གནས་གསུམ་པ། འཇིག་རྟེན་བསྟན་པ།
དམ་པ་རྣམས་ཀྱི་མཁྱེན་པ་ཚད་མ་ནི། །གནོད་པ་གང་གིས་བསླུ་བར་མི་ནུས་པས། །གཡུང་དྲུང་ཆེན་པོ་ལུས་པ་མེད་པ་ཡི། །འབྱུང་གནས་ཀརྨའི་ཕྲིན་ལས་པ་དེ་དྲན། །བདག་ནི་ངེས་པར་ལེགས་པའི་ལམ་གྱི་དངོས། །ཡོན་ཏན་དཔག་ཏུ་མེད་པའི་ལྷུམས་སུ་ལྷུང་། །དེ་ཕྱིར་ཀུན་མཁྱེན་འབྲས་བུར་ནམ་སྨིན་ཅེས། །ཡིད་ལ་བཟླས་པ་བོར་བའི་གོ་སྐབས་མེད། །དེ་ཕྱིར་ཐེག་པའི་བྱེ་བྲག་ཕྲ་མོ་ཡི། །ཞིབ་མོ་གང་དག་རིམ་བཞིན་འདི་ན་དབྱེ། །ཞེས་ཚིགས་སུ་བཅད་པས་མཚམས་སྦྱར་ནས། གསུམ་པ་འཇིག་རྟེན་བསྟན་པའི་གནས་ཀྱི་དོན་ལ་གཉིས་ལས། དང་པོ་གནས་ཀྱི་གཞུང་བཤད་པ་ལ་གཉིས། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནོ། །དང་པོ་ལ་ལྔ། སེམས་ཅན་སྐྱེ་བ་པོ་འགྲོ་བའི་དབྱེ་བ། སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན། སྐྱེས་པ་གནས་པའི་རྐྱེན། གནས་པ་འཆི་འཕོ་བའི་སེམས། སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བའོ། །དང་པོ་ལ་གསུམ། ཁམས་གསུམ་དུ་དབྱེ་བ། འགྲོ་བ་ལྔར་དབྱེ་བ། སྐྱེ་གནས་བཞིར་དབྱེ་བའོ། །དང་པོ་ལ་གསུམ། འདོད་ཁམས། གཟུགས་(༢༠༩ན)
ཁམས། གཟུགས་མེད་ཁམས་ཀྱི་དབྱེ་བའོ། །དང་པོ་ལ། སྤྱིར་དབྱེ་བ་དང་། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་རྣམས་དང་ནི་ལྷ་དྲུག་དག །འདོད་པའི་ཁམས་ཡིན། ཁམས་གསུམ་པའི་སེམས་བསྟན་ནས། ཁམས་གསུམ་པོ་དེ་དག་གང་ཞེ་ན། གནས་འདིས་བསྟན་པར་བཞེད་ལ། དོན་གྱི་འབྲེལ་ནི། དམིགས་ཡུལ་བདེན་བཞི་ལས་ཐར་འདོད་ཀྱི་གང་ཟག་གིས་དང་པོར་སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་མཚན་གཞི་ཁོང་དུ་ཆུད་པར་བྱས་ལ་སྐྱོ་བར་བྱའོ། །ཞེས་པའོ། །དེ་ལ་མཚན་ཉིད་ནི། སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་ཅི་རིགས་པར་སྡུག་བསྔལ་ཞིང་འཕགས་པ་དང་མི་མཐུན་པ་ཡིན་ལ། མཚན་གཞི། གང་སྐྱེ་བ་སེམས་ཅན་དང་། གང་དུ་སྐྱེ་བ་སྣོད་ཀྱི་འཇིག་རྟེན་ཏེ། དང་པོ་ནི། ཐུན་མོང་མ་ཡིན་པའི་ལས་ལས་གྲུབ་པ་ཁམས་དང་འགྲོ་བ་དང་སྐྱེ་གནས་ལ་སོགས་པ་ཐ་དད་པའི་སེམས་ཅན་གྱི་ཚོགས་ཀྱི་ཁམས་འོག་མ་གཉིས་ནི་རྟེན་པས་བསྡུས་པ་ཡིན་ལ། གོང་མ་ནི་མ་ཡིན་ནོ། །གཉིས་པ་ནི། ཐུན་མོང་གི་ལས་ལ་གྲུབ་པའི་འོག་གཞིར་གནས་པ་དང་། རི་དང་མཚོ་ལ་སོགས་པའི་སྣོད་ཁམས་གཉིས་ཀྱི་རྟེན་དུ་གྱུར་པ་ཡིན་ནོ། །ངེས་པའི་ཚིག་ནི། ཁ་ཅིག་སྣོད་འཇིག་པའི་རང་བཞིན་ཅན་ལ་བཅུད་བརྟེན་པས་སོ་ཞེས་པ་ནི། གང་རུང་རེས་སྒྲ་མི་ཐོབ་པར་འགྱུར་བས། ལོ་ཀ་ཞེས་པའི་སྒྲ་ལས་དྲངས་ན་འཇིག་ཅིང་ཉམས་པས་འཇིག་རྟེན་ནོ། །ཅི་འཇིག་རྟེན་ཐམས་ཅད་སྡུག་བསྔལ་ཡིན་ནམ་ཞེ་ན། སློབ་དཔོན་འཕགས་པ་ནི། ལས་དང་ཉོན་མོངས་པའི་དབང་གིས་བྱུང་བ་མ་དག་པའི་འཇིག་རྟེན་ནི་སྡུག་བསྔལ་ཡིན་ལ། སྨོན་ལམ་དང་དགེ་བའི་རྩ་བའི་དབང་གིས་བྱུང་བ་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ནི་སྡུག་བསྔལ་མ་ཡིན་གྱི། ལམ་བདེན་གྱིས་བསྡུས་པར་བཞེད་དེ། བསྡུ་བ་ལས། དེ་དག་ཏུ་བྱང་ཆུབ་སེམས་(༢༠༩བ)
དཔའ་ས་གསུམ་པར་ཆུད་པ་དག་ཀྱང་སྨོན་ལམ་གྱིས་སྐྱེའོ། །ཞེས་སོ། །དེ་ནི་ཐེག་པ་ཆེན་པོ་པའི་གྲུབ་པའོ། །སྡེ་པ་གཉིས་ནི། ལུས་དང་སྣོད་ཕུན་སུམ་ཚོགས་པ་གསེར་གྱི་ཁ་དོག་དང་འོད་དང་རྫུ་འཕྲུལ་དང་ལྡན་པ་ལ་སོགས་དང་། བཻ་ཌཱུཪྱའི་ས་གཞི་དང་། གསེར་གྱི་བྱེ་མ་བརྡལ་བ་ལ་སོགས་ཡོད་ཀྱང་ཕྱིའི་སྐྱེ་མཆེད་ཡིན་པས་སྡུག་བསྔལ་ཁོ་ན་སྟེ། ལུང་ལས། དེ་གསུམ་ཟག་བཅས་ཟག་པ་མེད། །ལྷག་མ་རྣམས་ནི་ཟག་བཅས་སོ། །ཞེས་འབྱུང་བའི་ཕྱིར། འོན་ཀྱང་སྡུག་བསྔལ་གྱི་སྡུག་བསྔལ་དང་མི་ལྡན་པ་ལ་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ཞེས་བཞེད་དོ། །ད་ནི་དངོས་དོན་ལ་འཇུག་སྟེ། རྒྱུ་བསོད་ནམས་མིན་པས་འཁྲིད་ཅིང་འབྲས་བུ་ཡིད་དུ་འོང་བ་ཅུང་ཟད་ཀྱང་མེད་ལ། རྣམ་སྨིན་ཕྱུངས་མ་ཟིན་གྱི་བར་སྐྱབས་མི་རྙེད་པའི་ཕྱིར་དམྱལ་བ། (ནྲྀ་ཚུལ་འཆོས་པ་ལའོ་ཞེས་པའི་བྱིངས་ལ། རྐྱེན་བུ་བྱིན་པ་དེ། ཡུ་བུ་ཛྷ་རྣམས་ནི། ཨ་ན་ཀ་ཨཱནྟ་རྣམས་ཞེས་པས་བུ་ཨ་ཀར་བསྒྱུར། ནཱ་མིན་མཐའི་བྱིངས་དང་བི་ཀ་ར་དག་གི་ཡོན་ཏན་ཞེས་པས་བྱིངས་ལ་ཡོན་ཏན་ཨར་བྱས་པ་ལ། གསལ་བྱེད་དབྱངས་མེད་དྲངས་པས་ན་ར་ཀ་ཞེས་པ་དོན་དུ་ཚུལ་འཆོས་པའམ་སྨད་པའི་མིང་ངོ་། །མཆན།) ཕྱིར་མི་ལྡོག་པར་སོང་ཞིང་སྐོམ་པས་ནོན་པས་ཡི་དྭགས། (ཨིན་འགྲོ་བའི་བྱིངས་ལ། ཨི་ཎའི་གའོ་ཞེས་པས་ཎ་དབྱི། ཉེར་བསྒྱུར་པྲ་སྔོན། སི་མི་ཟད་པ་ལས་འཇིག །ཀྟ་དང་ཀྟ་ཝནྟུ་དག་ནི་ཥྛའོ་ཞེས་པས་ཀྟ་བྱིན། ཀ་ལ་ཡཎ་བཞིན་ཏེ་ཡལ་བརྗོད་པ་བོར་བའོ་ས་ཀ་དབྱི། དེ་ལྟར་བྱས་པས་ཏ་བྱུང་བས། ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་ཞེས་པས་རྟགས་མཐའི་ཨེ་ཕ་རོལ་དབྱིབས་པྲེ་ཏ་རབ་ཏུ་འགྲོ་བའོ། །མཆན།) དུད་དེ་འགྲོ་བས་དུད་འགྲོ་དང་། (ཏི་རས་སྔ་མ་ཅན་གྱིས་ཨཱཉྩ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག །བྱིངས་མཐའི་ཨ་བརྗོད་དོན། །ཨཱཉྩ་ཏི་ལལ་འཁྱོག་པོར་འགྲོ་བར་བྱེད་དོ་ཞེས་པས་ཀཱི་པྲ༔ རྐྱེན་ཀཱི་པུ་འཁོར་བཅས་དབྱི། ས་ཧ་ས་ན་ཏི་རས་རྣམས་ཀྱི་ཞེས་པས་
ཏི་རས་ཏི་རུ་བསྒྱུར། ཨིའི་ཡི་གེ་འདྲ་བའི་ཡི་གེ་མིན་པ་ལ་ཡ་སྟེ་ཞེས་པས་ཨི་རུ་བསྒྱུར། གསལ་བྱེད་དབྱངས་མེད་དྲངས་པས། ཏིརྱ་ཉྩ་ཞེས་འཁྱོག་པོར་འགྲོ་བའོ། །མཆན།) མི་རྣམས་དང་ནི་ཞེས་པས། (མ་ན་ཤེས་པ་ལའོ་ཞེས་པའི་བྱིངས་བཞག་ནས་སྱ་རྐྱེན། ཏན་སོགས་ལས་ཨུའོ་ཞེས་པས་བར་དུ་ཨུ་བི་ཀ་ར་ཎ་བྱིན། གསལ་བྱེད་དབྱངས་མེད་དྲངས་པས་མ་ནུ། རྒྱུ་མཚན་ལས་རྐྱེན་དང་རྣམ་འགྱུར་དང་ཨཱ་གམ་ལ་གནས་པའི་ས་ནི་ཥ་ཉིད་དོ། །ཞེས་པས་ས་ཥ་རུ་བསྒྱུར་ནས་སྦྱར་བས། མ་ནུ་ཥྱ་ཞེས་ཡིད་དང་ལྡན་པ་སྟེ་བློ་གྲོས་ཀྱི་ནོར་དང་ལྡན་པའི་དོན་ཏོ། །མཆན།) ཡིད་ཤས་ཆེ་བས་དང་། འཇིག་རྟེན་པ་རྣམས་ཤེད་བུ་ཡིན་པས་ཀྱང་མིར་བརྗོད་དོ། །གཞལ་ཡས་ཁང་ལ་བརྟེན་པའི་ལྷ་རྣམས་ཁྱིམ་ནམ་མཁའ་ལ་ཡོད་པ་དང་། འདོད་པའི་ལྷ་དག་ཟས་སུ་བདུད་རྩི་ཟ་བ་དང་། གཟུགས་ཅན་རྣམས་སུ་ལུས་ལ་འོད་ཡོད་པ་དང་། གཟུགས་མེད་རྣམས་མི་འཆི་བས་ལྷ་སྟེ། (དི་བུ་རྩེ་བ་ལའོ་ཞེས་པའི་བྱིངས་བཞག་ནས། ཨུཏ་རྗེས་སུ་འབྲེལ་བ་སཱུ་ཀླི་ཤ་རྣམས་ཀྱི་ཀྟ་ལ་འོས། བྱིངས་མཐའི་ཨུ་དབྱི། བ་ཙ་སོགས་རྣམས་ལས་ཨ་ཙ་འོས། ཨ་ཙ་རྐྱེན། ཙ་དབྱངས་དོན་ཡིན་པས་དབྱི། ཨུ་པ་དྷ་ནཱ་མིན་གྱིའང་ཡང་བའི་འོས། དི་དེ། དབྱངས་མེད་དྲངས་པས་དེ་བ་སྟེ། རྩེ་ཞིང་རོལ་པ་དང་རྩེན་པས་སོ། །མཆན།) འདོད་ལྷ་རིས་དྲུག་དག་སྣོད་དང་བཅས་པ་ནི་འདོད་པའི་ཁམས་ཡིན་ནོ། །དེ་ཡང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། མིག་མི་བཟང་། ཡུལ་འཁོར་སྲུང་། རྣམ་ཐོས་བུ་བཞིའི་གནས་དང་། དབང་ཕྱུག་ཡོད་པ་རྣམས་དང་ལེགས་པར་བྱས་པ་ལྷན་ཅིག་བསགས་པ་རྣམས་དེར་སྐྱེ་བས། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཇིག་རྟེན་པ་རྣམས་ནི་གཙོ་བོ་ནོར་ལྷ་བརྒྱད། ཐ་སྐར་གྱི་བུ་གཉིས། དྲག་པོ་བཅུ་གཅིག །ཉི་མ་བཅུ་གཉིས་ཏེ། ཉེ་དབང་སོ་གཉིས། དབང་པོ་གཅིག་སྟེ་སུམ་ཅུ་རྩ་གསུམ་མོ་ཞེས་ཟེར་ཏེ། གསུང་རབ་ལས་(༢༡༠བ)
ཀྱང་དེའི་རྗེས་སུ་འབྲངས་ཏེ་འདིར་ཐ་སྙད་མཛད་དོ། །བསོད་ནམས་ཀྱིས་སོང་བས་སམ། འཐབ་པའི་སྡུག་བསྔལ་དང་བྲལ་བས་འཐབ་བྲལ་དང་། ཡིད་དུ་འོང་བས་སོང་བའམ། འདི་ལ་དགའ་བ་ཡོད་པས་དགའ་ལྡན་དང་། རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བས་འཕྲུལ་དགའ་དང་། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་སྒྱུར་བར་བྱེད་པས་གཞན་འཕྲུལ་དབང་བྱེད་དོ། །གཉིས་པ་ནི། དམྱལ་བ་དང་། །གླིང་དབྱེ་བ་ལས་དེ་ཉི་ཤུ། །དབྱེ་ན། ཚ་བའི་དམྱལ་བ་བརྒྱད་དང་། མི་ལ་གླིང་བཞིར་དབྱེ་བ་ལས་ནི་འདོད་ཁམས་ཏེ་ཉི་ཤུའོ། །གྲང་དམྱལ་བརྒྱད་ནི་ཡང་སོས་སོགས་ཀྱི་འཁོར་ལྟ་བུར་གནས་ལ། ཉི་ཚེ་བའི་དམྱལ་བ་རྣམས་ནི་ཡུལ་གྲངས་ཚད་མ་ངེས་པས་ལོགས་སུ་མ་བགྲངས་ལ། གླིང་ཕྲན་རྣམས་ཀྱང་གླིང་གི་འཁོར་ཡིན་པས་མ་བགྲངས་ཞེས་གང་སྤེལ་ལས་སོ། །ལྷ་མིན་ནི་འདོད་ཁམས་པ་ཡིན་ཀྱང་འགྲོ་བ་རིས་ལྔར་འདུས་པས་མ་བགྲངས་ལ། དེ་ལྟར་ན་ངན་འགྲོ་བཅུ་དང་མཐོ་རིས་བཅུ་སྟེ་ཉི་ཤུའོ། །སའི་དངོས་གཞི་ལས་ནི། ཚ་དམྱལ་བརྒྱད་དང་། གྲང་དམྱལ་བརྒྱད་དང་། ཡི་དྭགས་དང་། ལྷ་མ་ཡིན་དང་། མིའི་གླིང་བཞི་གླིང་ཕྲན་བརྒྱད་དེ་བཅུ་གཉིས། རྒྱལ་ཆེན་རིས་བཞི་སོགས་ལྷ་རིས་དྲུག་སྟེ། གནས་གཞན་སུམ་ཅུ་རྩ་དྲུག་པོ་འདི་དག་ནི་འདོད་པའི་ཁམས་ཞེས་བྱའོ། །དུད་འགྲོ་ནི་ལྷ་དང་མི་དང་ལྷན་ཅིག་རྒྱུ་བ་ཉིད་ཡིན་པ་དེའི་ཕྱིར། དེ་དག་གི་གནས་གཞན་ལོགས་ཤིག་ཏུ་རྣམ་པར་མི་བཞག་གོ་ཞེས་བཤད་ཅིང་། སློབ་དཔོན་ཀླུས་སཱ་ལུ་ལྗང་པའི་འགྲེལ་པ་ལས། ཁམས་འགྲོ་སྐྱེ་འགྲོ་བྱེ་བྲག་གིས། །འདོད་སྲིད་རྣམ་པ་སུམ་ཅུ་དྲུག །ཅེས་སོ་དྲུག་ཏུ་བཤད་དོ། །གཞན་དག་ནི་དམྱལ་བ་བཅོ་བརྒྱད། ཡི་དྭགས། དུད་འགྲོ་ལ་གནས་ན་གནས་པ་དང་། ཁ་འཐོར་བ་གཉིས་གཉིས་སུ་ཕྱེ་བས་(༢༡༡ན)
བཞི། མི་ལ་བཅུ་གཉིས། ལྷ་མིན་ལ་བཞི། ལྷ་དྲུག་སྟེ་བཞི་བཅུ་རྩ་བཞིའོ། །ཞེས་ཟེར་རོ། །གཉིས་པ་གཟུགས་ཁམས་ཀྱི་དབྱེ་བ་ལ། སྤྱིར་དབྱེ་བ་དང་། བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ནི། གོང་མའི་གནས་དག་བཅུ་བདུན་ནི། །གཟུགས་ཁམས་ཡིན། ཅེས་སོ། །གཉིས་པ་བྱེ་བྲག་ཏུ་དབྱེ་བ་ལ། དང་པོ་གསུམ་གྱི་དབྱེ་བ་དང་། བཞི་པའི་དབྱེ་བའོ། །དང་པོ་ནི། དེར་སོ་སོ་ཡི། །བསམ་གཏན་ས་ནི་གསུམ་པ་ཡིན། །གཟུགས་ཁམས་དེར་ཆོས་ཅན། བསམ་གཏན་དང་པོ་གསུམ་གྱི་ས་སོ་སོར་ས་ནི་གསུམ་པ་ཡིན་ཏེ། རྒྱུ་སྙོམས་འཇུག་ཆུང་འབྲིང་ཆེན་པོའི་བྱེ་བྲག་གིས་དབྱེ་བའི་ཕྱིར། དེ་ལ་སྤྱིར་ཚངས་པ་ཆེན་པོ་ནི། དགེ་རྩ་ཆེན་པོ་ལས་སྐྱེས་པའི་ཕྱིར། བསམ་གཏན་ཁྱད་པར་ཅན་ཐོབ་པས་ཐོག་མར་སྐྱེ་ཞིང་ཐ་མར་འཆི་འཕོ་བས་ཚངས་པ་པའི་སེམས་ཅན་གཞན་དང་ཁྱད་པར་ཡིན་ནོ། །དེའི་རིས་ན་གནས་པས་ཚངས་རིས་པ་དང་། ཚངས་པའི་མདུན་ན་དགེ་བ་འདོན་པ་དང་། ཚེ་དང་ཁ་དོག་སོགས་གཙོ་བོའི་ཚངས་ཆེན་དང་སྐལ་པ་མཉམ་པ་ཤ་སྟག་ཚོགས་པ་ལ་ཚངས་ཆེན་དང་། འོད་གསལ་ལས་བལྟོས་པའི་འོད་ཆུད་རྣམས་དང་། ཚད་བཟུང་དུ་མེད་པའི་འོད་ཆེན་རྣམས་དང་། གནས་གཞན་ཟད་པར་སྣང་བར་བྱེད་པའི་འོད་གསལ་བ་རྣམས་དང་། ཡིད་ཀྱི་ས་པའི་བདེ་བ་ནི་དགེ་བ་ཡིན་པས་དགེ་ཆུང་། བདེ་བ་ཚད་མེད་པས་ཚད་མེད་དགེ། འདི་ལས་ཉེ་འཁོར་གྱི་བདེ་བ་གཞན་དུ་མེད་པ་འཛིན་པས་དགེ་རྒྱས་པ་རྣམས་སོ། །གཉིས་པ་ནི། བཞི་པ་ས་ནི་བརྒྱད་པ་ཡིན། །ཅེས་ཏེ། སྤྲིན་བཞིན་ས་དང་འབྲེལ་བ་མེད་པ་དང་། མི་གཡོ་བའི་ལས་ཀྱི་བསོད་ནམས་ལ་སྐྱེས་པ་དང་། གནས་དང་འབྲེལ་བའི་སོ་སྐྱེ་ཐམས་ཅད་ལས་བསོད་ནམས་ཀྱི་འབྲས་བུ་ཆེ་བ་རྣམས་སོ། །ད་ནི་སོ་སོ་སྐྱེ་བོའི་གཙང་མའི་གནས་ལྔ་ནི། ཟག་མེད་(༢༡༡བ)
ཀྱི་བསམ་གཏན་དང་སྤེལ་བའི་སྒོ་ནས་ཆུང་འབྲིང་ཆེན་པོ་ཤིན་ཏུ་ཆེན་པོ་ཆེས་ཤིན་ཏུ་ཆེན་པོ་ཐ་དད་པའི་རྒྱུ་ལས་གྲུབ་པའི་ཕྱིར། གནས་གཙང་གཞན་ལས་དམན་པས་མི་ཆེ་བ་དང་། ཉོན་མོངས་ཀྱིས་མི་གདུང་བ་དང་། མཐོང་བ་ལེགས་པས་གྱ་ནོམ་སྣང་བ་དང་། བལྟས་ཤིང་ཡིད་དུ་བཟང་བས་ཤིན་ཏུ་མཐོང་བ་དང་། གོང་མ་མེད་ཅིང་འོག་མ་མིན་པས་འོག་མིན་པའོ། །འདིར་བཅུ་བདུན་ནི་ཉི་འོག་པའི་ལུགས་ཡིན་ལ། ཁ་ཆེ་བ་ནི་མདུན་ན་འདོན་ལ་གནས་གཞན་ཟུར་པ་མེད་དེ། ཚངས་ཆེན་གྱི་མདུན་ན་འདོན་པའི་ཕྱིར་གནས་བཅུ་དྲུག་གོ་ཞེས་གྲགས་ལ། འདིར་རང་འགྲེལ་དུ་སྤགས་པ་ཞེས་དང་། དེའི་འགྲེལ་བཤད་དུ་བམ་རིམ་བཞིན་ཞེས་པའི་སྤགས་པ་ནི་སྦྲགས་པའི་བརྡ་རྙིང་སྟེ། ཚངས་ཆེན་གྱི་གནས་གང་ཡིན་པ་མདུན་ན་འདོན་གྱིའང་གནས་སུ་ཐུན་མོང་དུ་སྦྲགས་པའོ། །བམ་རིམ་བཞིན་ཞེས་པ་ནི། ཚར་མའི་ཕོན་པོ་གཉིས་གཅིག་ཏུ་བསྡོམས་པ་བཞིན་ནོ། །ཞེས་སོ། །ཐེག་ཆེན་པ་ནི། སའི་དངོས་གཞི་ལས། གནས་གཙང་མ་རྣམས་ལས་འདས་པ་ན་དབང་ཕྱུག་ཆེན་པོའི་གནས་ཡོད་དོ། །བྱང་སེམས་ས་བཅུ་ལ་གནས་པ་རྣམས་ཀྱིས་ས་བཅུ་ཡོངས་སུ་བསྒོམས་ནས་གང་དུ་སྐྱེ་བའོ། །ཞེས་དང་། ཟླ་གསང་ཐིག་ལེར། གཙང་མའི་གནས་ནི་རྣམ་སྤངས་ནས། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་འཚང་རྒྱ། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་གསུངས་པས་འོག་མིན་གྱི་སྟེང་ན་འོག་མིན་ཆེན་པོ་ཡོད་པ་དེ་ནི་ལོངས་སྐུའི་ཞིང་ཁམས་ཡིན་ལ། དེ་ཉིད་ལ་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་སྟེ། དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི་ཆོས་ཀྱི་སྦྲིན་ལ་ཆོས་ཀྱི་དབང་ཕྱུག་ཐོབ་པའི་ཕྱིར་ཞེས་སའི་སྟོད་འགྲེལ་ལས་གསུངས་པས། ས་བཅུ་པ་ལ་འོད་ཟེར་ཆེན་པོའི་དབང་བསྐུར་བའི་གནས་(༢༡༢ན)
དང་བཅོ་བརྒྱད་དུ་བཞེད་པ་ཡིན་ཅེས་ཟེར་ཡང་། དཔྱོད་པ་དང་ལྡན་པ་དག་གཟུགས་ཀྱི་ཁམས་ཀྱི་འོག་མིན་ན་ཞེས་པ་ཡང་འབྱུང་བས། གཙང་གནས་སྤངས་པའི་འོག་མིན་ནི་གཟུགས་ཁམས་པ་མིན་ཏེ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་དུ་བཤད་པའི་ཕྱིར་ཡང་ཟེར་རོ། །མདོ་ལས་གཟུགས་ཀྱི་གནས་ཉེར་གཅིག་གསུངས་པ་ལས། དང་པོ་སོ་སྐྱེའི་གནས་བཅུ་དྲུག་ནི། དང་པོ་ལ་ཚངས་རིས། ཚངས་པ་ཉེ་གནས། ཚངས་པ་ཀུན་འཁོར། ཚངས་ཆེན། གཉིས་པ་ལ་སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་ཏུ་སྣང་བ་དང་། གསུམ་པ་ལ་དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། བཞི་པ་ལ་ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་དང་། འབྲས་བུ་ཆེ་ཞེས་རེ་རེ་ལ་བཞི་བཞིར་བཤད་པའི་དང་པོ་རྣམས་མདོར་བསྟན་པ་དང་། ཕྱི་མ་རྣམས་མིང་གི་རྣམ་གྲངས་ཡིན་ཅེས་མཆིམས་ཆེན་མོའི་ཊཱི་ཀར་བླ་མ་གསུང་ཞེས་བཀོད་སྣང་ངོ་། །གསུམ་པ་གཟུགས་མེད་ཀྱི་དབྱེ་བ་ལ། གནས་ཀྱི་སྒོ་ནས་དབྱེ་བ་མེད་པར་བསྟན། སྐྱེ་བའི་སྒོ་ནས་བཞིར་དབྱེ། སེམས་ཀྱི་རྒྱུད་འཇུག་ཚུལ་ལོ། །དང་པོ་ནི། གཟུགས་མེད་ཁམས་ན་གནས་མེད་དོ། །གཟུགས་མེད་ཁམས་ནི་ཆོས་ཅན། གནས་གཞན་གོང་འོག་མེད་དེ། འདས་མ་འོངས་དང་རིག་བྱེད་མིན་པ་དང་ཆོས་གཟུགས་ཅན་མིན་པ་རྣམས་ཡུལ་ན་མི་གནས་པའི་ཕྱིར་རོ། །གཉིས་པ་ནི། སྐྱེ་བ་ལས་ནི་རྣམ་པ་བཞི། །དེ་སྐྱེ་བའི་བྱེ་བྲག་ལས་ནི་རྣམ་པ་བཞི་སྟེ། ནམ་མཁའ། རྣམ་ཤེས་མཐའ་ཡས་གཉིས་དང་། ཅི་ཡང་མེད། འདུ་ཤེས་མེད་འདུ་ཤེས་མེད་མིན་པའི་སྐྱེ་མཆེད་པར་ངེས་པའི་ཕྱིར་རོ། །འདི་ཡང་སྦྱོར་བའི་དུས་ན་གཟུགས་ཀྱི་འདུ་ཤེས་དང་བཟུང་བའི་ཆ་བཤིགས་ནས་ནམ་མཁའ་ལྟར་མཐའ་ཡས་སོ་སྙམ་པ་དང་། (༢༡༢བ)
ནམ་མཁའ་ཙམ་དུའང་བཟུང་བའི་མེད་པར་དགག་པ་ལས་བཟླས་ནས། དངོས་པོ་མ་ཡིན་དགག་རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་པ་དང་། རྣམ་པར་རིག་པ་ཙམ་དེ་ཡང་ཅིའི་ངོ་བོར་མ་གྲུབ་བོ་སྙམ་པ་དང་། འདུ་ཤེས་ནི་འབྲས་དང་ཟུག་རྡུ་དང་། འདུ་ཤེས་མེད་པ་ནི་ཀུན་ཏུ་རྨོངས་པར་དོགས་ནས། འདུ་ཤེས་ཀྱི་རྒྱུ་བ་ཕྲ་མོ་མི་གསལ་བ་རྒྱུན་མི་གཅོད་པས་དངོས་གཞིའི་དུས་ནའང་དེ་དང་མཐུན་པའི་འབྲས་བུ་ཐོབ་པས་མིང་དེ་སྐད་དུ་བརྗོད་དོ། །དེང་སང་བོད་འདི་ན་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་ཁས་ལེན་པའི་ཐེག་པ་ཆེན་པོར་སྨྲ་བ་ནི་མང་མོད་ཀྱི། དེ་དག་གིས་སྤྲོས་པའི་ངོས་འཛིན། སྤྲོས་པ་སེལ་ཚུལ་བསལ་ནས་ལྟ་བ་ལ་མཉམ་པར་བཞག་པའི་གྲུབ་དོན་ཐམས་ཅད་སྐྱེ་མཆེད་བཞི་པོ་འདི་ཙམ་ལས་མ་འཕགས་པར་དོགས་ཏེ། དེ་ཡང་སེམས་ཙམ་པ་དག་ཕྱི་དོན་མེད་པས། གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཅིག་ཁས་བླངས་ནས། དེ་ཉིད་ཡོངས་གྲུབ་དང་ཆོས་ཀྱི་བདག་མེད་དུ་འདོད་དེ། དེ་ཤེས་སྒྲིབ་ཀྱི་གཉེན་པོར་འདོད་པ་དག་གིས་ཀྱང་སྐྱེ་མཆེད་དང་པོའི་མཉམ་གཞག་ལས་ཁྱད་པར་དུ་གྱུར་པའི་ལྟ་བའི་ཆ་ནས་ནི་ཁྱད་པར་མ་མཐོང་ལ། གལ་ཏེ་སེམས་ཙམ་པས་ཕྱི་རོལ་གྱི་དོན་རིགས་པ་ཡང་དག་གིས་འགོག་བྱེད་ཡོད་ལ། འདིར་རིགས་པ་ཡང་དག་མེད་པས་མོས་སྒོམ་ཙམ་གྱི་ལོག་པ་ཡིད་བྱེད་ཡིན་པས། དེ་ལྟར་མཉམ་པར་བཞག་པའི་ནམ་མཁའ་ལྟར་མཐའ་ཡས་སོ་ཞེས་སོགས་ཀྱི་སྟོང་ཉིད་དེ་ཡོངས་གྲུབ་དང་ཆོས་བདག་མེད་ཀྱི་གོ་མི་ཆོད་པའི་ཕྱིར། ཤེས་སྒྲིབ་ཀྱི་གཉེན་པོར་མི་འགྱུར་སྙམ་ནའང་། ཕྱིའི་གཟུང་དོན་མེད་པ་དོན་ལ་གྲུབ་པ་དང་། དེ་ཉིད་མོས་པས་བསྒོམས་ནའང་མི་འཁྲུལ་པའི་ཕྱིར་བསྒོམས་པ་གྲུབ་པ་ན་ཕྱི་དོན་མ་མཐོང་བའི་མཉམ་གཞག་(༢༡༣ན)
གྲུབ་པ་ཉིད་ཀྱི་ཕྱིར། སྒོམ་འདི་ལོག་པ་ཡིད་བྱེད་ཀྱི་སྒོམ་དུ་སོང་བའི་རྗེས་ཁྱབ་མ་ངེས་ལ། ཕྱི་རོལ་གྱི་གཟུང་དོན་གྲུབ་ན་དོན་མེད་པར་བསྒོམས་པ་ལོག་པ་ཡིད་བྱེད་ཡིན་ཀྱང་། སེམས་ཙམ་པས་ཕྱི་རོལ་གྱི་དོན་ཡོད་པར་མི་འདོད་པས་གནས་ཚུལ་དང་མཐུན་པའི་བློ་ཡིན་པའི་ཕྱིར། སྐྱེ་མཆེད་དང་པོ་འདིས་ཕྱི་དོན་དུ་སྣང་བའི་འཁྲུལ་པའི་ས་བོན་ཅིས་སྤང་མི་ནུས། ཞེས་དྲིས་པ་ན་དེ་ལྟར་རིགས་པ་མེད་བཞིན་རང་གར་མི་ནུས་སོ་ཞེ་ན། དེའི་སྒྲུབ་བྱེད་ཀྱང་བརྗོད་དགོས་ལ། ནུས་ན་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཐོབ་པའི་མུ་སྟེགས་པའི་རྒྱུད་ལའང་ཁྱོད་འདོད་པའི་དེ་བཞིན་ཉིད་ཀྱི་ལྟ་བ་རྣམ་དག་མངོན་དུ་བྱས་པ་ཞིག་ཀྱང་ཡོད་པར་འགྱུར་རོ། །དེ་ལྟར་གྱུར་ན་ཅི་སྟོ་ཞེ་ན། འོ་ན་ཕྱི་རོལ་པ་ལ་ཐར་ལམ་ཡོད་པར་ཐལ། ཁྱོད་འདོད་པའི་སངས་རྒྱས་པའི་ལུགས་ཀྱི་ཆོས་ཀྱི་བདག་མེད་དེ་དེས་མངོན་དུ་བྱས་པའི་ཕྱིར། ཡང་འདི་ན་ཁ་ཅིག །གཟུང་འཛིན་རྫས་གཞན་གྱིས་སྟོང་ཤུལ་གྱི་གཉིས་མེད་ཀྱི་ཡེ་ཤེས་ལས་མ་གཏོགས་པའི་འཁོར་འདས་གང་ཡང་མེད་ལ། དེ་ཉིད་གློ་བུར་དྲི་མའི་བསླད་པ་མ་སངས་ཀྱི་བར་གཞན་རྒྱུད་དུ་སྣང་བའི་སེམས་ཅན་སོགས་ཀྱང་ཡོད་པས་སྡིག་པ་དང་དགེ་བའི་ཡུལ་གྱི་སངས་རྒྱས་དང་སེམས་ཅན་སོགས་ཀྱང་ཡོད་ལ། དེ་ལ་དགེ་སྡིག་གི་ལས་བསགས་པས་སོ་སོར་འབྲས་བུ་འབྱིན་ཅིང་། དེའི་བསླད་པ་སངས་པ་ན་སངས་རྒྱས་འབའ་ཞིག་ལས་གཞན་མེད་པས་དེ་ལ་དགོངས་ཏེ། རྡོ་རྗེ་ཐེག་པར་ཡང་། འཆད་པ་པོ་ང་ཆོས་ཀྱང་ང་། །ཞེས་གསུངས་པ་ཡིན། དེས་ན་ང་དེའི་རང་བཞིན་ཁོ་ན་ལས་མ་བཅོས་པར་མཉམ་པར་བཞག་ན་སྒྲིབ་གཉིས་ཀྱི་ས་བོན་དྲུངས་འབྱིན་པའོ། །ལུགས་འདི་ནི་རྣམ་རྫུན་སྨྲ་བའི་དབུ་མ་པ་བཅོམ་ལྡན་མ་(༢༡༣བ)
ཕམ་ཞབས་ཀྱི་བཞེད་པ་ཡིན་ནོ་ཞེས་ཟེར་བ་དེ་དང་། རྣམ་པར་ཤེས་པ་ལས་གཞན་གང་ཡང་མ་དམིགས་ཤིང་། དེ་ནི་ཤེས་བྱ་དང་མཐུན་པར་མཐའ་ཡས་སོ་སྙམ་དུ་བསྒོམས་ནས་གྲུབ་པ་ན། གསལ་རིག་གི་ཉམས་མྱོང་ཙམ་ལས་རྒྱུ་བ་གང་ཡང་མེད་པའི་སྐྱེ་མཆེད་འདི་དང་ཁྱད་པར་སྟོན་ཅིགསྟོན་རྒྱུ་མེད་ན་གཞན་སྟོང་དབུ་མའི་ལྟ་བ་མངོན་དུ་བྱས་པའི་མུ་སྟེགས་པའང་ཡོད་པར་གྲུབ་བོ། །དེ་ལ་ཁོ་ན་རེ། སྐྱེ་མཆེད་གཉིས་པའི་མཉམ་གཞག་གི་ཡུལ་དང་། གཞན་སྟོང་དབུ་མའི་ལྟ་བའི་ཡུལ་དོན་དམ་བདེན་པ་ལ་ཁྱད་པར་མེད་ཀྱང་། སྐྱེ་མཆེད་འདི་ལྡན་གྱི་མུ་སྟེགས་པས་གང་ཟག་བདག་མེད་སྐབས་དེར་མ་རྟོགས་པའི་ཕྱིར། ཐར་པ་མི་ཐོབ་བོ་ཞེ་ན། འོ་ན་ཁྱོད་འདོད་པའི་དབུ་མའི་ལྟ་བ་དེ་མངོན་དུ་བྱས་པས་གང་ཟག་གི་བདག་འཛིན་གྱི་གཉེན་པོ་ཙམ་དུ་མི་འགྱུར་ན་དབུ་མའི་ལྟ་བ་མངོན་དུ་བྱས་ཀྱང་དོན་མེད་པར་ཐལ་བའོ། །དེར་མ་ཟད་རྣམ་རྫུན་པའམ་གཞན་སྟོང་དབུ་མ་པར་ཁས་འཆེ་བའི་ཤྲཱི་ཤཱ་ཀྱས། བདག་ཏུ་ལྟ་བ་ནི་གཉིས་ཏེ། ཀུན་རྫོབ་པའི་བདག་ཏུ་ལྟ་བ་དང་། དོན་དམ་པའི་བདག་ཏུ་ལྟ་བ་གཉིས། དང་པོ་ནི། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྒྲིབ་བྱེད་ཡིན་ཀྱང་། གཉིས་པ་ནི། སངས་རྒྱས་འཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་ཀུན་གཞི་རྒྱུ་རྒྱུད་དང་། དེ་ཉིད་ཐབས་ཀྱིས་ཟིན་ན་ཐབས་རྒྱུད། དེ་ཉིད་འབྲས་བུར་གྲུབ་ན་འབྲས་རྒྱུད་དེ། གདོད་མ་ནས་རྒྱུན་མ་ཆད་པའི་ངའམ་བདག་གོ་ཞེས་ཀྱང་གསུངས་ལ། དེ་ལྟར་ན་དོན་དམ་པ་དང་རང་བཞིན་གྱིས་བདག་ཏུ་གྲུབ་པའི་སངས་རྒྱས་ཡོད་ན་ནི། ཐམས་ཅད་ནས་ཐམས་ཅད་འབད་མེད་དུ་གྲོལ་བས་གཞན་སྟོང་དབུ་མའི་ལྟ་བ་མངོན་དུ་བྱས་ཀྱང་ཐར་པ་དོན་དུ་གཉེར་བ་སུ་ཞིག་ལ་མཁོ་བ་ཡོད། དེར་མ་ཟད་མུ་སྟེགས་པ་ཁ་ཅིག་ཀྱང་མངོན་པར་གསལ་བའི་ཕུང་སོགས་བདག་ཏུ་ལྟ་བ་ནི་ཀུན་རྫོབ་པའི་བདག(༢༡༤ན)
ཉི་ཚེ་བ་ལ་བལྟ་བ་ཡིན་པས། བདག་དེ་ནི་སྐྱེ་འཇིག་འདོར་ལེན་སྣ་ཚོགས་བྱེད་པས་བདག་གི་ཆ་ཤས་ཙམ་ཡིན་ལ། ཆ་ཤས་ཅན་གྱི་བདག་འཇིག་པ་མེད་པ་ནི་དུས་གསུམ་ན་ཡོད་པའི་མི་གསལ་བའི་བདག་དོན་དམ་པར་ཁྱབ་པ་ཞིག་ཡོད་པར་འདོད་པ་དེ་དང་། ཁྱོད་འདོད་པའི་བདག་ཁྱད་པར་ཅན་དེ་དང་ཁྱད་པར་སྟོན་ཅིག །ཁྱད་པར་མེད་ན་སངས་རྒྱས་ཀྱི་གསང་སྔགས་མཐར་ཐུག་པའི་ལྟ་བ་མངོན་དུ་བྱས་པའི་མུ་སྟེགས་པ་དེ་ལྟ་བུ་ཞིག་ཡོད་པར་སྣང་བས་ཕྱག་འཚལ་ལོ། །ཡང་འདི་ན་ཁ་ཅིག །དོན་དམ་པ་ནི་ཅི་ཡང་རྟོག་པ་དང་བརྗོད་པ་མེད་ཅིང་སྣང་བ་མེད་པས། ཡོད་པ་ཐམས་ཅད་ལས་ལོག་པའི་མེད་ཙམ་པ་ཞིག་སྟེ། འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱི་ངོར་ནི་དེ་ཁོ་ན་རྟོགས་པ་ཡིན་ལ། ཡེ་ཤེས་དེའི་མིང་ལ་ནི་ཡུལ་དེ་དང་མཐུན་པས་བློ་དོན་དམ་པ་ཞེས་པའི་མིང་གིས་འབོད་ཀྱང་བློ་ཁོ་རང་ནི་ཀུན་རྫོབ་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་པའི་ཕྱིར་རོ། །དེས་ན་དོན་དམ་བདེན་པ་ནི་སྤྲོས་པའི་ཚོགས་ཅིར་ཡང་མ་གྲུབ་པའི་དགག་རྐྱང་ཙམ་དུ་འདོད་ལ། འདི་ཉིད་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པར་བཞེད་དོ། །འོ་ན་སྐྱེ་མཆེད་གསུམ་པ་འདིས་ཀྱང་བློ་ངོ་ན་ཡོད། སྤྲོས་ཅི་ཡང་མི་འཛིན་པར་དགག་རྐྱང་ཁོ་ན་ཙམ་ཞིག་ཡུལ་དུ་བྱེད་ཅིང་རྟོགས་པའི་ཕྱིར་ན། སྐྱེ་མཆེད་གསུམ་པ་དང་དབུ་མ་ཐལ་འགྱུར་བའི་ལྟ་བ་མངོན་དུ་བྱས་པའི་ཁྱད་པར་སྟོན་ཅིག །ཁྱད་མེད་ན་དབུ་མ་ཐལ་འགྱུར་བའི་ལྟ་བ་མངོན་དུ་བྱས་པའི་མུ་སྟེགས་པར་ཡོད་པར་གྲུབ་གྲུབ་བོ། །ཡང་དོན་དམ་པར་ཅི་ཡང་མ་གྲུབ་པའི་ཆ་ནས་སྐྱེ་མཆེད་གསུམ་པ་དང་དབུ་མ་ཐལ་འགྱུར་བ་མཐུན་ཀྱང་། ཀུན་རྫོབ་ཏུ་དབུ་མ་ཐལ་འགྱུར་བས་ཐ་སྙད་པའི་ངོར་སྤྲོས་པ་ཚད་གྲུབ་བྱེད་ལ། མུ་སྟེགས་པས་དེ་མི་བྱེད་པའི་ཕྱིར། མུ་སྟེགས་པ་ལ་ཐར་པ་མེད་དམ་སྙམ་(༢༡༤བ)
ན། དེ་ཡང་མཚུངས་ཏེ། མུ་སྟེགས་པས་ཀྱང་སྐྱེ་མཆེད་གཉིས་པ་ཕྱིན་དུ་བེམས་ཤེས་ཐམས་ཅད་ཀུན་རྫོབ་ཐ་སྙད་པའི་ངོར་ཚད་གྲུབ་ཏུ་བྱེད་ལ། སྐྱེ་མཆེད་གསུམ་པའི་ཏིང་ངེ་འཛིན་དེ་ཉིད་ཐར་པའི་གོ་འཕང་དུ་འདོད་པས་ཐར་པ་དེའི་ངོར་ནི་དོན་དམ་ལས་གཞན་ཀུན་རྫོབ་མི་དམིགས་པར་ཁས་ལེན་པའི་ཕྱིར། ཡང་ལྟ་བའི་ཡུལ་དོན་དམ་པ་ལ་ཁྱད་མེད་ཀྱང་གང་ཟག་གི་བདག་མེད་མུ་སྟེགས་བྱེད་ཀྱིས་མ་རྟོགས་པས་དེ་ལ་ཐར་པ་མེད་དོ་སྙམ་ན། ཤར་ཙོང་ཁ་པ་ཆེན་པོས། སྤྱིར་འཁོར་བའི་རྩ་བར་གྱུར་པའི་གང་ཟག་གི་བདག་འཛིན་ནི། ཕུང་སོགས་ལ་བདག་རང་གི་ངོ་བོས་གྲུབ་པར་འཛིན་པ་དེ་ཡིན་པས་མེད་ཀྱང་། སྤྱིར་ང་ཙམ་དང་བདག་ཙམ་མེད་པའི་ཕྱིར་ན་གང་ཟག་རྒྱུན་ཆད་པར་འགྱུར་ལ། འདོད་ན། འཕགས་ལམ་ས་དང་པོ་ཐོབ་ནས་རིམ་བཞིན་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་པོ་མི་རྙེད་པར་འགྱུར་གྱི་དོགས་ནས། དཔེར་ན། གཟུགས་མེད་དང་པོ་གསུམ་གྱི་གང་ཟག་གིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་གནས་སྐབས་སུ་གང་ཟག་དེའི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་ཀྱི་ཤེས་པ་མེད་ཅིང་། མཉམ་གཞག་ཡེ་ཤེས་དེ་དག་གཟུགས་མེད་ཀྱི་གང་ཟག་ཏུ་མི་འཇོག་ཀྱང་། གང་ཟག་དེ་དག་གིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྐབས་ན་གང་ཟག་དང་ང་ཙམ་མེད་པར་མི་འགྱུར་བ་བཞིན་ཞེས་འཆད་པ་ཡིན་ལ། དེའི་ཚེ་ནའང་གསུང་རབ་ལས། སོ་སོ་སྐྱེ་བོ་རྣམས་ནི་འགོག་པ་ལ་སྙོམས་པར་འཇུག་མི་ནུས་ཏེ། བདག་ཆད་ཀྱི་དོགས་པའི་ཕྱིར། ཞེས་གསུངས་ནས། གང་ཟག་རྒྱུན་ཆད་དོགས་པ་དེ་འཇིག་ལྟ་ལ་སླར་མཐར་ལྟ་བ་ཉིད་དུ་བྱས་པ་ལ་ངོས་བཟུང་འདུག་པའི་ཕྱིར། དེས་ན་འཕགས་པ་ལ་འཇིག་ལྟ་ལ་མཐར་ལྟ་མི་འབྱུང་བར་བཤད་པ་དེ་དོན་ལ་མི་གནས་པར་ཐལ། (༢༡༥ན)
འཕགས་པ་ལའང་བདག་ཆད་དོགས་པ་དང་གང་ཟག་རྒྱུན་ཆད་དོགས་པའི་འཇིགས་པ་ཡོད་ཅིང་། འཇིགས་པ་དེ་སྲུང་བའི་ཕྱིར། ང་ཙམ་ཞིག་ཕུང་པོའི་སྟེང་དུ་ཡོད་པའི་ཕྱིར། རྟགས་ཁས་བླངས། འདོད་ན་མདོ་དང་འགལ། ཁྱབ་པ་གྲུབ་སྟེ། མུ་སྟེགས་པས་ཀྱང་ཕུང་པོའི་སྟེང་དུ་ང་ཙམ་བདག་ཙམ་གྱི་བདག་ཁྱབ་བྱེད་དུ་ཁས་བླངས་པ་བཞིན་དབུ་མ་ཐལ་འགྱུར་བས་ཀྱང་ཁས་བླངས་པས། དབུ་མ་ཐལ་འགྱུར་བ་ཡང་གང་ཟག་གི་བདག་སྨྲ་བ་པོར་འགྱུར་བའི་ཕྱིར་ཏེ། ཁྱབ་བྱེད་དེ་དེར་གྲུབ་ན་དེའི་ཁྱབ་བྱའང་དེར་གྲུབ་དགོས་པའི་ཕྱིར། གྲུབ་སྟེ། སྤྱི་ཤིང་ཙམ་ཡིན་པ་ཞིག་གྲུབ་པ་དེར། དེའི་བྱེ་བྲག་ཤུག་པ་དང་ཙནྡན་ལ་སོགས་གང་རུང་ཞིག་ཏུ་གྲུབ་དགོས་པའི་ཕྱིར་ཏེ། ཤུག་སོགས་ཤིང་གི་བྱེ་བྲག་ཏུ་མ་གྲུབ་ན་དེ་ཤིང་མིན་དགོས་པ་བཞིན་ནོ། །རྩ་བར་འདོད་ན། དབུ་མ་ཐལ་འགྱུར་བའི་འཕགས་པས་གང་ཟག་གི་བདག་མེད་རྟོགས་པ་ལས་ཉམས་སོ། །དེང་སང་ཕྱག་རྫོགས་ཞི་བྱེད་རྙིང་མ་པའི་གསང་བའི་གནད་ཡོད་པར་རློམ་པ་ཁ་ཅིག །མཉམ་པར་བཞག་པ་ན་བདེ་གསལ་མི་རྟོག་པ་ལ་སོགས་ཏིང་ངེ་འཛིན་གྱི་ཡོན་ཏན་གང་ལའང་འདུ་ཤེས་ཀྱིས་མི་འཛིན། དེས་དེར་བཟུང་ན་མཚན་འཛིན་གྱི་སྒྲིབ་པ་ཡིན་པས། སེམས་ཀྱི་ངོ་བོ་ཁོ་རང་ལ་ནི་དེར་ངོ་ཤེས་ཀྱི་དེར་འཛིན་དང་མ་བྲལ་བ་དེ་མཚན་མེད་ཕྱག་རྫོགས་ཀྱི་གནས་ལུགས་ཡང་དག་པར་ཡིན་པས་དེར་བལྟའོ་ཞེས་པ་དང་སྐྱེ་མཆེད་བཞི་པ་འདི་ལ་ཁྱད་སྟོན་ཅིག །ཁྱད་མེད་ན་མཆོག་གི་དངོས་གྲུབ་མུ་སྟེགས་པས་ཀྱང་འཐོབ་པར་འགྱུར་རོ། །འདོད་ན། སངས་རྒྱས་པ་མུ་སྟེགས་པ་ལས་ཁྱད་པར་དུ་མི་འཕགས་ཏེ་འདོད་པ་དེ་ཉིད་ཀྱི་ཕྱིར། ངོ་བོ་ལ་དེར་འཛིན་དང་མ་བྲལ་བ་དགོས་པ་ཡང་། ཁོང་པ་རྣམས་ཀྱི་མན་ངག་ལས། གནས་ལུགས་(༢༡༥བ)
དྲན་པ་དང་མ་བྲལ་བ་ཞེས་སྔར་རང་མྱོང་གིས་བཟུང་བ་ཕྱིས་འཛིན་དགོས་པ་ཡང་ཡང་དུ་བཤད་ཅིང་། དེ་ལ་ཡང་རྩོལ་བ་དང་རྩོལ་མེད་རྟོག་པ་དང་རྟོག་མེད་ལ་སོགས་པའི་དྲན་པའི་དབྱེ་བ་མང་དུ་བྱེད་ཀྱང་། ཐ་སྙད་ཆོས་མངོན་པ་སོགས་དང་སྦྱར་བའི་བརྗོད་མ་ཤེས་པ་ཙམ་མ་གཏོགས་སེམས་བྱུང་ཡིད་ལ་བྱེད་པ་དང་། འདུ་ཤེས་ཕྲ་མོ་མཚུངས་ལྡན་དང་བཅས་པའི་འཛིན་པ་དེ་ལ་ཕྱག་ཆེན་སོགས་ཀྱི་ལྟ་བ་རྟོགས་པའི་བློར་འདོད་པར་སྣང་བས། ངག་དོན་མཚན་མར་འཛིན་པ་ལ་མཚན་མེད་ཀྱི་རྟོགས་པར་བརྗོད་པར་ཟད་དོ། །མདོར་ན་དེང་སང་དྭགས་པོ་བཀའ་བརྒྱུད། དཔལ་ལྡན་ས་སྐྱ་པ། སྔགས་རྙིང་མ་པ་ཐམས་ཅད་ཀྱིས་དགེ་ལྡན་པའི་ཕྱོགས་ལ་སྒོམ་པ་འཁྲུལ་ཏེ། སྤྱིར་མཚན་འཛིན་ལས་མ་གྲོལ་བ་དང་། ཁྱད་པར་མེད་འཛིན་ལས་མ་གྲོལ་བས་སྤྲོས་མཐར་ལྷུང་ངོ་ཞེས་སྡང་བར་མཛད་མོད། བརྟགས་ན་ཕྱག་རྒྱ་པར་གྲགས་པ་སོགས་ཀྱི་ཁྲོད་དུ་ངོ་བོ་མི་བརྗེད་ཙམ་ལས་གཞན་བསྒོམ་རྒྱུ་ཅི་ཡང་མེད་པས་ཤེས་པ་འདི་ཀ་ཉམས་ལེན་གྱི་སྙིང་པོར་སྐྱོང་ངོ་ཞེས་པ་རྣམས་ཀྱང་། སྤྱིར་མཚན་འཛིན་དང་། ཁྱད་པར་ཡོད་འཛིན་ལས་མ་གྲོལ་བས་སྤྲོས་པའི་མཐར་ལྷུང་བའི་དོགས་པའི་ཉེན་ཤིན་ཏུ་ཆེ་བ་ཞིག་སྣང་བས་གཟབ་འཚལ་ལོ། །སྤྲོས་པ་འདི་ནི་ཞར་ལས་འོངས་པའོ། །གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་པ་རྣམས་ཡུལ་གང་དུ་ཤི་བ་དེར་སྐྱེ་ལ། ཡང་ཤི་ནས་ཁམས་འོག་མར་སྐྱེ་བའི་སྲིད་པ་བར་མ་དོར་དེ་ཉིད་དུ་གྲུབ་བོ། །གསུམ་པ་ནི། དེར་ནི་རིས་དང་སྲོག་ལ་ཡང་། །སེམས་ཀྱི་རྒྱུད་ནི་བརྟེན་པ་ཡི། །འདོད་གཟུགས་སུ་སེམས་རྒྱུན་གཟུགས་ལ་བརྟེན་ནས་འཇུག་ན་འདིར་གང་ལ་བརྟེན་ནས་འཇུག་ན། གཟུགས་མེད་དེར་ནི་རིས་མཐུན་པ་དང་སྲོག་དབང་ལ་དང་། ཡང་གིས་ནི་ལས་དང་། མི་ལྡན་པ་དང་། ཐོབ་པ་དང་། སྐྱེ་སོགས་ལ་སེམས་ཀྱི་རྒྱད་ནི་བརྟེན་པ་(༢༡༦ན)
ཡིན། ཅེས་སོ། །གཟུགས་ཅན་གྱི་སེམས་རྒྱུད་རིས་དང་སྲོག་ལ་བརྟེན་ནས་འཇུག་པ་མིན་ཏེ། སེམས་རྒྱུད་གཟུགས་ཀྱི་འདུ་ཤེས་དང་མ་བྲལ་བས་སྟོབས་ཆུང་པའི་ཕྱིར། གཟུགས་མེད་ན་ཆོས་ཅན། སེམས་རྒྱུད་དེ་ལ་འཇུག་པའི་སྟོབས་དང་ལྡན་པ་ཡིན་ཏེ། གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་སྙོམས་འཇུག་གི་ཁྱད་པར་ལས་སྐྱེས་པའི་ཕྱིར། འདི་ལ་ཁྱབ་པ་ཡོད་ན། འོ་ན་གཟུགས་མེད་པའི་སེམས་རྒྱུད་རིས་སྲོག་ལ་བརྟེན་མི་དགོས་པར་ཐལ། དེའི་སྙོམས་འཇུག་གིས་བསྐྱེད་པ་དེ་ཁོ་ན་ལས་འཇུག་པ་སྟོབས་དང་ལྡན་པའི་ཕྱིར་ཞེས་པའི་རིགས་པ་ལ་ནི་ཁྱབ་པ་མེད་པས་སྔ་མའི་ཁྱབ་པ་དང་མི་མཚུངས་ཏེ། སེམས་ཅན་གྱི་རྒྱུད་ཀྱི་དེ་ལ་བརྟེན་པའི་སྟོབས་དང་ལྡན་པ་ན་དེ་ལ་མི་བརྟེན་པས་མ་ཁྱབ་པའི་ཕྱིར་རོ། །འོ་ན་གཟུགས་མེད་དུ་རིས་སྲོག་གཉིས་ལ་བརྟེན་ནས་འཇུག་པ་མེད་པར་ཐལ། འདོད་གཟུགས་ན་རིས་སྲོག་གཉིས་གཟུགས་ལ་བརྟེན་ནས་འཇུག་པ་གང་ཞིགའདི་ན་གཟུགས་མེད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། འདི་ན་རིས་སྲོག་ཕན་ཚུན་དུ་བརྟེན་ནས་འཇུག་པའི་ཕྱིར་རོ། །འདོད་གཟུགས་དེ་གཉིས་ཕན་ཚུན་དུ་མི་བརྟེན་ཏེ། གཟུགས་སུ་ཤེས་པ་དང་མ་བྲལ་བས་སྟོབས་ཆུང་བའི་ཕྱིར་རོ། །དེས་ན་གཟུགས་མེད་དུ་ནི་རིས་སྲོག་གཉིས་གཟུགས་མེད་ཀྱི་སེམས་རྒྱུད་ལ་བརྟེན་པའོ། །མདོ་སྡེ་པས་ནི། གཟུགས་མེད་ཀྱི་སེམས་རྒྱུད་བརྟེན་པའི་གནས་རིས་སྲོག་སོགས་མི་དགོས་ཏེ། སྙོམས་འཇུག་ཁྱད་ཅན་གྱི་སྟོབས་ཀྱིས་འཕངས་པའི་སེམས་རྒྱུད་དང་སེམས་སེམས་བྱུང་ཕན་ཚུན་བརྟེན་ནས་འཇུག་པའི་ཕྱིར་ཟེར་རོ། །ཡང་གཟུགས་ཁམས་པ་ཆོས་ཅན། སེམས་རྒྱུན་གཟུགས་དང་ལྷན་ཅིག་འབྱུང་བས་གཟུགས་ལ་བརྟེན་ནས་སེམས་རྒྱུད་འཇུག་པ་ཡོད་དེ། སེམས་རྒྱུན་འཕེན་པའི་རྒྱུ་ལས་ཉོན་གྱི་རང་བཞིན་གཟུགས་(༢༡༦བ)
ལ་སྲེད་པ་དང་མ་བྲལ་བའི་ཕྱིར། གཟུགས་སྲེད་དང་བྲལ་བ་ཆོས་ཅན། གཟུགས་ལ་མི་བལྟོས་པར་སེམས་རྒྱུན་འཇུག་སྟེ། འཕེན་པའི་རྒྱུ་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར། ཁམས་གསུམ་པོ་ཆོས་ཅན། དེར་བརྗོད་རིགས་ཏེ། རང་རང་གི་ཁམས་འཛིན་པའི་ཕྱིར། ཡང་ན་འདོད་པ་དང་གཟུགས་དང་ལྡན་པའི་ཆ་ནས་ཁམས་དེ་གཉིས་སུ་འཇོག་རིགས་ཏེ། རྡོ་རྗེ་དང་ལྡན་པའི་སོར་གདུབ་དང་། ན་ལེ་ཤམ་དང་ལྡན་པའི་བཏུང་བ་ལ་རྡོ་རྗེའི་སོར་གདུབ་དང་། ན་ལེ་ཤམ་གྱི་བཏུང་བ་ཞེས་བརྗོད་པ་བཞིན་ཡིན་པའི་ཕྱིར། གཟུགས་མེད་ཁམས་པའང་དེར་བརྗོད་དེ། གནོད་པ་བྱར་མི་རུང་དང་ལྡན་པའི་ཕྱིར་རོ། །མདོར་ན་ཁམ་ཟས་དང་འཁྲིག་པ་ལ་སོགས་པའི་ཆགས་པ་དང་ལྡན་ཅིང་། སྣོད་ཀྱང་འདོད་པ་དང་ལྡན་པའི་སེམས་ཅན་གྱི་གནས་ཡིན་པར། ལུང་སིལ་བུ་ལས། འཇིག་རྟེན་སྣ་ཚོགས་གང་དེ་འདོད་པ་མིན། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་དག་ན་སྣ་ཚོགས་དེ་བཞིན་གནས། །འོན་ཀྱང་བརྟན་རྣམས་འདི་ལ་འདུན་པ་འདུལ། །ཅེས་གསུངས་སོ། །དེ་ལ་ཀུན་ཏུ་རྒྱུ་འཚོ་བྱེད་ཀྱིས་ཤྭཱ་རིའི་བུ་ལ་སྨྲས་པ། འདོད་ཆགས་དང་མ་བྲལ་བའི་དགེ་སློང་གི་ཡིད་འདོད་པ་ལ་སྤྱོད་པར་ཐལ། འཇིག་རྟེན་སྣ་ཚོགས་འདོད་པ་མ་ཡིན་པར་འདོད་པའི་ཀུན་རྟོག་འདོད་ཆགས་ཡིན་པའི་ཕྱིར་ཞེས་པ་ནི། འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །ཀུན་རྟོག་འདོད་ཆགས་འདིར་འདོད་ཡིན་སྨྲ་ན། །དེ་ནི་མེ་དགེའི་རྟོག་པ་ཀུན་རྟོག་པ་ཀུན་རྟོག་ཚེ། །དགེ་སློང་ཡང་ནི་འདོད་སྤྱོད་ཅན་དུ་འགྱུར། །ཞེས་པ་ལ། ཤྭཱ་རིའི་བུས་ལན་བཏབ་པ་དེ་ནི་འདོད་དེ། དགེ་སློང་གི་ཡིད་ཀྱིས་འདོད་པ་བསྟེན་པས་ཡིད་ཀྱི་ཉེས་པས་ཚུལ་ཁྲིམས་མ་དག་པ་ཙམ་དུ་འགྱུར་གྱི། དགེ་སློང་གི་དངོས་པོ་བཏང་བ་ནི་མིན་ཏེ། ཐུབ་པའི་བསླབ་གཞིར་བཀོད་པའི་(༢༡༧ན)
ལུས་ངག་གི་མཚམས་ལས་མ་འདས་པའི་ཕྱིར། ངེད་ལ་ནི་གནོད་པ་ཅིས་ཀྱང་མི་གནོད་ལ། ཁྱོད་ཀྱིས་སྟོན་པ་ཆགས་བྲལ་དེ་ཆོས་ཅན། ལུས་ཀྱིས་ཡུལ་མ་སྤྱད་ཀྱང་ཡིད་འོང་མཐོང་ན་འདོད་པ་ལ་སྤྱོད་པ་ཅན་དུ་ཐལ། ཡུལ་ཡིད་འོང་དེ་འདོད་ཆགས་ཡིན་པ་གང་ཞིགདེ་ཁྱོད་ཀྱིས་མངོན་སུམ་ཉམས་སུ་མྱོང་བའི་ཕྱིར། ཞེས་པ་ནི། གལ་ཏེ་འཇིག་རྟེན་སྣ་ཚོགས་གང་དེ་འདོད། །ཅི་སྟེ་ཁྱོད་ཀྱི་ཀུན་རྟོག་འདོད་ཆགས་ནི། །འདོད་པ་མིན་ན་གཟུགས་རྣམས་མཐོང་ནས་ནི། །ཁྱོད་ཀྱི་སྟོན་པའང་འདོད་སྤྱོད་ཅན་དུ་འོང་། །ཞེས་རྩོད་པ་བཟློག་གོ། །ཡང་ཆོས་གང་དག་ཆོས་ཅན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་འདོད་སོགས་དང་ལྡན་པ་མིན་ཏེ། འདོད་པར་ཁམས་གསུམ་དང་ཟག་མེད་སྤྱོད་ལ་གཟུགས་སུའང་དེ་དང་འདྲ་ཞིང་། གཟུགས་མེད་དུ་ནི་རིང་དང་ཟག་མེད་སྤྱོད་པའི་ཕྱིར། ཡང་ཆོས་གང་དག་ཆོས་ཅན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་འདོད་སོགས་དང་ལྡན་པའང་ཡོད་དེ། གསུམ་པོ་དེ་དག་གིས་ཆགས་སོགས་རྒྱས་པར་འགྱུར་བའི་ཕྱིར་ཏེ། ཆགས་པ་དེ་དག་ཀྱང་ཁམས་རང་ས་རྣམས་སུ་རྒྱས་པར་འགྱུར་བའི་ཕྱིར་རོ། །དེའང་རྟ་སུའི་ཡིན་དྲིས་པ་ལ། དྲེལ་སུའི་ཡིན། དེའི་ཡིན་དང་། དྲེལ་སུའི་ཡིན་དྲིས་པ་ལ་རྟ་སུའི་ཡིན་དེའི་ཡིན་གྱི་ལན་ལྟ་བུས་མི་གོ་བས། འདོད་གནས་ལས་མ་བྲལ་བའི་འདོད་ཆགས་དེ་འདོད་པའི་འདོད་ཆགས་དང་། དེ་རྒྱས་པའི་ཆོས་དེའང་འདོད་པ་དང་ལྡན་པ་ཡིན་ལ། ཁམས་ལྷག་མ་གཉིས་ཀྱང་དེ་བཞིན་ནོ། །ཡང་ན་མཉམ་པར་མ་བཞག་པའི་ཆགས་པ་ནི་འདོད་པའི་དང་། བསམ་གཏན་དང་གཟུགས་མེད་པའི་ཆགས་པ་ནི་ཁམས་གོང་གིའོ། །ཡང་འདོད་པའི་སྤྲུལ་སེམས་ཆོས་ཅན། འདོད་པ་པར་བཞག་མི་རུང་བར་ཐལ། འདོད་པ་ལས་ཆགས་པ་མ་བྲལ་ན་(༢༡༧བ)
སྤྲུལ་སེམས་མི་འབྱུང་བ་གང་ཞིགསྤྲུལ་སེམས་བྱུང་བའི་ཚེ་འདོད་ཆགས་མི་སྐྱེ་བའི་ཕྱིར་ཞེ་ན། རྟགས་ཕྱི་མ་མ་གྲུབ་སྟེ། བསམ་གཏན་པ་འདི་ཞིག་གིས་འདོད་སྤྱོད་ཀྱི་སྤྲུལ་སེམས་ཀྱིས་འདོད་སྤྱོད་ཀྱི་སྤྲུལ་པ་སྤྲུལ་པར་བྱེད་དོ་ཞེས་ཐོས་ནས་དེ་ལ་དམིགས་པའི་འདོད་ཆགས་སྐྱེ་བའི་ཕྱིར་དང་། ཡང་ན་སྤྲུལ་སེམས་ལས་ཉམས་ནས་རྗེས་སུ་དྲན་ནས་དེ་ལ་དམིགས་ཏེ་ཆགས་པ་སྐྱེ་བའི་ཕྱིར་རོ། །ཡང་ན་སྤྲུལ་པ་དེས་ཡིད་འཕྲོགས་ནས་སྤྲུལ་སེམས་དེ་བཟང་པོ་སྙམ་དུ་ཆགས་པ་སྐྱེའོ། །ཡང་ན་སྤྲུལ་སེམས་ཆོས་ཅན། འདོད་པ་ན་སྤྱོད་པ་ཡིན་ཏེ། དྲི་དང་རོ་སྤྲུལ་པ་གང་ཞིགགཟུགས་ན་དེ་གཉིས་མི་སྤྲུལ་པའི་ཕྱིར། ཁམས་གསུམ་པ་ནི་གཅིག་ཁོ་ནར་མ་ཟད་པར་མཐའ་མེད་པ་ཡིན་ཏེ། ནམ་མཁའ་དང་མཉམ་པ་དེ་ཙམ་དུ་ཡོད་པའི་ཕྱིར། སེམས་ཅན་གསར་སྐྱེ་ནི་མེད་ལ། སངས་རྒྱས་རེས་ཀྱང་སེམས་ཅན་གྲངས་མེད་མྱ་ངན་ལས་འདས་ཀྱང་སེམས་ཅན་ཟད་པ་མེད་དེ། ནམ་མཁའ་དང་མཉམ་པའི་ཕྱིར། འདི་ནི་སྡེ་པ་དག་གིས་ཀྱང་འདོད་ལ། ཐེག་པ་ཆེན་པོ་པ་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པས་འགག་པ་མེད་ཀྱང་། སྒྱུ་མ་དང་རྨི་ལམ་ཙམ་དུ་ཀུན་རྫོབ་པའི་ངོར་སྐྱེ་བ་དང་འགྲིབ་པ་ཐམས་ཅད་ཟད་པ་དང་འཕེལ་བ་གང་ཡང་མེད་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བསྐལ་པ་མཐའ་ཡས་པ་ཡང་སྐད་ཅིག་གཅིག་གི་ཁོང་དུ་གནས་པ་དང་། སྐད་ཅིག་ཐུང་ངུར་གྱུར་པ་ཉིད་ཀྱིས་བསྐལ་པ་མཐའ་ཡས་པར་བྱིན་གྱིས་རློབ་པ་སོགས་མདོར་ན་བདེན་པ་གཉིས་ཀ་ལ་སྒྲོ་འདོགས་པ་དང་སྐུར་པ་ཐམས་ཅད་དང་བྲལ་བའི་འཕགས་པ་མ་གཏོགས་ཆོས་ཀྱི་ཚུལ་འདི་ལ། ཁོ་བོ་ལ་སོགས་བློ་གྲོས་ཆུང་ངུར་གྱུར་པ་རྣམས་ལ་ནི་མ་ངེས་པས་དོན་སྤྱི་ཙམ་ཡང་ཤར་བར་མ་གྱུར་ན། རྗེས་སུ་དཔག་པའི་ཚད་མ་ནི་ལྟ་ཅི་(༢༡༨ན)
སྨོས་པའི་ཕྱིར། འཇིག་རྟེན་གྱི་ཁམས་ནི་ཕྱོགས་བཞི་མཚམས་བཞིར་བར་མཚམས་མེད་པར་ཁྱབ་ཅིང་སྟེང་འོག་ཏུ་ནི་མེད་ལ། ཁ་ཅིག་ཡོད་པར་ཡང་ཟེར་རོ། །འདོད་པའི་ཁམས་གཅིག་ལ་ཆགས་པ་དང་བྲལ་བས་དེ་ཐམས་ཅད་ལ་བྲལ་ཞིང་ཁམས་གཉིས་ཀྱང་དེ་དང་འདྲའོ། །བསམ་གཏན་དང་པོ་ལ་སྐྱེས་པའི་རྫུ་འཕྲུལ་དེ་འཇིག་རྟེན་གྱི་ཁམས་གཞན་ཚངས་པའི་འཇིག་རྟེན་ཁོ་ནར་དེ་འགྲོའི། གཞན་དུ་མིན་ཏེ། ཡིན་ན་སྟོན་པ་བཞིན་མཐའ་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་འགྲོ་བ་ལྔར་དབྱེ་བ་ལ། དངོས་དང་། ཁམས་ཀྱི་དམིགས་བསལ། དེ་ལས་འཕྲོས་པའི་དོན་ཏོ། །དང་པོ་ནི། དེར་ནི་དམྱལ་སོགས་འགྲོ་བ་ལྔ། །རང་གི་མིང་གིས་བསྟན། ཁམས་གསུམ་པོ་དེར་ནི་དམྱལ་བ་དང་སོགས་ཀྱིས་དུད་འགྲོ་དང་ཡི་དྭགས་དང་མི་དང་ལྷ་སྟེ་འགྲོ་བ་ལྔ་རང་གི་མིང་གིས་སྨོས་ནས་བསྟན་ཏོ། །འདོད་ཁམས་ན་ལྷའི་ཕྱོགས་གཅིག་དང་བཅས་པའི་ལྔ་ཡོད་ལ། ཁམས་གཉིས་ན་ལྷའི་ཕྱོགས་གཅིག་ཡོད་དོ། །དེར་སྔོན་དུས་ཀྱི་སེམས་ཅན་ཐམས་ཅད་བསྡུས་ཏེ། ལྷ་མིན་གྱི་ས་ལས་ལུས་དང་ལོངས་སྤྱོད་འགྲན་བཟོད་པ་དང་། གཉེན་ཟླ་ཡིན་ལས་ལྷ་ཡིན་ཀྱང་དམན་པ་དགག་པའི་སྒྲར་ལྷ་མིན་དུ་བརྗོད་ལ། སློབ་དཔོན་འདུས་བཟང་ནི་བདེན་པ་མ་རྟོགས་པས་མི་མ་ཡིན་པ་ཞིག་ཏུ་ངེས་པས་ཡི་དྭགས་སོ་ཞེས་ཏེ། རྟགས་མ་ངེས་ལ། མདོ་དྲན་པ་ཉེར་བཞག་ལས། ནག་པོ་དང་དཀར་པོའི་ཕྱོགས་སུ་དུད་འགྲོ་དང་ལྷ་ཡིའོ་ཞེས་འབྱུང་ཞིང་། མདོ་ཁ་ཅིག་ལས། གཡོ་སྒྱུ་ཆེ་ཞིང་བདེན་པ་མི་མཐོང་བས་འགྲོ་བ་དྲུག་པར་བཤད་དེ། སློབ་དཔོན་ཀླུས། སེམས་ཅན་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ། །ཞེས་སོ། །དྲི་ཟ་ནི་ལྷ་ཡིན་ཅིང་། གནོད་སྦྱིན་ནི་ཁ་ཅིག་ལྷ་དང་ཁ་ཅིག་ཡི་དྭགས་ཡིན་ལ། ཀླུ་དང་ལྟོ་འཕྱེ་ནི་སྦྲུལ་དང་ནམ་མཁའ་ལྡིང་ཁྱུང་སྟེ་དུད་འགྲོ་ཡིན་ཅིང་། (༢༡༨བ)
སྲིན་པོ་མིའི་བྱེ་བྲག་གོ། །གཉིས་པ་ནི། དེ་དག །ཉོན་མོངས་ཅན་མིན་ལུང་བསྟན་མིན། །སེམས་ཅན་ཞེས་བྱ་བར་སྲིད་མིན། །ཁམས་རྣམས་ནི། དགེ་བ་དང་། ཉོན་མོངས་ཅན་དང་། སྣོད་དང་། སྲིད་པ་བར་མའི་རང་བཞིན་དག་ཀྱང་ཡིན་གྱི། འགྲོ་བ་ལྔ་པོ་དེ་དག་ཉོན་མོངས་ཅན་མིན་པ་མ་སྒྲིབ་ལུང་བསྟན་པ་མིན་པ་ཉིད་དོ། །འགྲོ་བ་དེ་དག་གི་རང་ལྡོག་ནས་དགེ་བ་དང་ཉོན་མོངས་ཅན་ཡིན་ན་ཆོས་ཅན། འགྲོ་བ་འཆོས་པར་འགྱུར་ཏེ། དགེ་མི་དགེ་ནི་འགྲོ་བའི་རྒྱུ་ཡིན་པ་གང་ཞིག །དེ་མི་གཅིག་པོས་ཀྱང་ལྔ་ཆར་གྱི་ལས་བསགས་པས་འགྲོ་བ་ལྔ་ཆར་ཡིན་པའི་ཕྱིར། གཞན་ཡང་འགྲོ་བ་དགེ་མི་དགེ་ཡིན་ན། དགེ་རྩ་ཆད་པ་དང་འཕགས་པ་རྣམས་ཆོས་ཅན། འགྲོ་བས་མ་བསྡུས་པར་ཐལ། འགྲོ་བ་དགེ་བ་དང་མི་དགེ་བ་ཡིན་པའི་ཕྱིར། ལ་ལར་དགེ་བ་དང་མི་དགེ་བ་དང་མ་སྒྲིབ་ལུང་མ་བསྟན་དུའང་མི་རུང་སྟེ། ཚེ་མ་བརྗེས་པར་འགྲོ་བ་འཕོ་བར་ཐལ་བའི་ཕྱིར། གཞན་ཡང་འདོད་པའི་མི་ལྟ་བུའི་རྒྱུད་ལ་གོང་སའི་ཉོན་མོངས་ཐམས་ཅད་ཀྱང་ཡོད་པས་ལྷ་མིའི་གཞི་མཐུན་ལ་སོགས་པར་འགྱུར་རོ། །སེམས་ཅན་ཞེས་བྱ་སྣོད་མིན་ཏེ། ལུས་རྣམས་ལས་དང་མཐུན་པར་དེར་འགྲོ་བའི་ཕྱིར། འགྲོ་བ་ལྔ་ཆོས་ཅན། བར་སྲིད་དུ་གཏོགས་པ་མིན་ཏེ། དེས་བར་སྲིད་མ་བསྡུས་པར་གསུངས་པའི་ཕྱིར། དེ་སྐད་དུ། སྐྱེ་གནས་བཞིས་ནི་འགྲོ་བ་ལྔ་བསྡུས་ཀྱི། འགྲོ་བ་ལྔས་ནི་སྐྱེ་གནས་བཞི་མ་བསྡུས་ཏེ། གང་མ་བསྡུས་ན། སྲིད་པ་བར་མའོ། །ཞེས་དང་། ཡང་བསྒོམ་བྱུང་བཞིན། སྲིད་པ་བར་མའི་མིག་འགྲོ་བ་ལྔའི་མིག་ལས་ལོགས་སུ་བསྟན་པས་ཀྱང་བར་སྲིད་འགྲོ་བས་མ་བསྡུས་ལ། མདོ་ལས་ཀྱང་སྲིད་པ་ནི་འགྲོ་བ་ལྔ་དང་ལས་ཀྱི་སྲིད་པ་དང་སྲིད་པ་བར་མ་དང་བདུན་དུ་གསུངས་པའི་ཕྱིར་རོ། །དེས་ན་འགྲོ་བ་ནི་མ་སྒྲིབ་ལུང་མ་བསྟན་དུ་གྲུབ་སྟེ། དེའི་རྒྱུ་ལས་ཀྱི་སྲིད་པ་དགེ་མི་དགེ་(༢༡༩ན)
ནི་དེ་རྣམས་ལས་ལོགས་ཤིག་ཏུ་མཛད་པའི་ཕྱིར། ཁ་ཆེ་བ་རྣམས་ཀྱང་མདོ་སིལ་བུ་འདི་ལྟར་འདོན་ཏེ། གནས་བརྟན་ཤྭཱ་རིའི་བུས། ཚེ་དང་ལྡན་པ་དམྱལ་བ་པའི་ཟག་པ་རྣམས་མངོན་དུ་གྱུར་པ་ལས། དམྱལ་བ་མྱོང་བར་འགྱུར་བའི་ལས་རྣམས་བྱེད་ཅིང་སོགས་པར་འགྱུར་རོ། །ཚེ་དང་ལྡན་པ་ལུས་དང་ངག་དང་ཡིད་ཀྱི་དཀྱིལ་འཁོར་དང་། ལུས་དང་ངག་དང་ཡིད་ཀྱི་སྐྱོན་དང་སྙིགས་མ་དེ་དག་གི་རྣམ་པར་སྨིན་པ་གཟུགས་ནས་རྣམ་ཤེས་ཀྱི་བར་སྨིན་པར་འགྱུར་ཏེ། རྣམ་པར་སྨིན་པ་གྲུབ་ནས་དམྱལ་བ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཚེ་དང་ལྡན་པ་དེ་དག་མ་གཏོགས་པ་དམྱལ་བ་མི་དམིགས་སོ། །ཞེས་འབྱུང་བའི་ཕྱིར། ཡང་འགྲོ་བ་དག་མ་སྒྲིབ་ལུང་མ་བསྟན་ཁོ་ནའོ། །དཀྱིལ་འཁོར་ནི་རྒྱུས་ཀུན་ནས་སློང་བའི་ལས་སོ། །སྐྱོན་དང་སྙིགས་མ་ནི་ཞེ་སྡང་དང་འདོད་ཆགས་ཀྱིས་ཀུན་ནས་བསླངས་པ་དག་ཡིན་ནོ། །འོ་ན་རབ་ཏུ་བྱེད་པའི་གཞུང་དུ། འགྲོ་བ་དག་ལ་ཕྲ་རྒྱས་ཐམས་ཅད་རྒྱས་པར་འགྱུར་རོ། །ཞེས་འབྱུང་བ་ལ་ལན་བཏབ་དགོས་ཞེས་པའི་དོན་ནི། འགྲོ་བ་མ་སྒྲིབ་ལུང་མ་བསྟན་ནི་སྒོམ་སྤང་ཡིན་པས་ཕྲ་རྒྱས་སྒོམ་སྤང་རྣམས་དང་ཀུན་འགྲོ་སྒོམ་སྤང་རྣམས་རྒྱས་པར་བཤད་རིགས་པ་ལས། གཞན་སྤང་བྱ་རིས་ལྔ་ཅར་ཐམས་ཅད་རྒྱས་པར་བཤད་འདུག་པས་འདི་ལ་ཇི་ལྟ་བུའི་ལན་བཏབ་དྲི་བའོ། །དེ་ལ་འགྲོ་བ་ལ་སྤང་བྱ་རིས་ལྔའི་ཕྲ་རྒྱས་ཐམས་ཅད་ཡོད་ཅེས་བརྗོད་པ་མིན་ཏེ། འགྲོ་བ་ཉིང་མཚམས་སྦྱོར་བའི་སེམས་ལ་སྤང་བྱ་རིས་ལྔར་ཡོད་པ་ལ་འགྲོ་བར་བཏགས་ནས་ཕྲ་རྒྱས་ཐམས་ཅད་རྒྱས་པར་དགོངས་པའི་ཕྱིར་དང་། དེའི་ཚེ་སེམས་དེ་དག་གི་རྒྱུད་མ་སྒྲིབ་ལུང་མ་བསྟན་གྱི་འགྲོ་བའང་བསྟན་ཏེ། གྲོང་སྨོས་པས་དེའི་ཉེ་འཁོར་བསྟན་པ་ལྟ་བུའི་ཕྱིར་(༢༡༩བ)
རོ། །གཞན་དག་ན་རེ། ལས་ཀྱི་སྲིད་པ་འགྲོ་བའི་སྲིད་པ་ལས་ཐ་དད་དུ་གསུངས་པའི་ཕྱིར། ལས་སྲིད་ལས་འགྲོ་སྲིད་ལོགས་སུ་ཡིན་པས་མ་ཁྱབ་སྟེ། དཔེར་ན། ་སྙིགས་མ་ལྔ་ལས་ཁྱིམ་ན་གནས་པ་དང་རབ་བྱུང་བྱས་ནས་ཉོན་མོངས་དང་ལྟ་བའི་སྙིགས་མ་གཉིས་སུ་གསུངས་ཀྱང་། ལྟ་བ་ཉོན་མོངས་པ་མིན་མི་དགོས་པ་བཞིན་ལས་ཀྱི་སྲིད་པའང་འགྲོ་བའི་སྲིད་པ་ཡིན་ནོ། །དེ་ལྟར་ནའང་ཐ་དད་དུ་བསྟན་ཏེ། འགྲོ་བའི་རྒྱུ་ལས་སྲིད་དུ་ཤེས་པའི་ཆེད་དུ་བསྟན་པའི་ཕྱིར་རོ། །འོ་ན་བར་སྲིད་ཀྱང་ཆོས་ཅན། འགྲོ་སྲིད་དུ་ཐལ། འགྲོ་བར་འགྲོ་བ་ཤེས་ཤིང་ཐ་དད་དུ་བསྟན་པར་མཚུངས་པའི་ཕྱིན་ཞེ་ན། འགྲོ་བར་འགྲོ་བ་མ་གྲུབ་སྟེ། བར་སྲིད་ནི་བགྲོད་བྱ་སྔོན་དུས་མ་ཡིན་པར་འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར། འོ་ན་གཟུགས་མེད་པ་རྣམས་ཀྱང་འགྲོ་བ་མ་ཡིན་པར་ཐལ། འཆི་འཕོ་བའི་ཡུལ་ཉིད་དུ་སྐྱེ་བའི་ཕྱིར་རོ། །མི་མཚུངས་ཏེ། འཆི་འཕོ་བའི་ཡུལ་ཉིད་དུ་གཟུགས་མེད་ན་སྔོན་དུས་ཀྱི་འགྲོ་བ་ཡོད་པའི་ཕྱིར། སྲིད་པ་བར་མ་ཡིན་པ་ཁོ་ནའི་ཕྱིར། སྲིད་པ་བར་མ་འགྲོ་བ་མ་ཡིན་པས་ཁྱབ། དཔེར་ན། འགྲོ་བ་དང་མི་འགྲོ་བའི་བར་མ་དོ་བཞིན་ནོ། །ཤྭཱ་རིའི་བུས་རྣམ་སྨིན་གྲུབ་ནས་ཞེས་བཤད་ཀྱི། རྣམ་སྨིན་ཁོ་ན་ཞེས་མ་བཤད་པས་རྣམ་སྨིན་ཡིན་མིན་གཉིས་ཀ་ཡོད་དོ། །བྱེ་སྨྲས་ཆོས་དེ་དག་མ་གཏོགས་དམྱལ་བ་པ་མི་དམིགས་པའི་དོན་ནི། དེར་གང་ཟག་གི་རྫས་སུ་གྱུར་པའི་དམྱལ་བ་པ་དགག་པ་ཡིན་གྱི། རྣམ་སྨིན་གྱི་ཕུང་པོ་འགྲོ་བ་ཡིན་པ་དགག་པ་མ་ཡིན་ནོ། །བྱེ་སྨྲས་འགྲོ་བ་མ་སྒྲིབ་ལུང་མ་བསྟན་ཁོ་ནར་འདོད་ལ། དེ་དག་ཀྱང་ཁ་ཅིག་རྣམ་སྨིན་ཁོ་ན་དང་། གཞན་རྒྱས་བྱུང་ཡོད་དེ། རྒྱས་བྱུང་གི་མིག་འགྲོ་བས་(༢༢༠ན)
བསྡུས་པའི་ཕྱིར་འདོད་དོ། །གསུམ་པ་འཕྲོས་དོན་ལ་བཞི། རྣམ་ཤེས་ཀྱི་གནས་པ་བདུན། སེམས་ཅན་གྱི་གནས་པ་དགུ། རྣམ་པར་ཤེས་པའི་གནས་པ་བཞི། བདུན་དང་བཞིའི་མུ་བཞི་དཔྱད་པའོ། །དང་པོ་ལ་གཉིས། དངོས་དང་། དེ་མིན་པའོ། །དང་པོ་ནི། ལུས་དང་འདུ་ཤེས་ཐ་དད་དང་། །ལུས་ཐ་དད་ཅིང་འདུ་ཤེས་གཅིག །བཟློག་དང་ལུས་དང་འདུ་ཤེས་གཅིག །གཟུགས་ཅན་མ་ཡིན་གསུམ་པོ་དག །རྣམ་ཤེས་གནས་པ་བདུན། འགྲོ་བ་ལྔ་པའི་ཁམས་གསུམ་འདི་ཉིད་དུ། མདོ་ལས། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་ལྷ་ཁ་ཅིག་གོ། །འདི་ནི་རྣམ་ཤེས་གནས་པ་དང་པོའོ། །ཞེས་པས། མི་དང་། འདོད་ལྷ་དང་། ཉི་འོག་པ་ལྟར་བསམ་གཏན་དང་པོ་གནས་རིས་གསུམ་དང་། ཁ་ཆེ་བ་རྣམས་ཚངས་ཆེན། ཚངས་མདུན་གྱི་གནས་པ་ལས་གཞན་མིན་པས་གནས་རིས་གཉིས་དང་པོར་བྱུང་བ་རྣམས་མ་གཏོགས་ལུས་ཁ་དོག་རྟགས་དབྱིབས་སྲིད་ཐ་དད་པ་དང་སེམས་ཀྱང་བདེ་སྡུག་བཏང་སྙོམས་ཀྱི་འདུ་ཤེས་ཐ་དད་པ་དང་། ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་གང་དག་དང་པོར་བྱུང་བ་དག་གོ། །འདི་ནི་རྣམ་པར་ཤེས་པའི་གནས་པ་གཉིས་པའོ། །ཞེས་པས། ཚངས་ཆེན་དང་འཁོར་རྣམས་མཆུ་ཞེང་དང་གོས་སོགས་ཀྱིས་ཁྱད་པར་དུ་བྱས་པའི་ལུས་ཐ་དད་ཅིང་དང་པོ་བྱུང་བ་རྣམས་བདག་ཅག་ནི་ཚངས་པས་ཕྱུང་ངོ་སྙམ་དུ་འདུ་ཤེས་ལ། ཚངས་པས་ཀྱང་འདི་རྣམས་བདག་ཅག་གིས་ཕྱུང་སྙམ་དུ་འདུ་ཤེས་གཅིག་པ་དག་གོ། །དེ་ཡང་འཇིག་རྟེན་ཆགས་པ་ན་ཚངས་ཆེན་གཅིག་པུ་སྐྱེས་ཏེ། རང་ཉིད་རིང་པོར་གནས་པ་དང་། ལྷ་གཞན་མི་སྐྱེ་བར་མངོན་ཤེས་ཀྱིས་མཐོང་སྟེ་སྐྱོ་ནས། བདག་དང་སྐལ་བ་མཉམ་པའི་ལྷ་གཞན་ཡང་འདིར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་(༢༢༠བ)
བཏབ་པ་དང་། བྱ་རོག་དང་ཏ་ལའི་ཚུལ་དུ་ལྷ་དག་སྐྱེས་པས་བདག་གིས་བསྐྱེད་དོ་སྙམ་ལ། འཁོར་དག་ཀྱང་འདིས་བསྐྱེད་དོ་སྙམ་དུ་ཚངས་པ་རྒྱུ་མིན་ལ་རྒྱུར་འཛིན་པའི་འདུ་ཤེས་གཅིག་པའོ། །འོ་ན་འཁོར་རྣམས་ཀྱིས་སྨོན་ལམ་འདེབས་པ་ཇི་ལྟར་མཐོང་ཞེ་ན། ཁ་ཅིག་ན་རེ། དེ་འོད་གསལ་ན་གནས་པའི་ཚེ་མཐོང་བ་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱིས་དྲན་ནས་རྒྱུར་འཛིན་པའོ་ཞེས་པ་ནི་མི་འཐད་དེ། བསམ་གཏན་དང་པོར་སྐྱེས་པས་གཉིས་པའི་སྙོམས་འཇུག་མ་ཐོབ་ན་གཉིས་པའི་སའི་སྔོན་གྱི་གནས་རྗེས་སུ་དྲན་མི་ནུས། ཐོབ་ན་དང་པོའི་ཉོན་མོངས་ལ་ཆགས་པ་དང་བྲལ་བས་ཚངས་ཆེན་གྱི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ལ་ལྟ་བའི་རྒྱུར་འཛིན་མི་སྐྱེ་བའི་ཕྱིར། ཁ་ཅིག །དེར་སྐྱེ་བའི་སྲིད་པ་བར་མའི་ཚེ་མཐོང་ངོ་ཞེས་པའང་མི་འཐད་དེ། མདོ་ལས། ཚངས་པ་ཚེ་རིང་ཞིང་དུས་རིང་པོར་གནས་པ་དང་སྨོན་ལམ་འདེབས་པ་མཐོང་། ཞེས་ཏེ། སྐྱེ་བ་ལེན་པ་ཕ་མ་ལ་སོགས་པའི་རྐྱེན་ལ་མི་བལྟོས་པས་བར་སྲིད་ཡུན་ཐུང་ལ། ཤེས་པ་ཡུན་ཐུང་བས་ཚངས་པ་རིང་དུ་གནས་པ་མཐོང་བ་འགལ་བའི་ཕྱིར་རོ། །དེས་ན་བསམ་གཏན་དང་པོ་རང་སའི་སྔོན་གྱི་གནས་དྲན་པའི་སྐྱེས་ཐོབ་ཀྱིས་དྲན་པའམ། འགྲེལ་བཤད་དུ་ཚངས་པ་ཆེན་པོ་ལས་བསྐྱེད་པར་ཐོས་པ་ལས་ཀྱང་དྲན་པར་བཤད་དོ། །ཡང་མདོ་ལས། སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། འོད་གསལ་གྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པའི་གནས་གསུམ་པའོ། །ཞེས་ཏེ། འདིར་མཐའ་སྨོས་པས་གཉིས་པ་མཐའ་དག་གོ་བར་བྱའོ། །དེའི་ཕྱིར། སྔ་མ་ལས་བཟློག་དང་ཞེས་པས་བསམ་གཏན་གཉིས་པ་བ་རྣམས་ལུས་འོད་ཀྱི་རང་བཞིན་དུ་གཅིག་ལ། ཆོས་ཀྱི་རྒྱལ་པོ་འདོད་པ་(༢༢༡ན)
དང་ཆོས་ལ་འཇུག་པ་ལྟར་དངོས་གཞིའི་ཡིད་བདེ་ཡང་སེམས་གཡོ་བར་བྱེད་པས་སྐྱོ་ན་ཉེར་བསྡོགས་ཀྱི་བཏང་སྙོམས་ལ་འཇུག་ཅིང་། དེས་སྐྱོ་ན་ཡིད་བདེ་འཇུག་པའི་ཕྱིར། ཁ་ཅིག་ཡིད་བདེས་སྐྱོ་བ་ན། ཁ་ཅིག་ཡོན་ཏན་དུ་བལྟ་བའམ། མདོ་སྡེ་པས་ནི། བསམ་གཏན་དང་པའི་སྣོད་མེར་འབར་བ་ན། ལྷ་གཞོན་ནུ་དག་དེར་ཡང་མེ་འོང་བར་སེམས་ཤིང་སྐྲག་ལ། རྒན་པོ་ཆགས་འཇིག་མཐོང་བ་དག་ནི། ཀྱེ་གྲོགས་པོ་དག་མ་འཇིགས་ཤིག །མེས་ནི་སྔོན་ཡང་ཚངས་པའི་འཇིག་རྟེན་བསྲེགས་ནས་མེད་པར་གྱུར་ཏོ་ཞེས་དབུགས་འབྱིན་པས་མི་སྲེག་པར་འདུ་ཤེས་ཐ་དད་དོ། །ཞེས་སོ། །མདོར། སེམས་ཅན་གཟུགས་ཅན་ལུས་གཅིག་ཅིང་འདུ་ཤེས་གཅིག་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ་དགེ་རྒྱས་ཀྱི་ལྷ་རྣམས་སོ། །འདི་ནི་རྣམ་པར་ཤེས་པའི་གནས་བཞི་པའོ། །ཞེས་པས། ལུས་འོད་དུ་འདྲ་བར་གཅིག་ཅིང་བདེ་བ་གྱ་ནོམ་པ་ལ་གནས་པས་ཉེར་བསྡོགས་མངོན་དུ་མི་བྱེད་པར་བདེ་བར་འདུ་ཤེས་གཅིག་པ་དག་གོ། །བསམ་གཏན་དང་པོ་ན་རྒྱུ་མིན་ལ་རྒྱུར་འཛིན་ཉོན་མོངས་ཅན་གྱི་འདུ་ཤེས་སུ་གཅིག་པ་དང་། གཉིས་པ་དགེ་བའི་འདུ་ཤེས་སུ་ཉེར་བསྡོགས་དང་དངོས་གཞིས་བསྡུས་པའི་འདུ་ཤེས་ཐ་དད་དང་། གསུམ་པ་རྣམ་སྨིན་ལས་སྐྱེས་པའི་བདེ་བའི་འདུ་ཤེས་སུ་གཅིག་པའོ། །ཡང་མདོ་ལས། ཇི་སྐད་དུ། སེམས་ཅན་གཟུགས་ཅན་མ་ཡིན་པ་གང་དག་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པ་ཡང་ཡོད་དེ། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དུ་འགྲོ་བའི་ལྷ་དག་གོ། །འདི་ནི་རྣམ་པར་ཤེས་པའི་གནས་པ་ལྔ་པའོ། །ཞེས་ཏེ། འགྲེལ་བཤད་དུ། ལྷག་གཉིས་(༢༢༡བ)
ཀྱིས་ཁ་བསྐངས་ནས་རྒྱས་པར་འབྱུང་བའི་ཕྱིར། གཟུགས་ཅན་མ་ཡིན་པ་རྣམ་པ་གསུམ་པོ་དག་དང་བཅས་ཏེ། རྣམ་ཤེས་ཀྱི་གནས་པ་བདུན་ནོ། །དེ་དག་ན་ནི་རྣམ་ཤེས་ཀྱི་གནས་པ་ཞེས་བྱ་སྟེ། དེ་དག་ཏུ་རྣམ་ཤེས་སྲེད་པའི་ཚུལ་གྱིས་རྟེན་ཅིང་རྒྱས་པའི་ཕྱིར་དང་། གནས་པ་དེ་དག་ཀྱང་འདོད་གཟུགས་ན་ཕུང་པོ་ལྔ་པ་དང་གཅིག་ཤོས་ན་བཞི་པའོ། །གཉིས་པ་ནི། ལྷག་མ། །དེ་འཇོམས་བྱེད་ལྡན། སྨོས་པ་དེ་དག་གི་ལྷག་མ་ངན་སོང་གསུམ་དང་། བསམ་གཏན་བཞི་པ་དང་སྲིད་རྩེ་བ་རྣམས་ནི་རྣམ་ཤེས་ཀྱི་གནས་པ་མིན་ཏེ། ངན་སོང་གསུམ་ན་སྡུག་བསྔལ་དང་། བསམ་གཏན་བཞི་པ་ན་འདུ་ཤེས་མེད་པ་རྒྱུ་འབྲས་དང་སྲིད་རྩེ་ན་འགོག་པའི་སྙོམས་འཇུག་གིས་རྣམ་ཤེས་དེ་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར་དང་། ངན་སོང་བ་ནི་དེར་གནས་པར་མི་འདོད་པར་གོང་དུ་བསྐྱོད་པར་འདོད་པའི་ཕྱིར་དང་། བསམ་གཏན་བཞི་པའི་སོ་སོ་སྐྱེ་བོ་རྣམས་ནི་འདུ་ཤེས་མེད་པ་དང་། འཕགས་པ་རྣམས་ནི་གནས་གཙང་མར་སྤྱོད་པར་འདོད་པའི་ཕྱིར། དེ་དག་རྣམ་ཤེས་གནས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་གནས་པ་ནི་གཞན་ན་གནས་པ་དེར་འགྲོ་བར་འདོད་པ་དང་། དེར་གནས་པ་གཞན་དུ་བསྐྱོད་པར་མི་འདོད་པ་ཡིན་ན། དེ་དག་ནི་དེ་ལྟར་མ་ཡིན་པའི་ཕྱིར། སྲིད་རྩེ་ན་སེམས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་རོ། །གཉིས་པ་[སེམས་ཅན་གྱི་གནས་པ་དགུ་]ལ། དངོས་དང་། དེ་མིན་པའོ། །དང་པོ་ནི། སྲིད་རྩེ་དང་། །འདུ་ཤེས་མེད་པའི་སེམས་ཅན་རྣམས། །སེམས་ཅན་གྱི་ནི་གནས་དགུར་བཤད། །རྣམ་ཤེས་ཀྱི་གནས་པ་བདུན་པོ་དེ་དང་། སྲིད་རྩེ་དང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཆོས་ཅན། སེམས་ཅན་གྱི་ནི་གནས་དགུར་བཤད་དེ། འདི་དག་ཏུ་སེམས་ཅན་རྣམས་རང་དགའ་བས་ཀུན་ཏུ་གནས་པའི་ཕྱིར། གཉིས་པ་ནི། མི་འདོད་བཞིན་གནས་ཕྱིར་གཞན་མིན། །གཞན་ངན་སོང་རྣམས་སེམས་ཅན་དགའ་བས་གནས་པ་མིན་ཏེ། དེ་དག་ཏུ་སེམས་ཅན་རྣམས་མི་འདོད་བཞིན་དུ་ལས་ཀྱི་སྲིན་པོས་ཀུན་ཏུ་གནས་སུ་འཇུག་པའི་ཕྱིར་བརྩོན་(༢༢༢ན)
