Nitartha Digital Library
Tibetan
 
previousགནས་དང་པོ་ཁམས་བསྟན་པ།next

གནས་དང་པོ་ཁམས་བསྟན་པ།


K8Z006_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་[གནས་སོ་སོའི་དོན་བསྟན་པ་]ལ། གནས་བརྒྱད་ལས། དང་པོ་ཁམས་བསྟན་པའི་གནས་ཀྱི་དོན་ལ་གཉིས། གནས་ཀྱི་གཞུང་བཤད་པ་དང་། གནས་ཀྱི་མཚན་བསྟན་པའོ། །དང་པོ་ལ་བཞི། འདུས་བྱས་ཀྱི་རྣམ་གཞག །ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག །ཆོས་གསུམ་གྱིས་ཐམས་ཅད་བསྡུས་(༤༩ན)


K8Z006_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པ། ཁམས་ཀྱི་རྣམ་པའི་རབ་དབྱེའོ། །དང་པོ་ལ་གསུམ། འདུས་བྱས་ཀྱི་མཚན་ཉིད། མིང་གི་རྣམ་གྲངས། ཟག་བཅས་ཀྱི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །གང་ལ་དབྱེ་བའི་གཞི་ནི། སྤུངས་པའི་ཚེ་ཙམ་ལྡོག་གམ། ཡང་ན་རྒྱུ་གཅིག་དང་། རྐྱེན་གཅིག་ལས་སྐྱེ་བ་མེད་པས་རྒྱུ་རྐྱེན་དུ་མ་འདུས་ཤིང་འཕྲད་ནས་བྱས་པའི་འདུས་བྱས་ཏེ་མ་འོངས་པ་ཡང་དེའི་རིགས་ཅན་ནོ། །ཆོས་ནི་དོན་བཅུ་ལ་འཇུག་ཀྱང་། ཤེས་བྱ་རང་གི་མཚན་ཉིད་འཛིན་པའི་ཆོས་རྣམས་ཞེས་སྔར་གླེངས་པ་དེ་དག་ཀྱང་ཞེས་པ་ནི། སྔར་གྱི་ཆོས་རྣམས་དང་འདུས་མ་བྱས་ལ་དབྱེ་བ་ཡོད་པར་མ་ཟད་ཀྱི། འདི་ལ་ཡང་ཡོད་ཅེས་པའོ། །གང་དག་དབྱེ་བའི་དངོས་པོ་ནི། ཚུལ་ཁྲིམས་ལ་སོགས་པའི་རྣམ་གྲོལ་གྱི་ཕུང་པོ་ལྔ་དང་། གཟུགས་ལ་སོགས་པའི་ཡུལ་ལྔ་གསལ་བའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་ཞེས་ཏེ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་ཤེས་སོ། །སྔར་བསྟན་ཟག་བཅས་མ་བཅས་ཀྱི་ཆོས་དག་གིས་ནི་འདུས་བྱས་ཐམས་ཅད་མ་བསྡུས་སོ། །ཇི་སྙེད་ཕྱེ་བའི་གྲངས་ནི་ལྔ་ཡིན་ནོ། །ཅི་ལྟར་ཕྱེ་བའི་དོན་ནི་ལྔ་པོ་འདི་དག་ལྕགས་ཀྱི་ཐུར་མ་གཤིབས་པ་ལྟར་རྫས་ལྔའམ། ཟན་དང་བཤོས་ཞེས་པ་ལྟར་རྣམ་གྲངས་སམ། བྱས་མི་རྟག་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དམ། ཚད་མ་གཉིས་ཀྱི་གཟུང་ཡུལ་ལྟར་གཅིག་པ་བཀག་པའི་ཐ་དད་ཡིན་ཅེ་ན། བྱེ་བྲག་ཏུ་སྨྲ་བས་རྫས་སོ་སོ་བ་ལྔར་འདོད་ལ། དེའང་གཟུགས་ནི་ཁ་དོག་དང་དབྱིབས་གཉིས་ཀར་རྫས་སུ་སྨྲ་ཞིང་། རགས་པ་དང་རྡུལ་ཕྲ་རབ་ཆ་མེད་ཀྱང་རྫས་སུ་གྲུབ་ལ། དེས་རགས་པ་ནི་དབུས་ན་མོའི་རྡུལ་ལ་ཕྱོགས་དྲུག་ནས་བསྐོར་ལ་བར་ཅུང་ཟད་དང་བཅས་པར་བརྗོད་དེ། བཙུན་པ་དགེ་སྲུངས་ཀྱིས་ཕྱི་རོལ་དོན་གྲུབ་ལས། ཐ་དད་ཕྱོགས་(༤༩བ)


K8Z006_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ན་མང་པོ་དག །འགའ་བ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཅེས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་ལས་བྱུང་བ་དང་རྣམ་ཤེས་ནི་འཛིན་པའི་ཤེས་པ་སྐད་ཅིག་ཆ་མེད་རྫས་སུ་འདོད་ལ། མི་ལྡན་པའི་འདུ་བྱེད་དངོས་བཅུ་བཞི་ཆ་མཐུན་དང་བཅས་པ་རྫས་སུ་འདོད་དོ། །གཟུང་འཛིན་རྣམ་པ་ལ་མ་བལྟོས་པར་ཅེར་ཕྲད་དུ་འཛིན་པར་འདོད་ཅིང་རིག་པ་ནི་གཞན་རིག་ཁོ་ན་ཡིན་གྱི། རིག་བྱ་རིག་བྱེད་འགལ་བའི་ཕྱིར་རང་རིག་པ་མི་སྲིད་དེ། སོར་མོའི་རྩེ་མོའི་མདོ་ལས། རལ་གྲིའི་སོ་དང་སོར་མོའི་རྩེ། །མི་གཅོད་རེག་པར་མི་འགྱུར་བ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་སོ། །མདོ་སྡེ་པས། ཕུང་པོ་ཕྱེད་དང་ལྔ་རྫས་སུ་འདོད་ལ། གཟུགས་ནི་ཁ་དོག་ལས་མ་གཏོགས་པའི་དབྱིབས་མ་གྲུབ་ཅིང་། ཁ་དོག་གི་རྡུལ་འདབ་ཆགས་པར་གནས་པ་ཙམ་རགས་པ་ཡིན་ལ། དེ་དང་རིགས་མཐུན་གྱི་རྡུལ་ནི་གཡག་རྔའམ་ནེའུ་སིང་ལྟར་བར་མེད་ཅིང་རེག་ལ་མ་འབྱར་བ་སྟེ། དབུ་མ་རྒྱན་ལས། འབྱར་བ་དང་ནི་བསྐོར་བ་དང་། །བར་མེད་རྣམ་པར་གནས་ཀྱང་རུང་། །ཞེས་སོ། །རིགས་མི་མཐུན་ནི་གོ་ས་གཅིག་པའང་ཡོད་ཅིང་། མི་ལྡན་པ་ནི་གཟུགས་སེམས་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཙམ་ཡིན་ལ། ཕུང་པོ་ལྷག་མ་ཕྱེད་དང་བཞི་ནི་ཚོགས་དྲུག་འཁོར་བཅས་སྐད་ཅིག་ཆ་མེད་རྫས་སུ་འདོད་དོ། །གཟུང་འཛིན་གྱི་བར་དུ་རྣམ་པ་དང་བཅས་པ་ནི། བདེན་གཉིས་ལས། རྣམ་པ་མེད་པའི་ཤེས་པ་ནི། །ཡུལ་ལ་འཛིན་པར་མི་རིགས་སོ། །ཞེས་པས་བློ་ལ་རྣམ་པར་སྣང་བ་ནི་ཤེས་པ་དང་བདག་གཅིག་ལ། དེ་འཇོག་བྱེད་ཕྱི་རོལ་གྱི་དོན་ལྐོག་ན་མོ་སྟེ། རྣམ་ངེས་ལས། ཕྱི་རོལ་ལྡོག་པ་ལས་གྲུབ་འགྱུར། །ཞེས་སོ། །འོ་ན་ཤེས་པས་དོན་ལ་སྒྲོ་འདོགས་(༥༠ན)


K8Z006_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆོད་པར་འགྱུར་རོ་ཞེ་ན། དོན་དང་རྣམ་པ་འདྲ་བས་འབུར་ལས་རྒྱ་ལྟར་རྟོགས་ཏེ། དབུ་མ་རྒྱན་ལས། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་དག་ཐ་དད་ཀྱང་། །དེ་དང་གཟུགས་བརྙན་འདྲ་བས་ན། །བཏགས་པ་ཙམ་གྱིས་ཚོར་བ་རུང་། །ཞེས་སོ། །དེ་ཡང་ཡུལ་གྱིས་བཞག་པའི་རྣམ་པར་སྣང་བས་གཞན་རིག་ཀྱང་ཡིན་ལ། དེ་ཉིད་ཤེས་པ་ལས་གཞན་མ་ཡིན་པར་རང་རིག་ཀྱང་ཡིན་ཏེ། དཔལ་ཆོས་ཀྱི་གྲགས་པས། དོན་རིག་དེ་ཡི་བདག་ཉིད་ཕྱིར། །རང་ཉིད་རིག་པ་འབྲས་བུར་བཤད། །ཅེས་སོ། །དེ་ལྟར་གྱི་ཚེ་རང་རིག་གི་དོན་སེམས་ཙམ་པས་གཟུང་འཛིན་དང་བྲལ་བའི་རང་གསལ་གྱི་ངོ་བོར་མྱོང་བར་འདོད་པ་ལྟར་སྡེ་པས་ཁས་མི་ལེན་ཏེ། དབུ་མ་རྒྱན་ལས། རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་ཉིད། །བེམས་མིན་རང་བཞིན་གང་ཡིན་པ། །དེ་འདིའི་བདག་ཉིད་ཤེས་པ་ཡིན། །ཅེས་བེམས་པོ་ལས་ལོག་པ་མྱོང་བའི་ངོ་བོར་སྐྱེས་ཙམ་བཤད་པའི་ཕྱིར། ཁ་ཅིག་དེ་ཙམ་བྱེ་སྨྲས་ཀྱང་འདོད་པས་རང་རིག་ཚུལ་གྱི་ནུས་པ་བཟང་དུ་མ་སོང་ཞེས་ཟེར། །སེམས་ཙམ་པས། ཕུང་པོ་ཕྱེད་དང་བཞི་རྫས་སུ་འདོད་དེ། གཟུགས་ནི་ཤེས་པ་ལས་ཐ་དད་པ་ལྟ་བུར་སྣང་ཡང་ཐོག་མ་མེད་པ་ནས་དོན་དུ་རྟོག་པའི་བག་ཆགས་སྨིན་པས་ཤེས་པའི་གཟུང་ཆ་ལ་མི་མཁས་པས་དོན་གྱི་རྣམ་པར་ཞེན་པ་ཡིན་ཅིང་། སེམས་ཀྱི་སྣང་བ་ལས་མ་གཏོགས་པའི་དོན་གྲུབ་པ་མེད་དེ། རྡུལ་ཕྲན་མ་གྲུབ་པའི་ཕྱིར། ཉི་ཤུ་པ་ལས། དྲག་གིས་གཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་དང་། སྒྲིབ་དང་སྒྲིབ་པ་ཅི་ལྟར་འགྱུར། །ཟིན་དང་མ་ཟིན་གཅིག་ཅར་མེད། །ཅེས་པ་དང་། གང་ལ་ཕྱོགས་ཆ་(༥༠བ)


K8Z006_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ་། །ཞེས་སོ། །དེ་ལྟ་བུའི་རྡུལ་ཐ་སྙད་དུའམ་ཡང་དག་ཏུ་འགོག་ཅེ་ན། ཁ་ཅིག་ཐ་སྙད་དུ་འགོག་པ་ཡིན་ཏེ། རྡུལ་རང་གི་སྐྱེ་འགག་ཙམ་གྱི་རྣམ་པའི་སྣང་བ་ཙམ་དགག་ཏུ་མེད་པའི་ཕྱིར་རོ་ཞེས་བསྡུ་བ་ལས། རྡུལ་སྐྱེ་བ་དང་འགག་པར་རྟོག་ན་ཚུལ་བཞིན་མ་ཡིན་པར་སེམས་སོ་ཞེས་ཟེར་ལ། ཁ་ཅིག་ལུང་དེས་ནི་དོན་དམ་དུ་འགོག་པ་ཡིན་ནོ་ཞེས་ཀྱང་འཆད་དོ། །དེ་ལྟར་ན་དོན་གྱི་སྣང་བ་དེ་སེམས་ཙམ་ཡིན་པར། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཅེས་སོ། །མི་ལྡན་པ་ནི། སེམས་དང་སེམས་བྱུང་གི་གནས་སྐབས་ལ་བཏགས་པ་ཡིན་ལ། གཞན་ཕྱེད་དང་བཞི་ནི་ཚོགས་བརྒྱད་འཁོར་དང་བཅས་པ་གཟུང་འཛིན་དང་བྲལ་བའི་ཤེས་པ་སྐད་ཅིག་ཆ་མེད་རྫས་སུ་གྲུབ་ཅིང་། ཡང་དག་པའི་ཤེས་པ་ཐམས་ཅད་རང་རིག་ཁོ་ན་སྟེ། རྣམ་འགྲེལ་ལས། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་པ་གཉིས་མེད་པས། །དེ་ནི་ད་ལྟར་རང་ཉིད་གསལ། །ཅེས་སོ། །རང་སྡེ་དངོས་སྨྲ་བ་དེ་དག་ལ་དབུ་མ་པས་དངོས་པོ་གང་དག་སྔ་ཕྱི་དང་མ་འབྲེལ་ན་རྒྱུན་རྩོམ་པར་མི་ནུས་ལ། འབྲེལ་ན་ཆ་མེད་དུ་མི་རུང་ཞེས་འགོག་སྟེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །དེ་བཞིན་ཐོག་མ་དབུས་བརྟག་དགོས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་གནས་པ་མེད། །ཅེས་སོ། །གཉིས་པ་[མིང་གི་རྣམ་གྲངས་]ནི། དེ་དག་ཉིད་དུས་གཏམ་གཞི་དང་། །ངེས་པར་འབྱུང་བཅས་གཞི་དང་བཅས། །ཆོས་མངོན་པ་བ་ཐམས་ཅད་མདོ་འཆད་ཅིང་གཏན་ལ་འབེབས་པ་ལས། མདོ་ལས། དགེ་སློང་དགདུས་ནི་གསུམ་སྟེ། ཞེས་པ་དང་། གཏམ་གྱི་གཞི་ནི་གསུམ་(༥༡ན)


K8Z006_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་བཞི་པའང་མེད། ལྔ་པ་ཡང་མེད་དོ། །ཞེས་དང་། གང་མངོན་པར་འདུས་བྱས་ཤིང་བསགས་པ་ནི་ངེས་པར་འབྱུང་བ། ཞེས་པ་དང་། གཞི་དང་བཅས་པའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཐམས་ཅད་དོ། །ཞེས་པའི་དོན་ཅི་ཡིན་ཅེ་ན། འདུས་བྱས་དེ་དག་ཉིད་ལ་དུས་ཞེས་བྱ་སྟེ། ཨསྟ་ཞེས་པ་དུས་དང་ལམ་ལ་ཡང་འཇུག་པ་ལས། ལམ་དང་སྦྱར་ན་དུས་གསུམ་དུ་གང་ཟག་གྲོང་ཁྱེར་དུ་སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བས་ལམ་ཡིན་ལ། དུས་ལ་སྦྱར་ན་དུས་གསུམ་པའི་འདུས་བྱས་འགགས་པ་དང་འགག་པར་འགྱུར་བས་དུས་ཞེས་སམ། འདུས་བྱས་ཀྱི་མཚན་ཉིད་མི་རྟག་པས་ཟ་ཞིང་འཇོམས་པས་དུས་ཞེས་བྱའོ། །ཡང་དེ་དག་ཉིད་གཏམ་གཞི་དང་ཞེས་བྱ་བའི་གཏམ་གྱི་གཞི་དངོས་ནི། གཏམ་ཞེས་པ་ངག་གི་སྒྲ་ཡི་གེའི་རྣམ་པ་ཅན་དེས་བརྗོད་པར་བྱ་བའི་གཞིའོ། །འོ་ན་མིང་ཁོ་ན་གཏམ་གྱི་གཞིར་འགྱུར་བས་མ་ཁྱབ་ཅེ་ན། དེ་ལྟའི་སྐྱོན་མེད་དེ། གཞིའི་གཞི་དང་བཅས་པ་བཟུང་བའི་ཕྱིར་ཏེ་གཏམ་གྱི་གཞི་ནི་མིང་། མིང་གི་གཞི་ནི་འདུས་བྱས་ཐམས་ཅད་ཡིན་པའི་ཕྱིར། རབ་ཏུ་བྱེད་པ་ལས། གཏམ་གྱི་གཞི་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ། །ཞེས་འབྱུང་ངོ་། །ཡང་ཁ་ཅིག །དེ་ལྟར་ན་ཁྱབ་ཆེས་པར་འགྱུར་ཏེ། འདུས་མ་བྱས་ཀྱང་མིང་གི་ཡུལ་ཡིན་པས་གཏམ་གྱི་གཞིར་འགྱུར་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། དུས་ཀྱིས་བསྡུས་པའི་མིང་། དུས་ཀྱིས་མ་བསྡུས་པའི་འདུས་མ་བྱས་ལ་འབྲེལ་བ་མེད་པ་དང་། གཞི་ཞེས་བྱ་བ་ཡུལ་དང་རྒྱུ་ཡིན་ལ། འདུས་མ་བྱས་རྒྱུ་མ་ཡིན་པ་དང་། འདུས་བྱས་ནི་འདས་པའི་དུས་སུ་སངས་རྒྱས་མར་མེ་མཛད་འདི་ལྟར་བྱུང་ངོ་། །མ་འོངས་པ་ན་འདི་ལྟར་འགྱུར་རོ། །ད་ལྟར་འདི་ལྟར་རོ་ཞེས་བརྗོད་པ་མང་བས་མི་མང་པོ་ལ་མི་འདུག་ཅེས་པ་ལྟར་གཏམ་གྱི་གཞིར་(༥༡བ)


K8Z006_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འོས་ལ། འདུས་མ་བྱས་དུས་ཀྱི་བྱེ་བྲག་མེད་པས་དེ་ལྟར་བརྗོད་པ་ཉུང་བའི་ཕྱིར་རོ། །ཡང་དེ་དག་ཉིད་ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་སྟེ། འདུས་བྱས་དེ་ལས་འདས་ན་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་རོ། །འོ་ན་ལམ་གྱི་བདེན་པ་སྤང་བྱ་མ་ཡིན་པས་ངེས་པར་འབྱུང་བྱར་མི་འགྱུར་རོ་ཞེ་ན། ཆུ་ལས་སྒྲོལ་བ་གྲུ་ཡིན་ཀྱང་སྐམ་དུ་སོན་པ་ན་འདོར་བ་ལྟར་ཐར་པ་ཐོབ་པར་བྱེད་པ་ལམ་ཡིན་ཀྱང་ལྷག་མེད་དུ་འཇུག་པ་ན་འདོར་བས་ངེས་པར་འབྱུང་བྱ་སྟེ། མདོ་ལས། ཆོས་ཀྱི་རྣམ་གྲངས་གཟིངས་ལྟ་བུ་ཤེས་པ་རྣམས་ཀྱིས་ཆོས་རྣམས་ཀྱང་སྤང་བར་བྱ་ན་ཆོས་མ་ཡིན་པ་རྣམས་ལྟ་ཅི་སྨོས། ཞེས་སོ། །འབྱུང་བྱེད་ནི་བརྟགས་པས་ཟག་བཅས་དང་། བརྟགས་མིན་གྱིས་ཟག་མེད་ལས་འབྱུང་། ཞེས་འཆད་དོ། །ཡང་དེ་དག་ཉིད་གཞི་དང་བཅས་པ་ཞེས་ཀྱང་བྱ་སྟེ། གསུང་རབ་ལས་ནི་གཞི་ཡི་སྒྲ། །ངོ་བོ་དམིགས་པ་ཀུན་སྦྱར་རྒྱུ། །ཡོངས་སུ་བཟུང་དང་ལྔ་ལ་བཤད། །ཅེས་འབྱུང་བས། ངོ་བོ་ལ་འཇུག་པ་ནི། དེ་ནི་གཞི་གང་ཞིག་ཐོབ་པའི་གཞི་དེ་ཉིད་དང་ལྡན་ནོ། །ཞེས་པ་དང་། དམིགས་པ་ལ་ནི། ཆོས་ཐམས་ཅད་ཤེས་པས་གཞི་ཇི་ལྟ་བ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །ཞེས་པ་དང་། ཀུན་ཏུ་སྦྱར་བར་བྱ་བ་ལ་ནི། གཞི་གང་ཞིག་རྗེས་སུ་ཆགས་པའི་ཀུན་སྦྱོར་དང་ལྡན་པ་དེ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་དང་ཡང་ལྡན་ནོ། །ཞེས་དང་། རྒྱུ་ལ་ནི། གཞི་དང་བཅས་པའི་ཆོས་གང་ཞེ་ན། འདུས་བྱས་ཐམས་ཅད་དོ། །ཞེས་པ་དང་། ཡོངས་སུ་བཟུང་བ་ལ་ནི། ཞིང་གི་གཞི་དང་ཁང་པའི་གཞི་ལ་སོགས་པ་སྤང་སྟེ་དེ་ལས་ཕྱིར་བཟློག་པ་ཡིན་ནོ། །ཞེས་པ་ལྟ་བུ་ལ། འདིར་ནི་གཞིའི་དོན་རྒྱུ་ཡིན་ལ། མདོ་སྡེ་པས་ནི་ངོ་བོ་ཉིད་ལ་འདོད་དོ། །གསུམ་པ་[ཟག་བཅས་ཀྱི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་]ནི། གང་དག་ཟག་བཅས་ཉེར་ལེན་པའི། །ཕུང་པོའང་དེ་དག་འཐབ་བཅས་ཀྱང་། །སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྟ་གནས་སྲིད་པའང་དེ་དག་ཡིན། །ཡང་མདོ་ལས། ཕུང་པོ་དང་ཉེ་བར་ལེན་པའི་ཕུང་པོ་དག་བསྟན་པ་དེ་ཉོན་ཅིག་ཅེས་པ་ལ་(༥༢ན)


K8Z006_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལ་ཟག་བཅས་ཀྱི་རྣམ་གྲངས་འབྱུང་བ་སྟོན་ཏེ། སྔར་གྱི་འདུས་བྱས་དག་གི་ནང་ནས་གང་དག་ཟག་བཅས་སུ་བཤད་པ་དེ་དག་ཉེ་བར་ལེན་པའི་ཕུང་པོའང་ཡིན་ཏེ། ཉོན་མོངས་པ་ནི་ཡང་སྲིད་ཉེ་བར་ལེན་པས་ཉེར་ལེན་ཡིན་ལ། དེས་ལས་བསགས་པས་ཕུང་པོ་འདི་འབྱུང་བའི་ཕྱིར། ཉེར་ལེན་གྱི་ཕུང་པོ་སྟེ། རྩྭ་དང་སོག་མའི་མེ་བཞིན་ཞེས་བརྗོད་པ་ལྟ་བུ་དང་། རྐྱེན་བཞི་ཅི་རིགས་པའི་ཚུལ་གྱིས་ཕུང་པོ་དེ་དག་ལས་ཉེར་ལེན་གྱི་ལས་ཉོན་འབྱུང་བའི་ཕྱིར། ཉེར་ལེན་གྱི་ཕུང་པོ་སྟེ་མེ་ཏོག་དང་འབྲས་བུའི་ཤིང་བཞིན་ཞེས་བརྗོད་པ་ལྟ་བུ་དང་། ཉོན་མོངས་པའི་དབང་གིས་ཡུལ་ལམ་འགྲོ་བ་དག་ཏུ་འཇུག་པར་རགས་ལས་པའི་ཕྱིར། ཉེར་ལེན་གྱི་ཕུང་པོ་སྟེ་རྒྱལ་པོའི་མི་བཞིན་ནོ། །དེ་ལྟར་ན་དགྲ་བཅོམ་པའི་ཕུང་པོ་ལ་མ་ཁྱབ་པའི་སྐྱོན་མེད་དེ། རྒྱུད་གཞན་གྱི་ཆགས་སྡང་གིས་བསླངས་པའི་ཕན་གནོད་ཀྱི་འགྱུར་བ་སྐྱེ་ཞིང་། དེ་ལ་དམིགས་ནས་གཞན་གྱི་ཉོན་མོངས་ཀྱང་སྐྱེ་བའི་ཕྱིར། ཕྱིའི་སྣོད་ཀྱང་དེ་བཞིན་རིག་པར་བྱའོ། །ཡང་དེ་དག་འཐབ་བཅས་ཞེས་ཀྱང་བྱ་སྟེ། ཉོན་མོངས་པ་ནི་འཇིག་རྟེན་གྱི་འཐབ་མོ་ལྟར་རང་གཞན་ལ་གནོད་པས་འཐབ་པ་ཡིན་ལ། དེ་རྒྱས་པའི་ཕྱིར་བཅས་པའོ། །ཡང་དེ་དག་ཉིད་ཅི་རིགས་པར་སྡུག་བསྔལ་གསུམ་དང་ལྡན་ཅིང་འཕགས་པ་རྣམས་དང་མི་མཐུན་པས་སྡུག་བསྔལ་ཞེས་ཀྱང་བྱ་སྟེ། འཕགས་པས་འདུ་བྱེད་ཀྱི་སྡུག་བསྔལ་དོན་དམ་པར་སྡུག་བསྔལ་དུ་གཟིགས་པའི་ཕྱིར། འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ཀུན་འབྱུང་ཞེས་ཀྱང་བྱའོ། །མདོ་ལས། རྟ་དམར་ཅན། ལུས་འདོམ་གང་ཙམ་འདི་ཉིད་ལ་འཇིག་རྟེན་དུ་འདོགས་སོ། །ཞེས་པས་འཇིག་རྟེན་དང་ཞེས་འབྱུང་བའི་འཇིག་རྟེན་གྱི་དོན་ལ་ཁ་ཅིག་སྣོད་འཇིག་པ་ལ་བཅུད་བརྟེན་ཟེར་ཡང་། ལོ་ཀ་ཞེས་པའི་སྒྲ་(༥༢བ)


K8Z006_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཇིག་ཅིང་ཉམས་པས་འཇིག་རྟེན་ཏེ། མདོ་ལས། ཚེ་དང་ལྡན་པ་དྲན་པ་འཇིག་ཅིང་རབ་ཏུ་འཇིག་པས་འཇིག་རྟེན་ནོ། །ཞེས་སོ། །ལྟ་བས་དམིགས་ནས་རྒྱས་པར་འགྱུར་བས་ལྟ་གནས་ཞེས་ཀྱང་བྱ་ལ། བོད་ཁ་ཅིག །ཟག་བཅས་ཐམས་ཅད་ལ་དམིགས་པས་ལྟ་བ་དང་པོ་འཇིག་མཐར་གཉིས་བཟུང་ངོ་ཞེས་སྨྲ་བ་ནི་མི་རིགས་ཏེ། ལྟ་བ་དེ་གཉིས་སྣོད་ལ་དམིགས་ནས་རྒྱས་པར་མི་འགྱུར་བའི་ཕྱིར། ཉོན་མོངས་པ་ཐམས་ཅད་ཀྱིས་དམིགས་ཀྱང་ལྟ་བ་ཁོ་ནའི་གནས་སུ་འཆད་པ་ནི་ཕུང་པོ་ལ་ལྟ་བས་བལྟས་པ་ཉོན་མོངས་པ་ཐམས་ཅད་རྒྱས་པར་འགྱུར་བའི་དོན་གྱིས་ཏེ་ཉོན་མོངས་པ་གཞན་ནི་དེ་ལྟར་མ་ཡིན་པས་ལྟ་གནས་སུ་འཇོག་པ་མ་ཡིན་ཏེ། ཇི་སྐད་དུ། དགེ་སློང་ཁ་ཅིག་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་གོ། །ཞེས་འབྱུང་བའི་ཕྱིར། ཐོག་མ་མེད་པའི་དུས་ནས་རྒྱུ་མཐུན་གྱི་རྒྱུ་དང་འབྲས་བུའི་ཚུལ་དུ་རྒྱུན་མ་ཆད་པར་སྐྱེ་ཞིང་ཡང་འབྱུང་བས་སྲིད་པ་ཞེས་བྱ་བའང་དེ་དག་གི་རྣམ་གྲངས་ཡིན་ནོ། །འོ་ན་ལམ་གྱི་བདེན་པ་ལ་ཡང་སྐད་ཅིག་མ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པས་སྡུག་བསྔལ་དང་། འཕགས་པའི་སེམས་ལས་ལངས་ཏེ་འཇིག་རྟེན་གྱི་སེམས་མངོན་དུ་བྱེད་པའི་དེ་མ་ཐག་པའི་རྐྱེན་གྱི་ཀུན་འབྱུང་ཡང་ཀུན་འབྱུང་དང་། དེ་འཇིག་པར་འགྱུར་པས་འཇིག་རྟེན་དང་། ལམ་བདེན་དེ་ལོག་ལྟས་དམིགས་པར་འགྱུར་བས་ལྟ་གནས་དང་། ལམ་བདེན་དེ་སྐྱེ་ཞིང་འབྱུང་བས་སྲིད་པར་ཡང་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སྡུག་བསྔལ་ཡིན་ན་འཕགས་པ་དང་། མི་མཐུན་པ་ལ་འཇོག་པ་ཞིག་དགོས་པ་ལ་ལམ་གྱི་བདེན་པ་ལ་དེ་ལྟར་མ་ཡིན་པའི་ཕྱིར་དང་། འཕགས་པའི་སེམས་ཀྱིས་དེ་མ་ཐག་རྐྱེན་ལས་ལོ་ཀ་པའི་སེམས་ཟག་པ་ཙམ་བསྐྱེད་ཀྱང་རྗེས་མཐུན་(༥༣ན)


K8Z006_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཟག་བཅས་སྐྱེད་བྱེད་མིན་པས་ཀུན་འབྱུང་བ་མ་ཡིན་ལ། ལོག་ལྟ་དེ་ལ་དམིགས་ཀྱང་རྗེས་སུ་མཐུན་པའི་ཟག་བཅས་སྐྱེད་བྱེད་མིན་པས་ལྟ་གནས་མིན་ལ། འཇིག་པའི་སྒྲ་ཙམ་གྱིས་བཤད་པ་ཡང་དེ་ཙམ་འཇིག་རྟེན་གྱི་དོན་ལ་འཇུག་པ་མ་ཚང་བའི་ཕྱིར་ཏེ། དེ་ལྟར་འཇིག་རྟེན་ལ་མ་གྲགས་པའི་ཕྱིར། ལམ་བདེན་ནི་ཐོག་མ་མེད་པའི་དུས་ནས་ཀྱང་སྲིད་པ་མ་ཡིན་པའི་ཕྱིར་ཏེ། སྲིད་པར་འཇོག་ཏུ་མེད་པའི་ཕྱིར། གཉིས་པ་[ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་བཤད་པ་]ལ། སྤྱིར་བཤད་པ་དང་། གཞུང་དོན་བཤད་པའོ། །དང་པོ་ལ། མཚན་མཚོན་གྱི་སྒྲའི་འཇུག་པ་བཤད། འདིར་བསྟན་བཅོས་གསུམ་གྱི་དགོས་པ་བསམ་པའོ། །དང་པོ་ནི། ཕུང་པོའི་དོན་ནི་འོག་ནས་འབྱུང་བའི། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཅེས་པ་ལྟར་འཆད་དགོས་པ་ལས། འདིར་གཞན་དག་དུ་མ་སྤུངས་པ་ཕུང་པོའི་མཚན་ཉིད་མ་ཡིན་ཏེ། འདུས་བྱས་ཀྱི་ཆོས་དུ་མ་སྤུངས་པ་ཞེས་སྦྱོར་དགོས་པའི་ཕྱིར་ཟེར་ཡང་། དེ་འདྲའི་ཡོངས་དཔྱོད་སྦྱོར་མི་དགོས་ཏེ། དོན་དུ་མི་རུང་ཕྱིར་མ་བཤད། །ཅེས་པས་འདུས་མ་བྱས་ལ་སྤྱིར་སྤུངས་པ་ཞེས་བྱ་བའི་དོན་དེ་མི་རུང་བར་བཤད་པའི་ཕྱིར་ཏེ། དུས་གསུམ་གྱི་ཆོས་དུ་མ་སྤུངས་བ་ནི་འདིར་སྤུངས་བ་ཞེས་བྱ་བའི་དོན་ཡིན་ལ། འདུས་མ་བྱས་ལ་དུས་གསུམ་གྱི་ཆོས་དུ་མ་འདུས་བྱས་པར་སྤུངས་སུ་མེད་པའི་ཕྱིར། འོ་ན་འདུས་མ་བྱས་གསུམ་པོ་ཕྱོགས་གཅིག་ཏུ་བསྡོམས་ནས་འདུས་མ་བྱས་སོ་ཞེས་རིགས་གཅིག་ཏུ་བསྡུ་བར་བྱེད་པ་དག་ཡོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། འདུས་མ་བྱས་རྣམས་ནི་ཡུལ་དང་ཉེ་བ་མེད་པས་མདོར་བསྡུས་མི་རུང་བའི་ཕྱིར་ཞེས་པ་ནི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་ཡིན་ལ། རྣམ་རིག་པར་སྨྲ་བ་དག་ནི་ཕུང་པོའི་དོན་ཕྲག་པར་ཁུར་ཁྱེར་བ་ཞེས་བྱ་བ་ཡིན་ལ། དེ་འདུས་མ་བྱས་ལ་མེད་པའི་ཕྱིར་ཕུང་པོར་མི་རུང་ངོ་ཞེས་འཆད་དོ། །ཕུང་པོའི་ནང་དུ་ནི་དུས་གསུམ་གྱི་འདུས་བྱས་སྐྱེ་བའི་ཆོས་ཅན་རྣམས་བསྡུས་པར་(༥༣བ)


K8Z006_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལ། མི་སྐྱེ་བའི་ཆོས་ཅན་རྣམས་ཅི་ལྟར་བསྡུ་སྟེ། དེ་ལ་དུས་གསུམ་གྱི་བྱེ་བྲག་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེ་འདྲ་དེ་ཡུལ་ཉེ་བ་ན་གནས་པའི་ཕྱིར་དང་། འདས་ད་ལྟར་གྱི་འདུས་བྱས་དང་ཕྱོགས་གཅིག་ཏུ་སྡོམ་ནུས་པའི་ཕྱིར། དེ་ལྟར་མོད་ཀྱི་འདུས་བྱས་མི་སྐྱེ་བའི་ཆོས་ཅན་དེ་སྐྱེ་མཆེད་ཀྱི་ནང་དུ་ནི་བསྡུ་བ་ཡིན་ཏེ། འདུས་བྱས་མི་སྐྱེ་བའི་ཆོས་ཅན་དེ་ནི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་སྒོར་རུང་བའི་ཕྱིར་རོ། །འོ་ན་རང་མི་སྐྱེ་བ་གཞན་སྐྱེ་བའི་སྒོར་ཇི་ལྟར་རུང་ཞེ་ན། རང་མི་སྐྱེ་བའི་ཆོས་ཅན་ཡིན་ཀྱང་སེམས་དང་སེམས་ལས་བྱུང་བ་འགའ་ཞིག་གི་དམིགས་པ་དང་བདག་པོའི་རྐྱེན་དུ་མི་རུང་བ་མ་ཡིན་ཏེ། ཇི་སྐད་དུ། དམིགས་པ་ཆོས་རྣམས་ཐམས་ཅད་དོ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་དང་། རང་ལས་གཞན་པ་བྱེད་པའི་རྒྱུ། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ནའང་རྣམ་པར་ཤེས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཡིད་ཀྱི་སྐྱེ་མཆེད་དུ་ཅི་ལྟར་རུང་སྟེ། བདག་པོའི་རྐྱེན་ལས་མ་བྱུང་། དམིགས་རྐྱེན་ལ་དམིགས་པ་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། སྐྱེ་མཆེད་ཡིན་ན་དམིགས་པ་དང་བདག་པོའི་རྐྱེན་གང་རུང་ཡིན་པས་ཁྱབ་ཀྱང་། སྐྱེ་མཆེད་ཡིན་ན་བདག་རྐྱེན་དང་དམིགས་རྐྱེན་ལས་སྐྱེས་པའི་ཁྱབ་པ་ཁས་ལེན་མི་དགོས་པའི་ཕྱིར་ཏེ། འདིར། མི་སྐྱེ་རྣམས་ཀྱི་ཆོས་ཉིད་དང་། །ཞེས་སེམས་སེམས་བྱུང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ལྕམ་པ་བཞིན་དུ་ཡུལ་ལ་མངོན་པར་ཕྱོགས་པའི་ཚུལ་གྱིས་གནས་པ་ཡིན་གྱི། ཡུལ་སོ་སོ་ལ་དམིགས་པ་མ་ཡིན་པར་བཤད་པའི་ཕྱིར་རོ། །དེ་བཞིན་དུ་མ་འོངས་པ་སྐྱེ་བའི་སྒོ་ཡིན་པ་ཙམ་གྱིས་དེ་སྐྱེད་བྱེད་ཡིན་པས་ཀྱང་མ་ཁྱབ་སྟེ། ཆོས་འདུས་མ་བྱས་རྣམས་དང་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་མ་འོངས་པ་སྐྱེ་བའི་སྒོ་ཙམ་ཡིན་(༥༤ན)


K8Z006_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་གི་འབྲས་བུ་སྐྱེད་བྱེད་དུ་མི་རུང་བའི་ཕྱིར། ཇི་སྐད་དུ། འདུས་མ་བྱས་ལ་དེ་དག་མེད། །ཅེས་འདུས་མ་བྱས་དག་ལ་འབྲས་བུ་མེད་པར་བཤད་པའི་ཕྱིར་དང་། རང་མི་སྐྱེ་བ་གཞན་སྐྱེད་བྱེད་དུ་མི་རུང་བའི་ཕྱིར་རོ། །སྐྱེ་མཆེད་ཀྱི་ཚུལ་འདིས་ཁམས་ཀྱི་དོན་ཀྱང་ཤུགས་ལས་རྟོགས་ཏེ། ཁམས་ནི་རྒྱུའི་དོན་ཡིན་ལ། རྒྱུ་ཡིན་ན་སྐྱེད་བྱེད་ཡིན་པས་ཀྱང་མ་ཁྱབ་པའི་ཕྱིར། འདུས་མ་བྱས་ཀྱི་ཁམས་རྣམས་ལ་འབྲས་བུ་ཡོད་པར་ཁས་ལེན་ན། འདུས་མ་བྱས་ལ་དེ་དག་མེད། །ཅེས་པའི་གཞུང་དང་འགལ་བའི་ཕྱིར་རོ། །གཉིས་པ་ནི། ཆོས་གསུམ་གང་རུང་ཞིག་བསྟན་པས་ཆོག་མོད། གསུམ་ག་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་སྙམ་ན། སྤྱིར་ཆོས་གསུམ་བསྟན་པ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྐྱེད་ནས་རྨོངས་པ་བཟློག་པའི་ཆེད་ཡིན་ལ། དེའི་རྨོངས་པ་སེལ་ཚུལ་ནི། སེམས་བྱུང་ལ་རིལ་པོར་འཛིན་པ་དང་། གཟུགས་ལ་དང་། གཟུགས་སེམས་གཉིས་ཀ་ལ་རིལ་པོར་འཛིན་པའི་རྨོངས་པ་སེལ་བ་ལ་ཕུང་ཁམས་སྐྱེ་མཆེད་རྒྱས་པར་བསྟན་པའོ། །འདིར་ཁ་ཅིག །རྒྱུད་ཀྱིས་བསྡུས་པའི་རིལ་པོར་འཛིན་པ་ནི་གང་ཟག་གི་བདག་འཛིན་དུ་བཤད་དུ་རུང་ཡང་། རྒྱུད་ཀྱིས་མ་བསྡུས་པ་རྣམས་ལ་རིལ་པོར་འཛིན་པ་ནི་ཆོས་ཀྱི་བདག་ཏུ་འཛིན་པ་ལས་གཞན་དུ་བཤད་མི་རུང་བའི་ཕྱིར་ན་སྡེ་པའི་ལུགས་འདིར་ཆོས་ཀྱི་བདག་འཛིན་དང་དེའི་གཉེན་པོ་མ་བསྟན་པར་ཡང་མ་སེམས་སོ་ཞེས་ཟེར་རོ། །གཉིས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་[གཞུང་དོན་]རྣམ་གཞག་ལ་བཞི། ཕུང་ཁམས་སྐྱེ་མཆེད་སོ་སོའི་རང་བཞིན། སྒྲ་འཇུག་པའི་རྒྱུ་མཚན། ཆོས་གསུམ་བསྟན་པའི་དགོས་པ། ཆོས་གསུམ་གྱི་གོ་རིམ་མོ། །(༥༤བ)


K8Z006_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གསུམ། རྒྱས་པར་བཤད་པ། བསྡུས་ཏེ་བསྟན་པ། དོགས་པ་བཅད་པའོ། །དང་པོ་ལ་གསུམ། གཟུགས་ཀྱི་ཕུང་ཁམས་སྐྱེ་མཆེད་བཤད། ཚོར་སོགས་གསུམ་གྱི། རྣམ་ཤེས་ཀྱི་དེ་བཤད་པའོ། །དང་པོ་ལ་གསུམ། བསྟན་པ་དང་། བཤད་པ་དང་། ཁམས་དང་སྐྱེ་མཆེད་དུ་བཞག་ཚུལ་ལོ། །དང་པོ་ནི། གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་ཉིད། །གཟུགས་ནི་ཞེས་དབྱེ་བ་བསྟན་ལ། ཚོར་བ་ལ་སོགས་པ་ལ་མཚན་ཉིད་བསྟན་པ་ལྟར་མཚན་ཉིད་བསྟན་པས་ཀྱང་མཚོན་པ་ཡིན་པས། མཚན་གཞིའི་དབྱེ་བ་དང་། མཚན་ཉིད་གཉིས་ལས། དང་པོ་གཟུགས་ཀྱི་ཕུང་པོ་ནི་ཞེས་མི་སྨོས་པ་ནི་ཚིགས་བཅད་དུ་མ་ཤོང་བའམ། བྱེ་བཤད་ལས་རྫས་ཡོད་བཤད་པའི་སྐབས་ཡིན་ལ། ཕུང་པོ་བཏགས་ཡོད་ཡིན་པའི་ཕྱིར་རོ། །ཞེས་སོ། །དེའི་དབྱེ་བར་དབང་པོ་ལྔ་དང་དོན་ལྔ་དང་རྣམ་རིག་བྱེད་མིན་ཉིད་དེ་བཅུ་གཅིག་གོ། །མངོན་པ་གོང་མར། འབྱུང་བ་བཞི་དང་བཅོ་ལྔར་འདོད་ཀྱང་འདིར་དེ་རེག་བྱར་བསྡུས་པས་མ་སྨོས་སོ། །གཉིས་པ་ནི། ཆོས་དངོས་པོ་མི་འདྲ་བ་བཅུ་གཅིག་པོ་འདི་དག་གཟུགས་ཞེས་གཅིག་ཏུ་མཚོན་པ་ལ་གཟུགས་རུང་གཟུགས་ཀྱི་མཚན་ཉིད་དུ་བཤད་པ་དང་། མངོན་པ་གོང་མར་གཟུགས་སུ་ཡོད་པ་ཞེས་བཤད་པ་དེའི་ཁྱད་པར་གང་ཞེ་ན། འདིར་གཟུགས་སུ་རུང་བ་ཞེས་པ་ནི་གནོད་པ་བྱར་རུང་བ་ལ་བྱེད་ལ། དེ་དང་གཟུགས་རུང་གཉིས་ཀྱི་ཡ་གྱལ་དུ་གྱུར་པའི་རེག་པས་གཟུགས་སུ་ཡོད་པ་ཞེས་བྱ་བ་དེ་དོན་གཅིག་ཅིང་། ཡུལ་དཔྱད་པས་གཟུགས་རུང་ནི་འདིར་ཁས་མི་ལེན་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཞེས་བྱ་བ་ཕྱོགས་ཆ་དང་བཅས་པ་ཡིན་ཀྱང་འདིར་གཟུགས་སུ་མི་འདོད་པའི་ཕྱིར། འོ་ན་གནོད་པ་བྱར་རུང་གི་དོན་གང་ཞེ་ན། གཞིག་ཅིང་གཞོམ་དུ་རུང་བ་ཡིན་ལ། དེའི་དོན་ནི་གཟུགས་ནང་ཕྲད་པས་སྔ་མ་ལས་མི་འདྲ་པར་འགྱུར་བ་བསྐྱེད་པའི་གནོད་པ་བྱར་རུང་ཞིག་སྟེ། དོན་གྱི་སྡེ་(༥༥ན)


K8Z006_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ལས། གལ་ཏེ་འདོད་པ་ཚོལ་བྱེད་ཅིང་། །འདུན་པ་སྐྱེས་པའི་ཡུལ་ཅན་ཏེ། །འདོད་པ་དེ་དག་མ་འཕྱོར་ན། །ཟུག་རྔུས་ཟུག་བཞིན་གནོད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་གཟུགས་རུང་གི་དོན་ནི་ཐོགས་པ་དང་བཅས་པའོ། །འོ་ན་རྡུལ་ཕྲ་རབ་དག་གཟུགས་རུང་མ་ཡིན་པར་འགྱུར་རོ་ཞེ་ན། རྡུལ་ཕྲ་རབ་ལ་རྫས་དང་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་གཉིས་ལས། དང་པོ་འདི་ལ་རྡུལ་རྫས་བརྒྱད་སོགས་ལྷན་ཅིག་པར་མ་ཚོགས་ཀྱང་ཚོགས་ན་གཟུགས་སུ་རུང་བ་ཉིད་ཀྱིས་གནོད་པ་བྱར་ཡོད་པས་དེ་གཟུགས་སུ་མ་འདུས་པའི་སྐྱོན་ཡང་མེད་དོ། །ཡང་འཕགས་པ་ཐོགས་མེད་ལྟར་ན། ལག་པ་ལ་སོགས་པས་འདུས་ཏེ་རེག་པས་རེགན་གཟུགས་སུ་རུང་བ་དང་། བློ་ལ་ཡུལ་ཕྱོགས་དང་བཅས་པར་སྣང་བས་ཡུལ་དཔྱད་པས་གཟུགས་སུ་ཡོད་པ་སྟེ། རྣམ་པ་གཉིས་ཀྱི་གཟུགས་སུ་ཡོད་པའི་མཚན་ཉིད་ནི་གཟུགས་ཀྱི་མཚན་ཉིད་ཡིན་ནོ་ཞེས་འབྱུང་བས། བློས་དཔྱད་པས་གཟུགས་སུ་ཡོད་པས་གཟུགས་སུ་གྲུབ་བོ། །འོ་ན་རྫས་ཀྱི་རྡུལ་ཕྲ་རབ་ཡན་གར་བ་དེ་གཟུགས་ཡིན་ན་མིག་ཤེས་སོགས་ཀྱི་ཡུལ་ཡིན་ནམ་ཞེ་ན། སྤྱིར་བཏང་ལ་མ་ཡིན་ཏེ། རང་འགྲེལ་ལས། དབང་པོའི་རྡུལ་ཕྲ་རབ་བམ། ཡུལ་གྱི་རྡུལ་ཕྲ་རབ་གཅིག་གིས་རྣམ་པར་ཤེས་པ་བསྐྱེད་པ་ནི་མེད་དོ། །ཞེས་འབྱུང་བས་སྒྲིབ་ཐོགས་དང་བྲལ་བར་ཡང་བསྟན་ཏོ། །དེ་ལྟར་ནའང་རྫས་ཀྱི་རྡུལ་ཕྲ་རབ་དེ་དབང་ཤེས་ལ་གཏན་མི་སྣང་བ་ཡང་མིན་ཏེ། དེ་དག་ཟླ་དང་བཅས་པ་ན་རྫས་ཀྱི་རྡུལ་ཕྲ་རབ་བསྟན་མེད་ཐོགས་མེད་དེ་བསྟན་ཐོགས་དང་བཅས་པར་མངོན་དུ་གྱུར་ནས་ཁྱད་ཆོས་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་ཀྱི་ཁྱད་གཞིར་གྱུར་ཏེ་ཤེས་པ་ལ་སྣང་བ་ཉིད་ཀྱི་ཕྱིར། རང་འགྲེལ་ལས། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གིས་རྟེན་(༥༥བ)


K8Z006_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དམིགས་པ་ནི་བསགས་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྡུལ་ཕྲ་རབ་ནི་མི་མཐོང་བའི་ཕྱིར་བསྟན་དུ་མེད་པ་ཡིན་ནོ། །ཞེས་པར་ཆོས་རྒྱལ་ལོ་པཎ་དུས་ཀྱི་མཆན་རྙིང་པར། ཇི་སྐད་དུ། རྡུལ་ཕྲ་རབ་ནི་གཏན་མི་མཐོང་བ་མ་ཡིན་གྱི། ཟླ་དང་བཅས་པ་ན་མཐོང་བ་ཡིན་ལ། དེའང་ཟླ་དང་བཅས་པའི་དུས་སུ་མཐོང་ལ། ཟླ་མེད་པའི་དུས་སུ་མི་མཐོང་བ་ཅི་ཞེ་ན། རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས་ཚེབ་ཉིད་ཀྱི་ཕྱིར་རོ། །ཞེས་འབྱུང་ལ། སྒྲོས་འདི་ནི་དེང་སང་གངས་ཅན་གྱི་ཁྲོད་འདིར་ཡེ་མ་གྲགས་པ་ལྟ་བུ་སྣང་ངོ་། །དེས་ན་རྫས་ཀྱི་རྡུལ་ཕྲ་རབ་འདི་ཕུང་པོར་བསྡུས་ན་གཟུགས་ཕུང་ལ་འོས་མེད་ཀྱང་སྐྱེ་མཆེད་དུ་བསྡུ་ན་གཟུགས་ཀྱི་སྐྱེ་མཆེད་དུ་མི་བསྡུ་སྟེ། དངོས་སུ་རང་འཛིན་མིག་ཤེས་སོགས་མི་བསྐྱེད་པའི་ཕྱིར། དེ་ལྟར་ནའང་དེ་འདྲ་དེ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སུ་བསྡུ་བ་ཉིད་དེ། འོག་མར་རྫས་ཀྱི་རྡུལ་ཕྲ་རབ་ཅེས་གྲགས་པ་འདི་ལ་གོང་མར་བསྡུས་པ་ལས་གྱུར་པའི་རྡུལ་ཕྲ་རབ་ཅེས་ཐ་སྙད་དུ་མཛད་ཅིང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཞེས་དང་། དེའི་དབྱེ་བ་ལ་ལྔར་ཡང་འབྱུང་བ་ཉིད་ཀྱི་ཕྱིར་རོ། །འོ་ན་རྫས་ཀྱི་རྡུལ་ཕྲ་རབ་དེ་རྟག་པ་ཞིག་གམ་མི་རྟག་པ་གང་ཡིན། མི་རྟག་པ་ཡིན་ན་མི་འཐད་དེ། སློབ་དཔོན་ཆོས་ཀྱི་གྲགས་པས་འུག་པ་པ་ལ་ཟླ་མེད་ཀྱི་རྡུལ་ཕྲ་རབ་མི་རྟག་པར་མ་བསྟན་པར་ཟླ་བཅས་འབྱུང་འགྱུར་གྱི་སྒྲ་སོགས་རྡུལ་ཕྲ་རབ་མི་རྟག་པར་བསྟན་པའི་ཕྱིར། ཇི་སྐད་དུ། སྒྲ་མ་གྲུབ་ཀྱང་དངོས་པོ་ནི། །གྲུབ་ན་གྲུབ་པར་གྱུར་ཏེ་དཔེར། །འུག་པ་པ་ལ་སངས་རྒྱས་པས། །ལུས་སོགས་སྒྲུབ་བྱེད་བཤད་པ་བཞིན། །ཞེས་འབྱུང་ངོ་ཞེ་ན། སློབ་དཔོན་གྱིས་དེ་ལྟར་འུག་པ་པ་ལ་བརྗོད་པ་ནི་རྫས་ཀྱི་རྡུལ་ཕྲ་རབ་རྟག་པ་ཡིན་པས་མི་རྟག་པར་སྟན་མ་ནུས་ནས་དེ་ལྟར་(༥༦ན)


K8Z006_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་ཡིན་གྱི། རྒོལ་བ་དེ་ངོར་དེ་མི་རྟག་པར་བརྗོད་ན་མ་གྲུབ་པ་ཉིད་ཀྱིས་སླར་བསྒྲུབ་དགོས་པས་རྩོད་པ་དོན་གཞན་དུ་འགྱུར་དོགས་ནས་དེ་ལྟར་བརྗོད་པ་ཡིན་ནོ། །གཞན་ཡང་མུ་སྟེགས་གཅེར་བུ་བ་ཟླ་མེད་ཀྱི་རྡུལ་ཕྲ་རབ་རྟག་པར་འདོད་པ་རྗེས་སུ་བཟུང་བའི་ཕྱིར་དུས་འཁོར་ལས་ཀྱང་སྟོང་པའི་རྡུལ་ཅེས་ཐ་སྙད་གསུངས་ཏེ། འགྲེལ་ཆེན་ལས། དེ་ཡི་ཕྱི་རོལ་སྟོང་པ་གཅིག་པུ་སྲིད་པ་གསུམ་བྲལ་ཡོན་ཏན་མེད་ཅིང་དེ་ཉིད་ཀྱིས་དམན་པའོ་ཞེས་པ་ནི། རླུང་གི་དཀྱིལ་འཁོར་དང་སྟེང་གཙུག་ཏོར་ཏེ་དེའི་ཕྱི་རོལ་སྟོང་པ་གཅིག་པུ་ནི་རྡུལ་ཕྲ་རབ་སོ་སོའི་ངོ་བོ་ཁམས་ལྔ་པ་སྟོང་པ་གཅིག་པུའོ། །ནམ་མཁའ་ཁོ་ན་ནི་མིན་ཏེ། ཐམས་ཅད་དུ་ཁྱབ་པར་བྱེད་པའི་ཕྱིར་སྟོང་པ་གཅིག་ཏུ་རྟོགས་པར་མི་བྱའོ། །ཞེས་འབྱུང་ལ། ལུང་འདི་ཙམ་ལ་བརྟེན་ནས་བོད་གང་དག་མཛོད་དུ་བཤད་པའི་རྫས་ཀྱི་རྡུལ་ཕྲ་རབ་དེ་ལ་དུས་འཁོར་ནས་རྟག་པའི་རྡུལ་འདུས་མ་བྱས་པར་བཤད་དོ་ཞེས་ཟེར་མོད། ཕྱོགས་ཙམ་དུའང་མ་ཕྱིན་པའི་གཏམ་དུ་ཟད་དེ། དུས་འཁོར་ནས་སྟོང་པའི་རྡུལ་རྟག་པའི་དོན་ཅན་དུ་བཤད་ན། དེས་འཇིག་རྟེན་གྱི་ཁམས་ཀྱི་འབྱུང་བ་རྩོམ་གཞིར་བྱེད་པ་རྣམ་པ་ཐམས་ཅད་དུ་མི་རུང་བ་ལས་འདིར་འཇིག་རྟེན་ཆགས་པའི་རྒྱུ་བྱེད་པ་ཅན་གྱིས་མི་རྟག་པ་ཉིད་དུ་བཤད་པའི་ཕྱིར་རོ། །དེས་ན་བྱེ་སྨྲའི་སྐབས་འདིར་རྫས་ཀྱི་རྡུལ་ཕྲ་རབ་འདི་ནི་མི་རྟག་པ་མ་ཡིན་པར་རྟག་པ་ཡིན་ན་དེ་འདུས་མ་བྱས་ཀྱི་རྫས་སུ་བཤད་རིགས་པ་ལས་མ་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཟླ་བཅས་རྡུལ་རྫས་བརྒྱད་སོགས་ཀྱི་སྒྲིབ་ཐོགས་དང་བཅས་པའི་བསྟན་ཡོད་དེ། བུམ་གཟུགས་ལྟ་བུ་ལ་མཚོན་ན། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་དང་། འདི་ནི་སྒྲིབ་བྱེད་ལ་(༥༦བ)


K8Z006_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །མེད་པ་དག་ཀྱང་བསལ་བ་ཡིན། །ཅེས་དང་། དབང་ཡུལ་དེ་ཕྱིར་རྡུལ་ཕྲན་མིན། །ཅེས་ཀྱང་འབྱུང་ངོ་། །རྫས་དང་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་ཀྱི་ཁྱད་པར་ལས། བེམས་པོའི་དབང་དུ་བྱས་པའི་རང་མཚན་ཀྱང་གཉིས་སུ་འགྱུར་ཏེ། མིག་སོགས་ཀྱི་ཡུལ་གྱི་གཟུགས་ནི་རྫས་ཀྱི་རྡུལ་ཕྲ་རབ་ཀྱི་ནི་བསགས་སྤྱིར་འགྲོ་ཡང་སྐྱེ་མཆེད་ཀྱི་རྡུལ་ཕྲ་རབ་ཀྱི་ནི་རང་མཚན་གྱི་ངོ་བོར་གྲུབ་པ་ཡིན་ཏེ། ཇི་སྐད་དུ། འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོད་ཀྱི། རྫས་ཀྱི་རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་པས་ཉེས་པ་མེད་དོ། །ཞེས་འབྱུང་ངོ་། །འདས་མ་འོངས་གྱི་གཟུགས་སྐྱེ་བའི་ཆོས་ཅན་ནི་རང་གར་ཡོད་ཀྱི་སྒྲིབ་ཐོགས་ཀྱི་བྱ་བ་མེད་པའི་ཕྱིར་དང་། མི་སྐྱེ་བའི་ཆོས་ཅན་ཀྱང་གཟུགས་དང་རིས་མཚུངས་པའི་ཕྱིར་གཟུགས་སུ་གྲུབ་སྟེ་རིའི་བུད་ཤིང་བཞིན་ནོ། །རིག་བྱེད་མིན་པའི་གཟུགས་ཀྱང་གཟུགས་སུ་འཇོག་བྱེད་ཡོད་དེ། དེ་ལའང་རྒྱུའི་རིག་བྱེད་དང་དེའི་རྟེན་འབྱུང་བ་གཟུགས་སུ་ཡོད་པའི་ཕྱིར་ཞེས་བྱེ་སྨྲ་ཟེར་ཡང་ཐེག་པ་གོང་མ་པ་དག་དེ་གཟུགས་བརྟགས་པ་བ་ཡིན་གྱི། མཚན་ཉིད་པར་མི་འདོད་པའི་དབང་དུ་ན་དཔྱད་པས་ཅི་ཞིག་བྱ། གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དབང་པོ་ལྔ་བཤད། དོན་ལྔ་བཤད། རིག་བྱེད་མིན་པའི་གཟུགས་བཤད་པའོ། །དང་པོ་ནི། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །གཟུགས་ལ་སོགས་པ་གང་ཡིན་པའི་དོན་དེ་དག་རྣམས་ཀྱི་མིག་སོགས་ལྔའི་རྣམ་པར་ཤེས་པའི་རྟེན་ནི་མིག་ལ་སོགས་པས་རྣ་བ་སྣ་ལྕེེ་སྟེ་དབང་པོའི་གཟུགས་དང་བ་རྣམས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་མིག་ནི་ནང་གི་སྐྱེ་མཆེད་དེ། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ། གཟུགས་དང་པའོ། །ཞེས་འབྱུང་བས། དེ་དག་རྣམས་ཞེས་པ་ལ་སྤྱི་སྒྲ་གཟུགས་ཙམ་དང་། བྱེ་བྲག་དབང་པོ་གཟུགས་ཅན་པ་ལ་སྦྱར་དགོས་ཞེས་རང་(༥༧ན)


K8Z006_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ལས་གསུངས་ཤིང་། འོ་ན་མིག་མ་གྲུབ་པར་མིག་གི་རྣམ་ཤེས་མ་གྲུབ་ལ། མིག་གི་རྣམ་ཤེས་མ་གྲུབ་ན་མིག་མ་གྲུབ་པས་མ་གྲུབ་པ་ཇི་ལྟར་སྒྲུབ་ནུས་སྙམ་ན། མིག་གི་རྣམ་ཤེས་གཟུགས་གསལ་མྱོང་གི་རང་རིག་མངོན་སུམ་གྱིས་གྲུབ་ལ། ཤེས་པ་དེ་ཉིད་གྲུབ་པས་དེའི་བདག་རྐྱེན་གྱི་དབང་པོ་དེ་གྲུབ་སྟེ། དབང་པོའི་རྟེན་དེ་མེད་ན་དེའི་རྣམ་ཤེས་མི་འབྱུང་བའི་ཕྱིར། མིག་ལ་སོགས་སྨོས་པས་དབང་པོ་གཞན་རྣ་བ་སོགས་ཀྱི་གཟུགས་དང་བ་གཅོད་དོ། །གཟུགས་དང་བ་ཞེས་པས། གྲུབ་མཐའ་ལས། ལྔ་རྣམས་ཀྱི། དེ་དག་ལྷན་ཅིག་སྐྱེས་པ་ཡང་། །ཞེས་པས་ཡིད་དབང་རྣམ་ཤེས་ཀྱི་རྟེན་ཡིན་པ་གཅོད་ལ། དང་བའི་དད་པའི་སེམས་བྱུང་ཡང་དང་པའི་ཞེས་པ་འདིས་གཅོད་དེ། གཟུགས་ཀྱི་དང་བ་ཉིད་སྨོས་པའི་ཕྱིར། འོ་ན་དང་པོ་གཅོད་བྱེད་དུ་རྣམ་ཤེས་ཀྱི་རྟེན་ཞེས་སྨོས་པས་བཅད་དམ་སྙམ་ན་མ་ཡིན་ཏེ། འབྲུ་མང་པོའི་ཚིག་སྡུད་ཡོད་ན་དེས་གཅོད་པར་འགྱུར་ཡང་གཟུགས་དང་བ་ཞེས་པ་ལ་འབྲུ་མང་པོའི་ཚིག་སྡུད་མེད་པའི་ཕྱིར། ཁྱད་པར་དང་བ་ནི་དབང་རྟེན་ཁུ་བོ་སོགས་དབང་པོར་འདོད་པ་དགག་པའི་ཆེད་དེ། དབང་པོ་ནི་རྣམ་ཤེས་ལྔ་པོ་གང་གི་ཡུལ་དུའང་གྲུབ་པ་མེད་དེ། འབྲས་བུ་རེས་འགའ་བས་དཔག་བྱ་ཙམ་ཡིན་པའི་ཕྱིར། ཁྱད་པར་དབང་པོའི་རྟེན་དབང་རྟེན་ཁོག་པ་ཡིན་ཀྱང་དབང་རྟེན་ཁོག་པས་ཤེས་པ་ལ་བར་དུ་མ་ཆོད་པས་ནང་གི་ཤེས་པ་ལ་ཉེ་བའི་དབང་པོ་དང་བ་ཉིད་དུ་འཇོག་གོ། །ཡང་ན་དད་པ་སེམས་བྱུང་ཡིན་པས་མིག་སོགས་ཀྱི་ཤེས་པ་སྐྱེ་བའི་དབང་རྟེན་དུ་ཇི་ལྟར་དོགས་སྙམ་ན། དད་པ་གང་གི་ཡིད་བྱེད་དང་མཚུངས་ལྡན་དེ་མ་ཐག་པ་ལས་མིག་ཤེས་སྐྱེ་བའི་ཚེ། དེའི་བདག་རྐྱེན་དད་པར་དོགས་པ་ཡོད་པ་དེ་བཟློག་པའི་ཆེད་ཡིན་ནོ། །ཡང་(༥༧བ)


K8Z006_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དང་བ་ཞེས་པས་ནི་གཟུགས་དང་བ་ནི་ཆུ་དང་བར་གཟུགས་བརྙན་འཆར་བ་ལྟར་ཡིན་པས་དབང་པོ་དེའི་རྒྱུད་པའི་རྟེན་ཟར་མའི་མེ་ཏོག་ལྟ་བུ་གཅོད་དོ་ཞེས་མཆིམས་ནམ་མཁའ་གྲགས་ཟེར་རོ། །རྣམ་ཤེས་ཀྱི་རྟེན་ཞེས་པས་གཟུགས་འཛིན་པར་མི་བྱེད་པའི་ཤེལ་དང་ལྟང་ཚེར་སོགས་གཅོད་དོ། །མིག་གི་ངེས་ཚིག་ནི་སའི་སྟོད་འགྲེལ་ལས། མ་ཟད་བར་དུ་གཟུགས་གཅོད་དང་། །གཡོ་ཞིང་སྐད་ཅིག་མ་ཉིད་དང་། །མཛེས་པའི་ལས་ལས་བྱུང་བ་དང་། །རྣམ་པ་བཞིར་ནི་གྲགས་ཕྱིར་མིག །ཅེས་བཞི་ནི་ལེགས་པར་སྦྱར་བ་ལས། ཙཀྵུ་ནི་ཏྲ་ལོ་ཙཱ་ཨཀྵ་ཞེས་གྲགས་པ་དེའི་དོན། མིག་དང་གསལ་བྱེད་དང་འདྲེན་བྱེད་དང་ཁྲིད་བྱེད་ལ་འཇུག་ཀྱང་། འཇིག་རྟེན་གྱི་གྲགས་པ་ཉིད་ཀྱིས་མིག་ཏུ་བསྒྱུར་བ་ཡིན་ཅིང་། དེ་ལ་དབྱེ་ན། ས་ལས། གཅིག་སྟེ་གཟུགས་ལྟ་བའོ། །རྣམ་གཉིས་རྒྱས་དང་རྣམ་སྨིན་བྱུང་། །རྣམ་གསུམ་ལྷ་ཤ་ཤེས་རབ་མིག །རྣམ་བཞི་བརྟན་དང་མི་བརྟན་པ། །འཛུམ་དང་མི་འཛུམ་རྣམ་པ་ལྔ། །འགྲོ་བ་ལྔར་བསྡུས་རྣམ་དྲུག་ནི། །རང་གི་རྒྱུད་ཡོད་སྡུག་མི་སྡུག །དྲི་མ་ཅན་དང་དྲི་མེད་པའོ། །བདུན་ནི་རྣམ་ཤེས་བཅས་དང་མེད། །མཐུ་ལྡན་མཐུ་ཆུང་དགེ་སོགས་ཀྱི། །རྣམ་ཤེས་རྟེན་ནི་བྱེད་པའོ། །རྣམ་བརྒྱད་གནས་དང་སྤྲུལ་པ་དང་། །དགེ་དང་མི་དགེ་རྣམ་སྨིན་བྱུང་། །ཁ་ཟས་ཉིད་དང་ཚངས་སྤྱོད་དང་། །སྙོམས་པར་འཇུག་པས་རྒྱས་པའོ། །རྣམ་དགུས་ཐོབ་དང་མ་ཐོབ་དང་། །སྔུན་ཐོབ་མ་ཐོབ་ཐོབ་ལས་ཉམས། །སྤང་བྱ་ཡིན་མིན་སྤངས་མ་སྤངས། །བཅུ་མེད་རྣམ་པ་བཅུ་གཅིག་ནི། །དུས་གསུམ་ནང་དང་ཕྱི་རོལ་དང་། །ཕྲ་རགས་བཟང་ངན་ཉེ་རིང་ངོ། །ཞེས་སོ། །མིག་ཉིད་ཀྱི་མིང་གི་རྣམ་གྲངས་ནི་མིག་སོགས་སྨོས་མ་ཐག་པ་བཞིའོ། །རྣ་བའི་ངེས་ཚིག་ནི། སྒྲར་གྲགས་པ་རྣམས་(༥༨ན)


