(༡)སྒར་བསང་ཆེན་མོའི་མཆོད་གཏོར་བཤམས་བཀོད་དང་བརྔན་གཏོར་སོགས་ཀྱི་བཅའ་ཐབས་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །
(༢)འཕགས་པའི་ཡུལ་དུ་འཕགས་མཆོག་ཀུན་བསྟེན་མཆོག་གི་དངོས་གྲུབ་བརྙེས། །བོད་ཀྱི་ཡུལ་དུ་བོད་ཁམས་ཀུན་བསྐྱངས་ལྷ་སྲིན་དམ་ལ་བཏགས། །སྲིན་པོའི་ཡུལ་དུ་སྲིན་པོ་ཀུན་བཏུལ་ཐབས་མཁས་ལངྐའི་རྒྱལ། །སངས་རྒྱས་གཉིས་པ་སངས་རྒྱས་ཀུན་འདུས་འཆི་མེད་པདྨ་འབྱུང་། །གང་དང་ཐ་མི་དད་པ་སྟེ། གང་གིས་ལུང་བསྟན་མཚན་གསོལ་བ། །གང་དག་རིམ་པར་བྱོན་དེ་ལ། །གང་ཞིག་གུས་པས་ཕྱག་འཚལ་ལོ། །འདིར་སྒར་བསང་ཆེན་མོ་ལ་ཉེ་བར་མཁོ་བའི་བཅའ་ཐབས་དང་བཤམ་བཀོད་ནི། །བཀྲ་ཤིས་ཡིད་འོང་གི་གནས་སུ་སྟེགས་བུ་ཡངས་པ་རས་དཀར་གྱིས་བཀབ་པའི་གུང་དུ། ཁྲིའུ་འམ། བང་རིམ་མཐོ་བར་གོང་གཏོར་བཅུ་གསུམ་མམ། ལྔ་ཚར། དེའི་མདུན་ཏུ་སྨན་རཀ། བཱ་ལི༚། དེའི་གཡས་ངོས་སུ་མདའ་དར། །བརྔན་གཏོར་ནི། སློབ་དཔོན་པདྨས་མཛད་པ་ལྷ་སྲིན་བརྔན་པའི་གཏོར་མར་གྲགས་པ་འདི་ལ། ཡིག་ཆུང་མང་པོར་འདྲ་མིན་ཅུང་ཟད་འདུག་ཀྱང་ཀུན་དང་མི་འགལ་བར་གསལ་བར་བཀོད་པ་འདི་ལྟ་སྟེ། གཙང་མའི་ཕྱེ་མ་གསེར་སྐྱེམས་དང་། ཀླུ་སྨན་བུམ་རྫས་གང་འཛོམ་བསྲེ། ཆུ་གཙང་དཀར་
(༣)གསུམ་སོགས་ཀྱི་སྤྲུལ། རི་རབ་བང་རིམ་བཞི་ཡི་སྟེང་། །དབུས་སུ་བླ་མའི་གཏོར་མ་དང་། ཕྱོགས་བཞིར་ཡི་དམ་ཆོས་སྐྱོང་དང་། ལེགས་ལྡན་ལྷ་མོའི་གཏོར་མ་བཀོད། །མཚམས་བཞིར་བཤོས་བུ་བཞི་དང་བཅས། །དེ་དག་བླ་མ་ཡི་དམ་དང་། །སངས་རྒྱས་བྱང་སེམས་ཆོས་སྐྱོང་སྟེ། །འཇིག་རྟེན་འདས་པའི་གཏོར་མའོ། །དེ་འོག་བང་རིམ་དང་པོ་ལ། །མཚམས་བཞིར་བཤོས་བུ་ཟླུམ་པོ་རེ། །ཕྱོགས་བཞིར་བཤོས་བུ་སྙིང་བཅས་དང་། །བཤོས་བུ་ཟུར་གསུམ་རེ་རེ་སྟེ། །དེ་ནི་བརྟན་མ་བཅུ་གཉིས་ལའོ། །དེ་འོག་བང་རིམ་གཉིས་པ་ལ། །བྱང་ཤར་མཚམས་ནས་གཡས་བསྐོར་དུ། །དབང་ལྡན་ལ་ནི་ལག་པ་སྟེ། །འབྱུང་པོར་གསང་ཕྱི་ནོར་བུའི་དབྱིབས། །རྒྱུ་སྐར་ལ་ནི་དྲ་མིག་ཅན། །དྲི་ཟའི་བཤོས་བུ་གཡས་དྲིལ་དང་། །ཚངས་པ་དང་ནི་བརྒྱ་བྱིན་ལ། །བཤོས་བུ་ཟླུམ་པོ་རེ་རེའམ། །བཙན་ལ་བཤོས་བུ་ཟུར་གསུམ་པ། །ཡང་ན་དར་མདུང་རྩེ་ལྔ་བཀོད། །ཤར་ལྷོ་མཚམས་ནས་གཡས་བསྐོར་དུ། །མེ་ལྷ་ལ་ནི་མེ་ལྕེ་སྟེ། །རྒྱལ་པོར་མཁར་ཐབས་གཤིན་རྗེ་ལ། །ཁྲམ་རིས་མ་མོར་ནད་
(༤)རྐྱལ་དང་། །བདུད་ལ་མི་རྐུབ་འགེགས་ལ་ནི། །བཤོས་བུ་རྩེ་གུག་གཟའ་རཱ་ཧུ། །ལྷོ་ནུབ་མཚམས་ནས་གཡས་བསྐོར་དུ། །སྲིན་པོ་ལ་ནི་ར་འགུགས་ཏེ། །དམུ་ལ་མཁོ་ཤུན་ཀླུ་ལ་ནི། །པདྨའམ་ནི་སྦྲུལ་དཀྲིས་བཤམས། །གྲུལ་བུམ་བཤོས་བུ་གཡོན་ཏུ་དྲིལ། །ཟུར་གསུམ་གཡས་དྲིལ་མིའམ་ཅི། །ལྷ་མོ་བརྟན་མར་བུམ་པ་དང་། །ལྟོ་འཕྱེར་བཤོས་བུ་ཟུར་སྐྱོག་བཀོད། །ནུབ་བྱང་མཚམས་ནས་གཡས་བསྐོར་དུ། །རླུང་ལྷ་ལ་ནི་བ་དན་ཏེ། །སྨན་མོར་བཤོས་བུ་རྩེ་གསུམ་ལེབ། །ཐེའུ་རང་ལ་ནི་གལ་ཏ་དང་། །གནོད་སྦྱིན་བོང་རྣའམ་ཐོང་རྣའི་དབྱིབས། །པེ་ཧར་སྦ་སྙུག་སྡེ་བརྒྱད་སྤྱིར། །འབྲང་རྒྱས་ཞལ་དཀར་དོང་རྩེ་དང་། །ཏིང་ལོ་ཁ་སྦྱར་ལེགས་པར་བཀོད། །བར་སྟོང་གང་བདེར་བཤོས་བུ་རེ། །ཡུལ་ལྷ་བཞི་བདག་སྤྱི་ལའོ། །དེ་འོག་བང་རིམ་གསུམ་པ་ལ། །བྱང་ཤར་ཟླ་བཤོས་ལྷོ་ནུབ་ཉི། །ཤར་དུ་རྣམ་ལྔ་གཏེར་གྱི་བུམ། །བཀྲ་ཤིས་རྟགས་བརྒྱད་ལྷོ་རུ་ནི། །རྒྱལ་སྲིད་བདུན་དང་དཔག་བསམ་ཤིང་། །ནུབ་ཏུ་འདོད་པའི་ཡོན་ཏན་ལྔ། །འདོད་པ་འཇོ་བའི་བ་མོ་བཤམས། །བྱང་དུ་དྲག་པོའི་མཆོད་རྫས་དང་། །མ་རྨོས་འབྲུ་རྣམས་བཀོད་པར་བྱ། །དེ་འོག་བང་རིམ་བཞི་པ་དང་། །ས་གཞིར་གཡག་ལུག་ར་རྟ་སོགས། །ཕྱུགས་རིགས་རི་དྭགས་ཆུ་གནས་རིགས། །བྱ་གཅན་བཤོས་བུ་ཏིང་ལོ་དང་། །མཐེབས་ཀྱུ་ཆང་བུ་ཤ་དུམ་བཀོད། །དར་
(༥)ཚོན་བལ་ཚོན་སྟག་གཟིག་དང་། །རྒྱན་རྣམས་ཀུན་གྱིས་མཛེས་པར་བྱ། ཞེས་འབྱུང་བ་བཞིན་དང་། །གཡོན་ངོས་སུ་ཕྱེ་མར་དང་། ལམ་ལྷའི་གཏོར་མ་ནི། ལམ་ལྷར་མཁར་ཐབས་སྟེང་དུ་དམར་གཏོར་རྩེར། །མེ་རིའི་རྒྱན་ཅན་ཟུར་དུ་ར་མགོས་མཚན། །མཁར་ཐབས་གཡས་གཡོན་གཏོར་མ་དཀར་དམར་གཉིས། །ཁྱུང་འབྲུག་སེང་སོགས་དར་སྣ་སྟག་རས་བརྒྱན། །མདུན་ངོས་སུ། །ཐང་ལྷའི་གཏོར་མ་ནི། །ཐང་ལྷར་དཀར་བཤོས་རྒྱན་གཉིས་རྩེར་ཉི་ཟླ། །ནོར་བུས་མཚན་པའི་མདུན་རྒྱབ་སྨན་ལེབ་གཉིས། །དཀར་བཤོས་བཅུ་བདུན་གཙོ་འཁོར་ཉི་ཤུ་ལ། ཁྱུང་འབྲུག་སེང་སོགས་དར་ཚོན་སྟག་རས་བརྒྱན། ཞེས་བསྟན་པ་དང་། དགྲ་བླ་གཏོང་ན། དེའི་གཏོར་མ་རིན་པོ་ཆེའི་སྣོད་དུ་བང་རིམ་གསུམ་གྱི་སྟེང་། བཤོས་བུ་ཟུར་གསུམ་དེའི་ཟུར་རེ་རེར་རྩེ་མོ་བཞི་རེ་བྱས་པ་རྒྱན་ལྡན་གྱི་མཐའ་བསྐོར་དང་། །བང་རིམ་རྣམས་ལ་བཀྲ་ཤིས་རྫས་རྟག། རྒྱལ་སྲིད། འདོད་ཡོན་ལྔ། གོ་མཚོན་རིགས། ཁྱུང་འབྲུག་སོགས་གནམ་ལ་འཕུར་དགུ། སེང་སྟག་སོགས་བར་ནས་འགྲིམ་དགུ། སྦལ་སྦྲུལ་སོགས་ས་ལ་འཛུལ་དགུ། ཀྲྀཥྞ་ས་ར་སོགས་རི་དྭགས། རྟ་གཡག་ལུག་སོགས་གཡུང་དྭགས་རིགས་སྣ་ཚོགས་པས་བསྐོར། དར་སྣ། སྟག་གཟིག་རས་མོ། བྱ་སྤུ་རྣམས་ཀྱིས་བརྒྱན། སྨན་སྣ། རིན་
(༦)ཆེན་ཕྱེ་མ། འབྲུ་སྣ། ཡོས་ཁྲ། ཤ་སྣ། ཕྱེ་མར། འོ་ཞོ། ཇ་ཆང་སོགས་ཕུད་སྣ་རྣམས་བཤམས་པ་དང་། མདུན་དུ་ཆུ་གཉིས་ཉེར་སྤྱོད། དེ་མདུན་གཞི་བདག་དཀར་གཏོར། བེར་དང་། ཕྱག་བཞི་པ། ལྷ་མོ། འཁོར་ལྔ། རྗེས་འབྲང་བཞི། རྩ་གསུམ་ལྷ་མགྲོན་སོ་སོ་རྣམས་ཀྱི་མངའ་གསོལ་གྱི་གཏོར་མ་མཐོང་རྒྱུན་བཞིན་སྟག་གཟིག །དར་ཕན། འབྲུ་སྨན། རིན་ཆེན་སོགས་ཀྱི་སྤུད་པ་དང་། གསེར་གཡུའི་སྐྱེམས་ཕུད་རྣམས་བཀོད་ལེགས་སུ་བཤམས། དབེན་ཅིང་གཙང་བའི་གནས་སུ། བསང་ཁང་ཟླུམ་པོ་བརྒྱ་རྩ་བརྒྱད་ནས། བཅུ་གསུམ་མམ། གསུམ་ལས་མི་ཉུང་བ་བརྩེགས་པར། བདུད་རྩི་ཅན་དང་། དྲི་བཟང་པོའི་ཤིང་སྣ་གཙང་མའི་བསང་དུད་སྦྱར་བ་ལ། འགྲུབ་ན་བསང་རྫས་ཀུན་འདུས་ཀྱི་ཕབ་གཏས་བྲན། དར་ནག་དང་། དར་སྣ་ཚོགས་པའི་བ་དན་ཕྱོགས་ཀུན་ཏུ་བཀྲམ། གཞན་ཡང་སྲུང་མ་དགྲ་བླ་འཁོར་བའི་བརྟེན། དགྱེས་པ་བསྐྱེད་པའི་རྫས་དང་། སྤྱན་གཟིགས་རྣམས་ཀྱིས་བག་དྲོ་བྱིན་ཆགས་པར་བྱའོ། །རབ་གཙང་སྤེལ་ལེགས་མཆོད་སྤྲིན་གྱིས། །རྩ་གསུམ་མཆོད་པས་མཆོག་འགྲུབ་ཅིང་། ཆོས་སྐྱོང་གཞི་བདག་དགྱེས་བསྐྱེད་མཐུས། འཇིག་རྟེན་རྟག་ཏུ་བདེ་གྱུར་ཅིག །ཅེས་པའང་ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་ཕྱོགས་གཅིག་ཏུ་བསྡུས་པ་དགེ།། །།
(༧)སྒར་ཆེན་ཛམ་གླིང་རྒྱན་གྱི་ཕྱག་བཞེས་རྩ་གསུམ་གཞི་བདག་དང་བཅས་པའི་གསང་བརྔན་ཆེན་མོ་ཡིད་བཞིན་དབང་རྒྱལ་དངོས་གྲུབ་འདོད་རྒུའི་ཆར་འབེབས་སྲིད་ཞིའི་བདེ་ལེགས་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ། །
(༨)ཨོཾ་སྭ་སྟི། སྲིད་ཞིའི་བདེ་ལེགས་ཀུན་འབྱུང་གནས། །བྱིན་རླབས་དངོས་གྲུབ་རྒྱ་མཚོའི་གཏེར། །བླ་མ་རྩ་གསུམ་སྲུང་མར་བཅས། །མི་འབྲལ་རྟག་ཏུ་མཆོད་ཅིང་བསྙེན། །དཀོན་མཆོག་རྩ་གསུམ་དགྱེས་བསྐྱེད་མཐུས། །ཚོགས་གཉིས་སྣང་བ་སྤེལ་བ་དང་། །སྲིད་ཞིའི་མགྲོན་ཀུན་མཉེས་བྱས་པས། །སྣང་སྲིད་རྒུད་པ་སྦྱོང་བ་དང་། །མི་གཙང་ཉམས་གྲིབ་སེལ་བྱེད་ཅིང་། །འཇིག་རྟེན་བདེ་ལེགས་བྱ་བ་དང་། །ཚེ་འབྱོར་ཡོན་ཏན་སྤེལ་བའི་ཕྱིར། །བདུད་རྩི་བསང་གི་ཆོ་ག་བཤད། །དེ་ལ་འདིར་གནས་སྐབས་སུ་སྲིད་ཞིའི་མགྲོན་ཀུན་མཆོད་ཅིང་བརྔན་པས། རྒྱལ་ཁམས་ཕན་བདེར་བསྒྲུབ་ཅིང་། གྲིབ་དང་། མི་གཙང་བ་དང་།
(༩)འགལ་རྐྱེན་བསལ་ཞིང་ལྷ་ངོ་བསྟོད་པའི་ཕྱིར། མངའ་གསོལ་དང་གསང་མཆོད་ཀྱི་རིམ་པའི་ལག་ལེན་བརྗོད་པར་བྱ་སྟེ། དེའང་ཚེས་གཅིག་མ་ཡིན་པའི་དུས་བཟང་ལ། དུག་ཤིང་སོགས་མི་གཙང་བ་མ་ཡིན་པའི་ཤིང་སྣ་ཅི་འབྱོར་པ་བསགས་ལ། བསང་ཁང་ཟླུམ་པོ་ཡིད་དུ་འོང་བ་རླུང་ཕྱོགས་དང་བསྟུན་པའི་མེ་སྒོ་བཞག །གུང་དུ་དཀོན་མཆོག་གསུམ་དང་། ཡི་དམ་ཆོས་སྐྱོང་གི་རྟེན་བཀྲམ་པའི་མདུན་དུ་གཞི་དཀར་པོའི་ཁར་འབྲུ་དཀར་བརྡལ་བའི་དབུས་སུ་མཉྫི་ལ། བླ་མ་ཡི་དམ་ཆོས་སྐྱོང་སོགས་ཀྱི་གཏོར་མ་ལྔ་ཚོམ། དེའི་གཡས་སུ་སྨན་དང་། གཡོན་ཏུ་རཀྟ། དེའི་གཡས་ངོས་སུ་བརྔན་གཏོར་དང་། དམིགས་བསལ་ལམ་ལྷའི་གཏོར་མ་དགོས་ན་