ར་བཞིན་ནོ། །གསུམ་པ་[རྣམ་པར་ཤེས་པའི་གནས་པ་བཞི་]ལ། དངོས་དང་། དེ་མིན་པའོ། །དང་པོ་ནི། གནས་པ་དག་ནི་ཡང་བཞི་སྟེ། །ཟག་དང་བཅས་པའི་ཕུང་པོ་བཞི། །རང་གི་ས་པ་ཉིད། ཡང་མདོ་ལས། རྣམ་ཤེས་གནས་པ་དག་ནི་བཞི་ཡང་སྟེ། ཞེས་བཞི་ནི། རྣམ་ཤེས་གནས་པ། གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དུ་ཉེ་བར་འགྲོ་བའོ། །ཞེས་འབྱུང་ལ། དེའི་རང་བཞིན་ནི་རིམ་བཞིན་ཟག་དང་བཅས་པའི་ཕུང་པོ་བཞི་ཡིན་ལ། དེ་ཡང་རང་གི་ས་པ་ཉིད་ཡིན་ཏེ། འདིར་རྣམ་ཤེས་སྲེད་པའི་དབང་གིས་གནས་པ་ཡིན་ན་ཟག་མེད་དང་ས་གཞན་གྱི་ཕུང་པོ་ལ་དེ་ལྟར་གནས་པ་མེད་པའི་ཕྱིར། བྱེ་སྨྲ་ན་རེ། གནས་པ་པོ་རྣམ་ཤེས་ཉིད་ལ་གནས་པ་ཞེས་མི་བྱ་སྟེ། གནས་པ་པོ་གནས་པར་མ་གཏོགས་པའི་ཕྱིར། རྒྱལ་པོ་ཉིད་སྟན་མིན་པ་བཞིན་ནོ། །ཡང་དེ་ལ་དེ་གནས་པ་མིན་ཏེ། ཡིན་ན་གྲུ་དང་མཉན་པའི་ཚུལ་དུ་བྱས་ནས་ཉེ་བར་འགྲོ་བའམ་གནས་དགོས་ལ། ཤེས་པ་རང་ཉིད་རང་ཉིད་ལ་དེ་ལྟ་བུའི་ཚུལ་གྱིས་ཉེ་བར་འགྲོ་བ་མིན་པའི་ཕྱིར། ཞེས་ཟེར་རོ། །འོ་ན་མདོ་ལས་རྣམ་ཤེས་ཀྱིས་ཟས་ལ་དགའ་བ་དང་ཆགས་པ་ཡོད་པ་དེ་ལ་རྣམ་ཤེས་བརྟེན་པར་གསུངས་པ་དང་། རྣམ་ཤེས་གནས་བདུན་ཕུང་ལྔའི་རང་བཞིན་དག་ཡིན་ནོ་ཞེས་བཤད་པས་གནོད་དོ་སྙམ་ན། མིན་ཏེ། མི་ལ་སོགས་རིས་མཐུན་གྱིས་བསྡུས་པའི་གཟུགས་ཕུང་སོགས་བྱེ་བྲག་མེད་པར་གཅིག་ཏུ་བཟླུམས་པའི་ངོ་བོར་སྐྱེ་བའི་སྐྱེ་མཆེད་ཀྱིས་བསྡུས་པ་དག་ལ་དགའ་བ་དང་བཅས་པས་རྣམ་ཤེས་འཇུག་པའི་ཕྱིར། རྣམ་ཤེས་ལ་གནས་པ་བདུན་དུ་བྱས་སོ། །གཉིས་པ་ནི། རྣམ་ཤེས། །འབའ་ཞིག་གནས་པར་མ་བཤད་དོ། །ཕུང་སོགས་དབྱེ་ན་གཟུགས་སོགས་རྟེན་དང་མཚུངས་ལྡན་དང་ལྷན་ཅིག་འབྱུང་བའི་ངོ་བོར་ཉེ་བར་འགྲོ་བའི་ཕྱིར། ཀུན་ནས་ཉོན་མོངས་བྱེད་ཡིན་པ་ལྟར་རྣམ་ཤེས་འབའ་ཞིག་ལོགས་སུ་ཀུན་ནས་ཉོན་མོངས་བྱེད་མིན་པས་རྣམ་ཤེས་འབའ་ཞིག་གནས་པར་མ་བཤད་དོ། །སྟོན་པས། (༢༢༢བ)
གནས་པ་བཞི་ནི་རྣམ་ཤེས་ཀྱི་ཞིང་ས་ལྟ་བུ་དང་། ཉེར་ལེན་དང་བཅས་པའི་ཤེས་པ་རང་སའི་སྲེད་བཅས་ས་བོན་གྱི་ངོ་བོ་ཁོ་ནར་བསྟན་པས། དེ་ཉིད་ཞིང་དུ་འཇོག་པ་མིན་ཅིང་། གཟུགས་སོགས་དང་རྣམ་ཤེས་ལྷན་ཅིག་ཏུ་འབྱུང་བ་ནི་ས་བོན་དེ་ལྡན་གྱི་ཞིང་དུ་འཇོག་པའི་དཔེ་མཐོང་ལ། རྣམ་ཤེས་དང་རྣམ་ཤེས་ལྷན་ཅིག་ཏུ་འབྱུང་བ་ནི་མཐོང་བ་མེད་པས་སོ། །བཞི་པ་[བདུན་དང་བཞིའི་མུ་བཞི་དཔྱད་པ་]ནི། བསྡུ་ན་མུ་ནི་བཞི་ཡིན་ནོ། །བདུན་གྱིས་བཞི་བསྡུས་སམ། བཞིས་བདུན་བསྡུས་ཞེ་ན། བསྡུ་བ་དཔྱད་ན་མུ་ནི་བཞི་ཡིན་ནོ། །དེ་ཡང་མུ་དང་པོ་ནི། རྣམ་ཤེས་ཀྱི་གནས་པ་བདུན་དང་། མུ་གཉིས་པ་ནི། ངན་སོང་བསམ་གཏན་བཞི་པ། སྲིད་རྩེའི་ཟག་བཅས་ཀྱི་ཕུང་པོ་བཞི་དང་། མུ་གསུམ་པ་ནི། རྣམ་ཤེས་ཀྱི་གནས་པ་བདུན་པོ་དེ་བཞི་དང་། མུ་བཞི་པ་ནི། ངན་སོང་དང་བསམ་གཏན་བཞི་པ་དང་སྲིད་རྩེ་པ་རྣམས་ཀྱི་རྣམ་ཤེས་དང་ཟག་མེད་ཀྱི་ཆོས་རྣམས་སོ། །གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ། གང་དུ་འཇུག་པ་སྐྱེ་གནས་ཀྱི་དབྱེ་བ། གང་གིས་འཇུག་པའི་བར་སྲིད་བཤད་པ། དེས་སྐྱེ་གནས་སུ་བགྲོད་པའི་ཚུལ་ལོ། །དང་པོ་ལ། དབྱེ་བ་དངོས་དང་། འགྲོ་བ་གང་ལ་སྐྱེ་གནས་གང་ལྡན་དཔྱད་པའོ། །དང་པོ་ནི། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །ཁམས་གསུམ་བཤད་པ་དེར་ནི་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང་། སོགས་པས་མངལ་དང་། དྲོད་གཤེར་དང་། བརྫུས་ཏེ་སྐྱེ་བའི་སྐྱེ་གནས་ཏེ། སེམས་ཅན་རྣམས་འཆོལ་ཞིང་འདྲེ་བར་འགྱུར་བས་སྐྱེ་བ་ཐུན་མོང་པའི་ཆོས་འདྲ་བ་ཡིན་པའི་ཕྱིར། སྐྱེ་གནས་དེ་ནི་བཞི་དག་ཏུ་རིག་པར་བྱའོ། །སྒོང་སྐྱེས་ཀྱི་གནས་པ་ནི། ངང་པ་དང་ཁྲུང་ཁྲུང་སོགས་སོ། །མངལ་སྐྱེས་ཀྱི་གནས་པ་ནི། མའི་ལྟོར་བུ་བཏུམས་ནས་གནས་པ་སྟེ། གླང་པོ་ཆེ་ལ་སོགས་པ་ལྟ་བུའོ། །དྲོད་གཤེར་སྐྱེས་པ་རྣམས་ནི། དྲོད་བརླན་གྱི་རྡུལ་ཕྲ་འདུས་པ་ལ་སྲོག་ཞུགས་པ་སྟེ། སྲིན་བུ་སྦུར་བ་སོགས་(༢༢༣ན)
སོ། །བརྫུས་ཏེ་སྐྱེས་པ་རྣམས་ནི། ཞར་ལོང་སོགས་མིན་པ་དབང་པོ་ཚང་ཞིང་ཡན་ཉིང་གཅིག་ཅར་སྐྱེ་བའོ། །སྐྱེ་གནས་དེ་ནི་ཁུ་ཁྲག་གིས་རྒྱུ་མ་བྱས་པའི་ཕྱིར་མཛེས་པར་གྲུབ་པའོ། །དེའང་ལྷ་དང་དམྱལ་བའི་བར་སྲིད་སོགས་སོ། །གཉིས་པ་འགྲོ་བ་གང་ལ་སྐྱེ་གནས་གང་ལྡན་དཔྱད་པ་ལ་གསུམ། མི་དང་དུད་འགྲོ་ལ་གང་ལྡན་པ། དམྱལ་བ་དང་ལྷ་སོགས་ལ་གང་ལྡན་པ། ཡི་དྭགས་ལ་གང་ལྡན་པའོ། །དང་པོ་ནི། མི་དང་དུད་འགྲོ་རྣམ་པ་བཞི། །ཞེས་པས་མི་སྒོང་སྐྱེས་ནི། ཚོང་པ་གྲུ་ཆགས་པ་རྒྱ་མཚོའི་ངོགས་སུ་ཁྲུང་ཁྲུང་མོ་དང་འདུས་པ་ལས་སྐྱེས་པ་གནས་བརྟན་བྲག་དང་ཉེ་བྲག་ལྟ་བུ་དང་། རྒྱལ་པོ་ལྔ་ལེན་གྱི་བཙུན་མོ་ལ་སྒོ་ང་ལྔ་བརྒྱ་བྱུང་བ་སྒྲོམ་དུ་བཅུག་ནས་གངྒཱ་ལ་བསྐུར་བ་ལི་ཙཱ་བིའི་རྒྱལ་པོ་བཙུན་མོ་དང་བཅས་པས་ཁྲུས་བྱེད་པས་མཐོང་ནས་བུ་ལྔ་བརྒྱ་བླངས་པ་ལྟ་བུ་དང་། དྲོད་གཤེར་ལས་སྐྱེས་པ་ནི། ང་ལ་ནུ་དང་། མཛེས་པ་དང་། ཉེ་མཛེས་དང་། ཐི་བའི་ཕྲེང་བ་ཅན་མ་དང་། ཨ་མྲ་སྐྱོང་མ་རྣམས་རིམ་པ་བཞིན། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོའི་ཐོར་པ་དང་། ང་ལ་ནུའི་པུས་མོའི་ཐོར་པ་གཉིས་ལས་གཉིས་པོ་དང་། རྒྱལ་པོ་ཚངས་བྱིན་གྱི་བྲང་གི་ཐོར་བ་ལས་དང་། ཆུ་ཤིང་གི་སྡོང་པོ་ལས་བྱུང་བ་ལྟ་བུའོ། །བརྫུས་སྐྱེས་ནི། བསྐལ་པ་དང་པོ་པ་རྣམས་དང་འཕགས་པ་ལྷ་དང་མཚོ་སྐྱེས་ལྟ་བུའོ། །དུད་འགྲོའི་སྐྱེ་གནས་གསུམ་ནི་སྣང་བ་ཉིད་དོ། །བརྫུས་སྐྱེས་ནི་ཀླུ་དང་འདབ་བཟང་ཁ་ཅིག་གོ། །གཉིས་པ་ནི། དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་པ་ནི་ཁོ་ནའོ། །གསུམ་པ་ནི། ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཅེས་པས། མཽ་གལ་གྱི་བུ་ལ་ཡི་དྭགས་མོ་ཞིག་གིས། བདག་གིས་མཚན་མོ་བུ་ལྔ་དང་། །དེ་བཞིན་ཉིན་མོ་གཞན་ལྔ་དག །བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་(༢༢༣བ)
བདག་ནི་ཚིམ་པ་མེད། །ཅེས་སྨྲས་སོ། །འང་གིས་བརྫུས་སྐྱེས་ཀྱང་ཡོད་ཅེས་པ་བཟུང་ངོ་། །སྐྱེ་གནས་ཀྱི་ནང་ནས་བཟང་བ་ནི་བརྫུས་སྐྱེས་ཡིན་ལ། སྲིད་པ་ཐ་མའི་བྱང་སེམས་སྐྱེ་བ་ལ་དབང་ཐོབ་པ་མངལ་དུ་སྐྱེ་བ་ནི་དོན་ཆེན་པོ་གཟིགས་པ་སྟེ། (རྒྱལ་པོའི་སྲས་སུ་སྐྱེ་བ་ལ་དབང་ཐོབ་པ་ཞེས་བྱ་བ་འདིས་ནི་མངལ་ནས་སྐྱེ་བའི་སྐྱེ་བར་ལས་ཀྱི་ནན་གྱིས་མནན་པ་མི་རུང་བར་སྟོན་པར་བྱེད་དོ། །ཞེས་བྱུང་ངོ་། །དེས་ན་འདི་ནི་བྱེ་སྨྲའི་ལུགས་གཙང་མ་དེ་མ་ཡིན་ཏེ། ཐེག་ཆེན་གྱི་ལུགས་འདྲེས་པའི་ཕྱིར་སྙམ་སྟེ། སྡེ་པ་བྱང་སེམས་སྲིད་མཐའ་པའང་རྣམ་སྨིན་ལས་ཉོན་གྱིས་འཕངས་པར་འདོད་པས་སོ། །ཡང་ན་སྲིད་མཐའི་སེམས་དཔའི་རྣམ་སྨིན་སྤྱིར་ལས་ཀྱིས་འཕངས་ཀྱང་སྐྱེ་གནས་བཞི་གང་རུང་དུ་སྐྱེ་བ་བདམ་པ་ལ་དབང་ཐོབ་པ་དེའི་ཕྱིར། མངལ་དུ་སྐྱེ་བའི་ལས་ཁོ་ནས་ནན་གྱིས་སྐྱེས་པ་མ་ཡིན་ཅེས་འཆད་ནའང་རུང་ངོ་། །མཆན།) ཉེ་དུ་ཤཱཀྱའི་རིགས་ཆེན་པོ་ཆོས་ལ་བཟུད་པ་དང་། འཁོར་ལོས་སྒྱུར་བའི་རིགས་སོ་ཞེས་གཞན་རིམ་གྲོ་བསྐྱེད་དུ་གཞུག་པའི་ཕྱིར་དང་། མིར་གྱུར་པས་གྲུབ་པ་འདི་ཐོབ་ཅེས་གདུལ་བྱ་སྤྲོ་བ་བསྐྱེད་པའི་ཕྱིར་དང་། རིགས་དང་གདུང་དུ་བརྒྱུད་པ་ནི། མུ་སྟེགས་མ་སྐ་རི་སོགས་ཁ་ཟེར་བ་ནི། གཅེར་བུ་གཉེན་གྱི་བུའི་བསྟན་བཅོས་ལས། སྒྱུ་མ་མཁན་གཽ་ཏ་མ་ཞེས་དང་། གཞན་བསྐལ་པ་བརྒྱ་ན་སྒྱུ་མ་མཁན་འདི་ལྟ་བུ་ཞིག་བྱུང་ནས་འཇིག་རྟེན་ཟའོ་སྟེ་བསླུའོ་ཟེར་བ་བཞིན་སྙམ་དུ་རྟོག་པ་སྤོང་བའི་ཆེད་དོ། །བྱེ་སྨྲ་ནི། མངལ་སྐྱེས་མཛད་པ་ནི་ཆོས་ཅན། སྐྱེ་བོའི་བསོད་ནམས་ཀྱི་ཆེད་དེ། རིང་བསྲེལ་སྐུ་གདུང་བཞག་པའི་ཕྱིར། བརྫུས་སྐྱེས་ནི། ཁུ་ཁྲག་ལས་གྲུབ་པ་མིན་པས་འཆི་བའི་ཚེ་ལུས་མི་གནས་ཏེ། མར་མེ་ཤི་བ་བཞིན་ཟེར་རོ། །སློབ་དཔོན་ནི། ལན་དེ་མི་རིགས་ཏེ། རིང་བསྲེལ་ནི་བྱིན་རླབས་ལས་བྱུང་བའི་རྫུ་འཕྲུལ་ཡིན་པའི་ཕྱིར་རོ། །ཞེས་འཆད་དོ། །འོ་ན་ཀླུ་བརྫུས་སྐྱེས། (༢༢༤ན)
བརྫུས་སྐྱེས་ཀྱི་མཁའ་ལྡིང་གིས་བཟའ་བའི་ཆེད་དུ་འབྱིན་པར་གསུང་ཞེ་ན། ཟའོ་ཞེས་མ་གསུངས་པས། བཟའ་བའི་ཕྱིར་འདྲེན་པའམ། མ་ཤིའི་བར་དུ་ཤ་ཟ་བར་བྱེད་ཀྱི་ཤི་ནས་ཤ་མི་སྣང་བས་ཟོས་པ་དེས་ཚིམ་པ་ནི་མིན་ནོ། །སྐྱེ་གནས་ཀུན་གྱི་ནང་ནས་མང་བ་ནི་བརྫུས་སྐྱེས་ཏེ། ལྷ་དང་དམྱལ་བའི་འགྲོ་བ་གཉིས་དང་། དུད་འགྲོ། ཡི་དྭགས་མིའི་ཕྱོགས་དང་། སྲིད་པ་བར་མ་ཐམས་ཅད་ཡིན་པའི་ཕྱིར་རོ། །གཉིས་པ་གང་གིས་འཇུག་པའི་བར་སྲིད་བཤད་པ་ལ། ངོ་བོ་སྒྲུབ་བྱེད་དང་བཅས་པ་དང་། ཤ་ཚུགས་སོགས་ཀྱི་ཁྱད་པར་རོ། །དང་པོ་ལ། ངོ་བོ། དོགས་གཅོད། སྒྲུབ་བྱེད་དོ། །དང་པོ་ནི། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་འབྱུང་བའོ། །བཤད་མ་ཐག་པར་བར་སྲིད་ཅེས་བཤད་ནས་བར་སྲིད་རང་ཅི་ཞེ་ན། འདིར་ནི་ཕུང་པོ་ལྔའི་རྒྱུན་རྒྱུད་གང་ཞིག་འཆི་སྲིད་འགགས་པ་དང་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའོ། །གཉིས་པ་ནི། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །སྲིད་པ་བར་མཆོས་ཅན། བགྲོད་བྱའི་ཡུལ་དུ་ཕྱིན་ཅིང་བྱུང་བ་མིན་ཏེ། སྐྱེས་པ་ཡིན་ཀྱང་བགྲོད་པར་བྱ་བའི་ཡུལ་མིང་གཟུགས་ལས་ཀྱིས་འཕངས་ཤིང་སྐྱེ་མཆེད་དྲུག་རྫོགས་པ་ཉིད་དུ་མ་ཕྱིན་པའི་ཕྱིར་རོ། །གསུམ་པ་སྒྲུབ་བྱེད་ལ། རིགས་པས་སྒྲུབ་པ། ལུང་གིས་སྒྲུབ་པའོ། །དང་པོ་ལ། སྒྲུབ་བྱེད་དངོས། དཔེ་མི་འཐད་པར་བསྟན་པ། དེའི་གཏན་ཚིགས་སྒྲུབ་པའོ། །དང་པོ་ནི། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་བྱུང་བ་མིན། །རང་གི་སྡེ་པ་གཞན་འཆི་སྲིད་ཆད་མ་ཐག་ཁོ་ན་ལས་སྐྱེ་སྲིད་འབྱུང་ངོ་ཟེར་བ་ནི་ཕྱོགས་སྔ་མའོ། །འདོད་གཟུགས་ཀྱི་སྐྱེ་སྲིད་ཀྱི་གཟུགས་ཆོས་ཅན། སྲིད་པའི་རྒྱུན་བར་ཆད་པ་ལས་ཡུལ་གཞན་དུ་འབྱུང་བ་མིན་པར་ཐལ། ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་ལ་སོགས་པ་བར་མ་ཆད་པར་འབྱུང་བའི་འབྲས་བུའི་རྒྱུན་དང་རྒྱུན་གྱི་འབྲས་བུ་ཉིད་དུ་ཆོས་མཐུན་པས་སྲིད་པའི་རྒྱུན་གྱི་ངོ་བོས་ཡུལ་གཞན་དུ་(༢༢༤བ)
འབྱུང་བའི་ཕྱིར། འདི་ནི་རྟགས་དཔེ་གཅིག་ཅར་དུ་སྟོན་པའི་ངག་གོ། །དེས་ན་གང་ཞིག་རྒྱུན་གྱི་འབྲས་བུ་ཡིན་པ་དེ་ནི་སྔ་མའི་རྒྱུན་མ་ཆད་པ་ལས་སྐྱེས་པའི་འབྲས་བུ་ཡིན་པས་ཁྱབ། འབྲས་བུའི་རྒྱུན་བཞིན་སྐྱེ་སྲིད་ཀྱང་རྒྱུན་གྱི་འབྲས་བུ་ཡིན་ནོ། །ཞེས་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་སོ། །མདོར་ན། གཟུགས་མེད་པའི་སེམས་ཅན་མ་གཏོགས་པར་བར་སྲིད་མེད་ན་ཤི་འཕོས་ནས་མནར་མེད་དང་ལྷ་གནས་སོགས་ཡུལ་ཐག་རིང་དུ་སྐྱེས་པ་རྣམས་སྐད་ཅིག་ཙམ་གྱིས་བགྲོད་མི་ནུས་པ་དང་། ཤི་བའི་ཡུལ་དེར་ཡུལ་གཞན་དང་རིས་གཞན་གྱི་སྲིད་པའང་མི་འགྲུབ་སྟེ། འགྲུབ་ན་ཡུལ་སོགས་འཆོལ་པར་ཐལ་བའི་ཕྱིར། གཉིས་པནི། གཟུགས་བརྙན་མ་གྲུབ་ཕྱིར་པ་དང་། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །འབྲས་བུ་ནི་རྒྱུའི་རྒྱུན་བར་ཆད་ཅིང་སྐྱེ་བ་ཡང་མཐོང་སྟེ། དཔེར་ན། མེ་ལོང་གི་བྱད་ཀྱི་གཟུགས་བརྙན་བྱད་ཀྱི་འབྲས་བུ་ཡིན་ཀྱང་བར་ཆོད་བཞིན་པར་སྐྱེ་བའི་ཕྱིར། དེས་ན་འཆི་སྲིད་ལས་ཀྱང་སྐྱེ་སྲིད་པར་ཆོད་པར་སྐྱེའོ་ཞེ་ན། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པ་བསྟན་པ་ནི། མེ་ལོང་གི་ནང་དུ་ཆོས་ཅན། བྱད་གཟུགས་ཀྱི་རྒྱུན་བར་ཆད་པ་ལས་བྱད་ཀྱི་གཟུགས་བརྙན་གྱི་གཟུགས་བྱུང་བ་མ་ཡིན་པར་ཐལ། གཟུགས་བརྙན་གཟུགས་སུ་མ་གྲུབ་པའི་ཕྱིར་ན་དང་ཞེས་པས། རྣམ་གྲངས་གཞན་ཡང་མི་སྲིད་པའི་ཚུལ་གྱི་གཟུགས་བརྙན་གཟུགས་སུ་གྲུབ་ཏུ་ཆུག་ན་ཡང་། རྒྱུན་གྱི་འབྲས་བུ་ཡིན་པའི་ཕྱིར་ཅེས་པའི་རྟགས་དང་མི་འདྲ་བའི་ཕྱིར་ན་ཆོས་མི་མཐུན་པས་དཔེ་མ་ཡིན་ཏེ། རྒྱུན་གྱི་འབྲས་བུ་ལ་རྒྱུན་ཆད་པའི་འབྲས་བུ་དཔེར་བཀོད་དུ་བྱས་པའི་ཕྱིར་རོ། །གསུམ་པ་དེའི་གཏན་ཚིགས་སྒྲུབ་པ་ལ། ཐོགས་བཅས་ཀྱི་གཟུགས་སུ་མ་གྲུབ་པའི་སྒྲུབ་བྱེད། དཔེ་དོན་མི་འདྲ་བའི་སྒྲུབ་བྱེད་དོ། །དང་པོ་ནི། གཅིག་ན་ལྷན་ཅིག་གཉིས་མེད་ཕྱིར། །མེ་ལོང་གི་ཡུལ་གཅིག་ནའང་ཆོས་ཅན། མེ་ལོང་གི་(༢༢༥ན)
ཁ་དོག་དང་གཟུགས་བརྙན་གྱི་ཁ་དོག་གཉིས་གོ་ས་ལྷན་ཅིག་ཏུ་མི་འབྱུང་བར་ཐལ། ཡུལ་གཅིག་ཏུ་ལྷན་ཅིག་རིས་མཐུན་ཐོགས་བཅས་ཀྱི་གཟུགས་གཉིས་འབྱུང་བ་མེད་པའི་ཕྱིར། རྟགས་འདི་མ་གྲུབ་པར་ཡོད་ན་རྟེན་གྱི་འབྱུང་བ་ཐ་དད་པའི་ཕྱིར། མེ་ལོང་གི་ནང་དུ་བྱད་ཀྱི་གཟུགས་བརྙན་གྲུབ་མི་དགོས་པར་ཐལ་བའི་ཕྱིར་དང་། གཟུགས་བརྙན་གྱི་རྟེན་གྱི་འབྱུང་བ་དེ་ཉིད་ལ་གཟུགས་བརྙན་བརྟེན་ཆོག་པར་ཐལ་བའི་ཕྱིར། གཟུགས་བརྙན་གྱི་རྟེན་དུ་མེ་ལོང་ནི་དགོས་པ་མེད་པའོ། །ཡང་མེ་ལོང་དང་མཚེའུའི་ནང་གི་གཟུགས་བརྙན་གཟུགས་སུ་འདོད་པ་དེ་ཆོས་ཅན། གཟུགས་གྱི་སྐྱེ་མཆེད་མེ་ལོང་གི་གཟུགས་ལས་རྫས་གཞན་དུ་མ་གྲུབ་སྟེ། ཡུལ་གཅིག་ན་ལྷན་ཅིག་སྐྱེས་བུ་གཉིས་ཀྱིས་མཐོང་བ་མེད་པའི་ཕྱིར། གྲུབ་སྟེ། མཚེའུའི་དཀྱིལ་གྱིས་ཆོད་པའི་བྱང་ཕྱོགས་ཀྱི་མིས་རང་གི་མདུན་གྱི་ལྷོ་ཕྱོགས་ཀྱི་གཟུགས་བརྙན་མཐོང་གི་གཟུགས་བརྙན་གཞན་མི་མཐོང་། ལྷོ་ཕྱོགས་པ་རྣམས་ཀྱིས་རང་གི་མདུན་གྱི་བྱང་ཕྱོགས་ཀྱི་གཟུགས་བརྙན་མཐོང་གི། གཟུགས་བརྙན་གཞན་མི་མཐོང་བའི་ཕྱིར། ཁྱབ་སྟེ། བུམ་གཟུགས་གཅིག་ལ་ལྟ་བ་པོ་གཉིས་ཀྱིས་ལྷན་ཅིག་མི་མཐོང་བ་མིན་པའི་ཕྱིར། ཡང་གྲིབ་མ་ན་འདུག་པའི་མེ་ལོང་གི་ངོས་གཅིག་ནའང་ཆོས་ཅན། ཉི་མའི་གཟུགས་བརྙན་གྱི་གཟུགས་མེད་པར་ཐལ། གྲིབ་མ་དང་ཉི་མ་ཡུལ་དུས་ལྷན་ཅིག་ན་གཉིས་མེད་པའི་ཕྱིར། ཡང་ན་མེ་ལོང་གི་ངོས་གཅིག་ནའང་ཆོས་ཅན། ཡུལ་དུས་ལྷན་ཅིག་ཏུ་མེ་ལོང་གི་ངོས་དང་ཟླ་བའི་གཟུགས་བརྙན་གཉིས་གཟུགས་ཐ་དད་པར་མེད་དེ། ཡོད་ན་བློས་ཡུལ་དུ་བྱས་པ་ལྟར་ཡང་མེད་ཅིང་། དེ་ལས་གཞན་དུ་ཡོད་ནའང་མི་འགྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། བློ་ཡུལ་ན་མེ་ལོང་གི་ངོས་ནི་སོར་གང་གི་རྔམས་(༢༢༥བ)
ཡིན་ལ། ཟླ་བའི་གཟུགས་བརྙན་གྱི་ཟླ་བ་ཁྲོན་པའི་ཆུ་བཞིན་མེ་ལོང་གི་ནང་ཕ་གི་འདོམ་གང་ཙམ་གཞལ་བའི་ས་ན་འདུག་པའི་ཕྱིར། གཉིས་པ་ལྟར་ན་ཁྱེད་ཀྱི་ཁྱབ་པ་ཞིག་སྟེ། མེ་ལོང་གི་ངོས་ལས་ཟླ་བའི་གཟུགས་བརྙན་གྱི་གཟུགས་དེ་གཞན་དུ་རྒྱང་གྲགས་ལ་སོགས་པ་ཕ་ཟད་ན་འདུག་པའི་ཕྱིར་རོ། །ཡང་མེ་ལོང་ཉིད་བྱད་བཞིན་གྱི་རྣམ་པ་ཅན་དུ་སྐྱེས་སོ་ཞེས་བྱ་བ་ཡང་མི་རིགས་ཏེ། ཟུར་ན་གནས་པས་ཀྱང་དེ་ལྟར་མཐོང་བར་ཐལ་བའི་ཕྱིར་རོ། །ཞིབ་ཏུ་དཔྱད་ན། གཟུགས་བརྙན་གཟུགས་སུ་མ་གྲུབ་པའི་དཔྱད་པ་འདིས་ནི་གྲུབ་མཐའ་སྨྲ་བ་བཞིའི་རྩེ་མོར་བྱོན་པ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་བསྟན་པའི་གཉིས་སྤངས་དབུ་མའི་ལམ་ཆེན་པོ་དེའང་གསལ་བར་བྱས་པ་ཡིན་ཏེ། དེ་དག་གིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་དངོས་པོའི་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དུ་འཆད་པའི་དཔེར་སྣང་ལ། རང་བཞིན་མེད་པའི་གཟུགས་བརྙན་བཀོད་པ་དེ་ཉིད་འདིར་ཡང་གསལ་བར་མཛད་སྣང་བས་འདི་ལྟར་གཟུགས་བརྙན་ཆོས་ཅན། ཁྱོད་ཀྱི་རྒྱུ་མེ་ལོང་ལས་ཀྱང་མ་བྱུང་། ཟླ་བ་ལས་ཀྱང་བྱུང་བ་མིན་ཏེ། དེ་གཉིས་འཕྲད་པའི་རྐྱེན་སྟོབས་ལས་མེད་བཞིན་སྣང་བའི་ཕྱིར། གཟུགས་བརྙན་དེ་ལ་ཁ་ཅིག་གི་རྟོག་པས་བརྟགས་པ་ན་བྱད་བཞིན་མཐོང་ངོ་ཞེས་རྣམ་པར་རྟོག་ཀྱང་། དེ་ལ་ནི་བྱད་བཞིན་གྱི་ངོ་བོ་ཅུང་ཟད་ཀྱང་མེད་དེ། ཡོད་ན་མེ་ལོང་དང་སྐྱེས་བུའི་བྱད་བཞིན་གྱི་གཟུགས་གང་རུང་དུ་གྲུབ་དགོས་པ་ལས་གང་དུ་ཡང་མ་གྲུབ་པའི་ཕྱིར། ཇི་ཞིག་དོན་ལ་མེད་ཀྱང་རྐྱེན་ཚོགས་པ་ལས་དོན་བྱེད་ནུས་སུ་སྣང་བ་ནི་འཇིག་རྟེན་རྟོག་གེས་བསམས་ཀྱང་རྟོགས་པར་མི་ནུས་པས། རང་འགྲེལ་དུ། འདིའི་ནུས་པ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་གསུངས་ལ། འགྲེལ་བཤད་དུ་ཁབ་ལེན་གྱིས་ལྕགས་ལེན། ཤིང་གིས་མི་ལེན་པ་(༢༢༦ན)
དང་། ཆུ་ཤེལ་ལས་ཆུ་འབྱུང་། སོལ་བ་ལས་ཆུ་མི་འབྱུང་བའི་དངོས་པོ་དོན་བྱེད་ཚུལ་ཤེས་པར་མ་ནུས་ཞེས་བཀོད་སྣང་ཡང་། ཐེག་པ་ཆེན་པོ་པ་ལྟར་ན་བསམ་ནུས་ཏེ། མེད་བཞིན་དུ་དོན་བྱེད་ནུས་སུ་སྣང་བ་བསླུ་བའི་ཕྱིར། དེས་ན་ལས་སྣང་ཐམས་ཅད་བསླུ་ཆོས་འབའ་ཞིག་པ་ཉིད་ཀྱི་ཕྱིར་རྫོགས་པའི་སངས་རྒྱས་དང་འཕགས་པ་རྣམས་ཀྱི་མཉམ་གཞག་ལ་བསླུ་ཆོས་ཅུང་ཟད་ཀྱང་དམིགས་པ་མེད་པར་གྲུབ་བོ། །རྟོགས་པ་དེ་བསྐྱེད་པའི་སླད་དུ་སྣང་གྲག་གི་ཆོས་ཐམས་ཅད་ཡང་དག་པར་དངོས་པོར་མ་གྲུབ་པའི་མཐུན་དཔེར་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་མེ་ལོང་གི་གཟུགས་བརྙན་བཀོད་པར་མཛད་དོ། །འདི་ཡང་ཞར་ལས་འོངས་པའོ། །གཉིས་པ་ནི། རྒྱུན་མིན་ཕྱིར་གཉིས་ལས་བྱུང་ཕྱིར། །མི་འདྲའི་ཕྱིར་ན་དཔེ་མིན་པ་ནི། མེ་ལོང་ནང་གི་བྱད་ཀྱི་གཟུགས་བརྙན་ཆོས་ཅན། བྱད་གཟུགས་ཀྱི་རྒྱུན་མིན་ཏེ། མེ་ལོང་གི་རྒྱུད་དང་འབྲེལ་ཞིང་བྱད་གཟུགས་དང་ལྷན་ཅིག་འབྱུང་བའི་ཕྱིར། མེ་ལོང་གི་གཟུགས་དང་། བྱད་གཟུགས་དང་། དུས་མཉམ་པའི་གཟུགས་གཞན་བཞིན་ནོ། །གཟུགས་བརྙན་ནི། རྐྱེན་གྱི་གཙོ་བོ་མེ་ལོང་དང་བྱད་གཟུགས་གཉིས་ལ་བརྟེན་ནས་འབྱུང་ལ། འདིར་ནི་སྐྱེ་སྲིད་ཆོས་ཅན། འཆི་སྲིད་དང་གཙོ་བོའི་རྒྱུ་གཞན་ཞིག་གཉིས་ལས་འབྱུང་བ་མེད་དེ། འཆི་སྲིད་ལས་གཞན་གཙོ་བོའི་རྒྱུ་མ་དམིགས་པའི་ཕྱིར། གྲུབ་སྟེ། སྐྱེ་སྲིད་ཀྱི་གཙོ་བོའི་རྒྱུ་ཁུ་ཁྲག་སོགས་མིན་ཏེ། བརྫུས་སྐྱེས་རྣམས་ཁུ་ཁྲག་མེད་པར་ནམ་མཁའ་ནས་འབྱུང་བའི་ཕྱིར་རོ། །གཉིས་པ་ལུང་གི་སྒྲུབ་བྱེད་ནི། མགུར་ནས་གསུངས་ཕྱིར་ཡོད་དྲི་ཟ། །སྔར་གསུངས་འགྲོ་མདོ་ལས་ཀྱང་གྲུབ། །མཆིམས་ཆེན་པོས། སྲིད་པ་བདུན་དང་མངལ་འཇུག་དང་། །རྟ་ལེན་ཕྱིར་མི་འོང་བ་དང་། །འགྲོ་མདོ་སྤེལ་མའི་ཚིག་བཤད་ལས། །སྲིད་པ་བར་མ་ཡོད་པར་གསུངས། །(༢༢༦བ)
ཞེས་སྡོམ་དུ་མཛད་པ་དེ་ཉིད་འགྲོལ་བ་ནི། མགུར་ནས་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་རང་མིང་ནས་བོས་ཏེ་གསུངས་པ་ཡིན་གྱི། མགུར་བྱ་བ་གླུའམ་མགུར་བྱ་བ་མགུལ་བ་དང་མགྲིན་པ་ནས་སྟོན་ཅེས་པའི་དོན་མ་ཡིན་པར་གསུངས་ལ། རང་མིང་གིས་ཇི་ལྟར་བོས་ཞེ་ན། དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མི་ལས་ཀྱི་སྲིད་པ་དང་སྲིད་པ་བར་མའོ་ཞེས་གསུངས་པའི་ཕྱིར་བར་སྲིད་ཡོད་དོ། །མེད་པར་འདོད་པས་མདོ་དེ་ལྟར་མི་འདོན་ཏེ། ངེད་ཀྱི་ལུང་ལ་མི་འབྱུང་བའི་ཕྱིར་ཞེ་ན། འོ་ན་ལུང་ལས། མ་རུང་ཞིང་ཟླ་མཚན་དང་ལྡན་པ། ཕ་མ་ཆགས་པར་གྱུར་ཅིང་འཕྲད་པ། དྲི་ཟ་ཡང་ཉེ་བར་གནས་པར་གྱུར་ནའོ་ཞེས་པར་སྲིད་ལས་དྲི་ཟ་གང་ཡིན། ཁོ་དེ་སྐད་དུ་མི་འདོན་ཏེ། ཕུང་པོ་ཞིག་པ་ཉེ་བར་གནས་པར་གྱུར་ནའོ་ཞེས་གདོན་ཏོ། །འོ་ན་རྟ་ལེན་གྱི་བུའི་མདོར། ཁྱོད་ཀྱིས་དྲི་ཟ་ཉེ་བར་གནས་པ་གང་ཡིན་པ་འདི་རྒྱལ་རིགས་སམ། བྲམ་ཟེའམ། རྗེའུ་རིགས་སམ། འོན་ཏེ་ཤར་ཕྱོགས་ལྷོ་ནུབ་བྱང་ནས་འོངས་པ་ཞིག་ཅེས་པ་དེ་གདོན་མི་རིགས་པར་ཐལ། ཕུང་པོ་ཞིག་པ་འོང་བར་མི་རུང་བའི་ཕྱིར། དེ་ལ་ཁོ་འདོད་དེ། ངེད་དེ་ལྟར་མི་འདོན་པའི་ཕྱིར་ཞེ་ན། འོ་ན་སྟོན་པས། ཕྱིར་མི་འོང་བར་མདོ་དང་། སྐྱེ་གནས་དང་། མངོན་པར་འདུ་བྱེད་པ་མེད་པ་དང་བྱེད་པ་དང་བཅས་པར་མྱ་ངན་ལས་འདས་པ་དང་གོང་དུ་འཕོ་བའོ། །ཞེས་ལྔར་གསུངས་པ་མི་འཐད་པར་ཐལ། བར་སྲིད་མེད་ན་བར་འདའ་བ་མེད་པའི་ཕྱིར། ཞེས་པ་ལ། ཁོ་ན་རེ། མཁྱབ་སྟེ། བར་དོ་བ་ཞེས་པའི་ལྷ་ཞིག་ཡོད་པའི་ཕྱིར་ཞེས་སོ། །འོ་ན་སྐྱེས་ནས་པ་ཞེས་སོགས་ལྷག་མ་བཞི་པོ་ལྷར་འཇོག་རིགས་པར་ཐལ། དང་པོ་དེར་འཇོག་རིགས་པའི་ཕྱིར། འདོད་ན་ནི་གྲུབ་པ་ངན་པའི་རྟོག་པར་ཟད་དོ། །སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་པའི་(༢༢༧ན)
མདོ་ལས་ཀྱང་བར་སྲིད་ཡོད་པར་གྲུབ་སྟེ། དེར་བར་སྲིད་ཀྱིས་བགྲོད་པའི་ཡུལ་ཐག་རིང་མི་རིང་དང་། དུས་ཀྱི་ཁྱད་པར་མྱུར་མི་མྱུར་གྱི་བར་འདའ་བ་གསུམ་བཤད་པ་ནི། དཔེར་ན། ཞོག་མའི་མེ་ཆུང་ངུ་འགྲུབ་བཞིན་མྱུར་དུ་འཆི་བ་དང་། ལྕགས་ཀྱི་ཚ་ཚྭ་གནམ་དུ་ཡར་བཞིན་དུ་མྱུར་བ་མིན་པར་འཆི་བ་དང་། ཡར་ནས་ས་ལ་མ་ལྷུང་བར་ཆེས་རིང་མོ་ཞིག་ན་འཆི་བར་འགྱུར་བས་དུས་ཀྱི་དཔེ་གསུམ་དང་། བར་སྲིད་གྲུབ་ནས་རི་རབ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་ནི་ས་ལ་སོགས་པར་སྐྱེ་ལ་ཁད་པའི་ཚེ་དགྲ་བཅོམ་པའོ་ཞེས་མེ་སྟག་གྱེན་དུ་སྤྱོད་པའི་ཡུལ་གྱི་དཔེ་གསུམ་དང་སྦྱར་ནས་གསུངས་པའི་ཕྱིར། བར་མདོའོ་ལྷ་ཞེས་བྱ་བ་ལ་ཡུལ་དུས་ཀྱིས་འདའ་བ་གསུམ་ཡོད་པ་ནི་མི་སྲིད་པའོ། །ཕལ་ཆེན་སྡེ་པ་ན་རེ། བར་སྲིད་མེད་ཀྱང་དེའི་མིང་ཅན་གྱི་ལྷའི་ཚེ་ཚད་ཀྱི་བར་རམ། ཚངས་མདུན་གྱི་ལྟའི་དྲུང་འགྲོ་བར་ཉེ་བ་ལ་རིང་ཐུང་གི་དབང་གིས་ཉོན་མོངས་ཀྱང་སྤངས་ལ། དེའི་ཁྱད་པར་གྱིས་འདའ་བ་གསུམ་བཞག་སྟེ། ཇི་ལྟར་བཞག་ན། ཉོན་མོངས་ཀྱི་རྐྱེན་མེད་པར་ས་བོན་གྱི་ཁམས་ཙམ་གྱི་གནས་སྐབས་ན་ཀུན་སྦྱོར་ལྷག་མ་སྤངས་ནས་འདའ་བ་དབང་རྣོན་དང་། ས་བོན་ཡོད་ལ་ཡུལ་གྱི་འདུ་ཤེས་ཀྱི་རྐྱེན་ཅུང་ཟད་དང་འཕྲད་པའི་སྐབས་ནས་སྐྱེ་བ་ལ་ཕྱོགས་པ་མངོན་དུ་མ་གྱུར་པར་འདའ་བ་དབང་འབྲིང་དང་། རྐྱེན་དང་འཕྲད་ནས་རྣམ་པར་རྟོག་པ་མངོན་གྱུར་གྱི་སྐབས་གཉེན་པོས་བཀག་ནས་འདའ་བ་དབང་རྟུལ་ལམ། ཡང་ན་བར་འདའ་བ་གསུམ་ནི། དང་པོ་གཟུགས་སུ་རིས་མཐུན་བླངས་ནས་དང་། གཉིས་པ་ལྷའི་འབྱོར་པ་མྱོང་ནས་དང་། གསུམ་པ་ཆོས་ཀྱི་འབེལ་གཏམ་ལ་ཞུགས་ཙམ་ནས་འདའ་བའོ། །བཞི་པ་སྐྱེ་འདའ་བ་ནི་ཚེ་ཕལ་ཆེར་ཟད་(༢༢༧བ)
ནས་འདའ་བ་སྟེ། འབེལ་གཏམ་ཡུན་རིང་པོར་མཆོག་དང་ལྡན་པར་བྱས་པའི་ཕྱིར་རོ། །ཞེས་ཟེར་བ་དེ་དག་ལ། དུས་མྱུར་བུལ་གྱི་དཔེ་ཙམ་འགྲིག་ཏུ་ཆུག་ཀྱང་། ཡུལ་གྱི་དཔེ་དང་འགྲིག་པ་མེད་པས་བར་སྲིད་ལྷ་ལ་སྦྱར་བ་ལ་གནས་ཀྱང་འགྲིག་སྟེ། གཞུང་དུ་ཀྱང་གི་ནུས་པ་ནི་འདི་ཡིན་ཏེ། གཟུགས་མེད་པའི་ལྷའི་ཚེ་ལའང་བར་འདའ་བ་འཇོག་རིགས་པར་ཐལ། གཟུགས་ཀྱི་ལྷའི་ཚེ་ལའང་བར་འདའ་བ་བཞག་པའི་ཕྱིར། འདོད་ན། མདོ་ལས། བསམ་གཏན་དག་གིས་བཅུ་ཚན་བཞི། །གཟུགས་མེད་དག་གིས་བདུན་ཚན་གསུམ། །འདུ་ཤེས་ཀྱིས་ནི་དྲུག་ཚན་དུ། །མཛད་ནས་ཚོམས་སུ་ཡང་དག་སྡེབས། །ཞེས་པས། བསམ་གཏན་རེ་རེ་ལ་གནས་གཞན་གསུམ་གསུམ་དང་། སྔར་བཤད་པའི་བར་འདའ་ནས་གོང་འཕོའི་བར་ལྔ་དང་། འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང་། སེམས་རྣམ་པར་གྲོལ་བ་ཞེས་བྱ་བ་བཅུ་བཅུ་དང་། གཟུགས་མེད་དང་པོ་གསུམ་ལ་བར་འདའ་བ་མ་གཏོགས་བཞི་བཞི་དང་། གནས་གཞན་ཐ་དད་མེད་པས་རིས་གཅིག་དང་། འཆི་བ་མེད་པའི་དབྱིངས་ལ་སེམས་གཏོད་པ་དང་། སེམས་རྣམ་པར་གྲོལ་བ་སྟེ་བདུན་བདུན་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་ལ་གོང་འཕོ་མ་གཏོགས་དྲུག་གསུངས་པ་ལས་ཀྱང་བར་སྲིད་མེད་པར་འདོད་པ་ནི་རྟོག་བཏགས་ཙམ་མོ། །འཇམ་སྒེག་ན་རེ། འཆི་བ་མེད་པའི་མྱང་འདས་དང་སེམས་རྣམ་གྲོལ་ཟག་ཟད་ཀྱི་ཡེ་ཤེས་ཏེ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཡིན་པར་མངོན་ནོ། །ཞེས་ཟེར་རོ། །མདོར་ན། ཚེ་ཚད་ཀྱི་བར་འདའ་བས་བར་འདའ་བར་འགྱུར་ན་ཤྭཱ་རིའི་བུ་སོགས་ཀུན་ལ་དེར་ཐལ་ལོ། །ཁོ་ན་རེ། མདོ་དེ་ལྟར་མི་འདོན་ཏོ་ཞེ་ན་བརྗོད་པ། སྟོན་པ་འདས་ནས་བསྟན་པའི་རྣམ་(༢༢༨ན)
འདྲེན་མེད། །བསྟན་བཅོས་རྣམ་པ་མང་པོ་ཐ་དད་དེ། །ཚིག་ཡོད་དོན་ཀྱོག་དོན་ཡོད་ཚིག་མེད་ཅེས། །དགའ་མགུར་སྤྱོད་ལ་བདག་གིས་ཅི་བྱར་གོ། །ཞེས་སློབ་དཔོན་གྱི་རིགས་པ་ཁས་མི་ལེན་པའི་ངོར་འབད་པ་ཟད་དོ། །ཁོ་ན་རེ། འོ་ན་མདོ་ལས་སངས་རྒྱས་འོད་སྲུང་གི་ཉན་ཐོས་མཁས་མགུ་ལ། བདུད་སུན་འབྱིན་བྱེད་ཅེས་པས་དེའི་མགོ་བཅག་པས་དེས་མ་རངས་པའི་སྐད་ཕྱུངས་པ་དང་། རང་གི་ལུས་ཁོ་ནས་མནར་མེད་དུ་སོང་གསུངས་པས་བར་སྲིད་མེད་དོ་ཞེ་ན། དེ་བར་སྲིད་མེད་པ་ལ་དགོངས་པ་མ་ཡིན་གྱི། གསོན་བཞིན་པར་ལུས་དམྱལ་མེས་བསྐོར་ནས་ཤི་སྟེ་སྲིད་པ་བར་མས་མནར་མེད་དུ་སོང་བ་ཡིན་ཏེ། ཞིང་བསམ་གྱི་ལས་དྲག་པོས་རྫོགས་པ་རྣམས་ལུས་འདོར་བ་ལ་མི་སྡོད་པར་མཐོང་ཆོས་ལ་མྱོང་བའི་ལས་དང་པོར་སྨིན་ནས། སྐྱེས་ནས་མྱོང་འགྱུར་ནི་ཕྱིས་དམྱལ་བར་སྨིན་པའི་ཕྱིར་རོ། །ཡང་ཁོ་མཚམས་མེད་ལྔའི་ལས་བྱས་ཤིང་བསགས་ནས་དེ་མ་ཐག་དམྱལ་བ་དག་ཏུ་སྐྱེའོ་ཞེས་གསུངས་སོ་ཞེ་ན། དེ་ནི་འགྲོ་བ་གཞན་གྱིས་མཚམས་མ་བཅད་པར་སྐྱེས་ནས་མྱོང་འགྱུར་ཁོ་ན་ལ་དགོངས་པའི་ཕྱིར་རོ། །སྒྲས་ཟིན་ལྟར་ན། ལྔ་ཁོ་ན་བྱས་པ་སྐྱེ་ཡི་གཅིག་སོགས་བྱས་པ་མི་སྐྱེ་བ་དང་། བྱས་མ་ཐག་ཏུ་ཡིན་གྱི་དུས་གཞན་གྱི་བར་དུ་གསོན་པོར་འདུག་ཀྱང་མ་ཡིན་པར་འགྱུར་རོ། །མཚམས་མེད་བྱས་པའི་སྲིད་པ་བར་མ་འཆི་སྲིད་ཀྱི་རྗེས་སུ་སྐྱེ་བ་ལ་ཕྱོགས་པའི་ཕྱིར་སྐྱེ་བ་པ་ཉིད་ཡིན་ལ། དེའི་ཚེ་སྐྱེས་པས་ནི་མ་ཁྱབ་པས་སྐྱེ་ཞེས་པའི་ཚིག་ཙམ་ལ་འཁྲུལ་པར་མི་བྱའོ། །ཡང་ཁོ་ན་རེ། བྲམ་ཟེ་ན་ཚོད་ཁྱེར་ཟིན་དགའ་བ་དང་། །ན་བ་ཡིན་ཏེ་གཤིན་རྗེའི་དྲུང་དུ་ཕྱིན། །བར་ན་ཁྱོད་ཀྱི་གནས་ཀྱང་ཡོད་མིན་ཅིང་། །ཁྱོད་ལ་ལམ་རྒྱགས་ཀྱང་ནི་ཡོད་མ་ཡིན། །ཞེས་གསུངས་པས་ཀྱང་བར་སྲིད་མེད་པ་མིན་ཏེ། ན་རྒ་སོགས་ཀྱི་མིའི་ནང་དུ་(༢༢༨བ)
གནས་སུ་མེད་དོ་ཞེས་དགོངས་པའི་ཕྱིར། ཡང་ན་དེ་མནར་མེད་དུ་འགྲོ་བ་ལས་ཐོགས་བྱེད་མེད་པས་སྲིད་པ་བར་མར་ཡུན་རིང་པོར་མི་གནས་ཏེ་དུས་ཐུང་ངུ་ལས་མི་འགོར་བའི་ཕྱིར། བོད་ཀྱི་བླ་མ་དག་མར་གྱི་ཟང་ཐལ་ལ་བར་སྲིད་ཀྱང་འགྲུབ་ལོང་མེད་པ་མན་ངག་པའི་ལུགས་ཡིན་ཟེར་བའང་འདི་འདྲ་ལ་འཁྲུལ་པའི་གཏམ་འཆལ་ལོ། །ཁོ་ན་རེ། ལུང་གི་ཚིག་འདི་རྣམས་ལ་ཁྱོད་བར་དོ་ཡོད་པ་དགོངས་པ་ཡིན་གྱི། བར་དོ་མེད་པ་དགོངས་པ་མིན་བྱ་བ་འདི་གང་ལས་ཤེས་ཞེ་ན། འོ་ན་ཁྱེད་ལའང་ལུང་འདི་དག་ལས་བར་དོ་མེད་པ་དགོངས་པ་དང་ཡོད་པ་དགོངས་མིན་དུ་གང་ལས་ཤེས་མི་ནུས་པར་མཚུངས་ལ། ངེད་ནི་ཁྱེད་ཀྱི་བར་སྲིད་མེད་པའི་མདོ་དྲངས་པའི་ཁུངས་རྣམས་ཡོད་པའི་ཁུངས་དང་ཤེས་བྱེད་དུ་བྱེད་ལ། ཁྱེད་ཀྱིས་ངེད་ཀྱི་སྟོན་པའི་ལུང་དྲངས་པ་རྣམས་བརྗོད་མ་ནུས་ནས་མི་འདོན་པ་ལས་བྱར་མ་རྙེད་དོ། །གཉིས་པ་ཤ་ཚུགས་སོགས་ཀྱི་ཁྱད་པར་ལ། ཤ་ཚུགས་ཀྱི་ཁྱད་པར། རྫུ་འཕྲུལ་གྱི། དབང་པོའི། འགྲོ་ཚུལ་གྱི། ཟས་ཀྱི་ཁྱད་པར་རོ། །དང་པོ་ལ། དངོས་དང་། སྔུན་དུས་ཀྱི་ངོས་འཛིན། གང་གིས་མཐོང་བའོ། །དང་པོ་ནི། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །བར་སྲིད་དེ་ནི་ཆོས་ཅན། སྡུན་དུས་ཀྱི་སྲིད་པ་འབྱུང་བར་འགྱུར་བ་དེའི་བྱད་གཟུགས་དང་ཤ་ཚུགས་ཅན་ཡིན་ཏེ། དེའི་མ་འོངས་པའི་སྡུན་དུས་ཀྱི་སྲིད་པ་དང་འཕེན་པར་བྱེད་པའི་ལས་གཅིག་གིས་འཕངས་པའི་གཟུགས་ཅན་གྱི་སེམས་ཅན་ཡིན་པའི་ཕྱིར་རོ། །འདིར་ཁ་ཅིག །སྡུན་དུས་འདས་པའི་སྐྱེ་བ་ལ་བྱེད་ཀྱང་མི་རིགས་ཏེ། གཟུགས་མེད་ནས་གཞན་འདོད་གཟུགས་སུ་སྐྱེ་བ་ལ་དབྱིབས་མེད་པར་འགྱུར་བ་དང་། འཕེན་པ་གཅིག་པའི་རྟགས་ཀྱང་མ་གྲུབ་པའི་ཕྱིར་རོ། །འོ་ན་ཁྱིའི་མངལ་དུ་ཁྱི་ཕྲུག་ཤི་བ་དམྱལ་བར་སྐྱེ་བ་ན་ཆོས་ཅན། ཁྱིའི་མངལ་དམྱལ་མེས་ཚིག་པར་ཐལ། (༢༢༩ན)
དེར་འཕེན་པ་གཅིག་པའི་དམྱལ་བའི་བར་སྲིད་གྲུབ་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། དམྱལ་བ་པ་དེའི་སྔོན་དུས་ཀྱི་སྲིད་པ་ནའང་ལྷག་མ་མེ་མུར་གྱི་འདམ་སོགས་སུ་བགྲོད་པ་ན་རྟག་ཏུ་འབར་བ་མིན་ན་བར་སྲིད་ལ་ལྟ་ཅི་སྨོས་པའི་ཕྱིར། ཡང་ན་བར་སྲིད་འབར་བའི་ཚེ་ནའང་ཆོས་ཅན། དེའི་མའི་མངལ་མི་འཚིག་སྟེ། ཕན་ཚུན་རེག་མི་ནུས་པའི་ཕྱིར། དཔེར་ན། བར་སྲིད་དེ་ལུས་ཤིན་ཏུ་དྭངས་པས་བལྟར་མི་ནུས་པ་བཞིན་ནོ། །གྲུབ་སྟེ། དྭངས་པ་ཉིད་ཀྱིས་མི་རེག་པའི་ཕྱིར་དང་། མི་རེག་པ་ཉིད་ཀྱིས་མི་ཚིག་པ་ནི་ལས་ཀྱི་རྒྱུས་མཚམས་བཅད་པའི་ཕྱིར་རོ། །མིའི་བར་དོའི་བོང་ཚོད་ནི། བྱིས་པ་ལོ་ལྔ་དྲུག་པ་ཙམ་དབང་པོ་གསལ་བའོ། །སྲིད་པ་ཐ་མའི་བྱང་སེམས་ནི་གཞོན་ནུ་ཐོར་བུ་མཚན་དཔེ་དང་བཅས་པས་ལྷུམས་སུ་འཇུག་ལ། སྟོང་གསུམ་གྱི་འཇིག་རྟེན་རང་གི་ཞིང་ཡིན་པའི་ཕྱིར། དེའི་ཚེ་གླིང་བཞི་བྱེ་བ་ཕྲག་བརྒྱ་སྣང་བར་མཛད་དོ། །འོ་ན་ཡུམ་གྱི་མནལ་དུ་རང་གི་ལྷུམས་སུ་གླང་པོའི་ཕྲུ་གུས་ཞུགས་པར་གཟིགས་པ་ནི་མཚན་མཁན་ལུང་སྟོན་པ་དང་རྗེས་སུ་མཐུན་པའི་མཚན་མ་ཡིན་ཏེ། དེའི་བར་སྲིད་དེར་གྲུབ་པ་ནི་མ་ཡིན་པའི་ཕྱིར་ཏེ། བསྐལ་པ་བརྒྱ་ལུས་ཚུན་ཆད་མཚན་རྣམ་པར་སྨིན་པའི་ལས་ཁོ་ན་བརྩམས་པས་ངན་འགྲོ་ཐམས་ཅད་ལས་ལོག་པའི་ཕྱིར། མཚན་མ་ལས་མཚན་མཁན་གྱིས་ལུང་བསྟན་པའི་དཔེ་ནི་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་བཅུ་ལྟ་བུ་ལ་དཔགས་ཏེ་སྟོན་པས་ལུང་བསྟན་པ་བཞིན་ནོ། །བར་སྲིད་ལྟེ་བ་ནས་མི་བརྟོལ་བར་མངལ་སྒོ་ནས་འཇུག་སྟེ་མཚེ་མ་ལས་གང་སྔར་ཞུགས་པ་ནི་ཕྱིས་འབྱུང་ལ་ཕུ་པོ་དང་། གང་ཕྱིས་ཞུགས་པ་ནི་སྔར་འབྱུང་བས་ནུ་བོར་འཇོག་རིགས་པའི་ཕྱིར་རོ། །རྒྱལ་པོ་ཀ་ནི་ཀའི་དུས་སུ་བྱུང་བའི་སྙན་ངག་པ་ཆོས་ལྡན་རབ་འབྱོར་(༢༢༩བ)
གྱིས། གླང་ཆེན་དཀར་པོ་མཆེ་བ་དྲུག་ལྡན་པ། །རྐང་བཞི་མཛེས་དང་ལྡན་པར་ཞལ་བཞེས་ནས། །དྲང་སྲོང་གནས་ཤེས་པ་ནི་ཇི་བཞིན་དུ། །ཡུམ་གྱི་ལྷུམས་ཀྱི་གནས་སུ་ཞུགས་པར་གྱུར། །ཅེས་བཤད་པས་དྲང་སྲོང་གནས་ཤེས་ནི་དྲང་སྲོང་ཀུན་ལྷུམས་སུ་འཇུག་པའི་གནས་སྐབས་ན་གླང་ཆེན་གྱི་ལུས་རྣམ་པ་ཐམས་ཅད་དུ་ལེན་པར་ཤེས་ཞེས་པའི་དོན་དེ་ཉིད་ཇི་ལྟར་དྲངས་ཞེ་ན། དེ་ནི་ཡུམ་གྱི་རྨི་མཚན་ཙམ་ལ་སྒྲོ་བཏགས་པའི་རྟོག་བཏགས་ཡིན་ཏེ། སྡེ་སྣོད་གསུམ་ཀ་དང་མི་མཐུན་པའི་ཕྱིར། དེ་ཡང་གཟུགས་ཀྱི་ལྷའི་བར་སྲིད་བོང་ཚོད་རྫོགས་ཤིང་ངོ་ཚ་ཤེས་པས་གོས་དང་བཅས་པ་སྟེ། སེམས་དཔའང་དེ་བཞིན་ནོ། །འོ་ན་འོག་མིན་པའི་ལུས་དཔག་ཚད་ཁྲི་དྲུག་སྟོང་པ་འཛམ་གླིང་ཙམ་དུ་མི་ཤོང་ངོ་ཞེ་ན། ནམ་མཁའ་ཡངས་པའི་ཕྱིར་དང་། ནོར་བུའི་སྣང་བ་དང་འདྲ་བས་འགར་ཡང་ཐོགས་པ་མེད་པའི་ཕྱིར་རོ། །དགེ་འདུན་ལ་ཆོས་གོས་ཕུལ་བའི་སྨོན་ལམ་གྱིས་དགེ་སློང་མ་དཀར་མོའང་ཤི་ནས་མ་སྲེག་གི་བར་གོས་དང་བཅས་པའོ། །གཞན་ནི་འདོད་ཁམས་ན་ངོ་ཚ་མེད་པས་གཅེར་བུའོ། །ལུང་ཕྲན་ཚེགས་ལས། དམྱལ་བ། དུད་འགྲོ། ཡི་དྭགས། འདོད་པའི་ལྷ། མི་དང་གཟུགས་ཀྱི་བར་སྲིད་པ་རྣམས་ནི་རིམ་པ་ལྟར། སྡོང་དུ་མ་ཚིག་པ་དང་། དུ་བ་དང་། ཆུ་དང་། གསེར་ལྟ་བུ་དང་། དཀར་པོར་གསུངས་ཤིང་། ཀུན་བཏུས་ལས། མི་དགེ་བ་བྱེད་པའི་བར་སྲིད་གྲུབ་པ་ནི། དཔེར་ན། ཕྱར་བ་ནག་པོའམ། མཚན་མོ་མུན་ནག་ཏུ་སྣང་བ་ལྟ་བུ་དང་། དགེ་བ་བྱེད་པ་ནི། དཔེར་ན། སྣམ་བུ་དཀར་པོའམ་ཟླ་འོད་དང་བཅས་པའི་མཚན་མོ་ལྟ་བུར་བཤད་དོ། །དྲན་ཉེ་ལས། རབ་ཏུ་ཚ་བ་དང་མནར་མེད་ཀྱི་བར་སྲིད་ནི་ཚེ་ལོ་བརྒྱད་ཁྲི་བཞི་སྟོང་པ་བྱིས་པ་ལོ་བརྒྱད་ལོན་པའི་ཚད་དུ་གསུངས་སོ། །(༢༣༠ན)
གཉིས་པ་ནི། དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །བར་སྲིད་སྡུན་དུས་ཀྱི་སྲིད་འབྱུང་གི་རྣམ་པ་ཅན་ཡིན་ན་སྔོན་དུས་ཀྱི་སྲིད་པ་ཉིད་གང་ཞེ་ན། སྡུན་དུས་ཀྱི་སྲིད་པ་དེ་ནི་འཆི་བའི་སྲིད་པའི་སྡུན་རོལ་གྱི་སྲིད་པ་ཡིན་ཏེ། སྐྱེ་བའི་སྲིད་པའི་སྐད་ཅིག་མ་ཕན་ཆད་ཀྱི་ཉེར་ལེན་གྱི་ཕུང་ལྔའི་རྒྱུན་དེ་ཉིད་དོ། །དེས་ན་སྲིད་པ་བཞི་ལས་བར་སྲིད་དང་སྔོན་དུས་ཀྱི་སྲིད་པ་ནི་བཤད་ཟིན་ལ། སྐྱེ་སྲིད་ནི་འགྲོ་བ་རྣམས་སུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །འཆི་བའི་སྐད་ཅིག་ཐ་མ་ནི་འཆི་སྲིད་ཡིན་ཏེ། སེམས་ཅན་གཟུགས་ཅན་དག་གི་ནང་དུ་སྐྱེ་ན་གང་གི་འོག་ཏུ་བར་སྲིད་འབྱུང་བའོ། །དེས་ན་སྐྱེ་སྲིད་དང་འཆི་སྲིད་གཉིས་ནི་སྐད་ཅིག་མ་དང་། སྲིད་པ་གཞན་གཉིས་ནི་རྒྱུན་ཡིན་ནོ། །གསུམ་པ་ནི། རིགས་མཐུན་ལྷ་མིག་དག་པས་མཐོང་། །དམྱལ་བའི་བར་སྲིད་དམྱལ་བ་དང་། ལྷའི་བར་སྲིད་ལྷ་རིགས་མཐུན་གྱིས་མཐོང་ལ་སྒོམ་པ་ལས་བྱུང་བའི་ལྷ་མིག་སྐྱོན་བཅུ་གཅིག་གིས་དག་པ་མངོན་ཤེས་ལས་བྱུང་བས་མཐོང་ངོ་། །སྐྱེས་ཐོབ་ཀྱི་ལྷའི་མིག་ཤིན་ཏུ་དྭངས་པས་ནི་མ་ཡིན་ནོ། །སྐྱོན་བཅུ་གཅིག་ནི། ཐེ་ཚོམ་དང་། ཡིད་ལ་མི་བྱེད་པ་དང་། ལུས་ཀྱི་གནས་ངན་ལེན་དང་། རྨུགས་པ་དང་། གཉིས་དང་། རྒོད་པ་དང་། བརྩོན་འགྲུས་བརྩམས་དྲགས་པ་དང་། སེམས་ཡ་ཡོ་བ་དང་། བག་ཚ་བ་དང་། འདུ་ཤེས་སྣ་ཚོགས་དང་། སྨྲ་བ་མང་བ་དང་། ཧ་ཅང་སྒོམ་དྲགས་པ་ཞེས་བྱ་བ་སྐྱོན་བཅུ་གཅིག་གོ། །ཁ་ཅིག །ལྷའི་བར་སྲིད་ཀྱིས་འགྲོ་བ་ལྔ་ཀའི་བར་སྲིད་མཐོང་བ་ནས། མི་དང་ཡི་དྭགས་དུད་འགྲོའི་བར་སྲིད་ཀྱིས་བཞི་དང་གསུམ་དང་གཉིས་དང་། དམྱལ་བའི་བར་སྲིད་ཀྱིས་དམྱལ་བའི་བར་སྲིད་ཁོ་ན་མཐོང་ཟེར་རོ། །དེ་ལྟར་ན་བསམ་གཏན་དང་པོའི་སྲིད་པ་བར་མས་དང་པོ་མན་ཆད་ཀྱི་དེ་མཐོང་གི། ཡན་ཆད་ཀྱི་དེ་མི་མཐོང་བ་ཡིན་ནོ། །མདོར་ན་ལུགས་འདིར་(༢༣༠བ)
བར་སྲིད་ནང་རིས་མཐུན་མཐོང་བྱ་བ་གཅིག་དང་། དེའི་ཁར་སྦྱོར་བྱུང་ལྷ་མིག་ངག་པས་མཐོང་བྱ་བ་གཉིས་དང་། ལྷའི་བར་སྲིད་སོགས་གོང་མས་འོག་མའི་བར་སྲིད་མཐོང་བྱ་བ་གཞན་ལུགས་སུ་བཀོད་པའི་རྣམ་གྲངས་གསུམ་དང་བཅས་པ་འདི་ནི་གཞུང་ལུགས་ཀྱི་མིག་ཕྱེད་པར་བཤད་པ་ཡིན་ལ། བོད་གངས་ཅན་གྱི་མན་ངག་པའི་ཁྲིད་ཡིག་མང་པོར། བར་སྲིད་པ་ཐམས་ཅད་ལ་ལྷ་མིག་གི་མངོན་ཤེས་རྣམ་དག་ཡོད་ཟེར་བ་བྲིས་འདུག་པ་ནི་ནོར་བ་ཆེན་པོ་ཡིན་ནོ། །གཉིས་པ་རྫུ་འཕྲུལ་གྱི་ཁྱད་པར་ནི། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ལས་ཀྱི་དབང་ལས་བྱུང་བའི་མཁའ་ལ་མགྱོགས་པར་འགྲོ་བའི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་ཡིན་ལ། སྤྲུལ་པའི་རྫུ་འཕྲུལ་ནི་མ་ཡིན་ནོ། །རྫུ་འཕྲུལ་འདི་སངས་རྒྱས་ཀྱིས་ཀྱང་དགག་མི་ནུས་ཏེ། ལས་སྟོབས་ལྡན་པའི་ཕྱིར་རོ། །གསུམ་པ་[དབང་པོའི་ཁྱད་པར་]ནི། དབང་པོ་ཀུན་ཚང་། དབང་པོ་ལྔ་པོ་ཀུན་ཚང་བའོ། །བཞི་པ་[འགྲོ་ཚུལ་གྱི་ཁྱད་པར་]ནི། ཐོགས་མེད་ལྡན། །མི་ཟློག །རྡོ་རྗེ་ལ་སོགས་པས་ཀྱང་མི་ཟློག་སྟེ་ཐོགས་མེད་ལྡན་པའི་ཕྱིར། དཔེར་ན། ལྕགས་ཀྱི་ཐོ་ལུམ་འབར་བ་གཤགས་ན། དེའི་ནང་ན་སྲིན་བུ་དམིགས་པ་བཞིན་ནོ། །མི་ལྟ་བུའི་བར་སྲིད་དུ་གྲུབ་ནས་ལྷ་ལྟ་བུའི་འགྲོ་བ་གཞན་དུ་མི་ལྡོག་པར་ངེས་སོ། །མངོན་པ་གོང་མར་ཟློག་པ་ཡང་འདོད་དེ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་རྒྱུ་དང་། རྟེན་གོང་མ་ལ་འོག་སའི་ཉོན་མོངས་མར་འཆི་འཕོ་ཁར་བྱུང་བའི་ལོག་ལྟས་རྐྱེན་བྱས་ནས་ཁམས་གོང་གི་བར་དོ་སོགས་ཟློག་པར་ཡང་འདོད་ལ། དེའི་ཚེ་དུད་འགྲོ་ལྟ་བུའི་བར་སྲིད་རང་དུ་མིར་སྐྱེ་བའི་ལས་བསགས་ནས་མིར་སྐྱེ་བ་སོགས་དང་། གཤིན་པོའི་དོན་དུ་དགེ་མི་དགེ་གང་བྱས་ཀྱང་བར་སྲིད་ཀྱི་སྐྱེས་བུ་ལ་བརྟེན་པའི་ལས་སུ་སོང་བས་དེའི་རྗེས་སུ་འབྲེལ་ཏེ། གང་ཟག་དེས་དགེ་སྡིག་སོགས་པར་འགྱུར་བའི་ཕྱིར་སྐྱེ་གནས་བཟང་(༢༣༡ན)
ངན་དུ་བཟློག་པར་འགྱུར་རོ། །དྲིན་ལན་བས་བས་པ་ལས། ཤི་བའི་རྗེས་སུ་མྱ་ངན་བྱས་པས་ཀྱང་ཕྱིར་ཟློག་པར་བཞེད་དོ། །གོང་མའི་ལུགས་འདིར་བར་སྲིད་ལ་འཕེན་བྱེད་ཀྱི་ལས་གསར་སོག་ཡོད་པར་བཞེད་ཀྱི། འོག་མའི་ལུགས་ལ་དེ་མེད་པར་བཞེད་ཀྱང་སྤྱིར་རྣམ་སྨིན་གྱི་ངོ་བོ་འགྲུབ་པ་ལ་མི་ཟློག་ཀྱང་། ཁྱད་པར་འགྲུབ་པ་ལ་ཟློག་པའི་ལས་གསར་སོག་ནི་ཡོད་དེ། དེའི་དོན་དུ་དགེ་སྡིག་གི་ལས་བྱས་པས་མི་ལྟ་བུ་ལའང་རིགས་གཟུགས་འབྱོར་པའི་ཁྱད་པར་བཟང་ངན་དུ་འགྱུར་བའི་ཟློག་ཆ་ཡོད་པ་ཡིན་ནོ། །ལྔ་པ་[ཟས་ཀྱི་ཁྱད་པར་]ནི། དེ་ནི་དྲི་ཟའོ། །འདོད་པའི་བར་སྲིད་དེ་ནི་ཆོས་ཅན། ཁམ་ཟས་ཀྱི་དྲི་ཟའོ་སྟེ། རགས་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་ཡང་དབང་རྒྱ་ཆུང་བ་རིགས་དམའ་བ་ནི་དྲི་མི་ཞིམ་པ་ཟའོ། །དབང་ཐང་ཆེ་བ་ནི་དྲི་ཞིམ་པ་ཟའོ། །བར་སྲིད་དུ་རྒྱུན་ཅི་ཙམ་གནས་ཤེ་ན། མདོ་སྡེ་པའི་བཙུན་པ་འཆོས་སྐྱོབས་ནི། བར་སྲིད་ཀྱི་གནས་ཚད་ཆོས་ཅན། རིང་ཐུང་ངེས་པ་མེད་དེ། ཇི་སྲིད་དུ་སྐྱེ་བའི་རྐྱེན་མ་ཚོགས་པ་དེ་སྲིད་དུ་གནས་པའི་ཕྱིར། བར་སྲིད་ཀྱི་ཚེའི་འཕེན་པ་དུས་ཅན་ལོགས་སུ་ཡོད་ན་ཆོས་ཅན། དེའི་ཚེ་ཟད་པས་འཆི་སྲིད་ཀྱང་ཡོད་དགོས་པར་ཐལ། དེ་ལ་བལྟོས་པའི་སྔོན་དུས་ཀྱི་སྲིད་པའང་ཁས་བླངས་པའི་ཕྱིར། འདོད་མི་ནུས་ཏེ། དེའི་སྲིད་པ་དེ་གང་དུ་སྐྱེ་འགྱུར་གྱི་སྔོན་དུས་ཀྱི་སྲིད་པར་རིགས་གཅིག་པའི་ཕྱིར། ཞེས་ཟེར་རོ། །སྟོན་པ་གཉིས་པ་དབྱིག་གཉེན་གྱིས། དོགས་པ་འདི་ལྟར་བཅད་དེ། ཤའི་ཕུང་པོ་རི་བོ་ཙམ་གྱི་ནང་དུ་སྲིན་བུས་ཕྱུར་བུར་གཏམས་པ་ན། དེའི་བར་སྲིད་དེ་ཁོ་ན་ན་ཡོད་པའམ། གཞན་ནས་འོངས་པ་ཡིན་ནམ་ཞེ་ན། དོགས་པ་འདི་ནི་མདོ་དང་བསྟན་བཅོས་ལས་མི་འབྱུང་མོད། འོན་ཀྱང་དྲི་རོ་ལ་ཆགས་པའི་སྐྱེ་བོ་ཕྲ་མོ་ཚེ་(༢༣༡བ)
ཐུང་མཐའ་མེད་ཡོད་པ་རྣམས་དྲི་རོ་དེ་ཚོར་བཞིན་ཆགས་ནས་འཆི་བ་ན། རྐྱེན་ཤའི་ཕུང་པོ་དེས་སྲིན་བུར་སྐྱེ་འགྱུར་གྱི་ལས་སད་པར་བྱས་ནས། སྲེད་པ་དེའི་རྐྱེན་གྱི་ཕྱིར་སྲིན་བུ་དེ་དག་གི་ནང་དུ་སྐྱེ་བ་ཡིན་ནོ། །སྤྱིར་སེམས་ཅན་མཐའ་མེད་པར་གནས་པ་ནི། མདོ་ལས། ཤིང་རྟའི་འཕང་ལོ་ཙམ་གྱི་རྒྱ་ཁྱོན་གྱི་གོ་ན་དུད་འགྲོ་ཕྲ་མོ་དཔག་མེད་གནས་པ་ནི་སྟོང་གསུམ་གྱི་ལྷ་མི་བས་གྲངས་མང་བར་གསུངས་སོ། །དེས་ན་སྲིད་པ་བར་དོར་ཡུན་རིང་བསྡད་ནས་འབྲས་བུ་སྐྱེ་བའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡིན་ཏེ། ཇི་སྲིད་རྣམ་སྨིན་མངོན་པར་འགྲུབ་པའི་རྒྱུ་ཚོགས་དུས་ལ་བབ་པ་ན་འཇུག་པ་རྙེད་པའི་ཕྱིར། དེ་ལས་གཞན་དུ་མིན་ཏེ། འཁོར་ལོས་སྒྱུར་བ་གླིང་འདིར་སྐྱེ་བའི་ལས་ཅན་དེ་ཚེ་ལོ་བརྒྱད་ཁྲིར་མ་ཕྱིན་གྱི་བར་དུ་བར་སྲིད་དུ་སྡོད་པ་ལྟ་བུའི་ཕྱིར་རོ། །དེས་ན་སྟོན་པས། སེམས་ཅན་གྱི་ལས་ཀྱི་རྣམ་སྨིན་བསམ་མི་ཁྱབ་ཏུ་གསུངས་སོ། །བཙུན་པ་དབྱིག་བཤེས་ན་རེ། བར་སྲིད་ཞག་བདུན་དུ་གནས་ལ། དེ་ནས་ཀྱང་སྐྱེ་བའི་ཚོགས་པ་མ་རྙེད་ན་ཤི་འཕོས་ནས་ཀྱང་དེར་སྐྱེའོ་ཟེར་རོ། །དེ་དང་མཐུན་པར་ཀུན་ལས་བཏུས་སུ་ཡང་། རེ་ལྟར་ཐོགས་ན་ཞག་གསུམ་གནས་ཏེ། དེ་ཚུན་ཆད་ཀྱི་ཤི་འཕོའོ་ཞེས་ཏེ། བདུན་གྱི་ཁོངས་སུ་སྐྱེ་བ་རྙེད་ལ། མ་རྙེད་ན་ཤི་ནས་དེ་ཉིད་དུ་སྐྱེ་ཞིང་རིང་ན་ལན་བདུན་གྱི་བར་དུ་བཤད་དོ། །དེ་ལྟར་གྱི་ཚེ་གང་དུ་སྐྱེ་འགྱུར་གྱི་ཚེའི་ཞག་ཡིན་ནམ། གང་ནས་ཚེ་འཕོག་པ་དེའི་ཚེ་ཞག་གང་ཡིན་དཔྱད་དགོས་སོ། །བྱེ་སྨྲ་ན་རེ། བར་སྲིད་ནི་མྱུར་བ་ཁོ་ནར་འགྲོ་སྟེ། སྲིད་པ་འཚོལ་བའི་ཕྱིར། དུས་ཐུང་ངུ་ལས་མི་གནས་པའི་ཕྱིར། སྐབས་དེར་རྐྱེན་ཡང་མ་ཚོགས་ལ། ཡུལ་དེར་ངེས་པར་སྐྱེ་བ་ཡང་ཡིན་ན་ལས་ཀྱིས་རྐྱེན་ཚོགས་པ་འདྲེན་པ་སྐྱེ་(༢༣༢ན)
བར་བྱེད་ལ། ཡུལ་དེར་སྐྱེ་བ་མ་ངེས་ན་རྐྱེན་ཚོགས་པའི་ཡུལ་གཞན་དུ་སྐྱེ་བར་བྱེད་ཟེར་རོ། །གཞན་དག་ན་རེ། སྐྱེ་བའི་རྐྱེན་མ་ཚོགས་ན་དེ་དང་འདྲ་བའི་སྐྱེ་གནས་སུ་འཇུག་པར་འགྱུར་ཏེ། དབྱར་དང་སྟོན་དང་སོ་ག་དང་དགུན་གྱི་དུས་ངེས་པ་ཅན་བ་ལང་དང་ཁྱི་དང་རྟ་དང་དོམ་རྣམས་ནི་རིམ་པ་ལྟར་དང་མ་ངེས་བའི་བ་མེན་དང་ལྕེ་སྦྱང་དང་བོང་བུ་དང་དྲེད་རྣམས་སུ་སྐྱེའོ་ཞེས་ཟེར་རོ། །འདོད་པ་འདི་ལ་ནི། འཕེན་པ་གཅིག་པས་གང་དུ་སྐྱེ་འགྱུར་གྱི་བྱད་ཅན་ཡིན་པར་གསུངས་པས་གནོད་དོ། །སློབ་དཔོན་འདུས་བཟང་ན་རེ། རིགས་གཅིག་པ་དང་བ་ལང་གི་ཤ་ཚུགས་དང་དབྱིབས་ཀྱི་ཁྱད་པར་མ་བཏང་བའི་ཕྱིར། རིས་ཐ་དད་པས་ནི་ལས་ཀྱི་འཕེན་པར་བྱེད་པ་ཉིད་ཉམས་པར་མི་འགྱུར་རོ། །འགྲོ་བ་ངེས་པའི་ལས་རྣམས་ལ་ཡང་སྐྱེ་བའི་རྐྱེན་སྣ་ཚོགས་མཐོང་སྟེ། རྒྱལ་པོ་རྐང་ཁྲ་སེང་གེའི་མངལ་ནས་དང་། རྒྱལ་པོ་གཏུམ་པོ་རབ་སྣང་སྡིག་པ་རྭ་ཅན་ལས་སྐྱེས་པ་ལྟ་བུའོ། །དེ་ལྟ་བས་ན་དེའི་ཉེས་པ་མེད་དོ་ཞེས་ཟེར་རོ། །ལྷ་ལྟ་བུའི་རིས་གཞན་གྱི་སྲིད་པ་བར་མས། མི་ལྟ་བུའི་རིས་མཐུན་པ་གཞན་དུ་མི་སྐྱེ་བས་དེ་ལྟར་སྐྱེ་བ་ནི་བརྗོད་བྱ་མིན་ལ། རྟ་བོང་ལྟ་བུ་དུད་འགྲོ་སྤྱི་དང་ནང་ཚན་རིས་མཐུན་པས་རྟའི་སྲིད་པ་བར་མ་བོང་བུའི་མངལ་དུ་འཇུག་གོ། །འདིར་སྨྲས་པ། མདོ་སྡེའི་གནས་བརྟན་བཙུན་པས་བར་དོའི་ཚེ། །ངེས་མེད་དེས་དྲངས་སྐྱེས་བུ་ལོ་བརྒྱ་པ། །འཚོ་བ་གང་དེ་དེ་ཡི་བར་སྲིད་ལ། །ལོ་གཅིག་འགོར་ན་དེ་ཡིས་ཟ་བའི་ཕྱིར། །སྔོན་དུས་སྲིད་ལ་གོ་དགུ་ལས་མི་འཚོ། །རིགས་པ་དེ་ཡིས་རིམ་བཞིན་ཤེས་པར་བྱ། །དབྱིག་བཤེས་རྐྱེན་རྙེད་ཞག་བདུན་གོང་དུའོ། །མ་རྙེད་ཞག་བདུན་གནས་ནས་འཕོ་བ་དང་། །དེ་ནས་མ་རྙེད་བདུན་ཕྲག་བདུན་སྡོད་ཟེར། །མདོ་སྡེ་པ་ཡི་ཁྱད་པར་(༢༣༢བ)
འགའ་ཞིག་དང་། །གནས་བརྟན་ཐོགས་མེད་ལ་སོགས་ཁ་ཅིག་གིས། །བདུན་ཕྲག་བདུན་ལས་ངེས་པར་མི་སྡོད་ཟེར། །བྱེ་སྨྲས་མྱུར་སྐྱེ་རྐྱེན་མ་ཚང་བ་ན། །རྟ་ལྟ་བུ་ནི་འཁྲིག་སྤྱོད་དུས་མིན་ཀྱང་། །ལས་ཀྱིས་སྐྱེ་བའི་རྐྱེན་གྱུར་འཁྲིག་དྲངས་ནས། །དེ་ལ་ཉིང་མཚམས་སྦྱོར་ཅེས་འདོགས་པར་སྣང་། །གསུམ་པ་དེས་སྐྱེ་གནས་སུ་འགྲོ་བའི་ཚུལ་ལ་གསུམ། བསམ་པ་གང་གིས་འཇུག་པ། དབྱིབས་གང་གིས་འཇུག་པ། བསམ་པའི་ཁྱད་པར་གཞན་བཤད་པའོ། །དང་པོ་ལ་གསུམ། སྐྱེ་གནས་དང་པོ་གཉིས་ཀྱི་བསམ་པ། དྲོད་གཤེར་སྐྱེས་ཀྱི་བསམ་པ། རྫུས་སྐྱེས་ཀྱི་བསམ་པའོ། །དང་པོ་ནི། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །བར་སྲིད་ནི་སྐབས་འདིར་ལས་ཀྱི་མཐུ་ལས་བྱུང་བའི་མིག་གིས་རང་སྐྱེ་ཡུལ་ཐག་རིང་ན་འདུག་ཀྱང་མཐོང་སྟེ། བར་སྲིད་ཕོ་ཞིག་ཡིན་ན་མ་ལ་ཆུང་མ་བཞིན་དུ་འདོད་ཆགས་སྐྱེ་ལ། བར་སྲིད་མོ་ཞིག་ཡིན་ན་ཕ་ལ་ཁྱོ་བཞིན་དུ་མོའི་འདོད་ཆགས་དང་། མ་ལ་ཆན་ཆུན་བཞིན་ཁོང་ཁྲོ་བ་སྐྱེ་བའི་ཕྱིར། བློ་ནི་ཕྱིན་ཅི་ལོག་གྱུར་པས། དབང་པོ་གཉིས་ཀྱི་བར་དེར་རྩེ་དགས་འཁྲིག་ཅིང་ཉལ་བར་མོས་པས་འགྲོ་བའི་ཡུལ་མངལ་དུ་ཁུ་ཁྲག་གི་ནང་དུ་འགྲོ་ཞིང་། ཕོ་ལོང་གི་བར་གྱི་བུ་སྣོད་དེར་ཕྱིན་ནས་ཁུ་ཁྲག་ལ་བདག་གིར་དགའ་བ་སྐྱེས་ནས་འདུག་གོ། །དེ་ནས་ནི། དེའི་ཕུང་པོ་ནུར་ནུར་པོ་སོགས་ཀྱིས་འཁྲང་པོར་གྱུར་ཏེ། བར་མའི་དྭངས་མའི་ལུས་དགག་པའི་ཕྱིར། ཕོ་ཡིན་ན་མའི་ལྟོ་གཡས་སུ་མཉེས་ནས་རྒྱབ་ཏུ་ཁ་བལྟས་ཤིང་། ཙོག་ཙོག་པོར་སྐྱེ་སྟེ། རང་འཁྲིག་པ་སྤྱོད་པའི་ང་རྒྱལ་དང་ལྡན་པའི་ཕྱིར་རོ། །མོ་ཡིན་ན་མའི་ལྟོ་གཡོན་ཕྱོགས་སུ་མ་ཉེས་ནས་ལྟོ་བའི་ངོས་སུ་བལྟས་ཏེ་རང་ལ་ཆུང་མའི་གནས་སྐབས་སུ་ལྷག་པར་མོས་པའི་ཕྱིར་རོ། །མ་ནིང་ཡིན་ན། དེ་ཕོ་མ་ནིང་དང་མོ་མ་ནིང་གི་འདོད་ཆགས་(༢༣༣ན)
གང་ཡིན་པ་དེ་ཉིད་སོ་སོར་ལྡན་ནོ། །བར་སྲིད་ནི་དབང་པོ་ཚང་བའི་ཕྱིར། ཕོ་མོ་གང་ཡིན་ཞུགས་ནས་ཇི་ལྟར་ཞུགས་པ་བཞིན་དང་པོར་གནས་ཀྱང་ཕྱིས་ལུས་བརྟས་ཤིང་འཕེལ་བ་ན་མ་ནིང་དུ་འགྱུར་རོ། །དཔྱད་པ་འདི་ཡོད་དེ། ལས་ཀྱི་དབང་གིས་ཁུ་ཁྲག་གི་འབྱུང་བ་ཆེན་པོ་དག་འདིའི་དབང་པོའི་རྟེན་དུ་འགྱུར་རམ། འོན་ཏེ་ལས་རྣམས་ལས། ཁུ་ཁྲག་ལ་བརྟེན་ཀྱང་དེ་ལས་མ་གཏོགས་པའི་འབྱུང་བ་གཞན་ཞིག་སྐྱེ་ཞེ་ན། ཁ་ཅིག་ནི་ཁུ་ཁྲག་གི་འབྱུང་ཆེན་དེ་ཁོ་ན་ལས་སྐྱེ་སྟེ། ཁུ་ཁྲག་དབང་པོ་མེད་པ་ནི་འགགས་ལ། དབང་པོ་དང་བཅས་པའི་ནུར་ནུར་པོ་སོགས་སྐྱེ་བའི་ཕྱིར། དཔེར་ན། སྲང་མདའི་མཐོ་དམན་ཙམ་ལས་ས་བོན་འགགས་ལ་མྱུ་གུ་སྐྱེ་བ་བཞིན། དེ་སྐད་དུ་ཡང་མཛོད་རང་འགྲེལ། མའི་མི་གཙང་བ་ནུར་ནུར་པོ་ལས་བྱུང་བ་ཞེས་དང་། དགེ་སློང་དག་ཁྱེད་ཀྱིས་ནི་ཡུན་རིང་པོ་ནས་དུར་ཁྲོད་བསྐྱེད་དོ། །ཁྲག་གི་ཐིགས་པ་བླངས་སོ་ཞེས་པས་ལུས་དབང་གི་ངོ་བོར་འགྱུར་བའི་ཕྱིར་མདོ་ཚིག་དེ་ལེགས་པ་ཡིན། ཟེར་རོ། །གཞན་ན་རེ། འབྱུང་བ་གཞན་དག་ཁོ་ན་ལས་སྐྱེ་བ་ཡིན་ཏེ། འབྱུང་བ་གཞན་ལས་སྐྱེ་བ་ནི་ཁུ་ཁྲག་གི་མི་གཙང་བ་ལ་བརྟེན་ནས་དུས་མཉམ་དུ་སྐྱེ་པའི་ཕྱིར། གཞན་ལ་བརྟེན་ནས་སྐྱེ་བ་ནི། དཔེར་ན། ལོ་མ་ལ་བརྟེན་ནས་སྲིན་བུའི་འབྱུང་བ་ཆེན་པོ་དབང་པོ་དང་བཅས་པ་དུས་མཉམ་དུ་སྐྱེ་བ་ལྟར་རོ། །གཉིས་པ་ནི། དྲི་དང་། མངལ་སྒོང་སྐྱེ་ཚུལ་གྱི་བགྲོད་པ་ནི་བཤད་པ་དེ་ལྟར་ཡིན་ལ། ལྷག་གཉིས་ནི་ཅི་རིགས་པར་སྣང་པ་ལས། སྔ་མ་ལས་གཞན་དྲོད་གཤེར་སྐྱེས་ནི་ལས་དང་མཐུན་པའི་སྐྱེ་གནས་གཙང་པའམ་མི་གཙང་བར་དྲི་འདོད་པས་འགྲོ་བ་དང་། གསུམ་པ་ནི། གནས་ལ་མངོན་འདོད་གཞན། །བརྫུས་སྐྱེས་གནས་ལ་མངོན་པར་འདོད་པས་འགྲོའོ། །འོ་ན་དམྱལ་བའི་གནས་ཇི་ལྟར་འདོད་ན། །བློ་ཕྱིན་(༢༣༣བ)
ལོག་གིས་བདག་ཉིད་རླུང་ཆར་གྲང་མོས་བཏགས་ཉེན་པ་ན། དམྱལ་བ་ན་མེ་མཐོང་སྟེ་དྲོ་བར་འདོད་ནས་རྒྱུག་པ་དང་། ཡང་རླུང་ཚ་བ་དང་ཉི་མེས་གདུངས་ཤིང་ཉེན་པས་དེར་བསིལ་བ་མཐོང་བས་དེར་རྒྱུགས་ནས་མཚམས་སྦྱོར། སློབ་དཔོན་ཐོགས་མེད་དམ་མདོ་སྡེ་པ་དགརང་ཤན་པ་དང་ལིངས་པ་སོགས་སྔོན་ངན་སོང་དུ་སྐྱེ་བའི་ལས་བྱེད་པའི་གནས་སྐབས་ཀྱི་ལུག་གསོད་པ་དང་ཉ་འཛིན་པའི་སྣང་བ་སོགས་ལ་ཞུགས་ནས་མཚམས་སྦྱོར་ཏེ། ཇི་སྐད་དུ། ཇི་ལྟར་འགྱུར་བས་དེ་མྱོང་ལས། །སྔར་བྱས་པས་ནི་རྨི་ལམ་ལྟར། །སེམས་ཅན་དེ་འདྲ་མཐོང་གྱུར་ནས། །དམྱལ་པར་རབ་ཏུ་རྒྱུག་པར་འགྱུར། །ཞེས་སོ། །ལྷའི་བར་སྲིད་ནི་སྐྱེ་གནས་གོང་དུ་འགྲོ་བའི་ཕྱིར་སྟན་ལས་ལྡང་བ་བཞིན་དུ་གྱེན་དུ་འགྲོའོ། །མི་དང་དུད་འགྲོ་ཡི་དྭགས་རྣམས་ནི་རང་རང་གི་གནས་སྐབས་བཞིན་འགྲོའོ། །གཉིས་པ་དབྱིབས་གང་གིས་འཇུག་པ་ནི། དམྱལ་བ་ཡི་ནི་སྤྱིའུ་ཚུགས་ཡིན། །ཅེས་མགོ་རྟིང་བཟློག་ནས་འགྲོ་སྟེ། ཡང་དག་སྡོམ་དང་དཀའ་ཐུབ་ཅན། །དྲང་སྲོང་རྣམས་ལ་སྐུར་འདེབས་པ། །དེ་དག་སྤྱི་ཚུགས་དག་ཏུ་ནི། །དམྱལ་བ་ཁོ་ནར་ལྷུང་བར་འགྱུར། །ཞེས་པས་སོ། །དཀའ་ཐུབ་པ་ནི། སྤྱི་ཡང་དག་སྡོམ་ནི་སྦྱངས་ཡོན་བཅུ་གཉིས་ལ་གནས་པ། དྲང་སྲོང་ནི་སངས་རྒྱས་བྱང་སེམས་སོ། །གསུམ་པ་བསམ་པའི་ཁྱད་པར་གཞན་བཤད་པ་ལ། འཁོར་ལོས་བསྒྱུར་བའི། རང་རྒྱལ་གྱི། བྱང་སེམས་ཀྱི། ཐ་མལ་པའི། སྒོང་སྐྱེས་ཀྱི་ཁྱད་པར། སྔ་མ་གསུམ་གྱི་རྒྱུ་མཚན་བཤད་པའོ། །དང་པོ་ནི། གཅིག་ནི་ཤེས་བཞིན་དུ་འཇུག་གོ། །ངེས་པར་བར་སྲིད་མངལ་དུ་འཇུག་པ་ན་བློ་ཕྱིན་ལོག་གི་རྩེ་དགའ་ཁོ་ནས་མིན་གྱི། མདོ་ལས། མངལ་འཇུག་བཞི་གསུངས་པ་ལས། གཅིག་ནི་གནས་འབྱུང་ཤེས་བཞིན་དུ་མ་ཡིན་པར་འཇུག་(༢༣༤ན)
པ་ཤེས་བཞིན་དུ་འཇུག་གོ། །གཉིས་པ་ནི། གཞན་ནི་གནས་པ་ཡང་། གཞན་ནི་འཇུག་པར་མ་ཟད་གནས་པ་ཡང་ཤེས་བཞིན་དུའོ། །གསུམ་པ་ནི། གཞན་ནི། །འབྱུང་བའང་། གཞན་ནི་འཇུག་གནས་སུ་མ་ཟད་འབྱུང་བའང་ཤེས་བཞིན་དུའོ། །བཞི་པ་ནི། གཞན་ནི་ཐམས་ཅད་རྨོངས། །གཞན་ནི་འཇུག་གནས་འབྱུང་གསུམ་ཐམས་ཅད་མི་ཤེས་པར་རྨོངས་སོ། །ལྔ་པ་ནི། སྒོ་ང་ལས་སྐྱེས་རྟག་ཏུའོ། །སྒོ་ང་ལས་སྐྱེས་པ་ཐམས་ཅད་ནི་རྟག་ཏུ་རྨོངས་པར་འགྱུར་བའོ། །སྒོང་སྐྱེས་ཆོས་ཅན། སྐྱེ་གནས་སུ་འཇུག་མི་རིགས་པར་ཐལ། སྒོ་ང་ལས་སྐྱེས་པའི་ཕྱིར་ཞེ་ན། འདི་ནི་ཚིག་འཁྲི་ཡིན་པས་ཁྱབ་པ་མེད་དེ། སྒོ་ང་ལས་སྐྱེས་པ་དང་། སྐྱེ་འགྱུར་དང་སྐྱེ་བ་གསུམ་ཀ་ལ་སྒོང་སྐྱེས་ཞེས་སྒྲ་བརྗོད་པ་མཐོང་བའི་ཕྱིར། ཡང་ན་འབྱུང་འགྱུར་གྱི་མིང་གིས་བརྗོད་དེ། མདོར་འདུས་བྱས་མངོན་པར་འདུ་བྱེད་དོ་ཞེས་གསུངས་པའི་ཕྱིར། འདི་ལ་ཡང་འདུས་བྱས་ཟིན་པ་ཅི་ལྟར་འདུ་བྱེད་ཅེས་རྒོལ། ཡང་འཇིག་རྟེན་ན་འབྲས་ཆན་འཚེད་དོ། །ཕྱེ་འཐག་གོ་ཞེས་བརྗོད་པ་ཡང་ཁྱེད་ལྟར་ན་མི་བརྗོད་པར་ཐལ། ཆན་ཚོས་པ་ཇི་ལྟར་འཚེད་པ་དང་། ཕྱེ་ཇི་ལྟར་འཐག་པའི་ཕྱིར། དེས་ན་དེད་ལ་ཉེས་པ་མེད་དོ། །ཤེས་བཞིན་མིན་པའི་འབྱུང་འཇུག་ལ། དབང་ཆུང་བ་རྣམས་ནི། རླུང་ལངས་པའམ། ཆར་འབབ་པའམ། གྲང་བ་དང་། ཡུལ་ངན་ནམ། སྐྱེ་བོའི་ཚོགས་ཀུ་ཅོ་འདོན་སྙམ་པ་ན། མ་ལ་རྩྭ་དང་ནགས་ཐིབས་པོའམ། རྩྭ་ལོའི་སྦྱིལ་པོའམ། ཤིང་རྩིག་གི་དྲུང་དུ་འགྲོ་གནས་དབྱུང་སྙམ་དུ་དང་པོར་ལོག་པའི་འདུ་ཤེས་དང་། དེའི་རྒྱུན་གྱི་མོས་པ་འབྱུང་ངོ་། །གོང་དུ་རྩེ་དགས་འཇུག་པ་དང་། འདིར་ཐིབས་པོ་སོགས་སུ་ཤེས་པས་མི་འགལ་ལམ་སྙམ་ན། ཁ་ཅིག་རྩེ་དགས་འཇུག་པ་སོགས་ཡུལ་དུས་ཐག་ཉེ་བ་ན་ཡིན་ལ། ཐིབས་སོགས་རིང་བ་ནས་སོ་ཟེར་བ་དང་། ཁ་ཅིག་རྨི་ལམ་དང་འདྲ། རེས་ཅིང་སྣང་རེས་(༢༣༤བ)
ཅིང་སྣང་གཏད་མེད་ཟེར། ཁ་ཅིག་འཇུག་ཀ་རྩེ་དགས་ཞུགས་ནས་ཐིབས་སོགས་སུ་ཤེས་ཟེར་རོ། །ཡང་ཕ་མ་ལ་ཕོ་མོར་ཤེས་པ་དེ་བློ་ཕྱིན་ལོག་མིན་པས་ཉོན་མོངས་ཀྱི་སེམས་སུ་ཅིས་འགྲོ་སྙམ་ན། དེའི་ཆ་ནས་མིན་ཀྱང་ཕོ་མོ་ལ་སྲེད་པའི་ཆ་ནས་དེར་འཇོག་གོ། །དབང་ཆེ་བ་ནི། ཀུན་རའམ། སྐྱེད་ཚལ། ཁང་བཟང་། ཁང་བརྩེགས་དང་ཁྲི་འཇོགས་ཕྱིར་འགྲོ་གནས་དབྱུང་སོགས་སྔ་མ་བཞིན་ནོ། །ཤེས་བཞིན་ལ་ནི་འཇུག་གནས་དབྱུང་གསུམ་རབ་ཏུ་ཤེས་པས་ཕྱིན་ལོག་གི་ཤེས་མོས་མི་འབྱུང་བའི་ཕྱིར་ཆགས་སྡང་གི་ཉོན་མོངས་རགས་པ་མི་འབྱུང་ཡང་ངའི་ཕ་མ་སྙམ་པའི་ཞེན་པ་འབྱུང་ངོ་། །དྲུག་པ་ནི། མངལ་དུ་འཇུག་པ་གསུམ་དག་སྟེ། །འཁོར་ལོས་སྒྱུར་དང་རང་བྱུང་གཉིས། །ལས་སམ་ཡེ་ཤེས་སམ་གཉིས་ཀ ། རྒྱ་ཆེའི་ཕྱིར་ན་གོ་རིམས་བཞིན། །ཡང་འཇུག་པ་ཤེས་ཕྱི་མ་གཉིས་མི་ཤེས་པ་དང་། དང་པོ་གཉིས་ཤེས་ཕྱི་མ་མི་ཤེས་པ་དང་གསུམ་ཀ་ཤེས་པའི་མངལ་དུ་འཇུག་པ་གསུམ་དག་སྟེ། འཁོར་ལོས་སྒྱུར་དང་རང་བྱུང་རང་རྒྱལ་དང་དེ་བཞིན་གཤེགས་པ་དང་གཉིས་ནི་རིམ་པ་བཞིན་དུའོ། །དེ་ཡང་འཁོར་ལོས་སྒྱུར་བ་ནི་ལས་སམ། རང་རྒྱལ་ནི་བསྐལ་པ་བརྒྱར་གོམས་པས་ཡེ་ཤེས་སམ། སངས་རྒྱས་ནི་ཚོགས་གཉིས་ཀ་རྒྱ་ཆེའི་ཕྱིར་ན་གོ་རིམ་བཞིན་སྤྱར་རོ། །དེ་དག་འཇུག་པ་ན་སངས་རྒྱས་སོགས་མིན་ཀྱང་མ་འོངས་པའི་མིང་གིས་སོ། །སྒོང་སྐྱེས་དང་གང་ཟག་གསུམ་ལ་དམིགས་བཀོལ་གྱིས་སྐྱེ་གནས་གཞན་ལ་ཤེས་བཞིན་སོགས་ཅི་རིགས་ཡོད་པར་ཤུགས་ཀྱིས་འཕངས་སོ། །ཡང་རང་རྒྱལ་འཇུག་གནས་གཉིས་ཀ་ཤེས་པ་དང་རྟག་ཏུ་རྨོངས་པ་གཉིས་འགལ་བའི་ཕྱིར། ལྔ་ལེན་གྱི་རྒྱལ་བུ་སྒོང་སྐྱེས་རང་རྒྱལ་བ་དེ་ཅི་ལྟ་བུ་ཞེས་པ་ནི། འཇུག་གནས་ཤེས་པ་བསེ་རུ་ལྟ་བུའི་དབང་དུ་བྱས་པ་དང་། སྒོང་སྐྱེས་ནི་ཚོགས་སྤྱོད་པ་ཡིན་པས་མི་ཉེས་ཞེས་སློབ་དཔོན་གང་སྤེལ་འཆད་དོ། །ཡང་ན་འཇུག་གནས་ཤེས་པ་ནི་མངལ་སྐྱེས་ཀྱི་དབང་དུ་བྱས་པའོ། །(༢༣༥ན)
གཉིས་པ་སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་ལ། ཕུང་པོ་ཉིང་མཚམས་སྦྱོར་ཚུལ། ཕུང་པོའི་རྒྱུན་ཐོག་མ་མེད་པ། རྟེན་འབྲེལ་གྱི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། བདག་མེད་ཕུང་པོ་ཙམ་ཉིད་དོ། །ཉོན་མོངས་ལས་ཀྱིས་མངོན་འདུས་བྱས། །སྲིད་བ་བར་མའི་རྒྱུན་གྱིས་ན། །མར་མེ་བཞིན་དུ་མངལ་དུ་འགྲོ། །ཕྱི་རོལ་པས། བདག་གྲུབ་པར་ཐལ། སེམས་ཅན་འཇིག་རྟེན་གཞན་དུ་འཕོ་བའི་ཕྱིར་ཞེ་ན། མ་ཁྱབ་པས། ནང་གི་བྱེད་པའི་སྐྱེས་བུར་གྱུར་པའི་ཕུང་པོ་འདོར་ལེན་བྱེད་པའི་བདག་ནི་མེད་དེ། བཅོམ་ལྡན་འདས་ཀྱིས་ལས་དང་རྣམ་སྨིན་ནི་ཡོད། རྒྱུ་འབྲས་ཀྱི་འབྲེལ་པས་ཆོས་སུ་བརྡར་བཏགས་པ་མ་གཏོགས་ཕུང་པོ་འདི་འདོར་ཞིང་གཞན་དུ་ཉིང་མཚམས་སྦྱོར་བར་བྱེད་པའི་བྱེད་པ་པོ་ནི་མི་དམིགས་སོ། །དེ་ལ་ཆོས་བརྡར་བཏགས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་བའོ་ཞེས་རྟེན་འབྲེལ་རྒྱས་པར་གསུངས་སོ། །འོ་ན་འཆི་སྲིད་ཉིང་མཚམས་སྦྱོར་བའི་རྒྱུན་དེ་གང་ཞེ་ན། གཟུགས་སོགས་ཕུང་པོ་ལྔའི་རྒྱུན་ཙམ་ཉིད་དོ། །དེ་ལ་བདག་ཅེས་འདོགས་ན་ནི་བཀག་པ་མེད་དེ། ཇི་ལྟར་བཏགས་ཀྱང་རུང་བའི་ཕྱིར། ཕུང་པོ་ཙམ་མ་འགག་པར་ཕུང་པོ་གཞན་དུ་འཕོ་བའི་མཐུ་མེད་དེ། ཉོན་མོངས་དང་ལས་ཀྱིས་མངོན་པར་འདུས་བྱས་པའི་རྣམ་སྨིན་དང་སྐྱེས་བུ་བྱེད་འབྲས་སུ་གྱུར་པའི་སྲིད་པ་བར་མའི་རྒྱུན་གྱིས་ན་མངལ་དུ་འགྲོ་བའི་ཕྱིར། དཔེར་ན། མར་མེ་སྐད་ཅིག་མ་ཡིན་ཀྱང་རྒྱུན་གྱིས་འགྲོ་བས་འབར་བཞིན་དུའོ། །གཉིས་པ་ནི། ཇི་ལྟར་འཕངས་བཞིན་རིམ་གྱིས་རྒྱུན། །སྐྱེས་ནས་ལས་དང་ཉོན་མོངས་ཀྱིས། །འཇིག་རྟེན་ཕ་རོལ་དག་ཏུ་འགྲོ། །སྲིད་པའི་འཁོར་ལོ་ཐོག་མ་མེད། །དེ་ཡང་ཇི་ལྟར་མ་རིག་པ་དང་འདུ་བྱེད་ཀྱིས་འཕངས་པ་བཞིན་རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག་རེག་ཚོར་རིམ་གྱིས་རྒྱུན་སྐྱེས་ནས་ཏེ། དེ་ཡང་ལས་ཐ་དད་པས་འཕེན་པ་ཐ་དད་པས་མངལ་དུ་འཆི་བ་དང་། བུ་ཆུང་ངུ་འཆི་བ་དང་། དར་བབ་ཏུ་འཆི་བ་རྣམས་དེ་དག་གིས་ལས་སོ་སོར་བསགས་པས་འཕེན་པའོ། །རིམ་པ་ནི། གཙུག་ལག་ལས། དང་(༢༣༥བ)
