Nitartha Digital Library
Tibetan
 
no previousའགྲེལ་པའི་མཆོད་བརྗོད་དང་གླེང་གཞི།next

འགྲེལ་པའི་མཆོད་བརྗོད་དང་གླེང་གཞི།


K8Z006_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་རྒྱས་པར་སྤྲོས་པ་གྲུབ་བདེའི་དཔྱིད་འཇོ་ཞེས་བྱ་བ་བཞུགས་སོ། །


K8Z006_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་བྱང་ཆུབ་སྙིང་པོར་མཁའ་ལྟར་སྔོ་བའི་རྩྭ་ལ་སྐྱིལ་མོ་ཀྲུང་བཀོད་ནས། །འཆི་མེད་ཞི་བའི་སྟོབས་ཀྱིས་བདུད་བཞིའི་དཔུང་ལ་འཇིགས་པའི་ཀུ་ཅོ་རབ་ཏུ་སྦྱིན། །ཟབ་མོའི་བདུད་རྩིས་ཐུགས་བརྟས་བྱང་ཆུབ་ཤིང་ལ་འཛེགས་ནས་ཆོས་ཀྱི་རྔ་ཆེན་རྡུང་། །ཕྱིར་རྒོལ་འཇིགས་པར་བྱེད་པའི་ཆོ་འཕྲུལ་དང་ནི་ཕྱིར་མི་ལྡོག་པའི་གཏམ་བཟང་པོས། །སྐྱེ་རྒུ་མྱ་ངན་མུན་པ་དག་ལས་འདས་ཏེ་མཛད་པ་གཏུགས་མེད་དེ་ལ་དད། །བསོད་ནམས་ལེགས་བྱས་འདུས་པ་ཡོན་ཏན་སྣོད། །ཚུལ་ཁྲིམས་དག་པའི་བསུང་ལྡན་དགྲ་ཚོགས་བཅོམ། །ཤེས་རབ་དག་ཅིང་མཐུ་ལྡན་ཉན་ཐོས་མཆོག །ཤཱ་རིའི་བུ་སོགས་རྣམས་ཀྱི་ཡོན་ཏན་དྲན། །བསྟན་པའི་གཟི་(༢ན)


K8Z006_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་སྤེལ་བའི་དཔེ་བྱད་ཅན། །ས་ལ་བསོད་སྙོམས་ཐིགས་ཕྲེང་འགོད་བྱེད་པ། །མཚན་མེད་སྟོན་པ་གཉིས་པའི་ཕྲེང་བ་སྟེ། །འོད་སྲུངས་ལ་སོགས་གཏད་རབས་བདུན་དེ་མཚར། །ཆོས་ཀྱི་ཉི་མ་སྔོན་ཚེ་ལྷམ་མེའི་དུས། །མཚན་ཉིད་སྟོན་པའི་བསྟན་བཅོས་སྡེ་བདུན་འབེལ། །མཆོག་ཟུང་སྟོན་པ་ནོངས་པའི་རྗེས་རོལ་ཏུ། །དབང་ཐོབ་རྣམས་ཀྱིས་བྱེ་བྲག་བཤད་མཚོ་བགྲོས། །ཟག་མེད་ཤེས་བྱའི་གནས་ལ་འཇིགས་མེད་ཀྱི། །བློ་གྲོས་ནོར་ཅན་མང་པོས་གང་བཀླག་པ། །གཙུག་ལག་ཀུན་ཀྱང་དུད་རིས་ཇི་བཞིན་དུ། །འབབ་བར་ཉེ་བའི་དང་པོར་གང་འཆར་བ། །ཀུན་མཁྱེན་གཉིས་པ་ དབྱིག next hit་གི་གཉེན་དེ་ཡིས། །ཁ་ཆེ་བྱེ་སྨྲའི་ལུགས་ལ་ཆེར་སྦྱངས་ཏེ། །དགའ་ལྡན་གཤེགས་མཛད་རྗེ་བཙུན་འོད་ཙམ་དུ། །གཟིགས་ནས་ཆོས་ཀྱི་སྤྲིན་ཆེན་གྱུར་དེར་དད། །དེ་སྲས་སྒྲོལ་མས་རྗེས་བཟུང་བློ་གྲོས་(༢བ)


K8Z006_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། །གྲགས་པའི་བཤེས་གཉེན་ལ་སོགས་ཤེས་བྱའི་མིག །ཚད་མར་གྱུར་པ་རྣམས་ཀྱི་ཤེས་རབ་ནི། །ཕྲ་ཞིང་ཟབ་པའི་ཚུལ་ལ་འཁྲུལ་པ་མེད། །སྟོན་པ་བསྟན་འཛིན་བཅས་པ་དེ་ཀུན་གྱི། །གཉིས་མེད་ཡེ་ཤེས་གང་ན་ཅི་མཆིས་པ། །འོ་མ་དག་ལས་མར་ཉིད་ཕྱུངས་པ་བཞིན། །དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་རྣམ་རྒྱལ་གྱུར། །ཡོངས་རྫོགས་སངས་རྒྱས་བསྟན་པར་འཇུག་བྱེད་པ། །དོན་གྱི་སླད་དུ་མཚན་ནས་སྨོས་པ་ནི། །མཁན་པོ་ཆོས་གྲུབ་སེང་གེའི་ཞབས་པད་དེ། །བྱང་ཆུབ་སྙིང་པོའི་བར་དུ་སྦྱི་བོར་ལེན། །སངས་རྒྱས་གསུང་རབ་ཚིག་དོན་ཕལ་མོ་ཆེ། །དཔྱིས་ཕྱིན་དོན་གྱི་རྟོགས་པ་སྦྱིན་མཛད་པ། །ཀརྨ་པ་ཡི་ཕྲིན་ལས་དབང་པོ་དེའི། །ཞབས་སེན་ཟླ་བར་ཐལ་མོའི་ཀུནྡ་དགོད། །ཕྱི་ནང་གསང་གསུམ་རྒྱུད་སྡེའི་སྦས་དོན་བཅས། །མ་ནོར་ལམ་གྱི་ཕྱག་རྒྱ་བཀྲོལ་བ་པོ། །སྤྲུལ་བའི་སྐུ་མཆོག་བཀྲ་ཤིས་འོད་ཟེར་ཏེ། །གང་གི་ཞབས་རྡུལ་གཙུག་གི་ནོར་བུར་བྱེད། །ཡེ་ཤེས་གྲུབ་པའི་དངོས་པོ་མི་འཇིག་པ། །བྱིན་རླབས་སྟོབས་ཀྱིས་བཀའ་དྲིན་སྩོལ་བ་ནི། །གྲུབ་པའི་དབང་པོ་བཀྲ་ཤིས་དཔལ་འབྱོར་མཆོག །སྙིང་གི་དབུས་སུ་འབྲལ་མེད་དགྱེས་པར་རོལ། །བླ་མེད་ལམ་གྱི་ཤིང་རྟར་འགོམ་བཅུག་ནས། །མི་སློབ་ཟུང་འཇུག་གཞལ་ཡས་ཁང་མཆོག་ཏུ། །འཁོར་ལོའི་དབང་པོའི་སེང་ཁྲིར་འཇོག་བྱེད་པ། །རྒྱལ་མཆོག་སྤྲུལ་པའི་སྐུ་དེས་བརྩེ་བས་གཟིགས། །ཡོངས་འཛིན་ལྔ་ཡི་བཀའ་དྲིན་མཐུ་ཐོབ་ནས། །ཀརྨ་པ་ཡི་བསྟན་པ་འཛིན་པ་ལ། །སྐྱེ་བའི་ཁུར་ནོད་མི་བསྐྱོད་བཟང་པོ་དེས། །ཆོས་མངོན་མཛོད་ཀྱི་དམ་ཆོས་དགྲོལ་བར་བྱ། །དེའང་རང་རེའི་སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཐུགས་རྣམ་པར་གྲོལ། ཡང་དག་པའི་ཆོས་ཕྱིན་ཅི་མ་ལོག་པ་(༣ན)


K8Z006_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་ཟབ་དོན་སྔོན་ལྷ་དང་བཅས་པའི་འགྲོ་བ་སུས་ཀྱང་མངོན་སུམ་དུ་མ་གྱུར་པའི་གནས། རིགས་པ་ཆེན་པོའི་འོད་དང་འོད་ཟེར་གྱིས་གསལ་བར་བྱས་པ། རྩོད་པའི་གནས་སུ་འདུ་མི་བྱ་ཞིང་བརྗོད་སྤྲོས་དང་བྲལ་བའི་རང་བཞིན་ཅན། ཚིག་ལ་རྟོན་པ་མ་ཡིན་པར་དོན་ལ་རྟོན་པའི་བདེན་པར་གྲུབ་པ་ཁོ་ནར་འདོམས་ལ། སྐྱེ་བོ་ཐམས་ཅད་ཀྱིས་མཐོང་ན་མངོན་པར་དགའ་བས་ཡིད་དང་བར་བྱས་ཏེ། རྣམ་པར་རྟོག་པ་བཤུངས་པ་ཉིད་ཀྱིས་སེམས་ཀྱི་སྡིག་པ་དང་། ལྟ་བ་སྣ་ཚོགས་པའི་མདུད་པ་འཇིག་པར་བྱེད་པའི་སྒོ་ནས་ཡང་དག་པའི་ལྟ་པའི་གནས་སུ་གཞུག་པ། ཐུགས་བརྩེ་བའི་དབང་ཕྱུག་གིས་ཟབ་མོའི་ལེགས་དགུ་ཅོག་རྒྱུད་དག་པ་ལ་འཆར་དུ་བཅུག་ནས་རྩ་བ་རྣམ་པར་གཅོད་ཅིང་རྣམ་པར་ཐར་པ་ལ་འཇུག་པའི་འཕྲང་ཆེན་ལེགས་པར་བསལ་བར་མཛད་དེ། ཡེ་ཤེས་ཀྱི་ཚ་རླུང་གི་ཤུགས་ཀྱིས་སྡུག་བསྔལ་གྱི་གྲང་བའི་ནད་རྣམ་པར་གཞིག་པ་ལས་བདེ་བ་ཐོབ་པར་མཛད་པ། བདུད་ཀྱིས་བརྐམས་པའི་དད་པའི་མྱུ་གུ་ལ་བདུད་རྩིའི་ཆར་དུས་སུ་སྤྲོ་བ། གསང་བའི་གཏེར་གྱི་ཁ་བརྡོལ་བས་རྣམ་གྲོལ་ཡིད་བཞིན་གྱི་ནོར་བུ་རྩོལ་མེད་དུ་ཕབ་ནས། བྱང་ཆུབ་ཀྱི་འབྲས་བུའི་འབྱོར་པས་གཏམས་ཏེ། མུན་གླིང་དུ་སྣང་བ་དང་། ཆུ་ཀླུང་དུ་སྒྲོལ་བའི་རྫིང་དང་། ནད་པའི་ཚོགས་ཀྱིས་འདོད་པའི་སྨན་ཕན་བདེའི་རྩ་འཇིང་རྒྱུན་མི་འཆད་པའི་རྒྱུ་གཅིག་པུ། ནམ་མཁའི་མཐའ་དང་ཆོས་ཀྱི་དབྱིངས་ཀྱི་མཐའ་དང་། དེ་བཞིན་གཤེགས་པ་མཐའ་དག་གི་ཁམས་ཀྱི་མཐའ་དང་ལྷན་ཅིག་ཏུ་ཟག་པ་མེད་པའི་རོས་མྱོས་པའི་བདེ་བས་ཐེབས་པའི་སྐུ། པདྨའི་འདབ་མ་ལྟར་རངས་པའི་སྤྱན་ཅན་མཆོག་དེས་སྐྱེ་རྒུ་རྣམས་ལ་ཕན་པ་སྦྱིན་པའི་ཆེད་དུ་ཆོས་ཀྱི་འཁོར་ལོ་གྲངས་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཚད་ཀྱིས་གཞལ་བར་བྱ་(༣བ)


K8Z006_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བ་མ་ཡིན་པ་ཀུན་ཏུ་བསྐོར་བ་ལས། བདེན་པ་རྟོགས་པའི་ཤེས་རབ་ནི་འཁོར་བའི་རྩ་བ་དྲུངས་ནས་འབྱིན་བྱེད་དུ་གནས་པས་བརྗོད་པར་བྱ་བའི་ཆོས་མངོན་པ་དེ་ཉིད་རྗོད་པར་བྱེད་པའི་ཆོས་མངོན་པས་གསལ་བར་བྱེད་དགོས་ལ། དེ་ཡང་འཁོར་བ་ཀུན་ནས་ཉོན་མོངས་པའི་རྒྱུ་འབྲས་དང་། མྱང་འདས་རྣམ་པར་བྱང་བའི་རྒྱུ་འབྲས་ཀྱི་ཆོས་རྣམ་པ་བཞི་པོ་འདི་ལས་བརྩམས་པའི་དམ་པའི་ཆོས་མངོན་པའི་སྡེ་སྣོད་དུ་བཅད་པ་བཀའ་སྩལ་བར་མཛད་ཅིང་། དེ་དག་གི་དོན་ཚང་ལ་མ་ནོར་ཞིང་ལུས་པ་མེད་པ་སྡུད་པ་པོ་རྣམས་ཀྱིས་ལེགས་པར་བསྡུས་ནས་འཇིག་རྟེན་དུ་ཡང་དག་པར་གནས་པ་ལས། དུས་ཀྱི་དབང་གིས་བསྟན་པ་ལ་འཕེལ་འགྲིབ་སྣ་ཚོགས་སུ་གྱུར་པ་ན། བཀའ་ཡང་དག་པར་བསྡུ་བའི་གཞི་མངོན་པའི་སྡེ་སྣོད་རྣམས་ཉམས་པ་དེའི་ཚེ། དེ་བཞིན་གཤེགས་པ་ཉིད་ཀྱིས་ལུང་བསྟན་པ་དང་མཐུན་པར། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་previous hit དབྱིག next hit་གི་གཉེན་གྱིས་བསྟན་པ་རིམ་འཇུག་གི་དབང་དུ་མཛད་ནས། ཉན་ཐོས་སྡེ་པའི་གང་ཟག་ཏུ་ཞལ་གྱིས་བཞེས་པའི་ཚེ། སྡེ་པ་དག་གིས་ལྟ་སྒོམ་སྤྱོད་འབྲས་ཀྱི་གྲུབ་མཐའི་བསྟན་བཅོས་མང་དུ་བརྩམས་པ་ལས། རེ་ཞིག་དམ་པའི་ཆོས་ཐམས་ཅད་ཀྱི་རྩ་བ་མ་མོའི་གཞུང་ཡིན་པའི་ཕྱིར། བྱེ་བྲག་ཏུ་བཤད་པའི་མཚོ་ལས་བཏུས་པའི་ཆོས་མངོན་པའི་མཛོད་དམ་གཏེར་འདི་བརྩམས་པར་མཛད་ཅིང་། ཕྱི་ནས་ཕ་རོལ་ཏུ་ཕྱིན་པ་དང་། གསང་ཆེན་གྱི་ལམ་ལ་ཞུགས་པའི་ཚུལ་བསྟན་ནས་སངས་རྒྱས་ཀྱི་བསྟན་པ་ལ་བགྱི་བ་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་མོད། འོ་ན་འདིར་དགོས་པའི་དོན་གང་ཞེ་ན། དེས་མཛད་པའི་བསྟན་བཅོས་མངོན་པ་མཛོད་ཀྱི་དོན་འགྲེལ་བ་འདི་ཉིད་སྐབས་སུ་བབས་ཏེ། དེའི་ཕྱིར་བརྗོད་ན། བརྩམས་པའི་རྒྱུ་མཚན་གྱི་སྒོ་ནས་ལོ་རྒྱུས་བརྗོད་པ། གང་བརྩམ་(༤ན)


K8Z006_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་བསྟན་བཅོས་དངོས་ཀྱི་དོན་ཏོ། །དང་པོ་ནི། ཁོ་བོ་ཅག་བསྐལ་པ་དཔག་ཏུ་མེད་པའི་ཡང་དཔག་ཏུ་མེད་པའི་གོང་རོལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། དེ་བཞིན་གཤེགས་པ་གྲངས་མེད་པ་ལ་བསོད་ནམས་བསྐྲུན་པའི་མཐུ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པའི་སྙིགས་མ་ལས་ཆེར་སྙིགས་མར་སྐྱེས་ཀྱང་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་དང་མཇལ། སྤྲུལ་པའི་སྐུ་ཆེན་པོ་ལྔ་ཡོངས་འཛིན་དུ་བསྟེན་པའི་སྐལ་བ་རྙེད། སྡེ་སྣོད་གསུམ་རྒྱུད་སྡེ་བཞི་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་ཐོབ། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལྷ་དང་བདེ་བའི་ངོ་བོར་མྱོང་། དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་དཔའ་བོ་དང་རྣལ་འབྱོར་མ་དང་གྲུབ་པའི་སློབ་དཔོན་རྣམས་ཀྱི་དགོངས་པ་འགྲེལ་བ་ལ་རང་དབང་ཐོབ་པ་ཡིན་ནོ། །དེས་ན་དམ་པའི་ཆོས་འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་གང་བྱེད་པའི་ཉམས་སུ་ལེན་བྱའི་ལུང་རྟོགས་ཀྱི་དམ་པའི་ཆོས་ཀྱི་རྒྱུན་ནི། བཅོམ་ལྡན་འདས་ནས་བརྒྱུད་པའི་ཞལ་ལུང་འཛིན་པ་གྲོལ་བ་བརྙེས་པ་རང་གི་སློབ་དཔོན་གྱི་བར་དུ་ཆད་པ་མེད་པ་ཞིག་དགོས་ཏེ། དེ་མེད་པར་ཉམས་སུ་བླངས་ཀྱང་བསྟན་པ་རྒྱུད་ཆད་པས་བྱིན་རླབས་མི་འབྱུང་བའི་ཕྱིར་ལམ་དེ་ལ་སློབ་པ་སྐད་དུ་བྱས་ཀྱང་མངོན་པར་རྟོགས་པ་རྒྱུད་ལ་མི་སྐྱེ་བའི་རྒྱུ་ནི་དེ་ཉིད་ཡིན་ནོ་ཞེས་རླུང་ལྟར་དུ་གྲགས་སོ། །དེས་ན་དམ་པའི་ཆོས་མངོན་པ་མཛོད་གང་ལས་ཐོས་པའི་ཚུལ་བརྗོད་ན། ཆོས་འདི་བསྟན་པ་སྔ་དར་གྱི་དུས་རྩ་བ་འགྲེལ་པ་འགྲེལ་བཤད་དང་བཅས་པ་བསྒྱུར་ཅིང་འཁྲུལ་མེད་དུ་གཏན་ལ་ལབ་པར་མཛད་མོད། བསྟན་པ་ཕྱི་དར་གྱི་སྐབས་སུ་ནི་ཆོས་འདི་ཉིད་དར་ཞིང་རྒྱས་པར་མཛད་པ་པོ་ཇོ་བོ་སྨྲྀཏི་ཛྙཱ་ན་ལས་བྱུང་བའི་བཤད་རྒྱུན་གྱིས་དབུས་གཙང་ཁམས་གསུམ་དུ་ཁྱབ་པར་གྲགས་ཤིང་། དེ་(༤བ)


K8Z006_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱུད་པའི་བཤད་སྲོལ་བདག་གི་ཡོངས་འཛིན་ཆེན་པོའི་བར་དུ་བྱུང་ཡང་། བླ་བརྒྱུད་ཀྱི་ཡི་གེ་ཉམས་པས་རྔོག་ལོ་ཆེན་པོ་ནས་བརྒྱུད་པའི་རིམ་པ་ལྟར་བརྗོད་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་ཉན་ཐོས་སྡེ་པའི་སློབ་དཔོན་སྔ་མ་ལས་བརྒྱུད་པའི་རིམ་པ་ནི་སྨོས་མི་དགོས་ཏེ། ཅིའི་ཕྱིར་ཞེ་ན། སློབ་དཔོན་previous hit དབྱིག next hit་གཉེན་གྱིས་ཐེག་པ་མཐའ་དག་རང་གི་གཅེན་འཕགས་པ་ཐོགས་མེད་ལས་གསན་ཅིང་། དེས་རྗེ་བཙུན་བྱམས་པ་དང་། དེས་རྫོགས་པའི་སངས་རྒྱས་ལ་གསན་པ་ནི་ཤིན་ཏུ་བརྒྱུད་པ་ཉེ་བའི་དབང་དུ་བྱས་སོ། །སློབ་དཔོན་previous hit དབྱིག next hit་གཉེན་ནས། པཎ་ཆེན་བློ་བརྟན། སློབ་དཔོན་གང་སྤེལ། པཎ་ཆེན་ཤཱནྟི་པ། ཇོ་བོ་པུཎྱ་ཤཱི་ལ། རྔོག་ལོ། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་འགྲུས་སེང་གེ། མཆིམས་དོན་རྒྱལ་བ། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་བརྟན། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས། རོང་པ་ཆོས་རྒྱམ། ཉག་མ་བ་རིན་ཆེན། དམར་སྟོན་དཔལ་ལྡན་རིན་ཆེན། རོང་སྟོན་ཤཱཀྱ་རྒྱལ་མཚན། བཟོད་པ་བློ་རྒྱམ། བྱམས་ཆེན་རབ་འབྱམས་པ། སྙིགས་མའི་དུས་ཀྱི་ངུར་སྨྲིག་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། བླའི་ཉི་མ་པ་བདག་ཉིད་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞལ་སྔ་ནས་བདག་ལའོ། །གཉིས་པ་[གང་བརྩམ་པར་བྱ་བའི་བསྟན་བཅོས་དངོས་ཀྱི་དོན་]ལ། མཚན་ངོས་བཟུང་ཞིང་བསྒྱུར་བ་དང་། འགྱུར་གྱི་ཕྱག །གཞུང་གི་ཚིག་དོན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ཀོཥཱ་ཀཱ་རི་ཀཱ །བོད་སྐད་དུ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ། ཞེས་སོ། །གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་[གཞུང་གི་ཚིག་དོན་བཤད་པ་]ལ། མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ། བསྟན་བཅོས་ཀྱི་མཚན་དོན་བཤད་པ། དགོས་ཆེད་བསྟན་པ། བསྟན་(༥ན)


K8Z006_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཀྱི་ལུས་དངོས་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ཏོ། །དང་པོ་ལ། མཆོད་བརྗོད་ཡུལ་གྱི་སྟོན་པ་ངོས་བཟུང་། དེ་ལ་དོན་གཉིས་ཕུན་སུམ་ཚོགས་པའི་ཚུལ། དེ་ལྟའི་སྟོན་པ་ལ་ཕྱག་བྱེད་དགོས་པའོ། །དེའི་དང་པོ་ནི། རང་འགྲེལ་ལས། གང་ཞིག་ཅེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ནས་སྨྲས་པའོ། །ཞེས་དང་། དེའི་འགྲེལ་པར་གྲགས་བཤེས་ཀྱིས། གང་ཞིག་ཅེས་བྱ་བའི་སྒྲ་ནི་སྤྱི་སྒྲ་ཡིན་ཀྱང་། ཁྱད་པར་དུ་བྱས་པའི་ཕྱིར་ཁྱད་པར་ལ་འཇུག་པར་འགྱུར་ཏེ། དཔེར་ན། བྲམ་ཟེ་འདི་རྣམས་ཀྱི་ནང་ན་དཀར་ཤམ་པོ་གོས་དཀར་པོ་གྱོན་པ་གང་ཡིན་པ་དེ་ནི་ལྷ་སྐྱིད་ཡིན་ནོ་ཞེས་བྱ་བ་ལྟ་བུ་སྟེ། ཞེས་གསུངས་པའི་སྟོན་པར་གྱུར་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེའི་རང་བཞིན་ཡང་ངེས་པར་ན་ཆོས་ཀྱི་སྐུ་འབའ་ཞིག་སྟེ། ཇི་སྐད་དུ། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ། །ཞེས་འབྱུང་བ་ལྟར་ཡིན་ལ། དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་ཆོས་དབྱིངས་མི་མཉམ་པ་མེད་པ་ཉིད་དུ་གྲུབ་སྟེ། ཆོས་དབྱིངས་ཀྱི་ལུས་ལ་གཅིག་དང་ཐ་དད་པ་དང་བྲལ་བར་མཉམ་པ་ཉིད་དུ་གནས་པའི་ཕྱིར། དེ་ལྟར་ནའང་། འདིར་སྡེ་པའི་བསམ་པ་དང་བསྟུན་ཏེ་བརྗོད་ན། འཁོར་བཅས་ཟག་མེད་ཀྱི་ཕུང་པོ་ལྔ་པ་ཅན་ནོ། །འོ་ན་སྐུ་དེ་གང་ལ་བརྟེན་པའི་གཟུགས་སྐུ་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་སྡེ་པ་ལ་མ་གྲགས་ཤིང་། སྡེ་པས་གང་ལ་བདུད་རྩི་ཐོབ་པའི་ལུས་རྟེན་རྒྱལ་བུ་དོན་གྲུབ་ཀྱི་ཁོག་པ་ལྟ་བུ་ཡང་སྤྲུལ་པའི་སྐུར་མི་འཇོག་སྟེ། ལས་ཉོན་གྱི་རྣམ་སྨིན་དུ་འདོད་པའི་ཕྱིར་རོ། །འོ་ན་བརྟེན་པ་ཆོས་སྐུའི་རྟེན་གཟུགས་ཀྱི་སྐུ་དེ་བསྟོད་ཕྱག་གི་ཡུལ་ཡིན་ནམ་ཞེ་ན། ཁ་ཅིག །རྟེན་(༥བ)


K8Z006_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པ་བྱས་པས་བརྟེན་པ་ལ་གནོད་པ་བྱས་པའི་རིགས་པས། བརྟེན་པ་ལ་བསྟོད་ཕྱག་བྱས་པས་རྟེན་ལ་བསྟོད་ཕྱག་བྱས་པར་ཤུགས་ཀྱིས་ཐོབ་ཅེས་ཟེར། དེ་ལ་ཁ་ཅིག །དེ་ལྟར་ན། ཧ་ཅང་ཐལ་ཏེ། མཁར་གྱི་ནང་གི་རྒྱལ་པོ་ལ་བབས་ན་དེའི་ཚེ་མཁར་ལའང་བབས་པར་འགྱུར་བ་སོགས་མཚུངས་ཤིང་། དེ་ལྟར་ན་ནི་ཐུག་པ་དང་བྲལ་ལོ་ཞེས་ཟེར་རོ། །དེས་ན་སྔ་མ་ལ་མི་མཚུངས་ཏེ། རྟེན་ལ་གནོད་ན་བརྟེན་པ་ལ་གནོད་ཀྱང་ཕྱི་མ་བརྟེན་པ་སངས་རྒྱས་སུ་འཇོག་བྱེད་ཀྱི་ཆོས་ལ་བསྟོད་ཕྱག་བྱས་པས་བསོད་ནམས་འབྱུང་གི། རྟེན་ལ་དེ་ལྟར་བྱས་ཀྱང་དེ་མི་འབྱུང་སྟེ། རྟེན་བེམས་པོའི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལྟར་ན། མཆོད་རྟེན་དང་སྐུ་གཟུགས་ལ་བསྟོད་ཕྱག་བྱས་ཀྱང་བསོད་ནམས་མི་འབྱུང་བར་ཐལ། ཁྱོད་ཀྱིས་བརྗོད་པའི་རིགས་པ་མཚུངས་པའི་ཕྱིར་ཞེས་ཟེར་རོ། །དེ་ཡང་མ་གོ་བ་ཡིན་ཏེ། སྐུ་གཟུགས་ལ་ཕྱག་མཆོད་བྱས་པས་བསོད་ནམས་ཐོབ་པ་ནི་དེ་སངས་རྒྱས་སུ་འདུ་ཤེས་པའི་བློ་ལས་བསོད་ནམས་འབྱུང་བ་ཡིན་གྱི། གཟུགས་བེམས་པོའི་ཆ་ནས་བསྟོད་ཕྱག་བྱས་པས་བསོད་ནམས་ཐོབ་པ་མ་ཡིན་པའི་ཕྱིར། འོ་ན་སངས་རྒྱས་ཀྱི་གཟུགས་སྐུ་ཡང་ཆོས་སྐུ་ཡིན་པར་འདུ་ཤེས་པའི་ཆ་ནས་གཟུགས་སྐུ་ལ་བསྟོད་ཕྱག་བྱས་ན་བསོད་ནམས་འབྱུང་བའི་ཕྱིར། གཟུགས་སྐུ་བསྟོད་ཕྱག་གི་ཡུལ་དུ་གྲུབ་བོ་སྙམ་ན་ནི། ཆེས་མ་ཁྱབ་སྟེ། དེས་ཆོས་སྐུ་ལ་བསྟོད་ཕྱག་གི་ཡུལ་དུ་བྱས་ཀྱི། གཟུགས་སྐུ་ལ་དེར་མ་བྱས་པའི་ཕྱིར་ཞེས་ཟེར་རོ། །དེས་ན་ཕྱོགས་སྔ་ཕྱི་གཉིས་གང་བཟང་བ་ལ་བརྟགས་ཏེ་ཤེས་པར་བྱའོ། །འོ་ན་སངས་རྒྱས་ནི་ཆོས་སྐུ་ཁོ་ནས་རྣམ་པར་བཞག་ན། དགེ་སློང་ལ་སོགས་པའི་སྡོམ་པ་ཁོ་ན་དགེ་སློང་སོགས་སུ་འཇོག་དགོས་པར་ཐལ་བ་བསྒྲེ་བ་ལ་ནི་འདོད་དེ། དགེ་སློང་གི་དངོས་པོ་སོགས་(༦ན)


K8Z006_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ལ་མི་འདོད་པའི་ཕྱིར་ཏེ། གང་ཟག་ནི་སྡོམ་པའི་ཐོབ་རྒྱུ་ལས་ཐོབ་པའི་དངོས་པོ་མ་ཡིན་པའི་ཕྱིར། དེས་ན་བརྟེན་པའི་མིང་རྟེན་ལ་འདོགས་པ་གསེར་པ་དང་རྟ་པའི་ཐ་སྙད་བཞིན་ནོ། །དེས་ན་སློབ་མི་སློབ་ཀྱི་འཕགས་པ་ཡང་ཟག་མེད་ཀྱི་ལམ་ལ་འཇོག་དགོས་ཀྱི། གང་ཟག་ནི་ཁུར་འཁུར་བ་པོ་ལྟ་བུར་ཤེས་པར་བྱའོ། །མདོ་སྡེ་པས་གཟུགས་སྐུ་སངས་རྒྱས་མཚན་ཉིད་པ་ལྟར་ཁས་བླངས་པ་ཞིག་ཡོད་པ་ནི་ཞེ་འདོད་ལ། ལམ་གང་ཟག་མ་ཕྱེ་བའི་ཚེའམ། འོ་ན་སངས་རྒྱས་ཀྱང་གྲགས་པའི་དབང་དུ་བྱས་པའི་རྟེན་གྱིས་མཚོན་ནས་སྐྱབས་འགྲོའི་ཡུལ་ཙམ་དུ་བཞག་གི། དེས་ཀྱང་སངས་རྒྱས་དངོས་སུ་མི་འདོད་དེ། དེས་དེ་སྤང་བྱ་དང་ཟག་བཅས་སུ་འཇོག་པ་དེའི་གྲུབ་པ་ཡིན་པའི་ཕྱིར་རོ། །གཉིས་པ་[དོན་གཉིས་ཕུན་སུམ་ཚོགས་པའི་ཚུལ་]ལ། བདག་དོན་ཕུན་ཚོགས་ནི། ཚིག་རྐང་དང་པོས་ཏེ། དེ་ཡང་རང་འགྲེལ་ལས། འདིའི་འམ་འདིས་མུན་པ་བཅོམ་པའོ། །ཞེས་འབྱུང་ལ། དེ་ཡང་འདིའི་འམ་ཞེས་དང་། འདིས་ཞེས་པ་ལ། རྒྱལ་སྲས་མར། དྲུག་པའི་འབྲུ་མང་པོར་སྦྱར་ན་ནི་ལམ་གྱིས་བཅོམ་པའོ་ཞེས་ལམ་བྱེད་པ་པོ་ཡིན་པར་ཁོངས་ནས་དྲངས་སོ། །གསུམ་པའི་འབྲུ་མང་པོར་སྦྱར་ན་ནི་ལམ་གྱིས་ཞེས་བྱ་བ་བྱེད་པ་ཡིན་པར་ཁོངས་ནས་དྲངས་སོ། །ཞེས་གསུངས་ཏེ། འདིའི་འམ་ནི་དྲུག་པ་དང་། འདིས་ནི་གསུམ་པ་སྟེ། སྔ་མ་ལ་བྱེད་པ་འདས་པ་དང་། ཕྱི་མ་ལ་ད་ལྟ་བའི་སྒྲ་དང་བཅས་ཤིང་། གཉིས་ཀས་ཀྱང་དོན་གཞན་སྒྲིབ་པ་སྤངས་པའི་དོན་སྟོན་པའི་བསྡུ་བ་ཁོངས་ན་གནས་པ་སྟེ། འབྲུ་མང་པོ་པར་ཤེས་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། གལ་ཏེ་ཚིག་གཉིས་དག་གྱུར་ཏམ། །གལ་ཏེ་མང་པོར་གྱུར་པའང་རུང་། །དེ་རྣམས་ཚིག་གཞན་དོན་ལ་ནི། །འབྲུ་མང་། ཞེས་འབྱུང་བ་ཡིན་ནོ། །དེས་ན། བཅོམ་ལྡན་འདས་དང་། འདིའི་འམ་དང་འདིས་སྦྲེལ་བ་ན། བཅོམ་པ་པོ་ལམ་ལ་(༦བ)


K8Z006_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པས་ཀྱང་ཆོས་སྐུ་མི་སློབ་ལམ་ཁོ་ན་སངས་རྒྱས་སུ་འཇོག་པ་གསལ་བར་བྱས་པ་ཡིན་ནོ། །འདིའི་དང་འདིས་ཞེས་པ་གཉིས་མུན་པ་བཅོམ་ལུགས་ལ་ཚུལ་གཉིས་ཀྱིས་སྦྱོར་བར་བྱེད་དེ། འདིའི་ཞེས་པ་མུན་པ་དང་བྲལ་ལོ་ཞེས་པ་དང་། འདིས་ཞེས་པ་མུན་པ་ལ་གནོད་པ་བྱས་སོ་ཞེས་པའང་ཐོན་པ་ཡིན་ནོ་ཞེས་འཆད་དེ། རྒྱལ་སྲས་མར། གཞན་དག་ན་རེ། ཚིག་རྣམ་པར་སྦྱར་བ་གཉིས་རབ་ཏུ་བསྟན་པ་ཡང་བཅོམ་པ་ནི་གནོད་པ་དང་བྲལ་བ་དག་ཡིན་ནོ་ཞེས་བཅོམ་པའི་དོན་གཉིས་ཡོངས་སུ་བསྡུ་བའི་ཕྱིར་ཏེ། གང་གི་ཚེ། འདིའི་མུན་པ་བཅོམ་པ་ཞེས་ཚིག་རྣམ་པར་སྦྱོར་བ་དེའི་ཚེ་ནི། བཅོམ་པ་བྲལ་བའི་དོན་ཡིན་པར་བཟུང་སྟེ། འདིའི་མུན་པ་དང་བྲལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་གསུམ་པའི་འབྲུ་མང་པོར་སྦྱར་བ་དེའི་ཚེ་ནི་བཅོམ་པ་གནོད་པའི་དོན་ཡིན་པར་བཟུང་སྟེ། འདིས་མུན་པ་ལ་གནོད་པ་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཀུན་ལ་ཞེས་བྱ་བ་ཡང་། རྒྱལ་སྲས་མར། ཐམས་ཅད་ལ་ཞེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་ཉིད་ཀྱི་ཤེས་བྱ་ལ་སྟེ། མདོ་ལས། བྲམ་ཟེ་ཐམས་ཅད་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་མཆེད་བཅུ་གཉིས་ཇི་སྙེད་པ་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་འབྱུང་ལ། དེའི་ཕྱིར། ཤེས་བྱ་སྐྱེ་མཆེད་བཅུ་གཉིས་པོ་ཀུན་ལ་ཤེས་པ་འཇུག་པའི་གེགས་མུན་པ་བཅོམ་པ་ལ་སྦྲེལ་ལོ། །གང་སྤེལ་ལས། ཀུན་ལ་ཞེས་པས་སྤངས་པ་དང་། གཏན་ཞེས་པས་ཡེ་ཤེས་བསྟན་ནོ། །ཞེས་ཤེས་པར་བྱའོ། །གང་བཅོམ་པར་བྱ་བའི་མུན་པ་ནི་ཕྱི་རོལ་གྱི་མུན་པ་དང་འདྲ་བ་དཔེར་བཟུང་སྟེ། རྒྱལ་སྲས་མར། མུན་པ་ཞེས་བྱ་བའི་སྒྲ་ནི་མཚན་མོའི་མུན་པ་ཡིན་པར་གྲགས་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པའི་གཟུགས་ཡོད་པ་མཐོང་བའི་གེགས་སུ་གྱུར་པའི་ཕྱིར། སྐྱེ་བོ་ལོང་བ་དང་འདྲ་བར་བྱེད་པས་ན་མུན་པ་ཡིན་ནོ། །ཞེས་སོ། །ནང་གི་མུན་པའམ་(༧ན)


K8Z006_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་ལ་ནི། ཐར་པ་དང་། ཀུན་མཁྱེན་ལ་སྒྲིབ་བྱེད་གཉིས། དང་པོ་ལ་གཉིས། ཉོན་མོངས་དངོས་དང་། དེའི་འབྲས་བུ་ལས། དང་པོ་ནི། གང་ཟག་ལ་བདག་ཏུ་ལྟ་བའི་རྩ་བ་ཅན་གྱི་སྲིད་པའི་ཕྲ་རྒྱས་ཐོབ་པ་དང་བཅས་པ་རྣམས་སོ། །གཉིས་པ་ནི། དེས་ཀུན་ནས་བསླངས་པའི་ལས་རྣམ་སྨིན་སྡུག་བསྔལ་གྱི་བདེན་པ་སྟེ། དེ་གཉིས་ཀའང་འཁོར་བཅས་ཕུང་པོ་ལྔ་པ་ཅན་ནོ། །ཐར་པ་ནི། མདོ་སྡེ་པས་མེད་དགག་ལ་འདོད་ཀྱང་། འདིར་ནི་དངོས་པོ་ལ་རྣམ་པར་བཞག་གི། དེའི་ཚེ་ནི་བེམས་ཤེས་གང་རུང་དུ་ཁ་ཚོན་གཅོད་མི་ནུས་ཏེ། རྟག་དངོས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །ཅི་ལྟར། ཐར་པའི་ཐེག་གསུམ་གྱི་མྱང་འདས་གསུམ་ལ་ཡང་། རྗེས་མཐུན་པ་ལྷག་བཅས་དང་། མཚན་ཉིད་པ་ལྷག་མེད་དུ་འཇོག་དགོས་ཏེ། རྣམ་སྨིན་གྱི་སྒྲིབ་པ་ཡོད་མེད་དང་། ལས་ཀྱི་ནུས་པས་བརྫི་བྱ་ཡིན་མིན་གྱི་ཁྱད་པར་ལས་ཤེས་དགོས་པའི་ཕྱིར། མྱང་འདས་མཚན་ཉིད་པ་གསུམ་གར་ཡང་སྡེ་པའི་ལུགས་ལ་ད་ལྟ་བ་དང་མ་འོངས་པའི། ཉོན་མོངས། ལས་དང་། རྣམ་སྨིན་སྒྲིབ་གསུམ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་དང་། ལྷག་མེད་དུ་ཞུགས་པ་ན་དེ་གསུམ་ག་ལ་ཡང་སྟོབས་སོགས་ཀྱི་ཡོན་ཏན་མེད་མཉམ་དུ་བཤད་ཀྱང་། མྱང་འདས་དེ་མངོན་དུ་བྱེད་པ་ལ་ནི་དཀའ་སླ་ཡོད་དེ། རང་རང་གི་མི་སློབ་ལམ་གྱི་སྤང་བྱའི་སྒྲིབ་པ་ལ་ཁྱད་པར་ཡོད་པའི་ཕྱིར་ཏེ། དམན་པས་ནི་ཉོན་སྒྲིབ་ཙམ་སྤངས་པས་དེ་མངོན་དུ་བྱེད་ཀྱི། ཅིག་ཤོས་ཀྱིས་ནི་ཤེས་སྒྲིབ་སྤངས་པས་དེ་མངོན་དུ་བྱེད་པའི་ཕྱིར་རོ། །གཉིས་པ་[ཀུན་མཁྱེན་ལ་སྒྲིབ་བྱེད་]ནི། འོ་ན་ཤེས་བྱའི་སྒྲིབ་པའི་རྣམ་པར་བཞག་པ་དེ་ཐེག་དམན་གྱི་ལུགས་ལས་འབྱུང་ངམ་ཞེ་ན། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པའམ་མ་རིག་པ་ནི། རང་འགྲེལ་ལས། འདི་ལྟར། དེ་དག་ལ་སངས་རྒྱས་ཀྱི་ཆོས་དང་། ཡུལ་དང་། དུས་ཤིན་ཏུ་བསྐལ་བ་དང་། དོན་རབ་ཏུ་དབྱེ་བ་མཐའ་ཡས་པ་རྣམས་ལ་(༧བ)


K8Z006_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ཡོད་པ་ཉིད་དོ། །ཞེས་པས། ཡེ་ཤེས་ཀྱི་འགལ་ཟླའི་མི་མཐུན་ཕྱོགས་ཀྱི་སེམས་བྱུང་རྨོངས་པ་ལ་འཆད་དགོས་ཏེ། སངས་རྒྱས་ཀྱི་ཆོས་ནི་མ་འདྲེས་པ་ལ་སོགས་ངོ་བོ་ཉིད་ཀྱིས་ཤིན་ཏུ་ཕྲ་བར་གཞན་གྱི་ཤེས་རབ་ཏུ་མ་གྱུར་པའི་ཕྱིར། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། ཤཱ་རིའི་བུ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་ཤེས་སམ་ཞེས་དྲིས་པ་དང་། གནས་བརྟན་ཤཱ་རིའི་བུས། བཅོམ་ལྡན་འདས། དེ་ནི་མ་འཚལ་ཏེ། ཞེས་དང་། གཟུགས་ཅན་རྡུལ་ཕྲ་རབ་བསགས་པ་དང་། རྣམ་རིག་བྱེད་མིན་དང་། གཟུགས་ཅན་མིན་པ་རྟེན་ཡུལ་དང་། རྒྱང་རིང་པོས་ཆོད་པས་ཤིན་ཏུ་བསྐལ་པའི་ཕྱིར་མི་ཤེས་པ་ནི། ཇི་སྐད་དུ། གནས་བརྟན་མཽ་གལ་གྱི་བུས་རང་གི་མ་ཡུལ་ཤིན་ཏུ་བསྐལ་བ་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་དུ་སྐྱེས་པའི་ཡུལ་ཡོངས་སུ་མ་ཤེས་ཞེས་གྲག་གོ། །ཞེས་དང་། འདས་མ་འོངས་ཀྱི་འབྱུང་བ་འཇིག་ཆགས་དང་། སེམས་ཅན་གྱི་རྒྱུད་སོགས་དུས་བསྐལ་པའི་ཕྱིར་མི་ཤེས་པ་ནི། ཇི་སྐད་དུ། གནས་བརྟན་ཤཱ་རིའི་བུས་རབ་ཏུ་འབྱུང་བར་འདོད་པའི་མི། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་མ་མཐོང་ནས་བསྐྲད་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་ཐར་པའི་ཆ་དང་མཐུན་པ་གཟིགས་ཏེ། དེས་ནི་འདི་ཡི་ཐར་པ་ཡི། །ས་བོན་ཤིན་ཏུ་ཕྲ་བ་དག །ཚོན་དང་རྡོ་ཡི་གསེབ་ན་གསེར། །བག་ལ་ཞ་བ་ལྟ་བུ་གཟིགས། །ཞེས་གསུངས་ནས་མི་དེ་ཡང་རབ་ཏུ་ཕྱུང་ངོ་ཞེས་གྲག་གོ་ཞེས་སོ། །ཁམས་དང་འགྲོ་བའི་སྐྱེ་གནས་སོགས་བྱེ་བྲག་རབ་ཏུ་དབྱེ་བ་མཐའ་ཡས་པ་བསྐལ་པའི་ཕྱིར་མི་ཤེས་པ་ནི། ཇི་སྐད་དུ། རྨ་བྱའི་མདོངས་ནི་གཅིག་པུའི་ཡང་། །རྒྱུ་ཡི་རྣམ་པ་ཐམས་(༨ན)