(༡༠)ཟིན་བྲིས་ལྟར་གཤམས། མདུན་ངོས་སུ་ཉེར་སྤྱོད་ཀྱི་མཆོད་པ་ཕྲེང་ཚར། །མངའ་གསོལ་སྐབས་ཀྱི་གཏོར་མ་དཀར་དམར་རྣམས་དང་། གཞན་ཡང་བསང་མགྲོན་རིགས་ལ་འབུལ་གཏོར་སོགས་བསྒྲིགས་རིམ་འདོན་ཆ་བཞིན་བཤམས་ལ། དར་ཚོན། གསེར་དངུལ་སོགས་རིན་ཆེན་ཕྱེ་མ། སྨན་སྣ། སྟག་གཟིག་གི་པགས་རས། མེ་ཏོག། དཀར་གསུམ། མངར་གསུམ། ཆང་ཕུད། ཇ་ཕུད། འོ་ཕུད། ཟས་སྣའི་རིགས་སོགས་འབྲུ་སྣ་ཚོགས། ཕྱེ་མར་བཟང་པོ་དང་། མདའ་དར་རྒྱན་ལྡན། སྟག་གཟིག གོ་ཁྲབ། རྟེན་རྫས་རྟ་གཡག་སོགས་ཀྱང་སྐབས་སུ་གང་བབ། དར་དཀར་པོ་དང་། དར་ནག །དར་སྣ་ཚོགས་རྣམས་ཀྱི་བ་དན་རྣམས་སྦྲེངས། རོལ་མོའི་བྱེ་བྲག་ཇི་སྙེད་ཚོགས་པར་བྱས་ལ། ཐོག་མར་ཚིག་བདུན་གསོལ་འདེབས་དང་། རྗེ་དུས་མཁྱེན་གསོལ་འདེབས་བསམ་འགྲུབ་མ་སོགས་སྔོན་དུ་བཏང་ནས། བདག་བསྐྱེད་རྒྱས་པར་བྱ་བའམ། བསྡུ་ན། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་
(༡༡)བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་ཡོད་པ། རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་གྱུར་པར་བསམས་ལ། བདུད་རྩི་ཨོཾ་ཨཱབིགྷྣནྟ་ཀྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོ་྅་ཧཾ་གིས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། ཆངས་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱིད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས། ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་
(༡༢)གསེར་གཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ། ཤར་ལྷོར་གོ་ལས་བ་གླང་གི་ཤ། ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ། ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ། བྱང་ཤར་དུ་ཧ་ལས་རྟའི་ཤ། དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུཾ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཧཱུཾ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཧཱུཾ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། མཆོད་རྫས་བྱིན་བརླབ་ནི། བདུད་རྩིས་བྲན་ཏེ་བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུཾ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བ། ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་
(༡༣)པ་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པ། བྱང་ཆུབ་སེམས་དཔའ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལས་ཀྱང་ཆེས་ཆེར་ལྷག་པའི་མཆོད་པའི་སྤྲིན་གྱི་ཕུང་པོ། རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་བར་རྒྱས་པར་འགེངས་ཤིང་། འཕགས་པ་རྣམས་མཉེས་པར་བྱེད་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ་སྭཱ་ཧཱ། པུཥྤེ་ནས། ཤཔྟའི་བར་གྱིས་བརླབ། སྐྱབས་འགྲོ་སེམས་བསྐྱེད་ནི། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་
(༡༤)ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བདུན་ནམ། ཉེར་གཅིག་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་ མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བྱང ་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་ མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང ་ཆུབ་ལམ། །ཐབས་དང་ཤེས་རབ་གོམས་པས་འགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུངས་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདའ་བ་དང་། །ཀུན་ཀྱང་
(༡༥)སངས་རྒྱས་ཐོབ་པར་ཤོག །ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་སོགས་བརྗོད། བསང་མགྲོན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་མདུན་གྱི་ནམ་མཁའི་གནས་སུ་གྱད་དང་། སེང་གེ་ཆེན་པོ་བརྒྱད་ཀྱི་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པ། ལྷ་རྫས་ཀྱི་གོས་རིན་ཐང་མེད་པས་བཀབ་པའི་སྟེང་དུ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས། གཡས་ས་གནོན། གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཞི་ཁྲོ་རབ་འབྱམས། འོག་གི་ཆ་ལ་དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས། གཞན་ཡང་ཡེ་ཤེས་དང་། ལས་ལས་གྲུབ་པའི་དམ་ཅན་རྒྱ་མཚོ། ལྷ་སྲིན་སྡེ་བརྒྱད། ཡུལ་ལྷ་གཞི་བདག །བསང་མགོན་གྱི་ཚོགས་དཔག་ཏུ་མེད་པས་
(༡༦)བསྐོར་བ་སྤྱན་དྲངས་པར་གྱུར་པར་བསམས་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛས་སྤྱན་དྲངས། ཛཧཱུཾ་བཾ་ཧོས། གཉིས་སུ་མེད་པར་གྱུར། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། ཞེས་པས་བཞུགས་སུ་གསོལ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པ། །མཆོད་རྫས་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པར་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་བཛྲ་ཨརྒྷཾ་ཨཱཧཱུཾ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཨེ་མ་ཧོ། ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་
(༡༧)འདས་ཡོན་ཏན་དཔལ་དང་ལྡན། །བཀའ་རྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱི་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །གཞོན་ནུའི་ཆ་ལུགས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྐྱོན་གྱི་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །ཐུགས་རྗེ་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །གང་གི་འཁོར་བའི་ཉེས་པ་ནི། །དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་
(༡༨)སྐུ་རིགས་ལྔའི་གཙོ། །ཐུགས་རྗེས་ཐབས་མཁས་རྒྱ་ཆེར་རོལ་པ་ཡི། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པའི། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡི་རྣམས་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་གསང་སྔགས་ནང་གི་གཏོར་མ་ཆོས་སྤྱོད་ནས་འབྱུང་བ་བཞིན་གྱིས། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ལ་གཏོར་མའི་དགྱེས་མཆོད་ཕུལ་མཐར། མ་མགོན་ལྕམ་དྲལ་ལ་སྨན་རཀ་བ་ལི༚་འབུལ་བ་ནི། ཨོཾ་དཾཥྚཏྐོཊ་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པར་གྱུར་པའི་ངང་ཉིད་ལས། །ཡྃ་ལས་རླུང་དང་དེ་ཡི་སྟེང་། །རྃ་ལས་མེ་འབར་ཕྱོགས་གསུམ་དུ། །ཀྃ་ལས་ཐོད་སྒྱེད་དེ་ཡི་སྟེང་། །ཨཱ་ལས་ཐོད་པའི་ནང་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་མུ། །ཤར་དུ་བི་དང་བྱང་དུ་མ། །ནུབ་ཏུ་ཤུ་དང་ལྷོ་རུ་ར། །དེ་རྣམས་ལས་སྐྱེས་བདུད་རྩི་ལྔ། །སླར་ཡང་དབུས་སུ་ན་ཡིག་དང་། །ཤར་
(༡༩)ལྷོར་གོ་དང་ལྷོ་ནུབ་ཏུ། །ཀུ་དང་རླུང་དུ་ད་ཡིག་དང་། །བྱང་ཤར་ཧ་ལས་ཤ་ལྔ་སྟེ། །མིང་གི་ཡི་གེས་རྒྱས་བཏབ་པའོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། །རྡོ་རྗེ་གྲི་གུག་འབར་བ་ནི། །ལྟེ་བར་ཧཱུཾ་གིས་མཚན་པ་ལས། །འོད་འཕྲོས་འོག་གི་ཕྱོགས་སོང་བས། །རླུང་གིས་མེ་སྦར་ཐོད་པ་དྲོས། །རྫས་རྣམས་དམ་ཚིག་བདུད་རྩི་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སླར་ཡང་སྟེང་དུ་འོད་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་ནང་དུ་ཞུགས་གྱུར་པས། །གྲི་གུག་གིས་དཀྲུག་གཉིས་མེད་གྱུར། །ཨོཾ་ཨཱཧཱུཾ། ལན་གསུམ་གྱིས་བརླབ། ཧཱུཾ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །འབྲས་ཆེན་ཁྲག་གི་ཨརྒྷཾ་དང་། །མེ་ཏོག་བདུག་སྤོས་བྱུག་པ་དང་། །བདུད་རྩི་ལྔ་དང་ཤ་ལྔ་དང་། །ཁུར་བ་ཤིང་ཏོག་སྣ་ཚོགས་དང་། །བཅས་པའི་མཆོད་པའི་ཚོགས་རྣམས་ཀུན། །བདག་ཅག་དད་པས་འབུལ་ལགས་ན། །འཁོར་དང་བཅས་པས་བཞེས་སུ་གསོལ། །ཧཱུཾ། བླ་མེད་མཆོད་པ་ཁྱད་པར་ཅན། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །རཀྟ་གི་ཝཾ་ག་བུར་དང་། །ཨ་མྲྀ་ཏ་དང་ཤ་ཆེན་སོགས། །དམ་རྫས་བསམ་གྱིས་མི་
(༢༠)ཁྱབ་པའི། །མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །མཁའ་དང་ཕྱོགས་མཚམས་ཀུན་བཀང་ནས། །མགོན་པོའི་སྐུ་ལ་མཆོད་པར་འབུལ། །མགོན་པོའི་གསུང་ལ་མཆོད་པར་འབུལ། །མགོན་པོའི་ཐུགས་ལ་མཆོད་པར་འབུལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བྱིན་གྱིས་བརླབ་པའི་བདུད་རྩི་བཟེད་ཞལ་དུ་སྦྲེང་ཞིང་། བྷྱོ། རིན་ཆེན་ཨིནྡྲ་ནཱི་ལའི་བུམ་པར་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུངས་པས་འཚོ་བའི་ལོངས་སྤྱོད་ཆེན་པོ་ནི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲག་རཀྵ་ཛ་གད་ཁ་རཾ་ཁཱ་ཧི། བཟེད་ཞལ་གཅིག་ཏུ་ཁྲག་གི་མཆོད་ཡོན་སྦྲེང་ཞིང་། བྷྱོ། རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། །སྣང་སྲིད་ཐམས་ཅད་རྦ་རླབས་ཀྱི་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་རྣམས་མཆོད་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་