པོ་ནུར་ནུར་པོ་ཡིན་ནོ། །ནུར་ནུར་པོ་ལས་མེར་མེར་སྐྱེ། །མེར་མེར་པོ་ལས་ནར་ནར་སྐྱེ། །ནར་ནར་པོ་ལས་འཁྲང་འགྱུར་སྐྱེ། །འཁྲང་ལས་རྐང་ལག་འགྱུས་པ་དང་། །སྐྲ་སྤུ་སེན་མོ་ལ་སོགས་པ། །དབང་པོ་གཟུགས་ཅན་རྣམས་དང་ནི། །མཚན་རྣམས་རིམ་གྱིས་སྐྱེ་བར་འགྱུར། །ཞེས་སོ། །ནུར་ནུར་ནས་འགྱུས་པའི་བར་ནི་མངལ་གྱི་གནས་སྐབས་ལྔའོ། །མཚན་ནི་མིག་སོགས་ཀྱི་རྟེན་གསལ་བར་རྫོགས་པར་བྱེད་པའི་ཤ་རུས་སོགས་སོ། །དུས་གཞན་ན་མངལ་ན་ཡོད་པའི་ཟུག་རྔུ་སྨིན་པ་དེ་དེར་ཡོད་པའི་ལས་ཀྱི་ཟུག་རྔུ་པ་དེ་བསྒྱུར་ནས། མའི་ལུས་ཀྱི་མི་གཙང་བའི་སྒོ་ལོགས་སུ་ཁ་བསྟན་ནས་འཇོག་ལ། དེ་ནས་ལས་ཀྱི་རྣམ་སྨིན་ལས་སྐྱེས་པའི་རླུང་གིས་རང་གནས་ནས་ཕྱི་རོལ་དུ་སྤེད་པར་བྱེད་པ་ནི། ལུས་མཁྲང་པོ་དེ་རྩལ་པོ་ཆེས་བསྔམས་པ་བཞིན་དུ་འཚིར་བཞིན་པ་དེ་གཞན་དུ་སྤོ་དཀའ་བ་ཡིན་ནོ། །གལ་ཏེ་མའི་ཟས་དང་མའི་སྤྱོད་ལམ་ཉེས་པའམ་སྔོན་ལས་ཀྱིས་མངལ་ཁོ་ནར་འཆིའོ། །དེ་ནས་རྒྱུས་ཤེས་པའི་སྨན་པ་ལྟ་བུས་མར་སར་སོགས་རྫས་འཇམ་པོ་ལག་པར་བསྐུས་ཏེ། མཚོན་རྣོན་པོ་སྲབ་མོ་བཏགས་ཏེ། རྐྱག་དོང་ལྟ་བུར་མི་བཟད་པ་དྲི་ང་བ་མུན་ཁུང་ལ་སོགས་པའི་འདམ་རྫབ་སྲིན་བུའི་རིགས་ཤིན་ཏུ་མང་པོ་སྟོང་ཕྲག་གི་གནས་རྟག་ཏུ་འཛག་པར་འགྱུར་པ། རྟག་ཏུ་བྱི་དོར་བྱ་དགོས་པ། ཁུ་ཆུ་དང་། ཁྲག་དང་། ཆུ་སེར་དང་དྲི་མས་ཀུན་ཏུ་མྱགས་པ། རྣམ་པར་མྱགས་པ། རུལ་པ། རྣག་པ། འབྲེད་པ། མཐོང་ན་འཇིགས་སུ་རུང་བ་པགས་པ་བརྡོལ་བ་སྲབ་མོས་གཡོགས་པ། སྔོན་ལས་ཀྱི་རྣམ་སྨིན་ལས་སྐྱེས་པའི་ལུས་ཀྱི་རྨ་འཁྱིམས་ཆེན་པོ་དེར་ལག་པ་བཅུག་སྟེ། ནང་དུ་ཡོད་པའི་རོའི་ཡན་ལག་ཉིང་ལག་བཅད་ནས་འབྱིན་ཏོ། །ཤི་བ་དེ་ཡང་(༢༣༦ན)
མངལ་དེར་ལས་གསར་པ་མ་བསགས་པས་སྐྱེས་ནས་མྱོང་འགྱུར་གྱིས་གཞན་དུ་ཁྲིད་པ་མིན། སྐྱེ་བ་སྔ་མར་བསགས་པའི་ལས་ལན་གྲངས་གཞན་ལ་མྱོང་འགྱུར་གྱིས་ག་ཤེད་དུ་འཁྲིད་དོ། །འོན་ཏེ་བདེ་བར་བཙའ་ན། བུ་འདོད་པའི་མའམ་གཡོག་གིས་བཙས་མ་ཐག་པའི་ལུས་རྨ་གསར་ལྟར་བཟོད་མེད་པ་ལ་མཚོན་དང་སྲེག་ཐལ་རྣོན་པོ་ལྟ་བུའི་ལག་གཉིས་ཀྱིས་རེག་པས་བླང་ཞིང་འཁྲུའོ། །ནུ་ཞོ་སོགས་ཀྱིས་བསྐྱེད་ཅིང་ཟས་རགས་པ་ཡང་གོམས་པར་བྱེད་དོ། །བཟའ་བ་སོགས་ཀྱིས་བསྐྱེད་པའི་དབང་པོ་རྣམས་སྨིན་ཏེ་ལས་བསགས་ཤིང་ཉོན་མོངས་སྤྱོད་པ་ཉིད་ཀྱིས་ལུས་ཞིག་ནས་སྔར་བཞིན་བར་སྲིད་ཀྱི་རྒྱུན་གྱིས་རྒ་ཤི་དང་སྐྱེ་བས་འཇིག་རྟེན་ཕ་རོལ་འགྲོ་སྟེ། ལས་ཉོན་ལས་སྐྱེ་བ་དང་། དེ་ལས་ཀྱང་ལས་ཉོན་སོག་པས་སྲིད་པའི་འཁོར་ལོ་ཐོག་མ་མེད་པའི་ཕྱིར། ཡོད་ན་དངོས་པོ་ཐམས་ཅད་རྒྱུ་མེད་པར་ཐལ་བ་ལས། འདོད་མི་ནུས་ཏེ། ས་བོན་དང་འབྲེལ་བའི་ཡུལ་ཁོ་ནར་ས་བོན་གྱི་རྗེས་ཐོག་གི་དུས་སུ་མྱུ་གུ་སྐྱེ་བ་དང་། མེའི་རྒྱུས་ཚོས་པའི་འབྲས་བུའི་ནུས་པ་མཐོང་བའི་ཕྱིར། རྒྱུ་རྟག་པ་ནི་དབྱུག་སྩོགས་མིན་རིམ་སྩོགས་ཕྱིར་གྱིས་བཀག་ཟིན་པའི་ཕྱིར། གང་ཟག་སྤྱིའི་འཁོར་བ་ལ་ཐ་མ་མེད་པས་སེམས་ཅན་ཟད་པར་ནི་མི་འདོད་ཀྱང་གང་ཟག་སྒོས་འཁོར་བར་སྐྱེ་བའི་རྒྱུ་ཟད་ན་མཐའ་དང་ལྡན་པར་འགྱུར་བ་ནི་མུ་སྟེགས་སྤྱོད་པ་པ་དག་གི་ལུགས་བསལ་ཟིན་ཏོ། །གསུམ་པ་རྟེན་འབྲེལ་གྱི་རང་བཞིན་གཏན་ལ་དབབ་པ་ལ། གནས་སྐབས་པའི་རྟེན་འབྲེལ། ཡན་ལག་སོ་སོའི་ངོ་བོ། ཀུན་ནས་ཉོན་མོངས་གསུམ་དཔེས་བསྟན་པ། དེ་རྣམས་སྲིད་པ་བཞིར་བསྟན་པའོ། །དང་པོ་ལ། དབྱེ་བ་མདོར་བསྟན། ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བཅུ་གཉིས་(༢༣༦བ)
སུ་དབྱེ་བ། གསུམ་དུ་བསྡུ་བའོ། །དང་པོ་ནི། དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས། ཕུང་རྒྱུན་འཇིག་རྟེན་ཕ་རོལ་ནས་འདི་དང་འདི་ནས་ཕ་རོལ་དུ་སྐྱེ་བའི་སྐབས་གསུམ་པོ་དེ་ནི་འཁོར་བར་འཇུག་པ་རྒྱུ་མེད་དང་རྒྱུ་མི་མཐུན་པ་བསལ་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས། མ་རིག་པ། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའོ། །གཉིས་པ་ནི། ཆ་གསུམ་མོ། །སྔ་ཕྱི་བར་གསུམ་མམ་དུས་གསུམ་གྱི་ཆ་གསུམ་མོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པ་ལ། ཚེ་གསུམ་ལ་རྫོགས་པའི་ཚུལ། ཉོན་མོངས་གསུམ་དུ་བསྡུ་བ། གཞན་གྱི་དོགས་པ་བསལ་བའོ། །དང་པོ་ལ། སོ་སོའི་རང་བཞིན་རྒྱས་པར་བཤད། འབྱུང་བ་གསུམ་བཤད། དེ་རྣམས་གནས་སྐབས་པར་བསྟན། མདོ་དང་འགལ་བ་སྤང་བའོ། །དང་པོ་ནི། སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །གསུམ་པོ་འདི་སྔོན་མཐར་མ་རིག་པ་དང་འདུ་བྱེད་གཉིས་དང་། ཕྱི་མཐར་སྐྱེ་བ་དང་རྒ་ཤི་གཉིས་དང་། བར་དུ་ལྷག་མ་བརྒྱད་དོ། །འདི་ཐམས་ཅད་འདོད་སྤྱོད་ཀྱི་གང་ཟག་རང་རྒྱུད་ལ་རིམ་པར་སྐྱེས་པའི་ཚེ་མཐར་ཐུག་པ་ལ་ཡོངས་རྫོགས་ལྡན་ལ། གཞན་བར་མ་དོར་ནི་ཚེ་མ་རྫོགས་པས་མི་འཆི་ཞིང་། གཟུགས་ཁམས་ན་རྣམ་ཤེས་ཀྱི་དུས་རང་ན་མིང་དང་གཟུགས། སྐྱེ་མཆེད་དྲུག་ཡོད་ཀྱི། རིམ་པ་མེད། གཟུགས་མེད་པ་ན་མིང་དང་གཟུགས་ཚང་བ་དང་། སྐྱེ་མཆེད་དྲུག་ཚང་བ་མེད་དེ། མདོར། ཀུན་དགའ་བོ་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་པར་མ་གྱུར་ན། མིང་གཟུགས་ནུར་པོར་བྱ་བའི་ཕྱིར་བརྒྱལ་བར་འགྱུར་རམ་མི་འགྱུར་ལགས་སོོ། །ཞེས་གསུངས་པས་སོ། །རྟེན་འབྱུང་སྔོན་མཐའ་དང་ཕྱིས་མཐའ་གཉིས་སུ་བརྗོད་པའི་ཚེ་ན་ཆོས་ཅན། རྒྱུ་མ་རིག་པ་དང་འདུ་བྱེད་སྔོན་མཐའ་ཡིན་ཙམ་ན་འབྲས་བུ་རྣམ་ཤེས་ནས་ཚོར་བའི་བར་ཡང་སྔོན་མཐའ་ཡིན་ལ། (༢༣༧ན)
འབྲས་བུ་སྐྱེ་བ་རྒ་ཤི་ཕྱི་མཐའ་ཡིན་པས་དེའི་རྒྱུ་སྲེད་ལེན་སྲིད་གསུམ་ཀྱང་ཕྱི་མཐར་འཇོག་སྟེ། སྔོན་མཐའ་འབྲས་བུ་དང་བཅས་པ་དང་ཕྱི་མཐའ་རྒྱུ་དང་བཅས་པ་ལ་འཇོག་པའི་ཕྱིར། སྤྱིར་རྒྱུ་ཁོ་ན་ཡིན་པ་མ་རིག་པ། འབྲས་བུ་ཁོ་ན་ཡིན་པ་རྒ་ཤི། བར་གྱི་བཅུ་ནི་རྒྱུ་ཡང་ཡིན། འབྲས་བུ་ཡང་ཡིན་ཏེ། འདུ་བྱེད་ནི་རྣམ་ཤེས་ཀྱི་རྒྱུ་ཡིན། མ་རིག་པའི་འབྲས་བུ་ཡིན། དེས་སྐྱེ་བ་ཚུན་ཆད་འགྲེའོ། །འོ་ན་མ་རིག་པ་རྒྱུ་ཁོ་ན་ཡིན་གྱི། འབྲས་བུ་མིན་ན་མ་རིག་པ་ལ་རྒྱུ་མེད་པས་མ་རིག་པ་རྒྱུ་མེད་དུ་སྐྱེ་བར་མི་འགྱུར་རམ། རྒ་ཤི་ལ་འབྲས་བུ་མེད་ན་གཉེན་པོ་མ་བསྟེན་ཀྱང་རང་འགགས་སུ་འགྱུར་རམ་སྙམ་ན། མ་རིག་པ་ལ་ལར་རྒྱུ་མེད་པས་རྒྱུ་མེད་དུ་སྐྱེ་བར་འགྱུར་ཟེར་ན། གཏན་ཚིགས་མ་གྲུབ་སྟེ། ལར་དེའི་རྒྱུ་ནི་མ་རིག་པ་རང་ཡང་སྲེད་ལེན་ཡིན་ལ། དེའི་ཚེ་ལེན་པའི་རྒྱུ་སྲེད་པ་དང་སྲེད་པའི་རྒྱུ་ཚོར་བ་ཡིན་པས། ལར་བཅུ་གཉིས་པོའི་ཁོངས་སུ་གཏོགས་པའི་རྒྱུ་ཡོད་ཅིང་། བཅུ་གཉིས་པོའི་ཁོངས་སུ་མ་གཏོགས་པའི་རྒྱུ་མེད། རྒ་ཤི་ལ་ལར་འབྲས་བུ་མེད་པའི་ཕྱིར་གཉེན་པོ་མ་བསྟེན་ཀྱང་ལྡོག་པར་འགྱུར་ཟེར་ན། གཏན་ཚིགས་མ་གྲུབ་སྟེ། རྒ་ཤི་རང་ཚོར་བ་ཡིན་ཏེ། དེའི་འབྲས་བུ་སྲེད་པ་ཡིན་པའི་ཕྱིར་བཅུ་གཉིས་པོ་འདིར་གཏོགས་པའི་འབྲས་བུ་ཡོད། འདིར་མ་གཏོགས་པའི་འབྲས་བུ་མེད། འོ་ན་མ་རིག་པ་སྲེད་ལེན་ཡིན་ན་སྐྱེ་བ་སྔ་མ་སྲེད་ལེན་གྱི་རྒྱུན་མ་ཆད་པར་མ་རིག་པའི་རྒྱུན་འཆད་པ་ཅི་སྟེ་སྙམ་ན། མ་རིག་པ་འཁོར་བའི་རྩ་བར་བསྟན་པའི་ཆེད་དོ། །འོ་ན་ཚོར་བ་དང་མ་རིག་སྩོགས་རྒ་ཤི་ཡིན་ན། ཚེ་འདི་ལ་རྒ་ཤི་མི་སྟོན་པ་ཅི་ཡིན་ན། འདི་ལ་སྐྱོ་བ་བསྐྱེད་ཀྱང་དངོས་གྲུབ་པས་དེ་ལ་སྤང་ཐབས་མེད། འོ་ན་སྡོད་འགྲུབ་པ་དེ་ལ་སྐྱོ་བ་བསྐྱེད་ནས་སྤང་ཐབས་ཡོད་པས་སྤོང་(༢༣༧བ)
བའོ། །འདི་ནས་ཚེ་སྔ་མར་བོད་པ་ལ་མ་རིག་པ་འདུ་བྱེད་རྒྱུ། ཕྱི་མར་བོད་པ་ལ་སྐྱེ་བ་རྒ་ཤི་འབྲས་བུ་ཡིན་པ་བཞིན། འདི་ནས་ཕྱི་མར་བོད་པ་ལ་ཡང་སྔ་མའི་རྒྱུ་གཉིས་དང་བཅས་ཏེ་རྒྱུ་འབྲས་བཞི་སྟེ། ཚེ་གསུམ་ལ་བཞི་གཉིས་བརྒྱད་དུའང་འཇོག །ཡང་བརྒྱད་གཉིས་བཅུ་དྲུག་ཀྱང་ཡོད་དེ། འདི་ནས་སྔ་མའི་འབྲས་བུ་ལྔ། ཕྱི་མའི་རྒྱུ་གསུམ་སྟེ་བརྒྱད། འདི་ནས་ཕྱི་མ་ལ་ཡང་རྒྱུ་གསུམ། སྔ་མའི་འབྲས་བུ་ལྔ་དང་བཅས་ཏེ་བརྒྱད་ཀྱིས་བཅུ་དྲུག་ཏུ་འཇོག་པའི་ཕྱིར། བདུན་གཉིས་བཅུ་བཞིར་ཡང་ཡོད་དེ། འདི་ནས་སྔ་མ་ལ་ཡང་རྒྱུ་འབྲས་བདུན་ཡིན་པ་བཞིན། འདི་ནས་ཕྱི་མ་ལ་ཡང་རྒྱུ་འབྲས་བདུན་དུ་བཞག་པའི་ཕྱིར། ལྔ་གཉིས་བཅུ་ཡང་ཡིན་ཏེ། འདི་ནས་ཕྱི་མ་ལ་རྒྱུ་འབྲས་ལྔ་ཡིན་པ་བཞིན། སྔ་མ་ལ་ཡང་རྒྱུ་འབྲས་ལྔར་བཞག་པའི་ཕྱིར། འོ་ན་ཚེ་འདི་ལ་སྔ་མའི་འབྲས་བུ་ཡང་རྒྱས་པར་ལྔར་སྟོན། ཚེ་ཕྱི་མའི་རྒྱུ་ཡང་རྒྱས་པར་གསུམ་དུ་སྟོན་གྱི། ཚེ་སྔ་མ་ལ་རྒྱུ་རྒྱས་པར་མི་སྟོན་པ་ཅི། ཕྱི་མ་ལ་འབྲས་བུ་རྒྱས་པར་མི་སྟོན་པ་ཅི་སྙམ་ན། བརྒལ་བ་དེ་ལ་ལན་མཁས་པར་བཏབ་ན། དཔྱོད་བཟོད་པ་ཡིན་ཏེ། སྔ་མ་དང་ཕྱི་མར་རྒྱུ་འབྲས་རྒྱས་པར་བཤད་ན། འོ་ན་ཚེ་འདི་ལའང་རྒྱུ་འབྲས་རྒྱས་པར་མི་འཆད་པ་ཅི་སྟེ་ཟེར་ནས་འོང་། ཡང་ན་ཚེ་འདིར་སྔ་མའི་འབྲས་བུ་ལྔ་དང་། ཕྱི་མའི་རྒྱུ་གསུམ་རྒྱས་པར་སྟོན་པ་ནི་ཚེ་འདི་ལ་རྟོགས་པར་སླ་བས། འདི་ལ་འབྲས་བུ་དང་རྒྱུ་རྒྱས་པར་སྟོན་གྱི། ཚེ་སྔ་ཕྱི་ལ་རྒྱུ་འབྲས་རྒྱས་པར་མི་སྟོན། ལར་སྔ་ཕྱིར་མི་སྟོན་པ་མིན་ཏེ། འདིའི་འབྲས་བུ་དང་རྒྱུ་རྒྱས་པས་སྔ་ཕྱིའི་རྒྱུ་འབྲས་རྒྱས་པར་སྟོན་པ་མཚོན་པའི་ཕྱིར། འདིའི་རྒྱུ་འབྲས་ཐམས་ཅད་མདོར་བསྡུས་ནས་བསྟན་ཅིང་མཚོན་པ་ཡིན་ནོ། །འདིར་སྨྲས་པ། རིང་མོ་ཞིག་གི་སྐྱེ་བའི་གོང་རོལ་ནས། །ཆོས་ཚུལ་འདི་ལ་བདག་བློའི་ངལ་བ་(༢༣༨ན)
ནི། །ཅུང་ཟད་ཙམ་གྱི་བགྱི་བ་མ་ཡིན་པར། །ཡུན་རིང་གོམས་པ་འབའ་ཞིག་ལྷུར་བླངས་པའི། །བག་ཆགས་ཕྲ་མོ་ཅུང་ཟད་སད་པ་ལས། །ཤེས་བྱ་བལྟ་ལ་ལོང་བའི་སྐབས་མ་གྱུར། །གཉིས་པ་[འབྱུང་བ་གསུམ་བཤད་པ་]ལ། སྔོན་མཐར་འབྱུང་བ་བཤད། བར་དུ་འབྱུང་བ་བཤད། ཕྱི་མཐར་འབྱུང་བ་བཤད་པའོ། །དང་པོ་ནི། མ་རིག་ཉོན་མོངས་མངོན་གནས་སྐབས། །འདུ་བྱེད་དག་ནི་སྔོན་ལས་ཀྱི། །ཚེ་སྔ་མར་ཉོན་མོངས་པའི་གནས་སྐབས་གང་ཡིན་པ་དེ་ནི་ཚེ་འདི་ལ་བལྟོས་ནས་མ་རིག་པའི་ཡན་ལག་ཅེས་བྱ་སྟེ། ཉོན་མོངས་རྣམས་ནི་མ་རིག་པ་དང་ལྷན་ཅིག་སྤྱོད་ཅིང་། མ་རིག་པའི་དབང་གིས་ཉོན་མོངས་དེ་དག་ཀུན་ཏུ་འབྱུང་བའི་ཕྱིར། རྒྱལ་པོ་གཤེགས་ན་ཞབས་འབྲིང་པ་འོང་བ་བཞིན་ནོ། །ཚེ་སྔོན་བསོད་ནམས་དང་དེ་མིན་པ་དང་། མི་གཡོ་བའི་ལས་ཀྱི་གནས་སྐབས་གང་དེ་ཚེ་འདི་ལ་བལྟོས་ནས་འདུ་བྱེད་དག་ཅེས་བརྗོད་དེ། ལས་འདུ་བྱེད་གང་གིས་ཚེ། འདིར་རྣམ་པར་སྨིན་པའི་ཕྱིར། གཉིས་པ་ནི། རྣམ་ཤེས་མཚམས་སྦྱོར་ཕུང་པོ་ཡིན། །མིང་དང་གཟུགས་ནི་དེ་ཕན་ཆད། །སྐྱེ་མཆེད་དྲུག་དོད་ཚུན་ཆད་དོ། །དེ་ནི་གསུམ་འདུས་ཚུན་ཆད་དོ། །རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཚོར་འཁྲིག་ཚུན་ཆད་སྲེད་པ་ནི། །ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི། །ཉེ་བར་ལེན་པ་ལོངས་སྤྱོད་རྣམས། །ཐོབ་པར་བྱ་ཕྱིར་ཡོངས་རྒྱུག་པའི། །དེ་སྲིད་འབྲས་བུ་འབྱུང་འགྱུར་པའི། །ལས་བྱེད་དེ་ནི་སྲིད་པ་ཡིན། །མའི་མངལ་དུ་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའི་ཕུང་པོ་ནི་ཡིད་ཀྱི་ཤེས་པ་རྣམ་ཤེས་ཀྱི་ཡན་ལག་ཡིན་ཏེ། དེའི་ཚེ་རྣམ་ཤེས་སྔ་མ་རྣམས་ཀྱི་རྐྱེན་མེད་པའི་ཕྱིར། མིང་དང་གཟུགས་ཀྱི་ཡན་ལག་ནི་མཚམས་སྦྱོར་དེ་ཕན་ཆད་ནས་སྐྱེ་མཆེད་དྲུག་དོད་ཚུན་ཆད་མ་དོད་ཀྱི་བར་དེའོ། །ལུས་ཡིད་སྐྱེ་བའི་སྲིད་པ་ཉིད་ནས་བྱུང་ཟིན་པས་སྐྱེ་མཆེད་བཞི་དོད་ཚུན་ཅིས་རིགས་སྙམ་ན། མི་རུང་སྟེ། དེ་ལྟར་ན་ལུས་དང་ཡིད་མིང་གཟུགས་ཀྱི་ནང་དུ་འཇོག་དགོས་པས་དྲུག་ཅེས་བཞག་པའི་ཕྱིར་ཏེ། བཞི་དོད་པ་དེའི་ཚེ་ལུས་དང་ཡིད་དྲུག་གི་ནང་དུ་བསྡུས་ནས་སྔར་གྱི་ཡིད་དང་ལུས་ཀྱི་རྒྱུན་ཡང་དྲུག་གི་ནང་དུ་བསྡུས་ནས་རྣམ་པར་བཞག་པའི་ཕྱིར། སྐྱེ་མཆེད་དྲུག་དོད་ནས་དབང་ཡུལ་རྣམ་ཤེས་གསུམ་འདུས་པ་དེ་སྲིད་ཀྱི་གནས་སྐབས་ཚུན་ཆད་དེ་ནི་སྐྱེ་མཆེད་དྲུག་གོ། །འདི་ལའང་(༢༣༨བ)
ཞིབ་ཏུ་དཔྱད་ན། ལུས་ཡིད་ཀྱི་གསུམ་འདུས་ཡོད་ཀྱང་དབང་པོ་གཞན་གྱི་གསུམ་འདུས་མེད་པའོ། །རེག་པ་ནི། དབང་ཡུལ་རྣམ་ཤེས་གསུམ་འདུས་ཏེ། ཚོར་བ་བདེ་སྡུག་ལ་སོགས་གསུམ་གྱི་རྒྱུ་ཤེས་ཤིང་གཡང་དང་མེ་ལྕོགས་ལ་གལ་མེད་པ་སྟེ། བདེ་བའི་ཚོར་བའི་རྒྱུ་ནི་འདི། སྡུག་བསྔལ་གྱི་ཚོར་བའི་རྒྱུ་ནི་འདི། བཏང་སྙོམས་ཀྱི་ཚོར་བའི་རྒྱུ་ནི་འདི། ཞེས་གཅོད་མི་ནུས་པའི་གནས་སྐབས་ཚུན་ཆོད་དེ། དེའི་ཚེ་རེག་པའི་རྟེན་ཡོངས་སུ་རྫོགས་པ་ཡིན་ནོ། །ཚོར་བའི་ཡན་ལག་ནི། ཚོར་བ་གསུམ་གྱི་རྒྱུ་གཅོད་ནུས་པ་ནས་ཟས་ལ་སོགས་པ་སྲེད་པ་ཀུན་ཏུ་སྤྱད་ཀྱང་འཁྲིག་པའི་འདོད་ཆགས་མི་འབྱུང་བའི་བར་ཚུན་ཆོད་དོ། །སྲེད་པའི་ཡན་ལག་ནི། གཟུགས་སོགས་འདོད་པའི་ཡོན་ཏན་གྱི་ལོངས་སྤྱོད་ལ་འདོད་ཆགས་དང་འཁྲིག་པའི་འདོད་ཆགས་འབྱུང་བ་ཅན་གྱི་ཡུལ་རྟ་གླང་སོགས་འཚོ་བ་ལ་མ་ཞུགས་པའོ། །ཡུལ་དང་བདག་གི་ངོ་བོ་ཉེ་བར་ལེན་པའི་ཡན་ལག་ནི་སྐབས་གང་དུ་ལོངས་སྤྱོད་རྟ་གླང་འབྲུ་བང་མཛོད་སོགས་རྣམས་ཐོབ་པར་བྱ་ཕྱིར། ཡོངས་སུ་འཚོལ་བ་ལ་ཞུགས་ནས་ཐམས་ཅད་དུ་རྒྱུག་པའི་གནས་སྐབས་སོ། །ཡོངས་སུ་རྒྱུག་པ་དེ་ཡང་སྲིད་པའི་འབྲས་བུ་འབྱུང་བར་འགྱུར་བའི་ལས་སོག་པར་བྱེད་པ་དེ་ནི་དེའི་སྲིད་པ་ཡིན་ཏེ། འབྱུང་བར་འགྱུར་བས་ན་སྲིད་པ་ནི་ལས་ཀྱི་རྣམ་གྲངས་ཡིན་ནོ། །ཞིབ་པར་དཔྱད་ན་འདི་ནི་འདུ་བྱེད་ཀྱི་རྟེན་འབྲེལ་གྱི་ཡན་ལག་ལས་ངོ་བོ་ཐ་དད་པ་མིན་ནོ། །གསུམ་པ་ནི། ཉིང་མཚམས་སྦྱོར་བ་སྐྱེ་བ་ཡིན། །ཚོར་བའི་བར་ནི་རྒ་ཤི་ཡིན། །ལས་དེས་ཀྱང་འདི་ནས་ཤི་འཕོས་ནས་ཕྱི་མར་ཉིང་མཚམས་སྦྱོར་བ་དེ་ནི་སྐྱེ་བའི་ཡན་ལག་ཡིན་ཏེ། འདི་ལ་རྣམ་ཤེས་ཀྱི་ཡན་ལག་ཏུ་བཞག་པ་དེ་ཕྱི་མ་ལ་སྐྱེ་བའི་ཡན་ལག་ཏུ་བཞག་པའི་ཕྱིར། སྐྱེ་བ་ཕན་ཆོད་ཚོར་བའི་གནས་སྐབས་ཀྱི་བར་ཡན་ལག་བཞི་པོ་མིང་གཟུགས་དང་སྐྱེ་(༢༣༩ན)
མཆེད་དྲུག་དང་རེག་པ་ཚོར་བ་དེ་ཉིད་ནི་གདུལ་བྱ་སྐྱོ་བར་བྱ་བའི་ཕྱིར། རྒ་ཤིའི་ཡན་ལག་ཡིན་པར་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། །གསུམ་པ་དེ་གནས་སྐབས་པར་བསྟན་པ་ལ། དངོས་དང་། དོགས་སྤོང་ངོ་། །དང་པོ་ནི། འདི་ནི་གནས་སྐབས་བར་འདོད་ལོ། །རྟེན་འབྲེལ་ལ་དབྱེ་ན་སྐད་ཅིག་མར་བྱུང་བའམ་འདི་ལ་སྐད་ཅིག་ཡོད་པས་སྐད་ཅིག་མའོ། །རྒྱུན་གྱིས་རྩེ་བ་དང་སྤྱོད་པ་བར་མ་ཆད་ལྡན་པས་རྒྱུན་ཆགས་པའོ། །རྒྱུ་དང་འབྲས་བུར་འཇོག་བྱེད་ཡོད་པས་འབྲེལ་པ་ཅན་ནོ། །བཅུ་གཉིས་པོ་ཕུང་པོའི་གནས་སྐབས་པ་ཡིན་པས་གནས་སྐབས་པའོ། །དེ་བཞི་པོ་རིགས་བསྡུ་ན། སྐད་ཅིག་མ་དང་འབྲེལ་པ་ཅན་དུ་སྦྱར་ཀྱང་ལྡོག་པ་མི་འདྲ་སྟེ། སྐད་ཅིག་མ་ནི་གཉིས་པར་མི་སྡོད་པའི་ཆ་ནས་དང་། འབྲེལ་པ་ཅན་ནི་རྒྱུ་འབྲས་སུ་འབྲེལ་པའི་ཆ་ནས་སོ། །རྒྱུན་ཆགས་པ་དང་གནས་སྐབས་པ་སྦྱར་ཀྱང་ལྡོག་པ་མི་འདྲ་སྟེ། རྒྱུན་ཆགས་པ་ནི་སྔ་ཕྱི་རིགས་འདྲའི་ཆ་ནས་དང་། གནས་སྐབས་པ་ནི་ཕུང་པོ་ལྔའི་སྐབས་སོ་སོར་བཅད་པ་ནས་སོ། །དེ་ལ་སྐད་ཅིག་གཅིག་ཡན་ལག་བཅུ་གཉིས་སུ་འཇོག་སྟེ། ཆགས་དབང་གིས་སྲོག་བཅད་པའི་རྨོངས་པ་དེ་མ་རིག་པའོ། །སེམས་དཔའ་དེ་འདུ་བྱེད་རྣམས་སོ། །དངོས་པོ་སོ་སོའི་རྣམ་རིག་ནི་རྣམ་པར་ཤེས་པའོ། །དེ་དང་ལྷན་ཅིག་འབྱུང་བའི་ཕུང་བཞི་ནི་མིང་གཟུགས་སོ། །དབང་པོ་རྣམས་ནི་མིང་གཟུགས་ལ་རགས་པ་དང་བརྟེན་པས་དེ་ལ་གནས་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་ཇི་ལྟར་སྲིད་པར་འདུས་པ་ནི་རེག་པའོ། །རེག་པ་ཉམས་མྱོང་ནི་ཚོར་བའོ། །ཆགས་པ་དེ་ནི་སྲིད་པའོ། །དེ་དང་མཚུངས་ལྡན་གྱི་ངོ་ཚ་ཁྲེལ་མེད་ནི་ལེན་པའོ། །སྲེད་པས་བླངས་པའི་ལུས་ངག་གི་ལས་ནི་སྲིད་པའོ། །ལས་དེ་རྣམས་སྐྱེ་བ་ནི་སྐྱེ་བའོ། །འབྲས་བུ་འཕེན་པའི་མཐུ་ཉམས་པའམ་སྐད་ཅིག་མ་སྔ་མ་ལ་བལྟོས་ནས་ཡོངས་(༢༣༩བ)
སུ་སྨིན་པ་ནི་རྒ་བའོ། །སྐད་ཅིག་དེ་ལ་ཞིག་པ་ནི་ཤི་བའོ། །གཞན་དག་སྐད་ཅིག་དེ་པ་ཞིག་པ་མེད་ཀྱང་ཞིག་པར་འགྱུར་བ་ནི་ཤི་བའོ་ཟེར་རོ། །དེ་ལྟར་བཤད་པའི་སྐད་ཅིག་དང་འབྲེལ་པ་ཅན་ནི་བསྟན་བཅོས་རབ་ཏུ་བྱེད་པ་ལས་གསུངས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །ཞེས་འབྱུང་བས་འདུས་བྱས་ཙམ་རྒྱུ་ལ་བལྟོས་པ་དང་དེའི་ཁྱད་པར་དུ་བྱས་ཆོས་འབྲས་བུ་ལ་བལྟོས་ནས་བཞག་པ་ཡིན་ཏེ། འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐད་ཅིག་རེ་རེ་ལ་འཇིག་པ་དང་ལྡན་པའི་ཕྱིར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་སྐད་ཅིག་མ་ཡིན་པར་གྲུབ་པའི་ཕྱིར་དང་། རྒྱུ་དུས་སུ་གྱུར་པའི་སྐད་ཅིག་མ་གཉིས་ཀ་འབྲེལ་བའི་ཕྱིར་ཏེ། འབྲེལ་པ་ཅན་དུ་གྲུབ་པའི་ཕྱིར་རོ། །བཅུ་གཉིས་པོ་ནི་ཕུང་པོ་ལྔའི་གནས་སྐབས་ཏེ། དུས་གསུམ་གྱིས་བསྡུས་པའི་ཚེ་གསུམ་བར་ཆད་མེད་པར་འབྲེལ་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་སྐབས་ཡིན་ནོ། །གནས་སྐབས་དེ་ཉིད་རྒྱུན་ཆགས་དང་ལྡན་པའི་ཕྱིར་རྒྱུན་ཆགས་པ་ཡིན་ཏེ། སྐད་ཅིག་མ་དུ་མ་དང་ཚེ་དུ་མ་ཡིན་པའི་ཕྱིར། བཞི་ལས་བཅོམ་ལྡན་འདས་ཀྱིས་འདི་ནི་གནས་སྐབས་པར་གྱུར་པ་དེ་སྐབས་སུ་བབ་པར་དགོས་ནས་བསྟན་པར་འདོད་དོ། །ལོ་ནི་སྐྱེ་མཆེད་དྲུག་དང་མིང་གཟུགས་ལ་ཕུང་ལྔའི་གནས་སྐབས་ཡོད་དུ་ཆུག་ཀྱང་མ་རིག་པ་དང་འདུ་བྱེད་ལ་ཕུང་ལྔའི་གནས་སྐབས་ཅི་ལྟར་ཡོད་ཅེས་མ་རངས་པའོ། །གཉིས་པ་ནི། གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །ཡན་ལག་བཅུ་གཉིས་པོ་ཐམས་ཅད་ལ་ཕུང་པོ་ལྔ་ཆར་ཡོད་ན། མ་རིག་པ་སོགས་ཁོ་ན་ལ་ཅིས་བསྒྲགས་སྙམ་ན། མ་རིག་པ་གཙོ་བོའི་ཕྱིར་ན་མ་རིག་པའི་ཡན་ལག་ཏུ་བསྒྲགས་ལ། འདུ་བྱེད་ནས་རྒ་ཤིའི་བར་གང་གཙོ་བོའི་སྐབས་དེར་བཤད་པ་ཉེས་པ་མེད་དོ། །ཡང་(༢༤༠ན)
མདོ་ལས་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་གསུངས་ལ། རབ་བྱེད་ལས་ནི། རྟེན་འབྲེལ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ལ་གསུངས་པས་འགལ་སྙམ་ན། མདོ་ནི་དགོངས་པ་ཡིན་ལ། མངོན་པ་ནས་གསུངས་པ་ནི་མཚན་ཉིད་པ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་ལ་ནི་སེམས་ཅན་དུ་སྟོན་པ་ཁོ་ནར་མ་ཟད་སེམས་ཅན་དུ་མི་སྟོན་པ་ལའང་འཇོག་རིགས་པའི་ཕྱིར་ཏེ། འདུས་བྱས་ཐམས་ཅད་བརྟེན་ནས་འབྱུང་བའི་རྒྱུ་ཉིད་དང་ལྡན་པའི་ཕྱིར། བཞི་པ་མདོ་དང་འགལ་བ་སྤང་བ་ནི། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །མདོ་ལས་སེམས་ཅན་དུ་སྟོན་པ་ཁོ་ན་གསུངས་པ་ནི། སྔོན་དང་ཕྱི་མཐའ་བར་དག་ལ། བདག་འདས་པའི་དུས་ན་བྱུང་ངམ་མ་བྱུང་། མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ་མི་འགྱུར། བར་འདིར་ཇི་ལྟ་བུ་ཞིག་ཡིན། ཡོད་པ་དང་འགྱུར་བ་ནི་ཅི་ཞིག་གོ་སྙམ་པའི་ཐེ་ཚོམ་སྐྱེས་པ་ནི། རྨོངས་པ་རྣམ་པར་བཟློག་ཕྱིར་ཏེ། འདི་ནས་སྔ་མར་འབོད་པའི་རྒྱུ་གཉིས་འབྲས་བུ་ལྔ་བསྟན་པས་སྔ་མ་དང་འདིའི་ཕྱེད་ལ་རྨོངས་པ་བཟློག་པ་དང་། ཕྱི་མར་འབོད་པའི་རྒྱུ་གསུམ་འབྲས་བུ་གཉིས་བསྟན་པས་ཕྱི་མ་དང་འདིའི་ཕྱེད་ལ་རྨོངས་པ་བཟློག་པའི་ཕྱིར་རོ། །གཉིས་པ་ཉོན་མོངས་གསུམ་དུ་བསྡུ་བ་ལ། དངོས་དང་། བདུན་པོ་འབྲས་བུ་ཡིན་པར་བསྟན་པ། ཐོག་མཐའ་གཉིས་ལ་རྒྱས་བཤད་མ་མཛད་པའི་རྒྱུ་མཚན་ནོ། །དང་པོ་ནི། ཉོན་མོངས་གསུམ་མོ་ལས་གཉིས་སོ། །གཞི་བདུན། ཡན་ལག་བཅུ་གཉིས་པོ་དེ་ལས་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་གསུམ་མོ། །དེ་ལ་མ་རིག་པ་དང་ད་ལྟར་གྱི་སྐྱེ་བའི་རྒྱུ་དང་། སྲེད་ལེན་མ་འོངས་པའི་སྐྱེ་བའི་རྒྱུའོ། །འདུ་བྱེད་དང་སྲིད་པ་ནི་ལས་གཉིས་སོ། །དེ་དག་ད་ལྟར་གྱི་དང་མ་འོངས་པའི་སྐྱེ་བའི་རྒྱུའོ། །རྣམ་ཤེས། མིང་གཟུགས། སྐྱེ་མཆེད་ །་པ། ཚོར་བ། སྐྱེ་བ། རྒ་ཤི་ལ་ཚོར་བའི་བར་ལྔ། ད་ལྟའི་སྐྱེ་བ་དང་མ་(༢༤༠བ)
འོངས་པའི་སྐྱེ་བ་དང་རྒ་ཤི་གཉིས་ཏེ་བདུན་པོ་ལས་ཉོན་གྱི་རྟེན་ཡིན་པའི་ཕྱིར། གཞིའི་ཡན་ལག་གོ། །གཉིས་པ་ནི། དེ་བཞིན་འབྲས་བུ་ཡིན། །ཡན་ལག་བདུན་ལས་ཉོན་གྱི་གཞི་ཡིན་པ་དེ་བཞིན་འབྲས་བུའང་ཡིན་ཏེ། མ་རིག་པ་དང་འདུ་བྱེད་ཀྱི་འབྲས་བུ་ནི་རྣམ་ཤེས་ནས་ཚོར་བའི་བར་ལྔ་ཡིན་ལ། སྲེད་ལེན་སྲིད་པ་གསུམ་གྱི་འབྲས་བུ་ནི་སྐྱེ་བ་དང་རྒ་ཤི་གཉིས་ཡིན་པའི་ཕྱིར། གསུམ་པ་ནི། གཉིས་ཀྱི་རྒྱུ་འབྲས་མདོར་བསྡུས་པ། །བར་མའི་རྗེས་སུ་དཔག་པ་ལས། །ཡང་ཚེ་འདི་ལ་ནི་རྣམ་ཤེས་ནས་ཚོར་པའི་བར་གཞི་ལྔ་སྟེ་འབྲས་བུ་དང་ཉོན་མོངས་པའི་ལས་གཉིས་སོགས་རྒྱ་ཆེར་བཤད་ན། མ་འོངས་པའི་དུས་སུ་སྐྱེ་བ་དང་རྒ་ཤི་གཉིས་སུ་བསྡུས་ཏེ་འབྲས་བུ་བསྟན་པ་དང་། འདས་པའི་དུས་སུ་མ་རིག་པ་གཅིག་བུར་བསྡུས་ཏེ་རྒྱུ་སྟོན་པ་ཅི་ཞེ་ན། འདས་མ་འོངས་གཉིས་ཀྱི་རྒྱུ་འབྲས་ཀྱི་ཡན་ལག་ཆོས་ཅན། མདོར་བསྡུས་པ་ཙམ་ལས་འདས་དུས་སུ་རྒྱུ་གཉིས་དང་ཕྱི་དུས་སུ་འབྲས་བུ་ལྔར་ཕྱེ་ནས་མ་བཤད་དེ། བར་མའི་རྒྱུ་འབྲས་ཀྱི་དབྱེ་བ་རྒྱས་བཤད་ཁོ་ནས་སྔ་ཕྱིའི་དེ་རྗེས་སུ་དཔག་པ་ལས་ཤེས་ནུས་པའི་ཕྱིར། དོན་མེད་པས་མ་ངལ་ལོ། །གསུམ་པ་གཞན་གྱི་དོགས་པ་བསལ་བ་ལ། གྲངས་ངེས་ལ་དོགས་པ་བསལ་བ་དང་། འབྱུང་བ་དང་བྱུང་བའི་ཁྱད་པར་རོ། །དང་པོ་ནི། ཉོན་མོངས་པ་ལས་ཉོན་མོངས་དང་། །བྱ་བ་ཉིད་དོ་དེ་ལས་གཞི། །དེ་ལས་གཞི་དང་ཉོན་མོངས་སྐྱེ། །འདི་ནི་སྲིད་པའི་ཡན་ལག་ལུགས། །ཡང་འཁོར་བ་ལ་ཐོག་མཐའ་ཡོད་པར་ཐལ། མ་རིག་པ་ལ་རྒྱུ་དང་རྒ་ཤི་ལ་འབྲས་བུ་མེད་པའི་ཕྱིར། མ་གྲུབ་ན་ཡན་ལག་གཞན་གྱིས་ཁ་སྐོང་དགོས་པར་ཐལ། དེ་དག་ལའང་རྒྱུ་འབྲས་ཡོད་པའི་ཕྱིར། འདོད་ན་ཐུག་པ་མེད་པར་ཐལ། འདོད་པ་དེའི་ཕྱིར་ཞེ་ན། དེ་དག་ལ་རྒྱུ་འབྲས་ཡོད་ན་ཁ་གཞན་ནས་སྐོང་དགོས་པས་མ་ཁྱབ་བོ་ཞེས་པ་ནི། བཅོམ་ལྡན་འདས་ཀྱིས་ཉོན་མོངས་སྲེད་པ་ལས་ཉོན་མོངས་ལེན་པ་དང་། ཉོན་མོངས་ལས་བྱ་བའི་ལས་ཉིད་སྐྱེ་སྟེ། མ་རིག་པ་ལས་འདུ་བྱེད་དང་། ལེན་པ་ལས་སྲིད་པ་སྐྱེའོ། །(༢༤༡ན)
ལས་འདུ་བྱེད་སྲིད་པ་དེ་ལས་གཞི་རྣམ་ཤེས་དང་སྐྱེ་བ་འབྱུང་ཞིང་། དེ་ལས་གཞི་མིང་གཟུགས་ནས་ཚོར་བའི་བར་དང་རྒ་ཤི་འབྱུང་ལ། གཞི་ཚོར་བ་དང་རྒ་ཤི་ལས་ཉོན་མོངས་པ་མ་རིག་པ་དང་སྲེད་ལེན་སྐྱེ་བ་འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས་དེ་ལྟར་ཡིན་ནོ། །སྲེད་པ་ཉིད་ཀྱང་མ་རིག་པ་ཡིན་ལ། དེ་གཞི་ཚོར་བ་མ་རིག་པ་དང་མཚུངས་ལྡན་ལས་སྐྱེ་ལ། ལེན་པ་མ་རིག་པ་དེའང་གཞི་སྲེད་པ་མ་རིག་པ་མཚུངས་ལྡན་ལས་སྐྱེ་ལ། རྒ་ཤིའི་ཚོར་བ་མ་རིག་པ་དང་མཚུངས་ལྡན་ལས་ཀྱང་སྲིད་ལེན་མ་རིག་པ་ཉིད་སྐྱེ་བ་སྟེ། མ་རིག་པ་ཉིད་འཁྲུལ་པའི་དབང་གིས་རྒྱུ་འབྲས་སུ་འཇོག་པའི་ཕྱིར། ཁྱབ་སྟེ། ཕྱི་མ་ཕྱི་མ་སྔ་མ་སྔ་མ་ལ་བལྟོས་ནས་འབྲས་བུ་དང་། སྔ་མ་སྔ་མ་ཕྱི་མ་ཕྱི་མ་ལ་བལྟོས་ནས་རྒྱུར་སོང་བའི་ཕྱིར། མགལ་མེའི་འཁོར་ལོ་བཞིན། རྟེན་འབྱུང་ལས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་སྟེ། །ཉིད་ནི་ཡང་ནས་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལས་སེམས་ཅན་གཞན་ཅིའང་མེད། །ཅེས་དང་། འཕགས་མཆོག་ཀླུས། ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་གྱི། །རྒྱུན་ཅན་འདི་ནི་འཁོར་བར་འགྱུར། །ཞེས་འབྱུང་བའི་ཕྱིར། དེ་ཡང་ཡན་ལག་ཁ་སྐོང་མ་བྱས་ན་འཁོར་བ་ཐོག་མཐའ་ཅན་དུ་དོགས་པའི་ཕྱོགས་ལ་སྐྱོན་བརྗོད་པ་ནི། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱ་བ་ནས་ཐ་མ་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པར་འགྱུར་བ་དང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར། (༢༤༡བ)
ཞེས་པའི་སྔ་ཕྱི་མཐའ་མེད་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཞེས་ཚིག་གི་ནུས་པ་དང་བཅས་ཏེ་བརྗོད་མི་དགོས་པར་ཐལ། མ་རིག་པའི་རྐྱེན་གྱི་ཞེས་པ་ནས་འཁྲུགས་པ་རྣམས་འབྱུང་བར་འགྱུར་རོ་ཞེས་པ་ཙམ་གྱིས་ཆོག་པའི་ཕྱིར། འདོད་མི་ནུས་པས་གྲུབ་བོ། །སློབ་དཔོན་ཡིད་འོང་གི་མཁན་པོ་གནས་བརྟན་དབྱིག་གཉེན་ན་རེ། མ་རིག་པ་ཚུལ་མིན་ཡིད་བྱེད་ཀྱི་རྒྱུ་ལས་བྱུང་བ་དང་། དེ་ཡང་མ་རིག་པའི་རྒྱུ་ལས་བྱུང་ལ། རྟེན་འབྲེལ་གྱི་མདོར་ནི་ཚུལ་མིན་ཡིད་བྱེད་ལེན་པའི་ཡན་ལག་གི་ནང་དུ་བཏུས་ནས་བསྟན། ཅེས་ཟེར་རོ། །ཚུལ་མིན་ཡིད་བྱེད་ཆོས་ཅན། ལེན་པའི་ནང་དུ་ཇི་ལྟར་འདུ་སྟེ་མི་འདུ་བར་ཐལ། དེ་དེའི་ངོ་བོ་མ་ཡིན་པའི་ཕྱིར། ཁོས་མ་ཁྱབ་སྟེ། ཚུལ་མིན་ཡིད་བྱེད་ལེན་པ་དང་མཚུངས་པར་ལྡན་པའི་སྒོ་ནས་འདུ་བའི་ཕྱིར་ཟེར་རོ། །འོ་ན་སྲེད་པ་དང་མ་རིག་པ་རྣམས་ཆོས་ཅན། རྟེན་འབྲེལ་གྱི་ཡན་ལག་གཞན་དུ་དབྱེ་མི་རིགས་པར་ཐལ། ཚུལ་མིན་ཡིད་བྱེད་དང་མཚུངས་ལྡན་གྱི་སྲེད་པ་དང་མ་རིག་པ་དེ་ལེན་པའི་ནང་དུ་འདུས་པའི་ཕྱིར། འཁོར་གསུམ། བཙུན་པ་དཔལ་ལེན་ན་རེ། མ་རིག་པའི་རྒྱུ་ཚུལ་མིན་ཡིད་བྱེད་དེ་རེག་པའི་དུས་གཅིག་ཏུ་ཡོད་དེ། མདོ་གཞན་ལས། མིག་དང་གཟུགས་རྣམས་ལ་བརྟེན་ནས་གཏི་མུག་ལས་སྐྱེས་པའི་ཡིད་བྱེད་རྙོག་པ་སྐྱེའོ། །ཞེས་གསུངས་པའི་ཕྱིར་དང་། ཚོར་བའི་དུས་སུ་ཡང་མ་རིག་པ་ཡོད་དེ། མདོ་གཞན་ལས། མ་རིག་པའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་སྲེད་པ་སྐྱེའོ། །ཞེས་གསུངས་པའི་ཕྱིར། དེས་ན་ཚོར་བ་དང་ལྷན་ཅིག་འཇུག་པའི་མ་རིག་པའི་རྒྱུ་ཆོས་ཅན། ཡོད་དེ། རེག་པའི་དུས་ཀྱི་ཚུལ་མིན་ཡིད་བྱེད་དེ་ཡིན་པའི་ཕྱིར། དེའི་ཚེ་ཆོས་ཅན། ཡན་ལག་གཞན་གྱིས་ཁ་སྐོང་བར་བྱེད་མི་དགོས་ཏེ། རེག་པ་དང་ལྷན་ཅིག་པས་འཇུག་པའི་ཕྱིར། མ་རིག་པའི་རྒྱུ་ཚུལ་(༢༤༢ན)
མིན་ཡིད་བྱེད་ཡིན་ན་དེའི་རྒྱུ་གང་ཞིག་ཡིན་པ་ཐུག་མེད་དུ་ཐལ་བ་མིན་ཏེ། དེའི་རྒྱུའནག་གཏི་མུག་ལས་སྐྱེས་པའི་ཡིད་བྱེད་རྙོག་པ་ཞེས་མ་རིག་པ་ཡིན་པའི་ཕྱིར། །འདིའི་ཁྱབ་པ་ནི། ཨ་ལོང་ཡིན་ན་གོར་གོར་དང་། གོར་གོར་ཡིན་ན་ཨ་ལོང་མིན་པ་བུད་དུ་སོང་འདུག་གོ། །འོ་ན་མ་རིག་པའི་རྒྱུ་ཚུལ་མིན་ཡིད་བྱེད་ཡིན་པ་མདོ་གཞན་དུ་གསུངས་པ་ལྟར་རྟེན་འབྲེལ་གྱི་མདོར་བརྗོད་དགོས་སམ་སྙམ་ན། མི་དགོས་ཏེ། རིགས་པས་བསྒྲུབས་པས་ཤེས་ནུས་པའི་ཕྱིར། རིགས་པ་གང་ཞེ་ན། དགྲ་བཅོམ་པ་ཆོས་ཅན། མ་རིག་པ་དང་བཅས་པའི་ཚོར་བ་དང་རེག་པ་ནི་ཁྱོད་ཀྱི་རྒྱུད་ལ་མེད་དེ། ཚོར་བ་དེ་ལས་སྲེད་པའི་རྐྱེན་མི་བྱེད་པའི་ཕྱིར་དང་། ཚུལ་མིན་ཡིད་བྱེད་ཕྱིན་ཅི་ལོག་མེད་པའི་རེག་པས་ཉོན་མོངས་ཀྱི་ཚོང་བའི་རྐྱེན་མི་བྱེད་པའི་ཕྱིར་རོ། །དེ་ལྟར་གྲུབ་པ་ན། དགྲ་བཅོམ་གྱི་རེག་པ་ནི་ཆོས་ཅན། མ་རིག་པའི་རྒྱུ་མིན་ཏེ། ཕྱིན་ཅི་ལོག་ཚུལ་མིན་ཡིད་བྱེད་མིན་པའི་ཕྱིར། ཞེས་བརྗོད་ནས། ཇི་སྙེད་རིགས་པས་འཐད་པ་དེ་སྙེང་ལུང་གིས་མ་བཤད་བཞིན་དུ་ཡང་གོ་བར་འགྱུར་མོད། འོ་ན་མདོ་གཞན་གྱི་ལུང་འགོད་པ་ཅི་ཡིན་ཅེ་ན། རིགས་པ་དེ་གང་ལས་འབྱུང་བའི་ཁུངས་འགོད་པའི་ཆེད་ཡིན་པའི་ཕྱིར་ཞེས་ཟེར་རོ། །གཞུང་རྩོམ་མཁན་གྱི་སློབ་དཔོན་དབྱིག་གཉེན་ནི། རིགས་པས་གོ་ཚད་རྟེན་འབྲེལ་གྱི་མདོར་བརྗོད་མི་དགོས་ན་ཧ་ཅང་ཐལ་བ་ནི། རྟེན་འབྲེལ་གྱི་མདོར་རེག་ཚོར་འདི་གཉིས་ཀྱང་སྨོས་པའམ་བརྗོད་མི་དགོས་པར་ཐལ། འདིར་མ་བརྗོད་ཀྱང་གཞན་ནས་བསྟན་པས་ཤེས་པར་འགྱུར་བའི་ཕྱིར། གཞན་ཡང་སྐྱེ་བའི་ཡན་ལག་ཀྱང་རྟེན་འབྲེལ་གྱི་མདོར་བརྗོད་མི་དགོས་པར་ཐལ། རིགས་པའི་སྒོ་ནས་སྐྱེ་བ་མེད་པར་རྒ་ཤི་མི་འབྱུང་བའི་ཕྱིར་ཞེས་བརྗོད་པས་གོ་བའི་ཕྱིར། དེས་ན་དཔལ་ལེན་གྱིས་ལན་(༢༤༢བ)
ཡང་དག་པར་ཐེབས་པ་མ་ཡིན་ནོ། །རང་ལུགས་ཀྱི་ལན་ནི། མ་རིག་པ་དང་རྒ་ཤིའི་བར་ཡན་ལག་བཅུ་གཉིས་ལས་མ་བསྟན་ཀྱང་ཆོས་ཅན། འཁོར་བ་ཐོག་མཐའ་ཡོད་པར་མི་ཐལ་ཏེ། ཕ་རོལ་ནས་འདི་དང་འདི་ནས་གཞན་དུ་འགྲོ་བ་མཐའ་མེད་པ་ལ་རྨོངས་པ་གོང་དུ་རྒྱ་ཆེན་བཟློག་ཟིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས། རྟེན་འབྲེལ་དང་རྟེན་འབྲེལ་གྱི་ཆོས་ལ་ཞེས་གསུངས་པ་བསྟན་བཅོས་མཁན་པོས་ཁྱད་པར་མ་གསུངས་ཏེ། འདུས་བྱས་སུ་ངོ་བོ་གཅིག་པའི་ཕྱིར་རོ། །ཡང་བྱེ་སྨྲས། མ་འོངས་པ་ལ་ཆོས་ཅན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བརྗོད་མི་རིགས་པར་ཐལ། མ་བྱུང་བའི་ཕྱིར་ཞེས་པ་ལ། མདོ་སྡེ་པས། འོ་ན་མ་འོངས་པ་ཆོས་ཅན། འདུས་བྱས་དག་ཅེས་བརྗོད་མི་རིགས་པར་ཐལ། མ་ཁྱབ་པའི་ཕྱིར། བྱེ་སྨྲས། མ་ཁྱབ་སྟེ། མ་འོངས་པའི་རྣམ་སྨིན་མངོན་པར་འདུ་བྱེད་པའི་སེམས་པས་བསམ་པའི་ཕྱིར། དཔེར་ན། བདག་ལྷ་མིར་སྐྱེ་བར་གྱུར་ཅིག་གོ་སྙམ་པ་ལྟ་བུའོ། །མདོ་སྡེ་པས། མ་འོངས་པའི་ཟག་བཅས་གང་ཡིན་བསམ་དུ་རུང་ན། མ་འོངས་པའི་ཟག་མེད་ཇི་ལྟར་བསམ་དུ་རུང་ཞེས་པ་ལ། བྱེ་སྨྲས། ཟག་མེད་མ་འོངས་པའང་འཐོབ་པར་གྱུར་ཅིག་པའི་སེམས་པ་དགེ་བས་བསམ་པར་ནུས་སོ། །མདོ་སྡེ་པས། འོ་ན་མྱ་ངན་ལས་འདས་པ་ཡང་མ་འོངས་པར་འཐོབ་པར་གྱུར་ཅིག་བསམ་པས་འདུས་བྱས་པར་ཐལ། ཟག་མེད་ཀྱང་མ་འོངས་པ་ན་འཐོབ་པར་གྱུར་ཅིག་པའི་བསམ་པས་འདུས་བྱས་པའི་ཕྱིར། རྟགས་ཁྱབ་གྲུབ། བྱེ་སྨྲས། འདོད་མི་ནུས་ཏེ། དེ་འདུས་མ་བྱས་ཀྱི་རྫས་སུ་ཁས་ལེན་པའི་ཕྱིར། མདོ་སྡེ་པའི་རང་ལུགས་ནི། མ་འོངས་པ་ལ་རྟེན་འབྲེལ་ཞེས་འཇོག་རིགས་ཏེ། འདས་ད་ལྟར་གྱི་རྟེན་འབྲེལ་དང་རིས་མཐུན་པའི་ཕྱིར། དཔེར་ན། འདས་མ་འོངས་ད་ལྟར་རང་དུས་རེག་པས་(༢༤༣ན)
གཟུགས་སུ་མི་རུང་ཡང་། ད་ལྟའི་གཟུགས་རུང་དང་རིས་མཐུན་པས་གཟུགས་ཞེས་བརྗོད་པ་ལ་ཉེས་པ་མེད་པ་བཞིན་ནོ། །གཉིས་པ་ནི། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །མདོའི་དགོངས་པ་འདིར་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ཆོས་ཅན། རྒྱུར་གྱུར་པའི་ཡན་ལག་ཡིན་ཏེ། འདི་ལས་འབྱུང་བའི་ཕྱིར། རྟེན་ཅིང་འབྲེལ་བར་བྱུང་བ་ནི་ཆོས་ཅན། གནས་པའི་ཡན་ལག་ཡིན་པར་འདོད་དེ། འདི་བྱུང་བའི་ཕྱིར། དེ་ལྟར་ན་ཡན་ལག་ཐམས་ཅད་ཀྱང་ཆོས་ཅན། འབྱུང་བ་དང་བྱུང་བ་གཉིས་ཀར་གྲུབ་སྟེ། རྒྱུ་འབྲས་སུ་གྱུར་པའི་ཕྱིར། དེ་ལྟར་ནའང་རྒྱུ་འབྲས་འཆོལ་པར་ནི་མི་འགྱུར་ཏེ། གང་ལ་བལྟོས་ནས་རྟེན་འབྱུང་དེ་དེར་བལྟོས་ནས་རྟེན་ཅིང་འབྱུང་བ་མིན་པའི་ཕྱིར། རང་གི་ཕ་ལ་བལྟོས་ནས་བུ་ཁོ་ན་ཡིན་གྱི་ཕ་མིན་པ་བཞིན་ནོ། །གནས་བརྟན་བསམ་རྫོགས་ན་རེ། འབྱུང་བྱུང་ལ་མུ་བཞི་སྟེ། དང་པོ་ནི། མ་འོངས་པ། གཉིས་པ་ནི། དགྲ་བཅོམ་པའི་ཆོས་ཐ་མའི་འདས་ད་ལྟར་བྱུང་བ། གསུམ་པ་ནི། དེ་ལས་གཞན་པའི་འདས་ད་ལྟར་བྱུང་བ། བཞི་པ་ནི། འདུས་མ་བྱས་རྣམས་ཞེས་ཟེར་བའི་ཕྱིར། དེའི་མུ་གཉིས་པ་ནི་བྱུང་ཟིན་པའི་ཕྱིར་དང་། དེ་ལས་འབྲས་བུ་མི་འབྱུང་བའི་ཕྱིར་སྙམ་པའོ། །མུ་གསུམ་པ་ནི། དགྲ་བཅོམ་ཐ་མ་ལས་གཞན་པའི་འདས་པ་འབྱུང་བ་དང་། ད་ལྟ་བ་དེས་བྱུང་ཟིན་པའི་ཕྱིར་སྙམ་པའོ། །ཞེས་གྲགས་པ་ནི་རྣམ་དག་མི་སྲིད་པའོ། །མདོ་སྡེ་པས་བྱེ་སྨྲ་ལ་རྒོལ་བ་ནི། ཡན་ལག་བཅུ་གཉིས་ཀྱི་གནས་སྐབས་ཀྱི་ཕུང་ལྔ་ཐམས་ཅད་ཡན་ལག་དེ་དང་དེ་རང་གི་རྟེན་འབྲེལ་གྱི་ཡན་ལག་ཡིན་པར་བདེ་འདོད་རྒྱལ་ལམ་མདོའི་དགོངས་པར་སྨྲ། ཕྱི་མ་ལྟར་ན། འདོད་པ་འདི་ནི་མདོའི་དོན་མ་ཡིན་ཏེ། མདོ་དོན་དང་འགལ་བའི་ཕྱིར། ཇི་ལྟར་འགལ་ན། མདོ་ལས། མ་རིག་པ་གང་ཞེ་ན། སྨྲས་པ། སྔོན་གྱི་མཐའ་མི་ཤེས་པ་གང་(༢༤༣བ)
ཡིན་པའོ། །ཞེས་སོགས་རྒྱ་ཆེར་གསུངས་པས། མ་རིག་པ་ནི། དུས་གསུམ་དང་ཕྱི་ནང་དང་བདེན་བཞི་ཕུང་ལྔ་སོགས་མི་ཤེས་པའི་སེམས་བྱུང་ཁོ་ནར་བཤད་ཀྱི། གཟུགས་སོགས་སུ་བསྟན་པ་མིན་པ་ནི་ངེས་པའི་དོན་ཡིན་པའི་ཕྱིར། ཁྱེད་ཅག་གིས་ལུགས་མདོ་དོན་དུ་གནས་འོང་། བྱེ་སྨྲས། ཡན་ལག་གི་ཚོགས་པ་ལས་གཅིག་བསྟན་པས་གཞན་མ་བསྟན་པ་མིན་གྱི། གཙོ་བོ་བསྟན་པས་དེའི་འཁོར་བཅས་ཀྱང་གོ་བ་ལ་བསམས་ནས། གླང་ཆེན་གྱི་རྗེས་རྟ་སོགས་ཀྱི་རྗེས་ལས་ཁྱབ་ཆེ་བ་བཞིན་མི་སྡུག་པའི་ཏིང་ངེ་འཛིན་ནི་ཉོན་མོངས་ཀྱི་གཉེན་པོ་ཐམས་ཅད་ལས་ཁྱབ་ཆེ་བས། དེ་སྟོན་པའི་མདོ་གླང་པོ་ཆེའི་རྗེས་ལྟ་བུ་བྱ་བ་ཞིག་ལས། སའི་ཁམས་གང་ཞེ་ན། སྐྲ་དང་སྤུ་དག་གོ་ཞེས་གསུངས་པ་ལྟ་བུ་སྐྲ་དག་ལས་ས་མིན་གྱི་འབྱུང་འགྱུར་དག་ཀྱང་ཡོད་མོད་ཀྱི། གཙོ་བོ་ས་བསྟན་པ་བཞིན་དུ་འདིར་ཡང་གཙོ་བོར་མ་རིག་པ་བསྟན་པ་ལྟར་ཞོར་ལ་ཕུང་ལྔའང་དེའི་ཡན་ལག་ཏུ་བསྟན་པ་ཡིན་ནོ། །མདོ་སྡེ་པས་དཔེ་མ་གྲུབ་པར་བསྟན་པ་ནི། སྐྲ་གང་ཞེ་ན། སའི་ཁམས་སོ་ཞེས་སྟོན་ན་ནི་སའི་ཁམས་མིན་པའི་འབྱུང་འགྱུར་དག་ཀྱང་སྐྲ་ལ་ཡོད་པས་ལྷག་མ་དང་བཅས་པར་འགྱུར་བཞིག་ན་དེ་ལྟར་ཡང་སྟོན་པ་མ་ཡིན་པ་དང་། ཡང་སའི་ཁམས་ཀྱི་སྐྲ་ལ་སོགས་པ་གང་ཞེ་ན། སྐྲ་དང་ཞེས་སོགས་བརྗོད་ནས། ས་མ་ཡིན་གྱི་གཟུགས་སོགས་གཞན་ཡང་ཡོད་ཅེས་དོན་གྱིས་འཕངས་པའི་སྒོ་ནས་བསྟན་པའང་མ་ཡིན་གྱི། མདོར་ནི། སྐྲ་དང་ཁ་སྤུ་སོགས་ཁོ་ནས་མཚོན་བྱེད་དུ་བྱས་ཏེ། སའི་ཁམས་མཚོན་བྱར་བྱས་ནས་བསྟན་པ་ཡིན་ཏེ། སྐྲ་སོགས་ལས་གཞན་ས་ཁམས་མ་བསྟན་པའི་ཕྱིར། དཔེ་འདི་ནི་ལྷག་མ་མེད་པའི་དཔེ་ཡིན་པ་བཞིན་སྔོན་གྱི་མཐའ་མི་ཤེས་པ་ལ་སོགས་པ་སྟོན་པའི་མདོ་འདིས་ནི་མ་རིག་པ་དང་འདུ་བྱེད་སོགས་ལྷག་མ་མེད་པ་ཁོ་ན་བསྟན་གྱི། ཕུང་(༢༤༤ན)
ལྔ་ལྷག་མ་དང་བཅས་པ་དེ་ཡིན་པར་མ་བསྟན་ཏོ། །ཡང་འདི་ལྟར་དོགས་ཏེ། མདོར་མཆི་མ་དང་མཆིལ་སྣབས་སོགས་དེའི་ཞར་བྱུང་དུ་མ་བཤད་ཀྱང་། སྤྱིར་མཆི་མ་སོགས་ལ་སའི་ཁམས་ཡོད་པས་དཔེ་ལྷག་མ་དང་བཅས་པའོ་སྙམ་ན། དེའི་ལྷག་མ་ཡོད་ཆུག་ཀྱང་མདོ་འདིར་ལྷག་མ་ལུས་པར་བསྟན་ཟིན་པ་ཉིད་དེ། ལུས་འདི་ལས་གཞན་ཡང་ཞེས་དམིགས་ཀྱིས་བཀར་བའི་ཕྱིར་རོ། །ཡང་མདོར་མ་བཤད་པའི་མཆི་མ་སོགས་ལ་ས་ཁམས་ཡོད་པ་དེ་ཁོ་ན་དང་འདྲ་བར་མ་རིག་པའི་ཡན་ལག་གི་ལྷག་མ་ཞིག་ཡོད་ན་ནི་མ་རིག་པ་རང་ལ་རགས་ལས་ཏེ། དེ་འདྲ་ཞིག་ཡོད་ན་གཟུགས་སོགས་མ་ཡིན་པའི་ཕྱིར་ཏེ། མ་རིག་པ་ཉིད་དུ་བསྡུ་བ་ལས་འོས་མེད་པའི་ཕྱིར། མ་རིག་པའི་གནས་སྐབས་ན་ཡོད་པའི་ཕུང་ལྔ་ཆོས་ཅན། མ་རིག་པའི་ཡན་ལག་ཡིན་ཏེ། རིས་ཐ་དད་པའི་ཕྱིར། མ་རིག་པའི་གནས་སྐབས་ཀྱི་ཕུང་ལྔ་ཆོས་ཅན། མ་རིག་པའི་ཡན་ལག་མིན་ཏེ། ཡིན་ན་གཟུགས་སོགས་ལས་འདུ་བྱེད་ཀྱི་ཡན་ལག་འབྱུང་དགོས་པ་ལས་མི་འབྱུང་བ་གང་ཞིགའདུ་བྱེད་ཀྱི་ཡན་ལག་ནི་མ་རིག་པའི་ཡན་ལག་ལ་རྗེས་འགྲོ་དང་ལྡོག་པ་མི་འཁྲུལ་བའི་ཕྱིར་ཏེ། དགྲ་བཅོམ་ལ་ཕུང་པོ་ལྔ་ཡོད་ཀྱང་བསོད་ནམས་དང་བསོད་ནམས་མིན་པ་དང་མི་གཡོ་བས་འགྲོ་བར་འཕེན་པའི་འདུ་བྱེད་ཀྱི་ཡན་ལག་མེད་པ་དང་། དེར་སྐྱེ་བའི་རྣམ་ཤེས་དང་སྲེད་པ་སོགས་མེད་པའི་ཕྱིར། ཕུང་པོ་ལྔ་ནི་རྟེན་འབྲེལ་གྱི་ཡན་ལག་མིན་པ་མདོའི་དགོངས་པ་ཁོ་ནའོ། །མཛོད་འཆད་པའི་བོད་པ་དག །འགྲེལ་པས་རྩ་བ་དགག་པར་བྱེད་དོ་ཞེས་ཟེར་བ་ལྟར་ན། མུ་དང་པོ་ལ་དགག་པ་མཛད་པ་ནི། མདོ་ལས། རྟེན་ཅིང་འབྲེལ་བར་བྱུང་བའི་ཆོས་རྣམས་གང་ཞེ་ན། མ་རིག་པ་ནས་རྒ་ཤིའི་བར་དག་གོ། །ཞེས་གསུངས་པ་དེ་ཁས་ལེན་མི་རིགས་པར་ཐལ། (༢༤༤བ)
མ་འོངས་པའི་རྟེན་འབྲེལ་དེ་འབྱུང་བ་ཡིན་ལ་བྱུང་བ་མ་ཡིན་པའི་ཕྱིར། འདོད་མི་ནུས་པས་སྐྱེ་བ་དང་རྒ་ཤི་ཡང་བྱུང་བར་ཁས་ལེན་ན། འོ་ན་ཡན་ལག་བཅུ་གཉིས་ཆོས་ཅན། ཚེ་གསུམ་ལ་འཇོག་མི་རིགས་པར་ཐལ། ཡན་ལག་ཕྱི་མ་གཉིས་མ་འོངས་པའི་དུས་སུ་མི་བཞག་པའི་ཕྱིར། འཁོར་གསུམ། ས་སྟོན་སྡེ་པ་འོད་སྲུངས་སྡེ་དང་ཆོས་སྲུང་སྡེ་ན་རེ། རྟེན་ཅིང་འབྲེལ་འབྱུང་ནི་ཆོས་ཅན། འདུས་མ་བྱས་ཡིན་ཏེ། མདོ་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་ཉིད་འདི་ནི་གནས་པ་ཁོ་ནའོ་ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །ལུང་དེ་སྒྲ་ཇི་བཞིན་པར་འགྲེལ་ན་མ་རིག་པ་སོགས་ལ་བརྟེན་ནས་འདུ་བྱེད་སོགས་འབྱུང་བ་ཆོས་ཅན། དེ་བ་བྱུང་རུང་མ་བྱུང་རུང་དུས་རྟག་པར་ཀུན་ཏུ་འབྱུང་སྟེ། དེ་ལ་མ་བསྟེན་པ་དང་མི་མཐུན་པའི་རྒྱུ་ལས་མི་འབྱུང་བའི་ཕྱིར་བྱ་བ་ནི་ཁོ་བོའང་འདོད་དོ། །ཡང་མདོ་དེ་སྒྲས་ཟིན་ལྟར་མིན་པར་རྟེན་འབྲེལ་རྟག་དངོས་ཞིག་ཡོད་པའི་དོན་ལ་འཆད་ན། རྟེན་འབྱུང་ཆོས་ཅན། རྟག་དངོས་མིན་པར་ཐལ། འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། གྲུབ་སྟེ། འབྱུང་བ་ནི་མ་བྱུང་བ་ལས་བྱུང་བའི་སྐྱེ་བ་ཡིན་པའི་ཕྱིར། དེས་ན་འདུས་མ་བྱས་མ་རིག་པ་འདུས་བྱས་དང་འབྲེལ་པ་མེད་ན་མ་རིག་པ་རྟེན་བྱུང་དང་འབྲེལ་པ་མེད་པས་ཁྱབ། ནམ་མཁའ་དང་གཟུགས་བཞིན་རྟག་པ་ཡང་ཡིན་རྟེན་བྱུང་ཡང་ཡིན་ཅེས་པས་ངའི་མ་མོ་གཤམ་ཡིན་བྱ་བ་ལྟ་བུའི་ཚིག་གིས་ནུས་པ་ཕན་ཚུན་གཉིས་ཀ་ཟད་པར་བྱས་པའོ། །རྟེན་འབྲེལ་རྟག་དངོས་ཀྱི་ཕྱོགས་ལ་དེས་ཚིག་བསྟན་པའི་སྒོ་ནས་འགལ་བ་བསྟན་པ་ནི། ཨིཎ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞགཨིཎའི་གྲྭའོ་ཞེས་པས་ཎ་ཕྱིས། སྔོན་དུ་ཉེར་བསྒྱུར་པྲ་ཏི་བཞགརྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པས། རྣམ་དབྱེ་དང་པོའི་གཅིག་ཚིག་ཉེར་(༢༤༥ན)
བསྒྱུར་པྲ་ཏི་ལ་སི་བྱིན། མི་ཟད་པ་ལས་ཀྱང་ངོ་ཞེས་པས་སི་འཇིགབྱེད་པ་པོ་གཅིག་དག་གི་སྔོན་མའི་དུས་ལའོ་ཞེས་པས་ཀྟྭ་བྱིན། ཀ་ལ་ཡ་ཎ་བཞིན་འང་སྟེ་ཡ་ལ་བརྗོད་པ་པོར་བའོ་ཞེས་པས་ཀ་དབྱི། བསྡུ་བ་བྱུང་བ་ན་ནཉ྄་མ་ཡིན་པ་ལ་ཀྟྭའི་ཡབ་སོ་ཞེས་ཀྟྭ་ཡཔྲ་རུ་བསྒྱུར། བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཏའོ་ཞེས་པས། བྱིངས་མཐར་ཏ་ཨཱ་ག་མ་བྱིན། མདོ་འདིས་ཡ་པྲ་ཀྱི་པྲ་དབྱི། པྲ་ཏི་དང་ཨི་མཚུངས་འདྲ། ཡ་གསལ་བྱེད་དབྱངས་མེད་དྲངས་པས་པྲ་ཏཱི་ཏྱ་གྲུབ་པ་ནི་བྱིངས་ལ་འགྲོ་བའི་དོན་ཡོད་ཀྱང་ཉེར་བསྒྱུར་གྱི་དབང་གིས་འཕྲད་ནས་ཞེས་པར་འགྱུར་ལ། འཕྲད་ནས་ཞེས་པ་དེས་རྟེན་ཅིང་འབྲེལ་བར་འབྱུང་བྱ་བའི་དོན་ཏོ། །པ་ད་ཡོད་པ་ལའོ་ཞེས། པ་དའི་བྱིངས་བཞགབྱིངས་མཐའི་ཨ་བརྗོད་དོན་ཡིན་པས་ཕྱིས། བྱིངས་ཀྱི་སྔོན་དུ་ཉེར་བསྒྱུར་ས་མྲ་དང་། ཨུཏ་བཞགདེ་གཉིས་ལ་རྣམ་དབྱེ་དང་པོའི་སི་བྱིན། མི་ཟད་པ་ལས་ཀྱང་ངོས་སི་འཇིགགྷཉ་བྱིན། གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་བ་ལ་ཨི་ཙ་བཞིན་ནོ་ཞེས་པས་རིང་པོར་བསྒྱུར་ཞིང་རྐྱེན་གྱི་ཉ་ཡང་དབྱི། ཙ་ཛྲ་དག་ནི་དྷུ་ཊྲ་དང་གྷ་རྗེས་སུ་འབྲེལ་བ་ལ་ཀ་ག་དག་གོ་ཞེས་པས་རྐྱེན་གྱི་གྷ་དབྱི། སྲོག་གི་ཨ་བཞགགསལ་བྱེད་དབྱངས་མེད་རིམ་བཞིན་དྲངས་པས་ས་མུཏྤཱ་ད་ཞེས་པ་ནི་བྱིངས་ལ་ཡོད་པའི་དོན་ཡོད་ཀྱང་ཉེར་བསྒྱུར་གྱིས་བསྒྱུར་བས། ཡང་དག་པར་ཀུན་ནས་འབྱུང་བ་ཞེས་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་དོན་ཀྱང་འཕྲད་ནས་འབྱུང་གི། མ་འཕྲད་པར་ནི་མི་འབྱུང་བའི་དོན་ཏོ། །སྒྲ་དངོས་དབང་གིས་འཇུག་པར་འདོད་པའི་མུ་སྟེགས་པ་བརྡ་སྤྲོད་པ་ན་རེ། འཕྲད་ནས་འབྱུང་བ་བྱ་བའི་སྒྲ་སྒྲུབ་ཀྱི་སྐབས་སུ་བྱེད་པ་པོ་གཅིག་གིས་བྱ་བ་གཉིས་བྱེད་པ་ལས། བྱ་བའི་སྔར་བྱེད་པོ་ཡོད་པར་སྟོན་པ་ལ་རྐྱེན་འདིར་འགྱུར་བ་དོན་གྱིས་ཐོབ་པ་(༢༤༥བ)
རུང་ཡང་། སངས་རྒྱས་པ་ལ་རྟེན་འབྲེལ་གྱི་སྒྲ་བཤད་འཇུག་འདི་དོན་མཐུན་མི་རུང་སྟེ། འཕྲད་པའི་སྔ་རོལ་ནས་བྱེད་པ་པོ་མེད་པའི་ཕྱིར། འདིའི་ཞེན་དོན་ཡང་སངས་རྒྱས་པས་བདག་རྫས་སུ་གྲུབ་པ་ཁས་མི་ལེན་པ་ལ་གནོད་བྱེད་དུ་འཇུག་པར་བསམ་སྣང་ངོ་། །སློབ་དཔོན་གྱིས་བརྡ་སྤྲོད་པའི་ཀླན་ཀ་ཚིགས་བཅད་དུ་བསྡེབ་བར་མཛད་པའི་དོན་ནི། ཁྱེད་སངས་རྒྱས་པ་ལ་གལ་ཏེ་འབྱུང་བའི་སྔོན་རོལ་དུ་འཕྲད་པར་རུང་བ་མིན་ཏེ། མ་བྱུང་བའི་ཚེ་བྱེད་པ་པོའི་ཆོས་སམ་ངོ་བོ་ཉིད་མེད་པའི་ཕྱིར། བྱེད་པོ་མེད་པའི་ཁྲུས་ཀྱི་བྱ་བ་སོགས་མི་འགྲུབ་པ་བཞིན། ཡང་གལ་ཏེ་སངས་རྒྱས་པས་རྟེན་པའམ་བལྟོས་པའི་འཕྲད་པའི་བྱ་བ་དང་། དེ་ལས་འབྱུང་བའི་བྱ་བ་གཉིས་ལྷན་ཅིག་པའི་དུས་མཉམ་དུ་བྱེད་པོའང་འཇོག་ལ། བྱེད་པ་ངེས་པར་བྱ་བའི་སྔར་འཇོག་དགོས་པ་མ་ངེས་སོ་ཞེ་ན། འོ་ན་བརྡ་སྤྲོད་ཀྱི་སྒྲ་སྒྲུབ་དང་འགལ་ཏེ། སྒྲ་སྒྲུབ་ཀྱི་སྐབས་འདིར་ཆོས་ཅན། བལྟོས་ནས་འབྱུང་། བརྟེན་ནས་འབྱུང་། འཕྲད་ནས་འབྱུང་བྱ་བའམ། བལྟོས་ཏེ་འབྱུང་། བརྟེན་ཏེ་འབྱུང་། འཕྲད་དེ་འབྱུང་བྱ་བའི་ནས་སམ་སྟེ་ཞེས་བྱ་བའི་རྐྱེན་གྱིས་སྒྲ་མ་གྲུབ་པར་ཐལ། དེ་གྲུབ་ན་མངོན་དུ་བྱེད་པ་པོ་ལས་རག་དགོས་པ་གང་ཞིགདེའི་སྔ་རོལ་དུ་བྱེད་པ་པོ་མེད་པའི་ཕྱིར་ཞེས་འཕེན་ནོ། །འོ་ན་ནི་བརྡ་སྤྲོད་པ་རང་ལ་འདི་འདྲི་སྟེ། ཆོས་སྐྱེ་བ་དེ་ཚེ་ད་ལྟའི་འམ་མ་འོངས་པ་ཞིག་སྐྱེ། དང་པོ་ལྟར་ན། ད་ལྟ་བ་ཆོས་ཅན། སྐྱེ་བ་མ་ཡིན་པར་ཐལ། སྐྱེ་བ་དེ་མ་སྐྱེས་པ་ལས་སྐྱེ་དགོས་པ་གང་ཞིག་དེ་ལྟ་བ་དེ་མ་སྐྱེས་པ་མ་ཡིན་པའི་ཕྱིར། ཡང་ན་ད་ལྟ་བར་སྨོས་པ་དེ་ད་ལྟ་བ་མ་ཡིན་པར་ཐལ། ཁྱོད་སྐྱེ་དགོས་པའི་ཕྱིར། རྟགས་ཁྱབ་ཚད་གྲུབ། ཁྱོད་ད་ལྟར་བ་ལས་སྐྱེ་དགོས་ན་ཁྱོད་སྔར་མ་སྐྱེས་པའི་ཕྱིར། ཁྱོད་ད་ལྟར་བ་ལས་སྐྱེ་བ་བུད་དོ། །སྐྱེས་ཟིན་སྐྱེ་ན་ནི་སྐྱེ་བ་ཐུག་(༢༤༦ན)
པའང་ཅི་ཡོད། །གཉིས་པ་ལྟར་ན། མ་འོངས་པ་ནི་ཆོས་ཅན། སྐྱེ་བ་མ་ཡིན་ཏེ། སྐྱེ་བའི་བྱ་བྱེད་གང་དུའང་བདག་ཉིད་མ་རིག་པའི་ཕྱིར་རོ། །དེས་ན་ཁྱོད་རང་བརྡ་སྤྲོད་པ་འདས་ད་ལྟར་གྱི་གནས་སྐབས་གང་དུ་སྐྱེ་བར་འདོད་པ་གང་ལྟར་ཡིན་ཀྱང་། ཁོ་བོ་སངས་རྒྱས་པ་ནི་གནས་སྐབས་གང་ཞིག་ཡོད་པས་དེའི་ཚེ་མ་འོངས་པ་ཐམས་ཅད་ནི་སྐྱེ་བ་མིན་གྱི། གང་སྐྱེ་བར་འདོད་པའི་གནས་སྐབས་གང་འབྱུང་བ་ནི་རྐྱེན་དང་འཕྲད་པ་ན་སྐྱེའོ། །བརྡ་སྤྲོད་པ་དག་བྱ་བྱེད་ལས་གསུམ་རང་དབང་གིས་རྫས་ཐ་དད་དུ་ཡོད་པར་འདོད་པའང་ཆོས་ཅན། མི་འཐད་དེ། སྐྱེ་བར་བྱེད་པོ་རང་ཉིད་སྐྱེ་བའི་བྱ་བ་ལས་སྐྱེ་བ་པོ་གཞན་མི་དམིགས་ལ། སྐྱེ་བར་བྱ་རྒྱུའི་ལས་ཀྱང་སྐྱེ་བ་པོ་ཉིད་ལས་གཞན་དུ་མ་གྲུབ་པའི་ཕྱིར། དེས་ན་སྐྱེའོ་འབྱུང་ངོ་བརྟེན་ཏོ་བྱ་བ་སོགས་ལ་བྱེད་པ་པོ་རང་དབང་ཅན་དགོས་པའི་ཀླན་ཀ་མེད་དེ། བློ་རྟོག་པའི་ངོ་ནས་བརྟགས་ཏེ་བཞག་ཆོག་པའི་ཕྱིར་རོ། །ཁོ་བོ་སློབ་དཔོན་མི་བསྐྱོད་བཟང་པོས་བསམས་ན། བྱ་བྱེད་ལས་གསུམ་བཏགས་ཡོད་དུ་བསྟན་པའི་རིགས་པ་འདིས་དངོས་པོ་ཐམས་ཅད་རང་བཞིན་མེད་པར་གཏན་ལ་འབེབས་ནུས་པས། སློབ་དཔོན་ཆེན་པོ་དབྱིག་གི་གཉེན་འདིས་ཀྱང་བསྟན་བཅོས་འདིའི་སྐབས་སུའང་ཟུར་རམ་སྦས་པའི་དོན་གྱིས་འཕགས་མཆོག་ཀླུ་སྒྲུབ་ཞབས་བཞེད་པའི་ངོ་བོ་ཉིད་མེད་པའི་ལྟ་བ་འཇིགས་སུ་རུང་བ་དེ་ཐབས་མཁས་པས་བསྟན་པར་སྣང་ངོ་ཞེས་མོས་གུས་སུ་བྱེད་དོ། །སྤྱིར་སྐྱེ་བ་པོ་དེ་ཉིད་སྐྱེ་བར་བྱེད་རྒྱུ་ཡང་ཡིན་ལ། སྐྱེ་བར་བྱ་རྒྱུའང་ཡིན་པ་རང་ལྡོག་ནས་མི་འགལ་བ་དང་། དེ་ལ་སྐྱེ་བྱེད་གཞན་གྱིས་སྐྱེ་བའི་བྱ་བ་བྱས་ན་སྐྱེ་བ་དེའི་ཚེ་སྐྱེ་བའི་བྱ་བྱེད་རྣམས་དང་སྐྱེ་བ་པོ་ཁོ་རང་གི་གཞི་མཐུན་མི་སྲིད་པའི་ཐ་སྙད་པའི་སྐབས་ཤིག་ཀྱང་ཡོད་མོད་ཀྱི། དཔྱད་ན་རང་ལས་ཀྱང་མི་སྐྱེ་གཞན་ལས་ཀྱང་མི་སྐྱེ་བ་ཆོས་(༢༤༦བ)
ཐམས་ཅད་རང་བཞིན་གྱི་རྣམ་པར་དག་བཞི་པ་མྱང་འདས་ཆེན་པོ་ཡིན་པ་ལ། དེ་ལ་བལྟོས་ནས་མ་དག་པ་འཁོར་བའང་འདི་ཡོད་ན་འདི་འབྱུང་བ་དང་། འཁོར་བ་འདིར་སྐྱེས་ན་མྱང་འདས་འདིའང་སྐྱེ་ཞེས་རྟེན་འབྱུང་གི་ཐ་སྙད་མཛད་པ་རྫོགས་པའི་སངས་རྒྱས་དང་དཔལ་མགོན་ཀླུ་སྒྲུབ་ཀྱི་དགོངས་པ་ཉིད་དུ་གྲུབ་པ་དེ་ཉིད་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པར་འབུལ་ལོ། །སྐྱེ་བ་ཐམས་ཅད་དུ་རྗེས་སུ་འཛིན་པར་མཛད་དུ་གསོལ་ལོ། །ད་ནི་སྐྱེ་བའི་ཚུལ་ལ་བྱེ་སྨྲ་རང་གི་གྲུབ་མཐའ་ནི། བདག་ཉིད་དུ་མ་རེག་པའི་མེད་པ་ཆོས་ཅན། འབད་དུའང་མི་རུང་སྟེ། བདག་ཉིད་དུ་མ་རེག་པའི་མེད་པ་སྐྱེ་མི་རུང་བ་དང་འདྲ་བའི་ཕྱིར། སྐྱེས་ཟིན་ཀྱང་མི་སྐྱེ་སྟེ། སྐྱེ་ན་ཐུག་པ་མེད་པའི་ཕྱིར། ཐུག་མེད་ཀྱི་རིགས་པ་སྟོན་པ་ནི་གྲངས་ཅན་ཡོད་པ་ཁོ་ན་སྐྱེ་བར་འདོད་པ་དོན་གྱིས་དགག་པའོ། །འོ་ན་ཡོད་པ་ལས་སྐྱེ་ནའང་ངེད་ལ་རུང་གི། ཡོད་པ་ཁོ་ན་ལས་སྐྱེ་བར་ནི་ངེད་མི་ཟེར་བས། འོན་ཏེ་ཞེས་བྱ་བ་ནི་ལུགས་ཐ་དད་པར་སྟོན་ཏེ། དེ་ཡང་བྱེ་སྨྲས། མ་འོངས་པའི་ངོ་བོ་ཡོད་པ་དང་། མདོ་སྡེ་པས་ཀྱང་སྐྱེད་བྱེད་ཀྱི་ས་བོན་ཡོད་པར་འདོད་པའི་ཕྱིར། དེས་ན་འཕྲད་ནས་སྐྱེ་བའི་སྔ་རོལ་ན་འགའ་ཡང་མེད་པའི་ཕྱིར་བྱ་བ་ནི་མ་གྲུབ་པར་ཡང་བསྟན་ཏོ། །ཡོད་པ་ཁོ་ན་ནི་སྐྱེ་བར་ངེད་མི་འདོད་དེ། འདོད་ན་བུམ་པ་འཇིམ་པ་དང་དབྱུག་གུ་སོགས་ལ་མི་བལྟོས་པར་རང་གྲུབ་ཏུ་ཁས་ལེན་དགོས་པའི་ཕྱིར་མི་འཐད་དོ། །ཡང་ཡོད་ནའང་རུང་བྱ་བ་འདི་ཡོད་པ་ཁོ་ན་སྐྱེ་ན་ཐུག་མེད་ཡིན་ཀྱང་ཡོད་ཙམ་སྐྱེ་བ་ལ་ཐུག་མེད་དུ་སྐྱེ་བར་ཐལ་བས་གནོད་མི་རུང་བའི་དོན་ཡིན་ནོ། །བྱེད་པོ་གཅིག་གིས་བྱ་བ་དུས་མཉམ་བྱེད་པ་ལ་བྱེད་པོ་དུས་སྔ་མ་ཁོ་ན་བ་སྟེ་ཞེས་པ་ཆོས་ཅན། མི་འཐད་དེ། བྱེད་པ་གཅིག་གིས་བྱ་བ་གཉིས་དུས་ལྷན་ཅིག་པ་ལའང་སྟེ་སྒྲའི་རྐྱེན་(༢༤༧ན)
དང་བཅས་པར་འཇུག་པ་མཐོང་བའི་ཕྱིར། དཔེར་ན། བྱེད་པ་པོ་མར་མེའི་བྱ་བ་མུན་པ་སེལ་བ་ནི་བྱེད་པ་དང་བྱ་བ་གཅིག་ཅར་ཡིན་ལ། མུན་པ་དང་མར་མེ་དང་པོར་འཕྲད་པའི་བྱེད་པ་སྔོན་དུ་སོང་ནས་མུན་པ་འགག་པའི་བྱ་བ་སླར་མ་བྱུང་བ་བཞིན་ནོ། །ཡང་དང་པོར་ཁ་གདངས་ལ་དེ་མ་ཐག་བཙུམ་ནས་ཉལ་བ་ལ་ནི་ཁ་གདངས་ནས་ཉལ་ཅེས་མི་བརྗོད་དེ། དང་པོར་རྐང་པ་ཡ་གཅིག་བརྐྱངས་ནས་དེ་ནས་བསྐུམས་ཏེ་ཉལ་བ་ལ་རྐང་པ་ཡ་གཅིག་བརྐྱངས་ཏེ་ཉལ་ཅེས་མི་བརྗོད་པའི་ཕྱིར་རོ། །དཔལ་ལེན་ནི་བརྡ་སྤྲོད་པའི་ཀླན་ཀ་དེ་སྤང་བར་འདོད་ནས། རྟེན་འབྲེལ་ནི་བྱ་བ་དང་ཡོན་ཏན་ཐམས་ཅད་ལ་ཁྱབ་བར་ཟློས་པའི་ཕྱིར། སམ་ནི་འདུ་བ་དང་། ཨིརྱ་ནི་མི་སྡོད་པར་འགྲོ་བ་དང་། ཨུཏྤཱ་ད་ནི་འབྱུང་བ་ལ་འཇུག་པ་དེའི་ཕྱིར། མང་དུ་ཚོགས་ཤིང་འདུས་པ་ཞིག་རྟེན་ཅིང་འབྲེལ་འབྱུང་དུ་རུང་ལ། ལྷན་ཅིག་འབྱུང་བར་མ་ངེས་པའི་ཆོས་གཅིག་པུ་རྟེན་འབྱུང་དུ་མི་རུང་ངོ་ཞེས་ཟེར་རོ། །འདོད་པ་དེ་རྟེན་འབྲེལ་གྱི་མདོ་འདི་དང་བྱེ་སྨྲའི་གྲུབ་པ་མ་རིག་པའི་གནས་སྐབས་ན་ཕུང་ལྔ་དུ་མ་ཡོད་པ་ལ་རབ་ཏུ་བཏགས་རུང་ཡང་དོན་ལ་མི་འཐད་དེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་ཤེས་སྐྱེ་བ་ན། མིག་གི་དབང་པོ་དང་གཟུགས་སོགས་ཟློས་ནས་སྐྱེ་བ་མི་སྲིད་པའི་ཕྱིར། སཾ་སྐྲྀ་ཏ་ལྟར་ན། མིག་ལ་བརྟེན་ཅིང་མིག་ལ་བརྟེན་ནས་ཞེས་པ་ལ་ཚིག་སྡུད་ཀྱང་མེད་པའི་ཕྱིར་རོ། །དེས་ན་གོང་དུ་བརྡ་སྤྲོད་བའི་ཀླན་ཀ་ནི་འདིས་སྤང་མ་ནུས་སོ། །ཡང་རྟེན་འབྲེལ་འདུས་མ་བྱས་ཡིན་ན་མདོ་དང་འགལ་ཏེ། (༢༤༧བ)
བཅོམ་ལྡན་འདས་ཀྱིས་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེའོ་ཞེས་མི་རྟག་པར་གསུངས་པའི་ཕྱིར། དེས་ན་རྣམ་གྲངས་གཉིས་སུ་གསུང་དགོས་པ་ཆོས་ཅན། མ་རིག་པ་ཡོད་པ་འབའ་ཞིག་གིས་འདུ་བྱེད་འབྱུང་བ་མ་ཡིན་གྱི། རྒྱུ་གཞན་ཡང་དེ་ལ་ཡོད་དོ་སྙམ་པའི་ལོག་རྟོག་བཟློག་པའི་ཆེད་ཡིན་ཏེ། ངེས་བཟུང་གི་སྒྲ་སྦྱར་བའི་ཕྱིར། དཔེར་ན། བསྟན་བཅོས་གཞན་ལས་མ་རིག་པ་ཡོད་པ་དེ་འདུ་བྱེད་རྣམས་འབྱུང་གི། མ་རིག་པའི་རྐྱེན་མེད་པར་འདུ་བྱེད་རྣམས་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཡང་ན་རྣམ་གྲངས་གཉིས་སུ་གསུངས་པ་ཆོས་ཅན། རྟེན་འབྲེལ་གྱི་ཡན་ལག་བརྒྱུད་པར་བསྟན་པ་ཡིན་ཏེ། མ་རིག་པའི་ཡན་ལག་འདི་ཡོད་ན་འདུ་བྱེད་ཀྱི་ཡན་ལག་འདི་འབྱུང་བ་དང་། འདུ་བྱེད་ཀྱི་ཡན་ལག་འདི་སྐྱེས་པས་རྣམ་ཤེས་ཀྱི་ཡན་ལག་འདི་སྐྱེའོ་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་རྣམ་གྲངས་གཉིས་སུ་གསུངས་པ་ཆོས་ཅན། ཚེ་བརྒྱུད་པར་བསྟན་པ་ཡིན་ཏེ། སྔོན་གྱི་མཐའ་མ་རིག་པ་དང་འདུ་བྱེད་ཡོད་ན། ད་ལྟར་གྱི་མཐའ་རྣམ་ཤེས་དང་ཚོར་བའི་བར་འབྱུང་བའི་ཕྱིར་དང་། ད་ལྟར་གྱི་མཐའ་སྲེད་ལེན་སྲིད་པ་སྐྱེས་པས་ཕྱི་མའི་མཐའ་སྐྱེ་བ་རྒ་ཤི་འབྱུང་བའི་ཕྱིར་རོ། །ཡང་ན་རྣམ་གྲངས་གཉིས་སུ་གསུངས་པ་ཆོས་ཅན། རྣམ་གྲངས་དང་པོས་དངོས་རྒྱུའི་རྐྱེན་དང་། གཉིས་པས་བརྒྱུད་རྒྱུའི་རྐྱེན་བསྟན་པ་ཡིན་ཏེ། མ་རིག་པ་ནི་འདུ་བྱེད་ཀྱི་དངོས་རྒྱུ་དང་རྣམ་ཤེས་ཀྱི་བརྒྱུད་རྒྱུར་བསྟན་པའི་ཕྱིར་རོ། །མ་རིག་པ་ནི་འདུ་བྱེད་ཀྱི་དངོས་རྒྱུ་ཡིན་པའང་ཉོན་མོངས་ཅན་གྱི་འདུ་བྱེད་ཀྱི་དབང་དུ་བྱས་པ་ཡིན་ཅིང་། དགེ་བའི་འདུ་བྱེད་ཀྱིས་ནི་བརྒྱུད་རྒྱུར་འགྱུར་བ་ཡིན་ཏེ། དགེ་བའི་འདུ་བྱེད་ཀྱི་སྐབས་ན་མ་རིག་པ་མེད་པའི་ཕྱིར་རོ། །འདི་ལྟར་བཤད་པ་ནི་རང་ལུགས་སོ། །གནས་བརྟན་ཆོས་ཀྱི་དབྱིག་ན་རེ། རྣམ་གྲངས་གཉིས་སྨོས་པ་ཆོས་ཅན། རིམ་བཞིན་རྒྱུ་(༢༤༨ན)
མེད་དང་རྒྱུ་རྟག་པར་སྨྲ་བ་དགག་པའི་ཆེད་ཡིན་ཏེ། རྒྱུ་མེད་ན་དངོས་པོ་མི་འབྱུང་བའི་ཕྱིར་དང་། རང་བཞིན་དང་སྐྱེས་བུ་སོགས་མ་སྐྱེས་པའི་ཕྱིར་དེ་ལས་ཅུང་ཟད་ཀྱང་མི་སྐྱེ་བའི་ཕྱིར་རོ། །ཟེར་རོ། །དེ་ཙམ་ཞིག་དགག་པའི་ཆེད་དུ་རྣམ་གྲངས་གཉིས་སུ་བཀོད་དོ་ཞེས་ཕ་ཆོས་ཅན། འཐད་པ་མིན་ཏེ། དེ་ཙམ་ཞིག་འགོག་པ་ནི་རྣམ་གྲངས་ཕྱི་མ་ཉིད་སྨོས་པས་ཀྱང་འགྲུབ་པའི་ཕྱིར་ཏེ། ཕྱི་མའི་ནང་ན་རྒྱུ་དང་རིས་མཐུན་གྱི་རྒྱུ་གཉིས་ཀ་ལས་སྐྱེ་བར་དོན་གྱིས་འཕངས་པའི་ཕྱིར། རྟགས་ཁྱབ་འདི་གྲུབ་པའི་ཕྱིར་ཁྱོད་ལ་རྣམ་གྲངས་དང་པོ་སྨོས་མི་དགོས་པར་ཐལ་ལོ། །མུ་སྟེགས་ལ་ལ་འདི་ལྟར་དོགས་ཏེ། བདག་རྟེན་དུ་ཡོད་པས་འདུ་བྱེད་སོགས་འབྱུང་ལ། བདག་གཅིག་པུས་ཀྱང་མིན་པར་གྲོགས་མ་རིག་པ་སོགས་སྐྱེས་པས་འདུ་བྱེད་སོགས་སྐྱེའོ་སྙམ་ན། དེ་དགག་པའི་ཕྱིར། རྣམ་གྲངས་སྔ་ཕྱི་གཉིས་སྨོས་པ་ཡིན་ཏེ། གང་ཞིག་སྐྱེས་པས་གང་སྐྱེ་བ་ནི་རྒྱུ་དེ་ཉིད་ལས་གཞན་ལས་མི་སྐྱེ་བའི་ཕྱིར་དང་། དེ་ཉིད་ཡོད་པས་དེ་འབྱུང་བ་ནི་རྒྱུ་དེ་ཉིད་ལས་གཞན་ལས་མི་སྐྱེ་བའི་ཕྱིར་ངེས་བཟུང་མཛད་པ་ཡིན་ཏེ། མདོར། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་ཡང་དག་པར་འབྱུང་བར་འགྱུར་རོ། །ཞེས་པའི་བར་གསུངས་པའི་ཕྱིར་རོ། །སྔོན་གྱི་སློབ་དཔོན་དག་ན་རེ། རྣམ་གྲངས་གཉིས་སུ་གསུངས་པ་ཆོས་ཅན། མ་རིག་པ་མ་སྤངས་པ་དང་འདུ་བྱེད་སྐྱེ་བར་འགྱུར་བ་བསྟན་པ་ཡིན་ཏེ། མ་རིག་པའི་ས་བོན་མ་སྤངས་པར་ཡོད་ན་འདུ་བྱེད་འདི་མི་སྤོང་བར་འབྱུང་པའི་ཕྱིར་དང་། མ་རིག་པ་མངོན་གྱུར་དེ་ཉིད་སྐྱེས་པས་འདུ་བྱེད་སྐྱེ་བར་འགྱུར་བའི་ཕྱིར། ཞེས་ཟེར་རོ། །བཙུན་པ་དཔལ་ལེན་ན་རེ། རྣམ་གྲངས་གཉིས་སུ་གསུངས་པ་ཆོས་ཅན། རྒྱུན་གནས་པ་དང་སྐྱེ་བ་དག་རིམ་བཞིན་བསྟན་པ་ཡིན་ཏེ། རྒྱུའི་རྒྱུན་ཇི་སྲིད་ཡོད་པ་དེ་སྲིད་འབྲས་(༢༤༨བ)