K8Z006_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི། །ཀུན་མཁྱེན་མིན་པའི་ཤེས་བྱ་མིན། །དེ་ཤེས་པས་ནི་ཀུན་མཁྱེན་སྟོབས། །ཞེས་གསུངས་སོ། །དེ་དག་ནི་མི་ཤེས་པའི་རྒྱུ་བཞི་ཡིན་ཏེ། དེ་དག་ཁ་ཅིག་ལ་ནི་གཅིག །ཁ་ཅིག་ལ་ནི་གཉིས། ཁ་ཅིག་ལ་ནི་གསུམ། ཁ་ཅིག་ལ་ནི་བཞི་ཞེས་བྱ་བར་ཅི་རིགས་པར་སྦྱར་བར་བྱའོ། །ཞེས་གསུངས་ལ། སྔ་རབས་པ་ཁ་ཅིག །འདིར་དེ་དག་ཀྱང་ཁ་ཅིག་ལ་ནི་གཅིག་དང་། ཞེས་སོགས་ཀྱི་སྒྲས་ཉན་རང་དགྲ་བཅོམ་ཁ་ཅིག་ལ་གསུམ། གཉིས། གཅིག་ཙམ་ཤེས་པ་ཡོད་པར་ནི་བསྟན་གྱི། བཞི་ག་ཤེས་པ་ནི་སྟོན་པ་རྫོགས་སངས་འབའ་ཞིག་ལས་མེད་པར་བསྟན་ཏོ་ཞེས་ཟེར་བ་ཡང་གྲག་གོ། །དེ་ལྟར་ནའང་། ཐེག་པ་ཆེན་པོ་ནས་བཤད་པའི་ཤེས་བྱའི་སྒྲིབ་པ་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་། དེས་བཞག་པའི་ཡུལ་སྣང་དང་བཅས་པ་ནི་དམན་པའི་ལུགས་འདིར་ཤེས་སྒྲིབ་ཏུ་མི་འཇོག་སྟེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཇི་སྙེད་ཀྱང་སེམས་དང་སེམས་ལས་བྱུང་བའི་ངོ་བོར་འཇོག་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཕྱི་དོན་རྣམ་མེད་རྗེན་ཆར་དུ་འཛིན་པའི་ངོ་བོར་འདོད་པའི་ཕྱིར་རོ། །ཐེག་ཆེན་གྱི་ལུགས་ལ། ཤེས་སྒྲིབ་སྤངས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཡུལ་དོན་དམ་སྣང་མེད་དང་། ཡུལ་ཀུན་རྫོབ་སྣང་བཅས་སུ་མཁྱེན་ཅེས་པ་ཙམ་ཞིག་གྲགས་ཚོད་དང་བསྟུན་ཏེ་རྣམ་པར་འཇོག་གོ། །དེ་ལ་སློབ་དཔོན་ཟླ་བ་གྲགས་པ་སོགས་ཁ་ཅིག །ཤེས་བྱ་བདེན་པ་ནི་ཆོས་ཀྱི་དབྱིངས་ཡིན་པས། ཡེ་ཤེས་ཀྱིས་ཅི་ཡང་མཐོང་བ་མ་དམིགས་པའི་ཡེ་ཤེས་ཙམ་དུ་ཟད་དེ། སྣང་བ་དམིགས་བཅས་ཀྱི་ཡེ་ཤེས་ཡོད་ན་ཡེ་ཤེས་རྟོག་པར་འགྱུར་བའི་ཕྱིར། གཉིད་སད་པ་ན་རྨི་ལམ་གྱི་ཤེས་པ་ཡུལ་བཅས་མི་སྣང་བ་ལྟར། མ་རིག་པའི་གཉིད་སངས་རྒྱས་ཀྱི་སར་སད་པ་ན་འཁྲུལ་པ་ཀུན་(༨བ)


K8Z006_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཀྱི་སྣང་བ་དང་། དེ་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་པར་འདོད་དོ། །སློབ་དཔོན་ཡེ་ཤེས་སྙིང་པོ་སོགས་ན་རེ། དེར་ཀུན་རྫོབ་དང་དེ་མཁྱེན་པའི་ཡེ་ཤེས་མེད་པས་སངས་རྒྱས་ཀྱིས་གདུལ་བྱའི་སྣོད་མཁྱེན་ནས་ཆོས་བསྟན་པ་མེད་པར་འགྱུར་བའི་ཕྱིར། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མི་མཛད་པར་ཡང་འགྱུར་རོ། །གདུལ་བྱའི་བློའི་མེ་ལོང་ཡོངས་སུ་དག་པའི་ངོར་སངས་རྒྱས་ལ་ཡེ་ཤེས་མེད་ཀྱང་ཡོད་པ་ལྟར་གདུལ་བྱ་ལ་སྣང་བ་ནི་སྔོན་བྱང་སེམས་དུས་ཀྱི་སྨོན་ལམ་གྱི་དབང་གིས་ཡིན་ནོ་ཞེ་ན། སྔོན་གྱི་སྨོན་ལམ་འདས་པའི་རྒྱུས་ཕྱིས་ཀྱི་ཡེ་ཤེས་ཀྱི་འབྲས་བུར་དོན་བྱེད་པའི་ཕྱིར། ཡེ་ཤེས་རྫས་སུ་ཡོད་པར་འགྱུར་ལ། ཡང་ཡེ་ཤེས་ཀྱི་རྒྱུའི་ངོ་བོས་སྔར་འགགས་ཀྱང་དེའི་ནུས་པའི་རྒྱུན་རྗེས་སུ་འབྲེལ་བས་ཡེ་ཤེས་འབྱུང་བར་འདོད་ན། ནུས་པའི་རྒྱུ་སྐད་ཅིག་སྔ་མ་ལ་བརྟེན་ནས་སེམས་ཅན་གྱི་དོན་བྱེད་པའི་ཡེ་ཤེས་འབྲས་བུར་འབྱུང་ན་སྐྱོན་དེ་ཉིད་དུ་འགྱུར་ཞིང་། ནུས་པ་ད་ལྟ་བ་ལ་བརྟེན་ནས་ཡེ་ཤེས་འབྱུང་ན་དུས་མཉམ་པའི་རྒྱུ་འབྲས་སུ་འགྱུར་རོ། །ཅི་ནུས་པ་འཇོག་པའི་རྟེན་ཡང་མེད་དེ། སེམས་ཅན་གྱི་སེམས་ཀྱི་རྒྱུན་ནི་འགགས་ཤིང་གཟུགས་སྐུའི་སྣང་བ་ནི་གདུལ་བྱའི་ཤེས་རྒྱུད་ཀྱི་དབང་གིས་རེས་འགའ་བ་ཡིན་ལ། གཟུགས་དང་མི་ལྡན་པའི་འདུ་བྱེད་ནི་ཐ་སྙད་དུའང་རང་གི་ངོ་བོས་རྫས་སུ་མ་གྲུབ་ལ། ཆོས་དེ་དག་ལས་གཞན་པ་ནི་རྣལ་འབྱོར་བའི་རྒྱུད་དུ་མ་དམིགས་པའི་ཕྱིར། འོན་ཀྱང་ཡེ་ཤེས་རྟོག་པར་མི་འགྱུར་ཏེ། གཞལ་བྱ་ལ་འཁྲུལ་པས་མ་ཁྱབ་པ་གང་ཞིག །རྟོག་པ་ནི་གཞལ་བྱ་ལ་འཁྲུལ་པའི་ཆ་ནས་འཇོག་པ་ལས། སངས་རྒྱས་ཀྱི་ཡེ་ཤེས་འཁྲུལ་པ་ཐམས་ཅད་དང་བྲལ་བའི་ཕྱིར། ཞེས་ཟེར་ལ། ཕྱོགས་གཉིས་ཀ་ལ་རྒྱབ་བརྟེན་(༩ན)


K8Z006_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལུང་ཡོད་པར་འདྲ་ཡང་། ལུང་ལ་དྲང་ངེས་ཞུགས་པའི་ཕྱིར་སྔ་མ་བཟང་བར་མཁས་རྨོངས་ཀུན་ལ་གྲགས་སོ། །གཞན་ཡང་། སྡེ་པའི་ལུགས་ལ་སྣང་ཚུལ་ཀུན་རྫོབ་པ་རགས་པ་དང་རྒྱུན་གྱི་གནས་ཚུལ་དོན་དམ་པ་རྡུལ་ཕྲན་དང་སྐད་ཅིག་མའི་ངོ་བོར་གྲུབ་ལ། སོ་སྐྱེས་དེ་མི་ཤེས་པས་དེ་ཤེས་སྒྲིབ་ཏུ་འཇོག་སྟེ། དེ་ཉོན་མོངས་ཅན་གྱི་བློ་ནི་མིན། གནས་ཚུལ་ལ་རྨོངས་པའི་བློ་ནི་ཡིན། དེ་ཡིན་ན་དེ་ལས་ཁོས་མེད་པའི་ཕྱིར། འོ་ན་དེ་སྤོང་བའི་གཉེན་པོ་གང་ཞེ་ན། བདེན་བཞི་ལ་རྣམ་པ་བཅུ་དྲུག་གི་རྣམ་པར་ཤེས་པ་དེ་ཡིན་ནོ། །དེའི་ཚེ་མི་རྟག་པའི་རྣམ་པ་དེ་ནི་ཕྲ་བའི་མི་རྟག་པ་ལ་མི་འཇོག་སྟེ། ཕྲ་བའི་མི་རྟག་པ་རིག་པ་ལ་ཐེག་ཆེན་ནས་བཤད་པའི་ཆོས་ཀྱི་བདག་མེད་ཐུན་མོང་མིན་པ་རྟོགས་དགོས་པའི་ཕྱིར། འདིའི་ཕྲ་བའི་མི་རྟག་པ་ནི། སེ་གོལ་གཅིག་གཏོག་རིང་ལ་དུས་མཐའི་སྐད་ཅིག་རེ་བཞིའི་སྐད་ཅིག་གི་མི་རྟག་པ་རིག་པ་ལ་ཕྲ་བའི་མི་རྟག་པ་རྟོགས་པར་འཇོག་པ་དེའི་དབང་དུ་བྱས་པ་མ་ཡིན་ཏེ། ཡིན་ན་ཆོས་ཀྱི་བདག་མེད་ནི་ཆོས་དེ་དང་དེའི་ཆོས་ཉིད་ཀྱི་ཆ་ལ་འཇོག་ལ། སྐད་ཅིག་དེ་ནི་དངོས་པོ་ཆོས་ཅན་གྱི་ཆ་ཡིན་ཅིང་། དེ་ཉན་ཐོས་འཕགས་པས་ཀྱང་རིག་པའི་ཕྱིར། འོ་ན་ཕྲ་བའི་མི་རྟག་པ་ཆོས་ཀྱི་བདག་མེད་དུ་འཇོག་བྱ་ནི། སྐད་ཅིག་པ་ཉིད་ཀྱིས་རང་གི་ངོ་བོ་རང་དུས་སུ་མི་གནས་པ་ཉིད་ཀྱི་ཕྱིར། ཆོས་ཅན་སྐད་ཅིག་གི་ཆོས་དེ་རང་གི་ངོ་བོར་གྲུབ་པར་མ་ཐོབ་པའི་སྟོང་པ་ཉིད་དུ་སོང་བའི་དོན་ཅན་དེའོ། །དེས་ན། སྡེ་པ་དག་གི་ལུགས་ལའང་དོན་དམ་བདེན་པ་མཐའ་དག་མངོན་དུ་མ་བྱས་པར་མི་ཤེས་པའི་མུན་པ་གཏན་བཅོམ་པ་དེ་མི་འབྱུང་བ་ཡིན་ཏེ། ཤེས་བྱ་བདེན་གཉིས་ལ་སྒྲོ་སྐུར་མ་སྤངས་ན་ཤེས་བྱ་དེར་གཏོགས་ཀྱི་སྒྲིབ་པ་སྤང་མི་ནུས་པའི་ཕྱིར། དེས་ན་བདེན་པའི་རྣམ་པ་འདི་དག་གིས་ཉོན་མོངས་པ་ཅན་ཡིན་མིན་གཉིས་ཀའི་སྒྲིབ་པའི་(༩བ)


K8Z006_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་འགྱུར་རོ། །ཡང་ཤེས་སྒྲིབ་ཉན་རང་དགྲ་བཅོམ་གྱི་སྤོང་བའི་ཆ་གཞན་ཡང་ཡོད་དེ། དགྲ་བཅོམ་དབང་པོ་འཕོ་བའི་བར་ཆད་མེད་ལམ་གྱི་སྤང་བྱར་གྱུར་བའི་མི་ཤེས་པ་ཡོད་པའི་ཕྱིར་རོ། །ཡང་ཐེག་པ་ཆེན་པོ་ལ་གྲགས་པའི་གཟུང་འཛིན་གཉིས་སྟོང་གིས་ཁྱབ་པའི་ཆོས་ཀྱི་བདག་མེད་སྡེ་པས་མི་འདོད་ཀྱང་། ཉི་ཚེ་བའི་ཆོས་བདག་མེད་འགའ་ཞིག་དང་། དེ་མངོན་དུ་བྱས་པའི་ཐེག་པ་ཆེ་ཆུང་གི་འཕགས་པའང་ཁས་ལེན་ཏེ། ལྡོག་པ་གཞན་སེལ་དུ་གྱུར་པའི་ཆོས་རང་གི་ངོ་བོས་སྟོང་པའི་ཆོས་བདག་མེད་དང་། དེར་རྟོགས་པའི་འཕགས་པ་ཡང་ཁས་ལེན་པའི་ཕྱིར། འདིར་མུན་པ་དང་བྲལ་བའི་འགོག་པའི་རྫས་ལ་ཉོན་མོངས་པ་ཅན་ཡིན་མིན་གཉིས་འགོག་པའི་འགོག་པ་གཉིས་རྫས་གཅིག་གམ་ཐ་དད་ཅེ་ན། གསལ་བ་འདི་ལྟར་ཡིན་པས་སྐབས་འདིར་མ་བསྟན་མོད། དེ་ལྟར་ནའང་འོག་ནས། སྤང་བྱ་རིགས་ལྔའི་སོ་སོ་སོ་སོ་ཡིན། ཅེས་དང་། དེ་དག་བརྒྱད་ཅུ་རྩ་དགུ་ཞེས་དང་། འདུས་མ་བྱས་པ་ཉིད་ཁམས་ཞེས་བྲལ་རྫས་ཐ་དད་དུ་བཤད་པས་འདིར་ཡང་འགོག་རྫས་ཐ་དད་པར་གྲུབ་བོ་ཞེས་ཟེར་རོ། །ཁ་ཅིག་འདི་གཉིས་གཅིག་སྟེ། དབུས་མཐར། རྣམ་པར་དག་པ་རྣམ་གཉིས་ཀྱི། །ཡུལ་ནི་གཅིག་པུ་ཁོ་ནའོ། །ཞེས་བཤད་པས་ཤེས་སོ་ཞེས་ཟེར་བ་ལ། ཁ་ཅིག་དེ་དག་གཅིག་པར་མི་འཐད་དེ། ཐེག་པ་ཆེན་པོ་པས་ནི་བྲལ་བ་རྫས་སུ་ཁས་མི་ལེན་པའི་ཕྱིར་དང་། དེ་ནས་བཤད་པའི་དག་པ་གཉིས་དང་འདིའི་འགོག་པ་གཉིས་རྒྱ་ཆེ་ཆུང་གི་དབང་ལས་སྐབས་དོན་མི་འབྱོར་བའི་ཕྱིར། དེར་མ་ཟད་སྡེ་པ་ལྟར་ནའང་གཅིག་པར་མི་འཐད་དེ། གཅིག་པ་ལ་རྒྱུ་ཚོགས་གཅིག་གི་རྐྱེན་གྱིས་སྒྲུབ་པ་དང་ངོ་བོ་སྐྱེ་འགག་དུས་གཅིག་ཅར་བྱེད་པ་ཞིག་དགོས་པ་ལས། སྡེ་པས་འགོག་པ་དེ་གཉིས་ལས་དང་པོ་འདོད་ཅིང་གཉིས་པ་མི་འདོད་པའི་ཕྱིར་ཏེ་དེ་དག་འདུས་མ་བྱས་པ་དང་། ལྡན་པའི་རྫས་(༡༠ན)


K8Z006_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པ་གཉིས་ཐ་དད་ཅིང་གཉེན་པོ་བདག་མེད་གཉིས་ཐ་དད་པས་འགོག་པ་གཉིས་ཀྱང་ཐ་དད་པའི་ཕྱིར་རོ། །འོ་ན་སྐབས་འདིར་བསྟན་གྱི་མུན་པ་དེ་ཉན་རང་གིས་བཅོམ་མམ་མ་བཅོམ། མ་བཅོམ་ན་དེ་གཉིས་སྡུག་བསྔལ་མཐར་བྱས་པ་མ་ཡིན་པར་འགྱུར་ཏེ། མདོ་ལས། ང་ནི་ཆོས་གཅིག་མངོན་པར་མ་ཤེས་ཤིང་ཡོངས་སུ་མ་ཤེས་པར་སྡུག་བསྔལ་གྱི་མཐར་བྱེད་པར་མི་སྨྲའོ། །ཞེས་བཤད་པའི་ཕྱིར་རོ། །བཅོམ་ན་ནི་སངས་རྒྱས་ཀྱི་སྤངས་པ་ཐུན་མོང་མ་ཡིན་པར་མི་འགྲུབ་བོ་ཞེ་ན། གཉིས་པ་ལྟར་ཁས་བླངས་པས་དང་པོ་ལྟར་ཁས་བླངས་པ་ལ་བརྗོད་པའི་སྐྱོན་མི་འཇུག་ཅིང་། གཉིས་པ་ལྟར་ཁས་བླངས་པ་ལ་སྐྱོན་བརྗོད་པའི་ཉེས་པར་ཡང་མི་འགྱུར་ཏེ། འདི་སྐབས་ཀྱི་མུན་པ་ལ་གཉིས་སུ་བཤད་པའི་ཉན་རང་ཉོན་མོངས་པ་ཅན་གྱི་མུན་པའི་ངོ་བོ་ནི་ཐོབ་པ་ཆད་པའི་སྒོ་ནས་སྤོང་བས། མུན་པ་གཉིས་པ་ཡང་འདུན་པའི་འདོད་ཆགས་སྤངས་པའི་དབང་གིས་སྤོང་བར་འགྱུར་བའི་ཕྱིར། མདོ་ལས། དགེ་སློང་དག །མིག་ལ་འདུན་པའི་འདོད་ཆགས་སྤོངས་ཤིག་དང་། མིག་དེ་ཡང་སྤོང་བར་འགྱུར་རོ། །ཞེས་འབྱུང་ལ། ལུང་དེའི་དོན་ཉན་རང་ལྷག་མེད་ཀྱི་དགྲ་བཅོམ་པས། མིག་སོགས་ཀྱི་ཕུང་སོགས་སྒོམ་སྤང་མི་ཤེས་པའི་ཆ། ཉོན་མོངས་སྤངས་པའི་སྟོབས་ཀྱིས་རང་དགར་རྒྱུན་ཆད་པས་བརྟགས་མིན་གྱི་འགོག་པར་སོང་བ་ཡིན་གྱི། རྫོགས་སངས་ནི་ཕུང་སོགས་སྒོམ་སྤང་དང་དེ་ལ་ཡོད་པའི་མི་ཤེས་པའི་སྒྲིབ་པ་སྤོང་བྱེད་ལམ་གྱིས་ཐོབ་པ་བཅད་པའི་སྒོ་ནས་བརྟགས་འགོག་ཐོབ་པའི་ཆ་ནས་མུན་པ་ཕྱི་མ་རྫོགས་སངས་ཐུན་མོང་མིན་པའི་སྤང་བྱར་ཡང་གྲུབ་བོ། །ཡང་ཉན་རང་ལ་སྤངས་ཀྱང་རྒྱུད་ལ་ལྡན་པ་ཡོད་ཅིང་། དེ་བཞིན་གཤེགས་པ་ལ་ནི་སྤངས་ཟིན་རྒྱུད་ལྡན་མི་སྲིད་དེ། རྒྱལ་སྲས་མར། དེ་དག་གི་ཉོན་མོངས་པ་ཅན་བཞིན་དུ་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་(༡༠བ)


K8Z006_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྤངས་པ་ཁོ་ན་ཡིན་ན། དེ་ནི་སྤངས་ཀྱང་དེ་དག་ལ་མིག་ལ་སོགས་པ་བཞིན་དུ་ཀུན་ཏུ་འབྱུང་གི། སངས་རྒྱས་བཅོམ་ལྡན་འདས་ལ་ནི་སྤངས་ཟིན་ཕན་ཆད་ཀུན་ཏུ་མི་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར་བཅོམ་པའོ་ཞེས་ཁྱད་པར་དུ་བྱས་སོ། །ཞེས་དང་། རྩ་བར། གཏན་སྨོས་པ་དང་། རང་འགྲེལ་ལས། ཀུན་ལ་མུན་པ་བཅོམ་པར་ནི་འདོད་མོད་ཀྱི། གཏན་ནས་ནི་མ་ཡིན་ཏེ། ཞེས་འབྱུང་བའི་ཕྱིར། ལུང་དེ་དག་གི་དོན་དམན་པའི་དགྲ་བཅོམ་ལ་བདེན་པ་ལ་ལོག་པར་ཞུགས་པའི་རྐྱེན་ཅན་གྱི་ཉོན་མོངས་རྒྱུད་ལ་སྐྱེ་བ་མེད་ཀྱང་། ཡུལ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་རྒྱུད་ལ་སྐྱེ་བ་ཡོད་པས། ཡུལ་ཉེ་བའི་རྐྱེན་སོགས་ཀྱིས་དགྲ་བཅོམ་པ་ལས་ཉམས་པར་བྱེད་པས་སྤངས་ཀྱང་གཏན་བཅོམ་པ་མ་ཡིན་པས་ལྡན་པར་སོང་བའི་ཚུལ་དེ་ལྟར་རོ། །འོ་ན་ཉོན་མོངས་པ་ཅན་ཡིན་མིན་གྱི་མི་ཤེས་པའི་མུན་པ་སྤོང་བྱེད་ཀྱི་ལམ་ལ་ཞི་ལྷག་གི་རྣལ་འབྱོར་གཉིས་ལས། རྫོགས་སངས་ཀྱི་ལམ་དུ་འགྲོ་བའི་ཐུན་མོང་མིན་པའི་ཞི་ལྷག་དེ་བསམ་གཏན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་ལ། དེའི་ཚེ། ཕྱིན་དྲུག་དེ་དག་གི་ཐུན་མོང་མིན་པ་ལ་གེགས་བྱེད་ཀྱི། སྒྲིབ་པའང་ཉོན་མོངས་པ་ལས་ཤེས་བྱའི་སྒྲིབ་པ་ཉིད་གཙོ་ཆེ་ལ། མུན་པ་དེའང་སྤོང་བྱེད་ཀྱི་ལམ་དང་། སྤོང་བ་ནི་སངས་རྒྱས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་སོ། །དེ་ཡང་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་དེས་བྱེད་ལས་གཉིས་སུ་འགྱུར་ཏེ། གང་ཟག་གི་བདག་ལྟ་ལ་བརྟེན་པའི་ཉོན་མོངས་པའི་མི་ཤེས་པ་དང་། ཆོས་ཀྱི་བདག་ལྟ་ལ་བརྟེན་པ་ཉོན་མོངས་པ་ཅན་མིན་པའི་མི་ཤེས་པ་གཉིས་ཀ་སྤོང་བར་བྱེད་པའི་ཕྱིར། འོ་ན་ཕར་ཕྱིན་དེ་དག་ཀྱང་ཚོགས་གཉིས་ཀྱི་སྒོ་ནས་རྫོགས་པར་བྱེད་དགོས་ན། བསོད་ཚོགས་ནི་སྲིད་པ་ཐ་མ་པའི་དུས་སུ་རྫོགས་ཟིན་ལ། ཡེ་ཤེས་ཀྱི་ཚོགས་ནི་(༡༡ན)


K8Z006_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་ཏིང་གི་ཚེ་རྫོགས་པ་ཡིན་ཏེ། ཇི་སྐད་དུ། དེ་མ་ཐག་ཏུ་ཏིང་འཛིན་བློའི། །ཞེས་འབྱུང་བའི་ཕྱིར། ཚོགས་གཉིས་རྫོགས་པའི་མཐར་མི་ཤེས་པའི་རྒྱུ་བཞི་སྤོང་བྱེད་ནི། མི་སློབ་པའི་སར་སྟོབས་བཅུའི་ཡེ་ཤེས་ཉིད་ལ་འཇོག་སྟེ། སྔར་སློབ་ལམ་ན་མི་ཤེས་པའི་རྒྱུ་བཞིའི་ངོ་བོ་དང་འགལ་བའི་འཛིན་སྟངས་ཅན་གྱི་ཐམས་ཅད་མཁྱེན་པའི་ཤེས་རབ་མེད་པའི་ཕྱིར། འོ་ན་ཡེ་ཤེས་དེས་མི་ཤེས་པའི་འདས་ད་ལྟར་གྱི་ཐོབ་པ་གཅོད་ལ། མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའི་ཕྱིར། དེ་ལྟར་ན་སངས་རྒྱས་ཀྱི་སར་མི་ཤེས་པའི་རྒྱུ་བཞི་སྤོང་བའི་སྤང་གཉེན་ཡོད་པའི་ཕྱིར་སངས་རྒྱས་ལ་མི་ཤེས་པའི་ཐོབ་པ་དང་ལྡན་པར་འགྱུར་རམ་སྙམ་ན་མ་ཁྱབ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་མ་འོངས་པ་དེ་སྐྱེས་ཟིན་པ་དང་། དེའི་སྤང་བྱ་ད་ལྟར་བའི་ཐོབ་པ་འགགས་ཟིན་དུས་མཉམ་པའི་ཕྱིར། དཔེར་ན། སྒྲོན་མེ་མ་འོངས་པ་སྐྱེས་ཟིན་དང་། དེའི་འགལ་ཟླར་གྱུར་པའི་མུན་པ་ད་ལྟ་བ་བསལ་ཟིན་པ་དུས་མཚུངས་པ་བཞིན་མ་གྲུབ་བོ་སྙམ་ན། འོ་ན་མི་ཤེས་པའི་རྒྱུ་བཞི་སྤངས་པའི་ཡེ་ཤེས་སྐྱེས་པ་ན་ཆོས་ཅན། མི་ཤེས་པའི་ཐོབ་པ་བཅད་མ་ཟིན་པར་ཐལ། སངས་རྒྱས་ཀྱི་ཡེ་ཤེས་ད་ལྟ་བས་མི་ཤེས་པའི་ཐོབ་པ་ད་ལྟར་བ་གཅོད་དགོས་པ་ལ་མ་བཅད་པའི་ཕྱིར། འདོད་ན་དེའི་ཕྱིར། སངས་རྒྱས་ལ་མི་ཤེས་པའི་ཐོབ་པ་ལྡན་པར་ཁྱེད་རང་ལའང་འགྱུར་རོ། །དེས་ན་གཉེན་པོ་མ་འོངས་པས་སྤང་བྱ་ད་ལྟ་བ་སྤོང་བའི་གནོད་བྱ་གནོད་བྱེད་རྣམ་པར་བཞག་པ་བཞིན། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ཞེས་མ་འོངས་པ་དེས་རང་གི་མཚན་གཞི་འདུས་བྱས་ད་ལྟར་གྱི་གནས་སུ་སྐྱེད་པར་བྱེད་པ་ཡིན་ཅེས་བསྐྱེད་བྱ་སྐྱེད་བྱེད་ལའང་དེ་ལྟར་རྣམ་པར་འཇོག་པ་སྡེ་པའི་ལུགས་ཡིན་ནོ། །ཡང་སྐབས་འདིར་འདི་ཤེས་དགོས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་དེས་ཉོན་སྒྲིབ་སྤོང་བའི་གཉེན་པོ་ལྷུར་(༡༡བ)


K8Z006_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པ་ཅི་ཞེ་ན། ཉོན་མོངས་པའི་སྒྲིབ་པ་ནི་བདག་ཏུ་རྨོངས་པའི་རྩ་བ་ཅན་ཡིན་པས། དེ་སྤོང་བ་ལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དོན་གྲུབ་ལ། ཤེས་བྱའི་སྒྲིབ་པ་ནི་ཤེས་བྱ་ལ་རྨོངས་པའི་རྩ་བ་ཅན་ཡིན་པས་དེ་སྤོང་བ་ལ་གང་ཟག་གི་བདག་མེད་རྟོགས་པ་ཙམ་གྱིས་མི་ཆོག་སྟེ། དེ་སྤོང་བའི་དངོས་གཉེན་དུ་ངེས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྦྱོར་དགོས་པའི་ཕྱིར། ཐེག་ཆེན་ལྟར་ན། སློབ་པའི་སར་ཇི་ལྟ་ཇི་སྙེད་མཁྱེན་པའི་ཉེ་རྒྱུའི་ཡེ་ཤེས་ཀྱི་ཕར་ཕྱིན་ནི་མི་ཤེས་པ་སྟེ། ཤེས་སྒྲིབ་སྤོང་བྱེད་གཙོ་བོར་གྱུར་ལ། མི་སློབ་ལམ་དུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ལ་འཇོག་གོ། །ཐེག་པ་ཐུན་མོང་ལྟར་ན། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྒྲིབ་པའི་སྒྲིབ་གཉིས་སོ་སོར་བཅད་ནས་དང་པོ་སློབ་ལམ་དང་ཕྱི་མ་རྡོར་ཏིང་གིས་དངོས་རྗེས་སུ་སྤོང་བར་བཤད་ཅིང་། ཁྱད་པར་བསྟན་བཅོས་འདིར་སྟོན་པས་སྟན་གཅིག་གི་ཁར་ལམ་གསུམ་རྒྱུད་ལ་བསྐྱེད་ནས་ཉོན་མོངས་པ་ཅན་གྱི་མུན་པ་དང་ཉོན་མོངས་ཅན་མིན་པའི་འགོག་སྙོམས་སོགས་ཐོབ་བྱེད་ལ་སྒྲིབ་པའི་མུན་པ་ཡང་དུས་དེར་བཅོམ་ནས། གདོད་མི་ཤེས་པའི་རྒྱུ་བཞི་སྤངས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པར་བཤད་དེ། ཇི་སྐད་དུ། དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞིས་ཐོབ་ཕྱིར་རོ། །ཞེས་འབྱུང་བའི་ཕྱིར། ཡང་འདི་ལྟར་དོགས་ཏེ། འོ་ན་གཉིས་ཀའི་ཆ་ལས་རྣམ་གྲོལ་ལ་སྒྲིབ་བྱེད་ཀྱི་མི་ཤེས་པའི་སྒྲིབ་པ་ནི་སྟོན་པས་རྡོར་ཏིང་སྐྱེས་པ་ན་སྤངས་ན། ཉན་རང་དགྲ་བཅོམ་གཉིས་ཀའི་ཆ་ལས་རྣམ་གྲོལ་གྱིས་ཀྱང་སྤང་བྱ་མི་ཤེས་པའི་སྒྲིབ་པ་དེ་སྤངས་པས་ཉན་རང་གིས་མ་སྤངས་པའི་མི་ཤེས་པའི་སྒྲིབ་པ་སྟོན་པས་ཀྱང་མ་སྤངས་སོ་སྙམ་ན། མ་ཡིན་ཏེ། གཉིས་ཀའི་ཆ་ལས་རྣམ་གྲོལ་གྱི་ཉན་རང་གི་རྡོར་ཏིང་དེས་གཉིས་ཀའི་ཆ་ལས་རྣམ་གྲོལ་(༡༢ན)


K8Z006_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གེགས་བྱེད་ཀྱི་མི་ཤེས་པ་སྤངས་ཀྱང་ཤེས་བྱ་ཀུན་མཁྱེན་པ་ལ་གེགས་བྱེད་ཀྱི་ཤེས་སྒྲིབ་མ་སྤངས་པའི་ཕྱིར་ཏེ། རྡོར་ཏིང་དེས་མི་ཤེས་པའི་རྒྱུ་བཞི་གཏན་མ་བཅོམ་པའི་ཕྱིར། སྟོན་པས་ཀུན་མཁྱེན་ལ་གེགས་བྱེད་ཀྱི་མི་ཤེས་པའི་རྒྱུ་སོགས་གཏན་བཅོམ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིས་བརྙེས་སོ་ཞེས་བསྟན་ཏེ། རང་འགྲེལ་ལས། མི་ཤེས་པ་ནི་ཡང་དག་པའི་དོན་མཐོང་བ་ལ་གེགས་སུ་གྱུར་པའི་ཕྱིར་མུན་པ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཉེན་པོ་བརྙེས་ནས། ཤེས་བྱ་ཐམས་ཅད་ལ་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པའི་ཕྱིར། གཏན་ནས་ཡེ་བཅོམ་པ་སྟེ། དེའི་ཕྱིར་འདི་ནི་ཀུན་ནས་མུན་པ་གཏན་བཅེམ་པའོ། །ཞེས་སོ། །ཚུལ་འདི་ལ་སྔར་ཡང་དོགས་པ་བཅད་མོད། ད་དུང་ཡང་འདི་ལྟར་གླེང་སྟེ། སངས་རྒྱས་ཀྱི་ཡེ་ཤེས་མ་འོངས་པ་དེ་རང་ཉིད་མ་སྐྱེས་པའི་ཕྱིར། མི་ཤེས་པ་ད་ལྟ་བ་སྤོང་བའི་གཉེན་པོར་ཅིས་འགྱུར་ཞེ་ན། དེ་ལྟར་ན། ཁྱོད་ལ་སྡུག་བསྔལ་ཆོས་བཟོད་མ་འོངས་པ་དེ་རང་ཉིད་མ་སྐྱེས་པའི་ཕྱིར། དེ་སྐྱེ་བ་ལ་གེགས་བྱེད་ཀྱི་མཐོང་སྤངས་དེའི་གཉེན་པོ་མ་ཡིན་པར་འགྱུར་རོ། །འདོད་ན་དེ་གང་ལ་བྱེད། ཆོས་མཆོག་གི་ཡེ་ཤེས་སོ་སྙམ་ནི་མིན་ཏེ། འཇིག་རྟེན་པའི་ལམ་གྱིས་བདག་མེད་མངོན་རྟོགས་ཀྱི་སྤང་བྱ་སེལ་བར་མི་འོས་པའི་ཕྱིར། གཞན་ཡང་ཁྱོད་ལྟར་ན། སྣང་བ་མ་འོངས་པ་སྐྱེ་འགྱུར་དེ་རང་ཉིད་མ་སྐྱེས་པའི་ཕྱིར། མུན་པ་ད་ལྟ་བའི་སྤང་གཉེན་མ་ཡིན་པར་འགྱུར། འདོད་དོ་ཞེ་ན། འོ་ན་སྣང་བའི་དངོས་རྒྱུ་ད་ལྟ་བ་དེ་མུན་པ་ད་ལྟ་བ་དང་སྤང་གཉེན་དུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། མུན་པ་དང་མི་འགལ་བ་མུན་པའི་གཉེན་པོར་འཇོག་ན་ནི་དེར་བས། གལ་ཏེ་ཇི་སྐད་དུ། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤངས། །ཞེས་སྤང་གཉེན་(༡༢བ)


K8Z006_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་བ་ཁོ་ན་ལ་སྦྱོར་བ་མ་ཡིན་ནམ་ཞེ་ན། དེ་ནི་ཉོན་སྒྲིབ་ཁོ་ནའི་དབང་དུ་བྱས་ཀྱི། དེ་ལྟར་མ་བཤད་ན། མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་པ་དང་ཡང་འགལ་ལོ། །ཡང་ཉན་ཐོས་དགྲ་བཅོམ་ཉམས་པའི་ཆོས་ཅན་ཡོད་པས་ཉོན་མོངས་པ་ཅན་གྱི་མུན་པ་ཡང་གཏན་བཅོམ་པར་མ་སོང་བས་སྤངས་པ་ཉམས་སྲིད་ན། རང་སངས་རྒྱས་ཀྱང་དེ་དང་མཚུངས་སམ་སྙམ་ན་མི་མཚུངས་ཏེ། དེ་དགུ་དབང་པོ་རྣམ་དགུ་ཅན། །ཅེས་རང་སངས་རྒྱས་ལ་མི་གཡོ་བའི་ཆོས་ཅན་གྱིས་ཁྱབ་པའི་དབང་དུ་བྱས་པའི་ཕྱིར། རང་འགྲེལ་ལས། རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱང་ཞེས་པར། རྒྱལ་སྲས་སུ། མཆོད་པའི་ཕྱིར་རང་སངས་རྒྱས་ཞེས་བྱ་བའི་སྒྲ་གོང་དུ་སྨོས་སོ། །ཞེས་སོ། །སྤྱིར་སྡེ་པས་ཆོས་ཀྱི་བདག་མེད་མི་འདོད་པ་མིན་ཏེ། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ཕྱིར་དང་། དེ་བཞིན་ཉིད་ཀྱང་མི་འདོད་པ་མིན་ཏེ། སྡེ་པ་ལ་གྲགས་པའི་དངོས་པོའི་དེ་བཞིན་ཉིད་ཁས་ལེན་པའི་ཕྱིར། འདིར་འདི་ཤེས་པར་བྱ་སྟེ། བཤད་ཟིན་དེ་དག་ཏུ་རགས་པ་དང་རྒྱུན་རྫས་གྲུབ་པར་འཛིན་པ་ཤེས་[སྒྲིབ་]ཏུ་འཇོག་པ་དང་། དབང་པོ་འཕོ་བ་ལ་སྒྲིབ་པའི་སྒྲིབ་པ་ཤེས་སྒྲིབ་ཏུ་འཇོག་པ་དང་། གཞན་སེལ་གྱི་ཆོས་རང་གི་ངོ་བོས་མི་སྟོང་པར་འཛིན་པ་ཤེས་སྒྲིབ་ཏུ་འཇོག་པ་དང་། ཕུང་སོགས་སྒོམ་སྤང་ལ་ཤེས་སྒྲིབ་ཏུ་འཇོག་པ་དང་། ཕྱིན་དྲུག་ལ་གེགས་བྱེད་ལ་ཤེས་སྒྲིབ་ཏུ་འཇོག་པ་དང་། མཐར་གནས་ཀྱི་སྙོམས་འཇུག་སོགས་ཐོབ་པ་ལ་སྒྲིབ་བྱེད་ལ་ཤེས་སྒྲིབ་ཏུ་འཇོག་པ་དང་། མི་ཤེས་པའི་རྒྱུ་བཞི་ལ་ཤེས་སྒྲིབ་ཏུ་འཇོག་པའི་རྣམ་པར་བཞག་པ་ལས། མཆོད་བརྗོད་འདི་སྐབས་ཀྱི་ཉོན་མོངས་ཅན་མིན་པའི་མུན་པ་ཞེས་རྩལ་དུ་བཏོན་ཏེ་བཤད་པ་དེ་ནི་ཕྱི་མ་ཉིད་ཡིན་ལ། སྔ་མ་དེ་དག་ཀྱང་ཕྱི་མའི་མི་ཤེས་པ་འདི་ཉིད་དང་(༡༣ན)


K8Z006_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མཐུན་པར་ཁོངས་སུ་བསྡུའོ། །དེས་བདག་དོན་ཕུན་ཚོགས་བཤད་ཟིན་ནས། [གཉིས་པ་]གཞན་དོན་ཕུན་ཚོགས་ནི། ཁམས་གསུམ་པ་འདི་ཉིད་འགྲོ་བའི་བྱེ་བྲག་གིས་མཐོ་དམན་དུ་མར་འཇུག་པའི་འཁོར་ལོ། སའི་ཆ་མཐོ་བ་དང་དམའ་བར་འཕར་འབབ་བྱེད་པ་དང་འདྲ་བས་འཁོར་ལོ་སྟེ། དེ་ཉིད་ལྟ་བ་དང་ཐེ་ཚོམ་གྱིས་བསྐྱོད་པས་གཡོ་བའི་རང་བཞིན་ཡིན་པ་དང་། སྲེད་པའི་བརླན་པ་དང་བཅས་པས་ཀུན་ཏུ་ཆགས་པའི་གནས་ཡིན་པ་དང་། བརྒལ་དཀའ་བ་དང་། ཐར་བར་འདོད་ན་ཡང་སྐམ་སར་གནས་པ་སངས་རྒྱས་ཀྱི་ཆོས་བསྟན་པའི་རྗེས་སུ་ཞུགས་པ་ལ་བརྟེན་ཏེ་བརྒལ་དགོས་པ་བཞིས་འདམ་ལྟ་བུའོ། །འགྲོན་པ་ལྟར་མནར་མེད་ནས་སྲིད་རྩེའི་བར་དུ་རྒྱུ་བའི་འགྲོ་བ་ཐམས་ཅད་ལས། རིགས་དང་སྐལ་པར་ལྡན་པ་མ་ལུས་པ་ལ་ཆོས་བསྟན་པའི་ཕྱག་བརྐྱང་བས་སྐལ་བ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་ལ་བཀོད་པར་མཛད་པ་དེ་ཡང་། དཔེར་ན། བྲམ་ཟེ་རྣམས་ལ་སྟོན་མོ་བྱིན་ཅེས་པ་ལྟ་བུ་ཉེ་འཁོར་པའི་བྲམ་ཟེ་ལ་གོ་ཡི། འཛམ་གླིང་པ་ཡི་བྲམ་ཟེ་ལ་མི་གོ་བ་ལྟར་གདུལ་བྱར་གྱུར་པ་དག་ལའོ། །དྲང་ནི་དུས་གསུམ་ཆར་སྒྲ་གཅིག་གིས་བསྟན་པའོ། །གསུམ་པ་[དེ་ལྟའི་སྟོན་པ་ལ་ཕྱག་བྱེད་དགོས་པ་]ནི། དོན་བཞིན་ཡང་འཆད། སྟོན་པ་ཡང་ཡིན་པ་ལ་མུ་བཞི་ཡོད་དེ། སྔ་མ་ཡིན་ལ་ཕྱི་མ་མིན་པའི་མུ། ཕྱི་མ་ཡིན་ལ་སྔ་མ་མིན་པའི་མུ། གཉིས་ཀ་ཡིན་པའི་མུ། གཉིས་ཀ་མིན་པའི་མུའོ། །དང་པོ་ནི། སྟོན་པའི་ཉན་ཐོས་ཤཱ་རིའི་བུ་ལྟ་བུའོ། །གཉིས་པ་ནི། འོད་སྲུང་རྫོགས་བྱེད་ལྟ་བུའོ། །གསུམ་པ་ནི། སངས་རྒྱས་དང་། བཞི་པ་ནི། དེ་ལས་གཞན་པ་རྣམས་སོ། །དེ་ཡང་རང་འགྲེལ་དུ། མཇུག་དེ་ནི་སྟོན་པ་དེའི་དོན་སྟོན་པ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པས་འཁོར་བའི་འདམ་ལས་འགྲོ་བ་དྲངས་ཀྱི། རྫུ་འཕྲུལ་དང་དམ་པ་སྦྱིན་པའི་མཐུས་ནི་མ་ཡིན་ནོ། །ཞེས་པས་མུ་སྟེགས་ཀྱི་རྫུ་འཕྲུལ་ནི། ཉར་སྤྲུལ་(༡༣བ)