(༢༡)ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲག་རཀྵ་རཀྟ་པི་པ་ཏོ་ཁཱ་ཧི། མཐུན་བསྡེབ་བ་ལི༚་འབུལ་ཞིང་། བྷྱོ། གཞོང་པ་རྣམ་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་གལ་གྱི་མཐུན་གཉིས་མཐུན་བསྡེབས་ཏེ། །དཀར་གྱི་ཐིག་གདབ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་སརྦ་བཛྲ་ཨ་ཙ་རྱ་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་སརྦ་བིགྷྣན་སརྦ་ཤ་ཏྲཱུྃ་མ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཏྲག་རཀྵ་དུན་ཏི༚་མ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤ་ས་ན། ཨུ་པ་ཀ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡ་ཡཱ། ཨ་པ་ཀ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་མ་མ་དུཥྚ་ན་དགྲ་བགེགས་བྱེད་མ་ལྷ་སྲུང་དང་བཅས་པ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྣ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་དང་། ཨོཾ་སརྦ་ཛྙཱ་ན་དྷརྨ་པཱ་ལ། ལོ་ཀ་དྷརྨ་པ་ལ། ཀ་ལ་པི་ཏ་ཨམྦོ་
(༢༢)ཥོ་ཌ་ཤ། །ད་ཤ་དིཀ་ལོ་ཀ་པ་ལ་ནཱ་ཐ་ད་ཤ། དྲཱ་ད་ཤཱ་སཔྟ་ཤྲཱི་ནཱ་ཐ། ཏྲི་རུ་དྲ་ཨ་ཤྭ་ཀ། སཔྟ་མ་ཏ། ཙ་ཏུ་ར་བྷཱ་གི་ནཱི། ན་བ་ཛྭ་ལ། ཙ་ཏུ་ར་ཀཱ་ལ་དེ་ཝཱི། ཙ་ཏུ་ར་ཎི་ཀ་རཱ་ཛི། ཨཥྚ་བི༚་ཤཱ་ཏི་ཨི་ཤྭ་རི། དྭཱ་ད་ཤ་ཏིཥྛ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་པཱུ་ཛ་ཁཱ་ཧི། འདིར་འཁོར་ལྔ་རྗེས་འབྲང་ལ་སོགས་པའི་སྔགས་བསྔོས་ཀྱང་བྱ། མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར་བསྔོ་ཞིང་ཕྲིན་ལས་བཅོལ་བ་བཅས་རྒྱུན་བཞིན་བཏང་། བྱེས་སུ་འགྲོ་ན། དཀར་གཏོར་འགྲོ་ཕྱོགས་སུ་འབུལ། གཞན་དུ་བསང་ཁང་ངམ། གཙང་སར་འབུལ་ལོ། །དེ་རྣམས་ཀྱི་སྦྱོར་བ་ཚོགས་བསགས་རྩ་གསུམ་སྤྱིའི་གཏོར་འབུལ་གྱི་རིམ་པ་སོང་ནས། ད་ནི་དངོས་གཞིའི་བསང་མཆོད་མངའ་གསོལ་གྱི་རིམ་པ་ལ། ཐོག་མར་དཔལ་ཡེ་ཤེས་ཀྱི་མགོན་པོར་མངའ་གསོལ་འབུལ་བ་ནི། མཆོད་རྫས་ཚོགས་རྣམས་ལ་བདུད་རྩི་འཐོར་ཏེ། དཾ་ཥྚཏྐོ་ཊ་སོགས་ཀྱིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པར་གྱུར་པའི་ངང་ཉིད་སོགས་ནས། གཉིས་མེད་གྱུར། ཨོཾ་ཨཱཧཱུཾ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་ཛཧཱུཾ་བཾ་ཧོ། འདིར་ཤོག་འདིར་ཤོག་ཨ་གཙྪ་ཡ་ཨ་གཙྪ་ཧཱུཾ་ཡ་ཛཧཱུཾ་ཡ་ཛཞེས་བརྗོད་བཞིན་པར་རོལ་མོའི་སྒྲ་ཆེན་པོ་ལྡིར་ཞིང་དབྱངས་དང་བཅས་པས་སྤྱན་དྲངས་ཏེ་འདི་སྐད་དོ། ཧཱུཾ། འོག་མིན་བྱང་
(༢༣)ཕྱོགས་དུར་ཁྲོད་ནས། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །བྱང་ཤར་ཐོད་མཁར་བརྩེགས་པ་ནས། །རྡོ་རྗེ་ནག་མོ་རེ་མ་ཏི། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ཆོས་སྐྱོང་སྲུང་མ་མ་ལུས་པ། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །འདིར་གཤེགས་མངའ་གསོལ་མཆོད་པ་ཞེས། །ཤ་ཆེན་གཏོར་མ་རི་ལྟར་སྤུངས། །ཁྲག་ཆེན་ཨརྒྷཾ་མཚོ་ལྟར་བསྐྱིལ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ། །དར་ནག་རྒྱལ་མཚན་བ་དན་བསྒྲེངས། །རོལ་མོ་སིལ་སྙན་འབྲུག་སྟོང་ལྡིར། །ཏིང་འཛིན་མཆོད་པ་བསམ་མི་ཁྱབ། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །མ་ཧཱ་ཀཱ་ལ་མངའ་གསོལ་ལོ། །ལྷ་ཆེན་དཔལ་འབར་མངའ་གསོལ་ལོ། །ལེགས་ལྡན་ནག་པོ་མངའ༴ །མཁའ་འགྲོའི་གཙོ་བོ་མངའ༴ རིག་འཛིན་སྲུང་མ་མངའ༴ རྣལ་འབྱོར་དགྲ་ལྷ་མངའ༴ དམ་ཉམས་སྲོག་གཅོད་མངའ༴ འཇིགས་བྱེད་ཆེན་པོའི་མངའ༴ མ་ཅིག་
(༢༤)ལྷ་མོ་མངའ་གསོལ་ལོ། །ཟ་བྱེད་ཆེན་མོ་མངའ༴ དབུགས་ལེན་བཅུ་དྲུག་མངའ༴ ཕྱོགས་བཅུའི་མགོན་པོ་མངའ༴ དྲེགས་པ་དོན་གཉིས་མངའ༴ དྲེགས་པ་རྣམ་གསུམ་མངའ༴ མ་བདུན་སྲིང་བཞི་མངའ༴ འབར་དུས་ལྷ་མོ་མངའ༴ དམག་གི་རྒྱལ་མོ་མངའ༴ དབང་ཕྱུག་ཉེར་བརྒྱད་མངའ༴ བརྟན་མ་བཅུ་གཉིས་མངའ༴ སྤྲུལ་དང་ཡང་སྤྲུལ་མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པ་མཐའ་དག་སོལ། །དངོས་གྲུབ་མ་ལུས་ཀུན་སྩོལ་ཅིག །ཅེས་རྗེ་མཁའ་སྤྱོད་པས་མཛད་པའོ། །རྒྱས་པར་སྤྲོ་ན། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ལ། །སངས་རྒྱས་རྣམས་ཀྱིས་མངའ་གསོལ་ཕྱིར། །སྐུ་མདོག་མཐིང་ནག་འཇིགས་པའི་སྐུ། །དེ་བཞིན་བདག་གིས་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་ནག་པོ་ལ། །རིགས་གསུམ་མགོན་པོས་མངའ་གསོལ་ཕྱིར། །ཁྲོ་གཉེར་སྤྱན་གསུམ་གློག་ལྟར་འཁྱུག །དེ་བཞིན་བདག་གིས་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་ནག་པོ་ལ། །ཆོས་སྐྱོང་རྣམས་ཀྱིས་མངའ་གསོལ་ཕྱིར། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །དེ་བཞིན་བདག་གིས་མངའ༴ དཔལ་ལྡན་མགོན་པོ་ནག་པོ་ལ། །རིགས་
(༢༥)ལྔའི་སངས་རྒྱས་མངའ་གསོལ་ཕྱིར། །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན། །དེ་བཞིན་བདག་གིས༴དཔལ་ལྡན་མགོན་པོ༴ དཀོན་མཆོག་གསུམ་གྱིས་མངའ་གསོལ་ཕྱིར། །ཁྲིམས་ཀྱི་ཆ་ལུགས་གསུམ་དང་ལྡན། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ གཤིན་རྗེ་རྣམས་ཀྱིས་མངའ༴ ཞལ་གདངས་ལྗགས་དྲིལ་མཆེ་བ་གཙིགས། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ བདུད་ཀྱི་རྒྱལ་པོས༴ དར་ནག་འཇོལ་བེར་སྐུ་ལ་གསོལ། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ལྷ་སྲིན་རྣམས་ཀྱི༴ གསེར་སྐེད་རིན་ཆེན་སྐེད་ལ་བཅིངས། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ གཟའ་ཆེན་རྣམས་ཀྱིས༴ ཤངས་ནས་གདུག་པའི་རླུང་ནག་འཚུབས། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ དཔའ་བོ་རྣམས་ཀྱིས༴ གྲི་གུག་འབར་བ་ཕྱག་ན་བསྣམས། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན༴ མ་མོ་རྣམས་ཀྱིས༴ ཐོད་ཁྲག་དམར་པོ་ཐུགས་ཀར་བསྣམས། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ གནོད་སྦྱིན་རྣམས་ཀྱིས༴ རིན་ཆེན་འབར་བས་སྐུ་ལ་
(༢༦)བརྒྱན། །དེ་བཞིན་བདག་གིས་མངའ༴ དཔལ་ལྡན་མགོན་པོ་ནག་པོ་ལ། །ཀླུ་ཆེན་རྣམས་ཀྱིས༴ སྲིད་གསུམ་སྐུ་ཡི་ལྟེ་ཟུར་གདན། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ས་བདག་རྣམས་ཀྱིས་མངའ༴ བམ་ཆེན་གདན་ལ་བསྐྱང་བསྐུམ་བཞུགས། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ལྷ་ཆེན་རྣམས་ཀྱིས༴ བསོྭ་སྒྲ་ཆེན་པོ་གསུམ་དང་ལྡན། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ མེ་ལྷ་རྣམས་ཀྱིས༴ ཆ་སྒྲ་དྲག་པོ་གསུམ་དང་ལྡན། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ ཡི་དྭགས་རྣམས་ཀྱིས༴ རིན་ཆེན་འབར་བའི་གཙུག་ཕུད་ཅན། །དེ་བཞིན་བདག་གིས༴ དཔལ་ལྡན་མགོན་པོ༴ དམྱལ་བ་རྣམས་ཀྱིས༴ ཤངས་ནས་བསྐལ་པའི་རླུངས་ནག་འཚུབས། །ཞལ་ནས་བསྐལ་པའི་ཆུ་ཆེན་འབྲུབ། །དེ་བཞིན་བདག་གིས་མངའ་གསོལ་ལོ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་སློབ་དཔོན་ཆེན་པོ་ཨརྞ་བས་མཛད་པའོ། །དེ་ནས་རོལ་མོ་དང་བཅས་པས་གཏོར་མ་དང་བདུད་རྩི་ནམ་མཁར་འབུལ་ཞིང་། གསོལ་ལོ་མཆོད་དོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ།
(༢༧)བདུད་འདུལ་རྡོ་རྗེའི་དེད་དཔོན། འཇིགས་བྱེད་ཆེན་པོ་བེར་ནག་པོ་ཅན། ཡེ་ཤེས་ཀྱི་མགོན་པོ། ལས་ཀྱི་མགོན་པོ། འཇིག་རྟེན་གྱི་མགོན་པོ། ཡབ་ལེགས་ལྡན་ནག་པོ། སྐུའི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ། འདོད་པ་ཁམས་ཀྱི་དབང་ཕྱུག་མ། རེ་མ་ཏི། རེ་མ་ཛ། རེ་མ་ཛུ། དབུགས་ལེན་གྱི་ཤན་པ་ཡབ་ཡུམ་བཅུ་དྲུག །ཕྱོགས་སྐྱོང་བའི་མགོན་པོ་བཅུ། དྲེགས་པའི་གཙོ་བོ་བདུན་བཅུ་རྩ་གཉིས། མྱུར་མགྱོགས་ཀྱི་དྲེགས་པ་སྐྱ་གསུམ། མ་བདུན། སྲིང་བཞི། འབར་མ་དགུ། དུས་ལ་འཆར་བའི་ལྷ་མོ་བཞི། དམག་གི་རྒྱལ་མོ་ཆེན་མོ་བཞི། དབང་ཕྱུག་མ་ཉེར་བརྒྱད། རྡོ་རྗེའི་བརྟན་མ་བཅུ་གཉིས། གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དམ་ཅན་རྒྱ་མཚོའི་དམག་ཚོགས་འཁོར་དང་བཅས་པ་རྣམས་གསོལ་ལོ། །མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། བདག་ཅག་སློབ་དཔོན་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་སྐུ་ཚེ་རིང་བར་གྱུར་ཅིག། མཆེད་དང་ལྕམ་དྲལ་ལ་ན་