K8Z006_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའོ། །མིང་གི་རྣམ་གྲངས་ནི་སྒྲའི་ཡུལ་ཅན་དང་ཉན་བྱེད་དོ། །སྣའི་ངེས་ཚིག་ནི། དྲི་སྣོམ་པར་བྱེད་པའོ། །མིང་གི་རྣམ་གྲངས་ནི་སྣོམ་བྱེད་དང་དྲིའི་ཡུལ་ཅན་ནོ། །ལྕེའི་ངེས་ཚིག་ནི། བཀྲེས་པས་ཉམ་ཆུང་བ་སེལ་ཞིང་བརྗོད་པ་འདྲིས་པ་སྣ་ཚོགས་པ་འབོད་པའོ། །མིང་གི་རྣམ་གྲངས་ནི་མྱོང་བྱེད་དང་རོའི་ཡུལ་ཅན་ནོ། །ལུས་ཀྱི་ངེས་ཚིག་ནི། རྡུལ་ཕྲན་བསགས་པ་དང་རྟེན་བྱེད་པ་དང་དབང་པོ་ཐམས་ཅད་ལ་ཁྱབ་པའོ། །མིང་གི་རྣམ་གྲངས་ནི་རེག་བྱེད་དང་རེག་བྱའི་ཡུལ་ཅན་ནོ། །རྣ་བ་སོགས་ལྷག་མ་བཞིའི་དབྱེ་བ་ནི། ས་ལས་མིག་གི་དབྱེ་བ་ཇི་ལྟར་བཤད་པ་ལྟར་རྣ་བ་སོགས་བཞི་ལའང་སྦྱར་རོ། །གཉིས་པ་དོན་ལྔ་བཤད་པ་ལ་ལྔ་ལས། དང་པོ་གཟུགས་བཤད་པ་ནི། གཟུགས་རྣམ་གཉིས་དང་རྣམ་ཉི་ཤུ། །གཟུགས་ལ་བསྡུས་པའི་དབྱེ་བ་ཁ་དོག་དང་དབྱིབས་རྣམ་པ་གཉིས་དང་། རྒྱས་པར་ཕྱེ་ན་རྣམ་པ་ཉི་ཤུ་སྟེ། སྔོ་སེར་དམར་དང་དཀར་བ་དང་། །སྣང་མུན་སྤྲིན་དང་དུ་བ་དང་། །རྡུལ་དང་ཁུག་རྣ་ཉི་མ་དང་། །གྲིབ་མ་རིང་ཐུང་ལྷམ་པ་དང་། །ཟླུམ་པོ་མཐོན་པོ་དམའ་བ་དང་། །ཕྱ་ལེ་ཕྱ་ལེ་མ་ཡིན་པའོ། །དང་པོ་བཅུ་གཉིས་ཁ་དོག་ཡིན། །བཞི་ནི་རྩ་བའི་ཁ་དོག་སྟེ། །བརྒྱད་པོ་ཡན་ལག་ཁ་དོག་གོ། །དབྱིབས་ཀྱི་གཟུགས་ནི་ཐ་མ་བརྒྱད། །ཅེས་པས་བསྟན་ཅིང་། ཁ་ཅིག་ནམ་མཁའ་ཁ་དོག་གཅིག་པ་ཞེས་བྱ་བ་ནི་གང་ཐག་རིང་པོ་ནས་བཻ་ཌཱུཪྱའི་རྩིག་པ་ལྟར་སྣང་བའོ་ཞེས་པས་ཉེར་གཅིག་ཏུ་བྱེད་པའང་ཡོད་ལོ། །ལྷམ་པ་ནི་རིལ་རིལ་དང་། ཟླུམ་པོ་ནི་ལེབ་ལེབ་དང་། མཐོན་པོ་ནི་རགས་པ་བརྩེགས་པ་དང་། དམའ་བ་ནི་ དེའིའོགཏུ next hit་ཡོད་པའོ། །གྲིབ་མ་ནི་གང་དུ་སྣང་བ་འབྱུང་བའི་ཕྱོགས་དེར་ཡིན་ཅིང་མུན་པ་ལ་ནི་མ་ཡིན་ལ། ཕྱ་ལེ་པ་ནི་གཤོང་འབུར་མེད་པ་དང་། ཕྱ་ལེ་བ་མ་ཡིན་པ་ནི་དེ་ལས་བཟློག་སྟེ་མི་མཉམ་པའོ། །(༥༨བ)


K8Z006_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་ལ་སོགས་པ་ནི་རྩ་བའི་ཁ་དོག་བཞིར་འདུས་པས་མ་བཤད་ལ། སྤྲིན་ལ་སོགས་པ་འདུས་ཀྱང་ལོགས་སུ་སྟོན་པ་ནི་འདི་དག་ཐག་རིང་པོ་ནས་རྩིག་པ་ལྟར་སྣང་སྟེ་བསྙེན་ན་མི་སྣང་བས་གཟུགས་མིན་ནམ་སྙམ་པའི་རྟོག་པ་དགག་པའི་ཕྱིར་བསྟན་པ་ཡིན་ལ། ཉི་མ་ལ་སོགས་པ་བཞི་ལ་རྟོག་པ་དེ་མེད་ཀྱང་རྩིག་ངོས་ལ་སོགས་པའི་གཞི་ལས་གཞན་མ་ཡིན་ནོ་སྙམ་པའི་རྟོག་པ་ཟློག་པར་བྱེད་པ་ཡིན་ནོ། །དེས་ན་གོང་དུ་བཤད་པའི་རྟོག་པ་དེ་ལྟ་བུ་བསལ་བ་ལ་དགོས་པ་ཅི་ཡོད་ན། ཆོས་མངོན་པ་ནི་ཆོས་འགའ་ཞིག་ཁོ་ན་སྟོན་པ་མ་ཡིན་གྱི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཆེད་དུ་ཤེས་བྱ་མ་ལུས་པ་གཏན་ལ་འབེབས་དགོས་ཏེ། གཅིག་ལ་རྡུགས་ན་ཡང་ཐམས་ཅད་མཁྱེན་པ་ལ་ལག་འཐོགས་པའི་ཕྱིར་རོ། །གཉིས་པ་སྒྲ་བཤད་པ་ནི། སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །སྒྲ་ཐམས་ཅད་མདོར་བསྡུ་ན་ནི་རྣམ་པ་བརྒྱད་ཡོད་དེ། རྩ་བའི་དབྱེ་བ་ལ་རྒྱུད་དང་འབྲེལ་བ་ཟིན་པ་དང་། མ་འབྲེལ་བ་མ་ཟིན་པ་གཉིས་ཡིན་ལ། དེ་གཉིས་ཀའི་སྒྲ་ལག་པ་དང་རྔ་ཕྲད་པ་ལྟ་བུའོ་ཞེས་གཞན་དུ་འབྱུང་བ་ནི་འདིར་མི་འདོད་དེ། འབྱུང་བ་བཞི་ཚན་གཉིས་ཀྱིས་འབྱུང་གྱུར་གྱི་འབྲས་བུ་གཅིག་བསྐྱེད་པ་མི་སྲིད་པས་སྒྲ་འབྱུང་བ་ལ་རྩོལ་བ་རྐྱེན་ཙམ་དུ་འདོད་དོ། །དེ་རེ་རེ་ཞིང་ཡི་གེའི་རྣམ་པ་ལྡན་པ་དང་མི་ལྡན་པ་སེམས་ཅན་དུ་སྟོན་པ་དང་མི་སྟོན་པ་སྟེ་བཞི་ཡིན་ལ། དེ་རེ་རེ་ཞིང་རྣ་བར་སྙན་པ་དང་མི་སྙན་པས་ཡིད་དུ་འོང་བ་དང་མི་འོང་བ་གཉིས་སུ་ཕྱེ་བས་བརྒྱད་དོ། །གང་ཞེ་ན། ཟིན་པ་སེམས་ཅན་དུ་སྟོན་པ་ཡིད་དུ་འོང་བ་སེམས་ཅན་གྱི་གླུ་དབྱངས་སྙན་པ་དང་། ཟིན་པ་སེམས་ཅན་དུ་སྟོན་པ་ཡིད་དུ་མི་འོང་བ་སྐྱོ་བའི་སྒྲ་དང་། ཟིན་པ་སེམས་ཅན་དུ་མི་སྟོན་པ་ཡིད་དུ་འོང་བ་ཕེག་རྡོབ་པ་ཐལ་མོའི་སྒྲ་དང་། ཟིན་པ་སེམས་ཅན་དུ་མི་སྟོན་པ་(༥༩ན)


K8Z006_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དུ་མི་འོང་བ་ལུས་ཐུག་པའི་སྒྲ་དང་། མ་ཟིན་པ་སེམས་ཅན་དུ་སྟོན་པ་ཡིད་དུ་འོང་བ་སྤྲུལ་པའི་གླུ་སྙན་པ་དང་། མ་ཟིན་པ་སེམས་ཅན་དུ་སྟོན་པ་ཡིད་དུ་མི་འོང་བ་སྤྲུལ་པའི་སྐྱོ་བའི་སྒྲ་དང་། མ་ཟིན་པ་སེམས་ཅན་དུ་མི་སྟོན་པ་ཡིད་དུ་འོང་བ་འཁར་རྔའི་སྒྲ་དང་། མ་ཟིན་པ་སེམས་ཅན་དུ་མི་སྟོན་པ་ཡིད་དུ་མི་འོང་བ་བྲག་རལ་བའི་སྒྲ་ལྟ་བུའོ། །གསུམ་པ་རོ་བཤད་པ་ནི། རོ་ནི་རྣམ་དྲུག །རོ་ནི་རྣམ་པ་དྲུག་སྟེ། མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། ཚ་བ་དང་། ལན་ཚ་བ་དང་། བསྐ་བའོ། །བསྐ་བ་ནི་ཤིང་འཛམ་བུའི་ཤུན་པའམ་ཨ་རུ་རའི་རོ་ལྟ་བུ་ལྕེ་ལ་འཁྲིལ་བའོ། །གཞན་ནི་གྲགས་པར་ཟད་དོ། །འདི་དག་ལ་སྨན་དཔྱད་ཙ་ར་ཀ་ལས། གཅིག་ནས་དྲུག་གི་བར་དུ་ཕྲད་པའི་སྦྱོར་བས་དྲུག་ཅུ་རྩ་གསུམ་དུ་བསྟན་ཏོ། །རོ་ནི་དྲིའི་འོག་ཏུ་བཤད་པར་བྱ་བ་ཡིན་ཀྱང་གྲངས་མང་བའི་ཕྱིར་སྔར་སྨོས་པ་ཡིན་ལ། རེག་བྱ་ནི་སྒྲའི་གོང་དུ་སྨོས་ན་གོ་རིམ་ཧ་ཅང་འཁྲུགས་པར་འགྱུར་བས་མ་ཡིན་ནོ། །བཞི་པ་དྲི་བཤད་པ་ནི། དྲི་རྣམ་བཞི། །དྲི་རྣམ་བཞི་སྟེ། སྣའི་དབང་པོ་དང་མཐུན་པའི་དྲི་ཞིམ་པ་དང་། དེ་ལས་ལྡོག་པའི་དྲི་ང་བ་གཉིས་ལས། དྲི་ཤས་ཆུང་བས་མཉམ་པ་དང་། ཤས་ཆེ་བ་མི་མཉམ་པ་གཉིས་སུ་ཕྱེ་བས་སོ། །བསྟན་བཅོས་ལས། དྲི་ཞིམ་པ་དང་། ང་བ་དང་། མཉམ་པའོ། །ཞེས་གསུམ་འབྱུང་ངོ་། །ལྔ་པ་རེག་པ་བཤད་པ་ནི། རེག་བྱ་བཅུ་གཅིག་བདག་ཉིད་དོ། །རེག་བྱ་བཅུ་གཅིག་སྟེ། རྒྱུས་བསྡུས་པ་འབྱུང་བ་བཞི་དང་། འབྲས་བུས་བསྡུས་པ་འཇམ་རྩུབ་ལྕི་ཡང་གྲང་བཀྲེས་སྐོམ་བདུན་ཕལ་ཆེར་མིང་གིས་ཤེས་ལ། གྲང་བ་ལ་སོགས་པ་ནི་དྲོ་བ་དང་ཟས་དང་བཏུང་བ་འདོད་པའོ་ཞེས་འབྱུང་བའི་འདོད་པ་སེམས་ལས་བྱུང་བའི་འདུན་པ་ཡིན་ཀྱང་། རྒྱུ་རེག་བྱ་ལ་འབྲས་བུ་འདུན་པའི་མིང་གིས་བཏགས་པ་སྟེ། དཔེར་ན། སངས་རྒྱས་བྱོན་ནས་ཆོས་བསྟན་(༥༩བ)


K8Z006_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉམས་སུ་བླངས་པ་བདེ་བའི་རྒྱུ་ཡིན་པའི་ཕྱིར། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་པ་ལྟ་བུའོ། །དེས་ན་དྲོ་བ་འདོད་པའི་དབང་གིས་བཞག་པའི་རེག་བྱ་ནི་གྲང་བར་འཇོག་ལ། དེ་ལྟར་མ་ཡིན་པ་སོས་ཀའི་གྲང་བས་དྲོ་བར་འདོད་པར་མི་བྱེད་ཀྱང་དེ་དང་རིགས་མཐུན་པས་གྲང་བར་འཇོག་གོ། །དྲོ་བ་ནི་མེ་ཡིན་པས་མ་སྨོས་ལ་གྲང་བ་ནི་ཆུ་དང་རླུང་ཤས་ཆེ་བ་ལས་འབྱུང་བའི་འབྲས་བུའི་རེག་བྱ་གཞན་ཡིན་ནོ། །བཀྲེས་པ་ནི་ཟས་འདོད་པའི་རྒྱུ་ཕོ་བར་རླུང་ཤས་ཆེ་བ་ལས་རེག་བྱ་གྲུབ་པ་ཡིན་ནོ། །སྐོམ་པ་ནི་བཏུང་བ་འདོད་པའི་རྒྱུ་མེ་ཤེས་ཆེ་བ་ལས་རེག་བྱ་གྲུབ་པའོ། །འབྲས་གཟུགས་ཐམས་ཅད་འབྱུང་བ་བཞི་ཚན་ལས་འབྱུང་བར་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །བདག་ཉིད་དོ་ཞེས་པ་བཅུ་གཅིག་ནི་རེག་བྱའི་རང་བཞིན་ནམ་ངོ་བོ་ཉིད་དོ་ཞེས་དབྱེ་བ་དབྱེ་གཞི་ལས་གཞན་དུ་མ་དགར་བའི་སྒྲའོ། །དེ་ལས་འཕྲོས་པའི་དོན་བརྗོད་ན། དེ་ལ་ཡུལ་གཟུགས་ཀྱི་མཚན་ཉིད་ནི། མིག་གི་ཡུལ་ཞེས་པས་རིགས་མི་མཐུན་སྒྲ་ལ་སོགས་པ་སེལ་ཞིང་། མིག་ཁོ་ནའི་ཡུལ་ཞེས་པས་དབང་པོ་གཞན་གྱིས་འཛིན་ནམ་སྙམ་པའི་ལོག་རྟོག་སེལ་ལ། མིག་གི་ཡུལ་ཡིན་པ་ཁོ་ན་ཞེས་ངེས་བཟུང་ཡུལ་གྱི་རྐྱེན་དུ་སྦྱར་བ་དང་། མིག་ཁོ་ནའི་ཡུལ་ཞེས་དབང་པོ་རྐྱེན་དུ་སྦྱར་བས་མ་ཁྱབ་པ་དང་ཁྱབ་པ་ཆེས་སེལ་བར་བྱེད་དོ། །ངེས་ཚིག་ནི། གཟུགས་སུ་རུང་བས་གཟུགས་སོ། །དབྱེ་བ་བཤད་མ་ཐག་པ་བཞིན་ཡིན་ལ། རྣམ་གྲངས་ལ་གཉིས་ལས། རང་གི་ངོ་བོར་གཏོགས་པ་ནི་ཁ་དོག་དང་སྣང་བ་དང་དབྱིབས་དང་རྒྱས་པ་ཞེས་བྱ་ལ། གཞན་གྱི་ངོ་བོས་མཚོན་པ་ནི་མིག་གི་ཡུལ། སྤྱོད་ཡུལ་དམིགས་པ། མིག་གི་རྣམ་ཤེས་ཀྱི་ཡུལ། སྤྱོད་ཡུལ། དམིགས་པ། ཡིད་ཀྱི་རྣམ་ཤེས་ཀྱི་ཡུལ། སྤྱོད་ཡུལ། དམིགས་པ་ཞེས་ཀུན་ལ་སྦྱར་རོ། །(༦༠ན)


K8Z006_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའི་ངེས་ཚིག་ནི། བརྗོད་མ་ཐག་ཏུ་འགག་པས་སྒྲ་སྟེ། རྟེན་ལས་སྐད་ཅིག་རེ་རེ་ཞིང་སྐྱེ་བ་ཡིན་གྱི། རྒྱུན་མེད་པའི་ཕྱིར་རོ། །འོ་ན་དྲིལ་བུའི་སྒྲ་རིང་དུ་གནས་པར་སྣང་བ་ནི། རྟེན་དྲིལ་བུ་འབྱུང་བ་ལས་འཕྲལ་འཕྲལ་དུ་སྒྲ་སྐྱེ་བ་ཡིན་གྱི། སྒྲ་སྔ་མ་ལས་འབྱུང་བ་མ་ཡིན་ཏེ། ཡིན་ན་དྲིལ་བུ་ལ་རེག་པས་སྒྲ་མི་འཇིག་པར་འགྱུར་རོ། །རྣམ་གྲངས་ནི། སྒྲ་དང་དབྱངས་དང་ང་རོ་ལ་སོགས་པའོ། །དྲིའི་ངེས་ཚིག་ནི། རྫི་ཕྱོགས་སུ་ཁྱེར་བས་དྲིའོ། །རྣམ་གྲངས་ནི། དྲི་དང་སྣམ་ཁུ་ཞེས་བྱའོ། །རོའི་ངེས་ཚིག་ནི། ནད་རྣམས་སྡུད་པས་རོའོ། །རྣམ་གྲངས་ནི། རོ་དང་མྱོང་བྱའོ། །རེག་བྱའི་ངེས་ཚིག་ནི། ལུས་ཀྱི་རེག་པར་བྱ་བས་རེག་བྱའོ། །ལུས་ནང་ཡང་རེག་གམ་སྙམ་ན། དབང་པོ་ཡུལ་མ་ཡིན་པའི་ཕྱིར་ལུས་ནང་ཕན་ཚུན་རེག་པ་ནི་མེད་ཀྱི་དེ་ན་ཡོད་པའི་རེག་བྱ་ཁོ་ན་བཟུང་བའོ། །རྣམ་གྲངས་ནི། རེག་བྱ་དང་ཀུན་ཏུ་རེག་བྱའོ། །ཡུལ་དེ་དག་ཁམས་གང་ན་ཡོད་པ་ནི། འདོད་པ་ན་ཐམས་ཅད་དང་། གཟུགས་ན་དྲི་རོ་དང་བཀྲེས་སྐོམ་ལས་གཞན་ཡོད་དེ། གནོད་བྱེད་ཀྱི་གྲང་བ་མེད་ཀྱང་ཕན་བྱེད་ཡོད་ཅེས་སྨྲ་བ་ལ་སློབ་དཔོན་ནི་ཏིང་འཛིན་ཁོ་ནས་ཕན་བྱེད་ཡིན་པས་གྲང་བར་བཏགས་པ་ཅི་ཞིག་བྱ་ཞེས་སོ། །ཡུལ་གྱི་རྣམ་ཤེས་བསྐྱེད་པའི་ཚུལ་ནི། ཡུལ་དང་པོ་བཞིས་རེས་འགའ་གཅིག་དང་རེས་འགའ་མང་པོ་བསྐྱེད་དེ་བྱེ་བྲག་ཏུ་གཅོད་པ་དང་མི་གཅོད་པ་ནའོ། །རེག་བྱ་ནི། འབྲས་བུ་དག་ཚོགས་པ་ཐ་དད་པས་མང་ན་འབྱུང་བ་བཞི་དང་འབྲས་བུ་གཅིག་སྟེ་ལྔ་བསྐྱེད་ལ། ཁ་ཅིག །ལུས་ཀྱི་ཕྱོགས་དུ་མས་འའཛིན་པ་ན་ཐམས་ཅད་ཀྱིས་ཀྱང་བསྐྱེད་དོ་ཞེས་སོ། །འོ་ན་ལུས་དབང་གཅིག་གིས་ཡུལ་མང་པོ་འཛིན་ན་སྒོ་ལྔའི་རྣམ་ཤེས་སྤྱིའི་ཡུལ་ཅན་དུ་འགྱུར་རོ་ཞེ་ན། དེ་ལྟར་དེ་རིགས་སྤྱིར་གྱུར་པའི་སྐྱེ་མཆེད་ཀྱི་ཡུལ་ཅན་མ་ཡིན་གྱི། རྫས་ཀྱི་སྤྱི་ཙམ་གཞལ་བའི་ཡུལ་ཅན་དུ་འགྱུར་མོད། དེ་(༦༠བ)


K8Z006_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ནའང་དབང་ཤེས་ཀྱིས་སྤྱི་མཚན་གཞལ་བར་ནི་མི་འཇོག་སྟེ། རྫས་ཀྱི་སྤྱི་ནི་སྐྱེ་མཆེད་ཀྱི་རང་མཚན་དུ་གྲུབ་པའི་ཕྱིར། དབང་པོས་རྣམ་ཤེས་བསྐྱེད་ཚུལ་ལས་དང་པོ་བཞི་ནི་ཕྱོགས་རེ་དང་རིལ་པོ་གཉིས་ཀས་བསྐྱེད་ལ། ལུས་རིལ་པོས་ནི་མ་ཡིན་ཏེ། ཡིན་ན་འབར་བའི་སེམས་ཅན་དམྱལ་བ་ནི་ལུས་རིལ་པོས་མེ་འཛིན་བསྐྱེད་པས་ལུས་ཞིག་པར་གྱུར་པའི་ཕྱིར་ཞེས་ཟེར་མོད། མ་ངེས་ཏེ། ལས་ཀྱི་མཐུས་འཇིག་པར་མི་འགྱུར་རོ། །ལྕེ་དང་ལུས་གཅིག་ཅར་ཡུལ་དང་ཕྲད་ན་དེའི་རྣམ་ཤེས་གཉིས་གང་སྔར་སྐྱེ་སྙམ་ན། ཡུལ་གང་ཤས་ཆེ་བ་ཉམས་སུ་མྱོང་བ་དེ་སྔར་སྐྱེ་ལ། མཉམ་ན་ཟ་བར་འདོད་པས་ལྕེའི་རྣམ་ཤེས་སྔར་སྐྱེའོ། །གསུམ་པ་རིག་བྱེད་མིན་པའི་གཟུགས་བཤད་པ་ལ། དངོས་དང་། དེའི་རྒྱུ་འབྱུང་བ་བཤད་པ་གཉིས། དང་པོ་ནི། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །གཡེངས་དང་ཞེས་པས་རང་ཀུན་སློང་གི་སེམས་ལས་གཞན་པ་སྟེ། དགེ་བའི་རིག་བྱེད་མ་ཡིན་པའི་ཀུན་སློང་སེམས་དགེ་བ་ཡིན་ཡང་དེ་ལས་གཞན་པའི་སེམས་ཀྱི་རྗེས་སུ་ཡང་རང་གཏོང་བྱེད་མ་བྱུང་བར་དུ་འགྲོའོ། །འདིས་ནི་རྒྱལ་པོའི་སྲས་ལྟར་ན་རིག་བྱེད་ཙམ་དང་། གང་སྤེལ་ལྟར་ན་ལུས་ཀྱི་རིག་བྱེད་ལས་ཁྱད་པར་དུ་བྱེད་ཅེས་པའོ། །ཡང་སེམས་མེད་པའི་སྙོམས་འཇུག་གཉིས་ལ་གནས་པའི་རྒྱུད་ཀྱི་རྗེས་སུ་ཡང་འགྲོ་སྟེ། མཉམ་གཞག་གི་ནི་རང་ཀུན་སློང་གི་སེམས་དང་བཅས་པ་ཁོ་ན་ཡིན་ལ། འདིས་ནི་སེམས་དང་སེམས་བྱུང་ལས་ཁྱད་པར་དུ་བྱེད་དོ། །ཡང་ཞེས་པ་ནི་མ་གཡེངས་པའི་སེམས་དང་བཅས་པ་ཉིད་ཀྱི་རྗེས་སུ་ཡང་འགྲོ་བས་འདིས་ནི་སེམས་དང་འགལ་བ་མེད་པར་བསྟན་ཏོ། །སེམས་ལུང་མ་བསྟན་ནི་སྟོབས་ཆུང་བས་ཀུན་ནས་སློང་མི་ནུས་པའི་ཕྱིར་དགེ་བ་དང་མི་དགེ་བ་ཁོ་ནར་ངེས་ཏེ། འདིས་མིག་ལ་སོགས་པ་སེལ་ལོ། །རྗེས་འབྲེལ་གང་ཞེས་པ་ནི་རང་གཏོང་བྱེད་མ་བྱུང་ན་རྒྱུན་བར་མ་ཆད་(༦༡ན)


K8Z006_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པ་ཉིད་ཀྱིས་གཡེངས་པ་ལ་སོགས་པའི་གནས་སྐབས་ན་ཡང་རྒྱུན་མ་ཆད་པའོ། །འདིས་རིག་བྱེད་ཙམ་དང་ངག་གི་རིག་བྱེད་ལས་ཁྱད་པར་དུ་བྱེད་དོ། །སྡོམ་པ་དེའི་ཐོབ་པའི་རྒྱུན་ལྟ་བུ་ལ་ཡང་སེམས་ཡོད་མེད་ཀྱི་གནས་སྐབས་གཉིས་ཀར་ཡོད་པ་དང་། དགེ་བ་དང་མི་དགེ་བ་དང་རྒྱུན་རྗེས་སུ་འབྲེལ་པ་ཡོད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཆེད་དུ་འབྱུང་བ་ཆེན་པོ་རྣམས་ཀྱི་བསྐྱེད་རྟེན་གནས་སྟོན་འཕེལ་པའི་ཚུལ་གྱིས་རྒྱུར་བྱས་པའི་རྣམ་རིག་མིན་པའི་གཟུགས་དེ་ནི་གཟུགས་དང་བྱེད་པའི་རང་བཞིན་ཡིན་ཀྱང་རིག་བྱེད་ལྟར་ཀུན་སློང་གཞན་ལ་རྣམ་པར་རིག་པར་བྱེད་པ་མིན་པའི་གཟུགས་སུ་བརྗོད་དེ་སློབ་དཔོན་གྱི་བཞེད་པར་སྟོན་པའོ། །འདིར་བརྗོད་ཅེས་པའི་རང་འགྲེལ་ལས། སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ་ཞེས་འབྱུང་ལ། དེ་དོན་གང་སྤེལ་གྱིས། སྟོན་པའི་གསུང་མ་ཡིན་ནོ་སྙམ་དུ་དགོངས་སོ་ཞེས་འབྱུང་ལ། འགྲེལ་པ་མདོ་དང་མཐུན་པ་ལས། སློབ་དཔོན་གྱི་ཚིག་མ་ཡིན་པར་སྟོན་པའོ་ཞེས་ཀྱང་བྲིས་སྣང་བས་བརྟག་དགོས་སོ། །འདིར་སློབ་དཔོན་འདུས་བཟང་གིས། འདི་ལ་མ་ཚང་བསྟན་བཅོས་འགལ། །ཉམས་དང་དེ་མིན་དེ་ཉིད་ཐལ། །ཡང་སྒྲ་ལྷག་བརྗོད་ཁྱད་པར་དུ། །བྱ་བ་ཁྱད་པར་མ་བྱས་སོ། །ཞེས་བཀོད་མ་ཐག་པའི་རིག་མིན་གྱི་གཟུགས་ཀྱི་མཚན་ཉིད་ལ་སྐྱོན་བརྗོད་པར་སྣང་སྟེ། འོ་ན་རིག་མིན་གྱི་སྐད་ཅིག་དང་པོ་ལ་ཁྱེད་ཀྱིས་བཀོད་པའི་མཚན་ཉིད་དེ་མ་ཚང་པར་ཐལ། རྗེས་སུ་འབྲེལ་བ་རྒྱུན་གྱི་དོན་ཅན་དུ་གྲུབ་པའི་ཕྱིར། ཡང་རིག་བྱེད་མ་ཡིན་པ་རྫས་སུ་མ་གྲུབ་པར་ཐལ། དེ་རྗེས་འབྲེལ་རྫས་སུ་མེད་པ་ཉིད་ཀྱི་ཕྱིར། འདོད་ན་བསྟན་བཅོས་དང་འགལ་ལོ། །མཉམ་པར་བཞག་པའི་ས་པའི་བསམ་གཏན་དང་ཟག་མེད་ཀྱི་རིག་བྱེད་མ་ཡིན་པའི་གཟུགས་ཆོས་ཅན། རིག་མིན་(༦༡བ)


K8Z006_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་ཉིད་ཀྱིས་དེ་ཡིན་པ་ཉམས་པར་བྱས་པར་ཐལ། གཟུགས་དེ་དག་གཡེངས་དང་སེམས་མེད་ཀྱི་རྗེས་སུ་འབྲང་བའི་རིག་མིན་གྱི་གཟུགས་མིན་པའི་ཕྱིར། གྲུབ་སྟེ། ཐ་མ་གཉིས་ནི་སེམས་རྗེས་འབྲེང་ཞེས་སོ། །ཡང་མ་གཡེངས་སེམས་བཅས་ཀྱི་སྐབས་སུ་འབྲེལ་བས་མི་ལྟོའོ་ཞེ་ན། འོ་ན་དགེ་མི་དགེའི་རིག་བྱེད་ཀྱི་གཟུགས་རིག་མིན་མ་ཡིན་པ་ཆོས་ཅན། རིག་མིན་དེ་ཉིད་དུ་ཐལ། མ་གཡེངས་སེམས་བཅས་ཀྱི་རྗེས་སུ་འབྲེལ་བའི་ཕྱིར། ཡང་སྒྲ་ལྷག་པར་ཡང་ཁྱོད་ཀྱིས་བརྗོད་པར་ཐལ། གཡེངས་དང་ཞེས་པའི་དང་གི་སྒྲ་སེམས་དང་བཅས་པའི་གནས་སྐབས་ཐམས་ཅད་བསྡུས་ཟིན་པས་སེམས་མེད་པའི་ཡང་ཞེས་པས་བསྡུ་བར་བྱ་བ་དག་ལྷག་མར་མ་ལུས་པའི་ཕྱིར། སེམས་མེད་པའི་ཁྱད་པར་དུ་བྱ་བའི་སྐབས་སུ་ཆོས་ཅན། རིག་མིན་གྱི་གཟུགས་ཁྱད་པར་དུ་འགྲོ་བ་གསལ་བར་མ་བྱས་པར་ཐལ། སེམས་མེད་པའི་དབང་དུ་བྱས་ནས་དགེ་བའི་རིག་བྱེད་མིན་པའི་རྗེས་འགྲོ་དམིགས་ཀྱིས་མ་བཀར་བའི་ཕྱིར། དེར་མ་ཟད་ཐོགས་མེད་ཀྱིས་གཟུགས་ཞེས་ཁྱད་པར་དུ་བྱ་བའི་ཆོས་ཀྱང་ཁྱད་པར་དུ་མ་བྱས་པར་ཐལ་བའི་སྐྱོན་ཡོད་དོ་ཞེས་ཟེར་རོ། །ཀླན་ཀ་དེ་དག་མི་འཇུག་སྟེ། སྐད་ཅིག་མ་དང་པོ་ཡང་རྒྱུན་ཉིད་དུ་འགྲོ་བ་ཡིན་ཏེ། རང་དུས་ཀྱི་སྐད་ཅིག་ཕྱི་མ་ལ་བལྟོས་ནས་འབྲེལ་བ་ཅན་གྱི་རྒྱུན་གྱི་ངོ་བོར་སོང་བའི་ཕྱིར། དཔེར་ན། འབབ་ཆུའི་དང་པོར་འབྱུང་བའི་ཆུ་སྣ་ལ་རྒྱུན་དུ་བརྗོད་པ་བཞིན་མ་ཁྱབ་པ་མེད་དོ། །དེས་ན་རྗེས་སུ་འབྲེལ་བའི་རྒྱུན་ཅན་གྱི་རྫས་ཉིད་དུ་སྟོན་པས་མ་ཚང་བའི་སྒྲ་སྐྱོན་ཡང་མེད་དོ། །དེས་ན་བསྟན་བཅོས་དང་འགལ་བ་མེད་དེ། རྒྱུན་ཅན་རྫས་སུ་ཡོད་པར་བྱེ་སྨྲ་ཉིད་ཀྱི་གྲུབ་མཐའ་ཡིན་པའི་ཕྱིར། མཉམ་གཞག་གི་རིག་བྱེད་མིན་པ་དེ་གཡེངས་དང་སེམས་མེད་ཀྱི་ཚེ་མེད་ཀྱང་། རིག་(༦༢ན)


K8Z006_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་མི་འགྲོ་སྟེ། རིག་མིན་གྱི་གཟུགས་ལ་མཉམ་པར་བཞག་པ་དང་མ་བཞག་པའི་ཁྱད་པར་གྱི་རབ་ཏུ་ཕྱེ་བའི་ཚུལ་གྱིས་ལྡན་པའི་ཕྱིར། དེ་ཇི་ལྟར་ལྡན་ན། འདོད་པའི་རྟེན་ཅན་གྱི་སོ་སོར་ཐར་པའི་སྡོམ་ལྡན་གཡེངས་པ་དང་སེམས་མེད་པའི་སྙོམས་འཇུག་གཉིས་ལ་ཞུགས་པའི་ཚེ། འདོད་པའི་དགེ་བའི་རིག་མིན་གྱི་གཟུགས་དེ་རྗེས་སུ་འབྲེལ་གྱི་དེ་ལས་ཁམས་གོང་ལ་སོགས་པར་རྗེས་སུ་འབྲེལ་བའི་དོན་ནི་མ་ཡིན་ཏེ། རང་འགྲེལ་ལས། སེམས་མེད་པའི་ཡང་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པའི་ཡང་ཡིན་པའོ། །ཞེས་དང་། གང་སྤེལ་ལས། འདུ་ཤེས་མེད་པ་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པའི་ཕྱིར་སེམས་མེད་པ་ནི་སྙོམས་པར་འཇུག་པ་གཉིས་ཁོ་ན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཞེས་འབྱུང་བའི་ཕྱིར། སེམས་ཙམ་པས། ཡིད་དང་རྣམ་ཤེས་འབྱུང་བ་ནི། །རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམ་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་དང་། སའི་དངོས་གཞིར་ལྷག་མེད་མྱང་འདས་ཀྱི་དབྱིངས་དང་སྨྱོ་བ་དང་སེམས་འཁྲུགས་པ་དང་གྲུབ་མཐའ་ངན་པས་ཕྱིན་ཅི་ལོག་གི་རྟོག་པའི་དུས་ཏེ་སེམས་མེད་བདུན་ཙམ་བཤད་པའི་བྱེ་སྨྲས་ནི། གཉིད་དང་བརྒྱལ་བ་སེམས་མེད་དུ་མི་འདོད་ཅིང་། སྨྱོ་སོགས་ནི་སེམས་མེད་བརྟགས་པ་བ་ཡིན་ལ་ལྷག་མེད་ན་ནི་སྡོམ་པ་རྗེས་སུ་འབྲང་བས་དཔྱད་མི་དགོས་ལ། འབྲས་བུ་སྐྱེ་བའི་འདུ་ཤེས་མེད་པ་པ་སེམས་མེད་ཡིན་ཀྱང་འདུ་ཤེས་མེད་པ་པ་ན་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའང་མེད་ལ། དེ་མེད་ན་སོ་ཐར་གྱི་སྡོམ་པ་ལྟ་ག་ལ་ཡོད། གཟུགས་མེད་ན་བསམ་གཏན་གྱི་སྡོམ་པ་མེད་ཀྱང་ཟག་མེད་ཀྱི་སྡོམ་པའི་ཐོབ་པ་ཡོད་དེ། ཇི་སྐད་དུ། ཟག་མེད་ནི། བསམ་གཏན་(༦༢བ)


K8Z006_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་འདུ་ཤེས་མེད། །སེམས་ཅན་མ་གཏོགས་གཟུགས་མེད་ནའང་། །ཞེས་འབྱུང་ངོ་། །སྡོམ་པ་གསུམ་གང་གི་ཁྱད་པར་དུ་མ་བྱས་པའི་ལུས་ངག་གི་དགེ་བ་བདུན་གྱི་ཐོབ་པ་ནི་འདུ་ཤེས་མེད་པ་ལའང་མ་བཀག་སྟེ། ཇི་སྐད་དུ། གཟུགས་མེད་འདུ་ཤེས་མེད་སེམས་ཅན། །རྙེད་པས་བདུན་ཡོད། །ཅེས་འབྱུང་བའི་གཟུགས་མེད་ཅེས་པའང་དེར་ཡོད་ཀྱི་འཕགས་པའི་དབང་དུ་བྱས་སོ་ཞེས་པ་ནི་ཞར་ལ་འོངས་པའོ། །དགེ་མི་དགེའི་རིག་བྱེད་ནི་རིག་བྱེད་མ་ཡིན་པར་མི་ཐལ་ཏེ། རིག་བྱེད་ལ་ནི་ལུང་མ་བསྟན་ཡོད་པས་དགེ་དང་མི་དགེ་ཁོ་ནར་མ་ངེས་པའི་ཕྱིར། ཡང་རིག་བྱེད་མ་ཡིན་པ་ནི་རིག་བྱེད་འགག་ཀྱང་མི་འགག་པས་མཆོག་ཏུ་རྗེས་སུ་འབྲེལ་བ་ཡིན་ལ། རིག་བྱེད་ནི་མཆོག་ཏུ་རྗེས་སུ་འབྲེལ་བ་མ་ཡིན་པའི་ཕྱིར། ཡང་སྒྲ་ལྷག་པའང་མ་ཡིན་ཏེ། རིག་བྱེད་མ་ཡིན་པའི་རྟེན་གྱི་གང་ཟག་གསུམ་ཡོད་པ་ལས། གཡེངས་པ་དང་སེམས་མེད་པ་དང་། སེམས་བཅས་མ་གཡེངས་པ་གསུམ་གྱི་དང་པོ་གཉིས་ལ་རིག་མིན་ཡོད་པར་དངོས་སུ་བསྟན་ནས། གསུམ་པ་ལ་ཡང་སྒྲས་བསྟན་པ་ཉིད་ཀྱི་ཕྱིར། སེམས་མེད་པའི་སྐབས་སུ་རིག་མིན་རྗེས་སུ་འགྲོ་བ་ཁྱད་པར་དུ་བྱ་དགོས་པ་ལས་མ་བྱས་སོ་ཞེས་པ་ནི་གྱི་ནར་ཟད་དེ། མཚན་ཉིད་འདི་རིག་མིན་གྱི་སྤྱིའི་མཚན་ཉིད་དུ་བཤད་པའི་སྐབས་ཡིན་པས། བྱེ་བྲག་གི་རིག་མིན་ཁ་ཅིག་ལ་མ་ཁྱབ་པ་འདིར་ཁྱད་པར་དུ་བྱས་ནས་སྟོན་དགོས་པ་མ་ཡིན་པའི་ཕྱིར། མིན་ན་ཁྱོད་རང་གིས་ཀྱང་རྣམ་རིག་མིན་པའི་མཚན་ཉིད་བཞག་པ་ན་སེམས་མེད་ཀྱི་སྐབས་སུ་ཁྱད་པར་དུ་བྱ་བ་ཁྱད་པར་དུ་མ་བྱས་པར་ཐལ་བ་ཉིད་སྦྱར་སྣང་སྟེ། བྱས་པ་དང་ཡང་མི་འདྲ་བའི། །སེམས་ལའང་སེམས་མེད་པ་ལ་གང་། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་རིག་བྱེད་མིན་འདོད། །ཅེས་དེར་ཡང་སེམས་མེད་ལ་རིག་མིན་(༦༣ན)


K8Z006_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་འགྲོར་དམིགས་ཀྱིས་མ་བཀར་བར་སྣང་བའི་ཕྱིར། དེས་ན་ཁྱད་པར་དུ་བྱ་བ་ཁྱད་པར་དུ་མ་བྱས་པའང་མ་ཡིན་ཏེ། སེམས་མེད་ལ་དགེ་བའི་རིག་མིན་སྲིད་པ་ནི་གནས་བཞི་པར་སྟོན་ལ། གང་ཐོགས་པ་མེད་པའོ་ཞེས་པ་ནི་འོག་ཏུ། ཐོགས་དང་བཅས་པའི་གཟུགས་ཅན་བཅུ། །ཞེས་ངེས་པར་བཟུང་བས་ཆོས་ཁམས་རིག་མིན་ཐོགས་མེད་དུ་འགྲུབ་པོ། །དཔལ་ཟི་ལུང་པ་ན་རེ། བསམ་ཟག་གི་སྡོམ་པ་ལ་རྣམ་རིག་མིན་པས་ཁྱབ་པ་བརྟག་དགོས་ཤིང་། སོ་ཐར་གྱི་སྡོམ་པ་ལ་རིག་བྱེད་ཡིན་མིན་གཉིས་ཀ་ཡོད་པའང་བརྟག་དགོས་ཏེ། དང་པོ་ནི། མཛོད་རྩ་འགྲེལ་དུ། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཞེས་སོགས་ཀྱིས་ཡིད་ཀྱི་སྡོམ་པ་བཤད་པས་བསམ་གཏན་དང་ཟག་མེད་ཀྱིའང་དེ་སྤོང་བའི་སྡོམ་པ་ཅི་སྟེ་ཁས་མི་ལེན་ཅེས་དང་། གཉིས་པ་ནི། སོ་ཐར་གྱི་སྡོམ་པ་ལ་རིག་བྱེད་ཀྱི་གཟུགས་ཡོད་ན་གཟུགས་རྣམ་སྨིན་སྐྱེས་ཀྱི་ལུང་མ་བསྟན་ཡིན་པས་སོ་ཐར་གྱི་སྡོམ་པ་རིག་མིན་དེ་དགེ་བ་མ་ཡིན་པར་ཐལ་ལོ་ཞེས་སྨྲའོ། །བརྟག་པ་འདི་དག་ལས། བརྟག་པ་དང་པོ་ནི། མི་ལྡན་རྣམ་གཅོད་ཀྱིས་གཞན་ལྡན་འགར་ཡང་མ་བཅད་པས་བརྟག་པའི་གཞི་མེད་ལ། ཡོད་ན་ཧ་ཅང་ཐལ་ལོ། །བརྟག་པ་གཉིས་པ་ནི། བྱེ་སྨྲ་དག་གིས་སྔོན་ཉིད་ནས་དཔྱད་པས་དག་ཟིན་པས་ཁྱེད་ཅག་ངལ་བར་བགྱིས་པ་ཐམས་ཅད་སྙིང་པོ་མེད་པའི་ལས་སུ་ཐལ་བའོ། །དང་པོ་ནི། འབྲས་བུའི་བསམ་གཏན་གྱི་ས་པ་དང་། འཕགས་པ་ལ་གཟུགས་ཀྱི་དབང་དུ་བྱས་པའི་སྡོམ་པ་ལ་རིག་མིན་མི་ལྡན་པ་རྣམ་པར་བཅད་ནས་ལྡན་པར་བསྟན་པས་དེའི་ཡིད་ཀྱི་རྒྱུད་ལ་སྤོང་སེམས་ཀྱི་སྡོམ་པ་གཞན་ལྡན་དུ་ཡོད་པ་འགར་ཡང་མ་བཅད་པ་ཉིད་ཀྱི་ཕྱིར། དེར་ཡིད་ཀྱི་སྡོམ་པ་ཡོད་པ་སུ་ཞིག་གི་ངོར་སྒྲུབ། ཡང་མཛོད་རྩ་འགྲེལ་ནས་ཡིད་ཀྱི་སྡོམ་པ་བཤད་པ་ཙམ་གྱིས་བསམ་ཟག་ལ་དེ་ཁོ་ན་སྒྲུབ་(༦༣བ)


K8Z006_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དུ་སྦྲེལ་ན། བསམ་ཟག་ན་རིག་བྱེད་དུ་གྱུར་པའི་སྡོམ་གཟུགས་ཀྱང་ཡོད་པར་ཐལ། མཛོད་རྩ་འགྲེལ་དུ་ལུས་ངག་གི་སྡོམ་པ་ཡང་ལེགས་པར་བཤད་པའི་ཕྱིར། གཉིས་པ་ནི། ལུས་ངག་གི་རིག་བྱེད་དུ་གྱུར་པའི་ལས་དགེ་མི་དགེ་ཡོད་པ་ནི། བསམ་པའི་ལས་ཡོད་པ་ཉིད་ཀྱིས་གྲུབ་སྟེ། དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་འབྱུང་བའི་ཕྱིར། འོ་ན་ལུས་ངག་གི་ལས་དགེ་མི་དགེ་དེ་ལ་དབྱེ་བ་ཇི་ལྟ་བུ་ཞེ་ན། དེ་དག་རྣམ་རིག་རྣམ་རིག་མིན། །ཅེས་གཉིས་གཉིས་སུ་ཡོད་པར་བསྟན་ནས་རིག་མིན་ལ་རྣམ་སྨིན་སྐྱེས་མེད་པས་ལུང་མ་བསྟན་དུ་དོགས་པ་སེལ་མི་དགོས་ལ། རིག་བྱེད་ཀྱི་དབྱིབས་གཟུགས་གསར་པ་དེ་ལུས་ངག་ཁ་དོག་གི་གཟུགས་སྔ་མ་དང་འཁྲུལ་གཞི་ཆེ་བས་དེ་ལུང་མ་བསྟན་དུ་འགྱུར་དོགས་ནས། འོ་ན་ལུས་ངག་གི་རིག་བྱེད་དགེ་མི་དགེ་དེ་རྣམ་སྨིན་གྱི་ལུས་ངག་ཉིད་ཡིན་ནམ་ཞེ་ན། མ་ཡིན་ནོ་ཞེས་བསྟན་པ་ནི། ལུས་རྣམ་རིག་བྱེད་དབྱིབས་སུ་འདོད། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་བསྟན་ཏེ། འདི་ལྟར་ལུས་ཀྱི་རིག་བྱེད་ཕྱག་འཚལ་བ་དང་སྲོག་གཅོད་ཀྱི་ལས་ལྟ་བུ་དགེ་མི་དགེའི་དབྱིབས་ཀྱི་གཟུགས་དེ་རྣམ་སྨིན་གྱི་རིག་བྱེད་ཀྱི་ཁ་དོག་ལས་ཐ་དད་པའི་དབྱིབས་གསར་པ་རྫས་གྲུབ་ཅིག་སྤྱི་བོ་ནས་རྐང་པའི་བར་ཡོད་ལ། དེ་ནི་རྣམ་སྨིན་གྱི་ལུས་ཀྱི་གསེབ་ཏུ་ཆུད་ཀྱང་རིག་བྱེད་འོད་ལྟར་དང་བས་ལུས་བོངས་ཆེ་བ་དང་ལྕི་བར་ཡང་མི་འགྱུར་བའི་ཕྱིར་ནགས་ལ་མེ་ཞུགས་པ་བཞིན་ནོ་ཞེས་བྱེ་སྨྲ་ཉིད་འདོད་དོ། །ཟི་ལུང་པས། ནགས་ལ་མེ་ཤོར་བའི་དཔེས་རྣམ་སྨིན་གྱི་ལུས་ལས་རྫས་གཞན་དུ་མེད་པ་ཉིད་ཀྱི་ཕྱིར། ཡོད་ན་ལུས་རྫས་གཞན་གཉིས་སུ་ཐལ་ལོ། །ཞེས་བླུན་པ་ཉིད་ཀྱིས་དབང་ཟ་བའི་རས་གཅོད་བྱེད་མོད། ནགས་ལ་མེ་ཞུགས་པའི་མེའི་རྫས་ནགས་ཀྱི་རྫས་ཡིན་ན་བསྲེག་བྱ་སྲེག་བྱེད་དུ་མི་འགྱུར་བས་(༦༤ན)


K8Z006_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ལས་གཞན་པའི་མེ་མེད་པར་སུ་ཞིག་གིས་རྟོགས། དཔེ་མ་གོ་བ་ཉིད་ཀྱིས་རིག་བྱེད་ཀྱི་དབྱིབས་གཟུགས་རིག་བྱེད་ཀྱི་ཁ་དོག་གི་གཟུགས་ལས་རྫས་གཞན་དུ་མེད་པ་ཁྱོད་རང་གིས་མོས་པ་ཙམ་ལས་ཅི་ལྟར་འགྲུབ། དགེ་མི་དགེའི་རིག་བྱེད་ཀྱི་དབྱིབས་རྫས་ལུས་ལ་ཁྱབ་པར་ཁས་བླངས་པས་ལུས་རྫས་གཉིས་སུ་འགྱུར་དགོས་ན་རྒྱས་བྱུང་གི་རྒྱུའི་འབྱུང་བས་ལུས་རྒྱས་པའི་ཆེད་དུ་ལུས་ལ་ཁྱབ་པ་ནའང་། ལུས་རྫས་གཞན་གཉིས་སུ་ཁྱོད་རང་ལའང་འགྱུར་རོ། །དེས་ན་བྱེ་སྨྲས། རིག་བྱེད་ཀྱི་དགེ་མི་དགེའི་ལས་རྫས་གསར་པ་བ་ཁས་ལེན་པ་ལ། གནས་མ་བུ་པས། ཡུལ་གཞན་ན་ཡོད་པའི་རིག་བྱེད་དེ་མ་ཉམས་པར་ཡུལ་གཞན་དུ་འགྲོ་བའི་རྫས་མི་རྟག་པ་མ་ཡིན་པར་འདོད་ལ། དེ་བྱེ་སྨྲས་འགོག་པ་ནི། འགྲོ་མིན་གང་ཕྱིར་འདུས་བྱས་ནི། །སྐད་ཅིག་པ་ཡིན་འཇིག་ཕྱིར་རོ། །ཞེས་བརྗོད་ལ། མདོ་སྡེ་པས་རིག་བྱེད་ཀྱི་དབྱིབས་རྫས་གྲུབ་ལ་སྐྱོན་བརྗོད་པ་ནི། གཉིས་བཟུང་འགྱུར་ཏེ་རྡུལ་ལ་མེད། །ཅེས་རིག་བྱེད་དུ་གྱུར་པའི་སྡོམ་པ་དང་སྡོམ་མིན་གྱི་ལས་ཀྱི་རྣམ་གཞག་སློབ་དཔོན་བདག་ཉིད་ཆེན་པོ་དབྱིག་གཉེན་ཉིད་ཀྱིས་གཞུང་འདིར་རིགས་པས་ལེགས་པར་གཏན་ལ་ཕབ་ཟིན་པས་ཁྱེད་ཅག་ནོར་བུ་ལས་ཕུད་པའི་ཤུན་པ་ལ་ནོར་བུ་འཚོལ་བའི་དཔྱད་པ་ལྟ་བུར་མ་གྱུར་ཏམ། ཡང་ཁྱེད་ཅག་ལུས་ངག་གི་རིག་བྱེད་དགེ་མི་དགེ་དེ། དེ་ཉིད་ཀྱི་རྣམ་སྨིན་གྱི་ལུས་ཉིད་ཀྱིས་བསྡུས་ཏེ། དེའི་ལུས་ངག་གི་རིག་བྱེད་དགེ་མི་དགེའི་དབྱིབས་དེ་རིག་བྱེད་ཀྱི་ཁ་དོག་གི་རྫས་ཆ་སྔ་མ་ལས་བྱུང་བའི་ཕྱིར་སྙམ་ན་ནི། འོ་ན་རྣམ་རིག་མིན་པའི་སྡོམ་པའང་རྣམ་སྨིན་སྐྱེས་ལུང་མ་བསྟན་དུ་ཐལ། དེ་ལུས་ངག་གི་རིག་བྱེད་ཁ་དོག་གི་རྫས་ཆ་སྔ་མ་ལས་བྱུང་བའི་ཕྱིར། མ་གྲུབ་བོ་ཞེ་ན། ཇི་སྐད་དུ། ཡང་དག་(༦༤བ)


K8Z006_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླངས་པའི་ཚུལ་ཁྲིམས་ནི་རྣམ་པར་རིག་བྱེད་ལ་རག་ལུས་པའི་ཕྱིར་ལས་ཀྱི་ལམ་གཟུགས་ཅན་བདུན་ནི་གདོན་མི་ཟ་བར་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀ་ཡོད་དོ། །ཞེས་འབྱུང་བའི་ཕྱིར། ཡང་རིག་བྱེད་དེ་དབྱིབས་ཀྱི་རིག་བྱེད་ཀྱི་དགེ་བའི་ལས་དེའོ་ཞེ་ན་ནི། གཟུགས་ཀྱི་རིག་བྱེད་དེ་ཁྱེད་ཅག་དགེ་བ་གཏན་མིན་པར་སྒྲུབ་པའི་སྐབས་མིན་ནམ། ཐུགས་དྲན་རྣལ་དུ་ཞོག །ཁྱབ་པ་མེད་ན་ཁྱབ་པ་ཉིད་ཀྱི་ཡིན། འདོད་ན་སྨྱོན་པ་དང་ལྷན་ཅིག་ག་ལ་རྩོད། །ངག་དོན་རྣམ་སྨིན་གྱི་འབྱུང་བ་རྒྱུར་བྱས་ལ། ལུས་ངག་གི་སྒྲ་གཟུགས་ཀྱི་དགེ་བ་རྣམ་སྨིན་སྐྱེས་སུ་མི་སྟོན་པ་ནི་བྱེ་སྨྲ་དག་གི་གཏིང་ཚུགས་པའི་གྲུབ་མཐའ་ཡིན་ཏེ། དེ་ཡང་འདི་ལྟར་སྟོན་པའི་གསུང་ཚངས་པའི་སྒྲ་དབྱངས་ཅན་གྱི་རིག་བྱེད་ཀྱི་དགེ་བའི་ལས་དེ་ཉི་འོག་པ་རྣམས་དེའི་རྒྱུའི་ལས་དེ་དག་ལས་རྣམ་སྨིན་གྱི་བདག་ཉིད་ཀྱི་འབྱུང་བ་གྲུབ། དེ་ལས་གསུང་ཚངས་པའི་སྒྲ་དབྱངས་གྲུབ་པས་བརྒྱུད་པ་གསུམ་པ་དང་། ཁ་ཆེ་བ་ནི་ལས་ལས་རྣམ་སྨིན་སྐྱེས་ཀྱི་འབྱུང་བ་དང་། དེ་ལས་རྒྱས་བྱུང་དང་། དེ་ལས་རྒྱུ་མཐུན་ལས་བྱུང་བ་དང་། དེ་ལས་གསུང་དབྱངས་འབྱུང་བས་བརྒྱུད་པ་ལྔ་པ་ཡིན་པར་སྨྲ་ལ། སྒྲའི་རིག་བྱེད་ཀྱི་ལས་དགེ་བ་ལ་དེ་ལྟར་འབྱུང་བ་ལྟར་གཟུགས་ཀྱི་རིག་བྱེད་ཀྱི་ལས་དགེ་བ་དང་མི་དགེ་བ་ལའང་དེ་ལྟར་སྦྱར་དགོས་པ་ཉིད་ཀྱི་ཕྱིར། དེས་ན་ངག་གི་རིག་བྱེད་ཀྱི་དགེ་མི་དགེའང་སྒྲ་ཉིད་དུ་སྟོན་པས་རྣམ་སྨིན་ལས་སྐྱེས་པ་མིན་པར་ཡང་གྲུབ་སྟེ། ངག་རྣམ་རིག་བྱེད་ནི་ངག་སྒྲ། །ཞེས་དང་། སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །ཅེས་འབྱུང་བའི་ཕྱིར། དེས་ན་ཕྱོགས་སྔ་མ་དག་གི་འདི་འཐད་ཀྱི་འཁྲུལ་བཤད་བྱུང་ངོ་ཅོག་ཀྱང་གནད་འདི་ལྟ་བུ་བློ་ཡུལ་དུ་མ་ཤར་བའི་གྲོག་སྐམ་གྱིས་ཉ་རྒྱ་འཐག་པ་ལྟར་ཟད་དོ། །མདོར་ན་ཁོ་བོ་ཅག་ནི་ལུས་ངག་(༦༥ན)


K8Z006_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

གི་དགེ་མི་དགེ་ནི་བྱེ་སྨྲ་ཁོ་ནས་འདོད་ཀྱི། མདོ་སྡེ་པ་དང་ཐེག་ཆེན་པས་ནི་དེ་མི་འདོད་དེ། བྱེ་སྨྲས་དེའི་དབང་དུ་བྱས་ཏེ། གནས་བཞི་པར་ལུས་ངག་གི་ལས་དགེ་མི་དགེ་བཤད་མ་ཐག་པའི་གཞུང་དོགས་གཅོད་དང་བཅས་ཏེ་བརྗོད་པ་ཡིན་ལ། མདོ་སྡེ་པ་ནི་ལུས་ངག་གི་རང་བཞིན་ནི་ལས་མ་ཡིན་གྱི། འོན་ཀྱང་དེ་དག་གི་དུས་སུའང་སེམས་པ་ཉིད་ལས་ཡིན་ཏེ། སེམས་པ་དགེ་མི་དགེར་གྱུར་ན་ལུས་ངག་མི་དགེ་བ་དང་དགེ་བར་སྣང་ཡང་དོན་དགེ་བ་དང་སྡིག་པར་འགྱུར་བའི་ཕྱིར། སེམས་པ་དང་བསམ་པའི་ལས་གཉིས་སུ་གསུངས་པ་དེ་རྒྱུ་དང་དུས་ཀྱི་ཀུན་སློང་གི་དབང་དུ་མཛད་ནས་གསུངས་པ་ཡིན་ལ། ལུས་ངག་ལས་སུ་གསུངས་པ་ནི་སེམས་པ་དེ་མཐར་ཕྱིན་པར་བྱེད་པའི་ཕྱིར་ལས་སུ་བཏགས་ནས་གསུངས་པ་ཡིན་གྱི་ཐམས་ཅད་དུའང་སེམས་པ་ཉིད་ལས་སུ་འདོད་ལ། ཐེག་པ་གོང་མ་ཐམས་ཅད་པ་ནི་ལུས་ངག་གི་བེམས་པོའི་ཆ་ནི་བདེ་སྡུག་གི་འབྲས་བུ་སྐྱེད་བྱེད་ཀྱི་དགེ་མི་དགེར་གཏན་མི་བཞེད་པའི་ཕྱིར། དེས་ན་ཁྱེད་ལ་འདིར་འགྱུར་ཏེ། ལུས་ངག་གི་དགེ་མི་དགེ་མཚན་ཉིད་པ་ཁས་ལེན་པའི་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་འགའ་ཡང་མེད་པར་ཐལ། མདོ་སྡེ་པ་ཡན་གྱིས་ནི་དེ་ལྟར་ཁས་མི་ལེན་པ་དེ་དག་གིས་བསྟན་བཅོས་ཀུན་ལ་གསལ་ཞིང་། བྱེ་སྨྲའི་ལུགས་ལ་དེ་ལྟར་མི་འདོད་དོ་ཞེས་པ་ནི་ཁྱེད་རང་གི་རྩལ་བཤད་དུ་བྱས་པའི་ཕྱིར། རྟགས་ཁྱབ་གྲུབ། འདོད་ན་ལུས་ངག་གི་དགེ་མི་དགེ་སངས་རྒྱས་པའི་ལུགས་ལ་བཞག་ཏུ་མེད་པར་ཡང་འགྱུར་རོ། །སོ་ཐར་གྱི་སྡོམ་པ་ལ་རིག་བྱེད་ཡེ་མེད་ན་སོ་ཐར་གྱི་སྡོམ་པའི་སྐད་ཅིག་དང་པོ་དབྱེ་གཞིར་བཞག་ནས་རིག་བྱེད་ཡིན་མིན་དབྱེ་བར་བྱས་ཏེ་དེ་ལྟ་བུ་དབྱེ་བ་དབྱེ་གཞི་དང་བཅས་པ་མཚན་གཞིར་བཞག་ནས་དེའི་མཚན་ཉིད་ལ་ཁྱད་པར་གསུམ་སྟེ། སོ་སོར་ཐར་བ་དང་སོ་སོར་ཐར་པའི་སྡོམ་(༦༥བ)


K8Z006_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སོ་སོར་ཐར་པའི་ལས་ལམ་དངོས་གསུམ་ལ། སྐད་ཅིག་དང་པོ་ལ་དེ་གསུམ་ཚང་གི། སྐད་ཅིག་ཕྱི་མ་ལ་མཚན་ཉིད་དེ་གསུམ་ལས་སོ་ཐར་གྱི་སྡོམ་པ་དེ་ཚང་གི་གཞན་གཉིས་མ་ཚང་ངོ་ཞེས་མཛོད་རྩ་འགྲེལ་ལས་བསྟན་པ་འདི་ལ་ནི་སུས་ཀྱང་བསྙོན་པར་བྱར་མེད་དེ། ཇི་སྐད་དུ། དང་པོའི་རྣམ་རིག་རྣམ་རིག་མིན། །སོ་སོ་ཐར་དང་བྱ་བའི་ལམ། །སྡོམ་པ་ཡང་དག་པར་བླང་བའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དང་པོ་དག་ནི་སོ་སོར་ཐར་པ་ཞེས་བྱ་སྟེ། དེས་སྡིག་པ་ལས་སོ་སོར་ཐར་པའི་ཕྱིར་ཏེ་སྤངས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སོ་སོ་ཐར་པའི་སྡོམ་པ་ཞེས་ཀྱང་བྱ་སྟེ། ལུས་དང་ངག་སྡོམ་པའི་ཕྱིར་ལས་ཀྱི་ལམ་ཞེས་ཀྱང་བྱའོ། །སྐད་ཅིག་མ་གཉིས་པ་ལ་སོགས་པ་ནི་སོ་སོ་ཐར་པའི་སྡོམ་པ་ཁོ་ན་ཡིན་གྱི། སོ་སོར་ཐར་པ་ནི་མ་ཡིན་ནོ། །འཇུག་ཡིན་གྱི་ལས་ལམ་དངོས་ནི་མ་ཡིན་ནོ་ཞེས་འབྱུང་བ་ཉིད་ཀྱི་ཕྱིར་རོ། །འདི་ལ་ཁ་ཅིག །སྐད་ཅིག་དང་པོ་དེ་རིག་བྱེད་ཡིན་དུ་ཆུགསོ་སོར་ཐར་པ་ཡིན་པར་བསྟན་གྱི་སྡོམ་པར་མ་བསྟན་ཏོ། །ཞེས་ཟེར་བ་དེ་དག་གིས་ནི་དམུས་ལོང་ལ་ཉི་མའི་དཀྱིལ་འཁོར་བསྟན་པ་ན་ཅི་ཡང་མཐོང་བ་མེད་པ་ལ་ངས་ཅི་བྱར་ཡོད་པ་བཞིན་དུ་ཐབས་མེད་ལ། གཞན་དུ་ན། ཇི་སྐད་དུ། སྡོམ་པ་ཡང་དག་པར་བླང་བའི་རིག་བྱེད་དང་རིག་བྱེད་མིན་པ་དང་པོ་དག་ནི་སོ་སོ་ཐར་པ་ཞེས་བྱ་སྟེ། ཞེས་བླངས་པའི་སྡོམ་པ་ལ་རིག་བྱེད་ཡིན་མིན་གཉིས་ཀ་ཡོད་པར་བཟུང་ནས་དེ་གཉིས་ཀའང་སྐད་ཅིག་སྔ་ཕྱི་དུ་མ་ཡོད་པའི་དང་པོ་སོ་ཐར་དུ་བསྟན་ནས། འོ་ན་དེ་ལ་ཡང་ཕྱོགས་སྔ་མ་ལྟར་ཆེས་བླུན་པས་སྡོམ་པ་མིན་པར་དོགས་པ་ལ། དེ་སོ་ཐར་ཡིན་པར་མ་ཟད་སོ་ཐར་གྱི་སྡོམ་པའང་ཡིན་ཅེས་ཀྱང་སྒྲ་ངེས་བཟུང་དུ་སྦྱར་བ་ལས། གཞན་ཡང་སྒྲ་སྨོས་པ་དོན་མེད་པ་ཉིད་དུ་འགྱུར་བས། ཇི་སྐད་དུ། སོ་སོར་ཐར་པའི་སྡོམ་པ་ཞེས་(༦༦ན)


K8Z006_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱ་སྟེ། ཞེས་སྨོས་པའི་ཕྱིར་ཞེས་ཁོ་བོས་ཞིབ་བསེད་དུ་སྨྲས་ཟིན་པས་ཕྱིན་ཆད་ལོག་པར་སྨྲ་བ་ལས་ཡང་དག་པར་བཟློག་པར་གྱིས་ཤིག །གཉིས་པ་[དེའི་རྒྱུ་འབྱུང་བ་བཤད་པ་ལ་]ལ། འབྱུང་བའི་དབྱེ་བ། བྱེད་ལས། མཚན་ཉིད། དོགས་གཅོད་དོ། །དང་པོ་ནི། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་རྣམས། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་དང་། རེག་བྱ་བཅུ་གཅིག་ཅེས་པའི་འབྱུང་བ་དག་གང་ཞེ་ན། ལན་ནི། ས་ཁམས་དང་། ཆུ་དང་། མེ་དང་། རླུང་ཁམས་རྣམས་སོ། །དེའང་ཐོག་མ་མེད་པ་ནས་མི་འབྱུང་མ་མྱོང་བའམ། འབྲས་བུའི་གཟུགས་རྣམས་རང་གི་རྣམ་པར་འབྱུང་བར་བྱེད་པས་འབྱུང་བ་ཡིན་ལ། འབྲས་བུའི་གཟུགས་རྣམས་ཀྱི་རྒྱུར་ཆེ་བའང་རང་གི་བྱ་བ་ལ་ཤས་ཆེ་བས་ཆེན་པོ་སྟེ། འགྲེལ་པ་ལས། ཡང་ན་ས་དང་ཆུ་དང་མེ་དང་རླུང་དག་གི་ཕུང་པོ་དེ་དག་བྱ་བ་ལ་ཤས་ཆེ་བ་དག་ལ་དེ་རྣམས་ཆེན་པོར་གནས་པའི་ཕྱིར་རོ། །ཞེས་ཚོགས་ཤིང་འདུས་པའི་ཕུང་པོ་ལ་སྲ་བ་ལ་སོགས་པའམ། འཛིན་པ་ལ་སོགས་པའི་བྱ་བ་གསལ་ཞིང་ཤས་ཆེ་བའི་ཕྱིར། གོང་མ་བས། ཡོད་པ་རྒྱ་ཆེ། བརྟེན་པ་གཏོས་ཆེ། གནས་པ་ཐ་གྲུ་ཆེ་བས་སོ། །ཞེས་གསུངས་སོ། །ཁམས་ནི། དྷཱ་ཏུ་ཞེས་པ་དྷཱ་རའི་སྒྲ་ལས་འབྲས་བུའི་གཟུགས་ལེན་པའམ་རང་གི་མཚན་ཉིད་འཛིན་པས་ཁམས་སོ། །གཉིས་པ་ནི། འཛིན་པ་ལ་སོགས་ལས་སུ་གྲུབ། །ཐུན་མོང་གི་ལས་ལྔ་ཡིན་ལ། ཐུན་མོང་མ་ཡིན་པ་ནི། སའི་ལས་འབྲས་བུའི་གཟུགས་ཐུར་དུ་མི་ལྟུང་བར་འཛིན་པ་དང་། ལ་སྩོགས་པ་སྟེ་ཆུས་མི་འགྱེས་པར་སྡུད་པ་དང་། མེས་མ་རུལ་བས་མྱགས་པར་སྨིན་པ་དང་། རླུང་གིས་གོང་ནས་གོང་དུ་རྒྱས་པར་བྱེད་པ་དག་ལས་སུ་གྲུབ་བོ། །འོ་ན་ས་ལ་སོགས་པའི་འབྱུང་བ་རེ་རེ་ཞིང་འབྱུང་བ་བཞི་གར་ཡོད་དམ་སྙམ་ན། བྱེ་སྨྲས། ས་སོགས་ཀྱི་འབྱུང་བ་རེ་རེ་ལའང་མེ་སོགས་ཀྱི་བྱེད་ལས་རྗེས་སུ་དཔགས་ནས་རེ་རེ་ཞིང་འབྱུང་བ་བཞི་བཞི་པར་འདོད་དེ། རྡོ་བ་ལྟ་བུ་སྲ་བ་ས་ལའང་སྡུད་པ་དང་སྨིན་པ་དང་བསྐྱོད་པ་རྣམས་མཐོང་བས་ཆུ་མེ་(༦༦བ)