K8Z006_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རིག་བྱེད་རྒྱ་མཚོ་ནས་བཏོན་པ་དང་། རུས་སྦལ་དུ་སྤྲུལ་ནས་ཕྱི་ནང་གི་སྣོད་བཅུད་འདེགས་པ་དང་། ཕག་རྒོད་དུ་སྤྲུལ་ནས་དེ་གནོན་པ་དང་། རཱ་མ་གཉིས་སུ་སྤྲུལ་པ་ནི་ཨགྣིའི་བུ་ར་མ་དང་ཤིང་རྟ་བཅུ་པའི་བུ་འཕྲུལ་གྱི་རྒྱལ་པོ་ར་མཱ་ཎ་དང་ནག་པར་སྤྲུལ་པ་སྲིན་པོ་དང་། མི་ཡི་སེང་གེའི་གདོང་པ་ཅན་དང་། མིའུ་ཐུང་དུ་སྤྲུལ་ནས་ལྷ་མིན་ལ་ས་གོམ་པ་གང་སློང་བ་དང་། སངས་རྒྱས་ཤཱཀ་ཐུབ་མཛད་པ་བཅུ་གཉིས་དང་བཅས་ཏེ་སེམས་ཅན་གྱི་དོན་བྱས་སོ་ཞེས་ཟེར་བ་དང་། ངང་པ་ཅན་ཏེ་དྲག་པོ་འཁོར་ལོ་ཅན་གྱིས་ཀླ་ཀློ་འདུལ་བ་ཡང་ཁྱབ་འཇུག་གི་སྤྲུལ་པ་ཡིན་པ་དང་བཅུ། ཞེས་ཁྱབ་འཇུག་གི་མཛད་པ་བཅུ་པོ་དག་ནི་ཕལ་ཆེར་རྫུན་ཡིན་པས་འཁོར་བ་ལས་འདྲེན་མི་ནུས་ལ། རྫུན་མིན་པ་དག་སྲིད་ཀྱང་ཚུལ་དེ་འཁོར་བ་ལས་ཐར་བའི་ཐབས་མ་ཡིན་ནོ། །འོན་ཀྱང་སྟོན་པས་རྫུ་འཕྲུལ་སྟོན་པ་ནི་གདུལ་བྱ་འདུན་པར་བྱེད་པ་ཙམ་དུ་ཟད་ཀྱི། བྱེད་པ་དེས་དངོས་སུ་གྲོལ་བ་ནི་མ་ཡིན་ཏེ། དངོས་སུ་གྲོལ་བྱེད་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱི་སྒོ་ནས་ཆགས་སོགས་ལ་གཉེན་པོ་བསྒོམས་པས་རིམ་གྱིས་གྲོལ་བར་བྱེད་དོ། །དམ་པ་སྦྱིན་པ་ནི། ལྷ་ཆེན་པོས་རུང་བ་མ་ཡིན་པའི་གཞི་བཅུས་དམ་པ་སྦྱིན་པར་གྲགས་པ་ལྟ་བུའོ། །མཐུ་ནི་ནུས་པའི་ཁྱད་པར་ཏེ་བདུད་རྩི་རིལ་བུ་དང་རྐང་མགྱོགས་ལ་སོགས་པས་ཀྱང་རེ་ཞིག་འདིར་ཕན་པར་ཟད་ཀྱི། བདེ་བར་མི་ནུས་སོ། །ཡང་ན་མཐུ་ནི་གཉིས་ཀའི་མཇུག་སྡུད་དོ། །དེས་ན་དོན་བཞིན་སྟོན་པ་ལ་ཕྱག་འཚལ་བ་ནི་བསྟོད་པའི་མཆོད་པའོ། །དེ་ལྟར་བསྟོད་ཅིང་མཆོད་ནས། ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཞེས་ཏེ། དེ་ཡང་རྩོམ་པར་དམ་བཅའ་བའི་དགོས་དོན། བརྩམས་པ་མཐར་ཕྱིན་པ་དང་། འཇུག་སྒོ་ངོ་ཤེས་པའོ། །འོ་ན་བསྟན་བཅོས་རང་དེ་ཇི་ལྟ་བུ་ཞེ་ན། དོན་བདུན་གྱིས་ཤེས་པར་བྱ་སྟེ། ངོ་བོ་ནི། མིང་ཚིག་ཡི་གེར་སྣང་བར་ཐམས་ཅད་མཐུན་ཡང་ཞེན་ལུགས་ཐ་དད་པ་གསུམ་ལས། (༡༤ན)


K8Z006_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་སྨྲའི་ལུགས་ཀྱི་བསྟན་བཅོས་མཚན་ཉིད་པ་དངོས་སུ་དོན་གོ་བར་བྱེད་པ་ནི་མིང་དང་ཚིག་དང་ཡི་གེའི་ཚོགས། ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ་མི་ལྡན་པའི་འདུ་བྱེད། གཟུགས་ལ་སོགས་པ་ལས་རྫས་གཞན་པའོ། །དེས་དོན་ཇི་ལྟར་གོ་བར་བྱེད་ན། ངག་མིང་ལ་ཞུགས་ནས་དེས་དོན་གོ་བར་བྱེད་དེ། ངག་རྣམ་པར་ཤེས་པ་ལ་སྣང་བས་རྐྱེན་བྱས་ནས་རང་གི་རྒྱུད་ལ་ཡོད་པའི་མིང་ཡིད་ལ་སྣང་བར་འགྱུར་ལ། དེས་མིང་ཅན་གྱི་དོན་གོ་བར་བྱེད་པའི་ཕྱིར། སྒྲ་དང་ཡིག་འབྲུའི་གཟུགས་ནི་བསྟན་བཅོས་བཏགས་པ་བ་ཡིན་ཏེ། དེ་དག་རྫས་ཀྱི་དངོས་པོ་རང་གི་མཚན་ཉིད་པ་ཡིན་ཀྱང་དངོས་སུ་དོན་གོ་བར་མི་ནུས་པའི་ཕྱིར། མི་བླུན་པོ་ལ་བ་གླང་དུ་བརྗོད་པ་བཞིན་ནོ། །འདོགས་པའི་རྒྱུ་མཚན་ནི། བརྒྱུད་ནས་དོན་གོ་བར་བྱེད་པ་སྟེ། སྒྲ་དེ་ཉིད་ཀྱི་རྣམ་པ་ཡིད་ལ་སྣང་བ་བརྡ་བྱས་པས་དོན་གོ་བར་བྱེད་ལ། ཡིག་འབྲུའི་རྣམ་པ་སྣང་བ་ནི་དོན་གྱི་རྣམ་པ་སྣང་བ་ཡིན་པས་དེ་དག་རིམ་གྱིས་བརྒྱུད་པས་དོན་གོ་བར་བྱེད་པའི་ཕྱིར། དེ་དག་དངོས་སུ་བསྟན་བཅོས་སུ་མི་རུང་ངོ་། །དེས་ན་སྒྲ་དང་ཡིག་འབྲུའི་གཟུགས་ནི་རིམ་བཞིན་མིག་དང་ཡིད་ལ་སྣང་བའི་རྗེས་སུ་མིང་ཡིད་ལ་དྲན་པས་དོན་གོ་བར་བྱེད་པས་སྒྲ་ནི་བརྒྱུད་པ་ཉེ་ལ་ཡིག་འབྲུ་ནི་བརྒྱུད་པ་རིང་ཞེས་བརྗོད་དོ། །ཡང་གཟུགས་སྒྲ་ཕྱིའི་སྐྱེ་མཆེད་དང་། དེ་ལ་མིག་དང་རྣ་བའི་རྣམ་ཤེས་སྐྱེ་བ་དང་། དེ་ནས་སྒོ་ལྔའི་རྗེས་སུ་རྒྱུ་བའི་ཡིད་སྐྱེ་ལ། དེ་ནས་མིང་མངོན་པར་འདུ་བྱེད་པས་ཉེ་རིང་འདྲའོ་སྙམ་ན་མི་འདྲ་སྟེ། མིག་ཤེས་ཀྱི་རྗེས་སུ་རྒྱུ་བའི་ཡིད་ལ་གཟུགས་ཀྱི་སྤྱི་སྣང་ཡང་། སྤྱི་དེ་ལ་བསྟན་བཅོས་མ་ཡིན་ཅིང་ཉན་ཤེས་ཀྱི་རྗེས་སུ་རྒྱུ་བའི་ཡིད་ལ་སྒྲ་སྤྱི་སྣང་བ་(༡༤བ)


K8Z006_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བསྟན་བཅོས་ཡིན་པར་མདོ་སྡེ་པས་འདོད་ལ། དེས་ན་མིག་ཤེས་ཀྱི་རྗེས་སུ་རྒྱུ་བའི་ཡིད་དང་། མིང་མངོན་པར་འདུ་བྱེད་པ་དུས་མི་མཉམ་ལ། ཉན་ཤེས་ཀྱི་རྗེས་སུ་རྒྱུ་བའི་ཡིད་དང་མིང་མངོན་པར་འདུ་བྱེད་པ་དུས་མཉམ་པས་བརྒྱུད་པ་ལ་ཉེ་རིང་དུ་འགྱུར་བ་ཡིན་ནོ། །བཏགས་པའི་དགོས་པ་ནི། གཟུགས་སྒྲ་བསྟན་བཅོས་སུ་གོ་ནས་འཇུག་པ་ཡིན་ལ། དངོས་ལ་གནོད་བྱེད་ནི་མཚན་ཉིད་མ་ཚང་བའོ། །མདོ་སྡེ་པའི་ལུགས་ཀྱི་མིང་ཚིག་ཡི་གེའི་རྣམ་པ་ནི་དོན་རང་གི་མཚན་ཉིད་ཀྱི་རྫས་མ་ཡིན་ཏེ། རྣམ་པར་རྟོག་པའི་གཟུང་ཡུལ་ཡིན་པའི་ཕྱིར། སྟག་མགོ་དགུ་པའི་དོན་སྤྱི་བཞིན་ནོ། །མ་གྲུབ་བོ་ཞེ་ན། གྲུབ་སྟེ། རྣམ་པར་རྟོག་པའི་ཡུལ་མ་ཡིན་ན་རྟོག་པའི་ཡུལ་ལམ་དེའི་ཡུལ་ཅན་མི་རྙེད་པའི་ཕྱིར་མ་གྲུབ་པ་ཡང་མ་ཡིན་ལ། དོན་རང་མཚན་འཛིན་ན་རྣམ་རྟོག་ཏུ་མི་རུང་བས་མ་ངེས་པ་ཡང་མ་ཡིན་ནོ། །བོད་གང་དག་རྣམ་རྟོག་ལ་རྣམ་པ་མི་སྣང་བ་དང་། དོན་སྤྱི་ལ་རྣམ་པ་ཞེས་སོགས་ཀྱི་སྒྲ་སྦྱོར་བ་མདོ་སྡེ་པའི་ལུགས་ལ་མི་འབྱུང་ཟེར་བ་དེ་ཐམས་ཅད་ནི་རྒྱ་གར་ནས་བྱོན་པའི་ཨ་ཙཱཪྱ་ཆེན་པོ་རྣམས་ཀྱི་ཞལ་རྒྱུན་དང་བྲལ་བའི་རྣམ་འགྱུར་ཡིན་ནོ། །འོ་ན། ལུགས་འདིའི་བསྟན་བཅོས་ཀྱི་ངོ་བོ་གང་། དེས་དངོས་དོན་གོ་བྱེད་དུ་ཇི་ལྟར་བཞག་ཅེ་ན། དང་པོ་བསྟན་བཅོས་ནི། རྣམ་རྟོག་ལ་སྣང་བའི་སྒྲ་སྤྱིའི་རྣམ་པ་དེ་ཡིན་ལ། དེའང་འཆད་པ་པོའི་རྣམ་རྟོག་ལ་སྣང་བའི་བསྟན་བཅོས་སུ་གྱུར་པའི་སྒྲ་སྤྱི་དང་འདྲ་བར་ཉན་པ་པོའི་རྣམ་རྟོག་ལ་སྣང་བའི་སྒྲ་སྤྱིའི་འཇུག་པ་ཡིན་པས་བསྟན་བཅོས་རྫས་སུ་མེད་དེ། དཔལ་ཆོས་ཀྱི་གྲགས་པས། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་རང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཅེས་སོ། །དེས་ན་རྟོག་པ་དང་དངོས་པོ་ལ་གནས་ཤིང་མི་བསླུ་བ་དང་། (༡༥ན)


K8Z006_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དེར་མི་གནས་ཤིང་བསླུ་བ་ཡོད་པས་ཐར་པ་ཐོབ་བྱེད་དུ་འགྱུར་མི་འགྱུར་གྱི་བསྟན་བཅོས་ལའང་བཟང་ངན་འབྱུང་བ་ཡིན་ནོ། །གཉིས་པ་ལ། དངོས་དང་། ཞར་བྱུང་ལས། དང་པོ་ནི། སྤྱིར་རྣམ་རྟོག་ལ། སྒྲ་སྤྱི་དང་། དོན་སྤྱི་འཛིན་པ་གཉིས་ལས། སྒྲ་སྤྱི་ནི། སྒྲ་ཉིད་ཀྱི་བརྗོད་པས་སྒྲ་དེའི་དོན་སྤྱིར་ཡང་སོང་ལ། དོན་སྤྱི་ཡིན་ལ་སྒྲ་སྤྱི་མ་ཡིན་པ་རྣམ་རྟོག་ལ་བུམ་པ་སྣང་བ་ལྟ་བུ་མང་སྟེ། བརྡ་མ་གྲུབ་པའི་ཚེ་ན་དེ་གཉིས་ཡན་གར་བར་སྣང་ལ། གྲུབ་པའི་ཚེ་བུམ་པ་ནི་ཁ་གཡེལ་ཞབས་ཞུམ་པ་ཡིན་ནོ་ཞེས་གཉིས་ཀ་སྣང་ནས་མིང་དོན་གཅིག་ཏུ་བསྲེས་ཏེ་འཛིན་པའི་ལོག་ཤེས་ཞེས་བྱ་ལ། དེ་ལྟར་ནའང་དོན་དང་མིང་ངོ་བོ་གཅིག་ཏུ་བརྡ་བྱས་ནས་བུམ་པ་འོན་ཅིག་བརྗོད་པ་ན་གསེར་གྱི་ལྟོ་ལྡིར་བ་ཁྱེར་ཡོང་བ་ལྟར། དགེ་བ་སྒྲུབས་ཤིག་ཅེས་བསྟན་བཅོས་ཀྱི་བརྡར་བྱས་པས། གང་གིས་ལེགས་སྤྱད་བསྒྲུབ་པར་འགྱུར་བ་དེ་ལྟ་བ་ཉིད་དོ། །[གཉིས་པ་]ཞར་ལ་རྣམ་རྟོག་གི་འཛིན་སྟངས་གཞན་བཤད་པ་ནི། དངོས་པོ་ལ་འདྲ་བ་གཞན་འབྱུང་བ་དང་། ཡོད་པ་བར་མ་ཆད་པ་དང་། སོ་སོ་སྐྱེ་བོའི་བློ་ཞན་པ་གསུམ་ལ་བརྟེན་ནས་སྔ་ཕྱི་གཅིག་ཏུ་རྟོག་པར་བྱེད་པས། བརྡ་དང་ཐ་སྙད་ཀྱི་དུས་ཀྱི་བུམ་པ་གཅིག་ཏུ་འཛིན་ལ། དེ་ལྟར་འཛིན་པ་མེད་ན་བརྡ་བྱས་པ་དོན་མེད་དུའང་འགྱུར་རོ། །ཡང་རྣམ་རྟོག་གིས་རིགས་མཐུན་གཅིག་ཏུ་རྟོག་པར་བྱེད་དེ། ཡུལ་འདིར་གསེར་རིན་ཆེ་བར་མཐོང་བས་ཐམས་ཅད་དུ་རིན་ཆེ་བར་འཛིན་པ་ལྟ་བུའོ། །ཡང་རྣམ་རྟོག་གིས་སྣང་བཏགས་གཅིག་ཏུ་རྟོག་པར་བྱེད་དེ། ལྷས་བྱིན་གྱི་མཚན་གཞི་མངོན་སུམ་དུ་བྱས་པ་ན་རྟོག་པས་ཞེན་ངོའི་ལྷས་བྱིན་མཐོང་བར་རྟོག་བ་ལྟ་བུའོ། །གཞན་དག་མདོ་སྡེ་པས་ཡི་གེའི་རྣམ་པ་ཅན་གྱི་སྒྲ་རང་གི་མཚན་ཉིད་གཟུགས་ཀྱིས་བསྡུས་པར་ཡང་འདོད་དེ། ཚིག་གམ་མིང་ཡིན་དེ་དག་ནི། །(༡༥བ)


K8Z006_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དང་འདུ་བྱེད་དག་ཏུ་འདོད། །ཅེས་འཆད་དོ། །སེམས་ཙམ་པ་ནི། བསྟན་བཅོས་མཚན་ཉིད་པ་ཁྱད་པར་བཞི་ལྡན་ཏེ། ངོ་བོའི་ཁྱད་པར་ནི། ཡིད་ཀྱི་རྣམ་པར་ཤེས་པ་བཟུང་ཆར་གྱུར་པ་ཉན་པོའི་རྣམ་རིག་མིང་ཚིག་ཡི་གེའི་རྣམ་པར་འབྲེལ་བ་དང་འདྲིས་པར་སྣང་བའོ། །རྣམ་པའི་ཁྱད་པར་ཚིགས་སུ་བཅད་པའམ་རྐྱང་པར་སྣང་བའོ། །བྱེད་པའི་ཁྱད་པར་སློབ་མའི་བློ་གོང་ནས་གོང་དུ་ཁྱད་པར་དུ་བྱེད་པའམ་འདོད་པའི་དོན་སྟོན་པའོ། །རྒྱུད་ཀྱི་ཁྱད་པར་ནི་ཉན་པ་པོ་སློབ་མའི་རྒྱུད་ཀྱིས་བསྡུས་པའོ། །འོ་ན་ཉན་པ་པོའི་རྒྱུད་ཀྱི་རྣམ་རིག་དེ་འཆད་པ་པོས་ཇི་ལྟར་དུ་བརྩམ་དུ་རུང་ཞེ་ན། འཆད་པ་པོའི་རྣམ་རིག་གི་སྣང་བས་བདག་རྐྱེན་བྱས་ནས་ཉན་པ་པོའི་རྣམ་རིག་དེ་འདྲ་བར་ལྷས་བསྟན་པའམ་ས་ར་ཎའི་རྨི་ལམ་ལྟར་འཇུག་སྟེ། ཉི་ཤུ་པ་ལས། གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་དེས། །ཞེས་པ་དང་། འདྲེ་ལ་སོགས་པའི་ཡིད་དབང་གིས། །གཞན་གྱི་དྲན་ཉམས་འགྱུར་སོགས་བཞིན། །ཞེས་དང་། དེའི་འགྲེལ་བཤད་དུ་དུལ་ལྷས། དཔེར་ན། འདྲེ་ལ་སོགས་པའི་ངན་སེམས་ཀྱི་དབང་གིས་སྲོག་ཆགས་གཞན་དག་གི་དྲན་པ་ཉམས་པར་འགྱུར་བ་དང་། མཁའ་འགྲོ་མ་རྣམས་ཀྱི་གནོད་པའི་དབང་གིས་གཞན་དག་གི་སྙིང་གའི་ཁྲག་འབྱིན་པ་དང་། དེ་བཞིན་དུ། ལྷའི་བྱིན་རླབས་ཀྱིས་རྨི་ལྟས་སུ་མཐོང་བ་དང་། དེ་བཞིན་དུ། སྔགས་མཁན་གྱི་ཡིད་ཀྱི་དབང་གིས་འབྱུང་པོའི་གདོན་རྣམས་ཕམ་པར་འགྱུར་བ་དང་། དེ་བཞིན་དུ། ནམ་མཁའ་ལྡིང་གི་སྔགས་བྱེད་པའི་ཡིད་ཀྱི་དབང་གིས་དུག་སེལ་ཞིང་འཕོ་བར་འགྱུར་བ་ལ་སོགས་དང་། དེ་བཞིན་དུ། རྫུ་འཕྲུལ་དང་ལྡན་པའི་ཡིད་ཀྱི་དབང་གིས་གཞན་དག་གི་འགྱུར་བ་རྣམ་པ་མང་པོ་འབྱུང་བ་དང་། ཀ་ཏའི་བུ་ཆེན་པོའི་བྱིན་རླབས་ཀྱིས་ས་ར་ཎས་རྨི་ལྟས་སུ་མཐོང་བ་(༡༦ན)


K8Z006_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དཔེར་ན། དྲང་སྲོང་དགོན་པ་བ་རྣམས་ཀྱི་ཡིད་འཁྲུགས་པས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཕམ་པར་གྲགས་པ་དེ་བཞིན་དུ་ཞེས་སོགས་འབྱུང་བས་ཉན་པ་པོའི་རྒྱུད་ཀྱི་བསྟན་བཅོས་དེ་འདྲ་བ་འཆད་པ་པོའི་རྒྱུད་ཀྱིས་ཀྱང་བརྩམ་དུ་རུང་བ་ལ་གནོད་པ་ཅི་ཡང་མེད་དོ། །བཏགས་པ་བ་ནི་རྣམ་རིག་ཏུ་མ་གྱུར་པའི་མིང་ཚིག་གི་ཡི་གེ་ལ་བསྟན་བཅོས་སུ་བསྙད་པའོ། །འདིར་གཟུགས་སྒྲ་ཡང་མིག་དང་རྣ་བའི་རྣམ་ཤེས་ཉིད་ཡིན་གྱི། ཕྱི་རོལ་གྱི་དོན་དུ་གྲུབ་པ་ནི་མེད་དོ། །ཞེས་འདོད་དོ། །ངེས་ཚིག་ནི་འགྲེལ་པ་ལས། བསྟན་བཅོས་ནི་སློབ་མ་འཆོས་པའོ། །ཞེས་པས་སྤྱིར་སློབ་མའི་བློ་འཆོས་པ་ཡིན་ལ། བྱེ་བྲག་ཏུ་ཆོས་འདི་པའི་བསྟན་བཅོས་ནི་ཤཱསྟྲ་ཞེས་པའི་སྒྲ་ལས་ཤ་ཤཱ་ས་ན་ཞི་བར་བྱེད་པ་དང་། ཏྲ་ཏྲ་ཡ་ན་སྐྱོབ་པར་བྱེད་པ་ཡིན་པས་མཐོ་རིས་དང་ཐར་པ་དང་མཐུན་པ་སྟེ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པར་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །ཡང་འཆོས་པའི་དོན་ཚོགས་པར་དབྱུང་བ་འོས་བྱེད་ཡིན་ལ། དེ་ལ་མཁས་པ་དང་མྱ་ངན་ལས་འདས་པའི་ཚོགས་པར་དབྱུང་བར་འོས་པ་གཉིས་སོ། །དབྱེ་བ་ནི། སྤྱིར་མཁས་པའི་སྐྱེ་བོས་བསླབ་པའི་གཞིར་གྱུར་པའི་བསྟན་བཅོས་ནི་རིག་པའི་གནས་ལྔ་ཡིན་ལ། ཆོས་འདི་པའི་བསླབ་གཞི་ནི་ནང་རིག་པས་བསྡུས་པ་ཡིན་ནོ། །བསྡུ་བར། བསྟན་བཅོས་ལ་རྫས་སུ་གསུམ་དང་མིང་དུ་དགུ་སྟེ། གསུམ་ནི་ཕྱི་རོལ་པའི་རིག་བྱེད་ཀྱི་གསང་ཚིག་སྙན་ཁུང་ནས་སྙན་ཁུང་དུ་བརྒྱུད་པ་དང་། དེའི་རྟོག་གེའི་བསྟན་བཅོས་ནང་བ་ལ་རྒོལ་བར་བྱེད་པ་དང་། ཆོས་འདི་པའི་ཐར་པ་(༡༦བ)


K8Z006_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པས་བསྡུས་པའོ། །དགུ་ནི་རིམ་པ་ལྟར། ཐོས་པ་དང་། རྩོད་པ་དང་། སྒྲུབ་པ་ལྷུར་ལེན་པའོ། །དོན་མེད་པ་དང་། དོན་ལོག་པ་དང་། དོན་དམ་པའི་བསྟན་བཅོས་སོ། །ངན་གཡོ་དང་། སྙིང་རྗེ་མེད་པ་དང་། སྡུག་བསྔལ་ལས་ངེས་པར་འབྱིན་པའི་བསྟན་བཅོས་སོ། །རྣམ་གྲངས་ནི། སློབ་མའི་བློ་ཐར་པའི་རྒྱུར་འཆོས་པས་བསྟན་བཅོས་དང་། མདོ་སྡེའི་དོན་གསལ་བར་བྱེད་ཅིང་དགའ་བ་བསྐྱེད་པས་མདོ་སྡེའི་རྒྱན་དང་། སྐབས་ཀྱི་བརྗོད་བྱ་གསལ་བར་བྱེད་པས་རབ་ཏུ་བྱེད་པ་ཞེས་བཤད་དེ་རྣམ་གྲངས་སུ་མི་འགྱུར་བའི་སྐབས་ཀྱང་ཡོད་དོ། །ལྡང་ཚད་ནི། ཡི་གེ་དུ་མ་འདུས་པ་ན་མིང་། མིང་དུ་མ་འདུས་པ་ན་ཚིག །ཚིག་དུ་མ་འདུས་པ་ན་ཁམས་དང་དབང་པོ་ལ་སོགས་པ་སྡེ་ཚན་སོ་སོ་བ་སྟོན་པའི་རབ་ཏུ་བྱེད་པ་སྟེ། དུ་མ་ནི་གང་ཟག་གིས་འཇུག་པའི་དོན་རྫོགས་པར་སྟོན་པའི་བསྟན་བཅོས་སོ། །ཡང་ན། ཤེས་བྱ་ཇི་ལྟར་གནས་པ་དང་། དེ་ཇི་སྙེད་པ་ཕུང་པོ་ལ་སོགས་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་བྱར་སྟོན་པའི་སྒོ་ནས་རེ་རེ་ཙམ་སྟོན་པའི་རབ་ཏུ་བྱེད་པ་མ་ལུས་པ་སྟོན་པར་བྱེད་པས་ན་བསྟན་བཅོས་སོ། །ཡང་ན་དམིགས་པ་ཡུལ་དང་། སྤང་བྱ་སྒྲིབ་པ་དང་། སྤོང་བྱེད་གཉེན་པོ་དང་། སྤོང་བའི་གང་ཟག་དང་། ཐོབ་པའི་འབྲས་བུ་རྣམས་རེ་རེ་བ་དང་ཚང་བར་བསྟན་པའོ། །དགོས་པ་ནི། བསྡུ་བ་ལས་དྲུག་གསུངས་ཏེ། བསྟན་བཅོས་ལ་བརྟེན་ནས་ཡི་གེ་འབྲི་བ་ལ་སོགས་པའི་ཆོས་སྤྱོད་བཅུ་པོ་འབྱུང་བས་ཆོས་ཀྱི་དོན་མང་དུ་བྱེད་པར་འགྱུར་བ་དང་། སེམས་ཅན་མོས་པ་དག་འཇུག་པར་འགྱུར་བ་དང་། མདོའི་བསྟན་བཅོས་གོང་མ་གང་གི་དོན་དུ་བྱས་པ་དེ་ལས་གང་ཟག་གི་ཆ་རྐྱེན་མ་ཚང་བའི་དོན་ཉམས་པ་གསོ་བ་དང་། དེ་ཉིད་ལས་དོན་ཕྱོགས་གཅིག་ཏུ་འོས་པ་དག་འཐོར་བར་འགྱུར་བ་བསྡུ་བ་དང་། དོན་(༡༧ན)


K8Z006_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བར་དཀའ་བ་མདོ་ལས། ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པའི་དོན། ཕ་ལས། མ་སྲེད་པ། རྒྱལ་པོ་སྐྱེ་སྲིད་གྲུབ་པའི་རྣམ་ཤེས། གཙང་སྦྲ་ཅན་མཆོག་འཛིན་གཉིས། ཡུལ་འཁོར་སྐྱེ་མཆེད་དྲུག །འཁོར་ཡུལ་དང་བཅས་པའོ་ཞེས་འགྲེལ་པ་ཟབ་མོས་བཀྲོལ་བ་དང་། སྡེབ་སྦྱོར་གྱི་ཡི་གེའི་དབང་གིས་སམ་སྙན་ངག་གི་སྒོ་ནས་ཚིག་འབྲུ་མཛེས་པར་བྱེད་པའོ། །སྡོམ་ནི། དོན་མང་མོས་འཇུག་ཉམས་པ་གསོ། །འཐོར་སྡུད་ཟབ་གྲོལ་མཛེས་པ་སྐྱེད། །ཅེས་སོ། །སྤྱིར་བསྟན་བཅོས་རེ་རེ་བ་ལ་དེ་ཐམས་ཅད་ཚང་བའི་ངེས་པ་མེད་ཅིང་། འདི་ལ་དང་པོ་དང་། བཞི་པ་དང་། དྲུག་པ་སྟེ་གསུམ་ཡོད་པ་ཡིན་ནོ། །རྒྱུ་ནི། ངེས་པར་སྔོན་དུ་འགྲོ་བ་སེམས་པ་དང་ཤེས་རབ་ཡིན་ལ། ཕུན་སུམ་ཚོགས་པའི་རྒྱུ་སྙིང་རྗེ་སྟེ། ཇི་སྐད་དུ། ལུང་རིགས་དག་པ་དག་པའི་བློ། །སྙིང་རྗེ་བཏུལ་བའི་ཡིད་ཀྱིས་བྱས། །ཞེས་སོ། །བསྡུ་བར། སྔོན་གྱི་སློབ་དཔོན་ལ་ང་རྒྱལ་མི་བྱེད་པ་དང་། བདག་ཉིད་མི་སྒྲོག་པ་དང་། ཆོས་མཐུན་པ་ལ་བྱམས་པ་དང་། སེམས་ཅན་ལ་སྙིང་རྗེ་ཆེ་བ་སྟེ། ཡོན་ཏན་བཞི་དང་ལྡན་པས་སྦྱར་བར་བཤད་ལ། ཞེས་སོ། །དེས་ན་བསྟན་བཅོས་ཀྱི་རྣམ་པར་བཞག་པ་འདི་ནི་འཕགས་པའི་ཡུལ་དང་། གངས་ཅན་གྱི་ཁྲོད་དུ་སྔོན་ཅི་ལྟར་གྲགས་པ་ཙམ་དུ་བཤད་མོད། བསྟན་བཅོས་འདིའི་དོན་ཞིབ་མོ་རང་གི་འདོད་པ་ལ་ཇི་ལྟར་གནས་པ་ནི་རང་རང་གི་ཐད་དུ་འཆད་དོ། །གཉིས་པ་[ཚིག་གི་དོན་]ནི། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཆོས་མངོན་མཛོད་ཀྱི་བསྟན་བཅོས་རབ་བཤད་བྱ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཞིག་སྟེ། སངས་རྒྱས་དང་བཅོམ་ལྡན་འདས་འདི་ལ་མུ་བཞི་སྟེ། སངས་རྒྱས་ཡིན་ལ་བཅོམ་ལྡན་འདས་མ་ཡིན་པ་ནི། རང་སངས་རྒྱས་སོ། །(༡༧བ)


K8Z006_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཡིན་ལ་སངས་རྒྱས་མ་ཡིན་པ་ནི། སྲིད་པ་ཐ་མ་པའི་སེམས་དཔའོ། །གཉིས་ཀ་ཡིན་པ་ནི། སངས་རྒྱས་སོ། །གཉིས་ཀ་མིན་པ་ནི། ཕལ་པའོ། །བོད་གང་དག །འཇུག་པར་སངས་རྒྱས་འབྲིང་། ཞེས་པའི་མིང་རང་རྒྱལ་ལ་བསྙད་པས་ཉན་ཐོས་དགྲ་བཅོམ་ནི་སངས་རྒྱས་ཆུང་ངུའོ་ཞེས་ཟེར་བ་ནི་ཐེག་པ་ཆེན་པོའི་ཆོས་ཚུལ་མཐའ་ཡས་པ་མ་དཔོགས་པར་མ་ཟད། ཐེག་དམན་གྱི་གཞུང་འདི་ཀ་ཙམ་ཡང་མ་བཀླགས་པའི་རྣམ་འགྱུར་དུ་གོ་ལ། ཉན་རང་སོགས་གང་ཟག་རེ་རེ་ནས་སངས་རྒྱས་ཡིན་ལ། སྟོབས་ཆེ་ཆུང་གིས་མཆོག་དམན་དུ་ཕྱེ་བའི་དབུས་གཙང་གི་སྡེ་དཔོན་སོ་སོ་བ་བཞིན་ཡིན་ན་སངས་རྒྱས་འགྲན་ཟླ་མེད་པའི་ལས་ཅན་མ་ཡིན་པར་ཡང་ཐལ་ལ། འཇུག་པར་དེ་སྐད་འབྱུང་བ་ནི་རང་རྒྱལ་ལ་བསྟིང་ཚིག་མཛད་པ་ཁྱོད་ཀྱིས་མ་གོ་བར་རྒྱུ་མཚན་དེ་ཉན་ཐོས་དགྲ་བཅོམ་སངས་རྒྱས་ཆུང་ངུའོ་ཞེས་པ་དེ་གཏི་ཐུག་རིགས་བསྒྲེ་ཡིན་ལ། དེ་ལྟར་ན། རྫོགས་སངས་ལ་དཔའ་ཆེན་ཞེས་གྲགས་པས། རང་རྒྱལ་ལ་དཔའ་འབྲིང་། ཉན་ཐོས་དགྲ་བཅོམ་ལ་དཔའ་ཆུང་ངུའང་ཅིས་མི་འཇོག །ཕྱི་ནང་གི་སྐྱེ་མཆེད་ཀུན་ལ་ཉོན་མོངས་པ་ཅན་ཡིན་མིན་གྱི་མི་ཤེས་པའི་མུན་པ་གཏན་བཅོམ་ཞིང་། ཁམས་གསུམ་གྱི་འཁོར་བའི་འདམ་ལས་དམ་པའི་ཆོས་སྟོན་པའི་ཕྱག་བརྐྱང་བས་འགྲོ་བ་དྲང་བར་མཛད་པ། སེམས་ཅན་ལ་ཕན་པའི་དོན་དམ་པའི་ཆོས་ཇི་ལྟ་བ་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། དམ་པའི་ཆོས་མངོན་པ་མཛོད་ཀྱི་བསྟན་བཅོས་རབ་ཏུ་བཤད་པར་བྱ་ཞེས་རྩོམ་པར་ཞལ་གྱིས་བཞེས་པའོ། །གཉིས་པ་[བསྟན་བཅོས་ཀྱི་མཚན་དོན་བཤད་པ་]ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ཆོས་མངོན་པ་ལ་དོན་དམ་པའི་དང་། བརྡར་བཏགས་པའིའོ། །དང་པོ་གཙོ་བོ་ནི། ཟག་མེད་ཀྱི་ཤེས་རབ་ཡིན་ལ། རྗེས་འབྲང་དང་བཅས་ན་ཕུང་པོ་ལྔ་པ་ཅན་ནོ། །རྗེས་འབྲང་གི་དོན་འཁོར་བཅས་ལ་འཇོག་དགོས་ཏེ། (༡༨ན)


K8Z006_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་མར། རྒྱལ་པོ་དང་ལྷན་ཅིག་ཏུ་སྤྱོད་ཀྱང་དེ་དང་མཐུན་པར་བྱེད་པའི་ཕྱིར། རྒྱལ་པོའི་རྗེས་སུ་འབྲང་བ་ཞེས་བྱ་བ་དེ་བཞིན་དུ་འདིར་ཡང་དེ་དང་ལྷན་ཅིག་འབྱུང་བའི་ཆོས་རྣམས་དུས་མཉམ་པར་རྒྱུ་ཡང་རྗེས་སུ་འབྲང་བ་ཁོ་ནར་བརྗོད་དོ། །ཞེས་སོ། །འོ་ན་ཤེས་རབ་ཀྱི་འཁོར་དུ་གཟུགས་ཕུང་ཅི་ལྟར་ཡོད་ཅེ་ན། སྒོམ་བྱུང་ཤེས་རབ་ཟག་མེད་ཀྱི་འཁོར་ན་ཟག་མེད་ཀྱི་སྡོམ་གཟུགས་དང་། སྒོམ་བྱུང་ཤེས་རབ་ཟག་བཅས་ཀྱི་འཁོར་ན་བསམ་གཏན་གྱི་སྡོམ་གཟུགས་ཡོད་ཅིང་། དེ་གཉིས་ཀ་རང་རྒྱུ་འབྱུང་ཆེན་བཞི་རྒྱུར་བྱས་ཀྱི། འབྱུང་གྱུར་འབྲས་གཟུགས་ནི་རྣམ་རིག་མིན་པའི་དབང་དུ་བྱས་སོ། །གཉིས་པ་ནི། སྐྱེས་ཐོབ་ཀྱི་ཤེས་རབ་དང་། ཐོས་བསམ་སྒོམ་བྱུང་ཟག་གཅས་ཀྱི་ཤེས་རབ་དང་དོན་དམ་གྱི་ཆོས་མངོན་པ་དེ་བརྗོད་བྱར་སྟོན་པའི་གསུང་རབ་རྣམས་སོ། །ཤེས་རབ་ཟག་བཅས་གཉིས་པོ་དེ་བརྗོད་བྱར་སྟོན་པའི་གསུང་རབ་ནི་བརྡར་བཏགས་པའི་ཆོས་མངོན་པ་མ་ཡིན་ཏེ། ཤེས་རབ་ཟག་བཅས་ཕལ་པ་དག་བརྗོད་བྱར་སྟོན་པའི་གསུང་རབ་ཀྱི་དོན་དམ་པའི་མངོན་པ་དེ་བརྗོད་བྱར་བྱེད་པ་མ་ཁྱབ་པའི་ཕྱིར། ཡང་མངོན་པ་ལ་དོན་དམ་དང་བརྡའི་མངོན་པ་གཉིས་སུ་དབྱེ་བ་བྱས་པར་མ་ཟད། སློབ་དཔོན་ཕྱོགས་གླང་གིས་བརྒྱད་སྟོང་དོན་བསྡུས་སུ་ཤེར་ཕྱིན་ལ་དོན་དང་སྒྲས་བསྟན་པའི་ཤེར་ཕྱིན་གཉིས་ཡོད་པའི་དོན་གྱི་ཤེར་ཕྱིན་མི་སློབ་ལམ་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ཀྱིས་བསྡུས་པ་ལ་འཇོག་པ་དང་། སྒྲས་བསྟན་སློབ་པའི་ཟག་མེད་ཀྱི་ཤེས་རབ་དང་འཇིག་རྟེན་པའི་ལམ་དང་དེ་སྟོན་པའི་གཞུང་ཤེར་ཕྱིན་ལ་ཤེར་ཕྱིན་གཙོ་ཕལ་དུ་འཇོག་པ་ལྟར། འདིར་ཡང་དོན་གྱི་ཆོས་མངོན་པ་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ཀྱི་ཟག་མེད་ཀྱི་ཤེས་རབ་དང་སྒྲས་བསྟན་གྱི་ཆོས་མངོན་པ་སློབ་པའི་རྒྱུད་ཀྱི་(༡༨བ)


K8Z006_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་ཀྱི་ཤེས་རབ་དང་། དེ་སྟོན་པའི་གསུང་རབ་དང་། ཟག་བཅས་ཀྱི་སྐྱེས་ཐོབ་སྦྱོར་བྱུང་གི་ཤེས་རབ་ལ་གཙོ་ཕལ་དུ་འཇོག་གོ། །དེ་ལྟར་ན། དགྲ་བཅོམ་གྱི་རྒྱུད་ཀྱི་ཟག་མེད་ཀྱི་ཆོས་མངོན་པ་དེ་ཕལ་པ་ཡིན་པ་དང་། སངས་རྒྱས་ཀྱི་རྒྱུད་ཀྱི་ཟག་མེད་ཀྱི་ཆོས་མངོན་པ་དེ་གཙོ་བོ་ཡིན་པའི་རྒྱུ་མཚན་ཅི་ཞེ་ན། འདི་ལ་སྔ་རབས་པ་ཁ་ཅིག །སྟོན་པའི་ཟག་མེད་ཀྱི་ཤེས་རབ་རྒྱུད་ལ་སྐྱེ་བ་ལ་ངེས་པར་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་སྐྱེས་དགོས་པས་ཞི་ལྷག་གི་ཏིང་ངེ་འཛིན་ཕུན་སུམ་ཚོགས་པས་སྟོན་པའི་ཟག་མེད་ཀྱི་ཤེས་རབ་དེ་ཆོས་མངོན་པ་གཙོ་བོ་ཡིན་ལ། ཉན་ཐོས་དགྲ་བཅོམ་གྱི་ཟག་མེད་ཀྱི་ཤེས་རབ་ནི་བསམ་གཏན་གྱི་དངོས་གཞི་ལ་མ་བརྟེན་པར་ཉེར་བསྡོགས་མི་ལྕོགས་མེད་ཙམ་ལ་བརྟེན་ནས་ཀྱང་སྐྱེ་བས་ཞི་ལྷག་གི་ཏིང་ངེ་འཛིན་ཕུན་སུམ་མ་ཚོགས་པས་ཉན་ཐོས་ཀྱི་རྒྱུད་ཀྱི་ཟག་མེད་ཀྱི་ཤེས་རབ་དེ་ཆོས་མངོན་པ་ཕལ་པར་འཇོག་ལ། ཉན་ཐོས་ཀྱི་ཟག་མེད་ཀྱི་ཤེས་རབ་སྐྱེ་བ་ལ་ངེས་པར་བསམ་གཏན་ས་དྲུག་ལ་བརྟེན་མི་དགོས་པའང་། ཇི་སྐད་དུ། ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་འདོར་བར་བགྱིད། །ཅེས་བྱུང་ངོ་ཞེས་འཆད་དོ། །འཁོར་བཅས་ནི་ཕུང་པོ་ལྔ་པ་སྟེ་ཟག་མེད་ཀྱི་སྡོམ་པའི་གཟུགས་དང་། མཐོང་ལམ་གྱི་ངོ་བོར་གྱུར་པའི་མིང་གཞིའི་ཕུང་པོ་ཡང་ཡོད་ཅིང་། ཟག་མེད་ཀྱི་ཆོས་མངོན་པ་དེའི་ཚོགས་པར་ཡོད་པའི་བསམ་གཏན་གྱི་སྡོམ་གཟུགས་ནི་དེའི་རྗེས་འབྲང་མིན་ཏེ་ཟག་བཅས་ཡིན་པའི་ཕྱིར། དེ་ལྟའི་བསམ་གཏན་གྱི་སྡོམ་པ་ནི་ས་དགུ་ལ་བརྟེན་པའང་ཡོད་པས། དེའི་ཚོགས་པ་ཅི་རིགས་པ་ན་རྒྱུ་འབྱུང་བ་བཞི་མེད་པས་འབྲས་བུ་འབྱུང་འགྱུར་གྱི་གཟུགས་མེད་པའི་ཕྱིར། འཁོར་བཅས་ཕུང་པོ་བཞི་པར་(༡༩ན)


K8Z006_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གོ། །ཅི་འདོད་ཁམས་ཀྱི་ལུས་རྟེན་ལ་གཟུགས་མེད་ཀྱི་སེམས་རྟེན་ལས་སྒོམ་ལམ་སྐྱེད་པའི་རྒྱུད་ལ་ཟག་མེད་ཀྱི་སྡོམ་པ་ལྡན་ཡང་ས་མི་མཚུངས་པས་དེ་དེའི་འཁོར་དུ་མི་འཇོག་གོ། །འདིའི་སེམས་རྟེན་ལ་བརྟེན་ཚུལ་ལ། སྔ་ཕྱིའམ། དུས་མཉམ་པའི་རྟེན་བརྟེན་པ་ཡིན། དང་པོ་ལྟར་ན། འདོད་པ་དང་སྲིད་རྩེའི་སེམས་ཀྱི་རྗེས་སུའང་ལམ་ཕྱི་མ་གཉིས་སྐྱེ་བས་དེ་གཉིས་ལ་ཡང་འཕགས་ལམ་བརྟེན་པར་འགྱུར་ལ། གཉིས་པ་ལྟར་ན། སེམས་གཉིས་དུས་གཅིག་ཏུ་སྐྱེ་བ་འགལ་བས་རྟེན་བརྟེན་པར་ཅི་ལྟར་འཐད་ཅེ་ན། ཉེས་པ་སྔ་ཕྱི་གཉིས་ཀས་མི་གནོད་པར་སྔ་ཕྱིར་རྟེན་དང་བརྟེན་པར་འཇོག་པ་གྲུབ་སྟེ། འདོད་རྟེན་ལ་གཟུགས་མེད་དང་པོ་གསུམ་གང་རུང་བསྐྱེད་ནས་སེམས་རྟེན་དེ་ལ་འཕགས་ལམ་སྒྲུབ་པའི་དབང་དུ་བྱས་པའི་ཕྱིར། གཞན་ཡང་འདི་ལྟར་སེམས་ཏེ། ཇི་སྐད་དུ་གནས་བརྒྱད་པར། བདུན་རྣམ་པ་གསུམ། ཞེས་སྙོམས་འཇུག་བདུན་པོ་དེ་དག་གི་ངོ་བོ་ཟག་མེད་དུ་སྐྱེས་པའང་ཡོད་པས་དེ་ལ་རྟེན་བརྟེན་པའི་རྣམ་གཞག་ཀྱང་བྱར་རུང་ལ། དེའི་ཚེ་རྟེན་ལས་བརྟེན་པ་ལོགས་སུ་གསར་སྐྱེ་མ་བྱས་ཀྱང་རྟེན་དང་བརྟེན་པ་ཙམ་དུ་མི་འཇོག་པ་མ་ཡིན་ཏེ། ཤིང་པཱཀྵ་ཤིང་གི་ངོ་བོར་སྐྱེས་པ་ན་པཱཀྵ་དང་ཤིང་རྟེན་དང་བརྟེན་པར་སོང་བ་བཞིན་ནོ། །དེ་ལྟར་མཐོང་སྒོམ་གྱི་ཟག་མེད་ཀྱི་ཤེས་རབ་དོན་དམ་པའི་ཆོས་མངོན་པར་བཤད་ན། རང་འགྲེལ་དུ། དེ་ལྟ་བས་ན་འདི་ནི་དོན་དམ་པའི་ཆོས་མྱ་ངན་ལས་འདས་པའམ། ཞེས་མྱང་འདས་ཉིད་ལ་འཆད་པ་མིན་ནམ་ཞེ་ན། དེ་ནི་སྒྲ་བཤད་ཀྱི་སྐབས་ཡིན་གྱི། འདིར་ནི་མཚན་གཞི་སྟོན་པས་མི་འགལ་ལོ། །ཡང་འདི་ལྟར་དོགས་ཏེ། རྒྱལ་པོའི་སྲས་སུ། སེམས་ལས་བྱུང་བ་དག་པས་སེམས་གཙོ་བོ་མ་ཡིན་ནམ། འདི་ལྟར་སེམས་ལས་བྱུང་བ་འདི་དག་སེམས་ལ་(༡༩བ)