བུའི་རྒྱུན་འབྱུང་བའི་ཕྱིར་དང་། རྒྱུ་འདི་ཉིད་སྐྱེས་པས་འབྲས་བུ་འདི་ཉིད་སྐྱེ་བར་འགྱུར་བའི་ཕྱིར། ཞེས་ཟེར་རོ། །འོ་ན་བརྟེན་ནས་འབྱུང་བ་སྟོན་པའི་སྐབས་སུ་ཆོས་ཅན། གནས་པ་སྟོན་པ་མ་ཡིན་ཏེ། འབྱུང་བ་སྟོན་པའི་སྐབས་ཡིན་པའི་ཕྱིར་བྱ་བ་ནི་རང་རྒྱུད་དང་། ཐལ་འགྱུར་དུ་བཀོད་ན། སྐབས་དེར་ཆོས་ཅན། འབྱུང་བ་སྟོན་པ་མ་ཡིན་པར་ཐལ། གནས་པ་བསྟན་པའི་ཕྱིར། ཞེས་སྦྱར་རོ། །ཡང་རྣམ་གྲངས་གཉིས་སུ་གསུངས་པ་ཆོས་ཅན། སྔར་གནས་པ་དང་ཕྱིས་སྐྱེ་བར་བཅོམ་ལྡན་འདས་ཀྱི་དགོངས་པ་མ་ཡིན་པར་ཐལ། ཡིན་ན་གོ་རིམ་དང་མཐུན་པར་སྐྱེ་བ་སྔར་གསུངས་ཤིང་གནས་པ་ཕྱིས་ནས་བསྟན་དགོས་པ་ལ་དེ་ལྟར་ཡང་མ་བསྟན་པའི་ཕྱིར། དེ་ལ་རྩོད་པ་སྤང་བར་འདོད་ནས། དཔལ་ལེན་ན་རེ། གནས་པ་སྟོན་པས་འབྱུང་བ་མི་སྟོན་པར་མི་འགལ་ཏེ། འབྲས་བུ་འདི་ཡོད་ན་རྒྱུ་འཇིག་པ་འདི་འབྱུང་ངོ་ཞེས་བསྟན་པའི་ཕྱིར། ཞེས་ཟེར་རོ། །འོ་ན་རྒྱུ་སྐྱེས་པས་འབྲས་བུ་སྐྱེ་བ་དེའི་ཚེ་ན་ཆོས་ཅན། རྒྱུ་མེད་པ་ལས་འབྲས་བུ་འབྱུང་བར་ཐལ། རྒྱུའི་རྒྱུན་གནས་པ་ལས་འབྲས་བུའི་རྒྱུན་འབྱུང་བ་ནི་གང་ཞིགརྒྱུ་འཇིག་པ་འབྱུང་བ་དེ་འཇིག་པ་ཉིད་ཀྱིས་ཞིག་པའི་ཕྱིར། འདོད་མི་ནུས་ཏེ། རྒྱུའི་དངོས་པོ་འདི་ལྟར་སྐྱེས་པས་འབྲས་བུའི་དངོས་པོ་འདི་ལྟར་སྐྱེས་སོ་ཞེས་བཀའ་སྩལ་པའི་ཕྱིར་རོ། །རྣམ་གྲངས་གཉིས་སུ་གསུངས་པའི་མདོ་དོན་གནས་སྐྱེས་གཉིས་སུ་དགོངས་པ་ཡིན་ན་ཆོས་ཅན། འདི་ཡོད་པས་འདི་མི་འབྱུང་ཞེས་བཀའ་སྩལ་རིགས་པ་ཡིན་ཏེ། རྒྱུ་འཇིག་པ་ལས་འབྲས་བུ་སྔར་ཡང་སྐྱེ་བས་ཁྱབ་དགོས་པའི་ཕྱིར་ཏེ། འཇིག་པའི་སྔོན་དུ་སྐྱེ་བ་འགྲོ་དགོས་པའི་ཕྱིར། དེ་ལྟར་ཁྱེད་ཅག་ལ་ཁྱབ་པ་གྲུབ་ན་གོ་རིམ་འདི་ལྟར་སྦྱར་ན་ལེགས་པ་ཡིན་ཏེ། སྔར་ནི་འདི་སྐྱེས་པས་འདི་སྐྱེ་ཞེས་འབྲས་བུ་སྐྱེ་བ་དང་། ཕྱིས་འབྲས་བུ་འདི་ཡོད་ན་རྒྱུ་འདི་(༢༤༩ན)
མི་འབྱུང་བར་འགྱུར་ཞེས་བཀའ་སྩལ་རིགས་པའི་ཕྱིར། རྟགས་གྲུབ་པར་རློམ་ན་ནི། བཅོམ་ལྡན་འདས་ཀྱིས་དེ་ལྟར་བཀའ་མ་བསྩལ་བའི་ཕྱིར་ལུང་གིས་བསྙོན་མེད་དུ་བསལ་ལོ། །གཞན་ཡང་རྟགས་འདི་མི་འགྲུབ་སྟེ། འབྲས་བུ་ཡོད་ནས་ཕྱིས་རྒྱུ་འཇིག་པ་མ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། སྐྱེ་དང་འཇིག་པ་དག་མཉམ་སྟེ་སྲང་མདའི་མཐོ་དམན་ཇི་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་འདི་ཡོད་པས་འདི་མི་འབྱུང་ཞེས་འདོན་པ་འཐད་ན་ཆོས་ཅན། བཅོམ་ལྡན་འདས་ཀྱི་མདོ་ལས་འབྲས་བུ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འབྱུང་ཞེས་རྒ་ཤིའི་ཡན་ལག་གི་འབྱུང་བ་གཅིག་ཏུ་བཤད་པ་དེ་མི་འཐད་པར་ཐལ། འབྲས་བུ་སྐྱེ་བ་འདི་ཡོད་ན་རྒ་ཤི་སོགས་ཀྱི་རྒྱུ་མི་འབྱུང་བར་འཐད་པའི་ཕྱིར། འཁོར་གསུམ་མོ། །གཞན་ཡང་རྒྱུ་འཇིག་པ་འབྱུང་བ་ཡིན་བྱ་བའི་ཚིག་གི་ཟོལ་དེ་ཆོས་ཅན། མདོའི་དོན་མ་ཡིན་ཏེ། རྒྱུ་དང་རྐྱེན་ལས་བརྟེན་ཅིང་འབྱུང་བ་འཆད་པའི་སྐབས་སུ་རྒྱུ་དང་རྐྱེན་ལ་བལྟོས་ནས་འཇིག་པར་བཤད་པའི་ཕྱིར་རོ། །འཇིག་པ་ནི་ཆོས་ཅན། ཁྱོད་ལ་འབྱུང་བ་ཅི་ཡང་མེད་དེ། འགགས་པའི་ངོ་བོ་ཡིན་པའི་ཕྱིར། དགག་སྒྲུབ་དེ་དག་ནི་བྱེ་སྨྲའི་ལུགས་གཞིར་བཞག་པ་ཡིན་གྱི། ད་ནི་མདོ་སྡེ་པའི་ལུགས་ཀྱི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡིན་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་གྱི་ཅི་ལྟར་ལྟོས་འབྱུང་ནི། སོ་སྐྱེས་རྟེན་འབྱུང་བདག་མེད་པའི་འདུ་བྱེད་ཙམ་འདི་མི་ཤེས་པས་བདག་ལྟ་དང་ངའོ་སྙམ་པའི་ང་རྒྱལ་གྱིས་ལུས་ངག་ཡིད་གསུམ་གྱི་ལས་ཀྱིས་བདག་ཚེ་ཕྱི་མར་བདེ་བའི་དོན་དུ་བསོད་ནམས་དང་། བསམ་གཏན་གསུམ་པའི་བར་དུ་བདེ་བའི་དོན་དུ་གཟུགས་ཀྱི་དགེ་བ་དང་། ཚེ་འདིའི་བདེ་བའི་དོན་དུ་བསོད་ནམས་མ་ཡིན་པ་དང་། བསམ་(༢༤༩བ)
གཏན་གསུམ་པ་ཡན་ཆད་ཀྱི་བདེ་མིན་སྡུག་མིན་གྱི་དོན་དུ་མི་གཡོ་བའི་ལས་གསུམ་རྩོམ་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དག་ཡིན་ནོ། །ལས་ཀྱི་འཕེན་པའི་དབང་གིས་རྣམ་ཤེས་ཀྱི་རྒྱུན་སྲིད་པ་བར་མའི་རྒྱུན་གྱིས་རྩ་རིང་པོ་ལ་མེ་འབར་བ་འགྲོ་བའི་ཚུལ་དུ་དམྱལ་སོགས་འགྲོ་བ་དེ་དང་དེར་འགྲོ་བར་འགྱུར་ཏེ། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་ནོ། །རྣམ་ཤེས་ཀྱི་ཡན་ལག་ནི་ཆོས་ཅན། ཚོགས་དྲུག་པར་འཐད་དེ། སྲིད་པ་བར་མར་ཉིང་མཚམས་སྦྱོར་བའི་སེམས་ནས་བཟུང་སྟེ། སྐྱེ་བའི་སྐད་ཅིག་བར་ཐམས་ཅད་རྣམ་ཤེས་ཀྱི་ཡན་ལག་ཡིན་པའི་ཕྱིར་བར་སྲིད་ཀྱང་རྣམ་ཤེས་དྲུག་ལྡན་ཡིན་པའི་ཕྱིར། ཉིང་མཚམས་སྦྱོར་བའི་སྐད་ཅིག་ཁོ་ན་ལ་རྣམ་ཤེས་ཀྱི་ཡན་ལག་བཞག་ན་ཆོས་ཅན། རྣམ་ཤེས་ལྔ་འབྱུང་བ་མེད་དེ། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་འབྱུང་བའི་ཕྱིར་རོ། །རྣམ་ཤེས་སྔོན་དུ་འགྲོ་བའི་མིང་དང་གཟུགས་ཕུང་པོ་ལྔ་པ་འགྲོ་བ་དེ་དང་དེར་སྐྱེ་བར་འགྱུར་བ་མ་ཤིའི་བར་ཏེ། རྟེན་འབྲེལ་གྱི་མདོར། མིང་གཟུགས་རྣམ་པར་འབྱེད་པ་ལས་མིང་གང་ཞེ་ན། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིའོ། །གཟུགས་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་བ་ཞེས་སོགས་ནས་རྒྱས་པར་གསུངས་པའི་ཕྱིར་རོ། །མིང་གཟུགས་ཡོངས་སུ་སྨིན་པས་རིམ་གྱིས་སྐྱེ་མཆེད་དྲུག་གོ། །དེ་ནས་ཡུལ་དང་འཕྲད་ནས་རྣམ་ཤེས་སྐྱེ་བས་གསུམ་འདུས་པ་ལས་བདེ་སོགས་མྱོང་བར་འགྱུར་བ་རེག་པའོ། །དེ་ནས་ཚོར་བ་རྣམ་པ་གསུམ་མོ། །དེ་ནས་སྡུག་བསྔལ་གྱིས་གཟིར་བའི་ཚོར་བདེ་ནི་འདོད་པའི་སྲེད་པ་དང་བསམ་གཏན་གསུམ་པ་ཕྱིན་གྱི་བདེ་བ་དང་བཞི་པའི་བཏང་སྙོམས་ལ་སྲེད་པ་ནི་གཟུགས་ཀྱི་སྲེད་པའོ། །བཏང་སྙོམས་ནི་(༢༥༠ན)
གཟུགས་མེད་པའི་སྲིད་པའོ། །དེ་ནས་ཚོར་བ་ཡིད་འོང་ལ་སྲེད་པས་འདོད་སོགས་ཉེ་བར་ལེན་ཏེ། འདོད་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔའོ། །ལྟ་བ་ནི་རེ་གཉིས་ཏེ། ཚངས་དྲའི་མདོ་ལས་འབྱུང་བ་བཞིན་ནོ། །ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་སྤང་བའོ། །བརྟུལ་ཞུགས་ནི་ཁྱི་དང་བ་ལང་དང་གཅེར་བུ་པ་དང་སྤོང་དཀར་བ་དང་སྒྲེན་མོ་གོས་མེད་པ་དང་། བྲམ་ཟེ་རྣམས་དབྱུག་གུ་དང་གཡང་གཞི་དང་ཕྱུགས་བདག་པ་རལ་བུ་དང་ཐལ་བ་དང་། ཀུན་ཏུ་རྒྱུ་དབྱུག་གུ་གསུམ་དང་སྒྲེའོ་དང་། ཐོད་པ་ཅན་ཐོང་པ་ལ་སོགས་ཡང་དག་པར་ལེན་ཏོ། །ལུས་ལ་བདག་ཏུ་སྨྲ་བ་ཡོད་པས་བདག་ཏུ་སྨྲ་བ་དང་། གཞན་ན་རེ། བདག་ལྟ་དང་ངའོ་སྙམ་པའི་ང་རྒྱལ་ཟེར་རོ། །འདི་གཉིས་ཀྱིས་བདག་གོ་ཞེས་སྨྲ་བས་བདག་སྨྲ་བ་ཉིད་དོ། །བདག་མེད་པའི་ཕྱིར་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་ཞེས་བྱ་སྟེ། དགེ་སློང་དག་བདག་དང་བདག་གི་ཞེས་བྱ་བ་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་བཏགས་པའི་རྗེས་སུ་ལྷུང་བར་ཟད་ཀྱི། འདི་ལ་བདག་གམ་བདག་གི་ནི་མེད་དོ་ཞེས་གསུངས་སོ། །འདོད་སོགས་ཉེ་བར་ལེན་པ་ནི་ཡུལ་དེ་དག་མ་ཐོབ་པ་དོན་དུ་གཉེར་བའི་ཐོབ་པ་ལ་འདོད་ཆགས་གང་ཡིན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ལས་འདི་སྐད་དུ། ཉེ་བར་ལེན་པ་གང་ཞེ་ན། འདི་ལ་བདུན་པའི་འདོད་ཆགས་གང་ཡིན་པའོ། །ཞེས་སོ། །ཡང་ལེན་པའི་རྐྱེན་གྱིས་ཡང་སྲིད་པའི་ལས་སོག་པར་བྱེད་པ་ནི་སྲིད་པ་སྟེ། མདོ་ལས། ཀུན་དགའ་བོ་ཚེ་ཕྱི་མ་ལ་ཡང་སྲིད་པ་མངོན་པར་འགྲུབ་པར་བྱེད་པའི་ལས་གང་ཡིན་དེ་ནི་འདིར་སྲིད་པ་ཡིན་ནོ། །ཞེས་སོ། །སྲིད་པའི་རྐྱེན་གྱིས་རྣམ་པར་ཤེས་པ་སྲིད་པ་བར་མ་དང་འབྲེལ་བའི་ཕྱིར་མེ་འབར་བ་འགྲོ་བའི་ཚུལ་དུ་མ་འོངས་པ་སྐྱེ་བ་ནི་སྐྱེ་བ་སྟེ་ཕུང་པོ་ལྔ་པའོ། །(༢༥༠བ)
སྐྱེ་བ་ཡོད་ན་རྒ་ཤི་འབྱུང་སྟེ། མདོ་ལས། རྒ་བ་གང་ཞེ་ན། མགོ་སྒྲེ་བོར་གྱུར་པ་དང་སྐྱ་བོ་ལ་སོགས་པའོ། །ཤི་བ་གང་ཞེ་ན། སེམས་ཅན་དེ་དང་དེ་དག་གནས་དེ་ནས་ཤི་འཕོ་ཞིང་འཆི་འཕོ་བའོ། །ཞེས་སོགས་བསྟན་པ་ལྟ་བུའོ། །མདོའི་ཚིག་ཟུར་གྱིས་འབའ་ཞིག་ཅེས་པ་ནི་བདག་དང་བདག་གི་དང་བྲལ་བའོ། །སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ནི་སྡུག་བསྔལ་གྱི་ཚོགས་ཐོག་མཐའ་མེད་པའོ། །ཡང་དག་པར་འབྱུང་བ་ནི་སྐྱེ་བའོ། །དེ་ལྟར་མདོ་སྡེ་པའི་ལུགས་ནི་དེ་ལྟར་ཡིན་ལ། བཅུ་གཉིས་ཕུང་ལྔའི་གནས་སྐབས་ཀྱི་ཡན་ལག་བཅུ་གཉིས་ལ་བཞག་པ་ནི་བྱེ་སྨྲའི་ལུགས་ཡིན་པས་སྔར་བརྗོད་ཟིན་ཏོ། །འདིར་སྨྲས་པ། སྣ་ཚོགས་རྟོག་གེའི་ངོས་ལ་ལྡོག་པ་ཡི། །བྱེ་བྲག་ཕྲ་མོར་འཆར་བ་གང་མཆིས་པ། །མཚུངས་པ་འདྲ་བ་རྣམས་ལས་ཐུན་མོང་དུ། །གྱུར་མིན་ཆ་ཤས་གསལ་བྱེད་འདི་ན་སྣང་། །ཞེས་བརྗོད་དོ། །གཉིས་པ་ཡན་ལག་སོ་སོའི་ངོ་བོ་ལ་གཉིས། ཡན་ལག་བཞི་དངོས་སུ་བཤད་པ། ལྷག་མ་གཞན་ལས་ཤེས་པར་བསྟན་པས་སོ། །དང་པོ་ལ་བཞི། མ་རིག་པ། མིང་། རེག་པ། ཚོར་བ་བཤད་པའོ། །དང་པོ་ལ་གཉིས། ངོ་བོ་ངོས་བཟུང་བ་དང་། ལོག་རྟོག་བསལ་བའོ། །དང་པོ་ནི། རིག་པའི་མི་མཐུན་ཕྱོགས་ཆོས་གཞན། །མ་རིག་མི་མཛའ་རྫུན་སོགས་བཞིན། །མ་རིག་པའི་དོན་ནི། ཡང་དག་པར་རིག་པ། དངོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་བདེན་པ་དང་ལས་འབྲས་དང་དཀོན་མཆོག་ལ་སོགས་པ་མི་གསལ་བའི་སེམས་ལས་བྱུང་བ་ཆོས་གཞན་ཞིག་མ་རིག་པ་ཡིན་གྱི། དངོས་མེད་དང་བེམས་པོའང་དེར་འགྱུར་བས་རིག་པ་མེད་པ་དང་། མ་ཡིན་པར་དགག་པ་ཙམ་ནི་མ་ཡིན་ཏེ། དཔེར་ན། མི་མཛའ་བ་དང་རྫུན་ཏེ་མི་བདེན་པ་དང་། སོགས་པའི་སྒྲས་ཆོས་མ་ཡིན་པ་དང་། དོན་མ་ཡིན་པ་དང་། བྱ་བ་མ་ཡིན་པ་ལ་སོགས་པ་དགྲ་དང་རྫུན་དང་མི་དགེ་བ་དང་ལོག་པའི་དོན་དང་། (༢༥༡ན)
དྲན་པའི་བྱ་བ་ལ་སོགས་པ་གོ་བ་བཞིན་ནོ། །གལ་ཏེ་རིག་པ་མེད་པ་ཙམ་མ་ཡིན་པར་གང་ལས་ཤེས་ན། མདོ་ལས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་འབྱུང་ངོ་ཞེས་དངོས་པོར་བསྟན་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། རིགས་མིན་ཕ་མིག་སོགས་ཀྱང་འདུ་བྱེད་ཀྱི་རྐྱེན་མ་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པ་ལ་མིག་ལ་སོགས་པ་ཡོད་ཀྱང་དེས་འདུ་བྱེད་ཀྱི་རྐྱེན་མི་བྱེད་པའི་ཕྱིར། རིག་པ་མེད་པ་རི་བོང་གི་རྭ་ལ་སོགས་པས་ཀྱང་འདུ་བྱེད་ཀྱི་རྐྱེན་མི་བྱེད་པའི་ཕྱིར། གཉིས་པ་ལ། ཉོན་མོངས་ཀྱི་མིང་དུ་འདོད་པ་དགག །ཤེས་རབ་ངན་པ་ལ་དེར་བརྗོད་པ་དགག་པའོ། །དང་པོ་ནི། ཀུན་སྦྱོར་སོགས་ཚིག་ཕྱིར། མ་རིག་པ་ནི་ཆོས་ཅན། རིག་པ་མེད་ཙམ་དང་མིག་སོགས་མིན་པར་འོས་ཏེ། ཀུན་སྦྱོར་དགུ་དང་སོགས་པས་འཆིང་བ་གསུམ་དང་། ཆུ་བོ་བཞི་དང་སྦྱོར་བ་བཞིའི་ཚིག་ཏུ་མ་རིག་པ་ཞེས་སེམས་བྱུང་ཐ་དད་དུ་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ། །ཤེས་རབ་ངན་པའོ་མིན་ལྟ་ཕྱིར། །ལྟ་བ་དེ་དང་མཚུངས་ལྡན་ཕྱིར། །ཤེས་རབ་ཉོན་མོངས་བསྟན་ཕྱིར་རོ། །ཡང་ཆུང་མ་དང་བུ་ངན་པ་ལ་ཆུང་མ་དང་བུ་མ་ཡིན་ཟེར་བ་བཞིན་དུ་གལ་ཏེ་ཤེས་རབ་ངན་པ་ལ་ཉོན་མོངས་པའི་རྐྱེན་གྱིས་མ་རིག་པའོ་ཞེས་ཟེར་ན། ཤེས་རབ་ངན་པ་ཆོས་ཅན། མ་རིགས་མ་ཡིན་པར་ཐལ། ལྟ་བ་ཡིན་པའི་ཕྱིར། མ་རིག་པའི་ཁྱབ་བྱེད་ལྟ་བ་མ་ཡིན་པ་ལ་ལྟ་བ་ཡིན་པའི་ཁྱབ་བྱེད་འགལ་དམིགས་ཀྱི་ཐལ་བའོ། །མ་རིག་པ་དེའང་དོན་ལ་མ་རིག་པ་རང་མིན་ཏེ་ཤེས་རབ་ངན་པ་ཉིད་ཡིན་པར་འདོད་དོ་ཞེ་ན། གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་མ་རིག་པ་ཆོས་ཅན། ཤེས་རབ་ངན་པའི་ལྟ་བ་དེ་མ་ཡིན་པར་ཐལ། མ་རིག་པ་དེ་ལྟ་བ་དེ་དང་མཚུངས་པར་ལྡན་པའི་སེམས་བྱུང་ཐ་དད་ཡིན་པའི་ཕྱིར། ཁྱབ་སྟེ། མ་རིག་པའི་མཚན་ཉིད་ཀྱི་ཉོན་མོངས་ནི། ཉོན་མོངས་པའི་ས་མང་པོའི་ནང་ནས་འབྱུང་བ་ལ། ཉོན་མོངས་པའི་ས་ཐམས་ཅད་ཀྱང་མང་པོ་རྣམས་དང་ལྷན་ཅིག་(༢༥༡བ)
མཚུངས་པར་ལྡན་པར་འགྱུར་བས་འཇིག་ལྟ་སོགས་ཀྱི་ལྟ་བ་ཤེས་རབ་ཀྱི་ངོ་བོ་ཉིད་དང་། མ་རིག་པའི་སེམས་བྱུང་མཚུངས་པར་ལྡན་རུང་ཞིང་། དེ་ཐ་དད་མིན་ན་མི་རུང་བའི་ཕྱིར་རོ། །ཡང་ན་མ་རིག་པ་དེ་ཤེས་རབ་ཡིན་ན་ཆོས་ཅན། ལྟ་བ་དང་མཚུངས་ལྡན་མ་ཡིན་པར་ཐལ། གཉིས་ཀའང་ཤེས་རབ་ཀྱི་རྫས་ཡིན་པ་གང་ཞིགཤེས་རབ་ཀྱི་རྫས་གཉིས་གཙོ་སེམས་གཅིག་གི་འཁོར་དུ་མཚུངས་པར་ལྡན་མི་སྲིད་པའི་ཕྱིར། དཔེར་ན། འདོད་ཆགས་མཚུངས་ལྡན་གྱི་ཤེས་རབ་གཅིག་མ་རིག་པ་ཡིན་པ་ལ་ལྟ་བ་དང་མི་མཚུངས་པས་ཁྱབ་པ་བཞིན་ནོ། །འདི་ཡང་ཁྱབ་བྱེད་འགལ་དམིགས་ཀྱི་ཐལ་འགྱུར་རོ། །གཞན་ཡང་ཤེས་རབ་ངན་པ་དེ་ཆོས་ཅན། མ་རིག་པ་མ་ཡིན་ཏེ། མ་རིག་པ་དེས་ཤེས་རབ་དེ་ངན་པར་བྱེད་པའི་ཉེ་བར་ཉོན་མོངས་པར་བསྟན་བྱེད་ཡིན་པའི་ཕྱིར། ཇི་སྐད་དུ། འདོད་ཆགས་ཀྱི་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་བའི་སེམས་ནི་རྣམ་པར་མི་གྲོལ་ལོ། །མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་བའི་ཤེས་རབ་ནི་རྣམ་པར་མི་འདག་གོ། །ཞེས་སོ། །ཤེས་རབ་དེ་ཉིད་ནི་ཆོས་ཅན། ཤེས་རབ་ཉིད་ཀྱིས་ཉེ་བར་ཉོན་མོངས་བྱེད་ཀྱི་མ་རིག་པ་མ་ཡིན་ཏེ། སེམས་ཉིད་ཉེ་བར་ཉོན་མོངས་བྱེད་སེམས་མ་ཡིན་པར་འདོད་ཆགས་ཉིད་ཀྱིས་ཉེ་བར་ཉོན་མོངས་པར་བྱེད་དགོས་པའི་ཕྱིར། དེ་ལ་ཁོ་ན་རེ། ཤེས་རབ་དེའི་ཉོན་མོངས་བྱེད་ཤེས་རབ་འདི་ཉིད་མ་ཡིན་ཏེ། འོན་ཀྱང་ཤེས་རབ་ཉོན་མོངས་ཅན་བར་བར་དུ་བྱུང་བ་དང་། འདྲེས་མའི་ཐོས་བསམ་གྱི་ཤེས་རབ་དགེ་བ་འདྲེས་ནས་ཤེས་རབ་རྣམ་བར་མི་འདག་པའི་ཕྱིར་རོ། །དེ་བཞིན་དུ་འདོད་ཆགས་ཀྱི་ཉོན་མོངས་ཅན་དུ་བྱས་པའི་སེམས་རྣམ་པར་མི་གྲོལ་བ་ཡང་ཆོས་ཅན། འདོད་ཆགས་དང་སེམས་དུས་མཉམ་མཚུངས་པར་ལྡན་པས་ཉོན་མོངས་ཅན་དུ་(༢༥༢ན)
བྱས་པ་མ་ཡིན་ཏེ། འདོད་ཆགས་ཀྱི་བག་ཉལ་བཞག་སྟེ་སེམས་ཉེ་བར་ཉོན་མོངས་པས་བཅོམ་པར་བྱས་པའི་ཕྱིར། དེས་ན་བག་ཆགས་དེ་བཟློག་ན་རྣལ་འབྱོར་པ་དེ་གྲོལ་བར་འགྱུར་ཏེ། དེ་མི་གྲོལ་བར་བྱེད་པོ་དེ་འདོད་ཆགས་ཀུན་ཏུ་སྤྱོད་པ་མཚུངས་ལྡན་དེ་མ་ཡིན་པར་བག་ཉལ་སྔོན་དུ་སོང་བ་ཅན་གྱིས་བྱེད་པའི་ཕྱིར། དེས་ན་ཤེས་རབ་ཉོན་མོངས་ཅན་དེས་དགེ་བའི་ཤེས་རབ་ཀྱི་བར་དུ་བཅད་ནས་བག་ཉལ་མ་རིག་པ་བཞེས་པ་དེས་ཉེ་བར་བཅོམ་པའི་ཕྱིར་ཤེས་རབ་རྣམ་པར་མི་འདག་པའོ། །དེ་ལྟར་ན་ཤེས་རབ་ཉིད་མ་རིག་པ་ཡིན་ཀྱང་དགེ་བའི་ཤེས་རབ་རྣམ་པར་མི་འདག་པར་བྱེད་རུང་སྟེ། མི་འདག་པར་བྱེད་པའི་དྲི་མ་ནི་ཤེས་རབ་ཉོན་མོངས་ཅན་ཡིན་པའི་ཕྱིར། ཞེས་ཡོངས་སུ་བརྟག་པར་ཕྱོགས་སྔ་མས་བྱེད་ལ། སློབ་དཔོན་གྱིས་ནི་ཁྱོད་ཀྱི་རྟོག་བཏགས་དེ་ལ་སུ་ཞིག་གིས་ལན་བཟློག་སྟེ་ལུང་དང་མི་མཐུན་པ་ཉིད་ཀྱིས་བཏང་སྙོམས་སུ་མཛད་དེ། མ་རིག་པ་ནི་ཤེས་རབ་ངན་པ་ལས་རྫས་གཞན་ཁོ་ནར་བཞེད་དོ། །བཙུན་པ་དཔལ་ལེན་ནི། ཆགས་སོགས་ཀྱི་ཉོན་མོངས་ལས་མ་གཏོགས་པའི་མ་རིག་པ་ནི་གཞན་དུ་མེད་དེ། མ་རིག་པ་དེ་ཉོན་མོངས་པའི་སྤྱི་མིང་ཡིན་པའི་ཕྱིར། དེ་སྐད་དུ། སངས་རྒྱས་ཀྱིས་ཚེ་དང་ལྡན་པ་གསུས་པོ་ཆེ་ཆེན་པོ་རབ་ཏུ་མི་ཤེས་ཤིང་རབ་ཏུ་མི་ཤེས་ཏེ། དེ་ལྟ་བས་ན་མ་རིག་པའོ། །ཞེས་གསུངས་པའི་ཕྱིར། འཇིག་ལྟ་སོགས་ཀྱང་ལོག་པར་འཛིན་པ་མི་ཤེས་པའི་ཕྱིར་མ་རིག་པའི་ངོ་བོར་གྲུབ་བོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདོད་པ་དེ་ཡང་གཞུང་འགྲེལ་འདི་དག་གི་དགག་བྱ་ཡིན་ཏེ། དེ་ལྟར་ན་ཀུན་སྦྱོང་གྱི་ཚིག་ལ་འདོད་ཆགས་ཀྱི་ཀུན་སྦྱོར་ལས་མ་རིག་པའི་ཀུན་སྦྱོར་གྱི་ཚིག་ལོགས་སུ་སྨོས་མི་དགོས་པའི་ཕྱིར་དང་། མ་རིག་པ་ནི་ཉོན་མོངས་པའི་ས་པ་ཡིན་པས། ཉོན་མོངས་(༢༥༢བ)
གཞན་དང་མཚུངས་ལྡན་དུ་བཤད་པའི་ཚེ་ཆོས་ཅན། ལྟ་བ་ལ་སོགས་པ་དང་ཕན་ཚུན་མཚུངས་ལྡན་མ་ཡིན་པར་ཐལ། ལྟ་བ་དེ་ཀ་མ་རིག་པ་ཡིན་པའི་ཕྱིར། ཡང་མ་ཁྱབ་སྟེ། ལྟ་བ་ལྟ་བ་དང་འདོད་ཆགས་འདོད་ཆགས་དང་མཚུངས་པར་ལྡན་ཅེ་ན། དེ་ལྟར་ན་མངོན་པ་དང་འགལ་ཏེ། མ་རིག་པ་མ་གཏོགས་ཉོན་མོངས་གཞན་གྱི་ཕན་ཚུན་མི་མཚུངས་ལ། མ་རིག་པ་ནི་ཉོན་མོངས་པ་ཐམས་ཅད་དང་མཚུངས་ལྡན་དུ་བཤད་པའི་ཕྱིར། གཞན་ཡང་ལྟ་བ་དང་ཆགས་སོགས་ཉོན་མོངས་ཀྱང་མཚུངས་ལྡན་དུ་མི་རུང་སྟེ། དེ་དག་མ་རིག་པའི་རང་བཞིན་ཡིན་པས་མཚུངས་རྒྱུ་མེད་བའི་ཕྱིར། འདོད་མི་ནུས་ཏེ། ས་མང་པོ་པ་ཡིན་པས་མཚུངས་ལྡན་དུ་ངེས་པའི་ཕྱིར་རོ། །སེམས་ཀྱང་མ་རིག་པས་ཉོན་མོངས་ཅན་དུ་གྱུར་པ་ཁོ་ནར་བཤད་པར་འགྱུར་གྱི། ཆགས་སོགས་ཉོན་མོངས་ཅན་དུ་གྱུར་པའི་སེམས་ཞེས་བཤད་པར་མི་འགྱུར་ཏེ། མ་རིག་པས་ཉེ་བར་ཉོན་མོངས་པ་སྨོས་པས་ཆགས་སོགས་ཀྱིས་ཉོན་མོངས་པ་གྲུབ་པའི་ཕྱིར། དཔལ་ལེན་གྱི་བསམ་པ་ལ། མ་རིག་པ་ཆེ་གེ་མོ་ཞེས་མ་རིག་པ་བྱེ་བྲག་ཏུ་བྱས་པའི་ཕྱིར་འདོད་ཆགས་ཀྱི་སེམས་ཉོན་མོངས་པར་བྱེད་དོ་ཞེས་བཤད་དེ། སྐྱེ་མཆེད་གཟུགས་ཅན་བཅུ་གཟུགས་ཅན་དུ་ཁྱད་པར་མེད་ཀྱང་གཟུགས་ཀྱི་སྐྱེ་མཆེད་ཅེས་ཁྱད་པར་དུ་བྱེད་པ་བཞིན་ཅེ་ན། འོ་ན་ཤེས་རབ་ལའང་ཆོས་ཅན། ཞེ་སྡང་གི་ཉོན་མོངས་ཅན་དུ་འགྱུར་ཞེས་བྱེ་བྲག་ཏུ་བྱ་དགོས་པར་འགྱུར་ཏེ། འདིར་མི་དགོས་ན་སེམས་ལའང་མི་དགོས་པར་མཚུངས་པའི་ཕྱིར། དཔལ་ལེན་གྱིས་མ་རིག་པ་ནི་ལྟ་སོགས་ལས་སེམས་བྱུང་རྫས་གཞན་ཡིན་ན་མ་རིག་པ་རང་གི་ངོ་བོ་དེ་ཅི་ལྟ་བུ་ཞེ་ན། སློབ་དཔོན་གྱིས་དེའི་རང་བཞིན་ནི་བདེན་པ་དང་དཀོན་མཆོག་དང་ལས་འབྲས་རྣམས་མི་གསལ་བའོ། །གསལ་བ་ནི་རབ་ཏུ་(༢༥༣ན)
ཤེས་པའི་ཤེས་རབ་དང་ཡེ་ཤེས་དོན་གཅིག་གོ། །དཔལ་ལེན་ན་རེ། མི་གསལ་བ་དེ་རང་གི་ངོ་བོ་ཅི་ཡིན། གསལ་བ་མ་ཡིན་པ་ཙམ་ཞིག་ཡིན་ན་མིག་སོགས་དེར་ཐལ་ལ། གསལ་བ་མེད་པ་ཙམ་ཞིག་ཡིན་ན་རི་རྭ་ཡང་དེར་ཐལ་བས་སྔར་མ་རིག་པ་ལ་སྐྱོན་བརྗོད་པ་ལྟར་རོ་ཞེ་ན། སློབ་དཔོན་གྱིས་རིགས་པ་དེས་མི་གནོད་དེ། དེའི་རང་ངོ་ནི་གསལ་བའི་མི་མཐུན་ཕྱོགས་ཆོས་གཞན་ཡིན་ནོ། །དེ་ལ་དཔལ་ལེན་གྱིས་གསལ་བའི་མི་མཐུན་ཕྱོགས་རང་དེ་ཅི་ཡིན་ཅེ་ན། སློབ་དཔོན་གྱིས་གསལ་བའི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཀྱི་ངོ་བོ་ཆོས་ཅན། དངོས་སུ་མ་དམིགས་ཀྱང་བྱེད་ལས་ཀྱི་རྟོགས་པར་ནུས་ཏེ། འདུ་བྱེད་ཀྱི་ཡན་ལག་བསྐྱེད་པའི་ནུས་པས་རྟོགས་པའི་ཕྱིར། དཔེར་ན། མིག་གི་ཤེས་པ་འབྲས་བུ་རེས་འགའ་བའི་རྟགས་ཀྱིས་དེའི་རྟེན་གཟུགས་དྭངས་པ་རྟོགས་པ་བཞིན་མངོན་སུམ་དུ་ནི་གཟུགས་དྭངས་པ་ངོ་བོ་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །བཙུན་པ་ཆོས་སྐྱོབ་ན་རེ། ངའོ་སྙམ་དུ་སེམས་ཅན་ལ་འཇུག་པ་འདི་ནི་མི་ཤེས་བཞིན་དུ་འཇུག་པ་ཡིན་པས་མ་རིག་པའོ་ཞེས་འདོད་དོ། །སློབ་དཔོན་གྱིས་དྲིས་པ། ངའོ་སྙམ་པ་ལས་གཞན་པའི་སེམས་ཅན་ལ་འཇུག་པ་ཞེས་བྱ་བ་དེ་མ་རིག་པ་ཡིན་པའི་ཁུངས་གང་ཡིན་ཅེས་པ་ལ། ཆོས་སྐྱོབ་ཀྱིས། མདོ་ལས། བདག་གིས་དེ་ལྟར་ཤེས་དེ་ལྟར་མཐོང་སྟེ། སྲེད་པ་ཐམས་ཅད་དང་། ལྟ་བ་ཐམས་ཅད་དང་། འཇུག་པ་ཐམས་ཅད་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་ལ་མངོན་པར་ཞེན་པའི་ཕྲ་རྒྱས་ཐམས་ཅད་སྤངས་ཤིང་ཡོངས་སུ་ཤེས་ནས་གྲིབ་མ་མེད་པར་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་གསུངས་པས། འཇུག་པ་ཐམས་ཅད་དང་བྱ་བ་དེ་གཞན་ལས་ལོགས་སུ་བསྟན་པས་སེམས་ཅན་ལ་ངར་སྙམ་འཇུག་པ་དེ་དེས་བསྟན་པ་(༢༥༣བ)
ཡིན་ནོ། །སློབ་དཔོན་གྱིས་དྲིས་པ། མདོ་ལས་འཇུག་པ་ཐམས་ཅད་ཅེས་པ་མ་རིག་པ་ལ་འཇུག་པའི་འཐད་པ་ཅི་ཡོད་བྱས་པས། ཆོས་སྐྱོབ་ན་རེ། འཇུག་པ་མ་རིག་པ་ལ་ཉོན་མོངས་གཞན་དུ་བརྗོད་མ་ནུས་པས་ཉོན་མོངས་ལས་འོས་མེད་ཟེར་རོ། །སློབ་དཔོན་གྱིས་ངའོ་སྙམ་པའི་ང་རྒྱལ་ལས་ང་རྒྱལ་ལྷག་མ་གཞན་ཡང་ཡོད་པས་དེ་དག་གང་རུང་དུ་འཐད་དུ་ཆུག་ཀྱང་མ་རིག་པ་ནི་མ་ཡིན་ནོ། །དེས་ན་འདི་ལྟ་བུའི་རྩོད་ལན་བཞག་གོ། །གཉིས་པ་མིང་བཤད་པ་ནི། མིང་ནི་གཟུགས་ཅན་མིན་ཕུང་པོ། །མིང་ནི་ཚོར་བ་ལ་སོགས་པ་གཟུགས་ཅན་མིན་པའི་ཕུང་པོ་བཞི་ཡིན་ཏེ། དེ་དག་ནི་མིང་གི་དབང་གིས་དོན་ལ་འཇུག་པ་དང་། མིང་ལྟར་ཐོགས་པ་མེད་པའི་ཕྱིར་དེ་སྐད་དུ་བརྗོད་པའི་ཕྱིར་རོ། །གསུམ་པ་རེག་པ་བཤད་པ་ནི། རེག་དྲུག་འདུས་ཏེ་བྱུང་བ་ཡིན། །ལྔ་ནི་ཐོགས་པའི་རེག་པ་ཡིན། །དྲུག་པ་བླ་དགས་ཚིག་ཅེས་བྱ། །རིག་དང་མ་རིག་དང་གཞན་རེག །དྲི་མེད་ཉོན་མོངས་ཅན་ལྷག་མ། །གནོད་སེམས་རྗེས་སུ་ཆགས་པའི་རེག །བདེ་བ་མྱོང་འགྱུར་ལ་སོགས་གསུམ། །མིག་ནས་ཡིད་ཀྱི་བར་རེག་པ་དྲུག་ཆོས་ཅན། འདུས་ཏེ་བྱུང་བ་ཡིན་ཏེ། དབང་ཡུལ་རྣམ་ཤེས་གསུམ་འདུས་པ་ལས་སྐྱེས་པའི་ཕྱིར། དེ་ཡང་ལྷན་ཅིག་སྐྱེ་བའི་དབང་པོ་ལ་དང་རྣམ་ཤེས་འདུ་བ་འཐད་དེ། དོན་ཀྱང་ཡིད་དབང་འགགས་པ་དང་། ཆོས་མ་འོངས་པ་འབྱུང་འགྱུར་དང་། ཡིད་ཤེས་ད་ལྟ་བ་རྣམས་ལྷན་དུ་འདུས་པ་མི་འཐད་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རྒྱུ་འབྲས་སུ་འདུ་བ་ཉིད་ལ་འདུ་བ་ཞེས་བྱ་བའི་ཕྱིར། ཡང་ན་འབྲས་བུ་གཅིག་པ་ཉིད་འདུ་བའི་དོན་ཡིན་ཏེ། འབྲས་བུ་རེག་པ་གཅིག་བསྐྱེད་པ་ལ་རྗེས་སུ་མཐུན་པའི་ཕྱིར། རེག་པ་འདི་ལ་སྔོན་གྱི་སློབ་དཔོན་རྣམས་དགོངས་པ་ཐ་དད་པ་ཡིན་ཏེ། ཁ་ཅིག །འདུས་པ་ཉིད་རེག་པ་ཡིན་ཟེར་ཏེ། མདོ་ལས། དེ་ལྟར་ན་ཆོས་གསུམ་པོ་འདི་དག་འབྲེལ་ཞིང་འདུས་པ་ལས་ཚོགས་པ་གང་ཡིན་པ་དེ་ནི་རེག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །ཁ་ཅིག །སེམས་དང་མཚུངས་ལྡན་གྱི་ཆོས་གཞན་ཞིག་ཡིན་ཟེར་ཏེ། མདོ་ལས། ཆོས་ཀྱི་རྣམ་གྲངས་དྲུག་ཚན་དྲུག་གང་ཞེ་ན། ནང་(༢༥༤ན)
གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་། རེག་པའི་ཚོགས་དྲུག་དང་། ཚོར་བའི་ཚོགས་དྲུག་དང་། སྲེད་པའི་ཚོགས་དྲུག་གོ་ཞེས་གསུངས་པའི་ཕྱིར། ཞེས་ཟེར་ཞིང་། འདིར་རེག་པའི་ཚོགས་ནི་ཆོས་ཅན། གསུམ་པོ་འདུས་ཙམ་མ་ཡིན་ཏེ། དབང་དོན་རྣམས་ཀྱི་ཚོགས་ལས་ལོགས་ཤིག་ཏུ་བསྟན་པའི་ཕྱིར་ཞེས་རིགས་པས་བསྒྲུབ་བོ། །ལུགས་འདི་ལ་སློབ་དཔོན་སྔ་མ་ན་རེ། དབང་དོན་རྣམ་ཤེས་གསུམ་གྱི་ཚོགས་པ་ལས་རེག་པའི་ཚོགས་ལོགས་སུ་བསྟན་པས་ཆོས་ཅན། དབང་དོན་ཤེས་པ་འདུས་པ་ལས་ལོགས་ཤིག་ཁོ་ནར་ཡོད་མི་དགོས་པར་ཐལ། ཚོར་བ་དང་སྲེད་པ་དག་ཀྱང་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་སུ་གསུངས་ཀྱང་། ཆོས་ཀྱི་སྐྱེ་མཆེད་ལས་ལོགས་ཁོ་ནར་ཡོད་མི་དགོས་པའི་ཕྱིར་ཞེས་ལན་འདེབས་སོ། །སློབ་དཔོན་ཕྱི་མས། ཁྱབ་པ་མེད་དེ། ཚོར་སྲེད་ཆོས་ཀྱི་སྐྱེ་མཆེད་ལས་ལོགས་སུ་གསུངས་པ་དགོས་པ་ཡོད་དེ། ཚོར་སྲེད་ལས་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དུ་གྱུར་པའི་འདུ་ཤེས་སོགས་ཀྱང་ཡོད་པར་བསྟན་པའི་ཆེད་ཡོད་པའི་ཕྱིར་དང་། རེག་པའི་ཚོགས་དྲུག་གོ་ཞེས་སྨོས་པའི་རེག་གྱུར་གསུམ་ནི་དབང་དོན་ཤེས་པ་གསུམ་པོ་འདུས་ཙམ་ཡིན་པ་གང་ཞིགདེ་ནི་སྔར་ཚོགས་གསུམ་གྱི་སྐབས་སུ་བསྟན་ཟིན་ལ། དེ་ལས་རེག་པའི་ཚོགས་གཞན་ནི་མེད་པས་ལོགས་སུ་སྨོས་པ་དགོས་པ་མེད་པའི་ཕྱིར་ཞེས་ལན་འདེབས་སོ། །ཡང་སློབ་དཔོན་སྔ་མས་དབང་དོན་ཤེས་གསུམ་ལས་རེག་པ་ལོགས་སུ་མེད་ཀྱང་རེག་པ་ཞེས་ལོགས་སུ་སྟོན་པ་ལ་དགོས་པ་ཡོད་དེ། དབང་དོན་མཚུངས་པར་རྣམ་ཤེས་མེད་ཀྱང་རྣམ་ཤེས་དང་བཅས་ན་ཞེས་ལྷག་མའི་དབང་དུ་བྱས་ན་རེག་པ་ཡོད་པར་གོ་བའི་ཆེད་ཡིན་པའི་ཕྱིར་ཞེས་ལན་འདེབས་སོ། །སློབ་དཔོན་ཕྱི་མས། དེས་ན་(༢༥༤བ)
དེ་ལས་རེག་པའི་ཚོགས་ཞེས་མདོ་ཚིག་ལོགས་སུ་སྨོས་མི་དགོས་པར་ཐལ། རྣམ་ཤེས་མེད་པའི་དེ་མཚུངས་ཀྱི་དབང་པོ་དོན་ཡོད་དུ་ཟིན་ཀྱང་དབང་དོན་མེད་པའི་རྣམ་ཤེས་མེད་པས་དབང་དོན་ཤེས་གསུམ་གྱི་ཚོགས་པའི་མདོ་ཚིག་ནི་གོང་དུ་བསྟན་ཟིན་ལ། དེའི་ཁོངས་སུ་རེག་པའང་བསྟན་ཟིན་པའི་ཕྱིར་ཞེས་བརྗོད་ནས་རེག་པ་ནི་འདུས་པ་ལས་གཞན་དུ་འདོད་དོ། །དཔལ་ལེན་ན་རེ། མིག་གཟུགས་ཐམས་ཅད་ཀྱང་མིག་གི་རྣམ་ཤེས་ཀྱི་རྒྱུ་མ་ཡིན་ཏེ། ཁ་ཅིག །གཟུགས་སྔར་བྱུང་དེའི་རྒྱུ་ཡིན་གྱི། ད་ལྟར་བྱུང་བ་ནི་དེའི་རྒྱུ་མ་ཡིན་པའི་ཕྱིར། མིག་གི་རྣམ་ཤེས་ཐམས་ཅད་ཀྱང་མིག་གཟུགས་ཐམས་ཅད་ཀྱི་འབྲས་བུ་མ་ཡིན་ཏེ། མིག་གཟུགས་སྔར་བྱུང་གི་འབྲས་བུ་ཡིན་གྱི། ད་ལྟ་བ་ནི་དེའི་རྒྱུ་མ་ཡིན་པའི་ཕྱིར། དེས་ན་དབང་དོན་ཤེས་པ་ལ་རྒྱུ་འབྲས་ཀྱི་དངོས་པོར་གྱུར་པ་ཁོ་ན་ཞིག་ལ་རེག་པ་བཞག་སྟེ། རྒྱུ་འབྲས་ཀྱི་དངོས་པོར་མི་འབྲེལ་པ་ལ་ནི་རེག་བར་མི་འཇོག་པའི་ཕྱིར་ཞེས་ཟེར་རོ། །འདོད་པ་དེ་ལྟར་ན། མདོ་ལས་ཆོས་གསུམ་པོ་འདི་དག་འབྲེལ་ཞིང་འདུས་ལ་ཚོགས་པ་གང་ཡིན་པ་དེ་ནི་རེག་པ་ཡིན་ནོ། །ཞེས་གསུངས་པ་ལ་ཇི་ལྟར་ལན་འདེབས་པར་བྱེད་དེ། རེག་པ་ནི་འདུས་པ་ཙམ་ལས་གཞན་དུ་འདོད་པའི་ཕྱིར་ཞེས་པ་ལ། ཁོ་ངེད་ལུང་དེ་སྐད་དུ་མི་འདོན་ཏེ། འདི་དག་དང་འབྲེལ་བ་དང་འདུས་པ་དང་འཚོགས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་རེག་པའོ་ཞེས་འདོན་པའི་ཕྱིར་རོ། །ཡང་ན་རྒྱུ་འདུས་པ་ཙམ་ལ་འབྲས་བུ་རེག་པའི་མིང་གིས་བཏགས་པ་ཡིན་ཏེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་སྨོས་པ་དང་འདྲ་བའི་ཕྱིར་ཞེས་ཟེར་རོ། །བརྗོད་པ་བསྐྱེད་ན་མང་པོར་འགྲོ་བས་ཞར་ལ་འོངས་ཆོག་གོ། །ཆོས་མངོན་པ་བ་ན་རེ། རེག་པ་གཞན་ཁོ་ནར་ཟེར་རོ། །རེག་པ་དེ་དག་ལས་ལྔ་ནི་ཐོགས་པའི་རེག་པ་ཡིན་ཏེ། དབང་པོ་གཟུགས་ཅན་(༢༥༥ན)
ཐོགས་བཅས་ལ་བརྟེན་ནས་སྐྱེས་པའི་རེག་པ་ཡིན་པའི་ཕྱིར་རོ། །དྲུག་པ་ནི་ཚིག་བླ་དྭགས་པའི་རེག་པ་ཞེས་བྱ་སྟེ། དོན་གཅིག་ལ་མིང་དུ་མ་གདགས་སུ་རུང་བས་མིང་ནི་ཚིག་བླ་དྭགས་ཡིན་ལ། དེ་ལ་དམིགས་པའི་རེག་པ་ཡིན་པའི་ཕྱིར། དེའང་མིག་ཤེས་ཀྱིས་ནི་སྔོན་པོ་ཤེས་ཀྱི་སྔོན་པོའོ་སྙམ་དུ་མི་ཤེས་ལ། ཡིད་ཤེས་ཀྱིས་ནི་སྔོན་པོའོ་ཞེས་བྱ་སྟེ། དོན་འདིའི་མིང་འདི་ཡིན་ཅེས་ཤེས་པར་བྱེད་དོ། །གཞན་དག་ན་རེ། ཡིད་ཤེས་ནི་ཚིག་ལ་བརྟེན་ནས་དོན་ལ་འཇུག་པས་ཚིག་གི་བླ་དྭགས་ཡིན་ལ། དེ་དང་མཚུངས་པར་ལྡན་པའི་ཕྱིར་མཚུངས་ལྡན་གྱིས་རབ་ཏུ་ཕྱེ་བའི་རེག་པའོ། །ཡང་རེག་པ་དྲུག་པོ་དེ་ཉིད་གསུམ་དུ་འགྱུར་ཏེ། རེག་པ་དྲི་མེད་དེ་ཟག་མེད་ཀྱི་ཤེས་རབ་ཀྱི་རེག་པ་དང་མ་རིག་པ་དང་མཚུངས་ལྡན་ཉོན་མོངས་ཅན་གྱི་ཤེས་རབ་ཀྱི་རེག་པ་དང་། དེ་གཉིས་ལས་གཞན་རིག་པའང་མ་ཡིན་མ་རིག་པའང་མ་ཡིན་པའི་རེག་པ་ནི་ལྷག་མ་དགེ་བ་ཟག་བཅས་དང་། མ་སྒྲིབ་ལུང་མ་བསྟན་ཏེ་གཉིས་ཀ་དང་མཚུངས་པར་མི་ལྡན་པའི་ཕྱིར། མ་རིག་པའི་རེག་པ་ཡང་ཀུན་ཏུ་འབྱུང་བའི་ཕྱོགས་གཅིག་རེག་པས་གཉིས་སུ་འགྱུར་ཏེ་གནོད་སེམས་དང་རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་རེག་པའོ། །ཡང་ཐམས་ཅད་བསྡུ་ན། བདེ་བ་མྱོང་བར་འགྱུར་བའི་རེག་པ་དང་ལ་སོགས་པས་སྡུག་བསྔལ་མྱོང་བར་འགྱུར་བའི་རེག་པ་དང་བདེ་མིན་སྡུག་མིན་གྱི་མྱོང་འགྱུར་གྱི་རེག་པ་གསུམ་སྟེ། བདེ་བའི་མྱོང་བ་སོགས་བསྐྱེད་པའི་ཕྱིར། ཡང་ན་བདེ་སོགས་མྱོང་བར་བྱ་བའམ་མྱོང་བར་ནུས་པའི་ཕྱིར་ཏེ། དེའང་ཚོར་བ་ཡིན་ནོ། །རེག་པ་འདི་ལ་བདེ་བ་མྱོང་འགྱུར་གྱི་རེག་པ་སྟེ་གང་ལ་བདེ་བའི་ཚོར་བ་ཡོད་པའོ། །དེ་བཞིན་དུ་སྡུག་བསྔལ་དང་བཏང་སྙོམས་ལའང་སྦྱར་ཏེ་རེག་པ་བཅུ་དྲུག་གོ། །(༢༥༥བ)
བཞི་པ་ཚོར་བ་བཤད་པ་ལ། སྤྱིར་དབྱེ་བ་དང་། སེམས་ཚོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེ་ལས་བྱུང་བའི་ཚོར་བ་དྲུག །ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། །མིག་གི་འདུས་ཏེ་རེག་པ་སོགས་རེག་པ་དྲུག་པོ་དེ་ལས་བྱུང་བའི་ཚོར་བ་དྲུག་གོ། །དེ་དག་ལས་མིག་ནས་ལུས་ཀྱི་འདུས་ཏེ་རེག་པའི་བར་ལྔ་ནི་དབང་པོ་གཟུགས་ཅན་ལ་བརྟེན་པའི་ཕྱིར་ལུས་ཀྱི་ཚོར་བ་ཞེས་བྱའོ། །གཞན་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སེམས་ཙམ་ལ་བརྟེན་པས་སེམས་ཀྱི་ཚོར་བའོ། །ཅི་ཚོར་བ་རེག་པའི་འོག་ཏུའམ་དུས་མཉམ་དུ་འབྱུང་ན། བྱེ་སྨྲ་ན་རེ། དུས་མཉམ་སྟེ་ཕན་ཚུན་དུ་ལྷན་ཅིག་འབྱུང་རྒྱུ་ཡིན་པའི་ཕྱིར་ཞེས་ཟེར་རོ། །མདོ་སྡེ་པས། ལྷན་ཅིག་འབྱུང་བས་སྐྱེད་བྱེད་ཀྱིས་བསྐྱེད་བྱའི་དངོས་པོར་ཅིས་གྲུབ་ཅེས་དྲིས་པ་ལས། བྱེ་སྨྲས། དེ་དེས་ཅིས་མི་འགྲུབ་པའི་རྒྱུ་ཚུར་དྲིས་པ་ལས། མདོ་སྡེ་པས། ལྷན་ཅིག་འབྱུང་བ་གཉིས་ཆོས་ཅན། བསྐྱེད་བྱ་སྐྱེད་བྱེད་དུ་མི་འགྲུབ་སྟེ། ཆོས་སྐྱེས་ཟིན་པ་ལ་ནི་སྐྱེད་པར་བྱེད་པའི་ཆོས་ཀྱི་ནུས་མཐུ་མེད་པའི་ཕྱིར་ཞེས་པ་ལ། བྱེ་སྨྲས། རྟགས་མ་གྲུབ་སྟེ། དམ་བཅས་མ་གྲུབ་པ་དང་བྱེ་བྲག་མེད་པར་མཚུངས་པའི་ཕྱིར། མདོ་སྡེ་པས། འོ་ན་ལྷན་ཅིག་འབྱུང་བ་ཆོས་ཅན། ཕན་ཚུན་དུ་སྐྱེད་བྱེད་འགྱུར་བར་ཐལ། ལྷན་ཅིག་འབྱུང་ཡང་རྒྱུ་འབྲས་སུ་འཐད་པའི་ཕྱིར། འདི་ལ་མདོ་སྡེ་པས། ཞེ་འདོད་མི་འདོད་པར་ཐལ་བ་འཕེན་པ་ཡིན་ཏེ། ལྷན་ཅིག་འབྱུང་བ་གོང་དུ་ཕན་ཚུན་བསྐྱེད་བྱ་སྐྱེད་བྱེད་ཡིན་པར་ཁས་བླངས་པ་ལ། ད་ཕན་ཚུན་སྐྱེད་བྱེད་ཡིན་པར་ཁས་བླངས་དགོས་སོ་ཞེས་འཕུལ་འདོང་བྱས་ཀྱང་། བྱེ་སྨྲས། རང་གི་གྲུབ་མཐའི་སྟབས་གྱིས་འདོད་ལན་ཐེབས་པ་ཡིན་ཏེ། ལྷན་ཅིག་འཚོགས་པ་ན་ཕན་ཚུན་སྐྱེད་བྱེད་ཀྱི་རྒྱུར་སོང་བའི་ཕྱིར། ཕན་ཚུན་བསྐྱེད་བྱ་འབྲས་བུར་སོང་བས་ཉེས་པ་མེད་དེ། འདོད་པ་ཁོ་ནའི་ཕྱིར་ཞེས་སོ། །མདོ་སྡེ་པས། འོ་ན་རེག་ཚོར་ཕན་ཚུན་འབྲས་བུར་འདོད་པ་(༢༥༦ན)
འདི་མདོ་དང་འགལ་ཏེ། ཇི་སྐད་དུ། མིག་གི་འདུས་ཏེ་རེག་པ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྐྱེའོ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལ་བརྟེན་ནས་མིག་གི་འདུས་ཏེ་རེག་པ་སྐྱེ་བ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སྐྱེད་བྱེད་དང་བསྐྱེད་བྱ་ཆོས་ཅན། དུས་སྔ་ཕྱི་ཐ་དད་དུ་གྲགས་ཏེ། ས་མྱུགའོ་ཞོ། བསྣུན་པ་དང་སྒྲ་དང་ཡིད་དང་ཡིད་ཤེས་སྔ་ཕྱི་ལྟ་བུ་ཡིན་པའི་ཕྱིར། དེས་ན་རེག་ཚོར་ནི་སྐྱེད་བྱེད་ཀྱི་ཆོས་སྔ་ཕྱིར་གྲུབ་པ་དང་འགལ་བར་ཁས་བླངས་པའི་ཕྱིར། བསྐྱེད་བྱ་སྐྱེད་བྱེད་མ་ཡིན་པར་ཐལ། བྱེ་སྨྲས། རྩ་བར་མ་ཁྱབ་སྟེ། རྒྱུ་འབྲས་སྔ་ཕྱིའི་དངོས་པོ་ཡང་ཡོད་མོད་ཀྱི། རྒྱུ་འབྲས་དུས་མཉམ་པའི་དངོས་པོ་ཡང་མཐོང་བའི་ཕྱིར་མིག་ཤེས་དང་མིག་དང་གཟུགས་ངག་དང་འབྱུང་བ་དང་འབྱུང་འགྱུར་ལྟ་བུའོ་ཞེས་སོ། །མདོ་སྡེ་པས། དཔེ་དེས་རྒྱུ་འབྲས་དུས་ཐ་དད་པ་ལ་དགག་པ་ཅི་ཡང་མེད་དེ། དབང་དོན་སྔ་བ་དང་ཤེས་པ་ཕྱི་བ་དང་། འབྱུང་བ་སྔ་བ་དང་འབྱུང་འགྱུར་ཕྱི་བའི་ཕྱིར། བྱེ་སྨྲས། ལྷན་ཅིག་འབྱུང་བ་ཡང་བསྐྱེད་བྱ་སྐྱེད་བྱེད་ཡོད་དེ། མྱུ་གུ་སྐྱེ་བ་ཁོ་ནའི་ཚེ་གྲིབ་མ་སྐྱེའི། སྐད་ཅིག་མ་དང་པོ་ལ་མྱུ་གུ་གྲིབ་མ་མེད་པར་འབྱུང་ལ། སྐད་ཅིག་མ་གཉིས་པ་ལ་གྲིབ་མ་དང་བཅས་པ་མ་ཡིན་པའི་ཕྱིར་རེག་པ་དང་ཚོར་བ་དག་ཀྱང་དེ་བཞིན་ནོ་ཞེས་ཟེར་བ་ལ། མདོ་སྡེ་པས། བྱེ་སྨྲ་ཁྱོད་རང་ལྟར་ནའང་ཆོས་ཅན། མྱུག་གྲིབ་རྒྱུ་འབྲས་སུ་མི་འཐད་པར་ཐལ། གྲིབ་མ་ཡང་གྲིབ་མའི་འབྱུང་བ་ལས་སྐྱེ་ཞིང་། མྱུ་གུ་ཡང་མྱུ་གུའི་འབྱུང་བ་བཞི་ཚན་ལ་སྐྱེ་བར་ཁྱེད་རང་འདོད་པའི་ཕྱིར། དེ་ད་ལྟར་ན་དེ་གཉིས་དུས་མཉམ་རྒྱུ་འབྲས་མིན་ཏེ། གྲིབ་པ་ཡང་མྱུ་གུ་དང་དུས་མཉམ་དུ་མྱུ་གུ་དང་བཅས་པར་འཚོགས་པ་སྔ་མས་བསྐྱེད་པ་ཡིན་ཅིང་། མྱུ་གུ་ཡང་(༢༥༦བ)
གྲིབ་མ་དང་དུས་མཉམ་དུ་གྲིབ་མ་དང་བཅས་པར་ཚོགས་པ་སྔ་མས་བསྐྱེད་པའི་ཕྱིར་ཞེས་སུན་འབྱིན་ཏོ། །མདོ་སྡེ་པའི་བྱེ་བྲག་དཔལ་ལེན་ན་རེ། རེག་པའི་འོག་ཏུ་ཚོར་བ་འབྱུང་སྟེ། དབང་དོན་སྐད་ཅིག་དང་པོ་དང་། དེའི་འོག་ཏུ་རྣམ་ཤེས་གསུམ་འདུས་པ་རེག་པ་སྐད་ཅིག་གཉིས་པ་དང་། རེག་པའི་རྐྱེན་གྱིས་སྐད་ཅིག་གསུམ་པ་ཚོར་བ་འབྱུང་བའི་ཕྱིར་ཞེས་ཟེར་རོ། །དེ་ལྟར་ན་རྣམ་ཤེས་ཐམས་ཅད་ལ་ཆོས་ཅན། ཚོར་བ་དང་རེག་པ་ཡོད་པ་མ་ཡིན་པར་ཐལ། རྣམ་ཤེས་ཡན་ཆད་རེག་པ་རྒྱུ་ཡིན་པས་རྒྱུའི་དུས་ན་འབྲས་བུ་ཚོར་བ་མེད་པའི་ཕྱིར། འབྲས་བུའི་ཚོར་བ་ཡོད་པའི་རྣམ་ཤེས་ཀྱི་དུས་དེའི་རྒྱུ་རེག་པ་འགགས་ཟིན་པའི་ཕྱིར་རོ། །དཔལ་ལེན་ན་རེ། ཅི་རང་རྒྱུའི་དུས་ན་རང་འབྲས་དང་། རང་འབྲས་ཀྱི་དུས་རྒྱུ་འགགས་ཟིན་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། ཚོར་བ་ཕྱི་མ་བསྐྱེད་པའི་རེག་པ་རང་ལ་བལྟོས་པའི་དུས་ཀྱི་ཚོར་བ་ད་ལྟ་བ་དེ་རེག་པ་སྔ་མ་ལས་བྱུང་པའི་ཕྱིར་རེག་པའི་རྣམ་ཤེས་ཀྱི་སྐབས་སུ་ཚོར་བ་ཡོད་ལ། ཚོར་བའི་རྣམ་ཤེས་ཀྱི་སྐབས་སུ་རང་རྒྱུའི་རེག་པ་མེད་ཀྱང་ཚོར་བ་ཕྱི་མ་བསྐྱེད་པའི་རེག་པ་སྔ་བསགས་ཚོར་བ་ད་ལྟ་བའི་དུས་སུ་ཡོད་པའི་ཕྱིར། སྤྱིར་རྒྱུ་ཙམ་གྱི་དུས་ན་འབྲས་བུ་མེད་པ་དང་འབྲས་བུ་ཙམ་གྱི་དུས་ན་རྒྱུ་ཙམ་འགགས་པ་རྟགས་མ་གྲུབ་པའོ། །ཞེས་སོ། །ཡང་ན་དཔལ་ལེན་གྱི་རྩོད་སྤོང་དེ་འདི་ལྟར་བཀོད་ན་གོ་བདེ་སྟེ། ཐད་ཀའི་རེག་པ་ཐམས་ཅད་ཐད་ཀ་བའི་ཚོར་བ་དང་བཅས་པ་ཡིན་ཏེ། རེག་པ་ཕྱི་མའི་དུས་སུ་ཡོད་པའི་ཚོར་བ་རེག་པ་སྔ་མའི་རྒྱུ་ལས་བྱུང་བའི་ཕྱིར། རྟགས་ཁྱབ་གྲུབ། འདོད་ན་རྣམ་ཤེས་ཐམས་ཅད་ལ་རེག་ཚོར་ཡོད་པར་ཐལ། རེག་ཚོར་དག་ཕན་ཚུན་ཐམས་ཅད་དུ་ཡོད་པ་གང་ཞིགརེག་ཚོར་དང་བྲལ་བའི་ཤེས་པ་མི་སྲིད་པའི་ཕྱིར། ཞེས་བགོད་ན་གོ་བདེའོ། །བྱེ་སྨྲས། (༢༥༧ན)
འདོད་པ་དེ་མི་རིགས་ཏེ། ཇི་ལྟར་ན་མིག་གི་རྣམ་ཤེས་ཀྱི་རེག་པ་ལྟ་བུའི་རྗེས་ལ་རྣ་བའི་རྣམ་ཤེས་ཀྱི་ཚོར་བ་སྐྱེ་བ་ལྟ་བུའི་ཚེན་ཆོས་ཅན། དམིགས་པ་ཐ་དད་པའི་ཉན་ཤེས་རེག་པ་སྒྲ་ལ་དམིགས་པའི་དུས་ན་ཡོད་པའི་ཚོར་བ་དེ་གཟུགས་ལ་དམིགས་པའི་རེག་པ་སྔ་མའི་རྒྱུ་ལས་བྱུང་བ་མ་ཡིན་པར་ཐལ། དེ་འདྲ་འབྱུང་བ་ཞིག་ཡོད་ན་སྒྲ་དང་རིས་མི་མཐུན་པ་གཟུགས་ལ་དམིགས་པའི་རེག་པའི་རྐྱེན་གྱིས་ཚོར་བ་གཞན་སྒྲ་ལའང་དམིགས་པར་འགྱུར་དགོས་པ་ཞིག་ལས་དེ་འདྲ་མི་སྲིད་པའི་ཕྱིར། གྲུབ་སྟེ། མིག་ཤེས་ཀྱི་རེག་པས་བཅད་པ་གཟུགས་བཅད་ནས། མྱོང་བ་སྒྲ་མྱོང་བ་མི་རིགས་པའི་ཕྱིར་ཏེ། རྒྱུ་འབྲས་རིས་མི་མཐུན་པའི་ཕྱིར། རྒྱུ་འབྲས་སུ་འཇོག་པ་ལ་ནི་འཇིག་རྟེན་ན་འབྲས་བུ་རྒྱུ་དང་རིས་མཐུན་དགོས་པར་སྣང་བའི་ཕྱིར། གལ་ཏེ་དམིགས་པ་རིས་མི་མཐུན་ཀྱང་དེ་ལ་རྒྱུ་འབྲས་སུ་འཇོག་སྟེ། གཟུགས་ལ་དམིགས་པའི་རེག་པ་ལས་བྱུང་བའི་ཚོར་བ་ནི་སྒྲ་ལ་དམིགས་པའི་སེམས་བྱུང་རེག་པ་དང་མཚུངས་ལྡན་དུ་བསྐྱེད་པ་ཡོད་ལ། དམིགས་པ་ནི་གཟུགས་ཁོ་ན་ལ་དམིགས་པའི་ཕྱིར་སྙམ་ན། སྒྲ་ལ་དམིགས་པའི་རྣ་བའི་ཤེས་རིག་གང་དང་མཚུངས་པར་ལྡན་པའི་གཟུགས་ལ་དམིགས་པའི་ཚོར་བ་དེ་ཆོས་ཅན། གཟུགས་ལས་གཞན་སྒྲ་ལ་དམིགས་པའི་རེག་པ་ལས་སྐྱེས་པའི་ཚོར་བར་མི་འགྱུར་བར་ཐལ། གཟུགས་ལ་དམིགས་པའི་རེག་པས་ནི་གཟུགས་རང་ཉིད་ཁོ་ན་ཉམས་སུ་མྱོང་བར་བྱེད་ཀྱི། སྒྲ་ལ་དམིགས་པའི་རེག་པས་ནི་སྒྲ་ཁོ་ན་ཉམས་སུ་མྱོང་བར་བྱེད་པའི་ཕྱིར། ཡང་མིག་ཤེས་ཀྱི་རེག་པ་དང་ཉན་ཤེས་ཀྱི་ཚོར་བ་ལྟ་བུ་རྒྱུ་འབྲས་སུ་རུང་སྟེ། རྟེན་མཚུངས་པའི་ཕྱིར་སྙམ་ན། མ་གྲུབ་སྟེ། རྣ་བའི་རྟེན་ཅན་གྱི་ཤེས་(༢༥༧བ)
པ་གཟུགས་ལ་དམིགས་པར་མི་འགྱུར་ཏེ། རྣ་བའི་དབང་པོ་དང་ལྷན་ཅིག་ཡུལ་གཅིག་ལ་འཇུག་པའི་ཕྱིར་རོ། །ཞེས་སོ། །དཔལ་ལེན་གྱིས། ལན་སྔ་མ་དེས་མ་ཐེབས་ནས་ལན་བསྒྱུར་ནས་བཏབ་པ་ནི། རྣམ་ཤེས་ཐམས་ཅད་ལ་ཚོར་རེག་ཡོད་པ་མ་ཡིན་པ་འདོད་དེ། ཤེས་པ་རེག་པའི་སྐབས་སུ་ཚོར་བ་མེད་ཅིང་། དེའི་སྔོན་རོལ་གྱི་ཚོར་བའི་སྐབས་སུ་ཕྱིས་ཀྱི་རེག་པ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་མཚུངས་པ་དེ་མ་ཐག་རྐྱེན་ཐམས་ཅད་ཚོར་བ་དང་རེག་པ་གཉིས་ཀ་ཡོད་པར་བསྐྱེད་པའི་ནུས་པ་མ་ཚང་བའི་ཕྱིར། དེས་ན་ཉན་ཤེས་ཀྱི་རེག་པས་མིག་ཤེས་ཀྱི་ཚོར་བའི་རྒྱུ་མི་བྱེད་ཀྱང་མིག་ཤེས་ཀྱི་རེག་པ་སྔར་སྐྱེས་མིག་ཤེས་ཀྱི་ཚོར་བ་ཕྱིས་བསྐྱེད་པ་མདོ་སྡེ་པའི་ལུགས་འདི་ལ་ཉེས་པ་ཅི་ཞིག་ཡོད་ཅེས་སོ། །བྱེ་སྨྲས། འདོད་པ་དེ་ལྟར་ན་ས་མང་པོའི་སེམས་ལ་བཅུའི་ངེས་པ་ཉམས་པར་ཐལ། སེམས་ཐམས་ཅད་ལ་རེག་ཚོར་མེད་པའི་ཕྱིར། མདོ་སྡེ་པས། དེའི་ངེས་པ་སུ་ཡིས་བྱས་ཞེས་པ་ལ། བྱེ་སྨྲས། བསྟན་བཅོས་མཁན་པོས་ཞེ་ན། མདོ་སྡེ་པས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལ་བརྟེན་པར་བྱའོ། །ཞེས་གསུངས་པའི་ཕྱིར་མདོ་ཚད་མར་བྱེད་ཀྱི། བསྟན་བཅོས་ཀྱི་ངེས་པ་ལ་ཚད་མར་མི་བྱེད་དོ། །གལ་ཏེ་བསྟན་བཅོས་ལ་ཚད་མར་བྱེད་ཀྱང་། བསྟན་བཅོས་ལས་བཤད་པའི་ས་མང་གི་དགོངས་པ་གཞན་ཡིན་ཏེ། རྟོག་བཅས་དཔྱོད་བཅས་ཏེ་འདོད་ཁམས་དང་། བསམ་གཏན་དང་པོའི་ས་དང་། རྟོག་མེད་དཔྱོད་བཅས་བསམ་གཏན་ཁྱད་པར་ཅན་གྱི་ས་དང་། རྟོག་དཔྱོད་གཉིས་ཀ་མེད་པ་བསམ་གཏན་གཉིས་པ་ནས་སྲིད་རྩེའི་བར་གྱི་ས་དང་། དགེ་བའི་ས་དང་། མི་དགེ་བའི་ས་དང་། ལུང་མ་བསྟན་གྱི་ས་དང་། སློབ་པའི་ས་ཟག་པ་མེད་པ་ཆོས་དང་། མི་སློབ་པའི་ས་(༢༥༨ན)
ཟག་མེད་དེའི་ཆོས་དང་། སློབ་མིན་མི་སློབ་མིན་པའི་ས་ཟག་བཅས་ཀྱི་ཆོས་སོ། །དེ་ལས་དེ་བསྡུས་ཀྱི་སེམས་བྱུང་གང་དག་དེ་བསྡུས་ཀྱི་ས་འདི་དག་ཐམས་ཅད་ན་ཡོད་པ་དེས་མང་པོ་པ་ཡིན་ཏེ། སེམས་བྱུང་དད་སོགས་གང་དག་དགེ་བ་ཁོ་ན་ལ་ཡོད་པ་དེ་དག་གི་ནི་དགེ་བའི་ས་མང་པོ་པ་ཡིན་པའི་ཕྱིར་དང་། མ་རིག་པ་སོགས་གང་དག་ཉོན་མོངས་པ་ཅན་ཁོ་ན་ལ་ཡོད་པ་དེ་དག་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར་རོ། །ཆོས་མངོན་པ་བ་གཞན་དག་ན་རེ། ས་མང་པོའི་ས་པ་རྣམས་ལས་ཚོར་བ་ལྟ་བུ་ཅི་རིགས་པར་ས་ཐམས་ཅད་ན་རྣམ་གྲངས་སམ་རེས་འཇིག་གི་ཚུལ་དུ་ཡོད་དེ། ས་མང་པོ་པ་ཐམས་ཅད་གཅིག་ཅར་འབྱུང་པ་ནི་མ་ཡིན་པའི་ཕྱིར་ཞེས་ཟེར་རོ། །ཆོས་མངོན་པ་པ་འདི་ཡང་དཔལ་ལེན་གྱིས་གཞུང་སྐྱོབ་པ་ཡིན་ཟེར། ཡང་ན་པན་ཀན་ནས་བཤད་པ་བཞིན་རེག་སོགས་ཀུན་འགྲོ་ཡིན་གྱི། འདུན་སོགས་ཡུལ་ངེས་ཡིན་པས་ཀུན་འགྲོ་མིན་ཅེས་འཆད་དོ། །མི་དགེ་བའི་ས་མང་རྣམས་ནི་ཆོས་ཅན། དགེ་བའི་ས་མང་གི་ཞར་ལ་གནས་པ་ཁོངས་ནས་དྲངས་པ་ཡིན་ཏེ། བྱེ་བྲག་བཤད་པའི་མཚོ་ལས་ནི། སྔོན་མ་བཏོན་པའི་ཕྱིར། སྔོན་བཏོན་པ་ནི། ས་མང་པོ་པ་རྣམས་དང་། དགེ་བའི་ས་མང་པོ་བ་རྣམས་དང་། ཉོན་མོངས་པའི་ས་མང་པོ་པ་རྣམས་དང་། ཉོན་མོངས་པ་ཆུང་ངུའི་ས་པ་རྣམས་ཏེ་བཞིའོ། །ཞེས་སོ། །དཔལ་ལེན་གྱི་ལུགས་རེག་པའི་འོག་ཏུ་ཚོར་བ་འབྱུང་ངོ་ཞེས་པ་ལ། འོ་ན་མདོ་འདི་ལ་ལན་ཇི་ལྟར་འདེབས་ཏེ། ཇི་སྐད་དུ། མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་དང་། གསུམ་འདུས་པའི་རེག་པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་སེམས་པ་སྐྱེའོ་ཞེས་གསུངས་པའི་ཕྱིར། ཞེས་ཟེར་རོ། །དེ་ལ་ནི་ལན་གདབ་ཏུ་ཅི་(༢༥༨བ)
ཞིག་ཡོད་དེ། གསུམ་འདུས་པའི་རེག་པ་དང་ཚོར་བ་དང་འདུ་ཤེས་དང་སེམས་པ་ལྷན་ཅིག་སྐྱེའོ་ཞེས་གསུངས་ཀྱི། རེག་པ་དང་ཚོར་བ་ལྷན་ཅིག་སྐྱེས་མ་གསུངས་པའི་ཕྱིར་ལུང་འགལ་མེད་དོ། །ཡང་ན་རེག་ཚོར་ལྷན་ཅིག་ཅེས་བྱ་བའང་ཆོས་ཅན། ལྷན་ཅིག་དུས་མཉམ་པའི་ཁུངས་སུ་མི་རུང་སྟེ། ལྷན་ཅིག་བྱ་བ་དེ་བར་མ་ཆོད་པ་ཙམ་ལ་དགོངས་པའི་ཕྱིར། དཔེར་ན། བྱམས་པ་ཟག་བཅས་དང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བྱ་བ་ལྟ་བུ་བར་མ་ཆོད་པ་ཙམ་ལ་དགོངས་ཏེ་གསུངས་པ་བཞིན་ནོ། །འོ་ན་མདོ་ལས། ཚོར་བ་གང་ཡིན་པ་དང་། སེམས་པ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པའི་ཆོས་དེ་དག་ནི་འདྲེས་པ་ཡིན་གྱིཙམ་འདྲེས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ཇི་ལྟར་དྲང་། དེ་ལྟ་བས་ན་ཚོར་བ་ལས་སྩོགས་པ་དག་དང་མ་འདྲེས་པའི་རྣམ་པར་ཤེས་པ་ནི་མེད་དོ། །འདྲེས་པའི་དོན་དཔྱད་ན། མདོ་དེ་ཉིད་ལས་འདི་སྐད་དུ། གང་མྱོང་བར་བྱེད་པ་དེ་སེམས་པར་བྱེད་དོ། །གང་སེམས་པར་བྱེད་པ་འདུས་ཏེ་སེམས་པར་བྱེད་དོ། །གང་འདུས་ཏེ་ཤེས་པར་བྱེད་པ་དེ་རྣམ་པར་ཤེས་པར་བྱེད་དོ། །ཞེས་གསུངས་ན། འདི་ལ་མདོ་སྡེ་པ་ན་རེ། དམིགས་བྱའི་ཡུལ་འདྲེས་པའམ། དམིགས་བྱེད་ཀྱི་ཤེས་པ་འདྲེས་པ་གང་རུང་ལ་བྱེད་དེ། དམིགས་བྱའི་ཡུལ་དེ་ཀ་མྱོང་བར་བྱེད། ཡུལ་དེ་ཀ་སེམས་པར་བྱེད། ཡུལ་དེ་ཀ་འདུ་ཤེས་སུ་བྱེད་པས་དམིགས་བྱ་ངེས་པ་ལ་དམིགས་པ་ངེས་པའམ། དམིགས་དམིགས་བྱེད་མྱོང་བྱེད་དེ་རང་གིས་སེམས་པར་བྱེད། སེམས་བྱེད་དེ་རང་གིས་འདུ་ཤེས་སུ་བྱེད་པའི་དམིགས་བྱེད་ངེས་པ་ལ་དམིགས་པ་ངེས་པར་གསུངས་པའི་ཕྱིར་མདོ་དང་མི་འགལ་ལ། འོན་ཏེ་ས་མང་པོ་ཐམས་ཅད་སྐད་ཅིག་ལ་དུས་གཅིག་ཏུ་འདྲེས་པར་འབྱུང་བའི་(༢༥༩ན)
ལུགས་ནི་ངེད་ཀྱིས་མི་ཤེས་སོ། །བྱེ་སྨྲ་ན་རེ། ཚོར་འདུ་སོགས་ཀྱི་འདྲེས་པ་ཞེས་པ་དུས་མཉམ་པའི་སྐད་ཅིག་ལ་ངེས་པར་འཛིན་པ་ཡིན་ཏེ། ཚེ་དང་དྲོད་དག་ལྷན་ཅིག་པ་ལ་འདྲེས་པ་ཞེས་གསུངས་པ་བཞིན་འདིར་ཡང་ཡིན་པའི་ཕྱིར། ཁྱབ་སྟེ། ཚེ་དྲོད་ལ་དམིགས་པ་མེད་པས་དམིགས་པ་འདྲེ་བ་མེད་ཀྱང་རྫས་འདྲེ་བ་བཞིན། ཚོར་སོགས་དུས་གཅིག་ཏུ་ལྷན་ཅིག་རྫས་འདྲེར་རུང་བའི་ཕྱིར། དེས་ན་བྱེ་བྲག་ཏུ་སྨྲ་བས་མདོ་སྡེ་པ་ལ་ཐལ་བ་འཕེན་པ་ནི་ཤེས་པ་ཡོད་ན་འདུས་པ་མ་ཡིན་པར་ཐལ་བའམ། འདུས་པ་ཡིན་ན་རེག་པ་མ་ཡིན་པར་ཐལ། རྒྱུ་འབྲས་ལྷན་ཅིག་ཚོགས་པ་མི་རུང་བའི་ཕྱིར། འདོད་མི་ནུས་པས་རྣམ་ཤེས་ཐམས་ཅད་ལ་རེག་ཚོར་དུས་མཉམ་དུ་ཡོད་པ་འདི་ངེས་པར་གདོན་མི་ཟ་པར་གྲུབ་བོ་ཞེས་སྨྲའོ། །སྨྲས་པ། བདེ་ལེགས་བསྟན་པའི་ཚུལ་འདིར་རིང་མོ་ནས། །ཞུགས་པས་དྲི་མེད་བློ་གྲོས་གསལ་པོ་ནི། །མངལ་གྱི་ཁུར་དུ་བླངས་པས་མ་ནོག་པར། །ཀུན་མཁྱེན་འདོད་པའི་མིག་ལ་དགའ་སྟོན་ཡོད། །འདི་ན་ཚེ་འདིའི་རྙེད་པ་ཙམ་པོ་ལས། །ཚེ་རབས་ཕྱི་མ་ཕན་གྱི་ལེགས་བྱས་ལ། །ཅུང་ཟད་ཙམ་ཡང་སྔོན་གོམས་མ་ཡིན་པའི། །འཆིང་ལྡན་སྐྱེ་བོའི་དང་ཀ་འདི་གང་གཤིན། །ཤེས་བྱ་ཞི་བ་མོར་འབྱེད་ལ་སྒྲིབ་པའི་མུན། །ཕྲ་མོ་ཙམ་ཡང་སེལ་བར་སྤོབས་མིན་འགས། །ཐེག་དམན་འདོད་པས་བཏགས་པའི་ཀུན་རྟོག་གི། །དྲ་བ་ངེས་པའི་བློ་ལ་མི་འཛིན་ཅེས། །སྟོན་པ་མཆོག་གི་ཐེག་པ་སྤོང་བར་བྱེད། །གང་ཞིག་ཐམས་ཅད་མཁྱེན་པ་མངོན་འདོད་པ། །དེ་ལ་ཐེག་གསུམ་ཆོས་ཚུལ་མཆོག་དམན་ཉིད། །མེད་ཅེས་ངེས་པའི་མདོ་སྡེ་རྣམས་ལས་བཤད། །དེ་ལ་བཟང་ངན་འབྱེད་ན་བཅོམ་ལྡན་གྱི། །བཀའ་ལ་བརྙས་པའི་ཉེས་པ་འབབ་པར་གོ། །(༢༥༩བ)
གཉིས་པ་[སེམས་ཚོར་བྱེ་བྲག་ཏུ་བཤད་པ་]ལ། བསྟན། བཤད། བསྡུ་བའོ། །དང་པོ་ནི། དེ་ཡིད་ཉེ་བར་རྒྱུ་བ་ལས། །རྣམ་པ་དག་ནི་ཡང་བཅོ་བརྒྱད། །སེམས་བྱུང་ཚོར་བ་དེ་ཉིད་ཡིད་བདེ་བ་དང་ཡིད་མི་བདེ་བ་དང་བཏང་སྙོམས་ཉེ་བར་རྒྱུ་བ་དྲུག་ཚན་གསུམ་ལས་རྣམ་པ་དག་ནི་ཡང་བཅོ་བརྒྱད་དུ་བཞག་གོ། །འོ་ན་དེ་ལྟར་དུ་བཞག་པ་དེ་ངོ་བོ་དང་མཚུངས་ལྡན་དང་དམིགས་པ་སྟེ། དེ་གསུམ་གང་གི་སྒོ་ནས་འཇོག་ཅེ་ན། གསུམ་ཀའི་སྒོ་ནས་བཞག་སྟེ། ངོ་བོའི་སྒོ་ནས་བཞག་པ་ནི་ཡིད་བདེ་སོགས་གསུམ་དུ་འཇོག་པའི་ཕྱིར་དང་། མཚུངས་ལྡན་གྱི་སྒོ་ནས་བཞག་པ་ནི་མིག་གིས་གཟུགས་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ལ་ཉེ་བར་རྒྱུ་བ་དེ་ཀ་བཞིན་ཡིད་ཀྱི་ཆོས་ཀྱི་བར་དུ་དང་། དེ་བཞིན་ཡིད་མི་བདེ་བ་དང་བཏང་སྙོམས་ཀྱི་བར་སྦྱར་རྒྱུ་ཡོད་པའི་ཕྱིར་དང་། དམིགས་པས་བཞག་པ་ནི་ཡིད་བདེ་སོགས་དྲུག་ཐ་དད་པའི་སྒོ་ནས་ཉེ་རྒྱུ་བཅོ་བརྒྱད་དུ་བཞག་ཏུ་ཡོད་པའི་ཕྱིར། བཅོ་ལྔ་པོ་གཟུགས་ལ་སོགས་པ་སོ་སོར་ངེས་པ་ལ་དམིགས་པའི་ཕྱིར་མ་འདྲེས་མ་འཆོལ་བ་ལ་དམིགས་པ་ཡིན་ནོ། །ཆོས་ལ་ཉེ་བར་རྒྱུ་བ་གསུམ་ནི། ཆོས་འབའ་ཞིག་ལ་དམིགས་ན་མ་འདྲེས་པ་ལ་དམིགས་པ་དང་། ཆོས་གཞན་གཅིག་གམ་ནས་དྲུག་གི་བར་ལ་དམིགས་པ་དེ་ནི་འདྲེས་པ་ལ་དམིགས་པའོ། །ཡིད་ཉེ་རྒྱུའི་དོན་ཡིད་བདེ་སོགས་དེ་དག་ཡིད་ལ་བརྟེན་ནས་ཡུལ་ལ་ཉེ་བར་རྒྱུ་བ་ཡིན་ཅེས་པ་ནི་གཞན་འདོད་ཀྱི་བྱེ་བྲག་གཅིག་གོ། །གཞན་ནི་ཡིད་བདེ་སོགས་ཡིད་ལ་བརྟེན་ནས་རྒྱུ་མི་དགོས་ཏེ། བདེ་སོགས་ཀྱི་གནས་ཡུལ་དག་ལ་ཡིད་ཉེ་བར་རྒྱུ་ལ་ཉེ་བར་རྒྱུ་བ་ཡང་ཚོར་དབང་གིས་ཡང་ནས་ཡང་དུ་འཇུག་པ་ལ་འཆད་པའི་ཕྱིར་ཞེས་ཟེར་རོ། །མཆིམས་ཆེན་པོའི་ཊཱི་ཀར། བྱེ་སྨྲས། གཞོན་པ་ལྟ་བུ་ཡིད་ལ་བརྟེན་ནས་ཚོར་བ་ཡུལ་ལ་རྒྱུ་བར་འདོད་ལ། མདོ་སྡེ་པས། ཚོར་བ་ལ་བརྟེན་ནས་ཡིད་(༢༦༠ན)
ཡུལ་ལ་རྒྱུ་བའོ་ཞེས་བྲིས་སྣང་ངོ་། །ལུས་ཚོར་ཆོས་ཅན། ཡིད་ཀྱི་ཉེ་རྒྱུ་མ་ཡིན་ཏེ། ཡིད་ཁོ་ན་ལ་བརྟེན་པ་མ་ཡིན་ཅིང་། དབང་པོ་ལྔ་ལ་བརྟེན་པས་ངེས་པར་རྟོག་བྱེད་མ་ཡིན་པའི་ཕྱིར། འོ་ན་ཡིད་ཀྱི་ཉེ་རྒྱུ་ཡིད་ཁོ་ན་ལ་བརྟེན་དགོས་ན་བསམ་གཏན་གསུམ་པའི་བདེ་བའང་ཡིད་ཉེ་རྒྱུ་འདིའི་ནང་དུ་སྨོས་དགོས་པས་ཁྱབ་པོ་ཞེ་ན། མ་ཁྱབ་སྟེ། འདོད་ཁམས་ན་ཡིད་ཀྱི་ས་པའི་བདེ་བའི་དབང་པོ་མེད་པའི་ཕྱིར། ཡང་གཞན་གྲགས་ལྟར་ན། ཡིད་ཀྱིས་པའི་བདེ་བའི་དབང་པོའི་མི་མཐུན་ཡིད་ཀྱི་ས་པའི་སྡུག་བསྔལ་གྱི་ཉེ་རྒྱུ་མེད་པའི་ཕྱིར་ཏེ། སྡུག་བསྔལ་གྱི་ནི་ཡིད་ཀྱི་རྣམ་ཤེས་ལ་མི་བརྟེན་པའི་ཕྱིར་ཞེས་སོ། །ཁ་ཅིག །བསམ་གཏན་གསུམ་པའི་བདེ་བ་ཡིད་ཀྱི་ཉེ་རྒྱུ་མ་ཡིན་ཏེ། བརྟན་པར་གནས་པའི་ཕྱིར་ཞེས་སོ། །ཡིད་ཀྱི་ཉེ་རྒྱུ་ཡིད་ཀྱི་ས་པ་ཁོ་ན་མ་ཡིན་ཏེ། མདོ་ལས། མིག་གིས་གཟུགས་དག་མཐོང་ནས་ཡིད་བདེ་བའི་གནས་ལྟ་བུའི་གཟུགས་རྣམས་ལ་ཉེ་བར་རྒྱུའོ། །ཞེས་གསུངས་པའི་ཕྱིར། དཔེར་ན། མི་སྡུག་པ་ལྟ་བུའི་མིག་ཤེས་ཀྱི་སྒྲུབ་པ་ཡང་ཡིན་ལ། ཡིད་ཀྱི་ས་པ་ཡང་ཡིན་པ་བཞིན་ནོ། །ཅི་ལུང་དེའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། མིག་གིས་གཟུགས་དག་བལྟ་བ་ཡིད་བདེ་བའི་གནས་ལྟ་བུ་གཟུགས་ལ་ཉེ་བར་རྒྱུའོ་ཞེས་བྱ་བ་ནས། ལུས་ཀྱིས་རེག་བྱ་ལ་རེག་པ་ན་ཞེས་བྱ་བའི་བར་དུ་གསུངས་ནའང་སྒྲུབ་བྱེད་དུ་འགྲོར་ཆུག་ཀྱང་མཐོང་ནས་ཞེས་སོགས་གསུངས་པས་སྒྲུབ་བྱེད་དུ་མི་འགྲོ་བའི་ཕྱིར་ཏེ། གཟུགས་མཐོང་བ་དབང་ཤེས་ཀྱི་ས་པར་བསྟན་ཅིང་། ཡིད་བདེ་ཉེ་རྒྱུ་ཡིད་ཀྱི་ས་པ་ཡིན་པའི་ཕྱིར། གཞན་ལ་ཐོས་ནས་མཐོང་རེག་མ་བྱས་པའི་ཉེ་རྒྱུའང་ཆོས་ཅན། ཡིད་ཀྱི་ཉེ་རྒྱུ་ཡིན་ཏེ། འདོད་ཁམས་ནས་གཟུགས་ཁམས་ལ་དམིགས་པ་དང་།(༢༦༠བ)
གཟུགས་ཁམས་ནས་འདོད་ཁམས་ཀྱི་དྲི་རོ་སོགས་ལ་དམིགས་པ་དག་ཀྱང་ཡིད་ཀྱི་ཉེ་རྒྱུ་ཡིན་པའི་ཕྱིར། གྲུབ་སྟེ། དེས་དེ་དམིགས་པ་གང་ཞིགམཐོང་རེག་གིས་མངོན་སུམ་དུ་མ་བྱས་པའི་ཕྱིར་དང་། དྲི་རོ་སོགས་དེའི་ཡུལ་མ་ཡིན་པའི་ཕྱིར། མདོའི་ལུང་དེའི་དགོངས་པ་འདི་ཡིན་ཏེ། པི་ཝང་གི་གཟུགས་མཐོང་བ་ན། དེ་མངོན་དུ་བྱས་པའི་ཡིད་ཀྱི་རྒྱུ་བ་སྒྲ་ལ་རྟོག་པ་ཤིན་ཏུ་གསལ་བ་དེ་ཆོས་ཅན། ཡིད་ཀྱི་ཉེ་རྒྱུ་ཡིན་ཏེ། མིག་དབང་དང་དོན་གཟུགས་སོགས་བྲལ་བའི་ཡིད་བདེ་བའི་ཤེས་པ་རྟོག་པ་སྒྲ་ལ་རྒྱུ་བ་ཡིན་པའི་ཕྱིར། མཐོང་ནས་ཡིད་བདེ་བ་ཞེས་སོགས་ཀྱི་མདོ་ཚིག་མི་འཆོལ་བར་བཤད་པ་ཡིན་ནོ། །གཟུགས་ཀྱི་རྟགས་བརྒྱུད་པ་ལས་ཡིད་བདེ་བ་དང་བཏང་སྙོམས་དཔོགས་པ་ཡོད་དེ། འཁོར་ལོས་སྒྱུར་བའི་བཙུན་མོར་གྱུར་པའི་རྒྱུད་ངེས་པའི་རྟགས་ཀྱིས་བཙུན་མོ་རིན་ཆེན་ཡིད་བདེ་བའི་ཉེ་རྒྱུ་དང་ལྡན་པར་གོ་ནུས་པའི་ཕྱིར། བདེ་སོགས་དང་ལྡན་པའི་གཟུགས་དམིགས་ཙམ་གྱིས་དེའི་བདེ་སོགས་རྟོགས་པ་ནི་མ་ཡིན་ཏེ། བདེ་སོགས་དང་དེའི་གཟུགས་བདག་གཅིག་དང་དེ་བྱུང་གི་འབྲེལ་པ་མེད་པའི་ཕྱིར། གཉིས་པ་[རྒྱས་བཤད་]ལ། འདོད་པའི། གཟུགས་ཀྱི། གཟུགས་མེད་ཀྱི་ཚོར་བ་རྒྱས་བཤད་དོ། །དང་པོ་ལ། རང་ས་ལ་དམིགས་པ། གཟུགས་ལ་དམིགས་པ། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། འདོད་ན་ཐམས་ཅད་རང་དམིགས་ཅན། །ཡིད་ཉེ་རྒྱུ་འདི་དག་འདོད་ཁམས་ན་བཅོ་བརྒྱད་པོ་ཐམས་ཅད་ཡོད་ལ། དེ་རྣམས་རང་ས་ལ་དམིགས་པ་ཅན་ནོ། །གཉིས་པ་ནི། སྤྱོད་ཡུལ་གཟུགས་ཅན་བཅུ་གཉིས་སོ། །འདོད་པའི་ཡིད་ཉེ་རྒྱུའི་སྤྱོད་ཡུལ་གཟུགས་ཅན་གྱི་ཁམས་ན་གཟུགས་སྒྲ་རེག་ཆོས་ལ་ཡིད་བདེ་མི་བདེ་བཏང་སྙོམས་ཉེ་རྒྱུ་གསུམ་གྱིས་དམིགས་པ་བཅུ་གཉིས་སོ། །འདོད་ཡིད་ཀྱི་ཉེ་རྒྱུའི་གཟུགས་ལ་དམིགས་(༢༦༡ན)
ཙམ་ན་བརྟགས་ནས་འཇུག་པ་ཡིན་པས། དེ་དང་འདྲ་བར་དྲི་རོ་གཉིས་ལ་ཡང་བརྟགས་ནས་འཇུག་པས་བཅོ་བརྒྱད་རངས་པ་མེད་དམ་སྙམ་ན། བརྟགས་ནས་འཇུག་པར་འདྲ་ཡང་བཞི་པོའི་ཞེན་གཞི་ཡོད། དྲི་རོ་གཉིས་ཀྱི་ཞེན་གཞི་ཙམ་ཡང་མ་སྨོས་པས་དེ་གཉིས་ཀྱི་དྲུག་མ་གཏོགས་སོ། །གསུམ་པ་ནི། གོང་མ་གསུམ་གྱི། གོང་མ་གཟུགས་མེད་ན་ཆོས་གཅིག་པུ་ལ་འདོད་སྤྱོད་ཀྱི་ཡིད་བདེ་མི་བདེ་བཏང་སྙོམས་ཉེ་རྒྱུ་གསུམ་གྱིས་དམིགས་པ་ཡིན་ཏེ། དེར་གཟུགས་སྒྲ་དྲི་རོ་རེག་མེད་པའི་ཕྱིར། གཉིས་པ་[གཟུགས་ཀྱི་ཚོར་བ་རྒྱས་བཤད་]ལ། བསམ་གཏན་དང་པོ་གཉིས་དང་། བསམ་གཏན་གོང་མ་གཉིས་ཀྱི་ཚོར་བ་བཤད་པའོ། །དང་པོ་ལ། འདོད་པའི་ཡུལ་ལ། གཟུགས་ལ། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། བསམ་གཏན་ནི། །གཉིས་ན་བཅུ་གཉིས་འདོད་འགྲོ་རྣམས། །གཟུགས་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་གཉིས་ན་ནི་ཡིད་མི་བདེའི་ཉེ་རྒྱུ་དྲུག་མེད་ལ་ལྷག་བཅུ་གཉིས་ཏེ། དེའང་འདོད་ཁམས་ཀྱི་ཡུལ་དྲུག་རྣམས་འཛིན་པར་འགྲོ་བ་ནི་དམིགས་པའམ་འཛིན་པ་རྣམས་ཀྱི་ཕྱིར་རོ། །གཉིས་པ་ནི། རང་ལ་དམིགས་བརྒྱད། གཟུགས་ཀྱི་ཁམས་རང་ལ་དམིགས་པ་དྲི་རོ་ལ་ཉེ་རྒྱུ་བཞི་མ་གཏོགས་པ་ཡུལ་བཞི་ལ་ཡིད་བདེ་དང་བཏང་སྙོམས་ཀྱི་ཉེ་རྒྱུ་བརྒྱད་དོ། །གསུམ་པ་ནི། གཟུགས་མེད་པ། །གཉིས་ཀྱིའོ། གཟུགས་མེད་ཀྱི་ཆོས་ལ་དམིགས་པའི་བསམ་གཏན་དང་པོ་དང་གཉིས་པའི་ཡིད་བདེ་དང་བཏང་སྙོམས་ཀྱི་ཉེ་རྒྱུ་གཉིས་ཀྱིའོ་སྟེ། དེ་ཡུལ་ལྔ་མེད་པའི་ཕྱིར་རོ། །གཉིས་པ་[བསམ་གཏན་གོང་མ་གཉིས་ཀྱི་ཚོར་བ་བཤད་པ་]ལ། འདོད་པ་ལ། གཟུགས་ལ། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། བསམ་གཏན་གཉིས་ན་དྲུག །དྲུག་གི་འདོད་པའོ། བསམ་གཏན་གོང་མ་གཉིས་ན་བཏང་སྙོམས་ཀྱི་ཉེ་རྒྱུ་དྲུག་ཁོ་ན་ཡོད་ཅིང་། གཞན་ཡིད་བདེ་ནི་མེད་དེ། དྲུག་པོ་དེ་ནི་འདོད་པའི་ཡུལ་དྲུག་ཀར་ལའང་དམིགས་པའི་ཕྱིར་རོ། །གཉིས་པ་ནི། རང་ནི་བཞིའི། །གཟུགས་ཁམས་རང་གི་ཡུལ་བཞི་སྟེ། དྲི་རོ་(༢༦༡བ)