K8Z006_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གསུམ་ཡོད་པར་དཔག་ལ། ཆུ་ལའང་གྲུ་འདེགས་པ་དང་། དྲོ་བ་ཉིད་དང་། གཡོ་བའི་ལས་མཐོང་བས་ས་མེ་རླུང་རྣམས་ཡོད་ལ། མེ་ལ་ཡང་བརྟན་པ་དང་གོང་བུར་འདུག་པ་དང་། གཡོ་བ་རྣམས་མཐོང་བས་ས་དང་ཆུ་དང་རླུང་རྣམས་ཡོད་ལ། རླུང་ལ་ཡང་འདེགས་པ་དང་གྲང་བ་དང་དྲོ་རེག་མཐོང་བས་ས་ཆུ་མེ་རྣམས་ཡོད་པར་འཇོག་པ་ཉིད་ཀྱི་ཕྱིར་རོ། །མདོ་སྡེ་པས། ས་ལྟ་བུ་ལ་ཆུ་སོགས་གང་སྣང་བའི་ཆ་ནི་མངོན་གྱུར་དུ་ཡོད་ལ། མི་སྣང་བ་ནི་ས་བོན་ནམ་ནུས་པའི་ཚུལ་དུ་ཡོད་པར་འདོད་དོ། །འོ་ན་འབྱུང་བ་ནི་བཞིར་གྲངས་ངེས་ཏེ། ས་མེད་ན་འབྲས་བུ་རྣམས་ཐུར་དུ་ལྟུང་བར་འགྱུར་བས་འཛིན་པས་ས་དང་། ཆུ་མེད་ན་ཐལ་བ་སྐམ་པོ་ལྟར་ཡལ་བར་འགྱུར་བས་སྡུད་པས་ཆུ་དང་། མེ་མེད་ན་དབྱར་ཀ་ཤ་ཡི་གོང་བུ་ལྟར་རུལ་བར་འགྱུར་བས་སྨིན་པས་མེ་དང་། རླུང་མེད་ན་རྡོ་ཡི་འོག་གི་མྱུ་གུ་ལྟར་རྒྱས་པར་མི་འགྱུར་བས་འབྲས་གཟུགས་བསྐྱེད་པ་ལ་བཞི་པོ་འདི་ལས་ཉུང་ན་མི་ནུས་ཤིང་། མང་ན་མི་དགོས་པའི་ཕྱིར། ཡང་གོ་མ་ཕྱེ་ན་སྐྱེ་བར་མི་རུང་བས་ནམ་མཁས་ཀྱང་འབྲས་གཟུགས་འབྱུང་བའི་གོ་འབྱེད་དོ་ཞེ་ན། ནམ་མཁའ་ནི་གཞན་དུ་སོང་ནས་གོ་ཕྱེས་པ་མ་ཡིན་གྱི། གོ་མ་བཀག་ཙམ་གྱི་ཕྱིར། འབྲས་གཟུགས་སྐྱེད་བྱེད་ཀྱི་འབྱུང་བའི་བྱ་བ་དང་བྲལ་ལོ། །གསུམ་པ་ནི། སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ས་ནི་སྲ་ཞིང་འཐས་པ་དང་། ཆུ་ནི་གཤེར་ཞིང་བརླན་པ་དང་། མེ་ནི་ཚ་ཞིང་སྲེག་པའམ་དྲོ་བ་ཉིད་དང་། རླུང་ནི་རྒྱུན་ཡུལ་གཞན་དང་གཞན་དུ་གཡོ་བ་རྣམས་སོ། །བོད་ཁ་ཅིག །གཡོ་བ་སེམས་པ་ལ་ཡང་ཡོད་ལ། ཡང་བ་འབྲས་བུའི་རེག་བྱ་ལ་ཡང་ཡོད་པས་ཡང་ཞིང་གཡོ་བ་ཟེར་ཡང་། སེམས་པ་གཡོ་བ་ནི་སེམས་དམིགས་པ་ལ་འཁྲིད་པར་བྱེད་པ་ཡིན་པས་སྒྲ་མཚུངས་ཙམ་གྱིས་དོན་མི་མཚུངས་སོ། །བཞི་(༦༧ན)


K8Z006_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཆུ་མེ་ཡང་ངོ་རླུང་ཚོགས་ཁམས། །ཉིད་ཡིན་དེ་དང་འདྲ་བའང་ཡིན། །བསྟན་བཅོས་ལ་གྲགས་པའི་སའི་ཁམས་ལ་སོགས་པ་དང་། འཇིག་རྟེན་ལ་གྲགས་པའི་ས་ལ་སོགས་པའི་ཁྱད་གང་ཞེ་ན། འཇིག་རྟེན་དུ་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །དེ་ལྟར་བརྗོད་པའི་ཚེ་འབྲས་བུའི་གཟུགས་མིག་གི་ཡུལ་ཡིན་ལ། བསྟན་བཅོས་ལས། སྲ་བ་རེག་བྱ་ལ་སའི་ཁམས་སུ་འདོད་དོ། །ཆུ་མེ་ཡང་ངོ་སྟེ་དེ་དང་འདྲ་བར་ཁ་དོག་དང་དབྱིབས་ལ་བརྗོད་ལ། རླུང་གི་ཚོགས་ནི་འཇིག་རྟེན་པས་ཀྱང་སྐབས་འགར་ཁམས་གཡོ་བའི་རེག་བྱ་ཉིད་ལ་བརྗོད་པ་ཡིན་ཏེ། ལུས་ལ་རླུང་གིས་རེག་གོ་ཞེས་སྨྲ་བའི་ཕྱིར། སྐབས་འགར་ས་དེ་དང་འདྲ་བར་ཁ་དོག་དང་དབྱིབས་ལ་རླུང་དུ་འདོད་པས་བསྟན་བཅོས་དང་མི་མཐུན་པར་བརྗོད་པའང་ཡིན་ནོ། །གསུམ་པ་ཁམས་དང་སྐྱེ་མཆེད་དུ་བཞག་ཚུལ་ནི། དབང་དོན་དེ་དག་ཁོ་ན་ལ། །སྐྱེ་མཆེད་དང་ནི་ཁམས་བཅུར་འདོད། །སློབ་དཔོན་ནི་ཚིག་ཟོར་ཡང་བ་ལ་མཁས་ཤིང་གཞུང་ཚིག་ཚེགས་ཆུང་བར་མཛད་པས་གཟུགས་ཀྱི་ཕུང་པོ་དེ་ཉིད་ཁམས་དང་སྐྱེ་མཆེད་དུ་སྟོན་ཏེ། དབང་པོ་ལྔ་དང་དོན་ལྔ་དེ་དག་ཁོ་ན་ལ་ཞེས་པའི་ངེས་བཟུང་གི་ཚིག་འདིས་རིག་བྱེད་མ་ཡིན་པ་མ་གཏོགས་པར་བསྟན་ནས་གཟུགས་ཅན་གྱི་སྐྱེ་མཆེད་བཅུ་དང་ནི་གཟུགས་ཅན་གྱི་ཁམས་བཅུར་འདོད་དོ། །གཉིས་པ་ཚོར་སོགས་གསུམ་གྱི་ཕུང་ཁམས་སྐྱེ་མཆེད་བཤད་པ་ལ་བཞི། ཚོར་བ། འདུ་ཤེས། འདུ་བྱེད། ཆོས་ཀྱི་སྐྱེ་མཆེད་དང་ཁམས་བསྟན་པའོ། །དང་པོ་ཚོར་བ་ནི། ཚོར་བ་མྱོང་བའོ། མྱོང་བའོ་ཞེས་པའི་མྱོང་བ་ལ་ཁ་ཅིག །བདེན་གཉིས་ལས། ཉམས་སུ་མྱོང་བ་གང་ཡང་ནི། །དགག་པར་རིག་པ་མ་ཡིན་ཏེ། །ཞེས་སེམས་དང་སེམས་ལས་བྱུང་བའི་ཤེས་པ་ལ་བཟུང་བར་སྣང་བ་ཙམ་གྱི་མྱོང་བར་ཡང་བཤད་ལ། སློབ་དཔོན་བྲམ་ཟེས། སྒྲུབ་པ་མྱོང་ཉིད་སེལ་བ་ནི། །ལྡོག་པ་ངེས་པར་བྱེད་པ་ཡིན། །ཅེས་རྟོག་མེད་སྒྲུབ་པའི་(༦༧བ)


K8Z006_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་འཇུག་པ་ལ་ཡང་མྱོང་བར་བཤད་ཅིང་། དཔལ་ཆོས་ཀྱི་གྲགས་པས། རང་ཉིད་གསལ་བ་མྱོང་བ་སྟེ། །དོན་དང་འདྲ་བ་དམིགས་པ་ཡིན། །དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །ཅེས་འཛིན་ཆའི་གསལ་བ་ཙམ་ལ་ཡང་མྱོང་བར་འཆད་པ་ལས། འདིར་ཐ་མ་བཟུང་སྟེ་ཕན་གནོད་རྗེས་སུ་འཇུག་པའི་ཚུལ་གྱིས་བལྟོས་ནས་གསལ་བར་ཉམས་སུ་མྱོང་བའོ། །དེའི་ཚེ་དམིགས་མྱོང་ངོ་བོ་གཅིག་པ་མི་སྲིད་པས་མྱོང་བ་རང་སྟོབས་ཀྱིས་དོན་གྱི་ངོ་བོ་དང་ཁྱད་པར་ཉམས་སུ་མྱོང་བའོ་ཞེས་སྨྲའོ། །ཁ་ཅིག །དོན་དུ་གཉེར་བྱའི་མྱོང་བའོ་ཞེས་ཀྱང་ཟེར་རོ། །དེ་ལྟར་ན་ཤེས་པ་གཞན་ལ་མྱོང་བ་མེད་ན་བེམས་པོར་འགྱུར་ལ། ཡོད་ན་ཚོར་བར་འགྱུར་རོ་ཞེ་ན། རང་སྟོབས་ཀྱིས་མྱོང་བ་མེད་ལ་གཞན་སྟོབས་ཀྱིས་མྱོང་བ་ཡོད་པས་སྐྱོན་གཉིས་ཀ་ལས་གྲོལ་ལོ། །མདོར་ན་ཚོར་བའི་མཚན་ཉིད་ལ་བྱེ་སྨྲས་ནི་ཡུལ་ཉམས་སུ་མྱོང་བ་ལ་འདོད། །བྱེ་སྨྲའི་ཕྱོགས་གཅིག་སློབ་དཔོན་འདུས་བཟང་ནི་ཡུལ་ཉམས་མྱོང་ཚོར་བ་ཡིན་ན། དམིགས་པ་གཅིག་པའི་སེམས་ལས་བྱུང་བ་རྣམས་དང་ཁྱད་པར་མེད་པར་འགྱུར་བས་ཚོར་བའི་མཚན་ཉིད་རེག་པ་ཉམས་སུ་མྱོང་བར་འདོད་དོ། །མདོ་སྡེ་པས་ནི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འདོད་དོ། །སེམས་ཙམ་པས་ནི་རང་གི་ངོ་བོ་ཉམས་སུ་མྱོང་བར་འདོད་དོ། །དབྱེ་བ་ནི། ངོ་བོས་བདེ་བ་ལ་སོགས་པ་གསུམ་ཡིན་ལ། རྟེན་གྱིས་ཚོར་བའི་ཚོགས་དྲུག་གོ། །ཅི་ཚོར་བ་ལ་སོགས་པའི་སེམས་བྱུང་དག་སེམས་ལས་ཐ་དད་པ་ཡིན་ནམ་མ་ཡིན་ཅེ་ན། གྲུབ་མཐའི་དབྱེ་བས་འདོད་པ་ཅི་རིགས་པར་སྣང་བ་ལས། སློབ་དཔོན་སྐལ་ལྡན་ཁྱད་ཅན་ལ་སོགས་པ་ན་རེ། སེམས་ལས་རྫས་གཞན་མ་ཡིན་ཏེ། སེམས་ཉིད་ཉམས་སུ་མྱོང་བའི་གནས་སྐབས་ན་ཚོར་བ་ལ་སོགས་པར་བཞག་པའི་(༦༨༩ན)


K8Z006_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རྒྱན་ལས། སེམས་ནི་གཉིས་སུ་སྣང་བ་སྟེ། །དེ་བཞིན་ཆགས་སོགས་སྣང་བ་དང་། །དད་ལ་སོགས་པར་སྣང་བར་འདོད། །ཉོན་མོངས་དགེ་ཆོས་ཡོད་མ་ཡིན། །ཅེས་སྨྲའོ། །བཙུན་པ་ཤྲཱི་རཱ་ཛ་ན་རེ། ཚོར་བ་དང་འདུ་ཤེས་ཕུང་པོ་ལོགས་སུ་བྱས་པས་རྫས་གཞན་ཡིན་ལ། སེམས་བྱུང་གཞན་སེམས་ཀྱི་གནས་སྐབས་སོ། །ཞེས་སྨྲའོ། །བཙུན་པ་ཀུ་མཱ་རཱ་ཛ་ན་རེ། དེ་གཉིས་དང་རེག་པ་དང་སེམས་པ་དང་བཞི་ནི་རྫས་གཞན་ཡིན་ལ། གཞན་སེམས་ཀྱི་གནས་སྐབས་སོ། །ཞེས་སྨྲའོ། །བྱེ་བྲག་ཏུ་སྨྲ་བས་ཕུང་པོ་ལྔ་པ་ལས་སེམས་བྱུང་ལྔ་བཅུ་རྩ་གཅིག་འབྱུང་བའི་ལྔ་བཏགས་ཡོད་དང་། བཞི་བཅུ་རྩ་དྲུག་དང་གཞི་ཕྲན་ཚེགས་ལས་འབྱུང་བའི་ཉི་ཤུ་རྩ་བཞི་དང་བཅས་པའི་བདུན་ཅུ་རྫས་སུ་འདོད་ལ། སྐྱེ་མཆེད་ཀྱིས་ཉི་ཤུ་རྩ་གཉིས་རྫས་དང་། ཉི་ཤུ་རྩ་དགུ་བཏགས་པར་འདོད་དེ་སེམས་ཀྱི་གནས་སྐབས་སུ་མི་འདོད་དོ། །གྲུབ་མཐའ་དེ་དག་གང་བཟང་བ་བརྟགས་པ་ན། རིགས་པའི་ཡུལ་མ་ཡིན་པ་ནི་རིགས་པས་མཐའ་གཅིག་ཏུ་ངེས་མི་ནུས་པས་གྲུབ་པའི་མཐའ་ལུང་གི་རྗེས་སུ་འབྲངས་ཏེ་ཤེས་པར་བྱ་དགོས་ལ། དེ་ལྟར་གྱི་ཚེ་ཁ་ཅིགསེམས་དང་སེམས་ལས་བྱུང་བ་ནི་གཅིག་ཐ་དད་གང་ཡིན་སེམས་པ་ལུང་ལས་མི་བལྟོས་ཏེ། སེམས་དང་སེམས་བྱུང་གི་ངོ་བོ་རང་རིག་པས་ཉམས་སུ་མྱོང་བའི་ཕྱིར། དེ་དང་བདག་ཉིད་གཅིག་པའི་ཁྱད་པར་གྱི་ཆོས་རྣམས་ཀྱང་མངོན་སུམ་དང་། རྗེས་སུ་དཔག་བྱའི་ཡུལ་ལས་ཤིན་ཏུ་ལྐོག་ཏུ་མ་ལུས་པའི་ཕྱིར། ཇི་སྐད་དུ། དོན་གྱི་རང་གི་ངོ་བོ་གཅིག །བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་རྣམས་ཀྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་སྨྲ་ལ། དེ་ལྟར་བརྗོད་པའང་འབྲེལ་མེད་པ་སྟེ། ལུང་དེ་མངོན་(༦༨བ)


K8Z006_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གྱི་ཚད་མས་ཡུལ་མངོན་གྱུར་གྱི་ཆ་ལ་མ་མཐོང་བའི་ཆ་གཞན་མེད་པར་སྟོན་པའི་ལུང་ཡིན་ཅིང་། དེ་ཙམ་གྱིས་མཐོང་ན་རྟོགས་པས་ཁྱབ་པའི་ལུང་དུ་མ་འབྲེལ་བའི་ཕྱིར། དེས་ན་སེམས་དང་སེམས་ལས་བྱུང་བའི་ངོ་བོ་རང་རིག་པས་མྱོང་བ་མངོན་སུམ་གྱི་ཡུལ་དུ་སོང་ཡང་དེ་ཙམ་གྱིས་ངེས་པར་མི་བྱེད་ལ། མངོན་སུམ་དེས་དྲངས་པའི་སེམས་དང་སེམས་བྱུང་ཙམ་རང་རྒྱུད་ལ་སྐྱེས་པར་ངེས་པ་དང་། ཡང་སེམས་སེམས་བྱུང་དེ་དག་ལ་བྱས་པའི་རྟགས་ཀྱིས་མི་རྟག་པར་ངེས་པར་བྱེད་པ་དང་། སེམས་དང་སེམས་ལས་བྱུང་བའི་ཁྱད་པར་སོ་སྐྱེ་ནང་གི་བློ་གྲོས་ཞན་པས་རྟོགས་པར་མི་ནུས་པས་ཤིན་ལྐོག་ཏུ་སོང་བ་ལུང་ཚད་མས་ངེས་པར་བྱེད་པའང་མཐོང་བའི་ཕྱིར་ཏེ། ལུང་ཚད་མ་འདི་ནི་རྒྱུ་དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་བར་དཔོག་པ་ལྟ་བུ་སྟེ། མངོན་སུམ་དུ་མྱོང་བ་མ་མཐོང་བའི་ཆ་གཞན་མེད་པའི་ཆོས་ལ་སེམས་སེམས་བྱུང་གཅིག་གམ་ཐ་དད་ལྟ་བུ་གང་མ་རྟོགས་པའི་ཆ་ནི་རྟོགས་བྱེད་ཀྱི་ཚད་མ་གཞན་གྱིས་རྟོགས་དགོས་པ་ཡང་། ཇི་སྐད་དུ། ཁྱད་པར་ཆ་ཤས་རྣམ་སྤངས་པ། །མངོན་སུམ་གྱིས་ནི་བཟུང་བ་ལ། །ཁྱད་པར་གང་ལ་རྟོགས་པ་ཡི། །རྐྱེན་ཡོད་དེ་ནི་རྟོགས་པར་འགྱུར། །ཞེས་འབྱུང་བའི་ཕྱིར། དེ་ལྟར་ལུང་ལ་ཡང་མཁས་པས་དཔྱད་ན་སངས་རྒྱས་པའི་ལུང་ལ་བསྟེན་པར་འོས་ཀྱི། མུ་སྟེགས་པའི་ལུང་ལ་མ་ཡིན་ཏེ། དེའི་ལུང་ཡང་གཞལ་བྱའི་དོན་ལ་བསླུ་བར་མཐོང་བའི་ཕྱིར་ཏེ་མངོན་གྱུར་ལ་མངོན་སུམ་དང་འགལ་བར་སྨྲ་བ་བྱེ་བྲག་པས་གསལ་བ་དུ་མ་ལ་ཁྱབ་པའི་ཅི་ཆ་མེད་དང་། ཡན་ལག་གི་རྫས་དུ་མ་ལ་ཁྱབ་པའི་ཡན་ལག་ཅན་གྱི་རྫས་གཅིག་ཁས་ལེན་ལ། གྲངས་ཅན་པས་ཚོར་བ་བེམས་པོར་ཁས་ལེན་པ་དང་། ལྐོག་གྱུར་ལ་རྗེས་དཔག་དང་འགལ་བར་སྨྲ་བ་སྤྱོད་པ་པས་སྒྲ་རྟག་པ་(༦༩ན)


K8Z006_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྒྱང་འཕེན་པས་རྗེས་དཔག་ཚད་མ་མ་ཡིན་པར་སྨྲ་བ་དང་། ཤིན་ཏུ་ལྐོག་གྱུར་ལའང་ལུང་ཚད་མ་དང་བྲལ་ཞིང་རང་ཚིག་དང་འགལ་བར་སྨྲ་བ་ནི། གཅེར་བུ་པ་སེམས་ལ་ཡོད་པའི་སྡིག་པ་ཁྲུས་ཀྱིས་འདག་པར་འདོད་པ་ལྟ་བུ་སྟེ། ཇི་སྐད་དུ། གངྒཱའི་སྒོ་དང་ཀུ་ཤ་འཁྱིལ། །བྱིས་པ་ཅན་དང་སྔོན་པོའི་རི། །ཀ་ནི་ཀ་ཡི་འཇུག་ངོགས་སུ། །ཁྲུས་བྱས་ཡོངས་འབྱུང་སྲིད་མ་ཡིན། །ཅེས་པས་སྡིག་པ་སེམས་ལ་ཡོད་ན་ལུས་ཅན་མ་ཡིན་པའི་ཕྱིར། ཕྱི་རོལ་གྱི་ཆུས་འཁྲུ་བར་སྨྲ་བ་དང་འགལ་ལ། ཁྲུས་ཀྱིས་འདག་ན་ལུས་ཀྱི་དྲི་མ་ལྟར་གཟུགས་ཅན་ཡིན་པའི་ཕྱིར། སེམས་ལ་ཡོད་པར་འགལ་བས་དེ་ལྟ་བུའི་ལུང་ཚད་མར་ཅི་སྟེ་འགྱུར། འོ་ན་སངས་རྒྱས་པ་ཡང་སེམས་ཀྱི་སྡིག་པ་སྔགས་ཆུས་འདག་པར་མི་འདོད་དམ་ཞེ་ན། དེ་ནི་སྔགས་ཆུས་ལུས་ལ་རེག་པས་དེ་དང་འབྲེལ་བའི་སེམས་ལ་ཡོད་པའི་ཚོར་བ་སྡུག་བསྔལ་ཞི་བ་དང་། ཆུའི་རེག་བྱ་དེ་ལ་བརྟེན་པའི་རྣམ་པར་རྟོག་པ་བརྒྱུད་ནས་ལས་དང་ཉོན་མོངས་པའི་ནུས་པ་སྤོང་བར་འདོད་ལ། ཆུས་དངོས་སུ་སྡིག་པ་ས་བོན་དང་བཅས་པ་འཁྲུ་བར་མི་འདོད་ཅིང་། སྔགས་ཀྱི་ནུས་པ་གཟུགས་མ་ཡིན་པས་ནུས་པ་དེ་རྟེན་པར་བྱེད་པའི་ཆུས་ཀྱང་སྡིག་པ་འདག་པར་ནུས་སོ་ཞེས་པ་ནི་ཁྱད་པར་རོ། །རིག་ཅན་པ་དག །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བསྐུལ་ཡང་ན་མཐོ་རིས་སམ། །གཡང་ས་དག་ཏུ་ལྟུང་བ་ཁོ་ནར་འགྱུར། །ཞེས་སྲོག་གཅོད་པའི་མཆོད་སྦྱིན་མཐོ་རིས་ཀྱི་རྒྱུར་འདོད་པ་ལ་སོགས་པའོ། །སངས་རྒྱས་པ་ནི་དེ་ལས་བཟློག་ནས་ཚོར་བ་རིག་པ་དང་། སྒྲ་མི་རྟག་པ་དང་། མཐོ་རིས་དང་འབྱོར་བའི་རྒྱུ་ཚུལ་ཁྲིམས་དང་སྦྱིན་པར་སྨྲ་བ་ལ་སོགས་པ་མི་བསླུ་བ་སྟེ། རྣམ་འགྲེལ་ལས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་(༦༩བ)


K8Z006_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དང་། །རྗེས་སུ་དཔག་པ་གཉིས་ཀྱིས་ནི། །གནོད་མེད་དེ་ནི་མི་བསླུ་བའོ། །ཞེས་སོ། །དེས་ན་སེམས་སེམས་བྱུང་གཅིག་པ་དང་ཐ་དད་པ་ཡིན་མིན་ནི་ཤིན་ལྐོག་ཡིན་པས་དེའི་ཚུལ་ནང་པའི་ལུང་གི་དགོངས་པ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་བཀྲལ་བའི་རྗེས་སུ་འབྲངས་པའི་ཕྱོགས་བཟང་ངོ་། །ཞེས་ཐེག་པ་ཆེན་པོའི་ཕྱོགས་ཀྱིས་ཁ་བསྐང་སྟེ་བཤད་ན། གཅིག་ཏུ་འདོད་པ་མི་རིགས་པའི་ཚུལ་ནི། བསྡུ་བ་ལས། དགེ་སྦྱོང་དང་བྲམ་ཟེ་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་ཁས་ལེན་ཅིང་། སེམས་ལས་བྱུང་བའི་ཆོས་རྣམས་མི་འདོད་པ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེ་ཡི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་གནོད་པ་བཞི་སྨྲས་པའི་དང་པོ་ནི། དེ་གཉིས་རྫས་གཅིག་པས་སེམས་བྱུང་གི་ཕུང་པོ་གསུམ་རྣམ་ཤེས་སུ་བསྡུས་པ་ཉིད་ཀྱི་ཕྱིར་ཕུང་པོ་ལྔ་ཉིད་དུ་མི་འཐད་པར་ཐལ་བ་ལས། འདོད་མི་ནུས་ཏེ། མདོ་ལས་གསུངས་ཤིང་ཁས་ཀྱང་ལེན་པར་སྣང་ངོ་། །གཉིས་པ་ནི། རྫས་ཀྱི་ལྔ་མ་ཡིན་གྱི་སེམས་ཉིད་ཀྱི་གནས་སྐབས་ལ་ཚོར་བ་ལ་སོགས་པ་བཞག་པས་མིང་གི་ལྔ་ཡིན་ནོ་ཞེ་ན། གནས་སྐབས་དང་གནས་སྐབས་ཅན་ལ་མཚན་ཉིད་དང་བྱེད་པ་ཐ་དད་ཡོད་དམ་མེད་གྲང་། མེད་ན་འདི་ནི་གནས་སྐབས་ཅན་ནོ་འདི་ནི་གནས་སྐབས་སོ་ཞེས་བརྗོད་པར་མི་ནུས་ལ། ཡོད་ན་ངོ་བོ་གཅིག་ཏུ་མི་རུང་སྟེ། བུམ་པ་དང་སྣམ་བུ་བཞིན་ནོ། །གལ་ཏེ་རྣམ་ཤེས་ཚོགས་དྲུག་རྫས་གཅིག་ཀྱང་། གནས་སྐབས་ཀྱིས་ཐ་དད་དུ་བཞག་པ་བཞིན་ནོ་ཞེ་ན། དེ་ནི་རྣམ་ཤེས་ཙམ་དུ་གཅིག་ཀྱང་རྫས་ཐ་དད་པས་མཚན་ཉིད་དང་བྱེད་པ་ཡང་ཐ་དད་དུ་རུང་ལ། སེམས་དང་སེམས་བྱུང་རྟེན་དང་དམིགས་པ་མཐུན་ཅིང་རྫས་གཅིག་པའི་ཕྱིར། གནས་སྐབས་ཐ་དད་དུ་མི་རུང་(༧༠ན)


K8Z006_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བས་དཔེ་དོན་མི་མཚུངས་སོ། །གསུམ་པ་ནི། སྤྱིར་གནས་སྐབས་ཐ་དད་པ་ནི་རྒྱུའི་སྟོབས་ཀྱིས་བྱེད་དེ། འོ་མ་དང་ཞོ་དང་མར་གྱི་གནས་སྐབས་ཐ་དད་པ་བསྲོ་བ་དང་དཀྲོག་པ་ལ་སོགས་པས་བྱེད་པ་བཞིན་ཡིན་ལ། འདི་ལ་ནི་སྐྱེད་བྱེད་ཀྱི་རྒྱུ་དབང་པོ་ལ་སོགས་པ་ཁོ་ནས་དེ་གཉིས་ཀ་ལ་བསྐྱེད་པས་རྒྱུ་ལ་ཐ་དད་མེད་པའི་ཕྱིར། འབྲས་བུ་གནས་སྐབས་ཅན་དང་གནས་སྐབས་ཐ་དད་མི་རུང་ངོ་། །ཡང་མི་ལྡན་པའི་འདུ་བྱེད་དེའི་རྒྱུའོ་ཞེ་ན། མདོ་སྡེ་པ་དང་སེམས་ཙམ་པ་ལ་ལྡན་མིན་འདུ་བྱེད་རྫས་སུ་མ་གྲུབ་ཅིང་། གྲུབ་པ་བྱེ་བྲག་ཏུ་སྨྲ་བས་ཀྱང་དེའི་རྒྱུར་དེ་མི་འདོད་ལ། གཟུགས་ནི་སེམས་ཙམ་པས་བདེན་པར་མི་འདོད་ཅིང་། སྡེ་པས་ཀྱང་དེའི་རྒྱུར་དེ་མི་འདོད་དོ། །བཞི་པ་ནི། སངས་རྒྱས་ཀྱི་སློབ་མར་ཁས་ལེན་པ་རྣམས་ཀྱིས་དེའི་གསུང་ཚད་མར་འཛིན་དགོས་པས། ལུང་ལས། ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པ་ཞེས་དང་། འདོད་ཆགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་པའི་སེམས་མི་གྲོལ་ལོ། །ཞེས་རང་བཞིན་མི་གཅིག་པས་བྱ་བ་དང་བྱེད་པོ་ཐ་དད་དུ་བསྟན་ཏོ། །ཡང་རྫས་གཅིག་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མི་རུང་བར་ཐལ། དེ་རུང་བྱེད་ཀྱི་རྒྱུ་གཟུགས་དང་མི་ལྡན་པའི་འདུ་བྱེད་ནི་མ་ཡིན་ལ། སེམས་གཉིས་རྫས་གཅིག་པ་ནི་གཅིག་ལ་གཅིག་བྱ་བྱེད་མི་སྲིད་ཅིང་སྔ་ཕྱིར་བྱ་བྱེད་བྱེད་དོ་སྙམ་ན། དུས་ཐ་དད་པས་དེ་ལྟར་རུང་བྱེད་ཀྱི་རྒྱུར་མ་གྲུབ་པའི་ཕྱིར། དེས་ན་ཆགས་སོགས་ཀྱིས་ཉོན་མོངས་པར་བྱེད་ཅིང་དད་སོགས་ཀྱིས་རྣམ་པར་བྱང་བར་བྱེད་པས་སེམས་སེམས་བྱུང་རྫས་ཐ་དད་དོ། །ཡང་ཁ་ཅིག །དེ་ལྟའི་སྐྱོན་མེད་དེ། ཕུང་པོ་ལྔ་ལྡོག་པས་ཕྱེ་བ་ཡིན་ལ། རྫས་ཐ་དད་ན་སེམས་སེམས་བྱུང་ཕན་ཚུན་མྱོང་བའི་ངོ་བོ་ཅན་གྱི་འབྲེལ་བ་ཆད་པར་(༧༠བ)


K8Z006_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞིང་། སེམས་སྔ་མས་ཕྱི་མ་ཉོན་མོངས་པར་བྱེད་པས་རྫས་གཅིག་པ་ལ་བྱ་བྱེད་མི་རུང་བར་བརྗོད་པས་ཀྱང་མི་གནོད་པའི་ཕྱིར་ཞེས་སྨྲ་ནའང་མི་འཐད་དེ། སེམས་སེམས་བྱུང་ཐ་དད་པ་ཉིད་ཀྱིས་དོན་གྱི་ངོ་ཁྱད་སོ་སོ་རང་སྟོབས་ཀྱིས་མྱོང་བ་རྣམས་ཕན་ཚུན་དུ་གཞན་སྟོབས་ཀྱིས་མྱོང་བར་རུང་ལ། དེ་ལྟར་མ་ཡིན་པར་སེམས་བྱུང་རྫས་གཅིག་ན་དེ་གཉིས་ཀྱིས་དོན་གྱི་ངོ་ཁྱད་གང་རུང་གཅིག་ལས་ཉམས་སུ་མི་མྱོང་བར་འགྱུར་བའི་ཕྱིར། སེམས་སྔ་མ་ལས་ཕྱི་མའང་ཉོན་མོངས་པར་བྱེད་མི་ནུས་པའི་ཕྱིར་ཏེ། སེམས་ཕྱི་མའི་དུས་སུ་སེམས་སྔ་མ་ཉོན་མ་མོངས་ཤིང་འགགས་ཟིན་པའི་ཕྱིར། མ་ཁྱབ་ན། དེའི་ཕྱིར། སེམས་ཕྱི་མས་ཀྱང་སྔ་མ་ཉོན་མོངས་ཅན་དུ་བྱེད་པར་འགྱུར་ལ། འདོད་ན། རྒྱུ་མ་སྐྱེས་པར་འབྲས་བུ་སྨིན་པར་འགྱུར་རོ། །སེམས་སེམས་བྱུང་གཅིག་པའི་སྒྲུབ་བྱེད་རྒྱན་གྱི་ལུང་དེས་མི་འགྲུབ་སྟེ། སེམས་ཉིད་གཟུང་འཛིན་གཉིས་སུ་སྣང་གི། སེམས་ལས་ཐ་དད་པའི་གཟུང་བའི་དོན་མེད་པ་དེ་བཞིན་དུ་ཆགས་སོགས་དང་དད་སོགས་ཀྱི་གཟུང་ཡུལ་ཀྱང་སེམས་ལས་གཞན་དུ་མ་གྲུབ་པར་བསྟན་པ་ཡིན་ནོ། །དེ་ལ་ཁ་ཅིག་ན་རེ། སེམས་སེམས་བྱུང་རྫས་གཅིག་པའི་ལུགས་ལ་གནས་སྐབས་ཅན་སེམས་ཀྱི་དོན་ཙམ་འཛིན་ལ། གནས་སྐབས་སེམས་བྱུང་གི་དོན་གྱི་ཁྱད་པར་འཛིན་པས་གཙོ་འཁོར་གྱི་ཁྱད་པར་དང་ངོ་བོ་ཐ་མི་དད་པས་དམིགས་རྣམ་མཚུངས་པ་རུང་ལ། སེམས་སེམས་བྱུང་ཐ་དད་པའི་ལུགས་ལྟར་ན་དམིགས་རྣམ་མཚུངས་ན་ཐ་དད་པར་མི་རུང་ཞིང་། དོན་དང་དོན་གྱི་ཁྱད་པར་འཛིན་པའི་རྣམ་གཞག་བྱེད་ན་དམིགས་རྣམ་མཚུངས་པར་མི་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཐེག་པ་ཆེན་པོར་མ་ཟད་དེ་ལྟའི་སྐྱོན་སྡེ་པའི་ལུགས་ལའང་མི་འབྱུང་བའི་ཕྱིར་ཏེ། བྱེ་བྲག་ཏུ་སྨྲ་བས་དམིགས་པ་ཡུལ་གྱི་སྤྱི་དང་རྣམ་པ་བྱེ་བྲག་(༧༡ན)


K8Z006_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདོད་པས། མིག་ཤེས་ཀྱི་ཡུལ་གྱི་གཟུགས་དེ་ཉིད་རེག་པ་ལ་སོགས་པའི་ཡུལ་ཡང་ཡིན་པས་དམིགས་པ་མཚུངས་ལ། མིག་ཤེས་ཀྱི་ཡུལ་གཟུགས་ཀྱི་བྱེ་བྲག་སྔོན་པོ་དེ་ཉིད་རེག་པ་ལ་སོགས་པའི་ཡུལ་ལ་ཡང་ཡིན་པས་རྣམ་པ་མཚུངས་ལ། ཡུལ་གྱི་སྤྱི་དང་བྱེ་བྲག་རྫས་གཅིག་ཀྱང་སེམས་སེམས་བྱུང་གི་འཛིན་བྱེད་གཉིས་ལ་བལྟོས་ནས་དམིགས་པ་རྣམ་པ་མཚུངས་པ་ཞེས་བྱ་སྟེ། ནོར་གཅིག་མི་གཉིས་ཀྱིས་བདག་ཏུ་བཟུང་ན་ནོར་དེ་སྤྱི་སོར་མཚུངས་པར་ཡོད་དོ་ཞེས་བརྗོད་པ་བཞིན་ཡིན་པའི་ཕྱིར། སེམས་སེམས་བྱུང་ཐ་དད་ཀྱང་དམིགས་རྣམ་མི་མཚུངས་པའི་ཉེས་པ་མེད་ལ། སེམས་སེམས་བྱུང་གཉིས་འཛིན་སྟངས་མི་འདྲ་བའི་སྒོ་ནས་ཡུལ་ལ་སྟེ། སེམས་ནི་དམིགས་པ་རྣམ་པར་རིག་ཙམ་དུ་འཇུག་པས་དོན་ཙམ་འཛིན་ལ། སེམས་བྱུང་ནི་ཚོར་བས་སིམ་གདུང་དང་། དད་པས་ཡིད་ཆེས་པ་ལ་སོགས་པའི་རྣམ་པར་འཇུག་པས་དོན་གྱི་ཁྱད་པར་འཛིན་ཏོ་ཞེས་སྨྲ་ལ། མདོ་སྡེ་པའི་ལུགས་ལ་དམིགས་རྣམ་མཚུངས་པ་ནི་མིག་ཤེས་དང་རེག་སོགས་གཉིས་ཀའི་དམིགས་རྣམ་འཇོག་བྱེད་ཕྱི་རོལ་གྱི་དོན་གཟུགས་སོགས་ཡིན་པར་མཚུངས་ལ། རྣམ་པར་ཇི་ལྟར་འཇོག་ན་ཕྱི་དོན་གྱི་མིག་ཤེས་དང་རེག་སོགས་གཉིས་ཀ་ལ་གཟུགས་སོགས་དོན་གྱི་རྣམ་པ་བཞག་པས་དོན་འདྲ་བར་སྣང་བ་རྒྱ་ཇི་འདྲ་བ་ལས་འབུར་དེ་འདྲ་བར་འབྱུང་བ་བཞིན་དུ་འདོད་ལ། རྣམ་པའི་ངོ་བོ་ནི་དོན་གྱིས་བཞག་པས་དོན་གྱི་རྣམ་པའམ་ཤེས་པ་ཉིད་དོན་གྱི་རྣམ་པར་སྣང་བས་ཤེས་པའི་རྣམ་པར་བྱས་ཀྱང་རུང་ལ། དེ་ལྟར་གྱི་ཚེ་སེམས་སེམས་བྱུང་ཐ་དད་ཀྱང་དམིགས་རྣམ་མི་མཚུངས་པའི་ཉེས་པར་མི་འགྱུར་རོ། །སེམས་ཙམ་པ་ལྟར་ན། ཕྱི་རོལ་གྱི་དོན་དང་ནང་ཤེས་པ་ནི་དམིགས་པའི་རྐྱེན་མཚན་ཉིད་པར་ནི་མི་འདོད་དེ། བློ་ཡིས་(༧༡བ)


K8Z006_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་མྱོང་བྱ་གཞན་མེད། །ཅེས་པས་ཕ་རོལ་གྱི་སེམས་ཤེས་པའི་ཚེ་ཡང་གཞན་གྱི་སེམས་ཀྱིས་དམིགས་རྐྱེན་བྱས་ནས་ཤེས་ན་གཟུང་འཛིན་གྲུབ་པར་འགྱུར་བས་དེ་ལྟར་ཤེས་པ་མེད་ཀྱི། གཞན་གྱི་སེམས་ཀྱིས་བདག་རྐྱེན་བྱས་ནས་རང་གི་སེམས་ཉིད་དེའི་རྣམ་པར་སྣང་བའི་ཕྱིར། འོན་ཀྱང་། གཅིག་ལ་གཅིག་གི་དབང་གིས་ན། །རྣམ་པར་རིག་པ་ཕན་ཚུན་ངེས། །ཞེས་དམིགས་རྐྱེན་དུ་སྣང་བ་ནི་ཕན་ཚུན་དམིགས་པར་བཏགས་པའི་བག་ཆགས་སད་པའི་ཕྱིར་དམིགས་རྐྱེན་དུ་འཇོག་ལ། དེའི་ཚེ་སེམས་དང་སེམས་བྱུང་གི་གཟུང་ཆར་སྣང་བའི་སྤྱི་འདྲ་བས་དམིགས་པ་མཚུངས་ལ། བྱེ་བྲག་འདྲ་བས་རྣམ་པ་མཚུངས་ཤིང་། ཁྱད་པར་འཛིན་སྟངས་ཐ་དད་པའི་དབང་གིས་སོ། །ངག་དོན། རྟོག་གེ་བས་སེམས་སེམས་བྱུང་རྫས་གཅིག་ལྡོག་པ་ཐ་དད་དུ་འཇོག་པ་དེ་ལྟར་ན། ལྡོག་པ་ཐ་དད་དེ་དོན་ཐ་དད་ལ་བྱེད་ན་རྫས་ཐ་དད་པར་འགྱུར་ལ། དེ་ལས་གཞན་པའི་རང་ངམ་གཞིའི་ལྡོག་པའི་དབང་དུ་བྱེད་ན། ལྡོག་པ་ཐ་དད་པར་འཇོག་བྱེད་ཀྱི་ཆོས་ཀྱང་མ་གྲུབ་པས་ལྡོག་པ་ཐ་དད་པར་ཡང་མ་གྲུབ་བོ་ཞེས་ལེགས་པར་བཤད་དོ། །གཉིས་པ་ནི། འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་ཤེས་ཀྱི་མཚན་ཉིད་ནི་དམིགས་པ་ཡུལ་དྲུག་ལ་དམིགས་ནས་རྣམ་པ་ཡུལ་གྱི་མཚན་མ་འདི་ནི་སྔོན་པོ་དང་སེར་པོའོ་ཞེས་སྤུ་རིས་སོ་སོར་འཛིན་པའི་བདག་ཉིད་དོ། །རྟོག་མེད་ལྔའི་རྣམ་ཤེས་ཀྱི་འདུ་ཤེས་ཀྱིས་ནི་རང་མཚན་སྣང་བའི་ཚུལ་གྱིས་འཛིན་ལ། རྟོག་བཅས་ཡིད་ཀྱི་རྣམ་ཤེས་ཀྱི་འདུ་ཤེས་ཀྱིས་སྤྱི་མཚན་ཞེན་པའི་ཚུལ་གྱིས་མཚན་མར་འཛིན་ཏོ། །དབྱེ་བ་ནི། ཁ་དོག་འདི་ནི་སྔོན་པོ་ལ་སོགས་པའོ་ཞེས་དོན་དང་། འདི་ནི་སྐྱེས་པའོ་བུད་མེད་དོ་ཞེས་ཐ་སྙད་ལ་མཚན་མར་འཛིན་པ་གཉིས་སོ། །དབྱེ་ན། མིག་གི་འདུ་ཤེས་ཏེ་རེག་པའི་འདུ་(༧༢ན)


K8Z006_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་སོགས་པ་དྲུག་གོ། །ཅི་རྣམ་པར་རིག་པས་ཆོས་དེ་དག་རིག་པ་ཙམ་གྱིས་ཆོག་མོད། འདུ་ཤེས་ཀྱིས་ཅི་ཞིག་བྱ་སྙམ་ན། ཆོས་རྣམས་ལ་གཞན་དང་མ་འདྲེས་པར་བྱེད་པའི་ཐུན་མོང་མིན་པའི་མཚན་མ་རེ་ཡོད་དེ། གལ་ཏེ་མེད་ན་ནམ་མཁའ་ལྟར་རོ་གཅིག་པས་ཁྱད་པར་མི་ཕྱེད་པར་འགྱུར་བའི་ཕྱིར། དེས་ན་ཆོས་རྣམས་ཀྱི་ཐུན་མོང་མིན་པའི་བྱེ་བྲག་འབྱེད་པའི་མཚན་མར་འཛིན་བྱེད་ལ་འདུ་ཤེས་ངེས་པར་དགོས་སོ། །དེ་ལའང་སྒོ་ལྔའི་རྣམ་ཤེས་ཀྱི་འདུ་ཤེས་ནི་ཆོས་དེའི་མཚན་མའི་རང་བཞིན་འདུ་ཤེས་པ་ཙམ་ཡིན་ལ། དེས་མཚན་མར་མ་བཟུང་ན་ཡིད་ཤེས་ཀྱིས་ངེས་པར་འདུ་ཤེས་མི་ནུས་པར་འགྱུར་རོ་ཞེ་ན། སློབ་དཔོན་གང་བ་སྤེལ་གསུངས་ལ། འོ་ན་འདུ་ཤེས་ཡོངས་སུ་གཅོད་པ་ཉིད་ཀྱི་ཕྱིར་དེ་དང་སྒོ་ལྔའི་རྣམ་ཤེས་མཚུངས་པར་ལྡན་ན་ཚོགས་ལྡ་རྟོག་པ་ཅན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རྣམ་ཤེས་ལྔ་དང་མཚུངས་ལྡན་གྱི་འདུ་ཤེས་ནི་གསལ་བ་ཡིན་པས་རྟོག་བཅས་མིན་ལ། ཡིད་ཀྱིས་དེ་གསལ་བ་ཡིན་པས་རྟོག་བཅས་སོ། །ཡང་ཚོགས་ལྔ་མཚན་འཛིན་གྱི་འདུ་ཤེས་དང་མཚུངས་ལྡན་ཡིན་ཡང་རྟོག་བཅས་སུ་མི་འགྲོ་སྟེ། མིང་གི་སྒོ་ནས་དོན་ལ་ཞེན་པའི་འདུ་ཤེས་མེད་པའི་ཕྱིར་རོ། །གསུམ་པ་ནི། འདུ་བྱེད་ཕུང་པོ་བཞི་ལས་གཞན། །འདུ་བྱེད་ཀྱི་མཚན་ཉིད་ནི་སྔར་གྱི་ཕུང་པོ་གསུམ་དང་འཆད་འགྱུར་གྱི་རྣམ་ཤེས་དང་བཞི་ལས་གཞན་པའི་འདུས་བྱས་སོ། །འདིར་མི་ལྡན་པའི་འདུ་བྱེད་ཀྱང་རྫས་སུ་འདོད་ལ། གཞན་ཞེས་སྨོས་པས་ཕུང་པོ་བཞི་དང་འདུས་བྱས་ཀྱིས་འདུས་མ་བྱས་སེལ་ལོ། །ཁ་ཅིག །མཚན་ཉིད་དེ་གོང་མ་པའི་ལུགས་ལའང་འཆད་པ་ནི་མི་འཐད་དེ། ཕུང་པོ་བཞི་ལས་རྫས་གཞན་ཡིན་ན་མི་ལྡན་པའི་འདུ་བྱེད་རྫས་སུ་གྲུབ་བར་འགྱུར་ལ། ལྡོག་པ་གཞན་ཡིན་ན་བུམ་པའང་དེར་འགྱུར་བའི་ཕྱིར། ཞེས་པ་ལ་ལན་དུ་ཁ་ཅིག །(༧༢བ)


K8Z006_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་གཉིས་ལས་སེམས་བྱུང་རྫས་གཞན་དང་ལྡན་མིན་ཕུང་པོ་གཞན་བཞི་ལས་ལྡོག་པ་གཞན་དུའང་མི་སྨྲ་ལ། ལྡོག་པ་གཞན་ཡིན་ན་བུམ་པ་ཡང་འདུ་བྱེད་དུ་འགྱུར་བ་ནི་ཁྱབ་པ་མ་གྲུབ་སྟེ། ལྡོག་པ་ཐ་དད་པ་ནི་རྫས་རྟགས་ཀྱི་དངོས་པོ་ཐམས་ཅད་ལ་དེར་མཐོང་བས་དེར་འགྱུར་ན་ཧ་ཅང་ཐལ་བའི་ཕྱིར་དང་། བུམ་པ་གཟུགས་ཀྱི་ཕུང་པོའི་ལྡོག་པ་ཡིན་པའི་ཕྱིར། ཞེས་པ་ལ་ཁ་ཅིག་དེ་ལྟར་བརྗོད་པའི་རྟགས་ཕྱི་མ་མ་གྲུབ་སྟེ། དེ་རྫས་ཀྱི་ལྡོག་ཆོས་མ་ཡིན་པའི་ཕྱིར་དང་། ཁྱེད་གཟུགས་ཀྱི་ལྡོག་པ་བུམ་པའོ་ཞེས་དོགས་ན་ཡང་མ་ཡིན་ཏེ། ཡིན་ན་གཟུགས་གཟུགས་མ་ཡིན་པར་འགྱུར་བའི་ཕྱིར། དེས་ན་སེམས་བྱུང་ཕུང་པོ་གཞན་ལས་རྫས་གཞན་དུ་མཐུན་ཀྱང་ལྡན་མིན་ལྡོག་པ་གཞན་དུ་སྨྲ་བ་ལ་ཉེས་པ་མེད་དེ། གོང་མ་པ་དག་ལྡན་མིན་ཕུང་པོ་བཞི་ལས་གཞན་དུ་མཚོན་སྦྱོར་སྐྱོན་མེད་འགོད་པར་མཐོང་བའི་ཕྱིར། འདི་ལྟ་སྟེ། ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་མཚན་གཞི་འདུ་བྱེད་དུ་མཚོན། འབྲས་བུ་བསྐྱེད་རུང་དུ་གནས་པ་མཚན་ཉིད་ཅེས་སྦྱོར་བར་བྱེད་ལ། དེ་ལྟར་ན་དགྲ་བཅོམ་ཐ་མའི་འདུ་བྱེད་ཀྱི་ཕུང་པོ་ལ་མ་ཁྱབ་པའང་མེད་དེ། སྐྱེ་ངེས་མ་ཡིན་གྱི་རྐྱེན་ཚོགས་པ་སྲིད་ན་སྐྱེ་རུང་ཞེས་སྒྲ་སྦྱར་བའི་ཕྱིར། དེས་ན་ལྡན་མིན་འདུ་བྱེད་ཀྱང་ཕུང་པོ་གཞན་གྱི་ཆ་ལ་བཏགས་པའི་འདུས་བྱས་གཞན་པ་ཉིད་ཀྱིས་དངོས་པོའི་ལྡོག་པ་ཙམ་དུ་གྲུབ་པས། ལྡོག་པ་དེ་རྫས་གྲུབ་ཀྱི་ཆོས་དང་གཅིག་པར་འགྱུར་མི་འགྱུར་དཔྱོད་པ་ནི་སྤྱི་དངོས་པོར་ཡོད་མེད་རྩོད་པ་ལྟར་ངལ་བར་ཟད་ལ། ལྡོག་པའི་དངོས་པོ་གཞན་ཡིན་པ་ཙམ་གྱིས་ལྡོག་དངོས་ཐམས་ཅད་གཅིག་པར་འགྱུར་རོ་སྙམ་པའང་བླུན་པོའི་རྣམ་པར་རྟོག་པ་སྟེ། དེ་ལྟར་ན་སེལ་བའི་བུམ་མིན་དང་ཀ་མིན་གྱི་ལྡོག་པ་ཐ་དད་པས། སྣམ་བུ་མིན་པའང་ཀ་མིན་དང་གཅིག་པར་འགྱུར་(༧༣ན)


K8Z006_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཅི་ལྟར་རུང་ཞེས་ཟེར་རོ། །དབྱེ་བ་ནི། བསྡུ་ན་སེམས་ལས་བྱུང་བ་དང་མི་ལྡན་པའི་འདུ་བྱེད་གཉིས་ཡིན་ལ། རྒྱས་པར་སེམས་བྱུང་བདུན་ཅུ་རྩ་གསུམ་དང་། མི་ལྡན་འདུ་བྱེད་དངོས་བཅུ་བཞི་ཆ་མཐུན་དང་བཅས་པ་དང་། གནས་བཅུ་བསྟན་པ་ལས་བདུན་བརྒྱ་ཡང་རྣམ་པར་བཞག་གོ། །དེ་ལྟར་ན་མདོ་ལས་སེམས་བྱུང་སེམས་པ་ཁོ་ན་ལ་འདུ་བྱེད་ཀྱི་ཕུང་པོར་བཞག་སྟེ། ཇི་སྐད་དུ། འདུ་བྱེད་ཀྱི་ཕུང་པོ་གང་ཞེ་ན། སེམས་པའི་ཚོགས་དྲུག་གོ་ཞེས་འབྱུང་ངོ་སྙམ་ན། དེ་ལྟར་གསུངས་པ་ནི་སེམས་པ་དེ་རེག་པ་ཡིད་བྱེད་དང་ཐོབ་པ་ལ་སོགས་ཀྱི་འདུ་བྱེད་ལས་མངོན་པར་འདུ་བྱ་བ་རྣམ་སྨིན་གྱི་སྐྱེ་བ་འཕེན་པ་ལ་གཙོ་བོར་གྱུར་པའི་ཕྱིར་དེ་སྐད་དུ་བརྗོད་དེ། སེམས་པ་དེ་ནི་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། འདུན་པ་དང་ཐོབ་པ་ལ་སོགས་པ་ནི་སེམས་པའི་རྗེས་སུ་བྱེད་པའི་ཕྱིར་ཏེ། དེའི་རྣམ་པའི་རྒྱུའི་དངོས་པོའི་རྗེས་སུ་བྱེད་པའི་སྒོ་ནས་འདུ་བྱེད་ཀྱི་ཕུང་པོ་ཁོ་ན་ཡིན་པར་རིག་པར་བྱ་བའི་ཕྱིར། མདོ་ལས་ཇི་སྐད་དུ། འདུས་བྱས་མངོན་པར་འདུ་བྱེད་དེ། དེ་ལྟ་བས་ན་འདུ་བྱེད་ཉེ་བར་ལེན་པའི་ཕུང་པོའོ། །ཞེས་འདུས་བྱས་ཐམས་ཅད་འདུ་བྱེད་པའི་ཆ་ལ་འདུ་བྱེད་ཀྱི་ཕུང་པོར་གསུངས་སོ། །དེ་ལྟར་མ་ཡིན་ན་སེམས་བྱུང་གཞན་དང་ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་ཕུང་པོར་མ་འདུས་པའི་ཕྱིར། སྡུག་བསྔལ་དང་ཀུན་འབྱུང་དུ་མི་འགྱུར་བས་དེ་དག་ཤེས་བྱ་དང་སྤང་བྱ་མ་ཡིན་པར་འགྱུར་ལ། འདོད་ན་ཕུང་སོགས་ཀྱི་ཆོས་གཅིག་ལའང་མཐོང་ལམ་གྱི་མངོན་པར་ཤེས་པ་དང་། སྒོམ་ལམ་གྱི་ཡོངས་སུ་ཤེས་པ་མེད་ན་གྲོལ་བར་མི་འགྱུར་ཞེས། ཇི་སྐད་དུ། ཆོས་གཅིག་མངོན་པར་མི་ཤེས་ཤིང་ཡོངས་སུ་མ་ཤེས་པར་ཡང་སྡུག་བསྔལ་གྱི་མཐར་བྱེད་པ་ང་མི་སྨྲའོ་ཞེས་འབྱུང་བས་རེག་སོགས་དང་ལྡན་མིན་འདུ་བྱེད་(༧༣བ)


K8Z006_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོར་ཅིས་ཀྱང་འཇོག་གོ། །བཞི་པ་ནི། དེ་གསུམ་རྣམ་རིག་བྱེད་མིན་དང་། །འདུས་མ་བྱས་རྣམས་བཅས་པ་ནི། །ཆོས་ཀྱི་སྐྱེ་མཆེད་ཁམས་ཞེས་བྱ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་གསུམ་དང་རྣམ་པར་རིག་བྱེད་མིན་པའི་གཟུགས་དང་འདུས་མ་བྱས་གསུམ་པོ་རྣམས་དང་བཅས་པ་ནི། ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་ཞེས་བྱའོ། །གསུམ་པ་རྣམ་ཤེས་ཀྱི་ཕུང་ཁམས་སྐྱེ་མཆེད་བཤད་པ་ལ། རྣམ་ཤེས་ཀྱི་ངོ་བོ། སྐྱེ་མཆེད་དུ་བཞག་པ། ཁམས་སུ་བཞག་པ། ཡིད་ཀྱི་ཁམས་བྱེ་བྲག་ཏུ་བཤད་པའོ། །དང་པོ་རྣམ་ཤེས་ཀྱི་མཚན་ཉིད་ནི། རྣམ་ཤེས་སོ་སོར་རྣམ་རིག་པ། །དམིགས་པ་ཡུལ་དང་། རྣམ་པ་རང་སྟོབས་ཀྱིས་དོན་ཙམ་སོ་སོར་རྣམ་པར་རིག་པ། མིག་ཤེས་ཀྱི་གཟུགས་ནས་ཡིད་ཤེས་ཀྱི་ཆོས་ཀྱི་བར་རོ། །རང་སྟོབས་དང་རིག་པ་ཞེས་པས་སེམས་བྱུང་དང་ཤེས་བྱའི་གཞི་གཞན་གསུམ་སེལ་ལོ། །དབྱེ་བ་ནི། ཐེག་པ་ཆེན་པོ་པ་ཁ་ཅིག་འདི་སྐད་དུ་ཟེར་ཏེ། བྱང་ཆུབ་སེམས་དཔའ་དགའ་པོ་དང་ཀླུའི་སྡེ་ལ་སོགས་པ་ནི། མདོ་ལས། གང་ཞིག་ལུས་མེད་ཕུག་གནས་ཤིང་། །རིང་དུ་རྒྱུ་ཞིང་གཅིག་པུར་འགྲོ། །འདུལ་བར་དཀའ་བའི་སེམས་འདུལ་བྱེད། །དེ་འདྲ་བྲམ་ཟེ་ངས་བཤད་དོ། །ཞེས་པས་རྣམ་ཤེས་ནི་རྫས་གཅིག་ཡིན་ལ། རིམ་གྱིས་སམ་གཅིག་ཅར་དྲུག་ཏུ་སྣང་བ་ནི་ཁང་པ་བུ་ག་པའི་སྤྲེའུའམ་ནོར་བུ་ལྟར་སྒོ་ཐ་དད་པའི་དབང་གིས་འོད་སོ་སོར་འབྱུང་བ་དང་འདྲའོ། །དེས་ན་གནས་གྱུར་གྱི་ཡེ་ཤེས་བཞི་ནི་ལྡོག་པས་ཕྱེ་སྟེ། གསེར་འོད་དམ་པ་ལས། ཡེ་ཤེས་ནི་གཅིག་སྟེ་མི་རྟོག་པའི་ཡེ་ཤེས་སོ། །ཞེས་རྫས་གཅིག་ཉིད་དུ་གྲུབ་པའི་ཕྱིར་ཞེས་ཟེར་རོ། །རྣམ་ཤེས་ཀྱི་ཚོགས་རྫས་གཅིག་པར་མི་འཐད་དེ། འཐད་ན་ཚོགས་དྲུག་ཀར་གཞན་ལ་མི་བལྟོས་པར་རྫས་གཅིག་གི་ངོ་བོར་རང་བློས་མྱོང་དགོས་པ་ལས་དེ་ལྟར་ཡང་མ་ཡིན་པའི་ཕྱིར་དང་། རྫས་གཅིག་པའི་ཤེས་པ་ཐམས་ཅད་དུས་གཅིག་ཅར་ཆ་ཤས་མེད་པར་སྐྱེ་བ་ཉིད་(༧༤ན)


K8Z006_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མིག་ཤེས་ལྟ་བུ་ཞིག་གིས་ཀྱང་གཅིག་ཅར་དུ་ཡུལ་དྲུག་གི་རྟོགས་པར་འགྱུར་བའི་ཕྱིར་དང་། ཕྱིར་མི་འོང་ལྟ་བུ་འགོག་སྙོམས་ལ་ཞུགས་པའི་ཚེ་རྣམ་ཤེས་ཀྱི་ཚོགས་རྣམས་བྱེ་སྨྲས་སྲོག་དང་། སེམས་ཙམ་པས་ཀུན་གཞི་ལ་བརྟེན་པར་འདོད་ལ། དེ་ལས་ལྡང་བ་ན་རྣམ་ཤེས་སོ་སོ་བ་སྐྱེ་བའི་བདག་པོ་དང་དམིགས་པ་དང་ཡིད་བྱེད་ཀྱི་རྒྱུ་ཚོགས་ཐ་དད་ལས་སོ་སོར་སྐྱེ་བ་ཉིད་ཀྱི་ཕྱིར། ཇི་སྐད་དུ། ཡུལ་དང་དབང་པོ་ཐ་དད་ཕྱིར། །རྣམ་པར་ཤེས་པ་བརྒྱད་དུ་སྐྱེ། །ཞེས་སོ། །ཡང་ཐེག་པ་ཆེན་པོའི་སློབ་དཔོན་ཡང་དག་བདེན་ནི་རྣམ་ཤེས་བརྒྱད་ཀྱི་སྟེང་དུ་དྲི་མ་མེད་པའི་རྣམ་ཤེས་དང་དགུར་ཡོད་དེ། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་དང་། དྲི་མ་མེད་པའི་ཡིད་ལ་བརྟེན་ཅེས་འབྱུང་བའི་ཕྱིར། །ཞེས་ཟེར་རོ། །མི་འཐད་དེ། དྲི་མེད་ཀྱི་ཡིད་མངོན་གྱུར་སོ་སྐྱེ་ལ་ཡོད་ན་འཕགས་པར་འགྱུར་ལ། ས་བོན་ཡོད་པ་ནི་མངོན་རྗེས་གང་གིས་ཀྱང་མི་འགྲུབ་པའི་ཕྱིར་ཞེས་སྨྲའོ། །ཅི་ཟག་མེད་ཀྱི་རྣམ་ཤེས་ཚོགས་དགུ་པ་ཞེས་རྣམ་ཤེས་ཚོགས་བརྒྱད་དང་བྱེད་པ་མཚུངས་པའི་རྣམ་ཤེས་ཀྱི་ཟླས་དབྱེར་མི་རུང་ངོ་ཞེས་ཟེར་ན། ཚིག་ལ་མི་རྩོད་ཀྱི་དོན་ལ་གཏན་མི་རིགས་སོ་ཞེས་སྨྲ་ན་ནི། རྒྱུ་འབྲས་ཀྱི་ཐེག་པའི་གཞི་ལམ་འབྲས་བུའི་སྲོག་ཤིང་ཐམས་ཅད་འཛུགས་སུ་མེད་པར་འགྱུར་ཏེ། ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་ཀྱི་རྒྱུར་གྱུར་གྱི་ཤེས་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་ལེགས་པར་བཤད་པའི་དྲི་མ་མེད་པའི་གསུང་རབ་ཀྱི་བརྗོད་བྱ་རྗོད་བྱེད་ཐམས་ཅད་གཞི་མ་གྲུབ་བམ་ཞེས་འདོར་དགོས་པ་ཉིད་ཀྱི་ཕྱིར་ཇི་ལྟར་གསུངས་ཞེ་ན། ཇི་སྐད་དུ། མི་གཙང་ལྗན་ལྗིན་ལྷུང་གྱུར་རྫོགས་སངས་རིན་པོ་ཆེ། །ཞེས་དང་། (༧༤བ)


K8Z006_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་མནར་མེད་གནས་རྣམས་ལ། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ཏེ། །ཞེས་དང་། ཉོན་མོངས་སྦུབས་ལས་མ་གྲོལ་རྣམ་གྲོལ་ལུས། །ཞེས་དང་། ལྷག་པར་སྔགས་ཀྱི་ཐེག་པར། ཇི་སྐད་དུ། དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་ལ་སོགས་པ། །བདེ་བ་གང་ཕྱིར་མི་ཤེས་པ། །རྟག་ཏུ་རང་བཞིན་བདེ་བ་ཅན། །ཞེས་དང་། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་དང་། མཆོག་གི་དང་པོ་སྐུ་གསུམ་འཆང་། །ཞེས་དང་། དེ་ཉིད་བསྡུས་པར། ཨེ་མ་སངས་རྒྱས་ཐམས་ཅད་ཀྱི། །རྒྱ་ཆེན་ཐོག་མ་མེད་སྐྱེ་བ། །ཞེས་དང་། འདི་ཉིད་ཡེ་ཤེས་ཆེན་པོ་ཉིད། །ཐམས་ཅད་ལུས་ལ་རྣམ་པར་གནས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་གནས། །ཞེས་ཆོས་ཀྱི་ཚུལ་འདི་བདེ་བར་གཤེགས་པའི་གསུང་རབ་ཀྱི་སྙིང་པོ་ཉིད་ཀྱི་ལུང་ཟད་མི་ཤེས་ན་འདིར་སྨོས་ཀྱིས་ག་ལ་ལང་། འོ་ན་གསུང་རབ་དེ་ལྟ་བུ་འདོར་བ་ལས་ཅི་ཉེས་ཞེ་ན། དམ་པའི་ཆོས་སྤོང་བའི་ལས་སོག་པར་མི་འགྱུར་གྲང་། འོན་ཀྱང་འདི་ལ་གནས་སྐབས་ཉན་རང་གི་རིགས་སུ་ངེས་པ་དང་བསྟན་པའི་རིམ་པ་ལ་མོས་པའི་དབང་གིས་གྲུབ་མཐའ་འཛིན་པའི་སྡེ་པ་ལྟ་བུས་འདི་ལྟའི་གསུང་རབ་འདོར་ཡང་ཆོས་ཚུལ་དེ་ཐེག་པ་དེའི་བློ་རིམ་མིན་པས་ཐེག་ཆེན་གྱི་ཆོས་སྤོང་གི་ལས་སྡིག་མི་སོག་ལ། མ་ངེས་པའི་རིགས་ཅན་དང་ལྷག་པར་ཐེག་ཆེན་གྱི་རིགས་ཅན་ལ་གསུང་རབ་དེ་ལྟར་འདོར་བ་དང་འདོར་དུ་འཇུག་པ་ནི་བདུད་ལས་དང་བདུད་དུ་རྒྱལ་བའི་ཡུམ་ལས་བཤད་དོ། །ཡང་ཐེག་པ་ཆེན་པོ་པ་ཁ་ཅིགབདེ་གཤེགས་སྙིང་པོ་ལ་ཆོས་ཅན་(༧༥ན)