K8Z006_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའམ་སེམས་ལས་འབྱུང་བས་ན་སེམས་ལས་བྱུང་བ་ཞེས་བྱའོ། །དེས་ན་ཤེས་རབ་ཉིད་སེམས་ཀྱི་འཁོར་ཡིན་པར་འོས་ཀྱི། སེམས་ནི་མ་ཡིན་ཏེ། ཤེས་རབ་སེམས་ལས་བྱུང་བ་ཡིན་པའི་ཕྱིར་རོ་ཞེ་ན་ཞེས་དང་། རིགས་པས་ཀྱང་གཟུགས་ཅན་རྣམས་ནི་ཤེས་པའི་འཁོར་དུ་མི་རུང་ངོ་སྙམ་ན། སྐྱོན་མེད་དེ། འདིར་ཤེས་རབ་གཙོ་བོ་དང་གཙོ་སེམས་རྣམ་ཤེས་འཁོར་དུ་བཞག་པ་ནི་ཆོས་རབ་ཏུ་འབྱེད་པའི་ཆ་ལ་བལྟོས་ནས་བཞག་པའི་ཕྱིར་དང་། གཟུགས་ཅན་གྱི་སྡོམ་པ་ནི་ཤེས་རབ་དེའི་རྗེས་འབྲང་ཡིན་པའི་ཆ་ནས་འཁོར་དུ་བཞག་པའི་ཕྱིར། དཔེར་ན། མིའི་གཙོ་བོ་རྒྱལ་པོ་ཡིན་ཡང་ཡི་གེ་འབྲི་བའི་ཚེ་ཡིག་མཁན་གཙོ་བོར་འཇོག་པ་བཞིན་དང་། གཟུགས་ཡིན་ཀྱང་སེམས་རྗེས་སུ་འགྲོ་བ་ནི། ཇི་སྐད་དུ། ཐ་མ་གཉིས་ནི་སེམས་རྗེས་འབྲང་། །ཞེས་པ་ལྟར་རོ། །དེས་ན་ཟག་མེད་ཀྱི་ཤེས་རབ་གཙོ་བོར་སྟོན་པའི་སྡེ་སྣོད་ཅིག་གང་ན་འདུག་ཀྱང་མངོན་པའི་སྡེ་སྣོད་དང་། ཞི་གནས་ཀྱི་ཏིང་ངེ་འཛིན་གཙོ་བོར་སྟོན་པའི་སྡེ་སྣོད་ཅིག་གང་ན་འདུག་ཀྱང་མདོ་སྡེའི་སྡེ་སྣོད་དུ་འཇོག་གོ། །མངོན་པའི་སྡེ་སྣོད་ནི། ཐེག་པ་ཆེན་པོ་པས་གསུང་རབ་གཞན་དང་ཤན་མ་འདྲེས་པར་སོ་སོར་བཅད་དུ་ཡོད་པར་འཆད་ལ། སྡེ་པས་ནི་མཐའ་གཅིག་ཏུ་དེར་མི་འདོད་དོ། །རྗོད་བྱེད་གཞུང་གི་མངོན་པ་ལ་སྡེ་སྣོད་གསུམ་གྱི་གླེགས་བམ་སོ་སོར་བཅད་པ་དག་ཀྱང་ཡོད་མོད་ཀྱི། གླེགས་བམ་ཞིག་ལ་མཚོན་ན། བསླབ་པ་གསུམ་བརྗོད་བྱར་སྟོན་པའི་ཆ་ནས་དེ་སྡེ་སྣོད་གསུམ་ག་ཚང་བར་འཇོག་ལ། རྣམ་གསལ་གྱི་དཔེ་ནི་འདུལ་བ་ལུང་ལྟ་བུ་ལ་གསུམ་ག་ཚང་བས་ལུང་མ་མ་ཞེས་མངོན་པར་བཤད་པ་དང་། ཇི་སྐད་དུ། དེ་ནི་མི་བཟང་སྟེ་མདོ་སྡེ་དང་འགལ་བའི་ཕྱིར། ཞེས་མདོ་སྡེ་ལུང་ཕྲན་ཚེགས་དང་ལུང་གཞི་ལ་བཞག་པའོ། །(༢༠ན)


K8Z006_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མངོན་པ་ཡང་མཉམ་པར་བཞག་པའི་སས་བསྡུས་པའི་ཕྱིར། སྒོམ་བྱུང་ནི་འཁོར་བཅས་ཕུང་པོ་ལྔ་པ་ཅན་ཡིན་ལ། མཉམ་གཞག་གི་ས་པ་མ་ཡིན་པའི་སྐྱེས་ཐོབ་དང་ཐོས་བསམ་གྱི་ཤེས་རབ་གསུམ་ལ་ནི་རྗེས་འབྲང་གི་གཟུགས་མེད་དོ། །འདོད་རྟེན་ལ་བསམ་གཏན་གྱི་སེམས་ཐོབ་པའི་དབང་དུ་བྱས་ནས་གཟུགས་ཁམས་ཀྱི་ཐོས་པའི་ཤེས་རབ་མངོན་དུ་གྱུར་བ་ན། བསམ་གཏན་གྱི་སྡོམ་གཟུགས་དེ་ནི་གཟུགས་ཀྱི་ཐོས་པའི་ཤེས་རབ་དེའི་རྗེས་སུ་འབྲང་བར་མི་འཇོག་སྟེ། མཉམ་གཞག་གི་ས་པས་བསྡུས་པ་མཉམ་པར་མ་བཞག་པའི་སེམས་ལ་མི་འབྲང་བའི་ཕྱིར། མཆིམས་ཊཱིཀ་ཏུ་ཐོས་བྱུང་ཡུད་ཙམ་གཟུགས་མེད་དུ་ཡོད་ཅེས་མ་ཧཱ་གསུངས་ཞེས་པ་ནི་གཏན་མི་ལེགས་ཏེ། དེ་ན་ཐོས་བྱུང་མེད་ཅིང་ཁམས་གོང་མ་གཉིས་ལ་བསམ་བྱུང་མེད་ལ། འདོད་པར་ནི་མཉམ་གཞག་གི་ས་པ་མིན་པས་སྒོམ་བྱུང་ཟག་བཅས་ཟག་མེད་ཀྱི་ཤེས་རབ་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ས་ལས། འདོད་པའི་སེམས་རྩེ་གཅིག་པ་ནི་མཉམ་གཞག་མ་ཡིན་ཏེ། འགྱོད་པ་མེད་པ་དང་། དགའ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བས་མ་བསྒྲུབས། ཞེས་འབྱུང་བས་སོ། །དེས་ན་འདོད་སེམས་རྩེ་གཅིག་པ་ནི་ལུས་སེམས་ཀྱི་ཤིན་སྦྱངས་ཀྱིས་མ་ཟིན་པས་སྒོམ་བྱུང་དུ་མི་འཇོག་གོ། །འདིར་དཔལ་དྭགས་པོ་བཀའ་བརྒྱུད་མཆོག་གི་ཐུགས་སུ་བཞེས་པའི་རྣལ་འབྱོར་ཆེན་པོའི་ཕྱག་རྒྱ་ཆེན་པོ་འདི་ལ་གང་ཟག་ཁྭ་ལྟར་སྤྱི་བརྟོལ་ཅན་འཛེམ་པ་མེད་པར་སྨྲ་བ་ཁ་ཅིག །ཁྱེད་ཀྱི་ཕྱག་ཆེན་རྩིས་པོ་ཆེ་དེ་བླ་མེད་ཀྱི་རྒྱུད་སྡེ་ནས་བཤད་པའི་ཕྱག་ཆེན་ལྟ་ག་ལ་ཞིག །ཕྱི་རོལ་པ་དང་སྡེ་པ་ལ་གྲགས་པའི་འདོད་སེམས་དགེ་བ་རྩེ་གཅིག་པ་ཙམ་ཡང་མ་ཡིན་པར་གསལ་ཏེ། ཁྱེད་ཀྱི་ཕྱག་ཆེན་དེ་རྟོགས་པའི་གང་ཟག་ལ་འདོད་སེམས་དགེ་བ་རྩེ་གཅིག་པ་(༢༠བ)


K8Z006_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ཆགས་སྡང་མཁོན་འཛིན་སོགས་མངོན་གྱུར་པ་ཙམ་ཟིལ་གྱིས་གནོན་པའི་ཡོན་ཏན་ཀྱང་སྣང་རུང་མ་དམིགས་པའི་ཕྱིར་ཞེ་ན། ཁྱེད་ཅག་གི་སྨོད་ཚིག་དེ་དྭགས་པོ་བཀའ་བརྒྱུད་ཀྱི་སྐྱེས་བུ་ཡིན་ངོ་ཤེས་ལ་དེ་སྐད་དུ་ཞུ་ན་ནི། ཁོ་བོའི་རྣ་བར་མཉན་བྱ་མ་ཡིན་པར་གྲུབ་སྟེ། ཁྱེད་ཅག་འཕགས་པའི་སྐྱེས་བུ་དང་དམ་པའི་ཆོས་སྤངས་པས་དཀོན་མཆོག་གསུམ་འདོར་བར་བྱེད་པ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་ཏ་རེའི་ཕྱིར། ཅི་ཡང་དྭགས་བརྒྱུད་དུ་ཁས་འཆེས་ནས་ཕལ་པའི་སྐྱེ་བོ་གྲུབ་པར་སྨྲ་བའི་རོ་ལངས་ལྟ་བུ་མང་དུ་སྣང་བ་འདི་དག་ལ་ཁྱེད་ཅག་དེ་སྐད་དུ་སྙིང་རྗེའི་དབང་གིས་ལམ་ངན་པ་ལས་བཟློག་པའི་ཆེད་དུ་སྨྲ་ན་ནི་ཆེས་རྗེས་སུ་ཡི་རངས་ཏེ། སྐྱེས་བུ་དམ་པ་དག་གི་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་པ་ནི་ཞར་ལ་འོངས་པའོ། །ཐོས་བསམ་གྱི་ཤེས་རབ་ནི་སྒྲ་དོན་འཛིན་པའི་རྟོག་པ་དང་། སྒོམ་བྱུང་ཟག་བཅས་ཀྱང་ཡིད་ཤེས་ཁོ་ནར་འཇོག་སྟེ། དབང་ཤེས་རྣམས་ཁ་ཕྱིར་བལྟ་བས་སྒོམ་བྱུང་དུ་མི་སྲིད་པའི་ཕྱིར། སྐྱེས་ཐོབ་ཀྱི་ཤེས་རབ་སྒོམ་བྱུང་ཟག་བཅས་ལ་ནི་རྗེས་འབྲང་གི་གཟུགས་ཡོད་དེ། གོང་མ་ནས་འོག་མར་སྐྱེ་བའི་དུས་ཀྱི་སྙོམས་འཇུག་དག་པ་བ་རྣམས་ནི་སྐྱེས་ཐོབ་ཏུ་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། དེ་དང་མི་ལྡན་འདོད་ཆགས་བྲལ། །སྐྱེ་བ་ལ་ནི་དག་པ་ཐོབ། །ཅེས་འབྱུང་ལ། སྒོམ་བྱུང་ཟག་བཅས་སུ་མ་གཏོགས་པའི་སྐྱེས་ཐོབ་ཀྱི་ཤེས་རབ་ནི། ས་ཐམས་ཅད་དང་རྣམ་ཤེས་ཐམས་ཅད་ཀྱི་འཁོར་དུ་འབྱུང་ལ་རྗེས་འབྲང་གི་གཟུགས་ཡོད་པ་མིན་ནོ། །གཞུང་མངོན་པ་ནི་བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་པར་མ་ཟད། སྡེ་བདུན་ཡང་སངས་རྒྱས་ཀྱིས་གསུངས་པར་འདོད་དེ། དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་བརྗོད་པས་སོ། །འོ་ན་གཞུང་མངོན་པ་འདི་ནི་སངས་རྒྱས་ཀྱིས་གསུངས་པའི་བསྟན་བཅོས་(༢༡ན)


K8Z006_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་ལ་གོང་དུ་བཤད་པ་ལྟར་བྱེ་སྨྲས་ལྡན་མིན་འདུ་བྱེད་དང་། སེམས་ཙམ་པས་ཤེས་པར་འདོད་པའི་ལུགས་དང་། མདོ་སྡེ་པས་སྤྱི་ལྡོག་ནས་བཀའ་དང་བསྟན་བཅོས་གང་ཡིན་ཀྱང་སྒྲའི་སྐྱེ་མཆེད་དུ་འཇོག་ལ། དེ་ལྟར་ནའང་མདོ་སྡེ་པ་ལ་གྲུབ་མཐའ་ཕྲ་རགས་ཀྱི་སྒྲ་སྤྱི་སྒྲའི་སྐྱེ་མཆེད་ཙམ་དུ་བསྡུ་བའི་དབང་དུ་བྱས་ནས་རྩིང་གེར་སྨྲ་བ་དང་། སྒྲ་རང་མཚན་པ་བསྟན་བཅོས་ཀྱི་གདགས་གཞིར་གྱུར་པའི་ཡི་གེ་ལ་དེར་བརྗོད་པ་དང་། དེའི་ཚེ་ན་མིང་ཚིག་ནི་ཡི་གེ་ལ་བཏགས་པའི་བཏགས་ཡོད་ཡིན་པའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་དུ་བཞག་དགོས་པ་ཡིན་ནོ། །ཐོས་བསམ་གྱི་ཤེས་རབ་དང་སྒོམ་བྱུང་ཟག་བཅས་ལམ་མངོན་པར་བཞག་པ་ནི། ཆོས་འདི་པའི་དབང་དུ་བྱས་ནས་སྤྱི་ཙམ་དུ་བརྗོད་དེ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་འཁོར་བཅས་ནི་བརྗོད་བྱ་དོན་གྱི་ཆོས་མངོན་པར་འཇོག་པའི་ཕྱིར། ཇི་སྐད་དུ། དེ་ཐོབ་བྱ་ཕྱིར། ཞེས་འབྱུང་ལ། དེ་སྟོན་པའི་གསུང་རབ་རྗོད་བྱེད་མིང་གི་ཆོས་མངོན་པར་འཆད་དོ། །ལྷག་པའི་དོན་ནི། ལྷག་མེད་ཀྱི་མྱང་འདས་མཆོག་གམ་ལྷག་པར་བསྒྲུབ་པར་བྱ་བ་སྟེ། དེ་སྒྲུབ་བྱེད་ནི་ཆོས་འདི་པ་ལས་ཕྱི་རོལ་ཏུ་གྱུར་པ་ལ་ཡོད་པ་མ་ཡིན་པའི་ཕྱིར། འོ་ན་སྐྱེས་ཐོབ་ཟག་བཅས་ཀྱི་ཤེས་རབ་དེ་ཅི་ལྟ་བུ་ཞིག་གོ་ཞེ་ན། ཚེ་རབས་སྔ་མར་རྒྱུའི་ཀུན་སློང་ཐར་པ་ཆ་མཐུན་གྱི་དགེ་རྩས་ཀུན་ནས་བསླངས་པའི་ཤེས་རབ་སྒོམ་པའི་སྟོབས་ཀྱིས་ཚེ་འདིར་ཤེས་རབ་དེ་སྐྱེས་ཐོབ་ཏུ་ཡོད་དེ། དཔེར་ན། བསམ་གཏན་བཞི་པའི་དངོས་གཞིའི་སྙོམས་འཇུག་ཐོབ་པས་ཐར་པ་ཆ་མཐུན་གྱི་དགེ་རྩས་ཀུན་ནས་བསླངས་པའི་ཤེས་རབ་སྒོམ་པ་དག་གོང་མ་གོང་མ་ལས་ཉམས་ནས་འོག་མ་འོག་མར་སྐྱེ་བའི་ཚེ་ལྟ་བུའོ། །གཉིས་པ་[ཚིག་གི་དོན་]ནི། ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། །དེ་ཐོབ་བྱ་ཕྱིར་གང་དང་བསྟན་བཅོས་གང་། །འདིར་དེ་དོན་དུ་ཡང་དག་ཆུད་ཕྱིར་རམ། །འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །དོན་དམ་པའི་ཆོས་མངོན་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཟག་བཅས་ཀྱི་དྲི་མ་མེད་པ་དང་། རྗེས་(༢༡བ)


K8Z006_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འབྲང་ཕུང་པོ་ལྔ་དང་བཅས་པའོ། །དོན་དམ་པའི་ཆོས་མངོན་པ་དེ་ཐོབ་པར་བྱ་བའི་ཕྱིར་རམ་སྟེ། དེ་རྟོགས་པའམ་ཁོང་དུ་ཆུད་པ་ལ་མངོན་དུ་ཕྱོགས་པའི་ཆེད་དུ། རང་འགྲེལ་ལས། ཆོས་ཀྱི་མཚན་ཉིད་ལ་མངོན་དུ་ཕྱོགས་པའི་ཕྱིར་ཆོས་མངོན་པའོ། །ཞེས་འབྱུང་བའི་ཐོས་བསམ་སྒོམ་པའི་ཤེས་རབ་ཟག་བཅས་སྦྱོར་བྱུང་དང་སྐྱེས་ཐོབ་རྗེས་འབྲང་དང་བཅས་པ་གང་དང་བསྟན་བཅོས་གང་ཞེས་པ་ནི་གཞུང་མངོན་པ་སྟེ། རྒྱལ་སྲས་མར། གཞན་དག་ན་རེ། བསྟན་བཅོས་ཞེས་བྱ་བ་ནི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །ལུས་སུ་གྱུར་པ་དེ་ལ་ཡན་ལག་དྲུག་ཡོད་དེ། རབ་ཏུ་བྱེད་པའི་གཞི་དང་། རྣམ་པར་ཤེས་པའི་ཚོགས་དང་། ཆོས་ཀྱི་ཕུང་པོ་དང་། གདགས་པའི་བསྟན་བཅོས་དང་། ཁམས་ཀྱི་ཚོགས་དང་། ཡང་དག་པར་འགྲོ་བའི་རྣམ་གྲངས་སོ། །ཞེས་སོ། །བསྟན་བཅོས་འདིར་ཆོས་མངོན་པའི་བསྟན་བཅོས་དེ་དག་གི་གཅེས་གཅེས་རྣམས་དོན་དུ་ཡང་དག་ཆུད་ཕྱིར་རམ། ཡང་ན་བསྟན་བཅོས་འདིའི་གནས་ནི་ཆོས་མངོན་པ་སྡེ་བདུན་དེ་ཡིན་པས་ཆོས་མངོན་མཛོད་ཅེས་གནས་དང་མཛོད་ཀྱི་དཔེའི་སྒོ་ནས་བསྟན་ཏོ། །གསུམ་པ་[དགོས་མཆེད་བསྟན་པ་]ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། དགོས་པའི་དོན། བསྡུས་པའི་དོན་ཏོ། །དང་པོ་ལ། གཞན་ལུགས་དགག་པ་ལ་བཞིའི། དང་པོ་ནི། རྒྱ་གར་བ་ཁ་ཅིག་ན་རེ། སྒྲ་དོན་ལ་འབྲེལ་པ་ཡོད་པས་དགོས་འབྲེལ་གྱི་ངག་བསྟན་བཅོས་སུ་བཀོད་པས་དགོས་འབྲེལ་གྱི་དགོས་པ་ཡོད་པར་ཚད་མས་ངེས་ནས་བསྟན་བཅོས་ལ་འཇུག་པའི་ཆེད་ཡིན་ཏེ། དེ་སྐད་དུ། བསྟན་བཅོས་དག་ནི་ཐམས་ཅད་དམ། །ཡང་ན་ལས་ནི་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བརྗོད་པར། །དེ་སྲིད་དུ་ནི་སུ་ཞིག་འཛིན། །ཅེས་གསུངས་པའི་ཕྱིར་ཞེས་པ་ནི་མི་རིགས་ཏེ། འདོད་པས་སྦྱར་བའི་ངག་ཙམ་ལ་སྐྱེས་བུའི་ཚིག་འཁྲུལ་པར་(༢༢ན)


K8Z006_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་སྟེ། རྣམ་ངེས་ལས། གལ་ཏེ་ཁྱད་པར་ཅན་དེ་ཉིད། །ཤེས་པར་ནུས་ན་དོན་དེ་འདོད། །ཅེས་པ་ལྟར་ཁྱད་ཅན་རྟོགས་དཀའ་ལ། ཉེས་པ་ཟད། རྫུན་སྤངས། གནས་གསུམ་དང་མི་འགལ་བར་སྟོན་པ་གསུམ་ལྷན་ཅིག་ལས་མ་བྱུང་བས་རྙེད་དཀའ་བའི་ཕྱིར་དང་། དཔལ་ཆོས་ཀྱི་གྲགས་པས། ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ཕྱི་རོལ་པ་ལ་འཕངས་པ་ནི་ཁྱེད་ལ་འདིར་བཟློག་སྟེ་སྨྲས་ན་མཚུངས་ཏེ། མུ་སྟེགས་བྱེད་ཀྱི་རིག་བྱེད་གྱི་སྒྲ་མ་བྱས་པར་འདོད་པ་ནི་ཚིག་རེས་འགའ་བ་ཡིན་པས་མ་བྱས་པ་མི་སྲིད་ལ་སྒྲ་དོན་འབྲེལ་བ་མེད་པའི་ཕྱིར། དགོས་སོགས་ཀྱི་ངག་བཀོད་པས་བསྟན་བཅོས་ལ་དགོས་སོགས་ཡོད་པའི་ངེས་པ་ཚད་མ་མི་འདྲེན་པའི་ཕྱིར། ལོ་ཙཱ་བ་ཆེན་པོ་ན་རེ། གཏམ་གྱི་རྒྱན་ལྟར་བཀོད་པས་གཞུང་མཛེས་པར་བྱེད་པ་ཡིན་ཅེས་ཟེར་བ་ནི་མཛེས་པ་ཁོ་ནའི་ཆེད་དམ་གཞན་འཇུག་པའི་རྒྱུའི་ཆེད་དུ་འདོད། དང་པོ་ལྟར་ན། དགོས་པ་མེད་པའི་གཏམ་གཞན་རྣ་བར་སྙན་ཀྱང་གླུ་ལེན་པ་ལྟར་ཡིན་གྱི། བསྟན་བཅོས་མཛེས་པར་མི་འགྲུབ་ཅིང་། ཡང་བསྟན་བཅོས་ཀྱི་ཀླད་དུ་དཀོན་མཆོག་ཐོག་མར་བཀུར་བ་ལ་སོགས་པའི་ཚིག་བརྗོད་པས་མཛེས་པ་ནི་བཀྲ་ཤིས་ཤིང་ཚོགས་རྫོགས་པའི་དགོས་པ་ཡོད་པས་དེ་ལྟར་བརྗོད་པ་ཡིན་ནོ་ཞེ་ན། དེ་ལྟར་ན། བསྟན་བཅོས་མཛེས་བྱེད་དུ་བཀོད་པའི་དཔེ་མ་གྲུབ་ལ། བསྟན་བཅོས་རྩོམ་པའི་རྒྱུ་དམ་པའི་ཚུལ་བསྟན་པ་དེར་དགོས་འབྲེལ་ངེས་པར་འགོད་དགོས་པར་གཞུང་ཐམས་ཅད་དུ་མ་བསྟན་ཅིང་། མཛེས་བྱེད་ཙམ་ཡིན་ན་དགོས་སོགས་ལ་བཞིའི་གྲངས་ངེས་ཀྱང་ཅི་དགོས། གཉིས་པ་ལྟར་། ན་ངག་བཀོད་པས་མཛེས་པ་ཉིད་ཀྱིས་དོན་ལ་འཇུག་ན་དེར་རུང་ངོ་། །(༢༢བ)


K8Z006_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་སྡུད་འགྲེལ་ལས། མཁས་རྣམས་ཞུགས་པ་ཉིད་ཀྱི་ལམ་ནི་ཆེན་པོ་ཉིད་དུ་མི་འགྱུར་མིན། །ཅེས་པ་ལྟར། སྔོན་བསྟན་བཅོས་རྩོམ་པ་པོས་དགོས་སོགས་ཀྱི་ངག་བཀོད་པའི་ལུགས་བཟང་རྗེས་སུ་བསྐྱངས་ཤིང་། དམ་པའི་སྤྱོད་པ་དང་བསྟུན་ཏེ་སོ་ནམ་བྱེད་པོ་གཞན་གྱི་རྗེས་སུ་འཇུག་པ་བཞིན། འདིར་བསྟན་བཅོས་ཉན་བཤད་བྱེད་པའི་སྐབས་སུའང་ངག་དེ་འགོད་དགོས་སོ་ཞེས་ཟེར་བ་ནི་མི་འཐད་དེ། སྔོན་གྱི་རྩོམ་པ་པོ་དེ་ལ་དགོས་པ་མེད་ན་དེ་དང་སྤྱོད་པ་བསྟུན་པར་མི་རིགས་ལ། ཡོད་ན་དེས་བྱས་པས་དགོས་པ་གྲུབ་པས་སླར་བྱ་མི་དགོས་པའི་ཕྱིར། དང་པོའི་འགོད་མཁན་གྱི་ལུགས་བསྐྱངས་ནས་འདིར་ངག་བཀོད་པ་དགོས་མེད་དུ་འགྱུར་རོ། །ཡང་ཁ་ཅིག །འདི་ལ་བྱ་རོག་སོ་རྟོག་ལྟར་དགོས་པ་མེད་པས་རྩོམ་པར་མི་རིགས་སོ་ཞེས་ཁྱབ་བྱེད་མ་དམིགས་པ་ལྟར་བཅོས་པའི་སྦྱོར་བས་རྩོམ་པའི་སྐབས་འགོག་པ་ལ་གསོ་བ་རིག་པ་ལྟར་དགོས་པ་ཡོད་ཅེས་མ་གྲུབ་པ་བརྗོད་པས་དེ་བཟློག་པའི་ཆེད་དུ་དགོས་སོགས་བསྟན་ཅེས་པ་ཡང་མི་རིགས་ཏེ། སྐབས་ཀྱི་དགོས་པ་མིན་པའི་ལོག་རྟོག་གང་རུང་བཟློག་ན་ཤ་པ་ཤིང་མིན་པ་སོགས་གཅོད་པའང་འདིའི་དགོས་པར་འགྱུར་ལ། བསྟན་བཅོས་ཀྱི་རྩོམ་པ་དང་འབྲེལ་བ་ཡིན་ན་འདི་བརྩམས་པས་ནོར་འཛད་པས་དགོས་པ་མེད་དོ། །ཞེས་སོགས་ལོག་རྟོག་ཀྱང་སློག་དགོས་པས་ཧ་ཅང་ཐལ་བར་འགྱུར་ཞིང་། གཞུང་དོན་དང་འབྲེལ་བ་ཡིན་ན་གཞུང་ལ་ལོག་རྟོག་ཐམས་ཅད་འདིས་སེལ་བས་གཞུང་མི་དགོས་པ་དང་། གཞུང་ལ་དོན་དུ་མ་ཡོད་པས་དགོས་འབྲེལ་དུ་མ་དགོས་པར་ཡང་འགྱུར་རོ། །སློབ་དཔོན་ཞི་བ་འཚོ་ནི། བསྟན་བཅོས་རྩོམ་སྐབས་འགོག་པའི་ངག་ཕྱིར་བཟློག་ལ་བརྟེན་ནས་གཞན་འཇུག་པར་འདོད་པའི་ཆེད་དུ་དགོས་སོགས་འགོད་བདེ་འཐད་ཀྱང་། དགོས་སོགས་བཀོད་པས་དགོས་པ་མེད་པར་མ་(༢༣ན)


K8Z006_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཅེས་བསྟན་པ་ཙམ་གྱིས་ནི་གཞུང་དོན་རྟོགས་པར་ཡང་མི་འགྱུར་ཞིང་། དགོས་སོགས་ཀྱི་ངག་ཚད་མ་མ་ཡིན་པས་དགོས་སོགས་ཡོད་པར་བསྟན་པར་མི་ནུས་ལ། སྒྲུབ་བསལ་མེད་པའི་ཡེ་ནས་ཐེ་ཚོམ་ཟ་བ་ལའང་དགོས་སོགས་གྲུབ་པར་བརྗོད་ཀྱང་ཡིད་ཆེས་སྐྱེ་བར་མི་འགྱུར་རོ། །ཞེས་དཔྱད་དེ་ལོག་པར་ངེས་པ་བསལ་ནས་དོན་འགྱུར་གྱི་ཐེ་ཚོམ་ཁྱད་པར་ཅན་བསྐྱེད་པ་ལ་དགོས་སོགས་འགོད་པར་དགོངས་སོ། །[གཉིས་པ་རང་ལུགས་བཞག་པ་ནི།] རང་ལུགས་ལ་ངག་བརྗོད་པ་ཙམ་གྱིས་དགོས་པ་བརྗོད་བྱ་གོ་བ་ཡིན་པས། འདིར་ཡང་ངག་འདིས་དགོས་པ་ལ་སོགས་པ་བརྗོད་པ་ན་རྟོག་པ་དང་ལྡན་པ་དག་གིས་དགོས་པ་ཡོད་པར་གོ་ནས་དེ་དོན་དུ་གཉེར་བ་དག་དེ་ལྡན་གྱི་བསྟན་བཅོས་ལ་འཇུག་པར་འགྱུར་བ་ཡིན་ཏེ། ཚོང་ལས་ཀྱི་ཡོན་ཏན་ཐོས་པ་ལྟར་མྱོང་བས་གྲུབ་པ་དང་། བཞིར་སྟོན་པའི་གྲངས་ངེས་ནི། རྣམ་བཤད་རིག་པ་ལས། མདོ་དོན་བྱེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པ་དང་། ཡུམ་ལས། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་པ་དང་། ཡང་རིགས་ཀྱི་བུ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཟུང་ཞིག་དང་། དེ་བཟུང་ན་མྱུར་བར་སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་ཅིང་རྟག་ཏུ་ཁྱད་པར་དུ་འགྲོའོ། །ཞེས་ཉན་པ་པོ་སྤྲོ་བ་བསྐྱེད་པའི་ཕྱིར་དགོས་པ་སྟོན་པའི་ཚིག་དུ་མ་གསུངས་པའི་ཕྱིར། གང་ཟག་གི་འཇུག་ཚུལ་ནི། དགོས་པའི་ངག་ལ་ཐེ་ཚོམ་མམ། ངེས་པ་སྐྱེས་ནས་འཇུག་ཅེ་ན། བོད་སྔ་རབས་པ་དག་ཚད་མ་མེད་པའི་ཚིག་ལ་ངེས་པ་སྐྱེ་ན་རྟོག་ལྡན་མིན་ལ། རྟོག་ལྡན་གྱི་ཆེད་དུ་ངག་ལས་ངེས་པ་བསྐྱེད་པའི་ཆེད་དུ་(༢༣བ)


K8Z006_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། བསྟན་བཅོས་དེར་དགོས་པ་སོགས་ཡོད་ལས་ཆེ་བར་ཤས་ཆེར་འཛིན་པས་འདོད་དོན་གཉེར་བ་ལ་འཇུག་པའི་ཕྱིར་དགོས་སོགས་བཀོད་པའི་འཇུག་ཚུལ་དེ་ལྟ་བུའོ་ཞེས་འཆད་ལ། དེ་ཡང་གང་ཟག་གི་རིས་ལས་དད་པའི་རྗེས་འབྲང་ནི་རྟོག་ལྡན་མ་ཡིན་ཏེ། ཡིད་ཆེས་སྐྱེ་སླ་བས་ཚིག་ལས་ཀྱང་ངེས་པ་སྐྱེ་ནས་འཇུག་ལ། དེ་ནི་དགོས་པ་ཡོད་མེད་སོགས་ཚད་མའི་རྗེས་སུ་བྱེད་པ་མ་ཡིན་ཅི། ཆོས་ཀྱི་རྗེས་འབྲང་ནི་དགོས་པ་ཡོད་མེད་བརྟགས་ནས་འཇུག་པས་རྟོག་ལྡན་ཡིན་ཅིང་། རྟོག་ལྡན་ཡང་བློའི་རིམ་པ་ལ་བལྟོས་ནས་རྟོག་ལྡན་དུ་འཇོག་དགོས་ཏེ། མུ་སྟེགས་པ་ཐར་པ་དོན་དུ་གཉེར་ཡང་འདུས་བྱས་རྟག་པར་འདོད་པ་དང་། བྱེ་བྲག་ཏུ་སྨྲ་བས་དེ་མི་འདོད་ཀྱང་འདུས་མ་བྱས་ལ་སོགས་པ་རྫས་སུ་འདོད་པ་དང་། མདོ་སྡེ་པས་དེ་མི་འདོད་ཀྱང་གཟུང་འཛིན་བདེན་པར་འདོད་པ་དང་། སེམས་ཙམ་པ་དེ་མི་འདོད་ཀྱང་གཉིས་མེད་ཀྱི་ཤེས་པ་ཡོད་པར་སྒྲོ་འདོགས་པས་རྟོག་ལྡན་མ་ཡིན་ཀྱང་། རང་རང་གི་བསྟན་བཅོས་ལ་དོན་གནས་ཀྱི་དགོས་པ་སོགས་རྟོག་པ་ནི་རྟོག་ལྡན་གྱི་འཇུག་ཚུལ་ཡིན་པའི་ཕྱིར་ཏེ། དགོས་སོགས་ཀྱི་ངག་ཙམ་ལས་དོན་འགྱུར་ཐེ་ཚོམ་སྐྱེ་སྟེ། ཐེ་ཚོམ་ལས་ཀྱང་འཇུག་པའི་ཕྱིར། བསྟན་བཅོས་ནི་མ་རྟོགས་ལོག་རྟོག་ཐེ་ཚོམ་སེལ་བ་སྟེ། རྣམ་འགྲེལ་ལས། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཅེས་པས་རྟོག་ལྡན་མ་ཡིན་པའི་དོན་དུ་ཡང་རྩོམ་པ་འཐད་ལ། དེས་ན་རྒྱང་འཕེན་པ་དག་རྗེས་དཔག་ཚད་མ་ཁས་མི་ལེན་པ་དེ་ངོར་རྗེས་དཔག་ཚད་མར་བསྒྲུབ་པ་ནི་མངོན་སུམ་ལྟར་ཡོངས་སུ་དཔྱད་པའི་དོན་མེད་ན་མི་འབྱུང་བས་ཚད་མ་ཡིན་ནོ་ཞེས་སྟོན་པ་ནི། རྣམ་ངེས་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བས་ན་ཚད་མ་ཉིད། །འབྲེལ་པ་ཡི་ནི་རང་བཞིན་དེའི། །རྒྱུ་ཡིན་པས་ན་གཉིས་ཀ་མཚུངས། །ཞེས་བཤད་ལ། གཞན་དུ་ན་(༢༤ན)


K8Z006_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་རྟོག་ཅན་གྱི་རྨོངས་པ་མི་སེལ་བར་འགྱུར་རོ། །དེ་ལྟར་བསྟན་བཅོས་སུ་དགོས་སོགས་ཀྱི་ངག་བཀོད་པ་ལ་ཁ་ཅིག་འདི་ལྟར་ཚིག་ཙམ་གྱིས་དགོས་པ་ལ་ངེས་པ་བསྐྱེད་མི་ནུས་ཏེ། མ་འབྲེལ་བའི་ཕྱིར། མེ་བརྗོད་པས་ཆུ་བཞིན་ནོ། །ཞེས་པའི་ཉེས་པ་མེད་དེ། འབྲེལ་པ་མེད་པས་ཚད་མའི་ངེས་པ་མི་འཐད་ཀྱང་ངེས་པ་ཙམ་སྐྱེ་བར་བྱེད་པའི་ཕྱིར་ཏེ། འདོད་པའི་དོན་ཡིད་ཆེས་པ་ལས་ཐོས་པ་ལྟར་མྱོང་བས་གྲུབ་ཅིང་། བསྟན་བཅོས་རྨོངས་པ་ཟློག་བྱེད་ཡིན། །ཅེས་ལུང་ལ་བརྟེན་པའི་རྗེས་དཔག་ཀྱང་ཡོད་པའི་ཕྱིར། གཞན་དུ་ན་ཡིད་དཔྱོད་དང་ཐོས་བྱུང་རྒྱུན་ཆད་པར་འགྱུར་རོ། །ཡང་ཁ་ཅིག །དགོས་པ་ཡོད་མེད་དཔྱད་ཚེ་དགོས་ཡོད་ཀྱི་ཚད་མ་མེད་ན་ངང་གིས་ཐེ་ཚོམ་སྐྱེ་བས་དེ་སྐྱེ་བ་ལ་ངག་མི་དགོས་ཤིང་། དགོས་ཀྱང་ཐེ་ཚོམ་ཙམ་བསྟན་བཅོས་ལ་མི་འཇུག་པའི་རྒྱུན་འགྱུར་བ་ལས་འཇུག་པའི་ཡན་ལག་ཏུ་མི་འཐད་ཅེས་པའང་མི་རིགས་ཏེ། ཐེ་ཚོམ་ཙམ་དེ་ལྟར་ཡིན་ཀྱང་དོན་ཡོད་ལ་ཤས་ཆེར་འཛིན་པའི་ཐེ་ཚོམ་ངག་ལ་བལྟོས་པ་དང་དེ་ཉིད་འཇུག་པའི་རྒྱུར་ཡང་འགྱུར་བ་མྱོང་བས་གྲུབ་པའི་ཕྱིར། སློབ་དཔོན་ཆོས་མཆོག་གིས། གང་ཕྱིར་འཇིག་རྟེན་དོན་གཉེར་བ། །ཐེ་ཚོམ་གྱིས་ཀྱང་འཇུག་པར་བྱེད། །ཅེས་སོ། །ཁ་ཅིག་གིས། ཐེ་ཚོམ་ཡང་དག་བསྐྱེད་ནུས་ཤིང་དེའི་ཆེད་དུ་དགོས་ན་ཡང་འཆད་པ་པོའི་ངག་གིས་འགྲུབ་པས་དེ་རྩོམ་པ་པོའི་ངག་ལ་མི་བལྟོས་སོ་ཞེས་པའང་མི་འཐད་དེ། འཆད་པ་པོ་ནི་དགོས་པ་བརྗོད་པར་མ་ངེས་ཤིང་ངག་རྒྱུན་ཐུང་བས་སློབ་མའི་བློ་བརྟགས་པའི་ཆེད་དུ་ལོག་པར་སྨྲ་བ་ཡང་སྲིད་ལ། རྩོམ་པ་པོ་ནི་ངག་རྒྱུན་རིང་བ་སྟེ་བརྟགས་ནས་འགོད་པས་ཡིད་ཆེས་པའི་གནས་སུ་རུང་པའི་ཕྱིར། བསྟན་བཅོས་ཉིད་བརྩམས་པ་རྩོམ་པོའི་ངག་ལ་བལྟོས་པས་དགོས་སོགས་(༢༤བ)


K8Z006_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངག་འགོད་པ་ཡང་རིགས་པའི་ཕྱིར། ཡང་ཁ་ཅིག་གིས། རྒྱུ་འབྲས་ཀྱི་མཚན་ཉིད་རྗེས་སུ་འགྲོ་ལྡོག་ཡིན་ན་ངག་འདི་བསྟན་བཅོས་ལ་འཇུག་པའི་རྒྱུར་མི་འཐད་དེ། ཡོད་པ་ལ་མི་འཇུག་པ་དང་། མེད་པ་ལ་འཇུག་པ་མཐོང་ཞིང་། རྟ་གླང་ལྟར་སྲིད་ཙམ་རྒྱུ་འབྲས་སུ་མི་རུང་བས་སོ་ཞེས་པའང་མི་འཐད་དེ། ངག་ཅི་རིགས་ཙམ་ལ་རྗེས་སུ་འགྲོ་ལྡོག་མེད་ཀྱང་། མགྲོན་འབོད་པ་ལྟར་དགོས་འབྲེལ་མཐོང་བས་བསྐུལ་ནས་འཇུག་པ་སྲིད་ཅིང་། འབྲེལ་ཟླ་ཁེགས་པ་དང་འགལ་ཟླ་གྲུབ་པ་མེད་པས་བྱ་བའི་ཡུལ་ནས་དོར་བ་མ་ཡིན་ཙམ་གྱི་ཆ་ནས་རྒྱུར་བསྟན་པའམ། རྟོག་ལྡན་བྱ་དཀའི་ལས་ལ་འཇུག་པ་ནི་དགོས་པ་ཡོད་ཅིང་བསྒྲུབ་ནུས་སུ་ཤེས་པ་ཡིན་པས། དེའི་ཆེད་དུ་ངག་བཀོད་པ་ནི། ཕན་ཡོན་གཞན་ལས་ཐོས་པ་དང་ཚེགས་ཆུང་ངུས་གཞུང་ཉིད་མཐོང་བ་ལས་ཡིན་གྱི། གཞན་དུ་ན་མཐོང་ཐོས་མེད་པའི་ནོར་བུ་ལྟར་མི་འཇུག་པ་ཉིད་ཀྱི་ཕྱིར་རོ། །[གཉིས་པ་བསྡུས་དོན་ནི།] ད་ནི་དགོས་འབྲེལ་བཞི་སོ་སོའི་མཚན་ཉིད་བརྗོད་པར་བྱ་སྟེ། བརྗོད་བྱ་ནི་སྒྲའམ་མིང་གིས་དངོས་སམ་བརྒྱུད་ནས་བརྗོད་པས་སྒྲ་ལ་བརྟེན་ནས་སྐྱེས་པའི་ཤེས་པའི་ཡུལ་དུ་གྱུར་པ་ཟག་བཅས་ཟག་མེད་ཀྱི་ཆོས་སམ་ཤེས་རབ་ཀྱི་བསླབ་པ་སྟེ། དཔལ་ཆོས་ཀྱི་གྲགས་པས། སྒྲ་གང་ཞིག་ནི་བརྗོད་པ་ན། །རྟོག་པའི་དོན་གང་ཡིན་པ་སྟེ། །སྒྲ་ཡི་ཡུལ་ནི་ཡིན་འདོད་དེ། །དོན་གྱི་མཚན་ཉིད་གཞན་ཡོད་མིན། །ཅེས་སོ། །དགོས་པ་ནི། གདུལ་བྱའི་རིགས་དང་མཐུན་པའི་འབད་པ་འདི་སྙེད་ཀྱིས་བརྗོད་བྱ་རྟོགས་པ་ཐོས་བྱུང་གི་ཤེས་རབ་བོ། །འབྲེལ་པ་ནི། ཆོས་གང་ཞིག་གཞན་དང་གཞན་ལ་རག་ལས་པ་དེ་ཡིན་ལ། དེས་ན་དགོས་པ་ཉིད་བསྟན་བཅོས་ལ་རག་ལུས་པའོ། །དགོས་པའི་དགོས་པ་ནི། བརྗོད་བྱ་རྟོགས་པ་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ཐོབ་པའོ། །དེ་དག་ནི་བསྟན་བཅོས་ལུས་ལ་ཡོད་(༢༥ན)