མེད་པས་སོ། །གསུམ་པ་ནི། གོང་མ་གཅིག་གི་དམིགས་པ་ཡིན། །གོང་མ་གཟུགས་མེད་ན་བཏང་སྙོམས་ཉེ་རྒྱུ་གཅིག་གི་དམིགས་པ་ཆོས་གཅིག་པུ་ཡིན་ནོ། །གསུམ་པ་གཟུགས་མེད་ཀྱི་ཚོར་བ་རྒྱས་བཤད་ལ། ཉེར་བསྡོགས་ཀྱི་ཚོར་བ། དངོས་གཞིའི་ཚོར་བའོ། །དང་པོ་ལ་གཉིས། གཟུགས་ལ་དམིགས་པ་དང་། གཟུགས་མེད་ལ་དམིགས་པའོ། །དང་པོ་ནི། གཟུགས་མེད་ཉེ་བར་བསྡོགས་ན་བཞི། །གཟུགས་འགྲོ། གཟུགས་མེད་ནམ་མཁའ་མཐའ་ཡས་ཀྱི་ཉེ་བར་བསྡོགས་ན་བར་ཆད་མེད་ལམ་གྱི་དམིགས་པ་ནི། བསམ་གཏན་བཞི་པ་ཡིན་པས་གཟུགས་སྒྲ་རེག་ཆོས་བཞི་ལ་དམིགས་པ་ཡིན་ཏེ། དེ་ཡང་གཟུགས་ཀྱི་བསམ་གཏན་བཞི་པར་འགྲོ་སྟེ། སློབ་དཔོན་ཁ་ཅིག་བཞི་པའི་སྤྱི་མི་དམིགས་པ་སོ་སོར་དམིགས་པ་འདོད་ལ། སློབ་དཔོན་ཁ་ཅིག་བཞི་པའི་ཕུང་པོ་ལྔ་ཅར་ལ་དམིགས་པར་འདོད་པ་ལྟར་ན་ཡིད་ནི་ཆོས་ཐམས་ཅད་པ་ཡིན་པས་ཉེ་རྒྱུ་འདྲེས་པ་ལ་དམིགས་པ་གཅིག་ཁོ་ན་ཡོད་དོ། །གཉིས་པ་ནི། གོང་མར་འགྲོ་བ་གཅིག །ཅེས་པས་བསྟན། ནམ་མཁའི་ཉེར་བསྡོགས་ན་གོང་མ་གཟུགས་མེད་པར་འགྲོ་བ་ནི་ཡུལ་ཆོས་ལ་བཏང་སྙོམས་ཉེ་རྒྱུ་གཅིག་གོ། །གཉིས་པ་[དངོས་གཞིའི་ཚོར་བ་]ནི། དངོས་གཞི་ན་གཅིག་རང་ཡུལ་ཅན། །གཟུགས་མེད་དངོས་གཞི་ན་ཆོས་ལ་ཉེ་རྒྱུ་གཅིག་ཉིད་ཡོད་ཀྱི་གཞན་ལ་མེད་དོ། །དེ་ཡང་གཟུགས་མེད་རང་གི་ཁམས་ལ་དམིགས་པའི་ཡུལ་ཅན་ཏེ། གཟུགས་མེད་དངོས་གཞི་རྣམས་ཀྱི་དམིགས་པ་ནི་ཁམས་འོག་མ་ཟག་བཅས་ལ་དམིགས་པ་མ་ཡིན་ནོ་ཞེས་འཆད་དོ། །གསུམ་པ་དོན་བསྡུ་བ་ནི། བཅོ་བརྒྱད་ཐམས་ཅད་ཟག་དང་བཅས། །ཡིད་ཉེ་རྒྱུ་བཅོ་བརྒྱད་ཐམས་ཅད་ཟག་པ་དང་བཅས་ཏེ། ཟག་མེད་ནི་འགའ་ཡང་མེད་པའི་ཕྱིར་ཏེ། སྲིད་པ་འཕེལ་བར་བྱེད་པའི་ཕྱིར། འཕགས་ལམ་ནི་རྩོལ་བ་མེད་པར་འཇུག་པའི་ཕྱིར་དང་། མཚན་མ་མེད་པའི་དབྱིངས་སུ་གཞོལ་བའི་ཕྱིར། ཉེ་རྒྱུ་རྣམས་ནི་དེ་ལས་བཟློག་པའི་ཕྱིར་རོ། །དེ་ཡང་འདོད་ཁམས་སུ་(༢༦༢ན)
སྐྱེས་པ་གཟུགས་ཀྱི་དགེ་སེམས་མི་ལྕོགས་མེད་ཀྱི་ས་མ་ཐོབ་པ་ནི་ཆོས་ཅན། འདོད་སྤྱོད་ཀྱི་ཉེ་རྒྱུ་ཐམས་ཅད་དང་ལྡན་ཏེ། འདོད་ཆགས་དང་མ་བྲལ་བའི་ཕྱིར། འདོད་པ་ན་སྤྱོད་པའི་བསམ་གཏན་དང་པོ་དང་གཉིས་པའི་ས་པ་གཟུགས་ཀྱི་དགེ་སེམས་མ་ཐོབ་པ་ནི་གཟུགས་སྒྲ་རེག་ཆོས་བཞི་ལ་ཡིད་བདེ་དང་བཏང་སྙོམས་ཀྱི་ཉེ་རྒྱུའི་ཉོན་མོངས་བརྒྱད་དང་ལྡན་ཏེ། དགེ་བས་ནི་མ་ཡིན་པའི་ཕྱིར་ཏེ། སྐྱེ་བ་ལ་རགས་པའི་ཕྱིར། དེ་ཡང་ཉོན་མོངས་ཅན་དང་ལྡན་པ་ནི་ས་འོག་མར་སྐྱེས་པ་ལ་གོང་མའི་ཉོན་མོངས་རྣམས་ལྡན་པ་ཡིན་ནོ། །དྲི་དང་རོ་ནི་དེ་ན་མེད་པའི་ཕྱིར་ཉོན་མོངས་ཅན་ཡང་མིན་པས་མ་གཏོགས་སོ། །བསམ་གཏན་གསུམ་པ་དང་བཞི་པ་ནི། ཡུལ་བཞི་ལ་བཏང་སྙོམས་ཉོན་མོངས་ཉེ་རྒྱུ་བཞི་ཁོ་ན་ལྡན་གྱི། དེ་ན་དྲི་རོ་མེད་ལ། འོག་གི་དེ་ལ་དམིགས་ན་གཅིག་ཏུ་དགེ་བ་ཡིན་པའི་ཕྱིར། གཟུགས་མེད་ན་སྤྱོད་པ་ནི་ཉོན་མོངས་ཅན་གཅིག་ཁོ་ན་དང་ལྡན་ཏེ། འདོད་ཆགས་དང་མ་བྲལ་བའི་ཕྱིར་དང་དགེ་བ་ནི་མེད་པའི་ཕྱིར་རོ། །འདོད་ཁམས་སུ་སྐྱེས་པ་གཟུགས་ཀྱི་དགེ་སེམས་མི་ལྕོགས་མེད་པས་བསྡུས་པ་ཐོབ་པ་བརྒྱད་པ་མན་ཆད་སྤངས་ལ། དགུ་པ་ལ་འདོད་ཆགས་དང་མ་བྲལ་བ་ནི་འདོད་སྤྱོད་ཀྱི་ཡིད་རྒྱུ་ཐམས་ཅད་ལྡན་ནོ། །བསམ་གཏན་དང་པོའི་ས་པ་ནི་བཅུ་དང་ལྡན་ཏེ། དྲི་རོ་མ་གཏོགས་པའི་ཡུལ་བཞི་བཞི་ལ་ཡིད་ཀྱི་བཏང་སྙོམས་ཉེ་རྒྱུ་དངོས་གཞིས་བསྡུས་པའི་རང་ས་ལ་དམིགས་པའི་ཉོན་མོངས་ཅན་བཞི་དང་། མི་ལྕོགས་མེད་པའི་ས་པའི་བཏང་སྙོམས་ཉེ་རྒྱུ་དགེ་བ་འདོད་པར་དམིགས་པ་དྲུག་དང་བཅས་ཏེ་བཅུ་དང་ལྡན་པའི་ཕྱིར་རོ། །དངོས་གཞི་ཉོན་མོངས་ཅན་ནི། དགེ་བ་མ་ཐོབ་པས་ཉོན་མོངས་ཅན་མ་ཡིན་པ་མ་རྙེད་ཅིང་། བསམ་གཏན་ཉོན་མོངས་ཅན་འོག་མ་དག་(༢༦༢བ)
ལ་ཡང་དམིགས་པའི་ཕྱིར་དྲི་རོ་ཡུལ་དུ་མ་བྱས་ལ། མི་ལྕོགས་མེད་པའི་ས་པ་ལ་བཏང་སྙོམས་ཉེ་རྒྱུ་ཉོན་མོངས་ཅན་རང་ས་ལ་དམིགས་པ་བཞི་ཡོད་ཀྱང་། དངོས་གཞིའི་ཡུལ་དང་ས་གཅིག་པས་ལོགས་སུ་མ་བགྲངས་ལ་བགྲངས་ན་བཅུ་བཞིའོ། །གང་སྤེལ་གྱིས། དངོས་གཞིའི་ས་པའི་བཏང་སྙོམས་ཉེ་རྒྱུ་ཉོན་མོངས་ཅན་བཞི་དང་། མི་ལྕོགས་པ་གོང་འོག་ལ་དམིགས་པ་དགེ་བ་བཞི་དང་ལྡན་ཀྱང་ལོགས་སུ་མི་བརྩི་སྟེ། བཏང་སྙོམས་ཀྱི་བདག་ཉིད་ཡིན་པ་དང་། ས་ཐ་མི་དད་པའི་ཕྱིར་ཞེས་སོ། །འདོད་ཁམས་སུ་སྐྱེས་པ་དེ་ཉིད་གཟུགས་ན་སྤྱོད་པའི་དགེ་བའི་སེམས་ཐོབ་ལ། འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་གཉིས་པའི་དྲི་རོ་མ་གཏོགས་པ་གཟུགས་སྒྲ་རེག་ཆོས་ཀྱི་ཡིད་བདེ་བཏང་སྙོམས་བཞི་སྟེ་ཉོན་མོངས་བརྒྱད་ཁོ་ན་དང་ལྡན་ཏེ། མ་ཐོབ་པ་ཁོ་ན་དང་ལྡན་པའི་ཕྱིར། བསམ་གཏན་གསུམ་པ་དང་བཞི་པ་དང་གཟུགས་མེད་ན་སྤྱོད་པ་ནི་སྔ་མ་བཞིན་དང་པོ་གཉིས་བཞི་དང་ཕྱི་མ་ནི་གཅིག་དང་ལྡན་ནོ། །བསམ་གཏན་གཉིས་པའི་ས་པའི་དགེ་བའི་སེམས་ཐོབ་པ་དེ་ལས་ཆགས་པ་དང་མ་བྲལ་བ་ནི་བསམ་གཏན་དང་པོའི་ས་པ་ཐམས་ཅད་དང་ལྡན་ལ། བསམ་གཏན་གཉིས་པའི་ས་པ་ནི་བརྒྱད་དང་ལྡན་ཏེ་དྲི་རོ་ལ་དམིགས་པ་(༢༦༣ན)
མ་གཏོགས་པ་ཡིད་བདེ་ཉེ་རྒྱུ་ཉོན་མོངས་ཅན་བཞི་དང་། བཏང་སྙོམས་ཉེ་རྒྱུ་གཉིས་པའི་ཉེར་བསྡོགས་ཀྱིས་བསྡུས་པ་བཞི་དང་ལྡན་ནོ། །བསམ་གཏན་གསུམ་པ་དང་བཞི་པའི་ས་པ་ནི་དྲི་རོའི་དམིགས་པ་མ་གཏོགས་པ་བཞི་རེ་དང་ལྡན་ལ་གཟུགས་མེད་ན་སྤྱོད་པའི་ཉོན་མོངས་ཅན་གཅིག་ཁོ་ན་དང་ལྡན་ནོ། །བསམ་གཏན་གསུམ་པའི་ས་པའི་དགེ་བའི་སེམས་ཐོབ་པ་དེ་ལས་འདོད་ཆགས་དང་མ་བྲལ་བ་ནི་བསམ་གཏན་གཉིས་པའི་ས་པ་ཐམས་ཅད་ལྡན་ལ། བསམ་གཏན་གསུམ་པའི་ས་པའི་དྲི་རོ་ལ་དམིགས་པ་དག་མ་གཏོགས་པ་བཏང་སྙོམས་ཀྱི་ཉེ་བར་རྒྱུ་བ་ཉོན་མོངས་ཅན་བཞི་དང་། བཏང་སྙོམས་ཀྱི་ཉེ་རྒྱུ་བསམ་གཏན་གསུམ་པའི་ཉེར་བསྡོགས་ཀྱིས་བསྡུས་པའི་བཞི་དང་ལྡན་ནོ། །བསམ་གཏན་བཞི་པ་དང་གཟུགས་མེད་པ་ལས་སྐྱེས་པ་རྣམས་ནི་སྔ་མ་བཞིན་ནོ། །འདི་ལྟར་རིགས་བསྒྲེ་ཚུལ་འདིས་བསམ་གཏན་གསུམ་པ་དང་བཞི་པ་དག་ཏུ་སྐྱེས་པ་རང་གི་ས་པ་དང་། གོང་མའི་ཉེར་བསྡོགས་བཏང་སྙོམས་ཉེ་རྒྱུ་ཉོན་མོངས་ཅན་དང་དགེ་བ་སོགས་ལའང་བློ་གྲོས་ཞིབ་མོས་ལེགས་པར་རིགས་བསྒྲེས་ནས་ཁོང་དུ་ཆུབ་པར་བྱའོ། །ཁམས་གོང་མ་བསམ་གཏན་ལ་སྐྱེས་པས་འོག་མ་འདོད་སྤྱོད་ན་དམིགས་པའི་ཚེ་ཆོས་ཅན། ཡུལ་ཆོས་ལ་སྤྲུལ་སེམས་བཏང་སྙོམས་གཅིག་དང་མཚུངས་པར་ལྡན་པ་ཡིན་ཏེ། འོག་མའི་ཉོན་མོངས་ནི་སྤངས་པས་མི་ལྡན། འོག་མའི་དགེ་བ་ནི་ས་འཕོས་པས་བཏང་ནས་མི་ལྡན་ན་བཏང་སྙོམས་ལས་མཚུངས་པར་མི་ལྡན་ཀ་མེད་པའི་ཕྱིར་རོ། །གཞན་དག་ན་རེ་ཞེས་སློབ་དཔོན་ཉིད་ཀྱི་དགོངས་པ་ནི། བྱེ་སྨྲས། ཡིད་བདེ་སོགས་ཟག་བཅས་ཐམས་ཅད་ཉོན་མོངས་ཀྱི་ཉེ་རྒྱུར་འདོད་ཀྱང་དེ་ནི་མ་ཡིན་ཏེ། མདོ་དོན་ལས་གཞན་དུ་སྣང་(༢༦༣བ)
བའི་ཕྱིར། གྲུབ་སྟེ། ཡུལ་བདེ་སོགས་ཀྱི་དམིགས་པ་གང་ལ་ཆགས་པ་དང་བྲལ་བའི་ཚོར་སོགས་ནི་ཉོན་མོངས་ཀྱི་ཉེ་རྒྱུ་མ་ཡིན་པའི་ཕྱིར། འོ་ན་ཉོན་མོངས་ཀྱི་ཡིད་ཉེ་རྒྱུ་གང་ཞེ་ན། མདོ་ལས། རྗེས་སུ་ཆགས་པར་ཡང་བྱེད། ཁོང་ཁྲོ་བར་ཡང་བྱེད། སོ་སོར་མ་བརྟགས་པར་བཏང་སྙོམས་ཡང་བྱེད། ཅེས་ཉོན་མོངས་ཀྱི་ཉེ་རྒྱུ་དང་། ཡང་ཡིད་བདེ་སོགས་ཉོན་མོངས་གྱི་ཉེ་རྒྱུ་མིན་པ་ནི། མདོ་ལས། གང་དག་གི་ཉོན་མོངས་ཀྱི་གཉེན་པོར་ཡུལ་དྲུག་ལ་འབྱུང་བ་དྲུག་གནས་པ་སྟེ། མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་ཞིང་རྗེས་སུ་ཆགས་པར་མི་འགྱུར། ཡིད་མི་བདེ་ཞིང་ཁོང་ཁྲོ་བར་མི་འགྱུར། སོ་སོར་བརྟགས་ཏེ་དྲན་པ་དང་ལྡན་ཅིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་སོ་ཞེས་བྱ་བ་ནས་ཡིད་ཀྱིས་ཆོས་རྣམས་ཤེས་པའི་བར་དུ་གསུངས་པ་ལྟ་བུའོ། །ངག་དོན་དགྲ་བཅོམ་ཆོས་ཉན་པ་ན་སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་བྱེད་པའི་ཡིད་བདེ་འཇིག་རྟེན་པའི་དགེ་བ་ཟག་བཅས་ཆོས་ཀྱི་སྐྱེ་མཆེད་དམ། རྟོགས་པའི་ཆོས་ལ་དམིགས་པའི་ཡིད་བདེ་ཡོད་པ་ཆོས་ཅན། ཉོན་མོངས་ཅན་གྱི་ཉེ་རྒྱུ་མིན་ཏེ། དགྲ་བཅོམ་པའི་ཉེ་རྒྱུ་ཡིན་པའི་ཞེས་བཞེད་དོ། །བཙུན་པ་གོ་ཆ་མཐས་ནི། ཉོན་མོངས་ཅན་ཁོ་ན་ཡིད་ཀྱི་ཉེ་རྒྱུར་ནི་མ་བཤད་ཀྱི། མདོ་ལས། ཡིད་བདེ་བའི་ཉེ་རྒྱུ་དྲུག་ལ་བརྟེན་ནས་མི་བདེ་བའི་ཉེ་རྒྱུ་དྲུག་སྤོང་བ་དང་། བཏང་སྙོམས་ཀྱི་ཉེ་རྒྱུ་དྲུག་ལ་བརྟེན་ནས་ཡིད་བདེའི་ཉེ་རྒྱུ་དྲུག་སྤོང་བ་དང་། བཏང་སྙོམས་ལའང་ཐ་དད་ལ་བརྟེན་པ་དང་གཅིག་པ་ལ་བརྟེན་པ་གཉིས་ལས། གཅིག་པ་ལ་བརྟེན་ནས་ཐ་དད་པའི་བཏང་སྙོམས་སྤོང་ཞེས་སོགས་གསུངས་པའི་ཕྱིར་ཡིད་བདེའི་ཉེ་རྒྱུ་ཉོན་མོངས་ཅན་ཁོ་ན་ནི་མ་ཡིན་ནོ། །ཞེས་ཟེར་རོ། །དེ་ལ་རྒྱལ་པོའི་སྲས་ན་རེ། སྤོང་བར་གསུངས་པ་དང་གཅིག་(༢༦༤ན)
ལ་བརྟེན་ནས་གཅིག་ཤོས་སྤོང་བར་གསུངས་པས་ཉོན་མོངས་མིན་པའི་ཁྱབ་པ་མེད་དེ། ང་རྒྱལ་ལ་བརྟེན་ནས་ང་རྒྱལ་སྤང་བར་གསུངས་པས་དེ་ཉོན་མོངས་ཅན་མིན་པར་མི་འགྲུབ་པ་དང་འདྲ་བའི་ཕྱིར། དཔེར་ན། ཚེ་དང་ལྡན་པ་དགའ་བོ་ལ་སྟོན་པས་མིའི་བུད་མེད་ལ་ཆགས་པའི་གཉེན་པོར་ལྷའི་བུད་མེད་བསྟན་ཀྱང་ཉོན་མོངས་ཅན་མིན་མི་དགོས་པ་བཞིན་ཅེས་ཟེར་རོ། །དེས་ན་སྟོན་པའི་བཀའ་ལས་ཞེན་པ་ལ་བརྟེན་པ་ཉོན་མོངས་ཅན་གྱི་ཚོར་བ་བཅོ་བརྒྱད་དང་། ངེས་འབྱུང་ལ་བརྟེན་པའི་དགེ་བ་བཅོ་བརྒྱད་དེ་སོ་དྲུག་ཏུ་བཀའ་སྩལ་ཏོ། །གཉིས་པ་ལྷག་མ་གཞན་ལས་ཤེས་པར་བསྟན་པ་ནི། བཤད་དང་འཆད་པར་འགྱུར་བ་གཞན། །འདིར། རྣམ་ཤེས་སོ་སོར་རྣམ་རིག་པ། །ཞེས་སོགས་རྣམས་དང་། སྐྱེ་མཆེད་དྲུག་ཀྱང་། དེ་དག་རྣམས་ཀྱི་རྣམ་ཤེས་རྟེན། །ཅེས་པར་སྔར་ཟིན་དང་། འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་མཛོད་ནས་དང་། སྲེད་ལེན་ནི་ཉོན་མོངས་ཀྱི་མཛོད་ནས་འཆད་པར་འགྱུར་བ་དང་། གཞན་སྐྱེ་བ་ནི་གནས་སྐབས་ཅན་རྣམ་ཤེས་ཀྱིས་མཚོན་ནས་བཤད། རྒ་ཤི་ནི་གནས་སྐབས་ཅན་མིང་གཟུགས་ཀྱིས་མཚོན་ནས་བཤད་པའམ། ཡང་ན་གོ་སླ་བས་ཀྱང་ངོ་། །གསུམ་པ་ཀུན་ནས་ཉོན་མོངས་གསུམ་དཔེས་བསྟན་པ་ལ། ཉོན་མོངས་པའི་ཉོན་མོངས་པ་དཔེས་བསྟན་པ། ལས་ཀྱི་ཉོན་མོངས་པ། གཞིའི་ཉོན་མོངས་པ་དཔེས་བསྟན་པའོ། །དང་པོ་ནི། འདིར་ནི་ཉོན་མོངས་ས་བོན་བཞིན། །ཀླུ་བཞིན་རྩྭ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་བཞིན་དུ་འདོད། །སྐབས་འདིར་ནི་ཉོན་མོངས་པ་རྣམས་ས་བོན་བཞིན་ཏེ་དེ་ལས་སྡོང་བུ་ལོ་འདབ་སོགས་སྐྱེ་བ་བཞིན་དུ་ཉོན་མོངས་ལས་ཉོན་མོངས་དང་ལས་དང་གཞི་རྣམ་སྐྱེ་པར་འགྱུར་བ་དང་། ཀླུ་བཞིན་ཀླུ་ཡོད་ན་མཚོ་མི་སྐམ་པ་ལྟར་ཉོན་མོངས་ཀྱི་ཀླུ་ཡོད་ན་སྐྱེ་བའི་མཚོ་མི་སྐམ་པ་དང་། ནགས་ཚལ་གྱི་རྩ་བ་བཞིན་ཏེ། དེ་མ་ཕྱུངས་ན་ཡལ་(༢༦༤བ)
ག་བཅད་ཀྱང་སླར་སྐྱེ་བ་ལྟར་ཉོན་མོངས་རྩ་བ་ནས་མ་བཏོན་པའི་འགྲོ་བ་རྣམས་སླར་སྐྱེ་བ་དང་། ལྗོན་ཤིང་བཞིན་ཉེ་དུས་དུས་སུ་མེ་ཏོག་དང་འབྲས་བུ་བསྐྱེད་པ་བཞིན་དུ་ཉོན་མོངས་པ་དང་ལས་དང་གཞི་རྣམས་ཀྱི་རྒྱུ་ཡིན་པ་དང་། དེ་བཞིན་དུ་འབྲས་མཐུག་པོ་ཆེའི་ཤུན་པ་བཞིན་དུ་འདོད་དེ། དེ་ཡོད་ན་འབྲས་སྐྱེའི། དེ་མེད་ན་མ་ཡིན་པ་བཞིན་དུ་ཉོན་མོངས་པའི་ཐོབ་པའི་ཤུན་པ་དང་བཅས་པའི་ལས་ཀྱིས་སྐྱེ་བ་གཞན་དུ་སྐྱེའི། དེ་མེད་ན་ལས་འབའ་ཞིག་གིས་མ་ཡིན་ནོ། །གཉིས་པ་ནི། ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །ལས་ནི་ཤུན་པ་དང་བཅས་པའི་འབྲས་དང་འདྲ་སྟེ། ཤུན་པ་ཡོད་པའི་འབྲས་ཀྱི་སྙིང་པོ་ལས་འབྲས་བུ་འབྱུང་བ་བཞིན་ནོ། །དེ་བཞིན་དུ་སྨན་གྱིས་ལན་གཅིག་ནུས་པ་འབྱིན་པ་དང་འདྲ་བར་ལས་ཀྱིས་ཀྱང་འབྲས་བུ་རྣམ་པར་སྨིན་ནས་ཀྱང་རྣམ་སྨིན་མི་འགྲུབ་པའི་ཕྱིར་དང་། མེ་ཏོག་འབྲས་བུ་སྐྱེ་བ་ལ་ཉེ་བའི་རྒྱུ་ཡིན་པ་བཞིན། ལས་ཀྱང་རྣམ་སྨིན་བསྐྱེད་པ་ལ་ཉེ་བའི་རྒྱུ་དང་། ཉོན་མོངས་པ་ནི་རིང་བའི་རྒྱུའོ། །གསུམ་པ་ནི། གཞི་ནི་བཟའ་བཏུང་གྲུབ་པ་བཞིན། །དཔེར་ན། བཟའ་བཏུང་དུ་གྲུབ་ཟིན་པ་ལོངས་སྤྱད་བྱ་འབའ་ཞིག་ཡིན་གྱི། ཡང་བསྐྱེད་བྱ་མིན་པ་བཞི་གཞི་རྣམ་སྨིན་ཡང་ནི་ལོངས་སྤྱད་བྱ་ཡིན་གྱི། ཡང་ཚེ་རབས་གཞན་དུ་བསྐྱེད་བྱ་མ་ཡིན་ཏེ། རྣམ་སྨིན་ལས་ཚེ་རབས་གཞན་དུ་རྣམ་སྨིན་གཞན་དང་འབྲེལ་པ་མེད་པའི་ཕྱིར། འབྲེལ་པར་གྱུར་ན་ཐར་པ་མི་འབྱུང་བར་ཐལ། དགྲ་བཅོམ་པ་ལའང་རྣམ་སྨིན་དེ་ཡང་སྲིད་ཀྱི་རྒྱུར་སོང་བའི་ཕྱིར་རོ། །ཚེའི་རྒྱུན་རྟེན་ཅིང་འབྱུང་བ་ན་བར་སྲིད་དང་སྐྱེ་སྲིད་དང་དུས་སྲིད་དང་འཆི་བའི་སྲིད་པ་སྟེ་སྔར་བཤད་ཟིན་ཏོ། །བཞི་པ་དེ་རྣམས་སྲིད་པ་ཞིར་བསྟན་པ་ནི། སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉིན་མོངས་ཅན། །རང་གི་ས་པའི་ཉོན་མོངས་ཀུན། །གཞན་རྣམ་གསུམ་པོ་གཟུགས་མེད་གསུམ། །སྲིད་པ་བཞི་པོ་དེ་དག་ལས་སྐྱེ་བའི་སྲིད་པ་ནི་གཅིག་ཏུ་ཉོན་མོངས་ཅན་ཡིན་ཏེ། དགེ་བ་དང་མ་སྒྲིབ་ལུང་མ་བསྟན་མེད་པའི་ཕྱིར། སྐྱེ་སྲིད་དེ་ས་(༢༦༥ན)
གང་ཡིན་པ་དེའི་རང་གི་ས་པའི་ཉོན་མོངས་དྲུག་པོ་མཐོང་སྤང་སྒོམ་སྤང་གང་ཡིན་ཀྱང་རུང་བས་ཀུན་ཅེས་བྱ་ལ། ཉོན་མོངས་དེ་དག་གིས་ནི་ཉིང་མཚམས་སྦྱོར་བ་ལ་དགག་པ་མེད་དེ། དེ་ཡང་རྩ་ཉོན་ཁོ་ནས་ཡིན་གྱི། ཕྲག་དོགསེར་སྣ། འགྱོད། ཁྲོ། འཚིག་པ་ལྔས་མིན་ཏེ། དེ་དག་ནི་ཀུན་དཀྲིས་ཆིག་རྐྱ་ཐུབ་པ་ཡིན་པའི་ཕྱིར་ཏེ། མ་རིག་པ་མ་གཏོགས་ཉོན་མོངས་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར། མ་རིག་པ་དང་མཚུངས་ལྡན་གྱིས་ཚིག་རྐྱ་མི་ཐུབ་པ་དང་། ངོ་ཚ་མེད་སོགས་ཉོན་མོངས་གཞན་དང་མཚུངས་ལྡན་གྱིས་ཉིང་མཚམས་སྦྱོར་བ་ནི་དགག་པ་མེད་དོ། །འཆི་བའི་སྐབས་ནི་སེམས་སེམས་བྱུང་རྒྱུ་བ་མི་གསལ་བས་བློ་ཞན་པ་བཏང་སྙོམས་ཤས་ཆེ་ཡང་གང་ཟག་གང་གིས་ཉོན་མོངས་སྔར་གོམས་དེ་འཆི་ཚེ་མངོན་སུམ་དུ་གྱུར་ནས། འཇིག་མཐར་སོགས་ལ་ཉེ་བར་གནས་ཏེ་དེ་ཡང་སྔ་མའི་འབྲས་བུའི་ངོ་བོར་ཉེ་བར་བཟུང་ཞིང་འཕངས་ཏེ་བསྐྱེད་པ་ཡིན་ནོ། །བར་སྲིད་དུ་ཉིང་མཚམས་སྦྱོར་བ་ཡང་དེ་བཞིན་དུ་ངེས་པར་ཉོན་མོངས་ཅན་ནོ། །གཞན་བར་སྲིད་སྔོན་དུས་ཀྱི་སྲིད་པ་འཆི་པའི་སྲིད་པ་གསུམ་པོ་རྣམས་དགེ་བ་དང་ཉོན་མོངས་ཅན་དང་ལུང་མ་བསྟན་དང་གསུམ་མོ། །གཟུགས་མེད་བར་སྲིད་མ་གཏོགས་སྲིད་པ་གསུམ་ཡོད་ལ། དེའི་ཤུགས་ཀྱིས་འདོད་གཟུགས་ལ་ནི་སྲིད་པ་བཞི་ཀ་ཡོད་དོ། །གསུམ་པ་སྐྱེས་པ་གནས་པའི་རྐྱེན་ལ། བསྟན། བཤད། ཟས་བཞིར་ངེས་པས་མཇུག་བསྡུ་བའོ། །དང་པོ་ནི། མདོ་ལས། འགྲོ་བ་ཟས་ཀྱིས་གནས་པ་ཡིན། །ཅེས་སོ། །ཟས་ནི། ཁམ་གྱི་དང་། རེག་པའི་དང་། ཡིད་ལ་སེམས་པའི་དང་། རྣམ་པར་ཤེས་པའི་ཟས་སོ། །ཁམ་ཟས་ལ་ཕྲ་བ་ནི་སྲིད་པ་བར་མ་རྣམས་ཀྱི་སྟེ་དྲི་ཟའོ། །འདོད་ལྷ་རྣམས་དང་བསྐལ་པ་དང་པོའི་མི་རྣམས་ཀྱི་འང་ཡིན་(༢༦༥བ)
ཏེ། བྱེ་མའི་ནང་དུ་ཏིལ་མར་བླུགས་པ་བཞིན་ཡན་ལག་རྣམས་ཀྱི་ནང་དུ་འཇུག་པས་རྒྱུ་མཐུན་གཅིན་དང་ཕྱིས་མི་འབྱུང་ངོ་། །བར་སྲིད་ལ་བཤད་གཅི་འབྱུང་མི་འབྱུང་ནི་གསུང་རབ་ལས་བརྟག་པར་བྱའོ། །ཡང་ན་སྲོག་ཆགས་ཕྲ་མོའི་ཁམ་ཟས་ནི་ཁམ་ཟས་ཕྲ་མོ་སྟེ་སྐྱེས་མ་ཐག་དང་། དྲོད་གཤེར་སྐྱེས་ཤིག་སོགས་དང་། མངལ་ན་གནས་པའི་ཟས་སོ། །ཟས་རགས་པ་ནི་གོ་སླའོ། །གཉིས་པ་[རྒྱས་པར་བཤད་པ་]ལ། ཁམ་ཟས་བཤད་པ། ཟས་ལྷག་མ་བཤད་པ། ཞར་ལ་བར་སྲིད་ཀྱི་རྣམ་གྲངས་བཤད་པའོ། །དང་པོ་ལ། དེ་ས་གང་ན་ཡོད་པ། སྐྱེ་མཆེད་གང་ཡིན་པ་དང་། དོགས་པ་བཅད་པའོ། །དང་པོ་ནི། ཁམ་གྱི་ཟས་ནི་འདོད་པ་ན། །ཁམ་གྱི་ཟས་ནི་འདོད་པ་ཁོ་ན་ན་ཡོད་དེ། གོང་མ་གཉིས་ན་དེ་ལ་ཆགས་པ་དང་བྲལ་བའི་ཕྱིར། གཉིས་པ་ནི། སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །དེ་ཡང་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་དེ། སྣ་ལྕེས་ཁམ་དུ་བཅད་ནས་མིད་ཅིང་བཟའ་བས་ཁམ་ཟས་སོ། །ཉི་མས་གདུངས་པ་ལ་གྲིབ་མ་དང་། ལྷགས་པས་ཉེན་པ་ལ་ཉི་མ་དང་མེ་དང་། མུན་པས་འཐོམས་པ་ལ་འོད་སོགས་ཟས་ཡིན་ནམ་ཞེས་འདྲི་ན། དེ་དག་གི་དྲི་སོགས་ཁམ་དུ་བྱེད་པ་མིན་པས་དེ་དག་ཟས་མིན་ཀྱང་དྲི་སོགས་ཕལ་ཆེ་བ་ཟས་ཡིན་པའི་དབང་དུ་བྱས་སོ་ཞེས་ཟེར་བ་ནི་གཞན་གྲགས་སོ། །རང་ལུགས་ནི། དེ་དག་མི་མིད་ཀྱང་ཟས་ཕྲ་མོ་ཡིན་ཏེ། ཁྲུས་དང་ལུས་མཉེ་བ་ཟས་ཡིན་པ་བཞིན་འདིར་ཡང་མཚུངས་པའི་ཕྱིར་རོ། །གསུམ་པ་ནི། གཟུགས་ཀྱི་སྐྱེ་མཆེད་མ་ཡིན་དེས། །རང་དབང་གྲོལ་ལ་མི་ཕན་ཕྱིར། །ཅི་གཟུགས་ཀྱི་སྐྱེ་མཆེད་ཟས་སུ་ཐལ། ཁ་དོག་ལྟ་བུ་ཁམ་དུ་བཅད་ནས་ཟ་བའི་ཕྱིར་ཞེ་ན། གཟུགས་ཀྱི་སྐྱེ་མཆེད་ཁམ་ཟས་མ་ཡིན་ཏེ། ཡིན་ན་དེས་མིད་པའི་ཚེ་མིག་གི་དབང་པོ་དང་། དབང་རྟེན་གྱི་འབྱུང་ཆེན་ལ་ཕན་འདོགས་དགོས་པ་ལས། གང་ཞིག་དེ་ལྟར་ཡང་མ་ཡིན་པའི་ཕྱིར། རང་གི་དབང་པོ་ལ་ཕན་མི་འདོགས་པའི་ཕྱིར་དབང་པོ་(༢༦༦ན)
གཞན་ལ་ནི་ཕན་འདོགས་པར་ག་ལས་ཀྱང་ཐལ་བའི་ཕྱིར་རོ། །འོ་ན་ཟས་བཤམས་པ་མཐོང་བ་ན་ཆོས་ཅན། དེའི་གཟུགས་དེ་ཟས་སུ་ཐལ། དེ་ལ་དམིགས་པའི་ཡིད་བདེ་བ་མྱོང་བས་རང་གི་དབང་པོ་ལ་ཕན་འདོགས་པའི་ཕྱིར་ཞེ་ན། མ་ཁྱབ་སྟེ། ཡིད་དུ་འོང་བར་བཅད་པ་དེ་ཆོས་ཅན། ཁམ་ཟས་ཀྱིས་ཕན་འདོགས་པ་མ་ཡིན་ཏེ། ཡིད་དུ་འོང་བར་བཅད་པའི་རེག་པའི་ཟས་ཀྱིས་ཕན་འདོགས་པའི་ཕྱིར། དེ་ལྟར་ནའང་བཤམས་པའི་ཟས་ཆོས་ཅན། གཟུགས་ཀྱི་སྐྱེ་མཆེད་ཀྱི་ཁམ་ཟས་མིན་ཏེ། འདོད་པའི་རེག་པའི་ཟས་ལ་ཆགས་པ་མ་བྲལ་བ་དག་རེག་པའི་ཟས་ཀྱིས་དབང་པོ་ལ་ཕན་འདོགས་ཀྱང་རེག་ཟས་ལ་ཆགས་པ་དང་བྲལ་བའི་གྲོལ་བ་ཕྱིར་མི་འོང་དང་དགྲ་བཅོམ་པ་ལ་རེག་ཟས་ཀྱིས་ཕན་མི་འདོགས་པའི་ཕྱིར། བཤམས་པའི་གཟུགས་ཀྱི་སྐྱེ་མཆེད་ཟས་ཡིན་ན་གྲོལ་བའི་དབང་པོ་ལའང་དྲི་རེ་རེག་གསུམ་གྱིས་རང་རང་གི་དབང་པོ་ལ་ཕན་འདོགས་དགོས་པ་བཞིན་གཟུགས་ཀྱི་སྐྱེ་མཆེད་ཀྱི་ཟས་དེ་མིག་གི་དབང་པོ་ལ་ཕན་འདོགས་དགོས་ན་དེ་ལྟར་ཀྱང་མི་འདོགས་པའི་ཕྱིར། ཁམ་ཟས་ཟས་བཅས་ཡིན་ཏེ། སྐྱེ་མཆེད་གསུམ་གྱི་བདག་ཉིད་ཀྱི་ཕྱིར། དེ་ཟས་ཀྱི་ཆེད་དུ་འགྱུར་བའང་ཁར་བཅུགསོས་མན་ལ། མཆིལ་མས་བརླན། མིད་པར་འདས། ཕོ་བ་ཁེངས་པའི་ཚེ་ཟས་ཀྱི་བྱ་བ་བྱེད་དོ། །གཉིས་པ་ཟས་ལྷག་མ་བཤད་པ་ལ། ངོ་བོ་ངོས་བཟུང་། ཁམས་གང་ན་ཡོད་པའོ། །དང་པོ་ནི། རེག་དང་སེམས་པ་རྣམ་ཤེས་ནི། །ཟག་བཅས་ཟས་ཡིན། །གསུམ་འདུས་པ་ལས་བྱུང་བའི་སེམས་བྱུང་རིག་པ་དང་། སེམས་པ་ཡིད་ཀྱི་ལས་དང་རྣམ་པར་ཤེས་པ་ཟག་བཅས་ཁོ་ན་ནི་ཟས་ཡིན་ནོ། །གཉིས་པ་ནི། གསུམ་དག་ན། །དེ་དག་ཁམས་གསུམ་ཆར་དག་ན་ཡོད་དོ། །བྱེ་སྨྲས་རེག་སོགས་ཟག་མེད་ནི་ཟས་མིན་ཏེ། མ་འཕངས་པ་འཕེན། འཕངས་པ་འགྲུབ་པའི་སྒོ་ནས་སྲིད་པ་གསོ་པར་བྱེད་པའི་(༢༦༦བ)
ཟས་ཡིན་ན། དེ་གསུམ་ནི་སྲིད་པ་ཟད་པའི་ཕྱིར་གཉེན་པོར་སྐྱེས་པའི་ཕྱིར། ཞེས་ཟེར་རོ། །གཞན་ཡང་སེམས་བྱུང་བ་རྣམས་གནས་པར་བྱེད་པ་དང་། འཚོ་བར་བྱེད་པ་དང་། སྲིད་པ་འཚོལ་བ་རྣམས་ལ་ཕན་པར་བྱེད་པ་ཡིན་ནོ་ཞེས་གསུངས་ན། ཟག་མེད་ཀྱི་ཆོས་ནི་དེ་ལྟར་མ་ཡིན་ནོ། །གསུམ་པ་ཞར་བྱུང་བར་སྲིད་ཀྱི་རྣམ་དག་ནི། ཡིད་ལས་བྱུང་དང་སྲིད་ཚོལ་དང་། །དྲི་ཟ་སྲིད་པ་བར་མ་དང་། །འགྲུབ་པའོ། སྲིད་པ་འཚོལ་བ་གང་ཞེ་ན། ཕྱིའི་ཁུ་ཁྲག་དང་འདམ་རྫབ་དང་མེ་ཏོག་སོགས་ཅུང་ཟད་ཀྱང་རྒྱུར་བྱས་པ་མེད་པར་ཡིད་ཙམ་ལས་སྐྱེས་པས་ཡིད་ལས་བྱུང་བ་དང་། སྐྱེ་བའི་སྲིད་པ་འཚོལ་བ་ལ་གཞོལ་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་སྲིད་ཚོལ་དང་། དྲི་ཟས་སུ་ཟ་བའི་ཕྱིར་ཟ་དང་། སྡུག་བསྔལ་གྱི་རང་བཞིན་ལུས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་མངོན་པར་འགྲུབ་པ་སྟེ། བཅོམ་ལྡན་འདས་ཀྱིས། སྲིད་པ་བར་མ་དང་རྣམ་གྲངས་འདི་དག་གིས་གསུངས་སོ། །འདིར་མངོན་པར་འགྲུབ་པའི་ཀུན་སྦྱོར་སྤངས་ལ་སྐྱེ་བའི་ཀུན་སྦྱོར་མ་སྤངས་པའི་མུ་དང་། དེ་ལས་བཟློག་པའི་མུ་དང་། གཉིས་ཀ་སྤངས་པའི་མུ་དང་། གཉིས་ཀ་མ་སྤངས་པའི་མུ་དང་བཞི་ལས། སྤྱིར་སྐྱེ་བ་ནི་མཚོན་སོགས་ཀྱིས་གནོད་པ་དང་བཅས་པར་གྲུབ་ནས་འཇིག་རྟེན་དུ་གདོད་སྐྱེ་བ་ཡིན་ལ། སྲིད་པ་བར་མ་ནི་མཚོན་སོགས་ཀྱིས་གནོད་པ་དང་བཅས་པར་མ་གྲུབ་པས་མངོན་པར་འགྲུབ་པ་ཡིན་གྱི། གྲུབ་པ་ནི་མ་ཡིན་པའི་ཕྱིར། མུ་དང་པོའི་ལུང་དངོས་སུ་དྲངས་ནས་བཤད་པར་བྱ་སྟེ། མདོ་ལས། གནོད་པ་དང་བཅས་པའི་ལུས་མངོན་པར་གྲུབ་ནས་གནོད་པ་དང་བཅས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་། ཞེས་པ་དང་། བར་སྲིད་འགྲུབ་བྱེད་ཡིན་པ་དེ་བཞིན། མདོ་ལས། གང་གིས་མངོན་པར་འགྲུབ་པའི་ཀུན་ཏུ་སྦྱོར་བ་ནི་སྤངས་ལ། སྐྱེ་བའི་ཀུན་ཏུ་སྦྱོར་བ་ནི་མ་ཡིན་པའི་གང་ཟག་ཀྱང་ཡོད་དོ། །ཞེས་གསུངས་པས། མུ་དང་པོ་ཕྱིར་(༢༦༧ན)
མི་འོང་འདོད་གཟུགས་ལ་ཆགས་པ་དང་བྲལ་བ་གཟུགས་མེད་པར་སྐྱེ་འཕགས་པ་དེ་ལ་བར་དོ་མེད་པས་འགྲུབ་པའི་ཀུན་སྦྱོར་སྤངས་ལ། གཟུགས་མེད་དེ་རུ་སྐྱེ་བས་སྐྱེ་བའི་ཀུན་སྦྱོར་ནི་མ་སྤངས་པ་ལྟ་བུའོ། །མུ་གཉིས་པ་ནི་བར་འདའ་བ་སྟེ། ཉོན་མོངས་པ་སྟེ་ནུས་པ་ཆུང་བས་བར་དོ་ཙམ་བསྐྱེད་པར་ནུས་ལ། །དེ་ལས་སྐྱེ་བ་གཞན་བསྐྱེད་པར་མི་ནུས་པས་འགྲུབ་པའི་ཀུན་སྦྱོར་མ་སྤངས་ལ། སྐྱེ་བའི་ཀུན་སྦྱོར་སྤངས་ཞེས་བྱའོ། །འདི་ལའང་འགྲུབ་པའི་ཀུན་སྦྱོར་ནི་ཉོན་མོངས་པ་ཆུང་ཚར་གསུམ་ཡིན། སྐྱེ་བའི་ཀུན་སྦྱོར་ནི་ཉོན་མོངས་དྲུག་མན་ཆོད་ཡིན་བྱ་བ་ལ། འོ་ན་དེ་ལྟ་བུ་དེས་ཆོས་ཅན། སྐྱེ་བའི་ཀུན་སྦྱར་ཡང་སྤངས་པར་ཐལ། དྲུག་པ་མན་ཆོད་སྤངས་པའི་ཕྱིར། འདོད་མི་ནུས་ཏེ། སྐྱེ་བའི་ཀུན་སྦྱོར་མ་སྤངས་ལ། འགྲུབ་པའི་ཀུན་སྦྱོར་སྤངས་པ་ཡོད་པའི་ཕྱིར། དེས་ན་ཉོན་མོངས་ཆེ་འབྲིང་དགུ་པོ་དེ་ལ་སྐྱེ་བའི་ཀུན་སྦྱོར་དང་འགྲུབ་པའི་ཀུན་སྦྱོར་འདི་ཡིན་ང་བཅད་དུ་མེད་དོ། །མུ་གསུམ་པ་ནི་དགྲ་བཅོམ་པ་དང་། མུ་བཞི་པ་ནི་སོ་སོ་སྐྱེ་བོ་དང་། འཕགས་པ་འདོད་པ་ལས་ཆགས་བྲལ་གཟུགས་ཁམས་སུ་སྐྱེས་པའོ། །འགྲེལ་བཤད་རྒྱལ་སྲས་མར། སོ་སོ་སྐྱེ་བོ་བདག་ཅག་ལྟ་བུ། ཞེས་གསུངས་པར་སྣང་བས་འགྲེལ་བཤད་མཁན་འཕགས་པ་ནི་མ་ཡིན་པར་སྣང་ངོ་། །གོང་དུ་བྱུང་བ་ནི་སྐྱེ་བ་རྣམས་སོ། །སྲིད་པ་ཚོལ་བ་ནི་སྲིད་པ་བར་དོ་རྣམས་སོ་ཞེས་པ་ལས་རྣམ་གྲངས་གཞན་ཁམས་གསུམ་ལས་ཆགས་བྲལ་གྱི་དགྲ་བཅོམ་ནི་བྱུང་བ་སྟེ། འཁོར་བ་ལས་ངེས་པར་འབྱུང་བའི་ཕྱིར། ཁམས་གསུམ་དུ་སྲིད་པ་ཚོལ་བ་ནི་སྲེད་པ་དང་བཅས་པ་རྣམས་ཏེ། ཁམས་གསུམ་དུ་སྲིད་པ་ཚོལ་བའི་ཕྱིར། བྱུང་བ་གནས་བ་དང་སྲིད་ཚོལ་ལ་ཕན་འདོགས་བྱེད་ཀྱི་ཟས་ནི་དུ་ཞིག་གོ་ཞེ་ན། བྱེ་(༢༦༧བ)
སྨྲས། ཟས་ཐམས་ཅད་ཀྱང་བྱུང་བ་གནས་བྱེད་དང་སྲིད་ཚོལ་ལ་ཕན་བྱེད་གཉིས་ཀ་ཡིན་ནོ་ཞེས་ཟེར་རོ། །སྲིད་པ་ཚོལ་བ་ལས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཡིད་ལ་སེམས་པ་དང་སེམས་དེས་རབ་ཏུ་ཕྱེ་ནས་རྣམ་ཤེས་ས་བོན་གྱི་ཚུལ་དུ་འབྲས་བུ་འབྱུང་བར་བྱས་པ་དང་། དེ་དང་མཚུངས་ལྡན་གྱི་རེག་པས་སྲིད་པ་ཕྱི་མ་ལ་ཕན་འདོགས་པར་རིགས་ན། ཁམ་ཟས་ཀྱིས་ནི་ཅི་ལྟར་ཕན་འདོགས་པར་བྱེད་ཅེ་ན། ཁམ་ཟས་ཆོས་ཅན། ཡང་སྲིད་འབྱུང་བའམ་ཚོལ་བྱེད་ལ་ཕན་འདོགས་ཏེ། ཡང་སྲིད་ནི་ནད་དང་འབྲས་དང་ཟུག་རྔུའི་མིང་ཅན་གྱི་ཉེར་ལེན་ཕུང་ལྔ་དེའི་རྩ་བའམ་རྒྱུ་དང་ཚེ་འདི་ནས་ཕ་རོལ་དུ་རྒ་ཤིའི་རྐྱེན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར། ལུང་ཁྱབ་ནི། ཉེར་ལེན་གྱི་སྲིད་པ་ནི་ཆོས་ཅན། ཡང་ནས་ཡང་དུ་འབྱུང་སྟེ། ཁམ་གྱི་ཟས་དེ་ལ་ཆགས་ནས་སྲིད་པ་ཕྱི་མ་ཚོལ་བའི་ཕྱིར་རོ། །ཁམ་ཟས་བྱུང་བ་གནས་བྱེད་དུ་མངོན་སུམ་གྱིས་གྲུབ་ལ། བདེ་བ་མྱོང་འགྱུར་དང་རྣམ་ཤེས་ཀྱང་ཕན་འདོགས་སུ་བཤད་ཟིན་ལ། སེམས་པ་ཇི་ལྟར་སྙམ་ན། སེམས་པ་བྱུང་བ་གནས་བྱེད་ཀྱི་ཟས་ཡིན་ལ། སེམས་པ་སྨོས་པས་རེག་པ་དང་རྣམ་ཤེས་ཀྱང་སྨོས་ཏེ། མཚུངས་ལྡན་ཡིན་པའི་ཕྱིར། འདི་སྐད་དུ། ལོ་ཉེས་ཀྱིས་ཉེན་པའི་ཕ་ཞིག་གིས་ཐལ་བའི་རྒྱལ་པ་ཁ་ཐུར་མས་གཏུར་ཏེ་ཕྱེ་ཡིན་ནོ་བར་བུ་གཉིས་ཤིག་ཡིད་ཆེས་པར་བྱས་པ་དང་། དེ་གཉིས་ཀྱང་དེ་ལ་རྟོག་པར་བྱེད་ཅིང་རིང་མོ་ཞིག་ཏུ་གནས་པར་གྱུར་ཏོ། །གཅིག་གིས་ཁ་ཕྱེ་ནས་ཐལ་བ་ཡིན་ནོ་སྙམ་སྟེ་རེ་བ་མེད་པར་གྱུར་པ་དང་ཤིའོ། །ཡང་རྒྱ་མཚོར་གྲུ་ཆག་པའི་མི་ཞིག་ལྦུ་བ་ལ་ཐང་ཡིན་ནོ་སྙམ་ནས་ལྦུ་བའི་ཕུང་པོ་ཆེན་པོ་ཞིག་གི་དྲུང་དུ་སོང་སྟེ་དེ་ལ་ལྦུ་བར་ཤེས་པ་ན་མནར་སེམས་ཀྱི་རེ་བ་མེད་པ་དང་ཤིའོ། །གསུས་པོ་ཆེའི་འགྲོ་བའི་རྣམ་གྲངས་ལས། རྒྱ་མཚོ་ཆེན་པོ་ནས་སྲོག་ཆགས་ཆེ་ལོང་(༢༦༨ན)
རྣམས་ཆུ་བྱ་སོགས་ཀྱིས་ཆུའི་ནང་ནས་ཐང་ལ་བཏོན་ཏེ་བྱེ་མ་ཅན་གྱི་ཐང་ལ་སྒོ་ང་རྣམས་བཞག་ནས་བྱེ་མས་བཀབ་སྟེ། སླར་རྒྱ་མཚོའི་ནང་དུ་འགྲོའོ། །དེ་ལ་མ་གང་དག་གིས་སྒོ་ང་ལ་བསམས་ཏེ་དྲན་པས་མ་བརྗེད་པའི་སྒོ་ང་དེ་དག་ནི་འདྲུལ་བར་མི་འགྱུར་རོ། །བུ་རང་ལས་གཞན་མ་ཡི་རེག་པའི་ཟས་ཀྱིས་བུ་རང་གི་རེག་པའི་ཟས་སུ་མི་འགྱུར་བས་དེའི་ཕྱིར་འདི་སྐད་དུ། སྒོ་ངའི་ནང་ན་ཡོད་པའི་སྲོག་ཆགས་གང་དག་གིས་མ་ལས་བསམས་ནས་དྲན་པས་མི་བརྗོད་པ་དེ་དག་ནི་རེག་པའི་གནས་སྐབས་དེ་དྲན་པས་འདྲུལ་བར་མི་འགྱུར་ལ། གང་དག་གིས་བརྗེད་པ་དེ་དག་ནི་འདྲུལ་བར་འགྱུར་རོ། །ཞེས་ནི་བརྗོད་དོ། །གསུམ་པ་ཟས་བཞིར་ངེས་པས་མཇུག་བསྡུ་བ་ནི། འདི་ལ་གནས་དང་ནི། །རྟེན་པ་རྒྱས་པའི་དོན་དུ་གཉིས། །སྲིད་གཞན་འཕེན་དང་འགྲུབ་པ་ཡི། །དོན་དུ་གཉིས་ཏེ་གོ་རིམས་བཞིན། །ཟག་བཅས་ཐམས་ཅད་སྲིད་པ་གསོ་བྱེད་ཡིན་ཀྱང་གཙོ་བོར་ནི་ཟས་བཞི་སྟེ། འདི་ལ་སྐྱེས་པའི་སྲིད་པ་གཟུགས་དང་མིང་གཉིས་ཀྱིས་གནས་ཏེ། རྟེན་དབང་པོ་དང་བཅས་པའི་ལུས་གཟུགས་རྒྱས་པར་བྱེད་པ་ཁམ་ཟས་དང་ནི། དེ་ལ་བརྟེན་པ་སེམས་དང་སེམས་བྱུང་རྣམས་མིང་སྟེ། དེ་རྒྱས་པའི་དོན་དུ་རིག་པ་སྟེ་ཟས་དེ་གཉིས། འདིར་སྐྱེས་ཀྱི་སྲིད་པ་གསོ་བ་ལ་གཙོ་བོར་བཤད་དོ། །ཡིད་ལ་སེམས་པ་ལས་ཀྱི་རང་བཞིན་ཡིན་པས་དེ་སྐྱེ་བའི་རྐྱེན་བརྒྱུད་པ་དང་མཐུན་པར་གནས་པའི་ཕྱིར་མིང་གཟུགས་ཀྱི་རང་བཞིན་སྲིད་པ་གཞན་འཕེན་པ་དང་། འཕངས་ཟིན་ལས་ཀྱིས་བསྒོས་པའི་རྣམ་ཤེས་ཀྱི་ས་བོན་སྲེད་པས་བརླན་པ་ལས་འགྲུབ་པས་མིང་གཟུགས་གཞན་འགྲུབ་པའི་དོན་དུ་རྣམ་ཤེས་ཏེ་འདི་གཉིས་མ་འོངས་པའི་སྲིད་པ་བསྐྱེད་པ་གཙོ་བོ་སྟེ་གོ་རིམ་བཞིན་སྦྱར་རོ། །ཟས་སྔ་མ་གཉིས་སྐྱེས་ཟིན་གསོ་བྱེད་མ་མ་ལྟ་བུ་དང་། ཕྱི་མ་གཉིས་སྐྱེད་བྱེད་མ་ལྟ་བུའོ། །འོ་ན་མས་སྔར་བསྐྱེད་པ་དེ། དུས་ཕྱིས་མ་མས་གསོ་བ་ཡིན་པ་ལ་འདི་གོ་རིམ་ལོག་གམ་སྙམ་ན། མ་མ་ལྟ་བུ་ཁམ་དང་རེག་པའི་སྔོན་དུ་མ་(༢༦༨བ)
ལྟ་བུ་སེམས་པ་དང་། རྣམ་ཤེས་སྔོན་དུ་སོང་ནས་འཕེན་ཅིང་འགྲུབ་བོ་ཞེས་བཤད་པའི་རིམ་མམ། ཡང་ན་ཚེ་འདིའི་རྟེན་ལུས་དང་བརྟེན་པ་སེམས་དང་སེམས་བྱུང་སྔ་བས་ཁམ་དང་རེག་པ་མ་མ་ལྟ་བུ་སྡུན་ལ་བཤད་ལ། ཚེ་ཕྱི་མ་འཆི་ཁ་ཙམ་ནས་ཕྱི་མ་འཕེན་ཅིང་འགྲུབ་པས་སེམས་པ་དང་རྣམ་ཤེས་གཉིས་ཕྱིས་བཤད་དོ། །ཁམ་ཡིན་ལ་ཟས་ཡིན་མིན་ལ་མུ་བཞི་སྟེ། མུ་དང་པོ་དུག་ཟ་བ་ལྟ་བུ་ཁམ་དེ་ལ་བརྟེན་ནས་དབང་པོ་རྣམས་ཉམས། འབྱུང་ཆེན་རྣམས་འཇིག་པར་འགྱུར་བའོ། །མུ་གཉིས་པ་གཞན་ཟས་གསུམ་མོ། །མུ་གསུམ་པ་ཁམ་དེ་ལས་དབང་པོ་རྒྱས་བྱུང་འཕེལ་བ་ཟས་ཡིད་དུ་འོང་བའོ། །མུ་བཞི་ནི་སྒྲ་དང་ཚོར་བ་སྡུག་བསྔལ་དང་མཚུངས་ལྡན་ནོ། །དེ་བཞིན་རེག་པ་ཡིན་ལ་ཟས་མིན་པའི་མུ་ཡུལ་ཡིད་དུ་མི་འོང་བར་བཅད་པ་ལྟ་བུ། ཟས་ཡིན་ལ་རེག་པ་མིན་པ་ཟས་གསུམ་པོ་ལྟ་བུ། རེག་ཟས་གཉིས་ཡིན་ཡིད་འོང་དུ་བཅད་པའི་རེག་པ་ལྟ་བུ། གཉིས་མིན་ཚོར་བསྡུག་བསྔལ་ལྟ་བུ། སེམས་པ་དང་རྣམ་ཤེས་ཀྱི་ཟས་ལ་ཡང་དེ་ལྟར་སྦྱར་རོ། །རེག་པ་དང་སེམས་པ་རྣམ་ཤེས་སོགས་ལས་དབང་པོ་རྒྱས་བྱུང་འཕེལ་ཡང་ཟས་མིན་པ་ཡོད་དེ། དེ་དག་ཏུ་གྱུར་པའི་གཞན་གྱི་ས་པ་དང་ཟག་མེད་ནི་དེ་མ་ཡིན་པའི་ཕྱིར། བཟློག་པ་ལས་རང་ས་དང་ཟག་བཅས་ནི་ཟས་ཡིན་དུ་གྲུབ་བོ། །བྱེ་སྨྲས། དུག་སོགས་ཟོས་ན་ཟ་པོ་ལ་གནོད་བྱེད་དེ་ཡང་དང་པོ་ཟ་བའི་ཚོ་ཁར་ཞིམ་སོགས་ཀྱི་ཟས་ཡིན་ཏེ། ཟས་ནི་ལོངས་སྤྱོད་པ་དང་འཇུ་བའི་དུས་གཉིས་སུ་བྱ་བ་བྱེད་པའི་ཕྱིར་ཟེར་རོ། །འགྲོ་བ་དང་སྐྱེ་གནས་ཐམས་ཅད་དུ་ཟས་ཐམས་ཅད་ཡོད་དོ། །འོ་ན་དམྱལ་ཁམས་གྱི་ཟས་ཇི་ལྟར་ན། ལྕགས་ཀྱི་ཐོ་ལུམ་ལ་སོགས་པའོ། །འོ་ན་གནོད་བྱེད་ཟས་ཡིན་ན་ཁམ་ཟས་ལ་མུ་བཞིར་བཤད་པའི་མུ་དང་པོ་ལ་གནོད་པ། བསྟན་བཅོས་རབ་བྱེད་ལས། ཁམས་གང་ལས་དབང་པོ་རྒྱས་(༢༦༩ན)
པ་དང་འབྱུང་ཆེན་འཕེལ་བ་སོགས་ཟས་སུ་བཤད་པས་གནོད་ཅེ་ན། འདི་དང་མུ་བཞི་དང་རབ་བྱེད་ཀྱི་གཞུང་དུ་གསུངས་པ་དེ་དང་མི་འགལ་ཏེ། དེར་རྒྱས་འགྱུར་གྱི་ཟས་ལ་དགོངས་ཏེ་གསུངས་པའི་ཕྱིར་རོ། །ཡང་ན་ཉམས་གྱུར་དམྱལ་ཟས་ཆོས་ཅན། ཟས་སུ་འཇོག་པའི་མཚན་ཉིད་ཡོད་དེ། ཐོ་ལུམ་འབར་བ་དང་ཟངས་ཞུན་སོགས་ཀྱི་བཀྲེས་སྐོམ་འཇོམས་ནུས་པའི་ཕྱིར། ཡང་གང་སྤེལ། དེས་དེ་འཇོམས་ནུས་ནས་འཇོམས་པ་མིན་ཏེ། མེ་ཁམས་ཤས་ཆེ་བའི་ཕྱིར། སེམས་ཅན་གྱི་སྐལ་མཉམ་དེ་འདྲ་བ་ཡིན་པས་སོ། །འབར་བས་འཚིག་པ་ལ་བཀྲིས་སྐོམ་མི་འབྱུང་བའི་དོན་ཏེ། ཞེས་སོ། །ཡང་ན་དམྱལ་ཆེན་ན་ཟས་མེད་ཀྱང་ཉི་ཚེའི་དམྱལ་བ་ན་ཟས་ཡོད་པས་འགྲོ་བ་ལྔ་ཀར་ཟས་ཡོད་དོ། །བཅོམ་ལྡན་འདས་ཀྱིས། མུ་སྟེགས་པའི་དྲང་སྲོང་འདོད་ཆགས་དང་བྲལ་བ་བརྒྱ་ལ་ཟས་བྱིན་པ་བས། འཛམ་བུའི་ཚལ་ན་འདུག་པའི་སོ་སྐྱེ་གཅིག་ལ་བྱིན་ན། སྦྱིན་པ་དེ་བས་སྦྱིན་པ་འདི་འབྲས་བུ་ཆེའོ། །ཞེས་གསུངས་པས། འཛམ་ཚལ་གྱི་སོ་སྐྱེ་དེ་གང་ཞེ་ན། ཁ་ཅིག་འཛམ་གླིང་པའི་ལྟོ་ལྡན་ཟས་ཟ་ནུས་ཐམས་ཅད་དོ་ཟེར། མི་རིགས་ཏེ། ཐམས་ཅད་ཡིན་ན་གཅིག་ཆིག་དང་འགལ་བའི་ཕྱིར། སོ་སྐྱེ་མང་པོ་ལ་ཟས་བྱིན་པ་འབྲས་བུ་དམན་པ་དང་། འདོད་པ་ལས་ཆགས་བྲལ་བརྒྱ་ལ་ཟས་བྱིན་པ་འབྲས་བུ་མཆོག་གི་ཁྱད་པར་ཅི་ཞིག་ཡོད་དེ། སྦྱིན་པ་མང་བས་འབྲས་བུ་ཡང་ཆེས་ཆེ་བར་འགྱུར་བའི་ཕྱིར། གཞན་དག་བྱང་ཆུབ་སེམས་དཔའ་མཚན་གྱི་ལས་སྒྲུབ་པ་བྱང་ཆུབ་ལ་ཉེ་བ་ལ་བྱེད་ཟེར་རོ། །བྱེ་སྨྲས། བྱང་སེམས་ཉེ་བ་ཆོས་ཅན། ཁྱོད་ལ་དེ་སྐད་དུ་མི་བརྗོད་དེ། དེ་ལ་བྱིན་ན་དགྲ་བཅོམ་བྱེ་བ་ལ་བྱིན་པ་བས་བསོད་ནམས་ཆེས་མང་བར་བཤད་པའི་ཕྱིར། འདོད་ཆགས་ལས་བྲལ་བ་བརྒྱ་ལ་བྱིན་པ་བས་ལྟ་ཅི་སྨོས་པའི་ཕྱིར་ངེས་འབྱེད་ཆ་མཐུན་ཐོབ་པའི་སོ་སྐྱེ་ལ་དགོངས་ཟེར་རོ། །སློབ་དཔོན་ནི། བཤད་(༢༦༩བ)
པ་དེ་ནི་དོན་མཐུན་གྱི་རྗོད་བྱེད་མིན་ཏེ། མདོ་བསྟན་བཅོས་ལས། འཛམ་ཚལ་དུ་གཏོགས་པ་ངེས་འབྱེད་ཆ་མཐུན་ཐོབ་བོ་ཞེས་མ་བསྟན་པའི་ཕྱིར་དང་། འོལ་སྤྱིར་མ་བཤད་པ་ནི་དོན་ལ་མི་གནས་ཀྱང་ཡིག་དོན་ལ་འབྲུ་ཀྱོག་བཤད་རུང་བ་ཙམ་དུ་ཡང་མ་བཤད་པའི་ཕྱིར་རྟོག་བཏགས་སོ། །འོ་ན་མ་ཡིན་ན་འདི་ནི་བྱང་སེམས་དོན་གྲུབ་ཞིང་དང་གྲོང་གཟིགས་སུ་གཤེགས་པ་འཛམ་བུའི་ཤིང་དྲུང་དུ་བཞུགས་ཏེ་བསམ་གཏན་དང་པོ་བསྐྱེད་པར་མཛད་པ་ཁོ་ན་ཡིན་པར་རིགས་ཏེ། བྱང་སེམས་དེ་སོ་སྐྱེ་ཡིན་ཀྱང་འདོད་པའི་འདོད་ཆགས་དང་བྲལ་བ་ཡང་ཡིན་ལ། ཕྱི་རོལ་པ་འདོད་པ་ལས་ཆགས་བྲལ་སོ་སྐྱེ་ཡིན་པ་དང་འདྲ་བས་ཕྱི་རོལ་པ་དེ་དག་ལས་སྦྱིན་པའི་འབྲས་བུ་ཆེས་མང་བས་ཁྱད་པར་འཕགས་པས་མདོར་དེ་སྐད་གསུངས་སོ། །འཕགས་པ་མིན་ཀྱང་སྐྱེ་མཐའི་བྱང་སེམས་ལ་ཡོན་གཞལ་མེད་དུ་གསུངས་པས། བྱང་སེམས་དེ་ནི་ཕྱི་རོལ་པ་འདོད་པ་ལ་ཆགས་བྲལ་བྱེ་བ་ཁྲི་འབུམ་སོགས་མཐའ་ཡས་པས་ཁྱད་པར་དུ་འཕགས་སོ། །འོ་ན་ཕྱི་པའི་དྲང་སྲོང་བརྒྱ་སྨོས་པ་ཅི་ཡིན་ཅེ་ན། དེ་ནི་དང་པོ་འབྱུང་བརྩི་བའི་མ་མཐའི་དབང་དུ་བྱས་པ་ཡིན་ལ། ཡ་མཐའི་དབང་དུ་བྱས་པ་མིན་ཏེ། དུད་འགྲོ་བརྒྱ་ལ་བྱིན་པ་བས་ཚུལ་ཁྲིམས་འཆལ་པ་མི་གཅིག་ལ་བྱིན་པ་བསོད་ནམས་ཆེ། ཕྱི་རོལ་པ་བརྒྱ་ལ་བྱིན་པ་བས་སོ་སྐྱེ་ནང་པ་འདོད་ཆགས་དང་མ་བྲལ་བ་གཅིག་ལ་བྱིན་པ་བསོད་ནས་ཆེ་རིམ་ནས། ཕྱི་རོལ་པ་འདོད་ཆགས་དང་བྲལ་བ་བརྒྱ་ལས་རྒྱུན་ཞུགས་ཞུགས་པ་གཅིག་དང་། དེ་བརྒྱ་དང་འབྲས་གནས་སོགས་ནས་དགྲ་བཅོམ་འབྲས་གནས་ཀྱི་བར་ཤེས་པར་བྱའོ། །དེ་ལྟར་མིན་པར་འཛམ་ཚལ་པ་དེ་ངེས་འབྱེད་ཆ་མཐུན་པ་གཅིག་ལ་ཟེར་ན། འཛམ་ཚལ་པ་བརྒྱ་ལ་བྱིན་པ་བས་རྒྱུན་ཞུགས་ཞུགས་པ་གཅིག་ལ་བྱིན་པ་འབྲས་བུ་ཆེ་ཞེས་གསུངས་རིགས་པ་(༢༧༠ན)
ལས་མ་གསུངས་པའི་ཕྱིར། འཛམ་ཚལ་པ་དེ་བྱང་སེམས་སོ་སྐྱེ་སྲིད་ཐ་པ་ལ་བྱེད་དོ། །འདིར་སྨྲས་པ། ཚིག་གི་ལམ་དུ་བརྩོན་འགྲུས་ཀྱི། །སྤྲོ་བ་མཐའ་ཡས་གཏེར་འཕེལ་ནས། །དོན་གྱི་ངོ་མཚར་ཇི་སྙེད་པ། །སླར་ངེས་དགའ་ཆེན་གོ་འཕང་ཐོབ། །བཞི་པ་གནས་པ་འཆི་འཕོ་བ་ལ། འཆི་སེམས་ངོས་བཟུང་བ། རྣམ་ཤེས་གང་དུ་འགག་པ། གནད་གཅོད་པའི་རྒྱུའོ། །དང་པོ་ལ་གཉིས། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཆད་དང་མཚམས་སྦྱོར་འདོད་ཆགས་འབྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཡིད་ཀྱི་ལོག་ལྟས་དགེ་རྩ་ཆད་པ་དང་ཡང་དག་པའི་ལྟ་བ་དང་ཐེ་ཚོམ་གྱིས་དགེ་རྩ་ཉིང་མཚམ་སྦྱོར་བ་དང་། ཡིད་མཉམ་པར་བཞག་པས་འཐོབ་བྱ་ཡིན་པས་ཁམས་དང་ས་ལ་འདོད་ཆགས་དང་བྲལ་བ་དང་། འདོད་པ་ལ་འདུན་པ་དང་། གནོད་སེམས་ལྟ་བུ་ཚུལ་བཞིན་མིན་པ་ཡིད་བྱེད་ཀྱིས་ཡོངས་སུ་ཉམས་པ་དང་། དབང་པོ་ལྔའི་རྒྱུ་པ་འདུས་པ་རྒྱུན་ཆད་པ་དང་མཐུན་པའི་འཆི་འཕོ་བའི་རྣམ་ཤེས་དང་། ཕྱིན་ཅི་ལོག་གི་བློས་ཉིས་སྦྱོར་བ་སྐྱེ་བ་རྣམས་ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་ཀྱི་གཞན་དུ་མིན་ལ། སྐྱེ་བ་སྨོས་པས་བྱར་སྲིད་དུ་ཉིང་མཚམས་སྦྱོར་བའང་བཤད་དོ། །གཉིས་པ་[བྱེ་བྲག་ཏུ་བཤད་པ་]ལ། ཚོར་བའི་ཁྱད་པར། སེམས་ཀྱི་ཁྱད་པར། ལྷག་མེད་དུ་འཇུག་ཚུལ་ལོ། །དང་པོ་ནི། འཆི་འཕོ་སྐྱེ་བ་བཏང་སྙོམས་ལ། །འཆི་འཕོ་བ་དང་སྐྱེ་བ་ནི་ཆོས་ཅན། ཚོར་བ་བཏང་སྙོམས་ལ་གནས་པ་ཡིན་ཏེ། བདེ་སྡུག་ནི་གསལ་བས་རྣམ་ཤེས་གསལ་བ་ལ་སྐྱེ་ཤི་མི་རུང་བའི་ཕྱིར། གཉིས་པ་ནི། རྩེ་གཅིག་སེམས་མེད་ལ་དེ་མེད། །ཡིད་ཤེས་དེ་ལའང་འདོད་ཁམས་སུ་སྐྱེས་པ་གཅིག་ཏུ་མཉམ་པར་བཞག་པ་དང་། སེམས་མེད་རྣམས་ལ་གནས་པའི་ངང་ལ་ཆོས་ཅན། འཆི་འཕོ་བ་དང་སྐྱེ་བ་མེད་དེ། འདོད་ཁམས་སུ་སྐྱེ་བ་དང་མཉམ་གཞག་དེ་སྐལ་པ་མི་མཉམ་པའི་ས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ས་གཞན་དུ་སྐྱེས་པས་གཞན་གྱི་(༢༧༠བ)
སེམས་ལ་གནས་ཏེ་འཆི་འཕོ་བ་དང་སྐྱེ་བ་མེད་པའི་ཕྱིར། གཟུགས་ཁམས་འཆི་འཕོ་བ་དང་སྐྱེ་བ་མཉམ་གཞག་གི་སེམས་ལ་རུང་ངམ་སྙམ་ན། མཉམ་གཞག་གི་སེམས་ལ་དེ་དག་མི་རུང་སྟེ། འབད་པ་ལས་བྱུང་བ་གསལ་བ་ཡིན་པའི་ཕྱིར་དང་། ཕན་འདོགས་པར་བྱེད་ཀྱི། རྒྱུན་ཆད་པ་དང་མཐུན་པ་མ་ཡིན་པའི་ཕྱིར། སེམས་མེད་གསུམ་པོ་ལ་གནས་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་མི་རུང་སྟེ། མེ་མཚོན་དུག་རྡོ་རྗེ་ལ་སོགས་པས་གནོད་པར་བྱ་ཞིང་གསོད་མི་ནུས་པའི་ཕྱིར། དེ་དག་ཚེ་ཟད་པས་དེའི་ལུས་མེ་མཚོན་གྱིས་གནོད་པས་འཇིག་པར་རྩོམ་པའི་ཚེ་ངེས་པར་ལུས་དང་འབྲེལ་བའི་ས་བོན་ལས་སེམས་མངོན་དུ་གྱུར་ནས་འཆི་འཕོ་བའི་ཕྱིར། སྐྱེ་བ་ཡང་སེམས་མེད་ལ་མི་རིགས་ཏེ། སེམས་འཆད་པའི་རྒྱུ་འགོག་པའི་སྙོམས་འཇུག་སོགས་སྐྱེ་སེམས་ཉོན་མོངས་ཅན་ལ་མེད་པའི་ཕྱིར། སེམས་མེད་ལ་ཉོན་མོངས་མེད་པས་སྐྱེ་སེམས་མི་རུང་སྟེ། ཉོན་མོངས་མེད་པར་མི་སྐྱེ་བའི་ཕྱིར། གསུམ་པ་ནི། མྱ་ངན་འདའ་ལུང་བསྟན་མིན་གཉིས། །འཆི་སྲིད་དགེ་མི་དགེ་ལུང་མ་བསྟན་གསུམ་བཤད་པ་ལས་དགྲ་བཅོམ་མྱ་ངན་ལས་འདའ་བའི་སེམས་ནི་འདོད་པ་ན་རྣམ་སྨིན་བཏང་སྙོམས་ཡོད་པར་འདོད་པ་ལྟར། སྤྱོད་ལམ་དང་རྣམ་སྨིན་སྐྱེས་གང་རུང་དང་། མེད་པ་ལྟར་ན་སྤྱོད་ལམ་པའི་སེམས་དགེ་བ་དང་ཉོན་མོངས་ལུང་བསྟན་མིན་པ་གཉིས་ལས་གང་རུང་ཡིན་ནོ་ཞེས་པ་ནི་དམིགས་ཀྱིས་བསལ་ཏེ། གཉིས་པོ་དེ་སྟོབས་ཆུང་བས་སེམས་རྒྱུན་ཆད་པ་དང་མཐུན་ལ་གཞན་དག་གི་སྟོབས་ཆེ་བའི་ཕྱིར་རོ། །གང་སྤེལ་ནི། དགྲ་བཅོམ་པས་མི་དགེ་བ་སྤངས་ཤིང་ཟག་མེད་གསལ་བས་མྱ་ངན་ལས་མི་འདའ་ལ། དགེ་བ་ཟག་བཅས་ནི་རྣམ་སྨིན་དང་བཅས་ཤིང་དགྲ་བཅོམ་ནི་མ་འོངས་པའི་རྣམ་སྨིན་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་དགེ་བའི་སེམས་ལ་མྱ་ངན་ལ་འདའ་བ་མེད་དོ། །ཞེས་ཟེར་(༢༧༡ན)
རོ། །གཞན་ན་རེ། མཐར་གྱིས་འཁོར་བ་སྤངས་པ་ཡིན་ཏེ། འདོད་པ་ལས་འདོད་ཆགས་དང་བྲལ་བ་ནི་མི་དགེ་བ་དང་། སྲིད་རྩེ་ལས་འདོད་ཆགས་དང་བྲལ་བས་ནི་བསྒྲིབས་ལ་ལུང་མ་བསྟན་དང་། མྱ་ངན་ལས་འདའ་བའི་སེམས་མ་སྒྲིབ་ལུང་མ་བསྟན་མངོན་དུ་གྱུར་པས་ནི་དགེ་བ་དང་། ལྷག་མེད་ཀྱི་དབྱིངས་སུ་ཞུགས་པ་ནི་མ་སྒྲིབ་ལུང་མ་བསྟན་སྤོང་བའི་ཕྱིར་ཞེས་ཟེར་རོ་ཞེས་འབྱུང་ངོ་། །གཉིས་པ་རྣམ་ཤེས་གང་དུ་འགག་པ་ནི། འོག་མའི་ལྷར་འགྲོ་མི་སྐྱེ་རྣམས། །རིམ་གྱིས་འཆི་ན་རྐང་པ་དང་། །ལྟེ་བ་སྙིང་གར་ཡིད་འཆི་འཕོ། །ལུས་ཀྱི་ཕྱོགས་གང་དུ་རྣམ་ཤེས་འགག་ན། གཅིག་ཅར་འཆི་ན་ཡིད་དང་བཅས་པའི་ལུས་ཀྱི་དབང་པོ་མོད་པ་འགག་པར་འགྱུར་ལ། རིམ་གྱིས་འཆི་འཕོ་ན་འོག་ཏུ་འགྲོ་བ་ངན་སོང་དུད་འགྲོ་རྣམས་རྣམ་ཤེས་རྐང་པར་འགག་པ་དང་མིའི་ནང་དུ་འགྲོ་བ་རྣམས་ལྟེ་བར་ཡིད་ཀྱི་རྣམ་ཤེས་འགག་ཅིང་འཆི་འཕོའོ། །ཡང་མིར་སྐྱེ་བའི་སྒོ་ནས་མི་སྐྱེ་བ་དགྲ་བཅོམ་རྣམས་ཀྱི་རྣམ་ཤེས་ཀྱང་སྙིང་གར་འགག་པའམ། གཞན་སྤྱི་བོར་འགག་ཟེར་རོ། །རྣམ་ཤེས་ཡུལ་ན་མི་གནས་ན་དེ་ངག་ཏུ་ཇི་ལྟར་འགག་ཅེ་ན། འདོད་གཟུགས་ན་རྣམ་ཤེས་ལུས་དབང་ལ་རག་པས། རྐང་སོགས་སུ་ལུས་དབང་འགག་པ་ན་ཤེས་པའང་དེར་འགག་པའི་ཕྱིར་རོ། །འཆི་བའི་ལུས་དབང་ནི་རྡོ་ལེབ་བསྲེགས་པའི་ཐོག་ཏུ་ཆུ་བཏབ་པ་ཞུམ་པར་འགྱུར་བ་བཞིན་རྐང་ལ་སོགས་པ་ནས་ནུབ་པར་འགྱུར་རོ། །གསུམ་པ་གནད་གཅོད་པའི་རྒྱུ་ནི། གནད་གཅོད་པ་ནི་ཆུ་སོགས་ཀྱིས། །ལུས་ཀྱི་ཕྱོགས་འགའ་ཞིག་ཉམས་ནས་འཆི་བར་འགྱུར་བ་ནི་གནད་རྣམས་ཏེ། དེ་གཅོད་པ་ནི་ཆུ་དང་སོགས་པས་མེ་རླུང་གི་ཁམས་གང་རུང་ཞིག་གམ་ཐམས་ཅད་དྲག་ཏུ་འཁྲུགས་པ་ཉིད་ཀྱིས་མཚོན་བདར་བ་བཏབ་པ་དང་འདྲ་བའི་ཚོར་བ་མི་བཟད་པ་འབྱུང་བ་བཅད་པ་ལྟ་བུ་ཡིན་གྱི། དེ་དག་ཤིང་གཅོད་པ་ལྟ་བུ་ནི་མ་ཡིན་ནོ། །ཡང་ན་ཡན་ལག་བཅད་པ་བཞིན་གཡོལ་མེད་པས་ན་བཅད་པ་ཞེས་བྱའོ། །(བྱང་སེམས་སྒྲིབ་པ་རྣམ་སེལ་ལ་མཆོད་པར་ཕུལ་ནས་སྨོན་ལམ་དག་པ་རེ་བཏབ་ནས་གནད་བཅད་པའི་སྡུག་བསྔལ་མི་འབྱུང་བ་མདོ་ནས་བཤད། མཆན།)(༢༧༡བ)
སའི་ཁམས་འཁྲུགས་པས་གནད་གཅོད་པ་མེད་དེ། རླུང་མཁྲིས་བད་ཀན་གསུམ་གྱི་གཙོ་བོ་རླུང་མེ་ཆུའི་ཁམས་ཡིན་གྱི། དེ་གསུམ་འདུས་པའམ་རེ་རེ་བ་ལས་མ་གཏོགས་པའི་ནད་མེད་པའི་ཕྱིར། གཞན་ནི་སྣོད་མེ་ཆུ་རླུང་གསུམ་གྱིས་འཇིག་གི། སས་མི་འཇིག་པ་དང་ཆོས་མཐུན་པའི་ཕྱིར་ཟེར་རོ། །ལྷའི་ནང་དུ་བརྫུས་ཏེ་སྐྱེ་བས་གཅིག་ཅར་འཆི་བའི་ཕྱིར་གནད་གཅོད་པ་མེད་ཀྱང་ལྷའི་བུ་འཆི་བའི་ཆོས་ཅན་ལ་ཉེ་བ་ལྟས་ལྔ་འབྱུང་སྟེ། གོས་རྒྱན་ལས་སྒྲ་མི་སྙན་པ་འབྱུང་བ་དང་། ལུས་ཀྱི་འོད་ཆུང་བ་དང་། ཁྲུས་ཀྱི་ཆུ་ཐིགས་ལུས་ལ་ཆགས་པ་དང་། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་གནས་པ་དང་། མིག་གཉིས་འབྱེད་འཛུམ་བྱེད་སྲིད་པར་འགྱུར་ཏེ། སྔ་ལྟས་འདི་དག་ལྷ་རང་གི་ཞག་ལྔ་འབྱུང་ཞིང་། འདི་ཐམས་ཅད་ཀྱང་མི་འབྱུང་ལ་ལ་ལ་ཅི་ལྟར་འབྱུང་། ལ་ལ་ལ་ཅི་ལྟར་འབྱུང་བའི་རགས་བསྡོམས་ནས་བརྗོད་པ་བ་ཡིན་ལ། རྟགས་འདི་དག་བྱུང་ནས་ཀྱང་ནི་འཆི་བ་ཡོད་པས་འཆི་ལྟས་འཁྲུལ་པ་ཅན་ཡིན་ནོ། །བཟློག་མི་ནུས་ཀྱི་འཆི་ལྟས་འཁྲུལ་མེད་ལྔ་ནི། གོས་དྲི་མ་ཅན་དུ་འགྱུར་བ་དང་། མེ་ཏོག་གི་ཕྲེང་བ་རྙིངས་པ་དང་། མཆན་ཁུང་གཉིས་ནས་རྡུལ་འབྱུང་བ་དང་། ལུས་ལས་དྲི་ང་བ་འབྱུང་བ་དང་། ལྷའི་བུ་རང་གི་སྟན་ལ་མི་དགའ་བར་འགྱུར་བའོ། །འཆི་ལས་འདི་རྣམས་བྱུང་ནས་ལྷ་རང་གི་ཞག་བདུན་ན་འཆི་ཟེར། ལ་ལ་ན་རེ། མིའི་ཞག་བདུན་ན་འཆི་ཟེར་རོ། །ལྔ་པ་སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་ནི། འཕགས་དང་མཚམས་མེད་བྱེད་པ་དག །ཡང་དག་ལོག་པ་ཉིད་དུ་ངེས། །སེམས་ཅན་རྣམས་སྐྱེ་བ་དང་གནས་པ་དང་འཆི་འཕོ་བ་ན། མདོ་ལས། ཡང་དག་པ་ཉིད་དུ་ངེས་པའི་ཚོགས་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་དང་། མ་ངེས་པའི་ཚོགས་ཞེས་སེམས་ཅན་གྱི་ཚོགས་རྣམ་པ་གསུམ་དུ་གསུངས་པ་ལས། འཕགས་པ་དང་མཚམས་མེད་པ་བྱེད་པ་དག་ནི་རིམ་པ་ལྟར་ཡང་དག་པ་དང་ལོག་པ་ཉིད་དུ་ངེས་པ་(༢༧༢ན)
ཡིན་ཏེ། ངན་འགྲོ་མེད་པར་མཐོ་རིས་སུ་སྐྱེན་ཐར་པར་ངེས་པའི་ཕྱིར་དང་། ཤི་འཕོས་མ་ཐག་དམྱལ་བར་སྐྱེ་ངེས་པའི་ཕྱིར། ལྷག་མ་ནི་མ་ངེས་པ་ཡིན་ནོ། །སེམས་ཅན་གྱི་ཚོགས་བཤད་ཟིན་ཏོ། །སྨྲས་པ། སྙིགས་མ་ལྔ་བདོའི་དུས་ལ་ཉེ་བར་སྨིན། །སངས་རྒྱས་བསྟན་པའི་ཚུལ་ནི་མིང་ཙམ་གྱུར། །མཆོག་ཏུ་གྱུར་པའི་དམ་པས་ཞིང་འདི་སྤངས། །དུག་སྦྲུལ་ལྟ་བུའི་སྐྱེ་བོས་ས་འདི་ཁེབས། །བདག་གིས་སྔོན་གོམས་བློ་ལ་གསལ་བ་ཡི། །ལེགས་བཤད་འདི་ནི་སུ་ཡིས་འཛིན་པར་འགྱུར། །སྔོན་བྱོན་སྤྲུལ་པའི་རྒྱལ་བློན་པཎྜི་ཏ། །ཞུ་ཆེན་ལོ་ཙར་བཅས་པའི་སྐུ་དྲིན་དྲན། །འགྲོ་བའི་དོན་སྒྲུབ་མཛད་པ་མཆོག་རྣམས་ཀྱི། །དགོངས་པ་མཐའ་དག་བཀང་བའི་བླ་མ་རྗེ། །བདག་རྒྱུད་གྱིས་བརླབས་པའི་རྗེ་བཙུན་རྣམས། །སྐད་ཅིག་ཙམ་ཡང་བརྗེད་མེད་ཡང་ཡང་དྲན། །དེ་ཚེ་ཤེས་བྱའི་གནས་ཚུལ་རྟོག་གེ་ཡི། །བློ་ལ་གསོང་པོར་གྱུར་རྣམས་རྣལ་འབྱོར་གྱི། །བློ་ཡི་མེ་ལོང་ངོས་ལ་མ་སྒྲིབ་པར། །རྣམ་པར་བཀྲ་བའི་སྡུག་གུ་ཅི་ཡང་ཤར། །གཉིས་པ་སྣོད་ཀྱི་འཇིག་རྟེན་ལ་གསུམ། རྟེན་སྣོད་ཀྱི་གནས་ཚུལ། ཞར་ལ་སེམས་ཅན་གྱི་ཚད། དེ་དག་འཇལ་བྱེད་ཀྱི་ཚད་དོ། །དང་པོ་ལ། སྣོད་ཀྱི་གནས་ཚུལ་སྤྱིར་བསྟན་པ། གནས་ཚུལ་བྱེ་བྲག་ཏུ་བཤད་པ། སྟོང་གསུམ་གྱི་འཇིག་རྟེན་ངོས་བཟུང་བ། དེ་དག་འབྱུང་འཇིག་མཉམ་པར་བསྟན་པའོ། །དང་པོ་ལ། རྟེན་གྱི་དཀྱིལ་འཁོར་གསུམ་བཤད་པ་དང་། བརྟེན་པ་རི་མཚོ་བཤད་པའོ། །དང་པོ་ལ། རླུང་གི་དཀྱིལ་འཁོར་གྱི་ཚད། དཀྱིལ་འཁོར་གཞན་གཉིས་ཀྱི་ཚད་དོ། །དང་པོ་ནི། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི། །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུགོ་འབུམ་གྲངས་མེད་དོ། །སྤྱིར་ཐེག་པ་ཆེ་ཆུང་གི་མདོ་རྣམས་ལས། འཇིག་རྟེན་གྱི་ཁམས་ཁ་ཅིག་ཟླ་བ་བཀས་པ་ལྟ་བུར་འདུག་གོ། །ཁ་ཅིག་ནི་པདྨ་སྣ་ཚོགས་ཀྱི་དབྱིབས་སུ་འདུག་གོ། །ཁ་ཅིག་ནི་ཤིང་རྟའི་དབྱིབས་སུ་འདུག་གོ། །(༢༧༢བ)
ཞེས་སོགས་དང་། སྟེང་གཡོགས་མེད་པ་དང་སྣྲེལ་གཞི་དང་། སྤྱི་བོའི་ཚུགས་དང་། ཞེས་དང་། ཁ་ཅིག་ཉི་མ་དང་ཟླ་བ་མེད་པར་སངས་རྒྱས་ཀྱི་སྨིན་མཚམས་ཀྱི་ནོར་བུ་རིན་པོ་ཆེས་སྣང་བའི་བྱ་བ་བྱེད་པས་སངས་རྒྱས་ནོར་བུ་བརྩེགས་པའི་རྒྱལ་པོའི་ཞིང་ལྟ་བུ་དང་། སྟོང་གསུམ་གཅིག་ན་ཉི་ཟླ་གཅིག་གིས་བྱ་བ་བྱེད་པ་སངས་རྒྱས་ཀུན་ཏུ་བཟང་པོའི་ཞི་མི་འཛུམ་པ་ལྟ་བུ་དང་། གླིང་བཞིའི་བཀོད་པ་དང་མི་ལྡན་པ་དང་། ལྡན་པ་ཡང་ཚུལ་མི་འདྲ་བ་དུ་མང་སྣང་བ་ལས། འདིར་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་ན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཕྱག་གི་མཐིལ་ལ་རབ་ཏུ་གནས་པའི་ནོར་བུ་རིན་པོ་ཆེའི་ནང་ན་འཇིག་རྟེན་གྱི་ཁས་ཉི་ཤུ་རྩ་ལྔ་བརྩེགས་ནས་གནས་པའི་དབུས་བཅུ་གསུམ་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་མི་མཇེད་ཀྱི་འཇིག་རྟེན་གྱི་གནས་ཚུལ་ཡིན་ལ། འདི་ལ་ཕྱི་རོལ་པ་རྣམས་རུས་སྦལ་གྱི་སྟེང་དུ་ཆགས་པ་དང་། རླུང་གི་རྡུལ་གཉིས་ལྡན་ལ་སོགས་པ་ལས་ཀྱི་དཀྱིལ་འཁོར་བཞི་དང་། མེའི་དབུས་སུ་སྒོ་ང་སྨིན་པ་ལས་བྱུང་བའི་ཚངས་པས་བལྟས་པས་ཆགས་པ་དང་། ཉི་མ་རྒྱ་མཚོའི་ནང་དུ་ནུབ་པར་འདོད་པ་ལ་སོགས་པ་ནི་རྨོངས་པའོ། །རང་གི་ལུགས་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་སྣོད་ཀྱི་འཇིག་རྟེན་གྱི་གནས་འདི་ལྟར་གནས་པར་འདོད་དེ། ལས་ཀྱི་འབྲས་བུ་ཐུན་མོང་མ་ཡིན་པའི་ཕྱིར་དང་། བདག་པོའི་འབྲས་བུ་སྣོད་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་ལོངས་སྤྱད་བྱ་ཡིན་པའི་ཕྱིར་བསམ་གཏན་གཉིས་པ་སོགས་ན་ཡོད་ཅིང་། འདིར་སྐྱེ་བར་འགྱུར་བའི་སེམས་ཅན་རྣམས་ལས་ཀྱི་དབང་གིས་རླུང་འཇམ་པོ་ལྡང་ལ། རླུང་དེ་ཆེས་ཤིན་ཏུ་གྱུར་ནས་ནམ་མཁའ་ལ་བརྟེན་པའི་འོག་གཞི་དག་གི་རླུང་གི་དཀྱིལ་འཁོར་གྲུབ་སྟེ། དེའི་རྔམས་སུ་ནི་དཔག་ཚད་ས་ཡ་དྲུག་འབུམ་མོ། །རྒྱར་ནི་གྲངས་མེད་དེ། (༢༧༣ན)
དེ་ཚན་ཆེན་གྱི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་ཡིན་ནོ། །དེ་གཡོ་བ་མེད་ཀྱང་དང་པོར་གཡོས་པས་རླུང་ཁམས་གྱི་མཚན་ཉིད་མི་འཛིན་པ་མིན་ནོ། །གཉིས་པ་[དཀྱིལ་འཁོར་གཞན་གཉིས་ཀྱི་ཚད་]ལ། དཔངས་ཚད་སོ་སོར་བཤད། རྒྱ་ཚད་ཐུན་མོང་དུ་བཤད་པའོ། །དང་པོ་ལ། ཆུ་དང་། གསེར་རོ། །དང་པོ་ལ། ཆགས་དུས་དང་། གནས་དུས་ཀྱི་ཚད་དོ། །དང་པོ་ནི། ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཞེས་པས་བསྟན། སེམས་ཅན་རྣམས་ཀྱི་ལས་ཀྱི་སྤྲིན་འདུས་ནས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་ནས་རླུང་གི་དཀྱིལ་འཁོར་དེའི་སྟེང་ན་ཆར་བབས་པ་དེ་ཆུའི་དཀྱིལ་འཁོར་དུ་འགྱུར་ཏེ། དེའི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་དག་ནི་ཉི་ཤུའོ། །ཆུ་ཐད་ཀར་མི་འབོ་བ་ནི། ཁ་ཅིག་སེམས་གྱི་ལས་དབང་གིས་ཏེ། བཟའ་བཏུང་ཟོས་འཐུངས་མ་ཞུ་བ་ནི་ལོང་ཁར་མི་བཏུང་བ་བཞིན་ཟེར་ལ། གཞན་དག་སྦྱང་བ་སྟེ་བང་བའི་ར་བའི་ཚུལ་དུ་རླུང་འདུག་པ་དག་གིས་འཛིན་ཟེར། བོད་པ་ཁ་ཅིག་དེ་དག་མེད་ཀྱང་ཆོས་ཉིད་ཀྱིས་མི་འཇིག་བར་དུ་གནས་ཏེ་རྩྭ་རྩེའི་ཟིལ་པ་བཞིན་ནོ་ཞེས་ཟེར་རོ། །གཉིས་པ་ནི། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ཡང་སེམས་ཅན་གྱི་ལས་ལས་བྱུང་བའི་རླུང་གི་ཆུ་དེ་ཀུན་ནས་དཀྲུགས་པ་ན་ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད་དོ། །གཉིས་པ་གསེར་གྱི་འཕངས་ཚད་ནི། ལྷག་མ་དག་ནི་གསེར་དུ་འགྱུར། །འོ་མ་བསྐོལ་བ་ན་སྤྲིས་མ་འཐས་པར་ཆགས་པའི་ཚུལ་དུ་ལྷག་མཆུའི་སྟེང་རིམ་དག་ནི་དཔག་ཚད་སུམ་འབུམ་ཉི་ཁྲི་གསེར་གྱི་རང་བཞིན་གྱི་ས་གཞིར་འགྱུར་རོ། །གཉིས་པ་རྒྱ་ཚད་ཐུན་མོང་དུ་བཤད་པ་ལ། རྒྱ་ཁྱོན་གྱི་ཐད་ཀའི་ཚད་དང་། ཁོར་ཡུག་གི་ཚད་དོ། །དང་པོ་ནི། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །གླིང་བཞི་བྱེ་བ་ཕྲག་བརྒྱ་པ་རེ་རེའི་འོག་ཏུ་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ན་འོ་སྟེ། དཀྱིལ་འཁོར་འདི་གཉིས་རྒྱར་མཉམ་པའི་ཕྱིར་རོ། །གཉིས་པ་ནི། ཁོར་ཡུག་ཏུ་ན་སུམ་འགྱུར་རོ། །ཞེས་(༢༧༣བ)
པས་དེ་གཉིས་དཔག་ཚད་ས་ཡ་ཕྲག་གསུམ་དང་འབུམ་ཕྲག་དྲུག་དང་ཁྲི་དང་སུམ་བརྒྱ་ལྔ་བཅུའོ། །གཉིས་པ་བརྟེན་པ་རི་མཚོ་བཤད་པ་ལ། རི་དགུ་བཤད་པ་དང་། མཚོ་བརྒྱད་བཤད་པའོ། །དང་པོ་ལ། ཇི་ལྟར་གནས་པའི་ཚུལ། རྒྱུ་ཅི་ལས་གྲུབ་པ། ཚད་བཤད་པའོ། །དང་པོ་ནི། དེ་ལ་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་དང་སེང་ལྡེང་ཅན། །དེ་བཞིན་བལྟ་ན་སྡུག་རི་དང་། །རྟ་རྣ་དང་ནི་རྣམ་འདུད་དང་། །མུ་ཁྱུད་འཛིན་རིའོ་དེ་ནས་ནི། །གླིང་རྣམས་ཡིན་ནོ་དེ་དག་གི། །ཕྱི་རོལ་ན་ནི་ཁོར་ཡུག་སྟེ། །ཆུའི་སྟེང་ན་གནས་པའི་གསེར་གྱི་ས་གཞིའི་དཀྱིལ་འཁོར་དེ་ལ་བརྟེན་པའི་དབུས་སུ་ནི་ལྷུན་པོའོ། །ལྷག་མ་བདུན་དེ་ལ་བསྐོར་བ་ནི་གཉའ་ཤིང་འཛིན་དང་། བཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། དེ་བཞིན་དུ་ལྟ་ན་སྡུག་རི་དང་རྟེ་རྣ་དང་ནི་རྣམ་འདུད་དང་མུ་ཁྱུད་འཛིན་རིའོ། །དེ་ནས་ནི་གླིང་བཞི་རྣམས་ཡིན་ནོ། །གླིང་དེ་དག་གི་ཕྱི་རོལ་ན་ནི་ཁོར་ཡུག་སྟེ་ཟླུམ་པོར་བསྐོར་བའོ། །གཉིས་པ་ནི། བདུན་ནི་གསེར་ཡིན་དེ་ལྕགས་སོ། །ལྷུན་པོ་རིན་ཆེན་བཞིའི་རང་བཞིན། །གཉའ་ཤིང་འཛིན་སོགས་རི་བདུན་ནི་གསེར་ཡིན། དེའི་མུ་ཁྱུད་དེ་ལྕགས་སོ། །ལྷུན་པོ་ནི་བྱང་ཤར་ལྷོ་ནུབ་སྟེ་གསེར་དངུལ་བཻ་ཌཱུརྱ་ཤེལ་ཏེ། རིན་ཆེན་བཞིའི་རང་བཞིན་ནོ། །རི་རབ་ཀྱི་ངོས་ཀྱི་ཁ་དོག་གིས་དེའི་རང་གླིང་གི་ནམ་མཁའ་དང་ཁ་དོག་གི་རྣམ་པར་སྣང་སྟེ། དེའི་ཁ་དོག་དཀར་སྔོ་སོགས་རིན་ཆེན་དེའི་འོད་ཀྱི་སྣང་བའི་གཟུགས་ཡིན་ལ། ནམ་མཁའ་ནི་ངོས་ཀྱི་ཁ་དོག་བཞིར་སོང་བ་མ་ཡིན་ཏེ། རྐྱེན་གྱི་སྣང་ཚུལ་ཡིན་པའི་ཕྱིར་ཏེ། སྔ་དྲོ་འོ་ཅག་འཛམ་གླིང་པ་ལ་ཉི་མ་ཤར་ཕྱོགས་སུ་ཡོད་པའི་དུས། ཤར་གླིང་པ་ལ་ཕྱི་དྲོ་ཉི་མ་ནུབ་ཕྱོགས་སུ་ཡོད་པས་དེའི་འོད་དཀར་པོས་སྡོ་བསང་ཟིལ་གྱིས་མནན་པས་སྔོན་པོ་མི་སྣང་ལ། ཤར་ཕྱོགས་ཀྱི་ནམ་མཁའ་ཉི་མའི་འོད་ཀྱིས་གསལ་བར་མ་མནན་པ་ན་སྔོན་པོ་སྣང་བ་དེ་བཞིན་གྱི་ཕྱིར་རོ། །ནམ་མཁའ་ནས་ཆར་པའི་རྒྱུན་གསེར་གྱི་ས་གཞིའི་ཐོག་ཏུ་བབས་པ་དེ་གསེར་ལ་སོགས་པའི་ཁམས་དང་རྒྱུ་སྣ་ཚོགས་ཡོད་པ་རླུང་གིས་བསྲུབས་པ་ལས་རི་རབ་སོགས་དེར་གྱུར་པའོ། །རྒྱུ་ལས་འབྲས་བུ་བསྐྱེད་པ་ཡང་རྒྱུའི་དུས་སུ་(༢༧༤ན)
འབྲས་བུ་མེད་པའམ་མ་འཕྲད་པ་ཞིག་རྐྱེན་དུ་འགྱར་བ་ཡིན་ཏེ། རྒྱུ་འགག་བཞིན་པ་འབྲས་བུ་སྐྱེ་བཞིན་པའི་རྐྱེན་དུ་འགྱུར་བའི་ཕྱིར། རྒྱུ་འབྲས་བུ་བསྐྱེད་པ་ལ། གྲངས་ཅན་ནི། འབྲས་བུའི་རྫས་རྒྱུའི་དུས་སུ་གནས་པ་ལ་གནས་སྐབས་སུ་ཆོས་གཞན་འོ་མ་ལོག་ན་ཆོས་གཞན་ཞོ་འབྱུང་བ་ལྟ་བུའི་སྒོ་ནས་འབྲས་བུ་བསྐྱེད་པར་འདོད་དོ། །རྣམ་འགྱུར་བརྟགས་པའི་འབྲས་བུའི་ཆོས་ཀྱི་བྱེ་བྲག་གནས་པའི་རྒྱུའི་ཆོས་ཅན། གཙོ་བོ་དང་རང་བཞིན་གཅིག་པ་མེད་དེ། སྣང་རུང་མ་དམིགས་པའི་ཕྱིར་དང་། རྒྱུ་འབྲས་སྨིན་བྱེད་སྨིན་བྱ་ཐ་དད་པའི་ཕྱིར་རོ། །དེ་ལ་གྲངས་ཅན་འབྲས་བུ་རྣམ་འགྱུར་གྱི་ཆོས་ལས་རྒྱུ་གཙོ་བོའི་ཆོས་ཅན་གཞན་མིན་ཀྱང་། གཙོ་བོ་རྒྱུའི་ཆོས་ཅན་དེ་ཀ་གནས་སྐབས་འབྲས་བུའི་ཆོས་ཀྱི་རྣམ་འགྱུར་གཞན་འབྱུང་ངོ་སྙམ་ན། འོ་ན་གཙོ་བོ་དང་རྣམ་འགྱུར་ཆོས་ཅན། རང་བཞིན་གཅིག་པ་མ་ཡིན་པར་ཐལ། མི་འདྲ་བ་གཞན་དུ་འབྱུང་བའི་ཕྱིར། ཁྱབ་སྟེ། རྒྱུ་ཡིན་པ་དེ་འབྲས་བུ་ཡིན་པ་འཐད་ན་འབྲས་བུ་ཡིན་པ་དེ་རྒྱུ་ཡིན་པའི་དབྱེར་མེད་ཅིག་ཡིན་པ་གང་ཞིགརྒྱུ་ཡིན་པ་དེ་འབྲས་བུ་ཡིན་པའི་ཚེ་རྒྱུ་ལས་གཞན་དུ་ཁས་བླངས་ན། དེ་གཉིས་ཐ་དད་དགོས་པའི་ཕྱིར། ལུགས་འདི་ནི་ཤེས་བྱ་ལ་སྔོན་མི་སྲིད་པ་ཞིག་བཞག་པའོ། །གསུམ་པ་[ཚད་བཤད་པ་]ལ། ཆུ་མཚམས་མན་གྱི་ཚད་ཐུན་མོང་དང་། ཆུ་མཚམས་ཡན་གྱི་ཚད་སོ་སོར་བཤད་པའོ། །དང་པོ་ནི། ཆུ་ཡི་ནང་དུ་བརྒྱད་ཁྲི་དག །ནུབ་བོ། རི་དགུ་པོ་དེ་གསེར་གྱི་ས་གཞིའི་སྟེང་ན་ཆུའི་དཔག་ཚད་བརྒྱད་ཁྲི་དག་ཡོད་པ་དེའི་ནང་དུ་ནུབ་བོ། །གཉིས་པ་ཆུ་མཚམས་ཡན་གྱི་ཚད་སོ་སོར་བཤད་པ་ལ། རི་རབ་དང་། གཞན་གྱི་ཚད་དོ། །དང་པོ་ནི། དེ་བཞིན་སྟེང་དུ་ཡང་། །དཔག་ཚད་དག་ནི་བརྒྱད་ཁྲིའོ། །རི་རབ་ནི་འོག་ཏུ་དེ་བཞིན་ཆུའི་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲིའོ། །གཉིས་ཀ་བསྡོམས་ན་རི་རབ་ཀྱི་འཕངས་སུ་དཔག་ཚད་འབུམ་དྲུག་ཁྲི་སྟེ་བརྒྱད་ཁྲི་བ་གཉིས་བསྡོམས་པའི་ཕྱིར། གཉིས་པ་ལ། འཕངས་དང་། (༢༧༤བ)