K8Z006_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཉིད་གཉིས་ལས། ཆོས་ཉིད་ཁོ་ནའི་ཆ་ལ་དེར་བཤད་པ་ཡོད་དེ། ཉི་སྣང་ལས། གང་ལ་འདུ་བྱེད་ཅུང་ཟད་ཀྱང་མེད་པ་དེ་ནི་འདུས་མ་བྱས་པ་ཡིན་ལ། འདུས་མ་བྱས་པ་གང་ཡིན་པ་དེ་ནི་འཕགས་པ་རྣམས་ཀྱི་རིགས་ཡིན་ཏེ། རིགས་དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་ཁྱད་པར་མེད་པའོ། །རིགས་དེ་ནི་ཐམས་ཅད་ཀྱི་ཚེ་ཆོས་ཀྱི་དེ་བཞིན་ཉིད་ཡིན་པས་ཆོས་ཀྱི་རོ་གཅིག་ཏུ་གྱུར་པ་ཉིད་ཀྱིས་རྟག་པའོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངེས་པའི་ཚིག་ནི། ཡོན་ཏན་སྒྲོལ་བའི་དོན་གྱིས་ན་རིགས་ཏེ། དེ་ལས་ཡོན་ཏན་དེ་དང་དེ་དག་སྐྱེ་ཞིང་འབྱུང་བ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་འཕགས་པའི་གང་ཟག་ཐམས་ཅད་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་ཞེས་བརྗོད་དོ། །ཞེས་འབྱུང་ལ། དེ་ལྟར་གསུངས་པའང་ཆོས་ཅན་གཞི་དུས་ཀྱི་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་ཤེས་པ་ལ་སྐྱེས་བུ་ལ་ལ་ཞིག་བདེན་པར་ལྟ་བ་བཟློག་པའི་ཆེད་དུ་དེ་ཁོ་ནར་གསུངས་པ་ཡིན་ན་རུང་གི། དེ་ལས་གཞན་དུ་སེམས་ཅན་གྱི་རྒྱུད་ལ་ཆོས་ཅན་བདེར་གཤེགས་སྙིང་པོར་གྱུར་པའི་ཤེས་པ་མི་སྲིད་པ་ཉིད་ཀྱིས་དེ་སྐད་གསུངས་པ་ཡིན་ན་ཆེས་མི་འཐད་དེ། དེ་ལྟར་ན་ཐ་སྙད་རྟེན་འབྱུང་ཀུན་རྫོབ་བདེན་པ་རྣམ་པར་བཞག་པ་ན་འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ལ་རྒྱུ་མེད་པར་འགྱུར་བ་ཉིད་ཀྱི་ཕྱིར། རྣམ་བྱང་གི་རྟེན་འབྲེལ་རྣམ་འཇོག་ལ་སྐུར་པ་བཏབ་པར་འགྱུར་རོ། །ཚུལ་འདི་ནི་ཁོ་བོས་དཔལ་ལྡན་རྡོ་རྗེ་ཐེག་པའི་རིང་ལུགས་ཆེན་པོའི་རྗེས་སུ་འབྲངས་ནས་སངས་རྒྱས་ཆེན་པོ་མཉན་པ་གྲུབ་ཐོབ་ཀྱི་གསུང་གི་གསང་བས་གཞན་དུ་ལེགས་པར་བཤད་དོ། །གཞུང་འདིར་རང་ལུགས་སྡེ་པས་རྣམ་ཤེས་དྲུག་ཏུ་འདོད་ལ། སེམས་ཙམ་པས་ཕྱི་སྣོད་དང་ནང་ཉེར་ལེན་ལ་དམིགས་ནས་རྣམ་པ་མི་གསལ་བར་འཇུག་(༧༥བ)


K8Z006_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་གཞི་དང་། དེ་ལ་དམིགས་ནས་ངར་འཛིན་པའི་ཉོན་མོངས་པ་ཅན་གྱི་ཡིད་དང་བརྒྱད་དུ་འདོད་དོ། །གཉིས་པ་ནི། ཡིད་ཀྱི་སྐྱེ་མཆེད་ཀྱང་དེ་ཡིན། །རྣམ་ཤེས་དེ་ཉིད་སྐྱེ་མཆེད་དུ་ཇི་ལྟར་འཇོག་སྙམ་ན། ཡིད་ཀྱི་སྐྱེ་མཆེད་ཀྱང་རྣམ་ཤེས་ཀྱི་ཕུང་པོ་དེ་རྫས་རེ་རེ་ཞིང་ཡིན་གྱི་འདིའི་ཚོགས་པ་ནི་མ་ཡིན་ལ། དེའང་རྣམ་ཤེས་དྲུག་གི་འབྲས་བུའི་ཆ་ནས་མ་ཡིན་གྱི། སྐྱེ་མཆེད་ནི་རྒྱུའི་དོན་ཡིན་པས་རྣམ་རིག་ཕྱི་མ་སྐྱེད་པར་བྱེད་པའི་རྒྱུའི་ཆ་ནས་སྐྱེ་མཆེད་དུ་འཇོག་ཅིང་། ཀྱང་སྒྲས་ཡིད་དུ་མ་ཟད་རྣམ་ཤེས་གཞན་དག་སྐྱེད་བྱེད་དུ་འཇོག་པའང་དེ་དང་འདྲ་བར་བསྟན་ཏོ། །གསུམ་པ་ནི། ཁམས་བདུན་དག་ཏུའང་འདོད་པ་སྟེ། །རྣམ་པར་ཤེས་པ་དྲུག་དང་ཡིད། །རྣམ་ཤེས་ཉིད་སྐྱེ་མཆེད་དུ་བཞག་པར་མ་ཟད་སེམས་ཀྱི་ཁམས་བདུན་དག་ཏུའང་འདོད་པ་ཡིན་ཏེ། མིག་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ཁམས་དྲུག་དང་ཡིད་ཀྱི་ཁམས་སུ་ཡོད་པའི་ཕྱིར། འང་གི་སྒྲས་ནི་རྫས་རེ་རེ་ཞིང་ཁམས་དྲུག་མིན་གྱི། འདིའི་ཚོགས་པ་ནི་མ་ཡིན་པར་བསྟན་ཏོ། །བཞི་པ་ལ་གཉིས། མཚན་གཞི་ངོས་བཟུང་བ་དང་། དེའི་སྒྲུབ་བྱེད་དོ། །དང་པོ་ནི། དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །རྣམ་ཤེས་ཚོགས་དྲུག་ལས་གཞན་པའི་ཡིད་ཀྱི་ཁམས་དེ་གང་ཞེ་ན། ཚོགས་དྲུག་ལས་རྫས་གཞན་ནི་མེད་ཀྱི། ཚོགས་དྲུག་པོ་དེ་དག་ཉིད་ལས་ཤེས་པ་གཞན་གྱིས་བར་མ་ཆོད་པའི་འདས་མ་ཐག་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་ཡིད་ཀྱི་རྣམ་ཤེས་ཕྱི་མ་སྐྱེ་བའི་རྟེན་བྱེད་པས་ཡིད་ཀྱི་ཁམས་ཞེས་བྱའོ་སྟེ། དཔེར་ན། བུ་ཉིད་གཞན་གྱི་ཕ་ནས་ཕར་འགྱུར་བ་བཞིན་བརྟེན་པའི་ཆ་ནས་རྣམ་ཤེས་དང་། རྟེན་གྱི་ཆ་ནས་ཡིད་དུ་འཇོག་པའི་ཕྱིར། དྲུག་པོ་ཞེས་སྨོས་པས་རྣམ་ཤེས་དྲུག་ཀ་ལ་ཡོད་པར་བསྟན་ཅིང་། འདས་པ་ཞེས་པས་རྣམ་ཤེས་ད་ལྟར་བ་དང་ཁྱད་འབྱེད་བྱེད་དེ་ལྟ་བ་ལ་རྣམ་ཤེས་དང་། འདས་པ་ལ་ཡིད་ཀྱི་དབང་པོ་ཞེས་བསྟན་པའི་ཕྱིར། འདས་མ་ཐག་པ་ཅེས་སྨོས་པ་ནི་འདས་མ་ཐག་པ་(༧༦ན)


K8Z006_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི། འདས་ནས་རིང་པོར་ལོན་པའི་ཡིད་མ་ཡིན་པར་བསྟན་ཏོ། །གཉིས་པ་ནི། དྲུག་པའི་རྟེན་ནི་རབ་བསྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །འོ་ན་རྣམ་ཤེས་ཀྱི་ཁམས་དྲུག་དང་ཡིད་ཀྱི་ཁམས་གཅིག་གི་ནང་དུ་གཅིག་འདུས་པས་རྫས་སུ་ཁམས་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ཞེ་ན། རྫས་སུ་བཅུ་བདུན་ནམ་བཅུ་གཉིས་སུ་འགྱུར་ཀྱང་མཚན་ཉིད་ཀྱི་དབང་དུ་བྱས་ན་བཅུ་བདུན་དང་བཅུ་གཉིས་སུ་མི་འགྱུར་ཏེ། རྣམ་ཤེས་གཞན་ལྔ་ལ་རྟེན་རེ་ཡོད་པ་ལྟར་ཡིད་ཀྱི་རྣམ་ཤེས་ལ་ཡང་རྟེན་དགོས་ཤིང་། དྲུག་པ་ཡིད་ཤེས་ལ་རྟེན་གཞན་མེད་པས་དེའི་རྟེན་བདག་རྐྱེན་ནི་རབ་ཏུ་བསྒྲུབ་པའི་ཕྱིར། རྣམ་ཤེས་དྲུག་ལ་འདས་ད་ལྟར་གྱི་ཆ་ཕྱེ་ནས་འདས་པའི་ཆ་ལ་ཡིད་ཀྱི་ཁམས་ཞེས་བཞག་ནས་རྟེན་དབང་པོ་དྲུག་བརྟེན་པ་རྣམ་ཤེས་དྲུག་དམིགས་པ་ཡུལ་དྲུག་སྟེ་ཁམས་ནི་བཅོ་བརྒྱད་དག་ཏུ་འདོད་དོ། །རྣལ་འབྱོར་སྤྱོད་པ་ལྟར་ན། ཚོགས་དྲུག་ལ་མ་གཏོགས་པའི་ཡིད་ཀྱི་ཁམས་ཉོན་མོངས་པ་ཅན་གྱི་ཡིད་ལ་འཇོག་ལ། གོས་དམར་བའི་སྡེ་པས་ནི་ཡིད་ཤེས་ཀྱི་རྟེན་སྙིང་གི་དངོས་པོ་བུ་ག་གཅིག་ནས་དགུ་པའི་བར་ཡོད་ལ། དེ་ནི་གཟུགས་མེད་ཁམས་ནའང་ཡོད་ཟེར། གསང་སྔགས་སུ་ནི་ཡིད་ཤེས་ཀྱི་བདག་རྐྱེན་རྩ་འཁོར་བཞི་སོགས་ཀྱི་རླུང་སེམས་ནཱ་ད་སོགས་ཀྱི་བྱེད་པར་བཞེད་པ་ནི་ཆེས་སྐལ་ལྡན་དག་གི་སྤྱོད་ཡུལ་ལས་གཞན་དུ་གསང་བར་བྱའོ། །འོ་ན་དགྲ་བཅོམ་གྱི་སེམས་ཐ་མ་ཡིད་མ་ཡིན་པར་འགྱུར་ཏེ། ཡིད་ཤེས་རྟེན་པ་སོ་སྐྱེ་བ་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། རྐྱེན་མ་ཚང་བས་ཕྱི་མ་མི་སྐྱེ་ཡང་ཡིད་ཀྱི་ཁམས་ཀྱི་རང་གི་མཚན་ཉིད་འཛིན་པའི་ཕྱིར། དེ་མཚུངས་ཐམས་ཅད་དངོས་སུ་རྟེན་དང་ཡུལ་མ་ཡིན་ཀྱང་དེའི་རིགས་ཡིན་པས་ཁམས་སུ་འདོད་ལ། ཡིད་ནི་ལོགས་སུ་སྟོན་པའི་རྒྱུ་དྲུག་པའི་རྟེན་གྱི་ཕྱིར་ཡིན་མོད་ཀྱི་རྣམ་ཤེས་ལྔའི་རྟེན་ཡང་བྱེད་དོ། །ཅི་རྣམ་ཤེས་ཀྱི་ཁམས་དྲུག་རྐྱེན་བཞི་ལས་སྐྱེ་བ་ལ་དེའི་(༧༦བ)


K8Z006_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་དང་དམིགས་པ་ཁམས་དང་སྐྱེ་མཆེད་དུ་བཞག་ནས། རྒྱུ་དང་དེ་མ་ཐག་རྐྱེན་ཁམས་དང་སྐྱེ་མཆེད་དུ་མི་སྟོན་པ་ཅི་ཞེ་ན། རྒྱུའི་རྐྱེན་ནི་བྱེ་བྲག་ཏུ་སྨྲ་བས་རྒྱུ་ལྔ་འདོད་པ་ལས། སྐལ་མཉམ་དང་ཀུན་འགྲོ་དང་། རྣམ་སྨིན་གྱི་རྒྱུས་སེམས་རིགས་འདྲ་དང་། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེས་ལ་ཁྱབ་ཀྱང་གཞན་ལ་མ་ཁྱབ་ཅིང་། ཁྱབ་པ་ལ་ཡང་འདིའི་རྒྱུ་འདི་ཁོ་ནའོ་ཞེས་སོ་སོར་ངེས་པ་མེད་པས་མ་བཞག་ལ། རྣམ་ཤེས་ཀྱིས་ལྷན་ཅིག་འབྱུང་བའི་རྒྱུ་དང་། མཚུངས་ལྡན་གྱི་རྒྱུ་གྲོགས་དེ་དག་ཁྱད་པར་དུ་བྱས་ཀྱི། ལྷན་ཅིག་འབྱུང་བའི་རྒྱུ་དང་མཚུངས་ལྡན་གྱི་རྒྱུ་གྲོགས་ཀྱིས་རྣམ་ཤེས་ཁྱད་པར་དུ་མ་བྱས་པའི་ཕྱིར། ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་གྱི་རྒྱུའང་ཁམས་དང་སྐྱེ་མཆེད་དུ་མ་བཞག་གོ། །མདོ་སྡེ་པས། དབང་པོ་དང་བཅས་པའི་ལུས་དང་སེམས་ལ་རྣམ་ཤེས་དྲུག་གི་ས་བོན་ཡོད་པས་ས་བོན་དེ་རྣམ་ཤེས་དེའི་རྒྱུར་འདོད་ལ། རྣམ་ཤེས་དྲུག་པོ་བསྟན་པ་ཉིད་ཀྱིས་དེའི་རྒྱུའང་གོ་བར་འགྱུར་གྱི། འབྲས་བུ་དྲུག་མ་བསྟན་ན་དེའི་ནུས་པའང་རྟོགས་པར་མི་འགྱུར་བས་རྒྱུ་ཁམས་དང་སྐྱེ་མཆེད་དུ་མ་བཞག་གོ། །སེམས་ཙམ་པས། རྒྱུ་ལྔ་ཀུན་གཞིའི་སྟེང་གི་ས་བོན་ལ་འདོད་པས་རྒྱུ་ཁམས་དང་སྐྱེ་མཆེད་དུ་མ་བཞག་པའི་ཚུལ་མདོ་སྡེ་པ་དང་ཕལ་ཆེར་འདྲའོ། །དེ་མ་ཐག་རྐྱེན་ནི། ཤེས་པ་སྔ་མ་འདས་པའི་ཆ་ཡིན་པས་ཚོགས་དྲུག་ཀའི་རྐྱེན་དུ་དྲུག་ཀ་འགྲོ་བ་སྲིད་དེ། སོ་སོར་ངེས་པ་མེད་པས་མ་བཞག་ལ། དེའང་དེང་སང་རིགས་ཆོས་ལུང་ཆོས་ཅི་རིགས་པ་ལ་གྲགས་པའི་ཤེས་པ་སྐྱེ་བ་ལ་ཡུལ་དབང་ཡིད་བྱེད་གསུམ་ཚོགས་དགོས་ཞེས་པའི་ཡིད་བྱེད་དེ་ཡིན་ལ། ཡིད་བྱེད་དེའང་སེམས་བྱུང་ཡིད་བྱེད་ཀྱི་ཁྱད་པར་དུ་བྱས་པའི་གཙོ་(༧༧ན)


K8Z006_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་མཚུངས་པར་ལྡན་པ་ཉིད་དེ། ཡིད་བྱེད་འདིས་ཤེས་པ་ཕྱི་མ་ཡུལ་ལ་གཏོད་དུ་འཇུག་བྱེད་ཀྱི་ལས་བྱེད་པས་འདི་ལ་ཚུལ་བཞིན་ཡིན་མིན་དང་ལུང་མ་བསྟན་གྱི་ཁྱད་པར་གྱིས་ཚོགས་དྲུག་གི་ཤེས་པ་ཕྱི་མ་རྟོག་མེད་དང་རྟོག་པ་གང་ཡིན་ཀྱང་རུང་། དགེ་མི་དགེ་དང་ལུང་མ་བསྟན་གྱི་ངོ་བོར་བསྐྱེད་དོ། །གནད་འདི་ཁོང་དུ་མ་ཆུབ་པས་བོད་ཀྱི་མཁས་གྲུབ་ཏུ་གྲགས་པ་ཕལ་ཆེ་བས་རྟོག་མེད་ཀྱི་ཤེས་པ་ལ་ལུང་མ་བསྟན་གྱིས་ཁྱབ་པའི་ཁྱབ་མཐའ་འཛིན་པ་དང་། དེ་རང་བབས་སུ་བསྐྱངས་པས་འཁོར་རྩ་གཅོད་པར་སྨྲ་བའི་ཐ་ཆད་ཀྱང་བྱུང་ངོ་། །དེས་ན་ཆོས་ཚུལ་འདི་གཞུང་ལུགས་དྲི་མ་མེད་པ་ཐམས་ཅད་དུ་གསལ་བར་བཤད་སྣང་ནའང་། དེང་སང་གསལ་བར་སྨྲ་བ་ནི་བོད་དང་བོད་ཆེན་པོའི་ས་ཕྱོགས་འདིར་ནི་གཞར་ཡང་མ་མཐོང་བས་བདག་ཉིད་འབའ་ཞིག་གི་གསང་ཚིག་ཏུ་གསུང་ངོ་། །མདོར་ན། རྐྱེན་གཉིས་ཀྱི་ལྡོག་པ་ཁམས་དང་སྐྱེ་མཆེད་ལོགས་སུ་མ་བྱས་པ་ཡིན་གྱི། རྫས་ནི་ཤེས་པ་ཉིད་ཀྱི་སྐྱེ་མཆེད་དང་ཁམས་ལས་གཞན་དུ་བཞག་ཏུ་མེད་དོ། །དོན་འདི་ལ་སྔ་རབས་བདག་འདི་སྐད་དུ་སྨྲ་བར་སྣང་སྟེ། རྒྱུ་རྣམས་ཀུན་ཀྱང་ཤེས་པའི་རྒྱུར། །མ་ངེས་ངེས་པ་དེ་ཡིས་ཀྱང་། །ཇི་ལྟར་རྒྱུར་འགྱུར་མི་ཤེས་ཤིང་། །ལྷན་ཅིག་མཚུངས་ལྡན་རྒྱུ་དག་ནི། །གྲོགས་སུ་བཟུང་བ་ཙམ་ཡིན་གྱི། །དེ་ཡི་ཉེར་ལེན་རྒྱུ་མིན་ཕྱིར། །དེ་རྒྱུ་སྐྱེ་མཆེད་ཁམས་ཉིད་དུ། །ལོགས་སུ་བཞག་མིན་བྱེ་སྨྲ་ཟེར། །མདོ་སྡེ་པ་དང་སེམས་ཙམ་པས། །འབྲས་བུ་ཤེས་པའི་སྐྱེ་མཆེད་ཁམས། །བཤད་པས་དེ་རྒྱུ་གོ་བའི་ཕྱིར། །དེ་རྒྱུ་ལོགས་སུ་སྐྱེ་མཆེད་དང་། །ཁམས་སུ་བཞག་པར་མ་བྱས་སོ། །དེ་མ་ཐག་རྐྱེན་འདས་པ་ནི། །ཚོགས་ཞེས་དྲུག་ཀའི་རྐྱེན་འགྱུར་ཕྱིར། །དེ་ལ་སྐྱེ་མཆེད་ཁམས་བཞག་ན། །མ་ངེས་ཉིད་དང་ཧ་ཅང་ནི། །ཐལ་ཕྱིར་བཞག་པ་(༧༧བ)


K8Z006_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཅེས་སྨྲ། །ཞེས་སོ། །དེས་ན་ཕུང་པོས་འདུས་བྱས་ཐམས་ཅད་དང་ཉེར་ལེན་གྱི་ཕུང་པོའི་ཟག་བཅས་ཐམས་ཅད་བསྡུས་ཤིང་སྐྱེ་མཆེད་དང་ཁམས་ཀྱི་ཆོས་ཐམས་ཅད་བསྡུ་བ་ནི་རྒྱས་པའི་བསྡུ་བའོ། །གཉིས་པ་བསྡུས་ཏེ་བསྟན་པ་ལ། བསྡུ་བ་དངོས་དང་། བསྡུ་བའི་ཚུལ་ལོ། །དང་པོ་ནི། ཕུང་པོ་དང་ནི་སྐྱེ་མཆེད་དང་། །ཁམས་གཅིག་གིས་ནི་ཐམས་ཅད་བསྡུས། །ཕུང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་གཞག་དེ་དག་ལས་ཀྱང་མདོར་བསྡུས་པ་ཇི་ལྟར་ཡོད་སྙམ་ན། ཡོད་དེ། གཟུགས་ཀྱི་ཕུང་པོས་ནི་གཟུགས་ཀྱི་ཕུང་པོ་དང་དབང་པོ་དང་དོན་གྱི་སྐྱེ་མཆེད་བཅུ་ཁམས་བཅུ་དང་རིག་མིན་བསྡུས་ལ། དང་ནི་ཚིག་ཕྲད་དེ། ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་ཉིད་དང་། རྣམ་པར་ཤེས་པའི་ཁམས་བདུན་དང་། ཆོས་ཀྱི་ཁམས་གཅིག་གིས་ནི་ཚོར་བ། འདུ་ཤེས། འདུ་བྱེད་ཀྱི་ཕུང་པོ་དང་། ཆོས་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་ཁམས་བསྡུས་ལ། རིག་བྱེད་མིན་པའང་བསྡུས་པས་རིག་བྱེད་མིན་པ་ནི་ཕུང་པོ་དང་ཁམས་ཀྱི་སྐབས་ཀྱི་ལན་གཉིས་སུ་བསྡུས་པས་སྡུད་བྱེད་དེ་གསུམ་གྱིས་ཆོས་རྣམས་ཐམས་ཅད་བསྡུས་སོ། །གཉིས་པ་ནི། རང་གི་ངོ་བོ་ཉིད་ཀྱིས་ཏེ། །གཞན་གྱི་དངོས་དང་མི་ལྡན་ཕྱིར། །ཅི་བསྡུས་པ་དེ་དག་བྱས་པ་དང་མི་རྟག་པ་ལྟར་རང་གིས་རང་བསྡུས་པའི་བསྡུ་བ་མཚན་ཉིད་པའམ། སངས་རྒྱས་ཀྱི་བསྡུ་དངོས་བཞིས་འཁོར་རྣམ་བཞི་བསྡུས་པ་ལྟར་གཞན་གྱིས་གཞན་བསྡུས་པའི་བསྡུ་བ་བཏགས་པ་བ་ཡིན་ཅེ་ན། བཏགས་པ་བ་མིན་ཏེ། བསྡུ་བྱ་དེ་དག་སྡུད་བྱེད་དེ་དག་གི་རང་གི་ངོ་བོ་ཉིད་ཀྱིས་བསྡུས་པ་ཡིན་པའི་ཕྱིར་ཏེ་གཞན་གྱི་དངོས་པོ་དང་མི་ལྡན་པའི་ཕྱིར་ཏེ། གཞན་གྱིས་བསྡུས་པ་ནི་རེས་འགའ་བ་ཡིན་པའི་ཕྱིར། བསྡུས་པ་བརྡར་བཏགས་པའོ། །གསུམ་པ་[དོགས་པ་བཅད་པ་]ནི། མིག་ལ་སོགས་པ་གཉིས་མོད་ཀྱི། །རིགས་དང་སྤྱོད་ཡུལ་རྣམ་པར་ཤེས། །འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད། །མཛེས་བྱའི་ཕྱིར་ན་གཉིས་བྱུང་ངོ་། །མིག་སོགས་གསུམ་ལ་གཉིས་གཉིས་ཡོད་པས་ཁམས་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ་ཞེ་ན། མིག་ལ་སོགས་པ་ལ་གཉིས་གཉིས་ཡོད་པ་བདེན་མོད་ཀྱི། གཉིས་ཀ་ཡང་གཟུགས་འཛིན་རྣམ་ཤེས་(༧༨ན)


K8Z006_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་མིག་གི་རང་བཞིན་དུ་རིགས་འདྲ་བའི་ཕྱིར་དང་། སྤྱོད་ཡུལ་གཟུགས་སོགས་ཡིན་པར་འདྲ་བའི་ཕྱིར་དང་། རྟེན་པ་གཟུགས་འཛིན་པའི་རྣམ་པར་ཤེས་པ་གཅིག་བསྐྱེད་པར་འདྲ་བའི་ཕྱིར་ན་ཁམས་གཅིག་ཉིད་དུ་གྲུབ་བོ། །ཡུལ་འཛིན་པ་དང་རྣམ་ཤེས་བསྐྱེད་པ་ལ་གཉིས་མི་དགོས་པས་དང་པོ་ནས་གཅིག་ཏུ་འབྱུང་བར་རིགས་སོ་ཞེ་ན། གཅིག་ཏུ་བྱུང་ན་ཤིན་ཏུ་མི་མཛེས་པས་རྟེན་མཛེས་པར་བྱ་བའི་ཕྱིར་ན་གཉིས་སུ་བྱུང་ལ། གཉིས་ཡོད་པར་མཛེས་པར་འགྱུར་ན་འུག་པ་དང་རྔ་མོ་ལ་སོགས་པའི་མིག་རྣའང་ཅིས་མི་མཛེས་པར་འགྱུར་སྙམ་ན། མིག་རང་གི་རིགས་ཉིད་མི་མཛེས་པ་ཡིན་གྱི། མིག་སོགས་གཅིག་ལས་མེད་ན་དེ་བས་ཀྱང་མི་མཛེས་པར་འགྱུར་བའི་ཕྱིར་གཉིས་ཁོ་ན་མཛེས་སོ། །སེམས་ཅན་རྣམས་ཐོག་མ་མེད་པ་ནས་རྟེན་གཉིས་མཛེས་པའི་ང་རྒྱལ་བྱེད་པས་དེ་འདོད་པའི་དབང་གིས་ལས་བསགས་པས་གཉིས་སུ་གྲུབ་པ་ཡིན་གྱི། མཛེས་འདོད་ཙམ་གྱིས་ནི་མིག་གཉིས་སོགས་འགྲུབ་པ་མིན་ནོ། །སློབ་དཔོན་འདུས་བཟང་ནི། རྣམ་ཤེས་གསལ་བའི་བདག་པོ་བྱེད་པའི་ཆེད་དུའོ་ཞེས་འདོད་ལ། རྒྱལ་སྲས་མར། དེ་ནི་རྒྱ་ཆེན་པོ་གཅིག་གིས་ཀྱང་འགྲུབ་པའི་ཕྱིར་དགོས་པ་མེད་དོ་ཞེས་འཆད་དོ། །རྣ་བ་དང་སྣ་ལ་ཡང་དེ་བཞིན་དུ་སྦྱར་ཏེ་ཕོ་དང་མོའི་དབང་པོ་ཡང་ལུས་ཀྱི་ཁམས་ལས་ལོགས་སུ་མ་བཞག་གོ། །གཉིས་པ་[སྒྲ་འཇུག་པའི་རྒྱུ་མཚན་]ནི། སྤུངས་དང་སྐྱེ་སྒོ་རིགས་ཀྱི་དོན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཡིན། །ངེས་པའི་ཚིག་ལས་དྲངས་ན་ཕུང་པོའི་དོན་ནི་འབྲུའི་ཕུང་པོ་ལྟར་ཆོས་དུ་མ་སྤུངས་པ་དང་ཞེས་པ་སྟེ། མདོ་ལས། གཟུགས་གང་ཅི་ཡིན་ཀྱང་རུང་། འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བའམ། ནང་གིའམ། ཕྱིའིའམ། རགས་པའམ། ཕྲ་བའམ། ངན་པའམ། གྱ་ནོམ་པའམ། ཐག་རིང་བའམ་ཉེ་བ་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་(༧༨བ)


K8Z006_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཞེས་འབྱུང་བའི་དོན་འགྲེལ་པ་ན་བྱེ་སྨྲས་འགོག་པ་ལྔ་ལས། མཚན་ཉིད་ཀྱི་འགོག་པ་དང་། སྙོམས་འཇུག་གི་འགོག་པ་དང་། སྐྱེ་བའི་འགོག་པ་དང་། བརྟགས་བརྟགས་མིན་གྱི་འགོག་པ་ལས་ཕྱི་མ་བཞི་བསལ་ནས་དང་པོ་ཉིད་ཀྱི་ཕྱིར། གཟུགས་འདས་པ་ནི་མཚན་ཉིད་ཀྱི་མི་རྟག་པས་འགགས་པ་དང་། མ་འོངས་པ་ནི་ད་ལྟར་འབྱུང་བར་མ་ཕྱིན་པ་དང་། ད་ལྟར་བྱུང་བ་ནི་བྱུང་ལ་མ་འགགས་པའོ། །ནང་དང་ཕྱི་ནི་རང་གཞན་གྱི་རྒྱུད་ལ་ཡོད་པའམ་ཡང་ན་མིག་དང་ཡུལ་གྱི་སྐྱེ་མཆེད་ཀྱི་ཆ་ནས་འཇོག་ལ། རགས་ཕྲ་ནི་རྡུལ་བསགས་མ་བསགས་ཀྱི་ཐོགས་བཅས་ཐོགས་མེད་དོ། །ཡང་ན། སྲོ་མ་ལ་བལྟོས་ནས་ཤིག་རགས་པ་དང་། ཤིག་ལ་བལྟོས་ནས་སྲོ་མ་ཕྲ་བ་སྟེ། དེ་ལྟར་ན་ཐོགས་བཅས་ནི་ཕྲ་རགས་གཉིས་ཀ་ཡིན། ཐོགས་མེད་ནི་བསགས་པ་མ་ཡིན་པའི་ཕྱིར་ཕྲ་བ་ཁོ་ནའོ། །འོ་ན་རགས་ཕྲ་མ་གྲུབ་སྟེ། བལྟོས་ནས་བཞག་པའི་ཕ་རི་དང་ཚུ་རི་བཞིན་ནོ་སྙམ་ན། རགས་ཕྲ་མ་གྲུབ་པ་མ་ཡིན་ཏེ། གང་ཁོ་ན་བལྟོས་ཏེ་རགས་པ་ཡིན་པ་ནི་ནམ་དུ་ཡང་དེ་ལ་བལྟོས་ཏེ་ཕྲ་བ་མ་ཡིན་ལ། ཕྲ་བ་ལ་བལྟོས་ན་རགས་པ་མ་ཡིན་པའི་ཕྱིར། དཔེར་ན། ཕ་དང་བུ་བཞིན་ནོ། །ངན་པ་དང་གྱ་ནོམ་པ་ནི་དམ་པས་སྨད་པས་ཉོན་མོངས་ཅན་སྡོམ་མིན་དང་། བར་མའི་མི་དགེ་བའི་གཟུགས་ལྟ་བུ་དང་། ཉོན་མོངས་པས་སུན་མ་ཕྱུང་བ་ཉོན་མོངས་ཅན་མིན་པ་སྡོམ་པ་དང་བར་མའི་དགེ་བ་ལྟ་བུའོ། །རིང་བ་ནི་རྒྱུད་ཉམས་པས་འདས་པ་དང་། དེར་མ་ཕྱིན་པས་མ་འོངས་པ་དང་། ཉེ་བ་ནི་ད་ལྟར་བྱུང་བའི་གཟུགས་ཏེ་རྣམ་ཤེས་ཀྱི་བར་དུ་དེ་དང་འདྲ་ལ། ཁྱད་པར་རྟེན་ལུས་ཅན་མིན་པས་རགས་པ་དབང་པོ་ལྔ་ལ་བརྟེན་པ་དང་། ཕྲ་བ་ནི་ཡིད་ལས་བྱུང་བའོ། །ཡང་ན་ས་དགུའི་(༧༩ན)


K8Z006_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གོང་འོག་ལས་ཞེའོ། །མདོ་སྡེ་པའི་གནས་བརྟན་བཙུན་པའམ་ཆོས་སྐྱོབས་ནི་ཕྲ་རགས་ནི་ཡིད་ཀྱི་གཟུང་བྱ་མིག་སོགས་ལྔ་དང་རིག་བྱེད་མིན་པ་དང་། དབང་པོ་ལྔས་བཟུང་བྱའོ། །ངན་པ་དང་གྱ་ནོམ་པ་ནི་ཡིད་དུ་མི་འོང་བ་དང་ཡིད་དུ་འོང་བའོ། །རིང་ཉེ་ནི་ཡུལ་མི་སྣང་བ་དང་སྣང་བའོ། །འདས་པ་ལ་སོགས་པ་ནི་རང་མིང་གིས་བསྟན་པའི་ཕྱིར། ཉེ་རིང་ནི་མ་ཡིན་ནོ་ཞེས་འདས་མ་འོངས་འགགས་པ་དང་མ་སྐྱེས་པ་ལ་འདོད་དོ། །དེ་ལྟར་ན་ཆོས་སྐྱོབ་ནི་འདས་མ་འོངས་ཡོད་པ་ཉིད་དུ་སྨྲ་སྟེ། ཆོས་དུས་རྣམས་སུ་འཇུག་པ་ན་དངོས་པོ་གཞན་ཉིད་དུ་འགྱུར་གྱི། རྫས་གཞན་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་སྨྲ་བས། སློབ་དཔོན་འདི་མདོ་སྡེ་པར་བཞག་པ་ན་ནི། བྱེ་བྲག་བཤད་པར་ཆོས་སྐྱོབས་ཞེས་བྱེ་སྨྲའི་སློབ་དཔོན་དུ་འབྱུང་བ་དེ་ནི་མ་ཡིན་པར་སེམས་སོ། ༓ །སེམས་སེམས་བྱུང་རྣམས་སྐྱེ་བའི་སྒོར་གྱུར་པའི་དོན་གྱིས་སྐྱེ་མཆེད་དེ། ངེས་ཚིག་ཏུ་སེམས་དང་སེམས་བྱུང་རྣམས་སྐྱེ་བ་མཆེད་པར་བྱེད་པས་སྐྱེ་མཆེད་དེ་རྒྱས་པའི་ཐ་ཚིག་གོ། །རིགས་ཀྱི་དོན་ནི་ཁམས་ཀྱི་དོན་ཡིན་ཏེ་རིགས་སུ་འདྲ་བའི་ཕྱིར། གསེར་འབྱུང་བའི་རི་ལ་གསེར་གྱི་ཁམས་ཞེས་བརྗོད་པ་ལྟར། མིག་སོགས་ཡང་རང་གི་རིགས་འདྲ་ཕྱི་མའི་འབྱུང་གནས་སུ་གྱུར་པའི་དོན་གྱི་ཁམས་སུ་འཇོག་གོ། །འོ་ན་འདུས་མ་བྱས་ཁམས་མིན་པར་འགྱུར་ཞེ་ན། འདུས་མ་བྱས་ལ་རིགས་འདྲ་མེད་ཀྱང་དམིགས་པའི་སྒོ་ནས་སེམས་དང་སེམས་བྱུང་གི་འབྱུང་གནས་ཡིན་པའི་ཕྱིར་ཁམས་སུ་འཇོག་གོ། །འདི་ལ་ཁ་ཅིག །འདི་ལྟར་རྒོལ་ཏེ། ཕུང་པོ་རྣམས་བཏགས་ཡོད་དུ་འགྱུར་ཏེ་སྤུངས་པའི་དོན་ཕུང་པོ་ཡིན་ལ། དེ་ནི་རྫས་དུ་མ་འདུས་པའི་ཕྱིར་འབྲུ་སྤུངས་པ་ནས་ཕུང་པོ་དང་ཕུང་པོ་ལ་གང་ཟག་ཅེས་བརྗོད་པ་བཞིན་ནོ་ཞེས་ཟེར་བ་ལ། ཁ་ཅིག་གིས་(༧༩བ)


K8Z006_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལན་འདི་ལྟར་འདེབས་ཏེ། ཕུང་པོ་ནི་བཏགས་ཡོད་མ་ཡིན་ཏེ་རྫས་དུ་མ་འདུས་པ་ཕུང་པོའི་དོན་མ་ཡིན་པའི་ཕྱིར་དང་། རྫས་ཀྱི་རྡུལ་ཕྲ་རབ་གཅིག་པུ་ཡང་ཕུང་པོར་འཇོག་པའི་ཕྱིར། དེས་ན་སྤུངས་པའི་དོན་ནི་ཕུང་པོར་འཇོག་བྱེད་མིན་པ་དེའི་ཕྱིར་ཕུང་པོར་འཇོག་བྱེད་ཀྱི་ཆོས་གཞན་ཡོད་དེ། བྱ་བ་ཉིད་ཁུར་ཡིན་ལ་དེ་ཁྱེར་ནུས་པ་ནི་ཕྲག་པ་ཡིན་པ་བཞིན་དུ་རྡུལ་ཕྲ་རབ་ཀྱིས་ཀྱང་དུ་མ་སྤུངས་པའི་བྱ་བ་ཅན་ཡིན་པའི་ཕྱིར། མིང་གཟུགས་ཀྱི་རྐྱེན་གྱིས་བྱ་བས་སྐྱེ་མཆེད་དྲུག་འབྱུང་བའི་ཁུར་ཁྱེར་བ་བཞིན་ནོ། །སོ་སོར་ཡོངས་སུ་ཆད་པ་དེ་བློས་བཅད་ནུས་ནས་སོ་སོར་ཕུང་པོར་བྱ་བ་ཉིད་ཀྱི་ཕྱིར་ཕུང་པོར་འཇོག་སྟེ། གང་ཟག་གཅིག་གིས་རྟ་གཅིག་མི་གསུམ་ལ་ཕུལ་བ་ན་མི་གསུམ་པོའི་ཕུང་པོ་སོ་སོར་བགོ་བར་བྱར་ཡོད་པ་བཞིན་ཞེས་ཟེར་བ་ལ། གཟུ་བོར་སྨྲ་བའི་ལན་འདེབས་བྱེད་པ་དགཕུང་པོའི་དོན་བྱ་བའི་ཁུར་ཁྱེར་བ་དང་ཡོངས་སུ་ཆད་པ་ལ་བརྗོད་པར་མི་འཐད་དེ། དེ་ནི་མདོ་དང་འགལ་བའི་ཕྱིར་ཏེ། མདོ་ལས་ཕུང་པོའི་དོན་སྤུངས་པ་ཁོ་ན་ལ་བརྗོད་པའི་ཕྱིར། ཇི་སྐད་དུ། གཟུགས་གང་ཅི་ཡང་རུང་འདས་པའམ་ཞེས་སོགས་འབྱུང་བའི་ཕྱིར། དུས་གསུམ་དུ་བསགས་པའི་དོན་ཅན་ཕུང་པོའོ་ཞེས་རྗོད་པར་བྱེད་དོ། །ཡང་དེའི་ལན་དུ་གཟུགས་འདས་པ་སོགས་ཞེས་འབྱུང་བ་ནི་འདས་དུས་སུ་སྤུངས་པའི་དོན་མ་ཡིན་ཏེ། དེ་ལྟར་གསུངས་པ་དེ་འདས་སོགས་སོ་སོར་རྫས་རེ་རེ་ཞིང་ཕུང་པོའི་དོན་དུ་བཞག་པའི་ཕྱིར་ཞེས་ཟེར་རོ། །དེའི་ལན་དུ་ཁ་ཅིགའདས་དུས་སོགས་ཀྱི་གཟུགས་ཀྱི་རྫས་རེ་རེ་ནས་ཕུང་པོ་ཡིན་པར་ཤེས་མི་ནུས་ཏེ། མདོ་ལས་རྫས་རེ་རེ་བ་སོགས་གཅིག་ཏུ་བསྡུས་པ་ལ་ཕུང་པོར་རྟོག་པ་ཉིད་དུ་གསུངས་པའི་ཕྱིར། ཇི་སྐད་དུ། དེ་ཐམས་ཅད་གཅིག་ཏུ་བསྡུས་ནས། ཞེས་འབྱུང་བའི་ཕྱིར། དེས་ན་སློབ་དཔོན་


K8Z006_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

༓ རྣལ་འབྱོར་སྤྱོད་པ་པ་ནི། དུས་དང་རྒྱུད་དང་རྣམ་པ་དང་འགྲོ་བ་དང་ཡུལ་གྱིས་བསྡུས་པར་འདོད་དོ། །དབུས་མཐའ་ལས། ཐོག་མར་དུ་མ་ཉིད་དང་ནི། །བསྡུས་དང་ཡོངས་སུ་ཕྱེ་བའི་དོན། །ཞེས་ཐོག་མ་ཁོ་ནར་ཕུང་པོ་རྣམས་འདས་པ་ལ་སོགས་པ་དུ་མར་བསྟན་པ་དང་། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་པའི་དོན་གྱིས་ཕུང་པོར་བསྟན་པ་དང་། དེ་དག་གཟུགས་སོགས་རང་རང་གི་མཚན་ཉིད་ཐ་དད་དུ་ཡོངས་སུ་ཕྱེ་བའི་དོན་གྱིས་ཕུང་པོར་བཞག་གོ་ཞེས་འཆད་དོ། །དེས་ན་ཆོས་དུ་མ་སྤུངས་པ་ཕུང་པོ་ཡིན་ན་སྐད་ཅིག་དང་རྡུལ་ཕྲ་མོ་ཞིག་ཕུང་པོ་མ་ཡིན་པར་འགྱུར་ཏེ། དེའི་མཚན་ཉིད་མེད་པའི་ཕྱིར་ཞེ་ན། དེ་དག་ཚོགས་པ་ཕུང་པོ་ཡིན་པས་ཕུང་པོ་བཏགས་ཡོད་ཡིན་པའམ། ཡང་ན་བྱེ་སྨྲ་ལྟར་ན་དེ་དག་ཀྱང་ལྡོག་པའི་ཆ་དུ་མ་སྤུངས་པར་འདོད་དེ། རང་འགྲེལ་ལས། ཡོངས་སུ་ཆད་པའི་དོན་ནི་ཕུང་པོའི་དོན་ནོ། །ཞེས་དང་། ཊཱི་ཀར། རྫས་གཅིག་ཀྱང་ཕུང་པོ་ཉིད་དུ་གྲུབ་ལ། ཚོགས་པ་རྣམས་ཀྱི་ནང་ནས་རེ་རེ་ཕུང་པོར་གྲུབ་པའི་ཕྱིར། ཞེས་དང་། རྡུལ་ཕྲ་རབ་གཅིག་ཀྱང་བློས་བཅད་པར་ནུས་པས་ཕུང་པོ་རྣམས་རྫས་སུ་ཡོད་པ་ཡིན་གྱི་བཏགས་པར་མ་ཡིན་ནོ་ཞེས་འབྱུང་བས་ཕུང་པོ་རྫས་ཡོད་དུའང་འདོད་དེ། བྱེ་བྲག་ཏུ་བཤད་པ་ལས། ཕང་པོ་བཏགས་པའི་ཡོད་པར་བལྟ་ན། རྡུལ་ཕྲ་རབ་ཁམས་གཅིག་དང་སྐྱེ་མཆེད་གཅིག་དང་ཕུང་པོ་གཅིག་གི་ཕྱོགས་ཡིན་ལ། མི་བལྟ་ན་རྡུལ་ཕྲ་རབ་ཁམས་དང་སྐྱེ་མཆེད་དང་ཕུང་པོ་གཅིག་ཡིན་ནོ་ཞེས་སྨྲའོ། །ཞེས་འབྱུང་ངོ་། །བྱེ་བྲག་ཟག་བཅས་ལ་བྱ་བའི་ཁུར་ཁྱེར་བའམ། སྡུག་བསྔལ་ཡོངས་སུ་རྒྱས་པའམ་ཡོངས་སུ་ཆད་པའི་དོན་གྱིས་ཕུང་པོ་ཞེས་འཆད་པའང་ཡོད་དོ། །(༨༠ན)


K8Z006_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིག་གཉེན་ནི། གཟུགས་ཕུང་ནི་བཏགས་ཡོད་ཡིན་ཏེ། འབྲུ་སྤུངས་པ་ལ་འབྲུའི་ཕུང་པོར་བརྗོད་པ་བཞིན་གྱི་ཕྱིར། དེ་ལ་ཁོ་ན་རེ། འོ་ན་སྐྱེ་མཆེད་གཟུགས་ཅན་རྣམས་ཀྱང་བཏགས་ཡོད་དུ་འགྱུར་ཏེ། རྡུལ་བསགས་པ་ལ་བལྟོས་ནས་སྐྱེ་བའི་སྒོར་གྱུར་པའི་ཕྱིར་ཞེ་ན། དེ་གཉིས་མི་མཚུངས་ཏེ། གཟུགས་ཕུང་ནི་དུ་མ་འདུས་པའི་ཆ་ནས་བཞག་ལ། མིག་སོགས་ཀྱི་རྡུལ་ཕྲ་རབ་ནི་རེ་རེ་ནས་མིག་ཤེས་བསྐྱེད་པའི་རྒྱུའི་ངོ་བོར་གནས་ཀྱི་ཚོགས་པས་མ་ཡིན་པའི་ཕྱིར་དང་། ཡུལ་གྱི་སྐྱེ་མཆེད་པའི་ལྷན་ཅིག་པར་ཚོགས་པའི་རྡུལ་རེ་རེས་ཀྱང་རྣམ་ཤེས་ཀྱི་དམིགས་པའི་རྒྱུའི་ངོ་བོར་བྱེད་ཀྱི། ཚོགས་པས་ནི་མ་ཡིན་པའི་ཕྱིར། མི་མང་པོས་ཤིང་དྲང་བ་རྣམས་ཀྱི་རེ་རེ་ལ་ནུས་པ་མེད་ཀྱང་འདུས་པ་ཕན་ཚུན་བལྟོས་པ་རྣམས་ཀྱི་སོ་སོ་ནས་ནུས་པ་བཞིན་ནོ། །ཡང་ཁྱེད་རྫས་སོ་སོ་བ་འདུས་པ་ལ་བལྟོས་པས་སྐྱེ་མཆེད་གཅིག་ཏུ་འཇོག་གི། རྫས་སོ་སོ་ནས་སྐྱེ་མཆེད་མ་ཡིན་པས་ཅི་སྟོ་སྙམ་ན། འོ་ན་ཡུལ་དང་དབང་པོ་ལོགས་སུ་བྱས་ཏེ་སྐྱེ་མཆེད་བཅུ་གཉིས་སུ་འཇོག་པ་མི་འཐད་པར་ཐལ། འདུས་པ་ལ་བལྟོས་ནས་སྐྱེ་མཆེད་གཅིག་ཏུ་འཇོག་པ་ཉིད་ན་ཡུལ་དབང་གི་སྐྱེ་མཆེད་གཉིས་འདུས་པ་ཉིད་ཀྱང་སྐྱེ་མཆེད་གཅིག་ཏུ་འགྱུར་བར་མཚུངས་པའི་ཕྱིར། འདོད་ན་ཤེས་བྱ་དང་འགལ་ཏེ་སྐྱེ་མཆེད་བཅུ་གཉིས་སོ་སོར་སྣང་བའི་ཕྱིར། དེས་ན་བྱེ་བཤད་ལས། ཕུང་པོ་བཏགས་ཡོད་དུ་བལྟ་ན། རྡུལ་ཕྲ་རབ་ཁམས་གཅིག་སྐྱེ་མཆེད་གཅིག་ཕུང་པོ་གཅིག་གི་ཕྱོགས་ཡིན་ལ། མི་ལྟ་ན། ཁམས་གཅིག །སྐྱེ་མཆེད་གཅིག །ཕུང་པོ་གཅིག་ཡིན་ཅེས་སྨྲ་ཞེས་འབྱུང་ངོ་། །ཕུང་པོའི་ཕྱོགས་ཡིན་ཀྱང་ཕུང་པོར་འདོགས་པ་ཡོད་དེ། རས་ཡུག་གི་ཕྱོགས་གཅིག་ཚིག་པས་རས་ཡུག་ཚིག་པར་བརྗོད་པ་བཞིན་ནོ། །གསུམ་པ་ཆོས་གསུམ་བསྟན་(༨༠བ)


K8Z006_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོས་པ་ལ། དངོས་དང་། ཚོར་འདུ་ལ་ལོགས་སུ་བསྟན་པའི་དགོས་པ། འདུས་མ་བྱས་ཕུང་པོར་མ་བསྟན་པའི་དགོས་པའོ། །དང་པོ་ནི། རྨོངས་དབང་འདོད་རྣམ་གསུམ་གྱི་ཕྱིར། །ཕུང་པོ་ལ་སོགས་གསུམ་བསྟན་ཏོ། །ཕུང་སོགས་འདི་དག་ངོ་བོ་གཅིག་པ་གསུམ་དུ་བསྟན་པ་ཅི་ཞེ་ན། དགོས་པ་ཐ་དད་པས་གསུམ་དུ་བསྟན་པ་ཡིན་ཏེ། གདུལ་བྱའི་ཁམས་ལ་རྨོངས་པ་རྣམ་པ་གསུམ་ཡོད་པ་དེ་བསལ་བའི་ཕྱིར་ཕུང་པོ་ལ་སོགས་པ་གསུམ་བསྟན་ཏོ། །དེ་ཡང་ཁ་ཅིག་སེམས་བྱུང་རྣམས་ལ་རིལ་པོ་རྟག་པ་གཅིག་པུའི་བདག་ཏུ་འཛིན་པས་རྨོངས་པ་ལ་ཕུང་པོ་བསྟན་པས། སེམས་བྱུང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ཐ་དད་པའི་ཕྱིར། འདི་ནི་རིལ་པོ་མ་ཡིན་གྱི། ཆོས་ཙམ་དུ་མ་ཙམ་མོ་ཞེས་གོ་བས་རྨོངས་པ་དེ་ལྡོག་ཅིང་བདག་མེད་པ་ལ་སྦྱོར་བར་བྱེད་དོ། །ཡང་བདག་རིལ་པོའི་ངོ་བོ་ཚོར་བ་པོ་དང་། འདུ་ཤེས་པ་པོ་དང་། སེམས་པ་པོར་རྨོངས་པ་ལ་ཕུང་པོ་བསྟན་པས་སེམས་བྱུང་དག་ཡུལ་ལ་འཇུག་པ་ཙམ་ལ་ཚོར་བ་པོ་ལ་སོགས་པར་བཏགས་པར་གོ་ནས་རྨོངས་པ་སེལ་བར་བྱེད་ལ། ཡང་ལ་སོགས་པའི་སྒྲས་ཁ་ཅིག །གཟུགས་ལ་རིལ་པོའི་བདག་ཏུ་རྨོངས་པ་ལ་གཟུགས་ལ་སྐྱེ་མཆེད་བཅུར་ཕྱེ་སྟེ་སྐྱེ་མཆེད་བཅུ་གཉིས་བསྟན་པས་མིག་སོགས་དུ་མར་གོ་ནས་རྨོངས་པ་ལྡོག་ཅིང་། ཡང་ཁ་ཅིག །གཟུགས་དང་སེམས་ལ་རིལ་པོའི་བདག་ཏུ་རྨོངས་པ་ལ་ཁམས་བསྟན་པས་གཟུགས་ལ་ཁམས་ཐོགས་བཅས་བཅུ་དང་། སེམས་ལ་སེམས་ཀྱི་ཁམས་བདུན་དུ་གོ་ནས་རྨོངས་པ་སེལ་བའི་ཆེད་དུའོ། །ཡང་གདུལ་བྱ་དག་ལ་དབང་པོ་གསུམ་ཡོད་དེ། དབང་པོ་རྣོན་པོ་མགོ་སྨོས་པས་གོ་བ་ལ་ཕུང་པོ་ཙམ་བསྟན་པས་དབང་པོ་རྣོ་བའི་ཕྱིར། སྐྱེ་མཆེད་དང་ཁམས་ཀྱི་དབྱེ་བ་ཡང་རྟོགས་པར་ནུས་ཏེ། མདོ་ལས། དགེ་སློང་ཁྱོད་མ་ཡིན་པ་དེ་ཁྱོད་ཀྱིས་སྤང་བར་བྱའོ། །གསོལ་བ། གློ་བར་ཆུད་དོ། །དགེ་སློང་མདོར་བསྡུས་(༨༡ན)


K8Z006_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཤད་པ་ཇི་ལྟར་ཤེས། བཙུན་པ། གཟུགས་བདག་མ་ལགས་ཏེ་ཆོས་དེ་ནི་བདག་གིས་སྤང་བར་བྱའོ། །ཞེས་སོ། །དབང་པོ་འབྲིང་པོ་རྣམ་པར་སྤྲོས་ན་གོ་བ་ལ་བསྡུས་པ་མི་གོ་ཞིང་རྒྱས་པ་མི་དགོས་པས་སྐྱེ་མཆེད་བསྟན་ལ། དབང་རྟུལ་ཚིག་ལྷུར་ལེན་པ་ལ་རྣམ་པར་ཕྱེ་སྟེ་མ་བསྟན་ན་རང་གི་བློས་དབྱེ་བ་མི་རྟོགས་པས་ཁམས་བསྟན་ཏོ། །ཡང་གདུལ་བྱ་དག་ལ་འདོད་པ་གསུམ་སྟེ། སྔོན་གོམས་པའི་སྦྱོར་བའི་ཁྱད་པར་ལས་ཞི་གནས་སྤྱོད་པ་དང་ཞི་ལྷག་གཉིས་ཀ་ཆ་མཉམ་དུ་སྤྱོད་པ་དང་། ལྷག་མཐོང་སྤྱོད་པའི་ཁྱད་པར་གྱིས་བསྡུས་འབྲིང་རྒྱས་པ་འདོད་དེ། དགེ་སློང་ཞིག་གིས་བདག་ལ་མདོར་བསྡུས་པ་དེ་བཞིན་དུ་ཆོས་བཤད་དུ་གསོལ། ཅེས་པ་ལྟ་བུའོ། །དེས་ན་གདུལ་བྱའི་འདོད་པ་དང་མཐུན་པར་ཆོས་མ་བསྟན་ན་གདུལ་བྱ་བསྟན་པ་ལ་མི་འཇུག་པའི་ཉེན་ཡོད་པས་དགག་བྱ་དེ་སེལ་བའི་ཆེད་དོ། །གཉིས་པ་ནི། རྩོད་པའི་རྩ་བར་གྱུར་པ་དང་། །འཁོར་བའི་རྒྱུ་ཕྱིར་རིམ་རྒྱུའི་ཕྱིར། །སེམས་བྱུང་རྣམས་ལས་ཚོར་བ་དང་། །འདུ་ཤེས་ལོགས་ཤིག་ཕུང་པོར་བཞག །སེམས་བྱུང་རྣམས་འདུ་བྱེད་ཀྱི་ཕུང་པོ་གཅིག་ཏུ་བསྡུས་ཏེ་བསྟན་པ་ལས་ཚོར་བ་དང་འདུ་ཤེས་ནི་ལོགས་ཤིག་ཏུ་ཕུང་པོར་བཞག་པ་ཅི་ཞེ་ན། རྩོད་པའི་རྩ་བར་གྱུར་པས་བཞག་སྟེ། དེའང་འདོད་པ་ལ་ཞེན་པ་ཁྱིམ་པའི་ཕྱོགས་ནི་ཆུ་ཞིང་འབྲོག་བུད་མེད་སོགས་ལ་རྩོད་པས་རྩོད་པ་དེའི་རྩ་བའམ་རྒྱུའི་གཙོ་བོ་ནི་ཚོར་བ་ཡིན་ཅིང་། ཚོར་བ་དེ་ལས་རང་བདེ་བ་དང་གཞན་སྡུག་བསྔལ་བར་འདོད་ནས་དེའི་ཆེད་དུ་རྩོད་པར་བྱེད་ལ། ལྟ་བ་ལ་ཞེན་པ་རབ་ཏུ་བྱུང་བའི་ཕྱོགས་ནི་རང་གཞན་གྱི་ལྟ་བ་བཟང་ངན་དུ་འདུ་ཤེས་ནས་སྒྲུབ་ཅིང་སུན་འབྱིན་པས་རྩོད་པ་དེའི་རྩ་བའམ་རྒྱུའི་གཙོ་བོ་ནི་འདུ་ཤེས་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཏེ། མདོ་ལས། འདོད་པ་ལ་ཆགས་པའི་རྒྱུས་རྒྱལ་པོ་ལ་རྒྱལ་པོས། ཞིང་པ་ལ་ཞིང་པས། བྲམ་ཟེ་ལ་བྲམ་ཟེས། ཁྱིམ་བདག་ལ་ཁྱིམ་བདག་གིས་རྩོད་དོ། །ལྟ་བ་ལ་ཆགས་པའི་(༨༡བ)


K8Z006_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་རབ་ཏུ་བྱུང་བས་རབ་ཏུ་བྱུང་བ་རྣམས་ལྷན་ཅིག་རྩོད་དོ། །ཞེས་དང་། རྩོད་པ་མི་མངའ་བར་བསྟོད་པ་ལས། འདོད་པ་མི་སྣང་འབྲེལ་མེད་ཅིང་། །ལྟ་བའི་དྲ་བ་བཅོམ་གྱུར་བ། །དེས་ན་རྩོད་པ་མི་འབྱུང་སྟེ། །རྩ་བ་མེད་པར་ག་ལ་འབྱུང་། །ཞེས་སོ། །ཡང་འཁོར་བའི་རྒྱུ་ཡི་གཙོ་བོ་ཡང་ཡིན་པས་དེར་བཞག་སྟེ། ཚོར་བ་ལ་ཞེན་པས་དེ་ཐོབ་པའི་ཆེད་དུ་ལས་སོག་ལ། དེ་ཡང་འདུ་ཤེས་ཕྱིན་ཅི་ལོག་གིས་བདག་མེད་པ་ལ་སོགས་ལ་བདག་ཏུ་ལྟ་བས་སམ། ཕྱིན་ཅི་ལོག་བཞིའི་འདུ་ཤེས་ཀྱིས་ཉོན་མོངས་མང་པོའི་རྟེན་བྱེད་པའི་ཕྱིར་རོ། །དེས་ན་འདི་གཉིས་ཉེས་པའི་རྩ་བ་ཡིན་པས་སྤང་དགོས་སོ་ཞེས་པའི་ཐ་ཚིག་གོ། །ཡང་ཕུང་པོ་ལྔའི་གོ་རིམ་སྟོན་པའི་རྒྱུའི་སྤྱིར་ཡང་ཚོར་འདུ་ལོགས་སུ་བཞག་སྟེ་སེམས་བྱུང་གཞན་པས་འདི་གཉིས་རགས་པ་དང་། ཚོར་བ་རོ་མྱོང་བ་ལས་ཆགས་པ་དང་། ཆགས་པ་དེ་ལས་ཀྱང་འདུ་ཤེས་ཕྱིན་ཅི་ལོག་པའི་ཉོན་མོངས་པའི་ཚུལ་ཐ་དད་པ་དང་། ཟན་དང་བྱ་ན་ལྟ་བུ་དང་། གཟུགས་དང་གཟུགས་མེད་དང་པོ་གསུམ་གྱིས་ཕྱེ་བའི་ཕྱིར་རོ། །གསུམ་པ་ནི། ཕུང་བོ་དག་ཏུ་འདུས་མ་བྱས། །དོན་དུ་མི་རུང་ཕྱིར་མ་བཤད། །སྐྱེ་མཆེད་དང་ཁམས་སུ་འདུས་མ་བྱས་བཤད་ལ། ཕུང་པོ་དག་ཏུ་འདུས་མ་བྱས་མ་བཤད་པ་ཅི་ཞེ་ན། མ་བཤད་དེ། ཕུང་པོའི་དོན་དུ་མི་རུང་བའི་ཕྱིར་ཏེ། གཞིག་ཅིང་གཞོམ་རུང་སོགས་མེད་པས་ཕུང་པོ་ལྔར་མི་རུང་ལ། མདོའི་ལུང་གོང་དུ་དྲངས་པའི་འདས་པ་ལ་སོགས་པ་ཆོས་བཅུ་གཅིག་སྤུངས་པའི་དོན་མ་ཚང་བས། ཕུང་པོ་ཙམ་གྱི་དོན་དུ་མི་རུང་བའི་ཕྱིར། ཕུང་པོ་དྲུག་པར་ཡང་བརྗོད་མི་ནུས་ཏེ། ཡུལ་དང་ཉེ་བ་མེད་པས་འདས་སོགས་ཀྱི་བྱེ་བྲག་རྣམས་གཅིག་ཏུ་བསྡུས་ནས་ཕུང་པོའི་གྲངས་སུ་འགྲོ་བ་དུ་མ་སྤུངས་པར་མི་རུང་བའི་ཕྱིར། འདུས་མ་བྱས་ནི་ཟག་པ་མེད་པས་ཀུན་ཉོན་གྱི་གཞི་མ་ཡིན་ལ། རྣམ་བྱང་གི་རྒྱུ་ཡང་མ་ཡིན་(༨༢ན)


K8Z006_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕུང་པོའི་དོན་དུ་མི་རུང་བའི་ཕྱིར་དང་། ཕུང་པོ་ལྔ་ནི་གཉིས་ཀའི་གཞིར་འཇོག་པས་དེ་ལ་དེའི་དོན་རུང་བའི་ཕྱིར། ཁ་ཅིག །འགོག་པ་གཉིས་ཕུང་པོ་མ་ཡིན་ཏེ། ཕུང་པོ་ཞིག་པ་ཉིད་ཀྱི་ཕྱིར་ཏེ་བུམ་པ་ཆག་པ་བུམ་པ་མ་ཡིན་པ་བཞིན་དང་། ནམ་མཁའ་ནི་གཅིག་ཁོ་ན་ཡིན་པའི་ཕྱིར་ཕུང་པོ་མ་ཡིན་ནོ་ཞེས་ཟེར་བ་ཡང་མི་འཐད་དེ། དེ་ལྟར་ན་ཁམས་དང་སྐྱེ་མཆེད་ཀྱང་ཁམས་དང་སྐྱེ་མཆེད་མ་ཡིན་པར་འགྱུར་བའི་ཕྱིར་ཏེ། ཁམས་དང་སྐྱེ་མཆེད་ཀྱང་ཞིག་པ་ཡིན་པའི་ཕྱིར། བཞི་པ་ཆོས་གསུམ་གྱི་གོ་རིམ་བསྟན་པ་ལ། ཕུང་པོ་ལྔའི་གོ་རིམ། དབང་པོ་དྲུག་གི་གོ་རིམ། འཕྲོས་དོན་དོགས་གཅོད་དོ། །དང་པོ་ནི། རིམ་ནི་རགས་དང་ཀུན་ཉོན་མོངས། །སྣོད་སོགས་དོན་ཁམས་ཇི་བཞིན་ནོ། །ཕུང་པོ་རྣམས་རིམ་པ་བཞིན་དུ་སྟོན་པའི་རྒྱུ་ནི་བཞི་ལས། གཟུགས་ནི་བསྟན་དུ་ཡོད་པ་དང་ཐོགས་པ་དང་བཅས་པས་རགས་པ་དང་། གཟུགས་ཅན་མིན་པའི་ནང་ནས་ཀྱང་ངའི་རྐང་ལག་གིས་ཚོར་ཞེས་བཞི་པོ་ལས་ཚོར་བ་རྒྱུ་བ་རགས་བས་རྟོགས་སླ་བའི་ཕྱིར་དང་། འདུ་ཤེས་ཀྱང་ཕྱི་མ་གཉིས་ལས་རགས་ཏེ་མཚན་མ་ཡོངས་སུ་གཅོད་པས་ཤེས་སླ་བའི་ཕྱིར། འདུ་བྱེད་ཀྱང་རྣམ་ཤེས་ལས་རགས་ཏེ་བདེ་བར་འགྱུར་བར་བྱ། སྡུག་བསྔལ་བར་འགྱུར་བར་མི་བྱའོ་ཞེས་མངོན་པར་འདུ་བྱེད་པའི་རང་བཞིན་ཡིན་པའི་ཕྱིར། རྣམ་ཤེས་ནི་དམིགས་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཐམས་ཅད་ལས་ཕྲ་ལ། གདུལ་བྱ་ལ་རགས་རིམ་ནས་བསྟན་པའི་ཕྱིར། ཡང་འཁོར་བ་ཐོག་མེད་ནས་ཕོ་མོ་ཕན་ཚུན་གཟུགས་སྒྲ་སོགས་ལ་མངོན་པར་དགའ་བས་ཞེན་ཏེ། ཚོར་བ་རོ་མྱོང་ལ་ཆགས་པ་ཉིད་ཀྱི་ཕྱིར་ཆགས་པའང་སྡུག་བསྔལ་ལ་རྟག་པ་དང་བདེར་འཛིན་གྱི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་ལ། ཕྱིན་ཅི་ལོག་དེ་ཡང་ཀུན་ནས་ཉོན་མོངས་པ་སྟེ་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཀྱི་དབང་གིས་འབྱུང་བའི་ཕྱིར། ཉོན་(༨༢བ)