K8Z006_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ངག་ལ་ཡོད་པའི་དགོས་འབྲེལ་བཞི་ནི། ངག་འདིའི་དགོས་པ་ལ་སོགས་པ་བཞི་བརྗོད་བྱ། ངག་འདི་ལ་བརྟེན་ནས་རང་སྤྱིའི་མཚན་ཉིད་རྟོགས་པ་དགོས་པ། དེ་དག་ལ་རག་ལས་པ་འབྲེལ་པ། དེས་དགོས་ལྡན་དུ་ཤེས་ནས་བསྟན་བཅོས་ལ་འཇུག་པ་ཉིང་དགོས་སོ། །ངག་ཙམ་ལ་ཡོད་པའི་དགོས་འབྲེལ་བཞི་ནི། ངག་འདིས་གཏན་ལ་དབབ་པར་བྱ་བ་བརྗོད་བྱ། དེ་ངག་ལས་རྟོགས་པ་དགོས་པ། དགོས་པ་ངག་ལས་རག་ལས་པ་འབྲེལ་པ། དགོས་པ་དེ་ལས་ཉིང་དགོས་གྲུབ་པ་ནི་དགོས་པའི་དགོས་པའོ། །དགོས་འབྲེལ་བཞི་པོ་དེ་དག་ཤིང་དང་ལྗོན་པ་ལྟར་རྣམ་གྲངས་སམ། ལག་པའི་སོར་མོ་ལྟར་ངོ་བོ་ཐ་དད་པའམ། བྱས་མི་རྟག་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའམ། དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའི་ཐ་དད་པ་གང་ཡིན་ཅེ་ན། དོན་ལྡོག་ཐ་དད་པས་དང་པོ་མ་ཡིན་ཅིང་། ཐམས་ཅད་དངོས་པོ་ཡིན་པས་ཐ་མ་མ་ཡིན་ལ་གཞན་ཅི་རིགས་པ་སྟེ། ཞེན་པའི་བརྗོད་བྱ་ལ་བསམས་ན་དངོས་སུ་བསྟན་པའི་བརྗོད་བྱ་ཆོས་དེས་གཞན་གསུམ་ལ་ཁྱབ་པས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཕྱིར་ཏེ། ཆོས་འདིར་གཙོ་བོར་བསྟན་པ་ཤེས་རབ་ཀྱི་བསླབ་པ་ཉིད་བརྗོད་བྱ་ཡིན་ལ་དེ་ཉིད་རྟོགས་པར་བྱ་བ་དགོས་པ། དགོས་པ་དེ་ཉིད་བློ་ལ་སྣང་པའི་བསྟན་བཅོས་ལ་རག་ལས་པའི་ལྡོག་པ་ནས་འབྲེལ་བ་ཡིན་ལ། བསྟན་བཅོས་ལས་ཇི་ལྟར་འབྱུང་བ་ལྟར་བླང་དོར་བྱས་པས་བརྗོད་བྱ་དེ་ལྡན་གྱི་ཉིང་དགོས་ཀྱང་ཐོབ་པའི་ཆ་ནས་བརྗོད་པར་བྱ་བའི་ཤེས་རབ་ཙམ་དུ་ངོ་བོ་གཅིག་པའི་ཕྱིར། ཡང་ན་འདི་ལྟར་ཡང་བཞག་ཏུ་ཡོད་དེ། དངོས་ཀྱི་བརྗོད་བྱ་དངོས་པོ་གཅིག་ཉིད་ལ་དོན་སྤྱི་སྣང་བ་བརྗོད་བྱ་དང་། སྒྲོ་འདོགས་ཆོད་པ་དགོས་པ་དང་། སྒྲ་ལས་བྱུང་བ་འབྲེལ་པ་སྟེ་ལྡོག་པ་ཐ་དད་ཅིང་། ཉིང་དགོས་དང་རྒྱུ་འབྲས་ཡིན་པས་ངོ་བོ་ཐ་དད་པ་ཉིད་(༢༥བ)


K8Z006_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་དག་ངག་འདིས་ཇི་ལྟར་བསྟན་ཚུལ་ལ་ཚིག་གང་གིས་བསྟན་པ་དང་། གཙོ་ཕལ་གང་དུ་བསྟན་པ་གཉིས་ལས། དང་པོ་ནི། བསྟན་བཅོས་ཀྱི་ཀླད་དུ་དགོས་འབྲེལ་བཞི་དངོས་ཤུགས་སུ་ཇི་ལྟར་བསྟན་ཅེ་ན། བརྗོད་བྱ་ཆོས་རྣམས་ཞེས་དངོས་སུ་བསྟན་པས། ཤེས་རབ་ཀྱང་དེས་མཚོན་ཏེ་བསྟན་ལ། རབ་ཏུ་རྣམ་འབྱེད་ཅེས་པས་དགོས་པ་དང་། མེད་པར་ལ་སོགས་པས་ཉིང་དགོས་བཟློག་ནས་བསྟན་ཅིང་། འབྲེལ་པ་ནི་མངོན་པ་ཡོད་ན་རབ་ཏུ་རྣམ་འབྱེད་ཡོད་ཅེས་ཤུགས་ལ་བསྟན་ཏེ། རྣམ་བཤད་རིག་པར། བསྟན་བཅོས་དང་ནི་དགོས་པའི་དོན། །འབྲེལ་བའི་གཞི་ནི་གཉིས་ལ་གནས། །དེ་བསྟན་འདུས་པ་དེ་ཡི་ཕྱིར། །དགོས་ལས་ལོགས་སུ་མ་བསྟན་ཏོ། །ཞེས་སོ། །གཉིས་པ་ནི། ངག་གཅིག་ལ་དོན་དུ་མ་རང་དབང་དུ་སྟོན་པའི་ནུས་པ་མེད་པ་དང་། གཙོ་བོ་མེད་ན་ཕལ་པ་ཉིད་དུའང་མི་འགྲུབ་པས་ཐམས་ཅད་གཙོ་བོ་དང་ཕལ་པར་སྟོན་པ་ཉིད་དོ། །དེས་ན་བརྗོད་པ་སྒྲའི་བྱེད་པས་གཙོ་ཕལ་ནི། རབ་ཏུ་རྣམ་འབྱེད་དེ་ཡི་ཕྱིར། །ཞེས་དང་། ངག་བརྗོད་པ་ངག་དེའི་དོན་གོ་བའི་ཆེད་དུ་གཉེར་བ་མྱོང་བས་གྲུབ་པས་དགོས་པ་གཙོ་བོ་དང་གཞན་གསུམ་དེའི་ཡུལ་དང་རྒྱུ་འབྲས་ཡིན་པས་ཕལ་པར་བསྟན་ལ། བསམ་པ་དོན་དུ་གཉེར་བྱའི་གཙོ་ཕལ་ནི། མེད་པར་ཞེས་དང་། དགོས་པའི་ཆེད་དུ་བྱ་བ་ཡང་འདི་ཡིན་པས་ཉིང་དགོས་གཙོ་བོ་དང་། གཞན་གསུམ་དེའི་རྒྱུ་དང་། རྒྱུའི་ཡུལ་དང་ཐབས་ཡིན་པས་ཕལ་པར་བསྟན་ཏོ། །དགོས་སོགས་བཞིར་ངེས་པའི་རྒྱུ་མཚན་ནི། ཤེས་བྱ་དང་བསྟན་བཅོས་ལ་བཞིར་ངེས་པ་མ་ཡིན་གྱི་བསྟན་བཅོས་འདི་ལ་ཆོས་དུ་མ་ཡོད་པའི་ནང་ནས་བཞི་ཁོ་ན་བཏུས་ཏེ་སྟོན་པའི་ངེས་པ་ཅི་ཡིན་ཅེ་ན། སྤྱིར་ངག་རྣམས་ཀྱིས་རང་གི་དགོས་པ་སྒྲུབ་པ་ལ་འཚམ་པའི་དོན་ཙམ་བརྗོད་པ་ན། ངག་འདིས་ཀྱང་རང་གི་བསྟན་བཅོས་ལ་གདུལ་བྱ་གཞུག་(༢༦ན)


K8Z006_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པས་གེགས་ཀྱི་རྟོག་པ་ལྡོག་པ་ལ་བཞི་འཚམས་པའི་ཕྱིར་ཏེ། འདི་ལྟར་སྐྱེ་བོ་རྟོག་པ་དང་ལྡན་པ་དག་སྔར་འཇུག་པར་བྱ་བའི་དོན་ལ་ཡོངས་སུ་རྟོག་པ་ན། ཅི་བྱ་རོག་སོ་རྟོག་གི་གཞུང་ངམ་སྟོང་ཉིད་ཤེས་པར་འདོད་པ་ལ་གསོ་བ་རིག་པ་ལྟར་དགོས་པ་ཉིད་མེད་པ་དང་། ཡོད་ཀྱང་མ་བག་མར་ལེན་པའམ་ཤིང་གཉན་གཅོད་པ་ལྟར་འདོད་བྱ་མ་ཡིན་པ་དང་། ཡིན་ཀྱང་འཇོག་པོའི་ནོར་བུའམ་སྙུང་བ་འབུམ་ལྟར་སྒྲུབ་མི་ནུས་པ་དང་། ནུས་ཀྱང་སྐོམ་པས་ཁྲོན་པ་མི་བསྐོ་བ་ལྟར་ཐབས་སླ་བ་གཞན་ཡོད་པར་རྟོག་པ་བཞི་སྐྱེ་ཞིང་། དེ་དག་ལས་གཅིག་མ་བཅད་ཀྱང་མི་འཇུག་པས་དེ་དག་གཅོད་པ་ལ་ལོ་ཙཱ་བ་ལ་སོགས་ཁ་ཅིག་བརྗོད་བྱས་དགོས་པ་ཡོད་པ་དང་། དགོས་པས་སྒྲུབ་ནུས་སུ་བྱེད་པ་ཞེས་པ་ནི་མ་ཡིན་ཏེ། དགོས་པ་ལ་བརྗོད་བྱས་ཁྱབ་ཀྱང་ཁྱབ་བྱ་དགོས་པ་ལ་དགོས་པ་མེད་པའི་ལོག་རྟོགཁྱབ་བྱེད་བརྗོད་བྱ་བརྗོད་པས་མི་ཁེགས་པས་ཁྱབ་བྱེད་བརྗོད་བྱ་བརྗོད་པས་དགོས་པ་མེད་པ་མི་ལྡོག་པའི་ཕྱིར། དེས་ན་དགོས་པ་ཡོད་ཀྱང་མི་འགྲུབ་པའི་དོགས་པ་མི་ཆོད་པའི་ཕྱིར་རོ། །དེས་ན་སྤྱིར་དགོས་པ་ཡོད་ཅིང་འདོད་པར་བྱ་བ་དང་། སྒྲུབ་ནུས་ཤིང་འདི་ཁོ་ན་དང་འབྲེལ་ལོ་ཞེས་དགོས་པ་དང་རྗེས་སུ་མཐུན་པའི་བློ་བཞི་བསྐྱེད་པའི་ཕྱིར་དགོས་པ་དང་ཉིང་དགོས་དང་བརྗོད་བྱ་དང་འབྲེལ་བ་བཞི་བསྟན་པས་ངག་རྣམས་ཀྱི་བཟློག་ཕྱོགས་གཅོད་པའི་ཕྱིར་དགོས་པའི་ངོ་བོ་ཉིད་ཡོད་པ་དང་། དེ་ཉིང་དགོས་གྱ་ནོམ་པའི་རྒྱུར་ཤེས་པས་འདོད་པར་བྱ་བ་དང་། གཞུང་འདིས་རྟོགས་བྱ་བསྟན་ཅིང་རྟོགས་བྱེད་ཀྱི་བློ་རང་ལ་ཡོད་པས་དོན་ཤེས་ཕྲད་ན་མིག་གི་གཟུགས་ལྟར་རྟོགས་སུ་རུང་བ་དང་། དེ་ཡང་འདི་ཁོ་ན་དང་འབྲེལ་ཞེས་གཞན་ལྡན་རྣམ་གཅོད་དང་འབྲེལ་བར་བསྟན་པས་འདིས་བརྗོད་ཚོད་གོ་བ་ལ་འདི་བས་སླ་བའི་ཐབས་གཞན་མེད་པའི་ཕྱིར་རོ། །ཡང་འབྲེལ་(༢༦བ)


K8Z006_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལྷ་འདོད་ནས་མཆོད་སྦྱིན་ལྟར་དགོས་པ་བསྟན་བཅོས་ལ་མ་འབྲེལ་བ་བཅད་ནས་བརྗོད་བྱ་དེ་སྒྲུབ་ནུས་སུ་གོ་བར་བྱེད་པའི་ལུགས་ཀྱང་རུང་ངོ། །དེ་ལ་འདིར་གྲངས་ངེས་མི་འཐད་པ་སྤང་བ་ནི་རྟོག་པ་བཞི་གཅོད་པས་དགོས་འབྲེལ་བཞིར་ངེས་པ་ལ། རྟོག་པ་ནི་བློའི་འཇུག་ཚུལ་ཐ་དད་པས་ཁ་ཅིག་ལ་གཅིག་གམ་གཉིས་ལས་མི་སྐྱེ་བ་སྲིད་ཅིང་། ཁ་ཅིག་ལ་འདིས་ནོར་འཛད་པ་ལ་སོགས་པའང་སྐྱེ་སྲིད་པས་བཞིར་མ་ངེས་སོ་ཞེ་ན། དེའི་ཉེས་པ་མེད་དེ་རྟོག་ལྡན་གཅིག་སྐྱོན་ཡོན་མ་མཐོང་བའི་བྱ་བ་ལ་འཇུག་པའི་སྔོན་དུ་འདི་ལ་དོན་ཡོད་ཅིང་། འདོད་ལ་ནུས་ཤིང་ཐབས་སླ་བ་ཡིན་ནམ། ཞེས་དཔྱད་ནས་འཇུག་པ་ན་བཞི་ནི་ངེས་པར་སྐྱེ་ལ། དེ་ལས་གཞན་འདོད་བྱ་མ་ཡིན་པ་ལ་སོགས་པར་འདུ་བས་བཞི་པས་མང་བར་མི་སྐྱེ་བར་ངེས་པའོ། །ཡང་བརྒྱད་དུ་ཐལ་བ་སྤང་བ་ནི་གལ་ཏེ་ཚུལ་དེ་ལྟར་ཉིང་དགོས་ལའང་དོགས་གཞི་སྐྱེ་ན་དེ་སྤོང་བའི་གཉེན་པོ་དགོས་འབྲེལ་མི་དགོས་ན་དགོས་པ་ལ་ཡང་མཚུངས་ཤིང་དགོས་ན་བརྒྱད་དུ་འགྱུར་ཞེས་པའི་ཉེས་པའང་མེད་དེ། དེ་ལྟ་བུའི་དོགས་པ་སྐྱེ་ན་སྤོང་དགོས་ཀྱང་ཉིང་དགོས་ལ་དགོས་འབྲེལ་གཞན་མི་དགོས་ཏེ། ཉིང་དགོས་ཀྱི་ངོ་བོ་བསྟན་པས་དགོས་པ་ཡོད་ཅིང་འདོད་བྱར་གྲུབ་ལ། དེ་དགོས་པའི་འབྲས་བུར་བསྟན་པས་སྒྲོན་མས་འོད་ལྟར་མི་ནུས་པ་དང་མ་འབྲེལ་བའི་དོགས་པ་ཡང་སེལ་བའི་ཕྱིར་རོ། །ཡང་བརྟགས་ན་མི་འཐད་པ་སྤང་བ་ནི། གལ་ཏེ་རྟོག་ལྡན་གྱི་ལོག་རྟོག་ཚིག་གིས་བཟློག་ནུས་ན་རྟོག་གེ་པའི་བདག་ལྟ་དགག་པའི་ཕྱིར་རྟགས་སྦྱར་བ་དོན་མེད་པར་འགྱུར་ལ། མི་ནུས་ན་ངག་གི་དགོས་པ་དོན་མེད་པར་འགྱུར་ཞེ་ན། རྟོག་གེ་ངན་པས་བརྟགས་ནས་ཞེན་པའི་ལོག་རྟོག་ཚིག་གིས་མི་བཟློག་ཅིང་གློ་བུར་བ་འཕྲལ་གྱི་བྱ་བ་ལ་ལོག་རྟོག་ཚིག་གིས་བཟློག་པར་མྱོང་བས་གྲུབ་པས་སམ། ལོག་རྟོག་གི་ཁྱད་པར་བཟློག་ཅིང་(༢༧ན)


K8Z006_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མའི་ངེས་ཤེས་མི་སྐྱེད་པས་ཉེས་པ་གཉིས་ཀ་མེད་དོ། །ཡང་འཇུག་པའི་རྒྱུར་མི་འཐད་པ་ནི། གལ་ཏེ་དགོས་པ་བཞི་པོ་དེ་ཤེས་བྱ་གཞིར་བྱས་ལ་བཅད་པས་བསྟན་བཅོས་ལ་མ་ཁྱབ་པའི་ཕྱིར། རིན་པོ་ཆེ་སྲིད་ཀྱང་དབུལ་པོའི་ཁྱིམ་ནས་མི་ལེན་པ་ལྟར་བསྟན་བཅོས་འདིར་འཇུག་པའི་རྒྱུར་མི་རུང་ལ། བསྟན་བཅོས་གཞིར་བྱས་ལ་གཅོད་ན། དགོས་པ་ཡོད་པར་བསྟན་པས་བསྒྲུབ་པར་མི་ནུས་པ་དང་། མ་འབྲེལ་བ་ཆོད་པའི་ཕྱིར་བརྗོད་བྱ་དང་འབྲེལ་བ་བསྟན་མི་དགོས་པར་འགྱུར་ཞེ་ན། འདིར་འབྲེལ་པའི་ཚུལ་གཉིས་ལས། མི་ལྡན་རྣམ་གཅོད་ལྟར་ན་དགོས་མེད་དང་འདོད་བྱ་མ་ཡིན་པ་ཤེས་བྱའི་སྟེང་དུ་མ་འབྲེལ་བ་དང་མི་ནུས་པ་དེ་བསྟན་བཅོས་ཀྱི་སྟེང་དུ་གཅོད་པས་སྐྱོན་གཉིས་ཀ་མེད་ལ། གཞན་ལྡན་རྣམ་གཅོད་ལྟར་ན་དགོས་པ་བཞི་ག་བསྟན་བཅོས་ཀྱི་སྟེང་དུ་གཅོད་ཚུལ་ཐ་དད་པས་ཉེས་པ་མེད་དོ། །དབྱེ་བ་ནི། བརྗོད་བྱ་ལ་སྒྲས་དྲངས་པའི་རྣམ་རྟོག་གི་བློ་ལ་མིང་དང་འབྲེལ་བའི་དོན་སྤྱི་སྣང་བ་དངོས་ཀྱི་བརྗོད་བྱ་དང་། ཕུང་པོ་ལ་སོགས་པའམ་ཤེས་རབ་ཀྱི་བསླབ་པ་ཤེས་བྱ་གཤིས་ལ་གནས་པ་ཞེན་པའི་བརྗོད་བྱ་གཉིས་དང་། དགོས་པ་ལ་ཁ་ཅིག་བརྗོད་བྱ་རྗོད་བྱེད་འདིས་རྟོགས་པ་ཞེས་ཟེར་ཡང་། བརྗོད་བྱ་གཉིས་རྟོགས་པ་གཉིས་དང་། འབྲེལ་པ་ལ་བསྟན་བཅོས་དང་དགོས་པ་འབྲེལ་བ་དང་། དེ་དང་ཉིང་དགོས་འབྲེལ་པ་གཉིས་དང་། ཉིང་དགོས་ལ་སྒྲུབ་པའི་རྟེན་ལམ་གནས་སྐབས་པ་དང་། ལྷག་བཅས་ལྷག་མེད་མཐར་ཐུག་པ་གཉིས་ཏེ་བརྒྱད་དོ། །ཞེས་དགོས་སོགས་ཀྱི་རྣམ་པར་བཞག་པ་འདི་ནི་དཔལ་སྣར་ཐང་པའི་ལུགས་ལྟར་བཤད་པའོ། །གཉིས་པ་[ཚིག་གི་དོན་]ལ་བཞི་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཆོས་རྣམས་ཞེས་དངོས་སུ་བསྟན་པ་ཟག་བཅས་ཟག་མེད་ཐམས་ཅད་ལ་འཆད་པའམ། བརྗོད་བྱ་དོན་གྱི་གཙོ་བོ་ནི་ཤེས་རབ་ཀྱི་བསླབ་(༢༧བ)


K8Z006_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་ཆོས་རབ་ཏུ་རྣམ་འབྱེད་ཅེས་པས་བསྟན་ཏོ། །དེ་ཡང་ཤེས་པས་ཤེས་པར་བྱ་བ་དང་། བསྟན་བཅོས་ཀྱི་བརྗོད་པར་བྱ་བ་རྣམ་པར་རྟོག་པའི་ཡུལ་གྱི་ཁྱད་པར་ནི་བརྗོད་པར་བྱ་བའོ། །དགོས་པ་ནི། མེད་པར་ཞེས་པ་བཟློག་ནས་སམ། རབ་ཏུ་རྣམ་འབྱེད་ཅེས་པས་ཐོས་བྱུང་གི་ཤེས་རབ་དངོས་སུ་བསྟན་ཏོ། །ཉིང་དགོས་ནིི། གཞུང་དུ་བཟློག་པར་བསྟན་ལ་རྣལ་མ་ཤུགས་ལ་ཤེས་པར་འགྱུར་ཏེ། དགོས་པ་ཆོས་རྣམས་རབ་ཏུ་རྣམ་འབྱེད་དེ་མེད་པར་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་བྱ་བའི་ཐབས་གཞན་གང་ཡང་མེད་ལ་ཉོན་མོངས་པས་ཀྱང་སྟེ། དེ་མ་ཞི་ན་དེས་ཀུན་ནས་བསླངས་ནས་ལས་སོག་པར་འགྱུར་ལ། དེས་འཇིག་ཅིང་ཉམས་པས་འཇིག་རྟེན་ཅེས་བརྗོད་དེ། དེའང་ཐོག་མ་མེད་པ་ནས་མི་འབྱུང་མ་མྱོང་བས་སྲིད་པ་དེ་ཉིད་ཕྱིའི་རྒྱ་མཚོ་དང་མཚུངས་པས་མཚོ་སྟེ་འཁོར་བ་ཐོག་མ་མེད་པ་ནས་གཏིང་ཟབ་པ་དང་། མཐའ་མེད་པས་རྒྱ་ཆེ་བ་དང་། ཉོན་མོངས་པ་དང་འདོད་ཆགས་ལ་སོགས་པའི་ཆུ་སྲིན་འཛིན་ཁྲིས་གང་བ་དང་། ལས་ཀྱི་རྦ་རླབས་དང་བཅས་པ་བཞིས་མཚུངས་སོ། །ཉེར་ལེན་གྱི་ཕུང་པོ་མངོན་སུམ་དུ་གྲུབ་པ་འདི་ཉིད་ལས་གཞན་པའི་སྲིད་པ་མེད་པས་ཉེ་བའི་ཚིག་འདིར་འཁྱམས་ཏེ། དེའི་ངོ་བོར་གནས་པའོ། །དེ་ལ་ཡང་གཞིའི་སྒྲ་སྣང་སྟེ། ཤིང་པླཀྵ་དག་ལ་ཀུན་དགའ་ར་བ་གནས་སོ་ཞེས་པ་ལྟ་བུའོ། །ཤུགས་ལ་ནི་རྣམ་འབྱེད་ཡོད་ན་ཉོན་མོངས་ཞི་བའི་ལྷག་བཅས་ལྷག་མེད་ཐོབ་པར་འགྱུར་རོ་ཞེས་ཉིང་དགོས་ཡང་དག་པར་བསྟན་ཏོ། །དེ་ལྟའི་ལྷག་བཅས་མ་བཅས་དེ་ཇི་ལྟ་བུའོ་ཞེ་ན། སྤྱིར་བཏང་ཀུན་འབྱུང་དང་སྡུག་བསྔལ་སྤངས་པའི་རབ་ཏུ་ཕྱེ་བའི་སྡུག་བསྔལ་ལུས་པ་དང་མ་ལུས་པ་ནི་ལྷག་མ་དང་བཅས་མ་བཅས་སོ། །དེ་ལྟར་ན། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ཞེས་པ་དང་། སྡུག་བསྔལ་གང་ཡིན་ཀུན་འབྱུང་གང་། །ཞེས་(༢༨ན)


K8Z006_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་མཉམ་པར་བཤད་པ་ཇི་ལྟ་བུ་ཞེ་ན། དེ་ནི་བྱེ་བྲག་ཏུ་སྨྲ་བས་ཐམས་ཅད་དུ་མཉམ་པ་དང་། མདོ་སྡེ་པ་དང་། སེམས་ཙམ་པ་ཕལ་ཆེར་དགྲ་བཅོམ་པའི་ཕུང་པོ་ཐ་མ་སྡུག་བསྔལ་ཡིན་ལ་ཀུན་འབྱུང་མིན་པ་དང་། བསྡུ་བར། དགྲ་བཅོམ་པའི་ཕུང་པོ་རིལ་ཀུན་འབྱུང་མ་ཡིན་པ་གསུམ་ཡོད་ཀྱང་། ཀུན་འབྱུང་གི་གཙོ་བོ་ལས་དང་ཉོན་མོངས་པ་སྤངས་ལ། སྡུག་བསྔལ་གྱི་གཙོ་བོ་འབྲས་བསྡུས་ཀྱི་ཕུང་པོ་མ་ལོག་པ་སྟེ་སྐུ་ཚེ་བཏང་བ་དང་མ་བཏང་བའོ། །གྲུབ་མཐའ་དང་སྦྱར་ཏེ་བྱེ་བྲག་ཏུ་བཤད་ན་གསུམ་སྟེ། ཉན་ཐོས་སྡེ་པ་དང་། སེམས་ཙམ་པའི་ལུགས་དང་། དེ་ལས་འཕྲོས་ཚུལ་ལོ། །དང་པོ་ལ་གཉིས་ལས། དངོས་ནི། བྱང་ཆུབ་གསུམ་ལས་ཉན་ཐོས་དགྲ་བཅོམ་པ་ནི་ཁམས་གསུམ་པའི་རྟེན་ཅན་ཏེ། དེ་ལ་འདོད་པའི་རྟེན་ནི་ཁམས་གསུམ་གྱི་ཉོན་མོངས་པ་ཞི་བའི་སོ་སོར་བརྟགས་པའི་འགོག་པ་ནི་ཐོབ་ཅིང་མངོན་སུམ་དུ་བྱས་ལ། སྡུག་བསྔལ་ཞི་བའི་འགོག་པ་ཐོབ་ཀྱང་མངོན་དུ་མ་བྱས་པ་སྟེ། ཅི་ཞིག་ལུས་ན་མཽ་གལ་གྱི་བུ་དང་། རྒུར་ཆུང་ལྟ་བུ་སྡུག་བསྔལ་དང་ཚོར་བ་བདེ་བ་རྟེན་བཅས་འགྱུར་བ་དང་། ཟག་བཅས་ཐམས་ཅད་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ག་ལུས་ལ། ནམ་སྐུ་ཚེ་བཏང་བ་དང་ལྷག་མེད་དུ་གྱུར་པ་ནི། འགོག་པ་ཐོབ་པ་མངོན་དུ་བྱས། །ཞེས་བྱ་བའི་འགོག་པ་སྟེ། དེ་ལ་བྱེ་བྲག་ཏུ་སྨྲ་བས་རྟག་ཅིང་དགེ་བའི་རྫས་སུའདོད་ལ། མདོ་སྡེ་པས་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་ཟག་བཅས་ཅང་མེད་དུ་སོང་བར་འདོད་དེ། མདོ་ལས། མ་ཞུམ་པ་ཡིས་སེམས་ཀྱིས་སུ། །ཚོར་བ་དང་དུ་ལེན་མོད་ཀྱི། །མར་མེ་ཤི་བར་གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་ཐར། །ཅེས་སོ། །བསམ་གཏན་དང་པོ་གསུམ་གྱི་རྟེན་ཅན་ནི་ལྷག་བཅས་ཀྱི་ཚེ་ཉོན་མོངས་ཞི་བ་མངོན་དུ་བྱས་ཤིང་། སྡུག་བསྔལ་གཉིས་ཞི་(༢༨བ)


K8Z006_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འགོག་པ་ཐོབ་ཀྱང་མངོན་དུ་མ་བྱས་ལ། ལྷག་མེད་ཀྱི་ཚེ་མངོན་དུ་བྱས་པའོ། །བསམ་གཏན་བཞི་པ་ནས་སྲིད་རྩེའི་བར་གྱི་རྟེན་ཅན་ནི་ལྷག་བཅས་ཀྱི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཞི་བའི་འགོག་པ་ཐོབ་ཀྱང་མངོན་དུ་མ་བྱས་ལ། ལྷག་མེད་ཀྱི་ཚེ་མངོན་དུ་བྱས་ཏེ་ཚེའི་འདུ་བྱེད་དོར་བའོ། །རང་སངས་རྒྱས་ནི་གླིང་གསུམ་གྱི་སྐྱེས་པའི་རྟེན་ཅན་ཏེ་ཆོམ་རྐུན་གྱིས་མིག་ཕྱུང་བ་ལ་སོགས་པ་སྡུག་བསྔལ་གསུམ་ལུས་པ་ལྷག་བཅས་དང་དོར་བ་ལྷག་མེད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཛམ་བུ་གླིང་གི་སྐྱེས་པ་སྟེ། ཟད་པ་ཤེས་པ་མངོན་དུ་བྱས་ན་སྐུ་ཚེ་མ་བཏང་གི་བར་ཞབས་ལ་སེང་ལྡེང་གི་ཚལ་བཟུག་པ་དང་། སྐུ་རོ་རྒྱབ་བསྙུང་བ་དང་། དབུ་ཀླད་པ་མ་བདེ་ནས་སྨན་ཨུཏྤལ། ཧ་ཏ་གན་དྷ་བཙལ་བ་ལ་སོགས་པ་དང་། ཚོར་བ་བདེ་བ་དང་། ཡིད་བདེ་རྟེན་དང་བཅས་པ་དང་། ཚོར་བ་བཏང་སྙོམས་ལ་ཁྱབ་པའི་སྡུག་བསྔལ་གསུམ་ལུས་པ་ནི་ལྷག་བཅས་ཡིན་ལ། ནམ་གྲོང་ཁྱེར་རྩྭ་མཆོག་ཏུ་སྐུ་ཚེ་བཏང་བ་དང་ལྷག་མེད་དུ་ཁས་ལེན་ཏོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། ཅི་ཉན་ཐོས་སྡེ་པ་གཉིས་ནི་ཐེག་པ་ཆེན་པོ་ཁས་མི་ལེན་ཏེ། དེ་དག་ལ་ཐེག་ཆེན་བཀར་སྒྲུབ་པ་ཡང་། མདོ་སྡེ་རྒྱན་ལས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་དང་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་པ་ལ་སོགས་པ་དང་། དེ་བཞིན་དུ་ཐེག་བསྡུས་དང་། རིན་ཆེན་ཕྲེང་བ་དང་། སྤྱོད་འཇུག་དང་། རྣམ་བཤད་རིག་པ་ལས་ཀྱང་གསུངས་སོ། །དེས་ན་སངས་རྒྱས་ནི་ཐེག་ཆེན་ཡིན་པས་དེ་མྱ་ངན་ལས་འདས་པ་ཇི་ལྟར་འདོད་ཅེ་ན། རེ་ཞིག་ཉན་ཐོས་ནི་བཞིར་བསྡུ་བ་ལས་གསུངས་ཏེ། སྤྲུལ་པ་དང་། མངོན་པའི་ང་རྒྱལ་ཅན་དང་། ཞི་བ་བགྲོད་པ་གཅིག་པ་དང་། རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའོ། །དེ་ལ་མངོན་པའི་ང་རྒྱལ་(༢༩ན)


K8Z006_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཉན་ཐོས་ནི་བདེན་པ་མ་མཐོང་ཞིང་གྲུབ་མཐའ་སྨྲ་བའི་སྡེ་པ་གཉིས་སམ་བཞི་པོ་རྒྱས་པར་ཕྱེ་ན་སྡེ་པ་བཅོ་བརྒྱད་དུ་གཏོགས་པ་སྟེ། དེ་དག་གིས་ཐེག་པ་ཆེན་པོའི་ཆོས་ཚུལ་མིང་དང་རྒྱུ་མཚན་དང་རྣམ་པར་རྟོག་པ་དང་དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཏེ་ཆོས་ལྔ་དང་། བཤད་སྦྱར་ལས། རྣམ་པར་རྟོག་པ་བརྟགས་པའི་དོན། །ཀུན་ཏུ་བརྟགས་པའི་ངོ་བོ་ཉིད། །རྣམ་པར་རྟོག་པ་གཞན་གྱི་དབང་། །དེ་ཡི་ཆོས་ཉིད་ཡོངས་སུ་གྲུབ། །ཅེས་པའི་ངོ་བོ་ཉིད་གསུམ་དང་། རྣམ་ཤེས་བརྒྱད་ལ་ཀུན་གཞི་དང་། ཉོན་ཡིད་དང་། བདག་མེད་གཉིས་ལས་ཆོས་ཀྱི་བདག་མེད་ཁས་མི་ལེན་ཏེ། ལངྐར་གཤེགས་པ་ལས། ཆོས་ལྔ་དག་དང་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་མཐའ་དག་འདུས། །ཞེས་པ་དང་། གཞན་ཡང་རྒྱུ་ས་བཅུ་དང་འབྲས་བུ་སྐུ་གསུམ་ཡེ་ཤེས་བཞི་ལ་སོགས་པ་མ་གྲགས་ལ། རྗོད་བྱེད་ཟབ་པ་དང་རྒྱ་ཆེ་བ་སྟོན་པ་འབུམ་དང་ཕལ་པོ་ཆེ་ལ་སོགས་པ་བཀར་མི་འདོད་ཅིང་། ཉན་ཐོས་ལས་ལྷག་པའི་སངས་རྒྱས་ནི་འདོད་དེ། དེ་ལྟར་མི་འདོད་ན་དཀོན་མཆོག་གསུམ་ཡང་བཞག་ཏུ་མེད་པར་འགྱུར་བའི་ཕྱིར། འོ་ན་སྤྱོད་འཇུག་ལས། གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །ཞེས་བཤད་པས་ལམ་ཐེག་པ་ཆེན་པོ་མེད་པར་འབྲས་བུ་བྱང་ཆུབ་ཆེན་པོ་གང་ལས་འཐོབ་ཅེ་ན། ཡང་དག་པར་ལྡན་པའི་ལུང་ལ་སོགས་པའི་རྗེས་སུ་འབྲངས་ནས་ལྟ་བ་གང་ཟག་གི་བདག་མེད་དང་། སྤྱོད་པ་ཕར་ཕྱིན་དྲུག་བསྐལ་པ་གྲངས་མེད་དྲུག་བསྒྲུབས་པ་ལས་སངས་རྒྱས་ཐོབ་ཅིང་། ལུང་དེ་ཉིད་ལ་བརྟེན་ནས་རྟེན་འབྲེལ་འཇུག་ཟློག་གི་ཚུལ་གྱིས་བདེན་པ་བཞི་གོམས་ཤིང་བསྐལ་པ་བརྒྱར་ཚོགས་བསགས་པ་ལས་བསེ་རུ་ལྟ་བུའི་རང་རྒྱལ་ཐོབ་ལ། མྱུར་བར་སྲིད་པ་གསུམ་གྱི་ཐར་བའི་(༢༩བ)


K8Z006_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱིས་ཉན་ཐོས་དགྲ་བཅོམ་པ་ཐོབ་བོ་ཞེས་བྱ་བ་ནི་ཐེག་དམན་པས་ཐེག་ཆེན་འདོད་པའི་བྱང་ཆེན་གྱི་ལམ་ལ་མ་བརྟེན་པར་བྱང་ཆེན་ཐོབ་པའི་ལུགས་སོ། །འདི་ལྟ་ཞིག་ཀྱང་སྲིད་ན་ལམ་འདི་ལྟས་བསྒྲུབས་པའི་སངས་རྒྱས་དེ་སླར་ཐེག་པ་ཆེན་པོའི་ལམ་ནས་གདོད་ཐེག་པ་ཆེན་པོའི་སངས་རྒྱས་སྒྲུབ་པ་ཞིག་ཀྱང་ཁས་ལེན་རིགས་ཏེ། མདོའི་སངས་རྒྱས་སླར་སྔགས་ཀྱི་ལམ་ནས་གདོད་སངས་རྒྱས་དགོས་པ་བཞིན་ནོ། །གཉིས་པ་རྣལ་འབྱོར་སྤྱོད་པ་པས་ནི། ཉན་ཐོས་རང་རྒྱུད་པ་གང་ཟག་གི་བདག་གིས་སྟོང་པའི་དེ་བཞིན་ཉིད་བསྒོམས་པས་ཉོན་མོངས་པ་དང་བྲལ་ནས་ཤེས་པ་རྒྱུན་ཆད་པའང་འདོད་དེ། ཀུན་བཏུས་ལས། ཡིད་ཡིན་ལ་ཁམས་མ་ཡིན་པ་ཡོད་དེ། དགྲ་བཅོམ་པ་ཐ་མའི་ཡིད་དོ། །ཞེས་སོ། །དེའི་ལྷག་མ་ཡོད་མེད་ཀྱི་མྱ་ངན་ལས་འདས་པ་ནི་སྡེ་པའི་འདོད་པ་དང་འདྲ་ལ། འགོག་པ་ནི། དབུས་མཐའ་ལས། གཉིས་དངོས་མེད་པ་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་མ་ཡིན་དགག་ཏུའང་གསལ་ཏེ། ཁ་ཅིག་ནི་དེ་ལྟར་ན་ཆོས་ཅན་དུ་འགྱུར་བས་མེད་དགག་གོ་ཞེས་འདོད་དོ། །བོད་ལྷག་པའི་ལྷས་བྱིན་གྱིས་བརླབས་པར་ཁས་འཆེ་བ་གང་གིས། མངོན་པ་གོང་འོག་ནས་བཤད་པའི་ཤེས་བྱ་བདེན་པ་བཞི་ལ་མི་རྟག་པའི་རྣམ་པ་སོགས་བཅུ་དྲུག་བསྒོམས་པའི་སྒོ་ནས་ལོག་ཞུགས་རྣམས་སྤངས་ཏེ་འབྲས་བུ་ཐོབ་ཅེས་གསུངས་པ་ནི་དམན་པའི་གདུལ་བྱ་དག་ཁ་དྲང་བ་ཙམ་ཡིན་གྱི། ཐེག་དམན་གྱི་རྣམ་གྲོལ་མཚན་ཉིད་པ་ཐོབ་པ་ལ་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་བདེན་བཞིའི་རྣམ་པ་བཅུ་དྲུག་ཐུན་མོང་མིན་པ་བསྒོམས་པའི་སྒོ་ནས་ལོག་ཞུགས་སྤོང་བ་ཡིན་གྱི། བཤད་པའི་ལམ་གཞན་གྱིས་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་གནས་སྐབས་སུའང་ཐེག་པ་འོག་མ་གཉིས་མི་སྲིད་པར་འགྱུར་ཏེ། ཐེག་དམན་གྱི་སྡེ་སྣོད་གསུམ་གྱི་གསུང་རབ་ལ་རྣལ་འབྱོར་དུ་བྱས་པས་དེ་ལུགས་ཀྱི་འབྲས་བུ་མི་ཐོབ་པའི་ཕྱིར། དེ་ལ་ཁོ་མ་ཁྱབ་སྟེ། དེ་ཐོབ་པ་ལ་(༣༠ན)


K8Z006_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཐེག་པ་གོང་མའི་གསུང་རབ་ལ་རྣལ་འབྱོར་དུ་བྱས་པས་འགྲུབ་པའི་ཕྱིར་སྙམ་ན། འོ་ན་ཐེག་དམན་གྱི་གསུང་རབ་དགོངས་འགྲེལ་དང་བཅས་པ་ཐམས་ཅད་ལ་དགོས་སོགས་ཆོས་བཞི་མེད་པར་ཐལ་བ་དང་། ཐེག་དམན་པ་དེའང་ཐེག་པ་ཆེན་པོའི་རྣལ་འབྱོར་པར་ཐལ་ཏེ། འདོད་པ་དེ་དག་རིམ་བཞིན་རྟགས་སུ་སྦྱར་བའི་ཕྱིར་འདོད་དོ་ཞེ་ན། ཐེག་དམན་གྱི་གསུང་རབ་དང་དེའི་དགོངས་འགྲེལ་ལ་དགོས་སོགས་ཆོས་བཞི་ཡོད་པར་བཤད་པའི་འཕགས་པ་དེ་དག་རྫུན་གྱི་ཁ་ན་མ་ཐོ་བ་སྨྲ་བའི་གང་ཟག་གོ་ཞེས་སྐུར་འདེབས་ཞུ་བར་ཡང་འགྲོ་ཡི་དོགས་པ་དང་། ཐེག་དམན་པའི་རྣལ་འབྱོར་པ་མེད་པ་ཉིད་ཀྱིས་ཐེག་པ་གསུམ་གྱི་རྣལ་འབྱོར་པ་སོ་སོར་མཚན་གཞི་འཛིན་རྒྱུ་མེད་པར་ཡང་མི་འགྱུར་རམ། དེས་ན་རང་འདོད་ཀྱི་གྲུབ་མཐའ་ཕྱོགས་རེ་བསྲུང་བའི་ཆེད་དུ་ཆོས་ཀྱི་གནད་ལོག་པར་སྤྱོད་པ་འཆོས་པའི་ཚིག་འདི་ལྟ་བུ་ཐེག་པ་ཆེ་ཆུང་གི་གསུང་རབ་ཀྱི་གུང་སྒྲོམ་ཐམས་ཅད་ཞིག་པར་མི་འགྱུར་གྲང་། དེར་མ་ཟད་བདེན་བཞིའི་སྟོང་བདག་མེད་ཀྱི་རྣམ་པ་ཐལ་འགྱུར་བའི་ལུགས་ཐུན་མོང་མིན་པ་ཡིན་ཟེར་བ་དེའང་རང་གར་འཕྲལ་རྩོམ་ལས་ཚད་ལྡན་གྱི་སྐྱེས་བུ་སྔར་བྱོན་སུ་ལའང་མ་གྲགས་ཤིང་། མངོན་པ་གོང་འོག་ནས་བཤད་པའི་སྟོང་བདག་མེད་ཀྱི་རྣམ་པ་སྟོང་བདག་མེད་ཡང་དག་པ་དེ་མ་ཡིན་པ་དང་། ཡིན་པ་ལ་དངོས་སུ་གནོད་བྱེད་ཐེག་པ་ཆེ་ཆུང་རྒྱུད་སྡེ་དང་བཅས་པའི་གསུང་རབ་འགར་ཡང་མ་གསུངས་པས། མངོན་པ་གོང་འོག་ནས་བཤད་པའི་སྟོང་བདག་མེད་ཀྱི་རྣམ་པ་དེ་དག་གྲོལ་བ་དོན་གཉེར་གྱི་བསྒོམ་བྱར་གྲུབ་བོ། །རང་སངས་རྒྱས་ནི་གང་ཟག་གི་བདག་དང་གཟུང་བས་སྟོང་པའི་དེ་བཞིན་ཉིད་གོམས་པས་ཉོན་མོངས་དང་གཟུང་རྟོག་སྤངས་པ་སྟེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤང་ཕྱིར་དང་། །འཛིན་པ་མི་(༣༠བ)