རྔམས་ཀྱི་ཚད་དོ། །དང་པོ་ནི། བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། །རི་བདུན་ཁོར་ཡུག་དང་བརྒྱད་པོ་འཕང་དུ་ཕྱེད་ཕྱེད་དབྲི། གཉའ་ཤིང་འཛིན་འཕང་དུ་དཔག་ཚད་བཞི་ཁྲི་འཕགས་ལ། དེའི་ཕྱེད་ཉི་ཁྲི་བཤོལ་མདའ་འཛིན་དང་། དེའི་ཕྱེད་ཁྲི་གཅིག་སེང་ལྡེང་ཅན་དང་། དེའི་ཕྱེད་ལྔ་སྟོང་བལྟ་སྡུག་དང་། དེའི་ཕྱེད་ཉིས་སྟོང་ལྔ་བརྒྱ་རྟ་རྣ་དང་། དེའི་ཕྱེད་སྟོང་དང་ཕྱེད་དང་སུམ་བརྒྱ་རྣམ་འདུད་དང་། དེའི་ཕྱེད་དྲུག་བརྒྱ་དང་ཉེར་ལྔ་མུ་ཁྱུད་འཛིན་དང་། དེའི་ཕྱེད་ལ་སུམ་བརྒྱ་དང་ཕྱེད་དང་བཅུ་གསུམ་ནི་ལྕགས་རིའི་འོ། །གཉིས་པ་ནི། དེ་དག་རྔམས་སུའང་འཕང་དང་མཉམ། །རི་དེ་དག་གི་རྔམས་སུ་འཕང་དང་མཉམ་མོ། །གཉིས་པ་མཚོ་བརྒྱད་བཤད་པ་ལ། རོལ་མཚོ་བདུན་བཤད་པ། མཐའི་མཚོ་བཤད་པའོ། །དང་པོ་ལ། རོལ་མཚོ་བདུན་གྱི་གནས་ཚུལ། རོལ་མཚོ་ནང་མའི་ཚད། གཞན་དྲུག་གི་ཚད་དོ། །དང་པོ་ནི། དེ་དག་བར་འདུན་རོལ་མཚོ་ཡིན། །རི་དེ་དག་གི་བར་བདུན་རོལ་མཚོ་ཡིན་ནོ། །མཚོ་དེའང་ཡན་ལག་བརྒྱད་ལྡན་གྱི་ཆུའོ། །ཆུ་དེའི་ཡོན་ཏན་ནི་སྨན་གྱི་བསྟན་བཅོས་ལས། མགྲིན་ལྟོར་གནོད་པ་མེད་པ་ནི། །དེ་ཡི་བྱེད་པའི་ཡོན་ཏན་ཡིན། །དྲངས་དང་དྲི་མ་མེད་པ་ནི། །ཉེས་པ་མེད་པའི་ཡོན་ཏན་ཡིན། །ཞིམ་པ་རོ་ཡི་ཡོན་ཏན་ཏེ། །བསིལ་ཡང་འཇམ་པ་རེག་བྱ་ཡི། །ཡོན་ཏན། ཞེས་སོགས་འབྱུང་ངོ་། །གཉིས་པ་ནི། དང་པོ་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། །དེ་ཡི་ངོས་ལ་སུམ་འགྱུར་རོ། །རོལ་མཚོ་དང་པོ་ཁ་ཞེང་སྟོང་ཕྲག་བརྒྱད་ཅུའོ། །དེ་ནི་ནང་གི་རྒྱ་མཚོ་ཡིན། རི་བདུན་པོ་སོགས་གྲུ་བཞིར་ཡོད་པས་གཉའ་ཤིང་འཛིན་གྱི་རི་དེའི་ཕྱོགས་གཅིག་གི་ལོགས་སམ་ངོས་ལ་སྲིད་དུ་ཞེང་སུམ་འགྱུར་རོ་སྟེ། དཔག་ཚད་ཉིས་འབུམ་བཞི་ཁྲིའོ། །མཐའ་སྐོར་ན་དགུ་འབུམ་དྲུག་ཁྲིའོ། །གསུམ་པ་ནི། རོལ་མཚོ་གཞན་ནི་ཕྱེད་ཕྱེད་དོ། །རོལ་མཚོ་གཞན་གྱི་ཞེང་ནི་ཕྱེད་ཕྱེད་དབྲིའོ། །རོལ་མཚོ་གཉིས་པ་ནི། དང་པོའི་ཕྱེད་དཔག་ཚད་བཞི་ཁྲི་སོགས་(༢༧༥ན)
སུ་སྦྱར་ལ། ཕྱོགས་ཀྱི་ངོས་ལ་སུམ་འགྱུར་ངང་མཐའི་འགྱུར་སོགས་ནི་རྟོགས་པར་སླའོ། །གཉིས་པ་མཐའི་རྒྱ་མཚོ་བཤད་པ་ནི། ལྷག་མ་ཕྱི་ཡིན་མཚོ་ཆེན་ཡིན། །འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི། །ཉི་ཤུ་གཉིས་སོ། མུ་ཁྱུད་འཛིན་དང་ལྕགས་རིའི་བར་གྱི་ལྷག་མ་ཕྱིའི་མཚོ་ཆེན་ཡིན་ཏེ། དེའི་འོག་ན་བ་ཚྭ་དང་སྲོག་ཆགས་རུལ་བས་ཚ་རྒོ་ཅན་ཏེ་དུག་ཅན་གྱི་ཆུ་ཡིན་པའི་ཕྱིར། འདིའི་ཞེང་ནི་འབུམ་ཕྲག་གསུམ་དང་སྟོང་ཕྲག་ནི་ཉི་ཤུ་གཉིས་སོ། །ཞེང་གི་ཚད་འདི་ལྟར་ན་ད་དུང་། ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །ཞེས་པའི་ས་ཡུལ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་བདུན་ཅུ་རྩ་ལྔས་མ་ཆོག་པས་དེའི་གུན་ཚབ་ལ་སྟོང་ཕྲག་གཅིག་དང་བརྒྱ་ཕྲག་གཉིས་དང་བརྒྱད་ཅུ་རྩ་ཕྱེད་བརྒྱད་བསྣན་ཅིང་ཕྱོགས་ཕ་རོལ་ལ་ཡང་འདི་ལྟར་སྦྱང་ན་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་ཚད་དང་མི་སྙོམས་པ་མ་ཡིན་ནོ། །འོ་ན་ཕྱིའི་རྒྱ་མཚོ་དང་ལྕགས་རིའི་མཐའ་ལ་ཆོས་ཅན། ཆུ་དང་གསེར་གྱི་དཀྱིལ་འཁོར་དཔག་ཚང་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་ཕྱེད་དང་བརྒྱད་ལས་ལྷག་པ་མི་འཐད་པར་ཐལ། ཆུ་གསེར་གྱི་དཀྱིལ་འཁོར་དེ་ལ་གླིང་བཞི་པ་སོགས་བརྩིས་པའི་མཐར་ཁོར་ཡུག་དེས་བསྐོར་བར་བཤད་པའི་ཕྱིར་ཞེ་ན། ཁྱབ་པ་མེད་དེ། ཁོར་ཡུག་དེས་གསེར་དང་ཆའི་སྟེང་གི་རི་མཚོ་གླིང་ཐམས་ཅད་བསྐོར་བར་བཤད་པ་གང་ཞིགདེའི་འོག་གཞིའི་ཆུ་གསེར་གྱི་དཀྱིལ་འཁོར་གྱིས་མཐའ་བསྐོར་བར་མ་བཤད་པའི་ཕྱིར། ཉེས་པ་ཅི་ཡོད་ཅེས་འགྲེལ་བཤད་མཁན་པོས་ཁ་བསྐངས་ནས་བཤད་དོ། །སློབ་དཔོན་གཞན་ནི་རི་རབ་སོགས་རྔམས་སུ་འཕང་དང་མཉམ་ཞེས་པ་ཆུ་མཚམས་ཡན་གྱི་དབང་དུ་བྱས་ལ། དེ་ཕྱིན་ཆད་ལ་ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི་གཞི་དང་ཁྱབ་པར་འབྲེལ་བ་ཡིན་ཏེ། དེ་ལྟར་མ་ཡིན་པར་ཆུ་གསེར་གྱི་དཀྱིལ་འཁོར་ལ་བར་(༢༧༥བ)
བཅད་ནས་ཟང་ཡག་ཏུ་སྐྱེས་པ་མ་ཡིན་པའི་ཕྱིར། ལྕགས་རི་ལས་དཀྱིལ་འཁོར་གཉིས་ཀྱི་མཐའ་ལྷག་པ་ལ་ཉེས་པ་མེད་པའོ། །གཉིས་པ་གནས་ཚུལ་བྱེ་བྲག་ཏུ་བཤད་པ་ལ། མིའི་གནས། དམྱལ་བའི་གནས། ལྷའི་གནས་སོ། །དང་པོ་ལ། གླིང་བཅུ་གཉིས་སྤྱིར་བཤད་པ་དང་། འཛམ་གླིང་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། གླིང་བཞི་བཤད་པ་དང་། གླིང་ཕྲན་བརྒྱད་བཤད་པའོ། །དང་པོ་ལ། འཛམ་བུ་གླིང་། ལུས་འཕགས་གླིང་། བ་གླང་སྤྱོད། སྒྲ་མི་སྙན་གྱི་གླིང་གི་དབྱིབས་ཚད་དོ། །དང་པོ་ནི། དེ་ལ་ནི། །འཛམ་བུའི་གླིང་སྟེ་ངོས་གསུམ་ལ། །སྟོང་ཕྲག་གཉིས་སོ་ཤིང་རྟའི་དབྱིབས། །གཅིག་ལ་དཔག་ཚད་ཕྱེད་དང་བཞི། །རྒྱ་མཚོ་དུག་ཅན་པ་དེ་ལ་རི་རབ་ཀྱི་ཕྱོགས་སུ་ནི་འཛམ་བུ་གླིང་ཤིང་རྟའི་དབྱིབས་སྟེ་ཆུ་དང་མཉམ་པར་གནས་པའི་སྟེང་གི་ངོས་རྒྱ་ཆེ་བ་གསུམ་ལ་སྟོང་ཕྲག་གཉིས་རེའོ། །ངོས་ཆུང་བ་གཅིག་ལ་དཔག་ཚད་ཕྱེད་བཞིའོ། །མཐའ་སྐོར་ལ་དཔག་ཚད་དྲུག་སྟོང་ཕྱེད་བཞིའོ། །སྲིད་ནི་བརྒྱད་ཁྲི་ཐུང་དུ་ཟུག་པར་གླུང་བཞི་ཅང་མཉམ་པ་ཡིན། །འདིར་དཔག་ཚད་བརྒྱ་རེ་མི་འགྲོ་མགྱོགས་པས་བཟླ་བ་གསུམ་རེ་ན་ཆོད་དོ་ཞེས་འཇིག་རྟེན་ན་གྲགས་སོ། །ཡུལ་འདིའི་དབུས་ན་གསེར་གྱི་གཞི་ལ་སྲིད་ཐ་པ་འཚང་རྒྱ་བའི་གནས་རྡོ་རྗེའི་གདན་ཡོད་དེ། རྡོ་རྗེའི་ཏིང་ངེ་འཛིན་དེ་ནི་སྲིད་ཐ་པའི་ལུས་དང་རྡོ་རྗེ་གདན་མ་གཏོགས་པ་གང་གིས་ཀྱང་མི་བཟོད་པའི་ཕྱིར། གཉིས་པ་ནི། ཤར་གྱི་ལུས་འཕགས་ཟླ་ཁམ་འདྲ། །ངོས་གསུམ་འདི་དང་འདྲ་གཅིག་ལ། །དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །འཛམ་བུའི་གླིང་ནས་རི་རབ་ཀྱི་ངོས་ཤར་གྱི་ལུས་འཕགས་ཟླ་གམ་འདྲ་ལ། རྒྱར་ནི་ངོས་གསུམ་འཛམ་བུའི་གླིང་འདི་དང་འདྲ་བར་ཉིས་སྟོང་ཉིས་སྟོང་ངོ་། །ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུའོ། །དེའི་མཐའ་སྐོར་ཡང་དྲུག་སྟོང་ཕྱེད་དང་བཞི་བརྒྱ་སྟེ། ཆུ་མཚམས་ལས་ཏ་ལ་བདུན་སྲིད་དུ་འཕགས་པའོ། །གསུམ་པ་ནི། བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། །སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་སྟོང་ཕྲག་ཕྱེད་དང་གསུམ། །ནུབ་ཀྱི་རི་རབ་ཀྱི་ངོས་ལ་བ་ལང་སྤྱོད་གླིང་ཟླུམ་པོ་སྟེ། མཐའ་སྐོར་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ནོ། །དེའི་དབུས་ཀྱི་ཞེང་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་མོ། །(༢༧༦ན)
དེར་ནི་བ་ལང་དང་ནོར་བུ་ལ་ལོངས་སྤྱོད་པ་སྟེ། དེའི་དབུས་སུ་ནི་ཆུ་བོ་བ་ཀ་ཞེས་ཞིག་འབབ་སྟེ། ཇི་སྐད་དུ། ཆུ་བོ་ཐམས་ཅད་གྱ་གྱུ་སྟེ། །པ་བ་ཀ་ནི་དྲང་པོར་འབབ། །བུད་མེད་ཐམས་ཅད་གཡོ་སྒྱུ་སྟེ། །མཛེས་ལྡན་མ་ལ་གཡོ་སྒྱུ་མེད། །ཅེས་སོ། །བཞི་པ་ནི། སྒྲ་མི་སྙན་བརྒྱད་གྲུ་བཞིར་མཉམ། །རི་རབ་ཀྱི་བྱང་ངོས་ན་འདྲེ་སྐད་དུ་སྨྲ་བའམ། འཆི་བའི་སྔ་རོལ་ཞག་བདུན་ནས་ལུང་སྟོན་པས་སྒྲ་མི་སྙན་ལ་ངོས་རེ་རེར་དཔག་ཚད་ཉིས་སྟོང་ཉིས་སྟོང་སྟེ་དཔག་ཚད་སྟོང་ཕྲག་བརྒྱད་གྲུ་བཞིར་མཉམ་མོ། །གླིང་གི་དབྱིབས་ཀྱིས་བྱད་ཀྱི་དབྱིབས་ཀྱང་དེ་དང་འདྲའོ། །གངས་རི་ལ་གནས་པ་ཀར་ཤམ། འབིགས་བྱེད་ལ་གནས་སྔོ་བསང་དུ་འོང་། གླིང་གསུམ་དུ་ནག་དཀར་སྔོ་བསང་སྐྱ་ནར་བཞི་ཀར་ཡོད་ལ། བྱང་ན་སྐྱ་ནར་ཁོ་ནའོ། །ལྷ་རི་དྲུག་སྔོ་སེར་དཀར་དམར་དང་། གཟུགས་ཁམས་པ་དཀར་པོ་དང་། བྱང་ན་མ་རྨོས་པའི་སཱ་ལུ་ཟ་ལ། ལྷ་རིས་དྲུག་དྲི་དང་བདུད་རྩི་ཟ་ཞིང་། གླིང་གསུམ་ན་ཉོ་ཚོང་ཡོད། བྱང་དང་འདོད་ལྷ་ན་མེད། བྱང་དུ་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་གྱོན། གླིང་གསུམ་ན་ཚ་གྲང་ཡོད་ཀྱང་བྱང་དང་འདོད་ལྷ་རིས་དྲུག་ན་མེད་དོ། །གཉིས་པ་གླིང་ཕྲན་བརྒྱད་བཤད་པ་ནི། དེའི་བར་གྱི་གླིང་བརྒྱད་ནི། །ལུས་དང་ལུས་འཕགས་སྒྲ་མི་སྙན། །སྒྲ་མི་སྙན་གྱི་ཟླ་དང་ནི། །རྔ་ཡབ་དང་ནི་རྔ་ཡབ་གཞན། །གཡོ་ལྡན་དང་ནི་ལམ་མཆོག་འགྲོ། །ཞེས་པས་ཡུལ་དེར་ལས་དམན་པས་གྲུབ་པས་ལུས་ཆུང་བར་བཤད་ཅིང་། རྔ་ཡབ་ན་སྲིན་པོ་གནས་ལ། གླིང་གཡོ་རྣམས་ཁ་ཅིག་གཡས་སྐོར་དུ་འདོད་ཀྱང་སྣར་ཐང་པ་ཆེན་པོས་གཡོན་སྐོར་ཡིན་གསུང་ངོ་། །བོད་ཁ་ཅིག་རི་གླིང་གི་ཚུལ་འདི་སྟོན་པ་ཤཱ་ཐུབ་ཀྱི་དུས་ཏེ། སྐྱེ་རྒུའི་བསོད་ནམས་འཕེལ་འགྲིབ་ཀྱིས་བ་ཚྭ་ཅན་གྱི་ཆུ་འཕེལ་འགྲིབ་བྱེད་པས། ད་ལྟ་ནི་གླིང་འདི་རྣམས་(༢༧༦བ)
ཚད་འདི་དག་ལས་ཆུང་ལ། བྱམས་མགོན་དུས་འཛམ་གླིང་དཔག་ཚད་བརྒྱད་ཁྲིར་འཕེལ་ཟེར་བ་ནི་ཆོས་མངོན་པ་གོང་མ་སོགས་ཀྱི་མདོ་ཁུངས་དང་སྦྱར་ན་རུང་ཡང་། མཛོད་ཀྱི་མདོ་ཁུངས་དང་སྦྱར་ན་མི་བཏུབ་བོ། །གཉིས་པ་འཛམ་གླིང་བྱེ་བྲག་ཏུ་བཤད་པ་ནི། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །འཛམ་བུ་གླིང་འདི་ནས་བྱང་དུ་རི་ནག་པོ་དགུ་འདས་པ་ན་གངས་རི་ཆེན་པོ་ཡོད་དོ། །རི་ནག་པོ་ཡང་གསུམ་བསྒྲིགས་པ་གསུམ་ཡོད་ཅེས་གྲགས་སོ། །བ་རི་ལོ་ཙཱ་ནི་རི་ནག་པོ་ནི་རིན་པོ་ཆེ་མེད་པའི་རིའོ་ཞེས་ཟེར་རོ། །དེས་ན་ནི་སྤོས་ངད་ལྡང་བའི་ཚུ་རོལ་ལྷོ་ཕྱོགས་སུ་དཔག་ཚད་བཅུ་གཞལ་བ་ན་མཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ་མ་དྲོས་པ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བ་ཡོད་ལ། དེར་ནི་རྫུ་འཕྲུལ་མེད་པའི་མིས་བགྲོད་པར་དཀའ་ཞིང་། དེའི་ནང་ནས་གངྒཱ་སོགས་ཆུ་བོ་ཆེན་པོ་བཞི་རེ་རེའང་ཆུ་ཕྲན་ལྔ་བརྒྱ་ལྔ་བརྒྱ་དང་བཅས་པ་མཚོ་མ་དྲོས་པ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཤར་ལྷོ་ནུབ་བྱང་གི་བྲག་གླང་པོ་ཆེ་དང་། ཁྱུ་མཆོག་དང་། རྟ་དང་། སེང་གེའི་ཁ་ནས་བབས་པ་ཤར་ལྷོ་ནུབ་བྱང་གི་རྒྱ་མཚོར་འབབ་པར་བཤད་ཅིང་། མ་དྲོས་པ་དེའི་དྲུང་ན་འབྲས་བུ་མངར་མོ་ཡོད་པའི་ཤིང་འཛམ་བུ་གྲུབ་སྟེ། དེའི་འབྲས་བུ་རྫ་མ་ཙམ་སྨིན་པ་དེ་ཀླུ་རྣམས་ཉར་སྤྲུལ་ནས་ཟ་ཞིང་། མ་ཟོས་པ་རྣམས་འཛམ་བུ་ཆུ་བོའི་གསེར་དུ་འགྱུར་རོ་ཞེས་གྲག་གོ། །ཤིང་འདིས་མཚོན་ནས་གླིང་འདི་ལ་འཛམ་གླིང་བར་གྲགས་ལ། ཤིང་འདིའི་རིགས་ནི་སྔོན་སེར་སྐྱའི་གྲོང་ནའང་ཅུང་ཟད་ཡོད་དེ། བྱང་ཆུབ་སེམས་དཔའ་ཞིང་པའི་གྲོང་འཛམ་བུའི་གྲིབ་མ་ལ་བསམ་གཏན་མཛོད་ཅེས་འབྱུང་ངོ་། །རི་སྤོས་ཀྱི་ངད་ལྡན་དེའི་བྱང་ཕྱོགས་ན་དཔག་ཚད་ཉི་ཤུ་ན་བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ཡོད་དེ། མཚོ་མ་དྲོས་པའི་ཚད་ཙམ་ལ་གྱེན་དུ་འཕགས་པར་དཔག་ཚད་ཕྱེད་བཞི་པ་དབྱིབས་(༢༧༧ན)
ལེགས་ཤིང་ལྟ་ན་སྡུག་པ། གསེར་གྱི་བྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་སྟེ། ཁོར་ཡུག་ན་བྲག་གསེར་གྱི་བྱ་སྐྱིབས་བརྒྱད་སྟོང་ཡོད་པའི་ཕུན་སུམ་ཚོགས་པ་སྔ་མ་བཞིན་ནོ། །དེའི་བྱང་དུ་དཔག་ཚད་ཉི་ཤུ་ན་ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་ཅེས་པ་འདོམ་བཞི་བཅུ་ཐུར་དུ་ཟུག་ཅིང་བརྒྱད་ཅུ་གྱེན་དུ་འཕགས་པ། འཁོར་སཱ་ལའི་ཤིང་གི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་སྟེ་སཱ་ལ་བརྒྱད་སྟོང་ཡོད་དོ། །དེའི་ཤར་གྱི་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་མཚོ་མ་དྲོས་པའི་ཚད་ཙམ་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་མཛེས་པ། ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་བ། མེ་ཏོག་ཨུཏྤལ་སྣ་ཚོགས་ཀྱིས་ཁེབས་པ། ཁོར་ཡུག་ཏུ་རྫིང་བརྒྱད་སྟོང་ཡོད་པ་ཐམས་ཅད་ཀྱང་སྔར་གྱི་ཕུན་སུམ་ཚོགས་པ་ཅན་ཤ་སྟག་གོ། །རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་རབ་བརྟན་གླང་པོ་བརྒྱད་སྟོང་དང་བཅས་པ་བྲག་གསེར་གྱི་བྱ་སྐྱིབས་སུ་དགུན་ཟླ་བ་བཞི་དང་། སྔ་ལའི་རྒྱལ་པོ་རབ་བརྟན་དུ་དཔྱིད་ཟླ་བ་བཞི་དང་། རྫིང་དལ་གྱིས་འབབ་པར་དབྱར་ཟླ་བ་བཞི་གནས་ཏེ། འཁོར་གླང་པོ་ཆེའི་ཚོགས་ཀྱིས་གནས་དེ་གསུམ་དུ་གནས་པའི་ཚེ། རབ་བརྟན་ལ་ཁ་ནང་དུ་བལྟས་ཏེ་སྲུང་བ་དང་སྦ་བའི་ཕྱིར་གནས་སོ། །རབ་བརྟན་གསུམ་པོ་དེ་དག་གནས་གཅིག་ཏུ་འགྲོ་བ་ན། རེས་ཐ་མལ་གྱི་ཚུལ་དུ་འགྲོ། རེས་ནི་ལྷའམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་རུང་བཞིན་དུ་བདག་ཉིད་སྤྲུལ་ནས་གླང་པོ་ཆེ་དེ་དག་གི་ནང་ནས་དབང་ཆེ་བར་གྲགས་པ་གང་ཡིན་པའི་མགོ་འམ་རྒྱབ་ཏུ་ཞོན་ཏེ། སིལ་སྙན་དང་ཕེག་རྡོབ་པ་བརྒྱ་དག་བྱེད་ཅིང་འགྲོའོ། །འཛམ་གླིང་འདི་ན་ཐོ་གར་དང་། རྒྱ་ཡུལ་དང་། ཧུ་ན་དང་། ཕུ་ན་དང་། ཀམ་པོ་རྩེ་དང་། ཤ་ཁ་དང་། ང་དང་། ཝ་གདོང་དང་། ཀྲེ་བ་(༢༧༧བ)
ཤའི་གདོང་དང་། གནམ་གདོང་དང་། ཕྱིར་ཕྱོགས་གདོང་དང་། གཤོག་ཐོགས་སོགས་ཡུལ་ཆེན་བཅུ་དྲུགཡུལ་ཕྲན་སྟོང་། གྲོང་ཁྱེར་ཆེན་པོ་དྲུག་གིས་བརྒྱན་པའི་དབུས་དང་མཐའ་འཁོབ་ཀྱིས་རབ་ཏུ་ཕྱེ་བས་མི་རིགས་སྣ་ཚོགས་དང་བཅས་པ་དང་། ལྷོ་ཕྱོགས་རི་མ་ལ་ཡ་བྱ་བ། རྩེ་མོ་ན་ཕུག་རོན། སྐེད་ན་སྦྲུལ། རྩ་བར་ཕག་རྒོད་དེ་དུག་གསུམ་རྒྱས་པས་བསྟེན་པའི་གནས་དང་། གཞན་ཡང་རི་བོ་བྱ་རྐང་དང་འབིགས་བྱེད་དང་མནྡཱ་ར་ལ་སོགས་པ་དུ་མ་ཡོད་ལ། ཤར་ན་འཇམ་དབྱངས་བཞུགས་པའི་གནས་རྒྱ་ནག་རི་བོ་རྩེ་ལྔ་དང་། ལྷོ་ན་རྩེ་མོར་སྤྱན་རས་གཟིགས་དང་། འོག་ན་སྒྲོལ་མ་བཞུགས་པའི་རི་བོ་གྲུ་འཛིན་དང་། ནུབ་ན་ཨོ་རྒྱན་མཁའ་འགྲོའི་གླིང་དང་། བྱང་ན་ཆོས་རྒྱལ་རིགས་ལྡན་བཞུགས་པའི་ཤམ་བྷ་ལ་ལ་སོགས་སྐྱེ་འཕགས་ཀྱིས་ཉེ་བར་བསྟེན་པའི་གནས་ངོ་མཚར་བ་མང་ངོ། །སྔོན་རྗེ་བཙུན་ཆེན་པོ་མི་ལའི་མགུར་ལས། ཏི་སེ་གངས་ཅན་ཡིན་པ་དང་མ་ཕམ་མ་དྲོས་ཡིན་ཅེས་པ་ཙམ་ཞིག་གསུང་བ་ལ། ཆོས་རྗེ་ས་སྐྱ་པཎྜི་ཏས་དགག་པ་རྒྱ་ཆེར་མཛད་པ་ལ་བརྟེན། དེ་པའི་རྗེས་འཇུག་མང་པོས། རྗེ་མི་ལ། རྗེ་སྒམ་པོ་པ། དཔལ་ཕག་མོ་གྲུ་པ། སྐྱོབ་པ་འབྲི་གུང་འཇིག་རྟེན་གསུམ་གྱི་མགོན་པོ་ལ་སོགས་པའི་སྐྱེས་བུ་དམ་པ་དེ་དག་ནི་རི་མཚོའི་ཡུལ་ལ་ནོར་བར་སྨྲས་པ་ཡིན་ནོ་ཞེས་འཕགས་པའི་གང་ཟག་ཆེན་པོ་དག་ལ་སྐུར་པ་མི་འཚམས་པ་གདབ་པར་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་ལས་སོག་པ་དག་བྱུང་ངོ་། །རྗེ་བཙུན་དམ་པ་དེ་དག་ལ་ནི་ནོར་བ་ག་ལ་མཆི་སྟེ། སྔོན་བོད་འདི་ན་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཙམ་ནས་བོད་པའི་ཁ་ངག་རྙིང་པར་གླུ་བཞས་ལྟ་བུའི་རྟ་ལའང་། སྦུར་རྗེ་བོད་ཀྱི་རྒྱལ་ཁམས་(༢༧༨ན)
ན། རི་གཅིག་ཡོད་པ་དེ་གངས་ཅན་གྱི་ཏི་སེ། །མཚོ་གཅིག་ཡོད་པ་དེ་མ་ཕམ་པའི་མ་དྲོས། །ཞེས་འབྱུང་བས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཇིག་རྟེན་གདུལ་བ་ལས། འཇིག་རྟེན་གྱི་གྲགས་པ་ཐད་སོར་བཞག་ནས་འཇིག་རྟེན་དང་སྒོ་བསྟུན་པའི་ཁ་ངག་གིས་འཇིག་རྟེན་ལས་འདས་པའི་ཆེད་དུ་སྦྱོར་བར་མཛད་པ་ཡིན་ལ། དེའི་ཕྱིར་བོད་ཀྱི་གཏམ་དུ་གྲགས་པ་དེ་ཀ་མ་བརླག་པར། རྗེ་བཙུན་མི་ལ་སོགས་ཀྱིས་དེ་ལྟར་གསུངས་པའམ། ཡང་ན་རྣལ་འབྱོར་གྱི་དབང་ཕྱུག་དེ་དག་གིས་གསང་སྔགས་བླ་ན་མེད་པའི་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་མཉམ་པར་བཞག་པའི་ངོར་རྣམ་པར་དག་པའི་སྣོད་བཅུད་ཀྱི་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས་མ་དག་པའི་སྣོད་བཅུད་ལ་བཀའ་རྟགས་ཀྱི་ཕྱག་རྒྱ་ཆེན་པོ་བཏབ་སྟེ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་ན། ཡེ་ཤེས་ཀྱི་རོལ་པ་ལས་ཤར་བའི་གང་ཅན་དང་མ་དྲོས་པའི་མིང་ཅན་གྱི་སྣོད་དག་པ་ཞིག་གིས། རྣམ་ཤེས་ལ་སྣང་བའི་ཏི་སེ་དང་མ་ཕམ་གྱི་མིང་ཅན་གྱི་དྲི་མ་སེལ་བར་མཛད་པ་ལ་དགོངས་ཏེ་དེར་གསུངས་པ་ནི་ནོངས་པའི་ཆ་ག་ལ་ཡོད་དེ། ཡོད་ན་བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུད་ལས། ཤ་ཡིས་པུཀྐ་སི་རུ་བྱས། །དེ་བཞིན་ཁྲག་གིས་རི་ཁྲོད་མ། །ཞེས་སོགས་གསུངས་པའང་ནོངས་པར་འགྱུར་རོ། །རྣམ་པ་གཅིག་ཏུ་ན། བཅོམ་ལྡན་འདས་ཀྱིས་མདོ་ནས་བཤད་པའི་མ་དྲོས་དང་གངས་ཅན་སོགས་ཀྱི་བཀོད་པ་ད་ལྟའི་ཏི་སེ་དང་མ་ཕམ་སོགས་ལ་མེད་ཀྱང་། སྔོན་སྟོན་པས་རི་བོ་གངས་ཅན་དང་མ་དྲོས་པའི་གདགས་གཞིར་མཛད་པའི་རི་མཚོ་དེ་འདི་མ་ཡིན་པས་མ་ཁྱབ་སྟེ། སྟོན་པས་དེ་ལྟར་གདགས་དུས་ཀྱི་འགྲོ་བ་དེ་བའི་ངོར་ལས་མཐུན་གྱི་དེ་ལྟར་སྣང་བས་དེ་ལྟར་གསུངས་ཀྱང་ད་ལྟའི་དུས་ཀྱི་མིའི་འགྲོ་བའི་ལས་ང་ལ་དེ་ལྟར་སྣང་དགོས་པས་མ་ཁྱབ་པའི་ཕྱིར། (༢༧༨བ)
དཔེར་ན། ཡུམ་རྒྱས་པ་གསུངས་དུས་ཀྱི་འཛམ་གླིང་གི་བཀོད་པ་དེ་ལྟ་འཛམ་གླིང་གི་བཀོད་པ་ལ་མ་དམིགས་པ་ལྟ་བུའོ། །དེར་མ་ཟད་མ་དྲོས་པའི་དྲུང་གི་འཛམ་བུ་བྲྀཀྵའི་ཤིང་སོགས་ཀླུའི་སྤྱོད་ཡུལ་དུ་འགྱུར་བ་དང་། གསེར་གྱི་རི་བོ་བྱ་སྐྱིབས་སོགས་ལྷའི་སྤྱོད་ཡུལ་དུ་གསུངས་པས། ངེད་རང་མི་ལས་འགྲོ་བ་ཐ་དད་པའི་ངོར་ཡུལ་དེ་དག་ཏུ་མདོ་ནས་བཤད་པའི་ཡོན་ཏན་ཅན་དུ་སྣང་བ་ཡིན་ཀྱང་། རང་ཅག་མིས་བཀོད་པ་དེ་ལྟར་མ་མཐོང་བས་རི་མཚོ་ཤིང་བྲག་དེ་དག་མ་ཡིན་པར་མི་འགྱུར་ཏེ། ལས་སྣང་གི་མཚམས་ཆོད་པ་ཡོད་པའི་ཕྱིར་དང་། མདོ་སྡེ་ཕལ་ཆེན་སོགས་ནས་བཤད་པའི་ཆུ་བོ་ཆེན་པོ་བཞིས་མ་དྲོས་པ་ལ་བསྐོར་བ་ལན་བདུན་བྱས་འགྲོ་ཞེས་པ་སོགས་ཀྱང་ཡུལ་དེར་སངས་རྒྱས་ཀྱིས་སྤྲུལ་པའི་དབང་དུ་བྱས་པ་ཡང་ཡིན་སྲིད་པའི་ཕྱིར་དང་། འདུལ་བ་ལུང་ནས་རི་མཚོ་དེར་མི་རྫུ་འཕྲུལ་མ་ཐོབ་པས་བགྲོད་མི་ནུས་པར་བཤད་པ་ནི། དུས་དེར་བོད་གནོད་སྦྱིན་གཏུམ་པོ་དག་གིས་བཟུང་ནས་སངས་རྒྱས་ཀྱི་བསྟན་པའང་དར་བར་མི་རུང་བའི་ཀླ་ཀློའི་ཡུལ་དུ་ཡོད་དེ། སློབ་དཔོན་དཔའ་བོས་མི་ཁོམས་པའི་གནས་བརྒྱད་བསྟན་པའི་གཏམ་ལས། བོད་སངས་རྒྱས་ཀྱི་བསྟན་པ་དར་བ་མ་ཡིན་པའི་ཡུལ་མཐའ་འཁོབ་ཏུ་བཟུང་བ་ལྟ་བུ་འདིའི་དབང་དུ་བྱས་ནས་དུས་དེར་རི་མཚོ་དེར་ཡུལ་དེ་པ་མིན་པའི་མི་རྫུ་འཕྲུལ་མ་ཐོབ་པས་བགྲོད་མི་ནུས་པར་གསུངས་པ་ལྟ་བུ་ཡིན་ལ། དུས་ཕྱིས་ནས་ནི་བོད་དུ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་རུང་གི་མིས་ཡོངས་སུ་བཟུང་བས་རི་མཚོ་དེར། ཡུལ་དེ་པ་མིན་པའི་རྫུ་འཕྲུལ་མ་ཐོབ་པས་བགྲོད་དུ་རུང་བ་ལ་སངས་རྒྱས་ཀྱིས་དགག་པ་མཛད་པ་འགའང་མེད་དོ། །འོ་ན་སངས་རྒྱས་བཞུགས་པའི་དུས་བོད་དུ་མི་མེད་པ་མིན་ཏེ། སྔོན་རྩོད་ལྡན་མགོ་བརྩམས་ཕན་དགྲ་ངན་གྱི་དཔུང་ཚོགས་གཅིག་བོད་དུ་བྲོས་ནས་གནས་པའི་ཕྱིར་སྙམ་ནའང་མི་ཡོད་དུ་(༢༧༩ན)
ཆུགམི་དེ་དག་ཀྱང་གནོད་སྦྱིན་དང་ཉེ་བར་གནས་པའི་དབང་གིས་འདྲེ་སྲིན་ལྟར་མི་སྲུན་པར་གྱུར་ནས་མི་དང་མིན་ཕལ་ལ་འཚེ་བས་བོད་ཀྱི་ཡུལ་དུ་ཡུལ་གཞན་པ་རྫུ་འཕྲུལ་མ་ཐོབ་པའི་མིས་བགྲོད་དཀའ་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འགྲེལ་པར། མི་ཡིས་བགྲོད་པར་དཀའ་བར་གསུངས། བགྲོད་མི་ནུས་པར་མ་གསུངས་པའི་ཕྱིར་རོ། །ཁྱད་པར་བོད་ཀྱི་རྒྱལ་རབས་དང་ཡིག་ཚང་རྙིང་པ་ཐམས་ཅད་དུ་ཏི་སེ་མ་ཕམ་ཆུ་བོ་བཞིའི་མགོ་ཞེས་གངྒཱ་སོགས་ཆུ་བོ་བཞི་ཀའི་མགོ་བོད་ཀྱི་མ་ཕམ་གྱི་མཚོ་ལ་བཤད་འདུག་པ་ལ་ཁ་ཅིག་བོད་བླུན་པོའི་གཏམ་ལ་རྒྱུ་མཚན་མེད་དོ་ཞེ་ན། བོད་ཀྱི་སྤྲུལ་པའི་རྒྱལ་བློན་རྣམས་ཀྱི་རྣམ་ཐར་ཡིག་ཚང་ལ་རྒྱུ་མཚན་མེད་ན། ཁྱེད་ཅག་གི་སྒྲོས་འཁྱམས་པོ་དེ་ལ་སུ་ཞིག་ཡིད་རྟོན་ར་བྱེད། མདོར་ན། རྒྱ་བོད་ཐམས་ཅད་དུ་ཕྱི་ནང་གི་མཁས་པ་ནས་གནག་རྫི་མོའི་བར་གྲགས་པའི་གངྒཱ་སོགས་གངྒཱ་མ་ཡིན་པར་ས་པཎ་ལས་དོན་གྱིས་འཆད་དགོས་བྱུང་བའི་ཉེས་པ་མ་བཟོད་ནས། དེའི་ལན་དུ་ཤཱཀྱ་མཆོག་ལྡན་གྱིས་ད་ལྟའི་གངྒཱ་འདི་ནི་འཇིག་རྟེན་ན་གྲགས་པའི་གངྒཱ་ཡིན་ལ། བསྟན་བཅོས་ནས་གྲགས་པའི་དེ་ནི་མ་ཡིན་ཅེས་ཟེར་བའི་ལན་ཚིག་གིས་ཕོངས་པ་དེ་འདྲ་ཞིག་འདེབས་པར་བྱེད་མོད། ཁྱེད་ཅག་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་ཕྱོགས་གྲགས་པའི་ཆོས་ཀྱིས་འཛིན་པར་མཛད་པས་མོས་པའི་རྗེས་སུ་འབྲང་བའི་དད་པ་ལ་རྗེས་སུ་ཡི་རང་བའི་གནས་ཡིན་མོད། དེ་ལས་ཀྱང་ཆོས་ཀྱི་རྗེས་སུ་འབྲང་བའི་དད་པ་བསྐྱེད་ན་ཆེས་ལེགས་སོ། །ལན་འདེབས་དེ་ལྟར་ན། ཐུག་མེད་དུ་ཡང་འགྱུར་ཏེ། རྫོགས་ལྡན་གྱི་འཇིག་རྟེན་ན་འཁོར་ལོས་སྒྱུར་བ་བྱུང་ན། དེའི་ཕུན་ཚོགས་ལ་ཕྲག་དོག་པ་ཞིག་གིས་འཁོར་ལོས་སྒྱུར་བ་འདི་འཁོར་ལོས་སྒྱུར་བ་མ་ཡིན་ནོ་ཞེས་སྨྲས་པ་ལ། སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་གྱི་ཚད་མས་གནོད་པ་(༢༧༩བ)
ན། ཕྲག་དོག་ཅན་དེའི་རྗེས་འཇུག་ཞིག་གིས་འཇིག་རྟེན་ན་མངོན་སུམ་དུ་གྱུར་བའི་འཁོར་ལོས་སྒྱུར་རྒྱལ་མིན་མ་བྱས་ཀྱི། བསྟན་བཅོས་ནས་བཤད་པའི་འཁོར་ལོས་སྒྱུར་རྒྱལ་དེ་མ་ཡིན་ནོ་ཞེས་ཟོལ་སྦྱོར་བྱེད་པ་དང་འདྲ་བའི་ཕྱིར་ཞེས་སྙམ་མོ། །དེར་མ་ཟད་དཔལ་ཤཱཀྱ་མཆོག་ལྡན་གྱིས་འདིའི་ཐད་ཀྱི་ཊཱི་ཀར། རྗེ་དྭགས་པོ་བཀའ་བརྒྱུད་པ་ཏི་སེ་དང་མ་ཕམ་གངས་ཅན་དང་མ་དྲོས་པ་ཡིན་པར་འདོད་པ་ལ་རིགས་པ་དང་འགལ་བ་ཡིན་ཟེར་བ་ཞིག་བྲིས་འདུག་པའི་རིགས་པ་ནི་འདི་ཡིན་པར་སྣང་སྟེ། གླིང་འདིར་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་རྗེ་དང་སྨོན་ལམ་ལས་བྱུང་བའི་ཞིང་མེད་པར་ཐལ། འཛམ་བུའི་གླིང་ན་རྫུ་འཕྲུལ་དང་མི་ལྡན་པའི་མིས་བགྲོད་ཡི་ནུས་པའི་གནས་མེད་པའི་ཕྱིར། ཞེས་པའི་རྟགས་ཁྱབ་ནི། རྗེ་དྭགས་པོ་བཀའ་བརྒྱུད་པ་ཚད་ལྡན་སུས་ཀྱང་ཞལ་གྱིས་མི་བཞེས་པས་ཤཱཀྱ་པ་རང་གི་བཞེད་པ་ལས་འོས་མེད། དེ་ལྟར་གྱི་ཐལ་འགྱུར་དེ་དེར་ཐལ། དེའི་ཕྱིར་ཞེས་ཟློག་ནས་རྟགས་ཁྱབ་ལ་ལན་མི་ཐེབས་པས་མི་འདོད་ཀ་མེད། འདོད་ན་མི་མཇེད་ཀྱི་འཇིག་རྟེན་སངས་རྒྱས་སྟོང་གི་སྙིང་རྗེ་དང་སྨོན་ལམ་གྱི་སྟོབས་ཀྱིས་ཞིང་དུ་བཟུང་བ་ཡིན་པར་བཤད་པས། བསྐལ་པ་འདི་སྒྲོན་མེའི་བསྐལ་པར་བཤད་པ་དེ་མི་འཐད་པར་འགྱུར་བའི་ཕྱིར། བསྐལ་པ་འདི་མུན་བསྐལ་དུ་ཐལ་ལོ། །ཡང་ཤཱཀྱ་པ་རང་གི་ཐེག་དམན་གྱི་ལུགས་ལ་འཛམ་གླིང་གང་ཚད། །སངས་རྒྱས་ཀྱི་སྙིང་རྗེ་དང་སྨོན་ལམ་བཏབ་པའི་ཞིང་མིན་ན་སྤྱི་ཁྱབ་མ་གྲུབ་པས་རྡོ་རྗེ་གདན་གང་པོ་དེ་དེ་ཡིན་(༢༨༠ན)
པའི་སྒོས་ཁྱབ་ཀྱང་མི་འགྲུབ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ལ་བསྐྱེད་པའི་གནས་ལ་རྡོ་རྗེའི་གདན་བྱ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལྡན་པའི་དུས་ནི་སངས་རྒྱས་ཅིང་སེམས་ཅན་བྱང་ཆུབ་སེམས་དཔའ་ཡིན་པས། དེ་དུས་ཀྱི་རྡོར་གདན་དེ་སེམས་ཅན་དེའི་ལས་ཉོན་གྱི་བདག་འབྲས་ལས་སངས་རྒྱས་ཀྱི་ཟག་མེད་ཀྱི་དགེ་བའི་བདག་འབྲས་ཡིན་ཐབས་མེད་དེ། བྱང་སེམས་སོ་སྐྱེ་ཟག་པ་དང་བཅས་པ་ཞིག་རྡོར་ཏིང་བསྐྱེད་པའི་ཆེད་དུ་རྡོར་གདན་དུ་འོངས་པ་ནི་གང་ཞིགདེའི་དུས་ན་རྡོར་གདན་གྲུབ་ཟིན་པའི་ཕྱིར། རྡོར་གདན་དུ་བྱང་སེམས་སོ་སྐྱེ་དེ་འོངས་ནས་ཟག་མེད་ཀྱི་ལམ་གྱིས་མཐོང་སྒོམ་གྱི་སྤང་བྱ་རྣམས་སྤོང་བའི་ཆེད་དུ་བྱ་བ་བྱས་ཀྱི། སངས་རྒྱས་ནས་བཞུགས་པའི་གནས་ཀྱི་དགེ་རྩ་བསྒྲུབ་བའི་བྱ་བ་མ་བྱས་པའི་ཕྱིར། དེས་ན་སངས་རྒྱས་བཞུགས་པའི་གནས་སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་ཟག་མེད་ཀྱི་དགེ་བའི་ལས་བསགས་པ་ལས་གྲུབ་དགོས་ཞེས་པ་ཐེག་པ་ཆེན་པོའི་ལུགས་དང་། དེའི་ཚེ་སྤྲུལ་སྐུའི་སངས་རྒྱས་ཀྱི་ཞིང་། སངས་རྒྱས་ཀྱི་ཞིང་མཚན་ཉིད་པ་ཡིན་ཀྱང་སངས་རྒྱས་ཀྱི་གནས་མཚན་ཉིད་པ་མིན་པར་བཤད་པ་ཡིན་ལ། ཐེག་དམན་ལྟར་ན་འཚང་རྒྱ་བའི་གནས་དེ་ངེས་པར་སངས་རྒྱས་ཀྱི་ཞིང་དང་གནས་ཡིན་དགོས་ན། སངས་རྒྱས་ནས་བྱོན་བཞུགས་ཀྱི་གནས་གྲོང་ཁྱེར་དྲུག་སོགས་སངས་རྒྱས་ཀྱི་ཞིང་གནས་ཁྱད་པར་བ་མ་ཡིན་པ་ལ་གནོད་པ་སུ་ཞིག་གིས་བསྐྱལ། མདོར་ན། ཐེག་དམན་རང་ལུགས་ལ་རྒྱ་གར་རྡོ་རྗེ་གདན་དེ་དེ་བཞིན་གཤེགས་པའི་སྙིང་རྗེ་དང་སྨོན་ལམ་ལས་བྱུང་བའི་ཞིང་གནས་ཐུན་མོང་མིན་པ་མིན་པར་ཐལ། རང་འགྲེལ་ལས། ཁྱེད་རང་གིས་དྲངས་པའི་དེའི་དབུས་སུ་གསེར་གྱི་རང་བཞིན་གྱི་ས་གཞི་ལ། གང་དུ་བྱང་ཆུབ་སེམས་དཔའ་བཞུགས་ནས་རྡོ་རྗེ་ལྟ་བུའི་(༢༨༠བ)
ཏིང་ངེ་འཛིན་བསྐྱེད་པར་མཛད་པ་རྡོ་རྗེའི་གདན་མངོན་པར་གྲུབ་སྟེ་ཞེས་གསུངས་པས་དམིགས་ཀྱིས་བཀར་ནས་བྱང་སེམས་ཀྱི་གནས་སུ་བཤད་པའི་ཕྱིར། འཁོར་གསུམ་ག་ལ་ལན་མེད་དོ། །ཡང་འབྱུང་བས་མི་འཇིག་ན་ལས་ཉོན་གྱི་བདག་འབྲས་མིན་པའི་ཁྱབ་སྒྲུབ་ཏུ་བཀོད་པ་འགྲེལ་པ་འགྲེལ་བཤད་དང་བཅས་པའི་དགོངས་པ་མིན་གྱི། སྡེ་པའི་གྲུབ་མཐའ་ལ་རྡོ་རྗེ་གདན་དེ་མེ་ཆུ་རླུང་གསུམ་གྱི་འབྱུང་བས་མི་གནོད་པའི་ཕྱིར། རྡོ་རྗེ་དང་འདྲ་བར་སྲ་མཁྲེགས་སུ་བཤད་པའི་ཁྱབ་པ་སྟོན་པ་ཡིན་ཏེ། དཔེར་ན། འདུས་བྱས་ཀྱི་དངོས་པོས་མི་གནོད་པའི་རྟགས་ཀྱིས་ནམ་མཁའ་རྟག་སུ་སྒྲུབ་པ་བཞིན་སྡེ་པ་རང་གི་རྣམ་རྟོག་གིས་གྲུབ་པ་ཡིན་ནོ། །རྩ་བར་སྡེ་པས། དེ་བཞིན་གཤེགས་པས་ཆུ་རྙོག་མ་ཅན་གསོལ་དགོས་པའི་གནས་སུ་གཤེགས་པའི་ཚེ་ཡང་སྔོན་དེ་བཞིན་གཤེགས་པས་སྡིག་པའི་ལས་བསགས་པའི་བདག་འབྲས་ཀྱི་ཡུལ་དུ་འདོད་དོ། །དེས་ན་མཁས་པར་མངོན་པའི་ང་རྒྱལ་བ་ཆེན་པོས་བཤད་པ་ཐལ་ཆེས་པ་དེ་ལྟ་བུ་ནི་ཧ་ཅང་འཛེམ་པ་མེད་པའི་མཐའ་གཅོད་ཡིན་ཀྱང་ཡང་དག་པའི་དཔྱོད་པ་ལྷུར་ལེན་པ་དག་གིས་ནི་མཆོག་ཏུ་བྱེད་པའི་ཡ་མཚན་དུ་འཇོག་པ་ནི་དཀའ་བ་ཡིན་ནོ། །ཁོ་བོས་ནི་ཏི་སེ་མ་ཕམ་སོགས་གངས་ཅན་དང་མ་དྲོས་པ་ཡིན་པའི་ཆོས་བརྒྱད་ཀྱི་ཕྱོགས་འཛིན་པ་མ་ཡིན་མོད། མངོན་སུམ་དང་གྲགས་པ་ཐམས་ཅད་ལས་བཟློག་སྟེ་སྨྲ་བ་ལ་ངོ་མཚར་དུ་ནི་ནམ་ཡང་འཛིན་པ་མ་ཡིན་པས་ཉེ་རིང་མེད་པའི་བཏང་སྙོམས་ཆེན་པོ་གོམས་པར་བྱའོ། །གཉིས་པ་དམྱལ་བའི་གནས་བཤད་པ་ལ། ཚ་དམྱལ་ཉེ་འཁོར་དང་བཅས་པ། གྲང་དམྱལ་གྱི་གནས་བཤད་པའོ། །དང་པོ་ལ། མནར་མེད། རབ་ཚ་སོགས་བདུན། ཉེ་འཁོར་བཤད་པའོ། །དང་པོ་ནི། འདི་འོག་སྟོང་ཕྲག་ཉི་ཤུ་ན། །མནར་མེད་པའོ་དེ་ཙམ་མོ། །འཛམ་གླིང་འདི་ཁོ་ན་ལས་ངན་སྤྱོད་པ་དང་། མཚོན་ཆར་གྱུར་པའི་ལས་ཡོད་པའི་(༢༨༡ན)
ཕྱིར་དང་། དབང་པོ་རྣོ་བའི་ཕྱིར་འཛམ་གླིང་འདི་འོག་སྟོང་ཕྲག་ཉི་ཤུ་ན་མནར་མེད་པ་ཡོད་དོ། །འཕང་དང་རྒྱར་ནི་ཉི་ཁྲི་པ་དེ་ཙམ་མོ། །སྡུག་བསྔལ་བར་མ་ཆད་དམ་བདེ་བའི་ཚོར་བའི་སྐབས་མེད་པས་མནར་མེད་པའོ། །དམྱལ་བ་གཞན་ན་རྣམ་སྨིན་ལས་བྱུང་བའི་ཚོར་བདེ་མེད་ཀྱང་རྒྱུ་མཐུན་ལས་བྱུང་བའི་བདེ་བ་ཡོད་ཟེར་རོ། །གཉིས་པ་ནི། དེ་ཡི་སྟེང་ན་དམྱལ་བ་བདུན། །མནར་མེད་པ་དེའི་སྟེང་ན་རབ་ཏུ་ཚ་བ་སོགས་དམྱལ་བ་བདུན་བརྩེགས་མར་རོ། །ཁ་ཅིག་གློ་ནའོ་ཟེར་རོ། །གསུམ་པ་ཉེ་འཁོར་བ་ལ། ཉེ་འཁོར་བའི་གྲངས། ཕྱོགས་གང་ན་ཡོད་པ། སྡེ་ཚན་གྱི་མིང་ངོ་། །དང་པོ་ནི། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །ཚ་དམྱལ་བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག་བཅུ་དྲུག་ཡོད་དེ། བཅོམ་ལྡན་འདས་ཀྱིས་རྩིག་པ་བཞི་དང་སྒོ་བཞི་པ་འབར་བས་དཔག་ཚད་བརྒྱའི་བར་དུ་ཁྱབ་པར་གསུངས་སོ། །གཉིས་པ་ནི། དེ་དག་གི་ནི་ངོས་བཞི་ནའོ། །གསུམ་པ་ནི། མེ་མ་མུར་དང་རོ་མྱགས་དང་། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །མེ་མ་མུར་པུས་ནུབ་ཙམ་དུ་རྐང་པ་བཞག་ན་པགས་པ་དང་ཤ་ཁྲག་ཞིག་ཅིང་བཏེག་ན་སླར་སྐྱེ་བ་དང་། རོ་མྱགས་ཏེ་རྐྱག་འདམ་དུ་འབུམ་ཆུ་རྣོན་དག་གིས་རུས་པའི་བར་འབིགས་པ་དང་། སྤུ་གྲིའི་ལམ་རྐང་པ་བཞག་ན་ཤ་ཁྲག་ཞིག་ཅིང་བཏེག་ན་སླར་སྐྱེ་བ་དང་། སོག་པས་ལོ་མ་རལ་གྲི་ལྟ་བུའི་ནགས་ནང་དུ་རལ་གྲི་རྣོན་པོ་རྣམས་ལྷུང་ཞིང་ཡན་ལག་དང་ཉིང་ལག་གཅོད་ཅིང་། ནགས་དེའི་ནང་གི་ཁྱི་སྲེ་བོ་རྣམས་ཀྱིས་ཟ་བར་བྱེད་པ་དང་། ཡང་ལྕགས་ཀྱི་ཤལ་མ་ལི་ལ་ནགས་ཚེར་མ་རྣོན་པོ་སོང་བཅུ་དྲུག་པ་གང་དུ་འཛེགས་པ་ན་ཚེར་མ་རྣམས་ཁ་ཐུར་དུ་ལྟ་ཞིང་ལུས་འབིགས་པར་བྱེད་ལ། བབས་པ་ན་ཁ་གྱེན་དུ་ལྟ་བ་དང་། ཁྭ་ཏ་ལྕགས་ཀྱི་མཆུ་ཅན་གྱིས་མིག་ཕྱུངས་ནས་ཟ་བར་བྱེད་ཅིང་། གསུམ་པོ་དེ་མཚོན་ཆར་འདྲ་བས་གཅིག་ཏུ་བྱས་སོ། །བཞི་པ་ཆུ་བོ་རབ་མེད་ཐལ་ཆུ་ཁོལ་མས་གང་བ་ཡིན་ཏེ། གང་དུ་(༢༨༡བ)
འགྲམ་གཉིས་ན་སྐྱེས་བུ་ལན་རལ་གྲི་དང་། མདུང་ཐུང་དང་། ལག་མདུང་ཐོགས་པ་དག་གིས་འགོག་ཅིང་ཕྲུ་བ་ཆུས་བཀང་བ་ཐབ་ཏུ་བཙུགས་པའི་ནང་དུ་ཏིལ་དང་འབྲས་འཐུག་པོ་ཆེ་ལ་སོགས་བླུགས་པ་བཞིན་དུ་སྟེང་ན་འགྲོ་འོང་གདུང་ཞིང་འཚེང་པར་བྱེད་པས་ཀྱང་དམྱལ་བ་ཆེན་པོ་འོབས་བཞིན་དུ་བསྐོར་རོ། །ལྷག་པའི་དོན་ནི་སྡུག་བསྔལ་བླ་ལྷག་པ་སྟེ་དམྱལ་བར་གནོད་པ་བྱས་ཀྱང་དུང་འདིར་གནོད་པ་བྱེད་དོ། །གནས་བརྟན་ཡིད་འོང་ནི། སྡུག་བསྔལ་བླ་ལྟག་ལྷག་མེད་ཀྱང་དམྱལ་བར་སྐྱེས་ནས་ཡང་འདིར་སྐྱེས་པ་ལྷག་པའི་དོན་ཟེར་རོ། །དམྱལ་སྲུང་དེ་དག་སེམས་ཅན་ཡིན་མིན་ལ། ཁ་ཅིགམ་ཡིན་ཏེ། དེས་སྣོད་ལས་བྱུང་བའི་སྡུག་བསྔལ་མི་མྱོང་བའི་ཕྱིར། འབྱུང་བ་དང་འབྱུང་འགྱུར་ཙམ་སྟེ། ལུག་ལྟ་བུའི་རི་ལ་སོགས་པར་སྣང་བའི་ཕྱིར་གཡོ་བ་དང་འགྲོ་བ་སོགས་ཀྱི་ལས་ནི། དམྱལ་བ་པའི་སེམས་ཅན་གྱི་ལས་ཀྱིས་སྣོད་ཆགས་པའི་རླུང་བཞིན་ནོ། །འོ་ན་སློབ་དཔོན་དཔའ་བོས། གང་ཞིག་ཁྲོ་ཞིང་གཏུམ་ལས་ཀྱང་། །སྡིག་ལ་མངོན་པར་དགའ་བ་དང་། །སྡུག་བསྔལ་བ་ལས་དགའ་བ་དག །གཤིན་རྗེའི་སྲིན་པོར་སྐྱེ་བར་འགྱུར། །ཞེས་བཤད་པས་གནོད་དོ་སྙམ་ན། མིན་ཏེ། གཤིན་རྗེ་ཆོས་རྒྱལ་གྱི་ཕོ་བྲང་དུ་བར་དོ་བ་དེ་རྨི་ལམ་འདྲ་བར་ཕྱིན་ནས། གཤིན་རྗེའི་ཆོས་རྒྱལ་གྱིས་ཁྱོད་སྔོན་གྱི་ལས་འདིས་དམྱལ་བ་འདིར་སྐྱེ་བར་འགྱུར་འདུག་པས་ད་ཕྱིན་ཆད་སྡིག་པ་མ་བྱེད་ཅིག་ཅེས་བསྒོས་ནས་དེའི་འཁོར་ཡི་དྭགས་ཀྱིས་དམྱལ་བའི་གནས་སུ་འཁྲིད་བྱེད་ལ་གཤིན་རྗེའི་སྲིན་པོ་ཞེས་ཟེར་ལ། དམྱལ་སྲུང་བ་ལ་ནི་གཤིན་རྗེའི་སྲིན་པོ་མི་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་ནི། དམྱལ་སྲུང་སེམས་ཅན་རང་རྒྱུད་པ་ཡིན་ལ། དེའི་ལས་ཀྱིས་ཀྱང་དམྱལ་བ་ཉིད་དུ་སྐྱེ་སྟེ། དེར་སྐྱེ་བ་ལ་དམྱལ་སྲུང་ལ་སོགས་སུ་ཞིག་གིས་ཀྱང་འགོགས་ནུས་པ་མ་ཡིན་པའི་ཕྱིར། ལས་ཉིད་ཀྱིས་ནུས་པའི་(༢༨༢ན)
གོ་སྐབས་ཆེ་ཆུང་སྡུག་བསྔལ་གྱི་ཚ་བ་དེ་ཙམ་དུ་མྱོང་བར་གྲུབ་བོ། །དམྱལ་སྲུང་བ་མེས་མི་འཚིག་པ་ནི་ཚེ་སྔ་མར་མི་འཚིག་པའི་ལས་བསགས་པས་མཚམས་ཆོད་པའམ། ཡང་ན་མེས་མི་འཚིག་པའི་འབྱུང་བའི་ཁྱད་པར་གྲུབ་པའི་ཕྱིར། དེང་སང་བོད་འདི་ན་ལུས་ལ་མཚོན་སོགས་ཀྱིས་གནོད་པ་མེད་པ་འབྱུང་བའི་ཁྱད་པར་གྱིས་གྲུབ་པ་ཁ་ཅིག་ལ་མཉམ་གཞག་བཟང་པོའི་ནུས་པར་འཁྲུལ་ནས་མིང་གྲུབ་ཐོབ་ཏུ་བཏགས་པ་མང་པོ་ཞིག་སྣང་བ་ལ་མཆོད་པའི་གནས་སུ་ལྟ་ག་ལ་སྨོས། གཅིག་ཏུ་བརྩེ་བའི་ཡུལ་མཆོག་ཏུ་ཤེས་པར་གྱིས་ཤིག །གཉིས་པ་གྲང་དམྱལ་ནི། ཆུ་བུར་ཅན་སོགས་གྲང་བརྒྱད་གཞན། །གཞན་ཡང་ཆུ་བུར་ཅན་སོགས་ཆུ་བུར་བརྡོལ་བ་ཅན་དང་། སོ་ཐམ་ཐམ་པ་དང་། ཆུ་ཟེར་བ་དང་། ཀྱི་ཧུད་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེར་ལྟར་གས་པ་སྟེ་གྲང་བའི་དམྱལ་བ་བརྒྱད་དོ། །མིང་དང་པོ་གཉིས་དང་ཕྱི་མ་གསུམ་གྲང་བ་མི་བཟད་པས་ཉེན་པས་དེ་དག་གི་ལུས་འགྱུར་བ་དང་མཐུན་པ་སྟེ། ལུས་ཆུ་བུར་དང་འདྲ་བའི་ཕྱིར། སྒྲ་འགྱུར་བ་དང་མཐུན་པར་ལྷག་མ་གསུམ་ཡིན་ནོ། །དེ་དག་འཛམ་གླིང་ཉིད་ཀྱི་འོག་དམྱལ་བ་ཆེན་པོ་རྣམས་ཀྱི་ཐད་ཀ་ན་ཡོད་ལ། དེ་ན་གྲང་བ་ཡོད་པ་ཁ་ཅིག་རྒྱ་མཚོ་དང་ཉེ་བས་ཟེར་ལ་གཞན་དག་ལས་ཀྱིས་བྱས་པ་སྟེ། གཞན་དུ་ཉ་ལ་གྲང་བས་ཆེས་གནོད་པར་འགྱུར་རོ། །ཁ་ཅིག་ཁོར་ཡུག་གིས་བསྐོར་བའི་མན་ནག་ན་ཡོད་ཟེར། འཛམ་གླིང་གི་འོག་ན་མནར་མེད་པའི་གོ་སྐབས་མི་ཤོང་ཞེ་ན། གླིང་རྣམས་ནི་འབྲུའི་ཕུང་པོ་བཞིན་ཞབས་རྒྱ་ཆེ་བས་ཤོང་སྟེ། ཞབས་རྒྱ་ཆེ་བས་རྒྱ་མཚོ་ཆེན་པོ་རིམ་གྱིས་གཞོལ་བ་ཡིན་ནོ། །དམྱལ་བ་ཆེན་པོ་བཅུ་དྲུག་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱིས་གྲུབ་བོ། །ཉི་ཚེ་བའི་དམྱལ་བ་ནི་མང་པོའམ་གཉིས་སམ་གཅིག་གི་སོ་སོའི་ལས་ཀྱིས་འགྲུབ་པ་སྟེ། དེ་དག་གི་(༢༨༢བ)
རྣམ་པའི་བྱེ་བྲག་ནི་རྣམ་པ་དུ་མ་ཡོད་དོ། །རེ་རེ་ལ་དམྱལ་བ་ཡིན་པས་ཉི་ཚེ་བའི་དམྱལ་བའོ། །གནས་ནི་ངེས་པ་མེད་དེ། ཆུ་བོ་དང་། རི་དང་། མྱང་མ་གྱི་ཐང་དང་། དེ་ལ་སོགས་པར་གནས་སོ། །དུད་འགྲོ་ནི། ཐང་དང་ཆུ་དང་ནམ་མཁའི་སྤྱོད་ཡུལ་བ་དག་ཡིན་ནོ། །གནས་ཀྱི་རྩ་བ་ནི་རྒྱ་མཚོ་སྟེ། གཞན་ནི་དེ་ལས་འཕྲོས་པའོ། །ཡི་དྭགས་རྣམས་ཀྱི་རྒྱལ་པོ་ནི། གཤིན་རྗེ་སྟེ་དེའི་གནས་ཀྱི་རྩ་བ་ནི་འཛམ་བུ་གླིང་འདིའི་རྒྱལ་པོའི་ཁབ་ཀྱི་འོག་དཔག་ཚད་ལྔ་བརྒྱར་བཅད་པ་ན་ཡོད་ལ། གཞན་ནི་དེ་ལས་འཕྲོས་པའོ། །ཡི་དྭགས་རྫུ་འཕྲུལ་ཆེ་བ་ཁ་ཅིག་ནི་ལྷའི་དཔལ་ལྟ་བུའང་མྱོང་ངོ་། །ལྷག་མ་ཡི་དྭགས་ཀྱི་རྟོགས་བརྗོད་ལས་བྱུང་བ་བཞིན་ནོ། །གསུམ་པ་ལྷའི་གནས་བཤད་པ་ལ། དངོས་དང་། ཞར་ལ་དེའི་སེམས་ཅན་གྱི་ཁྱད་པར་རོ། །དང་པོ་ལ་གཉིས། ས་དང་འབྲེལ་བ་དང་། མ་འབྲེལ་བའོ། །དང་པོ་ལ། རྒྱལ་ཆེན་རིགས་བཞི་པ་དང་། སུམ་ཅུ་རྩ་གསུམ་པའི་གནས་སོ། །དང་པོ་ལ། གཞལ་མེད་ཁང་དང་། རི་ལ་བརྟེན་པའོ། །དང་པོ་ལ། ཉི་ཟླའི་ཐག་ཚད། བྱ་བ་བྱེད་ཚུལ། དེ་ལ་བརྟེན་པའི་དུས་ཀྱི་ཁྱད་པར། ཟླ་བ་འཕེལ་འགྲིབ་ཀྱི་རྒྱུ་མཚན་ནོ། །དང་པོ་ལ། ཉི་ཟླ་མཐོ་དམན་གྱི་ཚད། ཉི་ཟླའི་རྒྱ་ཁྱོན་གྱི་ཚད་དོ། །དང་པོ་ནི། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །ཞེས་པས་གཉའ་ཤིང་འཛིན་གྱི་རྩེ་མོ་དང་མཉམ་པའོ། །གཉིས་པ་ནི། དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་ལྔ་བཅུ་དང་། ཉི་མའི་དཀྱིལ་འཁོར་ནི་དཔག་ཚད་ལྔ་བཅུ་གཅིག་དང་བཅས་པའོ། །རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་། བཅོ་བརྒྱད་ཀྱི་ཆ་གཅིག་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་སྟེ། གཞལ་མེད་ཁང་ཆུ་ཤེལ་གྱི་རང་བཞིན་བསིལ་བར་བྱེད་པ་དང་སྣང་བར་བྱེད་པ་སྟེ། ཉི་མའི་གཞལ་མེད་ཁང་གི་འོག་གི་ཕྱི་རོལ་ཤེལ་གྱི་རང་བཞིན་ཚ་བར་བྱེད་ཅིང་སྣང་བར་བྱེད་པ་(༢༨༣ན)
སྲོག་ཆགས་རྣམས་ཀྱི་ལས་ཀྱིས་མངོན་པར་གྲུབ་པ་དག་ཅི་རིགས་པར་མིག་དང་ལུས་དག་དང་འབྲས་བུ་དང་མེ་ཏོག་དང་ལོ་ཏོག་དང་སྨན་རྣམས་ལ་ཕན་འདོགས་པ་དང་གནོད་པར་བྱེད་པ་དག་ཡིན་ནོ། །གསེར་གྱི་ར་བ་དཔག་ཚད་ཕྱེད་པས་ཁོར་ཡུག་ཏུ་བསྐོར་ཞིང་། དེ་ལ་ལྕགས་གསེར་དངུལ་བཻ་ཌཱུརྱ། ཤེལ་ལས་བྱས་པ་ཡོད་ལ། དེ་ལ་གྱེན་དུ་འཕང་བ་དང་ཐུར་དུ་འཕང་བའི་མདའ་ཡབ་དང་སྟེང་ཁང་བཞི་ཡོད་དོ། །ནང་གི་ས་གཞི་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཚོན་སྣ་བརྒྱས་བཀྲ་བ་འཇམ་པ་ཤིང་བལ་ལྟ་བུ་རྐང་པ་བཏེག་ན་འཕར་བྱེད་པ། བཞག་ན་ནེམ་བྱེད་པ་མེ་ཏོག་མནྡཱར་བ་པུས་ནུབ་ཙམ་ཁེབས་པར་གསར་པ་གསར་པ་རླུང་གིས་འགྲེམས་ཤིང་རྙིང་པ་འཐོར་བར་བྱེད་པའོ། །ནང་ན་ལམ་སྲང་ནི་མཆུར་དཔག་ཚད་ལྔ་བཅུ། ཞིང་དུ་དཔག་ཚད་ཕྱེད་གཉིས། དབྱིབས་ལེགས་པ་གསེར་གྱི་བྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། དེའི་འགྲམ་གཞི་ན་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་རྫིང་ཆུ་བསིལ་བ་སྦྲང་རྩི་ལྟ་བུས་གང་བ། རྫིང་འགྲམ་ན་དཔག་བསམ་གྱི་ཤིང་ཕུན་སུམ་ཚོགས་པ་ཡོད་པ་ལ་སོགས་པའོ། །སྐར་མ་ཆེ་བ་ལ་རྒྱང་གྲགས་བཅོ་བརྒྱད། ཕལ་ཆེར་བཅུ་པ་དང་བཅུ་གཉིས་པ་དང་། ཆུང་བ་ལ་གསུམ་ཞེས་གདགས་པ་ལས་གསུངས་པ་ཁོར་ཡུག་གི་ཚད་དེ། སྐར་མ་ཆུང་ཚད་རྒྱང་གྲགས་སོ། །གཉིས་པ་[བྱ་བ་བྱེད་ཚུལ་]ནི། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །གླིང་བཞི་གཅིག་ཏུ་ཟླ་བ་གཅིག་དང་ཉི་མ་གཅིག་ཁོ་ནས་བྱ་བ་བྱེད་ལ། བྱེད་པའི་ཚུལ་ནི། སྒྲ་མི་སྙན་དུ་ནམ་ཕྱེད་པའི་ཚེ་ལུས་འཕགས་གླིང་དུ་ཉི་མ་ནུབ་པ་དང་། འཛམ་གླིང་དུ་ཉི་མ་ཕྱེད་དང་བ་ལང་སྤྱོད་དུ་འཆར་བ་དུས་གཅིག་ཏུ་བྱེད་དེ། དེ་བཞིན་ཤར་དུ་ནམ་ཕྱེད་པའི་ཚེ་ལྷོར་ཉི་མ་ནུབ་པ་དང་། ནུབ་ཏུ་ཉི་མ་ཕྱེད་པ་དང་བྱང་དུ་ཉི་མ་ཤར་བ་ལ་སོགས་པའོ། །དེ་ཡང་སའི་སྟོད་འགྲེལ་ལས། གང་གི་ཚེ་ཉིན་ཞག་(༢༨༣བ)
མཉམ་པ་དེའི་ཚེ་ན་དེ་ལྟར་བགྲང་གི། གཞན་ནི་ཆ་ཡོད་པར་བལྟའོ། །ཞེས་འབྱུང་བ་དེ་ནི་ཐེག་པ་ཆེན་པོའི་ཆོས་མངོན་པ་དང་། གསང་སྔགས་ཀྱི་རྒྱུད་ནས་ཉི་ལམ་ཐ་དད་པའི་དབང་གིས་ཉི་མ་འཁོར་ཚུལ་ཐ་དད་པས་བཤད་མ་ཐག་པའི་ཉི་མ་འཆར་ནུབ་དེ་ལན་གཉིས་ལས་མི་འགྱུར་བར་བཤད་པ་དང་སྦྱར་བ་ཡིན་ཟེར་རོ། །མཛོད་རྩ་འགྲེལ་དུ་དངོས་བསྟན་འདི་ཙམ་མ་གཏོགས་དམིགས་ཀྱིས་བསལ་བའི་གསལ་ཀ་མི་སྣང་ལ། དངོས་བསྟན་འདི་ཉིད་སྒྲ་ཇི་བཞིན་པ་དེ་ལྟར་ན་ནི། འཛམ་གླིང་དུ་ཉི་མ་ལྷོ་ནས་འཁོར་བའི་ཚེ་གླིང་གཞན་གསུམ་དུ་ཡང་ཉི་མ་ལྷོ་ནས་འཁོར། དེ་བཞིན་བྱང་ནས་འཁོར་བ་ལའང་དེ་ལྟར་སྦྱར་ལ། དེ་ལྟར་ན་བྱང་བགྲོད་ཀྱི་ཚེ་ཉི་མ་བགྲོད་ཡུལ་ས་ཁྱོན་ཆུང་བས་ཉི་མ་དལ་འགྲོས་དང་། ལྷོ་བགྲོད་ཀྱི་ཚེ་ཉི་མ་བགྲོད་ཡུལ་ས་ཁྱོན་ཆེ་བས་ཉི་མ་མྱུར་འགྲོས་བྱུང་ཞེས་རྟོག་པར་བྱེད་པ་ལས་འོས་ཅི་ཡོད་ཀྱང་། ཕྱི་ནང་གི་རྩིས་པ་ལ་གྲགས་པའི་ཐ་སྙད་དང་ནི་མི་མཐུན་ནོ། །གསུམ་པ་དེ་ལ་བརྟེན་པའི་དུས་ཚིགས་ལ། ཉིན་མཚན་རིང་ཐུང་དུ་འགྱུར་བའི་དུས། རིང་ཐུང་གི་ཚད། ཉི་མ་ཟློག་པའི་དུས་སོ། །དང་པོ་ནི། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུར་འགྱུར་རོ་ཉིན་མོ་བཟློག །འདིར་དགུན་དཔྱིད་དབྱར་གསུམ་གར་ཟླ་བ་བཞི་བཞི་ཡིན་པའི་དབང་དུ་བྱས་ནས། དབྱར་ཟླ་བཞི་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་གི་ཉའི་བར་བཞི་ཡིན་ལ། མར་ངོ་སྔོན་དུ་འགྲོ་ནས་ཡར་ངོ་ཕྱིས་སུ་བཞག་སྟེ་འཛིན་པ་ཡིན་ལ། དེ་ལྟར་ན་དབྱར་འབྲིང་ཉ་ནས་ཐ་ཆུང་ཉའི་བར་ནི་དབྱར་ཟླ་དང་པོ་སྟེ། སྣྲོན་ནམ་གདུབ་བུའི་ཟླ་བའོ། །དབྱར་ཐ་ཆུང་གི་ཉ་ནས་སྟོན་ཟླ་ར་བའི་ཉའི་བར་ནི་དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟེ་ཆུ་སྟོད་ཀྱི་ཟླ་བ་ཡིན་ལ། དེའི་ཐ་མ་སྟོན་རའི་ཡར་ངོའི་ཚེས་བརྒྱད་ལ་ཉིན་མོ་ཡུད་ཙམ་བཅོ་བརྒྱད་དང་། མཚན་མོ་ཡུད་ཙམ་བཅུ་གཉིས་འབྱུང་། དེའི་ཕྱི་མ་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་ཞིང་ཉིན་མོ་ནི་ཐུང་ངུར་འགྱུར་རོ། །(༢༨༤ན)
དགུན་ཟླ་བཞི་ནི་སྟོན་ཟླ་ཐ་ཆུང་(ཧོར་ཟླ་བརྒྱད་པ།)གི་ཉ་ནས་(ཧོར་ཟླ་བཅུ་གཉིས་པ།)དཔྱིད་ཟླ་ར་བའི་(ཟད་པ་ཚེས་བཅུ་དྲུག)ཉའི་བར་བཞི་སྟེ། དགུན་རྣམས་ཀྱི་ནི་བཞི་པ་ལ་དཔྱིད་ར་བའི་ཡར་ངོའི་ཚེས་དགུ་ནས་མཚན་མོ་ཐུང་ངུར་འགྱུར་རོ། །དེ་ནས་ཉིན་མ་ལྡོག་ཅེས་ཉིན་མོ་རིང་དུ་འགྱུར་རོ། །ཚིགས་སུ་བཅད་པ་འདི་དག་གིས་ཉིན་མོ་ལྡོག་ཅེས་པ་དབྱར་དགུན་གྱི་ཉི་ཟློ་བ། དགུན་དཔྱིད་དབྱར་གྱི་ཟླ་བ་བཞི་གསུམ་བཅུ་གཉིས་དང་སྦྱར་ཏེ་འཆད་པ་གཞུང་འདིའི་དོན་འཁྲུལ་མེད་དུ་སྨྲ་བ་དེ་ལྟའི་ལུགས་དབང་བཙན་ན་ནི་འདིར་འགྱུར་ཏེ། དབྱར་ཉི་ཧོར་ཟླ་བདུན་པ་དང་དགུན་ཉི་ཧོར་ཟླ་དང་པོའི་ཡར་ངོ་ལ་བཟློག་པར་འགྱུར་བ་འདི་གྲུབ་བོ། །རྒྱ་གར་དུ་ནི་དུས་བཞིའི་ཟླ་བ་འདི་རྣམས་ལ་ཉ་སྐར་གྱི་མིང་གིས་བརྗོད་ཅིང་རྒྱ་དཔེ་ལའང་དེ་ལྟར་ཡོད་པར་སྣང་ལ། བོད་དུ་ནི་རྒྱ་ནག་གི་ཟླ་བ་ལ་འཇོག་མཚམས་སུ་དུས་བཞི་ལ་རབ་འབྲིང་ཐ་གསུམ་དུ་བཞག་པ་དེ་དང་སྒོ་བསྟུན་ནས་བོད་དུ་ལོ་པཎ་ཆོས་རྒྱལ་རྣམས་ཀྱིས་དོན་འགྱུར་མཛད་དེ། དུས་བཞིའི་ར་བ་སོགས་དང་ཐ་སྙད་སྦྱར་བར་མཛད་པ་ཡིན་ལ། འདིའི་དངོས་བསྟན་ལྟར་ན་དབྱུག་ཉའི་བཅུ་དྲུག་ནས་སྨིན་ཉའི་བར་ནི་འདུལ་བ་པའི་ལོ་མགོ་འཛིན་པའི་དགུན་ཟླ་དང་པོར་འཇོག་པའོ། །དེ་ལྟར་ན་དབྱར་སྔ་མ་ཧོར་ཟླ་ལྔ་པའི་ཚེས་བཅུ་དྲུག་ནས་ཁས་བླངས་ནས་ཁྲུམས་ཉ་ལ་ཟླ་བ་གསུམ་རྫོགས་པས་དགག་དབྱེ་བྱ་བ་དང་། དབྱར་ཕྱི་མ་ཧོར་ཟླ་དྲུག་པའི་བཅུ་དྲུག་ནས་ཁས་བླངས་ནས་ཧོར་ཟླ་དགུ་པ་དབྱུག་ཉ་ལ་ཟླ་བ་གསུམ་རྫོགས་པས་དགག་དབྱེ་གྲོལ་བའོ། །མདོར་ན་ཉི་ཟློག་གི་སྐབས་འདིར་ལོ་པཎ་སྔ་ཕྱིར་བྱོན་པ་རྣམས་ལས་མཁས་པ་ཚིག་དོན་ལ་མ་འཁྲུལ་བ་དག་གིས་འགྱུར་མཛད་པ་ན་ཚིག་དོན་ལ་འཁྲུལ་པ་མེད་མོད། མི་མཁས་པ་མང་པོས་འགྱུར་བཅོས་དང་མཆན་བུ་སྣ་ཚོགས་བྱས་པ་ལ་བརྟེན་ནས་འདུལ་མངོན་གྱི་དུས་ཚིགས་ཀྱི་རྒྱ་གཞུང་(༢༨༤བ)
མང་དུ་འཕེལ་བ་ལ་ནི་མ་དག་པ་དུ་མ་བྱུང་བར་སྣང་ངོ་། །དེའང་ཇི་ལྟར་བྱུང་བའི་འབྱུང་གཞི་ནི་རབ་འབྲིང་ཐ་མ་གསུམ་ལ་རིལ་འཛིན་སྒང་འཛིན་གྱི་བར་དུ་སྒང་འཛིན་ལ། ཟླ་ཕྱེད་རེ་བྲི་བས་རིལ་པོ་སྔ་མའི་ཕྱེད་ལ་རིལ་པོ་ཕྱི་མའི་སྒང་ལ་ཟ་བའམ་ལྷག་པ་དང་། རིལ་པོ་ཕྱི་མའི་ཕྱེད་ལ་དབྲི་ན་རིལ་པོ་སྔ་མའི་སྒང་ལ་ཟ་བའམ་ལྷག་པས་ལྷག་ཆད་ལ་ཡར་བཅད་མར་བཅད་བྱས་པས་དེང་སང་བོད་ཀྱིས་བསྡུས་པའི། རིལ་ཚེས་ཕྱེད་ཚེས་ཡང་ཟེར། ཚིག་སྐྱོན་གྱི་ཆོས་ཅན་ཡརང་བཅད་མར་བཅད་ལྟར་དོན་ལ་བསྒྲིབས་པ་མ་གཏོགས་གོ་རྒྱུ་ཅི་ཡང་མེད་པ་དེ་བཞིན་དུ་འདིར་ཡང་གྱུར་བ་ཡིན་ལ། གཞན་ཡང་གང་གིས་ཉ་བའི་ཟླ་བ་དེ་ཉ་སྐར་མ་ཡིན་པས་རྫོགས་ཟིན་པ་ཡིན་ལ། དེའི་ཟླ་བ་ནི་ཉ་སྐར་རྗེས་མའི་མིང་ཅན་གྱི་ཟླ་བ་དེ་ཡིན་ཟེར་བ་དང་། ཡང་གང་གིས་ཉ་བའི་ཟླ་བ་དེ་དེའི་ཉ་བའི་ཟླ་བའི་མིང་ཅན་དེ་ཉིད་ཡིན་པར་འདོད་པ་ལ་ཡར་བཅད་མར་བཅད་བྱས་པས་ཀྱང་བོད་ཀྱི་བསྡུས་པ་བའི་ཚིག་སྐྱོན་ལྟར་བློ་གྲོས་ཀྱི་རྩལ་མེད་པ་དག་གི་རྣམ་རྟོག་ཅོལ་གཞིར་གྱུར་པའོ། །ཇི་ལྟར་འཆོལ་པར་འགྱུར་ན། མཛོད་ཀྱི་འགྲེལ་བཤད་རྒྱལ་སྲས་མ་ལ་མཚོན་ནའང་ཁོ་བོའི་ལག་ཏུ་བྱུང་བའི་བོད་ཆོས་རྒྱལ་དུས་སུ་བྲིས་པའི་འགྲེལ་པ་རྒྱལ་སྲས་མ་ཡིག་རྙིང་ཞིག་ལ་དཀྱུས་སུ་དབྱར་གྱི་ཟླ་བ་ནི་དབྱར་ཟླ་འབྲིང་པོའི་ཉ་ནས་བྱ་བ་ལ། དུས་ཕྱིས་ཀྱི་མི་མཁས་པ་ཞིག་གིས་དབྱར་ཟླ་འབྲིང་པོ་ལས་དབྱར་ཟླ་ཐ་ཆུང་དག་པར་སེམས་ནས་དབྱར་ཟླ་ཐ་ཆུང་ཞེས་མཆན་བུ་བཏབ་པ་དང་། ཡང་སྟོན་ཟླ་ར་བའི་ཡར་གྱི་ངོའི་ཚེས་དགུ་ནས་མཚན་རིང་བར་འགྱུར་ཞེས་པ་ལ། དབྱར་ཟླ་ཐ་ཆུང་གི་མཆན་བཏབ་པ་དང་། དེ་ལ་དཔྱིད་ཟླ་འི་ཚེས་དགུ་ནས་མཚན་རིང་བར་འགྱུར་ཞེས་པ་ལ་དགུན་ཟླ་ཐ་ཆུང་མཆན་བཏབ་པ་དང་། རྒྱལ་སྲས་མའི་ཡི་གེ་ལ་ལར། དབྱར་ཟླ་ཐ་ཆུང་དང་དགུན་ཟླ་ཐ་ཆུང་ནས་ཉི་མ་(༢༨༥ན)
ཟློག་ཟེར་བ་སོགས་སྣ་ཚོགས་ཤིག་བྱུང་འདུག །མཆིམས་བློ་བཟང་བའི་ཊཱི་ཀར། མོ་འགལ་གྱི་བུས་གདགས་པའི་བསྟན་བཅོས་སུ་དབྱར་དགུན་ཐ་ཆུང་ལ་ཉི་མ་ཟློག་པར་བཤད་ཡོད་པ་ནི་འཇིག་རྟེན་པའི་ཐ་སྙད་དང་བསྟུན་པ་ཡིན་ལ། འཇིག་རྟེན་པའི་ཐ་སྙད་ནི་ངེས་པ་མེད་དོ་ཞེས་བྲིས་གདའ་ལ། བློ་གྲོས་མཚུངས་མེད་པས་ནི་གདགས་པར། སྟོན་ར་དང་དཔྱིད་ར་ལ་དབྱར་དཀུན་ཉི་མ་བཟློག་པར་བཤད་ལ། སློབ་དཔོན་གྱིས་གཞུང་འདི་རྩོམ་དུས་དཔྱིད་ར་ལ་བཟློག་པར་བཤད་པ་ཡིན་ཅེས་བྲིས་གདའ་པ། སྣར་ཐང་པ་བློ་བཟང་དང་གསང་ཕུ་བ་བློ་གྲོས་མཚུངས་མེད་པ་གཉིས་ཀྱིས་ཀྱང་གདགས་པའི་བསྟན་བཅོས་ཚིག་རིས་མི་གཅིག་པ་གཉིས་གཟིགས་འདུག་པས་གང་རུང་གཅིག་གིས་གཟིགས་པ་དེ་མ་དག་པར་ངེས་སོ། །འོ་ན་ཁ་ཅིག་གི་ལུགས་དེ་ལྟར་ན་དབྱར་ཁས་ལེན་དགག་དབྱེ་སོགས་ལ་དེང་སང་བོད་ལྟ་བུ་ལ་སྒོ་བསྟུན་ནའང་དབྱར་དགུན་དུས་འགྲིགས་པ་ཙམ་ཡང་ཉི་ཟློག་དང་མངོན་སུམ་དུ་འགལ་ཏེ། དེང་སང་དབྱར་དགུན་གྱི་ཉི་ཟློག་དབྱར་དགུན་གྱི་འབྲིང་པོ་ཧོར་ཟླ་ལྔ་པ་དང་བཅུ་གཅིག་པ་ལ་ཟློག་འདུག་པས་གནོད་དེ། དེ་དང་བསྒྲིགས་པའི་ཕྱིར། ཁ་ཅིག་གཞུང་འདིས་ཉི་ཟློག་དངོས་སུ་བསྟན་པ་ཡིན་ལ། སྟོན་དཔྱིད་ཉིན་མཚན་མཉམ་པ་དངོས་སུ་བསྟན་ནས་ཤུགས་ལ་ཉི་ཟློག་བསྟན་པར་སྨྲ་བའང་ཡོད་དེ། དེ་ནི་རང་འགྲེལ་ལས། ཉི་མའི་འགྲོས་ཀྱི་བྱེ་བྲག་ལས་འདི་ན་ཉིན་མོ་དང་མཚན་མོ་རྣམས་རིང་ཐུང་དུ་འགྱུར་ཞེས་པ་དང་དངོས་སུ་འགལ་བའི་ཕྱིར་ག་ལ་འཐད། ཅེས་ཁ་ཅིག་ཟེར་རོ། །དེ་ལྟར་ཡང་དཔྱད་པར་བྱ་བ་ཡོད་དེ། དེང་སྟོན་དཔྱིད་ཉིན་མཚན་མཉམ་པ་ཧོར་ཟླ་གཉིས་པ་དང་བརྒྱད་པ་ལ་ཡོང་གི་འདུག་པ་ལ། སྒྲ་ཇི་བཞིན་པ་དེ་ལྟར་ན་སྟོན་དཔྱིད་ཉིན་མཚན་མཉམ་པ་ཧོར་ཟླ་(༢༨༥བ)
བདུན་པ་དང་དང་པོ་ལ་བཞག་པ་དང་ཚེས་མི་མཐུན་པར་སྣང་ངོ་། །ཁ་ཅིག་དབྱར་ཟླ་གཉིས་པ་རིལ་ཚེས་ཀྱི་དབང་དུ་བྱས་ནས་དབྱར་འབྲིང་དང་དེའི་ཐ་མ་མར་དེའི་ཉེར་བཞི་ཙམ་ནས་བྱེད་པ་དང་། དགུན་ཟླ་བཞི་པ་ཧོར་ཟླ་བཅུ་གཉིས་པ་ལ་བྱེད་པ་སོགས་དུ་མ་བྱས་སྣང་ཡང་དངོས་བསྟན་འདི་དང་འགྲིག་གོ། །འདོད་ཚུལ་དེ་རྣམས་ལ་སྒྲུབ་བྱེད་གང་བཀོད་ཀྱང་དཔྱད་མ་བཟོད་ནས་ཁ་ཅིག་བུ་རིན་པོ་ཆེའི་གསུང་གིས་མཛོད་རྩ་འགྲེལ་གྱི་དབྱར་དགུན་གྱི་ཉི་ཟློག་དེ་ག་ལ་སྐྱོན་མ་ཞུགས་ཀྱང་། སློབ་དཔོན་གྱིས་གཞུང་རྩོམ་དུས་ལས་ད་ལྟ་ཟླ་བ་གཅིག་ཙམ་གྱིས་སྔ་བར་གསུངས་པས་གྲུབ་བོ་ཞེས་ཟེར་རོ། །ཁ་ཅིག་དེ་ལྟར་ན་དུས་ལ་ངེས་པ་མི་སྣང་བའི་ཕྱིར། དབྱར་ཉི་ཟློག་དུས་དེར་སྟོན་མཉམ་གྱི་དུས་སུ་ཐལ་ཅེས་པ་ལ། རང་དུས་གཅིག་དེ་རང་དུས་གཉིས་སུ་ཐལ་བ་ནི་མི་འདོད་ལ། དབྱར་ཉི་ལྡོག་དུས་ཀྱི་ཉ་ཟླ་ཞིག་དུས་ཀྱི་ཤུགས་ཀྱིས་བཤུགས་ནས་སྟོན་མཉམ་གྱི་དུས་ཀྱི་ཉ་ཟླར་སོང་བ་ནི་འདོད་ལ། དེའི་ཚེ་དེའི་དུས་ན་ནི་ཉ་ཟླ་དེ་སྔར་དབྱར་ཉི་ལྡོག་དུས་ཀྱི་ཉ་ཟླ་ཡིན་མོད་ཀྱང་ད་ལྟ་ནི་སྟོན་མཉམ་གྱི་ཉ་ཟླ་ཉིད་དབང་བཙན་ནོ། །ཞེས་སོ། །དེ་ལ་ཁ་ཅིག་འོ་ན་ཉི་ལྡོག་གཉིས་དང་སྟོན་དཔྱིད་མཉམ་པ་གཉིས་ཏེ་བཞི་དང་། ཉ་སྐར་བཞི་གནད་འཆུགས་མེད་ཀྱི་གཟེར་མདོ་རྒྱུད་ནས་མི་འཆུགས་པར་བཏབ་པ་དེ་ངེས་མེད་དུ་ཐལ། ཉི་ལྡོག་གི་དུས་ཀྱི་ཉ་སྐར་དེ་སྟོན་མཉམ་གྱི་དུས་ཀྱི་ཉ་སྐར་ཡིན་པའི་ཕྱིར། ཞེས་དང་། ཧོར་ཟླ་བདུན་པ་ལ་ལྡོག་སོགས་བྱས་ན་སོས་ཕྱིས་པས་བཙས་མ་ཧོར་ཟླ་བཅུ་པའི་ནང་ཙམ་དུ་བྱེད་དགོས་པར་ཐལ་བས། དེང་སང་ཧོར་ཟླ་དགུ་པ་ནས་བཙས་ཐག་ཆོད་དོ་སྙམ་ན། ཁ་ཅིག་འདི་འདྲ་ལ་ངེས་པ་མི་སྣང་སྟེ། ཉ་སྐར་དང་དུས་བཞི་མི་འཆུགས་པ་ཡང་ཤོལ་ཐམས་ཅད་དག་པའི་དབང་དུ་བྱས་པ་ཡིན་ཅིང་། ཐམས་ཅད་དུ་ངེས་(༢༨༦ན)
བཟུང་བྱ་དགོས་པར་ཡང་མ་ངེས་ལ། དེང་སང་འཛམ་གླིང་དུ་ཧོར་ཟླ་ལྔ་པ་དབྱར་ཉི་ལྡོག་པའི་དུས་ཡིན་ཀྱང་། ཡུལ་ལ་ལར་ཧོར་ཟླ་ལྔ་དྲུག་ཙམ་ནས་ཀྱང་བཙས་ཐག་ཆོད་པ་དང་། ཡུལ་ལ་ལར་ཧོར་ཟླ་བཅུ་པ་ཙམ་ལའང་བཙས་ཐག་མ་ཆོད་པར་མཐོང་ནས་མདོ་སྡེ་ཉེ་སྙིང་གི་ལུང་དྲངས་ཏེ་སྨིན་ཉ་དགུན་ཟླ་དང་པོར་འཇོག་པ་སོགས་དུ་མ་ཞིག་སྣང་ངོ་། །དེང་སང་འདུལ་མཛོད་པའི་སློབ་གཉེར་བ་དག་གིས་ནི་དུས་ཚིགས་ཀྱི་ཟེར་སྒྲོས་འཁྱམས་པོ་ཤོག་བུ་ཉི་ཤུ་སུམ་ཅུ་རེ་ཙམ་བཟུང་སྟེ་ཤགས་འགྱེད་ཅིང་ཁོ་བོ་ནི་འདུལ་བ་ལ་མཁས་སོ། །མངོན་པ་མཛོད་ལ་མངོན་པར་བྱང་ཆུབ་བོ། །ཞེས་སྐྱེ་བོའིཚོགས་བསླུ་ང་ནི་མཐའ་མེད་པའི་ངན་སོང་དུ་འགྲོ་བའི་རྫུན་ཆེན་པོར་གོ་བར་གྱིས་ཤིག །གཉིས་པ་ནི། ཉིན་མཚན་རིང་པ་ཐང་ཅིག་གོ། །ཉིན་མོའམ་མཚན་མོ་རིང་བར་འགྱུར་ཚད་ཐང་གཅིག་གོ། །ཐང་གཅིག་གི་ཡུན་ཚད་ནི། ཉིན་ཞག་གཅིག་དགུ་བརྒྱའི་ཆ་སྟེ་དུས་འཁོར་ལྟར་ན་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པའི་དབུགས་ཉི་ཤུ་རྩ་བཞི་ཡིན་ལ། ཆུ་སྲང་བཞི་བཞིས་རིང་ཐུང་བྱེད་པར་བཤད་ཅིང་ཆུ་སྲང་རེ་ལ་དབུགས་དྲུག་རེ་ཡོད། གསུམ་པ་ནི། ཉི་མ་ལྷོ་བྱང་འགྲོ་ཚེའོ། །ཉི་མ་ལྷོ་ཕྱོགས་སུ་འགྲོ་ན་མཚན་མོ་རིང་ལ་བྱང་ཕྱོགས་སུ་འགྲོ་ཚེ་ཉིན་མོ་རིང་ངོ་། །བཞི་པ་ཟླ་བ་འཕེལ་འགྲིབ་ཀྱི་རྒྱུ་མཚན་ནི། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཡར་ངོའི་ཟླ་བ་མ་རངས་པའི་རྒྱུ་ཅི་ཞེ་ན། ཟླ་བའི་ཁང་པ་ཉི་མའི་ཁང་པ་དང་ནི་ཉེ་བར་རྒྱུ་བ་དེའི་ཚེ་ལས་ཉི་འོད་ཟླ་བའི་ཁང་པ་ལ་བབས་ཏེ། དེའི་ཕ་རོལ་གྱི་ངོས་སུ་ཟླ་བ་རང་གི་གྲིབ་མ་བབས་པས་དཀྱིལ་འཁོར་མ་རངས་ཤིང་འགྲིབ་པར་སྣང་ངོ་ཞེས་གྲག་གོ། །འདིའི་འཐད་པ་རྒྱལ་པོའི་སྲས་སུ། ཀ་བ་ལ་སྒྲོན་མེའི་གྲིབ་མ་འབབ་པ་ཇི་ལྟར་ཉེ་བ་དེ་ལྟར་རང་གི་གྲིབ་མས་བསྒྲིབས་ལ། སྒྲོན་མེ་ཐག་རིང་ལ་ཡོད་ན་ཀ་བ་རངས་པར་སྣང་ལ། ཅུང་ཟད་ཉེ་ན་ཅུང་ཟད་འབྲི། ཤིན་ཏུ་ཉེ་ན་མི་སྣང་བར་འགྱུར་(༢༨༦བ)
བ་དང་འདྲ་ཞེས་གསུས་པས་གཅིག་གི་འོད་ཀྱིས་གཅིག་ཤོས་ཀྱི་འོད་ཟིལ་གྱིས་མནན་པའོ། །སེམས་ཙམ་པའི་སློབ་དཔོན་དག་རོས་དང་ལོགས་འགྲེ་ལྡོག་གི་རྒྱུ་བས་འདོད་དོ། །ཉི་ཟླ་སྐར་མའི་གཞལ་མེད་ཁང་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་གནས་སོ། །རླུང་ལ་བརྟེན་པའི་ནམ་མཁའི་གཞལ་མེད་ཁང་ན་གནས་པའི་ལྷ་རྣམས་ཀྱི་གནས་ནི་འདི་དག་ཡིན་ལ། གཞལ་མེད་ཁང་ལ་བརྟེན་པ་རྣམས་ཀྱི་རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱི་གནས་ནི་རི་རབ་ཀྱི་བང་རིམ་དང་། གསེར་གྱི་རི་བདུན་དང་། གླིང་བཞིའི་རི་ལ་སོགས་པ་ལ་ཡང་ཡོད་དོ། །གཉིས་པ་རི་ལ་བརྟེན་པའི་གནས་ལ། རྟེན་རི་རབ་ཀྱི་བང་རིམ་བཤད་པ་དང་། ལྷ་གང་བརྟེན་བཤད་པའོ། །དང་པོ་ནི། འདི་ལ་བང་རིམ་བཞི་ཡོད་དེ། །བར་གྱི་ཐག་ནི་སྟོང་ཕྲག་བཅུ། །སྟོང་ཕྲག་དག་ནི་བཅུ་དྲུག་དང་། །བརྒྱད་དང་བཞི་དང་གཉིས་འཕགས་སོ། །རི་རབ་འདི་ལ་བང་རིམ་བཞི་ཡོད་དེ། དེའི་བར་གྱི་ཐག་ཚད་ནི་དཔག་ཚད་སྟོང་ཕྲག་བཅུ་བཅུའོ། །རི་རབ་ལས་ཕྱིར་འཕགས་པའི་ཚད་ནི། བང་རིམ་དང་པོ་དཔག་ཚད་སྟོང་ཕྲག་དག་ནི་བཅུ་དྲུག་དང་། གཉིས་པ་སྟོང་ཕྲག་བརྒྱད་དང་གསུམ་པ་སྟོང་ཕྲག་བཞི་དང་བཞི་པ་སྟོང་ཕྲག་གཉིས་འཕགས་སོ། །བང་རིམ་ནི་རྩ་བ་ནས་ཡིན་པས་རི་རབ་ཀྱི་ཕྱེད་མན་ཆད་དུ་སླེབ་བོ། །གཉིས་པ་ལྷ་གང་བརྟེན་བཤད་པ་ལ། རི་རབ་ལ་གང་བརྟེན་པ་དང་། གསེར་གྱི་རི་བདུན་ལ་གང་བརྟེན་པའོ། །དང་པོ་ནི། དེ་ལ་ལག་ན་གཞོང་ཐོགས་དང་། །ཕྲེང་ཐོགས་དང་ནི་རྟག་མྱོས་དང་། །རྒྱལ་ཆེན་བཞི་པའི་ལྷ་རྣམས་གནས། །བང་རིམ་དང་པོ་དེ་ལ་ནི་གནོད་སྦྱིན་ལག་ན་གཞོང་ཐོགས་གནས་སོ། །གཉིས་པ་ལ་ཕྲེང་ཐོགས་རྣམས་གནས་པ་དང་གསུམ་པ་ལ་རྟག་མྱོས་དང་བཞི་པ་ལ་རྒྱལ་ཆེན་བཞི། ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་མིག་མི་བཟང་། བྱང་དུ་རྣམ་ཐོས་ཀྱི་བུ་སྟེ་རང་ཉིད་དང་དེའི་འཁོར་དུ་གྱུར་པའི་ལྷ་རྣམས་གནས་ཏེ། རྣམ་སྦས་ནི་རྒྱལ་ཆེན་རིས་བཞིའི་ལྷ་དག་ངོས་བཟུང་བ་ཡིན་ནོ། །གཉིས་པ་ནི། རི་ནི་བདུན་པོ་དག་ལ་ཡང་། །གཉའ་ཤིང་འཛིན་སོགས་ནི་རི་ནི་བདུན་པོ་དག་ལ་ཡང་དེ་དག་གི་གྲོང་དང་གྲོང་རྡལ་ཡོད་དེ། རྒྱལ་ཆེན་རིས་བཞི་པའི་ལྷ་རིས་དེ་ནི་ལྷ་རིས་(༢༨༧ན)
དྲུག་རེ་རེ་བའམ་ཐམས་ཅད་ལས་ཆེས་མང་བའོ། །གདགས་པ་དང་ས་སྡེ་ལས་གཉའ་ཤིང་འཛིན་གྱི་སྟེང་ཕྱོགས་བཞིར་རྒྱལ་ཆེན་བཞིའི་ཕོ་བྲང་། ཡུལ་འཁོར་སྲུང་། འཕགས་སྐྱེས་པོ། སྣ་ཚོགས་གཟུགས། ལྕང་ལོ་ཅན་བཞི་མཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུའང་དེ་ཙམ་ཡོད་པ། མཐའ་སྐོར་དུ་སྟོང་ཡོད་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་མཛེས་པ་གསེར་གྱི་ར་བས་བསྐོར་བའི་འཕང་དུ་དཔག་ཚད་ཕྱེད་དང་། ར་བ་དེ་ལ་ལྕོག་བཞི་དང་། ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ། ལམ་སྲང་དང་སྐྱེད་མོས་ཚལ་དང་དཔག་བསམ་གྱི་ཤིང་དང་རྫིང་བུ་སོགས་འབྱོར་པ་དུ་མ་དང་ལྡན་པའོ། །བང་རིམ་བཞི་པ་ལ་རྟག་མྱོས། གསུམ་པ་ལ་ཕྲེང་ཐོགས་ཞེས་སོ། །མདོ་དྲན་པ་ཉེར་བཞག་ལས། བང་རིམ་འོག་མ་ལ་ཕྲེང་ཐོགས། གོང་མ་ལ་གཞོང་ཐོགས། གོང་མ་གསུམ་ལ་རྟག་མྱོས། བཞི་པ་ལ་ཟླ་ཅན་གསུམ་པ་གནས་ལ། ལྕགས་རི་ལའང་རྒྱལ་ཆེན་རིས་བཞི་པའི་ལྷའི་ནང་ཚན་ལག་ན་རྡོ་རྗེ་གོས་སྔོན་ཅན་གནས་ཞེས་འབྱུང་ངོ་། །གཉིས་པ་སུམ་ཅུ་རྩ་གསུམ་གྱི་གནས་བཤད་པ་ལ། སྤྱིར་བསྟན་པ། ལག་ན་རྡོ་རྗེའི་རིགས་ཀྱི་གནས་བཤད་པ། སུམ་ཅུ་རྩ་གསུམ་པའི་གནས་ཀྱི་རྒྱས་བཤད་དོ། །དང་པོ་ནི། ལྷུན་པོའི་རྩེ་ན་སུམ་ཅུ་གསུམ། །དེ་ཡི་ངོས་ལ་བརྒྱད་ཁྲིའོ། །ལྷུན་པོའི་རྩེ་མོ་ན་སུམ་ཅུ་རྩ་གསུམ་ཡོད་ལ། ལྷུན་པོའི་ཐུར་དུ་ཇི་ལྟ་བར་དའི་ངོས་བཞི་པོ་རེ་རེ་ལའང་དཔག་ཚད་བརྒྱད་ཁྲིའོ་སྟེ། མཐའ་སུམ་འབུམ་ཉི་ཁྲིས་འཁོར་བར་བཞེད་ཅིང་། སློབ་དཔོན་འདུས་བཟང་ནི་རི་རབ་ལ་མཆོད་རྟེན་ལྟར་ཞུམ་པས་ངོས་རེ་ལ་ཉི་ཁྲི། ཀུན་ནས་བསྐོར་བ་ལ་བརྒྱད་ཁྲི་ཞེས་པས། དེ་དག་རྔམས་སུ་འཕང་དང་མཉམ་ཞེས་སྐེད་ཆུ་ལ་ནུབ་པ་མན་ཆད་ཀྱི་དབང་དུ་བྱས་སོ། །གཉིས་པ་ནི། ཕྱོགས་མཚམས་བརྩེགས་པ་བཞི་ལ་ནི། །ལག་ན་རྡོ་རྗེ་གནས། རི་རབ་ཀྱི་ཕྱོགས་མཚམས་དཔག་ཚད་ལྔ་བརྒྱས་གྱེན་དུ་བརྩེགས་པ་བཞི་ལ་(༢༨༧བ)