(༢༨)ཚ་མེད་པར་གྱུར་ཅིག །སྒྲུབ་པ་པོ་བདག་ཅག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། །བསྒོས་པའི་དོན་སྒྲུབས། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། དཔལ་མགོན་ཕྱག་བཞི་པའི་མངའ་གསོལ་ལ། གཏོར་མ་བྱིན་བརླབ་ནི། བིགྷྣཱན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཀཱ་པཱ་ལའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སྟེ། ཨོཾ་ཧ་ཧོ་ཧྲཱི༔ལན་གསུམ། དྲི་རོ་ཕུན་སུམ་ཚོགས་པ་གཟི་བརྗིད་མཐའ་ཡས་པར་གྱུར། ཨ་ཀཱ་རོ་ལན་གསུམ་ཀྱིས་བསྔོས་ནས། མངའ་གསོལ་ནི། ཧཱུཾ། རྣམ་དག་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །མ་རུངས་འདུལ་སླད་ཐུགས་རྗེའི་མཐུ་སྟོབས་ཀྱིས། །དཔལ་ལྡན་ནག་པོ་ཆེན་པོའི་སྐུར་སྟོན་པ། །བསྟན་སྲུང་གཙོ་བོ་ཁྱོད་ཉིད་མངའ་གསོལ་ལོ། །གདུག་པའི་ཚོགས་ལ་རབ་
(༢༩)ཁྲོས་རྔམས་པའི་ཞལ། །བདུད་འཇོམས་མཆེ་གཙིགས་གྱེན་བརྫེས་དབུ་སྐྲ་དང་། །སྨིན་མ་སྨ་ར་འབར་ཞིང་དུས་གསུམ་ཀུན། །རབ་གཟིགས་སྤྱན་གསུམ་ལྡན་པ་མངའ་གསོལ་ལོ། །ཁྱོད་ཀྱི་ཕྱག་གཡོན་ཐོད་པའི་སྣོད་ཡངས་པར། །འཆི་མེད་བདུད་རྩིའི་བཅུད་ཀྱིས་ཡོངས་གང་བས། །ནད་གདོན་འཆི་བདག་བགེགས་རྣམས་མ་ལུས་པ། །ཞི་བའི་ཕྲིན་ལས་སྒྲུབ་མཛད་མངའ་གསོལ་ལོ། །གཡོན་གྱི་འོག་མའི་ཕྱག་གི་ཏྲི་ཤུ་ལ། །རྒྱལ་བའི་སྐུ་གསུམ་ཡོན་ཏན་ཀུན་རྫོགས་པ། །རབ་ཏུ་འཛིན་པས་ཐུན་མོང་མཆོག་རྣམས་ཀྱི། །རྒྱས་པའི་དངོས་གྲུབ་སྩོལ་མཛད༴ ཁྱོད་ཀྱི་ཕྱག་གཡས་བེ་ཏིའི་འབྲས་བུ་ནི། །རྗེས་སུ་ཆགས་པའི་ཁ་དོག་དམར་བ་དང་། །ནོར་བུ་འབར་བ་ལྟ་བུའི་དབྱིབས་ལྡན་པ། །སྲིད་གསུམ་སེམས་ཅན་དབང་སྡུད་མངའ༴ གཡས་ཀྱི་འོག་མས་རྣོ་ངར་ཕུན་ཚོགས་པའི། །མི་བཟད་མེ་ལྕེ་མངོན་པར་འཕྲོ་བ་ཡི། །ཡེ་ཤེས་རལ་གྲི་གདེངས་པས་དགྲ་བགེགས་ཚོགས། །སྒྲོལ་བའི་མཐུ་ལྡན་དྲག་པོ་མངའ༴ རིགས་ལྔའི་རང་བཞིན་ཐོད་སྐམ་རྣམ་པ་ལྔ། །ཕ་རོལ་ཕྱིན་དྲུག་དག་པའི་ཕྱག་རྒྱ་དྲུག །སེམས་བྱུང་ལྔ་བཅུ་རྣམ་དག་ཐོད་རློན་སོགས། །སྤངས་རྟོགས་
(༣༠)ཡོན་ཏན་རྒྱན་གྱིས་མངའ་གསོལ་ལོ། །མཐའ་གཉིས་མི་གནས་དཔའ་བོའི་འདུག་སྟངས་ཅན། །དཔའ་བོའི་མཚན་མ་སྟག་གི་ཤམ་ཐབས་མཛེས། །ཕྱོགས་བཅུ་འཇིགས་དུས་བསྐལ་པའི་མེ་ལྕེ་ཡིས། །ཕྲིན་ལས་སྣ་ཚོགས་བསྒྲུབ་པར་མངའ་གསོལ་ལོ། །ཁྱད་པར་ལས་མགོན་ནག་པོ་སྟོང་གིས་བསྐོར། །སེང་གེའི་གདོང་ཅན་ཤ་ཟ་གཏུམ་པོ་འབུམ། །དུད་པའི་སོལ་བ་མ་མོ་བྱེ་བའི་ཚོགས། །གནོད་སྦྱིན་ཁྲི་ཡི་འཁོར་ལྡན་མངའ་གསོལ་ལོ། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཡུམ་དང་བཅས། །མཁའ་འགྲོ་བརྒྱད་དྲུག་ཕོ་རྒྱུད་མོ་རྒྱུད་འཁོར། །སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་རྣམས། །མཆོད་གཏོར་རྒྱ་མཚོའི་ཚོགས་ཀྱིས་མངའ་གསོལ་ལོ། །འཁོར་དང་བཅས་པ་མཆོད་ཅིང་བསྟོད་པ་དང་། །ཐུགས་དམ་བསྐང་ཞིང་ཉེས་པ་ཀུན་བཤགས་ནས། །བརྟེན་རྫས་མ་ཚང་མེད་པ་འདི་དག་གིས། །མངའ་གསོལ་བགྱིས་པས་འདོད་དོན་ཀུན་འགྲུབ་མཛོད། །ཅེས་པ་འདི་ཞྭ་དམར་བཞི་པ་སྤྱན་སྔ་རིན་པོ་ཆེས་མཛད་པའོ། །གཏོར་མའི་ཕུད་དང་བདུད་རྩི་ནམ་མཁར་འབུལ་ཞིང་། གསོལ་ལོ་མཆོད་དོ། །ཤྲཱི་མ་ཧཱ་ཀཱ་ལ། ཁྲག་འཐུང་གི་རྒྱལ་པོ་ཕྱག་བཞི་པ། བྱ་རོག་གི་མཚན་ཅན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས་མགོན། ཡུམ་མཆོག་རྩ་འཇིབས་དམར་མོ། ལེགས་
(༣༡)ལྡན་ནག་པོ། །ཕྱོགས་ཀྱི་མཁའ་འགྲོ་མ་བཞི་སོགས་རང་འདྲའི་སྤྲུལ་པ་ལས་མཁན་འཁོར་ཚོགས་བཀའ་སྡོད་མཐུ་བོ་ཆེ་རྣམས་དང་། ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲིས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་ཀྱི་སྲོག་གཅོད། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ། དམ་རྫས་བདུད་རྩིའི་གཏོར་མ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་འདིས་མཆོད་དོ། །བསྟོད་དོ། དེ་དག་གི་མཐུས་རྣལ་འབྱོར་པ་བདག་ཅག་གི་བཀའ་དང་བསྟན་པ་སྲུངས། ཚེ་དང་དབང་ཕྱུག་སྤེལ། དཔལ་དང་གྲགས་པ་སྒྲུབས། འཁོར་དང་སློབ་མ་སྐྱོངས། བདུད་དང་བར་ཆད་ཟློག །མི་ནོར་ཟས་གསུམ་སྡུས། དགྲ་བགེགས་ཐལ་བར་རློག །ཕྲིན་ལས་རྣམ་བཞི་སྒྲུབས། རྟག་ཏུ་སྲུང་སྐྱོབ་མཛོད། བསམ་དོན་ཐམས་ཅད་ཡིད་བཞིན་དུ་བསྒྲུབ་པར་མཛོད་ཅིག །ཅེས་འདོད་དོན་གསོལ་ལོ། དཔལ་ལྡན་ལྷ་མོའི་མངའ་གསོལ་ན། བིགྷྣཱན་གྱིས་བསང་། སྭ་བྷཱ་ཝས་སྦྱང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ། དེའི་སྟེང་དུ་རཾ་ལས་མེ་ཡི་དཀྱིལ་འཁོར་གྲུ་གསུམ་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་སྟེང་དུ་ཀཾ་གསུམ་
(༣༢)ལས་ཐོད་པའི་སྒྱེད་པུ་རི་རབ་ཙམ་གསུམ། དེའི་སྟེང་དུ་གཏོར་མའི་སྣོད་འོད་དུ་ཞུ་བ་ལས། ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཧཱུཾ་ལས་ཤ་ལྔ་བདུད་རྩི་ལྔ། སོ་སོའི་ས་བོན་གྱིས་མཚན་པར་གྱུར། རླུང་གཡོས། མེ་སྦར། མེས་ཐོད་པ་དྲོས། གཏོར་མའི་རྫས་འོད་དུ་ཞུ་བ་ལས། དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཧཱུཾ། ལན་གསུམ་བརྗོད། དཔལ་ཧེ་རུ་ཀ་དང་། ཁྲོ་བོ་ཡི་དམ་མ་མོ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབ་པས། དམ་ཚིག་གི་བདུད་རྩི་དང་། ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཧཱུཾ། ལན་གསུམ་བརྗོད་ལ་འདི་སྐད་དོ། བྷྱོ། དཔལ་ཆེན་རྔམ་པའི་དཀྱིལ་འཁོར་དུ། ཧེ་རུ་ཀ་དཔལ་ཡ་མཱནྟ། །རྡོ་རྗེ་འཛིན་པ་དབང་གི་ལྷ། །འབར་བའི་ཁྲོ་བོ་བཅུ་ལ་སོགས། །སྟོང་གསུམ་སྟོང་གི་འཇིག་རྟེན་ནས། །དཔལ་ཆེན་ཚོགས་བཅས་གཤེགས་སུ་གསོལ། །བྷྱོ། དེ་ཡི་བཀའ་ཉན་ཐུགས་སྤྲུལ་ནི། །ལྷ་མོ་ཞལ་གསུམ་ཕྱག་དྲུག་མ། །བོང་བུ་ཆིབས་ཤིང་ལྷ་གནས་འགྲིམ། །ལྷ་མོ་འབུམ་དང་བཅས་པ་ཡང་། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བྱང་ཤར་ཐོད་པའི་སྐུ་མཁར་ནས། །ཐུགས་མཆོག་རང་བྱུང་རྒྱལ་མོ་ནི། །རླུང་ནག་འཚུབས་མའི་ཀློང་དཀྱིལ་དབུས། །དྲེལ་རྟ་
(༣༣)ཆིབས་ཤིང་སྟོང་གསུམ་ཉུལ། །བདུད་མོ་བྱེ་བ་འབུམ་གྱིས་བསྐོར། །བསྟན་པ་བསྲུང་ཕྱིར་སྤྱན་འདྲེན་གྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །སྲིན་ཡུལ་ལངྐ་པུ་རི་ན། །ཁྲ་མཚོ་འབར་བའི་གཞལ་ཡས་ནས། །གསུང་སྤྲུལ་སྲིན་མོ་ཟངས་མདོག་མ། །སེང་གེ་ཆིབས་ཤིང་དུར་ཁྲོད་འགྲིམ། །སྲིན་མོ་བྱ་བའི་ཚོགས་དང་བཅས། །དགྲ་བགེགས་སྒྲོལ་ཕྱིར་སྤྱན་འདྲེན་གྱི། །ཤ་ཟ་ཆེན་མོ་གཤེགས༴ སྐུ་གསུང་ཐུགས་ཀྱི་ལྷ་མོ་གསུམ། །ཁྱོད་ཀྱིས་སྤྲུལ་པས་སྟོང་ཁམས་ཁྱབ། །སྲིད་པ་གསུམ་གྱི་མ་མོ་རྣམས། །ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །བདུད་མོ་སྲིན་མོའི་ཚོགས་དང་བཅས། །ཁྱོད་ཀྱི་བཀའ་ཉན་ཕོ་ཉ་སྟེ། །སྤྲུལ་པའི་མ་མོ་གཤེགས༴ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ལྷ་སྲིན་སྡེ་བརྒྱད་རྗེ་མོ་མཛད། །སྲིན་མོ་ཟ་བྱེད་གདོང་དམར་མ། །ཤ་ཟ་འབུམ་གྱི་འཁོར་གྱིས་བསྐོར། །དགྲ་བགེགས་འདུལ་ཕྱིར་གཤེགས༴ མ་མོ་གཏུམ་རྔམས་འཇིགས་བྱེད་སྐུ། །མཁའ་འགྲོའི་དབང་ཕྱུག་ལྷ་མོ་ཆེ། །དྲི་ཟ་མོ་ཡི་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཤེགས་སུ༴ རི་རབ་བང་རིམ་གནས་པ་ཡི། །མ་མོ་སྐྱོང་མ་འཁོར་བཅས་རྣམས། །བསྟན་པ་
