོ་ན་གནས་སོ། །འོ་ན་གང་ཞེ་ན། དུད་འགྲོ་མོ་ལུས་ཀྱི་ཆ་ཤས་སྤུ་མེད་པ་དེ་ནི་ཆགས་པ་མངོན་གྱུར་ཤས་ཆེར་སྐྱེ་བས་ཉེས་བྱས་ལྕི་བ་ལ་མིང་སྦོམ་པོར་བཏགས་པའོ། །ལུང་རྣམ་(༣༡༨བ)


K8Z003_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་ཀྱི་འཁྲིག་ཚིག་སྨྲ་བའི་ཊཱི་ཀ་ལས་དུད་འགྲོ་མོའི་ནུས་པ་ལ་སྦོམ་པོའོ་ཞེས་བཤད་དེ། ཉེས་བྱས་ལ་མིང་སྦོམ་པོར་བཏགས་པའོ་ཞེས་བརྗོད་ན་ལེགས་སོ། །གཉིས་པ་ལ། གཞི་ཡི་ཡན་ལག་བསྟན་པ་དང༌། །བསམ་པའི་ཡན་ལག་བསྟན་པ་དང༌། །གཞི་དང་མཐར་ཐུག་ཡན་ལག་དང༌། །སྦྱོར་བའི་ཡན་ལག་བསྟན་པའོ། །དང་པོ་ལ། གཞི་གང་སེམས་ཅན་ལས་གྱུར་དང༌། །གཞི་གང་སེམས་ཅན་མིན་གྱུར་པའོ། །དང་པོ་ལ། བུད་མེད་ལས་གྱུར་གཞི་དང་ནི། །གཞི་ཐ་སྙད་ལས་གྱུར་པ་དང༌། །ཁྱིམ་པ་ཉིད་ལས་གྱུར་པའི་གཞི། །གཞི་གང་རབ་བྱུང་གཞིར་གྱུར་པའོ། །དང་པོ་ལ། སྐབས་ཀྱི་ངེས་བཟུང་གི་ཡན་ལག །སྐབས་ཀྱི་ཞར་ལས་བྱུང་བ་དང༌། །དེ་དག་སེལ་བ་བསྟན་པའོ། །དང་པོ་ལ། རྩ་བའི་འབྲུ་ཉིད་གནོན་པ་དང༌། །དེ་ཡི་ཁྱབ་པ་སྦྱར་བ་དང༌། །དེ་ལ་རྩོད་པ་སྤང་བའོ། །དང་པོ་ནི། དེ་ལ་རེག་པའི་གཙོ་བོ་གསུམ་སྟེ། མི་ཚངས་སྤྱོད་དང༌། རེག་པའི་ཕམ་པ་དང༌། རེག་པའི་ལྷག་མའོ། །ཡུལ་རྫུ་འཕྲུལ་ཅན་ལས་ཀྱང་རེག་པའི་ལྟུང་བ་གསུམ་པོ་དེ་དག་ནི་རྫོགས་པར་འགྱུར་རོ། །ཡུལ་བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པ་སྟེ་འཁྲིག་ཚིག་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་ལྟ་བུའི་ལྟུང་བ་དངོས་གཞི་རྫོགས་པའི་ཡན་ལག་ཡིན་ལ། ཡུལ་རྫུ་འཕྲུལ་ཅན་ལས་ནི་རང་རང་གི་ལྟུང་བ་ན་སྨད་པ་ཡིན་ནོ། །ངག་དོན་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་ཆོས་ཅན། རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པ་ཡན་ལག་ཏུ་དགོས་པ་ལས་གྱུར་པ་ཡིན་ཏེ། དོན་གཞན་སྔ་མ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་པོ་ཡིན་པའི་ཕྱིར་རོ། །དཔེར་ན་འཁྲིག་ཚིག་སྨྲ་བའི་ལྷག་མ་བཞིན་ནོ། །རྫུ་འཕྲུལ་ཞེས་པ་ནི་རྫུ་བ་ལུས་ཀྱི་ཆོས། འཕྲུལ་པ་སེམས་(༣༡༩ན)


K8Z003_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་སུ་འདོད། དེའི་ཕྱིར་རྫུ་བ་ལ་འཕྲུལ་པ་སྔོན་དུ་འགྲོ་དགོས་པར་ཤེས་སོ། །གཉིས་པ་ནི། མདོ་འདི་ནི་བུད་མེད་ལས་གྱུར་པ་ཉེར་གཉིས་ལ་སྤྱིར་བསྟན་པ་སྟེ། འཁྲིག་ཚིག་བསྙེན་བཀུར་སྨྱན་བྱེད་དང༌། །འཁྲུར་འཇུག་ལེན་སྨེལ་ཆོས་སྟོན་དང༌། །མ་བསྐོས་སྟོན་པའི་བཅུ་ཚན་ལས། །སྐུར་འདེབས་མ་གཏོགས་དགུ་དག་དང༌། །ཉལ་ཤོམ་འདུག་འགྲེང་ལྷན་ཅིག་ཉལ། །སྐྱེས་པ་མེད་པར་ལམ་འགྲོ་དང༌། །སོ་སོར་བཤགས་བྱ་རྣམ་བཞི་ཡི། །དང་པོ་གཉིས་ཏེ་ཉི་ཤུ་གཉིས། །ཞེས་བསྡུ་བའི་ཚིགས་སུ་བཅད་པ་དེ་ཡང་འཁྲིག་ཚིག་སྨྲ་བའི་ལྷག་མ་ལ་ནི། ལུང་འདུལ་བྱེད་ལས། རྫུ་འཕྲུལ་གྱི་ཆོས་ཅན་མོ་མ་ཡིན་པ་ལ་སྨྲས་ན་དགེ་འདུན་ལྷག་མའོ། ། རྫུ་འཕྲུལ་གྱི་ཆོས་ཅན་མོ་ལ་སྨྲས་ན་སྦོམ་པོའོ། །ཞེས་དངོས་སུ་གསུངས་ལ། གཞན་རྣམས་ལ་ནི་མདོར་བསྡུས་སྦྱར་བའོ། །ལྟུང་བ་བསྐྱེད་པའི་རྟེན་དགེ་སློང་མའི་དབང་དུ་བྱས་ན་ནི་སྐྱེས་པ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་ཀྱང་སྦྱར་རོ། །འགྲེལ་ཆུང་ལས། སྤྲུལ་པའི་བུད་མེད་ནམ་མཁའ་ལ་འདུག་པ་ལ་འཁྲིག་ཚིག་དང་ཀུན་སྤྱོད་སྨྲས་པ་ནི་ལྷག་མར་མི་འགྱུར་ཏེ་སྦོམ་པོའོ། །བདག་ཉིད་འཕྲུལ་ཏེ་ནམ་མཁའ་ལ་འདུག་སྟེ་བུད་མེད་ལ་འཁྲིག་ཚིག་དང་ཀུན་སྤྱོད་སྨྲས་པ་ནི་བདག་གི་དབང་དུ་འགྱུར་བས་ལྷག་མར་འགྱུར། ཞེས་བཤད་དོ། །གསུམ་པ་ནི། སྐབས་འདིར་མྱང་མཚམས་པ་ན་རེ། བུད་མེད་ཀྱིས་རྫུ་འཕྲུལ་གྱི་ཆོས་ཐོབ་ཀྱང་ད་ལྟ་རྫུ་འཕྲུལ་དངོས་སུ་མི་བྱེད་ན་སེལ་བར་མི་འགྱུར་ཏེ། དངོས་སུ་མི་བྱེད་ན་རྫུ་འཕྲུལ་གྱི་ཐ་སྙད་མི་ཐོབ་པའི་ཕྱིར་ཞེས་སྨྲའོ། །དེ་ལྟར་ན་ཊཱི་ཀ་ལས། གང་ལ་རྫུ་འཕྲུལ་གྱི་ཆོས་ཡོད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་ནོ། །དེའི་དངོས་པོ་དེ་ནི་དེ་ཉིད་རྫུ་འཕྲུལ་(༣༡༩བ)


K8Z003_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའོ། །གང་ལ་རྫུ་འཕྲུལ་གྱི་ཆོས་མེད་པ་དེ་ནི་རྫུ་འཕྲུལ་གྱི་ཆོས་ཅན་མ་ཡིན་པའོ། །དེའི་དངོས་པོ་ནི་དེ་ཉིད་རྫུ་འཕྲུལ་མ་ཐོབ་པའོ། །ཞེས་ཐོབ་མ་ཐོབ་ལ་བཤད་ཀྱི། བྱེད་མི་བྱེད་ལ་བཤད་པ་དང་འགལ་ལོ། །གཞན་ཡང་མངོན་ཤེས་ཀྱི་རྫུ་འཕྲུལ་ད་ལྟ་དངོས་སུ་མི་བྱེད་ཀྱང་རྫུ་འཕྲུལ་ཐོབ་པ་ཡུལ་དུ་བྱས་ན་དེ་ལས་འཁྲིག་པ་ལ་སོགས་པའི་ལྟུང་བ་དངོས་གཞི་བསྐྱེད་པར་མི་རིགས་ཏེ། མངོན་པར་ཞེན་པ་ཆུང་བའི་ཕྱིར། དེ་གང་གིས་གྲུབ་ན་རྫུ་འཕྲུལ་མ་ཐོབ་པ་བ་ཡང་འཛིན་པར་འདོད་ན། ཐག་རིང་བ་ན་འདུག་ཀྱང་ཟིན་པའི་མངོན་ཞེན་རྫོགས་པ་ལྟར་རྫུ་འཕྲུལ་གྱི་ཕྱོགས་གཅིག་ཐོབ་པར་བྱ་ལྟ་བུ་འཛིན་པར་འདོད་ན། རྫུ་འཕྲུལ་མི་བྱེད་པར་དྲུང་ན་འདུག་ཀྱང་ཟིན་པའི་མངོན་ཞེན་མི་རྫོགས་པར་མྱོང་བས་གྲུབ་བོ། །ཊཱི་ཀ་ལས། རྫུ་འཕྲུལ་གྱི་ཆོས་ཅན་མོ་ཉིད་ལ་ནི་བརྟུལ་དུ་མི་རུང་སྟེ་བཟུང་བར་མི་ནུས་པའི་ཕྱིར། ཞེས་བཤད་དོ། །གལ་ཏེ་མྱང་མཚམས་པ་ན་རེ། འདས་པ་དང་མ་འོངས་པའི་རྫུ་འཕྲུལ་ལུང་མ་བསྟན་ལ་ནི་ཐོབ་པ་ད་ལྟར་བ་མེད་དེ། མཛོད་ལས། ལུང་བསྟན་མིན་ཏེ་ལུང་མ་བསྟན་རྣམས་ཀྱི་ཐོབ་པ་ན་ལྷན་ཅིག་སྐྱེསབ་ཁོ་ན་སྟེ་སྔར་སྐྱེ་བའང་མེད་ལ། དུས་ཕྱིས་སྐྱེ་བའང་མེད་ཅེས་མཛོད་འགྲེལ་ལས་སོ། །། །ཞེས་བཤད་དེ་ཞེ་ན། རྫུ་འཕྲུལ་ལུང་མ་བསྟན་ཁ་ཅིག་དེ་ལྟར་ཡིན་ཀྱང་མངོན་ཤེས་ཀྱི་རྫུ་འཕྲུལ་ལུང་མ་བསྟན་པ་ལ་ནི་དེ་ལྟར་མ་ཡིན་ཏེ། མཛོད་ལས། མངོན་ཤེས་སྤྲུལ་པ་མ་གཏོགས་པ། །ཞེས་བཤད་དོ། །རྫུ་འཕྲུལ་དགེ་བ་འདས་པ་དང་མ་འོངས་པ་རྣམས་ལ་ནི་ཐོབ་པ་ད་ལྟར་བ་ཤིན་ཏུའང་ཡོད་པའི་ཕྱིར་ན་རྫུ་འཕྲུལ་ལ་དངོས་སུ་བྱེད་པ་དེ་ཁོ་ན་རྫུ་འཕྲུལ་ཐོབ་པ་ཡིན་པར་མི་རིགས་སོ། །རེག་པའི་ལྷག་མ་བསྐྱེད་པ་ལ་ཡུལ་བུད་མེད་ལྟ་བུ་རེག་པར་བྱ་བ་དང་རེག་པར་བྱེད་པ་ཉིད་ནི། རྨ་དང༌། ཤུ་བ་དང༌། གཡན་པ་དང༌། ཁྱི་རྔོ་ལ་སོགས་པས་(༣༢༠ན)


K8Z003_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མ་ཉམས་པ་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །ཉམས་པའི་ཚད་ནི་རེག་པའི་བདེ་བ་ཉམས་སུ་མྱོང་བ་ལ་གནོད་པ་སྟེ། ད་ལྟར་གཞུང་འགྲེལ་ལས་བཤད་དོ། །དེ་ཡང་ལུང་ཞུ་བ་ལས། བུད་མེད་ཀྱི་ལུས་དབང་པོ་ཉམས་པ་ལ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །གཉིས་ཀའི་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་གཅིག་ལ་གཅིག་རེག་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་སོ། །གཞན་ཡང་ལུང་ཞུ་བ་ལས། རྨས་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །རྨ་ལ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །ཞེས་གསུངས་པའང་མདོ་འདིས་བསྡུས་ཏེ། དེའང་ལུས་ཉམས་པའི་བྱེ་བྲག་ཡིན་པའི་ཕྱིར་རོ། ། སྐབས་འདིར་རང་གི་རྣམ་བཤད་དང༌། ཊཱི་ཀ་དང༌། བམ་པོ་ལྔ་བཅུ་པ་དང་གསུམ་ཆར་ལས་འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར་ཞེས་བཤད་དོ། །དེ་བཞིན་དུ་ལུང་ཞུ་བ་ཉུང་ཤོས་ལས། བུད་མེད་ཀྱི་རོ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱི་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ། །ཞེས་བཤད་ཅིང༌། ཞུ་བའི་འགྲེལ་པ་ལས་ཀྱང༌། དགེ་འདུན་ལྷག་མར་བཤད་མོད་ཀྱི། ལུང་ཞུ་བ་ཉུང་ཤོས་ལས། བུད་མེད་ཀྱི་རོ་དང་ལྷན་ཅིག་ཏུ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །ཞེས་གསུངས་པ་དེ་གཙོ་བོར་བྱས་ཏེ། རེག་པའི་ལྷག་མའི་སྐབས་སུ་སྔར་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ནི། འོ་ན་ལུས་མ་ཉམས་པ་དེ་རེག་པ་ཁོ་ནའི་ཡན་ལག་ཡིན་ནམ་ཞེ་ན། གག་ཚིལ་བྱེད་པ་ལ་ཡང་ངོ་སྟེ། རེག་པར་བྱ་བ་ཉིད་ནི་མ་ཉམས་པ་ཡན་ལག་ཡིན་ནོ་ཞེས་སྔ་མར་སྦྱར་རོ། །ཡུལ་རྟེན་གཉིས་ཀའི་ལུས་མ་ཉམས་པ་ཡན་ལག་ཡིན་ནོ། །དེ་ཡང་ལུང་ཞུ་བ་ལས། དགེ་སློང་ལུས་ཀྱི་དབང་པོ་ཉམས་པས་ལུས་ཀྱི་དབང་པོ་མ་ཉམས་པ་ལ་གག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །(༣༢༠བ)


K8Z003_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ལུས་ཀྱི་དབང་པོ་མ་ཉམས་པས་ལུས་ཀྱི་དབང་པོ་ཉམས་པ་ལ་གག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་རྨས་གག་ཚིལ་བགྱིས་སམ། རྨ་ལ་གག་ཚིལ་བགྱིས་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་གསུངས་པའི་ཤུགས་ཀྱིས་བརྗོད་པ་དེ་གཞུང་འདིར་བསྡུས་པ་ཡིན་ལ། ཉེས་བྱས་སོ། །ཞེས་དངོས་སུ་གསུངས་པ་ནི་འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཞེས་པས་བསྡུས་སོ། །གསུམ་པ་ནི། འོ་ན་རེག་པ་དང་གག་ཚིལ་བྱེད་པ་གཉིས་ལ་ཐུན་མོང་བ་དེ་འབའ་ཞིག་ཏུ་ཟད་དམ་ཞེ་ན། རེག་པར་བྱ་བའི་ཡུལ་དང༌། གག་ཚིལ་བྱ་བའི་ཡུལ་སེན་མོ་དང༌། སོ་དང༌། ཤ་མེད་པའི་རུས་པ་དང༌། སྤུ་དག་ནི་མ་ཉམས་པའོ་ཞེས་སྔར་སྨོས་པ་དེ་ལས་གཞན་ལུས་ཉམས་པ་དང་ལྡན་པ་སྟེ། ལུས་ཉམས་པ་དང་འདྲ་བ་ཉིད་ཡིན་ནོ། །དེས་ན་བུད་མེད་ཀྱི་སེན་མོ་དང༌། སོ་དང༌། སྤུ་དག་ལ་དགེ་སློང་གི་སེན་མོ་ལ་སོགས་པས་རེག་པ་དང༌། དེ་དག་གིས་རེག་པ་དང༌། དེ་དག་ལ་དགེ་སློང་གཞན་གྱིས་སེན་མོ་ལ་སོགས་པས་གག་ཚིལ་བྱེད་པ་དང༌། དགེ་སློང་རང་གི་སེན་མོ་ལ་སོགས་པ་དེ་དག་གིས་གག་ཚིལ་བྱེད་པ་དག་ལ་ནི་རང་རང་གི་ལྟུང་བ་ན་སྨད་དུ་འགྱུར་ཏེ། རེག་ན་སྦོམ་པོ་དང་གག་ཚིལ་བྱེད་ན་ཉེས་བྱས་སོ། །དེ་ཡང་ལུང་ཞུ་བ་ལས། སེན་མོ་ལ་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །སེན་མོས་རེག་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སོ་དང་སྤུ་ལའང་གསུངས་པ་དང༌། དེ་བཞིན་དུ་སེན་མོ་ལ་སོགས་པ་དེ་དག་ལ་གག་ཚིལ་བྱེད་པ་དང༌། དེ་དག་གིས་གག་ཚིལ་བྱེད་ན་ཉེས་བྱས་སོ། །ཞེས་ལུང་ལས་གསུངས་སོ། །བུད་མེད་ཀྱི་ཤ་མེད་པའི་རུས་པ་ལ་དགེ་སློང་གིས་རེག་ན། ལུང་ཞུ་བ་ཉུང་ཤོས་ལས། སྦོམ་པོར་གསུངས་ཀྱང་སྦོམ་པོ་བཏགས་པ་བར་དགོངས་པ་བཀྲོལ་ལ། ལུང་ཞུ་བ་མང་ཤོས་(༣༢༡ན)