ནི་གནོད་སྦྱིན་ལག་ན་རྡོ་རྗེ་བག་མེད་པའི་ལྷ་བསྲུང་བའི་ཕྱིར་གནས་སོ། །གདགས་པ་ལས་དཔག་ཚད་ཕྱེད་དང་ལྔ་བརྒྱར་འཕགས་པར་བཤད་དོ། །གསུམ་པ་[སུམ་ཅུ་རྩ་གསུམ་གྱི་གནས་]རྒྱས་པར་བཤད་པ་ལ། གྲོང་ཁྱེར་དང་། སྐྱེད་མོས་ཚལ་ལོ། །དང་པོ་ལ། གྲོང་ཁྱེར་སྤྱི་དང་། དབང་པོའི་ཕོ་བྲང་ངོ་། །དང་པོ་ནི། དབུས་ན། །གྲོང་ཁྱེར་བལྟ་ན་སྡུག་ཅེས་པ། །ངོས་ལ་ཉིས་སྟོང་ལྔ་བརྒྱ་པ། །དཔག་ཚད་ཕྱེད་དང་གཉིས་གསེར་གྱི། །རང་བཞིན་གཞི་བཀྲ་མཉེན་པ་ཡོད། །རི་རབ་ཀྱི་གཞི་རྩེ་མོ་དེའི་དབུས་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ་ངོས་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་པ་འཕང་དུ་དཔག་ཚད་ཕྱེད་དང་གཉིས་པ་གསེར་གྱི་རང་བཞིན་གྲུབ་པ་འོག་གི་གཞི་ཚོན་སྣ་བརྒྱས་བཀྲ་བར་བྱས་པ་རེག་ན་མཉེན་པ་ཡོད་དོ། །གཉིས་པ་ནི། དེ་ན་རྣམ་པར་རྒྱལ་བྱེད་དེ། །ངོས་ལ་ཉིས་བརྒྱ་ལྔ་བཅུའོ། །གྲོང་དེའི་དབུས་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བྱེད་ཡོད་དེ། ལྟ་ན་སྡུག་ལས་དཔག་ཚད་ཕྱེད་ལྔས་གྱེན་དུ་འཕགས་པ་བ་གམ་བརྒྱ་རྩ་གཅིག་གིས་རྒྱན་པ། དེ་རེ་རེ་ལ་ཁང་བརྩེགས་བདུན་བདུན་དང་། དེ་རེ་རེ་ལ་གནས་ཁང་བདུན་བདུན་དང་། དེ་རེ་རེ་ལ་ལྷའི་བུ་མི་བདུན་བདུན་དང་། དེ་རེ་རེ་ལ་གཡོག་མོ་བདུན་བདུན་དང་། དེ་རེ་རེ་ལ་སིལ་སྙན་བདུན་བདུན་ཡོད་དོ། ཁང་བཟང་གི་ནང་དུ་རྫིང་བུ་མཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ཡོད་པ། རིན་པོ་ཆེའི་ཕ་གུའི་རྩིག་པ་དང་། ཐེམ་སྐས་དང་། ལན་ཀན་ལ་སོགས་ཡིད་དུ་འོང་བ་དུ་མ་ཡོད་ལ། དེའི་ངོས་ལ་ཉིས་བརྒྱ་ལྔ་བཅུའོ་སྟེ་མཐའ་སྟོང་གིས་འཁོར་བ་ཡོད་དོ། །གཉིས་པ་སྐྱེད་ཚལ་བཤད་པ་ལ། སྐྱེད་ཚལ་དངོས། ས་གཞི། ལྗོན་ཤིང་། འདུན་སའོ། །དང་པོ་ནི། ཕྱི་རོལ་ཤིང་རྟ་སྣ་ཚོགས་དང་། །རྩུབ་འགྱུར་འདྲེས་ཚལ་དགའ་བས་བརྒྱན། །གྲོང་ཁྱེར་དེའི་ཕྱི་རོལ་ངོས་བཞི་དག་ན་ལྷ་རྣམས་རྩེད་མོའི་ས་སྐྱེད་མོས་ཚལ་བཞི་ཡོད་དེ། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་ལས། ལྷ་རྣམས་ཀྱི་དབང་ཐང་གི་མཐུས་ཤིང་རྟ་སྣ་ཚོགས་འབྱུང་བ་དང་། རྩུབ་འགྱུར་ཚལ་ནས་གཡུལ་སྤྲོད་པར་འདོད་པ་ལ་གོ་མཚོན་འབྱུང་བ་དང་། འདྲེས་པའི་ཚལ་དུ་ཉེ་བར་འཕྲད་(༢༨༨ན)
པ་ལས་དགའ་བ་ཁྱད་པར་ཅན་སྐྱེ་བ་དང་། དགའ་བའི་ཚལ་དུ་ཤིན་ཏུ་འབྱོར་པ་དང་ལྡན་པ་མཐོང་ན་དགའ་བར་འགྱུར་ཏེ། སྐྱེད་ཚལ་གྲུ་བཞི་པ་ངོས་རེ་ལ་དཔག་ཚད་ཕྱེད་དང་སུམ་བརྒྱ་པ་རྣམས་ཀྱིས་གྲོང་ཁྱེར་དེའི་ཕྱི་རོལ་བརྒྱན་ཏོ། །གཉིས་པ་ནི། དེ་དག་གི་ནི་ཕྱོགས་བཞི་ན། །ཉི་ཤུས་བཅད་ན་ས་གཞི་བཟང་། །སྐྱེད་ཚལ་དེ་དག་གི་ནི་ཕྱོགས་བཞི་ན། དཔག་ཚད་ཉི་ཤུས་བཅད་པ་ཚུན་ཆད་ན་ས་གཞི་བཟང་ཞིང་ཡིད་དུ་འོང་བ་སྐྱེད་ཚལ་ལ་འགྲན་བཟོད་པ་ལྟ་བུ་བཞི་ཡོད་དོ། །གསུམ་པ་ནི། བྱང་ཤར་མཚམས་ན་ཡོངས་འདུ་སྟེ། །གྲོང་ཁྱེར་ལྟ་སྡུག་དེའི་ཕྱི་རོལ་བྱང་ཤར་མཚམས་ན་ཡོངས་འདུ་ས་བརྟོལ་ཏེ། འདིའི་རྩ་བ་དཔག་ཚད་ལྔ་ཐུར་དུ་ཟུག་པར་བཤད་ལ། གདགས་པ་ལྟར་ན་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་པ། སྟེང་དུ་དཔག་ཚད་བརྒྱ་འཕགས་པ་ཡལ་ག་ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུ་ལྔ་བཅུར་ཁྱབ་པས་མཆུ་ཞེང་དཔག་ཚད་བརྒྱ་ལྔ་བཅུ་ལྔ་བཅུ་སྟེ། མཐའ་སྐོར་དུ་དཔག་ཚད་བཞི་བརྒྱ་ལྔ་བཅུ་ཡོད་པ་དེའི་མེ་ཏོག་དང་འདབ་མ་རྒྱས་པ་དྲི་ཡིས་རྫི་ཕྱོགས་མ་ཡིན་པར་དཔཏསད་ལྔ་བཅུར་ལྡང་བ། རྫི་ཕྱོགས་སུ་དཔག་ཚད་བརྒྱར་ལྡང་བ་ཞིག་ཡོད་དོ་ཞེས་གསུངས་སོ། །འོ་ན་ལུང་བར་མ་ཡོངས་འདུའི་མདོ་ལས། མེ་ཏོག་དྲི་ནི་རྫི་ཕྱོགས་མིན་མི་འགྲོ། །རྩ་བའམ་རྒྱ་སྤོས་ཙནྡན་ཡང་མ་ཡིན། །མཁས་རྣམས་དྲི་ནི་རྫི་ཕྱོགས་མི་འགྲོ་སྟེ། །སྐྱེས་བུ་དམ་པས་ཕྱོགས་རྣམས་ཀུན་ཏུ་འགྲོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། ཁ་ཅིག་ན་རེ། རྫི་ཕྱོགས་མ་ཡིན་པར་འགྲོ་བ་ནི་ཤིང་དེའི་ཡལ་ག་དང་ལོ་འདབ་ཀྱིས་དཔག་ཚད་ལྔ་བཅུར་ཁྱབ་པས། དེ་ལས་མ་འདས་པའི་ཕྱིར་ཟེར་བ་ནི་མ་ཡིན་ཏེ། དེ་ནི་ཤིང་གཞན་ལའང་ཡོད་ན་དེ་ཁོ་ན་ངོ་མཚར་བའི་ཆོས་སུ་མི་འགྲུབ་ཅིང་། མདོའི་དགོངས་པ་ནི་མིའི་མེ་ཏོག་གི་དབང་དུ་བྱས་པ་ཡིན་ལ། སའི་སྟོད་འགྲེལ་ལས་ཀྱང་། གལ་ཏེ་རྫི་ཕྱོགས་མ་(༢༨༨བ)
ཡིན་པར་དྲི་འགྲོ་བ་ནི་མི་རིགས་ཏེ། འདི་ན་མ་མཐོང་བའི་ཕྱིར་ཞེ་ན། དེ་ལྟར་ན་གཟུགས་མེད་པ་རྣམས་ཀྱང་མེད་པར་འགྱུར་རོ། །གཞན་ཡང་དེ་དང་འདིའི་འབྱོར་པའི་ཁྱད་པར་མི་འདྲ་བས་རྫི་ཕྱོགས་སུའང་དྲི་ལྡང་བ་མི་འགལ་ཏེ། ལས་ཀྱི་ཁྱད་པར་གྱིས་མངོན་པར་གྲུབ་པའི་ཕྱིར། དཔེར་ན། འདི་ན་མ་བརྡུངས་པར་རྔ་ལས་སྒྲ་མི་འབྱུང་ཡང་དེ་ན་སྒྲ་འབྱུང་བ་བཞིན་ནོ་ཞེས་བཤད་པའི་ཕྱིར་རོ། །ས་སྟོན་སྡེ་པ་ནི་རྫི་ཕྱོགས་སུ་དཔག་ཚད་བརྒྱར་དྲིའི་ངད་ལྡང་ངོ་། །རླུང་མེད་ན་ནི་དཔག་ཚད་ལྔ་བཅུར་ལྡང་ངོ་ཞེས་འདོན་ཏོ། །ཤིང་འདི་སུམ་རྩེན་པའི་ཡོན་ཏན་སྟེར་བའི་བསམ་པར་དཔག་པ་འབྱུང་བའི་ཤིང་ངོ་། །དེའི་དྲུང་དུ་ལྭ་བ་དཀར་པོ་ལྟ་བུ་རྡོ་ལེབ་རྒྱར་དཔག་ཚད་ལྔ་བཅུ། རྔམས་སུ་དུག་དང་བཅོ་བརྒྱད་ཀྱི་ཆ་ཡོད་ལ། དེའི་དབུས་ན་བརྒྱ་བྱིན་གྱི་ཁྲི་ལ་ཉེ་དབང་རྣམས་ཀྱི་ཁྲིས་བསྐོར་བ་ཡོད་པར་བཤད་དོ། །བཞི་པ་ནི། ལྷོ་ནུབ་མཚམས་ན་ཆོས་བཟང་ངོ་། །ལྷོ་ནུབ་ཀྱི་མཚམས་ན་གང་དུ་ལྷ་རྣམས་འཁོད་ནས་ལྷ་མིན་བཟློག་པའི་བྱ་བ་དང་བྱ་བ་མ་ཡིན་པ་འགྲོ་བར་བྱེད། གཏོད་ཅིང་འཇུག་པར་བྱེད་པའི་ལྷའི་འདུས་ཆོས་བཟང་ཞེས་བྱ་བ་དབྱིབས་ཟླུམ་པོ་མཐའ་དགུ་བརྒྱས་འཁོར་བ་ཤེལ་ལས་གྲུབ་པ་ཡོད་དེ། རྩ་གསུམ་པ་རྣམས་ཀྱི་སྡོད་གནས་པ་ཡིན་ནོ། །གཉིས་པ་ས་དང་མ་འབྲེལ་བའི་གནས་ནི། དེ་སྟེང་ལྷ་རྣམས་གཞལ་མེད་ཁང་། །སུམ་རྩེན་པ་དེའི་སྟེང་གི་ལྷ་རྣམས་ནི་གཞལ་མེད་ཁང་དག་ན་གནས་ཏེ། དེའང་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཏེ་སྔར་ཚངས་རིས་སོགས་གཞན་བཅུ་དྲུག་དང་བསྡོམས་པ་ཉེར་གཉིས། ཚངས་ཆེན་ལོགས་སུ་བཏོན་ན་ཉེར་གསུམ། ཐེག་ཆེན་གྱི་ལུགས་ཀྱི་དབང་ཕྱུག་ཆེན་པོའི་གནས་བགྲངས་ན་ཉེར་བཞིའོ། །གཉིས་པ་ཞར་ལ་དེའི་སེམས་ཅན་གྱི་ཁྱད་པར་བཤད་པ་ལ། འདོད་པ་སྤྱོད་པ། ལྷའི་བུ་སྐྱེ་བ། འདོད་བདེ་སྐྱེ་བ། གོང་(༢༨༩ན)
འོག་གི་བར་ཐག་གི་ཚད། གོང་མར་བགྲོད་ཚུལ་ལོ། །དང་པོ་ནི། འདོད་པ་སྤྱོད་པ་དྲུག་ཡིན་ནོ། །གཉིས་གཉིས་འཁྱུད་དང་ལག་བཅངས་དང་། །དགོད་དང་བལྟས་པས་འཁྲིག་པ་ཡིན། །རྒྱལ་ཆེན་བཞིའི་རིས་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་འདོད་པ་དག་ལ་སྤྱོད་པ་དྲུག་ཡིན་ནོ། །ས་དང་འབྲེལ་བར་གནས་པའི་འདོད་ལྷའི་གནས་གཉིས་ནི་ཕོ་མོ་གཉིས་ཀྱི་དབང་པོ་གཉིས་སྤྲོད་ཀྱིས་འཁྲིག་སྟེ་མི་བཞིན་ལ། ཁྱད་པར་ནི་རླུང་བཏང་བས་ཆགས་པའི་གདུང་བ་དང་བྲལ་བས་ཁུ་ཆུ་འགྲོ་བ་ནི་མེད་པས། ཟས་ཀྱི་རྒྱུ་མཐུན་མི་གཙང་བ་འབྱུང་བ་ཡང་མེད་དོ། །འཐབ་བྲལ་བ་ནི་འཁྱུད་པའི་འཁྲིག་བདེས་གདུང་བ་དང་བྲལ་བ་དང་། དགའ་ལྡན་པ་ནི་ལག་པ་བཅང་བ་དང་འཕྲུལ་དགའ་བ་ནི་རྒོད་པ་དང་གཞན་འཕྲུལ་དབང་བྱེད་པ་ནི་བལྟས་པས་འཁྲིག་པའི་བདེ་བ་ཡིན་ཏེ། གདུང་བ་དང་བྲལ་བའི་ཕྱིར། བྱེ་སྨྲས། འདོད་སྤྱོད་ནི་ཐམས་ཅད་དུ་གཉིས་སྤྲོད་པས་ཡིན་ཏེ། དབང་པོ་ལྔ་པོ་རྣམས་ཀྱི་ཡུལ་སོ་སོར་ངེས་པས་དབང་པོ་གཞན་གྱི་ཡུལ་ནི་དབང་པོ་གཞན་གྱི་ལོངས་སྤྱད་བྱ་མིན་པའི་ཕྱིར་ཞེས་འདོད་ལ། དེར་བཤད་པ་ནི་འཁྲིག་ནས་གདུང་བ་དང་བྲལ་ཡུན་གཉིས་སྤྲོད་ཀྱི་འཁྲིག་བདེ་རྫོགས་ཡུན་གྱི་དུས་དང་མཉམ་པར་དགོངས་པ་ཡིན་ཏེ། གོང་ནས་གོང་དུ་ཡུལ་རྒྱ་ཆེ་བ་དེ་ཙམ་གྱིས་འདོད་ཆགས་ཀྱང་ཤས་ཆེ་བའི་ཕྱིར། ལྷ་ཕོའི་པང་པར་ནི་ཁྱེའུ་འབབ་པ་དེ་དེའི་བུ་ཡིན་ལ། ལྷ་མོའི་པང་པར་བུ་མོ་འབབ་པ་དེ་དེའི་བུ་མོ་ཡིན་ནོ། །གཉིས་པ་ལྷའི་བུ་སྐྱེ་བ་ལ། འདོད་ལྷའི་བུ་དང་། གཟུགས་ཀྱི་བུའོ། །དང་པོ་ནི། བྱིས་པ་ལོ་ལྔ་ལོན་པ་ནས། །ལོ་བཅུ་ལོན་པ་ལྟ་བུའི་བར། །དེ་དག་ཏུ་སྐྱེ། རྒྱལ་ཆེན་བཞི་བར་ནི་བྱིས་པ་ལོ་ལྔ་ལོན་པ་ནས་སུམ་རྩེན་དུ་ལོ་དྲུག་སོགས་བསྒྲེས་པས་གཞན་འཕྲུལ་དབང་བསྒྱུར་ན་ལོ་བཅུ་ལོན་པ་ལྟ་བུའི་བར་ལྷ་གནས་དེ་དག་ཏུ་སྐྱེའོ། །འདིའི་བྱིས་པ་ནི། བསྐལ་པ་དང་པོའམ་ཚེ་ལོ་བཅུ་པ་ལྟ་བུས་ནི་མ་ཡིན་ལ། ཚེ་ལོ་བརྒྱ་པའི་དུས་ཀྱི་བོང་ཚད་དོ། །གཉིས་པ་ནི། གཟུགས་ཅན་རྣམས། །ཀུན་རྫོགས་གོས་དང་བཅས་པ་ཉིད། །འདོད་ཁམས་ལ་ནི་གོས་དང་བཅས་པར་སྐྱེ་བ་(༢༨༩བ)
དགེ་སློང་མ་དཀར་མོ་དང་སྲིད་ཐའི་བྱང་སེམས་མ་གཏོགས་གཞན་མེད་ལ། གཟུགས་ན་སྤྱོད་པ་ཅན་གྱི་ལྷ་རྣམས་ལུས་ཀུན་རྫོགས་གོས་དང་བཅས་པ་ཉིད་དུ་སྐྱེའོ། །ལྷ་ཐམས་ཅད་འཕགས་པའི་སྐད་དུ་སྨྲ་ཞེས་པ་ལ། ཁ་ཅིག་ན་རེ། རྒྱལ་ཆེན་རིས་བཞི་ནས་འོག་མིན་མན་ཆད་སཾ་སྐྲྀ་ཏའི་སྐད་དུ་སྨྲ་ཟེར་ཏེ། སུམ་ཅུ་རྩ་གསུམ་པའི་སྐད་ནི་ཡུལ་མ་ག་དྷ་པའི་སྐད་དུ་སྨྲ་བས་མི་འཐད་དོ། །ཡང་འཕགས་པའི་སྐད་ནི་རྫུན་མི་སྨྲ་བ་ལ་འཆད་ན་སུམ་རྩེན་པ་སོགས་ལ་ངེས་པ་མེད་ལ། གཟུགས་ཁམས་པ་ལ་ནི་འཐད་ཆུག་གོ། །གསུམ་པ་འདོད་བདེ་སྐྱེ་བ་ལ། དངོས་དང་། ཞར་ལ་གཟུགས་བདེ་སྐྱེ་བའོ། །དང་པོ་ནི། འདོད་པ་སྐྱེ་བ་གསུམ་པོ་ནི། །འདོད་པའི་ལྷ་དང་མིར་བཅས་རྣམས། །མདོ་ལས་ཚོལ་བ་བཞི་སྟེ། འདོད་པ་དང་། སྲིད་པ་དང་། ལམ་ལོག་པར་ཚངས་པར་སྤྱོད་པ་དང་མྱ་ངན་ལས་འདས་པ་འཚོལ་བའོ་ཞེས་གསུངས་པ་ནི་གཟུགས་མེད་པའི་ཏིང་ངེ་འཛིན་རིང་འཕུར་ལྷག་སྤྱོད་ལ་སོགས་པའི་ལྟ་བ་ཡིན་ལ། བཞི་པ་ནི་དྲན་པ་ཉེར་བཞག་ལ་སོགས་ཐར་ལམ་སྒོམ་པ་ཡིན་ཏེ། གནས་ངེས་པ་མེད་པས་འདིར་མི་འཆད། འདོད་པའི་བདེ་བ་ལ་ཚོལ་བ་ནི། འདོད་ལྷ་རྣམས་དང་མི་རྣམས་ཡིན་གྱི། ངན་སོང་ལ་འདོད་པའི་བདེ་བ་མེད་པས། འདོད་པའི་ལྷ་དང་མིར་བཅས་པ་རྣམས་ཀྱི་དབང་དུ་བྱས་ནས་འདོད་པ་སྐྱེ་བ་གསུམ་པོ་ནི། རིམ་བཞིན་དང་པོ་ནི་མི་དང་ལྷ་རིས་བཞི་སྟེ་ལས་ཀྱི་དབང་གིས་སྔར་བྱུང་བ་ལ་ལས་ཀྱིས་ཡོངས་སུ་ལོངས་སྤྱོད་དོ། །གཉིས་པ་ནི། འཕྲུལ་དགའ་བའི་ལྷ་རྣམས་ཏེ། བདག་ཉིད་ཀྱིས་སྤྲུལ་པ་ལ་ཇི་ལྟར་འདོད་བཞིན་ལས་ཀྱི་ཡོངས་སུ་ལོངས་སྤྱོད་དོ། །གསུམ་པ་ནི། དབང་བྱེད་ཀྱི་ལྷ་རྣམས་ཏེ་བདག་དང་གཞན་གྱིས་སྤྲུལ་པ་ལ་ཇི་ལྟར་འདོད་པ་བཞིན་ཐུན་མོང་དུ་ལས་ཀྱིས་ཡོངས་སུ་ལོངས་སྤྱོད་དོ། །འདི་ཡང་རིམ་བཞིན་དབང་ཕྱག་གི་ལས་ཀྱིས་ཅི་ལྟར་ལོངས་སྤྱད་ན། སེམས་ཙམ་ལ་རེག་(༢༩༠ན)
པ་མིན་པས་ཚེགས་ཆེ་བས་སྒྲུབ་པ་དང་། སེམས་ཙམ་ལ་རགས་པ་ཚེགས་ཆུང་བས་སྒྲུབ་པ་དང་། སེམས་ཙམ་ལ་རགས་པ་ཤིན་ཏུ་ཡང་ཚེགས་ཆུང་བས་སྒྲུབ་པའོ། །གཉིས་པ་ནི། བདེ་བ་སྐྱེ་བ་གསུམ་པོ་ནི། །བསམ་གཏན་གསུམ་ལ་ས་དགུ་ཡིན། །བསམ་གཏན་གྱི་གནས་གསུམ་ལ་བདེ་བ་སྐྱེ་བ་གསུམ་པོ་ནི་ནང་གསེས་ས་དགུ་པ་ཡིན་ནོ། །དེ་ཡང་བསམ་གཏན་དང་པོ་ནི། འདོད་པའི་སྡིག་པ་མི་དགེ་བ་ལས་དབེན་པ་ལས་སྐྱེས་པའི་བདེ་བ་དང་། །བསམ་གཏན་དང་པོ་ན་ཏིང་ངེ་འཛིན་ཡོད་ཀྱང་རྟོག་དཔྱོད་ཀྱིས་དཀྲུགས་ནས་བསམ་གཏན་ཁྱད་པར་ཅན་དུ་སྐྱེས་པ་མེད་ལ། གཉིས་པ་ན་རྟོག་དཔྱོད་དང་བྲལ་བས་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ་དང་། གསུམ་པ་ན་ཡིད་བདེ་དང་བྲལ་བས་དགའ་བ་མེད་པའི་བདེ་བ་སྐྱེའོ། །ས་དགུ་པོ་དེ་ལ་བདེ་བ་སྐྱེ་བ་ཞེས་པ་ནི་སྡུག་བསྔལ་མེད་པ་དང་བདེ་བ་ཡུན་རིང་བ་ལ་བཞག་སྟེ། གཞན་འཕྲུལ་དབང་བྱེད་ཕྱིན་ན་བདེ་བ་ཡོད་ཀྱང་ཡུན་ཐུང་བ་དང་སྡུག་བསྔལ་ཡང་ཡོད་པས་འདོད་པ་སྐྱེ་བ་ཞེས་སྨོས་སོ། །བསམ་གཏན་དང་པོའི་ཁྱད་པར་ཅན་མི་ལྕོགས་མེད་པ་ལ་བཏང་སྙོམས་ལས་མེད་ཅིང་། དངོས་གཞི་ལ་ཡང་བཏང་སྙོམས་ལས་མེད་པས་བདེ་བ་སྐྱེ་བ་བརྒྱད་དུ་སོང་ངོ་སྙམ་ན། བསམ་གཏན་གྱི་དངོས་གཞི་རྒྱུ་སྙོམས་འཇུག་ལ་དགའ་བདེ་མེད་ཀྱང་དངོས་གཞི་འབྲས་བུ་སྐྱེ་བ་ལ་དགའ་བདེ་ཡོད་པ་དང་། ཡང་ན་རྣམ་སྨིན་གྱི་དགའ་བདེ་མེད་ཀྱང་རྒྱུ་མཐུན་གྱི་དགའ་བདེ་ཡོད་པས་ས་དགུ་ཀ་ན་བདེ་བ་ཡོད་ལ། ཡང་ན་རང་གི་གནས་ན་བདེ་བ་མེད་ཀྱང་རང་ས་འོག་མ་ཚངས་རིས་དང་མདུན་ན་འདོན་ལ་བདེ་བ་ཡོད་པའི་ཕྱིར་དང་། རྒྱུ་དགེ་བ་ལས་བྱུང་བའི་ཕྱིར། བསམ་གཏན་བཞི་པ་ན་ནི་རྒྱུ་དགེ་བ་ལས་བྱུང་ཡང་རང་ས་གསུམ་ཀ་ན་བདེ་བ་མེད་དོ། །བཞི་པ་གོང་འོག་བར་ཐག་གི་ཚད་ནི། གནས་ནས་གནས་འོག་ཇི་སྲིད་པ། །དེ་ནས་དེ་ཡི་གོང་དེ་སྲིད། །རང་རང་གི་གནས་ནས་གནས་འོག་འཛམ་བུའི་གླིང་ཇི་སྲིད་པ་(༢༩༠བ)
རང་གི་གནས་དེ་ནས་དེའི་གོང་ལའང་དེ་སྲིད་ཡོད་པའི་ཕྱིར་ཏེ། སུམ་ཅུ་རྩ་གསུམ་ནས་འཛམ་གླིང་གི་བར་ལ་མར་བརྒྱད་ཁྲི་ཡོད་པ་བཞིན་དུ་ཡར་འཐབ་བྲལ་གྱི་བར་ལའང་དེ་སྲིད་དང་། འཐབ་བྲལ་ནས་འཛམ་གླིང་ལ་འབུམ་དྲུག་ཁྲི་ཡོད་པ་ལྟར་དགའ་ལྡན་གྱི་བར་ལ་སྦྱར་ནས་མཐར་ཤིན་ཏུ་མཐོང་བ་ནས་འོག་མ་འཛམ་གླིང་པའི་བར་དུ་གཏམས་ཕྲག་བརྒྱད་འབྱུང་བ་ཇི་སྲིད་པ་གོང་མ་འོག་མིན་གྱི་གནས་སུ་ཡང་བར་ཐག་དེ་སྲིད་པའོ། །ས་ལས་ནི། ཤིན་ཏུ་མཐོང་མན་ཆད་དཔག་ཚད་བཞི་ཁྲི་བཞི་ཁྲི་དང་། དེ་ནས་འོག་མིན་ལ་བར་ཐག་དཔག་ཚད་འབུམ་དྲུག་ཁྲི་ཡོད་པར་བཤད་དོ། །དེའི་གོང་ན་གནས་མེད་པས་འོག་མིན་ཅེས་འདོགས་ཏེ། གནས་དེ་ནི་གོང་མའམ་ཐུ་བོར་གྱུར་པའི་ཕྱིར། གཞན་དག་ནི་གནས་འདིའི་མིང་ལ་ཐོག་མཐའ་ཞེས་འབོད་དེ། བསགས་པར་གནས་པའི་གཟུགས་ནི་ཐོགས་པ་ཡིན་ལ། དེ་ནི་འདི་ནས་མཐར་ཐུག་པའམ་མཐར་ཟད་པའམ་ཐ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །ལྔ་པ་གོང་མ་བགྲོད་པའི་ཚུལ་ནི། རྫུ་འཕྲུལ་གཞན་རྟེན་མ་གཏོགས་པ། །དེ་དག་གོང་མ་མཐོང་བ་མེད། །འོག་ཏུ་སྐྱེས་པ་གོང་མའི་གཞལ་མེད་ཁང་དུ་དང་པོ་ནས་མཐོང་ངམ་ཞེ་ན། ཐེག་པ་ཆེན་པོའི་མདོར། འཇིག་རྟེན་འདི་མིན་པའི་ཤར་ཕྱོགས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ནས། གསེར་དངུལ་བེཌཱུཪྻ་རིན་པོ་ཆེ་གསུམ་གྱི་ཐེམ་སྐས་རིང་པོ་ལ་འཛེགས་ཏེ་འགྲོ་བའི་ཚེ་མི་དེ་དག་རང་ལ་རྫུ་འཕྲུལ་མེད་ཅིང་། ལྷ་གོང་མའི་མཐུ་ལ་མ་བརྟེན་ཀྱང་ལྷའི་ཡུལ་དུ་འགྲོ་ཞིང་གོང་མ་མཐོང་ཙམ་ན། ལོངས་སྤྱོད་ནི་ལྷའི་ཡུལ་ན་མི་ལས་ལྷག་པ་མི་འདུགསླར་ལ་སྟོན་པ་མི་འཁྲུགས་པ་མི་ལ་ལྷག་ཏུ་ཡོད་པས་མ་གིར་འགྲོ་སྙམ་ནས་སྐས་རིང་པོ་དེ་ལས་བབས་ནས་མི་ཡུལ་དུ་ལོག་འོང་། ལྷ་ཁ་ཅིག་ཀྱང་སྐས་ལ་བབས་ནས་མི་ཡུལ་དུ་འོང་བས། མིའི་ལོངས་སྤྱོད་ལས་བདག་ཅག་ལ་ལྷག་པ་ནི་མེད། སླར་ལ་སྟོན་པ་མི་འཁྲུགས་པ་མི་ལས་ལྷག་(༢༩༡ན)
ཏུ་འདུག་སྙམ་ནས་མི་ཡུལ་དུ་འོངས་ཞེས་དང་། འཇིག་རྟེན་གྱི་ཁམས་དེ་ན་རྒྱུན་དུ་ཞུགས་པ་ཀུན་ཀྱང་སྟན་རེ་རེའི་ཐོག་ཏུ་དགྲ་བཅོམ་པའི་འབྲས་བུ་ཐོབ། ཇི་ལྟར་འགོར་ཡང་སྟན་བདུན་གྱི་ཐོག་ཏུ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ལྟ་བུའི་འཇིག་རྟེན་གྱི་དབང་དུ་བྱས་པ་མ་ཡིན་པས་གོང་དུ་འགྲོ་བ་ན་མངོན་པར་འདུ་བྱེད་པའི་རྫུ་འཕྲུལ་གྱིས་གོང་དུ་འགྲོ་ཞིང་མཐོང་ལ། ལྷན་ཅིག་སྐྱེས་པའི་རྫུ་འཕྲུལ་གྱིས་གོང་དུ་འགྲོ་ཞིང་མཐོང་བ་མེད་དེ། དཔེར་ན། སུམ་ཅུ་རྩ་གསུམ་པ་ལ་ལྷན་ཅིག་སྐྱེས་པའི་རྫུ་འཕྲུལ་ནམ་མཁའ་ལ་འཕུར་བ་ཡོད་ཀྱང་གོང་དུ་འགྲོ་ཞིང་མཐོང་བ་མེད་དོ། །གནས་གོང་མ་ན་གནས་པའི་ལྷ་གཞན་གྱི་རྫུ་འཕྲུལ་གྱིས་ཁྲིད་པ་ལ་བརྟེན་ན་མ་གཏོགས་པ་དེ་དག་གོང་མ་མཐོང་བ་མེད་དོ། །ཡང་རྫུ་འཕྲུལ་མེད་པ་གཞན་གྱིས་ཁྲིད་ནས་ཕྱིན་རུང་གོང་མ་མི་མཐོང་ཡང་ཟེར། རྒྱལ་ཆེན་རིས་བཞི་སུམ་ཅུ་རྩ་གསུམ་དུ་འགྲོ་བ་ལྷ་གོང་མའི་རྫུ་འཕྲུལ་ལ་བརྟེན་མི་དགོས་པར་རི་ལ་བརྟེན་ནས་འགྲོའོ། །གོང་མ་ཚངས་ཆེན་ལྟ་བུ་འོག་མ་ཚངས་པ་མདུན་ན་འདོན་དུ་འོངས་པ་མདུན་ན་འདོན་གྱིས་ཚངས་ཆེན་མཐོང་ངམ་མི་མཐོང་སྙམ་ན། གནས་གཞན་ཐ་དད་ཀྱང་ཁམས་དང་ས་མཐུན་པ་གོང་མ་འོག་མར་འོངས་ན་འོག་མས་གོང་མ་མཐོང་སྟེ། འོད་གསལ་བ་འོད་ཆུང་དུ་འོངས་ན་འོད་ཆུང་གིས་འོད་གསལ་བ་མཐོང་བ་བཞིན་ནོ། །ཁམས་མི་མཐུན་པ་ཚངས་རིས་ཀྱིས་འདོད་ཁམས་སུ་འོངས་ཀྱང་འདོད་ཁམས་པས་ཚངས་རིས་མི་མཐོང་ངོ་། །ས་མི་མཐུན་པ་བསམ་གཏན་གཉིས་པའི་ས་པ་འོད་ཆུང་གིས་ཚངས་ཆེན་དུ་འོངས་ཀྱང་ཚངས་ཆེན་གྱིས་མི་མཐོང་སྟེ། དང་པོའི་རྣ་བས་གཉིས་པ་ཡན་གྱི་སྒྲ་མི་ཐོས་ལ། གཉིས་པའི་རྣ་བས་གསུམ་པ་ཡན་གྱི་སྒྲ་མི་ཐོས་པ་བཞིན་ནོ། །ཚངས་རིས་པ་འདོད་ཁམས་སུ་འོང་ཡང་རང་གི་ལུས་ཀྱིས་མི་འོང་བར་འདོད་པའི་ལུས་སུ་(༢༩༡བ)
སྤྲུལ་ནས་འོངས་ལ། དེ་ཡང་ས་འོག་མའི་སྤྲུལ་པའི་སེམས་ཀྱིས་སྤྲུལ་ནས་འོངས་ཏེ། ཁམས་དང་ས་གོང་མ་གོང་མ་ནི་ཁམས་དང་ས་འོག་མར་འོང་བ་དེ། འོག་མ་འོག་མས་གོང་མ་གོང་མ་དེ་འོག་མ་འོག་མའི་གཟུགས་སུ་སྤྲུལ་ན་དེ་མཐོང་གི། འོག་མ་འོག་མའི་གཟུགས་སུ་གོང་མ་གོང་མས་མ་སྤྲུལ་ན་འོག་མ་འོག་མས་གོང་མ་གོང་མ་མི་མཐོང་ངོ། །ཡང་ན་ཁམས་དང་ས་མི་མཐུན་པ་ནི། འོག་མར་འོངས་ནས་འོག་མའི་གཟུགས་སུ་སྤྲུལ་ཀྱང་འོག་མས་མི་མཐོང་། ས་མཐུན་པ་ནི་གོང་མ་འོག་མར་འོངས་པ་དེ་འོག་མའི་གཟུགས་སུ་སྤྲུལ་ན་འོག་མ་དེས་གོང་མ་དེ་མཐོང་གི། མ་སྤྲུལ་ན་འོག་མ་དེས་གོང་མ་མི་མཐོང་ངོ་། །ས་སྟོན་སྡེ་པ་ནི། མི་དམྱལ་བར་མ་ཕྱིན་ན་དམྱལ་བ་མི་མཐོང་བ་དང་མི་འདྲ་བས། འོད་ཆུང་ལྟ་བུ་དེའི་འདོད་པས་ཚངས་ཆེན་འདི་ན་འཁོད་པ་ཇི་ལྟ་བ་བཞིན་དུ་མཐོང་ལ། གོང་མ་འོད་ཆུང་དེས་འོག་མའི་གཟུགས་སུ་མ་སྤྲུལ་ཀྱང་གོང་མ་འོད་ཆུང་གི་འདོད་པ་དེས་འོག་མ་ཚངས་ཆེན་འདི་ན་འཁོད་པའི་གཟུགས་མཐོང་བ་བཞིན་འོད་ཆུང་གི་གཟུགས་ཀྱང་མཐོང་བར་འགྱུར། ཞེས་ཟེར་རོ། །འཐབ་བྲལ་སོགས་ལྷ་རིགས་བཞིའི་གཞལ་མེད་ཁང་གི་ཚད། ཁ་ཅིག་བཞི་པོ་ནི་རི་རབ་ཀྱི་རྩེ་མོ་ཙམ་ཟེར་ལ། འདོད་པའི་བཞིའི་གནས་ཀྱང་གོང་མའི་ཉིས་འགྱུར་ཞེས་གཞན་ཟེར་ལ། ཁ་ཅིག་བསམ་གཏན་དང་པོ་གླིང་བཞིའི་ཚད་ཙམ་དང་། གཉིས་པ་སྟོང་ཆུང་དུ་ཙམ་དང་། གསུམ་པ་སྟོང་གཉིས་ཙམ་དང་། བཞི་པ་སྟོང་གསུམ་ཙམ་ཟེར་ལ། བཞི་པ་ནི་ཚད་མེད་དོ་ཟེར་རོ། །གསུམ་པ་སྟོང་གསུམ་ངོས་བཟུང་བ་ལ། སྟོང་སྤྱི་ཕུད། སྟོང་གཉིས་བར་མ། སྟོང་གསུམ་སྟོང་ཆེན་ངོས་བཟུང་བའོ། །དང་པོ་ནི། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་(༢༩༢ན)
འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །ཅེས་པ་ལ་དངོས་བསྟན་གོ་སླ་ཞིང་སྟོང་ཐམས་ཅད་ཀྱི་དང་པོར་གཞན་ལས་གཙུག་ཕུད་དུ་གྱུར་པའི་ཕྱིར་སྤྱི་ཕུད་དུ་འཇོག་གོ། །ཚངས་པའི་འཇིག་རྟེན་སྟོང་སྟོང་དང་པོར་འཇོག་པ་ནི་བསམ་གཏན་གཉིས་པ་ཡན་སྟོང་གསུམ་དུ་མ་གཏོགས་ཀྱང་སངས་རྒྱས་བཞུགས་པའི་ཚེ་སངས་རྒྱས་ཀྱི་ཞིང་གཅིག་ཏུ་བྱེད་དོ། །ཁ་ཅིག་སྟོང་དང་པོ་དང་ཚངས་པའི་འཇིག་རྟེན་མཉམ་ཟེར་ལ། དེ་ལྟར་ན་འདི་མི་བཏུབ་པས་གླིང་བཞི་པ་དང་ཚངས་པའི་འཇིག་རྟེན་མཉམ་པར་འཆད་དགོས་སོ། །གཉིས་པ་ནི། དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །ཞེས་པས་བར་མ་ལ་སྟོང་ཆུང་སྟོང་སྟེ་འཛམ་གླིང་བྱེ་བའོ། །གསུམ་པ་ནི། དེ་སྟོང་ལ་ནི་སྟོང་གསུམ་མོ། །ཞེས་པས་སྟོང་གསུམ་ལ་བར་མ་སྟོང་སྟོང་ཆུང་ངུ་བྱེ་བ་སྟེ་འཛམ་གླིང་བྱེ་བ་ཕྲག་བརྒྱའོ། །དེ་ནི་སྤྲུལ་སྐུའི་ཞིང་ཁམས་ཡིན་ཅིང་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ནི་ལོངས་སྐུའི་ཞིང་ཁམས་ཡིན་ལ། ཆོས་སྐུའི་ཞིང་ནི་ཟུར་དུ་མི་བཀར་རོ། །བཞི་པ་དེ་དག་འབྱུང་འཇིག་མཉམ་པར་བསྟན་པ་ནི། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །སྟོང་གསུམ་གཅིག་ཏུ་བཞག་པའི་རྒྱུ་མཚན་ནི། མཉམ་དུ་ཆགས་ཤིང་འབྱུང་བ་ཡིན། ཅེས་སོ། །སྨྲས་པ། ཀུན་ཏུ་དགེ་བའི་བཤེས་ཀྱིས་མ་བཏང་ཞིང་། །ཡང་དག་རིགས་པའི་དམིགས་པ་མ་བརྗེད་པར། །སངས་རྒྱས་གསུང་རབ་སྨྲ་ལ་སྤོབས་པ་ནི། །མི་བཟད་ཤེས་བྱའི་འཇིང་ལའང་ཡོད་དམ་ཅི། །རྟོག་གེའི་དྲི་མ་གོང་དུ་བརྩེགས་པའི་གཙུག །བལྟ་བར་མི་གཞལ་ལང་ཚོ་དར་བ་་ཡི། །ནུས་པ་གང་གིས་ཟབ་མོའི་གཞུང་འདི་ལ། །ཅུང་ཟད་གླགས་ལྟ་ཙམ་གྱིས་སྐབས་གར་ཐོད། །གཉིས་པ་ཞར་ལ་སེམས་ཅན་གྱི་ཚད་བཤད་པ་ལ། ལུས་ཚད་དང་། ཚེ་ཚད་དོ། །དང་པོ་ལ། མིའི་ལུས་ཚད། འདོད་ལྷའི་ལུས་ཚད། གཟུགས་ཁམས་པའི་ལུ(༢༩༢བ)
ས་ཚད་དོ། །དང་པོ་ལ། འཛམ་བུ་གླིང་པ་དང་། གླིང་གཞན་གསུམ་གྱི་ལུས་ཚད་དོ། །དང་པོ་ནི། འཛམ་བུ་གླིང་པ་རྣམས་ཀྱི་ཚད། །ཁྲུ་བཞི་པ་དང་ཕྱེད་དང་བཞི། །འཛམ་བུ་གླིང་པའི་མི་རྣམས་ཀྱི་ཚད་ཁྲུ་བཞི་པ་དང་ཕྱེད་དང་བཞི་པའོ། །གཉིས་པ་ནི། ཤར་དང་བ་ལང་སྤྱོད་དང་ནི། །བྱང་ཞེས་བྱ་བ་ཉིས་འགྱུར་བསྐྱེད། །ཅེས་པས་འཛམ་གླིང་གི་ཚེ་ལོ་བརྒྱ་བའི་ཁྲུ་བརྒྱ་དང་། བཅུ་དྲུག་དང་། སོ་གཉིས་སོ། །གཉིས་པ་འདོད་ལྷའི་ལུས་ཚད་ནི། འདོད་དང་ལྡན་པའི་ལྷ་ཡི་ལུས། །བཞི་ཆ་ནས་ནི་རྒྱང་གྲགས་དག །ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད། །འདོད་པ་དང་ལྡན་པ་ལྷ་ཡི་ལུས་ནི། རིས་བཞི་པ་རྒྱང་གྲགས་བཞི་ཆ་ནས་ནི་རྒྱང་གྲགས་ཀྱི་ཚད་དག་ཕྱེད་དང་གཉིས་ཀྱི་བར་དུ་བསྐྱེད་དེ། སུམ་རྩེན་བ་བཞི་ཆ་གཉིས། འཐབ་བྲལ་བ་བཞི་ཆ་གསུམ། དགའ་ལྡན་པ་རྒྱང་གྲགས་གཅིགའཕྲུལ་དགའ་བ་རྒྱང་གྲགས་གཅིག་དང་བཞི་ཆ་གཅིགགཞན་འཕྲུལ་དབང་བྱེད་པ་རྒྱང་གྲགས་ཕྱེད་གཉིས་སོ། །གསུམ་པ་གཟུགས་ཁམས་པའི་ལུས་ཚད་ནི། གཟུགས་ཅན་དང་པོ་དཔག་ཚད་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བསྐྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ལུས་ནི་ཉིས་འགྱུར་ཉིས་འགྱུར་ཏེ། །སྤྲིན་མེད་དཔག་ཆད་གསུམ་དོར་རོ། །གཟུགས་ཅན་གྱི་ལྷ་རྣམས་ཀྱི་དང་པོ་ཚངས་རིས་པའི་ལུས་ཚད་དཔག་ཚད་བྱེད་པ་དང་། ཚངས་རིས་པ་དེའི་གོང་མ་ཚངས་པ་མདུན་ན་འདོན་དང་། ཚངས་ཆེན་པ་དང་། འོད་ཆུང་བ་རྣམས་ཀྱི་ལུས་ནི་རིམ་པ་ལྟར་དཔག་ཚད་ཕྱེད་ཕྱེད་ཀྱིས་བསྐྱེད་པ་སྟེ་དཔག་ཚད་གཅིག་དང་། ཕྱེད་དང་གཉིས་དང་། གཉིས་ཡིན་ནོ། །འོད་ཆུང་བ་རྣམས་ཀྱི་ལྟག་ཚད་མེད་འོད་ཡན་ཆད་ནི་ལུས་ཉིས་འགྱུར་ཉིས་འགྱུར་གྱིས་ཆེ་སྟེ། འོན་ཀྱང་སྤྲིན་མེད་པ་ཉིས་འགྱུར་གྱིས་བསྐྱེད་པ་ལས་དཔག་ཚད་གསུམ་དོར་རོ། །ཞེས་བྱ་བ་ནི་ཁྱད་པར་ཡིན་ཏེ། འདི་ལྟར་ཚད་མེད་འོད་དཔག་ཚད་བཞི་དང་། འོད་གསལ་བ་བརྒྱད་དང་། དགེ་ཆུང་བ་བཅུ་དྲུག་དང་། ཚད་མེད་དགེ་བ་སུམ་ཅུ་རྩ་གཉིས་དང་། དགེ་རྒྱས་པ་དྲུག་ཅུ་རྩ་བཞི་དང་། སྤྲིན་མེད་པ་དཔག་ཚད་བརྒྱ་ཉི་ཤུ་རྩ་བརྒྱད་ལ་གསུམ་དོར་བས་བརྒྱ་ཉི་ཤུ་རྩ་ལྔ་དང་། བསོད་ནམས་སྐྱེས་པ་ཕྱེད་དང་སུམ་བརྒྱ་དང་། འབྲས་བུ་ཆེ་བ་ལྔ་བརྒྱ་དང་། མི་ཆེ་བ་(༢༩༣ན)
སྟོང་དང་། མི་གདུང་བ་ཉིས་སྟོང་དང་། གྱ་ནོམ་སྣང་བ་བཞི་སྟོང་དང་། ཤིན་ཏུ་མཐོང་བ་བརྒྱད་སྟོང་དང་། འོག་མིན་པ་ཁྲི་དྲུག་སྟོང་ངོ་། །གཟུགས་མེད་ནི་ལུས་མེད་པས་ལུས་ཀྱི་ཚད་མེད་ལ། དེ་ལ་སྤྲུལ་པའི་གཟུགས་ཡོད་པར་འདོད་པ་ལྟར་ནའང་ཚད་ངེས་པ་མེད་དོ། །གཉིས་པ་ཚེ་ཚད་ལ། དངོས་དང་། བར་དུ་འཆི་བ་ཡོད་མེད་དཔྱད་པའོ། །དང་པོ་ལ། བདེ་འགྲོ་དང་། ངན་འགྲོའི་ཚེ་ཚད་དོ། །དང་པོ་ལ། མིའི། འདོད་ལྷའི། ཁམས་གོང་གི་ཚེ་ཚད་དོ། །དང་པོ་ལ། གླིང་གཞན་གསུམ་དང་། འཛམ་བུ་གླིང་པའི་ཚེ་ཚད་དོ། །དང་པོ་ནི། སྒྲ་མི་སྙན་ན་ཚེ་སྟོང་སྟེ། །གཉིས་ན་ཕྱེད་ཕྱེད་སྤངས་པའོ། །སྒྲ་མི་སྙན་ན་ཚེ་ལོ་སྟོང་ཐུབ་སྟེ། བ་ལང་སྤྱོད་པ་དང་ལུས་འཕགས་པོ་གཉིས་ན་སྔ་མའི་ཕྱེད་ཕྱེད་སྤངས་པས་སོ། །ཞེས་པས་ལྔ་བརྒྱ་དང་། ཕྱེད་དང་སུམ་བརྒྱའོ། །གཉིས་པ་ནི། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །འཛམ་གླིང་འདི་ན་མ་ངེས་རེས་རིང་པོར་འགྱུར་རེས་ཐུང་ངུར་འགྱུར་རོ། །ཐ་མ་ཐུང་ངུར་གྱུར་པ་ནི་ཚེ་ལོ་བཅུ་པར་འགྱུར་པ་དང་། བསྐལ་པ་དང་པོའི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་དེ། ལོ་སྟོང་ལ་སོགས་གྲངས་ཀྱི་ཚད་བཟུང་མི་ནུས་སོ། །གཉིས་པ་འདོད་ལྷའི་ཚེ་ཚད་ལ། རྒྱལ་ཆེན་རིགས་བཞི་པ་དང་། གཞན་ལྔའི་ཚེ་ཚད་དོ། །དང་པོ་ནི། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །མི་རྣམས་ཀྱི་ལོ་ལྔ་བཅུ་ལ། འདོད་ཁམས་པ་དག་གི་ལྷ་རྣམས་ལས་འོག་མ་རྒྱལ་ཆེན་བཞིའི་རིས་པ་དག་གི་ཉིན་ཞག་གཅིག་ཡིན་ནོ། །ཉིན་ཞག་དེས་བརྩིས་ན་ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིགཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པས་ལྷའི་ཚེ་ལོ་ལྔ་བརྒྱའོ། །མི་ལོ་ནི་ས་ཡ་ཕྲག་དགུའོ། །གཉིས་པ་ནི། གོང་མ་གཉིས་ཀ་ཉིས་འགྱུར་རོ། །ལྷ་རིས་གོང་མ་ལྔ་པོ་ནི་ཉིན་ཞག་དང་ཚེ་གཉིས་ཀ་ཉིས་འགྱུར་རོ་སྟེ། མི་ལོ་བརྒྱ་ནི་རྩ་གསུམ་པའི་ལྷའི་ཉིན་ཞག་གཅིགཉིན་ཞག་དེ་ལྟ་བུའི་ཞག་སུམ་བརྒྱ་དྲུག་ཅུ་ལོར་བརྩིས་པའི་ལོ་སྟོང་ངོ་། །དེ་བཞིན་དུ་མིའི་ཚེ་ལོ་ཉིས་བརྒྱ་དང་བཞི་བརྒྱ་དང་བརྒྱད་བརྒྱ་དང་སྟོང་དྲུག་(༢༩༣བ)
བརྒྱ་ནི་འཐབ་བྲལ་སོགས་ཀྱི་ཉིན་ཞག་ཅིག་དང་། དེས་ན་ལྷ་དེ་དག་གི་ཚེ་ལོ་ཉིས་སྟོང་དང་། བཞི་སྟོང་དང་། བརྒྱད་སྟོང་དང་། ཁྲི་དྲུག་སྟོང་ངོ། །མི་ལོ་ནི། དང་པོས་ས་ཡ་ཕྲག་སོ་དྲུག་གོ། །གཉིས་པས་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བཞི། གསུམ་པས་དུང་ཕྱུར་ལྔ་དང་བྱེ་བ་བདུན་དང་ས་ཡ་དྲུགབཞི་པས་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་དང་ས་ཡ་བཞི། ལྔ་པས་ཐེར་འབུམ་དགུ་དུང་ཕྱུར་གཉིས་བྱེ་བ་གཅིག་དང་ས་ཡ་དྲུག་གོ། །གཉའ་ཤིང་འཛིན་ཡན་ཉི་ཟླ་མེད་པ་པདྨ་ཁ་བྱེ་བ་དང་། བྱ་སྐད་འབྱིན་པ་དང་། གཉིད་སངས་པ་རྣམས་ཀྱི་དུས་ནི་ཉིན་མོར་བཞག་གོ། །ཀུན་མུད་འབྱེད་པ་དང་སྔ་མ་ལས་བཟློག་ན་མཚན་མོར་བཞག་གོ། །སྣང་བ་ནི་ལྷའི་རང་འོད་དེ་མོར་འོད་ཆེ་ལ་མཚན་མོར་འོད་ཆུང་ངོ་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། མེ་ཁྱེར་གྱི་འོད་མར་མེས་ཟིལ་གྱིས་གནོན། དེ་སྐར་མའི་འོད་ཀྱིས་གནོན། དེ་ཟླ་བས། དེ་ཉི་མས། དེ་རྒྱལ་ཆེན་བཞིའི་འོད་ཀྱིས། དེ་སུམ་ཅུ་རྩ་གསུམ་པའི་འོད་ཀྱིས། དེ་འཐབ་བྲལ་བའི་འོད་ཀྱིས། དེ་དགའ་ལྡན་པའི་འོད་ཀྱིས་ནས་རིམ་བཞིན་འོག་མིན་པའི་བར་སྦྱར་ལ། འོག་མིན་པའི་དེ་ས་བརྒྱད་པའི་བྱང་སེམས་པའི་འོད་ཀྱིས། དེ་སངས་རྒྱས་ཀྱི་འོད་ཀྱིས་ཟིལ་གྱིས་གནོན་པར་གསུངས་སོ། །གསུམ་པ་ཁམས་གོང་གི་ལྷའི་ཚེ་ཚད་ལ། གཟུགས་ཁམས་པའི། གཟུགས་མེད་ཁམས་པའི། འཕྲོས་དོན་བསྐལ་པ་རིང་ཐུང་ལ་དཔྱད་པའོ། །དང་པོ་ནི། གཟུགས་ཅན་ཉིན་མཚན་མེད་ཚེ་ནི། །རང་ལུས་གཞལ་བའི་བསྐལ་པ་ཡིས། །གཟུགས་ཅན་གྱི་ཁམས་ན་ཉིན་མཚན་མེད་པས་ལོ་མི་བགྲང་ཡང་ཚེའི་ཚད་ནི་ཡོད་དེ། རང་ལུས་ཆེ་ཆུང་ལ་གཞལ་བའི་དཔག་ཚད་ཀྱི་དང་མཉམ་པའི་བསྐལ་པ་ཡིས་གྲངས་ཏེ། གཟུགས་ཅན་དང་པོ་བསྐལ་པ་ཕྱེད། །དེ་ཡི་གོང་མ་ཕྱེད་ཕྱེད་བ་ཀྱེད། །འོད་ཆུང་རྣམས་ཀྱི་ལྟག་ཡན་ཆད། །ཚེ་ནི་ཉི་འགྱུར་ཉིས་(༢༩༤ན)
འགྱུར་ཏེ། །སྤྲིན་མེད་བསྐལ་པ་གསུམ་དོར་རོ། །ཞེས་འདོན་པ་སྤོའོ། །གཉིས་པ་ནི། གཟུགས་མེད་བསྐལ་པ་སྟོང་ཕྲག་ནི། །ཉི་ཤུ་ལྷག་པས་ལྷག་པ་ཡིན། །གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ན་ནི་ཚེའི་ཚད་བསྐལ་པ་ཉི་ཁྲིའོ། །གོང་མ་གོང་མ་བསྐལ་པ་སྟོང་ཕྲག་ནི་ཉི་ཤུ་རེ་རེ་ལྷག་པས་ལྷག་པ་ཡིན་པས། རྣམ་ཤེས་དང་། ཅི་ཡང་བ་དང་། སྲིད་རྩེ་ན་ཚེ་བསྐལ་པ་བཞི་ཁྲི། དྲུག་ཁྲི། བརྒྱད་ཁྲིའོ། གསུམ་པ་འཕྲོས་དོན་བསྐལ་པ་རིང་ཐུང་ལ་དཔྱད་པ་ནི། འོད་ཆུང་ནས་བཟུང་བསྐལ་ཆེན་ཏེ། །དེ་ཡི་འོག་མ་ཕྱེད་ཡིན་ནོ། །འདིར་ཚེ་ཚད་འཇོག་པའི་བསྐལ་པ་ནི་འོད་ཆུང་བའི་རིས་ནས་བཟུང་བའི་ཚེའི་ཚད་བསྐལ་པ་ཆེན་པོ་ཡིན་ཏེ། དེའི་འོག་མ་ཚངས་ཆེན་ལ་སོགས་པའི་ཚེ་ཚད་ནི། བསྐལ་པ་ཆེན་པོའི་ཕྱེད་བར་གྱི་བསྐལ་པ་བཞི་བཅུ་ལ་བསྐལ་པར་བྱས་ནས་བཞག་པ་ཡིན་ནོ། །དེའང་འཇིག་རྟེན་ན་བར་བསྐལ་ཉི་ཤུར་ཆགས་པ་དང་། ཆགས་ནས་བར་བསྐལ་ཉི་ཤུར་འདུག་པ་དང་། བར་བསྐལ་ཉི་ཤུར་འཇིག་པ་དང་། བར་སྐལ་དྲུག་ཅུ་བ་དེ་དག་ཚངས་པ་ཆེན་པོའི་བསྐལ་པ་ཕྱེད་དང་གཉིས་སུ་བཤད་དོ། །དེ་ལྟར་ན་ཚངས་རིས་པའི་ཚེ་ཚད་བསྐལ་ཆེན་གྱི་ཕྱེད་ལ་བསྐལ་པར་བྱས་པ་དེའི་ཕྱེད་བར་བསྐལ་ཉི་ཤུ་དང་། བར་བསྐལ་བཞི་བཅུ་ནི་མདུན་ན་འདོན་གྱི་ཚེ་ཚད་དོ། །དེ་དང་དེའི་ཕྱེད་བར་བསྐལ་དྲུག་ཅུ་ནི་ཚངས་ཆེན་གྱི་ཚེ་ཚད་དོ། །དེ་ལྟར་ན་བསམ་གཏན་གསུམ་པ་ཕྱིན་ཆད་ན་བསྐལ་ཆེན་གྱི་ཚེ་ཚད་པའི་ལྷ་ཡོད་པས་སྣང་ཆུ་རླུང་གིས་ཞིག་རྗེས་ཀྱང་བཅུད་ཀྱི་ལྷ་འཆི་བའམ་ཡང་ན་མི་འཆི་བར་ལུས་དགོས་པས་དཔྱད་དོ། །གཉིས་པ་ངན་འགྲོའི་ཚེ་ཚད་ལ། ཚ་དམྱལ་གྱི། དུད་འགྲོའི། ཡི་དྭགས་ཀྱི། གྲང་དམྱལ་གྱི་ཚེ་ཚད་དོ། །དང་པོ་ལ།(༢༩༤བ)
གོང་མ་དྲུག་གི། རབ་ཏུ་ཚ་བའི། མནར་མེད་པའི་ཚེ་ཚད་དོ། །དང་པོ་ནི། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་པའི་ལྷ་དང་འདྲ་བ་ཡིན། །ཡང་སོས་ལ་སོགས་དྲུག་གི་ཚེ་ཚད་ནི་རིམ་བཞིན་འདོད་ལྷ་རིས་དྲུག་གི་ཚེ་ཇི་ཙམ་པ་དང་། ཡང་སོས་སོགས་དྲུག་གི་ཉིན་ཞག་མཉམ་པར་བྱས་ན་ཞག་སུམ་ཅུ་ཟླ་བ། དེ་བཅུ་གཉིས་ལོར་བསྒྲེས་པ་དེས་ན་ཡང་སོས་སོགས་དེ་དག་རྣམས་ཀྱི་ཚེ་ཚད་ནི་རང་ལོ་ལྔ་བརྒྱ་དང་སྟོང་དང་ཉིས་སྟོང་དང་བཞི་སྟོང་དང་བརྒྱད་སྟོང་དང་ཁྲི་དྲུག་སྟོང་སོགས་ཐུབ་པས་འདོད་པའི་ལྷ་དྲུག་པོ་རྣམས་དང་ལོའི་གྲངས་སྤྱིར་འདྲ་བ་ཡིན་ནོ། །འདིར་ཡང་སོས་ཀྱི་ཉིན་ཞག་གཅིག་ལ་མི་ལོ་ས་ཡ་ཕྲག་དགུ་དང་། རང་ལོ་ལྔ་བརྒྱ་ལ་མི་ལོ་ཁྲག་ཁྲིག་བཅུ་དྲུག་དང་། ཐེར་འབུམ་ཆེན་པོ་གཉིས་ཡོད་པ་ནས་ཚ་བའི་རང་ལོ་ཁྲི་དྲུག་སྟོང་ལ་མི་ལོ་གཏམས་གསུམ་གཏམས་ཆེན་པོ་ལྔ། རབ་བཀྲམ་བརྒྱད། རབ་བཀྲ་མ་ཆེན་པོ་བརྒྱད། ཁྲག་ཁྲིག་དགུ། ཆེན་པོ་གཉིས་ཡོད་པའི་བར་དུ་སྦྱར་རོ། །གཉིས་པ་ནི། རབ་ཏུ་ཚ་ཕྱེད། རབ་ཏུ་ཚ་བ་བར་བསྐལ་ཕྱེད་དོ། །གསུམ་པ་ནི། མནར་མེད་ནི། །བར་གྱི་བསྐལ་པའོ། མནར་མེད་ནི་བར་གྱི་བསྐལ་པའོ། །གཉིས་པ་དུད་འགྲོའི་ཚེ་ཚད་ནི། དུད་འགྲོ་རྣམས། །མཆོག་རིང་བསྐལ་པའོ། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ། །ཞེས་པས་མཁའ་ལྡིང་དང་ཀླུའི་དབང་པོ་རྣམས་ནི་བར་གྱི་བསྐལ་པར་ཡང་སྡོད་ལ། ཐུང་བ་རྣམས་ནི་ཡུད་ཙམ་པའི་ཚེ་ཚད་ཀྱང་ངོ་། །གསུམ་པ་ཡི་དྭགས་ཀྱི་ཚེ་ཚད་ནི། ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། །ཡི་དྭགས་རྣམས་ནི་མིའི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་ཏུ་བཞག་པའི་དབང་གིས་རང་ལོ་ལྔ་བརྒྱའོ། །དེ་ལ་མི་ལོས་ཡ་ཕྲག་གཅིག་དང་དགུ་འབུམ་དུ་འགྱུར་རོ། །བཞི་པ་གྲང་དམྱལ་གྱི་ཚེ་ཚད་ལ། ཆུ་བུར་ཅན་གྱི་དང་། གཞན་བདུན་གྱིའོ། །དང་པོ་ནི། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །ཡུལ་མ་ག་དྷའི་ཏིལ་སྦྱངས་ཁལ་བརྒྱད་ཅུ་ཤོང་བ་དེའི་ནང་ནས་ལོ་བརྒྱ་རིང་ཏིལ་གཅིག་ཕྱུངས་པས་ཟད་གྱུར་པ་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ཏེ། ཞེས་མདོ་ཁ་ཅིག་གིས་འདོན་པ་ལྟར་ན་ཁལ་ཉི་ཤུ་ཡང་ཟེར་རོ། །གཉིས་པ་ནི། (༢༩༥ན)
གཞན་གྱི་ཚེ་ནི་ཉི་ཤུས་བསྒྱུར། །གཞན་ཆུ་བུར་བརྡོལ་བ་ཅན་གྱི་ཚེ་སོགས་ནི་གོང་ནས་གོང་དུ་ཉི་ཤུས་བསྒྱུར་རོ། །གཉིས་པ་བར་དུ་འཆི་བ་ཡོད་མེད་དཔྱད་པ་ནི། སྒྲ་མི་སྙན་མ་གཏོགས་པར་འཆི། །སྒྲ་མི་སྙན་མ་གཏོགས་པར་དུས་མིན་དུ་འཆི་བ་ཡོད་པས་མ་ངེས་ལ། དུས་མིན་དུ་འཆི་བ་མེད་པ་ཡང་མང་སྟེ། བྱང་སེམས་འཚང་རྒྱ་བ་ལ་སྐྱེ་བ་གཅིག་གིས་ཐོགས་པ་དགའ་ལྡན་ན་བཞུགས་པ་དང་། སྐྱེ་བ་དེ་ལ་དགྲ་བཅོམ་མངོན་དུ་བྱེད་པ་སྲིད་པ་ཐ་མ་པ་དང་། རྒྱལ་བས་ལུང་བསྟན་པ་ནི་རབ་ཏུ་ཕྱུག་པོའི་མིང་ཡིན་པར་བཟུང་སྟེ། མཉན་ཡོད་ན་དེད་དཔོན་གཅིག་ཡུལ་གཞན་དུ་སོང་བ་དང་ཆུང་མ་ལ་ཁྱེའུ་ཞིག་བཙས་ན་གཞན་གྱིས་སྨད་པར་དོགས་ནས་འདི་བསད་པར་བྱའོ་ཞེས་ཁོལ་མའི་ལག་ཏུ་གཏད་དེ། དེས་ཁྱི་ཚང་དུ་བསྐྱུར་བ་དང་། དེ་རྣམས་ཉིན་མཚན་དུ་སྲུང་བར་བྱེད་པ་ན། བཅོམ་ལྡན་འདས་འཁོར་དང་བཅས་པ་དེར་བྱོན་པས་གཟིགས་ཏེ། གཞོན་ནུ་འདི་མཉན་ཡོད་དུ་ཕྱུག་པོ་རྣམས་ཀྱི་མཆོག་ཏུ་འགྱུར་ཞིང་། མཐར་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན་པ་དུས་གཞན་ཞིག་ན་ཁྱིམ་བདག་ཞིག་གིས་བླངས་པ་དང་། དེའི་ཆུང་མས་སྨྲས་པ། བདག་ཅག་ལ་བུ་དང་བུ་མོ་ཡོད་བཞིན་དུ་འདིས་ཅི་ཞིག་བྱ་ཞེས་དུག་གི་སྦྱོར་བ་དང་མེར་འཇུག་པ་དང་མཚོན་གྱིས་གཏུབས་ཀྱང་མ་ཆོད་པ་ལ་སོགས་ཏེ་འདི་འདྲའི་རིགས་ཅན་གཞན་ཡང་མང་ངོ་། །རྒྱལ་བའི་ཐད་དུ་བཏང་བའི་ཕོ་ཉ་ནི། དེའི་དྲུང་དུ་འཕྲིན་སྐྱེལ་བ་སྟེ། དེའི་དོན་མ་བྱས་ཀྱི་བར་དུ་མི་འཆི་སྟེ། ཨ་མྲ་སྐྱོང་མས་ནེ་ཙོ་བཞིན་རྒྱས་ཞེས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་བཏང་བ་དང་། ལི་ཙ་བི་དག་གིས་མཐོང་སྟེ་མདའ་འཕངས་པ་དང་། དེས་སྨྲས་པ། གཞན་གྱི་ཡུལ་མིས་གནོད་པ་ལ། །ཕོ་ཉ་བཅིང་བ་མིན་ཅེས་ཐོས། །བདག་ནི་རྒྱལ་བའི་ཕོ་ཉ་སྟེ། །ལུས་ཅན་ཀུན་གྱིས་གནོད་མ་ཡིན། །ཅེས་པ་དང་། དེ་དག་གིས་ཀྱང་། (༢༩༥བ)
ཁྱོད་ཀྱི་ཚིག་ལ་བདག་ཅག་གི། །མདའ་ཡང་ཆད་ཅིང་ལྷུང་བར་གྱུར། །དྲང་སྲོང་ཆེན་པོས་རབ་སྲུང་བས། །ཁྱོད་ནི་འཇིགས་པ་མེད་པར་སོང་། །ཞེས་པ་ལྟ་བུའོ། །དད་པ་དང་ཆོས་ཀྱི་རྗེས་འབྲང་དད་མོས་དང་མཐོང་ཐོབ་མ་ཐོབ་བར་དང་། བྱང་སེམས་དང་འཁོར་ལོས་སྒྱུར་རྒྱལ་ལྷུམས་ན་ཡོད་པའི་ཡུམ་དང་། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་ལ་ཞུགས་པ་དང་། བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་པ་མ་ལངས་ཆི་བ་མེད་དོ། །གསུམ་པ་དེ་དག་འཇལ་བྱེད་ཀྱི་ཚད་བཤད་པ་ལ། རྩོམ་ཚུལ་དང་། བརྩམས་པའི་འཇལ་བྱེད་དོ། །དང་པོ་ནི། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག །དཔག་ཚད་ཀྱི་ཚད་ཀྱིས་རླུང་གི་དཀྱིལ་འཁོར་གྱི་གནས་སོགས་ཀྱི་ཚད་དང་། དཔག་ཚད་ཀྱིས་གཟུགས་ཁམས་པའི་ལུས་གཞལ། རྒྱང་གྲགས་ཀྱིས་འདོད་ལུས་གཞལ། ཁྲུས་གླིང་བཞིའི་མི་ལུས་ཀྱི་ཚད་དང་། མནར་མེད་དང་རབ་ཏུ་ཚ་བ་དང་གཟུགས་དང་གཟུགས་མེད་ཀྱི་ལྷའི་ཚེ་ཚད་ནི་བསྐལ་པས་གཞལ་ལ། འདོད་ལྷ། ཚ་དམྱལ་དྲུགགྲང་དམྱལ་བརྒྱད་ནི་ལོས་གཞལ། མིའི་ནི་ཞག་གིས་གཞལ་ནས་ལོ་ཚད་ཀྱི་ཚེ་ཡང་བཤད་ནས། དཔག་ཚད་དང་ལོའི་ཚད་གཉིས་མ་བརྗོད་པས་འདིར་བརྗོད་པར་བྱ་ལ། དེ་ཐམས་ཅད་ཀྱི་རྣམ་གཞག་ནི་མིང་ལ་རགས་པས་དེའི་མཐའང་འདིར་བརྗོད་པ་ལས། དང་པོའི་རིམ་པ་ནི་འདི་ཙམ་མོ། །འདུས་པའི་གཟུགས་ཀྱིས་འགྲིབ་པའི་མཐའ་རྡུལ་ཕྲ་རབ་ནི་སྐྱེ་མཆེད་ཀྱི་རྡུལ་ལམ་བསགས་པའི་རྡུལ་ཏེ། དབང་པོའི་ཡུལ་དུ་གྱུར་པ་སྒྲིབ་ཐོགས་ཀྱི་བྱ་བ་བྱེད་པ་དེ་ལ་ངོས་འཛིན་པ་ཡིན་ཏེ། སློབ་དཔོན་ཆོས་ཀྱི་གྲགས་པས། རྡུལ་ཕྲན་གཞན་དག་མེད་པར་ནི། །རྡུལ་ཕྲན་ཁྱད་པར་དེ་ཡང་མེད། །ཤེས་དེ་གཅིག་ལ་ངེས་མིན་ཕྱིར། །སྤྱི་ཡི་སྤྱོད་ཡུལ་ཅན་དུ་བཤད། །ཅེས་པས་རྡུལ་ཕྲན་ཁྱད་པར་ཅན་ཡང་ཟེར། ཟླ་བཅས་ཀྱི་རྡུལ་ཕྲ་རབ་ཀྱང་ཟེར་(༢༩༦ན)
རོ། །སྒྲིབ་ཐོགས་ཀྱི་བྱ་བ་མི་བྱེད་པའི་རྫས་ཀྱི་རྡུལ་ཕྲ་རབ་ནི་འདིར་མི་བཟུང་སྟེ། དབང་ཤེས་ཀྱི་ཡུལ་ལས་འདས་ཤིང་ཆ་ཤས་མེད་པའི་ཕྱིར། མིང་མཐའ་ཡི་གེ་སྟེ། འདི་ནི་སྒྲ་པ་དག་མིང་ཚིག་ཡི་གེས་ཟླས་ཕྱེ་བའི་ཡི་གེ་སྟེ། མིང་གི་རྩོམ་གཞིར་གྱུར་པའོ། །དཔལ་ཤཱཀྱ་མཆོག་ལྡན་པས། འདིའི་ཡི་གེ་ཨ་ལྟ་བུ་ལ་མི་ཟེར། མིང་གི་ནང་ཚན་ཐུང་ཤོས་བ་ལང་ཞེས་བརྗོད་པ་ལྟ་བུ་ཞིག་ལ་ཟེར་བྲིས་གདའ་བ་ནི་རང་འགྲེལ་གྱི་དོན་མ་གོ་བའི་གཏམ་དུ་ཟད་དེ། རང་འགྲེལ་དུ་བ་ལང་ཡི་གེའི་དཔེར་བཀོད་དུ་བྱས་པ་ནི། བ་ལང་གི་མིང་དུ་བསྒྲུབས་མ་ཟིན་གོང་གི་བ་ལང་གི་སྐད་ཀྱི་བྱིངས་སུ་གྱུར་པའི་ཡི་གེ་ཞིག་ཡི་གེར་སྒྲ་བ་དག་གིས་ལུགས་ལྟར་འདིར་ཡང་ངོས་བཟུང་བ་ཡིན་ནོ། །གཞན་དུ་མིང་གི་ནང་ཚན་གྱི་ཐུང་ཤོས་བ་ལང་ཡིན་པ་ལ་རྒྱུ་མཚན་ཅི་ཡོད་པས་རྣམ་པར་བཤད་པ་ཕོངས་ཆེས་པའི་ངལ་བའོ། །དུས་མཐའ་ནི། རྐྱེན་ཚོགས་ནས་འབྲས་བུའི་བདག་ཉིད་དུ་ཐོབ་པ་ནི་སྐད་ཅིག་མ་སྟེ། དཔེར་ན། ནས་ཀྱི་ས་བོན་གྱི་རྒྱུ་ནུས་ཀྱི། དེའི་འབྲས་བུ་མྱུ་གུ་བསྐྱེད་པའི་སྐད་ཅིག་ལྟ་བུའོ། །འདིའི་རྒྱུའི་སྐད་ཅིག་ཀྱང་དབང་ཤེས་ཀྱི་ཡུལ་མ་ཡིན་ནོ། །ཡང་ན་ཤིན་ཏུ་ཕྲ་བའི་རྡུལ་ཉིས་བསྣོལ་དུ་སོང་བའི་ཡུན་ཚད་དེ། དཔལ་ཆོས་ཀྱི་གྲགས་པས། རྡུལ་གཅིག་སྒྲེ་དུས་ཕྱུང་བ་ཡི། །མཐར་ཐུག་དུས་ཀྱང་སྐད་ཅིག་འདོད། །ཅེས་པ་དང་མཐུན་ནོ། །ཆོས་མངོན་པ་བ་ནི་སྐྱེས་བུ་སྟོབས་ལྡན་སེ་གོལ་གཏོགས་ཡུན་ལ་རེ་བཞི་འདའ་ཞེས་ཟེར་རོ། །མི་འཐད་དེ། སེ་གོལ་གཏོག་པ་མིག་འཛུམ་ཡུན་མཉམ་པས་མིག་འཛུམ་རེའི་བར་དུ་མིག་གི་ཡ་ལྤགས་མ་ལྤགས་ཀྱི་བར་དུ་རྡུལ་ཕྲ་རབ་ཇི་སྙེད་ཀྱི་གྲངས་ཀྱིས་དུས་མཐའི་སྐད་ཅིག་མ་འདའ་བའི་ཕྱིར། ཇི་སྐད་དུ། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །དེ་ཡང་རིམ་གྱིས་རྡུལ་(༢༩༦བ)
ཕྲན་ནི། །དུ་མ་དག་དང་འབྲེལ་པས་རྫོགས། །ཞེས་འབྱུང་བས་སོ། །འདི་ལྟ་བུའི་གསང་མ་གོ་བར། དཔལ་ཤཱཀྱ་པས། མིག་འཛུམ་གཅིག་ལ་རྡུལ་དུ་མ་དང་འབྲེལ་པ་རྫོགས་པའི་ཚད་སྐད་ཅིག་དྲུག་ཅུ་རྩ་བཞི་ཚང་བའི་དོན་ཡིན་ཅེས་བྲིས་སྣང་ངོ་། །གཉིས་པ་[བརྩམས་པའི་འཇལ་བྱེད་]ལ། ཡུལ་གྱི་ཚད་དང་། དུས་ཀྱི་ཚད་དོ། །དང་པོ་ལ། ཕྲ་རབ་ནས་སོར་མོའི་བར་གྱི་འགྱུར། དེ་ནས་རྒྱང་གྲགས་ཀྱི་འགྱུར། འཇལ་བྱེད་དངོས་ཀྱི་དཔག་ཚད་ཀྱི་ཚད་དོ། །དང་པོ་ནི། ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་ཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་བྱུང་བ་ཤིག་དང་། དེ་བཞིན་དུ་ནས་དང་སོར་ཚིག་ཅེས་བྱ་གོང་བདུན་འགྱུར་རོ། །འདི་ལ་གསུང་རབ་ལ་ལ་ནས་དྲུག་འགྱུར་དང་བརྒྱད་འགྱུར་ལ་སོགས་ཅི་རིགས་པར་ཡོད་དོ། །གདགས་པར་ཕྲ་རབ་ཀྱི་རྡུལ་ཉི་རྡུལ་ཞེ་དགུའི་ཆར་གསུངས་སོ། །ཡི་གེ་རྙིང་པ་ལ་ལར། གླང་རྡུལ་གྱི་རྡུལ་ཕན་ཆོད་མིག་ཤེས་ཀྱི་ཡུལ་ཙམ་དུ་འགྱུར་གྱི། མིག་གིས་མི་ཆོད་ཟེར་བའང་བྲིས་སྣང་ཞིང་། ལྕགས་ཆུ་རི་བོང་ལུག་གླང་གི་རྡུལ་ལ་སྒྲ་བཤད་འཇུག་ཡོད་པ་ཞིག་མ་ཡིན་པ་འདྲ་བས། རྡུལ་ཕྲ་བ་དེ་དག་རགས་སུ་སོང་བ་ལ་དེའི་མིང་བཏགས་པ་ཞིག་ཡིན་པར་ཁ་ཅིག་སྨྲའོ། །གཉིས་པ་རྒྱང་གྲགས་ཀྱི་འགྱུར་ལ། དངོས་དང་། དགོན་པའོ། །དང་པོ་ནི། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས། སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས་སོ། །གཉིས་པ་ནི། དེ་ལ་དགོན་པར་འདོད་དོ། །གསུམ་པ་ནི། དེ་བརྒྱད་དཔག་ཚད་ཅེས་བྱའོ། །གཉིས་པ་དུས་ཀྱི་ཚད་ལ། ལོའི་ཚད་དང་། བསྐལ་པའི་ཚད་དོ། །དང་པོ་ལ། འཇལ་བྱེད་ཟླ་བའི་ཚད་དང་། ལོ་དངོས་སོ། །དང་པོ་ནི། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང་། །དྲུག་ཅུ་ལ་ནི་ཐང་ཅིག་གོ། །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུ་འགྱུར། །སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ། །དེ་དག་ཀྱང་དྲུག་ཅུ་ལ་ནི་ཐང་གཅིག་གོ། །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུས་བསྒྱུར་(༢༩༧ན)
རོ། །གཉིས་པ་ནི། ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །གསུང་རབ་ལས། དགུན་དཔྱིད་ཏེ་དུས་གསུམ་ཟླ་བ་བཞི་བཞིར་བཅད་པའོ། །དེ་ཡང་དགུན་སྟོད་གྲང་ཞིང་སོས་ཀ་ཚ་ལ་སྟོན་ནི་ཆར་འབབས་པས་དེ་དག་ཀྱང་དུས་གསུམ་པོར་བསྡུས་སོ། །ཞག་མི་ཐུབ་དྲུག་དང་བཅས་པའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་གོ། །འདི་ཡང་ཁྱིམ་ལོ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལ་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་འབྱུང་བས། ཁྱིམ་ཟླ་ལ་ཆད་པ་དེ་ཉིན་ཟླ་ལ་ལྷག་པ་ལྟར་སྣང་ཡང་དོན་ལ་ཆད་རྒྱུ་དང་ལྷག་རྒྱུ་མེད། ཡང་ན་ཉིན་ཞག་སུམ་བརྒྱ་རེ་ལྔ་དང་ཚེས་ཞག་སུམ་བརྒྱ་དོན་གཅིག་ཡོད་པ་ལ་ཉིན་ཞག་ལ་ཚེས་ཞག་དྲུག་ལྷག་པ་དེ་ཉིན་ཞག་ལ་ཆད་པས་བསྣན་ཟེར་ཀྱང་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུའི་ནང་ན་ཉིན་ཞག་སུམ་བརྒྱ་རེ་ལྔ་དང་ཚེས་ཞག་སུམ་བརྒྱ་དོན་གཅིག་ཀྱང་ཡོད་དོ། །དེ་ལྟར་ནའང་ཆད་ལྷག་གི་འཕུལ་འདེད་ཀྱིས་ཟླ་བ་སོ་ཕྱེད་གསུམ་ཙམ་ལ་ཟླ་ལྷག་འདོན་པ་ནི་མངོན་སུམ་གྱིས་གྲུབ་ལ། འདིའི་དངོས་བསྟན་ལྟར་ན་ལོ་ལྔ་རེ་ལ་ཟླ་ལྷག་འདྲོན་པའོ། །ཞག་མི་ཐུབ་འདོར་ལུགས་ནི། སྟོན་ཟླ་ཐ་ཆུང་གི་བཅུ་དྲུག་ནས་དགུན་རའི་ཉ་བར་ཟླ་གཅིགདགུན་ཟླ་ར་བ་དེའི་མར་ངོ་སྟེ། ཟླ་བ་ཕྱེད་དང་གཉིས་ཡར་འདས་ཤིང་། དགུན་ཟླ་འབྲིང་པོའི་ཡར་ངོ་ཕྱིར་རྗེས་སུ་ལུས་མཚམས་དེར་ཞག་མི་ཐུབ་སྟེ་གསོ་སྦྱོང་བཅུ་བཞི་པ་གཅིགདེ་ནས་དགུན་འབྲིང་གི་ཡར་ངོ་མི་བརྩི་ལ། ཡར་ངོ་ཐམས་ཅད་ནི་གསོ་སྦྱོང་བཅོ་ལྔ་པའོ། །དེ་བཞིན་དགུན་ཟླ་འབྲིང་པོའི་ཉ་ནས་དགུན་ཟླ་ཐ་ཆུང་གི་ཉའི་བར་དང་། དེའི་མར་ངོ་ལ་ཞག་མི་ཐུབ་གཅིགདཔྱིད་རའི་ཡར་ངོ་མ་བརྩིས་པར་དཔྱིད་འབྲིང་གི་ཉའི་བར་དང་། དེའི་མར་ངོ་ལ་ཞག་མི་ཐུབ་གཅིགདཔྱིད་ཐ་ཆུང་གི་ཡར་ངོ་མ་བརྩིས་པར་དཔྱིད་ཐ་ཆུང་གི་ཉ་ནས་དབྱར་རའི་ཉའི་བར་དང་། དེའི་མར་ངོ་ལ་ཞག་མི་ཐུབ་གཅིགདབྱར་(༢༩༧བ)
འབྲིང་གི་ཡར་ངོ་མ་བརྩིས་པར་དབྱར་འབྲིང་ཉ་ནས་དབྱར་ཐ་ཆུང་ཉའི་བར་དང་། དེའི་མར་ངོ་ལ་ཞག་མི་ཐུབ་གཅིགསྟོན་རའི་ཡར་ངོ་མ་བརྩིས་པས་སྟོན་རའི་ཉ་ནས་སྟོན་འབྲིང་གི་ཉའི་བར་དང་། དེའི་མར་ངོ་ལ་ཞག་མི་ཐུབ་གཅིག་སྟེ་དྲུག་གོ། །གཉིས་པ་བསྐལ་པའི་ཚད་ལ། བསྐལ་པ་ངོས་བཟུང་། ཡ་ཐོག་རིང་མོའི་འགྲིབ་ཚུལ། འཇིག་པའི་བསྐལ་པའི་ཚུལ་ལོ། །དང་པོ་ལ། བསྟན་པ་དང་། བཤད་པའོ། །དང་པོ་ནི། བསྐལ་པ་རྣམ་པ་མང་བཤད་པ། །འདིར་མ་བཤད་ཀྱང་མདོ་བསྟན་བཅོས་རྣམས་ལས། བསྐལ་པ་ནི། བར་གྱི་དང་། འཇིག་པའི་དང་། ཆགས་པའི་དང་། བསྐལ་པ་ཆེན་པོ་སྟེ་རྣམ་པ་མང་དུ་བཤད་དོ། །གཉིས་པ་རྒྱས་པར་བཤད་པ་ལ། འཇིག་ཆགས་ཀྱི་བསྐལ་པ་བཤད་པ། གནས་པའི་བསྐལ་པ་བཤད། བསྐལ་ཆེན་བཤད་པའོ། །དང་པོ་ལ། འཇིག་པའི་བསྐལ་ཚུལ་དང་། ཆགས་པའི་བསྐལ་ཚུལ་ལོ། །དང་པོ་ནི། འཇིག་པའི་བསྐལ་པ་དམྱལ་བ་ཡི། །སྲིད་པ་མེད་ནས་སྣོད་ཟད་པ། །འཇིག་པའི་བསྐལ་པ་ནི་གནས་པའི་བསྐལ་པ་རྫོགས་ཤིང་སྐྱེ་རྒུ་ཚེ་ལོ་བརྒྱད་ཁྲི་པར་གནས་པའི་ཚེ་སེམས་ཅན་དམྱལ་བ་མནར་མེད་པའི་སྲིད་པ་གསར་པ་སྐྱེ་བ་མེད་ཅིང་། རྙིང་པ་རྣམས་ཚེའི་འཕེན་པ་ཟད་ནས་ཤི་བ་དག་ལས་ཟད་ན་གོང་དུ་སྐྱེ་ལ། མ་ཟད་ན་ནི་སྟོང་གསུམ་གཅིག་དུས་མཉམ་དུ་འཇིག་པས་གཞན་དུ་འབབས་ཏེ་ཟད་པ་དང་། དེ་བཞིན་དུ་དམྱལ་བ་གཞན་དང་ཡི་དྭགས་དང་དུད་འགྲོ་འཇིག་ཅིང་། དེ་ནས་འཛམ་བུ་གླིང་པའི་མི་འགའ་ཞིག་ལ་སློབ་དཔོན་མེད་པར་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེ་ལ། དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བའོ། །ཞི་བའོ། །ཞེས་སྨྲས་ནས། དེ་ཐོས་ནས་གཞན་ཡང་སྙོམས་པར་འཇུག་ཅིང་ཚངས་པའི་འཇིག་རྟེན་དུ་སྐྱེ་བའམ། ས་ལས། གཉིས་པ་ལའང་བསྒོམས་ནས་དེར་སྐྱེ་བར་བཤད་ལ་ཤར་ནུབ་ཀྱང་དེ་བཞིན་ནོ། །སྒྲ་(༢༩༨ན)
མི་སྙན་ནི་མི་ཁོམས་པའི་གནས་ཡིན་པས་འདོད་ཆགས་དང་མ་བྲལ་བས་འདོད་ལྷར་སྐྱེ་ཞིང་། འདོད་ལྷ་དྲུག་རིམ་བཞིན་དུ་བསམ་གཏན་དང་པོར་སྐྱེ་བ་དང་། ཚངས་པའི་འཇིག་རྟེན་ནའང་གཅིག་གིས་ཆོས་ཉིད་ཀྱིས་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ཏེ་ལངས་ནས། ཚིག་ཏུ་ཀྱེ་མ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེ་བ་ཡིན་ནོ། །ཞི་བ་ཡིན་ནོ་ཞེས་སྨྲས་པས། སེམས་ཅན་གཞན་གྱིས་ཀྱང་ཐོས་ནས་སྙོམས་པར་འཇུག་ཅིང་ཤི་ནས་འོད་གསལ་དུ་སྐྱེའོ། །ཆོས་ཉིད་ནི་བསམ་གཏན་གྱི་ས་བོན་དུས་ཐོག་མ་མེད་པས་འཇུག་པ་ཐོབ་པའོ། །བྱེ་སྨྲ་ནི་དགེ་རྩ་ཤས་ཆེན་པོ་སྟེ། དེའི་ཚེ་དགེ་བའི་ཆོས་རྣམས་འཇུག་པ་ཐོབ་པར་འགྱུར་བའི་ཕྱིར་ཟེར་རོ། །དེ་ལྟར་སེམས་ཅན་འཇིག་པ་ལ་བར་བསྐལ་བཅུ་དགུའོ། །དེ་ནས་ཉི་མ་བདུན་འཆར་བའི་མདོ་ལས་བྱུང་བ་ལྟར། སྤྲིན་ལས་ཆར་ཡང་འབབ་ཅིང་ཉི་མ་འདིས་ཆུ་ལས་གྱུར་པའི་དངོས་པོ་དང་། འདི་བས་བཞི་འགྱུར་གྱིས་ཚ་བས་ཆུ་བྲན་དང་། ལྡེང་ག་ཆུང་ངུ་དང་། གསུམ་པས་ཆུ་བོ་ཆེན་པོ་བཞི་དང་། བཞི་པས་མཚོ་མ་དྲོས་པ་དང་། ལྔ་པས་ཕྱིའི་རྒྱ་མཚོ་ཆུ་བོ་ལ་ནུབ་ཀྱི་བར་དང་། དྲུག་པས་མ་ལུས་པར་བསྐམས་ཤིང་སྲ་བའི་དངོས་པོ་རི་རབ་ཀྱང་དུ་བར་འཐུལ་བར་བྱེད་ལ། བདུན་པས་མེ་འབར་ཏེ་འདོད་པའི་སྣོད་མེ་རྒྱུན་གཅིག་དང་། དེ་ལས་མེ་ལྕེ་རླུང་གིས་ཁྱེར་ནས་ཚངས་པའི་གཞལ་མེད་ཁང་གི་བར་བསྲེགས་ཏེ་ཐལ་བའི་ལྷག་མ་ཙམ་ཡང་མ་ལུས་པར་ཟད་པའི་སྣོད་འཇིག་པ་ལ་བར་བསྐལ་གཅིག་སྟེ་བར་བསྐལ་ཉི་ཤུའོ། །འོག་མའི་མེ་ལྕེས་རྒྱུ་བྱས་པ་ཙམ་གྱིས་གཟུགས་ཀྱི་མེ་དང་སྦྱོར་བར་བྱེད་ལ། འོག་མའི་མེས་གོང་མ་མི་སྲེག་ལ་གོང་མ་རང་སའི་མེས་རང་ས་སྲེག་པར་བྱེད་དོ། །ཆུས་འཇིག་པའི་ཚེའང་སེམས་ཅན་ཞིག་པས་འཇིག་རྟེན་ཞིག་(༢༩༨བ)
ནས་འདོད་པའི་སྣོད་སྟོང་པར་རང་གི་ས་པའི་ཆུའི་ཁམས་ཀྱིས་སྣོད་ཀྱི་འཇིག་རྟེན་ལན་ཚྭ་ལ་བྱ་བ་བཞིན་གཞུ་བར་འགྱུར་རོ། །དེ་ལས་བསམ་གཏན་དང་པོའི་ཆུའི་ཁམས་དང་། དེ་ལས་གཉིས་པའི་ཆུའི་འབྲེལ་བར་བྱེད་ལ། གཉིས་པའི་ཆུའི་ཁམས་སྣོད་དང་ལྷན་ཅིག་འགག་གོ། །བློ་གྲོས་མཚུངས་མེད་པ་ན་རེ། བསྐལ་པ་འདི་མེས་ཞིག་པའི་རྗེས་ལ་ཆགས་པ་སྟེ་འོད་གསལ་བའི་ལྷ་ལས་འཕོས་པར་བཤད་པའི་ཕྱིར་སློབ་དཔོན་སངས་རྒྱས་ཡོན་ཏན་ལ་སོགས་གསུང་བ་ནོར་ཏེ། མདོ་སྡེ་སྙིང་རྗེ་ཆེན་པོ་པདྨ་དཀར་པོ་དང་སངས་རྒྱས་ཕལ་པོ་ཆེ་ལས། ཆུས་འཇིག་དུས་སུ་གསེར་གྱི་པདྨ་སྟོང་གིས་བལྟས་ལ་གནས་གཙང་མའི་ལྷ་དང་དབང་ཕྱུག་ཆེན་པོ་རྣམས་ཀྱིས་བསྐལ་བཟང་ཞེས་འདི་ལ་བཏགས་པར་བཤད་པའི་ཕྱིར་རོ། །ཞེས་ཟེར་རོ། །བཅོམ་ལྡན་རལ་གྲི་སོགས་བོད་ཀྱི་སློབ་དཔོན་རྣམས་བསྐལ་པ་ཆགས་དུས་ཀྱི་ཆུ་ལ་གསེར་གྱི་པདྨ་ཆགས་པ་ལས་ཞེས་འཆད་དོ་ཞེས་གྲགས་པ་ནི་མདོའི་ཚིག་དོན་མ་ངེས་པར་སྨྲ་བར་ཟད་ཅེས་འཆད་པར་སྣང་ངོ། །རླུང་གིས་འཇིག་པ་དེའང་ལྷན་ཅིག་སྐྱེས་པའི་རླུང་ལྡང་ཞིང་། རང་སའི་རླུང་གིས་བསམ་གཏན་གསུམ་པའི་བར་རྡུལ་གྱི་ཕུང་པོ་ལ་བྱ་བ་བཞིན་རྣམ་པར་འཐོར་ཞིང་འཇིག་པར་བྱེད་པ་ལྡང་བ་ནི་གསུམ་པའི་སྣོད་དང་ལྷན་ཅིག་འགག་པར་འགྱུར་རོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ན་ཡང་སེམས་ཅན་གཅིག་གིས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་ཏེ་ལངས་ནས་ཀྱང་། ཀྱེ་མ་དགའ་བ་མེད་པའི་བདེ་བ་ལས་སྐྱེས་པ་ནི་བདེ་བ་དང་ཞི་བ་ཡིན་ནོ། །ཞེས་སྨྲ་བ་དེ་སེམས་ཅན་གཞན་དག་གིས་སྒྲ་དེ་ཐོས་ནས་ཀྱང་སྙོམས་པར་འཇུག་ཅིང་དགེ་ཆུང་གི་ལྷར་སྐྱེའོ། །དེ་བཞིན་བསམ་གཏན་གསུམ་པའི་སེམས་ཅན་གཅིག་གིས་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་བཞི་པ་ལ་སྙོམས་པར་(༢༩༩ན)
འཇུག་ཅིང་ལངས་ནས་ཀྱང་བདེ་བ་མེད་པའི་བཏང་སྙོམས་ནི་བདེ་བའོ། །ཞི་བའོ་ཞེས་བརྗོད་ཅིང་སེམས་ཅན་གཞན་གྱིས་སྒྲ་དེ་ཐོས་པས་ཀྱང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་ཅིང་སྤྲིན་མེད་པ་ལ་སོགས་པར་སྐྱེའོ། །གཉིས་པ་ནི། འཆགས་པ་དང་པོའི་རླུང་ནས་ནི། །དམྱལ་བའི་སྲིད་པའི་བར་དུའོ། །དེ་ལྟར་འཇིག་རྟེན་འདི་ཞིག་པ་ནི་ནམ་མཁའ་ཙམ་ལུས་པར་ཡུན་རིང་དུ་གནས་ཤིང་། ཡང་ཆགས་པ་ནི་རིམ་གྱིས་སེམས་ཅན་རྣམས་ཀྱི་ལས་ཀྱིས་ནམ་མཁའ་ལ་སྣོད་རྣམས་ཀྱི་སྔ་ལྟས་སུ་གྱུར་པ་དང་པོ་རླུང་འཇམ་པོ་དག་ལྡང་སྟེ། དེའི་ཚེ་འཇིག་རྟེན་འདི་ཞིག་ནས་བར་གྱི་བསྐལ་པ་ཉི་ཤུར་འདུག་པ་གང་ཡིན་པ་དེ་ལས་ངེས་པར་འབྱུང་ཞིང་ཡོངས་སུ་རྫོགས་པའོ། །བར་བསྐལ་ཉི་ཤུར་ཆགས་པ་དེ་ནི་ཉེ་བར་འོངས་པ་སྟེ་མགོ་ཟུག་པའོ། །མདོ་གོང་མའི་འགྲེལ་པ་འདིར་བླངས་ཏེ་བཤད་ན་གོ་བདེ་བས། འདི་ཆགས་ནས་བར་བསྐལ་ཉི་ཤུར་འདུག་པ་ནི་ངེས་པར་བྱུང་བ་སྟེ་དེར་ཚར་འབྱིན་པར་བྱེད་པའོ། །བར་བསྐལ་ཉི་ཤུར་འཇིག་པ་ནི་འཇིག་པའི་མགོ་ཞུགས་པའམ་མགོ་ཟུག་པའོ། །དེ་ནས་རླུང་དེ་དག་སྐྱེ་བ་ན་སྔར་ཇི་སྐད་བཤད་པའི་རླུང་གི་དཀྱིལ་འཁོར་དུ་འགྱུར་རོ། །ས་གཞི་དང་གླིང་རྣམས་དང་རི་རབ་ལ་སོགས་པ་སྲིད་དང་ཟབ་དང་རྒྱ་དང་དབྱིབས་སོགས་སྔར་བཤད་པ་བཞིན་འབྱུང་ངོ་། །དང་པོའི་རླུང་ཞེས་པ་དགེ་རྒྱས་ལ་སོགས་པའི་འོག་གཞི་ཞེས་སློབ་དཔོན་སྔ་མ་དག་འཆད་ཀྱང་བསྟན་བཅོས་མཛད་པའི་དགོངས་པ་ནི་མ་ཡིན་པར་མངོན་ཏེ། རླུང་འཇམ་པོ་ལྡང་ཞེས་པ་དང་རླུང་དེ་དག་སྐྱེ་བ་ན་ཇི་སྐད་བཤད་པའི་རླུང་གི་དཀྱིལ་འཁོར་དུ་འགྱུར་རོ་ཞེས་འདིའི་འོག་གཞིའི་དབང་དུ་མཛད་བའི་ཕྱིར་རོ། །དེ་ལྟར་ནའང་ཐ་མར་འཇིག་པ་དེ་དང་པོར་ཆགས་པས་རླུང་གིས་ཞིག་པ་ན་དགེ་རྒྱས་པ་ལ་སོགས་པའི་གཞལ་མེད་ཁང་དང་པོར་འབྱུང་བ་དང་། ཆུས་ཞིག་ན་འོད་གསལ་སོགས་ཀྱི་(༢༩༩བ)
གཞལ་མེད་ཁང་དང་། མེས་ཞིག་ན་དང་པོར་ཚངས་པའི་གཞལ་མེད་ཁང་འབྱུང་ངོ་། །དེའི་འོག་ཏུ་འཐབ་བྲལ་བའི་གཞལ་མེད་ཁང་གི་བར་དུའོ། །དེའི་འོག་ཏུ་འདིའི་རླུང་གི་དཀྱིལ་འཁོར་སོགས་ཏེ། དེ་ཙམ་གྱི་སྣོད་ཆགས་པས་འཇིག་རྟེན་འདི་ཆགས་པ་ཡིན་ནོ། །མེས་ཞིག་པའི་རྗེས་ལ་སེམས་ཅན་ཞིག་འོད་གསལ་ནས་ཤི་ནས་ཚངས་པའི་གཞལ་མེད་ཁང་སྟོང་པར་ཚངས་པ་ཆེན་པོར་སྐྱེ་ལ། སེམས་ཅན་གཞན་ཡང་དེ་ནས་ཤི་འཕོས་ནས་ཚངས་པའི་མདུན་ན་འདོན་དུ་སྐྱེ་བར་འགྱུར་རོ། །དེ་རྗེས་ཚངས་རིས་དང་གཞན་འཕྲུལ་དབང་བྱེད་དང་། འཕྲུལ་དགའ་དག་ནས་རིམ་གྱིས་བྱང་སྒྲ་མི་སྙན་དང་། ནུབ་དང་། ཤར་དང་། འཛམ་གླིང་དང་། ཡི་དྭགས་དང་། དུད་འགྲོ་དང་། དམྱལ་བའི་སྲིད་པའི་བར་དུ་སྐྱེ་བར་འགྱུར་ཏེ། གང་མཇུག་ཏུ་འཇིག་པ་དེ་དང་པོར་ཆགས་པ་འདི་ནི་ཆོས་ཉིད་དོ། །དམྱལ་བ་ན་སེམས་ཅན་ཞིག་སྐྱེ་བའི་ཚེ་འཇིག་རྟེན་བར་བསྐལ་ཉི་ཤུར་ཆགས་པ་དེ་ལ་ནི་ངེས་པར་བྱུང་ཞིང་རྫོགས་པའོ། །ཆགས་ནས་བར་བསྐལ་ཉི་ཤུར་འདུག་པ་དེ་ནི་ཉེ་བར་འོངས་པ་སྟེ། ཆགས་ནས་གནས་པའི་མགོ་ཟུག་པའོ། །གཉིས་པ་གནས་པའི་བསྐལ་པ་བཤད་པ་ལ། བཤད་པ་དང་། བསྡུ་བའོ། །དང་པོ་ལ། ཡ་ཐོག་རིང་མོ། བར་ཁུག་བཅོ་བརྒྱད། མ་ཐོར་རིང་མོ། ཡར་འཕེལ་བའི་ཚེ་ཚད་དོ། །དང་པོ་ནི། བར་གྱི་བསྐལ་བ་དཔག་མེད་ནས། །ཚེ་ལོ་བཅུ་པའི་བར་དུའོ། །གནས་པའི་བསྐལ་པ་ནི་བར་བསྐལ་ཉི་ཤུ་ཡིན་པ་ལས། བར་གྱི་བསྐལ་པ་གཅིག་གི་ཚད་ནི་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ལས་འགྲིབ་བར་གྱུར་པ་དེ་ནས་བཟུང་སྟེ་ཚེ་ལོ་བཅུ་པའི་བར་དུ་གྱུར་པ་དེ་ཙམ་མོ། །འདིའི་ཐད་ཀྱི་འགྲེལ་པར་མི་རྣམས་ཀྱི་ཚེ་ལོ་དཔག་ཏུ་མེད་པ་ལ་བར་གྱི་བསྐལ་པ་བཅུ་དགུ་འདའ་བར་འགྱུར་རོ། །ཞེས་པས། དེ་ནས་རིམ་གྱིས་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པ་དེའི་ཚེ་སེམས་ཅན་གྱི་འཇིག་རྟེན་ཆགས་པའི་དབང་དུ་(༣༠༠ན)