(༣༤)སྐྱོང་ཕྱིར་གཤེགས་སུ་གསོལ། །རྡོ་རྗེ་བདུད་སྲིན་མ་མོ་ལ། །གདོང་མོ་བཞི་ཡི་འཁོར་གྱིས་བསྐོར། །ཁྱབ་འཇུག་ཆེན་མོའི་ཡུམ་བརྒྱད་ཀྱང་། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས༴ མ་མོ་ཆེན་མོའི་ཚོགས་བརྒྱད་ཀྱང་། །དུར་ཁྲོད་གནས་བརྒྱད་སྲུང་བྱེད་ཅིང་། །སྲིད་གསུམ་མ་མོ་རྗེ་དཔོན་ཆེ། །དཔལ་ལྡན་གཉན་གྱི་བཀའ་ཉན་མ། །སྤྲིན་ལྟར་འདུ་ཞིང་ད་ཚུར་བྱོན། །སྐར་ལྟར་འཁྲུགས་ཤིང་དམ་ལ་འདུ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །བྷྱོ། དོན་དམ་བྱང་ཆུབ་སེམས་སུ་གསལ་ན་ཡང་། །བསྟན་པ་སྲུང་ཕྱིར་ཐུགས་རྗེས་སྐུ་སྤྲུལ་ནས། །ལྷ་མོའི་ཚུལ་གྱིས་སྲིད་གསུམ་དབང་བསྒྱུར་མ། །བྱང་ཆུབ་སེམས་མ་ཁྱོད་ཉིད་མངའ་གསོལ་ལོ། །སྟོང་གསུམ་འཇིག་རྟེན་སྐུ་ཡིས་ཁྱབ་མཛད་ཅིང་། །སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་ལྷ་མོའི་ཚོགས། །ཁམས་གསུམ་ཁྱབ་ཅིང་སྲིད་གསུམ་ལས་ལ་འཇུག །མི་ཕམ་ཁྱབ་འཇུག་ཆེན་མོ་མངའ་གསོལ་ལོ། །ལྷ་མོ་ཀུན་གྱི་གཙོ་མོ་ཆེན་མོ་སྟེ། ལྷ་མིན་དབང་ཕྱུག་རྣམས་ཀྱི་རྗེ་མོ་མཛད། །ཀླུ་མོ་གནོད་སྦྱིན་མོ་ཡི་དབང་མོ་ཆེ། །སྣ་ཚོགས་སྐུར་སྟོན་ལྷ་མོ་མངའ་གསོལ་ལོ། །དེ་ལྟར་གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །དཔལ་ལྡན་བླ་མའི་
(༣༥)སྐུ་ཚེ་བསྲིང་བ་དང་། །བསྟན་པ་དར་ཞིང་ཡུན་རིང་གནས་པ་ཡི། །ཕྲིན་ལས་རྒྱ་ཆེར་འཕེལ་བའི་སྟོང་གྲོགས་མཛོད། །བྷྱོ། །བྱང་ཤར་ཐོད་པ་འཕྲུལ་གྱི་གཞལ་ཡས་ནས། །ལྷ་མོ་ནག་མོ་མཐུ་དང་རྫུ་འཕྲུལ་ཅན། །དབང་ཕྱུག་སྲིད་པ་གསུམ་གྱི་བདག་མོ་སྟེ། །ཁྱོད་ནི་ཁམས་གསུམ་ཀུན་གྱིས་མཆོད་ཅིང་བཀུར། །ཚངས་པའི་རྒྱལ་པོས་རྨ་བྱའི་རྒྱལ་མཚན་ཕུལ། །ཁྱབ་འཇུག་ཆེན་པོས་ཉི་ཟླ་རྒྱན་དུ་ཕུལ། །བདེ་གཤེགས་རིགས་ལྔས་ཐོད་པའི་དབུ་རྒྱན་ཕུལ། །རྣམ་ཐོས་སྲས་ཀྱིས་སེང་གེའི་སྙན་རྒྱན་ཕུལ། །ནམ་མཁའི་ལྷ་བྲན་གསེར་གྱི་དྲིལ་བུ་ཕུལ། །ཀླུ་རྒྱལ་དགའ་བོས་སྦྲུལ་ནག་གདེངས་ཀ་ཕུལ། །འཆི་བདག་ནག་པོས་ཕྱག་གཡས་རལ་གྲི་ཕུལ། །དུར་ཁྲོད་བདག་པོས་བྷནྡྷ་ཁྲག་བཀང་ཕུལ། །བཙན་གྱི་རྒྱལ་པོས་ཤོ་རྡེལ་དཀར་ནག་ཕུལ། །བདུད་ཀྱི་རྒྱལ་པོས་ཁྲམ་ཤིང་སེར་ནག་ཕུལ། །གནོད་སྦྱིན་རྒྱལ་པོས་ནེའུ་ལེའི་རྐྱལ་བ་ཕུལ། །ལྷ་དབང་བརྒྱ་བྱིན་གླང་ཆེན་ཀོ་རློན་ཕུལ། །མ་མོ་རྣམས་ཀྱིས་ནད་ཀྱི་རྐྱལ་པ་དང་། །རེ་ལྡེའི་ཤམ་བུའི་སྨད་གཡོགས་དམ་པ་ཕུལ། །ཤ་ཟ་རྣམས་ཀྱིས་ཁྲག་ཞག་ཐིག་ལེ་ཕུལ། །མཁའ་འགྲོ་རྣམས་ཀྱིས་རུས་པའི་རྒྱན་ཆ་ཕུལ། །གཤིན་
(༣༦)རྗེའི་རྒྱལ་པོས་ཐོད་པའི་ཕྲེང་བ་ཕུལ། །སྲིན་པོའི་རྒྱལ་པོས་ཞབས་ལ་ལྕགས་སྒྲོག་ཕུལ། །སྲིན་པོ་དྷ་ཤས་བོང་བུ་གྭ་དམར་ཕུལ། །སྲིན་ཕྲུག་རྣམས་ཀྱིས་ཞིང་ཆེན་པགས་པ་ཕུལ། །སྲིན་མོ་རྣམས་ཀྱིས་མཚོན་གྱི་དྲུ་གུ་ཕུལ། །འཁོར་ལོས་སྒྱུར་རྒྱལ་ལྷ་མིའི་རྒྱལ་སྲིད་ཕུལ། །རྣལ་འབྱོར་བདག་གིས་བ་ལི༚་གཏོར་མ་ཕུལ། །དེ་ལྟར་རྒྱན་ཕུལ་མཆོད་པའི་ཚོགས་རྣམས་ཀྱིས། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད་འབུལ་ན། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །ཚེ་དང་བསོད་ནམས་ལ་སོགས་རྒྱས་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །གྲངས་མེད་བསྐལ་པ་དཔག་མེད་སྔོན་རོལ་ནས། །ལྷ་མོ་ཁྱོད་དང་སྨོན་ལམ་དམ་ཚིག་གིས། །སྔགས་དང་ཕྱག་རྒྱས་ཡུམ་དང་གྲོགས་སུ་བསྒྲུབ། །མཆེད་དང་ལྕམ་དྲལ་ཚུལ་དུ་ཁྱོད་བསྟེན་པས། །ཕྲིན་ལས་རྣམ་བཞི་ཁྱོད་ཀྱིས་བསྒྲུབ་ཏུ་གསོལ། །གཏོར་མ་དང་ཕུད་སྐྱེམས་ནམ་མཁར་འབུལ་ཞིང་། །གསོལ་ལོ་མཆོད་དོ། །དཔལ་ལྡན་ལྷ་མོ་ཆེན་མོ་རང་བྱུང་གི་རྒྱལ་མོ། །བདུད་ཀྱི་ཡུམ་གཤིན་རྗེའི་ལྕམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། དུས་བཞིའི་ལྷ་མོ་དབུ་ལ་འཆར་བ། ཕྲ་མེན་བཅུ་དྲུག་སྐུ་ལ་རྫོགས་པ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འགྱེད་པ། རྫུ་འཕྲུལ་གྱི་
(༣༧)ཤུགས་ལྡན་མྱུར་མགྱོགས་དྲེའུའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། དྲེགས་པ་ཕོ་མོ་དབང་དུ་སྡུད་པ་ཁྱེད་རྣམས་ལ་གསོལ་ལོ་མཆོད་དོ། །མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། འཕགས་མ་རེ་མ་ཏི། སེམས་མ་རེ་མ་ཏི། ལྷ་མོ་རེ་མ་ཏི། ཀླུ་མོ་རེ་མ་ཏི། བདུད་མོ་རེ་མ་ཏི། གནོད་སྦྱིན་རེ་མ་ཏི། དབང་ཕྱུག་རེ་མ་ཏི། དམ་ཅན་རེ་མ་ཏི། གསོལ་ལོ་མཆོད་དོ། །མ་མོ་ཀུན་གྱི་གཙོ་མོ། དཔལ་ལྡན་ལྷ་མོ། སྲིད་པའི་རྒྱལ་མོ། ལྷ་ཡི་སྲས་མོ། དབུགས་ལེན་གྱི་རྒྱལ་མོ། གསོལ་ལོ་མཆོད་དོ། །མ་ལྟར་བྱམས་བྱེད་མ། སྲིང་ལྟར་གདུང་བྱེད་མ། ཆུང་ལྟར་སེམས་བྱེད་མ། གྲོགས་ལྟར་བརྩེ་བྱེད་མ། བྲན་ལྟར་གུས་བྱེད་མ། གསོལ་ལོ་མཆོད་དོ། །གླིང་བཞི་ཁ་འབར་མ། སྐོས་བདག་ལས་མཁན་མ། ལེགས་ཉེས་སྟངས་འཛིན་མ། དམ་ཚིག་གྲོགས་མཛད་མ། དམ་ཉམས་སྲོག་གཅོད་མ། གསོལ་ལོ་མཆོད་དོ། །ཏིང་འཛིན་དྲོད་ཉུལ་མ། ཀླུ་མོ་གློག་འགྱུ་མ། འབར་མ་མེ་ཁྱེར་མ། ལྷ་མིན་གཡུལ་བཟློག་མ། ལྟེ་བར་རྫོང་བཅས་མ། གསོལ་ལོ་མཆོད་དོ། །མགོན་པོ་ནག་མོ་མ། མི་སྲུན་མགོ་ཡག་མ། བྷ་ག་ཧྲི་ཏི་མ། རྫོང་གི་བཀའ་བཟློག་མ། མེ་ཟ་
(༣༨)བྲག་གྱོན་མ། གསོལ་ལོ་མཆོད་དོ། གར་གྱི་དབང་ཕྱུག་མ། དཀར་མོ་སྤྱན་གཅིག་མ། གཙོ་མོ་སྤྱན་གཅིག་མ། བཙུན་མོ་མོ་བཙུན་མ། དམ་ཚིག་གཉེར་གཏད་མ། ལྷ་མོ་ནམ་གྲུ་མ། གསོལ་ལོ་མཆོད་དོ། །སྲིན་མོ་ཟ་བྱེད་མ། མ་མོ་རྔམ་པ་མ། བདུད་མོ་ཁ་འབར་མ། མོན་མོ་ལག་དམར་མ། སྒྲོལ་གིང་མཐུ་ཆེན་མ། གསོལ་ལོ་མཆོད་དོ། །སྲིད་གསུམ་ཟིལ་གནོན་མ། ཁམས་གསུམ་དབང་སྡུད་མ། མཁའ་ལ་དབང་སྒྱུར་མ། ཐར་པའི་ལམ་སྟོན་མ། འགྲོ་བ་ཀུན་བྱམས་མ། གསོལ་ལོ་མཆོད་དོ། །སངས་རྒྱས་དགོངས་མཐུན་མ། གླིང་བཞི་དབང་སྒྱུར་མ། སྐར་ཆེན་མདའ་འཕེན་མ། མ་མོ་ཀུན་ཁྱབ་མ། རླུང་འཚུབས་སྣ་འདྲེན་མ། གསོལ་ལོ་མཆོད་དོ། །རྡོ་རྗེ་བདུད་འདུལ་མ། ཕྱག་རྒྱ་སྐུར་གསལ་མ། བལ་མོ་དུག་མཚོན་མ། ཞོ་མོ་ཁྲག་ནད་མ། ལྷ་མོ་ལྕེ་འབར་མ། ལྷ་མོ་ལྕགས་ཕུར་བདུན་མ། གསོལ་ལོ་མཆོད་དོ། །སྲོག་བདུད་ཆེན་མོ། སྲོག་གཤེད་ཆེན་མོ། སྲོག་གཅོད་ཆེན་མོ། སྲོག་གཟེར་ཆེན་མོ། གསོལ་ལོ་མཆོད་དོ། །བདུད་འདུལ་ཆེན་མོ། དགྲ་ལྷ་ཆེན་མོ། དགྲ་འདུལ་ཆེན་མོ། དགྲ་གཤེད་ཆེན་མོ། དགྲ་ལྷའི་རྒྱལ་མོ། གསོལ་ལོ་མཆོད་དོ། །དམག་དཔོན་ཆེན་མོ། ཁྲིམས་
(༣༩)དཔོན་ཆེན་མོ། རུ་དཔོན་ཆེན་མོ། སྒོ་དཔོན་ཆེན་མོ། རྩིས་དཔོན་ཆེན་མོ། གསོལ་ལོ་མཆོད་དོ། །ཚོང་དཔོན་ཆེན་མོ། ཇག་དཔོན་ཆེན་མོ། བིང་དཔོན་ཆེན་མོ། གཞིས་དཔོན་ཆེན་མོ། བྱེས་དཔོན་ཆེན་མོ། ལས་དཔོན་ཆེན་མོ། གསོལ་ལོ་མཆོད་དོ། །གཙོ་མོ་ཆེན་མོ། ལྷ་མོ་ཆེན་མོ། དབང་ཕྱུག་ཆེན་མོ། དབང་བསྒྱུར་ཆེན་མོ། དབང་སྡུད་ཆེན་མོ། གསོལ་ལོ་མཆོད་དོ། །ནག་མོ་ཆེན་མོ། ནམ་གྲུ་ཆེན་མོ། ཁ་འབར་ཆེན་མོ། མགྱོགས་བྱེད་ཆེན་མོ། རྫུ་འཕྲུལ་ཆེན་མོ། གསོལ་ལོ་མཆོད་དོ། །སྟོང་གསུམ་བདག་མོ། ཟ་བྱེད་ཆེན་མོ། འཐུང་བྱེད་ཆེན་མོ། འཇིགས་བྱེད་ཆེན་མོ། གསོད་བྱེད་ཆེན་མོ། གསོལ་ལོ་མཆོད་དོ། །སྒྲོལ་བྱེད་ཆེན་མོ། །སྲིན་མོ་ཆེན་མོ། བདུད་མོ་ཆེན་མོ། གནོད་སྦྱིན་ཆེན་མོ། དམ་ཅན་ཆེན་མོ། གསོལ་ལོ་མཆོད་དོ། །ལྷ་མོ་ཀུན་གྱི་བདག་མོ། ནད་ཀྱི་བདག་མོ། ཡམས་ཀྱི་བདག་མོ། རིམས་ཀྱི་བདག་མོ། གསོལ་ལོ་མཆོད་དོ། །རེ་མ་ཏི། རེ་མ་ཛརེ་མ་ཛུ། རེ་མ་ཛི། རེ་མ་མཆེད་བཞི། གསོལ་ལོ་མཆོད་དོ། །ལྷ་མོ་ཙིརྩི་ཀ། བང་རིམ་གསུམ་གྱི་མ་མོ། །ཡེ་ཤེས་ཀྱི་མ་མོ། ལས་ཀྱི་མ་མོ། །དམ་ཚིག་གི་མ་མོ། སྤྲུལ་པའི་མ་མོ། ཤ་ཟའི་མ་མོ།
(༤༠)འཇིག་རྟེན་གྱི་མ་མོ། མ་མོ་བདུན། སྲིང་མོ་བཞི། འབར་མ་དགུ། འབེབས་མ་ལྔ། ཨ་ཕྱི་ཆེན་མོ། དུས་ཀྱི་ལྷ་མོ། དམག་གི་རྒྱལ་མོ་ཆེན་མོ་བཞི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། རྡོ་རྗེའི་བརྟན་མ་བཅུ་གཉིས། ལྷ་མོ། ཀླུ་མོ། བདུད་མོ། སྲིན་མོ། གནོད་སྦྱིན་མོ། གྲུལ་བུམ་མོ། དྲི་ཟ་མོ། མ་མོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་ཐམས་ཅད་ལ་གསོལ་ལོ། མཆོད་དོ། །བདུད་རྩི་གཏོར་མ་རཀྟ་ཛ་གད་གསེར་སྐྱེམས་ཕྱི་ནང་གསང་གསུམ་གྱི་མཆོད་པ་དཔག་ཏུ་མེད་པས་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། སྤྱིར་དུ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོང་། བཀའ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་འཕེལ་ཞིང་རྒྱས་པ་དང་། ལྷག་པར་ཀརྨ་ཀཾ་ཚང་འདི་ཉིད་དར་ཞིང་རྒྱས་ལ། ཡུན་རིང་དུ་གནས་པའི་ཕྲིན་ལས་དུས་ཀུན་ཏུ་བསྒྲུབ་པ་དང་། བདག་ཅག་གི་དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་ཞིང་ཕྲིན་ལས་སྤེལ་བ་དང་། བཞེད་དོན་ཐམས་ཅད་གེགས་མེད་མྱུར་དུ་འགྲུབ་པ་དང་། ཁྱད་པར་སྒྲུབ་པ་པོ་བདག་གིས་བྱིན་པའི་ཟས་ཟོ། བཅོལ་པའི་ལས་གྱིས། བསྒོས་པའི་དོན་སྒྲུབས། སྡང་