K8Z003_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བུད་མེད་ཀྱི་ཀེང་རུས་ཤ་མེད་པ་ལ་རེག་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་པ་དེའི་རྗེས་སུ་འབྲང་ངོ༌། །ཤ་མེད་པའི་རུས་པ་ནི་རེག་བྱའི་ཡུལ་དུ་གསུངས་ཀྱི། རེག་བྱེད་དང་གག་ཚིལ་ནི་གསུངས་པ་མི་སྣང་ངོ༌། །འོ་ན་སྐབས་འདིར་སྤུ་ལ་རེག་ན་ལྟུང་བ་ན་སྨད་དུ་གསུངས་པ་དང༌། འདིར་ལན་བུ་ནི་དེ་དང་ལྡན་པ་ཉིད་དོ་ཞེས་ལྷག་མར་བཤད་པ་དང་འགལ་ཅེ་ན། དེའི་འགལ་སྤོང་སྔར་རེག་པའི་ལྷག་མའི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ལ་གཉིས་ཏེ། གཞིའི་ཡན་ལག་གི་ཐ་སྙད་ཀྱི་ཁྱབ་པ་སྦྱར་བ་དང༌། བཅོལ་བའི་ཡུལ་གྱི་ཐ་སྙད་ཀྱི་ཁྱབ་པ་སྦྱར་བའོ། །དང་པོ་ནི། རྐུ་དང་སྲོག་གཅོད་མ་གཏོགས་པ། །གཞིའི་ཡན་ལག་ཏུ་མི་ཡིན་ངེས་བཟུང་དུ་དགོས་པ་ཀུན་ལ་སྦྱར། །ཐ་སྙད་ཀྱི་ཁྱབ་པ་ཁང་པ་ཁང་ཆེན་བསྒོ་གྱུར་ལྔ། །བརྟད་དང་འབྱུང་དང་རིམ་པ་གཉིས། །དུས་མིན་སྐྱ་རེངས་ཁྲི་རྐང་བརྡལ། །བཅུ་བཞི་མ་གཏོགས་གཞན་རྣམས་ལ། །གསུངས་སོ་དེ་དག་ལ་ཡང་སྦྱར། །ཅེས་བཟུང་ངོ༌། །གཉིས་པ་ནི། བཅོལ་བྱང་རྫོགས་པ་སུམ་བཅུ་གཉིསཡོད་པ་ལ༌། །རྐུ་དང་སྲོག་གཅོད་མི་གཅིག །དུད་འགྲོ་གསུམ་བཞི་བཀོལ་བའི། །ལྷག་མ་ཉི་ཤུ་བདུན་ལ་སྦྱར། །དེའི་ནང་ནས་སྨྱོན་དང་ཁང་པ་ཁང་ཆེན་དང༌། །ཆ་གཉིས་དྲུག་དང་བྱིན་འཕྲོག་དང༌། །ཐ་ག་གཉིས་སྤྲོད་རིན་ཆེན་རེག །དངངས་སྦེད་བཅུ་གཉིས་མ་གཏོགས་ལ། །གསུངས་སོ་དེ་དག་བཅུ་གཉིས་པོ་ལ་ཡང་སྦྱར། །ཅེས་བཟུང་ངོ༌། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ཐ་སྙད་ལྔ་ལྡན་དང༌། བཞི་ལྡན་ལ་སོགས་པའོ། །དེ་ཡང་ཐ་སྙད་ལྔ་ལྡན་ནི། མི་ཡིན་པ་དང༌། སྨྲ་ཤེས་པ་དང༌། དོན་གོ་བ་(༣༢༡བ)


K8Z003_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ལྔ་པོ་དེ་རྣམས་གང་ཟག་གི་རྒྱུད་ལ་ལྡན་པའོ། །དེ་ལྟར་ཡང་མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ། །སྨྲ་ཤེས་པ་ནི་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་རྣམ་པ་རིག་བྱེད་ལ་དོན་གོ་བའོ། །ཤེས་པ་རང་བཞིན་དུ་གནས་པ་ནི་རང་བཞིན་ཉམས་པ་མ་ཡིན་ནོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ་ཞེས་གསུངས་སོ། །དེ་ལྟར་ཐ་སྙད་ལྔ་དང་ལྡན་པ་གཞིའི་ཡན་ལག་ཏུ་དགོས་པ་ནི། ཁྱིམ་པ་སྤྱིས་བསྐྱེད་ཉི་ཤུ་རྩ་བདུན་དང༌། བསྙེན་པར་མ་རྫོགས་པ་སྤྱིས་བསྐྱེད་བཞི་དང༌། ཐ་སྙད་སྤྱིས་བསྐྱེད་བཅུ་གཉིས་པོ་རྣམས་སོ། །དེ་ཡང་ཉི་ཤུ་རྩ་བདུན་པོ་དང་བཞི་པོ་རྣམས་ནི་སྐབས་གཞན་དུ་སྟོན་ཅིང༌། ཐ་སྙད་སྤྱིས་བསྐྱེད་པ་བཅུ་གཉིས་ནི། ཕམ་བརྫུན་གཞི་མེད་བག་ཙམ་དང༌། །ཁྱིམ་སུན་འབྱིན་དང་ཤེས་བཞིན་དང༌། །ཟས་ཕྱིར་ཆོས་སྟོན་སྡིག་ལྟ་འཛིན། །ལྷག་མས་སྐུར་འདེབས་གོ་ཆ་དང༌། །ཁང་པའི་བཙལ་ཡུལ་ཁང་ཆེན་བདག །བཤེས་ངོའི་བསྔོ་ཡུལ་རིམ་གཉིས་བདག །ཅེས་བཟུང་ངོ༌། །དེ་དག་གི་རང་བཞིན་ནི་ཐ་སྙད་ལྔ་དང་ལྡན་ན་ཁྱིམ་པ་ཡིན་ཀྱང་རུང༌། རབ་བྱུང་ཡིན་ཀྱང་རུང༌། སྐྱེས་པ་དང་བུད་མེད་དང་ཉེ་དུ་དང་ཉེ་དུ་མ་ཡིན་པ་གང་ཡིན་ཀྱང་རུང་སྟེ། ལྟུང་བ་དངོས་གཞི་བསྐྱེད་པའི་ཡུལ་དུ་འདྲའོ། །ཐ་སྙད་བཞི་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། གཞིའི་ཡན་ལག་ཏུ་དམག་གི་ལྟུང་བ་ལྟ་བུ་སྐྱེས་པ་ངེས་བཟུང་དུ་དགོས་པའམ། ཁྱིམ་པ་མོ་ལ་ཆོས་སྟོན་པ་ལྟ་བུ་བུད་མེད་ངེས་བཟུང་དུ་དགོས་པ་རྣམས་སོ། །དེ་རྣམས་ལ་ཡང་དོན་ལ་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་མོད་ཀྱི། བཞི་ལྡན་ཅེས་བརྗོད་པ་ནི་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ཕྲི་བ་སྟེ། ཐ་སྙད་བཞི་ལྡན་གཞིའི་(༣༢༢ན)


K8Z003_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཏུ་སྦྱོར་བ་རྣམས་ལ་སྐྱེས་པའི་མཚན་དོན་ཡོད་པའམ། བུད་མེད་ཀྱི་མཚན་དོན་ཡོད་པ་ཡན་ལག་ཏུ་བགྲངས་པ་ན། མ་ནིང་དང་མཚན་གཉིས་པ་མ་ཡིན་པར་གྲུབ་ཟིན་པའི་ཕྱིར་རོ། །ཐ་སྙད་གསུམ་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི། གཞི་དགེ་སློང་ལས་གྱུར་པ་བཞི་བཅུ་རྩ་དྲུག་དང༌། དགེ་སློང་མ་ལས་གྱུར་པ་བཅུ་བཞི་དང༌། བསྙེན་རྫོགས་སྤྱིས་བསྐྱེད་གསུམ་དང༌། དགེ་ཚུལ་ལས་གྱུར་པ་བསྙིལ་བ་སྡུད་པ་དང༌། སྡེ་ལྔ་སྤྱིས་བསྐྱེད་པ་གཉིས་ཏེ། སྦེད་པ་དང༌། མ་སྨྲས་པར་གྲོང་དུ་འགྲོ་བའོ། །དེ་རྣམས་ལ་ཡང་དོན་ལ་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་མོད་ཀྱི། གསུམ་ལྡན་ཅེས་བརྗོད་པ་ནི་མི་ཡིན་པ་དང༌། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ཕྲི་བ་སྟེ། ཐ་སྙད་གསུམ་ལྡན་གཞིའི་ཡན་ལག་ཏུ་སྦྱོར་བའི་ལྟུང་བ་རྣམས་ལ་དགེ་སློང་གི་སྡོམ་པ་རྣམ་པར་དག་པའམ། དགེ་སློང་མའི་སྡོམ་པ་ལ་སོགས་པ་ཡན་ལག་ཏུ་བགྲངས་པ་ན། མི་ཡིན་པར་གྲུབ་ཟིན་པའི་ཕྱིར་དང༌། མ་ནིང་དང་མཚན་གཉིས་པ་མ་ཡིན་པར་གྲུབ་ཟིན་པའི་ཕྱིར་རོ། །དེ་ཡང་མི་ཡིན་པ་དང་མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ཚིག་ལ་སྨོས་མི་དགོས་པ་ཡིན་གྱི། དོན་ལ་མི་དགོས་པ་ནི་མ་ཡིན་ཏེ། མི་མ་ཡིན་དང་མ་ནིང་དང་མཚན་གཉིས་པ་ཡུལ་དུ་བྱས་པ་ལས་ནི་དགེ་སློང་ལས་གྱུར་པ་ལ་སོགས་པ་དེ་དག་གི་ལྟུང་བ་དངོས་གཞི་བསྐྱེད་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་ཡང་ལུང་ཞུ་བ་ལས། འགྲོ་བ་གཞན་དུ་གནས་པ་དང༌། ལྐུགས་པ་དང༌། གླེན་པ་དང༌། དགེ་སློང་སྨྱོན་པ་ལ་བརྡེག་ན་ཅིར་འགྱུར། ཉེས་བྱས་སོ། །མ་ནིང་ལ་བརྡེག་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་གསུངས་ཏེ། དེ་དག་ལ་སོགས་པ་དགེ་སློང་གིས་སྐྱེས་པ་ལ་སོགས་པའང་ཐ་སྙད་ལྔ་ལྡན་ཡན་ལག་ཏུ་དགོས་པར་(༣༢༢བ)


K8Z003_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བའི་སྒོ་ནས་གསུངས་པའོ། །ཐ་སྙད་ཕྱེད་དང་གཉིས་ལྡན་གཞིའི་ཡན་ལག་ཏུ་དགོས་པ་ནི་རེག་པའི་ལྷག་མ་སྟེ། གང་ལ་རེག་པའི་ཡུལ་དེ་མི་ཡིན་པ་ཡན་ལག་ཏུ་དགོས་ལ། ཤེས་པ་རང་བཞིན་དུ་གནས་པའི་ཕྱེད་ཀྱང་སྟེ། དེ་ཡང་སྨྱོ་བ་ལ་སོགས་པ་མ་ཡིན་པ་ནི་ཡན་ལག་ཏུ་དགོས་ལ། གཉིད་ལོག་པ་ལ་སོགས་པ་ནི་ཡན་ལག་ཏུ་མི་དགོས་པའི་ཕྱིར། དེ་ལྟར་ཡང་ལུང་ཞུ་བ་ལས། བུད་མེད་སྨྱོ་བ་དང་ལྷན་ཅིག་ཏུ་ལུས་ཀྱིས་རེག་པར་བགྱིད་ན་ཅིར་འགྱུར། སྦོམ་པོར་འགྱུར་རོ། །ཞེས་པ་ལ་སོགས་པ་གསུངས་པས། དེ་བཞིན་དུ་སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་དང༌། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན་རང་བཞིན་གནས་པའི་འདུ་ཤེས་མེད་པ་སྟེ། ཤེས་པ་རང་བཞིན་དུ་མི་གནས་པ་གཙོ་བོ་བཞི་ལ་རེག་ཀྱང་རེག་པའི་ལྷག་མ་མི་བསྐྱེད་ལ། ཤེས་པ་རང་བཞིན་དུ་མི་གནས་པ་གཙོ་བོ་མ་ཡིན་པ་སྟེ། གཉིད་ལོག་པ་དང༌། ར་རོ་བ་དང༌། རྫས་ཀྱིས་མྱོས་པ་དང༌། སྙོམས་པར་ཞུགས་པ་མོ་དང་བཞི་ལ་རེག་ན་ནི་རེག་པའི་ལྷག་མ་བསྐྱེད་དེ། ལུང་ཞུ་བ་ལས། བུད་མེད་གཉིད་ལོག་པ་དང་ལྷན་ཅིག་ལུས་ཀྱིས་རེག་པར་བགྱིས་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་སྙོམས་པར་ཞུགས་པ་མོ་ལ་རེག་ན་ཅིར་འགྱུར། དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གསུམ་པ་སེལ་བ་ནི། མི་ཡིན་པའི་སེལ་བ་མི་མ་ཡིན་པ་དང༌། སྨྲ་ཤེས་པའི་སེལ་བ་ལྐུགས་པ་དང༌། དོན་མི་གོ་བ་དང༌། སྨྱོ་བ་ལ་སོགས་དང༌། མ་ནིང་དང་མཚན་གཉིས་པ་སེལ་བར་གཏོགས་པའོ། །བཞི་པ་ཅིར་འགྱུར་ནི། ཐ་སྙད་ཀྱི་ཡན་ལག་རེ་རེ་མ་ཚང་བ་ལ་ནི་སྤྱིར་བཏང་ལ་རང་རང་གི་ན་སྨད་དུ་འགྱུར་ཏེ། འོག་མ་ལ་ནི་གཞན་(༣༢༣ན)


K8Z003_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ན་སྨད་པ་ཉིད་དོ་ཞེས་བཤད་པས་སོ། །དམིགས་བསལ་ནི། མི་ཡིན་པའི་སེལ་བ་དུད་འགྲོ་ལ་ཆེས་ན་སྨད་དུ་འགྱུར་བ་དང༌། གནས་ངན་ལེན་འཆབ་པའི་ཡུལ་དེ་མི་ཡིན་པ་དང༌། སྨྲ་ཤེས་པ་ལ་སོགས་པའི་ཐ་སྙད་དང་མི་ལྡན་ན་ནི་འཆབ་པའི་ལྟུང་བ་མེད་དོ། །ཡན་ལག་གཉིས་མ་ཚང་བ་ལ་ནི་དེ་ལས་ཆེས་ན་སྨད་དུ་འགྱུར་ཏེ། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་སོ། །ལྔ་པ་དེ་རྣམས་ཀྱི་རྒྱུ་མཚན་ནི་ཐ་སྙད་དང་མི་ལྡན་པ་ལ་རང་རང་གི་དགག་བྱ་ངོ་བོའི་སྒོ་ནས་མི་རྫོགས་པའི་ཕྱིར་རོ། །དེ་ཡང་མི་མ་ཡིན་ན་རང་བཞིན་གྱིས་བསྐལ་བ་ཡིན་པས་ཐ་སྙད་མཐུན་སྣང་དུ་མེད་པའི་ཕྱིར་དང༌། སྨྲ་མི་ཤེས་ན་བུམ་ནང་གི་མར་མེ་དང་འདྲ་བར་གང་དུ་ཡང་གསལ་མི་ནུས་པའི་ཕྱིར་དང༌། གླེན་པ་ལ་སོགས་པ་དོན་མི་གོ་ན་ནི་རྣམ་པར་རིག་བྱེད་ཀྱི་འབྲས་བུས་དོན་རྟོགས་པ་མེད་པའི་ཕྱིར་དང༌། སྨྱོ་བ་ལ་སོགས་པ་ཤེས་པ་རང་བཞིན་དུ་མི་གནས་པ་ནི་ཤེས་པ་གཏད་ཐུབ་ཏུ་གནས་པའི་རང་བཞིན་ལས་ཉམས་པའི་ཕྱིར་དང༌། མ་ནིང་དང་མཚན་གཉིས་པ་ནི། ཊཱི་ཀ་ལས། ལུས་ནི་རོ་ལྟ་བུར་ཡིད་ལ་སྣང་ངོ༌། །སེམས་ནི་གདོན་གྱིས་བརླམས་པ་དང་འདྲ་བར་མི་གསལ་བ་ནད་པ་ལྟ་བུ་ཡིན་ནོ། །ཞེས་གསུངས་ཏེ། རང་བཞིན་ཉམས་པ་དངོས་མ་ཡིན་ཀྱང་རང་བཞིན་ཉམས་པའི་བྱ་བ་དང་ལྡན་ནོ། །ཊཱི་ཀ་ལས། ཟ་མ་ནི་དེ་ལྟར་མ་ཡིན་ཏེ། དེ་ལ་མི་ཁྱད་པར་ཅན་གྱི་ཐ་སྙད་དུ་བྱ་བ་སྲིད་པའི་ཕྱིར་རོ། །མཚན་མེད་པ་ནི་འདིར་མ་ནིང་སྨོས་པ་ལས་ཐ་མི་དད་པས་ལོགས་ཤིག་ཏུ་མ་སྨོས་སོ། །ཉམས་པའི་མ་ནིང་ནི་ཇི་སྲིད་དུ་འགྱུར་བ་མི་བྱེད་པ་དེ་སྲིད་དུ་ཐ་སྙད་བྱར་མི་རུང་བ་ཉིད་མ་ཡིན་ནོ། །འགྱུར་བ་བསྟེན་པའི་དུས་ན་ནི་དེ་ཡང་ཐ་སྙད་དུ་བྱར་མི་རུང་བ་ཉིད་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ལ། གཞི་ཡི་ཡན་ལག་བརྗོད་པ་དང༌། ། གཞི་(༣༢༣བ)