K8Z006_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱའོ། །ཞེས་སོ། །འོ་ན། གཟུང་བ་མེད་པས་དེ་འཛིན་མེད། །ཅེས་པ་དང་འགལ་ལོ་ཞེ་ན། འདི་ལ་པཎ་ཆེན་འབུམ་ཕྲག་གསུམ་པ་ན་རེ། ཕྱི་ཡུལ་ལ་བལྟོས་པའི་གཟུང་འཛིན་གཉིས་ཀ་རང་བཞིན་མེད་པར་རྟོགས་ལ། ནང་ཤེས་པ་ལ་བལྟོས་པ་ནི་གཉིས་ཀ་མ་རྟོགས་ཏེ། ཕྱི་ལ་བལྟོས་པ་ནི་གཟུང་བ་བུམ་པ་དང་དེ་འཛིན་གྱི་ཤེས་པའོ། །ནང་ལ་བལྟོས་པ་ནི་སེམས་ཀྱིས་སེམས་གཞན་ཤེས་པ་ལྟ་བུའོ་ཞེས་འགལ་སྤོང་མཛད་ལ། ཁ་ཅིག་ལུང་གཉིས་པོ་མི་འགལ་ཏེ། བཅོམ་ལྡན་འདས་བྱམས་པས་གཟུང་བ་རང་བཞིན་མེད་པ་ཙམ་རྟོགས་ཀྱིས། གཟུང་བ་སྣང་ཙམ་ཡང་མེད་པར་མ་གསུངས་ལ། སློབ་དཔོན་previous hit དབྱིག next hit་གཉེན་གྱིས་གཟུང་བ་སྣང་ཙམ་ཡང་མེད་པར་རྟོགས་ན་དེར་འཛིན་སྣང་ཙམ་དུ་ཡང་མི་འབྱུང་བ་ལ་དགོངས་པས་སོ་ཞེས་འཆད་དོ། །པཎ་ཆེན་འབུམ་ཕྲག་གསུམ་པས་འགལ་སྤོང་སྔ་མ་དེ་ལྟར་གསུངས་པའི་ཚེ་ལོ་ཆེན་གྱིས་འོ་ན་གཟུང་འཛིན་གཉིས་ལ་རྟོགས་མ་རྟོགས་སུ་བསྟན་པ་མི་འཐད་དེ། ཕྱི་ལ་བལྟོས་པའི་འཛིན་པའང་དེས་སྟོང་པར་རྟོགས་ལ། ནང་ལ་བལྟོས་པའི་གཟུང་བའང་དེས་སྟོང་པར་མ་རྟོགས་པའི་ཕྱིར་ཞེས་ཞུས་པས། ཞལ་སྔ་ནས་ཕྱི་གཟུང་བ་དང་ནང་འཛིན་པ་ཞེས་འཇིག་རྟེན་དང་བསྟན་བཅོས་ཀྱི་གྲགས་པ་དང་བསྟུན་པའོ། །ཞེས་གསུངས་སོ། །མྱ་ངན་ལས་འདས་པ་ནི་སྔར་བཞིན་ནོ། །དེ་བཞིན་གཤེགས་པ་ནི་མི་གནས་པའི་མྱང་འདས་མངོན་དུ་མཛད་པས། སངས་རྒྱས་ཀྱི་ཆོས་མཐའ་དག་ནི་སྤངས་པ་དང་ཡེ་ཤེས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྐུ་ཡང་ཡེ་ཤེས་ཀྱི་སྣང་བ་ཡིན་པས་རྣམ་སྨིན་གྱི་ཕུང་པོ་སྡུག་བསྔལ་དང་བཅས་པར་མི་འདོད་དོ། །སེང་ལྡེང་གི་ཚལ་བཟུག་པ་ལ་སོགས་པར་སྟོན་པ་ནི་དགོངས་པ་ཅན་ཡིན་པ་དང་། བདེ་བའི་ཚོར་བ་ཟག་བཅས་མ་ཡིན་(༣༡ན)


K8Z006_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཡོན་ཏན་ཁ་ཅིག་མི་རྟག་པ་ཡིན་ཀྱང་འཕགས་པ་དང་མི་མཐུན་པ་མེད་ཅིང་སྡུག་བསྔལ་གཉིས་ཀྱི་རྒྱུ་ལ་གནས་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་གསུམ་དང་མི་ལྡན་ནོ། །སངས་རྒྱས་པའི་རྟེན་ཡང་། མདོ་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །སངས་རྒྱས་མངོན་པར་འཚང་རྒྱའོ། །ཞེས་པ་དང་། རྒྱུད་ལས། གཙང་མའི་གནས་ནི་རབ་སྤངས་ནས། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་འོག་མིན་ཡིན་ལ། སྤྲུལ་པ་ནི། འཛམ་བུ་གླིང་དུ་སྟོན་ཏེ། འགྲོ་བའི་གཙོ་བོ་ལྷ་མི་གཉིས་འདུལ་བའི་ཕྱིར། འོ་ན་ཐེག་ཆེན་པས་ལྷག་བཅས་ལྷག་མེད་ཀྱི་རྣམ་གཞག་མི་བྱེད་དམ་ཞེ་ན། ཐ་སྙད་ཙམ་དུ་རིན་ཆེན་ཕྲེང་བ་ལས། ལྷག་དང་བཅས་པའི་མྱ་ངན་འདས། །གཟུགས་ཀྱི་སྐུ་ལ་བཞག་པ་སྟེ། །ཆོས་ཀྱི་སྐུ་ནི་ལྷག་མ་མེད། །ཅེས་སམ། ཀུན་གཞི་གནས་མ་གྱུར་པ་དང་གྱུར་པ་ཞེས་སམ། ཡེ་ཤེས་དང་དབྱིངས་ཀྱི་ཁྱད་པར་ལས་དེར་འཇོག་ལ། ཀུན་གཞི་གནས་མ་གྱུར་པ་དང་གྱུར་པ་ལས་ལྷག་བཅས་དང་ལྷག་མེད་དུ་འཇོག་པ་འདི་ནི་རྣམ་རིག་པའི་གཞུང་ལས་ཤེས་དགོས་སོ། །གསུམ་པ་འཕྲོས་ཚུལ་ནི། མཐར་ཐུག་ཐེག་པ་གསུམ་མམ་གཅིག་ཡིན་ཅེ་ན། སེམས་ཙམ་མན་ཆད་ཀྱི་མ་ངེས་པའི་རིགས་ཅན་སངས་རྒྱས་སུ་འགྱུར་བ་སྲིད་ཀྱང་གསུམ་ཉིད་ངེས་དོན་ཡིན་ལ། གཅིག་ཏུ་བཤད་པ་ནི་དགོངས་པ་ཅན་ཏེ། རྒྱན་ལས། ཁ་ཅིག་དག་ནི་དྲང་ཕྱིར་དང་། །གཞན་དག་རྗེས་སུ་བཟུང་བའི་ཕྱིར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །མ་ངེས་རྣམས་ལ་ཐེག་གཅིག་བསྟན། །ཅེས་སོ། །དབུ་མ་པས་ནི་མཐར་ཐུག་ཐེག་པ་གཅིག་སྟེ་ཉན་རང་གི་ལྷག་མེད་ཀྱང་སེམས་དང་(༣༡བ)


K8Z006_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བྱུང་རགས་པ་འགགས་པ་ཙམ་ཡིན་གྱི། ཕྲ་བ་རྒྱུན་མ་ཆད་པས་དེར་གནས་པ་ལ་དེ་བཞིན་གཤེགས་པའི་སྨིན་མཚམས་ནས་བྱུང་བའི་འོད་ཀྱིས་བསླངས་ནས། བག་ཆགས་ཀྱི་སའི་མ་རིག་པ་དང་། ཟག་པ་མེད་པའི་ལས་ཀྱིས་ཡིད་ཀྱི་ཕུང་པོ་དང་བསམ་གྱིས་མི་ཁྱབ་ཅིང་དབང་བསྒྱུར་བའི་སྐྱེ་བ་དང་། འཆི་འཕོ་བ་བསྟན་པས་དག་པའི་རྟེན་འབྲེལ་གྱི་སྡུག་བསྔལ་གྱིས་སྐྲག་ནས་སེམས་བསྐྱེད་དེ། སེམས་འགྲེལ་ལས། ཉན་ཐོས་དེ་དག་ཇི་སྲིད་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་དགའ་བྱེད་ཅིང་། །ཞེས་སོ། །གསུམ་དུ་བཤད་པ་ནི་དགོངས་པ་ཅན་ཡིན་ཏེ། གཞི་རེ་ཞིག་པ་ལ་དགོངས་ནས་དགོས་པ་དམན་པ་ལ་མོས་པའི་གདུལ་བྱ་དྲང་བའི་དོན་དུ་ཡིན་ལ། གནོད་བྱེད་ནི་རང་བཞིན་དག་པས་ཀུན་ལ་ཁྱབ་ཅིང་དྲི་མ་ཐམས་ཅད་གློ་བུར་པ་ཡིན་པའི་ཕྱིར། ཇི་སྐད་དུ་དཔེ་མེད་པར་བསྟོད་པ་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོ་ཐེག་དབྱེར་མ་མཆིས་ཀྱང་། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་གཞུག་པའི་ཆེད་དུ་ལགས། །ཞེས་པ་དང་། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་ལྟ་བར་མི་ནུས་བཞིན། །ཞེས་དང་། དཔལ་ཕྲེང་གི་མདོ་ལས། མེ་བྱུང་བའི་རིམ་པ་དང་འདྲ་བར་ཐེག་པ་གསུམ་བསྟན་པ་དང་། གཞན་ནས་བུ་ཁང་པ་མེ་འབར་བ་ནས་འདོན་པ་ལ་གླང་པོ་ཆེའི་ཤིང་རྟ་བྱིན་པའི་དཔེ་དང་། འབྲོག་དགོན་པར་འཁྱམས་པའི་དཔེ་དང་། དྲི་ཟའི་གྲོང་ཁྱེར་སྤྲུལ་པའི་དཔེས་བསྟན་ཏོ། །ད་ནི་གཞུང་གི་འབྲེལ་ནི། གང་གི་ཕྱིར་ཆོས་མངོན་པ་བསྟན་པ་མེད་པར་ནི་སློབ་མས་(༣༢ན)


K8Z006_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རབ་ཏུ་རྣམ་པར་འབྱེད་མི་ནུས་པ་དེའི་ཕྱིར་མངོན་པ་བསྟན་ཅེས་པས་རྩ་བའི་འབྲེལ་པ་དང་། དགོས་པ་མེད་ན་ཉིང་དགོས་མི་འབྱུང་བ་ཉིད་ཀྱིས་དེ་བས་ཞེས་ཉིང་འབྲེལ་བསྟན་པའམ་ཡང་ན་ཤུགས་ལ་བསྟན་པའོ། །རབ་ཏུ་རྣམ་འབྱེད་དུ་ཡིད་ཆེས་ཀྱི་ཆོས་མངོན་པ་དེ་སློབ་དཔོན་གྱིས་བསྡུ་བར་རིགས་ན་དང་པོ་སུ་ཞིག་གིས་བསྟན་ཅེ་ན། བྱེ་བྲག་ཏུ་སྨྲ་བའི་ལུགས་ནི། ཆོས་མངོན་པ་སྡེ་བདུན་པོ་འདི་ནི་དང་པོར་སྟོན་པས་ཡུལ་དང་གང་ཟག་སྣ་ཚོགས་ལ་ཐོར་བུར་གསུངས་ལ། ཕྱིས་དགྲ་བཅོམ་པ་བདུན་གྱིས་བསྡུས་པས་བསྟན་བཅོས་ཏེ། དཔེར་ན། ཆེད་དུ་བརྗོད་པའི་སྡེ་སྟོན་པས་ཐོར་བུར་གསུངས་པས་བཙུན་པ་ཆོས་སྐྱོབ་ཀྱིས་བསྡུས་པ་བཞིན། འདིར། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་previous hit དབྱིག next hit་བཤེས་ཀྱིས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མཽ་གལ་བུས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། །ཁམས་ཀྱི་ཚོགས་ནི་གང་པོས་བསྡུས། །ཞེས་སམ། གང་སྤེལ་ལས། འགྲོ་བའི་རྣམ་གྲངས་ཤཱ་རིའི་བུས། །ཞེས་སོགས་དེ་ལྟར་མ་ཡིན་ན། མདོ་ལས། དགེ་སློང་སྡེ་སྣོད་གསུམ་པ་ཡིན། །ཅེས་པའི་སྡེ་སྣོད་གསུམ་མ་ཚང་བར་འགྱུར་ཏེ། འདི་ལས་གཞན་པའི་མངོན་པ་མེད་པས་སོ་ཞེས་ཟེར་རོ། །མདོ་སྡེ་པའི་ལུགས་ནི། སློབ་དཔོན་གྱིས་གཞན་གྱི་འདོད་པ་བསྟན་པའི་ཕྱིར་ལོ་ཞེས་སྨོས་པ་ནི་མ་རངས་པའི་ཚིག་སྟེ། འདི་ལ་ནི་འདུས་མ་བྱས་རྫས་སུ་འདོད་པ་ལ་སོགས་པ་གྲུབ་མཐའ་ངན་པ་སྣ་ཚོགས་བྱུང་ལ། སྟོན་པས་ནི་ཆོས་ཀྱི་མཚན་ཉིད་མངོན་སུམ་དུ་གཟིགས་པས་ཕྱིན་ཅི་ལོག་གསུང་པར་མི་རིགས་སོ། །ཆོས་མངོན་པ་བྱེད་པའི་སློབ་དཔོན་དེ་དག་གི་བསྟན་བཅོས་ནི་མང་པོ་ཞིག་གྲགས་ཏེ། འོན་ཀྱང་འདུལ་བ་དང་མདོ་སྡེ་གང་ལས་ཆོས་ཀྱི་མཚན་(༣༢བ)


K8Z006_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དམ་ཤེས་རབ་ཀྱི་བསླབ་པ་སྟོན་པ་མངོན་པ་ཡིན་པས་སྡེ་སྣོད་གསུམ་མ་ཚང་བའི་སྐྱོན་མེད་དོ་ཞེས་ཟེར་རོ། །དེ་དག་ལ་དཔྱད་ན། མདོ་སྡེ་པས་ཀྱང་སྡེ་བདུན་དགྲ་བཅོམ་པས་བྱས་པར་ཐེ་ཚོམ་མི་ཟ་བར་འདུག་པས་དེ་དག་ནི་ཟག་པ་མེད་པའི་ཤེས་རབ་སྟོན་པའི་ཕྱིར་བསྟན་བཅོས་དེས་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ནུས་པས། སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་དང་ཁྱད་མེད་དུ་འཛིན་ཐང་ཞེས་དོན་གྱིས་ཞུགས་སོ། །སློབ་དཔོན་དགྲ་བཅོམ་པ་ཡིན་ཀྱང་ཆོས་མངོན་པ་ལ་འདྲིས་ཆུང་ན་ཤེས་སྒྲིབ་དཔག་ཏུ་མེད་པ་ཡོད་པས་ཚིག་དང་དོན་ལོག་པ་སྲིད་དེ་འཆར་བྱེད་ཀྱི་མདོ་བཞིན་ནོ། །འོན་ཀྱང་གྲུབ་མཐའ་སྨྲ་བ་གཉིས་ཀས་མཐུན་པར་མི་སྨྲ་ན་གང་ཡང་རུང་བ་ཞིག་སྟོན་པའི་བཀའ་མ་ཡིན་པས་ཁྱབ་པར་ཡང་མི་འགྱུར་ཏེ། འགྱུར་ན་མདོ་སྡེ་པའི་གཟུང་འཛིན་དང་སེམས་ཙམ་པའི་གཉིས་མེད་ཀྱི་ཤེས་པ་སྟོན་པའི་ལུང་ཡང་བཀའ་མ་ཡིན་པར་འགྱུར་རོ། །དེས་ན་སངས་རྒྱས་ཀྱི་ཆོས་ཚུལ་མི་མཐུན་པ་སྣ་ཚོགས་པ་ནི་གདུལ་བྱ་དྲང་བའི་དོན་དུ་བསྟན་ཏེ། སྤྱོད་འཇུག་ལས། འཇིག་རྟེན་གཞུག་པའི་དོན་དུ་ནི། །མགོན་པོས་དངོས་བསྟན་དེ་ཉིད་དུ། །ཞེས་པ་དང་། ཉི་ཤུ་པ་ལས། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །ཞེས་སོགས་གསུངས་སོ། །བཞི་པ་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ་གཉིས་ཏེ། ལུས་རྣམ་པར་བཞག་པ་དང་། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ། སྤྱིའི་དོན་དང་། ཚིག་གི་དོན་ནོ། །དང་པོ་ལ། ཆོས་གཉིས་སྤྱིར་བཤད། བྱེ་བྲག་ཏུ་ཕྱེ་སྟེ་བཤད་པའོ། །དང་པོ་ནི། དམིགས་པའམ་མཚུངས་ལྡན་གང་རུང་གི་སྒོ་ནས་རྒྱས་པར་འགྱུར་བ་ནི་ཟག་བཅས། དེར་མི་འགྱུར་བ་ནི་ཟག་མེད་དོ། །འདིའི་ཟག་མེད་ཅེས་པ་ཟག་པ་བཀག་ཙམ་གྱི་མེད་དགག་ལ་བྱས་པ་ནི་མ་ཡིན་ཏེ། དེར་བྱས་ན་(༣༣ན)


K8Z006_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་ཀྱིས་མཚན་ཉིད་མི་འཛིན་པའི་ཕྱིར་ཟག་མེད་ཀྱི་ཆོས་སུའང་མི་རུང་ངོ་། །ཆོས་ལ་ནི་དངོས་པོས་ཁྱབ་ཅིང་དངོས་པོ་ལ་འདུས་བྱས་མ་བྱས་གཉིས་སུ་ངེས་པ་ཡིན་ནོ། །འདུས་བྱས་ཡིན་པ་ལ་སྐྱེས་པས་མ་ཁྱབ་པར་མ་ཟད་སྐྱེ་བས་ཀྱང་མ་ཁྱབ་སྟེ། འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞིག་ཁས་ལེན་དགོས་པའི་ཕྱིར། དེ་ཡང་འདུས་བྱས་ཡིན་པ་གཞིར་བྱས་ལ་དེའི་མཚན་ཉིད་སྐྱེ་གནས་རྒ་འཇིག་བཞི་དང་མི་ལྡན་པ་ནི་མ་ཡིན་ནོ། །མཚན་ཉིད་སྐྱེ་བ་དང་ལྡན་པ་ཙམ་གྱིས་སྐྱེ་དགོས་པ་ཡང་མིན་ཏེ། གནས་བདུན་པར། དེ་ནི་མི་སྐྱེའི་ཆོས་ཅན་ཉིད། །ཅེས་འབྱུང་བའི་ཕྱིར་དང་། གནས་གཉིས་པར། རྒྱུ་དང་རྐྱེན་དག་མེད་པར་ནི། །སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །ཅེས་བཤད་པའི་ཕྱིར། མཐའ་གཅིག་ཏུ་དངོས་པོས་བདག་ཉིད་ལས་གཞན་པའི་དོན་བྱེད་པར་ཡང་མ་ངེས་ཏེ། རྟག་དངོས་ཀྱིས་བདག་ཉིད་ལས་གཞན་པའི་དོན་གྱི་འབྲས་བུ་བསྐྱེད་ན་གཅིག་ཅར་བསྐྱེད་པར་འགྱུར་ལ། དེའང་དཔྱད་མི་བཟོད་ཅིང་། དེ་ལྟར་ན་རྟག་དངོས་ཀྱིས་རྟག་པར་གྲུབ་པའི་དོན་བྱེད་པ་ནི་མི་འགལ་བའི་ཕྱིར། དངོས་པོ་ཡིན་ན་རྫས་སུ་གྲུབ་པ་ནི་ཡིན་དགོས་ཏེ། འདས་མ་འོངས་ཀྱི་དངོས་པོ་དང་སོ་སོར་བརྟགས་པ་ཡིན་མིན་གྱི་འགོག་པ་ཡང་རྫས་སུ་གྲུབ་པའི་ཕྱིར། དེ་ལྟར་ན་ཡང་དངོས་པོ་ལ་དོན་དམ་དང་རང་མཚན་གྱིས་མ་ཁྱབ་སྟེ། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ་ཡོད་དེ། ཞེས་དེ་ལྟ་བུ་དེ་ཀུན་རྫོབ་པའི་དངོས་པོར་བཤད་པའི་ཕྱིར་དང་། དེའི་ཚེ་ཀུན་རྫོབ་ཀྱི་དངོས་པོ་ཡང་རྫས་ཡོད་དུ་ཁས་ལེན་ཅིང་ཀུན་རྫོབ་པའི་དངོས་པོས་དངོས་པོའི་གོ་ཆོད་པའི་ཕྱིར་རོ། །ཡང་ན་ཀུན་རྫོབ་པའི་ཆོས་དེ་བཏགས་ཡོད་དུ་ཁས་ལེན་ན་རྫས་ཀྱི་རང་གི་ངོ་བོས་དངོས་པོར་མི་འཇོག་ཀྱང་དངོས་པོ་ཙམ་གྱིས་གོ་མི་ཆོད་པར་ཡང་བཞག་དཀའ་སྟེ། སྤྱི་མཚན་གྱི་ཆོས་ཀྱིས་དོན་བྱེད་པར་རང་(༣༣བ)


K8Z006_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་ལ་མི་བསླུ་བར་མཐོང་བའི་ཕྱིར། མདོར་ན་ཟག་པ་ནི་ཉོན་མོངས་པའི་མིང་གི་རྣམ་གྲངས་ཡིན་ལ། རྒྱས་པ་ནི། གནས་ཐོད་པ་དང་སྐབས་འབྱེད་པའོ། །གནས་ཇི་ལྟར་ཐོད་པ་ལ། དམིགས་པའི་སྒོ་ནས་དང་། མཚུངས་ལྡན་གྱི་སྒོ་ནས་སོ། །དང་པོ་ནི། ཕྲ་རྒྱས་ཀུན་འགྲོ་ནི་སྤང་བྱ་རིས་ལྔ་ཆར་ལ་དམིགས་པའི་སྒོ་ནས་རྒྱས་ལ། སྐལ་བ་མི་མཉམ་པའི་ཀུན་འགྲོ་མིན་པ་རྣམས་ནི་ཁམས་ཀྱི་རང་རིས་དམིགས་པ་ལ་བརྟེན་ནས་རྒྱས་ཏེ། ལྔ་པར། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་སོ། །གཉིས་པ་ནི། ཕྲ་རྒྱས་མ་སྤངས་ཤིང་སྤང་བྱ་དངོས་སུ་མ་དམིགས་ཀྱང་། རྒྱུད་ལ་མཚུངས་པར་ལྡན་པས་ཟག་པ་རྒྱས་པ་སྟེ། ལྔ་པར། གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེར་མཚུངས་ལྡན་སྒོ་ནས། །ཞེས་སོ། །འོ་ན་ཕྲ་རྒྱས་ཀུན་འགྲོ་ནི་འདོད་པར་སྡུག་བསྔལ་གྱི་བདེན་པའི་ལོག་ཞུགས་ལྟ་བ་ལྔ། ཀུན་འབྱུང་ལ་ལོག་ཞུགས་ཐ་མ་གསུམ་བསལ་བའི་དང་པོ་གཉིས་ཏེ་བདུན། སྤང་བྱ་དེ་གཉིས་ཀྱི་ཐེ་ཚོམ་གཉིས། ཐེ་ཚོམ་དང་མཚུངས་ལྡན་གྱི་མ་རིག་པ་དང་། མ་འདྲེས་པའི་མ་རིག་པ་སྟེ་བཅུ་གཅིག་ཡོད་ལ། དེའང་རང་སའི་སྤང་བྱ་རིས་ལྔ་ཆར་ལ་དམིགས་ནས་སྐལ་བ་མཉམ་པས་ཁམས་ཀུན་འགྲོ་ཞེས་བྱ་སྟེ། ལྔ་པར། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དང་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །ཞེས་སོ། །སྐལ་བ་མི་མཉམ་པ་ནི་བཅུ་གཅིག་པོ་དེ་ལས་ལྟ་བ་དང་པོ་གཉིས་བསལ་ནས་ཁམས་དང་ས་གོང་མར་དམིགས་ནས་འབྱུང་སྟེ། ལྔ་པར། དེ་དག་ལས་དགུ་གོང་དུ་དམིགས། །ལྟ་བ་གཉིས་ནི་མ་གཏོགས་སོ། །ཞེས་སོ། །དེ་ལྟར་ནའང་དམིགས་ན་(༣༤ན)


K8Z006_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པས་མ་ཁྱབ་སྟེ། ཟག་མེད་ཀྱི་ཡུལ་དུ་སྤང་བྱ་དམིགས་ཀྱང་མི་རྒྱས་པ་དང་། སྐལ་བ་མི་མཉམ་པས་གོང་དུ་དམིགས་ཀྱང་མི་རྒྱས་ཏེ། ལྔ་པར། ཟག་མེད་གོང་མའི་ཡུལ་ཅན་མིན། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་སོ། །ཟག་མེད་ཀྱི་ཡུལ་གྱི་ཕྲ་རྒྱས་ལ་ཡང་། ལོག་ལྟ། ཐེ་ཚོམ། དེ་ལྡན་གྱི་མ་རིག་པ་དང་། འབའ་ཞིག་པའི་མ་རིག་པ་སྟེ། དེ་དག་ལ་སོ་སོར་འགོག་ལམ་གྱི་དམིགས་པ་སྟེ། ལྔ་པར། འགོག་དང་ལམ་མཐོང་སྤང་བྱ་བ། །ལོག་ལྟ་ཐེ་ཚོམ་དེ་དག་དང་། །ལྡན་དང་འབའ་ཞིག་མ་རིག་དང་། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །ཞེས་སོ། །མདོར་ན་སྐལ་བ་མཉམ་པའི་ཀུན་འགྲོ་རང་ས་ལ་དམིགས་པ་དང་། མི་མཉམ་པའི་ཀུན་འགྲོ་གོང་ས་ལ་དམིགས་པ་གང་ཡིན་ཀྱང་རུང་སྟེ། རྒྱས་པ་ནི་རང་སའི་སྤང་བྱ་རིགས་ལྔ་པོ་ཁོ་ན་རྒྱས་པར་འགྱུར་རོ། །ཀུན་འགྲོ་མིན་པ་རྣམས་ནི་རང་རིས་ཁོ་ན་ལ་དམིགས་ཤིང་རྒྱས་པ་ཡང་རང་རིས་ཁོ་ནའོ། །དེས་ནི་དམིགས་པའི་སྒོ་ནས་རྒྱས་འགྱུར་བཤད་པ་ཡིན་ལ། ལྷག་མ་ནི་མཚུངས་ལྡན་གྱི་རྒྱས་འགྱུར་རོ། །གཉིས་པོ་མི་འགལ་ཏེ། གང་དམིགས་པས་རྒྱས་འགྱུར་ཡིན་པ་དེ་མཚུངས་ལྡན་གྱི་རྒྱས་འགྱུར་ཡིན་ལ། མཚུངས་ལྡན་གྱི་རྒྱས་འགྱུར་ལ་ནི་དམིགས་ནས་རྒྱས་འགྱུར་གྱིས་མ་ཁྱབ་སྟེ། ཟག་མེད་དང་གོང་མའི་ཡུལ་ཅན་གྱི་ཕྲ་རྒྱས་རྣམས་ལ་དམིགས་ནས་ཟག་པ་མི་རྒྱས་པའི་ཕྱིར་ཏེ། ཡུལ་ཟག་མེད་དང་ས་གོང་མ་ལ་ནི་བདག་ལྟ་དང་སྲེད་པ་མི་འཇུག་པའི་ཕྱིར། བདག་གིར་མ་བྱས་གཉེན་པོའི་ཕྱིར། །ཞེས་སོ། །དམིགས་ཀྱང་རྒྱས་པས་ནི་མ་ཁྱབ་སྟེ། སྡུག་བསྔལ་རྗེས་ཤེས་ཀྱི་གནས་སྐབས་སུ་སྡུག་བསྔལ་མཐོང་སྤང་སྤངས་ཀྱང་ཀུན་འབྱུང་མཐོང་སྤང་སོགས་མ་སྤངས་པ་རྣམས་སྡུག་བསྔལ་མཐོང་སྤང་ལ་དམིགས་པའི་ཚུལ་གྱིས་ལྡན་ཀྱང་(༣༤བ)


K8Z006_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་མི་འགྱུར་ལ། དམིགས་ན་རྒྱས་པར་འགྱུར་བ་ནི་ཕྲ་རྒྱས་མ་སྤངས་པའི་དབང་དུ་བྱས་པ་སྟེ། ལྔ་པར། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །ཅེས་སོ། །དེས་ན་ཕྲ་རྒྱས་ནི། རྩ་ཉོན་དྲུག་ལ་ལྟ་བའི་དབྱེ་བས་བཅུའོ། །དེས་བདེན་པ་བཞི་ལ་ལོག་བར་ཞུགས་ཚུལ་གྱིས་འདོད་ཁམས་ན་མཐོང་སྤང་སོ་གཉིས། སྒོམ་སྤང་བཞི་སྟེ། ཇི་སྐད་དུ། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །བཞི་ནི་སྒོམ་པས་སྤང་བྱ་ཡིན། །ཅེས་སོ། །ཁམས་གོང་གཉིས་ལ་སོ་གཅིག་པ་རེ་སྟེ། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས་གཟུགས་མེད་དེ་དང་འདྲ། །དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །ཅེས་གོ་བརྒྱད་དུ་འབྱུང་བ་ལས། ཟག་མེད་ཁོ་ན་ལ་དམིགས་པ་བཅུ་གཉིས་ཏེ། འགོག་ལམ་ཟག་མེད་ལ་ཕྲ་རྒྱས་གསུམ་གསུམ་དམིགས་པར་མདོར་བསྟན་པའི་རྗེས་སུ། ལམ་ལ་ནི་བསམ་གཏན་ས་དྲུག་དང་ཟག་མེད་ས་དགུའི་ལམ་ཕན་ཚུན་སྐལ་མཉམ་གྱི་རྒྱུ་ཡིན་པས་ལོག་ལྟ་སོགས་གསུམ་པོ་དེས་བསམ་གཏན་ས་དྲུག་གི་ཆོས་ཤེས་ཕྱོགས་མཐུན་གྱི་ཡུལ་ལ་དམིགས་པར་མ་ཟད། ཟག་མེད་ས་དགུའི་རྗེས་ཤེས་ཕྱོགས་མཐུན་གྱི་ལམ་ཟག་མེད་ཀྱི་ཡུལ་ལ་ཁམས་གོང་ས་བརྒྱད་ཀྱི་ལོག་ལྟ་སོགས་གསུམ་པོ་དེས་དམིགས་པས། དེ་ལ་གཟུགས་དང་གཟུགས་མེད་ཀྱི་དབྱེ་བས་དྲུག་སྟེ་སྔ་མ་དྲུག་དང་བཅུ་གཉིས་སུ་ཡོད་དེ། རང་གི་ས་པའི་འགོག་པ་དང་། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ཡུལ་ཡིན་ནོ། །ཞེས་སོ། །ལྷག་མ་ཟག་བཅས་ལ་དམིགས་པ་བརྒྱད་ཅུ་དང་ཟག་བཅས་ཟག་མེད་གཉིས་ཀ་ལ་དམིགས་པ་ནི། ཁམས་གསུམ་(༣༥ན)


K8Z006_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་འགོག་ལམ་མཐོང་སྤང་དུ་གྱུར་པའི་མ་རིག་པ་དྲུག་གོ། །དེའི་ཟག་མེད་ལ་དམིགས་པ་བཅུ་གཉིས་ནི་མཚུངས་ལྡན་ཁོ་ནས་རྒྱས་འགྱུར་ཡིན་ལ། འགོག་ལམ་མཐོང་སྤང་གི་མ་རིག་པ་དྲུགཁམས་གོང་མ་གཉིས་ཀྱི་སྐལ་བ་མི་མཉམ་པའི་ཀུན་འགྲོ་བཅོ་བརྒྱད་དེ་ཉེར་བཞི་ལ་དམིགས་ཡུལ་ཟག་བཅས་ཟག་མེད་གཉིས་ཀ་སྲིད་ཅིང་རང་ས་དང་གོང་ས་ལ་དམིགས་པ་ཅི་རིགས་པར་ཡོད་དོ། །ཅི་ཆོས་དུ་ཞིག་ལ་སེམས་གང་གིས་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་ཞེ་ན། སྡུག་ཀུན་མཐོང་སྤང་གཉིས་དང་སྒོམ་པས་སྤང་བར་བྱ་བ་སྟེ་གསུམ་པོ་ལ་འདོད་ཁམས་སུ་སྐྱེས་པ་རྣམས་ནི་ཡུལ་ཅན་གསུམ་པོ་དེ་དག་གིས་དམིགས་ལ། གཟུགས་ཀྱི་སྒོམ་སྤང་དགེ་བས་འདོད་པར་དམིགས་པ་གཅིག་དང་། སྡུག་བསྔལ་ལ་ཆོས་ཤེས་ཕྱོགས་དེའི་གཉེན་པོ་ཡིན་པས་དྲི་མེད་ཀྱི་རྣམ་ཤེས་གཅིག་སྟེ་སེམས་ལྔའི་སྤྱོད་ཡུལ་དུ་གྱུར་པ་ནི། ལྔ་པར། སྡུག་བསྔལ་རྒྱུ་མཐོང་གོམས་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །ཞེས་སོ། །གཟུགས་ཁམས་ན་སྤང་བྱ་དེ་གསུམ་ལ་དམིགས་པའི་རང་ས་པའི་དེ་གསུམ། འོག་སའི་གསུམ། གཟུགས་མེད་ཀྱི་སྒོམ་སྤངས་གཅིགདྲི་མེད་གཅིག་སྟེ་དེ་བརྒྱད་ཀྱི་སྤྱོད་ཡུལ་དུ་བྱེད་དེ། གཟུགས་ཁམས་ལས་སྐྱེས་རང་གི་དང་། །འོག་གསུམ་གོང་གཅིག་དྲི་མེད་ཀྱིའང་། །ཞེས་སོ། །གཟུགས་མེད་ཀྱིས་ནི་སྤང་བྱ་དེ་གསུམ་ལ་ཁམས་གསུམ་གྱི་དེ་གསུམ་གསུམ་དང་། དྲི་མེད་གཅིག་སྟེ་བཅུས་སྤྱོད་ཡུལ་དུ་བྱེད་དེ། གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །ཞེས་སོ། །ཁམས་གསུམ་གྱི་འགོག་ལམ་མཐོང་སྤང་གཉིས་ནི་(༣༥བ)


K8Z006_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་གྱི་སེམས་གོང་དུ་ལྔ་དང་། བརྒྱད་དང་། བཅུས་དམིགས་པར་བཤད་པ་དེ་དག་གཞིར་བཞག་ནས། དེའི་སྟེང་དུ་འགོག་ལམ་མཐོང་སྤང་རང་བསྣན་པས་དྲུག་དང་དགུ་དང་བཅུ་གཅིག་གིས་དམིགས་ཏེ། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །ཞེས་སོ། །དེ་ལྟར་བཤད་པས་གང་གིས་གང་ལ་དམིགས་པ་ན་དམིགས་ཀྱང་རྒྱས་པར་མི་འགྱུར་བ་ཡོད་དེ། དཔེར་ན། སྒོམ་སྤང་དུ་གྱུར་པའི་ཕྲ་རྒྱས་ཀྱིས་མཐོང་སྤང་རིགས་བཞི་ལ་དམིགས་ཀྱང་དེར་རྒྱས་པ་མ་ཡིན་ཏེ། ཀུན་འགྲོ་མ་ཡིན་རང་རིས་སོ། །ཞེས་གསུངས་པས་སོ། །གཉིས་པ་བྱེ་བྲག་ཏུ་ཕྱེ་སྟེ་བཤད་པ་ནི། འོ་ན་ཟག་བཅས་མཐའ་དག་ལ་རྒྱས་འགྱུར་གཉིས་པོ་གང་རུང་གིས་ཁྱབ་པར་ངེས་སམ་ཞེ་ན། དེར་ངེས་པ་མ་ཡིན་ཏེ། ཉོན་མོངས་ཅན་ཕྲ་རྒྱས་དང་བཅས་པ་ལ་རྒྱས་འགྱུར་གྱིས་རྒྱས་པ་དང་མི་རྒྱས་པ་གཉིས་སུ་འགྱུར་བར་མཐོང་བའི་ཕྱིར། ཇི་སྐད་དུ། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཞེས་འབྱུང་བའི་རྒྱས་འགྱུར་ནི། མཚུངས་ལྡན་མ་སྤངས་ན་རྒྱས་འགྱུར་དང་། སྤངས་ལ་མ་བྲལ་བའི་ཚེ་རྒྱས་པར་འགྱུར་བ་ལས། དང་པོ་ནི། སོ་སྐྱེའི་རྒྱུད་ཀྱི་ཉོན་མོངས་པ་ཅན་གྱི་སེམས་དུས་གསུམ་པ་རྣམས་ནི་དམིགས་མཚུངས་གཉིས་ཀས་རྒྱས་པར་འགྱུར་ལ། གཉིས་པ་ནི། མཚུངས་ལྡན་སྤངས་ཀྱང་དམིགས་པས་རྒྱས་པ་ནི། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱིས་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱི། །ཞེས་སོ། །རྒྱས་པར་མི་འགྱུར་བ་ནི། འཕགས་པ་དགྲ་བཅོམ་པའི་སེམས་ལ་དུས་གསུམ་ལས་ད་ལྟ་བ་ནི་ཟག་པ་སྤངས་ཤིང་། ཟག་པ་དང་ལྷན་ཅིག་ཏུ་མི་གནས་པས་ཟག་བཅས་མ་ཡིན་ཀྱང་འདས་མ་འོངས་ཀྱི་སེམས་དང་། དེ་དང་ལྷན་ཅིག་(༣༦ན)


K8Z006_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་འདས་མ་འོངས་ཀྱི་མི་སྐྱེ་བའི་ཆོས་ཅན་གྱི་ཉོན་མོངས་པ་ཟག་པར་གྱུར་པ་དག་ལས་ནི་རྒྱས་འགྱུར་གཉིས་ཀྱིས་རྒྱས་པ་མ་ཡིན་ཏེ། དེའི་ཐོབ་པ་བཅད་པའི་ཕྱིར། ཡང་དམིགས་པས་རྒྱས་འགྱུར་ལ་མཚུངས་ལྡན་གྱི་རྒྱས་པས་ཁྱབ་པར་བཤད་པ་དེའང་སྤྱིར་བཏང་དམིགས་བསལ་མེད་པར་དེ་ཁོ་ན་ལྟར་ཁས་ལེན་ནམ་ཞེ་ན་མ་ཡིན་ཏེ། དགེ་བ་ཟག་བཅས་དང་མ་སྒྲིབ་ལུང་མ་བསྟན་ལ་ཡུལ་དུ་བྱས་ནས་ཟག་པ་རྒྱས་པར་འགྱུར་བ་ནི་དམིགས་པའི་སྒོ་ནས་རྒྱས་ཀྱང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བ་མ་ཡིན་ཏེ། རང་སའི་ཉོན་མོངས་ཀྱིས་དམིགས་ན་མི་རྒྱས་པ་མི་སྲིད་པའི་ཕྱིར་དང་། དེ་དག་རང་སའི་ཉོན་མོངས་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར། ཇི་སྐད་དུ། ཉོན་མོངས་ཅན་མིན་རྒྱས་འགྱུར་གྱི། །ཞེས་སོ། །དེ་ལྟར་ནའང་ཟག་མེད་ནི་ཕྲ་རྒྱས་ཀྱིས་དམིགས་ཀྱང་རྒྱས་འགྱུར་གཉིས་ཀ་མ་ཡིན་པར་ཤེས་དགོས་སོ། །དེའང་དམིགས་པས་རྒྱས་འགྱུར་ལ་མཚུངས་ལྡན་གྱི་རྒྱས་འགྱུར་གྱིས་ཁྱབ་པར་བཤད་པ་དེ་ནི་ཕྲ་རྒྱས་རིགས་ལྔ་པོ་གང་རུང་ཁོ་ན་ལ་དམིགས་པའི་དབང་དུ་བྱས་སོ། །དེས་ན་ཟག་པས་དམིགས་པ་དང་། ཟག་པ་དང་མཚུངས་པར་ལྡན་པ་གང་རུང་གིས་ཟག་བཅས་སུ་འཇོག་ཀྱང་། བཅས་པའི་སྒྲ་མཚན་ཉིད་པ་ཕྱི་མ་ལ་ཞུགས་ཤིང་། དང་པོ་ལ། དེར་དམིགས་ནས་ཟག་པ་རྒྱས་པ་དང་། མི་རྒྱས་པ་གཉིས་ལས། དང་པོ་ལ་ཟག་བཅས་ཀྱིས་ཁྱབ་ཅིང་། གཉིས་པ་ཟག་མེད་དང་གོང་མའི་ཡུལ་ཅན་ལ་ནི་བཅས་པའི་སྒྲ་མཚན་ཉིད་པ་ཞུགས་པ་མ་ཡིན་ནོ། །འདི་དག་གི་ཚུལ་རྒྱས་པར་ཕྲ་རྒྱས་བསྟན་པ་ལས་འབྱུང་གི། འདིར་ཡང་ཅུང་ཟད་ཙམ་སྨོས་ཟིན་ཏོ། །གཉིས་པ་[ཚིག་གི་དོན་]ལ། བསྟན་པ་དང་། བཤད་པའོ། །དང་པོ་ནི། ཟག་བཅས་ཟག་པ་མེད་ཆོས་རྣམས། །བསྟན་བཅོས་འདིའི་བརྗོད་བྱ་ཆོས་རྣམས་ཞེས་སྨོས་ནས། དེ་(༣༦བ)


K8Z006_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བཀོད་པ་ནི་ཆོས་འདི་ཐམས་ཅད་མདོར་བསྡུས་པ་དང་། ཕན་ཚུན་སྤང་བའི་དངོས་འགལ་བསྟན་པའི་ཆེད་ཡིན་ནོ། །དངོས་འགལ་ལ་ནི་ཕུང་གསུམ་པ་མེད་དེ། བུམ་པ་ལ་ཟག་པ་རྒྱས་པས་ཟག་བཅས་སུ་གྲུབ་པའི་ཚེ་ཟག་མེད་ཁེགས་པས་གཉིས་ཀ་ཡིན་པ་དང་། ཟག་མེད་མ་ཡིན་པའི་ཚེ་ཟག་བཅས་སུ་གྲུབ་པས་གཉིས་ཀ་མ་ཡིན་པ་ཁེགས་པའི་ཕྱིར། འོ་ན། འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཞེས་སོགས་སྟོན་རིགས་སོ་ཞེ་ན། རྒྱལ་པོའི་སྲས་སུ། གང་ཞིག་བཤད་ན་བརྒལ་ཞིང་བརྟགས་པར་མི་འགྱུར། ཡང་ན་བསྟན་བཅོས་ནི་དེ་དག་གི་དོན་ཡིན་པའི་ཕྱིར། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཕྱོགས་རབ་ཏུ་བསྟན་པའི་ཕྱིར་ཏེ་ཕྱོགས་དེ་གཉིས་རྟོགས་ན་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡོངས་སུ་བོར་བ་དང་རྣམ་པར་བྱང་བའི་ཕྱོགས་བསྟེན་པའི་སྒོ་ནས་ངེས་ལེགས་ཐོབ་པར་འགྱུར་རོ། །ཞེས་གསུངས་ལ། དེས་ན་བླང་དོར་གྱི་ཆོས་སུ་སྐྱེས་བུ་ལ་ཉེ་བར་མཁོ་བས་འདི་གཉིས་ཁོ་ན་བསྟན་ཏེ། ཟག་བཅས་ལ་ཚོགས་ལམ་དང་སྦྱོར་ལམ་རེ་ཞིག་བླང་བྱ་ཡིན་ཀྱང་། སྡུག་བསྔལ་གྱི་ངོ་བོ་ཡིན་པས་སྒོམ་ལམ་གྱི་སྤང་བྱ་ཡིན་ལ། ཟག་མེད་ལས་ནམ་མཁའ་དང་བརྟགས་མིན་བླང་བྱ་མིན་ཡང་མཐར་ཐུག་གི་བླང་བྱ་ཟག་མེད་འགོག་ལམ་ཡིན་པའི་ཕྱིར། གཞན་ལ་ནི་གཅིག་ཏུ་བླང་དོར་དུ་ངེས་པ་མེད་དེ། འདུས་བྱས་ཐམས་ཅད་ཀྱང་སྤང་བྱ་མ་ཡིན་ཅིང་བླང་བྱ་ཐམས་ཅད་ཀྱང་འདུས་མ་བྱས་མ་ཡིན་ལ་ཟག་བཅས་ཐམས་ཅད་ཀྱང་སྤང་བྱ་དང་ཟག་མེད་ཐམས་ཅད་ཀྱང་བླང་བྱ་མ་ཡིན་ནོ། །གཉིས་པ་[བཤད་པ་]ལ། ཟག་བཅས་རྒྱས་བཤད་དང་། ཟག་མེད་རྒྱས་བཤད་དོ། །དང་པོ་ལ། རྩ་བའི་དོན་དང་། དོགས་པ་གཅོད་པའོ། །དང་པོ་ནི། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ལམ་མ་གཏོགས་(༣༧ན)