(༤༡)བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །རྦོད་གཏོང་ཕུར་ཁ་ཟློག །ལོ་ཀག་སྲི་ལངས་ཟློག །མཚན་ལྟས་ངན་པ་ཟློག །སྡོད་པའི་གནས་མལ་སྲུངས། །མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་དང་ཡོན་བདག་སྲུངས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ཤིང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛོད། ནད་གདོན་བགེགས་སོགས་མི་མཐུན་པའི་རྐྱེན་ཐམས་ཅད་ཞི་བར་མཛོད། ཚེ་དང་བསོད་ནམས་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛོད། །མི་ནོར་ཟས་གསུམ་ལྷ་འདྲེ་མི་གསུམ་དབང་དུ་སྡུས། དགྲ་བགེགས་གནོད་བྱེད་ཐམས་ཅད་ཐལ་བའི་རྡུལ་དུ་བརླག་པ་སོགས་ཇི་ལྟར་བསྒོས་ཤིང་བཅོལ་བའི་ཕྲིན་ལས་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །དེ་ལྟར་དཔལ་ལྡན་ལྷ་མོ་རང་བྱུང་མ་དང་། དུད་སོལ་མ་གཉིས་གཙོར་བྱས། ལྷ་མོའི་རིགས་ཀུན་གྱི་སྤྱན་འདྲེན་མངའ་གསོལ་རྒྱན་འབུལ་ཕུད་མཆོད་ཕྲིན་ལས་བཅོལ་བ་རྣམས་མེ་ལྕེ་འབར་མ་གླིང་བཞིའི་རྒྱུད་སོགས་མ་མོའི་རྒྱུད་རྣམས་ཁུངས་སུ་མཛད་དེ། གྲུབ་ཆེན་ཀརྨ་པ་དང་། རང་བྱུང་ཞབས། རྗེ་བཙུན་དགུ་པ་སོགས་ཀྱིས་
(༤༢)"མཛད་པའི་སྒྲུབ་སྐོར་རྣམས་དང་། རྒྱ་མཚོ་གསལ་བའི་སྒྲོན་མེ་སོགས་ནས་ཉུང་ངུར་བསྡུས་ཏེ། འདོན་འགྲིགས་སུ་དཔལ་ལྡན་གྲགས་པ་མཆོག་དབྱངས་ཀྱི་སྦྱར་བའོ།། །།སྐབས་འདིར་ཀརྨ་པའི་ཆོས་སྐྱོང་འཁོར་ལྔ་རྗེས་འབྲང་བཅས་པ་དང་། གཞན་ཡང་ཆོས་སྐྱོང་ཡེ་ཤེས་པ་དང་། ལས་ལས་གྲུབ་པའི་རིགས་ཀྱི་མཆོད་ཕྲེང་མངའ་གསོལ་སྤྲོ་ན་འདིའི་གོང་འོག་ཏུ་སྐབས་སུ་གང་བབ་གྱི་སྦྱོར་རོ།། །།
(༤༣)དེ་ནས་ཛམ་གླིང་སྤྱི་བསང་ལ། ཕྱི་མར་གྱི་སུམ་ཆ་དང་། དར་ཚོན་སོགས་བསང་ཁང་དུ་འབུལ་ལ། ཆང་ཕུད་སོགས་ཀྱིས་བྲན་ནས་བསང་གི་རིམ་པ་འདི་སྐད་དོ། །ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། བསང་གི་རྒྱུ་ནི་ཇི་ལྟར་སྲིད། །སྐྱེ་མེད་སྤྲོས་བྲལ་སྟོང་པ་ལས། །འགགས་མེད་འཁོར་ལོས་སྒྱུར་རྒྱལ་ཤར། །སྐྱེ་འགག་གཉིས་མེད་རོལ་པ་ལས། །མཁའ་ལ་རླུང་བརྟེན་འབྱུང་བ་རིམ་བཞིན་ཆགས། །ཕྱི་སྣོད་འཇིག་རྟེན་གཞལ་ཡས་རང་གྲུབ་ལ། །ནང་བཅུད་སེམས་ཅན་བྱང་ཆུབ་སྙིང་པོར་གྱུར། །སྤྲུལ་པའི་ལྷ་རྣམས་འགྲོ་བའི་དོན་ལ་བྱོན། །རི་རབ་རི་བདུན་རང་བཞིན་ལྷུན་གྱིས་གྲུབ། །རོལ་པའི་མཚོ་བདུན་སྨོན་ལམ་སྟོབས་ཀྱིས་ཆགས། །མེ་ཤེལ་ཆུ་ཤེལ་སྣང་སྲིད་དཀར་དམར་ཤར། །སྤོས་དྲི་ངད་ལྡན་ཛམ་བུ་གླིང་གི་རི། །རི་བོ་དེ་ཡི་ཤར་ཕྱོགས་ན། །ཤིང་ནི་བལ་བུ་དཀར་པོ་སྐྱེས། །རི་བོ་དེ་ཡི་ལྷོ་ཕྱོགས་ན། །ཤིང་ནི་གསེར་སྟག་སེར་པོ་སྐྱེས། །རི་བོ་དེ་ཡི་ནུབ་ཕྱོགས་ན། །ཤིང་ནི་ཙནྡན་དམར་པོ་སྐྱེས། །རི་བོ་དེ་ཡི་བྱང་ཕྱོགས་ན། །ཤིང་ནི་ལོ་བཟང་ཤུག་པ་སྐྱེས། །རི་བོ་དེ་ཡི་ཤར་ལྷོ་ན། །ཤིང་ནི་མུ་ལེ་གྲམ་ཤིང་སྐྱེས། །རི་བོ་དེ་ཡི་ལྷོ་ནུབ་ན། །
(༤༤)ཤིང་ནི་སྦ་སྙུག་ལྡེམ་པ་སྐྱེས། །རི་བོ་དེ་ཡི་ནུབ་བྱང་ན། །ཤིང་ནི་དེ་ཝ་དཱ་རུ་སྐྱེས། །རི་བོ་དེ་ཡི་བྱང་ཤར་ན། །ཤིང་ནི་མཁན་དཀར་གསེར་མགོ་སྐྱེས། །རི་བོ་དེ་ཡི་དབུས་ཕྱོགས་ན། །ཤིང་ནི་དཔག་བསམ་ལྗོན་ཤིང་སྐྱེས། །ཤིང་སྣ་དགུ་ཡི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྐྱེམས་དང་ནི། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །དཀར་དམར་མདངས་ལྡན་ཤ་ཕུད་དང་། །རྩི་སྨན་དར་ཟབ་སྣ་ཚོགས་དང་། །རོལ་མོ་སྒྲ་སྙན་གདུང་བའི་དབྱངས། །འདོད་ཡོན་མཆོད་པ་སྣ་ཚོགས་ཀྱིས། །ཀྱཻ། ཀུན་ཏུ་བཟང་པོ་ལ་སོགས་པའི། །རྙིང་མ་བརྒྱུད་པ་ཐམས་ཅད་བསང་། །རྡོ་རྗེ་འཆང་ཆེན་ལ་སོགས་པའི། །གསར་མ་བརྒྱུད་པ་ཐམས་ཅད་བསང་། །སྣང་བ་མཐའ་ཡས་ལ་སོགས་པའི། །གཏེར་མ་བརྒྱུད་པ་ཐམས་ཅད་བསང་། །ཕ་རོལ་ཕྱིན་མ་ལ་སོགས་པའི། །དུས་གསུམ་རྒྱལ་བའི་ཡུམ་རྣམས་བསང་། །དཀོན་མཆོག་འབྱུང་གནས་ལ་སོགས་པའི། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསང་། །མར་མེ་མཛད་ལ་སོགས་པ་ཡི། །འདས་པའི་སངས་རྒྱས་ཐམས་ཅད་བསང་། །ཤཱཀྱ་ཐུབ་པ་ལ་སོགས་པའི། །ད་ལྟའི་སངས་རྒྱས་ཐམས་ཅད་བསང་། །བྱམས་པ་མགོན་པོ་ལ་སོགས་པའི། །ཕྱི་ནས་འབྱོན་པ་ཐམས་
(༤༥)ཅད་བསང་། །རྣམ་པར་སྣང་མཛད་ལ་སོགས་པའི། །བདེ་གཤེགས་རྒྱལ་བ་རིགས་ལྔ་བསང་། །ནམ་མཁའི་དབྱིངས་ཕྱུག་ལ་སོགས་པའི། །རིགས་ཀྱི་ཡུམ་ཆེན་ལྔ་པོ་བསང་། །འཕགས་པ་འཇམ་དབྱངས་ལ་སོགས་པའི། །རིགས་གསུམ་ མགོན་པོ་རྣམ་གསུམ་བསང་། །ནམ་མཁའི་སྙིང་པོ་ལ་སོགས༴ བྱང ་ཆུབ་སེམས་དཔའ་ཐམས་ཅད༴ གནས་བརྟན་རབ་འབྱོར་ལ༴ ཉན་ཐོས་ཆེན་པོ་མཆོག་བརྒྱད་བསང་། །གདུང་བ་སེལ་བ་ལ༴རང་རྒྱལ་ཆེན་པོ་བཅུ་གཉིས༴ བྷ་ར་དྷྭ་ཛ་ལ༴ གནས་བརྟན་ཆེན་པོ་བཅུ་དྲུག༴ སློབ་དཔོན་ཐོགས་མེད་ལ༴ ཛམ་བུ་གླིང་གི་རྒྱན་དྲུག༴ ཨིནྡྲ་བོ་དྷི་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་བརྒྱད་པོ༴ ཀླུ་སྒྲུབ་སྙིང་པོ་ལ༴ རྒྱ་གར་གྲུབ་ཆེན་བརྒྱད་ཅུ༴ གསང་བ་འདུས་པ་ལ༴ ཕ་རྒྱུད་ལྷ་ཚོགས་ཐམས་ཅད༴ མ་ཧཱ་མ་ཡ་ལ༴ མ་རྒྱུད་ལྷ་ཚོགས་ཐམས་ཅད༴ དུས་འཁོར་བདེ་དགྱེས་ལ༴ གཉིས་མེད་ལྷ་ཚོགས་ཐམས་ཅད་བསང་། །རྡོ་རྗེ་སེམས་དཔའ་ལ༴ ཞི་བའི་ལྷ་ཚོགས་ཐམས་ཅད༴ ཆེ་མཆོག་ཁྲག་འཐུང་ལ་སོགས་པའི། །ཁྲོ་བའི་ལྷ་ཚོགས་ཐམས་ཅད༴ གཤིན་རྗེ་གཤེད་ལ་སོགས་པ་ཡི། །སྐུ་ཡི་ལྷ་ཚོགས་ཐམས་
(༤༦)ཅད་བསང་། །པདྨ་དབང་ཆེན་ལ་སོགས་པའི། །གསུང་གི་ལྷ་ཚོགས་ཐམས་ཅད་བསང་། །བཛྲ་ཧེ་རུ་ཀ་ལ་སོགས། །ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་བསང་། །སྤྱི་དཔལ་ཆེ་མཆོག་ལ་སོགས་པའི། །ཡོན་ཏན་བདུད་རྩིའི་ལྷ་ཚོགས་བསང་། །རྡོ་རྗེ་གཞོན་ནུ་ལ་སོགས་པའི། །ཕྲིན་ལས་ཕུར་པའི་ལྷ་ཚོགས༴ བླ་མེད་ཧེ་རུ་ཀ་ལ་སོགས། །མ་མོ་རྦོད་གཏོང་ལྷ་ཚོགས་བསང་། །རྩ་བའི་བླ་མ་ལ་སོགས་པའི། །རིག་འཛིན་བླ་མའི་ལྷ་ཚོགས༴ དྲེགས་པ་ཀུན་འདུལ་ལ་སོགས་པའི། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས༴ སྟོབས་ལྡན་ནག་པོ་ལ་སོགས་པའི། །དམོད་པ་དྲག་སྔགས་ལྷ་ཚོགས༴ རིགས་བཞི་མཁའ་འགྲོ་ལ་སོགས་པའི། །བཀའ་སྲུང་ལྷ་ཚོགས་ཐམས་ཅད༴ མགོན་པོ་ནག་པོ་ལ་སོགས་པའི། །ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད༴ དཔལ་ལྡན་ལྷ་མོ་ལ་སོགས་པའི། །ཆོས་སྐྱོང་མོ་རྒྱུད་ཐམས་ཅད༴ ལྷ་ཆེན་དཔལ་འབར་ལ་སོགས་པའི། །ཆོས་སྐྱོང་མ་ནིང་ཐམས་ཅད༴ ཚངས་པ་དུང་ཐོད་ལ་སོགས་པའི། །སྟེང་གི་ལྷ་ཚོགས་ཐམས་ཅད༴ གཉན་རྒན་དེ་ཝ་ལ་སོགས་པའི། །བར་སྣང་གནས་པའི་གཉན་རྣམས༴ ས་བདག་དབང་ཆེན་ལ་སོགས་པའི། །ས་ལ་གནས་
(༤༧)བའི་ས་བདག༴ཡུལ་འཁོར་སྲུང་མ་ལ་སོགས་པའི། །རྒྱལ་པོ་ཆེན་པོ་སྡེ་བཞི༴ ལྷ་དབང་བརྒྱ་བྱིན་ལ་སོགས་པའི། །ཕྱོགས་སྐྱོང་གཉན་པོ་བཅུ་པོ་བསང་། །མ་ཧཱ་དེ་ཝཱ་ལ་སོགས་པའི། །ལྷ་ཆེན་བརྒྱད་པོ་འཁོར་བཅས༴ དགའ་བོ་འཇོག་པོ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས༴ ཉི་མ་ཟླ་བ་ལ་སོགས་པའི། །གཟའ་ཆེན་བརྒྱད་པོ་འཁོར་བཅས༴ ཨཱརྻ་ཛམྦྷ་ལ་སོགས་པའི། །ནོར་སྲུང་བརྒྱད་པོ་འཁོར་བཅས༴། སྐར་མ་སྨིན་དྲུག་ལ་སོགས་པའི། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བསང་། །རྗེ་བློན་བཅུ་བདུན་ལ་སོགས་པའི། །ལོ་ཡི་ས་བདག་ཐམས་ཅད༴ གྲོལ་བུ་ལྷ་ལྔ་ལ་སོགས་པའི། །ཟླ་བའི་ས་བདག་ཐམས་ཅད༴ པི་ལིང་འཕར་མ་ལ་སོགས་པའི། །ཞག་གི་ས་བདག་ཐམས་ཅད༴ ཉུལ་ལེ་བཅུ་གཉིས་ལ་སོགས་པའི། །དུས་ཚོད་ས་བདག་ཐམས་ཅད་བསང་། །རི་བོ་མཆོག་རབ་ལ་སོགས་པའི། །རི་བདུན་མཚོ་བདུན་གནས་པ༴ ལྷོ་རྒྱལ་ཛམ་བུ་གླིང་ལ་སོགས། །གླིང་ཆེན་བཞི་ལ་གནས་པ༴ རྔ་ཡབ་གླིང་ལ་སོགས་པ་ཡི། །གླིང་ཕྲན་བརྒྱད་ལ་གནས་པ༴ རི་བོ་པོ་ཏ་ལ་སོགས་པའི། །རི་བོ་རྣམས་ལ་གནས་པ༴ ཆུ་བོ་གངྒ་ལ་སོགས་
(༤༨)པའི། །ཆུ་བོ་རྣམས་ལ་གནས་པ་བསང་། །རྡོ་རྗེ་གདན་ལ་སོགས་པ་ཡི། །རྒྱ་གར་བཙུག་ལག་སྲུང་མ༴ ན་ལེནྡྲ་ལ་སོགས་པ་ཡི། །རྒྱ་གར་ཆོས་གྲྭའི་སྲུང་མ༴ ཨོ་རྒྱན་ཡུལ་ལ་སོགས་པ་ཡི། །སྒྲུབ་གནས་རྣམས་ལ་གནས་པ༴ བསིལ་བ་ཚལ་ལ་སོགས་པ་ཡི། །དུར་ཁྲོད་བརྒྱད་ལ་གནས་པ༴ འཕགས་པ་ཤིང་ཀུན་ལ་སོགས་པའི། །བལ་ཡུལ་གཞི་བདག་ཐམས་ཅད༴ རི་བོ་གནྡྷ་ལ་སོགས་པའི། །བོད་ཀྱི་མགུར་ལྷ་བཅུ་གསུམ༴ ཁ་རག་ཁྱུང་བཙུན་ལ་སོགས་པའི། །བོད་ཁམས་སྐྱོང་བ་བཅུ་གཉིས༴ ཨནྡྷ་རི་དང་ཤནྡྷ་བྷ། །བྱང་ངོས་ས་བདག་ཐམས་ཅད༴ གནམ་མཚོ་ཕྱུག་མོ་ལ་སོགས་པའི། །བྱང་གི་མཚོ་སྨན་ཐམས་ཅད༴ ལྷ་ས་བསམ་ཡས་ལ་སོགས་པའི། །བོད་ཡུལ་གཙུག་ལག་སྲུང་མ༴ ལྷོ་བྲག་མཁར་ཆུ་ལ་སོགས་པའི། །བོད་ཡུལ་དབེན་གནས་སྲུང་མ༴ དགེ་བསྙེན་མཁའ་རི་ལ་སོགས་པའི། །བོད་ཡུལ་གཏེར་སྲུང་ཐམས་ཅད༴ དཔལ་ལྡན་ས་སྐྱ་ལ་སོགས་པའི། །ཆོས་གྲྭའི་སྲུང་མ་ཐམས་ཅད༴ དྭགས་ལྷ་སྒམ་པོ་ལ་སོགས་པའི། །སྒོམ་གྲའི་སྲུང་མ་ཐམས་ཅད༴ གང་བ་བཟང་པོ་ལ་སོགས་པའི། །གཙང་གི་ས་བདག་ཐམས་