K8Z003_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སེལ་བ་རབ་ཏུ་བསྟན། །གཞི་ཡི་ཆ་ནས་འདྲ་བའོ། །དང་པོ་ནི། ཡུལ་ཕ་རོལ་པོ་མིའི་འགྲོ་བ་པ་ནི་བརྫུན་སྨྲ་བ་དང༌། འཁྲིག་ཚིག་སྨྲ་བ་ལ་སོགས་པ་ཐ་སྙད་དུ་བྱ་བ་རྣམས་ཀྱི་གཞིའི་ཡན་ལག་ཉིད་ཡིན་ནོ། །དེས་ན་མི་མ་ཡིན་པའི་དྲུང་དུ་སྨྲ་བ་ལ་སོགས་པ་ན་སྨད་པ་སྟེ། ལུང་ཞུ་བ་ལས། འགྲོ་བ་གཞན་དུ་གྱུར་པ་རྣམས་ཀྱི་དྲུང་དུ་མིའི་ཆོས་བླ་མར་གྱུར་པའི་བརྫུན་སྨྲས་ན་སྦོམ་པོར་འགྱུར་རོ་ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །གཉིས་པ་ནི། མིའི་འགྲོ་བ་པ་ཡིན་ཀྱང་ཤེས་པ་རང་བཞིན་དུ་གནས་པ་ལས་ཉམས་པ། སྨྱོ་བ་སེམས་འཁྲུགས་ཚོར་བས་གཟིར་བ་ནི་མ་ཡིན་ནོ་ཞེས་ཏེ། ཐ་སྙད་དུ་བྱ་བ་རྣམས་ཀྱི་གཞིའི་ཡན་ལག་མ་ཡིན་ནོ། །དེ་ཡང་ལུང་ཞུ་བ་ལས། འགྲོ་བ་གཞན་དུ་མ་གྱུར་པ་དགེ་སློང་གིས་སྨྱོན་པ་ལ་མིའི་ཆོས་བླ་མར་གྱུར་པའི་བརྫུན་སྨྲས་ན་ཅིར་འགྱུར། ཞེས་པ་ལ་སོགས་མང་དུ་གསུངས་སོ། །རྒྱུད་གཅིག་ལ་འདོད་ཆགས་གཉིས་ཀྱིས་གནོད་པའི་མ་ནིང་དང༌། ལུས་གཅིག་ལ་སྐྱེས་པ་བུད་མེད་གཉིས་ཀའི་མཚན་དུས་གཅིག་ཏུ་ལྡན་པའི་མཚན་གཉིས་པ་དག་ནི་རང་བཞིན་ཉམས་པའི་བྱ་བ་དེ་དང་ལྡན་པ་ཉིད་དེ། མ་ནིང་དང་མཚན་གཉིས་པ་ཡུལ་དུ་བྱས་ན་སེལ་བ་ཡི་ན་སྨད་དུ་འགྱུར་བའི་སྒོ་ནས་སྨྱོ་བ་ལ་སོགས་པ་དང་འདྲ་བ་ཉིད་དོ། །དེས་ན་མ་ནིང་དང་མཚན་གཉིས་པ་དག་ལ་བརྫུན་དུ་སྨྲའམ། མ་ནིང་དང་མཚན་གཉིས་པས་སྐུར་བ་འདེབས་པའམ། བརྡེག་གཟས་ལ་སོགས་པ་བྱས་ན་ལྟུང་བ་ན་སྨད་པ་སྟེ། མདོར་ན་མ་བྱིན་ལེན་དང༌། སྲོག་གཅོད་པ་མ་གཏོགས་པ་གནོད་པ་ལས་གྱུར་པ་ཐམས་ཅད་ལ་ཡང་ན་སྨད་དོ། །མ་བྱིན་ལེན་མ་གཏོགས་པ་གོས་སློང་བ་ལ་སོགས་པ་ཕྱིའི་ལོངས་སྤྱོད་ལ་ཆགས་པའི་འདོད་པ་ལས་གྱུར་པ་ཐམས་ཅད་དུ་ཡང་ན་སྨད་དོ། །ནང་སེམས་ཅན་ལ་ཆགས་པའི་(༣༢༤ན)


K8Z003_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལས་གྱུར་པ་ལ་ནི་མཚན་གཉིས་པ་ལ་རེག་པ་ལ་སོགས་བྱས་ན་ལྟུང་བ་དངོས་གཞི་རྫོགས་པར་བསྐྱེད་པ་ཡོད་དེ་གོང་དུ་བཤད་ཟིན་ཏོ། །གསུམ་པ་ནི། ལྷག་མ་བསྐྱེད་བྱེད་ཀྱི་རེག་པའི་ཡུལ་ནི་སྨྲ་བའི་ཐ་སྙད་ཀྱི་ཡུལ་དང་འདྲའོ་སྟེ། རེག་པའི་ལྷག་མ་བསྐྱེད་པ་ལ་གང་ལ་རེག་པའི་ཡུལ་དེ་མི་ཡིན་པ་དང༌། སྨྱོ་བ་སེམས་འཁྲུགས་ཚོར་བས་གཟིར་བ་མ་ཡིན་པ་ཡན་ལག་ཏུ་དགོས་ཏེ། ཡུལ་དེའི་ཆ་ནས་ཐ་སྙད་དང་འདྲའོ། །དེས་ན་མི་མ་ཡིན་མོ་ལ་རེག་པ་དང༌། སྨྱོན་མ་དང་སེམས་འཁྲུགས་མ་དང༌། ཚོར་བས་གཟིར་བ་མོ་ལ་རེག་ན་སྦོམ་པོར་འགྱུར་ལ། བུད་མེད་གཉིད་ལོག་པ་དང༌། ར་རོ་བ་དང༌། རྫས་ཀྱིས་མྱོས་པ་དང༌། སྙོམས་པར་ཞུགས་པ་མོ་ལ་རེག་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །རེག་པའི་ལྷག་མ་འདི་ལ་སྨྲ་ཤེས། དོན་གོ་བ་ནི་ཡན་ལག་ཏུ་མི་དགོས་ཏེ། ལྐུགས་མ་དང་དོན་མི་གོ་བ་ལ་རེག་ན་ཡང་དགེ་འདུན་ལྷག་མར་འགྱུར་རོ། །འདིར་སྨྲས་པ། དེང་སང་འདི་ན་བསྟན་པར་ཞུགས་རློམ་འགའ། །འཆད་ན་དངོས་བསྟན་ཙམ་ལའང་འཁྲུལ་པ་སྟེ། །རྩོམ་ན་མི་ཤེས་དྲན་ཚད་བསྲེས་ནས་བྲིས། །རྩོད་ན་གང་ཐོན་སྨྲས་ནས་བག་མེད་བྱེད། །བསམ་ན་ཚེ་འདིའི་གྲགས་འབྱོར་ཁོ་ན་སེམས། །འདོད་པ་སྣང་ཤས་ཁོ་ན་ལྷུར་བྱེད་ནས། །སྨྱོན་པ་ཕོ་ཚུགས་འཛིན་པའི་ཆོས་པ་ལ། །ཁ་ཞེ་མེད་པར་རང་སེམས་སྐྱོ་བར་གདའ། །ཡིན་པ་ཆོས་པ་ཡིན་པར་རློམ་པ་ལ། །ཡོངས་འཛིན་བསྟེན་པའི་བཀའ་དྲིན་ཐོབ་པ་མེད། །ཐར་པ་ཐོབ་པའི་དགེ་རྩ་རྒྱུད་ལ་བྲལ། །བསླབ་པ་གསུམ་ལ་སློབ་པར་དམ་བཅས་ནས། །རྟག་ཏུ་མི་ཚེ་སྡིག་ལ་བསྐྱལ་བཞིན་པར། །སྐྱེས་བུ་དམ་པའི་ཁུར་གྱི་ང་རྒྱལ་ཅན། །མངོན་ལྐོག་མེད་པར་འདི་ལ་སྐྱོ་བ་སྐྱེས། །འདོད་ཉོན་རགས་(༣༢༤བ)


K8Z003_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་ཡང་སྤོང་མི་ནུས། །ད་དུང་ཕྱག་ཆེན་རྟོགས་སུ་རེ་བ་ཡིས། །སྨྲ་ནས་སྒྲུབ་པ་འབའ་ཞིག་བྱེད་དོ་ལོ། །རིགས་ཅན་འདི་འདྲས་ཐར་པ་ཅི་ལྟར་བསྒྲུབ། །ངེས་འབྱུང་མེད་ཅིང་ཆོག་ཤེས་མོས་གུས་མེད། །སྙིང་རྗེ་མེད་ཅིང་སྐྱབས་གནས་དམ་པ་ལ། །ཅི་གསུང་ཉན་ནས་རྣམ་ཐར་གུས་མེད་པར། །ད་དུང་དགེ་བཤེས་སྒོམ་ཆེན་བྱེད་དོ་ལོ། །རང་གིས་རང་ལ་རྫུན་ཆེན་མ་བཏང་ངམ། །རང་གིས་རང་ལ་མགོ་བསྐོར་མ་བྱས་སམ། །ཤེས་བཞིན་འདི་འདྲ་ཕོད་པའི་སྙིང་ཁམ་ཅན། །བླུན་པོ་དྲས་དྲུབས་གྱོན་པའི་ཚོགས་ལ་གཟིགས།། །།གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། ཡན་ལག་གི་ཁྱབ་པ་སྦྱར་བ་ནི། ཁྱིམ་པ་ལས་གྱུར་པ་སུམ་ཅུ་སོ་ལྔ་སྦྱར་ཏེ། དེ་ཡང༌། ཁྱིམ་སུན་འབྱིན་དང་གོས་སློབ་དང༌། །སློང་རིགས་རིན་ཐང་སོ་སོར་བསྐུར། །ལྷུང་བཟེད་སློང་དང་རས་ཆེན་འཚོལ། །སྦྱོར་བཅུག་ཡང་ཡང་འདུག་གནས་དང༌། །ཕྱེ་དང་གསོད་པ་མགྲོན་གཉེར་དང༌། །ཟས་བཅས་བཅོ་ལྔའི་ཡུལ་ལ་གསུངས། །ཞེས་བཟུང་སྟེ་དེ་རྣམས་ཡུལ་ཁྱིམ་པ་ཡན་ལག་ཏུ་དགོས་པར་ལུང་ཞུ་བ་ལས་གསུངས་སོ། །མངོན་མཚན་ཉོ་ཚོང་ཐ་ག་གཉིས། །བརྟད་བྱུང་དང་ནི་སྟོན་པ་དང༌། །ཉལ་ཤོམ་གཉིས་དང་དམག་གསུམ་བདེ། །སྐྱེས་མེད་འགྲོ་རྐུ་དུས་མིན་དང༌། །ཕྱི་དྲོ་གྲོང་དུ་འཇུག་པ་སྐྱ་རེངས་སོ་སོར་བཤགས་པ་བཞི། །ཉི་ཤུ་ལ་ཡང་དེ་བཞིན་སྦྱར། །ཅེས་བཟུང་ངོ༌། །ཉི་ཤུ་པོ་དེ་དག་ལ་ཁྱིམ་པ་ཡན་ལག་ཏུ་དགོས་པར་ལུང་ཞུ་བ་ལས་མ་གསུངས་ཀྱང༌། དེ་དག་ཕལ་ཆེ་ལུང་རྣམ་འབྱེད་ལས་ནི་ཡུལ་ཁྱིམ་པ་ཡན་ལག་ཏུ་དགོས་པར་གསུངས་སོ། །དེ་ཡང་སོར་བཤགས་དང་པོ་དགེ་སློང་མ་ལ་ཟས་ལེན་པ་ནི་གནས་ཀྱི་ཆ་ནས་ཁྱིམ་པ་ལས་གྱུར་པ་འདིར་བགྲང་བའོ། །སོ་ལྔ་པོ་དེ་དག་(༣༢༥ན)


K8Z003_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དམག་གི་ལྟུང་བ་གསུམ་དང༌། རྐུན་མ་དང་ལམ་དུ་འགྲོ་བ་ནི་ཁྱིམ་པ་ཕོ་ལས་གྱུར་པའོ། །ཆོས་སྟོན་པ་དང་ལམ་དུ་འགྲོ་བ་གཉིས་ནི་ཁྱིམ་པ་མོ་ལས་གྱུར་པའོ། །ཉལ་ཤོམ་འདུག་འགྲེང་གཉིས་ནི་གཉིས་ཀ་ལས་གྱུར་པའོ། །དེ་དག་གི་ལྷག་མ་ཉི་ཤུ་རྩ་བདུན་ནི་ཁྱིམ་པ་ཕོ་མོ་གང་ཡང་རུང་བ་ལས་གྱུར་པའོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི་ཁྱིམ་པ་ཡིན་པ་སྟེ། ཁྱིམ་པ་གཞིའི་ཡན་ལག་ཏུ་དགོས་པའོ། །ཁྱིམ་པ་ཞེས་པ་ནི་ཆུང་མ་དང་བཅས་པ་ཁོ་ནར་མ་ཟད་ཀྱི། ཡང་དག་པར་བླང་བ་སྔོན་ཏུ་བཏང་བའི་སྒོ་ནས་རབ་ཏུ་བྱུང་བ་རྣམ་གཉིས་ཀྱི་ཆ་ལུགས་དང་སྡོམ་པ་གང་དང་ཡང་མི་ལྡན་པའི་གང་ཟག་སྟེ། འདི་ཉིད་དང་ཞུ་བ་ལས། རབ་ཏུ་བྱུང་བ་རྣམ་གཉིས་སེལ་བར་གསུངས་སོ། །ཁྱིམ་པ་རང་གིས་རྟགས་ཁས་བླངས་པ་ནི་རབ་བྱུང་གི་ཆ་ལུགས་སུ་གནས་ཀྱང་ཁྱིམ་པ་ཉིད་ཡིན་པར་གསལ་ཏེ། ཊཱི་ཀ་ལས། ཁྱིམ་པ་རང་གིས་རྟགས་བླང་བ་ནི། ངོ་བོ་ཉིད་ཀྱིས་རབ་ཏུ་བྱུང་བ་མེད་པས་དེ་ལ་ནི་ཉེས་བྱས་སུ་རྣམ་པར་བཞག་པ་མ་མཛད་དེ། བསོད་ནམས་མ་ཡིན་པ་མང་པོ་སྐྱེའོ། །ཞེས་གསུངས་པས་སོ། །གསུམ་པ་སེལ་བ་ནི། ཡུལ་དེ་ཁྱིམ་པ་མ་ཡིན་པ་སྟེ། ཡུལ་དེ་རབ་ཏུ་བྱུང་བ་རྟགས་ཅན་དྲུག་དང༌། བསྙེན་རྫོགས་སྡོམ་པ་རྣམ་དག་དང་ལྡན་པ་ཡིན་པའོ། །བཞི་པ་ཅིར་འགྱུར་ནི། ཁྱིམ་པ་ལས་གྱུར་པ་རྣམས་ཀྱི་སྐབས་སུ་སེལ་བ་དགེ་ཚུལ་ཕ་མ་གཉིས་དང༌། དགེ་སློབ་མ་དང༌། ཉམས་པ་དང༌། མ་བསྐྱེད་པ་དང༌། ཕྱི་རོལ་པའི་རབ་ཏུ་བྱུང་བ་སྟེ་རྟགས་ཅན་དྲུག་པོ་ཡུལ་དུ་བྱས་ནས་རང་རང་གི་ན་སྨད་དུ་འགྱུར་ཏེ་འོག་མ་དག་ལ་ནི་ཞེས་གསུངས་པས་སོ། །སེལ་བ་བསྙེན་རྫོགས་རྣམ་དག་ཡུལ་དུ་བྱས་ན་ནི་ཆེས་ན་སྨད་དུ་འགྱུར་ཏེ། འདིར་གཏོགས་པ་ཁྱིམ་པ་ལ་ནི་(༣༢༥བ)