K8Z006_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་དེ་དག་གིས་རྣམ་ཤེས་ཀུན་ཉོན་མོངས་པ་ཅན་དུ་བྱས་པས་ཕུང་ལྔ་ཀུན་ནས་ཉོན་མོངས་པའི་གོ་རིམ་གྱི་དབང་གི་དང་། ཡང་དཔེ་སྣོད་སོགས་པས་མཚོན་པའི་དོན་གྱིས་རིམ་པར་བསྟན་པ་ནི། འཇིག་རྟེན་ན་ཟས་ལ་ལོངས་སྤྱོད་པ་ལྟར་ཁམས་གཉིས་སུ་རྣམ་སྨིན་ལ་ལོངས་སྤྱོད་པ་ཡང་། གཟུགས་ནི་ཚོར་བའི་རྟེན་ཡིན་པས་སྣོད་དང་། ཚོར་བ་ནི་རྣམ་སྨིན་གྱི་གཙོ་བོར་རོ་མྱོང་བྱ་ཡིན་པས་ཟན་དང་། འདུ་ཤེས་ནི་བདེ་སྡུག་གི་ཐ་སྙད་འདོགས་པས་ཟན་ཞིམ་མི་ཞིམ་དུ་བྱེད་པའི་ཚོད་མ་དང་། འདུ་བྱེད་སེམས་པ་ནི་དེ་དག་སྐྱེད་པར་བྱེད་པས་བྱན་མོ་དང་། རྣམ་ཤེས་ནི་དེ་དག་ལ་ལོངས་སྤྱོད་པས་ཟ་བ་པོ་ལྟ་བུ་སྟེ་ཇི་ལྟར་རྟོགས་པའི་རིམ་པའོ། །ཡང་ཁམས་གསུམ་ནི་འདོད་ཆགས་དང་བྲལ་བའི་རིམ་པས་ཕྱེ་བ་དེ་ཇི་ལྟ་བ་བཞིན་དུ་བསྟན་ཏེ། འདོད་པ་ན་འདོད་པའི་ཡོན་ཏན་དུ་གྱུར་པའི་གཟུགས་ཀྱིས་ཕྱེ་བ་དང་། གཟུགས་ན་བསམ་གཏན་དང་པོར་ཚོར་བ་བདེ་བ་དང་ཡིད་བདེ་བ་དང་། གཉིས་པར་ཡིད་བདེ་དང་། གསུམ་པར་སེམས་བདེ་དང་། བཞི་པར་བཏང་སྙོམས་ཀྱིས་ཕྱེ་བ་དང་། གཟུགས་མེད་དང་པོ་གསུམ་ནི་ནམ་མཁའ་མཐའ་ཡས་སོ་སྙམ་པ་ལ་སོགས་པ་འདུ་ཤེས་ཀྱིས་ཕྱེ་བ་དང་། སྲིད་རྩེ་ནི་འདུ་བྱེད་སེམས་པས་རབ་ཏུ་ཕྱེ་ལ། རྣམ་ཤེས་ནི་དེ་དག་ལ་བརྟེན་པས་ཐ་མར་བསྟན་པའི་ཕྱིར། ཞིང་དང་མྱུ་གུའི་རིམ་པ་ལྟ་བུའོ། །གཉིས་པ་ནི། ད་ལྟའི་དོན་ཕྱིར་དང་པོ་ལྔ། །འབྱུང་བ་ལས་གྱུར་དོན་ཕྱིར་བཞི། །གཞན་ནི་ཆེས་རིང་མྱུར་འཇུག་ཕྱིར། །ཡང་ན་ཇི་ལྟར་གནས་བཞིན་རིམ། །ད་ལྟར་བའི་དོན་འཛིན་པས་རྟོགས་སླའི་ཕྱིར་དང་པོ་མིག་སོགས་གཟུགས་ཅན་ལྔ་བསྟན་ལ། ཡིད་ནི་ཡུལ་དུས་གསུམ་པ་དང་། དུས་ཀྱིས་མ་བསྡུས་པ་འདུས་མ་བྱས་པའི་ཡུལ་ཅན་ཀྱང་ཡིན་པས་རྟོགས་དཀའ་བའི་ཕྱིར་ཐ་མར་བཤད་དེ། དཔེར་ན། ཆོས་ཐམས་ཅད་ནི་བདག་མེད་པར་རྟོགས་པར་བྱ་བ་ལྟ་བུའོ། །ལྔ་པོ་ལས་ཀྱང་འབྱུང་བ་ལས་གྱུར་པའི་དོན་འབྲས་གཟུགས་ཁོ་ནའི་ཡུལ་ཅན་ཡིན་(༨༣ན)


K8Z006_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་བཞི་དང་པོར་བསྟན་ལ། ལུས་ཀྱི་ནི་དེ་ལྟར་མ་ངེས་ཏེ། བཅད་ནས་སྲ་བ་ཉིད་སོགས་སམ་འཇམ་པ་ཉིད་སོགས་ལ་རེག་པ་ན་རེས་འབྱུང་བ་དང་རེས་འབྱུང་གྱུར་དང་། མ་བཅད་པར་སྣ་ཚོགས་ལ་དམིགས་པ་ན་གཉིས་ཀ་ཡིན་པའི་ཕྱིར། བཞི་པོ་ལས་ཀྱང་གཞན་མིག་དང་རྣ་བ་གཉིས་ནི་མ་ཕྲད་པར་འཛིན་པས་རྒྱང་རིང་བ་དང་མྱུར་དུ་འཇུག་པའི་ཕྱིར་སྔར་སྨོས་ཤིང་། དེ་ལས་ཀྱང་མིག་ནི་ཆེས་རིང་བ་ལ་འཇུག་པས་སྔར་སྨོས་ཏེ་ཆུ་ཀླུང་རྒྱང་རིང་པོ་ནས་མཐོང་ཡང་སྒྲ་མི་ཐོས་པའི་ཕྱིར་རོ། །སྣ་ལྕེ་ནི་རིང་པོ་ལ་མི་འཇུག་ཀྱང་ལྕེ་བས་སྣ་ཡུལ་ལ་མྱུར་བར་འཇུག་པའི་ཕྱིར་དང་པོར་བཤད་དེ། ཟས་ཀྱི་རོ་མ་མྱོང་བར་དྲི་ཚོར་བའི་ཕྱིར་རོ། །ཡང་ཅི་སྣ་ལྕེ་དག་ཡུལ་དང་ཕྲད་ནས་འཛིན་ན། ཇི་ལྟར་སྣ་དེས་ཟས་ལ་ཡོད་པའི་དྲི་ཇི་ལྟར་འཛིན་སྙམ་ན། དེས་ཟས་ལ་ཡོད་པའི་དྲི་འཛིན་པར་བྱེད་པ་མ་ཡིན་གྱི། རླུང་ལས་དྲི་གཞན་ཞིག་འབྱུང་བའི་ཕྱིར་ཟས་ཀྱི་ཡན་ལག་ཕྲ་མོ་དང་ལྷན་ཅིག་འབྱུང་བའི་དྲི་དེ་དབུགས་རྔུབས་པས་འཛིན་པར་བྱེད་པའི་ཕྱིར། འོ་ན་ཟས་ལྕེ་མ་ཕྲད་པའི་ཟས་ཀྱི་དྲི་འཛིན་པར་མི་འགྲུབ་སྙམ་ན། ཟས་ཀྱི་གོང་བུའི་ངོ་བོ་ལྕེ་དང་མ་ཕྲད་པར་དེའི་དྲི་མི་འཛིན་ཀྱང་ཟས་ཀྱི་ཡན་ལག་དང་ལྷན་ཅིག་པའི་དྲི་སྣས་འཛིན་པ་ཅིས་འགལ་བའི་ཕྱིར། ལྕེ་ནི་ཟས་ཀྱི་གོང་བུ་དང་ལྷན་ཅིག་འབྱུང་བའི་རོ་ཁོ་ན་མྱོང་བ་ལས་ཟས་དང་ལྷན་ཅིག་འབྱུང་བའི་རོ་མྱོང་བར་མི་བྱེད་པས། ལྕེ་ལས་སྣ་མྱུར་བར་འཇོག་གོ། །ཡང་ན། དབང་པོ་རྟེན་ཇི་ལྟར་མཐོ་བར་གནས་པའི་རིམ་པ་བཞིན་བསྟན་ཅིང་། ཡིད་ནི་དེ་དག་ལས་བརྟེན་པ་དང་། ཡུལ་ན་མི་གནས་པས་ཐ་མར་བསྟན་ལ། དེ་ལྟར་ཡུལ་ཅན་དབང་པོ་དྲུག་གི་གོ་རིམ་གྲུབ་པས་ཡུལ་དང་། རྣམ་ཤེས་དྲུག་གི་གོ་རིམ་ཡང་གྲུབ་སྟེ། དཔེར་ན། རྒྱལ་པོ་དྲུག་གི་རིམ་པ་གྲུབ་པ་ན་བཙུན་མོ་དང་རྒྱལ་བུའི་(༨༣བ)


K8Z006_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཡང་གྲུབ་པ་བཞིན་ནོ། །གསུམ་པ་ནི། བྱེ་བྲག་དོན་དང་གཙོ་བོའི་ཕྱིར། །ཆོས་མང་བ་དང་མཆོག་བསྡུས་ཕྱིར། །གཅིག་ནི་གཟུགས་ཀྱི་སྐྱེ་མཆེད་དང་། །གཅིག་ནི་ཆོས་ཞེས་བྱ་བར་བརྗོད། །སྐྱེ་མཆེད་དང་པོ་བཅུ་ཀ་གཟུགས་ཡིན་བཞིན་དུ་མིག་གི་ཡུལ་ཁོ་ན་གཟུགས་སུ་བསྟན་པ་ཅི་ཞེ་ན། མིང་གཞན་མེད་པའི་མིག་གི་ཡུལ་དེ་གཟུགས་ཞེས་པའི་སྤྱི་སྒྲས་བྱེ་བྲག་ཏུ་རྟོགས་པའི་དོན་གྱི་ཆེད་དུ་མིག་གི་ཡུལ་གཅིག་པུ་ནི་གཟུགས་ཀྱི་སྐྱེ་མཆེད་དང་ཁམས་སུ་བརྗོད་དེ། བ་ལང་འགའ་ཞིག་ལ་མཚན་མ་མེད་པའི་ཤུགས་ཀྱིས་མཚན་མ་ཅན་དུ་རྟོགས་པ་ལྟ་བུའོ། །འདི་ཁོ་ན་གཟུགས་སུ་སྟོན་པ་ནི། འདི་ནི་འདི་ན་འོ་ཆེ་གེ་མོ་ཞིག་ནའོ་ཞེས་ཡུལ་ཉེ་རིང་བརྟག་ཏུ་རུང་བ་དང་། འཇིག་རྟེན་ན་ཡང་དེ་གཟུགས་སུ་གྲགས་པ་དང་། གཞན་དག་ན་རེ། གཟུགས་ཉི་ཤུས་རགས་པ་དང་བདག་ཅག་ལ་སོགས་པས་ཆོས་ཐམས་ཅད་ལ་དམིགས་པ་ཤའི་དང་། གཟུགས་ཀྱི་ཡུལ་ཅན་ལ་དམིགས་པ་ལྷའི་དང་། ཡེ་ཤེས་ཟག་པ་མེད་པས་བདེན་པ་བཞི་ལ་དམིགས་པ་འཕགས་པའི་ཤེས་རབ་ཀྱི་མིག་གསུམ་གྱི་སྤྱོད་ཡུལ་ཡིན་པ་དང་། བསྟན་བཅས་ཐོགས་ཡོད་གཟུགས་ཀྱི་གཙོ་བོ་ཡིན་པའི་ཕྱིར་མིག་གི་ཡུལ་གཅིག་པུ་ནི་གཟུགས་ཀྱི་སྐྱེ་མཆེད་དུ་བརྗོད་དོ། །ཡང་སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་ཡིད་ཡུལ་གྱི་ཆོས་ཡིན་པ་ལ་ཚོར་སོགས་ཕུང་པོ་གསུམ་དང་། རྣམ་རིག་མིན་པ་དང་། འདུས་མ་བྱས་གསུམ་ཁོ་ན་ལ་ཆོས་སུ་བསྟན་པ་ཅི་ཞེ་ན། ཐམས་ཅད་ལ་ཆོས་སུ་བརྗོད་ན་བྱེ་བྲག་ཅན་དུ་མི་རྟོགས་པའི་ཕྱིར། འདི་ཁོ་ན་ཆོས་སུ་བརྗོད་པས་བྱེ་བྲག་ཅན་དུ་རྟོགས་པའི་དོན་གྱི་ཆེད་དེ། མིང་མེད་མིང་དུ་སོང་བ་བཞིན་ནོ། །ཡང་སེམས་བྱུང་མི་ལྡན་པའི་འདུ་བྱེད་དང་འདུས་བྱས་སོགས་བསྡུ་བྱའི་ཆོས་མང་བའི་ཕྱིར། མི་མང་པོ་ལ་འདིར་མི་འདུག་གོ་ཞེས་པ་ལྟ་བུ་དང་། ལྷག་པར་ཆོས་རྣམས་ཀྱི་མཆོག་མྱ་ངན་ལས་འདས་པ་སོ་སོར་བརྟགས་འགོག་ཀྱང་ཆོས་ཀྱི་སྐྱེ་མཆེད་འདིར་བསྡུས་(༨༤ན)


K8Z006_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། གཞན་བཅུ་གཅིག་ཏུ་བསྡུས་པ་ཡིན་པའི་ཕྱིར། འདི་གཅིག་པུ་ནི་ཆོས་ཀྱི་སྐྱེ་མཆེད་ཅེས་བྱ་བར་བརྗོད་དེ། མིའི་མཆོག་རྒྱལ་པོ་གང་ན་ཡོད་པ་ལ་མི་འདུག་གོ་ཞེས་པ་བཞིན་ནོ། །གསུམ་པ་ཆོས་གསུམ་གྱིས་ཐམས་ཅད་བསྡུས་པར་བསྟན་པ་ལ། ཆོས་ཀྱི་ཕུང་པོ་བསྡུ་བ། ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བ། ཞར་ལ་ཁམས་གཉིས་ཀྱི་ངོ་བོ་བསྟན་པའོ། །དང་པོ་ལ། དངོས་དང་། ཆོས་ཕུང་གི་ཚད་དོ། །དང་པོ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །མདོ་ལས། ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཀྱི་མིང་ཅན་གཞན་དང་གཞན་བཤད་པ་དག་འདི་དག་ཉིད་ཀྱིས་བསྡུས་སམ། འོན་ཏེ་ཐ་དད་ཅེ་ན། བསྡུས་སོ། །ཞེས་འཆད་པ་ནི་ཆོས་ཀྱི་ཕུང་པོར་བརྗོད་པའི་ཕུང་པོ་ནི་སྡེ་པས་བརྒྱད་ཁྲི་དག་ཏུ་འདོད་པ་དང་། ཐེག་ཆེན་པས་བརྒྱད་ཁྲི་བཞི་སྟོང་དུ་འདོད་དེ། ཀུན་དགའ་བོའི་མདོ་ལས། ཀུན་དགའ་བོས། བདག་གིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་ལྷག་ཅིག་བཅོམ་ལྡན་འདས་ལ་མངོན་སུམ་དུ་བཟུང་ངོ་། །གཉིས་ནི་དགེ་སློང་དག་ལས་སོ། །ཞེས་དང་། རྣམ་བཤད་རིག་པར། ཉན་ཐོས་ཀྱི་ཐེག་པ་ལ་ཡང་བརྒྱད་ཁྲིར་མ་འདུས་ཏེ། ཀུན་དགའ་བོའི་མདོ་ལས། བརྒྱད་ཁྲི་ལྷག་གཅིག་བཅོམ་ལྡན་འདས་ལས་བཟུང་ཞིང་གཉིས་ནི་དགེ་སློང་དག་ལས་སོ། །ཞེས་འབྱུང་ལ། ཀུན་དགའ་བོས་ཐོས་སོ་ཅོག་དེས་ཀྱང་བཀའ་ཐམས་ཅད་བསྡུས་པ་མིན་ཏེ། སྟོན་པ་དགུང་ལོ་ང་ལྔ་ནས་ཀུན་དགའ་བོས་རིམ་གྲོ་བ་བྱས་ལ། བརྒྱད་ཅུ་ལ་སྟོན་པ་གཤེགས་པའི་བར་ལོ་ཉེར་ལྔ་སོང་ཞིང་། དེས་ན་སྟོན་པ་སངས་རྒྱས་ནས་གསུངས་པའི་བཀའ་ཐམས་ཅད་དེར་མ་འདུས་པའི་ཕྱིར་དང་། སློབ་དཔོན་ཀླུ་སྒྲུབ་ལྟ་བུས་ཀྱང་ཀླུའི་ཡུལ་དུ་གཤེགས་པའི་ལམ་ན་མིང་ཙམ་ཡང་མི་མཁྱེན་པའི་གླེགས་བམ་བཞུགས་པར་གྲགས་པའི་ཕྱིར། དེས་ན་འདོད་ཆགས་ལ་སོགས་པའི་གཉེན་(༨༤བ)


K8Z006_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྟན་པའི་ཆོས་ཕུང་གང་རྣམས་སྐུའི་དབུ་སྤྱི་གཙུག་བལྟར་མི་མངོན་པ་དང་། གསུང་ཉེ་རིང་མེད་ཅིང་སྐད་སྟོང་མེད་པ་དང་། ཐུགས་མི་ཤེས་པའི་རྒྱུ་བཞི་དང་བྲལ་བའི་ཐུབ་པ་གསུམ་དང་ལྡན་པའི་སངས་རྒྱས་ཀྱིས་གསུངས་པ་དེ་དག་ནི། མདོ་སྡེ་པ་ལྟར་ན། དང་པོ་སངས་རྒྱས་ཀྱི་གསུང་གི་རིག་བྱེད་དང་། ཕྱིས་འཆད་པ་བོ་དག་གི་ངག་གི་རིག་བྱེད་ཚིག་སྒྲ་རང་མཚན་ཡིན་པས་གཟུགས་སུ་འདུས་ལ། བྱེ་བྲག་ཏུ་སྨྲ་བས་ཡིད་ཀྱི་ཡུལ་དུ་གྱུར་པའི་མིང་གི་རང་བཞིན་ཡིན་པར་འདོད་པས། འདུ་བྱེད་ཀྱི་ཕུང་པོ་དག་ཏུ་འདུས་སོ་ཞེས་འདོད་དོ། །དེས་ན་ཆོས་ཕུང་མིང་ཚིག་གཉིས་ཀ་ལ་ཆོས་མངོན་པ་བ་རྣམས་ཀྱིས་བརྗོད་དེ། ཡེ་ཤེས་ལ་འཇུག་པར། སངས་རྒྱས་ཀྱི་གསུང་གང་ཞེ་ན། དེ་བཞིན་གཤེགས་པའི་བཀའ་དང་གསུང་དང་བརྗོད་པ་དང་དབྱངས་དང་ངེས་པའི་གསུང་དང་གསུང་གི་ལམ་དང་གསུང་དབྱངས་དང་གསུང་གི་ཕྲིན་ལས་དང་གསུང་གི་རྣམ་པར་རིག་བྱེད་ཡིན་ནོ། །ཞེས་དང་། སངས་རྒྱས་ཀྱི་གསུང་ཞེས་བྱ་བ་འདི་ཆོས་གང་ཡིན་ཅེ་ན། གང་མིང་གི་ཚོགས་དང་ཚིག་གི་ཚོགས་དང་ཡེ་གེའི་ཚོགས་རྣམས་གོ་རིམ་དུ་བཀོད་པ་དང་། གོ་རིམ་དུ་བཞག་པ་དང་། གོ་རིམ་དུ་ཡང་དག་པར་སྦྱར་བའོ། །ཞེས་འབྱུང་བའི་ཕྱིར། གཉིས་ཀའི་རང་བཞིན་ཡིན་པས་གཉིས་ཀར་འདུས་སོ། །ཞེས་འཆད་དོ། །གཉིས་པ་ཆོས་ཕུང་གི་ཚད་ལ། གཞན་ལུགས་དགག །རང་ལུགས་བཞག་པའོ། །དང་པོ་ནི། ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར། །ཕུང་པོ་ལ་སོགས་གཏམ་རེ་ཡིན། །ཆོས་ཀྱི་ཕུང་པོ་རེ་རེའི་ཚད་ཅི་ཙམ་ཞེ་ན། སྡེ་པ་ཁ་ཅིག་ཤཱ་རིའི་བུའི་བསྟན་བཅོས་ཆོས་ཀྱི་ཕུང་པོའི་ཚད་དང་མཉམ་ཞེས་ཟེར་རོ། །དེ་ལ་ནི་ཤློ་ཀ་དྲུག་སྟོང་ཡོད་ལ། དེ་ལྟར་ན་ཆོས་ཕུང་བརྒྱད་ཁྲི་ལ་ཚིག་ལེའུར་བྱས་པ་དུང་ཕྱུར་ཕྲག་བཞི་དང་བྱེ་བ་ཕྲག་བརྒྱད་དུ་འགྱུར་རོ། །དེས་ན་ཆོས་ཀྱི་ཕུང་པོ་འདི་གཅིག་པུ་ལུས་པས་གཞན་བརྒྱད་ཁྲི་ནུབ་(༨༥ན)


K8Z006_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཞེས་ཟེར་རོ། །སྡེ་པ་གཞན་ནི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པའི་གཏམ་རྒྱུད་རེ་རེ་རྫོགས་པར་སྟོན་པ་ནི་ཆོས་ཕུང་རེའི་ཚད་ཡིན་གྱི། ཚིགས་བཅད་ཀྱི་གྲངས་ངེས་ནི་མེད་དོ་ཞེས་འདོད་དོ། །གཉིས་པ་ནི། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །དགོས་པ་ཁྱད་པར་དུ་བྱས་ཏེ། རང་གི་ལུགས་ཀྱི་ཚད་ནི་སེམས་ཅན་གྱི་སྤྱོད་པ་དུག་གསུམ་དང་ང་རྒྱལ་ལ་སོགས་ཉོན་མོངས་བརྒྱད་ཁྲི་རྣམས་ཀྱི་གཉེན་པོ་ནི་ཆོས་ཀྱི་ཕུང་པོ་མི་སྡུག་པ་སོགས་གྲངས་མཐུན་པར་གསུངས་སོ། །ནི་སྒྲ་ནི་སྔར་བཤད་ཀྱི་ཕྱོགས་བསལ་ནས་སློབ་དཔོན་རང་ལུགས་སྟོན་པར་བཞེད་ལ། བོད་ཁ་ཅིག །དུག་གསུམ་དང་ཆ་མཉམ་པས་ཀུན་ནས་བསླངས་པའི་སྤྱོད་པ་ཉི་ཁྲི་དང་སྟོང་སྟོང་ཡོད་པས་དེའི་གཉེན་པོར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སྟེ། དཀོན་མཆོག་ཏ་ལ་ལའི་གཟུངས་ལས། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གང་ཡིན་པས། །རྒྱལ་བ་གང་དག་འགྲོ་བའི་དོན་མཛད་པའི། །ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས། །བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ། །ཅེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །གཉིས་པ་ཕུང་ཁམས་སྐྱེ་མཆེད་གཞན་བསྡུ་བ་ནི། དེ་བཞིན་གཞན་ཡང་ཅི་རིགས་པར། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི། །རང་གི་མཚན་ཉིད་ལེགས་དཔྱད་དེ། །ཇི་སྐད་བཤད་པར་བསྡུ་བར་བྱ། །ཆོས་ཕུང་བརྒྱད་ཁྲི་ཕུང་པོ་ལྔར་བསྡུས་པ་དེ་བཞིན་མདོ་གཞན་ལས་ཀྱང་ཕུང་པོ་དང་སྐྱེ་མཆེད་དང་ཁམས་ཅི་རིགས་པར་གསུངས་པ་རྣམས་ནི་དེ་ལྟར་གསུངས་པའི་ཕུང་ཁམས་ཀྱི་མིང་ཅན་དེ་དག་རང་གི་མཚན་ཉིད་ལེགས་པར་དཔྱད་དེ། ཇི་སྐད་བཤད་པའི་ཕུང་ལྔ་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་པོར་བསྡུ་བར་བྱ་སྟེ། དེ་ཡང་ཕུང་པོའི་མིང་ཅན་རྣམ་གྲོལ་གྱི་ཕུང་པོ་ལྔ་འབྱུང་པ་ལས། ཚུལ་ཁྲིམས་ཀྱི་ཕུང་པོ་ཟག་མེད་ཀྱི་རིག་བྱེད་མིན་པ་ནི་གཟུགས་སུ་སྡུད་ལ། ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་གནས་སྐབས་ཀྱི་སེམས་(༨༥བ)


K8Z006_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ཡིན་པས་འདུ་བྱེད་དུ་སྡུད་དོ། །ཡང་སྡིག་པ་བཤགས་པ་དང་། ཡི་རང་བ་དང་བསྐུལ་ཞིང་གསོལ་བ་གདབ་པའི་ཕུང་པོ་ཡང་འདུ་བྱེད་ཀྱི་ཕུང་པོར་འདུས་ཏེ། འགྱོད་པ་དང་དད་པ་དང་འདུན་པའི་རང་བཞིན་ཡིན་པའི་ཕྱིར། སྐྱེ་མཆེད་ཀྱི་མིང་ཅན་ནི། མདོ་ལས། རྣམ་གྲོལ་གྱི་སྐྱེ་མཆེད་ལྔ་སྟེ། གཞན་གྱི་ཆོས་སྟོན་པར་བྱེད་པས་ཐོས་པ་དང་། མི་སྟོན་ཀྱང་དབྱངས་ཀྱི་ཁ་ཏོན་བྱེད་པ་དང་། དེ་མི་བྱེད་ཀྱང་གཞན་ལ་རྒྱ་ཆེར་བཤད་པ་དང་། དེ་མི་བྱེད་ཀྱང་ཐོས་པའི་དོན་སེམས་ཤིང་འཇལ་བར་བྱེད་པ་དང་། དེ་མི་བྱེད་ཀྱང་ཏིང་ངེ་འཛིན་གྱི་མཚན་མ་རྣམ་པར་བམ་པ་སོགས་ལ་ལེགས་པར་བཟུང་ཞིང་སྒོམ་པས་ཆོས་རྣམས་ལ་དོན་དང་ཆོས་སོ་སོ་བ་ཡང་དག་པར་རིགདེ་ལ་དགའ་བ་སྐྱེ་སྟེ་འདོད་ཆགས་དང་བྲལ་ནས་གྲོལ་བའི་བར་དུ་འགྱུར་བའི་སྐྱེ་མཆེད་ལྔ་ནི་ཤེས་རབ་ཡིན་པས་ཆོས་ཀྱི་སྐྱེ་མཆེད་དུ་བསྡུས་ལ། ཐོས་འཆད་ཁ་ཏོན་ལ་སྒྲ་ཡང་ཡོད་པས། སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཟད་པར་གྱི་སྐྱེ་མཆེད་བཅུ་ལས། ས་ཆུ་མེ་རླུང་སྔོ་སེར་དམར་དཀར་གྱི་སྐྱེ་མཆེད་བརྒྱད་ཀྱང་མ་ཆགས་པར་འདུས་པས་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་ལ། འཁོར་དང་བཅས་ན་ཕུང་པོ་ལྔ་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ཀྱང་སྔར་བཞིན་ཆོས་ཀྱི་སྐྱེ་མཆེད་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཟད་པར་ནམ་མཁའ་དང་། རྣམ་ཤེས་དང་། གཟུགས་མེད་ཀྱི་སྐྱེ་མཆེད་བཞི་ནི་ཕུང་པོ་བཞི་པ་ཡིན་པས་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལ་འདུ་ཤེས་མེད་ཅིང་སོ་སོར་འདུ་ཤེས་མེད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་པའི་སེམས་ཅན་རྣམས་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་དང་པོ་ཡིན་ནོ། །སེམས་ཅན་(༨༦ན)


K8Z006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་པ་ལ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་ལྟ་བུ་སྟེ་འདི་ནི་སྐྱེ་མཆེད་གཉིས་པའོ། །ཞེས་གསུངས་པའི་གཟུགས་ཅན་འདུ་ཤེས་མེད་པའི་སེམས་ཅན་སྐྱེ་མཆེད་དང་པོ་ནི་དྲི་རོ་མེད་པའི་སྐྱེ་མཆེད་བཅུས་བསྡུས་ལ། འཆི་འཕོ་དང་སྐྱེ་བའི་དུས་ན་ཡིད་ཀྱི་སྐྱེ་མཆེད་ཀྱང་ཡོད་དོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དུ་འགྲོ་བའི་ལྷ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་སོ། །ཁམས་ཀྱི་མིང་ཅན་ནི་ཁམས་ཀྱི་མདོ་ལས། བཙུན་པ་ཇི་ཙམ་གྱིས་ན་ཁམས་ལ་མཁས་པ་ལགས། ཀུན་དགའ་བོ་ཁམས་དྲུག་ཅུ་རྩ་གཉིས་ལ་མཁས་ན་ཁམས་ལ་མཁས་པའོ། །ཞེས་འབྱུང་བའི་ཁམས་ནི་ཚིགས་སུ་བཅད་དེ་སྨྲ་ན། མིག་སོགས་ཁམས་ནི་བཅོ་བརྒྱད་དང་། །འབྱུང་བཞི་ནམ་མཁའ་རྣམ་ཤེས་དང་། །ཚོར་བ་ལྔ་དང་མ་རིག་པ། །འདོད་དང་གནོད་སེམས་རྣམ་པར་འཚེ། །ངེས་འབྱུང་གནོད་སེམས་མེད་པ་དང་། །རྣམ་པར་མི་འཚེ་དྲུག་ཚན་གསུམ། །གཟུགས་མ་གཏོགས་པའི་ཕུང་པོ་བཞི། །འདོད་དང་གཟུགས་དང་གཟུགས་མེད་ཁམས། །ངན་པ་བར་མ་གྱ་ནོམ་ཁམས། །གཟུགས་དང་གཟུགས་མེད་འགོག་པའི་ཁམས། །དགེ་དང་མི་དགེ་ལུང་མ་བསྟན། །སློབ་དང་མི་སློབ་གཉིས་ཀ་མིན། །འདས་དང་མ་འོངས་ད་ལྟ་སྟེ། །དེ་ལྟར་ན་ནི་གསུམ་ཚན་དྲུག །ཟག་བཅས་ཟག་པ་མེད་ཁམས་དང་། །འདུས་བྱས་འདུས་མ་བྱས་ཁམས་ཏེ། །ཁམས་ནི་དྲུག་ཅུ་རྩ་གཉིས་སོ། །ཞེས་འབྱུང་བའི་ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཀྱི་ཁམས་དྲུག་གི་དང་པོ་བཞི་རེག་བྱ། ལྔ་པ་གཟུགས། །དྲུག་པ་སེམས་ཀྱི་ཁམས་བདུན་དུ་འདུས་(༨༦བ)


K8Z006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །འདོད་པ་སོགས་དྲུག་ནི་འདོད་པའི་འདོད་ཆགས་སོགས་སེམས་བྱུང་ཡིན་པས་ཆོས་ཀྱི་ཁམས་སུ་འདུས་སོ། །ཚོར་བ་ལྔ་དང་མ་རིག་པའི་ཁམས་ཀྱང་འདིར་འདུས་སོ། །ཡང་ཚོར་འདུ་འདུ་བྱེད་ནི་ཆོས་ཁམས་དང་རྣམ་ཤེས་ནི་སེམས་ཀྱི་ཁམས་བདུན་དུའོ། །ཁམས་གསུམ་ལས་དང་པོ་ཁམས་བཅོ་བརྒྱད། གཉིས་པ་བཅུ་བཞི། གསུམ་པ་ཡིད་སོགས་ཁམས་སུ་དུའོ། །ཡང་གཟུགས་གཟུགས་མེད་འགོག་བའི་ཁམས་ལས་དང་པོ་གཉིས་བཤད་ལ། གསུམ་པ་ཆོས་ཀྱི་ཁམས་སུ་འདུས་སོ། །ཡང་དུས་གསུམ་གྱི་ཁམས་ནི་ཁམས་བཅོ་བརྒྱད་སོ་སོར་འདུས་སོ། །ངན་པ་སོགས་གསུམ་ནི་ཁམས་གསུམ་ཡིན་ལ། དགེ་སོགས་གསུམ་གྱི་དང་པོ་གཉིས་ནི་གཟུགས་སྒྲ་དང་ཆོས་ཀྱི་ཁམས་དང་སེམས་ཀྱི་ཁམས་བདུན་དུ་འདུས་སོ། །སློབ་པ་དང་མི་སློབ་པ་དང་དེ་དག་མིན་པའི་ཁམས་གསུམ་གྱི་དང་པོ་གཉིས་ཡིད་ཆོས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་སུ་འདུས་ལ། གསུམ་པ་ནི་ཁམས་བཅོ་བརྒྱད་དུ་འདུས་སོ། །ཟག་བཅས་ཟག་མེད་ཀྱི་ཁམས་དང་། ཡང་འདུས་བྱས་འདུས་མ་བྱས་ཀྱི་ཁམས་གཉིས་ཀྱི་ཟག་བཅས་ཁམས་བཅོ་བརྒྱད། གཉིས་པ་ཡིད་ཆོས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་གསུམ་དུའོ། །འདུས་བྱས་ཁམས་བཅོ་བརྒྱད། འདུས་མ་བྱས་ཆོས་ཀྱི་ཁམས་སུ་འདུས་སོ། །དེ་ལྟར་ཁམས་བཅོ་བརྒྱད་པོ་དེ་དག་དྲུག་ཚན་གསུམ། བཞི་ཚན་གཅིགགསུམ་མཚན་དྲུགགཉིས་ཚན་གཉིས་ཏེ་དྲུག་ཅུ་རྩ་གཉིས་སོ། །གསུམ་པ་ཞར་ལ་ཁམས་གཉིས་ཀྱི་ངོ་བོ་བསྟན་པ་ལ། ནམ་མཁའ་དང་། རྣམ་ཤེས་གཉིས་ལས། དང་པོ་ནི། བུ་ག་ནམ་མཁའི་ཁམས་ཤེས་བྱ། །སྣང་དང་མུན་པ་དག་ཡིན་ལོ། །ཁམས་རེ་གཉིས་ལས་ཁམས་དྲུག་གི་བཞིའི་མཚན་ཉིད་བཤད་ཅིང་། ནམ་མཁའ་དང་རྣམ་ཤེས་ཀྱི་མཚན་ཉིད་ནི། དེ་ལ་ནམ་མཁའ་མི་སྒྲིབ་པའོ་ཞེས་དང་། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་བཤད་ཟིན་ལ། དེ་གཉིས་ཀྱི་(༨༧ན)


K8Z006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་མཚན་ཉིད་ཅི་ཞེ་ན། ནམ་མཁའི་རང་བཞིན་གཟུགས་ཀྱི་གོ་འབྱེད་པ་དང་། ནམ་མཁའི་ཁམས་ནི་སྒོ་དང་སྐར་ཁུང་སོགས་ཀྱི་བུ་ག་ལ་ནམ་མཁའི་ཁམས་ཞེས་བྱ་སྟེ། བུ་ག་དེ་ཅི་ཡིན་ཅེ་ན། བྱེ་སྨྲས། ཉིན་མོ་ཕལ་ཆེར་སྣང་བའི་རང་བཞིན་སྣང་བ་དང་། མཚན་མོ་ཡོད་པའི་མུན་པ་དག་ཡིན་པར་འདོད་པའི་ཕྱིར་ཏེ། དེ་ཉིད་ལ་ཐོགས་པའི་ཉེ་འཁོར་གྱི་གཟུགས་ཞེས་རྗོད་པར་བྱེད་པའི་ཕྱིར་ཏེ། སྣང་མུན་ཀྱང་ཐོགས་པ་ཡིན་མོད་ཀྱི། འོན་ཀྱང་ཐོགས་པ་ཤས་ཆུང་བས་དེ་ལས་ཐོགས་ཤས་ཆེ་བ་བུམ་སོགས་ནི་ཤིན་ཏུ་གནོད་པ་བྱར་རུང་བའི་ཕྱིར་བསགས་པར་གནས་པའི་གཟུགས་དེའི་ཉེ་འཁོར་དུ་གནས་པ་དེ་ནི་ནམ་མཁའི་ཁམས་སུ་འདོད་པའི་ཕྱིར་ཏེ། རྩིག་པ་ལ་བལྟོས་ནས་བཞག་པའི་ཕྱིར། གཞན་དག་བུ་ག་དེ་ལ་གཞན་པ་མི་ཐོགས་པས་ཐོགས་མེད་ཀྱང་ཡིན་ལ། རྩིག་པ་དང་རི་སོགས་ཀྱི་ཉེ་འཁོར་ཡང་ཡིན་པས་ཐོགས་མེད་ཉེ་འཁོར་ཡང་ཡིན་ཟེར་རོ། །འདི་ལྟའི་ལུགས་ལ་ནམ་མཁའ་འདུས་མ་བྱས་ནི་ཕྱི་ནང་དུ་མི་རིགས་ལ། ནམ་མཁའི་ཁམས་ལ་ཕྱི་དང་ནང་གི་ནམ་མཁའ་གསུངས་པའི་ཕྱིར་དང་། ཡང་གཟུགས་ཀྱི་ཁམས་ལ་འདོད་ཆགས་དང་བྲལ་བ་ལ་ས་སོགས་དང་། ནམ་མཁའི་ཁམས་ལ་ཆགས་པ་དང་བྲལ་ཏེ་སྤངས་པར་གསུངས་ལ། ནམ་མཁའ་ནི་ཟག་མེད་ཡིན་པས་སྤང་བར་མི་རིགས་པའི་ཕྱིར་དང་། ནམ་མཁའི་ཁམས་ནི་ས་སོགས་བཞིན་སྐྱེས་བུར་གདགས་པའི་རྟེན་ཡིན་པའི་ཕྱིར་ཏེ། དགེ་སློང་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཡིན་པའི་ཕྱིར་ཞེས་བརྗོད་ཀྱི། ནམ་མཁའ་ཙམ་ལ་དེ་ལྟར་མ་ཡིན་པའི་ཕྱིར། ལོ་ཞེས་པ་ནི། རྒྱལ་སྲས་མར། མདོ་སྡེ་པས་མ་རངས་པ་སྟེ། ནམ་མཁའ་དང་དེའི་ཁམས་ཐ་དད་མེད་ཅིང་། ནམ་མཁའ་དང་དེའི་ཁམས་ཐོགས་བཅས་ཀྱི་རྫས་སུ་མེད་ཙམ་ལ་(༨༧བ)


K8Z006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དེར་བརྗོད་པས་ཁྱད་པར་མི་འབྱེད་དོ། །ཞེས་དང་། གང་སྤེལ་ལས། ནམ་མཁའི་ཁམས་ནི་རྡུལ་ཕྲ་རབ་རེག་པ་མེད་པའི་ཕྱིར་དེ་མ་ཕྲད་ཀྱི་ཆ་ལ་བུ་ག་པ་ཡོང་བའི་གནས་མོད་ལ། རྡུལ་ཕྲ་རབ་ཀྱི་བསགས་པ་ཡོད་པ་ལ་མ་ཕྲད་པའི་ཆ་ལ་བུ་གར་བཞག་པ་ཉིད་ཀྱིས་མ་རངས་པར་འཆད་དོ། །གཉིས་པ་ནི། ཟག་དང་བཅས་པའི་རྣམ་ཤེས་ནི། །རྣམ་ཤེས་ཁམས་ཡིན་སྐྱེ་བའི་རྟེན། །གང་ཟག་པ་དང་བཅས་པའི་རྣམ་ཤེས་ནི། དྲུག་ཚན་འདིའི་རྣམ་ཤེས་ཀྱི་ཁམས་ཡིན་ཏེ། ཟག་མེད་ཀྱི་རྣམ་ཤེས་ནི་སྲིད་པ་གཅོད་པར་བྱེད་པ་ཡིན་པའི་ཕྱིར། རྣམ་ཤེས་ཀྱི་ཁམས་ན་འཁོར་བར་སྐྱེ་བའི་རྒྱུའི་རྣམ་ཤེས་ཡིན་པའི་ཕྱིར་འདི་ལྟར་ཁམས་དྲུག་པོ་འདི་དག་ནི་ཉིང་མཚམས་སྦྱར་བ་ནས་འཆི་སེམས་ཀྱི་བར་དུ་སྐྱེ་བའི་རྟེན་དུ་བཤད་པའི་ཕྱིར་ཏེ། མདོ་ལས། ཁམས་དྲུག་ལ་བརྟེན་ནས་མའི་མང་ལ་དུ་འཇུག་པའི་ཕྱིར། ཞེས་འབྱུང་ངོ་། །དེ་ཡང་རྣམ་ཤེས་ནི་ཉིང་མཚམས་སྦྱོར་བའི་ས་བོན་ཡིན་པས་མ་སྐྱེས་པ་བསྐྱེད་པ་དང་། གསོ་བར་བྱེད་པ་ནི་འབྱུང་བ་དག་སྟེ་དེའི་རྟེན་དུ་གྱུར་བས་སྐྱེས་པ་གནས་པ་དང་། ནམ་མཁའ་ནི་གོ་འབྱེད་པས་གནས་པ་འཕེལ་བར་བྱེད་པས་ནམ་མཁའི་ཁམས་སོ། །ཟག་མེད་ཀྱི་རྣམ་ཤེས་ནི་སྐྱེ་བ་རྒྱུན་གཅོད་གནོད་པ་བྱེད་པ་ཀུན་ནས་ཉོན་མོངས་པ་སྤོང་བ་ལ་འཇུག་པའི་ཕྱིར། བཞི་པ་ཁམས་ཀྱི་རྣམ་པའི་རབ་དབྱེ་ལ་བདུན། གཉིས་ཚན་གྱི་དབྱེ་བ་དང་། གསུམ་ཚན། བཅས་མ་བཅས། གཟུགས་ཅན་གྱི་དབྱེ་བ། བྱུང་བ་གསུམ་དང་། ཐོབ་པའི་ཁྱད་པར། ཕྱི་ནང་ལ་སོགས་པའི་དབྱེ་བའོ། །དང་པོ་ལ། བསྟན་དུ་ཡོད་མེད་དང་། ཐོགས་བཅས་ཐོགས་མེད་ཀྱི་རྣམ་པའོ། །དང་པོ་ནི། བསྟན་ཡོད་འདིར་ནི་གཟུགས་གཅིག་པུ། །དེ་ལ་འདིར་རྣམ་པའི་རབ་དབྱེ་ནི། གདུལ་བྱ་རྣམས་ཆོས་ཀྱི་དབྱེ་བ་ལ་མཁས་པ་དང་། སྤོབས་(༨༨ན)


K8Z006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོ་སོ་ཡང་དག་པར་རིག་པར་འགྱུར་བའི་ཆེད་དོ། །འདིར་ཁམས་ལ་རྣམ་པའི་རབ་དབྱེ་མཛད་པ་ནི། ཁམས་རྣམས་སུ་གཟུགས་སེམས་གཉིས་ཀ་ཕྱེ་སྟེ་བསྟན་པས་ཁམས་ལས་བརྩམས་ན་གཟུགས་སེམས་གཉིས་ཀའི་ཟག་བཅས་རྣམ་པ་བདེ་བླག་ཏུ་རྟོགས་ནུས་ཀྱི། གཞན་གཟུགས་ཕུང་ལྟ་བུའི་རབ་དབྱེས་དེ་རྟོགས་པར་མི་ནུས་པའི་ཕྱིར་ཏེ་གཟུགས་སོགས་ཀ་བ་ལྟ་བུའི་ཤེས་བྱའི་ལྡོག་པ་མཐའ་མེད་པའི་ཕྱིར་དངོས་པོའི་གྲངས་ངེས་བསྟན་པར་མི་ནུས་ལ། དེ་ལྟའི་དབྱེ་བ་གསུང་རབ་ལས་ཀྱང་རྣམ་པར་མ་བཞག་གོ། །འོ་ན་ཁམས་བཅོ་བརྒྱད་ལས་བསྟན་དུ་ཡོད་པ་དུ། བསྟན་དུ་མེད་པ་ནི་དུ་ཞེ་ན། བསྟན་དུ་ཡོད་པ་ནི་ཁམས་བཅོ་བརྒྱད་པོའི་སྐབས་འདིར་ནི་གཟུགས་གཅིག་པུ་སྟེ། དེ་ནི་འདི་ནའོ་ཆེ་གེ་མོ་ཞིག་ནའོ་ཞེས་ཚིག་གིས་གཞན་གྱི་མིག་ཤེས་ལ་བསྟན་དུ་ཡོད་པའི་ཕྱིར། ལྷག་མ་བཅུ་བདུན་ནི་བསྟན་དུ་མེད་པའི་ཕྱིར་ཏེ། དེ་ཡང་ཡུལ་རྣམ་པར་ཆད་པ་ཐུན་མོང་དུ་བསྟན་དུ་ཡོད་པ་ལ་བསྟན་ཡོད་བྱ་བ་ཙམ་ཡིན་ན། དབང་པོ་ལྔ་དང་དྲི་རོ་རེག་བྱ་གསུམ་ནི་ཡུལ་ཆད་པ་འདོམ་གང་ན་འདུག་བྱ་བའམ། ཁྲུ་གང་ན་འདུག་བྱ་བར་ཡུལ་ཆད་པར་བསྟན་དུ་ཡོད་ཀྱང་ཐུན་མོང་དུ་བསྟན་དུ་མེད་དེ། དབང་པོ་ལྔ་ཡང་གང་ཟག་དུ་མ་ལ་བསྟན་པར་མི་ནུས་ལ། དྲི་ལྟ་བུ་དེ་གཅིག་གི་སྣ་བུག་ཏུ་མྱོང་བ་དེ་གཞན་གྱི་སྣས་མི་མྱོང་། རོ་དང་རེག་བྱ་ཡང་དེ་དང་འདྲ་ལ། སྒྲ་ནི་ཐུན་མོང་དུ་བསྟན་དུ་ཡོད་དེ། གཅིག་ལ་སྣང་བའི་སྒྲ་དེ་ཐུན་མོང་དུ་བསྟན་དུ་ཡོད་དེ། གཅིག་ལ་སྣང་བའི་སྒྲ་དེ་ཀ་གཅིག་ལ་སྣང་བས་ཐུན་མོང་དུ་བསྟན་དུ་ཡོད་ཀྱང་རྟེན་རྣམ་པར་ཆད་པར་མེད་དེ། ལར་ཕྱོགས་དེ་ངོས་ན་གྲགས་བྱ་བར་ཤེས་ཀྱང་ཁྲུ་གང་ན་འདུག་བྱ་བའམ་འདོམ་གང་ན་འདུག་བྱ་བར་བསྟན་དུ་མེད། དེས་ན་ཁ་ཅིག་རྣ་བ་དང་འཕྲད་ནས་འཛིན་(༨༨བ)


K8Z006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། ཁ་ཅིག་མ་འཕྲད་པར་འཛིན་ཟེར། ངེས་ན་གཉིས་ཀ་ལྡན་པ་མིག་གི་ཡུལ་ཡིན་པས་དེ་གཅིག་པུ་བསྟན་ཡོད་ཡིན་ནོ། །གཉིས་པ་ནི། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཁམས་བཅོ་བརྒྱད་ལས་ཐོགས་བཅས་ཐོགས་མེད་དུ་ཞེ་ན། ཐོགས་པ་ནི་རྡུགས་པ་སྟེ་སྒྲིབ་ཐོགས་དེ་དང་བཅས་པའི་གཟུགས་སུ་རུང་བའི་གཟུགས་ཅན་བཅུའོ། །ཐོགས་པ་ཡང་། སྒྲིབ་པ་དང་། ཡུལ་དང་། དམིགས་པ་ལ་ཐོགས་པའོ། །དང་པོ་ནི། ཐོགས་བཅས་གཅིག་ཡོད་པའི་གོར་ཐོགས་བཅས་གཞན་སྐྱེ་བའི་གོ་འགེགས་བྱེད་ལག་པའི་ཡུལ་དུ་ལག་པ་གཞན་མི་སྐྱེ་བ་དང་། རྡོ་བའི་ཡུལ་དུ་རྡུགས་ཏེ་མི་སྐྱེ་བས་ཐོགས་པ་ལྟ་བུའོ། །ཡུལ་ཐོགས་ནི། མིག་སོགས་ཡུལ་ཅན་རྣམས་རང་གི་ཡུལ་གཟུགས་སོགས་ལ་ཐོགས་པ་སྟེ། གདགས་པ་ལས། ཉ་མིག་ལྟ་བུ་ཆུ་ལ་ཐོགས་ལ་སྐམ་ལ་མི་ཐོགས་པ་དང་། ཉ་བ་ལ་སོགས་པ་མིན་པ་མི་ཕལ་ཆེའི་མིག་ལྟ་བུ་སྐམ་ལ་ཐོགས་པ་ཆུ་ལ་མི་ཐོགས་པ་དང་། གཉིས་ཀར་ཐོགས་པ་ཆུ་སྲིན་བྱིས་པ་གསོད་དང་། སྦལ་པ་ཤ་ཟ་ཉ་པ་ལ་སོགས་པ་ལྟ་བུའོ། །གཉིས་ཀར་མི་ཐོགས་པ་མངལ་དུ་འཆི་བའི་མིག་ལྟ་བུའོ། །མིག་མཚན་མོ་ཐོགས་ལ་ཉིན་མོ་མི་ཐོགས་པ་ནི་པགས་པའི་བྱེའུ་ཕ་ཝང་དང་འུག་པ་ལ་སོགས་ཀྱི་དང་། ཉིན་པར་ཐོགས་ལ་མཚན་མོ་མི་ཐོགས་པ་ནི་མི་ཕལ་ཆེ་བ་ལྟ་བུ་སྟེ། ཁ་ཅིག་མཚན་མོར་ཡང་ལས་དང་སྨན་ལ་བལྟོས་ནས་འཇུག་པའི་ཕྱིར། གཉིས་ཀར་ཐོགས་པ་ནི་ཁྱི་དང་ཝ་དང་རྟ་དང་གུང་བྱི་ལ། སྟག་ཆོམ་རྐུན་པ་རྣམས་ཀྱི་ལྟ་བུའོ། །གཉིས་ཀར་མི་ཐོགས་པ་མངལ་དུ་འཆི་ངེས་དང་འཇིག་རྟེན་གྱི་བར་དུ་སྐྱེས་པ་ལྟ་བུའོ། །དཔེ་སྔ་ཕྱི་གཉིས་ཡུལ་དང་དུས་ཀྱིས་བྱས་པའོ། །དམིགས་ཐོགས་ནི། མཚུངས་ལྡན་རྣམས་རང་གི་དམིགས་པ་དག་ལ་ཐོགས་པའོ། །ཡུལ་དང་དམིགས་པའི་ཁྱད་པར་ནི་ཡུལ་གང་ཞིག་ལ་དབང་པོས་ལྟ་ཉན་བྱེད་པ་ནི་ཡུལ་(༨༩ན)


K8Z006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བྱེད་པའང་རང་གི་མཚུངས་ལྡན་ལ་བརྟེན་པའི་ནུས་པའི་ཁྱད་པར་རམ་རྩལ་ཡིན་ནོ། །གཟུགས་སོགས་མཚུངས་ལྡན་རྣམས་ཀྱི་འཁར་བ་ལ་བརྟེན་པའི་ཚུལ་དུ་འཛིན་པའམ། དེའི་སྣང་བ་སྐྱེས་པས་འཛིན་པ་ནི་དམིགས་པའོ། །ཡང་ཡུལ་དང་དམིགས་པ་ལ་འཇུག་པ་ལ་རྡུགས་པའམ་ཐོགས་པ་ཞེས་བྱ་ཞེ་ན། འཇིག་རྟེན་ན་ལག་པ་རྩིག་ཤིང་ལ་ཐོགས་པ་ལ་ཐོགས་པར་བརྗོད་པ་ལྟར། མིག་སོགས་ཀྱང་ཡུལ་གཞན་ལྟ་སོགས་མི་བྱེད་པར་རང་ཡུལ་ཁོ་ན་ལ་བྱེད་པས་ཐོགས་པ་སྟེ་རང་ཡུལ་ལ་འཇུག་པ་རྡུགས་པ་ནི་ཐོགས་པ་དང་མ་རྡུགས་པ་ནི་མ་ཐོགས་པ་ཞེས་གྲག་གོ། །ཡང་ན་རང་ཡུལ་ལ་གཏོད་ཅིང་འཇུག་པར་བྱེད་པ་ནི་ཐོགས་པའོ། །དེས་ན་གཟུགས་ཅན་བཅུ་ནི་སྒྲིབ་པ་ལ་ཐོགས་པས་ཐོགས་བཅས་ཏེ་ཕན་ཚུན་སྒྲིབ་པའི་ཕྱིར། འོ་ན། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ངེས་པར་ལྷན་ཅིག་སྐྱེ་ཞེས་བཤད་པ་མིན་ནམ་ཞེ་ན། འདིར་ནི་རིགས་མཐུན་ཐོགས་པར་བཤད་ལ། དེར་ནི་རིས་མི་མཐུན་ལྷན་ཅིག་ཏུ་སྐྱེའོ་ཞེས་གསུངས་པས་མི་ནོངས་སོ། །སེམས་ཙམ་པ་རྡུལ་བདེན་པར་མི་འདོད་པ་ལ་བླ་ཡང་། རྡུལ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་སྡེ་པ་ལ་མི་བཏུབ་པའི་ཕྱིར་འདྲེས་མར་སྐྱེའོ་ཞེས་པ་ནི་ཤིན་ཏུ་བཟང་ངོ་། །མཚུངས་ལྡན་རྣམས་ཀྱང་ཡུལ་དང་དམིགས་པ་ལ་ཐོགས་པས་དེའི་དབང་དུ་བྱས་ཏེ། ཡུལ་ལ་ཐོགས་པ་དང་སྒྲིབ་པ་ལ་ཐོགས་པ་ལ་མུ་བཞི་སྟེ། ཡུལ་ལ་ཐོགས་ལ་སྒྲིབ་པས་མ་ཐོགས་པ་ནི་དམིགས་ཡུལ་འཛིན་ཅིང་། རྡུལ་མ་བསགས་པས་སེམས་ཀྱི་ཁམས་བདུན་དང་། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་མཚུངས་ལྡན་རྣམས་སོ། །སྒྲིབ་པས་ཐོགས་ལ་ཡུལ་ལ་མ་ཐོགས་པ་ནི་རྡུལ་བསགས་ལ་ཡུལ་ཅན་མིན་པས་ཡུལ་ལྔའོ། །གཉིས་ཀ་ཡིན་པ་ནི་ཡུལ་འཛིན་ཅིང་བསགས་པ་དབང་པོ་ལྔའོ། །གཉིས་ཀ་མིན་པ་ནི། ཡུལ་ཅན་མིན། ཡུལ་ན་མི་གནས་པས་མཚུངས་ལྡན་མ་གཏོགས་པའི་ཆོས་ཀྱི་ཁམས་སོ། །ཡུལ་ལ་ཐོགས་པས་དམིགས་པ་ལ་ཐོགས་པ་ཡིན་ནམ་སྙམ་ན། ཡུལ་ལ་ཐོགས་ལ་དམིགས་པ་ལ་མ་ཐོགས་པ་ནི་དབང་པོ་ལྔ་ཡིན་ཏེ། དེ་ལ་དམིགས་པ་མེད་པའི་ཕྱིར། དམིགས་པ་ལ་ཐོགས་ན་ཡུལ་ལ་མ་ཐོགས་པ་མེད་དེ། སེམས་(༨༩བ)


K8Z006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ལས་བྱུང་བ་རྣམས་ཡུལ་ལ་ཐོགས་པ་ཉིད་ཀྱིས་ཡུལ་ཅན་དུ་གྱུར་པས་དམིགས་པའི་ཕྱིར། ཡུལ་དང་དམིགས་ཐོགས་གཉིས་ཀ་མིན་པ་ནི་ཡུལ་ལྔ་དང་ཆོས་ཁམས་ཀྱི་མཚུངས་ལྡན་མིན་པ་རྣམས་ཏེ་ཡུལ་ཅན་མིན་པའི་ཕྱིར། བཙུན་པ་གཞོན་ནུ་མ་ལེན་ན་རེ། རྟེན་ནམ་དམིགས་པ་གང་སྐྱེ་བ་ལ་བར་ཆད་ཀྱི་སྒྲིབ་པ་གཞན་དག་གིས་ཐོགས་ཤིང་མི་སྐྱེ་བར་བྱེད་ནུས་དེ་ཐོགས་བཅས་བཟློག་པ་ཐོགས་མེད་དུ་འདོད་པས་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཁམས་ཐོགས་མེད་དུ་གྲུབ་བོ། །གཉིས་པ་གསུམ་ཚན་གྱི་རྣམ་པ་ལ། དགེ་སོགས་གསུམ་གྱི་རྣམ་པ་དང་། ཁམས་གསུམ་དུ་གཏོགས་པའི་རྣམ་པའོ། །དང་པོ་ནི། ལུང་མ་བསྟན་བརྒྱད་དེ་དག་ཉིད། །གཟུགས་སྒྲ་མ་གཏོགས་གཞན་རྣམ་གསུམ། །ཁམས་བཅོ་བརྒྱད་ལས་གཅིག་ཏུ་ལུང་དུ་མ་བསྟན་པ་ནི་བརྒྱད་དེ་ཐོགས་བཅས་སུ་བཤད་པ། དེ་དག་ཉིད་ལས་གཟུགས་སྒྲའི་ཁམས་མ་གཏོགས་པ་རྣམས་ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ཏོ། །གཞན་དག་ནི་རྣམ་སྨིན་གྱི་འབྲས་བུ་མི་འབྱིན་པའི་ཕྱིར་ལུང་མ་བསྟན་དུ་མེད་པས་ལུང་མ་བསྟན་ཅེས་ཟེར་བ་དེ་དག་གི་ལྟར་ན་ཟག་མེད་ཀྱི་དགེ་བའང་དེར་འགྱུར་རོ། །བརྒྱད་པོ་ལས་གཞན་བཅུ་པོ་ལ་དགེ་མི་དགེ་ལུང་མ་བསྟན་རྣམ་པ་གསུམ་དུ་ཡོད་དེ། སྒྲ་གཟུགས་ཀྱང་དགེ་མི་དགེའི་ཀུན་སློང་གི་དབང་གིས་དེར་འགྱུར་བའི་ཕྱིར། དེ་ན་ཀུན་སློང་གི་དྲི་རོ་རེག་བྱ་ཡང་དགེ་མི་དགེར་འགྱུར་རོ་ཞེ་ན། མ་ཡིན་ཏེ། ཀུན་སློང་གིས་དེ་གསུམ་ལ་མ་དམིགས་པས་སོ། །འོ་ན་མཉམ་གཞག་གི་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་དགེ་བ་མ་ཡིན་པར་འགྱུར་རོ་ཞེ་ན། མིན་ཏེ། རྟེན་མཉམ་གཞག་གི་སེམས་དགེ་བ་དང་མཚུངས་ལྡན་གྱི་དབང་གིས་དེ་ཡང་དགེ་བ་ཡིན་པའི་ཕྱིར་ཞེས་སྨྲའོ། །ཁ་ཅིག །མཉམ་གཞག་གི་རིག་བྱེད་མ་ཡིན་པ་མཚུངས་ལྡན་གྱི་དབང་གིས་མིན་གྱི། སེམས་ཀྱི་རྗེས་སུ་འབྲང་བས་ཀུན་ནས་(༩༠ན)


K8Z006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བསླངས་པའི་དབང་གིས་དགེ་བའོ་ཞེས་ཟེར་རོ། །དེའང་སེམས་ཁམས་བདུན་མ་ཆགས་པ་སོགས་དང་མཚུངས་ལྡན་དགེ་བ་དང་། ཆགས་སོགས་མཚུངས་ལྡན་མི་དགེ་བ་ཡིན་ལ། དེ་གཉིས་དང་མི་ལྡན་པ་རྣམ་སྨིན་སྐྱེས་སོགས་ལུང་མ་བསྟན་ཏོ། །ཆོས་ཁམས་ཀྱི་མ་ཆགས་པ་སོགས་རྩ་བ་གསུམ་དང་ངོ་ཚ་ཤེས་དང་ཁྲེལ་ཡོད་ནི་ངོ་བོ་ཉིད་ཀྱི་དགེ་བ་དང་། དེ་དག་དང་མཚུངས་ལྡན་གྱི་ཚོར་སོགས་དང་། ཀུན་ནས་སློང་བ་ནི་ཐོབ་པ་དང་སྐྱེ་སོགས་མི་ལྡན་པ་དང་རིག་བྱེད་མིན་པའོ། །དོན་དམ་པར་དགེ་བ་ནི་བརྟགས་འགོག་སྟེ་བཞིའོ། །ངོ་བོ་ཉིད་ཀྱི་མི་དགེ་བ་ནི་དུག་གསུམ་དང་ངོ་ཚ་ཁྲེལ་མེད་དང་། དེ་དང་མཚུངས་ལྡན་གྱི་ཚོར་སོགས་དང་། ཀུན་ནས་བསླངས་པ་སྐྱེ་སོགས་དང་རིག་བྱེད་མིན་པའོ། །ལུང་མ་བསྟན་ནི་ངོ་བོ་ཉིད་ཀྱི་དགེ་མི་དགེ་དང་མཚུངས་ལྡན་གྱི་དང་། ཀུན་ནས་བསླངས་པའི་དགེ་མི་དགེ་མིན་པ་དང་ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་དང་ལུང་མ་བསྟན་གྱི་སེམས་དང་མཚུངས་ལྡན་དང་། དེས་བསླངས་པ་དང་ཅི་རིགས་ཐོབ་པ་དང་། སྐྱེ་སོགས་གཟུགས་སྒྲའི་ཁམས་ལུས་ངག་གི་རིག་བྱེད་ཀྱིས་བསྡུས་པའི་དགེ་མི་དགེའི་སེམས་ཀྱིས་བསླངས་པའི་དགེ་མི་དགེ་དང་། ལུང་མ་བསྟན་གྱི་སེམས་ཀྱིས་ཀུན་ནས་བསླངས་པའི་ལུས་ངག་གི་རིག་བྱེད་དང་། རིག་བྱེད་ཀྱིས་མ་བསྡུས་པའི་གཟུགས་སྒྲ་ནི་ལུང་མ་བསྟན་ཏོ། །གཉིས་པ་ནི། འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །དྲི་དང་རོ་དང་སྣ་དང་ནི། །ལྕེ་ཡི་རྣམ་ཤེས་ཁམས་མ་གཏོགས། །གཟུགས་མེད་གཏོགས་པ་ཡིད་དང་ནི། །ཆོས་དང་ཡིད་ཀྱི་རྣམ་ཤེས་ཁམས། །ཁམས་བཅོ་བརྒྱད་ལས། འདོད་པ་དང་གཟུགས་དང་གཟུགས་མེད་པར་གཏོགས་པ་དུ་ཞེ་ན། འདོད་ཁམས་སུ་གཏོགས་པ་ཁམས་བཅོ་བརྒྱད་པོ་ཐམས་ཅད་དོ་སྟེ། འདོད་པ་དེར་དེའི་རང་བཞིན་དང་མ་བྲལ་ཞིང་དེའི་སྲེད་པས་བདག་གིར་བྱས་པའི་ཕྱིར། གཟུགས་ཀྱི་ཁམས་སུ་གཏོགས་པ་ན་ཁམས་བཅུ་བཞིའོ་སྟེ། དེར་ནི་དྲི་དང་(༩༠བ)


K8Z006_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མེད་དེ། དྲི་རོ་ནི་ཁམ་ཟས་ཡིན་པས་དེ་དག་ལ་འདོད་ཆགས་དང་བྲལ་བ་དེར་སྐྱེ་བའི་ཕྱིར། དེས་ན་དེར་དམིགས་རྐྱེན་དེ་གཉིས་མེད་པས་ཡུལ་ཅན་སྣ་དང་ནི་ལྕེའི་རྣམ་ཤེས་ཀྱི་ཁམས་ཀྱང་མ་གཏོགས་ཏེ་མེད་དོ། །འོ་ན་དེར་རེག་བྱའི་ཁམས་ཀྱང་མེད་པར་འགྱུར་ཏེ། གྲུབ་མཐར། ཁམ་གྱི་ཟས་ནི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་འབྱུང་བའི་ཕྱིར་ཞེ་ན། ཁམ་ཟས་ཀྱི་རང་བཞིན་མིན་པའི་རེག་བྱའི་ཁམས་ཀྱང་ཡོད་དོ་ཞེས་ལན་དུ་བྱེད་དོ། །འོ་ན་ཁམ་ཟས་ཀྱི་རང་བཞིན་མ་ཡིན་པའི་རེག་བྱ་ཡོད་པ་ལྟར་ཟས་ཀྱི་རང་བཞིན་མིན་པའི་དྲི་རོ་ཡང་ཡོད་པར་འགྱུར་ཞེས་སྨྲ་བ་ལ། ཟས་ཀྱི་རང་བཞིན་མིན་པའི་རེག་བྱ་ཡོད་པ་ལྟར་ཟས་ཀྱི་རང་བཞིན་མིན་པའི་དྲི་རོ་ཡོད་པར་མི་མཚུངས་ཏེ། དྲི་རོ་ཡིན་ཚད་ཟས་ཀྱི་ཁམས་སུ་འགྲོ་ལ། རེག་བྱ་ཡིན་ཚད་ཟས་ཀྱི་ཁམས་སུ་མི་འགྲོ་བའི་ཕྱིར། རེག་བྱ་དབང་པོ་འབྱུང་བའི་རྟེན་དང་གོས་ལུས་ལ་བརྟེན་པའམ་ལུས་གཞལ་མེད་ཁང་ལ་བརྟེན་པའི་གནས་སམ་གཞི་དང་། གོས་སོགས་བགོ་བའི་དངོས་པོའི་རེག་བྱ་ཡོད་དུ་ཆུག་ཀྱང་ཟས་ལ་མེད་པར་དྲི་རོ་ལ་ལོངས་སྤྱོད་མེད་པའི་ཕྱིར། ཟས་མིད་པའི་འདོད་ཆགས་དང་བྲལ་བ་ལ་དྲི་རོ་དགོས་པ་མེད་ཅིང་རེག་བྱ་ནི་དེ་ལྟར་མ་ཡིན་པ་བཞིན་ནོ། །བཙུན་པ་དཔལ་ལེན་ན་རེ། རྒྱུ་སྙོམས་འཇུག་གི་བསམ་གཏན་ལ་བརྟེན་ནས་འདོད་ཁམས་སུ་ལྷའི་མིག་དང་གཟུགས་སྒྲ་མཐོང་ཞིང་ཐོས་ལ། ལུས་ཤིན་ཏུ་སྦྱངས་པ་དང་ལྷན་ཅིག་སྐྱེས་པས་ལུས་ཡང་བ་དང་སྐེད་པ་གསེར་གྱི་དོང་ཙེ་བརྩེགས་པ་སྙམ་པའི་རེག་བྱ་ལ་རེག་པ་ཡོད། དྲི་རོ་རྒྱུའི་སྙོམས་འཇུག་གི་དུས་ན་ཚོར་བ་མེད་པས་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་དུས་ན་གཟུགས་སྒྲ་རེག་བྱ་གསུམ་ཡོད་ཀྱི་དྲི་རོ་མེད་པའི་རྒྱུ་མཚན་ནི་དེ་ལྟར་སྨྲའོ། །དེ་ལ་སློབ་དཔོན་དབྱིག་(༩༡ན)