(༤༩)ཅད་བསང་། །ཡར་ལྷ་ཤམ་པོ་ལ་སོགས་པའི། །ཡར་ཀླུང་ས་བདག་ཐམས་ཅད༴ ཐང་ལྷ་ཡར་ཞུར་ལ་སོགས་པའི། །དབུས་ཀྱི་ས་བདག་ཐམས་ཅད་བསང་། །འོད་དེ་གུང་རྒྱལ་ལ་སོགས་པའི། །མྱང་པོའི་ས་བདག་ཐམས་ཅད༴ སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་ས་བདག་ཐམས་ཅད༴ ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་པོའི་ས་བདག་ཐམས་ཅད༴ ཁ་ཤ་སྨྱུག་རི་ལ་སོགས་པའི། །མོན་ཡུལ་ས་བདག་ཐམས་ཅད༴ གཡག་ལ་སེ་བོ་ལ་སོགས་པའི། །སོག་གི་ས་བདག་ཐམས་ཅད༴ རོང་ལྷ་རྒྱལ་མཚན་ལ་སོགས་པའི། །རོང་གི་ས་བདག་ཐམས་ཅད༴ དམག་དཔོན་དགྲ་འདུལ་ལ་སོགས་པའི། །ཚ་བ་སྒང་གི་ས་བདག༴ ཁྱུང་འཐོར་རི་ལ་སོགས་པ་ཡི། །སྤུ་བོའི་ས་བདག་ཐམས་ཅད༴ གཟེ་ཡི་དམག་དཔོན་ལ་སོགས་པའི། །ལྕི་ཡི་ས་བདག་ཐམས་ཅད་བསང་། །འགྲིག་གི་ཤེ་ནེ་ལ་སོགས་པའི། །མདོ་ཁམས་སྒང་གི་ས་བདག༴ རྩི་ཡི་དཔལ་དགེ་ལ་སོགས་པའི། །ཟླ་ཡི་ས་བདག་ཐམས་ཅད༴ རྡོ་ཏི་གངས་དཀར་ལ་སོགས་པའི། །གནས་ཆེན་དྲུག་གི་ས་བདག༴ ཡོར་རྒྱལ་མ་ཡོར་ལ་སོགས་པའི། །
(༥༠)ཡོར་གྱིས་བདག་ཐམས་ཅད་བསང་། །ཆབ་ལ་རྫོང་ཕྲོམ་ལ་སོགས་པའི། །འབེ་ཡི་ས་བདག་ཐམས་ཅད༴ སྒྱོགས་ཆེན་གདོང་ར་ལ་སོགས་པའི། །འདན་གྱི་ས་བདག་ཐམས་ཅད༴ མི་མགོན་དཀར་པོ་ལ་སོགས་པའི། །སྨར་ཁམས་སྒང་གི་ས་བདག༴ གེར་མཛེ་གཉན་པོ་ལ་སོགས་པའི། །ཤར་ཟླའི་ས་བདག་ཐམས་ཅད༴ རྨ་ཆེན་སྤོམ་ར་ལ་སོགས་པའི། །རྨ་ཡི་ས་བདག་ཐམས་ཅད༴ དགེ་བསྙེན་ལྡོང་ར་ལ་སོགས་པའི། །འབྲི་ཀླུང་ས་བདག་ཐམས་ཅད༴ རྩམ་གཉན་སྨྲི་ཁྲི་ལ་སོགས་པའི། །གཙང་ཤོང་གཞི་བདག་ཐམས་ཅད༴ རྡོ་རྗེ་དཔལ་བརྩེགས་ལ་སོགས་པའི། །སྤོ་འབུར་སྒང་གི་ས་བདག་བསང་། །བཞག་ར་ལྷ་རྩེ་ལ་སོགས་པའི། །རབ་སྒང་ས་བདག་ཐམས་ཅད༴ རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ས་བདག་ཐམས་ཅད༴ འཇང་རི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་ས་བདག་ཐམས་ཅད༴ ཅོག་ལ་མཚལ་རྩེ་ལ་སོགས་པའི། །ཧོར་ཡུལ་ས་བདག་ཐམས་ཅད༴ ཡུལ་ལྷ་གཉན་པོ་ལ་སོགས་པའི། །ཡུལ་འདིའི་ས་བདག་ཐམས་ཅད༴ སྡོང་ལྷ་མོ་ཕྲོམ་ལ་སོགས་པའི། །སྡོང་རིགས་སྲིད་པའི་དགྲ་ལྷ༴ འགྲུ་མོ་ཕྲོམ་ཕྲོམ་ལ་སོགས་པའི། །འགྲུ་རིགས་སྲིད་པའི་
(༥༡)དགྲ་བླ་བསང་། །དབྲ་མོ་དབྲ་དཀར་ལ་སོགས་པའི། །དབྲ་རིགས་སྲིད་པའི་དགྲ་ལྷ༴ སྒ་མོ་ལེན་ཕྲོམ་ལ་སོགས་པའི། །སྒ་རིང་སྲིད་པའི་དགྲ་བླ༴ དགུ་བརྒྱུད་དགུ་འཕྲུལ་ལ་སོགས་པའི། །དགུ་རིགས་སྲིད་པའི་དགྲ་ལྷ༴ མཚལ་སྟག་དམར་པོ་ལ་སོགས་པའི། །རྦ་ཟླ་གཉིས་ཀྱི་དགྲ་བླ༴ སྨོན་མི་དབུ་ནག་ལ་སོགས་པའི། །ཡང་མེས་མཚུན་རྒན་ཐམས་ཅད༴ ཡབ་ལྷ་སྡེ་དྲུག་ལ་སོགས་པའི། །མེས་མཚུན་གཉན་པོ་ཐམས་ཅད༴ རྒྱལ་པོ་མཐིང་གི་ལ་སོགས་པ། །ཕ་མཚུན་གཉན་པོ་ཐམས་ཅད་བསང་། །སྟག་ཆས་ཝལ་པོ་ལ་སོགས་པའི། །གྲི་མཚུན་གཉན་པོ་ཐམས་ཅད༴ དེ་མོ་གངས་དཀར་ལ་སོགས་པའི། །མ་ཕྱིའི་སྨན་བཙུན་ཐམས་ཅད་བསང་། །དེ་རྣམས་བསངས་པའི་ཡོན་ཏན་གྱིས། །བདག་དང་ཡོན་བདག་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུག་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །བསམ་པ་ཆོས་བཞིན་འགྲུབ་པར་མཛོད།། །།ཅེས་རྒྱལ་བ་རང་བྱུང་རྡོ་རྗེས་འགྲོ་བ་རྣམས་ལ་མི་འཇིགས་སྐྱབས་སྦྱིན་ཆེད་དུ། སོག་གི་ལྕགས་ཟམ་འཛུག་སྐབས་སུ་མཛད་པའོ།། །།
(༥༢)བསང་ཡིག་ནད་གདོན་སྡིག་སྒྲིབ་བར་ཆད་ཀུན་སེལ་དངོས་གྲུབ་འདུ་བའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། ཀྱཻ༴ གདོད་ནས་རྣམ་དག་འཁོར་བ་མྱ་ངན་འདས། །མ་སྐྱེས་མི་འགགས་ལྷུན་གྲུབ་གཞལ་ཡས་ཁང་། །ཆོས་སྐུའི་དཀྱིལ་འཁོར་ལོངས་སྐུའི་རྒྱན་གྱིས་མཛེས། །སྤྲུལ་སྐུའི་མཆོད་སྤྲིན་ནམ་མཁའི་མཐའ་བཀང་ཞིང་། །དེ་དབུས་མཛེས་ལྡན་མདུན་གྱི་ནམ་མཁའ་ལ། །སྐྱབས་གནས་བླ་མ་མཆོག་དང་དཀོན་མཆོག་གསུམ། །ཡི་དམ་ཆོས་སྐྱོང་དམ་ཅན་མཆོད་འོས་ཚོགས། །བརྩེ་བས་འདིར་བྱོན་དགྱེས་པར་བཞུགས་སུ་གསོལ།། ཀྱཻ༴ སྐྱབས་གནས་དམ་པ་ཁྱེད་རྣམས་ལ། །དེ་རིང་ཕྱག་འཚལ་ཚོགས་མཆོད་འབུལ། །མཆོད་འོས་དམ་པ་ཁྱེད་རྣམས་ལ། །དེ་རིང་དམ་རྫས་མཉེས་མཆོད་འབུལ། །དེ་རིང་གཙང་མའི་བསང་མཆོད་ནི། །འཁོར་འདས་རང་གྲོལ་ཡུམ་ལྔའི་ཀློང་། །རྡོ་རྗེ་དབྱིངས་ཕྱུག་ནམ་མཁའི་དབྱིངས། །རིན་ཆེན་ས་གཞི་སངས་རྒྱས་སྤྱན། །ཐུགས་རྗེའི་ཆུ་རྒྱུན་མཱ་མ་ཀི། །བྱམས་པའི་མེ་དཔུང་གོས་དཀར་མོ། །ཡེ་ཤེས་རླུང་བསྐྱོད་དམ་ཚིག་སྒྲོལ། །ཡུམ་ལྔ་འདུས་པའི་རང་བཞིན་ལ། །འབྱུང་བ་དག་པའི་མེ་ཏོག་འཁྲུངས། །བདུད་རྩི་ཤིང་
(༥༣)གི་འབྲས་བུ་སྨིན། །དྲི་ཞིམ་སྤོས་ཀྱི་དད་ལྡན་པའི། །ཨ་གར་ཙན་དན་དུ་རུ་ཀ། རྒྱ་ཤུག་བལ་བུ་མཁན་དཀར་སོགས། །དག་བྱེད་གཙང་མར་གྱུར་བ་ཡི། །ཤིང་སྣ་ཚོགས་པའི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྐྱེམས་དང་ནི། །གཡག་ལུག་ར་སོགས་གཟུགས་འགྲོས་དང་། །དཀར་དམར་མདངས་ལྡན་བ་ལི༚་དང་། །རྩི་སྨན་དར་ཟབ་རོལ་མོའི་ཚོགས། །དགེ་དང་མཐུན་པའི་དམ་རྫས་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །ཕྱི་ནང་གསང་བའི་མཆོད་པའི་ཚོགས། །དེ་རིང་མཆོད་པ་རབ་ཏུ་འབུལ།། ཀྱཻ༴ སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །སྐྱབས་མཆོག་དགེ་ལེགས་ཡོན་ཏན་ཞིང་། །དྲིན་ཅན་རྩ་བའི་བླ་མ་བསང་། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་སོགས། །བཀའ་རྒྱུད་བླ་མ་ཐམས་ཅད་བསང་། །རྒྱ་གར་ཤར་ནུབ་གནས་མཆོག་ནས། །ཏེ་ལོ་ནཱ་རོ་ལ་སོགས་པའི། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་བསང་། །རྒྱ་བོད་དཀའ་བ་སྤྱད་པ་ཡི། །མར་པ་ལོ་ཙཱ་ལ་སོགས་པའི། །ལོ་པཎ་སྐྱེས་མཆོག་ཐམས་ཅད་བསང་། །དབེན་གནས་སྒྲུབ་པའི་སྲོལ་གཏོད་པ། །མི་ལ་རས་པ་ལ་སོགས་པའི། །བོད་ཀྱི་གྲུབ་ཆེན་ཐམས་ཅད་བསང་།
(༥༤)སྟོན་པས་ལུང་བསྟན་འགྲོ་དོན་མཛད། །དྭགས་པོ་ལྷ་རྗེ་ལ་སོགས་པའི། །བསྟན་འཛིན་སྐྱེས་མཆོག་ཐམས་ཅད་བསང་། །བདེ་གཤེགས་འགྲོ་མགོན་དུས་གསུམ་མཁྱེན། །ཚུལ་ཁྲིམས་སྙིང་པོ་གཡུ་བྲག་པ། །སྤྲུལ་པའི་བརྒྱུད་འཛིན་ཐམས་ཅད་བསང་། །འཇིག་རྟེན་མགོན་པོ་གླིང་རས་དང་། །ཆོས་རྗེ་འགྲོ་མགོན་ཡབ་སྲས་སོགས། །བཀའ་བརྒྱུད་བླ་མ་ཐམས་ཅད་བསང་། །ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱ་གར་མཁས་གྲུབ་ཐམས་ཅད་བསང་། །ངོ་མཚར་རྨད་བྱུང་སྤྲུལ་པའི་སྐུ། །པདྨ་འབྱུང་གནས་ལ་སོགས་པའི། །རིག་འཛིན་བརྒྱུད་པ་ཐམས་ཅད་བསང་། །དམ་པ་སངས་རྒྱས་ལ་སོགས་པའི། །ཞི་བྱེད་བརྒྱུད་པ་ཐམས་ཅད་བསང་། །དཱི་པཾ་ཀ་ར་ལ་སོགས་པའི། །ལམ་རིམ་བརྒྱུད་པའི་བླ་མ་བསང་། །ཤཱཀྱ་ཤྲཱི་ལ་སོགས་པའི། །བཀའ་གདམས་བརྒྱུད་པའི་བླ་མ་བསང་། །ཡེ་ཤེས་མཁའ་འགྲོ་ལ་སོགས་པའི། །གཅོད་ཡུལ་བརྒྱུད་པའི་བླ་མ་བསང་། །ཁྱུང་པོ་རྣལ་འབྱོར་ལ་སོགས་པའི། །ཆོས་དྲུག་བརྒྱུད་པའི་བླ་མ་བསང་། །ཐབས་མཁས་འགྲོ་དོན་མཛད་པའི་ཕྱིར། །རང་རང་སོ་སོའི་སྐུར་སྟོན་པའི། །རྩ་བརྒྱུད་བླ་མ་ཐམས་ཅད་བསང་། །ཀྱཻ།
(༥༥)དག་པ་ལོངས་སྐུའི་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་ཐམས་ཅད་བསང་། །དྲུག་བརྒྱ་སུམ་ཅུ་རྩ་དྲུག་སོགས། །གཉིས་མེད་དུས་འཁོར་ལྷ་ཚོགས་བསང་། །གསང་འདུས་གཤེད་དམར་འཇིག་བྱེད་སོགས། །ཕ་རྒྱུད་ལྷ་ཚོགས་ཐམས་ཅད༴ བདེ་དགྱེས་ཕག་མོ་མཱ་ཡ་སོགས། །མ་རྒྱུད་ལྷ་ཚོགས་ཐམས་ཅད༴ རྡོར་དབྱིངས་དཔལ་མཆོག་ཀུན་རིག་སོགས། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་བསང་། །རྣམ་རྒྱལ་གདུགས་དཀར་རྣམ་འཇོམས་སོགས། །བྱ་སྤྱོད་སྤྱི་ཡི་ལྷ་ཚོགས༴ རྒྱུད་སྡེ་བཞི་ཡི་ལྷ་ཚོགས་བསང་། །ཡང་དག་ཐུགས་དང་རྟ་མགྲིན་གསུང་། །ཕུར་པ་ཕྲིན་ལས་ལ་སོགས་པའི། །བཀའ་བརྒྱད་བཀའ་གཏེར་ལྷ་ཚོགས་བསང་། །འགྲོ་བའི་གཉེན་གཅིག་སྐྱབས་གནས་མཆོག །བླ་མེད་དཀོན་མཆོག་གསུམ་པོ་བསང་། །བྱམས་མགོན་ཤཱཀ་ཐུབ་མར་མེ་མཛད། །དུས་གསུམ་སངས་རྒྱས་ཐམས་ཅད༴ གསེར་ཐུབ་འོད་སྲུང་ལ་སོགས་པའི། །སངས་རྒྱས་རབ་བདུན་བྱོན་པ༴ རབ་གསལ་ལ་སོགས་སངས་རྒྱས་སྟོང་། །བསྐལ་བཟང་འབྱོན་པ་ཐམས་ཅད་བསང་། །སྨན་བླ་མཚན་ལེགས་ལ་སོགས་པའི། །སྟོན་པ་བདེ་གཤེགས་བརྒྱད་པོ་