K8Z003_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཉིད་ཀྱི་བས་ན་སྨད་དོ་ཞེས་བཤད་པས། ཁྱིམ་པ་ལས་གྱུར་པ་འདིར་གཏོགས་པ་ལ་བསྙེན་རྫོགས་རྣམ་དག་ལ་ནི་རྟགས་ཅན་ཉིད་ཀྱི་བས་ན་སྨད་དོ་ཞེས་དོན་གྱིས་ཐོབ་བོ། །དམིགས་བསལ་ནི་ཁྱིམ་པ་ལ་གོས་སློང་བ་དང༌། ཁྱིམ་པ་མོ་དང་ལམ་དུ་འགྲོ་བ་ལ་སེལ་བ་ནི་དགེ་སློང་མ་ལ་གོས་སློང་བ་དང༌། དགེ་སློང་མ་དང་མགྲོན་ལམ་དུ་ཞུགས་ན་དངོས་གཞི་གཞན་དུ་འགྱུར་ལ། ཁྱིམ་པ་མོ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པ་དང༌། མ་སྨྲས་པར་ཕྱི་དྲོ་གྲོང་དུ་འགྲོ་བ་དང༌། སྔ་དྲོའམ་ཕྱི་དྲོ་གྲོང་དུ་རྒྱུ་བ་གསུམ་ལ་སེལ་བ། རབ་ཏུ་བྱུང་བ་རྣམ་དག་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་སྟོན་པ་དང༌། ཕྱི་དྲོ་མ་སྨྲས་པར་རབ་བྱུང་རྣམ་དག་དེའི་གནས་ཁང་དུ་འཇུག་པ་ལ་ལྟུང་བ་མེད་དེ་དགག་བྱ་མེད་པའི་ཕྱིར་རོ། །ལྔ་པ་རྒྱུ་མཚན་ལ་གཉིས་ལས། དང་པོ་ན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི་དེ་དག་གིས་དགག་བྱ་མ་རྫོགས་པའི་ཕྱིར་རོ། །དེ་ཡང་གོས་སློང་བ་ལ་སོགས་པ་ཕྱི་ལོངས་སྤྱོད་དང་འབྲེལ་བ་རྣམས་ལ་རབ་ཏུ་བྱུང་བ་རྣམས་ཀྱི་ཡོ་བྱད་མང་པོ་གསོག་པ་རང་གི་སྟོན་པས་བཀག་པ་དེ་ལ་གོས་སློང་ལ་སོགས་འབྱུང་རིང་བའམ། གྲུབ་མཐས་བློ་བསྒྱུར་བས་མ་དད་པ་སྐྱེ་བའི་དགག་བྱ་མི་དགོས་པའི་ཕྱིར་རོ། །ཕྱི་རོལ་པའི་རབ་བྱུང་ལ་ཡོ་བྱད་མང་པོ་གསོག་པ་བཀག་པ་ཅིས་ཤེས་ན། འོད་སྲུང་ཆེན་པོའི་བྱུང་བ་ལས། རས་གོས་ཟུང་གཅིག་བཅང་བར་བྱ། །བྲེའུ་ཆུང་གང་གི་འབྲས་ཆེན་རུང༌། །མལ་གཅིག་གིས་ནི་བདེ་བར་འཚོ། །ལྷག་མ་གཏི་མུག་འཛིན་པ་ཡིན། །ཅེས་བཤད་པས་སོ། །ཉལ་ཤོམ་གཉིས་དང༌། དམག་ལྟུང་གསུམ་དང༌། རྐུན་མ་དང་ལམ་དུ་འགྲོ་བ་རྣམས་ལ་རབ་ཏུ་བྱུང་བ་ཉལ་པོ་བྱེད་པ་དང༌། དམག་དང་རྐུན་མའི་བྱ་བ་དེ་དག་ལ་འཇུག་(༣༢༦ན)


K8Z003_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྱུང་རིང་བའི་ཕྱིར་རོ། །གཉིས་པ་ཆེས་ན་སྨད་དུ་འགྱུར་བའི་རྒྱུ་མཚན་ནི། ཡུལ་དགེ་སློང་ཕ་མ་རྣམ་དག་ཡིན་ན་རྟགས་ཅན་ཉིད་པས་ཀྱང་དགག་བྱ་ཆེས་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། ཁྱིམ་སུན་འབྱིན་པའི་ལྷག་མ་ལ་སོགས་པ་ཁྱིམ་པ་ལས་གྱུར་པ་རྣམས་ཀྱི་སྐབས་སུ་ཕྱི་རོལ་མུ་སྟེགས་པའི་རབ་ཏུ་བྱུང་བ་དང་སྟེ། གཅེར་བུ་པ་དང་ཀུན་ཏུ་རྒྱུ་ལ་སོགས་པའོ། །ཆོས་འདི་པའི་སྡོམ་པ་བླངས་ཀྱང་སྡོམ་པ་མ་ཆགས་པ་སྟེ། སྡོམ་པ་མ་སྐྱེས་པ་དང༌། སྡོམ་པ་སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ་སྟེ་ཡུལ་དེ་དག་ལ་བརྟེན་ནས་ཁྱིམ་པས་མ་གྱུར་པའི་ལྟུང་བ་དངོས་གཞི་བསྐྱེད་པ་སྟེ། རང་རང་གི་ལྟུང་བ་ན་སྨད་དུ་འགྱུར་བའོ། །བཞི་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ནི། གཞི་དགེ་སློང་ཕ་ལས་གྱུར་པ་བཞི་བཅུ་རྩ་དྲུག །དགེ་སློང་མ་ལས་གྱུར་པ་བཅུ་བཞི། བསྙེན་རྫོགས་ཙམ་ལས་གྱུར་པ་གསུམ་དང༌། སྡེ་ལྔ་གང་ཡང་རུང་བ་ལས་གྱུར་པ་གཉིས་དང༌། དགེ་ཚུལ་ལས་གྱུར་པ་གཅིག་གོ། །གཉིས་པ་ལ། གཞི་ཡི་ཡན་ལག་བརྗོད་པ་དང༌། །གཞི་ཡི་སེལ་བ་བརྗོད་པའོ། །དང་པོ་ལ། བསྙེན་རྫོགས་སྡོམ་པ་དག་པ་དང༌། །མཚན་དང་ལྟ་བ་མཐུན་པའོ། །དང་པོ་ལ། དགེ་སློང་ཕ་ལས་གྱུར་པ་དང༌། །དགེ་སློང་མ་ལས་འགྱུར་བའོ། །དང་པོ་ལ། ཡན་ལག་གི་ཁྱབ་པ་སྦྱར་བ་ནི། གཞི་དགེ་སློང་ལས་གྱུར་པ་བཞི་བཅུ་རྩ་དྲུག་ལ་སྦྱར་ཏེ། བསྒོ་ལྔ་འཕྲོག་དང་དངོས་བསྒྱུར་སྐྱོན། །ཕྲ་མ་སྐྱོ་སྔོགས་ལྟུང་བརྗོད་ཤེས། །ཁྱད་གསོད་འཕྱ་བསྒོ་བྲི་གདིང་སྐྲོད། །ཕྱིས་གནོན་འབྱུང་ཟས་སྟོབས་འདུས་དང༌། །བརྡེག་གཟས་འཆབ་དང་བདེ་འདུན་ཆོས། །སྤངས་བསྙིལ་འགྱེད་དང་སོར་མོ་དང༌། །སྔངས་(༣༢༦བ)


K8Z003_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདེང་མེད་ཉི་ཤུ་བསླབ། །འཐབ་དང་མ་སྨྲ་མ་གུས་དང༌། །ཟས་བཅས་ད་གདོད་ཁྲི་རྐང་བརྡལ། །སོ་སོར་བཤགས་བྱ་ཐ་མ་གསུམ། །ཞེས་བཟུང་ངོ༌། །དེ་དག་ལ་ཡང་གཉིས་ཏེ། དགེ་སློང་གི་དགེ་འདུན་ལས་གྱུར་པ་དང༌། དགེ་སློང་གང་ཟག་ལས་གྱུར་པའོ། །དང་པོ་ནི། བསྒོ་བ་ལས་གྱུར་པ་ལྔ་དང༌། ལོ་ཉི་ཤུ་མ་ལོན་པར་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་ལྟ་བུའོ། །གཉིས་པ་ནི། སྐྱོན་ནས་སྨྲ་བ་དང༌། བརྡེག་གཟས་བྱེད་པའི་ལྟུང་བྱེད་ལྟ་བུའོ། །གཉིས་པ་ཡན་ལག་གི་ངོ་བོ་ནི། དགེ་སློང་ཕའི་སྡོམ་པ་སྐྱེས་ལ་ཕམ་པས་མ་ཉམས་པ་སྟེ། གཞུང་འདིའི་དོན་དགེ་སློང་རྣམ་དག་གིས་ཕྲ་མ་བྱེད་པའི་ལྟུང་བྱེད་ལྟ་བུའི་དངོས་གཞི་བསྐྱེད་པ་ལ་ཡུལ་དགེ་སློང་དང༌། དགེ་སློང་མ་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེས་པ་ཅན་ཕམ་པའི་ལྟུང་བས་མ་ཉམས་པ་ཉིད་ནི་ཡུལ་གྱི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ལ་དམིགས་བསལ་ལྔ་སྟེ། སྐུར་འདེབས་གསུམ་དང༌། ཕམ་པ་འཆབ་བརྗོད་གཉིས་སོ། །དེ་ཡང་འདི་ཉིད་ལས། དགེ་སློང་ཉམས་པ་ལ་ཡང་ངོ་ཞེས་གསུངས་པ་དང༌། ཕམ་པ་མ་བྱུང་ན་ཕམ་པ་འཆབ་བཅས་བརྗོད་མི་སྲིད་པའི་ཕྱིར་རོ། །ཡུལ་ཕམ་པའི་ལྟུང་བས་མ་ཉམས་པ་ཡན་ལག་ཏུ་དགོས་ན། ཊཱི་ཀ་ལས། ཇི་ལྟར་དགེ་སློང་གིས་དགེ་སློང་ལ་བརྡེག་པ་དང༌། གཟས་པ་དང༌། འགྱོད་པ་བསྐྱེད་པ་དང༌། སྐྲོད་པ་ལ་སོགས་པ་ལྟུང་བྱེད་དུ་འགྱུར་བ་དེ་བཞིན་དུ་དགེ་སློང་གིས་བསླབ་པ་བྱིན་པ་ལ་དེ་དག་བྱས་ན་ཡང་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། བསླབ་པ་བྱིན་པའི་དགེ་སློང་གིས་བསླབ་པ་བྱིན་པའི་དགེ་སློང་ལ་དེ་དག་བྱས་ན་ཡང་བསླབ་པ་བྱིན་པའི་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་རོ་ཞེས་ཡུལ་རྟེན་གཉིས་(༣༢༧ན)


K8Z003_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བསླབ་པ་བྱིན་པའི་དབང་དུ་བྱས་པ་སྟེ། དེ་ལ་ནི་མ་ཡིན་ནོ་ཞེས་གསུངས་སོ། །གལ་ཏེ་དགེ་སློང་གིས་བསླབ་པ་བྱིན་པ་ཡུལ་དུ་བྱས་ན་ནི་སྔར་གྱི་དམིགས་བསལ་ལྔ་མ་གཏོགས་པ་ཡུལ་དགེ་སློང་ལས་གྱུར་པའི་ལྟུང་བ་རྫོགས་པར་མི་བསྐྱེད་དེ། ཡུལ་ཕམ་པས་མ་ཉམས་པ་མ་ཚང་བའི་ཕྱིར་རོ། ། དེ་ཡང་ལུང་ཞུ་བ་ལས། བསླབ་པ་བཙལ་བ་རྣམས་ལ་རྙེད་པ་བསྔོས་པ་བདག་ཉིད་ལ་བསྒྱུར་ཏེ་རྙེད་པ་མངོན་དུ་གྱུར་ན་ཉེས་བྱས་སུ་འགྱུར། ཞེས་གསུངས་པ་དང༌། ཊཱི་ཀ་ལས། དེ་ལ་ཕྲ་མ་བྱས་ནའང་དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་རོ། །ཞེས་གསུངས་པ་དང༌། བསླབ་པ་བྱིན་པ་དེ་ལ་ཕྲ་མ་བྱས་ན་ཡང་ཞེས་བསྟན་ཏོ། །གསུམ་པ་སེལ་བ་ནི། ཡུལ་དེའི་དགེ་སློང་གི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང༌། སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉམས་པའོ། །དེ་དག་ཡུལ་དུ་བྱས་ན་ལྟུང་བ་ན་སྨད་པ་སྟེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །གཉིས་པ་ལ་གསུམ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། གཞི་དགེ་སློང་མ་ལས་གྱུར་པ་བཅུ་བཞི་ལ་སྦྱར་ཏེ། དེ་ཡང༌། འཁྲུར་འཇུག་ལེན་དང་སྨེལ་འཇུག་དང༌། །མ་བསྐོས་སྟོན་པའི་བཅུ་ཚན་ལས། །འདུག་པ་མ་གཏོགས་དགུ་དག་དང༌། །གྲོང་དང་ཁྱིམ་གཞན་བཅུ་བཞི་པའོ། །ཞེས་བཟུང་ངོ༌། །གཉིས་པ་ཡན་ལག་གི་ངོ་བོ་ནི། ཡུལ་དགེ་སློང་མའི་སྡོམ་པ་སྐྱེས་ལ་ཕམ་པས་མ་ཉམས་པ་སྟེ། གཞུང་འདིའི་དོན་ནི་རྟེན་དགེ་སློང་རྣམ་དག་གིས་ཆོས་གོས་འཁྲུར་འཇུག་པ་ལ་སོགས་པའི་ཡུལ་དགེ་སློང་མ་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེས་པ་ཅན་ཕམ་པའི་ལྟུང་བས་མ་ཉམས་པ་ཉིད་ནི་ཡུལ་གྱི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་བསྟན་ཏོ། །འོ་ན་ལུང་ཞུ་བ་ལས། དགེ་སློང་གིས་དགེ་སློང་མ་བསླབ་པ་(༣༢༧བ)


K8Z003_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་བ་རྣམས་ལ་འཁྲུར་སྩོལ་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་བསླབ་པ་སྩལ་བ་རྣམས་ལ་གོས་བླངས་ན་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། ལུང་དེ་ནི་ཡུལ་རྟེན་གཉིས་ཀ་བསླབ་པ་བྱིན་པའི་དབང་དུ་བྱས་པ་སྟེ། དེ་ལ་ནི་མ་ཡིན་ནོ་ཞེས་གསུངས་པས་སོ། །གསུམ་པ་སེལ་བ་ནི། ཡུལ་དགེ་སློང་མའི་སྡོམ་པ་བླངས་ཀྱང་མ་སྐྱེས་པ་དང༌། སྐྱེས་ཀྱང་ཕམ་པའི་ལྟུང་བས་ཉམས་པའོ། །དེ་དག་གི་ཡུལ་དུ་བྱས་ན་ལྟུང་བ་ན་སྨད་པ་སྟེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །འོན་ཀྱང་དགེ་སློང་མ་ཕམ་པས་ཉམས་པ་ལ་སྐུར་བ་བཏབ་ན་ལྷག་མར་འགྱུར་བ་ཡོད་དེ། དམིགས་བསལ་ཡིན་ནོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། དང་པོ་ཡན་ལག་གི་ཁྱབ་པ་སྦྱར་བ་ནི། ཡུལ་དགེ་སློང་གིས་བསྐྱེད་པ་ཐམས་ཅད་ལ་མཚན་མཐུན་དགོས་པར་གསུངས་སོ། །ལྟ་བ་མཐུན་པའི་ཡན་ལག་ནི། །བསྒོ་བཞི་གནས་ངན་ཁྱད་དུ་གསོད། །ཕྱིས་གནོན་འབྱུང་དང་ཉི་ནུབ་ཟ། །དབེན་འགྲེང་སྤངས་བསྙིལ་མི་སྨྲ་འགྲོ། །ཟས་བཅས་ཁྲི་བརྡལ་བསླབ་དྲལ་ནགས། །བཅུ་དགུ་མ་གཏོགས་གཞན་ལ་གསུངས། །དེ་ལ་ཡང་ནི་མདོར་བསྡུས་སྦྱར། །སྤངས་དང་བསྙིལ་སྡུད་མ་གཏོགས་སོ། །གཉིས་པ་ཡན་ལག་གི་ངོ་བོ་ནི། ལྟུང་བ་བསྐྱེད་པའི་ཡུལ་དང༌། རྟེན་མཚན་མཐུན་པ་དང༌། ཡུལ་དང་རྟེན་ལྟ་བ་མཐུན་པའོ། །འོ་ན་ལྟ་བ་མཐུན་པ་དེའང་གང་ཞེ་ན། འོད་ལྡན་མཁན་པོའི་བཞེད་པ་ནི་ལྟུང་བ་བསྐྱེད་པའི་གཞི་ལ་ལྟུང་བ་བསྐྱེད་པའི་གཞིར་འདོད་པ་མཐུན་པ་ནི་ལྟ་བ་མཐུན་པ་ཡིན་ནོ་ཞེས། འོད་ལྡན་ལས། ཕམ་པའི་གཞི་དེ་ལ་ཕམ་པའི་གཞི་ཡིན་ནོ། །ཞེས་དེ་ལྟར་(༣༢༨ན)