K8Z006_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་གྱིས་བཙུན་པ་དཔལ་ལེན་གྱི་ལུགས་ཁྱད་དུ་བསད་དེ་བཏང་སྙོམས་སུ་མཛད་ནས། བྱེ་སྨྲས་གཟུགས་ཁམས་ན་དྲི་རོ་མེད་དེ། དགོས་པ་མེད་པའི་ཕྱིར། ཕོའི་དབང་པོ་བཞིན་ནོ་ཞེས་དམ་བཅས་པ་ལ་སློབ་དཔོན་གྱིས་མ་ངེས་པ་སྟོན་པས་སུན་འབྱིན་པར་བྱེད་དེ། ལུགས་དེ་ལྟར་ན་ཕྱོགས་འདི་ཆོས་ཅན་གྱི་ཁྱད་པར་ལ་བཟློག་པས་སྐྱོན་ཆགས་པའི་མཚན་ཉིད་ཡིན་པའི་ཕྱིར་སྐྱོན་ཅན་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་གཟུགས་ཀྱི་ཁམས་ན་དྲི་རོ་ལྟར་སྣ་ལྕེའི་དབང་པོ་དག་ཆོས་ཅན་མེད་པར་ཐལ་བར་འགྱུར་ཏེ། དྲི་དང་རོ་དེ་རང་འཛིན་པའི་དགོས་པ་མེད་པའི་ཕྱིར་ཕོ་མོའི་དབང་པོ་བཞིན་ནོ་ཞེས་བརྟགས་པར་མཛད་དོ། །དེ་ལ་བྱེ་སྨྲའི་ཕྱོགས་འགའ་ཞིག་གིས་གཟུགས་ཁམས་ན་སྣ་ལྕེའི་དབང་པོ་གཉིས་དགོས་པ་མེད་པ་མ་གྲུབ་སྟེ། རྟེན་མཛེས་པ་དང་ངག་བརྗོད་པའི་དགོས་པ་ཡོད་པའི་ཕྱིར་ཞེ་ན། སློབ་དཔོན་གྱིས། དགོས་པ་དེ་ལྟར་ཡིན་ན་མ་ཁྱབ་པར་བསྟན་ཏེ། མཛེས་པ་དང་ངག་བརྗོད་པའི་དོན་དུ་དབང་པོ་ནི་དགོས་པ་མེད་པའི་ཕྱིར་ཏེ། དེའི་དགོས་པ་ནི་དབང་རྟེན་ཁོ་ནས་ཆོག་པའི་ཕྱིར། དེ་ལ་བྱེ་སྨྲའི་ཕྱོགས་ཞིག་གིས། གཟུགས་ཁམས་ན་སྣ་ལྕེའི་དབང་པོ་མེད་པའི་དབང་རྟེན་མི་སྲིད་དེ། དེ་དེའི་རྟེན་ཡིན་པའི་ཕྱིར་ཕོའི་དབང་པོའི་རྟེན་བཞིན་ནོ་ཞེས་ཟེར་བ་ལ། སློབ་དཔོན་གྱིས། དེ་ལྟར་སྨྲ་བ་ཡང་མ་ཁྱབ་སྟེ། གཟུགས་སུ་ཕོའི་དབང་རྟེན་དགོས་པ་མེད་པས་མི་སྲིད་པ་བདེན་པ་དེ་སྣ་ལྕེའི་དབང་རྟེན་ལ་མི་མཚུངས་པའི་ཕྱིར་ཏེ། སྣ་ལྕེའི་དབང་རྟེན་ནི་སྣ་ལྕེའི་དབང་པོ་མེད་པར་ཡང་ལུས་མཛེས་པ་དང་ངག་སྨྲ་བ་ལ་དགོས་པའི་ཕྱིར་གཟུགས་སུ་ཡོད་པ་ཅི་སྟེ་མཚུངས། ཡང་གློ་ན་གནས་པའི་རྒོལ་བ་གཅིག་ན་རེ། བྱེ་སྨྲ་དང་སློབ་དཔོན་གཉིས་ཀས་དགོས་པ་མེད་པའི་དྲི་རོ་དེར་འཛིན་(༩༡བ)


K8Z006_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་པོ་མེད་པའི་ཁྱབ་པ་སྨྲས་པ་ཡང་མི་འགྲུབ་སྟེ། དཔེར་ན། མངལ་དུ་འཆི་བ་རྣམས་ལ་གཟུགས་མཐོང་བ་སོགས་ཀྱི་དགོས་པ་མེད་ཀྱང་མིག་སོགས་ཀྱི་དབང་པོ་ཡོད་པ་ལྟ་བུའི་ཕྱིར། དགོས་པ་མེད་པ་ཉིད་ཀྱང་མ་ངེས་པས་གཟུགས་ཁམས་སུ་སྣ་ལྕེའི་དབང་པོ་འགྲུབ་བོ་ཞེས་སྨྲས་པ་ལ། སློབ་དཔོན་གྱིས། མངལ་དུ་ངེས་པར་འཆི་བ་ལ་དགོས་པ་མེད་པར་དབང་པོ་འགྲུབ་པ་ནི་ཡིན་མོད་ཀྱི། འདུས་བྱས་རྣམས་རྒྱུ་དང་བཅས་ན་སྐྱེ་ལ། རྒྱུ་མེད་པར་མི་འབྱུང་བའི་ཕྱིར་མངལ་དུ་དགོས་པ་མེད་ཀྱང་དེ་འབྱུང་བའི་རྒྱུ་ཡོད་པས་འབྱུང་ལ། གཟུགས་སུ་སྣ་ལྕེའི་དབང་པོ་དག་འབྱུང་བ་ལ་དགོས་པ་མེད་པར་མ་ཟད་རྒྱུ་ཡང་མེད་པའི་ཕྱིར་ཏེ། དབང་པོ་སྐྱེ་བའི་རྒྱུ་ནི། དབང་པོ་ལ་སྲེད་པ་དང་བཅས་པའི་ལས་ཡིན་པས་ལས་དེ་ཡང་ཡུལ་དྲི་རོ་ལ་སྲེད་པ་དང་བྲལ་ན་ཡུལ་ཅན་སྣ་ལྕེ་ལའང་སྲེད་པ་དང་བྲལ་བར་གདོན་མི་ཟ་བའི་ཕྱིར་གཟུགས་སུ་སྣ་ལྕེའི་དབང་པོ་འབྱུང་བའི་རྒྱུ་མེད་པ་ཉིད་ཀྱིས་ཀྱང་སྣ་ལྕེའི་དབང་པོ་མི་འབྱུང་ལ། འབྱུང་བའི་རྒྱུ་ཡོད་ན་དགོས་པ་མེད་ཀྱང་འབྱུང་དུ་ཆུག་པའི་ཕྱིར། ཡང་གཟུགས་སུ་རྒྱུ་དང་དགོས་པ་གཉིས་ཀ་མེད་པར་སྣ་ལྕེའི་དབང་པོ་འབྱུང་ན་ཕོའི་དབང་པོ་ཡང་ཅི་སྟེ་མི་འབྱུང་སྟེ། རྒྱུ་དང་དགོས་པ་མེད་པར་མཚུངས་པའི་ཕྱིར། འདི་ལྟར་སློབ་དཔོན་གྱིས་སྐྱོན་བརྗོད་མཛད་པ་ཡང་བྱེ་སྨྲའི་གཟུགས་ཁམས་ཀྱི་སེམས་ཅན་གྱི་རྒྱུད་ནི་སྣ་ལྕེའི་དབང་པོ་དང་བཅས་པ་ཡིན་ཏེ། གཟུགས་ཅན་ཡིན་པའི་ཕྱིར། འདོད་པ་ན་སྤྱོད་པའི་སེམས་ཅན་གྱི་རྒྱུད་བཞིན་ནོ་ཞེས་ཞེན་པར་བྱེད་ལ། དེ་ལྟར་ན་སློབ་དཔོན་གྱིས་གཟུགས་ཁམས་ཀྱི་སེམས་ཅན་གྱི་རྒྱུད་གཟུགས་ཅན་ཡིན་པས་སྣ་ལྕེའི་དབང་པོ་དང་བཅས་པར་སྒྲུབ་རིགས་ན། རྒྱུ་མཚན་དེ་ཉིད་ཀྱིས་གཟུགས་ཁམས་ན་ཕོ་དབང་ཀྱང་ཡོད་རིགས་པར་བྱེ་སྨྲས་དོན་གྱིས་ཁས་(༩༢ན)


K8Z006_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དགོས་པར་འགྱུར་ལ། དེ་མི་ལེན་ན་སྣ་ལྕེའི་དབང་པོ་ཡོད་པའི་སྒྲུབ་བྱེད་དུའང་རྒྱུ་མཚན་དེ་ཁྱེད་རང་ལའང་འགྲུབ་པར་མི་འགྱུར་བར་མཚུངས་པར་འཕངས་པ་ལ་ལན་དོན་མཐུན་མ་ཐེབས། བྱེ་སྨྲས་གལ་སྲིད་དགོས་པ་དང་རྒྱུ་མེད་ཀྱང་གཟུགས་ཁམས་སུ་ཕོའི་དབང་པོ་མེད་དེ་མི་མཛེས་པའི་ཕྱིར་ཞར་བ་དང་ཞའོ་བཞིན་ནོ་ཞེས་ཟེར་རོ། །དེ་ལ་སློབ་དཔོན་གྱིས། ཕོ་དབང་ཡོད་ཀྱང་མི་མཛེས་པར་ཅིས་འགྱུར་ཏེ། སངས་རྒྱས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ལྟ་བུ་མཆོག་ཏུ་མཛེས་པའི་ཕྱིར། ཕོ་དབང་ནི་མཛེས་པར་བྱེད་མི་དགོས་ཀྱི་དགོས་དབང་ལས་ཀྱང་བྱུང་བའང་མ་ཡིན་ཏེ། རྒྱུའི་དབང་གིས་འབྱུང་བའི་ཕྱིར། རྒྱུ་ཡོད་ན་མཛེས་འདོད་ཀྱི་དགོས་པ་མེད་ཀྱང་འབྱུང་བ་ཞར་བ་བཞིན་ནོ། །འོ་ན་གཟུགས་ཁམས་ན་སྣ་ལྕེའི་དབང་པོ་མེད་ན། མདོ་ལས། གཟུགས་སུ་དབང་པོ་རྣམས་མ་ཚང་བ་མེད་ཅིང་མེད་པ་མ་ཡིན་ནོ་ཞེས་འབྱུང་བ་དང་འགལ་ཅེ་ན། སློབ་དཔོན་གྱིས། གཟུགས་ཁམས་དེར་སྣ་ལྕེ་མ་གཏོགས་པའི་དབང་པོ་གང་དག་སྲིད་པ་དེ་མ་ཚང་བ་མེད་པ་ཉིད་ཀྱི་ཕྱིར་མདོའི་ལུང་དང་འགལ་བ་ཅི་ཞིག་ཡོད། དེ་ལྟར་མ་ཡིན་ན་དེར་ཕོ་དབང་ཀྱང་ཡོད་པར་འགྱུར་ཏེ། དབང་པོ་སྲིད་ཚད་ཚང་བར་ཁས་བླངས་པའི་ཕྱིར། བྱེ་སྨྲའི་ཕྱོགས་ཀྱིས་གཟུགས་ན་ལུས་ཀྱི་སྒོ་ནས་སྐྱེ་མཆེད་དྲུག་ལ་སྲེད་པ་སྤྱོད་པས་དབང་པོའི་དབང་གིས་ཡུལ་འགྲུབ་ཀྱི། ཡུལ་གྱི་དབང་གི་སྒོ་ནས་དབང་པོ་གྲུབ་པ་མ་ཡིན་པའི་ཕྱིར། དེ་ན་སྣ་ལྕེའི་དབང་པོ་ཡོད་ཀྱི་དྲི་རོ་ནི་མེད་དོ། །ཕོའི་དབང་པོ་ནི་དེར་མེད་དེ། འཁྲིག་པའི་རེག་པའི་སྒོ་ནས་སྲེད་པའི་ཀུན་ཏུ་སྤྱོད་པ་ལ་ཆགས་པ་དང་བྲལ་བའི་ཕྱིར། རྒྱུ་མེད་པར་འབྲས་བུ་མི་འབྱུང་བ་ཉིད་ཀྱིས་སོ། །གཟུགས་མེད་པར་གཏོགས་པ་ནི་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་(༩༢བ)


K8Z006_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྟེ་གཟུགས་ལ་སྲེད་པ་དང་བྲལ་བས་གཟུགས་ཅན་བཅུ་མེད་ལ། དེས་ན་དེ་དག་ལས་སྐྱེས་པའི་རྣམ་ཤེས་ལྔ་ཡང་མེད་པའི་ཕྱིར། གསུམ་པ་བཅས་མ་བཅས་ཀྱི་རྣམ་པ་ལ། ཟག་པ་དང་བཅས་མ་བཅས། རྟོག་དཔྱོད་དང་བཅས་མ་བཅས། དམིགས་པ་དང་བཅས་མ་བཅས་སོ། །དང་པོ་ནི། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཁམས་ཐ་མ་དེ་གསུམ་ལ་བདེན་པ་དང་པོ་གཉིས་ཀྱིས་བསྡུས་པའི་ཟག་བཅས་དང་ལམ་བདེན་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཟག་པ་མེད་པ་དག་ཀྱང་ཡོད་ལ། ཁམས་ལྷག་མ་བཅོ་ལྔ་པོ་རྣམས་ནི་གཅིག་ཏུ་ཟག་བཅས་ཏེ་གཟུགས་ཅན་བཅུ་ནི་སྡུག་བདེན་དང་སྒོ་ལྔའི་ཤེས་པ་ཁ་ཕྱིར་བལྟ་མཉམ་གཞག་གི་ས་པ་མིན་ཅིང་། དེ་དག་སྒོམ་སྤང་ཡིན་པའི་ཕྱིར་དང་། ཟག་རྣམས་རྒྱས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། རྟོག་དང་དཔྱོད་དང་བཅས་པ་ནི། །རྣམ་པར་ཤེས་པའི་ཁམས་ལྔ་ཡིན། །ཐ་མ་གསུམ་ནི་རྣམ་གསུམ་མོ། །ལྷག་མ་རྣམས་ནི་གཉིས་ཀ་སྤངས། །ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པས་རྣམ་མི་རྟོག །དེ་དག་ཡིད་ཀྱི་ཤེས་རབ་གཡེང་། །ཡིད་ཀྱི་དྲན་པ་ཐམས་ཅད་ཉིད། །རྟོག་དཔྱོད་དང་བཅས་པ་ནི་དུ། རྟོག་མེད་དཔྱོད་ཙམ་ནི་དུ། རྟོག་མེད་དཔྱོད་པ་མེད་པ་ནི་དུ་ཞེ་ན། ཁམས་བཅོ་བརྒྱད་ལས། རྟོག་དང་དཔྱོད་དང་བཅས་པ་ནི་རྣམ་པར་ཤེས་པའི་ཁམས་ལྔ་ཡིན་ཏེ། ཁ་ཕྱིར་བལྟས་པས་རྩིང་བ་དང་རྟོག་དཔྱོད་དང་རྗེས་སུ་འབྲེལ་བའི་ས་ན་ཡོད་པའི་ཕྱིར། ཡིད་སོགས་ཁམས་ཐ་མ་གསུམ་ནི་རྣམ་པ་གསུམ་མོ་སྟེ། རྟོག་དཔྱོད་དང་བཅས་པའི་རྣམ་པ་དང་། རྟོག་མེད་དཔྱོད་ཙམ་གྱི་རྣམ་པ་དང་། རྟོག་མེད་དཔྱོད་མེད་ཀྱི་རྣམ་པའོ། །དེ་ལ་རྣམ་པ་དང་པོ་ནི། ཡིད་ཀྱི་ཁམས་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཆོས་ཀྱི་ཁམས་ལ་མཚུངས་པར་ལྡན་པ་དང་མཚུངས་པར་མི་ལྡན་པ་གཉིས་ལ། མཚུངས་པར་ལྡན་པ་ལྔ་བཅུ་རྩ་གཅིག་ལས། རྣམ་པ་དང་པོ་ཐ་མ་གསུམ་རྟོག་དཔྱོད་དང་བཅས་པའི་སྐབས་འདིར་རྟོག་དཔྱོད་མ་བསལ་ན་ནི་རྟོག་པ་དང་བཅས་པའམ། རྟོག་པ་ཡང་དཔྱོད་པ་དང་བཅས་པར་ཐལ་བར་འགྱུར་བས། རྟོག་དཔྱོད་མ་གཏོགས་པ་(༩༣ན)


K8Z006_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་བཞི་བཅུ་རྩ་དགུ་པོ་རྣམས་ལས། ཅི་རིགས་པར་འདོད་པའི་ཁམས་དང་། བསམ་གཏན་དང་པོ་ན་ནི་ཐ་མ་གསུམ་པོ་དག་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དག་ཡིན་ནོ། །རྣམ་པ་གཉིས་ནི། བསམ་གཏན་ཁྱད་པར་ཅན་གྱི་ཐ་མ་གསུམ་པོ་སྟེ་རྟོག་པ་མེད་ལ་དཔྱོད་པ་ཙམ་དག་ཡིན་ནོ། །རྣམ་པ་གསུམ་ནི། བསམ་གཏན་གཉིས་ནས་བཟུང་སྟེ་སྲིད་རྩེའི་བར་གྱི་ཐ་མ་གསུམ་དང་། སྔར་ཆོས་ཀྱི་ཁམས་ལ་གཉིས་སུ་ཕྱེ་བའི་མཚུངས་པར་ལྡན་པ་མ་ཡིན་པ་ཐམས་ཅད་དང་ཞེས་བྱ་བ་དངོས་སུ་ཁམས་གསུམ་པའི་གཟུགས་དང་། སེམས་དང་མི་ལྡན་པའི་འདུ་བྱེད་རྣམས་དང་འདུས་མ་བྱས་རྣམས་ཏེ། དེ་དག་དང་བསམ་གཏན་ཁྱད་པར་ཅན་གྱི་དཔྱོད་པ་དག་ནི་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པ་ཞེས་བྱ་སྟེ། རྟོག་པ་ནི་སྔ་ནས་མེད་ཅིང་དཔྱོད་པ་ནི་རང་གི་ས་པའི་དཔྱོད་པ་ལས་མ་གཏོགས་སེམས་ལས་བྱུང་བའི་དཔྱོད་པ་གཉིས་པ་མེད་པའི་ཕྱིར། འདོད་ཁམས་དང་བསམ་གཏན་དང་པོའི་རྟོག་པ་ནི་དཔྱོད་པ་དང་མཚུངས་པར་ལྡན་པའི་ཕྱིར་རྟོག་པ་གཉིས་པ་དང་འགྲོགས་པ་མེད་པའི་ཕྱིར། རྟག་ཏུ་རྟོག་པ་མེད་ཅིང་དཔྱོད་པ་ཙམ་ཡིན་ནོ། །འདོད་པའི་ཁམས་དང་བསམ་གཏན་དང་པོའི་དཔྱོད་པ་ནི་རྣམ་པ་གསུམ་པོ་འདི་དག་གི་ནང་དུ་མི་འདུ་ན། དེ་ཇི་སྐད་དུ་བརྗོད་པར་བྱ་ཞེ་ན། དཔྱོད་པ་དེ་རྣམ་པ་དང་པོའི་ནང་དུ་མི་འདུ་སྟེ། དེའི་དཔྱོད་པ་ནི་རྟོག་པ་དང་བཅས་པ་ཡིན་མོད་ཀྱི་དཔྱོད་པ་དང་བཅས་པ་མ་ཡིན་ཏེ། དཔྱོད་པ་གཉིས་པ་དང་འགྲོགས་པ་མེད་པའི་ཕྱིར་ཏེ། རང་དང་རང་མཚུངས་པར་ལྡན་མི་སྲིད་ཅིང་། དཔྱོད་པ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར། གཉིས་པ་དཔྱོད་པ་ཙམ་གྱི་ནང་དུ་ཡང་མི་འདུ་སྟེ། དེ་ལྟའི་དཔྱོད་པ་དེ་རྟོག་པ་དང་མཚུངས་པར་ལྡན་(༩༣བ)


K8Z006_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ན་དེ་ཡང་དེ་ན་མེད་ན་དཔྱོད་པ་ཡོད་པ་ལྟ་ཅི་སྨོས་པའི་ཕྱིར། དེས་ན་དཔྱོད་པ་གཉིས་པ་མེད་ཅིང་རྟོག་པ་དང་ལྡན་པར་མཚུངས་པའི་ཕྱིར་རྟོག་པ་ཙམ་ཡིན་ནོ། །གསུམ་པ་རྟོག་དཔྱོད་གཉིས་ཀ་མེད་པའི་ནང་དུ་ཡང་མི་འདུ་སྟེ། དེ་ནི་དཔྱོད་པ་གཉིས་པ་མེད་པའི་ཕྱིར། རྟོག་པ་མེད་པ་ནི་མ་ཡིན་ཏེ། རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་ན་རྟོག་པ་མེད་པར་དཔྱོད་པ་ཡང་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྟོག་དཔྱོད་དང་བཅས་པའི་ས་ན་ཆོས་བཞི་ཡོད་དེ། རྟོག་དཔྱོད་དང་བཅས་པ་དག་ནི་རྟོག་དཔྱོད་དག་མ་གཏོགས་པ་མཚུངས་པར་ལྡན་པའི་ངོ་བོ་དག་སྟེ། རྟོག་དཔྱོད་དེ་ལ་རྟོག་དཔྱོད་གཞན་དང་ལྡན་པ་མེད་པས་ན་རྟོག་དཔྱོད་དང་བཅས་པར་མི་རུང་བའི་ཕྱིར། རྟོག་པ་མེད་ཅིང་དཔྱོད་པ་ཙམ་དག་ནི་རྟོག་པ་སྟེ། རྟོག་པ་དེ་ལས་གཞན་མེད་པས་རྟོག་པ་ཅན་མ་ཡིན། རྟོག་པ་དེ་དཔྱོད་པ་དང་མཚུངས་པར་ལྡན་པ་ཡིན་པས་དཔྱོད་པ་དང་བཅས་པ་ཡིན་པའི་ཕྱིར། རྟོག་པ་ཡང་མེད་དཔྱོད་པ་ཡང་མ་ཡིན་པ་ནི་མཚུངས་ལྡན་མ་ཡིན་པ་རྣམས་དང་འདུས་མ་བྱས་སོ། །དཔྱོད་པ་མེད་ཅིང་རྟོག་པ་ཙམ་ནི་དཔྱོད་པ་ཞེས་བྱ་སྟེ། དཔྱོད་པ་ལ་དཔྱོད་པ་གཞན་མེད་པའི་ཕྱིར་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར་དཔྱོད་པའོ། །དེ་ལྟར་ན་ཐ་མ་གསུམ་ནི་རྣམ་བཞིའོ་ཞེས་འདོན་རིགས་ཏེ། རྣམ་པ་གསུམ་གྱི་ཐོག་ཏུ་དཔྱོད་མེད་རྟོག་ཙམ་དང་བཞིར་བཞག་དགོས་པའི་ཕྱིར་སྙམ་ན། དེ་ལྟར་ཡང་བདེན་མེད་ཀྱི་དེ་ལྟར་བཞག་དགོས་པ་ནི་མ་ཡིན་ཏེ། ཁམས་དང་པོ་ན་གསུམ་དུ་ཡོད་པ་དེ་ཕལ་ཆེ་བས་གསུམ་པོ་དེ་བཞག་གི། དཔྱོད་པ་མེད་ལ་རྟོག་པ་ཙམ་ཕལ་ཆུང་བས་མ་བཞགཡང་ན་དཔྱོད་པ་མེད་ལ་རྟོག་པ་ཙམ་གྱི་བྱ་བའི་ཁམས་ཀྱང་མེད་ལ་ས་ཡང་མེད་པའི་ཕྱིར་མ་བཞག་གོ། །ཁམས་ལྷག་མ་གཟུགས་ཅན་བཅུ་པོ་རྣམས་ནི་རྟོག་དཔྱོད་(༩༤ན)


K8Z006_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་སྤངས་པ་ཡིན་ཏེ། མཚུངས་པར་ལྡན་པ་མ་ཡིན་པའི་ཕྱིར། འོ་ན་རྣམ་ཤེས་ཚོགས་ལྔ་རྟོག་དཔྱོད་དང་བཅས་པ་ཡིན་ན། མདོ་ལས། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་སྙམ་ན། བྱེ་སྨྲའི་ལུགས་ལ་རྟོག་པ་ནི་གསུམ་སྟེ། ངོ་བོ་ཉིད་ཀྱི་རྟོག་པ་དང་། ངེས་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་རྟོག་གོ། །དེ་ལས་མིག་གི་རྣམ་ཤེས་སོགས་ལྔ་ལ་ངོ་བོ་ཉིད་ཀྱི་རྟོག་པ་ནི་ཡོད་ཀྱང་ཕྱི་མ་ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་པས་རྟོག་མེད་དེ། རྟའི་རྐང་ལག་གསུམ་བཅད་ན་གཅིག་གིས་བྱ་བ་མི་ནུས་པས་རྟ་རྐང་མེད་ཅེས་པ་བཞིན་ནོ། །དེ་ལ་ངོ་བོ་ཉིད་ཀྱི་རྟོག་པ་ནི་སེམས་བྱུང་གི་ནང་ནས་སྟོན་ཏོ། །ངེས་རྟོག་དང་རྗེས་དྲན་གྱི་རྟོག་པ་དེ་དག་ནི་ཡིད་ཀྱི་ཤེས་རབ་མཉམ་པར་མ་བཞག་པ་གཡེང་བ་སྟེ་དམིགས་པ་སྣ་ཚོགས་པའམ་གཟབ་པ་དང་བྲལ་བ་ཐོས་བསམ་དང་སྐྱེ་བས་ཐོབ་པ་སྟེ། དམིགས་པ་གཞན་ལ་མིང་ལ་བལྟོས་ནས་འཇུག་པ་དང་གཟུགས་ཚོར་དང་མི་རྟག་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ངེས་པར་རྟོག་པའི་ཕྱིར། མཉམ་པར་བཞག་པ་ནི་སྒོམ་པ་ལས་བྱུང་བ་སྟེ་མིང་ལ་མི་བལྟོས་པར་དམིགས་པ་ལ་འཇུག་པ་འདི་ནི་ངེས་པར་རྟོག་པའི་རྣམ་པར་མི་རྟོག་པ་ཞེས་མི་བྱའོ། །ཡིད་ཀྱི་དྲན་པ་མཉམ་པར་བཞག་མ་བཞག་ཐམས་ཅད་རྗེས་སུ་དྲན་པའི་རྣམ་རྟོག་ཉིད་དོ། །འགྲེལ་པར་གྲག་ཅེས་པ་གཞན་བྱེ་བྲག་ཏུ་སྨྲ་བའི་ལུགས་སུ་སྟོན་པ་སྟེ། རང་གི་བཞེད་པ་རྟོག་པ་ནི་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་ཡིན་པས་ངོ་བོ་ཉིད་ཀྱི་རྟོག་པ་ཆོས་གཞན་མེད་པར་དགོངས་པ་སྟེ། ཕུང་པོ་ལྔ་ལས་རྟོག་པ་གང་ཞེ་ན། ཀུན་ཏུ་ཚོལ་བ་ཡིད་ཀྱིས་བརྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་གང་(༩༤བ)


K8Z006_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་རྩིང་བའོ། །དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པའི་ཡིད་ཀྱི་བརྗོད་པ་སྟེ་སེམས་པ་དང་ཤེས་རབ་ཀྱི་ཁྱད་པར་གྱི་ཁྱད་པར་དེ་བཞིན་དུ་གང་སེམས་ཞིབ་པའོ། །ཞེས་སོ། །གསུམ་པ་དམིགས་པ་དང་བཅས་མ་བཅས་ནི། དམིགས་བཅས་སེམས་ཀྱི་ཁམས་བདུན་ནོ། །ཆོས་ཀྱི་ཕྱེད་ཀྱང་། ཁམས་བཅོ་བརྒྱད་ལས་གཅིག་ཏུ་དམིགས་པ་དང་བཅས་པ་ནི་སེམས་ཀྱི་ཁམས་བདུན་དང་ཆོས་ཀྱི་ཕྱེད་སེམས་བྱུང་རྣམས་ཡིན་ཏེ། འཁར་བ་ལ་རྟེན་ནས་རྒན་པོ་ལྡང་བ་ལྟར་འདི་དག་སྐྱེ་བ་ནི་དམིགས་པ་ལ་ངེས་པར་བལྟོས་པའི་ཕྱིར། ཁམས་ལྷག་མ་གཟུགས་ཅན་བཅུ་དང་ཆོས་ཀྱི་ཕྱེད་མཚུངས་ལྡན་མ་ཡིན་པ་ནི་དམིགས་པ་མེད་པའོ། །དེ་ཡང་དབང་པོ་ལྔ་ཡུལ་ཅན་ཡིན་ཡང་དམིགས་པ་དེ་ལས་མི་སྐྱེ་ལ། གཞན་ཡུལ་ཅན་ཡང་མ་ཡིན་པས་དམིགས་པ་མེད་པར་གྲུབ་བོ། །བཞི་པ་གཟུགས་ཅན་གྱི་དབྱེ་བ་ལ། ཟིན་མ་ཟིན་གྱི་དབྱེ་བ། འབྱུང་འབྱུང་གྱུར་གྱི་དབྱེ་བ། བསགས་མ་བསགས་ཀྱི་དབྱེ་བ། གཅད་བྱ་གཅོད་བྱེད་ཀྱི་དབྱེ་བ། སྲེག་འཇལ་གྱི་དབྱེ་བའོ། །དང་པོ་ནི། མ་ཟིན་དགུ། །བརྒྱད་པོ་དེ་དག་རྣམས་དང་སྒྲ། །དགུ་པོ་གཞན་ནི་རྣམ་པ་གཉིས། །ཁམས་བཅོ་བརྒྱད་ལས་ཟིན་པའི་དོན་གཟུགས་ཅན་ནང་ཕྲད་པའི་ཕན་གནོད་ལ་བརྟེན་ནས་ཚོར་བ་བདེ་སྡུག་སྐྱེ་བའི་རྟེན་དུ་རུང་བ་ཡིན་ཏེ། མིག་སྨན་ལ་སོགས་པས་དབང་པོ་ལ་ཕན་བཏགས་པས་སེམས་དང་སེམས་བྱུང་ལ་བདེ་བ་དང་ཡིད་བདེ་བ་སྐྱེ། སེམས་དང་སེམས་བྱུང་ལ་བདེ་བ་དང་ཡིད་བདེ་བ་སྐྱེས་པས་དབང་པོའང་རྒྱས་པ་སོགས་ཕན་གནོད་དུ་འགྱུར་བའི་ཕྱིར། མ་ཟིན་པ་དེ་ལས་བཟློག་པ་དེའི་དབང་དུ་བྱས་ནས་གཅིག་ཏུ་མ་ཟིན་པ་ནི་དགུ་སྟེ། དམིགས་བཅས་སུ་བཤད་པའི་ཕྱེད་དང་བཅས་པའི་བརྒྱད་པོ་དེ་དག་རྣམས་ནི་དབང་པོའི་ཚོགས་པ་ན་མེད་པས་ཕན་གནོད་བྱར་མི་ནུས་ལ། སྒྲ་ནི་རྒྱུད་དང་འབྲེལ་བ་དག་ཀྱང་དབང་པོའི་ཚོགས་པ་ན་མེད་པས་ཕན་གནོད་བྱར་མི་ནུས་སོ། །གཞན་མིག་སོགས་ལྔ་གཟུགས་སོགས་བཞི་སྟེ་དགུ་པོ་ནི་ཟིན་མ་ཟིན་རྣམ་པ་གཉིས་ཀ་ཡིན་ཏེ། དབང་པོ་ལྔ་ད་ལྟར་(༩༥ན)


K8Z006_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རུང་བ་དང་གཟུགས་སོགས་བཞི་ད་ལྟར་བྱུང་བ་དབང་པོའི་ཚོགས་པ་ན་ཡོད་པས་ཚོགས་པའི་རྟེན་དུ་རུང་ལ། མིག་སོགས་ལྔའི་འདས་མ་འོངས་ནི་ད་ལྟར་ཕན་གནོད་བསྐྱེད་པའི་ཡུལ་ན་མི་གནས་པའི་ཕྱིར་གཟུགས་ཅན་མ་ཡིན་པ་དང་འདྲ་བས་མ་ཟིན་པའང་ཡོད་དོ། །ཕྱི་རོལ་གྱི་ཁམས་བཞི་ནི་ད་ལྟ་བའི་དབང་པོ་དང་ཐ་མི་དད་པ་དག་ཟིན་པ་ཡིན་ཅིང་། ད་ལྟ་བ་ཉིད་ཀྱང་དབང་པོ་ལས་ཐ་དད་པ་རྩ་བ་མ་གཏོགས་པའི་སྐྲ་དང་སྤུ་དང་སེན་མོ་དང་ཁྲག་ལ་སོགས་པ་རྒྱུད་ཀྱིས་མ་བསྡུས་པ་དང་། འདས་མ་འོངས་ཐམས་ཅད་མ་ཟིན་པའོ། །གཉིས་པ་ནི། རེག་བྱ་རྣམ་པ་གཉིས་ཡིན་ཏེ། །ལྷག་མ་གཟུགས་ཅན་དགུ་པོ་ནི། །འབྱུང་གྱུར་ཆོས་ཁམས་ཕྱོགས་གཅིག་ཀྱང་། །ཁམས་བཅོ་བརྒྱད་ལས། རེག་བྱ་ལ་རྒྱུའི་རེག་བྱ་རྣམས་འབྱུང་བ་དང་། འབྲས་བུའི་རེག་བྱ་རྣམས་འབྱུང་འགྱུར་ཡིན་པས་རྣམ་པ་གཉིས་ཀ་ཡིན་ཏེ། མདོ་ལས། དགེ་སློང་རེག་བྱ་ནི་ཕྱིའི་སྐྱེ་མཆེད་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དག་དང་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །ཞེས་སོ། །ལྷག་མ་མིག་སོགས་གཟུགས་ཅན་དགུ་པོ་ནི་འབྱུང་བ་ལས་གྱུར་པ་དང་དེ་བཞིན་ཆོས་ཁམས་ཀྱི་ཕྱོགས་གཅིག་རིག་བྱེད་མ་ཡིན་པའི་གཟུགས་ཀྱང་འབྱུང་གྱུར་ཁོ་ན་ཡིན་ཏེ། རང་རྒྱུ་འབྱུང་བཞིས་རྒྱུ་བྱས་པའི་ཚུལ་གྱིས་བསྐྱེད་པའི་ཕྱིར། ལྷག་མ་གཟུགས་ཅན་མ་ཡིན་པ་རྣམས་གཉིས་ཀ་མ་ཡིན་པར་གྲུབ་བོ། །འདིར་བཙུན་པ་སངས་རྒྱས་ལྷ་ན་རེ། སྐྱེ་མཆེད་བཅུ་པོ་དག་ནི་འབྱུང་བ་ཙམ་མོ། །ཞེས་ཟེར་རོ། །དེ་དག་འབྱུང་བ་མ་ཡིན་ཏེ་འབྱུང་བ་ནི་བཅུར་མེད་ཅིང་སྲ་སོགས་ཀྱི་མཚན་ཉིད་འཛིན་པའི་བཞི་ཁོ་ནར་ཡོད་ལ། དེའང་རེག་བྱའི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ཡིན་ལ། རེག་བྱའི་འཇམ་པ་སོགས་ནི་འབྱུང་བ་མ་ཡིན་གྱི་འབྱུང་གྱུར་གཞན་ཡིན་པའི་ཕྱིར་དང་། ཁ་དོག་སོགས་ཀྱང་འབྱུང་བ་ཡིན་པར་གཟུགས་སྒྲ་དྲི་རོར་ཡོད་པའི་ཕྱིར་དང་། གཟུགས་སྒྲ་(༩༥བ)


K8Z006_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་སྐྱེ་མཆེད་ཀྱང་འབྱུང་གྱུར་སོ་སོ་ཡིན་པ་ལས་འབྱུང་བའི་ངོ་བོར་མཚུངས་པ་མིན་ཏེ། མིག་སོགས་སོ་སོས་བཟུང་བྱ་སོ་སོར་ངེས་པའི་ཕྱིར། འདོད་པ་དེ་ལ་ལུང་གིས་ཀྱང་གནོད་དེ། མདོ་ལས་མིག་ནས་ལུས་ཀྱི་བར་འབྱུང་བཞི་རྒྱུར་བྱས་པ་གཟུགས་ཅན་བསྟན་མེད་ཐོགས་བཅས་དང་། གཟུགས་ཀྱི་སྐྱེ་མཆེད་ཀྱང་འབྱུང་བ་རྒྱུར་བྱས་བསྟན་ཐོགས་ཅན་དང་། སྒྲ་དྲི་རོ་ཡང་འབྱུང་བ་རྒྱུར་བྱས་བསྟན་མེད་ཐོགས་བཅས་དང་། སྒྲ་ལའང་དེ་བཞིན་གྱི་ཕྱོགས་གཅིག་ནི་འབྱུང་བ་དང་བཅས་པར་ཡང་གསུངས་སོ། །ཡང་མདོ་ལས། གང་མིག་གི་ཤའི་གོང་བུ་ལ་སྲ་བ་མཁྲང་བར་འགྱུར་ཞེས་གསུངས་པ་ནི་མིག་དབང་དང་ཐ་མི་དད་པར་འདུག་པའི་དབང་རྟེན་གྱི་སྲ་སོགས་ཀྱི་འབྱུང་བར་བསྟན་གྱི་མིག་དབང་འབྱུང་བར་སྟོན་པ་མ་ཡིན་ནོ། །ཡང་མིག་སོགས་འབྱུང་བ་མིན་ན། མདོར་དགེ་སློང་མི་འདི་ནི་ཁམས་དྲུག་པའོ་ཞེས་པ་དང་འགལ་ལོ་ཞེ་ན། དེ་སྐད་གསུང་བ་མི་འགལ་ཏེ། ལུང་དེས་དབང་པོ་འབྱུང་བར་སྟོན་པ་མིན་གྱི། མངལ་དུ་འཇུག་པ་ན་ནུར་ནུར་པོ་སོགས་ཀྱི་སྐབས་སུ་སེམས་ཅན་དུ་གདགས་པའི་རྫས་གཞིའི་འབྱུང་བ་སྟོན་པ་ཉིད་ཀྱི་ཕྱིར་རམ། ཡང་ན་འབྱུང་བ་ལས་མིག་སོགས་རེག་པའི་སྐྱེ་མཆེད་ལྔ་འབྱུང་ལ། ཡིད་ཁམས་ལས་ཀྱང་སེམས་བྱུང་རྣམས་འབྱུང་བས་ཁམས་དྲུག་སེམས་ཅན་གྱི་གཞིར་བསྟན་ཏོ། །དགོངས་པ་དེ་ལྟར་ཡིན་པར་ཡང་མདོ་དེར། རེག་པའི་ཚོགས་དྲུག་གསུངས་པས་ཀྱང་ཤེས་ཏེ། འབྱུང་བཞིར་མ་གཏོགས་པའི་རེག་པའི་སྐྱེ་མཆེད་རྣམས་དོན་གྱིས་འཕངས་པར་བྱས་པ་ཉིད་ཀྱི་ཕྱིར། དགེ་སློང་མི་འདི་ནི་ཁམས་དྲུག་ཁོ་ནའོ། །ཞེས་སྒྲ་ཇི་བཞིན་པ་དེ་ལྟར་ཉིད་ཡིན་པའི་ཕྱིར་ན་ནི་སེམས་བྱུང་རྣམས་ཀྱང་མེད་པར་ཐལ་བར་འགྱུར་ལ། འདོད་ནུས་པའང་མིན་ཏེ། མདོ་ལས། (༩༦ན)


K8Z006_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་དང་སེམས་པའི་ཆོས་འདི་དག་ནི་སེམས་ལས་བྱུང་བ་སེམས་ལ་བརྟེན་པའོ། །ཞེས་འབྱུང་ངོ་། །གསུམ་པ་ནི། གཟུགས་ཅན་བཅུ་ནི་བསགས་པའོ། །ཡང་ཁམས་བཅོ་བརྒྱད་ལས་གཟུགས་ཅན་བཅུ་ནི་གཅིག་ཏུ་རྡུལ་ཕྲན་འདུས་པའི་བསགས་པའོ། །ནི་ངེས་བཟུང་ཡིན་པས་ཐོགས་མེད་རྣམས་མ་བསགས་པར་གྲུབ་བོ། །བཞི་པ་ནི། གཅོད་བྱེད་གཅད་པར་བྱ་བ་ཉིད། །ཕྱི་རོལ་གྱི་ནི་ཁམས་བཞི་ཡིན། །ཁམས་བཅོ་བརྒྱད་ལས་གཅོད་བྱེད་སྟྭ་རེ་ལྟ་བུ་དང་བཅད་པར་བྱ་བ་ཤིང་སོགས་ལྟ་བུ་ཉིད་ནི་ཕྱི་རོལ་གྱི་ནི་གཟུགས་དྲི་རོ་རེག་བྱའི་ཁམས་བཞི་ཡིན་ཏེ། དགྲ་སྟྭ་ལ་ཡོད་པའི་གཟུགས་ལ་སོགས་པས་གཅོད་པར་བྱེད་པ་སྲིད་པའི་ཕྱིར་དེ་སྐད་དུ་བཤད་ལ། རེས་འགའ་ནི་དགྲ་སྟྭ་ལ་སོགས་པ་ཡང་བཅད་པར་བྱ་བ་ཡིན་ནོ། །གཅོད་པ་ཞེས་བྱ་བའི་དོན་ཅི་ཞེ་ན། རྡུལ་ཕྲ་རབ་དབྱེ་བར་མི་ནུས་པས་འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་ཅན་རྣམ་པར་འབྱེད་པ་སྐྱེད་པར་བྱེད་པ་སྟེ། དེ་ལ་རྒྱུན་འབྲེལ་བར་མ་ཕྱེ་བར་འབྱུང་བའི་ངང་ཚུལ་ཡོད་པས་ན་འདུས་པའི་རྒྱུན་འབྲེལ་བར་འབྱུང་བ་ཅན་དུ་བརྗོད་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་འདུས་པའི་རྒྱུན་ཞེས་བྱ་བའི་ཐ་ཚིག་གོ། །དེ་རྣམ་པར་འབྲེལ་བར་བྱེད་པ་ནི་གཅོད་པར་བྱེད་པ་ཡིན་ནོ། །དངོས་པོ་སྐད་ཅིག་མ་རྣམས་དགྲ་སྟྭ་ལ་སོགས་པ་མེད་ཀྱང་འཆད་པ་ཡིན་མོད་ཀྱི། རྒྱུན་འགག་པ་ནི་དགྲ་སྟྭ་ལ་སོགས་པ་ཡིན་པས་དགྲ་སྟྭ་ལ་སོགས་པས་གཅོད་པར་བྱེད་པ་ཡིན་ནོ་ཞེས་བཤད་དེ། དེ་ཡང་ཇི་ལྟ་བུ་ཞེ་ན། རྒྱུ་ཚོགས་པའི་དབང་གིས་འབྲས་བུ་རྒྱུ་འབྲས་སུ་འབྲེལ་བར་འབྱུང་བ་ཅན་རྣམས་བར་དུ་བཅད་དེ་སོ་སོར་གོ་ས་ལོགས་སུ་འབྱེད་པར་བྱེད་པའོ། །དེ་ལྟར་ཁམས་བཞི་གཅོད་བྱེད་དང་བཅད་བྱ་གཉིས་ཀར་ངེས་བཟུང་གིས་ཁམས་གཞན་དག་ནི་གཉིས་ཀ་མ་ཡིན་པར་གྲུབ་བོ། །ལུས་དབང་སོགས་ནི་བཅད་བྱ་མ་ཡིན་ཏེ་ཡན་ལག་དང་ཉིང་ལག་མ་ལུས་པ་ལུས་(༩༦བ)


K8Z006_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབྲེལ་བ་མེད་པར་བཅད་ཀྱང་དབང་པོ་ལ་གཉིས་སུ་མི་འགྱུར་ཏེ། བཅད་པའི་ཡན་ལག་ལ་དབང་པོ་མེད་པའི་ཕྱིར། དབང་པོ་རྣམས་གཅོད་བྱེད་གྲི་ལྟ་བུ་མ་ཡིན་ཏེ། ནོར་བུའི་འོད་ལྟར་དང་བའི་ཕྱིར། འོ་ན་སྣ་རྩེ་ཆད་པ་སྣར་སྦྱར་བ་ལ་སྣའི་རྣམ་ཤེས་སྐྱེ་བས་སྣ་རྩེ་དང་དུད་འགྲོའི་མཇུག་མ་ཆད་པ་ལའང་དབང་པོ་ཡོད་དམ་སྙམ་ན། དེ་དབང་པོ་ཡོད་པའི་དབང་གིས་སྐྱེ་བ་མིན་གྱི། དེ་སླར་སྦྱར་བ་ན་དབང་པོ་ཅན་དང་འབྲེལ་བའི་རྒྱས་བྱུང་གིས་དབང་པོ་སྐྱེ་བའི་ཕྱིར། རྨིག་པའི་མཇུག་མ་བཅད་དུམ་འགུལ་བ་ནི་རླུང་གི་དབང་གིས་སོ། །ལྔ་པ་ནི། དེ་བཞིན་བསྲེག་བྱ་འཇལ་བྱེད་པའོ། །སྲེག་དང་གཞལ་ལ་མི་མཐུན་སྨྲ། །གཅོད་བྱེད་དང་བཅད་བྱ་ཁམས་བཞི་ཡིན་པ་དེ་བཞིན་དུ་བསྲེག་བྱ་བུད་ཤིང་ལྟ་བུ་དང་འཇལ་བར་བྱེད་པ་སྲང་ལྟ་བུ་ཡང་ཕྱི་རོལ་གྱི་ཁམས་བཞི་པོའོ། །དབང་པོ་རྣམས་ནི་བསྲེག་བྱ་དང་འཇལ་བྱེད་མིན་ཏེ་འོད་བཞིན་དུ་དང་བའི་ཕྱིར། མི་ལྟ་བུ་གསོན་སྲེགས་བྱས་ཀྱང་དབང་པོ་བུད་ཤིང་ལྟར་ཚིག་ནས་སོལ་བར་འགྱུར་བ་ལྟར་མ་ཡིན་ནོ། །སྒྲ་ཡང་གཟུགས་སོགས་དང་ལྷན་ཅིག་རྒྱུན་ཆགས་སུ་མི་འབྱུང་བའི་ཕྱིར་བརྗོད་མ་ཐག་པར་རེ་རེ་ནས་ཆད་པས་བསྲེག་པར་བྱ་བྱེད་དང་འཇལ་བྱེད་དང་གཞལ་བྱ་མིན་ནོ། །སྲེག་དང་གཞལ་ལ་མི་མཐུན་པར་སྨྲ་བ་ཡོད་དེ། ཁ་ཅིག་སྲེག་བྱེད་དེ་ཁམས་བཞིའི་རང་བཞིན་གྱི་མེ་དང་རྩི་དྲག་པོ་སོགས་ཡིན་ལ། སྲེག་པའི་དུས་ན་ཡང་མེ་ལོགས་ཤིག་ན་མེད་པར་ཁམས་བཞི་ཆར་ཐལ་བར་བྱེད་པ་ཉིད་ཀྱི་རྒྱུར་ཁམས་བཞི་ག་འགྲོ་ལ། གཞལ་བྱའང་ལན་ཚྭ་སོགས་ཡིན་ལ། འཇལ་བ་དེ་ཡང་ལྕི་བ་འབའ་ཞིག་ལོགས་སུ་མེད་པས་ཁམས་བཞི་གས་སྲང་མདའི་མགོ་དམའ་བའི་རྒྱུ་བྱེད་པའི་ཕྱིར་ཞེས་ཟེར། འགའ་ཞིག་སའི་ཁམས་ལ་སོགས་ལ་སྲེག་པ་མ་མཐོང་བས་མེའི་ཁམས་ཁོ་ནས་བསྲེགས་ལ། ལྕི་བ་ཁོ་ནས་གཞལ་བྱ་སྟེ་ཡང་བ་ལ་སྲང་(༩༧ན)


K8Z006_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་དམའ་བར་བྱེད་པའི་རྒྱུ་མི་སྲིད་པའི་ཕྱིར་ཞེས་སྨྲའོ། །ལྔ་པ་བྱུང་བ་གསུམ་ལ། སྤྱིར་བཏང་བ་དང་། དམིགས་ཀྱིས་བསལ་བའོ། །དང་པོ་ནི། རྣམ་པར་སྨིན་ལས་བྱུང་བ་དང་། །རྒྱས་ལས་བྱུང་བ་ནང་གི་ལྔ། །སྒྲ་ནི་རྣམ་སྨིན་ལས་སྐྱེས་མིན། །རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་གཞན་རྣམ་གསུམ། །ཁམས་བཅོ་བརྒྱད་ལས། རྣམ་པར་སྨིན་པ་ལས་བྱུང་བ་དང་རྒྱས་པ་ལས་བྱུང་བ་ནི་ནང་གི་ལྔ་སྟེ་མིག་སོགས་དབང་པོ་ལྔ་ཁོ་ན་ཡིན་གྱི། དེ་གཉིས་ལས་མ་གཏོགས་པ་རྒྱུ་མཐུན་ལས་བྱུང་བ་མེད་དེ། མིག་གི་ཁམས་སོགས་ནི་གཟུགས་སོགས་བཞིན་དུ་ཤི་བ་ལ་རྗེས་སུ་འཇུག་པ་མེད་པའི་ཕྱིར་རོ། །དེ་ཡང་སྔོན་ལས་ཀྱིས་འཕངས་པ་ཟད་ཅིང་། རྒྱས་པའི་རྒྱུ་མེད་པའི་ཤི་བ་ལ་དབང་པོ་མེད་ན་ཤི་རོ་ཁ་ཅིག་སྦོག་པོར་འོང་བ་དེ་རྒྱས་པའི་རྒྱུས་བསྐྱེད་པ་མ་ཡིན་ནམ་སྙམ་ན། དེ་ནི་རྒྱས་རྒྱུས་བྱུང་བ་མ་ཡིན་གྱི་འཕྲལ་ལ་སྦོས་པའི་རྐྱེན་གྱིས་འབྱུང་བ་ཡིན་ནོ། །འོ་ན་འདི་ལ་རྒྱུ་མཐུན་མེད་པ་དེ་ལྟར་ན། ཐ་མ་གསུམ་སྐད་ཅིག་མ་སྟེ་ཞེས་པའི་འགྲེལ་པར། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚོགས་ཀྱི་སྐད་ཅིག་དང་པོ་མ་གཏོགས་པའི་འདུས་བྱས་གཞན་ནི་མ་གཏོགས་པ་རྒྱུ་མཐུན་པ་ལས་མ་བྱུང་བ་འགའ་ཡང་མེད་དོ་ཞེས་བཤད་པ་དང་འགལ་ལོ་ཞེ་ན། འདི་གཉིས་ལ་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུ་མཐུན་ཙམ་ཡོད་པས་མི་འགལ་ལ། འདིར་རྒྱུ་མཐུན་ལས་འབྱུང་བ་མེད་ཅེས་པ་ནི་རྒྱུ་མཐུན་གྱི་རྒྱུས་རང་དབང་དུ་བསྐྱེད་པ་མེད་པ་སྟེ། རྣམ་སྨིན་དང་རྒྱས་བྱུང་ལས་ཀྱང་བསྐྱེད་པར་རག་པའི་ཕྱིར། རྒྱུ་མཐུན་གྱི་རྒྱུས་བསྐྱེད་པ་ནི་དེ་གཉིས་ལ་མ་རག་པར་དེ་དག་གིས་བསྐྱེད་པ་ལ་དེར་འདོགས་སོ། །དེ་ཡང་རྣམ་སྨིན་གྱི་རྒྱུ་དགེ་མི་དགེ་ལས་སྐྱེས་པས་རྣམ་སྨིན་སྐྱེས་སམ། ཡང་ན་འབྲས་བུ་བྱིན་པའི་ལས་ནི་རྣམ་སྨིན་ཅེས་བྱ་སྟེ། དེས་དེ་རྣམ་པར་སྨིན་པར་འགྱུར་བའི་ཕྱིར། ཡང་ལས་རྣམ་སྨིན་གྱི་ངོ་བོ་མ་ཡིན་ཡང་འབྲས་མིང་(༩༧བ)


K8Z006_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལ་བཏགས་པ་སྟེ་རེག་པའི་སྐྱེ་མཆེད་དྲུག་པོ་ནི་སྔོན་ལས་སུ་རིག་པ་བཞིན་ཅེས་འབྱུང་བ་ལྟ་བུའོ། །ཟས་དང་ལེགས་པར་སྤྱད་པ་སྟེ་ལུས་བསྐུ་བ་དང་སྨན་བཏང་བ་སོགས་དང་། གཉིད་ལོག་པ་དང་ཏིང་ངེ་འཛིན་གྱི་ཁྱད་པར་དག་གིས་ཉེ་བར་བསགས་པའི་རྒྱས་པར་བྱས་པ་རྣམས་ནི་རྒྱས་བྱུང་སྟེ། བསགས་པ་ལ་ཡོད་པ་དང་འབྱུང་བའི་དོན་གྱི་རྒྱས་པའི་ཕྱིར། དམག་ལ་བསགས་པ་ཡོད་པ་བཞིན་ནམ། ཡང་ན་བསགས་པ་ཉིད་རྒྱས་པ་ལས་བྱུང་བ་སྟེ་འདུལ་བ་ལས་བྱུང་བའི་བསླབ་པའི་གཞི་ཉིད་འདུལ་བ་ཡིན་པར་བསྟན་པ་ལྟ་བུའོ། །གཞན་དག་གིས་ནི་ཚངས་སྤྱོད་ཀྱང་རྒྱས་པའི་རྒྱུར་འདོད་དེ། དབང་པོ་ཉེ་བར་ཞི་བས་ལུས་རྒྱས་པར་མཐོང་བའི་ཕྱིར་རམ། མི་ཚངས་སྤྱོད་ན་ལུས་འགྲིབ་ལ་རྟ་གླང་འབྲས་བུ་ཕྱུང་བས་ལུས་རྒྱས་པར་མཐོང་བའི་ཕྱིར། ཁ་ཅིག་དེས་ནི་མི་གནོད་པར་ཟད་ཀྱི་རྒྱས་པའི་རྒྱུ་ནི་བཞི་ཁོ་ནའོ། །ཞེས་འདོད་དོ། །ཡང་མི་ཚངས་སྤྱོད་ཀྱི་ལུས་ཉམ་ཆུང་ལ་ཚངས་སྤྱོད་དང་ལྡན་པ་ལའང་དེ་ལྟར་མཐོང་བའི་ཕྱིར་སྙམ་ན། འདོད་པའི་རྣམ་རྟོག་གི་ཡོངས་སུ་གདུང་བས་ལུས་ཉམས་པར་བྱེད་པའི་ཕྱིར་མི་འོས་པ་མ་ཡིན་ནོ། །རྣམ་སྨིན་སྐད་ཅིག་མ་གཉིས་པ་ལ་རྣམ་སྨིན་གྱི་རྒྱུ་སྐད་ཅིག་སྔ་མས་བསྐྱེད་པ་ནི་རྒྱས་པའི་རྒྱུ་ཟས་སོགས་ཀྱིས་ཀྱང་འཇུག་པ་ཡིན་ཏེ། རྣམ་སྨིན་གྱི་རྒྱུ་ནི་འགྲོ་བ་ལ་སོགས་པའི་བྱ་བ་ལ་སྟོབས་ཆུང་ལ། དེ་དག་གི་སྟོབས་ནུས་ཆེར་གནས་པའི་ཆེད་དུ་ཕྱི་རྭ་དང་འདྲ་བར་བསྐོར་ཏེ་ཀུན་ཏུ་བསྲུངས་སོ། །(རྒྱས་པའི་དབང་པོས་ནི་རྣམ་སྨིན་གྱི་དབང་པོ་ཕྱེ་བཞིན་ཀུན་ཏུ་བསྲུངས་ཏེ་བསྐོར་ནས་གནས་སོ་ཞེས་པའང་འདུག །མཆན།)ནང་གི་དབང་པོ་རྣམ་སྨིན་སྐྱེས་ལའང་རྒྱས་བྱུང་གིས་རྒྱས་པར་བྱེད་ཀྱང་ཅི་རིགས་པར་ཡོད་དེ། དམྱལ་བ་དང་ཡི་དྭགས་ཅི་རིགས་པ་ལ་ནི་གཉིད་ཙམ་དང་། ལ་ལ་ཟས་དང་ལེགས་སྤྱད་ཙམ་ཡོད་སྲིད་ཀྱི་སྒྲ་མི་སྙན་ལ་ཏིང་ངེ་འཛིན་མེད་ཅིང་དུད་འགྲོ་དེ་དང་འདྲ་ལ། འདོད་ཁམས་ཀྱི་ལྷ། (༩༨ན)


K8Z006_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱས་རྒྱུ་བཞི་ག་ཡོད་ལ། གཟུགས་ཁམས་ཀྱི་ལྷ་ལ་རྒྱས་རྒྱུ་གཉིས་ཡོད་དོ། །རྒྱས་བྱུང་མེད་པར་རྣམ་སྨིན་སྐྱེས་མེད་ཀྱང་དེ་མེད་པར་རྒྱས་བྱུང་ཡོད་དེ། ལྷའི་མིག་བཞིན་ནོ། །སྒྲ་ལ་རྒྱས་བྱུང་ཡོད་དེ། ལུས་ཉམ་ཆུང་བ་མིན་པ་དག་སྐད་གསང་མཐོ་བ་མཐོང་བའི་ཕྱིར། རྒྱུ་མཐུན་ལས་བྱུང་བའི་འབྱུང་བ་དང་ཐ་མི་དད་པར་འདུག་པའི་སྒྲ་ནི་རྒྱུ་མཐུན་ལས་བྱུང་བའོ། །སྒྲ་ནི་རྣམ་སྨིན་ལས་སྐྱེས་པ་མིན་ཏེ། སྒྲ་བསྒྲག་འདོད་ན་འབྱུང་ལ་མི་འདོད་ན་མི་འབྱུང་བས་འདོད་དགུར་འབྱུང་བའི་ཕྱིར་ཚུལ་བཞིན་ཡིད་བྱེད་བཞིན། རྣམ་སྨིན་སྐྱེས་ནི་མི་འདོད་བཞིན་དུའང་འབྱུང་ཞིང་ཆད་ན་མི་སྐྱེ་ལ། སྒྲ་ནི་བརྗོད་འདོད་ཀྱི་དབང་གིས་འབྱུང་ཞིང་ཆད་ནས་སྐྱེ་བའི་ཕྱིར། འོ་ན་གདགས་པའི་བསྟན་བཅོས་ལས། དེ་བཞིན་གཤེགས་པའི་གསུང་སྒྲ་གདངས་ཀྱི་མཚན། །གང་གིས་ཐོས་པར་འགྱུར་བ་མཉན་པར་གྱིས། །ཚིག་རྩུབ་དང་ནི་ཀྱལ་པ་རྣམས་སྤངས་པས། །དེ་བཞིན་གཤེགས་པའི་མཚན་ནི་ཐོབ་པར་འགྱུར། །ཞེས་ཚིག་རྩུབ་སྤངས་པ་གོམས་པས་ཚངས་པའི་དབྱངས་འགྲུབ་པར་གསུངས་པ་དང་འགལ་ལོ་ཞེ་ན། དེ་ལ་ཁ་ཅིགརྒྱུ་དེ་ལས་བར་མ་ཆོད་པར་དབྱངས་དེ་གྲུབ་པ་མ་ཡིན་ཏེ། དེ་སྤངས་པའི་ལས་ལས་མགྲིན་པར་རྣམ་སྨིན་གྱི་འབྱུང་བ་དང་། འབྱུང་བ་དེ་ལས་ཚངས་དབྱངས་གྲུབ་བོ་ཞེས་དང་། ཁ་ཅིག་ནི་བརྒྱུད་པ་ལྔ་སྟེ། ལས་ལས་རྣམ་སྨིན་སྐྱེས་ཀྱི་འབྱུང་བ་དང་། དེ་ལས་རྒྱས་བྱུང་གི་འབྱུང་བ་དང་། དེ་ནས་སྔོན་ལས་ལས་བྱུང་བ་མིན་པ་རྒྱུ་མཐུན་ལས་བྱུང་བའི་འབྱུང་བ་གསར་བྱུང་རྣམས་དང་། དེ་ལས་སྒྲའོ་ཞེས་སོ། །དེ་ལྟར་ན་ལས་ལས་བྱུང་བའི་འབྱུང་བ་ལས་སྐྱེས་པའི་ལུས་ཚོར་ཆོས་ཅན། རྣམ་སྨིན་ལས་བྱུང་བ་མ་ཡིན་པར་ཐལ། ལས་ལས་དངོས་སུ་མ་བྱུང་བའི་(༩༨བ)


K8Z006_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་བཞིན་གཤེགས་པའི་གསུང་སྒྲ་བཞིན་ནོ་སྙམ་ན། ཁྱབ་པའི་ཆ་ཤས་འགའ་ཞིག་གིས་མ་ངེས་ཏེ་སྒྲ་བཞིན་འདོད་དགུར་འབྱུང་བ་རིགས་པ་དང་འགལ་བས་རྣམ་སྨིན་སྐྱེས་ཡིན་ཏེ། མིག་ལ་སོགས་པ་བཞིན་ཚོར་བ་ནི་བདེ་སྡུག་གི་རྐྱེན་ཉེ་བར་གཏོད་པ་ཡོད་ན་འབྱུང་ལ། དེ་མེད་ན་མི་འབྱུང་ལ་སྒྲ་ནི་དེ་ལྟར་མ་ཡིན་པའི་ཕྱིར་རོ། །སེམས་ཀྱི་ཁམས་བདུན་ཆོས་ཀྱི་ཁམས་ཏེ་ཁམས་ཐོགས་པ་མེད་པ་བརྒྱད་དགེ་མི་དགེའི་སེམས་ཀྱི་སྐལ་མཉམ་དང་། ཀུན་ཏུ་འགྲོ་བ་ཉོན་མོངས་པ་ཅན་གྱི་རྒྱུ་ལས་བྱུང་བ་ན་རྒྱུ་མཐུན་ལས་བྱུང་བ་དང་། རྣམ་སྨིན་སྐྱེས་ནི་རྣམ་པར་སྨིན་པའི་རྒྱུས་བསྐྱེད་པ་ཁོ་ན་ཡིན་གྱི། རྣམ་པར་སྨིན་པའི་རྒྱུ་ཁོ་ནས་བསྐྱེད་པ་ནི་མ་ཡིན་ཏེ། རྣམ་སྨིན་ལས་བསྐྱེད་པ་ནི་སྐལ་མཉམ་གྱི་རྒྱུས་ཀྱང་བསྐྱེད་པ་ཡིན་ནོ། །དེ་ལྟར་ཐོགས་མེད་བརྒྱད་པོ་དེ་ལ་རྒྱས་འབྱུང་མེད་དེ། རྡུལ་བསགས་པའི་ངོ་བོ་མིན་པའི་ཕྱིར། ལྷག་མ་གཞན་གཟུགས་དྲི་རོ་རེག་བཞི་ནི་རྣམ་པ་གསུམ་སྟེ། རྣམ་སྨིན་སྐྱེས་ཀྱི་དབང་པོའི་ཚོགས་པར་འདུག་པ་རྣམ་སྨིན་སྐྱེས་དང་། རྒྱས་བྱུང་གི་དབང་པོ་དང་རྒྱས་བྱུང་གི་སྒྲའི་ཚོགས་པར་སྐྱེས་པ་རྒྱས་བྱུང་དང་། དེར་མ་ཟད་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པའི་རྒྱུ་འབྱུང་བ་ཡང་རྒྱས་བྱུང་དང་། དེ་དག་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུ་མཐུན་དང་། ལུས་ཀྱི་རིག་བྱེད་གཟུགས་ཉོན་མོངས་ཅན་ནི་སྐལ་མཉམ་དང་ཀུན་འགྲོའི་གཉིས་ཀའི་རྒྱུ་མཐུན་དང་། དབང་པོ་ལས་ཐ་དད་པར་འདུག་པ་ཤི་བ་ལ་རྗེས་སུ་འཇུག་པ་ཡང་རྒྱུ་མཐུན་པ་སྟེ་སེམས་ཅན་དུ་བགྲང་བ་མ་ཡིན་པའི་ཕྱིར་རྣམ་སྨིན་སྐྱེས་མ་ཡིན་ནོ། །གཉིས་པ་ནི། རྫས་དང་ལྡན་གཅིག་ཐ་མ་གསུམ། །སྐད་ཅིག་མ་སྟེ། ཁམས་བཅོ་བརྒྱད་ལས་རྟག་ཅིང་བརྟན་པའི་རྫས་ཀྱི་ངོ་བོར་ཡོད་པ་དང་ལྡན་པ་ནི་གཅིག་སྟེ། ཆོས་ཀྱི་ཁམས་འདུས་མ་བྱས་པའོ། །ཁམས་བཅོ་བརྒྱད་ལས་ཐ་མ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་(༩༩ན)


K8Z006_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་མ་དང་པོའི་ཚོགས་པ་ན་ཡོད་པའི་ཡིད་དང་ཆོས་ཀྱི་རྣམ་ཤེས་ཀྱི་ཁམས་ཟག་མེད་གསུམ་ནི། འཇིག་རྟེན་ཆོས་མཆོག་མན་ཆད་ཟག་བཅས་ཡིན་པས་ཟག་མེད་སྔ་མ་སྡོན་དུ་མ་སོང་བས་སྐལ་མཉམ་མེད་པས་རྒྱུ་མཐུན་ལས་མ་བྱུང་བའི་སྐད་ཅིག་མ་སྟེ། དེའང་འདི་དུས་མཐའི་སྐད་ཅིག་ཡིན་ལ། སྡུག་བསྔལ་ལ་ཆོས་བཟོད་བྱ་རྫོགས་ཀྱི་སྐད་ཅིག་ཡིན་པས་དེའི་ཡང་དུས་མཐའི་སྐད་ཅིག་གཉིས་པ་ཕན་ཆད་རྒྱུ་མཐུན་པ་ལས་བྱུང་བ་ཡིན་ནོ། །འདིས་ནི། རྒྱུ་མཐུན་ལས་བྱུང་རྣམ་སྨིན་སྐྱེས། །ཐོགས་པ་མེད་བརྒྱད་ཅེས་བྱ་བའི་སྤྱིར་བཏང་གི་དམིགས་བསལ་སྟོན་ཏེ། ཟག་མེད་སྐད་ཅིག་དང་པོའི་ཡིད་སོགས་གསུམ་དང་ཆོས་ཁམས་འདུས་མ་བྱས་ནི་བྱུང་བ་གསུམ་ག་མ་ཡིན་པའི་ཕྱིར་རོ། །དེ་ཡང་སྡུག་བསྔལ་ཆོས་བཟོད་དང་མཚུངས་ལྡན་གྱི་སེམས་ནི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་འཇོག་སྟེ་རང་རང་གི་བྱ་བའི་ཆ་ནས་འཇོག་པའི་ཕྱིར། ཚོར་སོགས་མཚུངས་ལྡན་རྣམས་དང་། ཐོབ་པ་དང་སྐྱེ་སོགས་ཟག་མེད་ཀྱི་སྡོམ་པ་ནི་ཆོས་ཀྱི་ཁམས་སོ། །དྲུག་པ་ཐོབ་བྱའི་ཁྱད་པར་ནི། མིག་དང་ནི། །རྣམ་ཤེས་ཁམས་དག་སོ་སོ་དང་། །ལྷན་ཅིག་ཏུ་ཡང་འཐོབ་པ་ཡོད། །གང་མིག་གི་ཁམས་སྔར་མི་ལྡན་པ་ལ་གསར་དུ་ཐོབ་པ་དེས་མིག་གི་རྣམ་ཤེས་ཀྱང་གསར་དུ་ཐོབ་བམ་ཞེ་ན། མིག་དང་ནི། རྣམ་ཤེས་ཁམས་དག་སོ་སོ་དང་ཞེས་པས་མིག་གི་རྣམ་ཤེས་སྔར་ཐོབ་པའམ་མ་ཐོབ་ཀྱང་རུང་དབང་པོ་གསར་ཐོབ་དང་། མིག་དབང་སྔར་ཐོབ་ལ་རྣམ་ཤེས་གསར་ཐོབ་ཀྱི་མུ་གཉིས་བསྟན་ཏེ། དེ་ལས་མུ་དང་པོ་ནི། འདོད་པའི་ཁམས་སུ་མངལ་གྱི་གནས་སྐབས་ཀྱི་ཞག་བདུན་ཕྲག་བཅུ་བདུན་བཅོ་བརྒྱད་པ་ན། མིག་ཤེས་ནི་སྔར་སྲིད་པ་བར་མར་ཉིང་མཚམས་སྦྱོར་བའི་ཚེ་དགེ་བ་དང་ཉོན་མོངས་ཅན་འདས་པ་དང་མ་འོངས་པ་དེ་དང་ལྡན་པ་ཁོ་ནར་ཡོད་ལ། མིག་ནི་སྔར་མི་ལྡན་པ་ལས་སྐབས་དེར་གསར་དུ་ཐོབ་པ་དང་། འདིར་(༩༩བ)