བྱས་ནས། དེ་ལྟར་ཆགས་པ་ལ་བར་བསྐལ་བཅུ་དགུ་དང་། བར་བསྐལ་དང་པོ་ཚངས་པའི་གཞལ་མེད་ཁང་སོགས་སྣོད་འགྲུབ་པས་ཉི་ཤུ་ཡིན་ལ། དེ་ནས་ཆགས་པའི་མཇུག་རྫོགས་པ་དང་། གནས་པའི་མགོ་རྩོམ་པ་དང་། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་ལས་འགྲིབ་པའི་མགོ་རྩོམ་པ་རྣམས་དུས་གཅིག་པའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་ན་བར་བསྐལ་གཅིག་ལ་བར་བསྐལ་བཅུ་དགུ་འོང་ས་མེད་དོ། །གཉིས་པ་ནི། དེ་ནས་ཡར་སྐྱེ་མར་འབྲི་བའི། །བསྐལ་པ་གཞན་ནི་བཅོ་བརྒྱད་དང་། །དེ་ནས་ཡར་སྐྱེ་བ་དང་མར་འགྲིབ་པའི་བར་གྱི་བསྐལ་པ་གཞན་ནི་བཅོ་བརྒྱད་དུ་འགྱུར་རོ། །དེའང་ཚེ་ལོ་བཅུ་པ་ལས་ཉི་ཤུ་སོགས་ཡར་སྐྱེ་བ་ནས་རིམ་གྱིས་བརྒྱད་ཁྲིའི་བར་འགྱུར་ལ། ཡང་ཚེ་མར་བྲི་བ་ན་ཚེ་ལོ་བཅུ་པར་འགྱུར་བ་འདི་ནི་བར་བསྐལ་གཉིས་པ་ཡི་ཏེ། དེ་ལྟ་བུ་བཅོ་བརྒྱད་ཀྱི་བར་རོ། །གསུམ་པ་ནི། ཡར་སྐྱེ་བ་ནི་གཅིག་ཡིན་ཏེ། །བར་བསྐལ་གཅིག་ནི་ཡར་སྐྱེ་བ་ཁོ་ན་ཡིན་གྱི། འབྲི་བ་མ་ཡིན་ཏེ། བཅུ་པ་ནས་བརྒྱད་ཁྲི་པའི་བར་དུའོ། །བཞི་པ་ཡར་འཕེལ་བའི་ཚད་ནི། དེ་དག་ཚེ་ནི་བརྒྱད་ཁྲིའི་བར། །དེ་དག་ཚེ་ནི་བརྒྱད་ཁྲིའི་བར་ལས་ལྷག་པ་མི་སྐྱེའོ། །བར་གྱི་མར་འགྲིབ་དང་ཡར་འཕེལ་གྱི་ཁུག་པ་རེ་དང་དང་པོའི་མར་འགྲིབ་དང་ཐ་མའི་ཡར་འཕེལ་རེ་དུས་མཉམ་མོ། །དེའི་ཕྱིར་དང་པོའི་བརྒྱད་ཁྲི་པ་ནས་བཅུ་པ་འགྲིབ་པ་དེ་བུལ། མ་ཐོག་རིང་དེ་ཡར་འཕེལ་བ་བུལ། ཁུགས་པའི་མར་འབྲི་དང་ཡར་འཕེལ་ནི་ཡ་ཐོག་གི་མར་འགྲིབ་དང་མ་ཐོག་གི་ཡར་འཕེལ་ལས་མྱུར་རོ། །དེ་ལྟ་བུའི་བར་གྱི་ཚེ་ལོ་བརྒྱ་རེ་འགྲིབ་པ་ན་ཚེ་ལོ་རེ་འགྲིབ་པ་དང་། བརྒྱ་རེ་འཕེལ་བ་ན་ཚེ་ལོ་རེ་ཡར་སྐྱེ་བ་ཡིན་ཅེས་གྲགས་པའི་ཚེ་ལོ་དེ་ཡང་དང་མཐའི་འགྲིབ་འཕེལ་གྱི་དབང་དུ་བྱས་པ་ཡིན་ནམ། བར་གྱི་འགྲིབ་འཕེལ་གྱི་དབང་དུ་བྱས་པ་གང་ཡིན་དཔྱད་པར་བྱའོ། །གཉིས་པ་དོན་བསྡུ་བ་ལ། དངོས་དང་། འཇིག་ཆགས་ཀྱང་དེ་དང་མཉམ་པར་བསྟན་པའོ། །དང་པོ་ནི། དེ་ལྟར་འཇིག་རྟེན་ཆགས་པ་འདི། །བར་གྱི་བསྐལ་བ་ཉི་ཤུར་གནས། །དེ་ལྟར་ན་འཇིག་(༣༠༠བ)
རྟེན་སྔར་ཆགས་པ་འདི་བར་གྱི་བསྐལ་པ་ཉི་ཤུར་གནས་པ་ཡིན་ནོ། །གཉིས་པ་ནི། འཆགས་པ་དང་ནི་འཇིག་པ་དང་། །ཞིག་ནས་འདུག་པ་དག་མཉམ་མོ། །ཆགས་པ་དང་འཇིག་པ་དང་ཞིག་ནས་འདུག་པ་སྟོང་པའི་བསྐལ་པ་དག་ནི་གནས་པའི་བསྐལ་པ་དང་དུས་བར་བསྐལ་ཉི་ཤུར་མཉམ་མོ། །གསུམ་པ་བསྐལ་ཆེན་བཤད་པ་ལ། དངོས་དང་། ཞར་ལ་གང་ཟག་གསུམ་འབྱུང་ཚུལ་ལོ། །དང་པོ་ནི། དེ་དག་བརྒྱད་ཅུ་ལ་བསྐལ་ཆེན། །དེ་ལྟ་བུའི་བར་བསྐལ་དེ་དག་བརྒྱད་ཅུ་ལ་ནི་བསྐལ་ཆེན་གཅིག་ཏུ་བྱེད་དོ། །དེ་དག་ཉིད་བསྡུས་ཞེས་བཤད་པས་བསྐལ་པའི་རང་བཞིན་ནི་ཕུང་པོ་ལྔའི་རང་བཞིན་ཏེ། དུས་དུས་ཅན་ལས་ལོགས་ན་མེད་པའི་ཕྱིར། གཉིས་པ་ཞར་ལ་གང་ཟག་གསུམ་འབྱུང་ཚུལ་ལ། སངས་རྒྱས་འབྱུང་ཚུལ། རང་རྒྱལ་འབྱུང་ཚུལ། འཁོར་འསྒྱུར་འབྱུང་ཚུལ་ལོ། །དང་པོ་ལ། སངས་རྒྱས་ཀྱི་རྒྱུ་དང་། དེ་འབྱུང་བའི་དུས་སོ། །དང་པོ་ནི། དེ་གྲངས་མེད་གསུམ་ལ་སངས་རྒྱས། །འབྱུང་ངོ་། བསྐལ་པ་གྲངས་མེད་གསུམ་གྱིས་སངས་རྒྱས་ཐོབ་པར་གསུངས་པའི་བསྐལ་པ་ནི་བསྐལ་ཆེན་དུ་བཤད་པ་དེ། གཅིག་བཅུ་བརྒྱ་སོགས་གྲངས་ཀྱི་གནས་གཞན་དྲུག་ཅུར་ཕྱིན་པ་སྟོབས་མིག་ཆེན་པོ་ཕྲག་བཅུ་ལ་གྲངས་མེད་པ་ཞེས་བྱ་བ་གསུམ་ལ་བྱང་སེམས་ཐམས་ཅད་ནི་དཀའ་བ་བརྒྱ་སྟོང་གིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཕར་ཕྱིན་དྲུག་གིས་སངས་རྒྱས་སུ་འབྱུང་ངོ་། །གྲངས་ཀྱི་མཐའ་མེད་པ་ནི་གྲངས་མེད་ཅེས་མི་བྱའི། ལུང་སྡེ་བཞིར་མ་གཏོགས་པའི་ལུང་སིལ་བུ་ལས་གྲངས་ཀྱི་གནས་གཞན་དྲུག་ཅུ་འབྱུང་སྟེ། གཅིག་སྟེ་གཉིས་མ་ཡིན་པ་ནི་གནས་གཞན་དང་པོ་དང་། གཅིག་བཅུ་ནི་གནས་གཞན་གཉིས་པ་དང་། བཅུ་ཕྲག་བཅུ་ནི་བརྒྱ་སྟེ་གནས་གཞན་གསུམ་པའོ། །དེ་བཞིན་དུ་བསྒྲེས་ནས་ཏེ་བཟུང་བདེ་བའི་ཕྱིར། བསྡུ་བའི་ཚིགས་སུ་བཅད་པ་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། །བྱེ་བས་ཡ་དུང་ཕྱུར་དགུ། །ཟུང་དང་བཅས་པ་མིན་པ་སྟེ། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་(༣༠༡ན)
འཁྲུགས་ཁྱད་འབྱིན་དང་། །པང་སྟེང་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་སྦྱིན་རྟོགས་འགྲོ་དབྱིངས་རྡུལ་དང་། །རྒྱ་རྟགས་སྟོབས་འཁོར་བརྡ་ཤེས་དང་། །རྣམ་འབྱུང་སྟོབས་མིག་ཉེར་གཅིག་པོ། །ཆེན་པོའི་ཟུང་དང་རྗེས་འབྲེལ་བ། །སྟོབས་མིག་ཆེ་ལ་གྲངས་མེད་པ། །བར་ནས་བརྒྱད་ནི་མ་རྙེད་དོ། །ཟུང་བཅས་རྣམས་ཀྱི་བར་དག་ཏུ། །མིང་བཞི་ཆེན་པོར་བཅས་པའོ། །དྲུག་ཅུ་གྲངས་མེད་ཟུང་བཅས་མིན། །ཅེས་པའོ། །དེ་ནས་ཡང་བཟློག་ན་ལན་གསུམ་དུ་བགྲངས་པའི་གནས་གཞན་དྲུག་ཅུ་པར་ཕྱིན་པ་གསུམ་ནི་གྲངས་མེད་གསུམ་ཞེས་བྱའི། ཐམས་ཅད་དུ་བགྲང་མི་ནུས་པའི་གྲངས་མེད་མིན་ནོ། །ཅི་བྱང་སེམས་སྨོན་ལམ་བཏབ་པ་དུས་རིང་མོར་ལམ་བགྲོད་པས་འཚང་རྒྱ་བར་འགྱུར་རོ་ཞེས་པ་དེ་ཅི། དུས་རིང་ན་བར་ཆོད་ཀྱང་འབྱུང་བས་འཚང་རྒྱ་བ་དེ་ལྟར་འགྱུར་རམ་ཞེས་པ་ལ། སེམས་དཔའ་ནི་ཐབས་ཤེས་ཟབ་པས་ཡུན་རིང་མོར་འགོར་ཡང་སྐྱོ་བ་མེད་པས་བར་ཆོད་མེད་པར་འཚང་རྒྱ་བར་འགྱུར་རོ། །ཡང་ཉན་ཐོས་ལ་སོགས་པའི་དགྲ་བཅོམ་པ་ལ་ཡང་ཐར་པའི་གོ་འཕང་ཡོད་ན། བྱང་ཆུབ་ཆེན་པོའི་ཕྱིར་འབད་པ་འདི་སྙེད་རྩོམ་ཞེ་ན། སེམས་ཅན་གཞན་གྱི་སྡུག་བསྔལ་སེལ་བའི་དོན་དུ་འབད་པ་རྩོམ་མོ། །དེ་ཡང་གཞན་གྱི་དོན་ནི་བདག་གི་དོན་དུ་འདོད་པ་སྟེ། བུ་སྡུག་བསྔལ་དང་བྲལ་བ་དེ་ཕ་འདོད་པ་དང་འདྲའོ། །གཞན་གྱི་སྡུག་བསྔལ་གྱིས་བདག་སྡུག་བསྔལ་བ་ལ་དད་པ་དེ་ནི་བདག་སྡུག་བསྔལ་བས་སྡུག་བསྔལ་བ་ལ་སྐྱེ་དཀའ་བ་ནི་བདེན་ཏོ། །གཞན་གྱི་སྡུག་བསྔལ་གྱིས་བདག་སྡུག་བསྔལ་བའི་སྙིང་རྗེ་ཅན་རྣམས་ནི། སྙིང་རྗེ་ལ་གོམས་པས་རང་གི་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་ལྟ་བར་གཞན་སྡུག་བསྔལ་ཅན་ལ་སྙིང་རྗེ་སྐྱེ་བ་ལ་མངོན་པར་དགའ་བའི་ཡིད་(༣༠༡བ)
ཆེས་པའི་དད་པ་སྐྱེ་བ་ནི་བདེན་ཏེ། སྙིང་རྗེ་མེད་པ་གོམས་པ་ཁ་ཅིགརང་སྡུག་བསྔལ་བཞིན་དུ་གཞན་སྡུག་བསྔལ་བ་ལ་མངོན་པར་དགའ་བ་བཞིན་ནོ། །གཞན་ཡང་ཕུང་པོ་ལ་བདག་མེད་པ་ལ་བདག་ཏུ་ཆགས་པ་བསྐྱེད་དེ་གོམས་པས། རྒྱུ་དེས་སྡུག་བསྔལ་མྱོང་བ་བཞིན་དུ་གོམས་པའི་དབང་གིས་ཕུང་པོ་ལ་བདག་ཏུ་ཆགས་པ་བཟློག་ནས་གཞན་དག་ཀྱང་བཟློག་ཏུ་བཅུག་སྟེ་བདག་ཏུ་འཛིན་པ་ལས་སྡུག་བསྔལ་མྱོང་བར་ཡིད་ཆེས་པའི་དད་པ་སྐྱེ་བར་བྱེད་དོ། །གང་ཟག་འདི་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཐེག་པ་ཆེན་པོ་པ་ཞེས་བྱ་སྟེ། ཇོ་བོ་ཨ་ཏི་ཤས་བྱང་ཆུབ་ལམ་གྱི་སྒྲོན་མར། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཡང་། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་པ་ལྟ་བུའོ། །གཉིས་པ་ནི། མར་ནི་འགྲིབ་པ་ཡི། །བརྒྱ་ཡི་བར་ལ་དེ་དག་འབྱུང་། །སྐྱེ་རྒུ་ཚེ་ལོ་བརྒྱད་ཁྲི་མར་ནི་འགྲིབ་པའི་ལོ་བརྒྱ་བའི་བར་ལ་སངས་རྒྱས་དེ་དག་རྣམས་འབྱུང་ངོ་། །ཡར་སྐྱེའི་དུས་སུ་མ་ཡིན་ཏེ། སེམས་ཅན་རྣམས་སྐྱོ་དཀའ་བའི་ཕྱིར་རོ། །བརྒྱ་ལས་མར་ཡང་མིན་ཏེ། ཚེ་དུས་ཉོན་མོངས་ལྟ་བ་སེམས་ཅན་ལས་སྙིགས་མ་ཤིན་ཏུ་ལྷག་པའི་ཕྱིར་སྙིགས་མ་དག་ཅེས་བྱ་སྟེ། ངན་ཅིང་ཐ་ཆད་པའི་ཕྱིར་རོ། །ཚེ་དུས་སྙིགས་པས་ནི་སྲོག་དང་ཡོ་བྱད་རྒུད་པར་བྱེད་ལ། ཉོན་མོངས་དང་ལྟ་བའི་སྙིགས་མས་ནི་འདོད་པ་བསོད་ཉམས་དང་། བདག་ཉིད་ངལ་བ་རྩོམ་པར་བྱེད་དོ། །ཡང་ན་ཉོན་མོངས་པའི་སྙིགས་མས་ནི་ཁྱིམ་པའི་དགེ་རྒུད་པ་དང་། ལྟ་བའི་སྙིགས་མས་ནི་རབ་ཏུ་བྱུང་བའི་དགེ་བ་རྒུད་པར་བྱེད་དོ། །སེམས་ཅན་སྙིགས་མས་ནི། བོང་ཚོད་དང་གཟུགས་དང་ནད་མེད་པ་དང་སྟོབས་དང་བློ་དང་དྲན་པ་དང་བརྩོན་འགྲུས་དང་བརྟན་པ་ཉམས་པར་བྱེད་དོ། །གཉིས་པ་རང་རྒྱལ་འབྱུང་བའི་ཚུལ་ལ། དེ་འབྱུང་བའི་དུས། དེའི་རྒྱུའོ། །དང་པོ་ནི། རང་སངས་རྒྱས་རྣམས་གཉིས་ཀ་ལ། །(༣༠༢ན)
རང་སངས་རྒྱས་རྣམས་ཚེ་ཡར་སྐྱེ་བ་དང་མར་འགྲིབ་གཉིས་ཀ་ལ་འབྱུང་སྟེ། ཡར་འཕེལ་གྱི་དུས་ན་རྒྱལ་པོ་མེ་སྦྱིན་ལ་བུ་བདུན་བུ་མོ་བདུན་ཆུང་མ་བདུན་ཡོད། འཁོར་བརྒྱད་ཁྲི་ཡོད་པ་ལས་བརྒྱད་ཁྲི་རང་རྒྱལ་བར་གྱུར་ཏོ། །དམ་པ་ཏོག་དཀར་འཛམ་གླིང་དུ་བྱོན་པའི་དུས་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་རང་རྒྱལ་ལྔ་བརྒྱ་བྱུང་བ་མར་འགྲིབ་ལ་ཡིན་ནོ། །འདི་ལ་ཚོགས་སྤྱོད་དང་བསེ་རུ་ལྟ་བུའོ། །དང་པོ་ལ། སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་ཞུགས་ཏེ་ཉན་ཐོས་སུ་གྱུར་ནས་རྒྱུན་ཞུགས་དང་ལན་ཅིག་ཕྱིར་འོང་གི་འབྲས་བུ་ཐོབ་སྟེ། འདོད་པར་སངས་རྒྱས་ཀྱི་བསྟན་པ་ནུབ་པ་ན་རང་རྒྱལ་བར་འགྱུར་རོ། །གཞན་དག་ན་རེ། ཚོགས་སྤྱོད་ལ་སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་ངེས་འབྱེད་ཆ་མཐུན་གསུམ་བསྐྱེད་ནས་ཚེ་འདི་ལ་རང་རྒྱལ་བར་འགྱུར་ཏེ། དཀའ་ཐུབ་པ་ལྔ་བརྒྱ་དཀའ་ཐུབ་ཀྱིས་གདུང་བ་ན། རང་རྒྱལ་དང་ལྷན་ཅིག་བའི་སྤྲེའུ་དང་འཕྲད་ནས། སྤྲེའུས་རང་རྒྱལ་བའི་སྤྱོད་ལམ་དཀའ་ཐུབ་པ་ལ་བསྟེན་ནས། དཀའ་ཐུབ་པ་དག་རང་རྒྱལ་བར་གྱུར་པའི་གཏམ་འདོན་ཏོ། །འཕགས་པ་ཡིན་ན་བདེན་པ་མཐོང་དུས་སུ་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་སྤངས་པས་དཀའ་ཐུབ་དྲག་པོས་གདུང་བར་མི་འགྱུར་ཏེ། གདུང་བ་ནི་ལྟ་བ་དེ་སྔོན་དུ་འགྲོ་བའི་ཕྱིར། ཞེས་སོ། །མདོར་ན་ཚོགས་སྤྱོད་ཐ་མ་ནི་མཐར་ཕྱིན་པའི་ལམ་བུདྡྷ་ལ་མི་བསྟེན་ལ། སྒོམ་ལམ་མན་ཆོད་བསྟེན། འབྲིང་ནི་སྒོམ་ལམ་དང་མཐར་ཕྱིན་མི་བསྟེན། ཚོགས་སྦྱོར་མཐོང་གསུམ་བསྟེན། ཚོགས་སྤྱོད་ཆེན་པོ་ནི་མཐོང་སྒོམ་མཐར་ཕྱིན་གསུམ་མི་བསྟེན། ཚོགས་སྦྱོར་བསྟེན། བསེ་རུ་ལྟ་བུ་ནི་ཚོགས་ལམ་བསྟན་གྱི་སྦྱོར་ལམ་ཡན་ཆད་མི་བསྟེན་ཏོ། །བསེ་རུ་གཉིས་པས་གཅིག་པུར་གནས་བྱ་བ་ཡོད་ཀྱང་། ལུང་ལས། བསེ་རུ་ལྟ་བུ་བཞི་གནས་གཅིག་ཏུ་སྐབས་འགར་འཚོགས་པའང་གསུངས་པས་ཕལ་ཆེར་ཀུན་སྤྱོད་ལ་དགོངས་སམ་སྙམ། ཞེས་སློབ་(༣༠༢བ)
དཔོན་བློ་གྲོས་མཚུངས་མེད་པ་ཟེར་རོ། །གཉིས་པ་ནི། བསེ་རུ་བསྐལ་པ་བརྒྱ་ཡི་རྒྱུས། །བསྐལ་པ་ཆེན་པོ་བརྒྱར་བྱང་ཆུབ་ཀྱི་ཚོགས་བསླབ་གསུམ་སྤྱད་པའི་རྒྱུས་རང་སངས་རྒྱས་བསེ་རུ་ལྟ་བུར་འགྱུར་རོ། །སློབ་དཔོན་གྱི་ལུང་མེད་པར་བདག་གཅིག་པུའི་ཆེད་དུ་སངས་རྒྱས་པས་ན་ངེས་པའི་ཚིག་གིས་རང་སངས་རྒྱས་ཞེས་བྱ་སྟེ། དེས་རང་གདུལ་བར་བྱེད་ཀྱི་གཞན་འདུལ་བ་མ་ཡིན་པའི་ཕྱིར་རོ། །སོ་སོ་ཡང་དག་རིག་པ་ཐོབ་པས་ཆོས་སྟོན་པར་སྤྱོད་ལ། མ་ཐོབ་ཀྱང་སྨོན་ནས་ཤེས་པས་སྔོན་སངས་རྒྱས་ཀྱི་བསྟན་པ་རྗེས་སུ་དྲན་ནས་ཆོས་སྟོན་པར་སྤྱོད་དེ། སེམས་ཅན་ལ་ཕན་གདགས་པའི་དོན་དུ་ནམ་མཁའ་ལ་འགྲོ་བ་སོགས་རྫུ་འཕྲུལ་སྟོན་པའི་ཕྱིར་ཐུགས་རྗེ་མེད་པའང་མ་ཡིན་ནོ། །སེམས་ཅན་སྐལ་བ་དང་མི་ལྡན་པའི་དོན་གྱིས་ན་ཆོས་མི་སྟོན་པ་མིན་ཏེ། འཇིག་རྟེན་པའི་ལམ་གྱིས་ཆགས་བྲལ་དང་སྐལ་བ་ཡོད་པའི་ཕྱིར། སྔོན་འདུ་འཛི་མེད་པ་ལ་གོམས་པས་རང་གི་བསོད་ནམས་བདེ་བ་ཉམས་པ་ལ་མོས་པས་འདོད་པ་ཆུང་ཞིང་སེམས་ཅན་རྣམས་ལ་ཆོས་ཟབ་མོ་སྟོན་པར་མི་སྤྲོ་སྟེ། ཆུ་ཆེན་པོས་ཁྱེར་བ་བཟུང་བར་དཀའ་བ་དང་འདྲ་བར་སྐྱེ་རྒུ་རྣམས་རྒྱུན་ཕྱོགས་སུ་འགྲོ་བ་དེ་ལས་བཟློག་པར་དཀྲི་དཀའོ། །དེ་ལས་བཟློག་ན་འཁོར་བསྡུ་དགོས་པ་ལས། དེ་བསྡུ་ན། རྣམ་གཡེང་དང་འདུ་འཛི་ལ་སྐྲག་པས་དེ་སྤོང་བའི་ཆེད་ཀྱང་ཡིན་ནོ། །གསུམ་པ་འཁོར་སྒྱུར་འབྱུང་ཚུལ་ལ། དེ་འབྱུང་བའི་དུས། རིགས་ཀྱི་དབྱེ་བ། ཡོན་ཏན་གྱི་ཁྱད་པར་རོ། །དང་པོ་ནི། འཁོར་ལོས་སྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི། །རྒྱལ་སྲིད་ལ་འཁོར་ལོས་དབང་བསྒྱུར་བའི་ངང་ཚུལ་ཅན་གྱི་རྒྱལ་པོ་རྣམས་འབྱུང་བ་ནི་མིའི་ཚེ་ལོ་དཔག་ཏུ་མེད་པ་ནས་ཚེ་སྟོང་ཕྲག་བརྒྱད་ཅུ་ལས་མི་འཕྱི་བའི་ཚེ་ཡིན་ཏེ། དེ་བས་ཐུང་བའི་ཚེ་ནི་ལོངས་སྤྱོད་མི་རྫོགས་པའི་ཕྱིར་རོ། །འདི་ལྟ་བུ་ནི་ཡོངས་སུ་རྫོགས་པའི་འཁོར་ལོས་སྒྱུར་རྒྱལ་གྱི་དབང་དུ་བྱས་པ་སྟེ། རྒྱལ་པོ་སའི་ལྷའམ་ང་ལ་ནུ་ལ་སོགས་པ་ལྟ་བུའོ། །གཞན་སྟོབས་ཀྱི་འཁོར་ལོས་སྒྱུར་བ་(༣༠༣ན)
ནི་རྒྱལ་པོ་ཀྲི་ཀྲི་ཚེ་ལོ་ཉི་ཁྲི་པ་ལ་བྱུང་བ་དང་། སྟོན་པ་ཤཱཀྱ་ཐུབ་པ་རབ་ཏུ་མ་བྱུང་ན་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ཏེ། ཚེ་ལོ་བརྒྱ་བ་ལ་འོངས་པ་ཡིན་ནོ། །གཅུང་དགའ་བོའམ། སྒྲ་གཅན་འཛིན་རབ་ཏུ་མ་བྱུང་ན་གླིང་གཅིག་ལ་དབང་བ་ཡིན་ཏེ་བརྒྱ་པ་ལའོ། །གཉིས་པ་[རིགས་ཀྱི་དབྱེ་བ་]ལ། དབྱེ་བ་དངོས་དང་། གླིང་གང་ལ་དབང་བསྒྱུར་བ། འཕྲོས་བའི་དོན། རྒྱལ་བར་བྱེད་ཚུལ་ལོ། །དང་པོ་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན་ཏེ། མཆོག་དང་། ཉེ་བའི་མཆོག་དང་། འབྲིང་དང་། ཐ་མའོ། །གཉིས་པ་ནི། དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལས་མས་རིམ་བཞིན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན་དབང་བ་ཡིན་ནོ། །ལྕགས་ཟངས་དངུལ་གྱི་འཁོར་ལོས་སྒྱུར་བ་འབྱུང་བ་ནི་གདགས་པ་ལས་བཤད་ལ། མདོ་ལས་ནི་གསེར་གྱི་འཁོར་ལོ་ཁོ་ན་ལས་མ་གསུངས་སོ། །གཞན་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་འདི་སྔོན་འཁོར་ལོས་སྒྱུར་བ་སྟོང་གསུམ་ལ་དབང་བ་གཅིག་བྱུང་། དེའི་དུས་ན་བུདྡྷ། དེ་ལ་གླིང་བཞི་རིན་པོ་ཆེའི་ཕུང་པོས་བཀང་བ་ཕུལ་ཏེ། སྟོང་གསུམ་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་ངོ་། །གཞན་ཡང་རྒྱལ་པོ་ས་འཛིན་གྱི་སྲས་སའི་ལྷ་ཡབ་གྲོངས་ནས་དབང་བསྐུར་བའི་དུས་སུ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ནམ་མཁའ་ལ་ཁྲུ་བདུན་གྱི་ཐོག་ཏུ་བྱུང་བ་དེ་ལ་དམ་བདར་ཏེ། ང་རྒྱལ་པོ་ཆེན་པོར་འགྱུར་བའི་དབང་ཐང་ཡོད་ན་ས་ལ་འབབ་པར་གྱུར་ཅིག་བྱས་པས་ས་ལ་བབས། དེ་ནས་ང་རྒྱལ་པོ་ཆེན་པོར་འགྱུར་བའི་དབང་ཐང་ཡོད་ན་ཤར་ཕྱོགས་སོགས་རྒྱལ་བར་བྱེད་པར་གྱུར་ཅིག་བྱས་པས་ཕྱོགས་རྣམས་ལས་རྒྱལ། དེ་ཀ་བཞིན་རིན་པོ་ཆེ་སྣ་བདུན་བྱུང་། གླིང་བཞིའི་དོན་བྱས། སུམ་ཅུ་རྩ་གསུམ་དུ་ཕྱིན། བརྒྱ་བྱིན་གྱིས་སྟན་ཕྱེད་བདར། མ་ངོམས་པས་འཛམ་གླིང་དུ་ལྷུང་(༣༠༣བ)
སྟེ་སའི་ལྷའམ་ང་ལ་ནུ་སོགས་ནི་བག་མེད་པའི་རྒྱལ་པོ་ཡིན་ནོ། །རྒྱལ་པོ་མུ་ཁྱུད་འཛིན་ནི་ལྷས་སྤྱན་དྲངས་ཀྱང་མ་གཤེགས་པར་འཛམ་གླིང་པའི་དོན་བྱེད་དེ། བག་ཡོད་པའི་རྒྱལ་པོ་ཡིན་ནོ། །གསུམ་པ་ནི། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །འགྲན་ཟླ་མེད་པའི་ལས་བསགས་པ་རྒྱ་བྱིན་བཞིན་སྔ་ཕྱི་མེད་པར་འཇིག་རྟེན་གཅིག་ཏུ་སངས་རྒྱས་གཉིས་གཅིག་ཅར་འབྱུང་བ་མིན་པ་བཞིན་འཁོར་ལོས་སྒྱུར་རྒྱལ་ཡང་འཇིག་རྟེན་གཅིག་ཏུ་ལྷན་ཅིག་གཉིས་འབྱུང་བ་མིན་ནོ། །འཇིག་རྟེན་གྱི་ཁམས་སུ་གཅིག་ཅར་སངས་རྒྱས་གཉིས་མི་འབྱུང་བྱ་བ་དེ་སྟོང་གསུམ་གྱི་འཇིག་རྟེན་ལ་བྱའམ། འཇིག་རྟེན་ཐམས་ཅད་ལ་བྱ་ཞེ་ན། ཁ་ཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡིན་ཏེ། མ་ཡིན་ན་སྟོང་གསུམ་འདིར་བྱུང་བའི་སངས་རྒྱས་ཀྱི་མཐུ་སྟོང་གསུམ་གཞན་ལ་ཐོགས་རྡུགས་སུ་ཐལ་བའི་ཕྱིར། དེར་མི་ཐལ་བས་ན་སངས་རྒྱས་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཡང་སྤྱོད་དོ། །དེས་སྟོང་གསུམ་གཅིག་ཏུ་སངས་རྒྱས་གཅིག་གིས་འདུལ་བར་མི་སྤྱོད་པའི་གནས་དེར་ནི་སངས་རྒྱས་གཞན་གྱིས་ཀྱང་འདུལ་བར་མི་སྤྱོད་དེ། སངས་རྒྱས་གཅིག་གི་ནུས་པ་བརྡུགས་ན་སངས་རྒྱས་གཞན་གྱིའང་ནུས་པ་བརྡུགས་པར་མཚུངས་པའི་ཕྱིར་རོ། །དེ་ལུང་གིས་བསྒྲུབས་པ་ནི། མདོ་ལས། ཤྭཱ་རིའི་བུ། གལ་ཏེ། ལ་ལ་ཞིག་ཁྱོད་ཀྱི་ཐད་དུ་འོངས་ནས། འདི་སྐད་དུ། ད་ལྟ་དགེ་སྦྱོང་ངམ་བྲམ་ཟེ་ཡང་རུང་དགེ་སྦྱོང་གཽ་ཏ་མ་དང་། འདི་ལྟ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བ་མཉམ་ཞིང་མཉམ་པ་འགའ་ཞིག་ཡོད་དམ་ཞེས་དྲིས་པར་གྱུར་ན་ཇི་སྐད་ལན་གདབ། དེ་ལྟར་དྲིས་པར་གྱུར་ན་བཅོམ་ལྡན་འདས་དང་མཉམ་པ་ནི་འགའ་ཡང་མེད་དོ། །ཞེས་ལན་གདབ་བོ། །ཅིའི་སླད་དུ་ན། བཅོམ་ལྡན་འདས་གཉིས་སྔ་ཕྱི་མེད་པར་འཇིག་རྟེན་དུ་འབྱུང་བ་ནི་གནས་དང་གོ་སྐབས་མེད་དོ་ཞེས་བཅོམ་ལྡན་འདས་ལས་ཐོས་ཤིང་མངོན་དུ་(༣༠༤ན)
བཟུང་བའི་སླད་དུའོ། །ཞེས་གསུངས་ཟེར་རོ། །བུདྡྷ་གཅིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་འདུལ་ཞིང་སྤྱོད་ན། འོ་ན་ཚངས་པའི་མདོ་ལས། ང་ན་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་བར་འདི་ལ་དབང་བསྒྱུར་རོ། །ཞེས་གསུངས་པ་ཇི་ལྟར་དྲངས་ཞེ་ན། དེ་ནི་དགོངས་པ་ཅན་ཏེ་ཅི་ལ་དགོངས་ན་སྟོང་གསུམ་གཅིག་གཟིགས་པ་དེ་མངོན་པར་འདུ་མི་མཛད་པར་གཟིགས་པ་ལ་དགོངས་ཀྱི། མངོན་པར་འདུ་མཛད་ན་འཇིག་རྟེན་ཐམས་ཅད་གཟིགས་སོ། །དགེ་འདུན་ཕལ་ཆེན་སྡེ་ལ་སོགས་པ་ན་རེ། འཇིག་རྟེན་བྱ་བ་དེ་སྟོང་གསུམ་གཅིག་ལ་ཟེར་བ་ཡིན། སྟོང་གསུམ་པ་གཞན་དག་ན་ཡང་སངས་རྒྱས་རྣམས་བཞུགས་སོ། །སངས་རྒྱས་མང་པོ་ཞིག་སྟོང་གསུམ་གཞན་དུ་མཉམ་དུ་ཚོགས་པ་དག་ལ་ཞུགས་པ་སྣང་ལ། སྟོང་གསུམ་གཅིག་ཏུ་མང་པོ་གཅིག་ཅར་མི་འབྱུང་ལ། སྟོང་གསུམ་གཞན་དུ་མང་པོ་འབྱུང་བའི་རྒྱུ་ནུས་ཐོགས་མེད་དུས་མཉམ་དུ་ཡོད་པས་གེགས་བྱེད་མེད་དོ། །སྤྱིར་སངས་རྒྱས་ཐམས་ཅད་ཕྲིན་ལས་འདྲེས་ཀྱང་ཤཱཀ་ཐུབ་ལྟ་བུ་བསྐལ་པར་བཞུགས་ཀྱང་སྟོང་གསུམ་ལས་གཞན་དུ་མཛད་པར་མི་སྤྱོད་ན། མི་ཚེ་གཅིག་ལ་གཞན་དུ་མཛད་པ་མི་སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས་སོ། །སྟོང་གསུམ་འདིར་བཅོམ་ལྡན་འདས་ཀྱི་ཕྲིན་ལས་ཇི་ལྟར་མཛད་པ་ནི་ཉེས་པ་སྤངས་ཤིང་ཡོན་ཏན་རྫོགས་པའི་ཐབས་ཐམས་ཅད་མཁྱེན་པའི་སྒོ་ནས་སོ། །འོ་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་སྟོན་པ་གཉིས་གཅིག་ཅར་མི་འབྱུང་བའི་ལུང་དང་འགལ་སྙམ་ན། དེ་ནི་སྟོང་གསུམ་གཅིག་གི་འཇིག་རྟེན་ལ་དགོངས་པའམ། འཇིག་རྟེན་ཐམས་ཅད་དགོངས་པ་གང་ཡིན་དཔྱད་དགོས་པའི་ཕྱིར་ན་ཡང་ལུང་གིས་མི་གནོད་དོ། །དེས་ན་སྟོང་གསུམ་གཅིག་ཏུ་དུ་མ་མི་འབྱུང་བ་ཡིན་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དུ་མ་མི་འབྱུང་ན། འོ་ན་འཁོར་ལོས་སྒྱུར་རྒྱལ་ཡང་ཐམས་ཅད་དུ་གཅིག་ལས་མི་འབྱུང་བར་(༣༠༤བ)
ཐལ། སངས་རྒྱས་འབྱུང་དང་མཚུངས་པའི་ཕྱིར། འོན་ཏེ་འཁོར་ལོས་སྒྱུར་བ་སྟོང་གསུམ་གཞན་དུ་མི་འབྱུང་བ་དེ་འདོད་མི་ནུས་ན་ནི། སངས་རྒྱས་རྣམས་སྟོང་གསུམ་གཞན་དང་གཞན་དུ་འབྱུང་བ་ནི་གདུལ་བྱ་རྣམས་ཀྱི་གཞི་ཡིན་པས་འདི་ཡང་ཅིའི་ཕྱིར་འདོད་མི་ནུས། དེས་སྟོང་གསུམ་མང་པོ་ཞིག་ཏུ་སངས་རྒྱས་མང་པོ་མཉམ་པར་བྱུང་བས་གདུལ་བྱ་རྣམས་མངོན་མཐོ་དང་ངེས་ལེགས་དང་ལྡན་པར་འགྱུར་རོ། །སྟོང་གསུམ་གཅིག་ལ་གཉིས་མི་འབྱུང་བ་ནི་ཤཱཀ་ཐུབ་ཀྱིས་ཐུལ་བས་སངས་རྒྱས་གཞན་དགོས་པ་མེད་པ་དང་། སྔོན་སྨོན་ལམ་གྱི་དབང་གིས་འགྲན་པ་མེད་པའི་མགོན་དུ་སྨོན་ལམ་བཏབ་འགྲུབ་པའི་ཆེད་དང་། སངས་རྒྱས་གཅིག་ལས་མེད་ན་དཀོན་པས་རྙེད་དཀའ་བས་གུས་པ་དང་། གཤེགས་ན་མགོན་མེད་དུ་དོགས་ནས་བསྟན་པ་སྒྲུབ་པ་ལ་རིངས་པར་བྱེད་དོ་ཞེས་ཟེར་རོ། །བཞི་པ་ནི། ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཅེས་པས་བསྟན། འཁོར་ལོས་སྒྱུར་བ་བཞི་པོ་ཕྱོགས་ལས་རྒྱལ་བར་བྱེད་ཚུལ་རིམ་པ་བཞིན་ཕྱིར་རྒོལ་ཕ་རོལ་པས་བསུ་བ་དང་རང་འགྲོ་བ་དང་། ཕྱིན་ནས་གཡུལ་བཤམ་པ་ཙམ་དང་བཤམས་ནས་མཚོན་བརྩམས་པ་ཙམ་གྱིས་འདུད་ཅིང་རྒྱལ་བར་བྱེད་ཀྱི། གཞན་གྱི་སྲོག་གཅོད་པ་སོགས་ཀྱི་གནོད་པ་མེད་དེ། སེམས་ཅན་ཐམས་ཅད་དགེ་བཅུའི་ལམ་ལ་འཇོག་གོ། །འཇོག་པ་དེས་ན་རྒྱལ་པོ་འཁོར་དང་བཅས་པ་ལྷར་སྐྱེའོ། །མདོ་ལས། དེ་ལ་རིན་པོ་ཆེ་སྣ་བདུན་དང་ཉེ་བའི་རིན་པོ་ཆེ་སྣ་བདུན་འབྱུང་བར་གསུངས་པ་ལས། རྟ་གླང་ཁྱིམ་བདག་བུད་མེད་བློན་པོ་རྣམས་རྒྱལ་པོའི་ལས་ཀྱིས་བྱུང་ངམ་ཞེ་ན། འཁོར་ལོས་སྒྱུར་རྒྱལ་ལས་དེས་བདག་པོའི་རྐྱེན་བྱས། གླང་སོགས་ཀྱིས་འཁོར་སྒྱུར་དང་འབྲེལ་བའི་ལས་བསགས་པའི་རྒྱུས་འཁོར་ལོས་སྒྱུར་བ་དེ་བྱུང་བ་ན་གླང་སོགས་རང་གི་ལས་ཁོ་ནས་གླང་སོགས་སྐྱེད་པར་བྱེད་དོ། །གསུམ་པ་ཡོན་ཏན་གྱི་ཁྱད་པར་ནི། ཐུབ་མཚན་ཡུལ་ན་གནས་པ་དང་། །གསལ་ལ་རྫོགས་པས་འཕགས་པ་ཡིན། །འདི་ནས་འཁོར་ལོས་སྒྱུར་བ་ལ་མཚན་སོ་གཉིས་ཡོད་པར་བཤད་པ་དང་། ལ་ལ་ནས་(༣༠༥ན)
སྨིན་མཚམས་ཀྱི་མཛོད་སྤུ་དང་། གཙུག་ཏོར་བལྟར་མི་སྣང་བ་གཉིས་མ་གཏོགས་སུམ་ཅུ་ཡོད་པར་བཤད། ཤེས་རབ་གོ་ཆའི་གཞུང་ནས་ཉི་ཤུ་རྩ་བརྒྱད་ཡོད་པར་བཤད་པ་ལས་ཐུབ་པའི་མཚན་དང་ཁྱད་པར་ནི། ཐུབ་པའི་དེ་ཡུལ་མ་འགྱུས་པ་ན་གནས་པ་དང་། འོད་དང་ཆས་གྲ་ཟུར་གསལ་ལ་རྩིབས་སྟོང་སོགས་རྫོགས་པས་ཁྱད་པར་འཕགས་པ་ཡིན་ནོ། །གཉིས་པ་ཡ་ཐོག་རིང་མོའི་འགྲིབ་ཚུལ་ལ། བསྐལ་པ་དང་པོའི་ཁྱད་པར། ཇི་ལྟར་འགྲིབ་པའི་ཚུལ། འགྲིབ་པའི་མཐར་གང་འབྱུང་བའོ། །དང་པོ་ནི། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཅི་དང་པོ་ནས་རྒྱལ་པོ་དང་བཅས་པའམ་ཕྱིས་བྱུང་ཞེ་ན། ཕྱིས་བྱུང་བར་སྟོན་པ་ལས། བསྐལ་པ་དང་པོའི་མིའི་མཚན་ཉིད་ནི། སྔར་བྱུང་སེམས་ཅན་རྣམས་གཟུགས་ཅན་གྱི་ལྷ་བཞིན་དུ་རང་གི་ལུས་ལ་འོད་ཡོད་པ་དང་། ཡིད་ལས་བྱུང་ཞིང་རྫུ་འཕྲུལ་དང་ལྡན་པ་དང་། དགའ་བ་ཟས་སུ་ཞིང་ཡན་ལག་དང་དབང་པོ་ཚང་བ་དང་། སེམས་ཅན་ཐམས་ཅད་མཉམ་ཞིང་ཚེ་རིང་བ་ལ་སོགས་པའོ། །བསྐལ་པ་དང་པོ་ཁྱད་པར་དྲུག་ལྡན་དེ་རྫོགས་ལྡན་གྱི་དུས་སོ། །དེ་ནས་ཇི་ཞིག་ཙམ་ན་ལྷ་དང་ལྷ་མིན་གྱི་འཁྲུགས་པ་བྱུང་ཞིང་། ནམ་མཁའི་གཞལ་ཡས་ཐོབ་ཤོར་བྱུང་བའི་བར་དེ་སུམ་ལྡན། དེ་ནས་རྒྱལ་པོ་རཱ་མ་ཎ་དང་སྲིན་པོ་འཐབས་པའི་བར་དེ་གཉིས་ལྡན། རྒྱལ་པོ་སྐྱབས་བསེང་བྱུང་ནས་རྩོད་པ་བྱུང་བ་དེ་རྩོད་པ་རྒྱས་པའི་དུས་ཏེ་དུས་བཞིའོ། །ཡང་སངས་རྒྱས་འཁོར་བ་འཇིག་གི་དུས་དགེ་བཅུ་རངས་པ་ངང་གིས་རྫོགས་པས་རྫོགས་ལྡན་གྱི་དུས་སོ། །སངས་རྒྱས་གསེར་ཐུབ་ཀྱི་དུས་ལུས་ངག་གི་བདུན་སྤོང་བ་གཙོར་མི་བྱེད་ཅིང་། ཡིད་ཀྱི་གསུམ་སྤོང་བ་གཙོར་བྱེད་པས་གསུམ་ལྡན་གྱི་དུས་སོ། །སངས་རྒྱས་འོད་སྲུང་གི་དུས་སུ་བརྣབ་སེམས་སྤོང་བ་གཙོར་མི་བྱེད་ཅིང་། གནོད་སེམས་དང་ལོག་ལྟ་སྤོང་བ་གཙོར་བྱེད་པས་གཉིས་ལྡན་གྱི་(༣༠༥བ)
དུས་སོ། །སངས་རྒྱས་ཤཱཀ་ཐུབ་ཀྱི་དུས་རྩོད་པ་རྒྱས་པའི་དུས་སོ། །ཡང་ཚེ་དང་ཁ་དོག་སོགས་ཐམས་ཅད་ཡོད་པ་རྫོགས་ལྡན། གསུམ་ཡོད་པ་གསུམ་ལྡན། གཉིས་ཡོད་པ་གཉིས་ལྡན། དེ་རྣམས་མེད་པར་རྩོད་པ་རྒྱས་པ་རྩོད་ལྡན་གྱི་དུས་སོ། །གཉིས་པ་ཇི་ལྟར་འགྲིབ་པའི་ཚུལ་ལ། གསུམ་ལྡན་བྱུང་ཚུལ། གཉིས་ལྡན་དང་རྩོད་དུས་བྱུང་བའི་ཚུལ། ཚེ་ལོ་བཅུ་པར་བྱུང་ཚུལ་ལོ། །དང་པོ་ནི། དེ་ནས་རིམ་གྱིས་རོ་ལ་ཆགས། །དེ་ནས་རིམ་གྱིས་རོ་ལ་ཆགས་པའི་རང་བཞིན་ཅན་ཞིག་གིས་སའི་རི་མཛུབ་མོས་བླངས་ཏེ་བསྣམས་ཤིང་ཟོས་ལ། སེམས་ཅན་གཞན་དག་གིས་ཀྱང་མཐོང་ནས་ཟོས་ཏེ་ཁམ་གྱི་ཟས་དེ་དག་ཟོས་པས་ལུས་ལྕི་ཞིང་རྩུབ་ལ་འོད་ཀྱང་འགགས་ཏེ་མུན་པར་གྱུར་པ་ན། ཆོས་ཉིད་ཀྱིས་ཉི་ཟླ་དང་རྒྱུ་སྐར་དང་དུས་ཚིགས་ལ་སོགས་པ་བྱུང་སྟེ་ཉི་མ་དང་ཟླ་བས་གླིང་བཞིར་སྣང་བའི་བྱ་བ་བྱས་སོ། །དེ་ནས་གང་ཁ་ཟས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་ཅིང་ལུས་ལྕི་ལ། གང་ཉུང་དུ་ཟ་བ་དེ་ནི་ཁ་དོག་བཟང་ངས་ཁ་དོག་སྣ་ཚོགས་ཀྱང་འབྱུང་ཞིང་། ཁ་དོག་བཟང་བའི་ང་རྒྱལ་ཅན་དག་གིས་ངན་པ་རྣམས་ལ་བརྙས་པ་དང་མི་དགེ་བ་སྤྱད་པས་སའི་རོ་དེ་ནུབ་པར་གྱུར་ཏོ། །དེ་ནས་སའི་རོའམ་བཅུད་ཟད་ནས་མྱ་ངན་བྱས་པ་དང་། སའི་ཞག་དྲི་རོ་སྔ་མ་དང་འདྲ་བ་ཁ་དོག་དོང་ཀའི་མེ་ཏོག་ལྟ་བུ་བྱུང་བ་ཟོས་པས་དེ་ཡང་སྔ་མ་ལྟར་ནུབ་བོ། །དེ་ཟད་པ་ན་མྱུ་གུའི་ཚལ་དྲི་རོ་སྔར་དང་འདྲ་བ་ཁ་དོག་ཀ་དམ་ཡུ་ཀའི་མེ་ཏོག་ལྟ་བུ་ཞིག་བྱུང་བ་ཟོས་སོ། །སའི་བཅུད་དང་ཞག་དང་མྱུ་གུའི་ཚལ་རྣམས་ནི་རིམ་པ་ལྟར་སོར་བཅུ་དྲུག་དང་བཅུ་གཉིས་དང་བརྒྱད་ཡིན་པར་འཆད་དོ། །སྔ་མ་ལྟར་དེ་ཡང་ཟད་པ་ན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་སོར་བཞི་ནང་བརྔས་ན་ནུབ་སྐྱེ། ནུབ་བརྔས་ན་ནང་སྐྱེ་བ་ཕུབ་ཤུན་མེད་པ་བྱུང་བ་ཟོས་སོ། །དེ་ནི་ཁམ་གྱི་ཟས་ཆེས་རགས་ཤིང་རྩུབ་པ་ཡིན་པས་མི་གཙང་བ་འབྱུང་བའི་ལམ་ཕོ་མོའི་དབང་པོ་དང་དབྱིབས་ཐ་དད་པ་དག་ཀྱང་བྱུང་བར་གྱུར་(༣༠༦ན)
ནས། དེ་དག་ཕན་ཚུན་བལྟས་པ་ན་སྔོན་གོམས་པའི་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་འདོད་ཆགས་སྐྱེས་ཏེ་ལོག་པར་ཞུགས་པ་ན། གཞན་དག་གིས་ས་རྡུལ་སོགས་གཏོར་ཞིང་སྨད་པས་དེའི་ཆེད་དུ་ཁང་ཁྱིམ་དག་བྱས་སོ། །གཉིས་པ་ནི། ལེ་ལོས་སོག་འཇོག་བྱས་ནས་ནི། །འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྟབས། །འབྲས་སཱ་ལུ་དེ་དག་ཀྱང་ནམ་འདོད་པས་ལེན་པ་ན་ལེ་ལོ་ཅན་རྣམས་ཀྱིས་གསོག་འཇོག་བྱས་པ་ན་ཕུབ་ཤུན་ཡང་བྱུང་ལ། དེ་བརྔས་པའི་ཤུལ་དུ་ཡང་མི་སྐྱེ་བས་དེ་དེ་ནས་ནི་སེམས་ཅན་དེ་དག་མ་མཐུན་པར་སོ་སོར་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ཀྱིས་ཞིང་བགོས་ཏེ་གནས་པ་ན། ཕན་ཚུན་རྐུ་འཕྲོག་ཏུ་གྱུར་པས་དེ་དགག་པའི་ཕྱིར་སྐྱེ་བོ་རང་བཞིན་བཟང་པོ་ཞིག་ཞིང་དཔོན་དུ་བསྟབས་ཤིང་བསྐོས་ནས་ལོ་ཐོག་གི་དྲུག་ཆ་སྟེར་བར་བྱས་པ་ནི་རྒྱལ་པོ་མང་པོས་བཀུར་བ་བྱ་བ་ཡིན་ཏེ། དེ་ཡང་ཆོས་དང་ཚུལ་ཁྲིམས་ཀྱི་ཀུན་སྤྱོད་དང་ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་དེ། འཁོར་མགུ་བར་བྱེད་པས་རྒྱལ་པོ་དང་ཞིང་རྣམས་ཀྱི་བདག་པོར་གྱུར་ཅིང་ཕོངས་པ་ལས་སྐྱོབ་པས་ན་རྒྱལ་རིགས་ཞེས་བྱ་སྟེ་རྒྱལ་པོ་རྣམས་ཀྱི་དང་པོ་ནི་དེ་ཡིན་ལ། དེའི་ཁྱིམ་ལའང་རྒྱལ་པོའི་ཁབ་ཅེས་བྱའོ། །དེའི་ཚེ་གང་དག་འདོད་པ་ཆུང་ཞིང་ཁྱིམ་ལས་ཡིད་ཕྱིར་ཕྱོགས་ཏེ་དགོན་པ་དང་ནགས་སུ་གནས་པ་དེ་དག་ལ་ནི་བྲམ་ཟེ་དང་། རྐུ་བ་ལ་སོགས་པ་མི་བྱེད་པ་ལ་རྗེའུ་རིགས་དང་། བྱེད་པ་ལ་དམངས་རིགས་དང་གདོལ་པའི་རིགས་ཞེས་བྱ་བའི་མིང་དུ་འགྱུར་ཏེ་རིགས་ཐ་དད་ཀྱང་བྱུང་ངོ་། །མང་པོས་བཀུར་བའི་བུ་འོད་མཛེས་དང་། དེའི་བུ་དགེ་བ་དང་། དེའི་བུ་དགེ་མཆོག་དང་། དེའི་བུ་གསོ་སྦྱོང་འཕགས་ཏེ། དེ་དག་ལ་ནི་བསྐལ་པ་དང་པོའི་རྒྱལ་པོ་ལྔ་ཞེས་ཟེར་རོ། །དེའི་རྗེས་ལ་ང་ལ་ནུ་དང་། མཛེས་པ་དང་། ཉེ་མཛེས་དང་། མཛེས་ཅན་དང་། མཛེས་ལྡན་རྣམས་ནི་འཁོར་ལོས་སྒྱུར་བ་ལྔ་ཞེས་ཟེར་རོ། །དེ་དག་ལས་རྒྱལ་བརྒྱུད་ཇི་ལྟར་བྱུང་བ་ནི། གདགས་པ་དང་། ལུང་གཞི་(༣༠༦བ)
དང་། མངོན་པར་འབྱུང་བའི་མདོ་དག་ཏུ་བལྟའོ། །གང་གི་ཚེ་མང་པོས་བཀུར་བ་ལ་སོགས་པ་རྒྱལ་པོར་བསྐོས་པ་དེའི་ཚེ་སེམས་ཅན་གཅིག་ལ་གཅིག་ལོག་པར་སྤྱོད་པའི་འདོད་ལོག་དང་། མ་བྱིན་ལེན་དང་། སྲོག་གཅོད་པ་དང་། རྫུན་དུ་སྨྲ་བ་སོགས་མི་དགེ་བ་དུ་མ་བྱས་སོ། །གསུམ་པ་ནི། དེ་ནས་ལས་ཀྱི་ལམ་ལྷག་པས། །ཚེ་ཐུང་ལོ་ནི་བཅུ་ཡིན་ནོ། །དེ་ནས་ལས་ཀྱི་ལམ་མི་དགེ་བ་ལྷག་པར་སྤྱད་པས་མི་རྣམས་ཚེ་ཐུང་ངུར་གྱུར་ནས་མཐར་ལོ་ནི་བཅུ་ལས་ཇི་ལྟར་རིང་ཡང་མི་ཐུབ་པ་ཡིན་ནོ། །དེ་ལྟར་ཕུང་ཀྲོལ་ཐམས་ཅད་ཀྱི་རྩ་བ་ནི་རོ་དང་ལེ་ལོ་ལ་ཆགས་པའོ། །སྨྲས་པ། ལུང་གི་རྒྱུ་མཚན་འཁྲུལ་པ་འཚལ་མེད་ལ། །ཟེར་སྒྲོས་བརྒྱུད་པའི་དྲི་མ་གཏན་ཕྱིས་ནས། །ལྷར་བཅས་འཇིག་རྟེན་ཀུན་གྱི་ཚད་མ་རུ། །འགྱུར་ངོ་ཤེས་པ་སྟོན་པའི་བཀའ་བཞིན་བཤད། །འདི་ན་སྣོད་བཅུད་ལས་ཀྱི་འབྲས་བུ་ཡི། །ངོ་མཚར་རྒྱས་འདི་མཁས་མཆོག་དམ་པ་རྣམས། །ཀུན་ཏུ་དགའ་བའི་དཔལ་ཡོན་མཆིས་མོད་ཀྱང་། །ཕྱོགས་ཙམ་མཐོང་བས་ཚིམས་པའི་ཆོག་ཤེས་ཀྱི། །མོས་པ་ལྷུར་བྱེད་བླུན་པོས་འདི་ཅི་ཀྭ །གསུམ་པ་འགྲིབ་པའི་མཐར་གང་འབྱུང་བ་ལ། བསྐལ་ངན་གསུམ་འབྱུང་བར་བསྟན་པ་དང་། དེ་གསུམ་གྱི་ཡུན་ནོ། །དང་པོ་ནི། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །མི་རྣམས་ཚེ་ལོ་བཅུ་པ་ན་བར་བསྐལ་ཚར་ཕྱིན་པ་ཡིན་ཏེ། བསྐལ་པ་མཚོན་དང་ནད་དང་ནི། །མུ་གེ་དག་གིས་ཚར་ཕྱིན་ཏོ། །ཞེས་བསྐལ་པ་གཅིག་རྫོགས་པ་ལ་གསུམ་ཀས་རྫོགས་པར་འདོད་ཅིང་། སློབ་དཔོན་ཐོགས་མེད་ནི། ཚེ་ལོ་སུམ་ཅུ་པ། ཉི་ཤུ་པ། བཅུ་པ་གསུམ་ལ་མུ་གེ་ནད་མཚོན་གོ་རིམ་བཞིན་ཚར་ཕྱིན་པར་བཞེད། ལ་ལ་དག་བར་བསྐལ་གཅིག་མུ་གེས་མཐར་ཕྱིན། དེ་ནས་བར་བསྐལ་གཅིག་ནད་ཀྱིས་མཐར་ཕྱིན། དེ་རྗེས་གཅིག་མཚོན་གྱིས་རྫོགས་པར་འདོད་པའང་ཡོད་དོ། །འདིའི་ལུགས་ལྟར་ན། དེའི་ཚེ་མི་རྣམས་ཚེ་ལོ་བཅུ་པ་ལ་འདོད་ལོག་དང་ཕོངས་པས་ཡ་ང་བས་ཟིལ་གྱིས་ནོན་ཏེ་རྐུ་བ་དང་ཕ་མར་མི་འཛིན་པ་སོགས་(༣༠༧ན)
ལོག་ཆོས་ཀྱི་ཀུན་ནས་དཀྲིས་པར་འགྱུར་རོ། །དེ་དག་གནོད་སེམས་ཕན་ཚུན་རྔོན་པས་རི་དྭགས་མཐོང་བ་བཞིན་དུ་གནོད་པ་འབར་བས་ཤིང་ངམ་བོང་བ་བླངས་པ་མཚོན་རྣོན་པོར་འགྱུར་ཞིང་གཅིག་སྲོག་གཅིག་གིས་གཅོད་དོ། །དེའི་ཚེ་ཉེས་པ་དེ་དག་གིས་མི་མ་ཡིན་རྣམས་ཀྱིས་རིམས་ནད་རྣམས་གཏོང་སྟེ་གསོར་མི་རུང་བའི་འཆི་ནད་དག་འབྱུང་ངོ་། །དེའི་ཚེ་ཉེས་པ་དེ་དག་གིས་ལྷས་ཆར་མི་འབེབས་ཏེ། མུ་གེས་གབ་ཙེ་དང་། རུས་གོང་དཀར་པོ་དང་། ཐུར་མས་འཚོ་བའི་མུ་གེ་འབྱུང་ངོ་། །གབ་ཙོ་བ་ནི་བཀྲེས་ཤིང་ཉམ་ཆུང་བ་དག་འདུས་ནས་འཆི་བ་ན་ཕྱི་རབས་ཀྱི་འབྲུའི་ས་བོན་དུ་ག་བརྩེའི་ནང་ན་འབྲུ་འཇོག་པ་སྲིད་པ་ཙམ་དེ་ཟ་བར་བྱེད་དོ། །ཡང་ན་ནི་གབ་ཅིང་རྩེད་མོ་རྩེ་བ་ལྟར་མུ་གེས་ཉམས་ནས་འཆི་བའི་ཚེ། གཅིག་གིས་གཅིག་ལ་སློང་མི་ནུས་པར་གབ་བུ་གབ་རྩེད་པ་ལྟ་བུའོ། །རུས་གོང་དཀར་པོ་ནི། ལུས་བསྐམས་ཤིང་རྩུབ་པ་དེ་དག་ཤི་བ་ན་རུས་པ་དཀར་པོར་འགྱུར་ལ། ཚོན་པོ་ཤི་མ་ཐག་ནི་དེར་མི་འགྱུར་བས། རུས་གོང་དཀར་པོ་དེ་དག་བསྡུས་ཏེ་བསྐོལ་ནས་འཐུང་ངོ་། །བསྐོལ་བ་དེ་དག་ཐུར་མས་བགོས་ཏེ་ཟ་རེས་བྱེད་པ་དང་། ཡང་འབྲུའི་གནས་ཀྱི་གསེབ་ནས་འབྲུ་དག་ཐུར་མས་བྱུང་བ་ཆུ་མང་པོར་བསྐོལ་བའི་ཆུ་འཐུང་བར་བྱེད་དོ། །དེ་དག་ལས་ཐར་བའི་རྒྱུ་ནི། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་དེ་ལ་གང་གིས་ཉི་མ་གཅིག་སྲོག་གཅོད་པ་སྤངས་ཤིང་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན་དེ་མཚོན་གྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཨ་རུ་ར་གཅིག་ཙམ་ཡང་དགེ་འདུན་ལ་འབུལ་བར་བྱེད་ན་དེ་ནད་ཀྱི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཟས་ནེལ་ཟེ་གང་ཙམ་དགེ་འདུན་ལ་ཕུལ་ན། དེ་མུ་གེའི་བར་གྱི་བསྐལ་པར་མི་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ནི། ཞག་རྣམས་དང་ནི་ཟླ་བ་དང་། །ལོ་བདུན་དག་ཏུ་གོ་རིམས་བཞིན། །ཞེས་པས་བསྟན། སེམས་ཅན་དེ་དག་ལ་(༣༠༧བ)
མཚོན་ཆས་གསོད་པ་ཞག་རྣམས་བདུན་དང་ནི་ནད་ཟླ་བ་བདུན་དང་ཞག་བདུན་དང་མུ་གེ་ལོ་བདུན་དང་ཟླ་བ་བདུན་དང་ཞག་བདུན་དག་ཏུ་འབྱུང་བ་སྟེ་གོ་རིམ་བཞིན་ནོ། །རྩ་བའི་རྣམས་ཚིག་གིས་ཞག་བདུན་པ་ཕྱི་མ་གཉིས་ཀྱང་འདྲེན་ནོ། །འཛམ་གླིང་དུ་མཚོན་གྱིས་སྲོག་གཅོད་པ་དང་། ནད་དང་མུ་གེ་བྱུང་བའི་ཚེ་ཤར་ནུབ་ཀྱི་གླིང་གཉིས་སུ་དེ་དང་ཅུང་ཟད་འདྲ་བ་འབྱུང་སྟེ། མཚོན་དང་མཐུན་པ་གནོད་སེམས་ལྷག་པར་གྱུར་པ་དང་། ནད་དང་མཐུན་པ་ཁ་དོག་ངན་པ་དང་ཉམ་ཆུང་བ་དང་། མུ་གེ་དང་མཐུན་པ་བཀྲེས་སྐོམ་འབྱུང་བ་ཡིན་ནོ། །གསུམ་པ་འཇིག་པའི་བསྐལ་པའི་ཚུལ་ལ། བསམ་གཏན་གསུམ་པ་མན་འཇིག་ཚུལ། བཞི་པ་འཇིག་ཚུལ། མེ་ཆུ་རླུང་གསུམ་གྱིས་འཇིག་པའི་གྲངས་བསྟན་པའོ། །དང་པོ་ལ། གང་གིས་གང་འཇིག་པ། མ་ཞིག་པར་ལུས་པའི་རྩེ་མོ། དེ་རྣམས་ཀྱི་རྒྱུ་མཚན་ནོ། །དང་པོ་ནི། མེ་དང་ཆུ་དང་རླུང་དག་གིས། །འཇིག་པ་དག་ནི་ཡང་གསུམ་ཡིན། །སེམས་ཅན་རྣམས་བསམ་གཏན་གཅིག་ཏུ་འདུ་བས་ན་འཇིག་ལ། ཉི་མ་བདུན་གྱིས་ནི་མེས་འཇིག་པ་དང་ཆར་གྱི་ཆུས་ནི་ཆུས་འཇིག་པ་དང་རླུང་རབ་ཏུ་འཁྲུགས་པ་དག་གིས་འཇིག་པ་དག་ནི་གསུམ་ཡིན་ཏེ། རྡུལ་ཕྲ་མོ་ཙམ་ཡང་མ་ལུས་པར་བྱེད་དོ། །རྡུལ་ཕྲ་མོ་ཡང་མི་ལུས་པའི་ཕྱོགས་འདི་ལ་གཟེགས་ཟན་པ་སོགས་ཁ་ཅིག་ནི་སྣོད་འཇིག་བའི་ཚེ་རྡུལ་ཕྲ་རབ་རྣམས་ཆོས་ཅན། ལུས་པ་ཡིན་ཏེ། དེ་རྟག་པ་ཡིན་པའི་ཕྱིར། གྲུབ་སྟེ། མ་ཡིན་ན་རགས་པ་རྒྱུ་མེད་དུ་འགྱུར་བའི་ཕྱིར་ཞེས་སྙམ་མོ། །འདི་ལ་སངས་རྒྱས་པས་འཇིག་པ་དེར་རྡུལ་ཕྲ་རབ་མ་ལུས་ཀྱང་རགས་པ་རྒྱུ་མེད་དུ་མི་འགྱུར་ཏེ། ལས་ལས་སྐྱེས་པའི་འབྲས་བུ་རགས་པ་སྣ་ཚོགས་པ་བསྐྱེད་པའི་མཐུའི་བྱེ་བྲག་ཅན་གྱི་རླུང་ས་བོན་དུ་བཤད་པའི་ཕྱིར་རོ། །དེ་ལྟར་བཤད་པས་བསམ་གཏན་དང་པོ་ཕྱིན་མེས་འཇིག་པ་ན། དེའི་རྩེ་མོ་བསམ་གཏན་གཉིས་པ་མ་ཞིག་པར་ཡོད་པས། དེའི་རླུང་གིས་དང་པོ་ཕྱིན་(༣༠༨ན)
འདོད་པ་དང་བཅས་པའི་སྣོད་རགས་པའི་རྒྱུ་བྱེད་པའི་ཕྱིར་རོ། །ས་སྟོན་སྡེ་པའི་མདོ་ལས། རླུང་གིས་འཇིག་རྟེན་གྱི་ཁམས་གཞན་དག་ནས་ས་བོན་དག་ཁྱེར་ཏེ་འོང་ངོ་། །ཞེས་འབྱུང་ངོ་། །ས་བོན་ནི། རྩ་བའི་ས་བོན། གཤེག་པའི་ས་བོན། ས་བོན་གྱི་ས་བོན། མདོའི་ས་བོན་ནོ། །དེ་ལ་བྱེ་བྲག་པས། ཁྱེད་སངས་རྒྱས་པས་ས་བོན་ཏེ་འོང་བ་དེ་ལྟར་ཡིན་ཀྱང་། ས་བོན་དང་མྱུ་གུ་དང་སྡོང་པོ་ལ་སོགས་རགས་པ་རྣམས་ལས་མྱུ་གུ་སོགས་ད་འོས་པོ་རགས་པ་སྐྱེ་བ་མ་ཡིན་ཏེ། ས་བོན་སོགས་རྒྱུ་མཚན་གྱི་རྒྱུ་ཡིན་གྱི། འདུ་བའི་རྒྱུ་མ་ཡིན་པའི་ཕྱིར། དཔེར་ན། མེ་དུ་རིགས་མི་མཐུན་པས་མེ་ལ་དུ་བ་མི་སྐྱེ་བ་བཞིན་ནོ། །འོ་ན་ཅི་ཞེ་ན། མྱུ་གུ་ལ་སོགས་ཡན་ལག་ཅན་གྱི་རྫས་རང་ནི་རྫས་ཆུང་ཡན་ལག་ཁོ་ན་ལས་སྐྱེ་སྟེ། རྫས་ཆུང་དེ་དག་ཀྱང་རང་གི་རྫས་ཡང་ཆུང་ཁོ་ན་ལས་སྐྱེ་ལ། རྫས་ཡང་ཆུང་དེ་ཡང་རྡུལ་ཕྲ་རབ་དག་ལས་སྐྱེ་པའི་ཕྱིར། དེ་ཙ་ན་རིས་མི་མཐུན་ལས་འབྲས་བུ་མི་སྐྱེ་ཙམ་ན་རིས་མི་མཐུན་རྒྱུ་མིན་དུ་འགྲོ་བས་རགས་པ་དང་ཕྲ་བ་ནི་རིས་མི་མཐུན་པའི་ཕྱིར་ཡང་ཡན་ལག་ཁོ་ན་ལས་སྐྱེ་བར་འདྲ་བར་གྲུབ་བོ། །རྡུལ་ཕྲ་རབ་ནི་རྟག་པའི་ཕྱིར་སྐྱེ་མི་དགོས་སོ་ཞེས་ཟེར་རོ། །འདོད་པ་དེ་ལ་སངས་རྒྱས་པས་དྲིས་པ། མྱུག་སོགས་ལ་ས་བོན་སོགས་ཀྱི་ནུས་པ་འཇུག་པ་ཅི་ཞིག་ཡོད་ཅེས་པ་ལ། གྲངས་ཅན་གྱིས་ལན་བཏབ་པ་ནི། ས་བོན་གྱིས་རྡུལ་ཕྲ་རབ་རྣམས་འཕྲད་པ་ལ་གྱེས་པ་སྡུད་པ་ཡིན་ཏེ། དེ་ལས་མ་གཏོགས་པ་ས་བོན་གྱིས་རང་གི་ངོ་བོ་ཅུང་ཟད་ཀྱང་བསྐྱེད་དུ་མེད་པའི་ཕྱིར། དཔེར་ན། དུ་བའི་རྡུལ་ཕྲན་དེ་གྱེས་པ་སྡུད་པའི་རྐྱེན་མེས་བྱེད་པས་སྡུད་པ་ཙམ་ལ་ནུས་པ་ཡིན་གྱི། རིས་མི་མཐུན་མེས་དུ་བ་རང་གི་ངོ་བོ་མི་བསྐྱེད་པ་བཞིན། མཐུན་དཔེ་དེའི་ཁྱབ་གྲུབ་ནི། དེ་ལ་མ་ཁྱབ་ན་ཆུ་ལས་ཀྱང་དུ་བ་སྐྱེ་བ་སོགས་རྒྱུ་འབྲས་འཆོལ་བར་ཐལ། རྒྱུ་(༣༠༨བ)
འབྲས་རིས་མི་མཐུན་ཀྱང་བསྐྱེད་བྱ་སྐྱེད་བྱེད་ཡིན་པའི་ཕྱིར། སངས་རྒྱས་པས་དེ་ལ་ལན་འདེབས་པ་ནི། རིས་མི་མཐུན་པ་ལས་བསྐྱེད་བྱ་སྐྱེད་བྱེད་ཆོས་ཅན། འཆོལ་བར་མི་འགྱུར་ཏེ། རིས་མི་མཐུན་ཀྱང་མེས་དུ་བ་བསྐྱེད་པའི་ནུས་པ་ཡོད་ཀྱི། ཆུ་བསྐྱེད་པའི་ནུས་པ་མེད་པས་ནུས་པ་ངེས་པའི་ཕྱིར། དྲིལ་བུ་ལས་དྲིལ་བུའི་སྒྲ་སྐྱེ་བ་རིས་མི་མཐུན་ཀྱང་ནུས་པ་ངེས་པས་སྐྱེ་སྟེ། དྲིལ་བུ་ལ་དྲིལ་བུའི་སྒྲ་བསྐྱེད་པའི་ནུས་པ་ཡོད་ཀྱི། བུམ་པའི་རོ་བསྐྱེད་པའི་ནུས་པ་མེད་པས་མི་སྐྱེ་བ་དང་། མེ་རྫས་ལ་ཡོན་ཏན་ཁ་དོག་དམར་པོ་སྐྱེ་བ་དེ་རྫས་དང་ཡོན་ཏན་ཁ་དོག་དམར་པོ་རིས་མི་མཐུན་ཀྱང་སྐྱེ་བ་བཞིན་ནོ། །བྱེ་བྲག་པས་དེའི་ལན་དུ། རིས་མི་མཐུན་པ་ལས་ཀྱང་ནུས་པ་དེས་པ་དེ་ཡོན་ཏན་གྱི་ཆོས་ཀྱི་དབང་དུ་བྱས་ན་དེ་འདྲ་ལ་སྣ་ཚོགས་སྲིད་ཀྱང་། རྫས་ཆོས་ལ་ནི་རིས་མི་མཐུན་ལས་སྐྱེ་བ་མིན་ཏེ། རིས་མཐུན་ལས་རིས་མཐུན་འབྱུང་བའི་ཕྱིར། དཔེར་ན། འཇག་མ་ལས་རེ་ལྡེ་དང་སྐུད་པ་ལས་རས་ཡུག་འབྱུང་གི། འཇག་མ་ལས་རས་ཡུག་དང་སྐུད་པ་ལས་རེ་ལྡེ་མི་འབྱུང་བ་བཞིན་ནོ། །སངས་རྒྱས་པས་དེ་དགག་པ་ལ། མི་འཐད་པར་དམ་བཅའ་བ་དང་། དེའི་སྒྲུབ་བྱེད་འགོད་པའོ། །དང་པོ་ནི། སྒྲུབ་བྱེད་ཀྱི་དཔེ་མ་གྲུབ་སྟེ། འཇག་མ་དང་སྐུད་པ་ལས་རེ་ལྡེ་དང་རས་ཡུག་ལོགས་སུ་མ་གྲུབ་པའི་ཕྱིར། གྲུབ་སྟེ། འཇག་མ་དང་སྐུད་པའི་ཡན་ལག་དེ་དག་ཁོ་ནར་གནས་པ་ལ་རེ་ལྡེ་དང་རས་ཡུག་གི་མིང་བཏགས་ཏེ། དེ་ལྟར་མིང་ཐོབ་པའི་ཕྱིར། གྲོག་མ་དུ་མ་འདུས་པ་ལ་གྲོག་མའི་ཕྲེང་བར་བཏགས་ཀྱི། རྫས་གྲུབ་མེད་པ་བཞིན་མཐུན་དཔེ་འདི་ནི་བྱེ་བྲག་པ་རང་ལའང་གྲུབ་པའི་དབང་དུ་བྱས་སོ། །གཉིས་པ་ནི། ཡན་ལག་ཅན་གཅིག་རྫས་སུ་གྲུབ་ན་ཡན་ལག་རེ་རེ་ལ་ཡན་ལག་ཅན་གྱི་རྫས་རྫོགས་པར་ཡོད་དམ། ཆ་རེ་ཡོད། དང་པོ་ལྟར་ན། སྐུད་པ་གཅིག་འཛིན་པའི་མིག་དང་ལུས་ཀྱི་ཤེས་པ་ཆོས་ཅན། (༣༠༩ན)
སྣམ་བུའང་གཞལ་བར་ཐལ། ཡན་ལག་སྐུད་པ་ལ་ཡན་ལག་ཅན་སྣམ་བུའི་རྫས་རྫོགས་པར་ཡོད་པའི་ཕྱིར། དེ་ལ་ཁོས་མ་ཁྱབ་སྟེ། སྐུད་པ་གཅིག་ལ་སྣམ་བུ་ཡོད་ཀྱང་མི་དམིགས་སོ་སྙམ་ན། སྐུད་པ་གཅིག་ལ་སྣམ་བུར་འདུག་པ་དེའི་ཚེ་ཆོས་ཅན། སྣམ་བུ་དམིགས་པར་ཐལ། དམིགས་པ་ལ་གང་གིའང་གེགས་མ་བྱས་པའི་ཕྱིར། གཉིས་པ་ལྟར་ན། ཡན་ལག་གི་འདུས་པ་ཙམ་རས་ཡུག་ཏུ་བཏགས་པ་ཆོས་ཅན། ཁྱོད་ལ་རས་ཡུག་ཡོད་པ་མིན་ཏེ། ཡན་ལག་དེ་ལ་ཡན་ལག་ཅན་རས་ཡུག་གི་ཆ་ཙམ་ཞིག་ཡོད་པའི་ཕྱིར། རས་ཡུག་གི་རྫས་ལོགས་པ་མེད་དོ། །ཡང་ཁོའི་བསམ་པ་ལ། རས་ཡུག་གི་རྫས་ཡན་ལག་ཅན་ལོགས་ན་ཡོད་དེ། སྐུད་པ་དང་ཡན་ལག་ཅན་གྱི་ཆ་གཉིས་ཀྱང་ཐ་དད་ཡིན་པའི་ཕྱིར་ལོགས་སུ་ཡོད་དོ་སྙམ་ན། རྟགས་དེ་གྲུབ་ན་ཡན་ལག་ཅན་གྱི་ཆ་ལ་སོགས་པ་དེས་བརྩམས་པའི་ཡན་ལག་ཅན་འགྲོར་སྲིད་ཀྱང་། སྐུད་པ་ལས་ཡན་ལག་ཅན་གྱི་ཆ་མ་གྲུབ་པའི་ཕྱིར། སྐུད་པ་ལ་སྐུད་པ་ལས་གཞན་རས་ཡུག་གི་ཆ་མེད་པས་ཁྱབ་བོ། །རིགས་པ་དེ་རྣམས་ཀྱིས་ཡན་ལག་རེ་རེ་ལ་ཡན་ལག་ཅན་རྫོགས་པར་ཡོད་དམ། ཡན་ལག་ལ་ཡན་ལག་ཅན་གྱི་ཆ་རེ་ཡོད། བརྟགས་པས་ཡན་ལག་ཅན་ཡན་ལག་ལ་ཡོད་པ་མི་འཐད་པར་བསྟན་ནས། ད་ནི་ཡན་ལག་གི་རིགས་དམིགས་པས་ཡན་ལག་ཅན་དམིགས་སམ། ཡན་ལག་གི་རྫས་ཐམས་ཅད་དམིགས་པས་ཡན་ལག་ཅན་གྱི་རྫས་དམིགས། དང་པོ་ལྟར་ན། ཁ་ཚར་ཙམ་དམིགས་པས་རས་ཡུག་དམིགས་པར་ཐལ། ཡན་ལག་ཅན་གྱི་རྟེན་དུ་མ་ཤེས་པ་དེ་ཡན་ལག་གི་རིགས་ཙམ་ཤེས་པ་ལ་བལྟོས་པའི་ཕྱིར། གཉིས་པ་ལྟར་ན། འོ་ན་ཡན་ལག་ཅན་གཏན་མི་དམིགས་པར་ཐལ། ཡན་ལག་གི་རྫས་ཐམས་ཅད་དམིགས་པ་གཏན་མི་སྲིད་པའི་ཕྱིར་ཏེ། ཚུ་རོལ་མཐོང་ཡང་(༣༠༩བ)
ཕ་རོལ་མི་མཐོང་། ཕྱི་མཐོང་ཡང་ནང་མི་མཐོང་བའི་ཕྱིར། གཞན་ཡང་མིག་དང་རེག་པ་དག་གིས་རིམ་གྱིས་རས་ཡུག་གི་ཡན་ལག་ཁ་རེ་རེ་ནས་འཕྲད་པ་ན་ཆོས་ཅན། རས་ཡུག་གིས་ཡན་ལག་ཅན་མི་ཤེས་པར་ཐལ། ཡན་ལག་ཅན་གྱི་རྫས་དམིགས་པ་ལ་ཡན་ལག་གི་རྫས་ཐམས་ཅད་དམིགས་དགོས་པའི་ཕྱིར། དེས་ན་ཡན་ལག་ཅན་གྱི་བློ་སྐྱེ་བ་ལ་ཡན་ལག་རྫོགས་པར་མཐོང་དགོས་པ་མིན་གྱི། ཡན་ལག་དག་ཁོ་ན་རིམ་གྱིས་མཐོང་བ་ལ་བལྟོས་ནས་ཡན་ལག་ཅན་ཞེས་པས་ཁྱབ། དཔེར་ན། མགལ་མེ་རིམ་གྱིས་འབྱུང་བ་ལ་འཁོར་ལོ་གཅིག་ཏུ་ཤེས་པ་བཞིན་ནོ། །སྐུད་གཟུགས་ཁ་དོག་སྣ་ཚོགས་པ་དང་། དུ་ཀུ་ལ་དང་། རས་བལ་སོགས་རིགས་ཐ་དད་དང་། བླ་དང་འོག་ཏུ་འགྲོ་བའི་བྱ་བ་ཐ་དད་རས་ཡུག་དང་རིས་མི་མཐུན་པ་ལ་རས་ཡུག་གི་གཟུགས་སོགས་དང་རིས་མཐུན་པ་ཅི་ཡང་མེད་པའི་ཕྱིར། ཡན་ལག་སྐུད་པ་རིས་མཐུན་ལས་རིས་མཐུན་པ་ཡན་ལག་ཅན་གྱི་རྫས་ལོགས་པ་ཞིག་འབྱུང་བྱ་བ་མི་འགྲུབ་བོ། །ཡང་ན་བརྩམ་བྱ་ཡན་ལག་ཅན་རས་ཡུག་དང་། རྩོམ་བྱེད་ཡན་ལག་སྐུད་པའི་གཟུགས་སོགས་མི་མཐུན་པ་སྣ་ཚོགས་ཡིན་ན། རིས་མི་མཐུན་པ་ཕན་ཚུན་བརྩམ་བྱ་རྩོམ་བྱེད་དུ་འགྱུར་རོ། །ཟ་འོག་གི་ངོས་གཅིག་བཀྲ་བ་དེ་མ་མཐོང་གཅིག་མི་བཀྲ་ངོས་མཐོང་བ་ན་ཆོས་ཅན། ཟ་འོག་གི་ཡུག་མི་མཐོང་བར་ཐལ། བཀྲ་མི་བཀྲའི་ཕྱོགས་གཉིས་ཀ་ཟ་འོག་གི་ཡན་ལག་ཅན་གཅིག་ཡིན་པ་ནི་གང་ཞིགདེའི་ཚེ་ཕྱོགས་གཅིག་ལས་མ་མཐོང་བའི་ཕྱིར། ཡང་ན་བཀྲ་བའི་ངོས་མ་མཐོང་བ་དེ་ཡང་མཐོང་བར་ཐལ། དེ་གཉིས་ཡན་ལག་ཅན་གྱི་རྫས་གཅིག་ཡིན་པའི་ཕྱིར། ཡང་ཡན་ལག་ཅན་གྱི་རྫས་གཅིག་ལ་བྱ་བ་སྣ་ཚོགས་པ་ཡོད་ན་ནི་རིས་མི་མཐུན་པའི་ཕྱིར་རྫས་ཀྱང་སྣ་ཚོགས་པར་འགྱུར་རོ། །དེ་ནི་མདོར་བསྟན་ཙམ་ཡིན་ལ། རྒྱས་པར་བཤད་ན། མེའི་(༣༡༠ན)
ཡན་ལག་ཅན་གྱི་རེག་བྱ་ཚ་བ་དང་གཟུགས་སྣང་བ་ཆོས་ཅན། ཡན་ལག་ཅན་གཅིག་མ་ཡིན་པར་ཐལ། རེག་གཟུགས་དེ་དག་ལ་དང་པོ་དང་བར་མ་དང་ཐ་མ་དག་ཏུ་ཐ་དད་པའི་ཕྱིར། ཡང་གྲངས་ཅན་ན་རེ། ཡན་ལག་ལས་ཡན་ལག་ཅན་གྱི་རྫས་ཟུར་དུ་བརྩམས་པ་ཡིན་ཏེ། རྡུལ་ཕྲ་རབ་དབང་པོས་མི་སོད་པ་ལ་དེ་དག་གིས་བརྩམས་པའི་བ་ལང་སོགས་དབང་པོ་ལ་སྣང་བའི་ཕྱིར་རོ་ཞེས་ཟེར་རོ། །རྡུལ་ཕྲ་རབ་ཡན་དགར་བ་དབང་པོས་མི་སོད་དུ་ཆུགདེས་བརྩམས་པའི་ཡན་ལག་ཅན་མེད་ཀྱང་རྡུལ་ཕྲན་ཟླ་བཅས་འདུས་པ་དག་མངོན་སུམ་ལ་སྣང་བ་ཡིན་ཏེ། དཔེར་ན། བ་འོག་གི་ཡན་ལག་རིས་མི་མཐུན་པ་དེ་དག་གི་འདུས་པ་ལས་འབྲས་བུ་ཟ་འོག་གཞན་དུ་མ་དམིགས་པའི་ཕྱིར་དང་། མིག་དང་གཟུགས་དེ་མ་ཐག་པ་རིས་མི་མཐུན་ཀྱང་འདུས་པ་ཙམ་ལ་ཤེས་པ་སྐྱེ་བར་བཞག་པའི་ཕྱིར་དང་། རབ་རིབ་ཅན་ལ་ཡན་ལག་ཅན་གྱི་རྫས་སྐྱེ་བ་མེད་ཀྱང་སྐྲ་བཀྲམ་པའི་ཚོགས་ལ་དམིགས་སུ་རུང་བའི་ཕྱིར་རོ། །དེ་ལྟར་ནའང་རབ་རིབ་ཀྱི་བསླད་ངོར་ནི་སྐྲའི་འདུས་པར་དམིགས་ཀྱི། རྡུལ་ཕྲ་རབ་བཞིན་སྐྲ་ཉག་རེ་རེ་བསླད་ཤེས་ཀྱིས་མི་འཛིན་པ་བཞིན་ནོ། །ཡང་བྱེ་བྲག་པས། གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་རྣམས་དེའི་རྟེན་དུ་གྱུར་བའི་མེ་ནམ་མཁའ་ས་ཆུ་རླུང་སོགས་ཀྱི་རྫས་དང་དོན་གཞན་ཡིན་པར་འདོད་པ་ལ། སངས་རྒྱས་པས། གཟུགས་སོགས་ཡོན་ཏན་ཞིག་ན་དེ་རྟེན་པའི་རྫས་རྡུལ་ཕྲ་རབ་ཀྱང་ཞིག་པ་ཡིན་ཏེ། གཟུགས་སོགས་ཡོན་ཏན་ལ་རྡུལ་ཕྲ་རབ་ཀྱི་མིང་འདོགས་པའི་ཕྱིར་རོ་ཞེས་པ་ལ། བྱེ་བྲག་པས། རྡུལ་ཕྲ་རབ་ནི་རྫས་ཡིན་ལ་རྫས་སོགས་གཞན་ཡིན་པའི་ཕྱིར། གཟུགས་སོགས་ཞིག་ཀྱང་དེའི་རྡུལ་ཕྲ་རབ་ཀྱང་ཞིག་པར་མི་འགྲུབ་བོ་ཞེས་ཟེར་རོ། །རྫས་ཡོན་གཞན་པ་ཆོས་ཅན། རིགས་པ་མ་ཡིན་ཏེ། རྫས་ས་ཆུ་མེ་ལས་ཡོན་ཏན་གཟུགས་སོགས་ནི་(༣༡༠བ)
སུས་ཀྱང་ལོགས་སུ་མ་དམིགས་པའི་ཕྱིར་དང་། འདིའི་རྫས་ལས་འདིའི་ཡོན་ཏན་ནོ་ཞེས་ངོས་འཛིན་མི་ནུས་པའི་ཕྱིར་རོ། །ཁྱེད་རང་བྱེ་བྲག་པས་ཀྱང་། མིག་དང་གཟུགས་འཕྲད་ཙ་ན་གཟུགས་སྣང་བ་བཞིན་གཟུགས་ཀྱི་རྟེན་རྫས་ཀྱང་སྣང་བར་དམ་བཅས་པས་གཟུགས་ལས་ལོགས་སུ་དེའི་རྫས་ཀྱང་མ་དམིགས་པའི་ཕྱིར་རོ། །པེ་ལུ་ཀ་ནི། རྫས་ཡོན་ཐ་དད་དེ། དཔེར་ན། ་ཡོན་ཏན་ཚིག་ན་ཡན་ལག་ཅན་གྱི་རྫས་མི་འཚིག་པའི་ཕྱིར་རོ། །ཞེས་སོ། །བལ་དང་གུར་གུམ་ལ་སོགས་ཀྱི་ཡོན་ཏན་གཟུགས་སོགས་ཚིག་པ་ན་ཆོས་ཅན། དེ་བརྟེན་པའི་རྫས་ཀྱང་འཚིག་པ་ཡིན་ཏེ། དེ་ནས་དེ་ལ་བལ་དང་གུར་གུམ་ལ་སོགས་ཀྱི་བློ་མི་སྐྱེ་བའི་ཕྱིར་རོ། །གཟུགས་སོགས་ཀྱི་བྱེ་བྲག་ལ་རྫས་ཀྱི་བློ་སྐྱེ་བའི་ཕྱིར་རོ། །ཡང་བྱེ་བྲག་པས། ཡོན་ཏན་ལས་རྫས་ལོགས་ན་ཡོད་དེ། བུམ་པ་བེའུའི་དུས་ཀྱི་ཡོན་ཏན་དཀར་པོ་དེ་མེ་ལ་བསྲེགས་པས་དམར་བའི་ཡོན་ཏན་མི་འདྲ་བར་སོང་ཡང་། རྫས་བུམ་པ་མི་འགྱུར་བར་ངོ་ཤེས་པའི་ཕྱིར་རོ་ཞེས་ཟེར་བ་ལ། མ་ཁྱབ་སྟེ། བུམ་པ་དཀར་པོ་བསྲེགས་པས་དམར་པོར་སོང་བ་ན་ཆོས་ཅན། བུམ་པར་ཤེས་པ་དེ་བུམ་པ་རྫས་དཀར་པོ་ལས་ཐ་དད་ནས་དེར་ཤེས་པ་མ་ཡིན་ཏེ། དཀར་པོའི་དུས་ཀྱི་དབྱིབས་དང་དམར་པོའི་དུས་ཀྱི་དབྱིབས་འདྲ་བས་དེ་ངོ་ཤེས་པའི་ཕྱིར། དཔེར་ན། སྔ་དྲོ་གྲོག་མོའི་ཕྲེང་བ་གཅིག་དེ་ཚོ་གྱེས་ནས། གྲོག་མོ་དེ་མན་ཚོ་གཅིག་གིས་ད་ཅིའི་ཕྲེང་བ་ཀ་འདྲ་བའི་དབྱིབས་གཅིག་བྱས་པས་ད་ཅིའི་གྲོག་མོའི་ཕྲེང་བ་ཡིན་སྙམ་པའི་བློ་སྐྱེ་བ་བཞིན་ནོ། །བུམ་པའི་རྫས་ཡོན་ཏན་ལས་ཟུར་དུ་ཡོད་ན་ངའི་བུམ་པའི་རྫས་ལྟ་བུའི་རྟགས་ལ་མ་བལྟོས་པར་ངོ་ཤེས་དགོས་པ་ལས། བུམ་པ་དམར་པོ་ལྟ་བུ་འདྲ་བ་བརྒྱ་སྟོང་བསྒྲིགས་ཡོད་ནའང་། སེན་མོ་ལ་སོགས་ཀྱི་རྟགས་མི་འདྲ་བ་ཞིག་གིས་ངའི་བུམ་པ་ཡིན་པར་ཤེས་དགོས་པའི་ཕྱིར། ཡོན་ཏན་ལས་ཡོན་ཏན་ཅན་རྫས་གཞན་མི་འགྲུབ་བོ། །མདོར་ན་གྲུབ་པ་འདི་(༣༡༡ན)
དག་ནི་བྱིས་པའི་བླ་བརྡོལ་ཡིན་པས་དགག་པར་མ་ལྕོགས་སོ། །སྨྲས་པ། གང་ལ་དངོས་པོའི་ཁྱད་པར་ཞིབ་མོ་ལ། །གང་གིས་དཔྱོད་པའི་ཤེས་རབ་ཡང་དག་ནི། །ཀུན་ཏུ་དགེ་བ་གོམས་ལས་བྱུང་བ་ཡང་། །གཞན་དྲིང་མེད་ཕྱིར་སྦྱངས་པའི་དབང་གིས་སོ། །གཉིས་པ་ནི། བསམ་གཏན་གཉིས་སོགས་གསུམ་པོ་ནི། །དེ་དག་གི་རྩེ་གོ་རིམས་བཞིན། །ཡང་འཇིག་པ་གསུམ་པོ་དེ་དག་གི་རྩེ་མོ་ལས། མེས་འཇིག་པའི་རྩེ་མོ་ནི། བསམ་གཏན་གཉིས་པ་མན་ཆད་སྲེག་པར་བྱེད་དོ། །སོགས་པས་ཆུས་འཇིག་པའི་རྩེ་མོ་ནི་བསམ་གཏན་གསུམ་པ་མན་ཆད་སྲུལ་བར། རླུང་གིས་འཇིག་པའི་རྩེ་མོ་ནི་བསམ་གཏན་བཞི་པ་མན་འཐོར་བར་བྱེད་དོ། །དེ་ལྟར་གསུམ་པོ་དེ་ནི་འཇིག་པ་གསུམ་པོ་དེ་དག་གི་ལྷག་མ་ཡིན་པས་རྩེ་མོ་ཡིན་ཏེ་གོ་རིམ་བཞིན་ནོ། །གསུམ་པ་ནི། དེ་ཡི་སྐྱོན་དང་ཆོས་མཐུན་ཕྱིར། །བསམ་གཏན་གསུམ་པོ་དེའི་ནང་གི་སྐྱོན་རིམ་པ་ལྟར་རྟོག་དཔྱོད་དང་། དགའ་བ་དང་། དབྱུང་རྔུབ་གསུམ་དང་ཆོས་མཐུན་པའི་ཕྱིར་རོ། །གཉིས་པ་བསམ་གཏན་བཞི་པ་འཇིག་ཚུལ་ལ། མེ་ཆུ་རླུང་གསུམ་གྱིས་མི་འཇིག་པར་བསྟན་པ་དང་། འཇིག་ཚུལ་དངོས་སོ། །དང་པོ་ནི། བཞི་པ་ན་མེད་མི་གཡོའི་ཕྱིར། །བསམ་གཏན་བཞི་པ་ན་སྣོད་ལ་ཕྱི་རོལ་གྱི་འཇིག་པའི་རྒྱུ་མེད་དེ། གནས་བརྒྱད་པར་འཆད་པའི་སྐྱོན་བརྒྱད་ཀྱིས་མི་གཡོ་བའི་ཕྱིར་རོ། །གཞན་དག་ན་རེ། གནས་གཙང་གི་མཐུ་ཡིན་ཏེ། གཙང་རིས་པ་དེ་དག་གཟུགས་མེད་དུ་འཇུག་ནུས་པ་མིན་པའི་ཕྱིར་ཏེ། འདི་ལྷག་མཐོང་སྤྱོད་པ་ཡིན་གྱི། གཅིག་ཤོས་ཞི་གནས་སྤྱོད་པ་ཡིན་པའི་ཕྱིར། ས་འོག་མ་གཞན་དུའང་འགྲོ་བར་མི་ནུས་ཏེ། དེ་དག་ཁྱད་པར་དུ་འགྲོ་བའི་ཕྱིར། གཉིས་པ་ནི། མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །བཞི་པའི་སྣོད་མི་རྟག་སྟེ། དེའི་གཞལ་མེད་ཁང་པ་ནི་སེམས་ཅན་དང་བཅས་ཏེ་འབྱུང་འཇིག་ཕྱིར་རོ། །གསུམ་པ་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་གྲངས་བསྟན་པ་ནི། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །མེ་ཡིས་བདུན་ནོ། །དེའི་འོག་ཏུ་ཆུ་ཡིས་གཅིག་ཡིན་ནོ། །དེ་ནས་ཡང་མེ་བདུན་བཏུད་དེ་འཇིག་པའི་འོག་ཏུ་ཆུས་འཇིག་(༣༡༡བ)
པ་རེ་རེ་སྟེ་དེ་ལྟར་ཆུས་ལན་བདུན་ཐལ་ནས་ཀྱང་མེ་ཡིས་ཏེ་ལན་བདུན་གྱིས་འཇིག་པ་ཡིན་ནོ། །དེ་ནས་ནི་མཇུག་ཏུ་རླུང་གིས་འཇིག་པ་ཡིན་ནོ། །ཅིའི་ཕྱིར་ཆུས་འཇིག་དང་མེས་འཇིག་དུས་རིང་པོས་ཆོད་ཅིང་འབྱུང་ཞེ་ན། སེམས་ཅན་བསམ་གཏན་གཉིས་པ་དང་གསུམ་པ་དེ་དག་གི་བསམ་གཏན་གཉིས་པ་དང་གསུམ་པའི་སྙོམས་འཇུག་གི་ཁྱད་པར་འོག་མ་ལས་ཁྱད་པར་དུ་འཕགས་པས་གསོན་པའི་རྒྱུན་ལུས་གནས་པའི་ཁྱད་པར་ཡང་ཁྱད་པར་དུ་འཕགས་པར་གནས་པའི་ཕྱིར། བསམ་གཏན་དང་པོའི་ཚེ་ཚད་བསྐལ་ཆེན་བཞི་ཆ་དང་། གཉིས་པའི་བསྐལ་པ་གཉིས་ཡིན་པ་བཞིན་དུ་སྣོད་རྣམས་ཀྱང་ཁྱད་པར་དེ་བཞིན་ནོ། །དེ་དག་ནི་མེས་འཇིག་པ་བདུན་ཚན་བརྒྱད་དེ་ལྔ་བཅུ་པ་དྲུག་དང་། ཆུས་འཇིག་པ་བདུན་དང་། རླུང་གིས་འཇིག་པ་གཅིག་ཡིན་ཏེ། དེ་ལྟར་བཤད་ན་འཇིག་པ་དྲུག་ཅུ་རྩ་བཞིར་འགྱུར་བའི་ཕྱིར་གདགས་པའི་བཤད་པ་དགེ་རྒྱས་ཀྱི་ལྷ་རྣམས་ཀྱི་ཚེ་ཚད་བསྐལ་པ་དྲུག་ཅུ་རྩ་བཞིའོ་ཞེས་བྱ་བ་ལེགས་པར་དྲངས་པ་ཡིན་ཏེ། དུས་དེ་ཙམ་གྱིས་ན་དེ་དག་གི་ཚེ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར། འདི་ལ་ཡང་དཔྱད་པར་བྱ་བ་ཡོད་དེ། སྣོད་ཆགས་པ་ལ་བསྐལ་ཕྲན་གཅིག་འདའ། སྣོད་འཇིག་པ་ལ་བསྐལ་ཕྲན་གཅིག་འདའ་ཙམ་ན་སྣོད་ཆགས་འཇིག་ཙམ་ན་ཚངས་ཆེན་མེད་པ་ལ་ཚེ་ཚད་ཅི་འོང་། འོ་ན་ཚངས་ཆེན་གྱིས་བསྐལ་ཕྲན་ལྔ་བཅུ་རྩ་བརྒྱད་ལས་མི་ཐུབ། འོ་ན་དྲུག་ཅུ་ལ་ཉེ། དྲུག་ཅུའི་ལྷག་འོག་ལ་བརྩི་བདེ་བས་དྲུག་ཅུར་བཤད་དོ། །དེ་ཀ་བཞིན་འོད་གསལ་གྱི་བསྐལ་ཆེན་བརྒྱད་ལ་བསྐལ་ཕྲན་ཉེར་གཉིས་ཀྱིས་མ་ལོངས། དགེ་རྒྱས་ཀྱི་བསྐལ་ཆེན་རེ་བཞི་ལ་ཡང་དེས་མ་ལོངས་ཀྱང་ལྟག་འོག་བརྩི་བདེ་བས་དེར་བཤད་པའོ། །གཉིས་པ་གནས་ཀྱི་མཚན་བསྟན་པ་ནི། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་(༣༡༢ན)
པའོ། །སྨྲས་པ། བདག་ནི་འདི་ནས་འཆི་འཕོ་གྱུར་བ་ན། །ཡང་དག་དགེ་བའི་བཤེས་ཀྱི་ མགོན་བཅས་ཏེ། །བདག་ཉིད་ཆེན་པོ་ཀརྨའི་ཕྲིན་ལས་དང་། །རྫོགས་པའི་སངས་རྒྱས་མཉན་པ་གྲུབ་ཐོབ་སོགས། །སངས་རྒྱས་བྱང ་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །བཞེད་དོན་མ་ལུས་ཇི་བཞིན་སྒྲུབ་བྱེད་པ། །དཔལ་ལྡན་ཀརྨ་པ་ལྟར་སེམས་ཅན་ཀུན། །བདག་གིས་འགོད་པར་ནུས་པར་བྱིན་གྱིས་རློབས། །ཞེས་སྨྲས་སོ། །(༣༡༢བ)
ཨོཾ་སྭསྟི། ཡོན་ཏན་མཆོག་དམ་པ་དང་དེ་གང་དང་ལྡན་པའི་རྗེ་བཙུན་དམ་པ་བླ་མ་དང་འདྲ་བ་གང་དག་དང་། ཁྱད་པར་དབྲོག་ཏུ་མེད་པའི་བཀའ་དྲིན་སྩལ་བའི་མཚུངས་བྲལ་དགེ་བའི་བཤེས་གཉེན་དཀོན་མཆོག་གསུམ་གྱི་ངོ་བོ་རྣམས་ཡིད་ལ་ལེགས་པར་གསལ་བཏབ་ནས། མ་རྒན་རིས་མེད་པ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དུ་འགོད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བློ་སྔོན་དུ་འགྲོ་བཞིན་པར། ཁོ་བོའི་རྗེས་སུ་འཇུག་པའི་ཉན་ཐོས་དག་ལ་སྨྲས་པ། བདག་གིས་ཆོས་མངོན་པ་མཛོད་ཀྱི་སྦྱོར་ཊཱིཀ་གི་ལུང་ཙམ་ཞིག་རྗེ་རིན་པོ་ཆེ་ཀརྨ་ཕྲིན་ལས་པ་ཆེན་པོའི་ཞལ་སྔར་རང་ལོ་ཉེར་གཉིས་པ་ཞིག་ལ་ཐོས་པས་རྐྱེན་ནས་རང་ལོ་ཉེར་དྲུག་པར་མཆིམས་ནམ་མཁའ་གྲགས་ཊཱི་ཀ་གཞིར་བྱས་ཀྱི་དགོངས་པ་བཏུས་ནས་གནས་དང་པོ་དང་གཉིས་པའི་སྙོམས་འཇུག་གཉིས་ལས། སྙོམས་འཇུག་དང་པོའི་འགྲེལ་བ་རྒྱས་བསྡུས་འཚམས་པར་ཀོང་པོར་སྡོད་དུས་གྲུབ་པ་ལས། ཀྱེ་མ་དུས་ཀྱི་དབང་གིས་འགྲེལ་བ་བྱས་ཀྱང་དོན་གཉེར་ཅན་གྱི་སྐྱེ་བོ་མི་འབྱུང་བར་དོགས་པ་ལས། སླར་དབུས་སུ་ཕྱིན་པ་ན་བདེ་བར་གཤེགས་པ་ཆེན་པོ་ཀརྨ་ཕྲིན་ལས་པའི་ཞབས་ཀྱི་བཀས་བསྐུལ་བ་ལ་བརྟེན། སླར་གཡས་རུ་གཙང་འགྲམ་གྱི་ལྷ་ཁང་དང་ཉེ་བ། ཧོར་ས་སྐྱ་པ་ཡོན་མཆོད་ཀྱིས་གན་པའི་ཕོ་བྲང་དུ་བཏབ་པ་ཉུག་རྒྱལ་ཁང་དུ་རང་ལོ་སོ་གསུམ་པ་ནས་གནས་གཉིས་པའི་སྙོམས་འཇུག་གཉིས་པ་ཕྱིན་གྱི་འགྲེལ་བར་བགྱིས་པ་ལ། དེ་ཕྱིན་གྱི་གནས་གཉིས་པར་སྔར་གྱི་གནས་དང་པོ་དང་གཉིས་པའི་འགྲེལ་བ་གང་ཟིན་ལས། རྒྱས་པར་འགྲེལ་ཞིང་རང་འགྲེལ་གྱི་དོན་ཞིབ་ཆ་ཕལ་མོ་ཆེ་དྲངས་ཏེ་ལེགས་པར་བཤད་ཡོད་ཅིང་། གནས་གཉིས་པའི་གཤམ་ཙམ་ནས་དཀའ་ཚེགས་ལ་མ་བསམས་པར་འགྲེལ་བཤད་གཉིས་ཀྱི་ཚིག་སྣང་སྲིངས་ཏེ་ལེགས་པར་བཤད་ཟིན་པས། དེའི་དགེ་བ་གང་མཆིས་མཁའ་ཁྱབ་སེམས་ཅན་
ཐམས་ཅད་རྫོགས་བྱང་འཐོབ་པའི་ཕྱིར་བསྔོའོ་ཞེས་ཁོ་བོ་ཀརྨ་པ་མི་བསྐྱོད་རྡོ་རྗེས་བརྗོད་པར་བྱས་སོ། །དཔེ་རྫི་འདི་ཊཱི་ཀ་འདི་དང་མ་བྲལ་བར་གྱིས་ཤིག །མངྒ་ལཾ་ཤྲཱི་ཛྭ་ལ་ཛམྦུ་དྭཱི་པ་ཨ་ལངྐཱ་ར་བྷ་ཝནྟུ།