K8Z003_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་མཐུན་པ་གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་ཡིན་ནོ། །གང་ཟག་མེར་མེར་པོ་བརླུགས་པར་བྱས་པས་ཕམ་པའི་གཞི་ལ་ཉེས་བྱས་ཀྱི་གཞིར་ལྟ་བ་དེ་དག་ནི་ལྟ་བ་ཐ་དད་པ་ཡིན་ནོ་ཞེས་བཤད་དོ། །པཎྜྀ་ཏ་གཞན་གྱི་ལུགས་ལྟར་ན་ནི་བར་དུ་གཅོད་པའི་གཞི་ལ་བར་དུ་གཅོད་པའི་གཞིར་འདོད་པ་མཐུན་པ་ནི་ལྟ་བ་མཐུན་པ་ཡིན་ནོ་ཞེས་འདོད་དོ། །འོད་ལྡན་ལས། གཞན་དག་ན་རེ། གཞི་དེ་ལ་ཞེས་བྱ་བ་བསླབ་པའི་བར་དུ་གཅོད་པའི་གཞི་ལ་ལྟ་བ་མཐུན་པ་གང་ལ་ཡོད་པ་དེ་ནི་ལྟ་བ་མཐུན་པ་ཡིན་ནོ། །དེའི་ཕྱིར་འཆི་ལྟས་ལ་སོགས་པ་དག་ནི་ལྟ་བ་མཐུན་པ་མ་ཡིན་པར་རིག་པར་བྱ་སྟེ་ཞེས་འཆད་དོ། །ཞེས་གཞན་གྱི་འདོད་པ་བཀོད་དེ་དགག་པ་མ་བྱས་པའོ། །འོ་ན་ལུགས་དེ་གཉིས་གང་འཐད་ཅེ་ན། སྔ་མ་ནི་མི་རིགས་ཏེ། དེ་ལྟར་ན་ལྟ་བ་མཐུན་པ་མི་སྲིད་པར་ཐལ། ལྟུང་བ་བསྐྱེད་པའི་གཞིའི་ཡན་ལག་ནི་དཔག་ཏུ་མེད་ལ། གང་ཟག་གི་རྟོག་པ་ཐ་དད་ཀྱིས་གཞི་དཔག་མེད་དེ་རྣམས་ལ་འདོད་པ་མཐུན་པ་མི་སྲིད་པའི་ཕྱིར་རོ། །ལྟ་བ་མཐུན་པ་མི་སྲིད་པ་འདོད་ན་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་ལྟ་བ་མཐུན་པར་གསུངས་པ་དང་འགལ་ལོ། ། འོ་ན་གང་ཞེ་ན། ལྟ་བ་མཐུན་པའི་དོན་ཕྱི་མ་ལྟར་ཡིན་ངེས་ཏེ། བམ་པོ་ལྔ་བཅུ་པ་ལས། མི་རྟག་པ་དང༌། སྟོང་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པར་ལྟ་བའོ་ཞེས་བཤད་པ་དང་ཕྱི་མ་མཐུན་ནོ། །ལྟ་བ་མཐུན་པ་ལ་བྱེ་སྨྲའི་གྲུབ་པ་འཛིན་པ་ནང་མཐུན་དགོས་ཟེར་བ་ནི་ཁུངས་མེད་པས་མ་སྦྱངས་པ་རྣམས་ཀྱི་འཕྲལ་རྩོམ་ཡིན་ནོ། །གསུམ་པ་སེལ་བ་ནི་མཚན་དང་ལྟ་བ་མི་མཐུན་པའོ། །དམིགས་བསལ་ནི་སྡིག་ལྟ་མི་གཏོང་བ་དང༌། སྤངས་པ་རྗེས་ཕྱོགས་དང༌། བསྙིལ་བ་སྡུད་པ་(༣༢༨བ)


K8Z003_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉན་རྣ་བཞི་ལ་ནི་ལྟ་བ་མི་མཐུན་པ་སེལ་བར་མི་འགྱུར་ཏེ། ལྟ་བ་མི་མཐུན་པ་ཡན་ལག་ཡིན་པའི་ཕྱིར་དང༌། སྡིག་ལྟ་ཅན་ལ་སྤང་བ་དང༌། བསྙིལ་བའི་ལས་བྱེད་པའི་ཕྱིར་དང༌། ལྟ་བ་ལའང་རྩོད་པར་འགྱུར་བའི་ཕྱིར་ཞེས་གོ་རིམ་བཞིན་ནོ། །བཞི་པ་སེལ་བ་ལ་ཅིར་འགྱུར་ན། རང་རང་གི་ན་སྨད་དུ་འགྱུར་བ་སྟེ། འོག་མ་དག་ལ་ནི་གཞན་ལ་ཞེས་སོ། །ལྔ་པ་རྒྱུ་མཚན་ནི། མཚན་དང་ལྟ་བའི་ཕྱོགས་ནས་རང་ཕྱོགས་ལ་གནོད་པ་མ་ཚངས་ཆེ་བ་ལྟར་གཞན་ལ་མ་ཡིན་པའི་ཕྱིར་ཏེ། ཊཱི་ཀ་ལས། རང་གི་ཕྱོགས་ལ་ལོག་པར་སྒྲུབ་པ་སྨད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་སྒྲུབ་པ་ནི་སྨད་པར་བྱ་བ་མ་ཡིན་པའི་ཕྱིར། ཞེས་སོ། །གཉིས་པ་ནི། བརྡེག་གཟས་ལ་སོགས་པའི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་ཡུལ་དེ་མཚན་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡན་ལག་ཡིན་ནོ་ཞེས་སྦྱར་ཏེ། ཡུལ་རྟེན་མཚན་མཐུན་པ་ཡན་ལག་ཏུ་དགོས་སོ། །དང་པོ་ནི། ཟླས་དབྱེ་བའོ། །བརྡེག་གཟས་ལ་སོགས་པའི་ལྟུང་བ་དངོས་གཞི་བསྐྱེད་པ་ལ་རང་དང་མཐུན་པའི་ལྟ་བ་ཁས་བླངས་པ་དག་གིས་ནི་ལྟ་བ་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་ཡན་ལག་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། ཡུལ་རྟེན་ལྟ་བ་མཐུན་པ་ཡན་ལག་ཏུ་དགོས་སོ། །གཉིས་པ་ནི། བརྡེག་གཟས་ལ་སོགས་པ་ཡུལ་དགེ་སློང་ཡན་ལག་ཏུ་དགོས་པ་རྣམས་དང༌། འཁྲུར་འཇུག་ལ་སོགས་པ་ཡུལ་དགེ་སློང་མ་ཡན་ལག་ཏུ་དགོས་པའི་ལྟུང་བ་འདིར་གཏོགས་པ་ལ། ཡུལ་དགེ་སློང་ཕ་མའི་སེལ་བ་ཁྱིམ་པ་གཞན་ཡུལ་དུ་བྱས་པ་ལ་ནི་ཅིར་འགྱུར་ཞེ་ན། རྟགས་ཅན་དྲུག་པོ་ཉིད་ཀྱི་ཡུལ་ལ་ན་སྨད་པ་དེ་བས་ཀྱང་ན་སྨད་དོ་ཞེས་རྣམ་བཤད་དང༌། ཊཱི་ཀ་དང༌། བམ་པོ་ལྔ་བཅུ་པ་གསུམ་ཀའི་རྩ་བ་ན་སྣང་ལ། དེ་གསུམ་ལས་ཁྱིམ་པ་ལ་ཆེས་ན་(༣༢༩ན)


K8Z003_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་ཅེས་བཀྲལ་ལོ། །དེ་ཡང་ཞུ་བ་ལས། གཞི་མེད་པ་དང་བག་ཙམ་ལ། །གསུངས་པ་འདིར་བསྡུས་གཞན་ལའང་སྦྱར། །ཅེས་བཟུང་ངོ༌། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། ཡན་ལག་གི་ཁྱབ་པ་སྦྱར་བ་ནི་གོས་ལས་གྱུར་པ་སུམ་ཅུ་རྩ་དྲུག་དང༌། ཟས་སྐོམ་ལས་གྱུར་པ་ཉི་ཤུ་རྩ་གཉིས་དང༌། སྣོད་སྤྱད་ལས་གྱུར་པ་གསུམ་མོ། །དང་པོ་ནི། སྤང་ལྟུང་བཅུ་ཚན་དང་པོ་དང༌། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་མཐོ་གང་ལམ་དང་ནི། །སྨེལ་བ་དང་ནི་ཐ་ག་གཉིས། །བྱིན་འཕྲོག་སྟོན་ཟླ་ཐ་ཆུང་དང༌། །དགོན་པ་བ་དང་རས་ཆེན་དང༌། །བསྔོས་བསྒྱུར་བཤེས་ངོར་གནས་མལ་དང༌། །གོས་གཉིས་ཁ་བསྒྱུར་སྤེད་དང་བདེ། །བརྡལ་ལ་སོགས་པ་ཐ་མ་ལྔ། །དམིགས་བསལ་གནས་མལ་དང་བརྡལ་བ་ནི་ཁྲི་དང་ཁྲིའུ་ལས་ཀྱང་རྫོགས་པར་བསྐྱེད་དོ། །གཉིས་པ་ནི། གསོག་འཇོག་འཕྱ་ཟས་སྦྱོར་བཅུག་དང༌། །ཟས་ཀྱི་བཅུ་ཚན་ཟན་གཅོད་པ། །གཅེར་བུ་མགྲོན་གཉེར་ཆང་འཐུང་དང༌། །ཟས་བཅས་སོ་སོར་བཤགས་པ་བཞི། །གསུམ་པ་ནི། ལྷུང་བཟེད་འཆང་བ་དང༌། འཚོལ་བ་གཉིས། ཁབ་རལ་འཆོས་པའོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི་གསུམ་སྟེ། རུང་བ་དང༌། ཚད་དང་ལྡན་པ་དང༌། ཚད་ལས་ལྷག་པའོ། །དང་པོ་ནི། གོས་ལས་གྱུར་པ་རྣམས་ལ་རྒྱུ། དབྱིབས། གནས་སྐབས། ཁ་དོག་རུང་བའོ། །རྒྱུ་ནི་གོས་ཀྱི་རྒྱུ་བདུན་ལྟ་བུའོ། །དབྱིབས་ནི་གྲུ་བཞི་ལྟ་བུའོ། །གནས་སྐབས་ནི་ལོངས་སྤྱོད་པར་བཟོད་པའོ། །ཁ་དོག་ནི་རུང་བ་གསུམ་དང་འཆང་བ་ལ་སོགས་པ་ལ་དཀར་པོ་དང་འབའ་ཞིག་ལ་གནག་པའོ། །ཟས་ལས་གྱུར་པ་ལ་གཉིས་ལས། ངོ་བོའི་སྒོ་ནས་རུང་བ་ནི་བཟའ་བ་དང༌། བཅའ་བ་དང་(༣༢༩བ)


K8Z003_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བ་མ་བཀག་ཅིང་གནང་བ་རྣམས་སོ། །ཆོ་གའི་སྒོ་ནས་རུང་བ་ནི་ལག་ཉ་དང༌། མཚམས་བཙོས་དང༌། ཞག་ལོན་དང༌། རྗེན་ཚོད་དང༌། གསོག་འཇོག་ཏུ་མ་སོང་བའོ། །དམིགས་བསལ་ནི། དུས་མ་ཡིན་པར་ཟ་བ་གསོག་འཇོག་ལས་གྱུར་པ་དང༌། ཆང་ལས་གྱུར་པའོ། །འདི་རྣམས་ལ་ཡང་གཞི་གཞན་གྱི་སྒོ་ནས་རུང་བ་དགོས་སོ། །སྣོད་སྤྱད་ནི་ལྷུང་བཟེད་ལ་བཞི་ལས། རྒྱུ་རུང་བ་ནི། ས་དང་ལྕགས་སོ། །དབྱིབས་ནི་ཟླུམ་པོའོ། ། གནས་སྐབས་ནི་སྤྱད་བཟོད་པའོ། །ཁ་དོག་ནི་བསྲེགས་པས་ནག་པོའོ། །ཁབ་རལ་ལ་གསུམ་ལས། རྒྱུ་རུང་བ་ནི་བ་སོ་དང༌། རུས་པ་དང༌། རྭ་ལྟ་བུའོ། །དབྱིབས་ནི་སྦུ་གུའམ། ཆང་པ་ལྟ་བུའོ། །གནས་སྐབས་ནི་སྤྱད་དུ་བཟོད་པའོ། ། གཉིས་པ་ཚད་དང་ལྡན་པ་དགོས་པ་ནི། གོས་ལ་སྤྱི་ཚད་དང༌། རབ་ཚད་གཉིས་ལས། དང་པོ་ནི། ཁྲུ་གང་དུ་ལོངས་པའོ། །གཉིས་པ་ནི། འབྲལ་བ་གཉིས། མཐོ་གང༌། རས་ཆེན། བཙལ་སྔས་བཞག་འཕྱིས་གོས་ཀྱི་བཟོ་བྱེད་པ་རྣམས་ལ་རང་རང་གི་འཚོ་བའི་ཡོ་བྱད་བྱིན་རླབས་ཡོངས་རྫོགས་འཆགས་པའི་ཚད་དང་ལྡན་པ་དགོས་སོ། །སྟན་ལས་གྱུར་པ་རྣམས་ལ་སྟན་གྱི་ཚད་དང་ལྡན་པ་དགོས་ཤིང༌། ཁྱད་པར་དུ་ཆ་གཉིས་བསྲེ་བ་ལ་ནག་པོ་སྟན་གྱི་ཕྱེད་ལས་སྲང་ཕྱེད་ཀྱིས་ལྷག་པའོ། །བལ་ཁུར་བ་དང་བརྡལ་བ་ལ་བལ་ཁུར་ཚད་དུ་ལོངས་པ་དང༌། ཤིང་བལ་གྲགས་སྡེའི་ཚད་དུ་ཆོག་པ་དགོས་སོ། །ཟས་དང་སྐོམ་གྱི་ཚད་ཁམ་དང་ཧུབ་ཏུ་ལོངས་པའོ། །ལྷུང་བཟེད་ནི་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་དང་ལྡན་པའོ། །ཁབ་རལ་ནི། གྲགས་སྡེའི་ཚད་ལས་མ་འདས་ཤིང་ཁབ་གཞུག་ནུས་པའོ། །གཞན་ཡང་རུང་བ་དང་ཚད་ལྡན་དགོས་པ་ནི་གནས་ལས་གྱུར་པ་རྣམས་ལ་ཕལ་ཆེར་གཡོགས་ཤིང་(༣༣༠ན)


K8Z003_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

སྐོར་བའི་སྒོ་ནས་རུང་བ་དགོས། ཁང་པ་ནང་རོལ་ན་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་དང༌། ཞེང་དུ་བདུན་དུ་ལོངས་པ་དགོས་ཤིང༌། གཞན་རྣམས་ལའང་སྤྱོད་ལམ་བཞི་ཤོང་གི་ཚད་དུ་ལོངས་དགོས་སོ། །ནོར་ལས་གྱུར་པ་གསེར་དངུལ་ལ་རེག་པ་དང༌། མངོན་མཚན་ཉོ་ཚོང་གཉིས་དང༌། རིན་པོ་ཆེ་ལ་རེག་པ་ལ་སོགས་པ་ལ་ཡང་གཞི་གཞན་གྱི་སྒོ་ནས་རུང་བ་དང༌། རྒྱན་ཆའམ་གོས་ཁྲུ་གང་ལ་དཀྱུས་རིང་བའི་ཚད་དུ་ལོངས་པ་དགོས་སོ། །ཁྲུས་བྱེད་པ། ཆུ་ལ་རྩེ་བ། མེ་ལ་རེག་པ། ས་རྐོ་བ་ལས་གྱུར་པ་རྣམས་ལ་ཡང་རུང་བ་དང་ཚད་ལྡན་དགོས་པར་རིགས་སོ། །གསུམ་པ་ཚད་ལས་ལྷག་པ་ནི། ཁྲི་རྐང༌། གདིང་བ། རས་ཆེན། གཡན་པ་དགབ་པའོ། །གོས་ཀྱི་སྤྱི་ཚད་ལས་གྱུར་པ་དང༌། ལྟུང་བྱེད་ཐ་མ་དང༌། སྟན་དང༌། ཟས་ལས་གྱུར་པ་རྣམས་ལ་ཚད་དང་ལྡན་པའམ། ཚད་ལས་ལྷག་པ་གང་ཡང་རུང་བས་བསྐྱེད་དེ། ཊཱི་ཀ་ལས། སོགས་པའི་སྒྲས་ནི་ཆད་ལས་ལྷག་པ་བསྡུས་ཏེ། ཆོས་གོས་རང་གི་ཚད་ལས་ལྷག་པ་དང༌། ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་ལས་ལྷག་པའོ། །དེ་ལྟར་རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང༌། ཚད་དང་ལྡན་པའམ། ཚད་ལས་ལྷག་པ་ཉིད་ལ་དངོས་གཞིའི་ཁ་ན་མ་ཐོ་བར་འགྱུར་རོ། །ཞེས་སོ། །སྟན་ལ་ཡང་ཊཱི་ཀ་ལས། འདིར་ཚད་ལས་ལྷག་པ་ཡན་ལག་ཡིན་པའི་གཞུང་ནི་སྲིན་བལ་གྱི་སྟན་གྱི་སྐབས་ནས་བདེ་བར་གཤེགས་པའི་སྟན་གྱི་ཚད་བགྱིད་ན་ལྟུང་བ་ཅིར་འགྱུར། སྤང་བའི་ལྟུང་བྱེད་དོ། །ཞེས་སོ། །འོན་ཀྱང་ལྷུང་བཟེད་ལ་ནི་དེ་ལྟར་མ་ཡིན་ཏེ། སྐྱེ་བ་དང༌། དཀར་བ་དང༌། ཆེ་བ་རྣམས་ནི་རུང་བ་ཉིད་མ་ཡིན་ནོ་ཞེས་པའི་སྐབས་ཀྱི་ཊཱི་ཀ་དང་ལུང་ལས། དེ་དག་(༣༣༠བ)