K8Z006_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པར་རིམ་གྱི་ཞེས་འབྱུང་བས་འདོད་པར་མངལ་སྐྱེས་ཀྱི་དབང་དུ་བྱས་ཀྱི་རྫུས་སྐྱེས་དེ་ལས་བཟློག་གོ་ཞེས་གང་སྤེལ་འཆད་དོ། །གཟུགས་མེད་ནས་ཤི་འཕོས་ཏེ་བསམ་གཏན་གཉིས་པ་ནས་བཞི་པའི་བར་སྐྱེ་བ་ནི་མིག་གི་དབང་པོ་གསར་དུ་འཐོབ་ཀྱི། དེར་རྣམ་ཤེས་མེད་པས་རྣམ་ཤེས་གསར་དུ་ཐོབ་པ་ནི་མ་ཡིན་ནོ། །མུ་གཉིས་པ་ནི། བསམ་གཏན་གཉིས་པ་ལ་སོགས་པས་འོག་མའི་མིག་ཤེས་དགེ་བ་ནི་དམན་པ་ཡིན་པས་མི་བསྐྱེད། ཉོན་མོངས་ཅན་སྤང་བྱ་ཡིན་པས་མི་བསྐྱེད། འོ་ན་དེར་མིག་ཤེས་མེད་པས་དང་པོའི་མིག་ཤེས་མ་བསྒྲིབས་ལུང་མ་བསྟན་མངོན་དུ་བྱས་ནས་གཟུགས་ལ་ལྟ་བའི་ཚེ་མིག་ནི་སྔར་ཐོབ་ཟིན་པ་དང་འདྲ་བར་ལྡན་ལ་མིག་ཤེས་གསར་དུ་ཐོབ་པ་ལྟ་བུའོ། །ཡང་བསམ་གཏན་གཉིས་པ་སོགས་ནས་ཤི་ནས་དང་པོ་དང་འདོད་ཁམས་སུ་སྲིད་པ་བར་མར་ཉིང་མཚམས་སྦྱོར་བ་ན་མིག་ཤེས་དགེ་བ་དང་ཉོན་མོངས་ཅན་འདས་མ་འོངས་སྔར་མི་ལྡན་པ་ལས་གསར་དུ་མ་ཐོབ་པ་ཡོད་ཀྱི། མིག་ནི་སྔར་ནས་ལྡན་པ་ཉིད་ཀྱིས་གསར་དུ་ཐོབ་པ་ནི་མ་ཡིན་ནོ། །ལྷན་ཅིག་ཏུ་ཞེས་པས་མུ་གསུམ་པ་བསྟན་ཏེ། གཟུགས་མེད་ནས་ཤི་འཕོས་ནས་འདོད་ཁམས་དང་། དང་པོར་སྐྱེས་པ་ན་གཉིས་ཀ་གསར་དུ་ཐོབ་སྟེ། དེ་ནི་སྔར་དེ་གཉིས་དང་མི་ལྡན་པས་བར་སྲིད་དུ་ཉིང་མཚམས་སྦྱོར་བ་ན་བར་སྲིད་ནི་དབང་པོ་ཚང་བ་ཅན་ཡིན་པའི་ཕྱིར་དང་། མིག་ཤེས་དགེ་བ་དང་ཉོན་མོངས་ཅན་འདས་མ་འོངས་ཀྱི་ཐོབ་པའང་གནས་སྐབས་དེར་འབྱུང་བའི་ཕྱིར། གཉིས་ཀ་མ་ཐོབ་པའི་མུ་ནི། གཟུགས་མེད་ཁམས་ནས་ཤི་བ་དེ་ཉིད་དུ་སྐྱེས་པ་དང་། གཉིས་པ་ནས་གཉིས་པ་ལ་སོགས་པར་སྐྱེས་པ་ནའང་གཉིས་ཀ་ལ་གསར་ཐོབ་མེད་དེ། དེ་དག་གི་རང་སར་མིག་ཤེས་མེད་ཀྱི་དབང་པོ་ནི་སྔར་ནས་དེར་ལྡན་པ་ཉིད་ཀྱིས་གསར་དུ་ཐོབ་པ་ནི་མ་ཡིན་(༡༠༠ན)


K8Z006_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདི་ལ་ཡང་མིག་གི་རྣམ་ཤེས་ཀྱི་ཐོབ་པ་སྔར་སྐྱེ་ལྟ་བུ་སྔར་ནས་ལྡན་པས་མི་ལྡན་པ་ལས་ལྡན་པ་ཡིན་ཏེ་སྙམ་ན། མིག་གི་རྣམ་ཤེས་ལ་ཐོབ་པ་སྔར་སྐྱེ་ཕྱིས་སྐྱེས་འོང་བ་ལ། དགེ་མི་དགེ་ནི་མི་བསྐྱེད། །ལུང་མ་བསྟན་བསྐྱེད་ཙམ་ན་ལུང་མ་བསྟན་ལ་ཐོབ་པ་སྔར་སྐྱེ་དང་ཕྱིས་སྐྱེ་མི་འོང་བས་སྔར་ནས་ལྡན་པ་མ་ཡིན་ནོ། །འདོད་པའི་ཁམས་ན་གནས་པ་མིག་དང་ལྡན་པ་གཅིག་ཅར་ཤི་བས་ནི་སྲིད་པ་བར་མར་ཉིང་མཚམས་སྦྱར་བ་ན་གཉིས་ཀ་དང་མི་ལྡན་པ་ལས་ལྡན་པ་མི་ཐོབ་སྟེ་དེ་དག་དང་ལྡན་པའི་ཕྱིར། ཡང་སྒྲས་ནི་མིག་ཁོ་ན་དང་ལྡན་པ་བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པ་གཟུགས་ལ་མི་ལྟ་བའི་དུས་ཏེ་རང་ས་ན་མིག་ཤེས་མེད་ཅིང་། དང་པོའི་དེ་མངོན་དུ་མ་བྱས་པའི་སྐབས་དང་། མིག་ཤེས་ཁོ་ན་དང་ལྡན་པ་ནི་འདོད་པར་མིག་མ་ཐོབ་པ་དང་ཉམས་པ་སྟེ། མིག་ལུང་མ་བསྟན་ཡིན་པས་ཐོབ་པ་སྔ་ཕྱིར་མི་འབྱུང་ལ། རྣམ་ཤེས་དགེ་བ་དང་ཉོན་མོངས་ཅན་དང་ལྡན་པའོ། །གཉིས་ཀ་དང་ལྡན་པ་ནི་འདོད་པར་མིག་ཐོབ་ལ་མ་ཉམས་པ་དང་། དང་པོ་དང་གཉིས་པར་གཟུགས་ལ་བལྟ་བའི་སྐབས་སོ། །གཉིས་ཀ་དང་མི་ལྡན་པ་ནི་གཟུགས་མེད་པར་སྐྱེས་པའོ། །དེ་བཞིན་དུ་མིག་ཤེས་གསར་དུ་འཐོབ་ལ་གཟུགས་ཀྱི་ཁམས་ཀྱང་ཡིན་ནམ་ཞེ་ན། མུ་བཞི་སྟེ། མུ་དང་པོ་བསམ་གཏན་གཉིས་པར་སྐྱེས་པས་མིག་ཤེས་མངོན་དུ་བྱེད་པ་ལྟ་བུ་དང་། གཉིས་པ་ནི་གཟུགས་མེད་ནས་ཤི་ནས་བསམ་གཏན་གཉིས་པ་ལ་སོགས་སུ་སྐྱེས་པའོ། །གསུམ་པ་ནི་གཟུགས་མེད་ནས་འདོད་པ་དང་ཚངས་པའི་འཇིག་རྟེན་དུ་སྐྱེས་པའོ། །བཞི་པ་ནི་གཟུགས་མེད་ནས་གཟུགས་མེད་དུའམ། འདོད་པ་དང་བསམ་གཏན་དང་པོ་པ་དེ་དག་ཏུ་སྐྱེས་པ་ལྟ་བུའོ། །ཡང་གི་སྒྲས་ནི་ཞར་འོང་འདི་རྣམས་བསྡུས་ཏེ། རྣ་བ་དང་། (༡༠༠བ)


K8Z006_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་ཁམས་དག་སོ་སོ་དང་། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། །ཅེས་སོགས་བསྒྲེ་བར་བྱའོ། །བདུན་པ་ཕྱི་ནང་ལ་སོགས་པའི་དབྱེ་བ་ལ། ཕྱི་ནང་གི་རྣམ་པ། རྟེན་བཅས་དེ་མཚུངས་ཀྱི། མཐོང་སྤང་སོགས་ཀྱི། ལྟ་བ་ཡིན་མིན་གྱི། རྣམ་ཤེས་གང་གི་ཡུལ་ཡིན་པ། རྟག་མི་རྟག་གི། དབང་པོ་ཡིན་མིན་གྱི་རྣམ་པའོ། །དང་པོ་ནི། ནང་གི་བཅུ་གཉིས་གཟུགས་ལ་སོགས། །མ་གཏོགས། ཁམས་བཅོ་བརྒྱད་ལས་ནང་གི་ཁམས་ནི་བཅུ་གཉིས་ཏེ་གཟུགས་ལ་སོགས་པ་ཡུལ་ཁམས་དྲུག་མ་གཏོགས་པའི་ཕྱིར། དེས་ན་དྲུག་ནི་ཕྱིའི་ཁམས་སུ་གྲུབ་ལ། དེ་ལྟར་ན་ནི་ཕྱི་ནང་དུ་བརྗོད་པའི་ཕྱི་ནང་དེ་ཇི་ལྟར་ཞེ་ན། བདག་གི་དབང་དུ་བྱས་པའམ་བདག་གི་ཆེད་དུ་བྱས་པའམ། མངལ་དུ་ཡོད་པས་ནང་གི་ཁམས་སུ་བརྗོད་པ་ལ་བདག་མེད་ན་བདག་ཏུ་ཇི་ལྟར་ཞེ་ན། སེམས་ནི་བདག་ཏུ་འཛིན་པའི་གཞི་ཡིན་པའི་ཕྱིར་བདག་ཏུ་བཏགས་པར་ཟད་དེ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །མཁས་པས་བདག་ཉིད་ཤིན་ཏུ་ནི། །དུལ་བས་མཐོ་རིས་འཐོབ་པར་འགྱུར། །ཞེས་དང་། དེའི་མཇུག་ཐོགས་སུ། གཟུང་བར་དཀའ་ཞིང་མྱུར་དུ་འཇུག །གང་དུ་འདོད་པ་དེར་འཇུག་བྱེད། །སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཅེས་འབྱུང་བས་སེམས་ཀྱི་རྟེན་མིག་སོགས་ལ་ནང་བདག་གི་སྒྲ་དང་རྟེན་མ་ཡིན་པ་ལ་ཕྱིའི་ཐ་སྙད་བྱེད་དེ། མིག་སོགས་ནི་བདག་ཏུ་བཟུང་བའི་རྣམ་ཤེས་ཀྱི་བདག་རྐྱེན་དུ་གྱུར་པས་ནང་དང་། གཟུགས་སོགས་ནི་དེའི་ཡུལ་དུ་གྱུར་པས་ཕྱི་རོལ་ཏུ་བཞག་པའི་ཕྱིར། འོ་ན་ད་ལྟ་བ་དང་མ་འོངས་པའི་རྣམ་ཤེས་ཀྱི་ཁམས་དྲུག་གི་ནང་གི་ཁམས་སུ་མི་འགྱུར་ཏེ། དེ་དག་ཡིད་ཁམས་སུ་འཇོག་པ་ནི་འདས་མ་ཐག་པར་མ་གྱུར་པ་སེམས་ཀྱི་རྟེན་དུ་མི་འགྱུར་བའི་ཕྱིར་ཞེ་ན། མ་གྲུབ་(༡༠༡ན)


K8Z006_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ད་ལྟ་བ་དང་མ་འོངས་པ་གང་གི་ཚེ་ཡིན་པ་དེའི་ཚེ་ན་འདས་མ་འོངས་དེ་དག་ཉིད་སེམས་ཀྱི་རྟེན་ཡིན་པའི་ཕྱིར་ཏེ། དུས་གསུམ་གྱི་རྣམ་ཤེས་ཀྱི་ཁམས་དྲུག་སེམས་ཀྱི་རྟེན་གྱི་མཚན་ཉིད་ལས་མི་འདའ་བའི་ཕྱིར། དེ་ལྟར་མིན་པ་ཡིད་ཁམས་འདས་པ་ཁོ་ན་ཡིན་ཅིང་། ད་ལྟ་བ་དང་མ་འོངས་པ་མ་ཡིན་ན། ཁམས་བཅོ་བརྒྱད་པོ་དག་ནི་དུས་གསུམ་པར་འདོད་པ་དང་ཡང་འགལ་བར་འགྱུར་རོ། །འདོད་མི་ནུས་ཏེ། འདས་པ་ནི་ད་ལྟར་བའི་རྣམ་ཤེས་བསྐྱེད་པས་ཡིད་ཀྱི་ཁམས། ད་ལྟར་ནི་མ་འོངས་པའི་ཡིད་ཀྱི་རྣམ་ཤེས་བསྐྱེད་པའི་ཁམས། མ་འོངས་པས་མ་འོངས་པ་གཞན་བསྐྱེད་པས་ཡིད་ཀྱི་ཁམས་སུ་བཞག་གོ། །རྣམ་ཤེས་མ་འོངས་པ་དང་ད་ལྟ་བ་ཡིད་ཁམས་ཀྱི་མཚན་ཉིད་ཅན་མ་ཡིན་ན་འདས་པའི་ཚེ་ནའང་ཡིད་ཁམས་སུ་མི་འགྱུར་ཏེ། མཚན་ཉིད་ནི་དུས་རྣམས་སུ་འཁྲུལ་པ་མེད་པ་ལས་འཁྲུལ་པར་འགྱུར་བའི་ཕྱིར། ཞེས་སྐྱོན་གནས་སོ། །གཉིས་པ་ལ། དངོས་དང་། དེ་མཚུངས་ཀྱི་དོན་ཏོ། །དང་པོ་ནི། ཆོས་ཞེས་བྱ་བ་ནི། །བརྟེན་པ་དང་བཅས་ལྷག་མ་ནི། །དེ་དང་མཚུངས་པ་དག་ཀྱང་ཡིན། །ཁམས་བཅོ་བརྒྱད་ལས། ཆོས་ཀྱི་ཁམས་ཞེས་བྱ་བ་ནི་གཅིག་ཏུ་བསྟེན་པ་དང་བཅས་པ་ཡིན་ཏེ། འཕགས་པའམ་སོ་སོ་སྐྱེ་བོ་གང་གི་ཡིད་ཀྱི་རྣམ་ཤེས་སྐྱེ་བའི་བྱ་བ་བྱེད་པ་ལ་ངེས་པར་བསྟེན་པས་ཁྱབ་པ་ཉིད་ཀྱི་ཕྱིར། འདིའི་ལུགས་ཀྱིས་རང་རིག་མི་འདོད་པས་ཆོས་ཐམས་ཅད་བདག་མེད་དོ་ཞེས་པའི་ཡིད་ཡུལ་དུ་ནི་སྐད་ཅིག་མ་གཅིག་ལ་རང་གིས་ཤེས་པ་དང་། དེ་དང་ལྷན་ཅིག་འབྱུང་བའི་ཚོགས་པ་མ་གཏོགས་ཐམས་ཅད་འགྱུར་བའི་ཕྱིར་ཞེས་འདོད་དེ། རང་རིག་འདོད་ན་ནི་རང་གི་ཤེས་པ་དེའང་དེ་ཉིད་ཀྱི་ཡུལ་དུ་འགྱུར་མོད་ཀྱང་། འདིར་མི་འདོད་པ་ནི་བྱེ་བྲག་སྨྲ་བའི་ལུགས་ཡིན་ནོ། །འདིའི་ལུགས་ཀྱིས་ཀྱང་སྐད་ཅིག་མ་གཉིས་པའི་ཡུལ་(༡༠༡བ)


K8Z006_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྐད་ཅིག་སྔ་མ་ཡང་འགྱུར་བས་ཡིད་ཤེས་ཀྱི་དམིགས་པ་ནི་ཆོས་ཐམས་ཅད་འགྱུར་བས་ཆོས་ཀྱི་ཁམས་ནི་རྟག་ཏུ་རྟེན་བཅས་ཡིན་ནོ། །ཁམས་ལྷག་མ་བཅུ་བདུན་པོ་ནི་དེ་དང་མཚུངས་པ་དག་ཡིན་ལ། ཀྱང་གི་སྒྲས་རྟེན་བཅས་ཀྱང་ཡོད་དོ་ཞེས་བསྡུས་སོ། །གཉིས་པ་ནི། གང་ཞིག་རང་གི་ལས་མི་བྱེད། །འོ་ན་རྟེན་བཅས་དང་དེ་མཚུངས་དེ་ཇི་ལྟ་བུའོ་ཞེ་ན། ཁམས་གང་ཞིག་རང་གི་ལས་སམ་བྱ་བ་མི་བྱེད་པ་དེ་ནི་དེ་མཚུངས་ཡིན་ལ། དེ་ལས་བཟློག་པ་ནི་རྟེན་བཅས་སོ། །དེ་ཡང་རྟེན་བཅས་ནི། མིག་གང་གིས་གཟུགས་བལྟས་པ་དང་། ལྟ་བ་དང་། བལྟ་བར་འགྱུར་བ་ནི་རྟེན་དང་བཅས་པ་ནས་ལུས་ཀྱི་བར་དུའང་དེ་བཞིན་དུ་ཤེས་པར་བྱའོ། །དེ་མཚུངས་ནི་མིག་གང་གིས་གཟུགས་མ་མཐོང་བར་འགགས་པ་དང་། འགག་པར་འགྱུར་བ་དང་། མི་སྐྱེ་བའི་ཆོས་ཅན་དང་བཞི་ཡིན་ནོ་ཞེས་ཁ་ཆེ་བ་དག་ཟེར་ལ། ནུབ་ཕྱོགས་པ་ནི་མི་སྐྱེ་བའི་ཆོས་ཅན་ལ་རྣམ་ཤེས་དང་ལྡན་མི་ལྡན་གཉིས་ཡོད་པས་ལྔར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟར་གཟུགས་སོགས་ཁམས་ལྔ་ལའང་སྦྱར་རོ། །སེམས་ཀྱི་ཁམས་བདུན་ནི་སྐྱེ་བ་ཐམས་ཅད་རྟེན་བཅས་དང་། མི་སྐྱེ་བ་ནི་དེ་མཚུངས་ཡིན་ཏེ། རྣམ་ཤེས་སྐྱེ་བ་དག་རང་གི་ཡུལ་ལ་བྱ་བ་བྱེད་པར་ངེས་པའི་ཕྱིར། དེ་ཡང་མིག་ནས་ཡིད་ཀྱི་བར་ཁམས་དྲུག་ནི། སྐྱེས་བུ་གཉིས་ལ་སོགས་པ་མིག་ལ་སོགས་པ་གཅིག་གིས་བལྟ་བ་ལ་སོགས་པ་བྱེད་པ་མི་སྲིད་པས། གང་གཅིག་གི་རྟེན་བཅས་དང་དེ་མཚུངས་ཡིན་པ་དེ་ཐམས་ཅད་ཀྱིས་ཀྱང་རྟེན་བཅས་དེ་མཚུངས་ཡིན་ལ། གཟུགས་ནས་རེག་བྱའི་བར་ཁམས་ལྔ་ནི་ཟླ་བ་དང་བྲོ་གར་དང་གྱད་དང་རྔ་སྒྲ་སོགས་ལ་གཅིག་བལྟ་བ་ལ་སོགས་པ་བྱེད་པ་དེ་ལ་གཞན་མང་པོ་ཡང་ལྟ་བ་སོགས་བྱེད་སྲིད་པས་དེ་དག་ཐུན་མོང་ཡིན་པས། གང་ཞིག་ལྟ་སོགས་བྱེད་(༡༠༢ན)


K8Z006_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལ་བལྟོས་ནས་རྟེན་བཅས་དང་། གང་ཞིག་ལྟ་སོགས་མི་བྱེད་པ་དེ་ལ་བལྟོས་ནས་དེ་མཚུངས་ཡིན་ནོ། །གལ་ཏེ་གཟུགས་སྒྲ་གཉིས་མ་ཕྲད་པར་འཛིན་པས་དེ་ལྟར་ཡིན་དུ་ཆུག་ན། དྲི་རོ་སོགས་ནི་ཕྲད་ནས་འཛིན་པས། གང་ལྷ་སྦྱིན་གྱི་དབང་པོས་འཛིན་པ་དེ་དག་མཆོད་སྦྱིན་གྱི་དབང་པོས་མི་འཛིན་པས་ཐུན་མོང་བ་མ་ཡིན་པའི་ཕྱིར། མིག་སོགས་དང་མཚུངས་པར་འགྱུར་ཞེ་ན། མི་མཚུངས་ཏེ། དེ་དག་ནི་གལ་ཏེ་ལྷ་སྦྱིན་གྱི་སྣ་དབང་སོགས་དང་འཕྲད་ན་དེའི་རྣམ་ཤེས་སོགས་བསྐྱེད་ལ། འོན་ཏེ་མཆོད་སྦྱིན་གྱི་སྣ་དབང་སོགས་དང་འཕྲད་ན་དེའི་སྣའི་རྣམ་ཤེས་སོགས་བསྐྱེད་ཀྱིས། གང་ཟག་གཅིག་ཁོ་ནའི་སྣའི་རྣམ་ཤེས་སོགས་བསྐྱེད་པའི་ངེས་པ་མེད་པའི་ཕྱིར་དང་། སྣའི་ནང་ན་གནས་པའི་སྲིན་བུ་ཕྲ་མོ་སོགས་ཀྱི་སྣའི་རྣམ་ཤེས་སོགས་ཀྱང་བསྐྱེད་སྲིད་པས། གང་སྣའི་དབང་པོ་སོགས་དང་འཕྲད་པ་དེ་ཁོ་ནའི་སྣའི་རྣམ་ཤེས་ལ་སོགས་པ་བསྐྱེད་པའི་ངེས་པ་མེད་པའི་ཕྱིར་རོ། །དེས་ན་མིག་སོགས་ནི་ཐུན་མོང་མིན་པས་རྒྱུད་གཅིག་གི་དབང་གིས་བཞག་ལ། གཟུགས་སོགས་ལྔ་ནི་ཐུན་མོང་པ་མིན་པས་རྒྱུད་དུ་མའི་དབང་གིས་རྣམ་པར་བཞག་གོ། །འདིར་སེམས་ཁམས་བདུན་ལ་རྟེན་བཅས་དེ་མཚུངས་གཉིས་ཀ་ཡོད་པར་བཤད་པ་ནི། བྱེ་སྨྲས་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་ཞེས་འདོད་པའི་དབང་དུ་བྱས་ལ། གོང་མ་པ་དག་ནི་དེ་མི་འདོད་པས་ཀུན་ལས་བཏུས་དང་། ཕུང་པོ་ལྔ་པ་སོགས་ལས་དངོས་སུ་མིག་སོགས་ནང་གི་ཁམས་གཟུགས་ཅན་ལྔ་པོ་ཉིད་རྟེན་བཅས་དང་དེ་མཚུངས་སུ་བཤད་ཅིང་། ཁམས་གཞན་དག་ལ་ནི་དེ་གཉིས་མ་བཤད་མོད་ཀྱི་ཤུགས་ཀྱིས་སེམས་ཁམས་བདུན་དང་ཆོས་ཀྱི་ཁམས་དང་བརྒྱད་ནི་རྟེན་བཅས་ཁོ་ན་ཡིན་ལ། (༡༠༢བ)


K8Z006_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་ཕྱི་རོལ་གྱི་ཁམས་ལྔ་ནི་རྟེན་བཅས་དང་དེ་མཚུངས་གཉིས་ཀར་འགྱུར་ཏེ། བྱེ་བཤད་ལས། མིག་ལ་སོགས་པ་འདི་དག་ནི་ཐུན་མོང་མིན་པའི་ཕྱིར། གཅིག་གིས་རྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཡིན་པས་འདི་དག་གི་རྟེན་པ་མཚུངས་པ་དང་། དེ་དག་དང་མཚུངས་པ་ནི་ངེས་པའོ། །གཟུགས་ལ་སོགས་པ་ནི་སོ་སོའི་རྒྱུད་ལ་རྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་པ་ཉིད་དུ་གནས་སོ། །རྣམ་པར་ཤེས་པ་ལས་བྱེད་པ་གཞན་མེད་པའི་ཕྱིར། གཞན་དག་ལ་ནི་རྟེན་པ་མཚུངས་པ་དང་དེ་དག་དང་མཚུངས་ཞེས་མི་བརྗོད་དོ། །ཞེས་འབྱུང་ལ། རྟེན་པ་དང་བཅས་པའི་དོན་གང་ཞེ་ན། དེ་ལ་ནང་གི་ཁམས་དྲུག་གི་ལས་ནི་རྣམ་ཤེས་ཀྱི་རྟེན་གྱི་ངོ་བོར་བྱེད། ཡུལ་གྱི་ཁམས་དྲུག་གི་ལས་ནི་དབང་པོའི་ཡུལ་དང་རྣམ་ཤེས་ཀྱི་དམིགས་ཡུལ་བྱེད་པ་དང་། རྣམ་ཤེས་ཀྱི་ཁམས་དྲུག་གི་ལས་ནི་དབང་པོའི་རྟེན་པ་དང་ཡུལ་གྱི་ཡུལ་ཅན་བྱེད་པ་ཡིན་པས་ཕན་ཚུན་བརྟེན་ཏེ་འབྱུང་བས་དེར་འཇོག་པའམ། ཡང་ན་མིག་སོགས་ཀྱི་བྱེད་པ་ལྟ་ཉན་སོགས་དང་། རྣམ་ཤེས་ཀྱི་བྱེད་པ་ཤེས་པར་བྱེད་པ་ནི་ནང་གི་ཁམས་སོགས་ལ་ཡོད་པས་བརྟེན་པ་དང་བཅས་པ་དང་། ཡང་ན་དབང་ཡུལ་རྣམ་ཤེས་གསུམ་འབྲས་བུ་སེམས་བྱུང་རེག་པ་བསྐྱེད་པ་དང་འདྲ་བར་ཡུལ་དབང་རྣམ་ཤེས་བརྟེན་པས་དེ་དག་གི་བྱ་བ་རྟེན་མཚུངས་སུ་བྱེད་པའི་ཕྱིར་དེར་བཞག་གོ། །གསུམ་པ་[མཐོང་སྤང་སོགས་ཀྱི་རྣམ་པ་]ལ། དངོས་དང་། གནས་མ་བུ་བའི་འདོད་པ་དགག་པའོ། །དང་པོ་ནི། བཅུ་ནི་བསྒོམ་པས་སྤང་བྱ་ཡིན། །ལྔ་ཡང་ཐ་མ་གསུམ་རྣམ་གསུམ། །ཁམས་བཅོ་བརྒྱད་ལ་གཟུགས་ཅན་བཅུ་ནི་གཅིག་ཏུ་བསྒོམས་པས་སྤང་བྱ་ཡིན་ལ། རྣམ་ཤེས་ལྔ་ཡང་བསྒོམས་པས་སྤང་བར་བྱ་བ་ཡིན་ཏེ། བེམས་པོ་དང་རྟོག་མེད་ཀྱི་ཤེས་པ་ནི་བདེན་པ་ལ་ལོག་པར་མི་རྟོག་ཅིང་། ལོག་(༡༠༣ན)


K8Z006_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་དང་འབྲེལ་བ་ཡང་མ་ཡིན་པས་མཐོང་སྤང་མ་ཡིན་ལ། ཟག་བཅས་ཡིན་པས་སྤང་བྱར་ཡང་གྲུབ། སྒོམ་པ་ནི་བདེན་པ་མཐོང་བ་ལ་ཡང་དང་ཡང་དུ་ལྟ་བའམ་འཇིག་རྟེན་པའི་མཉམ་གཞག་གི་ཤེས་པ་ཡིན་པའི་ཕྱིར། རྣམ་པ་དགུ་ལམ་རྣམ་པ་དགུས་པདྨའི་རྩ་བའི་སྐུད་པའི་ཚུལ་དུ་སྤོང་བར་བྱ་བ་ཡིན་པའི་ཕྱིར། ཁམས་ཐ་མ་གསུམ་ནི་མཐོང་སྤང་དང་སྒོམ་སྤང་དང་སྤང་བྱ་མ་ཡིན་པ་རྣམ་པ་གསུམ་སྟེ་འདོད་པའི་སྡུག་བསྔལ་གྱི་བདེན་པ་ལ་བཅུ་དང་། ཀུན་འབྱུང་དང་འགོག་པའི་བདེན་པ་ལ་ལྟ་བ་དང་པོ་གཉིས་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པར་མི་འཇུག་པས་གཞན་བདུན་བདུན་དང་། ལམ་ལ་དེ་ཡང་འཇུག་པས་ལྟ་བ་དང་པོ་གཉིས་མ་གཏོགས་བརྒྱད་དེ་སུམ་ཅུ་རྩ་གཉིས་དང་། ཁམས་གོང་མ་གཉིས་ན་བདེན་པ་བཞི་ལ་ཁོང་ཁྲོ་བཞི་དོར་བས་ཉི་ཤུ་རྩ་བརྒྱད་དེ་བརྒྱད་ཅུ་རྩ་བརྒྱད་དང་། དེ་དང་ལྷན་ཅིག་འབྱུང་བའི་རྣམ་ཤེས་དང་ཚོར་སོགས་མཚུངས་ལྡན་དང་། མཚུངས་ལྡན་མིན་པ་མཚན་ཉིད་དང་རྗེས་མཐུན་གྱི་མཚན་ཉིད་དང་། ཕྲ་རྒྱས་དེ་དག་གི་ཐོབ་པ་སྔ་ཕྱིར་འབྱུང་བའི་ཐོབ་པ་མ་གཏོགས་པ་རང་དུས་ཀྱི་ཐོབ་པ་དང་། ཐོབ་པ་དེའི་རྗེས་འབྲང་གི་ཐོབ་པའི་ཐོབ་པ་དང་བཅས་པ་ནི་དང་པོ་ཉིད་དུ་བདེན་པ་མཐོང་བ་ཟག་མེད་ཀྱི་སེམས་བཅོ་ལྔས་སྤང་བར་བྱ་བ་ཡིན་ཏེ། མཐོང་སྤང་རྣམ་པ་དགུ་རྡོ་བཅག་པའི་ཚུལ་དུ་ལམ་རྣམ་པ་གཅིག་གིས་སྤོང་བར་བྱེད་པའི་ཕྱིར། ཁམས་དེ་གསུམ་གྱི་མཐོང་སྤང་ལས་མ་གཏོགས་པའི་ཟག་བཅས་རྣམས་སྒོམ་སྤང་སྟེ་སྒོམ་སྤང་གི་ངོ་བོ་དུག་གསུམ་དང་ང་རྒྱལ་ཏེ་བཞི་ལས་ཁམས་ཀྱི་སྒོ་ནས་འདོད་པར་བཞི་དང་། ཁམས་གོང་གཉིས་ན་ཁོང་ཁྲོ་མ་གཏོགས་གསུམ་གསུམ་སྟེ་དྲུག་དང་བཅུ་སྟེ་ཕྲ་རྒྱས་བཅུ་དང་། (༡༠༣བ)


K8Z006_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་ལྷན་ཅིག་འབྱུང་བ་དང་། དེ་དག་གི་ཐོབ་པ་རྗེས་འབྲངས་དང་བཅས་པ་རྣམས་དང་། དགེ་བ་ཟག་བཅས་རྣམས་དང་། འདུ་བྱེད་མ་བསྒྲིབས་ལུང་མ་བསྟན་པ་རྣམས་དང་། རིག་བྱེད་མ་ཡིན་པ་ཟག་བཅས་རྗེས་འབྲངས་དང་བཅས་པའོ། །ཁམས་ཐ་མ་གསུམ་ཟག་མེད་ནི་སྤང་བྱ་མ་ཡིན་ཏེ། ཉེས་པ་མེད་པ་སྤང་བར་མི་འོས་པའི་ཕྱིར། ༓ གཉིས་པ་ནི། ཉོན་མོངས་ཅན་མིན་མཐོང་སྤང་མིན། །གཟུགས་མིན་དྲུག་པ་མིན་སྐྱེས་མིན། །གནས་མ་བུ་པས། མཐོང་ལམ་སྐྱེས་པས་སོ་སོ་སྐྱེ་བོ་འགག་པ་དང་། མདོ་ལས། རྒྱུན་དུ་ཞུགས་པའི་ངན་སོང་གི་འགྲོ་བ་འགགས་སོ་ཞེས་ངན་སོང་གི་འགྲོ་བ་འགག་པར་འགྱུར་བའི་ལུས་ངག་གི་ལས་ཀྱང་ཡོད་པ་ན་འཕགས་ལམ་མི་འབྱུང་བས། དེ་དག་ཀྱང་མཐོང་ལམ་ཡིན་ནོ། །ཞེས་སྨྲའོ། །སོ་སོ་སྐྱེ་བོ་ཆོས་ཅན། མཐོང་བས་སྤང་བྱ་མ་ཡིན་ཏེ། ཉོན་མོངས་པ་ཅན་མ་ཡིན་ཅིང་མ་བསྒྲིབས་པའི་ལུང་མ་བསྟན་ཡིན་པའི་ཕྱིར། ཕྱོགས་ཆོས་གྲུབ་སྟེ། སོ་སོ་སྐྱེ་བོ་ལམ་བདེན་གྱིས་མ་ཐོབ་པ་དེ་དགེ་བ་ཡིན་ན་དགེ་རྩ་ཆད་པ་ལ་མི་ལྡན་པར་འགྱུར་ཞིང་། ཉོན་མོངས་པ་ཅན་ཡིན་ན་སོ་སྐྱེ་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་སོ་སྐྱེ་མ་ཡིན་པར་འགྱུར་བས་དེ་ལྟར་མ་ཡིན་པའི་ཕྱིར། མ་བསྒྲིབས་ལ་ལུང་མ་བསྟན་ཡིན་པར་གྲུབ་ལ། ཁྱབ་པ་ནི་དཔེ་བུམ་པའི་སྟེང་དུ་མཐོང་ཞིང་། མི་མཐུན་ཕྱོགས་མཐོང་སྤང་ནི་བདེན་པ་ལ་ལོག་པར་རྟོག་པའི་ཕྱིར་ཉོན་མོངས་པ་ཅན་དུ་ངེས་སོ། །དེར་མ་ཟད་སོ་སྐྱེ་མཐོང་སྤང་ཡིན་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་སོ་སོ་སྐྱེ་བོར་ཡང་འགྱུར་ཏེ། དེའི་ཚེ་སྤང་གཉེན་དུས་མཉམ་པས་མཐོང་སྤང་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དུས་དེར་འཕགས་པ་ཡིན་པའི་ཕྱིར། དེས་ན་མཐོང་ལམ་སྐྱེས་པ་ན་སོ་སྐྱེ་འགག་པ་ནི་བརྟགས་མིན་གྱིས་འགོག་པ་ཡིན་ནོ། །མཐོང་སྤང་གི་མཚན་ཉིད་དང་ཐོབ་པ་ནི་ལོག་པར་མི་རྟོག་ཀྱང་དེ་དང་འབྲེལ་བས་མཐོང་སྤང་ཡིན་ནོ། །ངན་སོང་བའི་ལུས་ངག་གི་ལས་ཆོས་ཅན། མཐོང་སྤང་མིན་ཏེ། གཟུགས་ཅན་ཡིན་པའི་ཕྱིར་རོ། །རྟགས་ནི་ལུས་ངག་གི་མི་དགེ་བ་བདུན་རིག་བྱེད་དང་རིག་བྱེད་མ་ཡིན་པར་འདོད་པས་གྲུབ་ལ། གཟུགས་ཅན་ནི་བདེན་པ་ལ་ལོག་པར་མི་རྟོག་པའི་ཕྱིར་མཐོང་སྤང་(༡༠༤ན)


K8Z006_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

༓ མཐོང་སྤང་གི་མཚན་ཉིད་ནི་འཕགས་པའི་བདེན་པ་ལ་དངོས་དང་བརྒྱུད་ནས་ལོག་པར་རྟོག་པའོ་ཞེས་ཟེར་ལ། ཁ་ཅིག་མཚུངས་ལྡན་མ་ཡིན་པ་ལ་ལོག་རྟོག་མེད་པས་སྒོམ་སྤང་ལས་གཞན་པའི་སྤང་བྱ་ཟག་བཅས་སམ་གཉེན་པོ་མཐོང་ལམ་གྱིས་སྤང་བར་བྱ་བ་ཞེས་འཆད་ལ། སྒོམ་སྤང་གི་མཚན་ཉིད་ཤེས་བྱ་རང་གི་མཚན་ཉིད་ལ་ལོག་པར་ཞུགས་པའོ་ཞེས་ཟེར་ཀྱང་། ཁ་ཅིག་མཚུངས་ལྡན་དང་ཉོན་མོངས་ཅན་མ་ཡིན་པ་ལ་ལོག་པར་ཞུགས་པ་མེད་པས་མཐོང་སྤང་ལས་གཞན་པའི་ཟག་བཅས་སམ། འཕགས་པ་ལ་བལྟོས་ནས་གཉེན་པོ་སྒོམ་ལམ་གྱིས་སྤང་བར་བྱའོ་ཞེས་འཆད་དོ། །ཡང་འདི་ལྟར་འཇོག་སྟེ། བདེན་པ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་གང་ཞིགགཉེན་པོ་བདེན་པ་མཐོང་བ་ཙམ་གྱིས་སྤང་བར་བྱ་བ་མཐོང་སྤང་དང་། ཡུལ་ཙམ་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་གང་ཞིགགཉེན་པོ་གོམས་པས་སྤང་བར་བྱ་བ་སྒོམ་སྤང་དང་སྤང་བྱ་མིན་པ་ནི་ཟག་མེད་དོ། ༈ །མངོན་མཛོད་སྡེ་བརྒྱ་དང་བཞི་ཡི་ཕྲེང་ཐ་མའི་་ནང་གི་ཆད་འཛུད། ༓ དེས་ན་སོ་སོ་སྐྱེ་བོ་དང་ངན་སོང་བའི་ལུས་ངག་གཉིས་ཀ་མཐོང་སྤང་མིན་ཏེ། དྲུག་པ་ཡིད་ལས་སྐྱེས་པ་མིན་པའི་ཕྱིར་རོ། །རྟགས་ནི་དེ་གཉིས་ཀ་ཡིད་ཤེས་འཁོར་བཅས་མ་ཡིན་པས་འགྲུབ་ལ། ཁྱབ་པ་སྔར་བཞིན་ནོ། །རྟགས་འདི་ནི་མི་དམིགས་པའི་གཏན་ཚིགས་དེའི་ནང་ནས་འགལ་བ་དམིགས་པ། དེའི་ནང་ནས་སྤང་འགལ་དམིགས་པ་ཡིན་པས་འགལ་དམིགས་གཉིས་སུ་འགྱུར་ཏེ། མཐོང་སྤང་ལ་དྲུག་པ་ལས་སྐྱེས་པས་ཁྱབ་པ་ལ། འདིར་དེ་དང་འགལ་བ་དྲུག་པ་ལས་མ་སྐྱེས་པ་དམིགས་པའི་ཕྱིར་ཞེས་ཁྱབ་བྱེད་འགལ་བ་


K8Z006_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་། མཐོང་སྤང་ཡིན་པ་དང་མ་ཡིན་པ་རང་བཞིན་འགལ་ལ། འདིར་མཐོང་སྤང་མ་ཡིན་པའི་རང་བཞིན་གྱི་ཁྱབ་བྱ་དྲུག་པ་ལས་མ་སྐྱེས་པ་དམིགས་པའི་ཕྱིར་ཞེས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའོ། །སྔ་མ་གཉིས་ལའང་དེ་བཞིན་དུ་སྦྱར་རོ། །


K8Z006_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། བུམ་པ་བཞིན་ནོ། །ཀུན་བཏུས་ལས་དེ་དག་གི་ལུས་ངག་གི་ལས་མཐོང་སྤང་དུ་བཤད་པ་ནི། ས་བོན་ནམ་ཀུན་སློང་ཉོན་མོངས་པ་ལ་དགོངས་སོ། །སོ་སྐྱེ་དེ་སྡུག་བསྔལ་གྱི་ཆོས་ཤེས་ཀྱི་བཟོད་པས་སྤངས་ན་འཕགས་པ་ཟག་མེད་སྐད་ཅིག་དང་པོ་ལ་གནས་པ་དེ་ཆོས་ཅན། སྡུག་བསྔལ་ལ་ཆོས་ཤེས་བཟོད་པའི་ཚེ་ན་སོ་སྐྱེར་ཐལ། དེའི་ཚེ་སོ་སྐྱེའི་ཐོབ་པ་མ་ཆད་པར་ཡོད་པས་སོ་སྐྱེ་མ་ཉམས་པའི་ཕྱིར་ཏེ། དེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་བཟོད་པས་སྤོང་བས་དེ་སྐྱེས་དུས་ནའང་སྤང་བྱ་དེ་དང་ལྡན་པའི་ཕྱིར། ཁྱེད་སྒོམ་སྤང་དུ་འདོད་པ་ལ་སྒོམ་སྤང་ནི་སློབ་པ་ལའང་ལྡན་པས་ཉེས་པ་ཆེན་པོར་འགྱུར་ཞེ་ན། མ་ཡིན་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་ལྷན་ཅིག་དེའི་ཐོབ་པ་གཅོད་པས་ཐོབ་པ་ཆད་པ་ན་སོ་སྐྱེ་ཉམས་པ་ཡིན་གྱི་སྤངས་པ་མ་ཡིན་ཏེ། གཉེན་པོ་མ་ཐོབ་པའི་ཕྱིར། མ་སྤངས་པའང་དེ་ལ་དམིགས་པའི་ཉོན་མོངས་མ་སྤངས་པའི་ཕྱིར། འདིར་བྲལ་ལ་མ་སྤངས་པ་དང་། སྤངས་ཀྱང་མ་བྲལ་བ་དང་། གཉིས་ཀ་དང་གཉིས་ཀ་མིན་པའི་མུ་ལས། དང་པོ་ནི་མཐོང་ལམ་ཐོབ་པ་ན་སོ་སྐྱེ་ལྟ་བུའོ། །གཉིས་པ་ནི་དགྲ་བཅོམ་པའི་དབང་པོ་གཟུགས་ཅན་ལྟ་བུའོ། །གསུམ་པ་ནི་མཐོང་ལམ་ཐོབ་པ་ན་མཐོང་སྤང་ལྟ་བུའོ། །བཞི་པ་ནི་དེ་དག་ལས་མ་གཏོགས་པའི་ཟག་མེད་དང་འདུས་མ་བྱས་དང་སོ་སྐྱེའི་རྒྱུད་ཀྱི་མཐོང་སྤང་ལྟ་བུའོ། །དྲུག་པ་ཡིད་ཀྱི་རྣམ་ཤེས་མིན་པ་སྒོ་ལྔའི་རྣམ་ཤེས་ལས་སྐྱེས་པ་ཡང་མཐོང་སྤང་མིན་ཏེ། དབང་པོ་ལྔ་ལས་སྐྱེས་པའི་རྣམ་ཤེས་འཁོར་རྗེས་འབྲངས་དང་བཅས་པ་ཡང་ཡིད་ཀྱི་སྐྱེ་མཆེད་ལས་སྐྱེས་པའི་ས་བ་མིན་ཅིང་། ཁ་ཕྱིར་བལྟས་པས་ཞུགས་པའི་ཕྱིར། ༓ བཞི་པ་[ལྟ་བ་ཡིན་མིན་གྱི་རྣམ་པ་]ལ། དངོས་དང་། དེ་ལས་འཕྲོས་པའི་དོན་ཏོ། །མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་རྣམ་པ་བརྒྱད། །(༡༠༤བ)


K8Z006_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བཅོ་བརྒྱད་ལས་མིག་གི་ཁམས་ཕྱོགས་གཅིག་རྟེན་བཅས་ཀྱི་མིག་དང་ཆོས་ཀྱི་ཁམས་ཕྱོགས་གཅིག་ནི་ལྟ་བ་ཡིན་ཏེ་སྔ་མ་ནི་གཟུགས་ལ་བལྟ་བ་དང་། ཕྱི་མ་ནི་ལྟ་བ་རྣམ་པ་བརྒྱད་དེ། དེའང་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ལྟ་བ་ལྔ་དང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་། སློབ་པ་དང་མི་སློབ་པའི་ལྟ་བའོ། །ཁམས་བཅུ་དྲུག་དང་མིག་དེ་མཚུངས་དང་ཆོས་ཁམས་ཀྱི་ཕྱོགས་ལྷག་མ་ལྟ་བ་མ་ཡིན་ནོ། །ལྟ་བ་ལྔ་ནི་ཕྲ་རྒྱས་བསྟན་པར་འཆད་དོ། །འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་དགེ་བ་ཟག་བཅས་ཏེ། དེ་ཆུང་འབྲིང་ཆེན་པོ་ནི་དྲོད་རྩེ་བཟོད་པ་གསུམ་ཞེས་ཁ་ཅིག་བཞེད་དོ། །སློབ་པའི་ཟག་མེད་ཀྱི་ཤེས་རབ་ནི་སློབ་པའི་ལྟ་བ་དང་། མི་སློབ་པའི་ཟད་མི་སྐྱེ་ཤེས་པ་མ་གཏོགས་པའི་ཤེས་རབ་ནི་མི་སློབ་པའི་ལྟ་བའོ། །ཉོན་མོངས་ཅན་ལ་ལྟ་བ་ལྔས་ལྟ་བ་ནི་མཚན་མོ་སྤྲིན་དང་བཅས་པ་ལ་སྒང་གཤོང་སྤེལ་མ་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་ལྟར་སྣང་བ་དང་བྲལ་ཞིང་མུན་པས་ཟིལ་གྱིས་ནོན་པས་ཡོད་པ་མི་མཐོང་བར་མེད་པ་ལ་རྟོག་པའི་ཕྱིར། དགེ་བ་ཟག་བཅས་ཀྱི་ལྟ་བས་ནི་སྤྲིན་མེད་ཀྱི་མཚན་མོ་ཟླ་བས་སྣང་བ་ལ་གཟུགས་དམིགས་པ་ལྟ་བུ་སྟེ། སྤྲིན་ལྟ་བུ་ཉོན་མོངས་ཅན་གྱི་གཏི་མུག་ཡོངས་སུ་གསལ་བ་མ་ཡིན་པར་མི་རྟག་སྟོང་པ་སོགས་སུ་ལྟ་བ་ཡོད་ཀྱང་ཟག་མེད་ཡེ་ཤེས་ཀྱི་སྣང་བ་མེད་པས་མཚན་མོ་བཞིན་དུ་གྱུར་པའི་ཕྱིར། སློབ་པས་ནི་སྤྲིན་དང་བཅས་པའི་ཉིན་མོའི་ལྟ་བ་བཞིན་ཏེ། སྤང་བྱ་སྤྲིན་གྱི་ལྷག་མ་ཡོད་ལ་སྣང་བ་མངོན་དུ་གྱུར་པའི་ཕྱིར། མི་སློབ་པས་ནི་སྤྲིན་མེད་པའི་ཉིན་གུང་གཟུགས་ལ་ལྟ་བ་བཞིན་ཤིན་ཏུ་རབ་ཏུ་གསལ་ཏེ། ཉོན་མོངས་ཅན་གྱི་སྤྲིན་གྱི་དྲྭ་བ་ཐམས་ཅད་དང་བྲལ་བའི་ཕྱིར། སངས་རྒྱས་ཀྱི་གཟིགས་པ་ཕུལ་དུ་བྱུང་བ་ནི་ཉོན་མོངས་ཅན་མིན་དང་ཡང་བྲལ་བའི་ཕྱིར། གཉིས་(༡༠༥ན)


K8Z006_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། དབང་པོའི་ཤེས་རབ་ལྟ་བ་ཡིན་པ་དགག །མིག་ལྟ་བ་ཡིན་པར་སྒྲུབ། དབང་པོས་ཡུལ་འཛིན་པའི་ཁྱད་པར། རྟེན་གྱི་དུས་ངེས་པ། རྟེན་དང་བརྟེན་པའི་རྒྱུ་མཚན། དབང་ཡུལ་རྣམ་ཤེས་དང་རྟེན་གྱི་ས་པའི་ངེས་པའོ། །དང་པོ་ནི། རྣམ་ཤེས་ལྔ་དང་མཚུངས་སྐྱེས་བློ། །ངེས་རྟོག་མེད་ཕྱིར་ལྟ་མ་ཡིན། །ཅིའི་ཕྱིར་ཡིད་ཤེས་དང་མཚུངས་ལྡན་ཀྱི་ཤེས་རབ་ཁོ་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡིན་གྱི། སྒོ་ལྔའི་ཤེས་པ་དགེ་བ་དང་མཚུངས་ལྡན་གྱི་ཤེས་རབ་མ་ཡིན་ཅེ་ན། རྣམ་ཤེས་དང་པོ་ལྔ་དང་མཚུངས་ལྡན་དུ་སྐྱེས་པའི་དགེ་བའི་བློ་ཆོས་ཅན། རྟོག་པར་བྱེད་པའི་ལྟ་བ་མ་ཡིན་ཏེ། ངེས་པར་སེམས་པ་ལ་ཞུགས་ཏེ་རྟོག་པ་མེད་པའི་ཕྱིར་ཆགས་སོགས་ལྔ་དང་། ལྷན་ཅིག་པའི་ཤེས་རབ་ཉོན་མོངས་ཅན་དང་། ཉོན་མོངས་ཅན་གྱི་ལུང་མ་བསྟན་དང་། ཉོན་མོངས་ཅན་མིན་པའི་ལུང་མ་བསྟན་དང་། ཟད་མི་སྐྱེ་ཤེས་པ་ནི་ངེས་རྟོག་མེད་པས་ལྟ་བ་མ་ཡིན་ནོ། །གཉིས་པ་[མིག་ལྟ་བ་ཡིན་པར་སྒྲུབ་པ་]ལ། དངོས་དང་། དོགས་པ་གཅོད་པའོ། །དང་པོ་ནི། མིག་གིས་གཟུགས་རྣམས་མཐོང་། འོ་ན་མིག་ཀྱང་རྟོག་པ་མེད་པས་ལྟ་བར་མི་འགྱུར་ཞེ་ན། རྟེན་བཅས་ཀྱི་མིག་ཆོས་ཅན། ལྟ་བ་ཡིན་ཏེ། དེ་དག་གིས་གཟུགས་རྣམས་མཐོང་བས་ལྟ་བའི་དོན་བྱེད་པའི་ཕྱིར། གཉིས་པ་[དོགས་པ་གཅོད་]ལ། ཐམས་ཅད་ཀྱིས་མཐོང་མི་མཐོང་དཔྱད། མིག་དང་མིག་ཤེས་གང་གིས་མཐོང་དཔྱད། མིག་གཉིས་ཀས་མཐོང་མི་མཐོང་དཔྱད་པའོ། །དང་པོ་ནི། བརྟེན་བཅས། །དབང་པོས་མཐོང་ན་མིག་གི་རྣམ་ཤེས་ནི་མེད། རྣ་བའི་རྣམ་ཤེས་ལྟ་བུ་ཡོད་པའི་དུས་ཀྱི་མིག་གི་དབང་པོས་ཀྱང་མཐོང་བར་ཐལ། མིག་གི་དབང་པོ་དང་ཡུལ་ལ་སོགས་པ་ཉེ་བའི་ཕྱིར་ཞེ་ན། མིག་ཀུན་གྱིས་མི་མཐོང་གི་མིག་གི་རྣམ་ཤེས་དང་བཅས་པའི་རྟེན་པ་དང་བཅས་པའི་མིག་གིས་མཐོང་གི། དེ་དང་མཚུངས་པས་ནི་མ་ཡིན་པས་ཉེས་པ་མེད་དོ་ཞེས་བྱེ་སྨྲ་འདོད་དོ། །གཉིས་པ་ནི། དེ་ལ་བརྟེན་པའི་རྣམ་ཤེས་མིན། །གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །རྣམ་ཤེས་བརྟེན་པ་(༡༠༥བ)


K8Z006_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པས་མཐོང་ན་རྣམ་ཤེས་ཁོ་ནས་ཀྱང་མཐོང་བར་འགྱུར་རོ་ཞེ་ན། མིག་དེ་ལ་བརྟེན་པའི་རྣམ་ཤེས་ཁོ་ནས་གཟུགས་མཐོང་བ་མིན་ཏེ། གང་གི་ཕྱིར་ཞེ་ན། རྣམ་ཤེས་ཀྱིས་མཐོང་ན་དེ་ནི་ཐོགས་མེད་ཡིན་པས་རྩིག་སོགས་ཀྱིས་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བར་འགྱུར་ན་གཟུགས་སོགས་བསྒྲིབས་པས་བར་དུ་ཆོད་པའི་གཟུགས་ནི་མཐོང་བ་མིན་པའི་ཕྱིར། ལོ་ཞེས་པ་ནི་ཕ་རོལ་པོའི་གཞུང་ལུགས་སྟོན་པར་བྱེད་པའམ། གང་སྤེལ་གྱིས། ཤེས་པས་མཐོང་བ་འགོག་མི་ནུས་སོ་ཞེས་བསྟན་པའི་ཆེད་དམ། སློབ་དཔོན་འདུས་བཟང་ནི། མིག་ཤེས་ཀྱིས་མཐོང་བའི་གཏན་ཚིགས་མེད་པས་རིགས་པ་མེད་ལ། ལུང་ཡང་མེད་དེ། སངས་རྒྱས་ཀྱིས་མིག་ཁོ་ནས་མཐོང་བའི་སྒྲས་དེ་དང་དེར་གསུངས་པའི་ཕྱིར་དང་། འཇིག་རྟེན་དང་འགལ་ཏེ། མིག་མེད་ན་ལོང་བ་ཞེས་བྱ་ཡི། མིག་ཤེས་མེད་ཀྱང་ལོང་པ་ཞེས་མི་བྱ་སྟེ། བསམ་གཏན་གཉིས་པ་བ་མིག་ཤེས་མངོན་དུ་མ་གྱུར་པ་དེ་ལོང་བར་འགྱུར་བ་དང་། མིག་མེད་པའི་ལོང་བ་རྣམས་ཀྱང་མིག་ཤེས་དང་ལྡན་པའི་ཕྱིར་གཟུགས་མཐོང་བ་དང་མ་བྲལ་བར་ཐལ་བར་འགྱུར། ཞེས་ཟེར་རོ། །རྣམ་པར་ཤེས་པ་ཁོ་ནས་གཟུགས་མཐོང་བར་སྨྲ་བ་དེ་དག་གིས་སྒྲིབ་པའི་གཟུགས་ནི་རྣམ་པར་ཤེས་པས་མཐོང་བ་མ་ཡིན་ཏེ། སྒྲིབ་པ་ལ་མིག་ཤེས་མི་སྐྱེ་བ་ཉིད་ཀྱི་ཕྱིར། ཁྱབ་སྟེ། ཡུལ་དེ་འཛིན་གྱི་རྣམ་ཤེས་མ་སྐྱེས་ན་ཡུལ་དེ་མཐོང་བར་མི་འགྱུར་བའི་ཕྱིར་ཞེས་བསམ་པའོ། །དེ་ལ་བྱེ་སྨྲས། སྒྲིབ་པ་ལ་རྣམ་ཤེས་ཇི་སྟེ་མི་སྐྱེ་སྟེ་སྐྱེ་རིགས་པར་ཐལ། རྣམ་ཤེས་དེ་ཐོགས་མེད་ཡིན་པས་རྩིག་སོགས་ལས་འདས་ནས་རྩིག་སོགས་སྒྲིབ་པའི་ཡུལ་ལ་རྣམ་ཤེས་སྐྱེ་རིགས་པའི་ཕྱིར། བྱེ་སྨྲ་གང་གི་ལྟར་ན། རྩིག་སོགས་ཀྱི་སྒྲིབ་པ་ལ་མིག་གིས་ལྟ་བའི་འཇུག་པ་མེད་དེ། མིག་(༡༠༦ན)


K8Z006_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཐོང་བ་དེ་ལྟར་ན་མིག་ཐོགས་པ་དང་བཅས་པའི་ཕྱིར། མིག་སྒྲིབ་པ་ལ་འཇུག་པ་མེད་པ་ལྟར་མིག་ཤེས་ཀྱང་རྟེན་མིག་དང་ལྷན་ཅིག་ཏུ་ཡུལ་ལ་འཇུག་པའི་ཕྱིར། སྒྲིབ་པ་ལ་མིག་ཤེས་སྐྱེ་བར་མི་རུང་བར་གྲུབ་བོ། །བྱེ་སྨྲས་དེ་སྐད་ཟེར་བ་ལ། སློབ་དཔོན་གྱིས་ཕྱོགས་སྔ་མ་དེའི་ཁ་བཟུང་ནས་བྱེ་སྨྲ་ལ་སླར་དྲིས་ཏེ་དགག་པ་ནི། མིག་ཀྱང་ལུས་ཀྱི་དབང་པོ་བཞིན་རྩིག་སོགས་ཡུལ་དང་འཕྲད་པ་ལ་དེ་ཕན་ཚུན་དུ་ཐོགས་ནས་མི་འཇུག་པ་ལྟར་མི་འཇུག་པ་དང་མིག་ཉིད་ཐོགས་པ་དང་བཅས་པའི་ཕྱིར། སྒྲིབ་པ་མི་མཐོང་བ་ཡིན་ཅེས་འདོད་དམ་བྱས་པ་ལ། དེ་ལྟར་འདོད་དོ་ཞེ་ན། སྔ་མ་དང་མི་མཚུངས་ལ། མིག་ཐོགས་པ་དང་བཅས་པས་སྒྲིབ་པ་མི་མཐོང་བ་མ་གྲུབ་སྟེ། འཆིང་བུ་དང་ལྟང་ཚེར་དང་ཤེལ་དང་ཆུ་དག་གིས་བར་དུ་ཆོད་ཅིང་སྒྲིབ་པའི་གཟུགས་ཀྱང་མིག་གིས་མཐོང་བའི་ཕྱིར། མ་མཐོང་བར་ཡང་སྨྲ་མི་ནུས་ཏེ་གྲུབ་པའི་མཐའ་ལས་མཐོང་བའི་ཕྱིར། འོ་ན་སྒྲིབ་ཀྱང་མིག་ཤེས་སྐྱེ་བའི་རྒྱུ་གང་ཞེ་ན། རྣམ་ཤེས་སྐྱེ་བའི་རྒྱུ་ནི་མིག་དབང་མ་ཉམས་པ་དང་། ཡུལ་སྣང་བར་གྱུར་པ་དང་། དེ་ལ་ཕྱོགས་པའི་ཡིད་བྱེད་ཉེ་བར་གནས་པ་གསུམ་ཡིན་ལ། རྒྱུ་སྔ་ཕྱི་གཉིས་ཚོགས་པ་གཞིར་བྱས་ལ། ཡུལ་སྣང་བ་ལ་གེགས་བྱེད་མེད་ན་སྒྲིབ་པའི་ཡུལ་ལ་ཡང་མིག་གི་རྣམ་ཤེས་སྐྱེ་ལ། ཡུལ་སྣང་བ་ལ་གེགས་བྱེད་ཡོད་ན་མ་སྒྲིབ་པའི་ཡུལ་ལའང་མིག་ཤེས་མི་སྐྱེ་སྟེ། རི་རབ་ཀྱི་བཻ་ཌཱུརྱའི་རྩིག་པའང་སྣང་བ་ལ་གེགས་སུ་གྱུར་པས་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །འོ་ན་མདོར་མིག་གི་གཟུགས་རྣམས་མཐོང་ནས་ཞེས་འབྱུང་བ་ཅི་ཞེ་ན། དེའི་དགོས་པ་ནི་མིག་ལ་བརྟེན་ནས་རྣམ་པར་ཤེས་པས་མཐོང་ཞེས་པའི་དོན་ཏེ། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ནས། ཞེས་གསུངས་པ་ལྟ་བུའི་ཕྱིར། འདས་པའི་ཡིད་ནི་(༡༠༦བ)


K8Z006_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཕྱི་མ་སྐྱེ་བའི་རྒྱུ་བྱེད་པས་ཆོས་རྣམ་པར་མི་ཤེས་ཤིང་ཡིད་ཀྱི་རྣམ་ཤེས་ད་ལྟ་བས་ཆོས་ཤེས་པའོ། །ཡིད་ཀྱི་ཆོས་མི་ཤེས་པར་བརྗོད་པ་འདི་སྡོད་རྟེན་བྱེད་པའི་རྟེན་གྱི་ཆ་ནས་མི་ཤེས་ཟེར་བ་ཡིན་གྱི། སྔར་འབྲས་བུ་ཡིན་པའི་འབྲས་བུའི་ཆ་ནས་ནི་མི་ཤེས་པར་མི་འཇོག་གོ། །ཡང་ན། རྟེན་པ་མིག་ཤེས་ཀྱི་ལས་མིག་ལ་བཏགས་ནས་དེར་བརྗོད་པ་ཡིན་ཏེ། དཔེར་ན། ཁྲིའུར་འདུག་པའི་མི་འབོད་པ་ལ་ཁྲིའུ་འབོད་ཅེས་པ་ལྟ་བུའོ། །མིག་གིས་ཤེས་ན་མིག་གིས་མཐོང་མིག་གིས་ཤེས་ཞེས་འབྱུང་བ་རིགས་པ་ལས། མདོ་ལས། མིག་གི་རྣམ་པར་ཤེས་པར་བྱ་བ་ནི་གཟུགས་ཡིད་དུ་འོང་བ་སྡུག་པ་རྣམས། ཞེས་གསུངས་པས་ཁྱེད་རང་ལའང་མིག་གིས་མི་ཤེས་པར་གྲུབ་བོ། །མདོ་ལས། བྲམ་ཟེ་མིག་ནི་གཟུགས་རྣམས་མཐོང་བ་ལ་སྒོ་ཡིན་ནོ་ཞེས་པས་ཀྱང་སྒོ་ནི་ཤེས་པ་སྐྱེ་བའི་རྒྱུ་རྐྱེན་གྱི་དོན་ཏེ། དེ་ཡང་སྒོས་མི་མཐོང་གི་སྒོ་ནས་གཞན་གྱིས་མཐོང་བས་མིག་གི་སྒོ་ནས་མིག་ཤེས་ཀྱིས་མཐོང་། ཞེས་པའོ། །མདོ་ལས། དེར་ལྟ་བ་རང་ལ་སྒོ་ཞེས་ཟེར་གྱི་ཤེས་པའི་རྒྱུ་རྐྱེན་བྱེད་པའི་དོན་མ་ཡིན་ནོ། །ཞེ་ན། འོ་ན་མིག་ནི་གཟུགས་རྣམས་མཐོང་བར་བྱ་བ་ལ་བལྟ་བ་ཡིན། བྱ་བ་འདི་མི་རུང་བར་འགྱུར་ཏེ། གཟུགས་མཐོང་བ་ལ་སྒོར་གྱུར་པ་ཉིད་ཀྱིས་དེའི་དོན་གྲུབ་པའི་ཕྱིར། ཁྱེད་ཀྱིས་ལུང་གི་དོན་ནི་མ་གོ་བར་ཟད་དོ། །མིག་ཤེས་ཀྱིས་གཟུགས་མཐོང་ན་སླར་དེ་ཇི་ལྟར་རྣམ་པར་ཤེས་ཞེ་ན། མིག་གི་རྣམ་ཤེས་དེ་ཉིད་ཀྱིས་མཐོང་བའི་གཟུགས་དེ་མིག་གི་རྣམ་ཤེས་ཀྱིས་མི་མཐོང་མོད་ཀྱི་མིག་ཤེས་ཉིད་ཀྱིས་མཐོང་བ་ཉིད་དེ་རྣམ་པར་ཤེས་པ་ཡིན་ཏེ། ལྟ་བའི་རང་བཞིན་གྱི་ཤེས་རབ་འགའ་ཞིག་ལ་མཐོང་ཞེས་ཀྱང་བྱ། རབ་ཏུ་ཤེས་ཞེས་ཀྱང་བྱ་བ་བཞིན་འདིར་བརྗོད་པ་ཉིད་ཀྱི་ཕྱིར་རོ། །མདོ་(༡༠༧ན)