K8Z006_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདུས་བྱས་རྣམས། །ཟག་བཅས་ཞེས་པས་ལམ་དང་འདུས་མ་བྱས་སེལ་ལོ། །གང་གི་ཕྱིར་ཟག་བཅས་ཡིན་པའི་མཚན་ཉིད་ལ་གསུམ་ལས། གཞན་ལུགས་དགག་པ་ནི། གལ་ཏེ་ཟག་པ་དང་མཚུངས་པར་ལྡན་པའོ་ཞེ་ན། སེམས་དང་སེམས་བྱུང་ཉོན་མོངས་ཅན་ཁོ་ན་དེར་འགྱུར་ལ། ལྷན་ཅིག་འབྱུང་བས་ཡིན་ན་ཉོན་མོངས་པ་ཀུན་ཏུ་སྤྱོད་པའི་ཕུང་པོ་ལྔ་ཁོ་ན་དེར་འགྱུར་ཞིང་། དཔེ་སྟོན་པས་རྟེན་བྱེད་པའོ། །ཞེས་པ་ལྟར་ནང་གི་སྐྱེ་མཆེད་དྲུག་ཁོ་ན་དེར་འགྱུར་བས་ཁྱབ་ཆུང་ངོ་། །ཟག་པའི་དམིགས་པར་གྱུར་པ་ཡིན་ན་ཁྱབ་ཆེས་ཏེ། སློབ་དཔོན་ཡོན་ཏན་བློ་གྲོས་ན་རེ། ཆོས་ཐམས་ཅད་དེའི་ཡུལ་ཡིན་པས་ཟེར་ཡང་ནམ་མཁའ་དང་བརྟགས་མིན་ཡུལ་མ་ཡིན་ལ་འགོག་ལམ་ཟག་པའི་དམིགས་པར་ཕྲ་རྒྱས་སུ་བཤད་པས་ཟག་བཅས་སུ་འགྱུར་རོ། །རང་ལུགས་ནི། ལམ་མ་གཏོགས་པའི་འདུས་བྱས་དེ་དག་ལ་ཟག་པ་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དམིགས་པ་དང་མཚུངས་ལྡན་གྱིས་ཀུན་ཏུ་རྒྱས་པར་འགྱུར་བའི་ཕྱིར་ཟག་བཅས་ཏེ། རྒྱས་པ་ནི་དམིགས་པ་དང་མཚུངས་ལྡན་གྱི་སྟོབས་ཀྱིས་སྐད་ཅིག་རྒྱུན་ཆགས་སུ་སྐྱེ་ཞིང་གནས་ཐོད་པའོ། །ཕྱིའི་སྣོད་དང་དགྲ་བཅོམ་པའི་ཕུང་པོ་ལ་ཡང་སེམས་ཅན་གཞན་གྱིས་ཟག་པ་དམིགས་པའི་སྒོ་ནས་རྒྱས་པས་ཟག་པ་ལ་ཡང་ཟག་པ་གཉིས་པ་རྒྱས་པར་འདོད་དོ། །གཉིས་པ་ནི། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ཟག་བཅས་སུ་སྒྲུབ་པ་ལ་ཟག་པ་རྒྱས་པ་སྒྲུབ་བྱེད་དུ་འབྲེལ་བའི་ཚེ་ཟག་པ་སྤངས་ཟིན་པའི་འདུས་བྱས་དང་། ཟག་པ་མ་འོངས་པར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་གང་དག་མི་བཟུང་སྟེ། དེ་ལ་དམིགས་ནས་ཟག་པ་རྒྱས་པ་མི་འགྱུར་བའི་ཕྱིར་དགྲ་བཅོམ་པའི་རྣམ་སྨིན་གྱི་ཕུང་པོ་ཟག་བཅས་སུ་འཇོག་པ་ཡང་། ཉོན་མོངས་ཅན་མིན་རྒྱས་འགྱུར་(༣༧བ)


K8Z006_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཞེས་པའི་གཞུང་གིས་བསྟན་པའི་དམིགས་པས་རྒྱས་འགྱུར་ཁོ་ན་ཞེས་བྱ་བ་དེ་ཡིན་གྱི། མཚུངས་ལྡན་རྒྱས་འགྱུར་མ་ཡིན་ཏེ། དགྲ་བཅོམ་པའི་རྒྱུད་ཀྱི་དམིགས་པ་དེས་ཟག་པ་སྤངས་ཟིན་པའི་ཕྱིར་དང་། དེ་ལུང་མ་བསྟན་ཡིན་པས་ཟག་པ་དང་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར། དེ་ལྟར་ན་ཡང་དེ་ལ་ཟག་པའི་གནས་ཐོད་པས་དམིགས་པས་རྒྱས་འགྱུར་ཞེས་བྱའོ། །དེས་ན་ཟག་བཅས་ཉོན་མོངས་ཅན་ལ་ནི་ཟག་པ་དམིགས་པས་རྒྱས་པ་ན་གང་ལ་དམིགས་པས་རྒྱས་པ་དེར་མཚུངས་ལྡན་གྱིས་ཀྱང་རྒྱས་པའོ། །ཟག་བཅས་ཉོན་མོངས་ཅན་མིན་པ་ལ་ནི་དམིགས་པ་ཁོ་ན་རྒྱས་པའོ། །ཟག་བཅས་ཉོན་མོངས་ཅན་གྱིས་ཟག་མེད་ལ་དམིགས་པས་ནི་མཚུངས་ལྡན་ཁོ་ན་རྒྱས་པའོ། །ཡང་འདོད་པ་ལྟ་བུར་སྤང་བྱ་ཟག་པ་ལ་མཐོང་སྤངས་རིགས་བཞིའི་ཉོན་མོངས་དང་། སྒོམ་སྤངས་ཉོན་མོངས་ཡོད་པས་སྤང་བྱ་མ་རིག་པ་ལྟ་བུར་རིས་འདྲ་བའི་ཉོན་མོངས་པ་དག་ལས་གཅིག་སྤངས་པ་ན་གཅིག་ཤོས་ཀྱང་སྤོང་བར་ཐལ་ཅེ་ན། མིན་ཏེ། བདག་ཏུ་རྨོངས་པ་ལ་ཀུན་བརྟགས་ལྷན་སྐྱེས་ཀྱི་དབྱེ་བས་ཕྱེ་བ་བཞིན་མཐོང་སྒོམ་གྱི་ལམ་གཉིས་ཀྱིས་རབ་ཏུ་ཕྱེ་བས་རིམ་གྱིས་སྤོང་བའི་ཕྱིར་རོ། །ཚོགས་སྦྱོར་གྱི་ལམ་མཐའ་གཅིག་ཏུ་ཟག་བཅས་ཁོ་ནར་འཆད་པས་སྤང་བྱ་དང་། དེའི་ནང་ནས་སྒོམ་སྤང་དུ་འཆད་པ་ནི་རགས་པ་ཙམ་དུ་བརྗོད་པ་ཡིན་ལ། ལམ་གྱི་ཆ་ནས་བླང་བྱ་དང་། ཟག་པའི་ཆ་ནས་སྤང་བྱའོ། །ཞེས་ཞིབ་ཏུ་བརྗོད་དོ། །གལ་ཏེ་ཚོགས་སྦྱོར་ཟག་མེད་དུ་འཆད་དགོས་ཏེ། ལམ་མ་གཏོགས་པའི་འདུས་བྱས་ཟག་བཅས་ཀྱི་མཚན་གཞིར་བཟུང་བའི་ཕྱིར་ཁྱབ་སྟེ། དེ་གཉིས་ལམ་དུ་གཏོགས་པས་སོ་སྙམ་ན། མ་གཏོགས་པའི་རྒྱུའི་ལམ་ནི་དེ་མ་ཡིན་ཏེ། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་གསུངས་པའི་ཕྱིར་(༣༨ན)


K8Z006_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གཉིས་པ་[ཟག་མེད་རྒྱས་པར་བཤད་པ་]ལ། མདོར་བསྟན་པ་དང་། འདུས་མ་བྱས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས། ཞེས་པ་ནི་མཚན་གཞིའོ། །འདི་ལྟར་སྨོས་ན་ཅི་ཟག་བཅས་ཀྱི་ཚིག་གཉིས་ཀྱི་ལམ་དང་འདུས་མ་བྱས་ཟག་མེད་དུ་བསྒྲུབས་པ་དང་འདིར་ཡང་ཟློས་སོ་ཞེ་ན། ལན་ལ་གསུམ་སྟེ། ཁ་ཅིག་ན་རེ། ཕུང་པོ་གསུམ་པའི་ལོག་རྟོག་བཟློག་པའི་ཕྱིར་ཏེ། ཚོར་བ་ལ་བདེ་སྡུག་བར་མ་བཏང་སྙོམས་ཡོད་པ་ལྟར་དཔེས་སྟོན་པས་སྣོད་དང་དགྲ་བཅོམ་པའི་ཕུང་པོ་ཟག་པའི་རྟེན་དང་། གཉེན་པོ་མ་ཡིན་པས་གཉིས་ཀ་མ་ཡིན་ནོ་ཞེས་པ་ལྟར་ལམ་དང་འདུས་མ་བྱས་དག་གཉིས་ཀ་མ་ཡིན་ནོ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་ཞེས་ཟེར་ལ། ཁ་ཅིག་ན་རེ། དོན་གྱིས་གོ་ཡང་གསལ་བར་འཆད་པས་མི་ཟློས་ཏེ། མདོར་བསྟན་དང་རྒྱས་བཤད་བཞིན་ནོ་ཞེས་ཟེར་ཞིང་། སློབ་དཔོན་ཡོན་ཏན་བློ་གྲོས་ནི། ལམ་མ་གཏོགས་ཞེས་བསྟན་པས་འཇིག་རྟེན་པའི་ལམ་ཡང་ཟག་མེད་ཡིན་ནོ་སྙམ་དུ་དོགས་པ་བཟློག་པའི་ཕྱིར་ལམ་གྱི་བདེན་པ་ཞེས་སྨོས་ལ། འདུས་མ་བྱས་ནི་མ་གྲགས་པས་ཟག་མེད་དུ་མི་གོ་བའི་ཕྱིར་རང་སྒྲས་བསྟན་ཅེས་ཟེར་རོ། །མཚན་ཉིད་ནི་ཟག་བཅས་ལས་བཟློག་པའོ། །འདུས་མ་བྱས་བཤད་པ་ལ་གསུམ་ལས། གྲངས་ཀྱི་དབྱེ་བ་ནི། གསུམ་ཞེས་པ་ནི་མུ་སྟེགས་བྱེ་བྲག་པ་སྐད་ཅིག་དང་རྡུལ་ཕྲན་ལ་སོགས་པ་འདུས་མ་བྱས་སུ་འདོད་པས་དེ་ལྟར་ན་འདུས་མ་བྱས་མང་བ་དང་། གནས་མ་བུ་པས་འདུས་མ་བྱས་བརྟགས་འགོག་གཅིག་པུར་འདོད་པས་དེ་ལྟར་ན་འདུས་མ་བྱས་ཉུང་བར་འདོད་པ་སེལ་བའི་ཆེད་དུའོ། །ཡང་སྟེ་ནི་འདུས་བྱས་ཀྱི་ཆོས་རྣམས་ལ་དབྱེ་བ་ཡོད་པ་ལྟར་འདི་ལ་ཡང་ཡོད་ཅེས་ནམ་མཁའ་དང་ནི་འགོག་པ་གཉིས། ཞེས་བསྟན་པའོ། །འོ་ན་ལམ་(༣༨བ)


K8Z006_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བདེན་པ་ནི་མཐོང་སྒོམ་མི་སློབ་པའི་ལམ་གསུམ་མོ། །ཅི་ལམ་ཕྱི་མ་གཉིས་ལ་ཟག་བཅས་ཡོད་པ་མིན་ནམ་ཞེ་ན། དེ་དག་གི་ཟག་བཅས་ནི་ཟག་མེད་ལམ་བདེན་དེ་དང་དེར་མི་འཇོག་སྟེ། སློབ་པ་དང་མི་སློབ་པར་མི་རུང་བའི་ཕྱིར་དང་། འཕགས་པར་མི་རུང་བའི་ཕྱིར། དཔེར་ན། ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དག་པ་བ་བཞིན་ནོ། །འདི་ལམ་བདེན་དུ་མི་རུང་སྟེ། བརྒྱད་པར། འཇིག་རྟེན་པ་ཡི་དགེ་བ་ནི། །དག་པ་དེ་ནི་དེས་མྱོང་བྱ། །ཞེས་ཟབ་པའི་གནས་ཐོད་པར་བཤད་པའི་ཕྱིར། དེ་བཞིན་དུ་དགྲ་བཅོམ་པའི་རྒྱུད་ཀྱི་སྲིད་རྩེའི་སྙོམས་འཇུག་ལ་མི་སློབ་ཟག་བཅས་ཞེས་བྱ་བའི་ཐ་སྙད་བརྗོད་པ་དེ་ཡང་མི་སློབ་པ་དངོས་མ་ཡིན་ཏེ། དེ་ཟག་མེད་དུ་མི་རུང་བའི་ཕྱིར། འོ་ན་འཕགས་པའི་སྒོམ་ལམ་མཉམ་གཞག་ལ་ཟག་མེད་ཀྱིས་ཁྱབ་པར་ཁས་ལེན་ནམ་ཞེ་ན། མ་ཡིན་ཏེ། ཐེག་ཆེན་པ་དག་སྒོམ་ལམ་ཟག་བཅས་དང་ཟག་མེད་ཀྱི་ཁྱད་པར་མཉམ་རྗེས་ཀྱིས་འབྱེད་པ་དག་ཡོད་ཀྱང་། འདིར་སྒོམ་ལམ་ཟག་པ་དང་བཅས་མ་བཅས་ཀྱི་དོན་འཕགས་པའི་ཡེ་ཤེས་གང་ཞིག་བདེན་པའི་རྣམ་པ་ཅན་ཡིན་མིན་ལ་རགས་ལས་པ་དང་། དགེ་བ་དགབ་པའི་ངོ་བོར་གྱུར་པའི་སྒོམ་ལམ་མཉམ་གཞག་ནི་ཤིན་ཏུ་སྲིད་པའི་ཕྱིར། གཞན་ཡང་སྒོམ་ལམ་ལ་བྱིས་འཕགས་ཀྱི་སྒོམ་ལམ་གཉིས་སུ་ཡོད་པའི་བྱིས་པའི་སྒོམ་ལམ་ནི་སྲིད་རྩེ་མ་གཏོགས་པའི་ས་ལྷག་མ་རྣམས་ཀྱི་མཐོང་བ་དང་སྒོམ་པས་སྤང་བྱ་རྣམས་སྤོང་བར་བྱེད་དེ། ཇི་སྐད་དུ། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས་སོ། །གཞན་དུ། སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །ཞེས་པའི་སྒོམ་ལམ་དེ་ནི་འཕགས་མའི་ལམ་དང་འབྲེལ་བའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། བདེན་པ་མཐོང་དང་སྒོམ་པ་ལས། །ཞེས་པ་དང་སྦྲེལ་ནས་(༣༩ན)


K8Z006_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པ་ཉིད་ཀྱི་ཕྱིར། དེ་བཞིན་དུ་ཐར་ལམ་ལྔའི་ཡ་གྱལ་དུ་གྱུར་པའི་སྒོམ་ལམ་ལའང་འཕགས་ལམ་གྱིས་ཁྱབ་པ་ཡིན་ཏེ། བྱིས་པའི་སྒོམ་ལམ་གྱི་མིང་ཅན་དེ་ནི་ཕྱི་རོལ་པ་ལ་ཡང་ཡོད་པའི་ཕྱིར་རོ། །འཕགས་ལམ་དུ་གྱུར་པའི་སྒོམ་ལམ་ལའང་ཟག་མེད་བདེན་པའི་རྣམ་པ་ཅན་དང་། ཟག་བཅས་ཀྱི་དགེ་བ་དག་པ་གཉིས་ལས། གཉིས་ཀ་ལའང་མཉམ་རྗེས་གཉིས་གཉིས་སུ་ཡོད་ཅིང་། ཟག་བཅས་དེ་དག་རྟེན་གྱི་གང་ཟག་འཕགས་པ་ལ་ཡོད་ཀྱང་བྱིས་པ་སོ་སོ་སྐྱེ་བོ་དང་ཐུན་མོང་བའི་ཡོན་ཏན་ཡིན་པས་འཇིག་རྟེན་པ་ཞེས་བྱའོ། །གཉིས་པ་[འདུས་མ་བྱས་བྱེ་བྲག་ཏུ་བཤད་པ་]ལ་གསུམ། ནམ་མཁའ། བརྟགས་འགོག །བརྟགས་མིན་གྱི་འགོག་པའོ། །དང་པོ་ནི། དེ་ལ་ནམ་མཁའ་མི་སྒྲིབ་པའོ། །འདུས་མ་བྱས་པ་དེ་ལ་བྱེ་སྨྲ་ལྟར་ན། ནམ་མཁའི་མཚན་གཞི་ལུང་མ་བསྟན་གྱི་རྫས་མཚན་ཉིད་མི་སྒྲིབ་པའོ་སྟེ་ཐོགས་བཅས་མ་ཡིན་པས་བསྒྲིབ་པར་བྱ་བ་དང་སྒྲིབ་པར་བྱེད་པ་གཉིས་ཀ་མེད་པ་རྟེན་གྱི་དོན་བྱེད་པའི་རྫས་ཡོད་དུ་བྱེ་སྨྲ་ཟེར་རོ། །མདོ་སྡེ་པ་ནི། གཟུགས་ཉེ་བར་ཞི་བ་ཙམ་ལས་རྫས་ཀྱི་དངོས་པོ་མེད་ཅེས་སོ། །བྱེ་སྨྲས་རྫས་སུ་ཡོད་པའི་སྒྲུབ་བྱེད་ཀྱང་། མདོ་ལས། བྲམ་ཟེ་ཞིག་གིས་ཀྱེ་གཽ་ཏ་མ། ས་ཅི་ལ་བརྟེན་ལགས། བྲམ་ཟེ་ཆུ་ལ་བརྟེན་ནོ། །ཆུ་ཅི་ལ་བརྟེན། རླུང་ལ་བརྟེན་ནོ། །རླུང་ཅི་ལ་བརྟེན། ནམ་མཁའ་ལ་བརྟེན། དེ་ཅི་ལ་བརྟེན། དེ་ནི་བརྟེན་མེད་པ། སྣང་བ་མེད་པ། དམིགས་པ་མེད་པའོ། །ཞེས་གསུངས་པས། སྤྱིར་ནམ་མཁའི་རྫས་ལ། འདུས་བྱས། འདུས་མ་བྱས་གཉིས་ལས། དང་པོ་ནི། བུ་ག་ནམ་མཁའི་ཁམས་ཞེས་བྱ། །སྣང་དང་མུན་པ་དག་ཡིན་ལོ། །ཞེས་གཟུགས་ཕུང་གིས་བསྡུས་པར་བཤད་པ་དེ་ཡིན་ཀྱང་འདིར་སྐབས་དོན་མིན་ལ། འདུས་མ་བྱས་ཀྱི་ནམ་མཁའ་དོན་བྱེད་ནུས་ཀྱི་བྱེད་ཚུལ་ལའང་འབྲས་བུ་བསྐྱེད་པ་དང་། འབྲས་བུའི་རྟེན་བྱེད་པ་གཉིས་ལས་སྔ་མ་(༣༩བ)


K8Z006_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟུང་གི། ཕྱི་མ་རྟེན་གྱི་དོན་བྱེད་ནུས་པའི་རྫས་ཡོད་དུ་འདོད་ལ། མི་སྒྲིབ་པ་མཚན་ཉིད་དུ་འཇོག་པ་ལ། འོ་ན་སེམས་དང་སེམས་ལས་བྱུང་བ་འགོག་པ་གཉིས་ཀྱང་ནམ་མཁར་འགྱུར་ཏེ། མཚན་ཉིད་དེའི་ཕྱིར་ཞེ་ན་མ་གྲུབ་སྟེ། རྣལ་འབྱོར་པ་མཐུ་ལྡན་གྱི་ཤེས་པས་གཞན་གྱི་ཤེས་པ་སྨྱོ་བ་ལ་སོགས་པ་ཤེས་པའི་བྱེད་པ་སོ་ན་འདུག་པ་ལ་སྒྲིབ་ཅིང་། འགོག་པ་གཉིས་ཀྱིས་ཀྱང་མ་འོངས་པའི་བྱེ་བྲག་འགའ་ཞིག་སྐྱེ་བ་ལ་སྒྲིབ་པའི་ཕྱིར་རོ། །དེས་ན་རྟག་པ་དང་རྫས་ཡོད་དུ་གྲུབ་ཀྱང་དེ་སྣང་ཡུལ་དུ་འཇལ་བའི་མངོན་སུམ་གྱི་ཚད་མ་ནི་ཡོད་པ་མ་ཡིན་ཏེ། མི་སྣང་བ་མ་དམིགས་པ་ཡིན་པའི་ཕྱིར། སློབ་དཔོན་གྲགས་པའི་བཤེས་གཉེན་གྱིས། དེ་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར། ཆོས་གཞན་ལ་མི་སྒྲིབ་པས་རྗེས་སུ་དཔག་གི། ཞེས་སོ། །དེས་ན་འདིའི་སྒྲ་དོན་ཀྱང་ཨཱ་ཀཱ་ཤ་སྟེ་གོ་འབྱེད་པའི་ཕྱིར། སློབ་དཔོན་དེ་ཉིད་ཀྱིས། སྒྲིབ་པ་མེད་པ་ཙམ་ནི་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གང་ལ་གཟུགས་ཀྱི་གོ་ཡོད་པའོ་ཞེས་རྣམ་པར་བཤད་པའོ། །ཞེས་སོ། །ཡང་རྩིག་སོགས་སྒྲིབ་བཅས་ཀྱི་གོར་ནམ་མཁའི་གོ་དེ་གོ་སྔ་མ་དང་དབྱེར་མེད་དུ་ཡོད་དམ་དབྱེར་བཅས་སུ་ཡོད། དང་པོ་ལྟར་ན། ནམ་མཁའ་གཟུགས་ཅན་དང་སྒྲིབ་བཅས་སུ་ཐལ། གཉིས་པ་ལྟར་ན། ནམ་མཁའ་སྒྲིབ་མེད་ཀྱི་གོར་རྩིག་སོགས་ཀྱི་འབྱུང་བའི་གོ་ཡོད་པ་མ་ཡིན་པར་ཐལ་ཅེ་ན། ནམ་མཁའི་གོ་ནི་གང་དང་ཡང་འདྲེས་པ་མེད་པའི་གོ་འབྱེད་པའི་བདག་ཉིད་ཡིན་གྱི། དེའི་གཟུགས་ཅན་གཞན་གང་དང་ཡང་རང་གི་ངོ་བོ་གོ་གཅིག་པ་དང་མི་གཅིག་པར་དཔྱད་བྱར་མེད་དེ། དེའི་གོ་ཡུལ་གང་དུའང་འདི་ལྟར་གནས་ཞེས་བཟུང་དུ་མེད་པའི་རྟེན་ཅན་གྱི་རྫས་སུ་གྲུབ་ཅེས་བྱ་ལ། འདི་ལྟ་བུའི་ནམ་མཁའི་རྫས་མེད་ན་ནི་གཟུགས་སོགས་འབྱུང་བའི་གནས་ཀྱང་ཐོད་པར་མི་(༤༠ན)


K8Z006_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བའི་ཕྱིར་ཏེ། ཀུན་ནས་ཀུན་ཏུ་གོ་དང་བཅས་པ་ཉིད་ཀྱི་ཕྱིར་ཞེས་སྨྲ་མོད། འོན་ཀྱང་ནམ་མཁའ་དོན་བྱེད་པའི་རྫས་སུ་ཡོད་ན་ནམ་མཁའ་མི་རྟག་པར་འགྱུར་བ་དང་། ནམ་མཁའ་ནི་ཡུལ་གང་ནའང་མི་གནས་ཤིང་དོན་བྱེད་པ་སྲིད་ན་རི་བོང་གི་རྭ་ལའང་དོན་བྱེད་ཀྱི་རྫས་སུ་རིགས་པར་ཐལ་བའི་ལན་ཡང་ལྡོན་དགོས་སོ། །གཉིས་པ་[བརྟགས་འགོག་བཤད་པ་]ནི། སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །སོ་སོར་བརྟགས་པས་འགོག་པའི་མཚན་གཞི་ནི། གང་ཟག་བཅས་དང་བྲལ་བ་ཆོས་ཅན། བྱེ་བྲག་ཏུ་སྨྲ་བ་ལུང་ལས་བདེན་པ་བཞིར་བཤད་པའི་འགོག་བདེན་རྫས་སུ་ཡོད་དེ། བདེན་པར་བཤད་པའི་ཕྱིར་ལྷག་མ་གསུམ་བཞིན་ནོ། །ཞེས་འདོད་པ་ལ། དེ་ནི་བདེན་པ་ཙམ་དུ་འདྲ་བས་བཞིར་བཤད་ཀྱི། རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་པས་ལྷག་ལྡན་འཁྲུལ་བཅས་ཀྱི་སྦྱོར་བ་སྟེ་གཞན་དུན་འདུས་བྱས་དང་ཟག་བཅས་སུ་འགྱུར་རོ། །མདོ་སྡེ་པ་ནི་དགག་བྱ་ཟག་བཅས་འགགས་ཙམ་ལ་འདོད་དོ། །མཚན་ཉིད་ནི། ཟག་མེད་པར་ཆད་མེད་ལམ་གྱིས་ཐོབ་པར་བྱ་བའི་འགོག་པའོ། །འཇིག་རྟེན་པས་ཐོབ་པ་ལ་མ་ཁྱབ་བོ་ཞེ་ན། བར་ཆད་མེད་ལམ་སྐྱེད་བཞིན་པའི་ཆོས་མཆོག་སྟན་གཅིག་པ་དེ་དང་མཐོང་སྤང་སྤངས་པའི་འཕགས་པ་རྒྱུད་ཐ་དད་ཀྱང་འགོག་པ་ཐ་དད་པ་མེད་པས་འཇིག་རྟེན་པ་ཁོ་ནས་ཐོབ་པ་མེད་ཀྱང་འཇིག་རྟེན་པས་གཉེན་པོའི་སྟོབས་ཀྱིས་ཉོན་མོངས་པ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་ཡོད་དོ། །སྒྲ་དོན་ནི། སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སོ་སོར་བརྟགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཐོབ་པའི་འགོག་པ་སྟེ་མར་གྱིས་གང་བའི་བུམ་པ་ལ་མར་གྱི་བུམ་པ་ཞེས་པ་ལྟར་བར་གྱི་ཚིག་མི་མངོན་པར་བྱས་པའོ། །དབྱེ་བ་ནི། ཅི་ཟག་བཅས་ཐམས་ཅད་ཀྱི་འགོག་པ་གཅིག་གམ་ཐ་དད་ཅེ་ན། སོ་སོ་སོ་སོ་ཡིན་ཏེ། ལྡན་(༤༠བ)


K8Z006_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་རྣམས་ཇི་སྙེད་པ། །བྲལ་བའི་རྫས་ཀྱང་དེ་སྙེད་དོ། །ཞེས་པས་ལྡན་རྫས་སྤང་བྱ་རིས་ལྔ་ཐ་དད་ཅིང་གཉེན་པོའང་ཐ་དད་པའི་ཕྱིར་འགོག་པ་ལྔ་ཐ་དད་དོ། །དེ་ལྟར་མ་ཡིན་ན་སྡུག་བསྔལ་མཐོང་སྤང་གི་འགོག་པ་ཐོབ་པ་ན་བདེན་པ་ཐམས་ཅད་ཀྱི་འགོག་པ་ཐོབ་པར་འགྱུར་ལ། འདོད་ན་སྤང་བྱ་རིས་ལྷག་མའི་ཡང་འགོག་པ་ཐོབ་པས་གཉེན་པོ་སྒོམ་པ་དོན་མེད་དུ་འགྱུར་བ་ལས་དེ་ལྟར་ཡང་མ་ཡིན་ནོ། །དེས་ན་སྒོམ་སྤང་དགུ་དགུ་གྱ་གཅིག་མཐོང་སྤང་བརྒྱད་སྤངས་པའི་རྣམ་གྲོལ་འདུས་མ་བྱས་བརྒྱད་ཅུ་རྩ་དགུ་ཐ་དད་དོ། །ལུང་དང་འགལ་བ་སྤང་བ་ནི། མདོ་ལས། དགེ་སློང་མ་ཆོས་སྦྱིན་ཅེས་པ་འཕགས་མ་ཞིག་ལ། སྔོན་གྱི་ཁྱོར་གྱུར་པ་དགེ་བསྙེན་ས་ག་ཞེས་པས། འཕགས་མ་འགོག་པ་འདྲ་བ་ཡིན་ནམ། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ། །ཞེས་པ་དེ་ནི་ཐ་དད་མེད་པའི་དོན་ཏེ། ཐ་དད་ན་འདྲ་བ་པོ་དང་། འདྲ་ཡུལ་དང་། འདྲ་ཆོས་ཡོད་པས་སོ་ཞེ་ན། མདོར་རྒྱུའི་སྒྲ་མི་མངོན་པར་བྱས་པ་ནས་ལན་བཏབ་པར་གསལ་ཏེ་འདི་ནི་འདྲ་བའི་རྒྱུ་ཡང་མ་ཡིན་ལ། འདིའི་འདྲ་བའི་རྒྱུ་གང་ཡང་ཡོད་པ་མ་ཡིན་ལ། འདྲ་བའི་རྒྱུ་འབྲས་ནི་འདུས་བྱས་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་རོ། །འདི་ལྟའི་ཚིག་སྦྱོར་ལས་དོན་གྱི་གོ་འཕེན་པ་ནི། རྣམ་ངེས་ལས། དེ་ལྟར་མེད་ཀྱང་བརྗོད་འདོད་ལས། །དོན་དེ་ཉིད་ནི་རྟོགས་འགྱུར་ཏེ། །དཔེར་ན་ནག་པ་འཕོང་སྐྱེན་དང་། །སྲིད་སྒྲུབ་འཕོང་སྐྱེན་ཞེས་པའམ། །སྔོན་པོ་མཚོ་སྐྱེས་འགྱུར་ཞེས་བཞིན། །ཞེས་སོ། །དེས་ན་རང་འགྲེལ་ལས། འདི་ལ་འདྲ་བ་གང་ཡང་མེད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཞེས་འབྱུང་བའི། རྒྱལ་སྲས་སུ། འགོག་པ་ལ་འགོག་པ་འདྲ་བ་གཞན་འགའ་ཡང་མེད་དོ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་གོ། །ཞེས་སོ། །མདོ་སྡེ་པ་ནི། འགོག་པ་མེད་དགག་ཡིན་(༤༡ན)


K8Z006_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

པས་གཅིག་དང་ཐ་དད་ལས་གྲོལ་ཀྱང་དགག་བྱ་ལ་བལྟོས་ནས་ཐ་སྙད་ཙམ་དུ་ཡོད་པར་འདོད་དོ། །གསུམ་པ་[བརྟགས་མིན་གྱི་འགོག་པ་]ལ། རྩ་བའི་ཚིག་དོན། དེའི་དོགས་པ་བཅད་པའོ། །དང་པོ་ནི། སྐྱེལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །བརྟགས་མིན་གྱི་འགོག་པའི་མཚན་གཞི་ནི་འདུས་མ་བྱས་རྫས་སུ་གྲུབ་སྟེ། ལུང་ལས། བཅོམ་ལྡན་འདས་ཀྱིས་རྒྱུན་དུ་ཞུགས་པའི་ངན་སོང་གི་འགྲོ་བ་འགག་གོ །ཞེས་གསུངས་ལ། ངན་སོང་གི་རྒྱུ་མི་དགེ་བ་དག་སྒོམ་སྤང་ཡིན་པས། དེ་སྤངས་པའི་བརྟགས་འགོག་མ་ཐོབ་ཀྱང་། མཐོང་ལམ་སྐྱེས་པས་མི་དགེ་བ་བྱེད་པའི་རྐྱེན་མ་ཚང་བས་བརྟགས་མིན་ཐོབ་ནས་ངན་སོང་གི་འགྲོ་བ་འགག་སྟེ། རྐྱེན་མ་ཚང་བ་ཙམ་ཡིན་ན་དེ་དང་འདྲ་བའི་རྐྱེན་ཉེ་བ་ན་སྐྱེ་བར་འགྱུར་བ་ལས་འདིར་དེ་ལྟར་མ་ཡིན་པས་བརྟགས་མིན་གྱི་འགོག་པ་ཐོབ་པས་ངན་སོང་གི་འགྲོ་བར་སྐྱེ་མ་སྲིད་པའི་ཕྱིར་བརྟགས་མིན་གྱི་འགོག་པ་རྫས་སུ་གྲུབ་བོ། །གཞན་དག་ནི་རྐྱེན་མ་ཚང་བས་མ་སྐྱེས་ཙམ་ལ་བཏགས་པར་འདོད་དོ། །མཚན་ཉིད་ནི། དགག་བྱ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་བརྟགས་པའི་འགོག་པ་ལས་གཞན་པའོ། །སྤྱིར་འགོག་པ་ལ་ལྔ་སྟེ། མཚན་ཉིད་མི་རྟག་པས་འགོག་པ་དང་། སྙོམས་འཇུག་གི་འགོག་པ་གཉིས་དང་། སྐྱེ་བའི་འགོག་པ་འདུ་ཤེས་མེད་པ་དང་། སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པ་གཉིས་སོ། །[གཉིས་པ་དེའི་དོགས་པ་བཅད་པ།] དེས་ན་སྐྱེ་ལ་ཞེས་པས་མཚན་ཉིད་ཀྱི་འགོག་པ་སྐྱེས་ཟིན་འཇིག་པའི་མི་རྟག་པ་གཅོད་ལ། གཏན་དུ་ཞེས་པས་སྐྱེ་བ་དང་། སྙོམས་འཇུག་གི་འགོག་པ་སེམས་མེད་གསུམ་གཅོད་དེ་དེ་དག་ནི་ཕྱིས་དགག་བྱ་སྐྱེ་བས་གཏན་དུ་མི་འགོག་པའི་ཕྱིར། དེ་དག་གིས་ཅིས་མི་འགོག་ན་དགག་བྱ་ངོས་མ་ཟིན་པའི་ཕྱིར། དགག་བྱ་སླར་ཡང་སྐྱེ་འགྱུར་ཡིན་པས་རྫིང་དུ་ཆུ་བསྐྱིལ་བ་ལྟར་རེ་ཞིག་འགོག་ལ། འདིར་དེ་ལྟར་མ་(༤༡བ)


K8Z006_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །འགོག་གཞན་གྱིས་བརྟགས་འགོག་སེལ་ཏེ། རྐྱེན་མ་ཚང་བའི་སྟོབས་ཀྱིས་སྐྱེ་བ་ལ་གཏན་དུ་གེགས་བྱེད་པར་བརྗོད་དོ། །འདིར་མཚན་ཉིད་ཀྱིས་མི་རྟག་པ་ཞེས་པ་སྡེ་པས་སྐྱེ་སོགས་ཀྱི་འཇིག་པ་ཞིག་ཏུ་བརྡ་སྦྱར་ནས་དེ་ལྡན་མིན་འདུ་བྱེད་ཀྱི་རྫས་ཁྱད་པར་བ་ཞིག་ལ་འདོད་ལ། དེ་ལའང་འཇིག་པ་ལ་འཇིག་བྱེད་ཀྱི་རྫས་རིས་གཉིས་པ་ཞིག་འཇུག་པར་འདོད་ཅིང་། དེ་ལྟར་མ་ཡིན་ན་འདུས་བྱས་རྟག་པར་ཐལ་བའི་སྐྱོན་དུ་འགྱུར་དོགས་ནས་སྨྲས་མོད་ཀྱང་དངོས་པོ་ལ་ཀུན་བརྟགས་ཀྱི་བདེན་པར་རྟོག་པ་ཉིད་ཀྱིས་ལོག་པར་ཤེས་པ་སྟེ་དུག་ལྟར་སྤང་བར་བྱ་བ་ཉིད་དུ་གོར་མ་ཆག་གོ། །ཐེག་པ་ཆེན་པོ་དབུ་མ་པ་ནི་དངོས་པོ་ལ་མི་རྟག་པ་ཉིད་ཀྱིས་དོན་བྱེད་པར་ཁྱབ་བྱེད་དུ་འཇུག་པ་ཉིད་ཀྱི་ཕྱིར་དངོས་པོ་རང་བཞིན་མེད་པར་སྒྲུབ་བྱེད་དང་བསྒྲུབ་བྱར་ཆེས་འབྲེལ་པ་ཉིད་དུ་བཀོད་པར་མཛད་པ་ཡིན་ལ། དེའི་ཕྱོགས་ཆོས་ཀྱི་ཚུལ་སྒྲུབ་པ་ལ་དངོས་པོ་རང་དུས་སུ་གནས་པར་དོན་བྱེད་པ་བདེན་པར་གྲུབ་པའི་ཕྱིར་དོན་བྱེད་པ་ཅན་ཡིན་ན། དངོས་པོ་རྟག་པར་ཐལ་ལ། དེ་ལྟར་ན་དངོས་པོ་དོན་བྱེད་པ་ཅན་མ་ཡིན་པར་ཡང་ཐལ་ལ། དེའང་འདོད་མི་ནུས་ཏེ། སྐྱེ་འཕགས་ཀྱི་མྱོང་བ་ཐམས་ཅད་དང་འགལ་བའི་ཕྱིར། འོ་ན་དངོས་པོ་ཐམས་ཅད་རང་དུས་སུ་མི་གནས་པར་དོན་བྱེད་པ་མི་རྟག་པ་ཉིད་ཀྱི་ཕྱིར། ཐ་སྙད་ཀྱི་ངོར་དངོས་པོ་དོན་བྱེད་རུང་བར་སྣང་སྟེ་སྒྱུ་མའི་དངོས་པོ་ལྟ་བུའོ། །ཚུལ་དེ་དག་གྲུབ་པ་ན་གང་དངོས་པོ་དེ་དག་རང་དུས་སུ་གནས་པ་མེད་པར་མི་རྟག་པ་ཉིད་ཀྱིས་ན་ཆོས་དེ་དག་དངོས་པོར་གནས་པ་ཅིར་ཡང་གྲུབ་པ་དང་བྲལ་བའི་སྟོང་པ་ཉིད་ཁོ་ན་ལས་གཞར་ཡང་གཡོ་བ་མེད་པས་ཁྱབ། དཔེར་ན། ནམ་མཁའི་པདྨ་བཞིན་ཞེས་འགོད་པར་བྱེད་དོ། །དེས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཚུལ་འདི་ཉེ་རིང་མེད་པར་ཐེག་པ་ཆེ་ཆུང་(༤༢ན)


K8Z006_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

གི་གདུལ་བྱ་གཉིས་ཀ་ལ་བསྟན་ཀྱང་། ཐེག་དམན་པ་དག་འཇིག་པ་བསྟན་པས་དངོས་པོ་དག་སྐྱེས་ནས་འཇིག་པའི་སྟོང་ཉིད་དུ་གོ་བ་ལས། གདོད་ནས་སྐྱེ་བ་དང་བྲལ་བའི་སྟོང་ཉིད་དུ་མ་གོ་བ་ལ་ཐུགས་མ་རངས་ནས། སློབ་དཔོན་གྱིས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེའི་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་འབྱུང་ལ། རྒྱལ་བ་དང་རྒྱལ་ཚབ་དམ་པས། འཇིག་པ་དང་མི་རྟག་པ་དང་རྐྱེན་གྱི་དོན་ཅན་གྱི་སྒྲས་དངོས་པོ་ཐམས་ཅད་སྟོང་ཉིད་དུ་བསྟན་པ་ནི། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། མི་རྟག་དོན་ནི་མེད་དོན་དང་། །ཞེས་འབྱུང་བ་སོགས་མཐའ་ཡས་པར་བཀའ་སྩལ་ཏོ། །དེས་ན་བཀའ་བརྒྱུད་རིན་པོ་ཆེའི་སྦྱངས་པ་སྔོན་སོང་གི་སྐྱེས་བུ་དམ་པ་སྔར་བྱོན་ཕལ་ཆེ་བ་ནི། བླ་མ་བདེ་བར་གཤེགས་པའི་ལུང་ཙམ་ལས། སེམས་ཉིད་མི་རྟག་པར་རང་གིས་འཇིག་པའི་ཚུལ་བསྟན་པ་ཙམ་གྱིས་ཆོས་ཐམས་ཅད་རང་གིས་སྟོང་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ས་ཆེན་པོའི་རྡུལ་ཙམ་བྱོན་པ་ལ། ས་པཎ་པས། བདག་ཀྱང་རྡོ་རྗེ་ཕག་མོ་ཡི། །བྱིན་རླབས་ཙམ་རེ་བྱས་པ་ལ། །དཀར་པོ་གཅིག་ཐུབ་བསྟན་ནས་ཀྱང་། །མྱོང་བ་ཅུང་ཟད་སྐྱེས་པ་ལ། །མཐོང་ལམ་དུ་ནི་ངོ་སྤྲད་ནས། །རྩོལ་སྒྲུབ་མེད་པའི་དོན་བསྟན་ན། །ཚོགས་པའང་འདི་བས་མང་བར་འདུ། །ལོངས་སྤྱོད་འབུལ་བའང་མང་བར་འགྱུར། །བླུན་པོ་རྣམས་ཀྱི་བསམ་པ་ལ། །སངས་རྒྱས་ལྟ་བུར་མོས་པ་སྐྱེ། །ཆོས་ཀྱི་གནད་རྣམས་མི་ཤེས་པའི། །སྡེ་སྣོད་འཛིན་པར་རློམ་པ་ཡང་། །དེ་ལ་ལྷག་པར་དད་འགྱུར་བ། །བདག་གིས་ལེགས་པར་(༤༢བ)


K8Z006_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གོ་མོད་ཀྱིས། །འཁོར་དང་ཟང་ཟིང་བསྒྲུབ་པའི་ཕྱིར། །བདག་གིས་སེམས་ཅན་བསྡུས་པ་མིན། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །ཕན་པར་བསམས་ན་ས་བཤད་པ་ཡིན། །ཅེས་གསུངས་པ་ལ། སློབ་དཔོན་མཁས་པ་ཆེན་པོ་བཟང་རིང་གིས། ད་ནི་ཁོ་བོས་ཀྱང་བཅོམ་ལྡན་འདས་ཤཱཀྱའི་དབང་པོ་ལ་ཀླན་ཀ་འགོད་པར་འདོད་དེ། འདི་སྐད་དུ། བདག་ཀྱང་རྫོགས་སངས་རྒྱས་གྱུར་ནས། །འོད་ཟེར་ཙམ་རེ་འགྱེད་པ་ལ། །ཤེར་ཕྱིན་ཟབ་མོ་བསྟན་ནས་ཀྱང་། །རྟོགས་པ་ཅུང་ཟད་སྐྱེས་བ་ལ། །མཐོང་ལམ་དུ་ནི་ངོ་སྤྲད་ནས། །འདུ་བྱར་མེད་པའི་དོན་བསྟན་ན། །ཚོགས་པའང་འདི་བས་མང་བར་འགྱུར། །ལོངས་སྤྱོད་འབུལ་བའང་མང་བར་འགྱུར། །མཁས་བླུན་ཀུན་གྱི་བསམ་པ་ལ། །སངས་རྒྱས་ཉིད་དུ་མོས་པ་སྐྱེ། །ཆོས་ཀྱི་གནད་རྣམས་མི་ཤེས་པའི། །སེམས་ཅན་མོས་པ་སྣ་ཚོགས་ཀྱང་། །དེ་ལ་ལྷག་པར་དད་འགྱུར་བར། །བདག་གིས་ལེགས་པར་གོ་མོད་ཀྱིས། །འཁོར་དང་ཟང་ཟིང་བསྒྲུབ་པའི་ཕྱིར། །བདག་གིས་སེམས་ཅན་བསྡུས་པ་མིན། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །ཕན་པར་བསམས་ནས་བཤད་པ་ཡིན། །ཅེས་སྨྲས་ན་སྟོན་པ་ཤཱཀྱའི་ཏོག་ཀྱང་ངོ་ཚ་བས་གདོང་དུད་དེ་ཞུམ་ཞུམ་པོར་མི་འགྱུར་གྲང་། ཞེས་རྒོལ་བར་བྱེད་དོ་ཞེས་བསྟིང་ཚིག་ཏུ་སྨྲ་བའང་ཐོས་སོ། །སྒྲ་དོན་ནི། སོ་སོར་བརྟགས་པའི་ཤེས་རབ་མིན་པའི་སྟོབས་ཀྱིས་ཐོབ་པའོ། །དེའང་མེད་དགག་ཏུ་སྦྱར་ན་ཤེས་རབ་མེད་པས་སམ། མ་ཡིན་དགག་ཏུ་སྦྱོར་ན་ཤེས་རབ་ལས་གཞན་རྐྱེན་མ་ཚང་བས་ཐོབ་བོ་ཞེས་སྒྲ་སྦྱར་དགོས་ཏེ། གཟུགས་ཞིག་ལ་མིག་དང་ཡིད་ཡེངས་པའི་ཚེ་རྒྱབ་གྱི་བྱ་རོག་འཛིན་པའི་ཤེས་པ་མི་སྐྱེ་བ་ལྟ་བུའི་ཕྱིར་ཏེ། རྐྱེན་གསུམ་ལས་དམིགས་རྐྱེན་མ་ཚང་བའམ། ཡང་ན་ཤེས་པ་གཅིག་ཉིད་ཀྱིས་གཉིས་(༤༣ན)