K8Z003_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་ནི་ཉེས་བྱས་སོ་ཞེས་སོ། །ལྷུང་བཟེད་འཚོལ་བ་ལ་ཡང་དེ་དག་རུང་ཞིང་སྤྱད་བཟོད་པའོ་ཞེས་གསུངས་པས། ཚད་ལས་ཆེ་བ་དང༌། ཆུང་བ་ལ་ཉེས་བྱས་ལས་མི་བསྐྱེད་དོ། །གསུམ་པ་སེལ་བ་ནི། དེ་དག་ལས་བཟློག་པ་སྟེ་མི་རུང་བ་དང༌། ཚད་དུ་མ་ལོངས་པ་དང༌། འབྲལ་བ་ལྟ་བུ་ཚད་ལས་ལྷག་པ་དང༌། ཁྲི་རྐང་ལ་སོགས་པ་ཚད་ལས་མ་ལྷག་པའོ། །བཞི་པ་ཅིར་འགྱུར་ནི། མི་རུང་བ་དང་ཚད་དུ་མ་ལོངས་པ་ལ་ནི་རང་རང་གི་ན་སྨད་དུ་འགྱུར་རོ། །འབྲལ་བ་གཉིས་དང༌། མཐོ་གང༌། རས་ཆེན། བཙལ་སྔས། བཞག་འཕྱིས། གོས་བཟོ་བྱེད་པ་རྣམས་ལ་ཚད་ལས་ལྷག་ནའང་ན་སྨད་དུ་འགྱུར་ཏེ། དམིགས་བསལ་སྲ་བརྐྱང་ལས་འབྲལ་ལྟུང་འབྱུང་བ་ལ་ནི་ཚད་ལས་ལྷག་པ་ལས་ཀྱང་འབྱུང་ངོ༌། །ཚད་ལས་ལྷག་པ་དགོས་པ་རྣམས་ལ་ཚད་ལས་མ་ལྷག་ན་ལྟུང་བ་མེད་དོ། །ལྔ་པ་རྒྱུ་མཚན་ནི། ན་སྨད་དུ་འགྱུར་བ་ནི་དགག་བྱ་མ་རྫོགས་པའོ། །ལྟུང་མེད་དུ་འགྱུར་བ་ནི་དགག་བྱ་མེད་པའོ། །ཁྱད་པར་དུ་ཚད་ལས་ལྷག་ན་ན་སྨད་དུ་འགྱུར་བ་རྣམས་ཀྱི་རྒྱུ་མཚན་ནི། ལྟུང་བ་དེ་དག་ལ་ནི་འཚོ་བའི་ཡོ་བྱད་ཀྱི་བྱིན་རླབས་ཡོངས་རྫོགས་ཆགས་པ་ལས་གྱུར་པ་ཡིན་ལ། ཚད་ལས་ལྷག་ན་བྱིན་རླབས་ཡོངས་རྫོགས་མི་ཆགས་པའི་ཕྱིར་རོ། །ཊཱི་ཀ་ལས། ཆོས་གོས་གསུམ་བྱིན་གྱིས་བརླབ་ཏུ་རུང་བ་གང་དག་གི་ཞེང་དུ་རང་གི་ཁྲུ་གསུམ། ཆུར་རང་གི་ཁྲུ་ལྔའི་ཚད་ཇི་སྐད་བསྟན་པ་དེ་ལས་ལྷག་པར་བྱེད་ན་སྤང་བར་འགྱུར་བ་ཉིད་དོ། །ཞེས་བྱིན་རླབས་མི་ཆགས་པར་གསུངས་སོ། །གོས་ཀྱི་བཟོ་བྱེད་པའི་སྐབས་ཀྱི་ཞུ་བ་ལས། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་ཚད་ལས་ལྷག་པར་བཟོ་བགྱིས་ན་བྱིན་གྱིས་བརླབ་ཏུ་མི་རུང་བ་ན་ཅིར་འགྱུར། ཉེས་བྱས་སོ། །ཞེས་སོ། །ལྷུང་བཟེད་ལ་ཡང་(༣༣༡ན)


K8Z003_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་བཤད་ཟིན་ཏོ། །ཁབ་རལ་གྲགས་སྡེའི་ཚད་ལས་འདས་ནའང་དགག་བྱ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། རབ་ཏུ་བྱུང་བ་སྡེ་ལྔའི་རྫས་གོས་དང༌། ཟས་དང༌། སྣོད་སྤྱད་དག་ལ་ནི་རྒྱུ་དབྱིབས་ཁ་དོག་ལ་སོགས་པ་གཞི་དེ་ཉིད་དམ། གཞི་གཞན་གྱི་སྒོ་ནས་རུང་བ་ཉིད་དང༌། སྤྱི་ཚད་དམ་རང་ཚད་དང་ལྡན་པ་ལ་སོགས་པ་ཡན་ལག་ཡིན་པ་ཉིད་དོ། །ཊཱི་ཀར། ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཚད་ལས་ལྷག་པ་བསྡུས་ཏེ། ཞེས་གསུངས་པས་ཁྲི་རྐང་འཆོས་པའི་ལྟུང་བྱེད་ལ་སོགས་པ་བཞི་ལ་ཚད་ལས་ལྷག་པ་ངེས་བཟུང་དུ་དགོས་སོ། །སྤྱི་ཚད་དང༌། སྟན་དང༌། སྲ་བརྐྱང་དང༌། འབྲལ་བ་དང༌། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བ་རྣམས་ནི་ཚད་ལས་ལྷག་པ་ལས་ཀྱང་འབྱུང་ངོ༌། །རུང་བ་མ་ཡིན་པ་དང་ཚད་དང་མི་ལྡན་པ་ལ་སོགས་པ་ལ་ནི་དངོས་གཞི་མི་རྫོགས་པའོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། ཡན་ལག་གི་ཁྱབ་པ་སྦྱར་བ་ནི། རང་དོན་ཡན་ལག་ཏུ་དགོས་པའི་ལྟུང་བ་བཞི་བཅུ་རྩ་དྲུག་ལ་སྦྱར་རོ། །དེ་ཡང༌། བརྫུན་སྨྲ་འཁྲིག་ཚིག་བསྙེན་བཀུར་དང༌། །ཟླ་འཇོག་དང་ནི་འཁྲུར་འཇུག་དང༌། །རིན་ཐང་སོ་སོར་བསྐུར་བ་དང༌། །དྲུག་དང་མཐོ་གང་ལམ་དང་སྨེལ། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །བདེན་སྨྲ་གསོད་པ་ཆུ་ལ་རྩེ། །ཁབ་རལ་གདིང་གཡན་རས་ཆེན་དང༌། །བདེ་གཤེགས་སོ་སོར་བཤགས་པ་དང་པོ་གྲོང་དང་ཁྱིམ་གཞན་ནི་གཉིས་པའོ་དང༌། །ཉི་ཤུ་ལྔ་ལ་ཚིག་ཚོགས་སྐྱུངས། །ལེན་དང་སློང་དང་བླང་བར་རིགས། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །ཐ་ག་གཉིས་དང་བརྟད་པ་དང༌། །རས་ཆེན་བསྔོས་དང་གསོག་འཇོག་དང༌། །ཁྲི་དང་གདིང་ལ་རུང་མཐུན་སྦྱར། །རྐུ་དང་(༣༣༡བ)


K8Z003_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་གཉིས་གསེར་དངུལ་ལེན། །འཕྱ་དང་སྦྱོར་བཅུག་དོ་གསུམ་ཙམ། །ཞེས་སྦྱར་ལ་ཐ་མའི་བདུན་གྱི་དྲུག་ལ་མདོར་བསྡུས་སྦྱར་ཞིང༌། བདུན་པ་ལ་དངོས་སུ་གསུངས་ལ། བདུན་པོ་དེ་དང་བརྟད་པ་བྱུང་བ་ནི་རང་གཞན་ཐུན་མོང་གི་དོན་ལས་ཀྱང་བསྐྱེད་དོ། །འདི་དག་ཀྱང་རང་དོན་ཡན་ལག་ཏུ་དགོས་པར་འདུས་སོ། །ལུང་ཞུ་བ་ལས། སྐུར་འདེབས་གསུམ་དང་བྱིན་འཕྲོག་དང༌། །གཅེར་བུ་བརྡེག་གཟས་བདེ་དང་འདུན། །འགྱོད་དང་སྔངས་བྱེད་སྦེད་གདེང་མེད། །མགྲོན་དང་བསླབ་པ་ཉན་རྣ་དང༌། །བསླབ་པ་རྣམས་དང་དགོན་པ་སྟེའདི་གཉིས་སོར་བཤགས་ཐ་མ་གཉིས་ཡིན་ནོ། །བཅུ་བདུན་ལ་གསུངས་དགོངས་པ་ཅན། །ཡིན་ནོ་བདེ་བར་བཟུང་བར་གྱིས། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། རང་ཁོ་ནའི་དོན་དང༌། རང་གཞན་ཐུན་མོང་གི་དོན་ནོ། །གསུམ་པ་སེལ་བ་ནི། དེ་ཉིད་ལས་བཟློག་པའོ། ། བཞི་པ་ཅིར་འགྱུར་ནི། འཆང་བ་གཉིས། ཟླ་འཇོག །རས་ཆེན། བརྟད་བྱུང་ལྔ་ལས་གཞན་ཁོ་ནའི་དོན་ཡིན་ན་ཉེས་པ་མེད་དོ། །གཞན་རྣམས་ལ་ནི་རང་རང་གི་ན་སྨད་དུ་འགྱུར་རོ། །རང་ཁོ་ནའི་དོན་ཡན་ལག་ཏུ་དགོས་པ་རྣམས་ལ་རང་གཞན་གཉིས་ཀའི་དོན་ཡིན་ན་རང་རང་གི་ན་སྨད་དུ་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི། ལྟུང་མེད་དུ་འགྱུར་བ་རྣམས་ནི་དགག་བྱ་མེད་པའི་ཕྱིར་རོ། །ན་སྨད་དུ་འགྱུར་བ་རྣམས་ཀྱི་དགག་བྱ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། འཁྲུར་འཇུག་གི་སྤང་བ་ལྟ་བུ་ལ་རང་འབའ་ཞིག་གི་དོན་ཉིད་ཀྱི་ཀུན་སློང་དང༌། མ་བྱིན་ལེན་ལྟ་བུ་ལ་རང་གི་དོན་ཉིད་གཙོ་ཆེར་ཡོད་པའི་ཀུན་སློང་གི་ཡན་ལག་ཡིན་ནོ། །གསུམ་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། ཡན་ལག་གི་ཁྱབ་པ་སྦྱར་བ་ནི། མཐར་ཐུག་དོན་གོ་བ་ཡན་ལག་ཏུ་དགོས་པ་ཉི་ཤུ་རྩ་དགུ་(༣༣༢ན)


K8Z003_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

བཅོལ་ཡང་རྫོགས་པ་སོ་གཉིས། བསྒོ་བ་ལ་སོགས་པའི་ཉི་ཤུ་རྩ་དྲུག་རྣམས་ལ་སྦྱར་རོ། །དང་པོ་ནི། བརྫུན་དང་འཁྲིག་ཚིག་བསྙེན་བཀུར་གཞི་མེད་དང༌། །བག་ཙམ་ཤེས་བཞིན་སོགས་བཅུ་འདོན་མ་གཏོགས། །འཕྱ་བ་བསྒོ་བ་མ་བསྐོས་ཉི་ནུབ་ཟས། །སྟོབས་བདེ་འདུན་བསྒྱུར་འགྱོད་དངངས་ལྷག་མས་བསྐུར། །བསླབ་པ་ཉན་རྣ་མི་གུས་ད་གདོང་ཤེས། །ཞེས་ཟུང་ཞིག །བཅོལ་རྫོགས་དང་བསྒོ་སོགས་ནི་འོག་ནས་འབྱུང་ངོ༌། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི་དོན་གོ་བའོ། །གསུམ་པ་སེལ་བ་ནི། སྨྱོ་བ་དང༌། སེམས་འཁྲུགས་པ་དང༌། ཚོར་བས་གཟིར་བ་དང༌། གླེན་པ་དང༌། དབུས་པ་ལ་མཐའ་འཁོབ་པའི་སྐད་ཀྱིས་དང༌། མཐའ་འཁོབ་པ་ལ་དབུས་པའི་སྐད་ལ་སོགས་ཀྱིས་དོན་མ་གོ་བའོ། །བཞི་པ་ཅིར་འགྱུར་ནི། རང་རང་གི་ན་སྨད་དུ་འགྱུར་བའོ། །ལྔ་པ་རྒྱུ་མཚན་ནི། དགག་བྱ་མ་རྫོགས་པའི་ཕྱིར་རོ། །གཉིས་པ་ནི། སྦྱོར་བ་ངག་གི་རྣམ་པར་རིག་བྱེད་ཀྱིས་སྨྲས་པ་རྣམས་ཀྱི་དངོས་གཞི་ལ་ནི་ཡུལ་ཕ་རོལ་པོས་དོན་གོ་བ་ཡན་ལག་ཡིན་ནོ་ཞེས་སྔ་མར་སྦྱར་ཏེ། དེས་ན་བརྫུན་དུ་སྨྲ་བ་ལ་སོགས་པ་དང༌། གོས་སློང་བ་ལ་སོགས་པ་དོན་མ་གོ་ན་རང་རང་གི་ན་སྨད་དོ། །བཞི་པ་ལ། སྦྱོར་བའི་ཡུལ་ཉིད་བསྟན་པ་དང༌། །སྦྱོར་བའི་ཡན་ལག་དངོས་བཤད་པའོ། །དང་པོ་ལ། སྦྱོར་བ་འཇུག་པའི་ཡུལ་དངོས་དང༌། །ཞར་ལས་བྱུང་བ་བརྗོད་པའོ། །དང་པོ་ནི། འོ་ན་ལྐུགས་པས་དོན་གོ་བ་ཡང་དངོས་གཞིའི་ཡན་ལག་ཡིན་ནམ་ཞེ་ན། སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་ཡན་ལག་ཡིན་ནོ། །སྨྲ་མི་ཤེས་པ་ལ་ཡོད་པའི་དོན་གོ་བ་ནི་མ་ཡིན་ནོ། །འོ་ན་སྨྲ་མི་ཤེས་པ་ལ་ཡོད་པའི་དོན་གོ་བ་དེ། དེ་དག་ཐམས་ཅད་ཀྱི་དངོས་གཞིའི་ཡན་ལག་ཡིན་ནམ་(༣༣༢བ)