K8Z006_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བ་དེ། །ཞེས་སོ། །དེ་བཞིན་དུ་མིག་ཤེས་ལའང་མཐོང་བ་དང་ཤེས་པ་ཞེས་བྱའོ། །ཡང་ནུབ་ཕྱོགས་དང་ཉི་འོག་པ་དག་ན་རེ། མིག་གིས་མཐོང་ན་ཆོས་ཅན། སླར་མིག་གིས་བལྟ་བར་བྱ་བའི་བྱ་བ་གཞན་ཡོད་པར་བརྗོད་མི་རིགས་པར་ཐལ། མིག་གིས་མཐོང་བ་ཉིད་མིག་བྱེད་པ་པོར་གྱུར་པའི་ཕྱིར། ཞེས་ཟེར་བ་ལ། གཟུར་གནས་སུ་འདོད་པའི་རྒོལ་བ་ཞིག་ན་རེ། ཀླན་ཀ་དེ་མི་འཇུག་སྟེ། ཁྱབ་པ་མ་གྲུབ་པ་ཉིད་ཀྱི་ཕྱིར་ཏེ། མིག་གི་རྣམ་པར་ཤེས་པས་མཐོང་བའི་ཕྱོགས་ལའང་མཐོང་བར་བྱེད་པའི་ཤེས་པ་དང་མཐོང་བར་བྱ་བའི་ཤེས་པའང་མི་འགལ་བ་ཉིད་ཀྱི་ཕྱིར་མིག་ལ་མཚུངས་པ་སྦྱར་རུང་བར་གྲུབ་བོ། །ཡང་བྱེ་སྨྲའི་ནང་གསེས་ཁ་ཅིགམཐོང་བ་ནི་མིག་ཤེས་ཀྱིས་མཐོང་ལ། དེའི་རྟེན་མིག་ཡིན་པས་མིག་གིས་མཐོང་བར་བརྗོད་པ་མི་འགལ། སྒྲ་ནི་འབྱུང་བས་སྒྲོག་ཀྱང་དེའི་རྟེན་གྱི་མིང་གི་དྲིལ་བུའི་སྒྲའོ། །ཞེས་ཟེར་བ་བཞིན་ནོ་ཞེས་ཟེར་རོ། །དེ་ལྟར་ན་མིག་ཤེས་ཀྱི་རྟེན་དུ་གྱུར་པས་མིག་གི་རྣམ་པར་ཤེས་སོ་ཞེས་པ་ནི་ཐ་སྙད་དུ་མི་འགྱུར་ཏེ། འཇིག་རྟེན་ན་མིག་གིས་མཐོང་ཞེས་གྲགས་ཀྱི། འཇིག་རྟེན་ན་མིག་གི་རྣམ་པར་ཤེས་པའོ་ཞེས་མ་གྲགས་པའི་ཕྱིར། མིག་སྐྱེས་པས་གཟུགས་མཐོང་ཞེས་ཟེར་གྱི་རྣམ་པར་ཤེས་སོ་ཞེས་མི་ཟེར་བའི་ཕྱིར་ཏེ། ཇི་སྐད་དུ། བྱེ་བཤད་ལས། མིག་དང་ཕྲད་ཅིང་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ལ་མཐོང་བ་ཞེས་བྱའོ། །ཞེས་འབྱུང་བས་རྟེན་མིག་ལ་བརྟེན་པ་མཐོང་བ་ཁོ་ནའི་སྒྲ་སྦྱར་གྱི་བརྟེན་པ་རྣམ་པར་ཤེས་པའི་སྒྲ་ནི་མི་སྦྱོར་རོ། །རྟེན་དེ་ལ་རྣམ་ཤེས་ཀྱི་སྒྲ་སྦྱར་ན་སྐྱོན་ཡོད་དེ། དེ་མཚུངས་ཀྱི་མིག་ཡོད་པ་ཙམ་གྱིས་མཐོང་ཤེས་ཞེས་བསྟན་མི་ནུས་ལ། རྣམ་ཤེས་ནི་ཡོད་པ་(༡༠༧བ)


K8Z006_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་གཟུགས་ཤེས་པར་བྱེད་པ་ཉིད་ཀྱི་ཕྱིར། ཉིན་མོས་ཉིན་པར་བྱེད་པ་བཞིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་ན་རེ། མིག་དང་དེའི་ཤེས་པ་ལ་བྱ་བྱེད་ཇི་ལྟར་གྲུབ་ཅེས་དཔྱོད་པ་ནི་ནམ་ཀ་བལྡད་པ་དང་ཁྱད་པར་མེད་དེ། རང་རྒྱུད་དམ་རང་དབང་དུ་གྲུབ་པའི་བྱེད་པ་མེད་པ་ཉིད་ཀྱི་ཕྱིར། རྒྱུ་འབྲས་ཀྱི་ཆོས་ཙམ་དུ་ཟད་པའི་ཕྱིར་དང་། བྱ་བྱེད་ཀྱི་འཇིག་རྟེན་གྲགས་པའི་སྒྲ་ལའང་མཐའ་གཅིག་ཏུ་གྲུབ་པའི་མཐས་འཇོག་པར་མི་རུང་སྟེ། བཅོམ་ལྡན་འདས་ཀྱིས། ལྗོངས་ཀྱི་མིའི་ངེས་པའི་ཚིག་ལ་མངོན་པར་ཞེན་པར་མི་བྱའོ། །འཇིག་རྟེན་གྱི་མིང་ལ་རབ་ཏུ་རྒྱུག་པར་མི་བྱའོ། །ཞེས་གསུངས་སོ། །ཁ་ཆེ་བའི་གྲུབ་མཐའ་ལས་ནི། མིག་གིས་མཐོང་རྣ་བས་ཐོས་སྣས་ཚོར་ལྕེས་མྱོང་ལུས་ཀྱིས་རེག་ཡིད་ཀྱིས་རྣམ་པར་ཤེས་ཞེས་ཁོ་ནར་སྒྲ་སྦྱོར་བར་བྱེད་དོ། འདིར་ནི་བོད་ཀྱི་འཆད་པོ་སྔ་ཕྱིར་བྱུང་བའི་ཆེན་པོ་དག་བློ་ལ་གསལ་བར་མ་ཤར་བར་སྣང་བས་རང་འགྲེལ་སྤེེལ་ཏེ་བཤད་དོ། །ཕྱི་དོན་ཁས་ལེན་གྱི་སེམས་ཙམ་པས་ནི་སྐབས་འདིར་བྱེ་སྨྲ་དང་མཐུན་ཏེ། ཕུང་པོ་ལྔ་པ་ལས། མིག་རྟེན་མཚུངས་ཞེས་རྣམ་ཤེས་དང་གཟུགས་མཐོང་བ་ལ་མཚུངས་མཉམ་དུ་བཤད་པ་དང་། རེག་པ་ལ་དབང་པོའི་འགྱུར་བ་གཅོད་པའོ་ཞེས་འབྱུང་བའོ། །གསུམ་པ་ནི། མིག་ནི་གཉིས་ཀ་དག་གིས་ཀྱང་། །མཐོང་སྟེ་གསལ་བར་མཐོང་ཕྱིར་རོ། །མིག་གིས་གཟུགས་མཐོང་ན་མིག་གཉིས་རྣམ་ཤེས་སོ་སོའམ་གཅིག་བསྐྱེད་ནས་མཐོང་ཞེ་ན། མིག་ནི་གཉིས་ཀ་དག་གིས་ནི་རྣམ་ཤེས་རྫས་གཅིག་བསྐྱེད་པ་ཉིད་ཀྱིས་མཐོང་སྟེ་མིག་གཅིག་གིས་མཐོང་བ་ན་མི་གསལ་བ་ལས་གཉིས་པ་ཕྱེ་བའི་ཚེ་སྔར་བས་ཀྱང་གསལ་བར་མཐོང་བའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་གྲངས་མང་དུ་འགྱུར་བ་ཙམ་ལས་གསལ་བར་འགྱུར་མི་རིགས་ཏེ། སྔ་མའི་གྲོགས་མ་ཡིན་པའི་ཕྱིར། དཔེར་ན། ལྷ་སྦྱིན་གྱི་མིག་ཕྱེ་བས་མཆོད་སྦྱིན་གྱི་མཐོང་བ་གསལ་བར་མི་འགྱུར་བ་བཞིན་ནོ། །རྟེན་གཉིས་སུ་རྣམ་པར་ཆད་པས་རྣམ་ཤེས་ཆད་པར་ཐལ་བའང་མེད་དེ། རྣམ་ཤེས་ནི་གཟུགས་ཅན་མ་ཡིན་(༡༠༨ན)


K8Z006_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡུལ་ན་མི་གནས་པའི་ཕྱིར་རོ། །ཀྱང་ཞེས་པས་གང་རུང་རེ་རེས་ཀྱང་མཐོང་རུང་ཞེས་པའོ། །གསུམ་པ་དབང་པོས་ཡུལ་འཛིན་པའི་ཁྱད་པར་ལ། ཕྲད་མ་ཕྲད་དང་། མཉམ་མི་མཉམ་མོ། །དང་པོ་ནི། མིག་དང་ཡིད་དང་རྣ་བ་ནི། །ཡུལ་དང་མ་ཕྲད་གསུམ་གཞན་དུ། །དབང་པོ་དྲུག་ཡུལ་དང་འཕྲད་ནས་སམ་མ་འཕྲད་པར་འཛིན་ཅེ་ན། མིག་གིས་གཟུགས་རྒྱང་རིང་པོ་ནས་མཐོང་ཞིང་བར་དུ་ཆོད་པ་མེད་པའི་མིག་སྨན་དང་ཐུར་མ་དང་པགས་པ་མི་མཐོང་བའི་ཕྱིར། ཡུལ་དང་མ་འཕྲད་པར་འཛིན་ལ། རྣ་བས་ཀྱང་རྒྱང་རིང་པོའི་སྒྲ་ཐོས་པའི་ཕྱིར་དང་། དབང་པོའི་གན་དུ་ཚུར་འོངས་པ་ཡིན་ན་སྒྲ་རྒྱུན་དང་བཅས་པར་འགྱུར་ཞིང་། རྟེན་ལ་གྲགས་པའི་སྐད་ཅིག་གཉིས་པ་ལ་ཐོས་པར་རིགས་པ་ལས་དེ་ལྟར་མ་ཡིན་པར་སྐད་ཅིག་དང་པོའི་ཚེ་འཛིན་པའི་ཕྱིར་ཡུལ་དང་མ་འཕྲད་པར་འཛིན་ཏོ། །དེ་ལས་གཞན་དུ་འཕྲད་ནས་འཛིན་ན་སྣ་ལྕེ་ལུས་ལྟར་དེ་གཉིས་ལ་མངོན་ཤེས་མེད་པར་ཡང་འགྱུར་རོ། །འོ་ན་ཟླ་སྒྲོན་གྱི་མདོ་ལས། ལྷའི་སྣའི་མངོན་ཤེས་ཀྱང་བཤད་དེ། འཇིག་རྟེན་ཁམས་ནི་ཐམས་ཅད་ན། །གནས་པའི་དྲི་རྣམས་ཐམས་ཅད་ཀྱང་། །བདག་ཉིད་ཡུལ་གཅིག་གནས་ནས་ནི། །ཚོར་བར་བྱེད་ཅིང་སྣོམ་པར་བྱེད། །ཅེས་འབྱུང་ངོ་ཞེ་ན། དེ་ཀུན་སྨོན་ནས་ཤེས་པ་ཡིན་གྱི་སྣའི་མངོན་ཤེས་ཀྱིས་ནི་མ་ཡིན་ནོ། །ཞེས་ཟེར་རོ། །འོ་ན་མིག་རྣས་མ་འཕྲད་པར་འདྲ་བས། ཆོད་པ་དང་ཆེས་རིང་བའང་འཛིན་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཡུལ་ཤིན་ཏུ་རིང་བ་དང་བར་དུ་ཆོད་པ་ནི་མིག་དང་རྣ་བས་མི་འཛིན་ཏེ་བཟུང་བར་མི་རུང་བའི་ཕྱིར། འཕྲད་ན་རང་མིག་སྨན་དང་ཐུར་མ་སོགས་འཕྲད་དོ་ཅོག་མི་འཛིན་པ་བཞིན་ཞེས་མཚུངས་ཤིང་། ཡང་མིག་དང་རྣ་བ་ནི་རང་གིས་བཟུང་བར་བྱ་བ་ཐམས་ཅད་འཛིན་པར་བྱེད་པ་མ་ཡིན་ཏེ། དབང་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་(༡༠༨བ)


K8Z006_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྣའི་དབང་པོ་ལ་སོགས་པ་ལྟ་བུའོ། །སྣ་ལ་སོགས་པས་ཀྱང་རང་དང་ལྷན་ཅིག་བྱུང་བའི་དྲི་རོ་སོགས་འཕྲད་པ་ཐམས་ཅད་མི་འཛིན་པ་བཞིན་མིག་མ་འཕྲད་པར་འཛིན་ཡང་མ་འཕྲད་པ་ཐམས་ཅད་མི་འཛིན་ནོ། །མ་འཕྲད་པར་འཛིན་པའི་རྡོ་ཁབ་ལེན་གྱིས་ལྕགས་འདྲེན་ཀྱང་ལྕགས་ཐམས་ཅད་མི་འདྲེན་པ་བཞིན་ནོ། །ཡིད་ཀྱང་ལུས་ཅན་མ་ཡིན་པས་འཕྲད་པར་མི་རུང་བའི་ཕྱིར་ཡུལ་དང་མ་འཕྲད་པར་འཛིན་ཏོ། །སྣ་ལྕེ་ལུས་གསུམ་ནི་མ་འཕྲད་པ་ལས་གཞན་དུ་འཕྲད་ནས་འཛིན་ཏེ། དབུགས་མ་རྔུབས་པར་དྲི་མི་འཛིན་ཅིང་རྒྱང་རིང་པོའི་རོ་རེག་མི་འཛིན་པར་གྲུབ་པ་ཉིད་ཀྱི་ཕྱིར། འཕྲད་མ་འཕྲད་ཀྱི་དོན་ནི། རྡུལ་འདབ་འབྱར་བ་དང་མ་འབྱར་བ་ལ་འདོད་ལ། དེ་ཡང་ཁ་ཆེ་བ་རྣམས་ནི་རྡུལ་ཕན་ཚུན་རེག་པ་ནི་མེད་དེ། བདག་ཉིད་ཐམས་ཅད་ཀྱིས་རེག་ན་རགས་པ་རྩོམ་བྱེད་མ་ཡིན་པར་འགྱུར་ལ། ཕྱོགས་རེས་རེག་ན་རྡུལ་ཆ་བཅས་སུ་འགྱུར་བའི་ཕྱིར། དེས་ན་རྡུལ་ཆ་མེད་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་བ་ནི་བར་ཅུང་ཟད་དང་བཅས་ཀྱང་དབུས་ན་རྡུལ་ཕྲ་རབ་དེ་ཉིད་ལས་མ་གཏོགས་པ་གཞན་མེད་པ་ལ་འཕྲད་པ་ཞེས་འདོད་ལ། བཙུན་པ་དབྱིག་བཤེས་ནི། རྡུལ་རེག་ན་སྐད་ཅིག་དང་པོ་ལ་སྐྱེས་ནས་གཉིས་པ་ལ་རེག་པའི་ཕྱིར། རྟག་པར་འགྱུར་བས་རེག་པ་མེད་དོ། །ཞེས་སོ། །འོ་ན་སྒྲ་ཇི་ལྟར་འབྱུང་ཞེ་ན། མ་རེག་པ་དེ་ཉིད་ཀྱི་ཕྱིར་ཏེ། རེག་པར་གྱུར་ན་འདག་པ་ལ་འདག་པ་བསྣུན་པ་བཞིན་བྱིང་བར་འགྱུར་བས་སྒྲ་མི་འབྱུང་ངོ་། །འོ་ན་འདུས་པའི་གོང་བུའི་མ་རེག་པ་ཉིད་ཀྱིས་རྡུལ་སོ་སོར་གནས་པ་གྱེས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། རླུང་གིས་བཟུང་བའི་ཕྱིར་རོ། །རླུང་གིས་ཇི་ལྟར་འཛིན་ན། འཇིག་པའི་རླུང་གིས་ནི་འཇིག་པར་བྱེད་ལ། ཆགས་པའི་རླུང་གིས་ནི་ཆགས་པར་བྱེད་པས་ཕྱི་མ་ཉིད་ཀྱིས་མི་ལྟུང་བར་བྱེད་དོ། །བཙུན་པ་ན་རེ། རྡུལ་འབྱར་བའམ་རེག་པ་ནི་མེད་ཀྱི་གཡག་རྔ་དང་ནེའུ་སིང་ལྟར་བར་(༡༠༩ན)


K8Z006_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ་རེག་གོ་སྙམ་དུ་འདུ་ཤེས་པར་ཟད་དོ། །ཞེས་ཟེར་ཏེ། དེ་ལྟར་མ་ཡིན་ན་རྡུལ་ཕྲན་བར་དང་བཅས་པ་རྣམས་ཀྱི་བར་སྟོང་པར་རྡུལ་གཞན་འགྲོ་བ་ལ་སུས་ཀྱང་འགོག་བྱེད་མེད་པས། དེ་ལྟར་ན་གཟུགས་ཐོགས་བཅས་སུ་མི་རུང་ཞེས་འཆད་དོ། །དེས་ན་བར་མེད་པར་གནས་ཀྱི་རེག་པ་ནི་མ་ཡིན་ཏེ། ཕྱོགས་ཐམས་ཅད་ཀྱིས་རེག་ན་རྡུལ་ཕྲན་རྣམས་འདྲེས་པས་རགས་པ་རྩོམ་མི་ནུས་པར་འགྱུར་བ་དང་། ཕྱོགས་རེས་རེག་ན་ཆ་བཅས་སུ་འགྱུར་བའི་ཕྱིར། དེས་ན་རྡུལ་ཕྲན་ནི་མ་རེག་ལ་བསགས་པར་གནས་པ་རེག་ཀྱང་དེ་ནི་ཆ་བཅས་སུ་འདོད་པའི་ཕྱིར་སྐྱོན་མེད་དོ། །གཉིས་པ་ནི། སྣ་ལ་སོགས་པ་གསུམ་གྱིས་ནི། །ཡུལ་ནི་མཉམ་པ་འཛིན་པར་འདོད། །ཡང་མུ་སྟེགས་པ་དག་མིག་དང་རྣ་བ་ཡང་རང་གི་ཚད་དང་མཉམ་པའི་ཡུལ་ཁོ་ན་འཛིན་ཀྱང་རི་བོ་དང་འབྲུག་སྒྲ་སོགས་ཆེས་ཆེ་བར་སྣང་བ་ནི་མགལ་མེའི་འཁོར་ལོ་ཆུང་དུ་ཡོད་པར་མེ་ཆེན་པོར་འཁྲུལ་པ་ལྟར་མཉམ་པ་ཁོ་ནར་འཛིན་ནམ། མི་མཉམ་པ་ཡང་འཛིན་ཅེ་ན། སྣ་ལ་སོགས་པ་གསུམ་གྱིས་ནི། རང་དང་འཕྲད་པ་འཛིན་པས་ཡུལ་ནི་མཉམ་པ་འཛིན་པར་འདོད་དེ། དབང་པོའི་རྒྱ་ཇི་ཙམ་འཕྲད་པའི་ཡུལ་འཛིན་ལ། མིག་གིས་ནི་ཆུང་དུ་སྐྲའི་རྩེ་མོ་དང་ཆེན་པོའི་རི་བོ་དང་མཉམ་པ་དང་། མཉམ་པ་རྒུན་འབྲུམ་ཙམ་ལ་སོགས་པ་འཛིན་ཅིང་། རྣ་བས་ཀྱང་འབྲུག་དང་སྦྲང་བུ་དང་རྣ་བའི་ནང་དུ་གྲུབ་པའི་སྒྲ་འཛིན་ལ། ཡིད་ནི་ལུས་ཅན་མ་ཡིན་པས་ཚད་ཡོངས་སུ་ཆད་པ་མེད་དོ། །དབང་པོ་རྣམས་ཀྱི་ཚད་དང་བཀོད་པ་ཇི་ལྟར་ཞེ་ན། མིག་ནི། མིག་གི་འབྲས་བུ་ལ་སྟེང་ནས་གོ་སྙོད་ནག་པོའི་མེ་ཏོག་བཞིན་དུ་གནས་ཏེ་དབང་པོའི་རྡུལ་སིལ་བུ་ལ་ཁ་དོག་དང་བས་པགས་པ་བཞིན་དུ་བཀབ་པས་མི་གྱེས་པར་འགྱུར་རོ། །གཞན་དག་ནི་དབང་རྟེན་གྱི་བླ་འོག་ན་ཉུང་འབྲུ་ལྟར་གནས་ཤིང་། ཤེལ་བཞིན་དང་བས་(༡༠༩བ)


K8Z006_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་མི་སྒྲིབ་བོ་ཞེས་སོ། །རྣ་བ་ནི། རྣ་བའི་ནང་ན་རྣ་འབྲུག་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུ་ཁ་དོག་ཀྱང་གྲོ་བ་འདྲ་བ་ཡོད་པ་དེའི་ནང་ན་གནས་སོ། །སྣའི་དབང་པོ་ནི། མཚུལ་པའི་ཕུག་ན་ཟངས་མའི་ཁབ་གཉིས་གཤིབས་པ་ལྟར་གནས་ཏེ། དེ་གསུམ་ནི་ཕྲེང་བ་བཞིན་དུ་མ་འགྲུས་པར་ཀོར་ཀོར་པོར་གནས་སོ། །ལྕེ་ནི། ལྕེའི་རྩེ་མོའི་དབུས་ན་སྐྲའི་རྩེ་མོའི་ཁྱོན་ཙམ་ཞིག་དབང་པོས་མ་ཁྱབ་པས་ཟླ་གམ་ལྟ་བུ་སྟེ། སའི་རྩ་ལག་ལས། དེ་ནི་ཀླད་རྒྱ་འཛག་པའི་ལམ་ཡིན་པས་མེད་ན་ཡིག་འཆུ་ཞིང་དང་ག་མི་བདེ་བར་འགྱུར་རོ། །ཞེས་སོ། །ལུས་ནི། ཁྲབ་ཀྱི་བྱང་བུའམ་བྱ་རེག་འཇམ་གྱི་པགས་པ་ལྟ་བུར་གནས་ཞེས་ཁ་ཅིག་ཟེར་བ་དེ་ལྟར་ན་ནང་ན་དབང་པོས་མ་ཁྱབ་པར་འགྱུར་བས་དབང་རྟེན་གྱི་བཀོད་པ་ལྟར་གནས་སོ། །ཕོ་དང་མོའི་དབང་པོ་ནི། མཐེ་བོ་དང་རྔའི་སྦུབས་ལྟར་གནས་སོ། །མིག་དབང་གི་རྡུལ་ཕྲ་རབ་ནས་ལྕེ་དབང་གི་རྡུལ་ཕྲ་རབ་ཀྱི་བར་ནི་རྟེན་བཅས་དང་དེ་མཚུངས་ཡིན་ལ། ལུས་ཀྱི་རྡུལ་ཕྲ་རབ་རིལ་ནི་རྟེན་པ་དང་བཅས་པ་ནི་མེད་དེ། རབ་ཏུ་འབར་བའི་དམྱལ་མེའི་ནང་དུ་འཁོད་པའི་ལུས་ཀྱི་རྡུལ་ཕྲ་རབ་ཚད་མེད་པ་ནི་དེ་མཚུངས་ཡིན་ཏེ། ཐམས་ཅད་ཀྱིས་རྣམ་ཤེས་བསྐྱེད་ན་ལུས་ཞིག་པར་འགྱུར་ལ། ལོ་ཞེས་པ་ནི་མ་རངས་ཏེ་ལུས་ཀྱི་རྡུལ་ཕྲ་རབ་ཐམས་ཅད་རྟེན་བཅས་ཡིན་ཀྱང་ལས་དབང་གི་ལུས་མི་འཇོག་གོ་ཞེས་བསྟན་ཏོ། །བཞི་པ་རྟེན་གྱི་དུས་ངེས་པ་ནི། ཐ་མའི་རྟེན་འདས་ལྔ་རྣམས་ཀྱི། །དེ་དག་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་པས་བསྟན། སྒོ་ལྔའི་ཤེས་པ་དང་དྲུག་པའི་ཤེས་པ་ལ་རིམ་བཞིན་ཡུལ་ད་ལྟ་བ་དང་དུས་གསུམ་པ་ཡིན་པ་བཞིན་དུ་རྟེན་ཀྱང་དེ་ལྟར་ངེས་སམ་ཞེ་ན། མ་ཡིན་ཏེ། ཁམས་དེ་དག་ལས་ཐ་མ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ནི་འདས་པ་འགག་མ་ཐག་པའི་ཡིད་ཁོ་ན་ཡིན་གྱི་ད་ལྟ་བ་དང་མ་འོངས་པ་མ་ཡིན་ནོ། །རྣམ་ཤེས་ཀྱི་ཁམས་དང་པོ་ལྔ་པོ་རྣམས་ཀྱི་(༡༡༠ན)


K8Z006_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནི་མིག་ལ་སོགས་པ་རྣམ་ཤེས་དེ་དག་དང་ལྷན་ཅིག་སྐྱེས་པ་ད་ལྟ་བ་ཡིན་ནོ། །འང་གི་སྒྲས་ཡིད་འདས་པ་དེའང་སྒོ་ལྔའི་དབང་པོ་ད་ལྟ་བ་དང་ལྷན་ཅིག་སྐྱེས་པའི་དབང་པོ་ཅི་འདྲ་བ་དེ་འདྲ་བར་འདས་དུས་སུ་ཡོད་དོ་ཞེས་འཆད་ལ། བོད་ཁ་ཅིག་འང་སྒྲ་འདིའི་རང་འགྲེལ་དུ། དེ་ལ་མིག་གི་རྣམ་པར་ཤེས་པའི་ལྷན་ཅིག་སྐྱེས་པའི་རྟེན་ནི། མིག་ཡིན་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་ཡང་ཡིན་ལ། དེ་དག་གི་འདས་པའི་རྟེན་ནི་ཡིད་ཡིན་ཏེ། དེ་ལྟར་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དེ་དག་གི་རྟེན་ནི་དབང་པོ་གཉིས་གཉིས་ཡིན་ནོ། །ཞེས་བྱུང་བའི་ཕྱིར། བྱེ་སྨྲ་ཐུན་མོང་མིན་པའི་ལུགས་ལ། དབང་ཤེས་ལ་བདག་རྐྱེན་གཉིས་ཡོད་པར་བསྟན་པ་ཡིན་ཅེས་དོགས་པར་སྣང་ལ། ཁ་ཅིག་གིས་ནི་འགྲེལ་པར་རྟེན་དབང་པོ་གཉིས་གཉིས་ཞེས་པ་དབང་ཡིད་ལ་སོ་སོར་དབང་པོ་གཉིས་ཡོད་པ་ལ་དགོངས་ཀྱང་ཟེར་ལ། ཡང་ཕྱོགས་སྔ་མས་དབང་མངོན་གྱི་ཡིད་ཤེས་ཀྱི་བདག་རྐྱེན་བྱེད་པ་ལྟར་ཡིད་མངོན་གྱིས་ཀྱང་དབང་མངོན་གྱི་བདག་རྐྱེན་བྱེད་དེ་རྒྱུ་མཚན་མཚུངས་པའི་ཕྱིར། སེམས་ཙམ་པ་དག་ཀུན་གཞི་དང་འཇུག་ཤེས་ཕན་ཚུན་རྟོག་པ་མཚུངས་པ་རྒྱུ་རྐྱེན་དུ་བཞག་པ་བཞིན་ནོ། །དེ་ལྟར་མིན་ན་རྒྱལ་སྲས་མར། གང་གི་ཕྱིར། རྣམ་པར་ཤེས་པའི་ཚོགས་ལྔ་པོ་དབང་པོ་གཉིས་ཀྱི་རྟེན་ཅན་ཡིན་ཏེ། མིག་གི་དབང་པོ་ལ་སོགས་པའི་རྟེན་ཅན་དང་ཡིད་ཀྱི་དབང་པོའི་རྟེན་ཅན་དག་ཡིན་པའི་ཕྱིར། ཞེས་འབྱུང་བས། ལུང་དེ་ལ་གཞན་ཀྱོག་པའི་བཤད་ཐབས་ཅད་ཟད་ཀྱང་མི་རྙེད་པའི་ཕྱིར་ཞེས་དོགས་པར་སྣང་བས་དཔྱོད་ལྡན་དག་ལེགས་པར་དཔྱོད་པར་གྱིས་ཤིག །འཕགས་པ་ཐོགས་མེད་ཀྱིས་ནི། དྲུག་པ་ཡིད་ཤེས་ལའང་ལྷན་ཅིག་སྐྱེས་པའི་རྟེན་ཉོན་ཡིད་དང་འདས་(༡༡༠བ)


K8Z006_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་ཡིད་འདས་མ་ཐག་གཉིས་བཞེད་དེ། གཞན་དུ་ན་ལྔ་པོ་དག་དང་འདྲ་བ་མེད་པའི་སྐྱོན་དུ་འགྱུར་ཞེས་ཐེག་བསྡུས་ལས་བཤད་དོ། །སྤྱིར་ཁམས་དྲུག་ལ་བདག་རྐྱེན་ཡིན་ལ། དེ་མ་ཐག་རྐྱེན་མིན་པའི་མུ་ནི་མིག་སོགས་ལྔའོ། །དེ་མ་ཐག་རྐྱེན་ཡིན་ལ་དབང་པོ་མ་ཡིན་པ་ནི་ཡིད་སྔ་མ་དང་མཚུངས་ལྡན་གྱི་སེམས་བྱུང་འདས་མ་ཐག་པའོ། །དབང་པོ་དང་དེ་མ་ཐག་རྐྱེན་གཉིས་ཀ་ཡིན་པ་ནི་འདས་པའི་དེ་མ་ཐག་ཡིད་དོ། །གཉིས་ཀ་མིན་པ་ནི་ལྡན་མིན་འདུ་བྱེད་དང་ནམ་མཁའ་ལ་སོགས་པའོ། །ཡིད་ཀྱི་རྣམ་ཤེས་བསྐྱེད་པའི་དབང་དུ་བྱས་ཏེ་ཉན་ཐོས་ཀྱི་ལུགས་འདིར་མུ་བཞིར་ནི་བརྩིར་མེད་དེ། མུ་དང་པོ་མེད་པའི་ཕྱིར་ཏེ། ཡིད་འདས་མ་ཐག་པ་ཉིད་བཤད་མ་ཐག་པར་མུ་གསུམ་པ་ཅན་ཉིད་དུ་བཤད་པའི་ཕྱིར། ཐེག་ཆེན་པ་ལྟར་ན་ཡིད་ཀྱི་བདག་རྐྱེན་ཉོན་ཡིད་ལ་བཤད་པས་མུ་བཞི་བརྩིར་ཡོད་དོ། །ལྔ་པ་རྟེན་དང་བརྟེན་པའི་རྒྱུ་མཚན་ལ། རྟེན་ཉིད་དུ་འཇོག་པའི་རྒྱུ་མཚན་དང་། རྣམ་ཤེས་རྟེན་གྱིས་ཁྱད་པར་དུ་བྱེད་པའི་རྒྱུ་མཚན་ནོ། །དང་པོ་ནི། དེ་དག་གྱུར་པས་འགྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། །རྣམ་ཤེས་དེ་དབང་པོ་དང་ཡུལ་གཉིས་ཀ་ལས་སྐྱེ་ན་དབང་པོ་ཁོ་ན་རྟེན་དུ་འཇོག་པ་ཅི་ཞེ་ན། མིག་ལ་སོགས་པའི་དབང་པོ་དེ་དག་གྱུར་པས་རྣམ་ཤེས་འགྱུར་བ་ཉིད་ཀྱི་ཕྱིར་ཏེ། དབང་པོ་ལ་སྨན་དང་རྡུལ་ལ་སོགས་པའི་ཕན་གནོད་ལས་རྣམ་ཤེས་བདེ་སྡུག་དང་ལྡན་པར་སྐྱེ་བ་དང་། དབང་པོ་གསལ་མི་གསལ་ལས་རྣམ་ཤེས་ཀྱང་གསལ་བ་དང་མི་གསལ་བར་རྗེས་སུ་འགྲོ་ལྡོག་བྱེད་པ་ཉིད་ཀྱི་ཕྱིར། གཟུགས་སོགས་འགྱུར་བས་ནི་རྣམ་ཤེས་དེ་དག་འགྱུར་བར་མ་ངེས་པའི་ཕྱིར་རོ། །ཡུལ་སྡུག་མི་སྡུག་ལས་རྣམ་ཤེས་བདེ་སྡུག་དང་ལྡན་པར་འགྱུར་ལ། དེ་ལྟར་འགྱུར་བ་ནི་ཆགས་ཅན་དག་མཚུངས་ལྡན་ཉོན་མོངས་པས་རྣམ་ཤེས་འགྱུར་བ་ཡིན་གྱི། ཆགས་བྲལ་ལ་དེར་(༡༡༡ན)


K8Z006_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །ཡུལ་གསལ་ཡང་དབང་པོ་མི་གསལ་ན་རྣམ་ཤེས་མི་གསལ་ལ། དབང་པོ་གསལ་ན་ཡུལ་མི་གསལ་ཡང་དཔག་ཚད་དུ་མས་བར་ཆོད་པ་ལའང་མིག་ཤེས་སྐྱེ་ཞིང་། རྣ་བ་ལ་སོགས་པ་ལའང་དེ་དང་འདྲ་བ་ཉིད་དེ། བྱ་རྒོད་ཀྱི་མིག་ནི་རང་བཞིན་གྱིས་གསལ་བས་རོའི་གཟུགས་མི་གསལ་ཡང་དཔག་ཚད་དུ་མས་བར་དུ་ཆོད་པའི་མིག་ཤེས་སྐྱེ་ལ། རྣ་བ་ལ་སོགས་པ་ལ་ཡང་དེ་ལྟར་སྦྱར་རོ། །དེས་ན་མིག་ཤེས་ལ་སོགས་པའི་རྟེན་ནི་མིག་ལ་སོགས་པ་ཡིན་ནོ། །གཉིས་པ་ནི། དེ་ཕྱིར་ཐུན་མོང་མ་ཡིན་ཕྱིར། །དེ་དག་གིས་ནི་རྣམ་ཤེས་བསྟན། །ཞེས་པས་བསྟན། ཡང་དབང་ཡུལ་གཉིས་ཀས་བསྐྱེད་ན་དབང་ཤེས་ཞེས་བརྗོད་ཀྱི། ཡུལ་ཤེས་ཞེས་མི་བརྗོད་པ་ཅི་ཞེ་ན། མིག་ཤེས་སོགས་ཀྱི་རྟེན་དབང་པོ་དེ་དག་ཁོ་ན་ཡིན་པ་དེའི་ཕྱིར་རྒྱལ་པོའི་མི་བཞིན་དང་། རྒྱུད་གཅིག་ལ་བལྟོས་ནས་ཀྱང་གཟུགས་ནི་མིག་ཤེས་དང་ཡིད་ཤེས་ཀྱི་ཐུན་མོང་དང་མིག་ནི་མིག་ཤེས་ཁོ་ནའི་ཐུན་མོང་མིན་པའི་རྒྱུ་ཡིན་ལ། གཟུགས་ནི་རྒྱུད་གཞན་གྱི་ཡང་མིག་ཤེས་ཀྱི་རྒྱུ་དང་མིག་ནི་རྒྱུད་གཅིག་ཁོ་ནའི་མིག་ཤེས་ཀྱི་རྒྱུ་ཡིན་པས་ཐུན་མོང་མ་ཡིན་པའི་ཕྱིར་དབང་པོ་དེ་དག་གི་སྒོ་ནས་རྣམ་ཤེས་སུ་བསྟན་ཏེ་ནས་ཀྱི་མྱུ་གུ་དང་རྔའི་སྒྲ་ཞེས་པ་ལྟ་བུའོ། །དེས་ན་ཇི་སྐད་དུ། ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱས། །ཞེས་སོ། །དྲུག་པ་དབང་ཡུལ་རྣམ་ཤེས་དང་རྟེན་གྱི་ས་པའི་ངེས་པ་ལ། མིག་ལ་དངོས་སུ་སྦྱར་བ། རྣ་བ་དེ་དང་མཚུངས་པར་བསྟན་པ། སྣ་ལྕེ་ལུས་གསུམ་གྱི་ངེས་པ། ཡིད་ངེས་མེད་དུ་བསྟན་པའོ། །དང་པོ་ནི། ལུས་ལ་འོག་མའི་མིག་མ་ཡིན། །མིག་གི་གོང་མའི་གཟུགས་མ་ཡིན། །རྣམ་པར་ཤེས་པའང་དེ་ཡི་གཟུགས། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཡང་ལུས་གང་ལ་བརྟེན་ཏེ་མིག་གིས་གཟུགས་ལ་ལྟ་བ་ན། ཅི་ལུས་དང་མིག་དང་གཟུགས་དང་རྣམ་ཤེས་རྣམས་ས་གཅིག་ཁོ་ནའམ། གཞན་གྱི་ས་པའང་ཡིན་ཅེ་ན། འདོད་ཁམས་པས་རང་གི་མིག་གིས་རང་གི་ས་པའི་གཟུགས་ལ་(༡༡༡བ)


K8Z006_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བ་བཞི་པོ་ཐམས་ཅད་རང་གི་ས་པ་ཡིན་ནོ། །འདོད་ཁམས་པ་དེ་ཉིད་ཀྱིས་རང་སའི་གཟུགས་ལ་བསམ་གཏན་དང་པོའི་མིག་གིས་བལྟ་ན་ལུས་གཟུགས་གཉིས་རང་ས་པ་དང་། རྣམ་ཤེས་དང་མིག་ནི་བསམ་གཏན་དང་པོའི་ས་པའོ། །དེས་བསམ་གཏན་དང་པོའི་གཟུགས་ལ་བལྟ་ན་གཟུགས་ཀྱང་བསམ་གཏན་དང་པོའི་ས་པའོ། །འདོད་པ་རང་གི་གཟུགས་ལ་བསམ་གཏན་གཉིས་པའི་མིག་གིས་བལྟ་ན་ལུས་དང་གཟུགས་ནི་འདོད་ཁམས་པ་རང་ས་ཡིན་ལ། མིག་ནི་གཉིས་པའི་ས་པ་ཡིན་ཅིང་། མིག་ཤེས་ནི་བསམ་གཏན་དང་པོའི་ས་པའོ། །བསམ་གཏན་དང་པོའི་གཟུགས་ལ་བལྟ་ན་མིག་ཤེས་དང་གཟུགས་ནི་དང་པོའི་ས་པ་ཡིན་ལ། ལུས་ནི་འདོད་ཁམས་པ་དང་མིག་ནི་གཉིས་པའི་ཡིན་ནོ། །བསམ་གཏན་གཉིས་པའི་ས་པ་དག་གི་གཟུགས་ལ་བལྟ་ན་མིག་དང་གཟུགས་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ལ། ལུས་རྟེན་ནི་འདོད་པ་དང་། རྣམ་ཤེས་ནི་བསམ་གཏན་དང་པོའི་ཡིན་ནོ། །རྟེན་འདོད་པ་གཅིག་གིས་བསམ་གཏན་གསུམ་པའི་མིག་གིས་འདོད་པའི་གཟུགས་ལ་བལྟ་ན་རྟེན་དང་གཟུགས་འདོད་པ། མིག་བསམ་གཏན་གསུམ་པ། མིག་གི་རྣམ་ཤེས་བསམ་གཏན་དང་པོ། དང་པོའི་གཟུགས་བལྟ་ན་རྟེན་འདོད་པ། གཟུགས་དང་མིག་གི་རྣམ་ཤེས་དང་པོ། མིག་གསུམ་པ། གཉིས་པའི་གཟུགས་བལྟ་ན་རྟེན་འདོད་པ། གཟུགས་གཉིས་པ། མིག་གི་རྣམ་ཤེས་དང་པོ། མིག་གསུམ་པ། གསུམ་པའི་གཟུགས་ལ་བལྟ་ན་རྟེན་འདོད་པ། མིག་གི་རྣམ་ཤེས་དང་པོ། མིག་དང་གཟུགས་གསུམ་པ། རྟེན་འདོད་ཁམས་པའི་བསམ་གཏན་བཞི་པའི་མིག་གིས་འདོད་པའི་གཟུགས་ལ་བལྟ་ན་རྟེན་དང་གཟུགས་འདོད་པ། མིག་གི་རྣམ་ཤེས་(༡༡༢ན)


K8Z006_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། མིག་བཞི་པ། དང་པོའི་གཟུགས་ལ་བལྟ་ན་གཟུགས་དང་མིག་གི་རྣམ་ཤེས་དང་པོ། རྟེན་འདོད་པ། མིག་བཞི་པ། གཉིས་པའི་གཟུགས་ལ་བལྟ་ན་རྟེན་འདོད་པ། མིག་གི་རྣམ་ཤེས་དང་པོ། གཟུགས་གཉིས་པ། མིག་བཞི་པ། གསུམ་པའི་གཟུགས་ལ་བལྟ་ན་རྟེན་འདོད་པ། མིག་གི་རྣམ་ཤེས་དང་པོ། གཟུགས་གསུམ་པ། མིག་བཞི་པ། བཞི་པའི་གཟུགས་ལ་བལྟ་ན་རྟེན་འདོད་པ། གཟུགས་དང་མིག་བཞི་པ། མིག་གི་རྣམ་ཤེས་དང་པོའོ། །བསམ་གཏན་དང་པོར་སྐྱེས་པས་རང་གི་མིག་གིས་རང་གི་གཟུགས་ལ་བལྟ་ན་ཐམས་ཅད་རང་གི་ས་པ་ཡིན་ནོ། །འོག་འདོད་པར་བལྟ་ན་གསུམ་རང་ས་པ་ཡིན་ནོ། །རང་སའི་གཟུགས་ལ་བསམ་གཏན་གཉིས་པའི་མིག་གིས་བལྟ་བ་ན་གསུམ་ནི་རང་ས་པ་དང་མིག་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། །འདོད་པར་བལྟ་བ་ན་ལུས་དང་རྣམ་ཤེས་རང་ས། གཟུགས་ནི་འོག་ས། མིག་ནི་གཉིས་པའི་ས་པ་ཡིན་ནོ། །བསམ་གཏན་གཉིས་པ་བལྟ་ན་མིག་གཟུགས་དེའི་ས་པ་དང་། ལུས་དང་རྣམ་ཤེས་དང་པོའི་ས་པའོ། །རྟེན་བསམ་གཏན་དང་པོ་བ་གཅིག་གིས་གསུམ་པའི་མིག་བསྐྱེད་ནས་འདོད་པའི་གཟུགས་ལ་བལྟ་ན་རྟེན་དང་མིག་གི་རྣམ་ཤེས་བསམ་གཏན་དང་པོ། གཟུགས་འདོད་པ། མིག་གསུམ་པ། དང་པོའི་གཟུགས་བལྟ་ན་རྟེན་དང་གཟུགས་མིག་གི་རྣམ་ཤེས་གསུམ་དང་པོ། །མིག་གསུམ་པ། གཉིས་པའི་གཟུགས་ལ་བལྟ་ན་རྟེན་དང་མིག་གི་རྣམ་ཤེས་དང་པོ། གཟུགས་གཉིས་པ། མིག་གསུམ་པ། གསུམ་པའི་གཟུགས་ལ་བལྟ་ན་གཟུགས་དང་མིག་གསུམ་པ། མིག་གི་རྣམ་ཤེས་དང་རྟེན་དང་པོ། རྟེན་བསམ་གཏན་དང་པོ་བ་གཅིག་གིས་བཞི་པའི་མིག་བསྐྱེད་ནས་འདོད་པའི་(༡༡༢བ)


K8Z006_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ལ་བལྟ་ན་གཟུགས་འདོད་པ། མིག་གི་རྣམ་ཤེས་དང་རྟེན་དང་པོ། མིག་བཞི་པ། དང་པོའི་གཟུགས་ལ་བལྟ་ན་མིག་གི་རྣམ་ཤེས་དང་གཟུགས་དང་རྟེན་དང་པོ། མིག་བཞི་པ། གཉིས་པའི་གཟུགས་ལ་བལྟ་ན་མིག་གི་རྣམ་ཤེས་དང་རྟེན་དང་པོ། གཟུགས་གཉིས་པ། མིག་བཞི་པ། གསུམ་པའི་གཟུགས་ལ་བལྟ་ན་རྟེན་དང་མིག་གི་རྣམ་ཤེས་དང་པོ། གཟུགས་གསུམ་པ། མིག་བཞི་པ། བཞི་པའི་གཟུགས་ལ་བལྟ་ན་རྟེན་དང་མིག་གི་རྣམ་ཤེས་དང་པོ། མིག་བཞི་པའོ། །བསམ་གཏན་གཉིས་པ་ལ་སོགས་པར་སྐྱེས་པའི་མིག་རང་ས་པ་དང་། གཞན་གོང་ས་པ་གཉིས་ཏེ། དེ་རྣམས་ཀྱི་རང་ས་གཞན་གྱི་ས་པའི་གཟུགས་གོང་འོག་གཉིས་ལ་བལྟ་བ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །འདི་ནི་ངེས་པ་ཡིན་ཏེ་ལུས་དང་མིག་དང་གཟུགས་ནི་འདོད་པ་དང་བསམ་གཏན་བཞི་པའི་བར་ས་ལྔ་པ་སྟེ་བཞི་པའི་གོང་ན་གཟུགས་མེད་པའི་ཕྱིར། མིག་ཤེས་ནི་རྟོག་དཔྱོད་དང་བཅས་པས་འདོད་པ་དང་བསམ་གཏན་དང་པོའི་ས་པ་སྟེ་ས་གཉིས་པ་ཡིན་ནོ། །དེ་ལ་ས་གང་གི་ལུས་ཡིན་པ་དེ་ཉིད་ལ་རང་ས་དང་གོང་མའི་མིག་ཡིན་གྱི། ས་འོག་མའི་མིག་མངོན་དུ་བྱེད་པ་མ་ཡིན་ཏེ། སྐྱེས་ཐོབ་ཐམས་ཅད་ནི་རང་ས་དང་སྦྱོར་བྱུང་ནི་གོང་མ་ཁྱད་པར་ཅན་ལ་སྦྱོར་བྱུང་གི་མིག་མཆོག་ཡོད་བཞིན་དམན་པ་ལ་སྦྱར་བ་དགོས་པ་མེད་པའི་ཕྱིར། འཁོར་ལོས་བསྒྱུར་བ་གྲོང་མི་ཕལ་པའི་སྤྱོད་ཚུལ་ལ་མི་སྦྱོར་བ་དང་འདྲའོ། །རང་ས་པའམ་གོང་མའི་མིག་མངོན་དུ་བྱས་པའི་མིག་གི་ཡུལ་ནི། ས་དེའམ་འོག་མའི་མིག་གིས་གོང་མའི་གཟུགས་མཐོང་བར་ནུས་པ་མ་ཡིན་ཏེ། མིག་དེ་ཡུལ་རགས་པ་དང་འཚམས་ཤིང་གོང་མའི་གཟུགས་ཕྲ་བའི་ཕྱིར། ས་གོང་མའི་མིག་གི་རྣམ་པར་ཤེས་པའང་ས་འོག་མའི་མིག་ལ་བརྟེན་པ་མིན་ཏེ། གོང་མའི་རྣམ་ཤེས་མཆོག་ནི་འོག་(༡༡༣ན)


K8Z006_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མིག་ལ་མི་བརྟེན་པའི་ཕྱིར། སེང་གེའི་འོ་མ་རྫ་ལ་མི་བརྟེན་པ་ལྟ་བུའོ། །འོན་ཀྱང་འོག་ས་དང་རང་སའི་རྣམ་ཤེས་ནི་བརྟེན་པ་ཡིན་ནོ། །འདོད་པའི་རྣམ་ཤེས་ནི་བསམ་གཏན་དང་པོའི་མིག་ལ་བརྟེན་པ་མིན་ཏེ། རང་སར་རྣམ་ཤེས་མཆོག་ཡོད་པས་དགོས་པ་མེད་པའི་ཕྱིར། གཉིས་པ་ཡན་ནི་སྒོ་ལྔའི་རྣམ་ཤེས་མེད་པའི་དབང་དུ་བྱས་ནས་གཉིས་པ་ཡན་ཆད་གཟུགས་ལ་བལྟ་བ་ན་དང་པོའི་མིག་ཤེས་མངོན་དུ་བྱས་ནས་བལྟའོ། །བསམ་གཏན་དང་པོའི་མིག་ཤེས་དེའི་ཡུལ་དུ་ནི་གོང་འོག་དང་རང་སའི་གཟུགས་རིས་ཐམས་ཅད་འགྱུར་རོ། །དེ་ལྟར་ན་དང་པོའི་མིག་ཤེས་དམན་པས་ཡུལ་མཆོག་གོང་མའི་གཟུགས་མངོན་དུ་མི་བྱེད་སྙམ་ན། གོང་མའི་མིག་མཆོག་ལ་བརྟེན་ནས་ཡུལ་དུ་བྱེད་རུང་སྟེ། མི་ཕལ་པས་ཀྱང་རྒྱལ་པོ་ལ་བརྟེན་ནས་ཕ་རོལ་སྟོབས་ལྡན་གཞོམ་ནུས་པ་ལྟ་བུའོ། །འདི་ནི་སྤྱི་རིགས་ཀྱི་དབང་དུ་བྱས་ཀྱི་ཁྱད་པར་ནི་འདོད་པའི་མིག་ཤེས་ནི་རང་སའི་གཟུགས་ཁོ་ན་མཐོང་གི། གོང་མའི་གཟུགས་མཐོང་བ་མེད་དེ། དེ་ནི་དེ་ལ་བསྐལ་དོན་ཅན་དུ་སོང་བའི་ཕྱིར་རོ། །དེས་ན་དང་པོ་ཉིད་ཀྱི་མིག་ལ་བརྟེན་པའི་ཚེ་འདོད་པ་དང་དང་པོའི་གཟུགས་མཐོང་པ་ནས་བཞི་པའི་མིག་ལ་བརྟེན་པའི་ཚེ་ས་ལྔ་ཆར་གྱི་གཟུགས་མཐོང་ངོ་། །ས་ལྔ་པའི་ལུས་ཁོག་པ་ཉིད་ཀྱི་ཡང་ས་ལྔའི་གཟུགས་ཐམས་ཅད་མཐོང་བའི་རྟེན་དང་། ཡང་རང་ས་དང་གོང་འོག་ས་ལྔ་པོའི་ལུས་ཐམས་ཅད་ཀྱིས་ས་ལྔའི་གཟུགས་དང་པོའི་མིག་ཤེས་གཉིས་ཀ་བསྐྱེད་དུ་རུང་བ་ཡིན་ཏེ། འདོད་པའི་ལུས་ལ་བརྟེན་ནས་འདོད་པའི་གཟུགས་ལ་འདོད་པའི་རྣམ་ཤེས་ཀྱིས་བལྟ་བ་དང་། ས་ལྔའི་ལུས་གང་རུང་ལ་གནས་ཏེ་ས་ལྔའི་གཟུགས་ལ་བསམ་གཏན་དང་པོའི་རྣམ་ཤེས་དེ་བསམ་གཏན་བཞིའི་མིག་སོགས་ལ་ཅི་རིགས་(༡༡༣བ)


K8Z006_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྟེན་པས་བལྟར་རུང་བའི་ཕྱིར། གཉིས་པ་ནི། རྣ་བའང་དེ་བཞིན། མིག་ལ་བཤད་པ་ལྟར་རྣ་བ་ལའང་དེ་བཞིན་དུ་སྦྱར་བ་ནི། འདི་སྐད་དུ། ལུས་ལ་འོག་མའི་རྣ་བ་མིན། །རྣ་བས་གོང་མའི་སྒྲ་མ་ཡིན། །རྣམ་པར་ཤེས་ཀྱང་དེ་ཡི་སྒྲ། །ལུས་ཀྱིའང་གཉིས་ཀ་ཐམས་ཅད་དུ། །ཞེས་སྦྱར་ཏེ་ལུས་དང་རྣ་བ་དང་སྒྲ་ནི་འདོད་པ་ནས་བཞི་པའི་བར་གྱི་ས་ལྔ་པ་ཡིན་ལ། རྣ་བའི་རྣམ་ཤེས་ནི་འདོད་པ་དང་བསམ་གཏན་དང་པོ་སྟེ་ས་གཉིས་པའོ། །དེ་ལ་ས་གང་གི་ལུས་ཡིན་པ་དེ་ལ་ས་དེ་པའམ་གོང་མའི་རྣ་བ་ཡིན་གྱི་ས་འོག་མ་པ་ནི་མ་ཡིན་ནོ། །རྣ་བའི་ཡུལ་ནི་དེའི་ས་པའམ་འོག་མའི་སྒྲ་ཡིན་གྱི་གོང་མའི་སྒྲ་ནི་མ་ཡིན་ནོ། །གོང་མའི་རྣམ་པར་ཤེས་པ་ནི་འོག་མ་རྣ་བ་ལ་མི་བརྟེན་ཏེ་འོག་མའི་རྣ་བའི་ཡུལ་དུ་གོང་མའི་སྒྲ་མི་བརྟེན་པ་བཞིན་ཡིན་ལ། བཤད་མ་ཐག་པའི་རྣ་བའི་རྣམ་ཤེས་འདིའི་ཡུལ་ནི་གོང་འོག་དང་རང་སའི་སྒྲ་ཐམས་ཅད་ཡིན་ལ། ལུས་ཀྱིའང་སྒྲ་དང་རྣམ་ཤེས་གཉིས་ཐམས་ཅད་དུ་ཡིན་ནོ། །གསུམ་པ་[སྣ་ལྕེ་ལུས་གསུམ་གྱི་ངེས་པ་]ལ། སྤྱིར་བཏང་བ་དང་། དམིགས་གྱིས་བསལ་བ་ལས། དང་པོ་ནི། གསུམ་དག་ནི། །ཐམས་ཅད་རང་གི་ས་པ་ཉིད། །སྣ་ལྕེ་ལུས་ཀྱི་ཁམས་གསུམ་པོ་དག་གིས་ནི་ཡུལ་དང་འཕྲད་ནས་འཛིན་པས་ཆོད་པ་དང་རྒྱང་རིང་པོ་ཡུལ་དུ་བྱེད་པའི་མངོན་ཤེས་མེད་པའི་ཕྱིར། རྟེན་དང་དབང་པོ་དང་ཡུལ་དང་རྣམ་ཤེས་ཐམས་ཅད་རང་གི་ས་པ་ཉིད་ཡིན་ནོ། །དྲན་པ་ཉེར་བཞག་གི་མདོ་ལས། སྣ་སྤྲུལ་ནས་དཔག་ཚད་ལྔ་བརྒྱའི་དྲི་ཚོར། ཞེས་བཤད་ཀྱང་ཟེར་རོ། །གཉིས་པ་ནི། ལུས་ཀྱི་རྣམ་ཤེས་འོག་དང་ནི། །རང་གི་ས། ཐམས་ཅད་དེ་ལྟར་ཡིན་ནམ་ཞེ་ན། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། བསྟན་བཅོས་ཀུན་ལ་གཅེས་པའི་དོན་ཡིན་པས་བསམ་གཏན་གཉིས་པ་ཡན་ཆད་ཀྱི་རེག་བྱ་འཛིན་ན་ལུས་ཀྱི་རྣམ་ཤེས་ནི་འོག་མ་བསམ་གཏན་དང་པོའི་ས་པ་འདྲེན་པར་བྱེད་དོ། །དང་ནི་ཞེས་པ་འབྱེད་སྡུད་ཀྱི་ཚིག་གོ། །(༡༡༤ན)


K8Z006_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང་བསམ་གཏན་དང་པོ་པའི་རེག་བྱ་རེག་པ་ན་རང་གི་སའི་རྣམ་ཤེས་ཀྱིས་འཛིན་ནོ། །བཞི་པ་[ཡིད་ངེས་མེད་དུ་བསྟན་པ་]ནི། ཡིད་མ་ངེས་ཏེ། །ཡིད་དང་ཆོས་དང་ཡིད་ཀྱི་རྣམ་ཤེས་དང་གསུམ་ནི་ས་ཐམས་ཅད་ན་ཡོད་ཅིང་། རྟེན་ནི་ལུས་ལ་བྱས་ནས་ལྔ་པ་དང་། རྒྱུད་ལ་བྱས་ནས་དགུ་པ་ཡིན་ལ། འདི་ནི་མིག་ལ་སོགས་པ་ལྟར་ས་གོང་འོག་མ་ངེས་ཏེ། རེས་འགའ་ནི་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ཆོས་དག་དང་མཚུངས་པའི་ས་པ་ཡིན་ལ། རེས་འགའ་ནི་ས་གོང་མ་པ་དང་འོག་མ་པ་དག་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་ས་ལྔ་པོའི་ལུས་ལ་ཡང་སྙོམས་པར་འཇུག་པ་དང་། སྐྱེ་བའི་ཚེ་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ནི་འདོད་པ་ན་སྤྱོད་པ་ནས་སྲིད་རྩེའི་བར་ས་ཐམས་ཅད་པ་ཡིན་ཏེ། འདི་ལྟར་འདོད་ཁམས་སུ་སྐྱེས་པ་ཞིག་གལ་ཏེ་འདོད་པ་ན་སྤྱོད་པའི་ཡིད་ཀྱི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་ཆོས་མ་དམིགས་པའི་ཡིད་ཀྱི་རྣམ་ཤེས་ཁོ་ན་བསྐྱེད་ན་ཐམས་ཅད་འདོད་པ་ན་སྤྱོད་པ་ཁོ་ན་ཡིན་ལ། གལ་ཏེ་གོང་མ་ནས་འདོད་ཁམས་སུ་སྐྱེ་བའི་ཚེའམ། འདོད་ཁམས་པ་ཞིག་སྙོམས་པར་འཇུག་པའི་བསམ་གཏན་དང་པོའི་ས་པ་ནས་སྲིད་རྩེའི་ས་པའི་བར་ལས་ལངས་ནས་ཅི་རིགས་པར་དེ་ཁོ་ན་བཞིན་དུ་འདོད་ཁམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ན་ནི། ཡིད་ནི་ས་གོང་མ་དེ་དག་གི་འདས་མ་ཐག་པ་ཡིན་ནོ། །ཆོས་དང་ཡིད་ཀྱི་རྣམ་ཤེས་ནི་འདོད་པ་ན་སྤྱོད་པ་ཡིན་ནོ། །ཅི་འདོད་པའི་ཁམས་འདི་ཉིད་ནས་གོང་མ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེད་པར་བྱེད་ན་ནི། དམིགས་པ་དང་པོའི་ས་པ་ནས་སྲིད་རྩེའི་བར་གྱི་ཆོས་རྣམས་ཡིན་པས་ཆོས་ནི་ས་དེ་དག་གི་ས་པ་ཡིན་ནོ། །ཡིད་དང་རྣམ་ཤེས་ནི་འདོད་ཁམས་པའོ། །དེ་བཞིན་བསམ་གཏན་དང་པོ་ནས་སྲིད་རྩེར་སྐྱེས་པའི་བར་ལ་ཅི་རིགས་པར་བརྗོད་པར་བྱའོ། །(༡༡༤བ)


K8Z006_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གིས་ནི། མིག་དང་ནི། རྣམ་ཤེས་ཁམས་དག་སོ་སོ་དང་། །ལྷན་ཅིག་ཏུ་ཡང་ཐོབ་པ་ཡོད། །ཅེས་པའི་ཞར་ལ་བཤད་པའོ། །ལྔ་པ་རྣམ་ཤེས་གང་གི་ཡུལ་ཡིན་པ་ནི། གཉིས་ཀྱི་རྣམ་ཤེས་ཕྱི་ཡི་ལྔ། །ཁམས་བཅོ་བརྒྱད་པོ་དག་རྣམ་ཤེས་དྲུག་པོ་གང་གིས་ཤེས་པར་བྱ་ཞེ་ན། རྣམ་ཤེས་གཉིས་ཀྱིས་ཕྱི་ཡི་ལྔ། །ཞེས་འགྱུར་བཅོས་ཏེ། མིག་དང་ཡིད་ཤེས་གཉིས་ཀྱིས་གཟུགས་ནས་རེག་བྱའི་བར་དུ་ཡུལ་དུ་བྱས་ཏེ་ཤེས་པར་བྱེད་དོ། །ནང་གི་བཅུ་གཉིས་དང་ཆོས་ནི་ཡིད་ཤེས་ཁོ་ནས་ཡུལ་དུ་བྱས་ཏེ་ཤེས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར། མདོ་ལས། དགེ་སློང་དག་གཟུགས་ཤེས་པའི་ཤེས་པ་དེ་ནི་རྣམ་པ་གཉིས་ཏེ། དབང་པོ་ལ་བརྟེན་པ་དང་། ཡིད་ལ་བརྟེན་པའོ། །ཞེས་འབྱུང་ངོ་། །འོ་ན་འདིར་གཟུགས་སོགས་འཛིན་པའི་ཡིད་མངོན་རྟོག་མེད་བཤད་བཞིན་དུ། རྒྱལ་བའི་དབང་པོ་ཀརྨ་པ་བདུན་པས་ཚད་མའི་བསྟན་བཅོས་སུ། བྱེ་བྲག་ཏུ་སྨྲ་བ་རྣམས་ཡིད་ཀྱིས་མངོན་སུམ་ཁས་ལེན་པའི་ངེས་པ་མེད་དེ། མཛོད་ལ་སོགས་པ་དེ་དག་གི་གཞུང་གི་ཆ་གང་དུའང་ཡིད་མངོན་ཡོད་པར་གསལ་བར་མ་གསུངས་པའི་ཕྱིར་ཞེས་འབྱུང་བ་ཅི་ཞེ་ན། དེ་ལྟར་འབྱུང་བ་ནི་གཟུགས་སོགས་འཛིན་པའི་རྟོག་མེད་ཡིད་མངོན་སངས་རྒྱས་པ་ལ་གྲགས་པ་ཙམ་དུ་ཟད་ཀྱང་། དེ་ལྟར་ཡོད་པའི་རིགས་པ་ཚད་མ་མཛོད་རྩ་འགྲེལ་ལ་སོགས་པར་འཆད་དཀའ་སྟེ། དེ་ལྟ་བུ་མྱོང་བའི་མངོན་སུམ་ཚད་མ་ཡང་དག་པ་མེད་པའི་ཕྱིར། ཞེས་དགོངས་སོ། །དྲུག་པ་རྟག་མི་རྟག་གི་རྣམ་པ་ནི། འདུས་མ་བྱས་ཆོས་རྟག་པའོ། །ཁམས་བཅོ་བརྒྱད་ལས་རིལ་པོར་རྟག་པ་ནི་མེད་ཅིང་། འདུས་མ་བྱས་ཀྱི་ཆོས་ནི་རྟག་པའོ། །དེ་ལྟའི་རྟག་པ་འདི་རྫས་ལྡན་དང་ཟློས་སོ་ཞེ་ན། འདིར་མི་རྟག་པ་བཅད་ཙམ་གྱི་སྐྱེ་འཇིག་མེད་པའི་འདུས་མ་བྱས་ཙམ་གྱི་རྟག་པ་མདོ་སྡེ་པས་ཁས་ལེན་པ་དེ་བསྟན་པའི་ཆེད་དུ་ཡིན་ལ། (༡༡༥ན)


K8Z006_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལྡན་ནི་རྟག་པ་གང་ཞིག་དངོས་པོར་གྱུར་པ་བྱེ་སྨྲ་ཁོ་ནའི་འདོད་པ་དེ་བསྟན་པའི་ཕྱིར་ཟློས་པ་མེད་དོ། །ལྷག་མ་ཕྱེད་དང་བཅོ་བརྒྱད་ནི་འདུས་བྱས་སྐྱེ་འཇིག་ཡོད་པ་ཅན་གྱིས་མི་རྟག་པར་གྲུབ་བོ། །བདུན་པ་དབང་པོ་ཡིན་མིན་གྱི་རྣམ་པ་ནི། ཆོས་ཀྱི་ཕྱེད་དང་གང་དག་ནི། །བཅུ་གཉིས་ནང་གིར་བཤད་དབང་པོ། །གནས་གཉིས་པ་དབང་པོ་འཆད་པའི་མཚམས་སྦྱོར་གྱི་ཆེད་དང་ཆོས་ཀྱི་མཚན་ཉིད་ཀྱང་རྟོགས་པའི་ཆེད་དུ། མདོ་ལས། མིག་རྣ་སྣ་ལྕེ་ལུས་ཡིད་ཕོ་མོ་སྲོག་དང་། བདེ་བ་དང་། སྡུག་བསྔལ་བ་དང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་དང་། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་དང་། མི་ཤེས་ཀུན་ཤེས་བྱེད་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་ལྡན་པའི་དབང་པོ་དང་ཉེར་གཉིས་གསུངས་པ་ལས། དེ་དག་ལས་དབང་པོ་ཡིན་པ་དང་མིན་པ་དུ་ཞེ་ན། ཁམས་བཅོ་བརྒྱད་ལས་ཆོས་ཁམས་ཀྱི་ཕྱེད་སྲོག་ཚོར་བ་ལྔ་དད་སོགས་ལྔ་སྟེ་བཅུ་གཅིག་དང་། ཟག་མེད་ཀྱི་དབང་པོ་གསུམ་དང་། དད་སོགས་དབང་ལྔ། ཚོར་བ་བདེ་བ་ཡིད་བདེ་བཏང་སྙོམས་གསུམ་ཡིད་ཀྱི་དབང་པོ་དགུ་ལ་བཏགས་པའི་ཡིད་མ་གཏོགས་པའི་རྫས་བརྒྱད་ཆོས་ཀྱི་ཁམས་དག་ནི་དབང་པོ་ཡིན་པ་དང་། ཁམས་གང་དག་ནི་ནང་གིར་བཤད་པའི་མིག་སོགས་ལྔ་དང་། ཡིད་ཀྱི་དབང་པོ་སེམས་ཁམས་བདུན་ཏེ་བཅུ་གཉིས་ནི་དབང་པོ་ཡིན་ནོ། །ལུས་ཀྱི་ཕྱོགས་གཅིག་ཕོ་མོའི་དབང་པོའོ། །ལྷག་མ་གཟུགས་སོགས་ཕྱིའི་ཁམས་ལྔ་དང་ཆོས་ཀྱི་ཕྱེད་ནི་དབང་པོ་མ་ཡིན་པར་གྲུབ་བོ། །འདིར་སྨྲས་པ། འཁོར་བའི་གནས་ལ་འཇིགས་པར་མ་མཐོང་སྲིད་པ་ན། །ལན་གཅིག་མིན་པར་བདེ་བར་ཞུགས་ནས་ཟབ་མོ་ཡི། །གཞུང་ལུགས་སྣ་ཚོགས་ཡིད་ལ་ཆུབ་ཅིང་འགྲེལ་བྱེད་པ། །དྭགས་པོའི་(༡༡༥བ)


K8Z006_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ལས་བྱུང་ཀརྨ་པ་ཡིས་སོ། །འཆད་ན་འཁྲུལ་པ་མེད་པར་སྟོན་པ་དང་། །རྩོད་ན་ལོག་རྟོག་མ་ལུས་འབྱིན་བྱེད་ཅིང་། །རྩོམ་ན་ནོར་བ་མེད་པའི་ཕྱི་མོ་སྟེ། །རྣམ་དག་སྙིང་པོ་འདི་ལ་ཕྱག་བྱོས་ཤིག །བློ་གྲོས་སྒྲིབ་པ་བྲལ་བའི་མིག་ཕྱེ་སྟེ། །དད་ཅན་བདེ་བར་འདྲེན་པའི་ཐབས་ཤེས་ཀྱང་། །སྐལ་མེད་བློ་གྲོས་བླུན་པོའི་ཁུར་ཆེན་གྱིས། །རིང་མོ་ཞིག་ནས་དུབ་ལ་ངས་ཅི་བྱ། །ཞེས་སོ། །གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། ཁམས་བསྟན་པ་ཞེས་བྱ་བ་སྟེ་གནས་དང་པོའོ། །དམ་པའི་དགའ་སྟོན་ལྷོད་པོར་འགྱེད་བྱེད་ཅིང་། །འགྲོ་ཀུན་སྒྲོལ་བའི་ཐེག་པ་ཁུར་ཁྱེར་བ། །རབ་ཡངས་མཁྱེན་བརྩེའི་དབང་ཕྱུག་བཀའ་བརྒྱུད་དཔལ། །ཡོངས་འཛིན་ཀརྨ་ཕྲིན་ལས་པ་དེ་དྲན། །འདི་ན་རང་བློས་གཟུ་ལུམ་མ་ཡིན་པར། །ཐེག་པ་གསུམ་གྱི་གྲུབ་པའི་རིམ་པ་ལ། །བློ་གྲོས་རྣམ་པར་དཀར་བ་གཏིང་ཚུགས་པས། །རྒྱ་ཆེན་ལུང་དོན་ཟབ་དགུ་དགྲོལ་བར་བྱ། །


previousགནས་དང་པོ་ཁམས་བསྟན་པ།next