K8Z006_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གོ་མི་འབྱེད་པས་དེ་མ་ཐག་རྐྱེན་མ་ཚང་བའི་ཕྱིར་རོ། །ཅི་འགོག་པ་གཉིས་དང་འབྲེལ་བའི་མུ་བཞི་ནི། ཆོས་གང་བརྟགས་པ་ཐོབ་པའི་གཞི་ཡིན་པ་དེ་བརྟགས་མིན་གྱི་ཐོབ་པའི་གཞི་ཡིན་ནམ། བརྟགས་མིན་གྱི་ཐོབ་པའི་གཞི་ཡིན་པ་དེ་བརྟགས་པས་ཐོབ་པའི་གཞི་ཡིན་ནམ་ཞེ་ན། དེ་ལ་མུ་བཞིར་འགྱུར་ཏེ། དེ་ཡང་གང་ཞིག་ཁྱབ་པ་ལ་མ་ཁྱབ་པ་དང་། མ་ཁྱབ་པ་ལ་ཁྱབ་པ་དང་། འགལ་བ་ལ་མི་འགལ་བ་དང་། མི་འགལ་བ་ལ་འགལ་བ་ལ་སོགས་པའི་དོགས་པ་བཟློག་ནས་འགལ་འབྲེལ་ལ་བློ་ཤིན་ཏུ་འཕེལ་བ་དང་། མཐར་ཀུན་མཁྱེན་དུ་འགྱུར་བའི་དགོས་པ་ཡོད་པས་དེའི་ཕྱིར། དངོས་ཀྱི་འགལ་བ་ཟག་བཅས་ཟག་མེད་ལྟ་བུ་ལ་ཕུང་གསུམ་པ་སེལ་བས་འགལ་བ་ལ་མི་འགལ་བ་ཡིན་པ་དང་། མི་འགལ་བ་ལ་འགལ་བ་ཡིན་པ་གཉིས་མེད་ལ། བརྒྱུད་འགལ་སྔོ་སེར་ལྟ་བུ་ལ་ངོ་བོ་འགལ་བས་འགལ་བ་ལ་མི་འགལ་བ་མེད་ཅིང་། བདག་གཅིག་འབྲེལ་གྱི་བྱས་མི་རྟག་ལྟ་བུ་ལ་ཁྱབ་པ་ལ་མ་ཁྱབ་པ་དང་། མ་ཁྱབ་པ་ལ་ཁྱབ་པ་དང་གཉིས་མེད་ལ། དེ་བྱུང་འབྲེལ་མེ་དུ་ལྟ་བུ་ལ་མི་འགལ་བ་ལས་འགལ་བ་མེད་དོ། །དེ་ལྟར་འགལ་འབྲེལ་གྱི་ཚུལ་ཤེས་པར་བྱས་ནས་བརྟགས་བརྟགས་མིན་གྱི་འགོག་པའི་གཞི་ལས་འགལ་འབྲེལ་གྱི་དབང་གིས་ཐོབ་ཚུལ་ནི། ཟག་བཅས་དུས་གསུམ་པ་ནི་བརྟགས་འགོག་ཁོ་ནས་ཐོབ་སྟེ། ཟག་པ་དང་བཅས་པ་ཡིན་པའི་ཕྱིར་དང་། སྐྱེས་ཟིན་པའི་ཕྱིར་དང་། འབྱུང་བའི་ཆོས་ཅན་རྣམས་ཀྱང་གདོན་མི་ཟ་བར་འབྱུང་བའི་ཕྱིར། དེ་བརྟགས་མིན་གྱི་འགོག་པས་ནི་མི་ཐོབ་སྟེ། བརྟགས་མིན་གྱི་འགོག་པ་དེ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། ཟག་པ་མེད་པའི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ནི་བརྟགས་མིན་གྱི་འགོག་པས་ཐོབ་སྟེ། སྐྱེ་བ་ལ་(༤༣བ)


K8Z006_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་གེགས་སུ་གྱུར་པའི་ཕྱིར། བརྟགས་འགོག་གིས་ཐོབ་པ་མ་ཡིན་ཏེ། ཟག་པ་མེད་པ་ཡིན་པའི་ཕྱིར། ཟག་པ་དང་བཅས་པའི་མི་སྐྱེ་བའི་ཆོས་ཅན་རྣམས་ནི་འགོག་པ་གཉིས་ཀས་ཐོབ་སྟེ། ཟག་བཅས་ཡིན་པའི་ཕྱིར་དང་། མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར། འགོག་པ་གཉིས་ཀས་མི་ཐོབ་པ་ནི་ཟག་པ་མེད་པའི་དུས་གསུམ་པའི་ཆོས་ཅན་རྣམས་ཏེ། ཟག་མེད་ཀྱི་དུས་གསུམ་པའི་ཆོས་ཅན་རྣམས་ནི་བརྟགས་མིན་གྱི་འགོག་པས་ཐོབ་བྱ་མ་ཡིན་ཏེ། སྐྱེ་བ་ལ་གེགས་བྱར་མི་ནུས་པའི་ཕྱིར་དང་། བརྟགས་པས་ཐོབ་བྱ་མ་ཡིན་ཏེ། ཟག་མེད་ཡིན་པའི་ཕྱིར། འདུས་མ་བྱས་རྣམས་ཀྱང་འགོག་པ་གཉིས་ཀས་ཐོབ་བྱ་མ་ཡིན་ཏེ། སྐྱེ་མི་སྐྱེ་གཉིས་ཀའི་ཆོས་ཅན་མ་ཡིན་པའི་ཕྱིར། འགོག་པ་གཉིས་ཀྱི་ཐོབ་ཚུལ་ལ་བརྟགས་པ་སྔར་ཐོབ་ལ། བརྟགས་མིན་ཕྱིས་ཐོབ་པ་ནི་དབང་པོ་རྟུལ་པོ་སྒོམ་སྤང་སྤངས་ན་བརྟགས་འགོག་དེའི་ཚེ་ཐོབ་ལ། ཉམས་པ་སྲིད་པས་བརྟགས་མིན་ཕྱིས་དབང་པོ་འཕོས་པ་ལ་སོགས་པའི་ཚེ་ཐོབ་བོ། །བཟོད་པ་སྐྱེས་པས་ངན་འགྲོའི་ཕུང་པོ་བརྟགས་མིན་གྱིས་འགོག་ལ། བརྟགས་འགོག་ནི། ཕྱིས་སྒོམ་ལམ་སྐྱེས་པས་འཐོབ་བོ། །མཐོང་ལམ་ཐོབ་པས་མཐོང་སྤང་ཤེས་རབ་ཀྱིས་བྲལ་བ་དང་རྐྱེན་མ་ཚང་བ་གཉིས་ཀ་ཡིན་ལ། དེ་ཡང་དཔེར་ན། མཐོང་བས་ཐོབ་པའི་ཉོན་མོངས་པ་ཆེན་པོའི་ཆེན་པོ་སྐྱེས་ནས་ཉོན་མོངས་པ་ཆེན་པོ་མ་འོངས་པ་དེ་དག་གི་བརྟགས་པས་འགོག་པ་དང་བརྟགས་མིན་གྱི་འགོག་པ་གཅིག་ཅར་ཐོབ་པ་ལྟ་བུའོ། །མདོར་ན་འགོག་པ་གཉིས་པོའི་ཁྱད་པར་དགག་བྱ་ལས་ནི་ཟག་བཅས་ཁོ་ན་དང་། དེ་ཡང་སྐྱེ་བའམ་མི་སྐྱེ་བའི་ཆོས་ཅན་གང་རུང་གི་ཁྱད་པར་དུ་བྱས་པ་དང་། ཟག་བཅས་དང་ཟག་མེད་ཀྱི་འདུས་བྱས་གང་ཡིན་ཀྱང་རུང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཁོ་ན་ཡིན་པའི་ཁྱད་པར་ལས་དང་། འགོག་བྱེད་ལས་ནི་སོ་སོར་བརྟགས་(༤༤ན)


K8Z006_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་དང་། རྐྱེན་མ་ཚང་བ་ལས་དང་། ངོ་བོའི་ཁྱད་པར་ལས་ནི་དགག་བྱ་དེ་འགོག་པར་འདྲ་ཡང་བྲལ་བ་དང་མ་བྲལ་བའི་ཁྱད་པར་རོ། །དེ་ལྟར་ནའང་དམིགས་ཀྱིས་བསལ་བ་ཡོད་དེ། སྤངས་ཀྱང་མ་བྲལ་བའི་ཁྱད་པར་འགའ་ཞིག་བཤད་པ་དེ་དག་ནི་སོ་སོར་བརྟགས་འགོག་གི་དམིགས་བསལ་དང་། འགོག་པ་གཉིས་ཀྱི་དགག་བྱ་ཐུན་མོང་ལས། ཕལ་ཆེར་བརྟགས་མིན་གྱི་འགོག་པའི་དམིགས་བསལ་དུ་ཡང་འགྱུར་བ་ཡོད་པས། ཕྱི་མའི་དབང་དུ་བྱས་ཏེ་བརྗོད་ན་རྐྱེན་མ་ཚང་བས་དགག་བྱ་མ་འོངས་པ་འགོག་པའི་རྣམ་གསལ་གྱི་དཔེ་ནི། ཡུལ་གཅིག་ཏུ་གཟུགས་སོགས་དོན་ལྔ་པོ་གཅིག་ཅར་དུ་ཚོགས་པའི་ཚེ་མིག་གཟུགས་ཡིད་འོང་ལྟ་བུ་ཞིག་ལ་ཡེངས་པ་ན། དོན་ལྷག་མ་རྣམས་ཡུལ་དུ་བྱེད་པའི་དབང་ཤེས་ནི་ཡིད་བྱེད་སྔ་མ་མ་ཚང་པས་མ་སྐྱེས་ཤིང་། དེའི་བར་ལ་གཟུགས་དེ་དང་དུས་མཉམ་པའི་དོན་ལྷག་མ་རྣམས་འགགས་ཟིན་ལ། དེའི་སྟོབས་ཀྱིས་དེ་དག་ཡུལ་དུ་བྱེད་པའི་རྣམ་པར་ཤེས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་ལྟ་བུའོ། །འོ་ན་མི་སྐྱེ་བའི་ཆོས་ཅན་དེ་དགག་བྱར་བྱས་ནས་འགོག་ཅེས་སྨྲས་པ་ན། དགག་པ་གཉིས་ཀྱིས་སྒྲུབ་པ་གོ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དགག་བྱ་མ་འོངས་པ་མི་སྐྱེ་བ་དེ་ཉིད་འགོག་པ་མིན་གྱི། དེ་ཉིད་ད་ལྟ་སྐྱེ་བ་འགོག་པ་ཡིན་ལ། འགོག་པའི་ཚུལ་ཡང་རྐྱེན་མ་ཚང་བ་ཉིད་ཀྱི་དབང་གིས་འགོག་པ་ཡིན་ནོ། །དེ་ལ་གཉིས་ཏེ། འགལ་རྐྱེན་དམིགས་པས་གེགས་བྱས་པ་དང་། གེགས་བྱེད་མེད་ཀྱང་མཐུན་རྐྱེན་མ་ཚང་བས་གེགས་སུ་གྱུར་པའོ། །དང་པོ་ལ། ཕྱི་དང་ནང་གི་ཁྱད་པར་གྱིས་ཚ་རེག་གིས་གེགས་བྱས་ནས་དེའི་འགལ་ཟླ་མ་འོངས་པ་རྐྱེན་མ་ཚང་བས་མ་སྐྱེས་པ་དང་། ངེས་འབྱེད་བཟོད་པ་སྐྱེས་པའི་སྟོབས་ཀྱིས་ངན་(༤༤བ)


K8Z006_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གི་ཕུང་སོགས་སྐྱེ་བའི་རྐྱེན་མ་ཚང་བ་ལྟ་བུ་འཇིག་རྟེན་པའི་ལམ་གྱི་གེགས་བྱས་པ་དང་། མཐོང་ལམ་མཉམ་གཞག་གི་དུས་སུ་སྒོམ་སྤང་ཉོན་མོངས་ད་ལྟ་བ་སྐྱེ་བའི་རྐྱེན་མ་ཚང་བ་ལྟ་བུ་ནི་ཟག་མེད་ལམ་གྱི་གེགས་བྱས་པའོ། །གཉིས་པ་ནི། མདུན་གྱི་གཞི་འདིར་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྐྱེ་བའི་རྐྱེན་མ་ཚང་བ་ལྟ་བུའོ། །མདོར་ན་འདུས་བྱས་མ་འོངས་པ་སྐྱེ་རུང་འགལ་རྐྱེན་ནམ་མཐུན་རྐྱེན་མ་ཚང་བའི་དབང་གིས་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་དེ་ཉིད་རྐྱེན་མ་ཚང་བ་ཁོ་ནས་འགོག་པ་དེ་ལ་སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་བྱ་ཞིང་། དེའི་ཚེ་མི་སྐྱེ་བའི་ཆོས་ཅན་དེ་དགག་བྱ་ཡིན་ཅེས་པ་ནི་བརྟགས་པ་ཡིན་གྱི། ངེས་པར་ན་སྐྱེ་རུང་ཉིད་དགག་བྱ་ཡིན་ཏེ། དེ་ལས་གཞན་དུ་ན་མོ་གཤམ་གྱི་བུ་སོགས་སྐྱེ་མི་རུང་ཡང་སྐྱེ་བའི་རྐྱེན་མ་ཚང་བའི་སྟོབས་ཀྱིས་མི་སྐྱེ་བའི་ཆོས་ཅན་དུ་སོང་བའི་འགོག་པ་ཡང་ཁས་ལེན་རིགས་པར་འགྱུར་རོ། །འོ་ན་མཐོང་ལམ་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་དེའི་རང་དུས་སུ་སྒོམ་སྤང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་འགོག་པ་དེ་ཆོས་ཅན། བརྟགས་འགོག་ཏུ་ཐལ། དགག་བྱ་ཟག་བཅས་གཉེན་པོ་ཟག་མེད་ཀྱི་སྟོབས་ཀྱིས་འགོག་པ་ཡིན་པའི་ཕྱིར་སྙམ་ན། མ་ཁྱབ་སྟེ། བརྟགས་འགོག་ཏུ་འཇོག་པ་ལ་དགག་བྱ་འགོག་ལ་བྲལ་བ་ཞེས་བྱ་བ་ཞིག་ཚང་དགོས་པ་ལས། དེར་ནི་འགོག་པ་ཚང་ཡང་བྲལ་བ་མ་ཚང་བའི་ཕྱིར་ཏེ། དགག་བྱ་མ་འོངས་པ་དེ་རང་གི་གཉེན་པོར་གྱུར་པའི་ཤེས་རབ་ཀྱིས་སྤངས་ནས་མི་སྐྱེ་བའི་ཆོས་ཅན་དུ་སོང་བ་ཡིན་ན་དགག་བྱ་དེ་འགོག་པ་ཡིན་ཀྱང་བྲལ་བར་མ་གྱུར་པའི་ཕྱིར། དེས་ན་མི་སྐྱེ་བའི་ཆོས་ཅན་དུ་སོང་ཡང་བྲལ་བས་(༤༥ན)


K8Z006_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཁྱབ་སྟེ། འདོད་སྡང་རྒྱལ་གསུམ་མི་སྐྱེ་བའི་ཆོས་ཅན་དུས་གསུམ་པར་ལྡན་པ་ཡོད་པའི་ཕྱིར། ཇི་སྐད་དུ། མི་སྐྱེ་རྣམས་ཀྱིས་ཐམས་ཅད་དང་། །ཞེས་སོ། །འདིར་འདུས་བྱས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་པ་བྱེ་བྲག་ཏུ་སྨྲ་བ་ཁོ་ནས་སྒྲོ་བཏགས་པར་འདོད་མོད། དེའི་ཐ་སྙད་ཙམ་ལ་རྩད་ན་དེར་མ་ངེས་ཏེ། ཐེག་པ་ཆེན་པོ་པ་དག་གིས་ཀྱང་མཐོང་ལམ་བར་ཆད་མེད་ལམ་གྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་མཐོང་སྤང་རྟོག་པ་ལྟ་བུ་ངེས་པར་བརྗོད་པའི་ཕྱིར་རོ། །འགོག་པ་གཉིས་ཀྱི་དགག་བྱ་ལ་མུ་བཞི་གསུངས་པའི་མུ་གསུམ་པ་དགག་བྱ་ལ་གཞི་མཐུན་སྲིད་པ་དེའི་ཚེ་འགོག་པ་གཉིས་པོ་གཅིག་ཅར་དང་རིམ་ཅན་དུ་ཐོབ་ཚུལ་ལ། བརྟགས་འགོག་སྔར་ཐོབ་ལ་ཅིག་ཤོས་ཕྱིས་ཐོབ་པ་ནི་ཕྱིར་མི་འོང་དབང་རྟུལ་གྱིས་སྒོམ་སྤང་སྤངས་པའི་ཚེ་ལྟ་བུར་ཤེས་དགོས་ཏེ། ཇི་སྲིད་དེ་འདྲའི་དབང་པོ་མ་འཕོས་པ་དེ་སྲིད་དུ་སྤངས་པ་དེ་ཉམས་སྲིད་པ་དང་། འཕོས་པའི་ཚེ་སྤང་བྱ་དེ་མི་སྐྱེ་བའི་ཆོས་ཅན་དུ་སོང་བས་སོ། །ཡང་བརྟགས་མིན་སྔར་ཐོབ་ལ་ཅིག་ཤོས་ཕྱིས་ཐོབ་པ་ནི་བཟོད་པ་ཐོབ་པ་རྣམས་ཀྱི་ངན་སོང་གི་འགྲོ་བ་འགོག་པ་ལྟ་བུའི་ཚེ་སྟེ། དུས་དེར་ཕུང་ཁམས་དེ་དག་གི་ཐོབ་པ་གཅོད་བྱེད་ནི་སྒོམ་ལམ་བར་ཆད་མེད་ལམ་གྱིས་བྱས་པའི་ཕྱིར། གཉིས་ཀ་ལྷན་ཅིག་ཐོབ་པ་ནི་དབང་རྟུལ་གྱིས་མཐོང་སྤང་སྤངས་པ་དང་། དབང་རྣོན་གྱིས་ནི་དེར་མ་ཟད་སྒོམ་སྤང་གི་རྣམ་པ་སྤངས་པའི་ཚེ་འགོག་པ་གཉིས་ཀ་ཐོབ་བོ། །དེ་ལྟར་ན་བརྟགས་མིན་གྱི་འགོག་པའི་དགག་བྱ་སྐྱེ་རུང་ཡིན་ན་མི་སྐྱེ་བའི་ཆོས་ཅན་ཡིན་པར་འགལ་བ་དང་། དེར་མ་ཟད་ཁྱེད་ཅག་བརྟགས་པ་དང་བརྟགས་མིན་རྫས་ངོ་བོ་གཅིག་པར་ལྷན་ཅིག་ཏུ་ཐོབ་པར་ཁས་ལེན་ནམ་མི་ལེན། ལེན་ན་ཇི་སྐད་དུ། འགོག་གཞན་ཞེས་དེ་གཉིས་རྫས་ཐ་དད་དུ་གསུངས་(༤༥བ)


K8Z006_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པས་གནོད་དོ། །མི་ལེན་ན་གང་བརྟགས་འགོག་ཐོབ་པའི་གཞིར་བརྟགས་མིན་གྱི་འགོག་པ་ཐོབ་པའི་མུ་གསུམ་བཤད་པས་གནོད་དོ་ཞེ་ན། སྐྱོན་དང་པོ་མེད་དེ། སྤྱི་ཙམ་ནས་སྐྱེ་རུང་ཡིན་ཀྱང་འགོག་བྱེད་ཀྱི་དབང་གིས་མི་སྐྱེ་བའི་ཆོས་ཅན་དུ་འགྲོ་བ་ཞིག་ཡོད་ལ། དེ་ལྟར་སོང་པའི་ཆ་དེ་བརྟགས་མིན་གྱི་དགག་བྱར་བྱས་པ་ལ་ནོངས་པ་ཅི་ཡང་མེད་པའི་ཕྱིར། སྐྱོན་གསུམ་པ་མེད་དེ། དགག་བྱ་མཐོང་སྤང་ལྟ་བུ་གཅིག་ཉིད་ལ་གཉེན་པོའི་སྟོབས་ཀྱི་དགག་བྱ་བཀག་ནས་དེར་འགོག་པ་ཐོབ་པ་དང་། རྐྱེན་མ་ཚང་བས་དགག་བྱ་བཀག་ནས་འགོག་པ་འཐོབ་པའི་བརྟགས་པ་དང་། བརྟགས་མིན་གྱི་འགོག་རྫས་ཐ་དད་པའི་ཕྱིར། སྐྱོན་བར་པ་མེད་དེ། འདིའི་སྐྱོན་སྤོང་ལ་རགས་པར་བརྗོད་པ་དང་། ཕྲ་བར་བརྗོད་པ་ལས། དང་པོ་ནི། འགོག་པ་གཉིས་ལྷན་ཅིག་ཏུ་ཐོབ་ཅེས་པ་འགོག་རྫས་གཉིས་ངོ་བོ་གཅིག་པར་ལྷན་ཅིག་ཏུ་ཐོབ་པའི་དོན་མིན་ཏེ། འགོག་རྫས་གཉིས་ལྷན་ཅིག་སོ་སོར་སྐྱེས་ཐོབ་ཏུ་བརྗོད་པའི་ཕྱིར། གཉིས་པ་ནི། ལྷན་ཅིག་ཏུ་ཐོབ་པའི་དོན་འགོག་པ་དེ་གཉིས་ཀྱི་ཐོབ་པ་དུས་དེར་ལྷན་ཅིག་ཐོབ་པ་ལ་དེར་བཞག་གི། དེ་ལྟར་མ་ཡིན་ན་མི་རུང་སྟེ་མཐོང་ལམ་བར་ཆད་མེད་ལམ་གྱི་རང་དུས་དེར་དེའི་ངོ་སྐལ་གྱི་སྤང་བྱ་འདས་ད་ལྟའི་ཐོབ་པ་བཅད་ཟིན་ལ། མ་འོངས་པ་ནི་མི་སྐྱེ་བའི་ཆོས་ཅན་དུ་སོང་ཞིང་ཐོབ་པ་ནི་བཅད་མ་ཟིན་ལ། དུས་དེར་བརྟགས་མིན་གྱི་འགོག་རྫས་ནི་དེར་ཐོབ་ལ། དུས་དེར་བརྟགས་འགོག་གི་རྫས་ནི་ཐོབ་པར་མ་གྱུར་པའི་ཕྱིར་ཏེ། བརྟགས་འགོག་གི་སྟོབས་ཀྱིས་མ་འོངས་པའི་ཐོབ་པ་བཅད་པ་དང་། དེའི་རྣམ་གྲོལ་ལམ་སྐྱེས་པ་དང་དུས་མཉམ་དུ་བརྟགས་འགོག་གི་རྫས་ཐོབ་པར་འཇོག་པའི་ཕྱིར། ཇི་སྐད་དུ། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་སོ། །འདི་ལ་བོད་(༤༦ན)


K8Z006_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་མཐོང་ལམ་བར་ཆད་མེད་ལམ་གྱི་རང་དུས་སུ་བརྟགས་འགོག་གི་རྫས་ཐོབ་ཀྱང་རྫོགས་པར་མ་ཐོབ་ཅེས་ཞིབ་ཆ་བྱེད་མོད་དེ། འདུས་མ་བྱས་ལ་ཆ་ཤས་མེད་པས་དེའི་རྫས་ལ་རྫོགས་མ་རྫོགས་འཇོག་བྱར་མེད་པའི་ཕྱིར་སྙམ་མོ། །ངག་དོན། བརྟགས་འགོག་གི་རྫས་རྣམས་ཀྱང་སོ་སོ་བ་ཉིད་ཀྱི་ཕྱིར་འགོག་རྫས་གཉིས་ངོ་བོ་གཅིག་པ་ལྟ་ག་ལ་ཞིག་གོ། །ཡང་འདི་ལྟར་དོགས་ཏེ་འགོག་པ་གཉིས་ལ་དགག་བྱ་ཐུན་མོང་བ་ཡོད་པ་ཉིད་ཀྱི་ཕྱིར། བརྟགས་མིན་གྱི་འགོག་པའང་དགག་བྱ་དེ་སྤངས་པའི་བྲལ་བར་འདོད་རིགས་སོ་ཞེ་ན། སྤྱིར་དེ་ལ་དེ་མི་ལྡན་པ་ཙམ་ལ་དེར་བརྗོད་ན་མ་བཀག་མོད། བརྟགས་མིན་གྱིས་ནི་དེ་བྲལ་བར་བྱས་པ་མིན་ཏེ། དེའི་བྲལ་བ་ནི་བརྟགས་འགོག་གི་བྱེད་པའི་དབང་གིས་ཡིན་པའི་ཕྱིར། དེས་ན་བརྟགས་འགོག་གི་བྲལ་བ་ཞེས་བརྗོད་ཀྱི། ཅིག་ཤོས་ཀྱིས་བཀག་ནས་མི་སྐྱེ་བའི་ཆོས་ཅན་དུ་སོང་ཡང་བྲལ་བར་མི་འཇོག་གོ། །དེ་ལྟར་ནའང་གང་ཟག་གཉིས་ཀྱི་དགྲ་ཐུན་མོང་བ་ཞིག་གང་ཟག་གཅིག་གིས་བསད་པ་ན་ཅིག་ཤོས་ཀྱང་དགྲ་དང་བྲལ་བར་དོན་གྱིས་སོང་བར་མི་འགྱུར་རམ་སེམས་ཏེ། ཚུལ་འདི་དག་དཔྱད་ན་ཆེས་འཇིགས་པ་ཉིད་ཀྱི་ཕྱིར། བྱེ་སྨྲས་རྟོག་བརྟགས་ཙམ་དུ་ཟད་དོ། །གཞན་ཡང་བརྟགས་འགོག་གི་དགག་བྱ་སླར་ལྡོག་སྲིད་ལ། བརྟགས་མིན་གྱི་དགག་བྱ་ནི་སླར་ལྡོག་པ་མེད་པའང་ཤེས་དགོས་སོ། །འོ་ན་ཅི་སོ་སོ་སྐྱེ་བོའི་ལམ་གྱིས་ཐོབ་པའི་སོ་སོར་བརྟགས་འགོག་སྲིད་དམ་ཞེ་ན། བརྟགས་འགོག་འདི་ལ་གཉིས་ཏེ། མཚན་ཉིད་པ་དང་རྣམ་གྲངས་པ་གཉིས་ལས། དང་པོ་ནི། ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་གྱིས་ཐོབ་པ་མི་སྲིད་དེ། བྲལ་བའོ། །ཞེས་པའི་འགྲེལ་པར། སྡུག་བསྔལ་ལ་སོགས་པའི་འཕགས་པའི་བདེན་པ་རྣམས་ལ་སོ་སོར་(༤༦བ)


K8Z006_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ནི་སོ་སོར་བརྟགས་པ་སྟེ་ཤེས་རབ་ཀྱི་བྱེ་བྲག་གོ། །དེས་ཐོབ་པར་བྱ་བའི་འགོག་པ་ནི། སོ་སོར་བརྟགས་པས་འགོག་པའོ། །ཞེས་འབྱུང་བའི་ཕྱིར། །གཉིས་པའི་དབང་དུ་ན་རུང་སྟེ་འཕགས་པས་འཇིག་རྟེན་པའི་ལམ་གྱི་སྤང་བྱ་སྤངས་པའི་སོ་སོར་བརྟགས་འགོག་ཐོབ་པར་བཤད་པའི་ཕྱིར་ཏེ། ཇི་སྐད་དུ། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཞེས་དང་། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་། ཞེས་སོ། །དེ་ལྟར་ན་ཡང་བྲལ་ཐོབ་དེ་འགོག་པའི་བདེན་པར་ནི་འཇོག་དཀའ་སྟེ། དེ་ལམ་གྱི་བདེན་པས་ཐོབ་པ་མ་ཡིན་པའི་ཕྱིར། དེས་ན་བརྟགས་མིན་གྱི་འགོག་པ་ལའང་ཐོབ་བྱེད་ལམ་གྱི་བདེན་པས་ཐོབ་པ་ཡོད་ན་འགོག་པའི་བདེན་པ་ཉིད་དུ་ཁས་ལེན་དགོས་སོ། །འདིར་སྨྲས་པ། དག་པའི་རྒྱུད་ལ་རྡོ་རྗེའི་འབྲས་བུ་ཐེབས། །བྱིན་རླབས་སྙིང་པོའི་ལམ་གྱིས་སྤྲུལ་སྐུར་གྲུབ། །བསྟན་པ་ཡོངས་སུ་རྫོགས་པའི་མན་ངག་རིག །ཞིབ་མོར་འབྱེད་པའི་བློ་མིག་ལེགས་པར་གསལ། །སྐྱེ་དང་སྐྱེ་བར་འདི་ལྟའི་ཚུལ་ལུགས་ལ། །ལུས་ངག་ཡིད་གསུམ་ལེགས་པར་དྲངས་པ་སྙམ། །ལན་རེ་ཟུང་རེ་བལྟས་པ་ཙམ་གྱིས་ཀྱང་། །ཚིག་དོན་དཀའ་གནས་ལུས་པ་མེད་པར་རྟོགས། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། གནས་བརྒྱད་འཆད་པའི་སྤྱིའི་དོན་དང་། གནས་སོ་སོའི་དོན་བསྟན་པའོ། །དང་པོ་ལ། གྲངས་ངེས་པ་དང་། གོ་རིམ་ངེས་པ་དང་། གནས་གང་ནས་བརྗོད་བྱ་གང་བསྟན་པའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་དག་གིས་(སྔ་རབས་འཆད་པ་པོ་དག་ནི། ཟེར་བའང་སྣང་།) ཐར་པ་འདོད་པའི་སྐྱེས་བུ་ལ་ཉེ་བར་མཁོ་བ་དམིགས་པའི་ཡུལ་ལ་སོགས་པ་གསུམ་གྱི་དབང་དུ་བྱས་ནས་གནས་བརྒྱད་ལས་མི་མང་མི་ཉུང་བར་བསྟན་པ་ཡིན་ཅེས་བཞེད་དེ། དམིགས་པ་མ་བསྟན་ན་ལམ་ཇི་ལྟ་བར་སྒོམ་མི་ཤེས་ལ། (༤༧ན)


K8Z006_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མ་བསྟན་ན་འབྲས་བུ་མི་ཐོབ་ཅིང་། འབྲས་བུ་མ་བསྟན་ན་སྤྲོ་བ་མེད་པས་ལམ་ལ་མི་འཇུག་པའི་ཕྱིར་ཞེས་འཆད་དོ། །དེ་ལ་དམིགས་པ་ནི། བྱེ་བྲག་ཏུ་སྨྲ་བས། བདེན་པ་བཞི་ཇི་ལྟ་བའི་དམིགས་པ་དང་། ཕུང་ཁམས་སྐྱེ་མཆེད་ཇི་སྙེད་པའི་དམིགས་པ་ལས་ཇི་སྙེད་པ་དམིགས་བྱེད་ཀྱི་བློ་དེ་དག་གིས་ཀྱང་གཅིག་པོར་འཛིན་པ་ལ་སོགས་པའི་གཉེན་པོ་ཡིན་པས་རིང་བའི་སྒོ་ནས་ཇི་ལྟ་བའི་དམིགས་པའང་རྟོགས་བྱེད་དུ་འདོད་ལ། མདོ་སྡེ་པས་ནི། བདེན་པའི་ཆོས་ཉིད་བདག་མེད་པ་ཇི་ལྟ་བ་དང་། ཕུང་པོ་ལ་སོགས་པ་ཇི་སྙེད་པ་ཤེས་བྱར་བྱས་ཏེ་བརྒྱུད་ནས་ཇི་ལྟ་བ་རྟོགས་པའི་རྒྱུར་འདོད་ཅིང་། སེམས་ཙམ་པས། ཀུན་བརྟགས་ཇི་སྙེད་པ་དང་། ཡོངས་གྲུབ་ཇི་ལྟ་བ་དང་།་གཞན་དབང་གཉིས་ཀར་འདོད་ལ། དབུ་མ་པས། སྤྲོས་བྲལ་ཇི་ལྟ་བ་དང་སྣང་ཚོད་པ་ཇི་སྙེད་པར་འདོད་དོ། །ཆོས་ཚུལ་འདི་ནི་སྡེ་པ་གཉིས་ཀྱི་དབང་དུ་བྱས་ཏེ་བརྗོད་པར་བྱས་ལ། དེ་ཡང་གནས་དང་པོ་གཉིས་ཀྱིས་ཇི་སྙེད་པ་བསྟན་ལ། ཇི་ལྟ་བའི་སྡུག་བསྔལ་ནི་གང་སྐྱེ་བའི་སེམས་ཅན་དང་གང་དུ་སྐྱེ་བ་སྣོད་ཀྱིས་བསྟན་ཅིང་། ཀུན་འབྱུང་གཉིས་ལས། ལས་ཀྱི་ཀུན་འབྱུང་ལས་ཀྱིས་བསྟན་པ་དང་། ཉོན་མོངས་པའི་ཀུན་འབྱུང་ཕྲ་རྒྱས་ཀྱིས་བསྟན་ལ། འགོག་ལམ་ནི། སོ་སོར་བརྟགས་པས་འགོག་པ་གང་། བྲལ་བའོ། །ཞེས་པ་དང་། ཟག་མེད་ལམ་གྱི་བདེན་པ་དང་། །ཞེས་བཤད་ཟིན་པ་དག་གིས་འཆད་པ་དང་། ཕྲ་རྒྱས་ཀྱི་ཡོངས་ཤེས་ཀྱིས་འགོག་པ་དང་། གནས་དྲུག་པའི་སྟོད་དུ་ལམ་དང་བདེན་བཞིས་མཇུག་བསྡུས་ཏེ་བསྟན་པར་འཆད་དོ། །དེ་ལྟར་གནས་ལྔས་ཡུལ་བསྟན་ནས་དྲུག་པར། ཚུལ་གནས་ཐོས་དང་བསམ་ལྡན་པ། །ཞེས་པ་ལ་སོགས་པས་ལས་དང་པོ་པ་ནས་བཟུང་སྟེ་ཇི་སྲིད་འབྲས་བུ་མ་ཐོབ་ཀྱི་བར་གྱི་(༤༧བ)


K8Z006_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྤྱོད་པ་ཉམས་ལེན་བསྟན་ལ། གནས་ཐ་མ་གཉིས་ཀྱི་སྤྱོད་པས་ཐོབ་པའི་འབྲས་བུ་སྤང་བྱ་དང་བྲལ་བའི་ཡེ་ཤེས་དང་། དེ་ལས་འཕྲོས་པའི་ཡོན་ཏན་བསྟན་ཏོ། །སློབ་དཔོན་གང་བ་སྤེལ་བ་ནི། བསྟན་བཅོས་འདིར། ཟག་བཅས་ཟག་པ་མེད་ཆོས་རྣམས། །ཞེས་བསྟན་པས་ཐར་པ་འདོད་པའི་གང་ཟག་ལ་ཉེ་བར་མཁོ་བའི་དོར་བྱ་ཀུན་ནས་ཉོན་མོངས་དང་བླང་བྱ་རྣམ་པར་བྱང་བ་སྟོན་པའི་ཚད་ཀྱི་གྲངས་ངེས་ཏེ། དེ་ལ་གཉིས་ཀར་ཐུན་མོང་བར་གནས་དང་པོ་གཉིས་སུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་དབང་པོ་དང་སེམས་དང་སེམས་བྱུང་དང་མི་ལྡན་པའི་འདུ་བྱེད་ཀྱིས་བསྟན་ལ། གཉིས་ཀའང་རྒྱུ་རྐྱེན་འབྲས་བུ་དང་བཅས་ཏེ་གསལ་བར་མཛད་ལ། ཀུན་ནས་ཉོན་མོངས་པ་ལ་ཡང་ཆོས་གང་དང་། གང་དུ། ཇི་ལྟར། གང་གིས་ཀུན་ནས་ཉོན་མོངས་པ་བཞི་དང་། ཁམས་གསུམ་མམ་འགྲོ་བ་ལྔ་དང་། སྣོད་ཀྱི་འཇིག་རྟེན་དང་། སྐྱེ་གནས་བཞི་དང་། རྟེན་འབྲེལ་བཅུ་གཉིས་དང་། ལས་དང་དེའི་རྒྱུ་ཉོན་མོངས་རྣམས་གནས་གསུམ་གྱིས་བསྟན་ལ། དེ་ལས་བཟློག་སྟེ་རྣམ་བྱང་ལ་འཇུག་པས་ན་ཡང་གང་། གང་དུ། ཇི་ལྟར། གང་གིས་རྣམ་པར་བྱང་བ་བཞིས་གང་ཟག་བརྡར་བཏགས་པའི་ཚུལ་དུ། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ། །ཞེས་ཁམས་གསུམ་དང་། ཚུལ་གནས་ལ་སོགས་པ་མངོན་པར་རྟོགས་པ་ལམ་གྱི་རིམ་པ་དང་། མདོ་ལས། ཉོན་མོངས་པ་དག་ནི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །ཞེས་འབྱུང་བས། ཡེ་ཤེས་དང་དེའི་རྒྱུ་མཉམ་གཞག་རྣམས་གནས་ཐ་མ་གསུམ་གྱིས་བསྟན་ཏོ། །ཞེས་འཆད་དོ། །དེས་ན་སྐྱེས་བུ་ལ་མཁོ་བ་ལམ་གྱི་དམིགས་པ་ཟག་བཅས་ཟག་མེད་སྟོན་པ་ལ་ལེའུ་གོང་མར་དོན་མ་རྫོགས་པ་འོག་མར་བསྟན་པས་འདི་ཙམ་གྱིས་དོན་རྫོགས་པར་ནུས་པའི་ཕྱིར་བརྒྱད་དུ་ངེས་ལ། སྤྱིར་སྡེ་(༤༨ན)


K8Z006_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་བརྒྱད་དུ་བྱེད་པ་ནི་བརྗོད་བྱ་ཚན་པ་མི་འདྲ་བ་ཕྱོགས་གཅིག་ཏུ་འོས་པ་དག་བསྡེབས་པའོ། །[གཉིས་པ་]སྤྱིའི་གོ་རིམ་གྱི་འབྲེལ་བ་སྒྲིག་པའི་ཚུལ་ནི། དཔལ་སྣར་ཐང་པ་ཆེན་པོ་ཤེས་རབ་གྲགས་ཀྱིས་སྦྱར་བའི་ཚུལ་ལྟར་བརྗོད་དེ། ཐར་པ་འདོད་ཉིད་ལ། །ཐར་པ་ཐོབ་བྱ་ན། །ཕྲ་རྒྱས་སྤང་དགོས་ཏེ། །ཕྲ་རྒྱས་སྤོང་བ་ལ། །གཉེན་པོ་ལམ་སྐྱེད་འཚལ། །གཉེན་ལམ་སྐྱེད་པ་ལ། །དམིགས་ལམ་རྟེན་བསྐྱེད་པས། །དམིགས་པ་ཤེས་པར་བྱ། །དམིགས་པ་རྣམ་གཉིས་ཏེ། །ཟག་བཅས་ཟག་མེད་ཆོས། །དེ་ཉིད་བསྟན་པའི་ཕྱིར། །ཕུང་པོ་སྐྱེ་མཆེད་དང་། །ཁམས་རྣམས་རབ་སྟོན་པའི། །མཛོད་ཉིད་དང་པོར་བསྟན། །ཁམས་བསྟན་མཛོད་ཉིད་ལས། །དབང་པོའི་མིང་ཙམ་སྨོས། །དེ་ཡི་དབྱེ་བ་དག །རྒྱས་པར་བཤད་ཕྱིར་དང་། །གཞན་ཡང་དེ་ཉིད་ལས། །འདུས་བྱས་ཆོས་རྣམས་ཀྱི། །མཚན་ཉིད་སོ་སོར་བསྟན། །དེ་དག་སྐྱེ་བའི་ཚུལ། །རྒྱུ་དང་རྐྱེན་རྣམས་དང་། །འབྲས་བུར་བཅས་པ་དག །རབ་ཏུ་བསྟན་པའི་ཕྱིར། །དབང་པོ་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །དབང་པོའི་མཛོད་ཉིད་ལས། །ཁམས་གསུམ་ངེས་པ་ཡི། །སེམས་དང་སེམས་བྱུང་དང་། །དབང་པོའི་དབྱེ་བ་བྱས། །ཁམས་གསུམ་མ་བསྟན་པས། །དེ་ཉིད་བསྟན་པའི་ཕྱིར། །འཇིག་རྟེན་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །མུ་སྟེགས་ལོག་རྟོག་གི། །སེམས་ཅན་འདི་ལྟར་རྟོགས། །གལ་ཏེ་བསྐྱེད་པའི་རྒྱུ། །བདག་གཅིག་ཡོད་ལྟ་ན། །ཕྱི་ནང་སྣོད་བཅུད་ཀྱི། །འཇིག་རྟེན་སྣ་ཚོགས་དག །དེ་ལས་སྐྱེ་འགྱུར་ན། །བྱེད་པའི་བདག་མེད་ན། །དེ་དག་ཅི་ལས་སྐྱེ། །སྙམ་དུ་ཐེ་ཚོམ་ཟ། །དེ་ཕྱིར་དེ་དག་གི། །ཐེ་ཚོམ་བསལ་ཕྱིར་དང་། །མངོན་པ་མདོ་འཆད་པས། །མདོ་ལས་འབྱུང་བ་ཡི། །ལས་རྣམས་བསྟན་པའི་ཕྱིར། །(༤༨བ)
ཤུན་བཅས་འབྲས་སོགས་ཀྱི། །འདུལ་བ་ལས་བསྟན་མཛོད། །དེ་ཡི་འོག་ཏུ་བསྟན། །དེ་དག་དེ་ལྟ་བུའི། །ལས་དེ་རྣམ་གཉིས་ཀྱིས། །ཡང་སྲིད་ཕྱི་མ་ཡི། །རྣམ་སྨིན་འགྲུབ་ངེས་པ། །ཕྲ་རྒྱས་དབང་གིས་བྱུང་། །དེ་བས་ཕྲ་རྒྱས་ཀྱི། །མཚན་ཉིད་བསྟན་པའི་ཕྱིར། །ཀླུ་ལ་སོགས་པ་དང་། །འདྲ་བའི་ཕྲ་རྒྱས་མཛོད། །དེ་ཡི་འོག་ཏུ་བསྟན། །ཕྲ་རྒྱས་མཛོད་ཉིད་ལས། །བདེན་པ་རྣམ་བཞིའི་དོན། །མཐོང་དང་སྒོམ་པ་ཡིས། །རིམ་བཞིན་སྤོང་བར་བཤད། །མཐོང་སྒོམ་ལམ་ཉིད་ཀྱི། །རང་བཞིན་མ་བསྟན་པས། །དེ་ཉིད་བསྟན་པའི་ཕྱིར། །གང་ཟག་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །ལམ་དང་གང་ཟག་དག །བསྟན་པའི་མཛོད་ཉིད་ལས། །ཤེས་པ་རྣམ་བཞི་བཤད། །དེ་ཡི་དབྱེ་བ་དག །རྒྱས་པར་བཤད་པའི་ཕྱིར། །ཡེ་ཤེས་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །ཡེ་ཤེས་མཛོད་ཉིད་ལས། །དེ་བཞིན་གཤེགས་པ་ཡི། །ཡོན་ཏན་རྣམ་གཉིས་བསྟན། །ཐུན་མོང་ཡོན་ཏན་དང་། །ཐུན་མོང་མ་ཡིན་པའོ། །ཐུན་མོང་ཡོན་ཏན་ནི། །ཉོན་མོངས་མེད་སྨོན་ཤེས། །སོ་སོ་ཡང་དག་པར། །རིག་པ་རྣམ་བཞི་དང་། །མངོན་པར་ཤེས་པ་དང་། །བསམ་གཏན་གཟུགས་མེད་དང་། །ཚད་མེད་རྣམ་ཐར་དང་། །ཟད་པར་ལ་སོགས་པ། །དེ་དག་བསྟན་པའི་ཕྱིར། །སྙོམས་འཇུག་བསྟན་པའི་མཛོད། །དེ་ཡི་འོག་ཏུ་བསྟན། །ཅེས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་། [གསུམ་པ་]བརྗོད་བྱ་གང་སྟོན་པ་ནི། སོ་སོའི་སྐབས་ལས་ཤེས་པར་བྱའོ། །གནས་དང་པོ། ཁམས་བསྟན་པ།


no previousའགྲེལ་པའི་མཆོད་བརྗོད་དང་གླེང་གཞི།next