K8Z003_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཊཱི་ཀ་དང་བམ་པོ་ལྔ་བཅུ་པ་ལས། སྨྲ་མི་ཤེས་པ་ལ་ཡོད་པའི་དོན་གོ་བ་དེ་ནི་གསོད་པའི་ལྟུང་བ་བཞི་དང༌། རང་གི་དོན་དུ་རྐུ་བ་སྟེ་ལྔ་པོའི་ཡན་ལག་ཡིན་ནོ། །དེ་དག་ལས་གཞན་པའི་སྐབས་སུ་རྣམ་པར་རིག་བྱེད་ཀྱི་ཡུལ་གྱི་ཡན་ལག་ཡིན་ནོ། །དེས་ན་ལྔ་པོ་དེ་ལས་གཞན་པའི་སྐབས་སུ་སྨྲ་བ་པོ་ཉིད་ལ་ཡོད་པའི་དོན་གོ་བ་དངོས་གཞིའི་ཡན་ལག་ཡིན་ནོ། །དེ་ནི་དེར་མ་ཟད་དེ་ལས་ཀྱི་ཁ་སྐོང་བ་དང༌། ལྷུང་བ་མཐོལ་བ་དང་བཤགས་པ་ལ་སོགས་པའི་ཡུལ་ལ་ཡང་དགོས་སོ། །གཉིས་པ་ནི། སྡོམ་པ་ཡང་དག་པར་ལེན་པར་བྱེད་པ་ལ་ནི་སྨྲ་ཤེས་པ་ལ་ཡོད་པའི་དོན་གོ་བ་ཡན་ལག་ཡིན་པ་དེར་མ་ཟད་ཀྱི། སྒྲ་མི་ཤེས་པ་ལ་ཡོད་པའི་དོན་གོ་བ་ཡང་ཡན་ལག་ཡིན་ནོ། །དེས་ན་ལྐུགས་པ་ལ་ཡང་སྡོམ་པ་དང༌། བར་མའི་དགེ་བ་སྐྱེ་བ་ཡོད་དེ། གཞུང་དམ་པ་ལས། བཙུན་པ་སྨྱོན་པ་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་ཞེས་བགྱིའམ། ཨུ་པ་ལི་དེ་སྟེ་བསྙེན་པར་རྫོགས་པའི་འདུ་ཤེས་ཡོད་ལ། ལུས་སམ། ཚིག་གིས་དམིགས་པས་ཁས་བླངས་ན་བསྙེན་པར་རྫོགས་པ་ཞེས་བྱའོ། །ཇི་ལྟར་སྨྱོན་པ་བཞིན་དུ་སེམས་འཁྲུགས་པ་དང༌། ནད་ཀྱིས་གཟིར་བ་དང༌། གླེན་པ་དང༌། ལྐུགས་པ་དང༌། འོན་པ་རྣམས་ཀྱང་རྒྱ་ཆེར་བརྗོད་པར་བྱའོ་ཞེས་སོ། །ཊཱི་ཀ་ལས་ཀྱང༌། ལྐུགས་པའམ་སྨྲ་བ་པོ་ཉིད་མ་ཡིན་པ་གཞན་དག་ལ་ཡང་སྲོག་གཅོད་པ་སྤང་བ་ལ་སོགས་པ་ཡང་དག་པ་ལེན་པར་འབྱུང་བའི་ཕྱིར་རོ། །ཞེས་སོ། །སྨྲ་ཤེས་ཤིང་དོན་གོ་བ་དེ་ནི་ལྟུང་བ་མཐོལ་བ་ལ་སོགས་ཀྱི་སྣོད་དམ་ཡུལ་ཡིན་ནོ། ། དེས་ན་ཕ་རོལ་པོ་སྨྲ་མི་ཤེས་སམ་དོན་མི་གོ་ན་དེ་ལ་རང་ངམ་གཞན་གྱིས་ལྟུང་འམ་ བ་མ་བརྗོད་ཀྱང་བཅབས་པའི་ཉེས་པར་མི་འགྱུར་རོ། །གཉིས་པ་ལ།(༣༣༣ན)


K8Z003_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ངག་རིག་ཁྱད་པར་ཡན་ལག་བསྟན། །མངོན་སུམ་བསྒོས་པ་ཡན་ལག་གོ། །དང་པོ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། ཡན་ལག་གི་ཁྱབ་པ་སྦྱར་བ་ནི་བརྒྱད་ཅུ་ལའོ་སྟེ་བསྒོ་བ་ལ་སོགས་པ་ཉི་ཤུ་རྩ་དྲུག་དང༌། མཐར་ཐུག་དོན་གོ་དགོས་པ་ཉི་ཤུ་རྩ་དགུ་ལས་ཉན་རྣ་མ་གཏོགས་པ་རྣམས་དང༌། བཅོལ་ཡང་རྫོགས་པ་སོ་གཉིས་ལས་སྲོག་གཅོད་བཞི་དང་རྐུ་བ་མ་གཏོགས་པ་རྣམས་སོ། །འོག་མ་གཉིས་གཞན་དུ་ཤེས་པར་བྱའོ། །དང་པོ་རྩ་དྲུག་ནི། དབྱེན་བྱེད་ལ་སོགས་བསྒོ་གྱུར་བཞི། །འཁྲུར་འཇུག་པ་དང་ལེན་པ་དང༌། །སློང་དང་སྟོད་གཡོགས་སྨད་གཡོགས་ཅས། །རིན་ཐང་སོ་སོར་སྨེལ་འཇུག་དང༌། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །རས་ཆེན་བསྔོས་བསྒྱུར་འདོན་པ་དང༌། །གོས་སེར་དང་ནི་འདུག་གནས་ཟ། །ཕྱེ་དང་གསོད་གཅེར་ཆོས་གཏམ་སྨྲ། །མ་ལོན་ཁྱིམ་དང་བསླབ་པ་བྲལ། །ཅེས་སོ། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི། ངག་མཚན་ཉིད་ལྔ་ལྡན་ཏེ། ངག་ཡིན་པ། བདག་གིར་ཡིན། བདག་ཉིད་དང་འབྲེལ་བ། མ་ནོར་བ། གང་ལ་བསམ་པའི་དོན་གསལ་པོར་སྨྲ་བའོ། །གསུམ་པ་སེལ་བ་ནི་དེ་ལས་ཟློག་པ་སྟེ། གཞན་སྨྲར་བཅུག་པ་དང༌། སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་དང༌། གཞན་ཟེར་རོ་ཞེས་བསྙད་འདོགས་དང༌། ནོར་བ་དང༌། གཞོགས་སྨོས་སོ། །བཞི་པ་ཅིར་འགྱུར་ནི། ཡན་ལག་གཅིག་མ་ཚང་ན་ན་སྨད་དུ་འགྱུར་ཏེ། འོག་མ་དག་ལ་ནི་གཞན་ལ་ན་སྨད་པ་ཉིད་དོ་ཞེས་སོ། །ཡན་ལག་དུ་མ་མ་ཚང་ན་ཆེས་ན་སྨད་དུ་འགྱུར་བ་སྟེ། དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་སོ། །ལྔ་པ་རྒྱུ་མཚན་ནི། དགག་བྱ་མ་རྫོགས་པ་དང་ཆེས་མ་རྫོགས་པའོ། །གཉིས་པ་ནི། བརྫུན་སྨྲའི་ཕམ་པ་ལ་སོགས་པ་ལ་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་(༣༣༣བ)


K8Z003_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེས་ན་སྤྲིང་ཡིག་དང་ལག་བརྡ་ལ་སོགས་པ་ལུས་ཀྱི་རིག་བྱེད་ལ་ན་སྨད་དོ། །འོ་ན་གཞན་གྱི་ངག་གིས་ཀྱང་འགྱུར་རམ་ཞེ་ན། རང་གི་ངག་ཏུ་སྨྲས་པ་ཡན་ལག་ཡིན་པའོ། །དེས་ན་གཞན་སྨྲར་བཅུག་པ་ལ་ན་སྨད་དོ། །རང་གི་ངག་དེ་ཡང་བདག་གིར་དང་འབྲེལ་བའི་རང་གི་ངག་ཡན་ལག་ཡིན་པའོ། །དེས་ན་ཆེ་གེ་མོ་ཞིག་ན་རེ། འདི་སྐད་ཟེར་རོ་ཞེས་བྱ་བ་ལ་སོགས་པ་གཞན་ལ་བསྙད་འདོགས་ཤིང་སྨྲ་བ་ལ་ནི་ན་སྨད་དོ། །གཉིས་པ་ལ། སྤྱིའི་དོན་དང༌། ཚིག་གི་དོན་ནོ། །དང་པོ་ལ་ལྔ་ལས། ཡན་ལག་གི་ཁྱབ་པ་ནི་བཅོལ་ཡང་རྫོགས་པ་སུམ་ཅུ་སོ་གཉིས་ལ་སྦྱར་ཏེ། མ་བྱིན་ལེན་དང་སྲོག་གཅོད་བཞི། །སྨྱན་དང་ཁང་པ་ཁང་ཆེན་དང༌། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །ལོ་དྲུག་གསེར་དངུལ་ཐ་ག་གཉིས། །བྱིན་འཕྲོག་ས་བོན་སྐྲོད་པ་དང༌། །རིམ་གཉིས་མེ་རེག་རིན་ཆེན་རེག །རྩི་དང་སྤངས་བྱེད་སྦེད་དང་རྐོ། །ཁབ་རལ་ལ་སོགས་ཐ་མ་བདུན། །ཞེས་བཟུང་ངོ༌། །གཉིས་པ་ཡན་ལག་རང་གི་ངོ་བོ་ནི་རང་གི་དོན་དུ་རྐུ་བ་དང༌། སྲོག་གཅོད་པ་བཞི་ལ་ནི་རང་གིས་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ཡན་ལག་ཡིན་གྱི་མངོན་སུམ་དུ་བསྐོས་པ་མི་དགོས་སོ། །དེ་དག་ལས་གཞན་ལ་ནི་རང་གིས་མངོན་སུམ་དུ་བསྐོས་པ་ཉིད་ཀྱིས་བྱེད་བཅུག་པ་ཉིད་ཡན་ལག་ཡིན་ནོ། །གསུམ་པ་སེལ་བ་ནི། ལྐོག་ཏུ་བྱེད་བཅུག་པའོ། །བཞི་པ་ཅིར་འགྱུར་ནི། རང་རང་གི་ན་སྨད་དུ་འགྱུར་རོ། །ལྔ་པ་རྒྱུ་མཚན་ནི། མངོན་པར་ཞེན་པ་མི་རྫོགས་པའི་ཕྱིར་ཏེ། ཊཱི་ཀ་ལས། ལྐོག་ཏུ་བྱེད་བཅུག་པ་ལ་ནི་དེ་ལྟར་མངོན་པར་ཞེན་པ་མི་འགྱུར་བའི་ཕྱིར་རོ། །ཞེས་སོ། །གཉིས་པ་ལ། (གཞན་ལུགས་དགག་པ་དང༌། རང་ལུགས་བཞག་པ་གཉིས་ལས། དང་པོ་(གཞན་ལུགས་དགག་པ་ནི། མངའ་རིས་པ་ཁ་ཅིག་ན་རེ། བཅོལ་བ་ཐམས་ཅད་མངོན་སུམ་ཡིན་ལ། བྱས་པ་ཐམས་ཅད་ལྐོག་ཏུ་བྱས་ཀྱང་ལྟུང་བ་རྫོགས་པར་(༣༣༤ན)


K8Z003_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་མིན་ཏེ། དུལ་ལྷས། འདི་ཉིད་ཀྱི་སྐབས་སུ་བཤད་པས་ཤེས་སོ་ཟེར་རོ། །འོ་ན་རིན་པོ་ཆེ་ལ་རེག་པ་གཉིས་མངོན་དུ་བཅོལ་ནས་ལྐོག་ཏུ་རེག་པ་བྱས་པ་ཆོས་ཅན། ལྟུང་བ་མི་རྫོགས་པར་ཐལ། ལྟུང་བ་ན་སྨད་ལས་མི་བསྐྱེད་པའི་ཕྱིར། གྲུབ་སྟེ་དེ་བས་ཕ་ཟད་ནི་ཕྱེད་ཉིད་དོ་ཞེས་པས་གྲུབ་བོ། །རིགས་པས་ཀྱང་དེ་ལ་མངོན་པར་ཞེན་པ་མི་རྫོགས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། བཅོལ་བ་དང་བྱ་བ་ཐམས་ཅད་ལ་མངོན་སུམ་པ་གཅིག་དགོས་ཟེར་རོ། །འོ་ན་དགེ་སློང་གིས་གཞན་ལ་སྨྱན་བྱེད་པ་མངགས་ཤིང༌། གཞན་དེས་ཀྱང་གཞན་ཞིག་མངགས་ཏེ་གཞན་དེས་ལྐོག་ཏུ་སྨྱན་རྫོགས་པར་བྱས་པ་ཆོས་ཅན། དགེ་སློང་གིས་སྨྱན་བྱས་པ་མི་རྫོགས་པར་ཐལ། དགེ་སློང་གིས་གཞན་ལ་བཅོལ་བས་སྨྱན་བྱས་པ་ཡིན་ཅིང༌། དགེ་སློང་གིས་མངོན་སུམ་དུ་སྨྱན་མ་བྱས་པའི་ཕྱིར། རྟགས་ཚད་མ། ཁྱབ་པ་ཁས་བླངས་སོ། །འདོད་ན། ཊཱི་ཀ་ལས། སྨྱན་བྱེད་པ་འདིར་ནི་མངགས་པ་དང༌། མངགས་པའི་མངགས་པས་ཀྱང་སྐྱོན་བྱེད་པ་གང་ཡིན་པ་དེ་རང་གིས་བྱས་པ་དང་འདྲ་བར་རིག་པར་བྱའོ། །ཞེས་སོ། །གཉིས་པ་རང་ལུགས་བཞག་པ་ནི། གསོད་པ་དང་རང་གི་དོན་དུ་རྐུ་བ་ལ་ནི་ལྐོག་ནས་བསྐོས་ཏེ་བྱས་པ་ལས་ཀྱང་ལྟུང་བ་རྫོགས་པར་འགྱུར་ལ། དེ་དག་ལས་གཞན་པའི་བཅོལ་ཡང་རྫོགས་པའི་ལྟུང་བ་ཐམས་ཅད་ལ་རང་གིས་མངོན་སུམ་དུ་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ཡན་ལག་ཡིན་ནོ། །ཊཱི་ཀ་ལས། རང་གིས་བསྐོས་པ་ཉིད་ཅེས་བྱ་བ་ནི། རང་གི་མངོན་སུམ་དུ་བྱེད་བཅུག་པ་ཉིད་ཡན་ལག་ཡིན་ནོ། །ལྐོག་ནས་བྱེད་དུ་བཅུག་པ་ལ་ནི་དེ་ལྟར་མངོན་པར་ཞེན་པ་མི་འབྱུང་བའི་ཕྱིར་ཞེས་སོ། །ལྐོག་ནས་བསྐོས་པ་ཉིད་ཀྱིས་བྱེད་དུ་བཅུག་པ་ལ་ནི་ན་སྨད་པ་ལས་མི་བསྐྱེད་དེ། ཊཱི་ཀ་ལས། དེས་ན་རང་གི་མངོན་སུམ་དུ་བསྐོས་པ་(༣༣༤བ)


K8Z003_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པར་ལྐོག་ནས་བསྐོས་པས་བྱེད་དུ་བཅུག་པ་ལ་ནི་ན་སྨད་དོ། །ཞེས་སོ། །བམ་པོ་ལྔ་བཅུ་པ་ལས། ལྐོག་ནས་བརྒྱུད་པས་བྱེད་དུ་བཅུག་པ་ལ་ནི་ན་སྨད་དོ། །ཞེས་སོ། །དེས་ན་གསོད་པ་དང༌། རང་གི་དོན་དུ་རྐུ་བ་ལས་གཞན་པའི་བཅོལ་ཡང་རྫོགས་པ་ཐམས་ཅད་ལ་བཅོལ་བ་མངོན་སུམ་ཞིག་དགོས་སོ། །བྱས་པ་ལ་གཉིས་སུ་དབྱེ་སྟེ། རིན་པོ་ཆེ་ལ་རེག་པ་གཉིས། ས་བོན་སྐྱེ་འཇིག །མེ་ལ་རེག་པ། ཆུ་ལ་རྩེ་བ། ས་རྐོ་བ་རྣམས་མངོན་སུམ་དུ་བྱས་པ་ཞིག་དགོས་སོ། །ལྐོག་ཏུ་བྱས་པ་ལ་མངོན་པར་ཞེན་པ་རྫོགས་པར་མི་འབྱུང་བའི་ཕྱིར་རོ། །དེ་དག་ལས་གཞན་པ་རྣམས་ལ་ལྐོག་ཏུ་བྱས་ཀྱང་ལྟུང་བ་རྫོགས་པར་རིགས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཞེས་པ་ནི་དེའི་ཡན་ལག་སྟོན་པ་ཞུ་བའོ། །ཕལ་ཆེ་བ་སྤྱིར་བསྟན་པ་ཞེས་པ་ནི་སྤྱིར་བསྟན་པ་ཡིན་གྱི། འགའ་ཞིག་སྤྱིར་མ་བསྟན་པ་ཡང་ཡོད་དོ། །ཡང་ན་རྣམ་འབྱེད་དུ་གཏོགས་པ་ཤས་ཆེ་ཞིང༌། གཞིར་གཏོགས་པ་ཤས་ཆུང་བའི་བསླབ་པ་རྣམས་སྤྱིར་བསྟན་པའོ། །རྣམས་རྫོགས་སོ་སྟེ་དེ་ཐམས་ཅད་ཟིན་པའོ། །འདིར་སྨྲས་པ། དུས་གསུམ་བདེ་གཤེགས་བྱོན་རུང་མ་བྱོན་རུང་སྟེ་འཕགས་པའི་ཚོགས་ཀྱིས་རྟོགས་རུང་མ་རྟོགས་རུང༌། །ཐུབ་པ་རྣམས་ཀྱིས་གསུངས་རུང་མ་གསུངས་རུང་སྟེ་དགོངས་འགྲེལ་མཁན་པོས་བཀྲོལ་རུང་མ་བཀྲོལ་རུང༌། །དབུ་མའི་རང་བཞིན་སྤྲོས་པ་ཀུན་བྲལ་རྣམ་པར་དག་སྟེ་གདོད་ནས་འཕེལ་ཟད་མེད་པར་གྱུར། །འདི་ཡི་སྙིང་པོ་དྭགས་པོའི་བཀའ་བརྒྱུད་ཡིན་ཏེ་གཞན་དག་སྤྲོས་པའི་རང་བཞིན་ཉིད་དུ་གྱུར། །མཁའ་ལ་མེས་བསྲེགས་རླུང་གིས་གཏོར་རློམ་ཡང༌། །གནོད་པ་མེད་ཅིང་དེ་བཞིན་ཉི་མ་ལ། །སྤྲིན་གྱིས་སྒྲིབ་རློམ་འགྲིབ་པ་ག་ལ་སྲིད། །དེ་བཞིན་གདོད་མའི་དྭགས་བརྒྱུད་འགྱུར་འཇིག་མེད། །དངོས་དང་དངོས་མེད་(༣༣༥ན)


K8Z003_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་གནས་ལུགས་ནི། །མངོན་དུ་བྱས་པས་དངོས་དང་དངོས་མེད་ཚོགས། །མ་ལས་མཁྱེན་པའི་ཡེ་ཤེས་བླ་མེད་པ། །གང་ལ་ཡོད་པ་དྭགས་བརྒྱུད་ཁོ་ན་ཡིན། །ཐར་པའི་ལམ་མཆོག་རང་སེམས་མོས་གུས་འདི། །རྒྱལ་བ་དྭགས་པོ་སྐོར་བའི་ཐུགས་དང་ནི། །དབྱེར་མེད་སྐྱེ་བ་མེད་པར་གནས་པ་ཉིད། །བེམས་པོ་མ་ཡིན་རིག་པ་ཡང་མ་ཡིན། །དངོས་པོར་མ་གྲུབ་རྫུན་སྣང་དོན་བྱེད་མེད། །དངོས་མེད་མ་ཡིན་ཕྲིན་ལས་ཀུན་གྱི་བདག །རྟག་པར་མི་འགྱུར་ངོ་བོ་ཉིད་ཀྱིས་སྟོང༌། །ཆད་པར་མི་འགྱུར་མི་ཟད་རྒྱན་གྱི་བདག །སྐལ་ལྡན་སློབ་མའི་ལྷན་སྐྱེས་འབར་བ་འདི། །སྤྲོས་བཅས་སྤྲོས་མེད་ཤེས་པའི་ཡུལ་མིན་ཏེ། །རྒྱ་མཚོར་ཤར་བའི་གཟའ་སྐར་གཟུགས་བརྙན་རྣམས། །དར་ཚགས་ཇི་ཙམ་ཞིབ་ཀྱང་ཚགས་མེད་བཞིན། །མདོར་ན་རང་སེམས་དག་པའི་རྣམ་རོལ་ལ། །དྭགས་བརྒྱུད་ཆོས་ཉིད་མ་གཏོགས་མ་མཐོང་སྟེ། །གསེར་ལས་བྱས་པའི་རྒྱན་རྣམས་སྣ་ཚོགས་ཀྱང༌། །གསེར་ལས་མ་གཏོགས་རང་བཞིན་གཞན་མ་དམིགས། །རྣལ་འབྱོར་ཡེ་ཤེས་སྐྱེ་བའི་བཀའ་བརྒྱུད་ལ། །བག་ཆགས་གཟུགས་བརྙན་ལྟ་བུ་འཆར་བའི་སེམས། །མེ་ལོང་གཡའ་བྲལ་ལྟ་བུ་གསལ་བ་འདི། །རྟེན་མེད་སྟོང་ཆེན་ནམ་མཁར་ཐིམ་པ་འདྲ། །ཚེ་འདིར་ཆགས་སྡང་ང་རྒྱལ་དག་གིས་ཀུན་བླངས་ནས། །གཡོ་སྒྱུ་རྒྱགས་པའི་ཟོལ་ལ་གཙོ་བོར་སྤྱད་བྱས་ཀྱང༌། །ཐོས་པ་ལ་སོགས་ཡོན་ཏན་ཅུང་ཟད་ཙམ་རེས་ནི། །ཆུད་མི་ཟ་བར་ལོངས་སྤྱོད་འབྱུང་ན་ཆོས་བཞིན་དུ། །བསྒྲུབས་ན་དྭགས་པོའི་བཀའ་བརྒྱུད་ངོ་མཚར་འགྲན་མེད་པའི། །གོ་འཕང་ཐོབ་ནས་རང་གཞིན་དབུལ་བ་སེལ་བར་ངེས། །ང་རྒྱལ་ལ་སོགས་ཉོན་མོངས་མཉམ་པ་ལས། །ཐོས་པ་བག་ཙམ་བྱས་ཏེ་མི་ཆེན་བྱེད། །དགེ་བའི་གཟུགས་བརྙན་ཅུང་ཟད་སྤྱོད་(༣༣༥བ)


K8Z003_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི། །འབྲས་བུ་ཀུན་ཀྱང་ཚེ་འདིར་མི་བསླུ་ན། །འདྲེན་པ་དྭགས་པོ་སྐོར་བ་ལ་བཅས་ཤིང༌། །དམ་ཆོས་གཤའ་མར་སྤྱོད་ན་སྨོས་ཅི་དགོས། །ཐོས་པའི་གཟུགས་བརྙན་ཡོན་ཏན་དེ་ལྟ་ནའང༌། །སྒྲུབ་ལ་བརྩོན་པའི་ཡོན་ཏན་བློས་ཅི་དཔོག །བདག་པོ་རྩོད་མེད་ལུང་པ་སྟོང་པ་ན། །གཞན་མགོ་བསྐོར་བའི་ཚུལ་འཆོས་སྤྱོད་མེད་པར། །བླ་མ་མ་གཏོགས་གཞན་དྲིན་མེད་བྱས་ནས། །འཕྱ་ཟློས་མེད་པར་ཚུལ་ཁྲིམས་གཙང་ལྡན་པར། །ཐབས་ལམ་གནད་ཀྱི་མན་ངག་མ་འཆུགས་ཤིང༌། །བདེ་གསལ་མི་རྟོག་ཏིང་འཛིན་བརྟན་བཞིན་དུ། །གང་ཤར་སྤྲོས་བྲལ་ངང་ནས་ཐག་ཆོད་དེ། །བླ་མ་སྤྱི་བོར་སྒོམ་པའི་འདུལ་འཛིན་བདེ། །ཚིག་སྡེབ་ལེགས་ཤིང་བསམས་ན་དཔྱད་མཁས་ཀྱང༌། །ཉམས་སུ་མ་བླངས་ནང་ནས་མ་ཤར་བའི། །འཆད་རྩོམ་དེ་ལ་རྗེས་སུ་འཇུག་རྣམས་ཀྱང༌། །ཚད་མར་ངེས་པ་བླུན་པོའི་རྣམ་ཐར་ཡིན། །རྟོག་གེའི་ངོར་གྱུར་ཚིག་དོན་ཤེས་རབ་ལ། །ཞེན་མེད་བླ་མའི་མན་ངག་ཉམས་བླངས་ནས། །བག་ཆགས་འཇིག་པའི་སྟོང་ཉིད་གསལ་བར་འཆར། །དོན་མེད་པག་ཤིའི་གླུ་དབྱངས་ལྟ་བུ་ལ། །སྨིག་རྒྱུ་ཆུར་འཁྲུལ་བཞིན་དུ་ཐར་རློམ་པ། །འབད་པས་བསྒྲུབས་ཀྱང་འཁྲུལ་པ་མི་འཇིག་པས། །འཁྲུལ་པ་འཇིག་འདོད་བརྩོན་པར་བྱེད་པ་རྣམས། །ལུས་སྲོག་ འབེན ་དུ་ཚུགས་ལ་བྱ་བ་ཐོང༌། །ཆོས་བཞིན་བྱས་ལས་ཚ་གྲང་བཀྲེས་སྐོམ་སོགས། །མི་འདོད་སྣ་ཚོགས་ཐོག་ཏུ་བབས་ན་ཡང༌། །རང་འདོད་གྲུབ་པའི་དགའ་བ་བསྒོམ་པ་ནས། །ཟང་ཟིང་བྲལ་བ་དྭགས་བརྒྱུད་རྣམ་ཐར་ཡིན། །སངས་རྒྱས་དྭགས་པོའི་བཀའ་བརྒྱུད་ཀྱིས། །ཚེ་འདིར་སྦྱངས་པ་མི་དགོས་ཏེ། །སྤྲུལ་པས་སྤྲུལ་པའི་བརྒྱུད་འཛིན་ཕྱིར། །སངས་རྒྱས་ཉིད་ཀྱི་མཛད་པ་ཡིན། །ཚེ་འདིར་སྦྱངས་པ་མ་བྱས་ན། །(༣༣༦ན)


K8Z003_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པར་མི་འགྱུར་ཟེར། །སངས་རྒྱས་དྭགས་པོ་སྐོར་བ་ལ། །ལོག་རྟོག་སྐྱེས་པ་ཐམས་ཅད་ཀུན། །སངས་རྒྱས་བསྟན་དང་མཇལ་བཞིན་དུ། །སངས་རྒྱས་བསྟན་ལ་མི་མོས་པ། །སྐལ་བ་ཤིན་ཏུ་ངན་པར་གོ། །དེ་ལ་བཅོས་མིན་སྙིང་རྗེ་སྐྱེས། །བྱིན་རླབས་མཉམ་མེད་དྭགས་བརྒྱུད་ཀྱི། །ཡེ་ཤེས་ངང་གི་ཤར་བ་ལ། །འདི་བྱ་ཏིག་པོ་མི་དགོས་སོ། །སྦྱོར་དངོས་རྗེས་གསུམ་གོ་རིམ་མེད། །བྱིན་རླབས་འཆར་དུས་གློད་ནས་བཞག །རྟེན་མེད་བར་སྣང་ལྟ་བུར་སོང༌། །རྣམ་ཤེས་ཡོད་རུང་མེད་ཀྱང་རུང༌། །གཡོ་མེད་ངང་ལ་བཅོས་མིན་གནས། །རང་བཞིན་འདི་འདྲར་གྱུར་པ་ལ། །རྡོར་སེམས་ལས་ནི་རྡོར་སེམས་འཕྲོ། །བྱང་ཆུབ་ལས་ནི་བྱང་ཆུབ་འཕྲོ། །ཕྱག་ཆེན་ལས་ནི་ཕྱག་ཆེན་འཕྲོ། །བླ་མ་དམ་པས་ཟིན་གྱུར་ན། །འདུག་ཀྱང་གྲོལ་ལ་སོང་ཡང་གྲོལ། །བསླབས་ཀྱང་གྲོལ་ལ་བསྒོམས་ཀྱང་གྲོལ། །བྱས་ཚད་ཉིད་ཀྱིས་གྲོལ་བར་འགྱུར། །རང་སེམས་དྭགས་བརྒྱུད་མེ་ལོང་ལ། །སྐྱབས་གནས་དྲི་མས་མ་བྱུགས་པས། །ཡེ་ཤེས་གཟུགས་བརྙན་འཆར་ཞིང་སྣང༌། །རྒྱུད་ལ་རྟོགས་པ་སྐྱེ་བ་ལ། །ཐོས་དང་ཤེས་རབ་ཉམས་མྱོང་རྣམས། །ཆེ་ཡང་འདྲ་ལ་ཆུང་ཡང་འདྲ། །མོས་གུས་ཡོད་པ་གཅིག་པུས་ཆོག །དྭགས་བརྒྱུད་བསྟེན་པ་ཁོ་ནས་གྲུབ། །རྟོགས་ལྡན་བླ་མ་མཉེས་པ་ཡི། །བྱིན་རླབས་སྟོབས་ཀྱིས་འཆར་བ་ལ། །སྤྲོས་པ་མཁན་པོ་བསྙད་འདོགས་ཕུང༌། །མདོར་ན་གཉིད་ཀྱིས་བསླད་པ་ལ། །འཁོར་བར་འཁོར་ཞིང་མྱ་ངན་འདས། །གཉིད་ཀྱིས་བསླད་པ་སངས་པ་ན། །འཁོར་བ་མེད་ཅིང་མྱང་འདས་མེད། །སུ་ཡང་མ་བཅིངས་སུ་མ་གྲོལ། །རྟོགས་པ་དེ་ལྟར་ཤར་བའི་ཚེ། །ཤེས་རབ་ཆེན་པོའི་སྐད་ཅིག་ལ། །ཆོས་ཀུན་མ་ལུས་ཁོང་དུ་ཆུད། །དེ་(༣༣༦བ)


K8Z003_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རྟོགས་པའི་ཡེ་ཤེས་དེ། །གང་ནས་ཀྱང་ནི་མ་འོངས་ལ། །གང་དུ་ཡང་ནི་མི་འགྲོ་སྟེ། །གར་ཡང་གནས་པ་མེད་པའོ། །བདེ་ན་རྗེ་བཙུན་དགྱེས་པར་མཛོད། །སྟོང་ན་ཤེས་པ་ཆད་དེ་སོང༌། །ཕྱག་རྒྱ་ཆེ་ལས་སྐྱེས་པ་ཡི། །ཡེ་ཤེས་དེ་ནི་འདི་ལྟར་ན། །གོམས་པས་འཆར་རྒྱུ་ཅི་སྟེ་ཡོད། །སྦྱངས་པས་ཤེས་པ་ག་ལ་སྲིད། །དེས་ན་བདག་གིས་རང་གི་སེམས། །འབྲས་བུ་ཆོས་ཀྱི་སྐུ་རུ་ཤར། །རང་སྣང་ཆོས་སྐུའི་འོད་དུ་ངེས། །ད་དེ་སངས་རྒྱས་ཡིན་པ་འདྲ། །དྭགས་པོའི་བརྒྱུད་པར་གཏོགས་པ་སྙམ། །དེ་ལྟར་རྟོགས་པའི་སྒོམ་ཆེན་ལ། །མཉམ་རྗེས་མེད་པ་སུ་ཡིས་ཁེགས། །ལམ་རྟགས་མེད་པའི་གཏན་ཚིགས་ཀྱི། །བློ་ཡིས་བྱས་པའི་བདེན་པ་དེ། །ཐོས་པ་ཆེ་བས་རྟོགས་པ་འདྲ། །ཆོས་སྐུ་ཤར་བའི་བདེན་པ་དེ། །བླ་མའི་བྱིན་རླབས་འབའ་ཞིག་ཡིན། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པ། །མཉམ་པར་བཞག་པའི་སྐད་ཅིག་གིས། །སྒྲིབ་པའི་ཚོགས་རྣམས་དྲུངས་ནས་འབྱིན། །ཡེ་ཤེས་ཡོད་ཚད་འཆར་བ་ལ། །པཎ་ཆེན་བོས་ནས་སྦྱང་མི་དགོས། །སྐད་གཉིས་སྨྲས་ནས་ཆོས་རྣམས་ལ། །འཁྲུལ་པ་སེལ་བའི་ངལ་བ་སོགས། །སོ་སྐྱེ་བཞིན་དུ་བྱེད་མི་དགོས། །བདེན་པ་མཐོང་བཞིན་དེ་ཡི་རྟགས། །གདུལ་བྱ་རྣམས་ལ་མི་སྟོན་པ། །དེ་ལ་འགའ་ཡིས་རྩོད་པར་གྲགས། །ཐོས་ཆུང་དེ་དག་འདིར་གསོན་དང༌། །ངེས་པའི་མདོ་སྡེ་མང་པོ་ལས། །རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས། །ཤིན་ཏུ་སྙིགས་མའི་དུས་འདི་རུ། །སོ་སོ་སྐྱེ་བོའི་སྐུར་བསྟན་ནས། །གདུལ་བྱ་ཤིན་ཏུ་མ་རུངས་པ། །ཐབས་རྣམས་སྣ་ཚོགས་བསྟན་པ་ནས། །ཐར་པའི་ལམ་དུ་འཇོག་ཅེས་པ། །འདི་འདྲ་གོ་བའི་སྨོན་ལམ་ཐོབ། །དེས་ན་བདག་གི་དགེ་བ་འདིས། །ནམ་མཁས་ཁྱབ་པའི་སེམས་ཅན་ཀུན། །(༣༣༧ན)


K8Z003_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཐེག་པའི་སྣོད་གྱུར་ནས། །ཀརྨ་ཕྲིན་ལས་མཉེས་བྱས་ཏེ། །ཕྱག་རྒྱ་ཆེན་པོར་འགྲུབ་གྱུར་ཅིག །བླ་མའི་ཡོན་ཏན་རྟགས་མཐོང་ཞིང༌། །སྐྱོན་རྣམས་གཅིག་ཀྱང་མ་མཐོང་བར། །དད་པའི་དབང་པོ་རྒྱས་པར་ཤོག །དྭགས་པོ་ལྷ་རྗེས་བདག་ཅག་ལ། །ཚིག་གཅིག་ཙམ་ཡང་མ་གསུངས་མོད། །འོན་ཏེ་ལུང་རིག་མན་ངག་ཀུན། །དབྱངས་ཅན་བཟང་པོས་ཤེས་པར་སྣང༌། །རྒྱུ་མེད་འབྲས་བུའི་རོ་མཆོག་མངར་པོ་འདི། །རྗེ་བཙུན་བླ་མ་བཞི་ལ་མཆོད་པ་འབུལ། །ཐུབ་བསྟན་ཡང་དག་གསལ་ལ་བོད་ལྗོངས་འདིར། །གཅིག་པུར་གྱུར་དེ་དབྱངས་ཅན་ང་མིན་སུ། །རྒྱས་འགྲེལ་ཉི་མའི་དཀྱིལ་འཁོར་ལས། ཞུ་བ་སྤྱིར་བསྟན་སྐབས་ཀྱི་རྣམ་བཤད་རྫོགས་སོ།། དགེའོ།


previousཞུ་བ་སྤྱིར་བསྟན་པ།no next