(༥༦)བསང་། །འཇམ་དཔལ་ཕྱག་རྡོར་སྤྱན་རས་གཟིགས། །རིགས་གསུམ་མགོན་པོའི་ལྷ་ཚོགས་བསང་། །མི་བསྐྱོད་རིན་འབྱུང་རྣམ་སྣང་སོགས། །རྒྱལ་བ་རིགས་ལྔའི་ལྷ་ཚོགས་བསང་། །གོས་དཀར་སྒྲོལ་མ་ལ་སོགས་པའི། །ཡུམ་ཆེན་ལྷ་མོ་ཐམས་ཅད༴ ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་སེམས་ཉེ་བའི་སྲས་བརྒྱད༴ བྷ་ར་དྷྭ་ཛ་ལ་སོགས་པའི། །སྤྲུལ་པའི་གནས་བརྟན་བཅུ་དྲུག༴ འཕགས་པ་འོད་སྲུང་ལ་སོགས་པའི། །ཉན་ཐོས་ཆེན་པོ་ཐམས་ཅད་བསང་།། ཀྱཻ། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དྲག་པོ་འཇིག་བྱེད་སྐུར་སྟོན་པའི། །ཡེ་ཤེས་མགོན་པོ་འཁོར་བཅས་བསང་། །དུས་གསུམ་སངས་རྒྱས་མངའ་གསོལ་ཞིང་། །ཞལ་གཅིག་ཕྱག་བཞིའི་སྐུར་སྟོན་པ། །བླ་མ་མགོན་པོ་དབྱེར་མེད་བསང་། །བྱ་རོག་གདོང་ཅན་ལ་སོགས་པའི། །ནག་པོ་སྟོང་གི་ལྷ་ཚོགས༴ སེངྒེའི་གདོང་ཅན་ལ་སོགས་པའི། །ཤ་ཟ་འབུམ་གྱི་ལྷ་ཚོགས༴ ཡུམ་མཆོག་རྩ་འཇིབ་དམར་མོ་སོགས། །མ་མོ་བྱེ་བའི་ལྷ་ཚོགས་བསང་། །གཞན་ཡང་བདེ་གཤེགས་ཐུགས་སྤྲུལ་པའི། །སངས་རྒྱས་བསྟན་པ་སྐྱོང་མཛད་པ། །མྱུར་མཛད་ཕྱག་དྲུག་ཡེ་ཤེས་ཀྱི། །མགོན་པོ་ལྕམ་
(༥༧)དྲལ་འཁོར་བཅས་བསང་། །མགོན་པོ་བིང་དང་བེར་ནག་ཅན། །གུར་མགོན་ཞལ་བཞི་མ་ནིང་སོགས། །དྲག་པོ་ཕོ་རྒྱུད་ཐམས་ཅད༴ འདོད་ཁམས་དབང་ཕྱུག་རེ་མ་ཏི། །རེ་མ་ཛ་དང་རེ་མ་ཛུ། །དུད་སོལ་ཙཎྜི་ཀ་ལ་སོགས། །དམ་ཅན་མོ་རྒྱུད་ཐམས་ཅད༴ རྡོ་རྗེ་འཆང་གིས་བཀའ་བསྩལ་བའི། །ཞིང་སྐྱོང་མ་མོ་མཁའ་འགྲོ་སོགས། །གསང་སྔགས་རྒྱུད་ཀྱི་སྲུང་མ་སོགས། །སྟོན་པ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །རྣམ་མང་ཐོས་སྲས་སྔགས་ཀྱི་བདག །སྐྱེས་བུ་མཆེད་འཁོར་སུམ་བརྒྱར་བཅས། །སྲིན་མགོན་ཞིང་སྐྱོང་མཁར་ནག་དང་། །དྲེགས་པ་སྐྱ་གསུམ་དབུགས་ལེན་བརྒྱད། །ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི། །དྲེགས་པའི་གཙོ་བོ་བདུན་ཅུ་གཉིས། །མ་བདུན་སྲིང་བཞི་འབར་མ་དགུ། །དུས་ལ་འཆར་བའི་ལྷ་མོ་བཞི། །དམག་གི་རྒྱལ་མོ་ཆེན་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མར་བཅས། །གནོད་སྦྱིན་ནོར་བདག་ལ་སོགས་བསང་། །འཇིག་རྟེན་ལྷ་ཀླུ་གཟའ་ཆེན་བརྒྱད། །རྒྱུ་སྐར་ལ་སོགས་ཐམས་ཅད་བསང་། ཀྱཻ། ཁ་བ་ཅན་དུ་ཆོས་སྐྱོང་བའི། །བོད་ཀྱི་མགུར་ལྷ་བཅུ་གསུམ་བསང་། །སྲིད་པ་ཆགས་པའི་ལྷ་དགུ་བསང་། །བོད་ཁམས་བརྟན་མ་བཅུ་གཉིས་
(༥༨)བསང་། །དྲེགས་པའི་དགེ་བསྙེན་ཐམས་ཅད་བསང་། །རི་བདུན་མཚོ་བདུན་གནས་པ༴ གླིང་བཞི་གླིང་ཕྲན་གནས་པ༴ ཆུ་བོ་རྣམས་ལ་གནས་པ༴ མངའ་རིས་བོད་ཀྱི་ལྷ་དགུ༴ དབུས་གཙང་ཨེ་གཉལ་ས་བདག་བསང་། །ཀོང་ཡུལ་རལ་གསུམ་ས་བདག༴ བྱར་དྭགས་སྤོ་བོའི་ས་བདག༴ འབྲི་སྟག་ཡུལ་གྱི་ས་བདག༴ ཧོར་སོགས་ཡུལ་གྱི་ས་བདག༴ རྒྱ་འཇང་གློ་མོན་ས་བདག༴ མདོ་ཁམས་ཕྱོགས་ཀྱི་ས་བདག༴ ཉི་ཤུ་རྩ་བཞི་ལ་སོགས་པའི། །གནས་ཆེན་ཡོངས་ཀྱི་སྲུང་མ༴ རྡོ་རྗེ་གདན་ལ་སོགས་པ་ཡི། །གཙུག་ལག་ཡོངས་ཀྱི་སྲུང་མ༴ པུཥྤ་ཧ་རི་ལ་སོགས་པའི། །གདན་ས་ཡོངས་ཀྱི་སྲུང་མ༴ ལ་ཕྱི་ཆུ་བར་ལ་སོགས་པའི། །དབེན་གནས་ཡོངས་ཀྱི་སྲུང་མ༴ སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་འཁོར་དང་བཅས་པ༴ ལྷ་བཙུན་རྡོ་རྗེ་འབར་བ་སོགས། །ཏེ་སེ་གངས་ཀྱི་ཞིང་སྐྱོང་༴ ཞིང་སྐྱོང་ཐང་སྲིན་འཁོར་བཅས་སོགས། །ལ་ཕྱི་ཕུ་མདའི་གཞི་བདག་བསང་། ཀྱཻ། ཙཱ་རི་ཡེ་ཤེས་འཁོར་ལོ་ནས། །ཀུན་དགའ་གཞོན་ནུ་ལ་སོགས་པའི། །ཞིང་སྐྱོང་རྒྱལ་པོ་འཁོར་བཅས༴ བདུད་མགོན་ནག་པོ་ལ་སོགས་པའི། །དྲེགས་པའི་དམ་ཅན་ཐམས་ཅད་བསང་། །རྡོ་རྗེ་གཡུ་སྒྲོན་ལ་སོགས་པའི། །ཞིང་སྐྱོང་མཁའ་འགྲོ་ཐམས་ཅད༴ དྭགས་ལྷ་
(༥༩)སྒམ་པོ་ལ་སོགས་པའི། །གཞི་བདག་གཉུག་མར་གནས་པ་བསང་། །ཡུལ་འདིའི་གཞི་བདག་ལ་སོགས་པའི། །ཡུལ་ཕྱོགས་འདིར་གནས་གཞི་བདག༴ གནས་གསུམ་སྐྱོང་བར་ཞལ་བཞེས་པའི། །གཞི་བདག་གཉུག་མར་གནས་པ༴ རང་ལ་འགོ་བའི་སྲུང་མ༴ ཕ་མེས་རྒྱུད་ཀྱི་སྲུང་མ༴ སློབ་དཔོན་རྒྱུད་ཀྱི་སྲུང་མ༴ དབེན་གནས་རྒྱུད་ཀྱི་སྲུང་མ༴ མཐོ་བ་གནམ་ལ་གནས་པ༴ དམའ་བསལ་གནས་པ༴ བར་སྣང་ཁམས་ལ་གནས་པ༴ སྣང་ཞིང་སྲིད་པའི་ལྷ་འདྲེ་བསང་། །རིགས་དྲུག་ལན་ཆགས་ཐམས་ཅད༴ ཉིན་རི་དཀར་ལ་གནས་པ༴ སྲིབ་རི་ནག་ལ་གནས་པ༴ བྲག་རི་དམར་ལ་གནས་པ༴ གཡའ་རི་སྔོ་ལ་གནས་པ༴ སྤང་རི་ལྗོང་ལ་གནས་པ༴ རྫ་རི་ནགས་ལ་གནས་པ༴ ནག་རི་འཐིབས་ལ་གནས་པ༴ འབབ་པ་ཆུ་ལ་གནས་པ༴ སྐྱེ་བ་ཤིང་ལ་གནས་པ༴ སྲ་བ་བྲག་ལ་གནས་པ༴ གཡོ་བ་རླུང་ལ་གནས་པ༴ འགྲོ་བ་ལམ་ལ་གནས་པ༴ སྡོད་པ་གནས་ལ་གནས་པ༴ སྟེང་གི་ལྷ་གཉན་ཐམས་ཅད༴ བར་གྱི་བཙན་གཉན་ཐམས་ཅད༴ འོག་གི་ཀླུ་གཉན་ཐམས་ཅད༴ །མཁར་གྱི་རྩེ་ལྷ་ཐམས་ཅད༴ ཕོ་ལྷ་དགྲ་བླ་ཐམས་ཅད༴ སྲོག་ལྷ་ཞང་ལྷ་ཐམས་ཅད༴ མ་ལྷ་བུ་རྫི་ཐམས་ཅད༴ མགོན་སྐྱོབས་བྱེད་
(༦༠)པའི་ལྷ་རྣམས་བསང་། །ནམ་ཟླ་དུས་བཞིའི་ལྷ་རྣམས་བསང་། །ལོ་སྐོར་བཅུ་གཉིས་ས་བདག༴ སྤར་ཁ་བརྒྱད་ཀྱི་ས་བདག༴ །སྨེ་བ་དགུ་ཡི་ས་བདག༴ ལོ་ཡི་ས་བདག་ཐམས་ཅད༴ ཟླ་བའི་ས་བདག་ཐམས་ཅད་བསང་། །ཞག་གི་ས་བདག་ཐམས་ཅད༴ བཅུ་གཉིས་ཁྱིམ་གྱི་ས་བདག་སོགས། །ཁྱིམ་གྱི་ལྷ་གཉན་ཐམས་ཅད༴ ཞིང་གི་ཞིང་ལྷ་ཐམས་ཅད༴ མདུན་ནས་བསུ་བའི་ལྷ་རྣམས༴ རྒྱབ་ནས་སྐྱེལ་བའི་ལྷ་རྣམས་བསང་། །རྒྱབ་བརྟེན་བྱེད་པའི་ལྷ་རྣམས༴ འཁོར་འདས་གཉིས་གཏོག་སྲུང་མ་བསང་།། ཀྱཻ། མ་ཡི་དམ་དགོངས་སུ་གསོལ། །བདག་སོགས་མ་རིག་དབང་གྱུར་པས། །དམ་ཚིག་ཉམས་ཆག་ཉེས་པའི་ཚོགས། །བསང་ངོ་ཚངས་སོ་མཐོལ་ལོ་བཤགས། །ཕྱི་ནས་ཉམས་གྲིབ་མི་གཙང་བསང་། །ནང་ནས་མ་རིག་མུན་པ་བསང་། །བར་ནས་ལས་ངན་སྡིག་སྒྲིབ་བསང་། །སྐབས་འདིར་ཚོགས་གཏོར་གསེར་སྐྱེམས་འབུལ་བ་ནི། ཀྱཻ། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་བརྙེས་ནས། །འཕོ་འགྱུར་མེད་པར་འགྲོ་བའི་དོན་མཛད་པའི། །པདྨ་འབྱུང་གནས་བདག་གིས་སྤྱི་བོར་བཞུགས། །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་ལ། །དངོས་བཤམས་ཡིད་སྤྲུལ་ཕྱི་ནང་གསང་མཆོད་འབུལ། །ཚོགས་དང་གཏོར་མ་དམ་རྫས་གསེར་སྐྱེམས་འབུལ། །མཆོག་
(༦༡)དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །མི་མཐུན་རྐྱེན་དང་བར་ཆད་འདུད་དཔུང་ཆོམས། །སྡིག་སྒྲིབ་མི་གཙང་ཚོགས་རྣམས་དག་པ་དང་། །ནད་གདོན་བགེགས་སོགས་ཕྱི་ནང་བར་ཆད་ཞི། །ཚེ་བསོད་དཔལ་འབྱོར་མཐའ་དག་གོང་འཕེལ་ཞིང་། །དགེ་ལེགས་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ཞེས་རྗེ་དགུ་པའི་ཞལ་གསུང་མ་དང་། དེ་ལྟར་མདོ་རྒྱུད་རྣམས་ལས་བདུག་སྤོས་སྣ་ཚོགས་ཀྱི་མཆོད་སྤྲིན་བཟང་པོ་སྤྱོད་པའི་སྟོབས་སུ་གསུངས་པ་དང་། རྗེས་མཐུན་ཀུན་རྫོབ་བསང་གིས་མགྲོན་བཞི་མཉེས་པར་བྱས་ནས། དོན་དམ་གྱི་བསང་མཆོད་ནི། བརྗོད་བྱའི་དོན་ཡིད་ལ་དྲན་བཞིན་པས། སྡོམ་པ་དམ་ཚིག་ཚུལ་ཁྲིམས་དྲི་བསྲུང་གིས། །འཆལ་བའི་དྲི་མ་ཐམས་ཅད་བསང་བྱས་ནས། །འཕགས་པའི་ཚོགས་རྣམས་དགྱེས་པའི་བྱིན་རླབས་ཀྱིས། །འགྲོ་ཀུན་ཚུལ་ཁྲིམས་དྲི་དང་ལྡན་གྱུར་ཅིག །དཀར་པོ་དགེ་བཅུ་སྤྱད་པའི་དྲི་བཟང་གིས། །སྡིག་སྤྱོད་མི་དགེའི་དྲི་མ་བསང་བྱས་ནས། །དཀར་ཕྱོགས་ལྷ་ཀླུ་དགྱེས་པའི་ནུས་པ་ཡིས། །སྣོད་བཅུད་མ་ལུས་བདེ་སྐྱིད་ལྡན་གྱུར་ཅིག །ཡུལ་ལྷ་གཞི་གནས་བདག་པོ་ཐམས་ཅད་ཀྱང་། །ལྷག་བསམ་རྣམ་དག་དྲི་བསྲུང་འདིས་བསང་པས། །ཕྲག་དོག་གདུག་རྩུབ་དྲི་མ་བསང་བྱས་ཏེ། །བྱམས་དང་སྙིང་རྗེའི་དྲི་བཟང་གོས་གྱུར་ཅིག །གཙང་ཞིང་གཙང་མའི་རྒྱུ་ཚེགས་ལས་བྱུང་ཞིང་། །དགའ་དང་སྤྲོ་བའི་རྩོལ་བས་
(༦༢)རབ་སྦྱར་བའི། །བསང་མཆོད་གདུག་སྤོས་ཟས་མཆོག་རྒྱ་ཆེན་པོས། །འདིར་ཚོགས་འབྱུང་པོ་མ་ལུས་ཚིམས་གྱུར་ཅིག །དེ་ཡི་མཐུ་ལས་བདག་ཅག་འཁོར་བཅས་ཀྱི། །མི་ནོར་ཕྱུགས་རྣམས་གོད་ཁ་ཡོངས་ལས་གྲོལ། །འབྱོར་པ་ཕུན་སུམ་ཚོགས་པ་འཕེལ་ཞིང་རྒྱས། །བསམ་དོན་ཆོས་བཞིན་འགྲུབ་པའི་དངོས་གྲུབ་སྩོལ། །ཞེས་གར་དབང་རྡོ་རྗེ་འཆང་གི་ངོ་བོ་ཐམས་ཅད་མཁྱེན་པ་དཔལ་དཀོན་མཆོག་ཤཱཀྱ་མཆོག་གི་གཙོ་བོའི་འབངས་རབ་ཏུ་ཚེས་པའི་ཞལ་སྔ་ནས་གསུངས་པའོ། །ཨོཾ་ཨཱཧཱུྃ། ཕྱི་སྣོད་ཀྱི་འཇིག་རྟེན་དྲི་མ་བསང་། །ཞིང་པདྨ་འོད་ཀྱི་རྣམ་པར་གྱུར། །ནང་བཅུད་ཀྱི་འགྲོ་བའི་དྲི་མ་བསང་། །ལུས་འཇའ་ལུས་རྡོ་རྗེ་ལྟ་བུར་གྱུར། །རྫས་འདོད་རྒུའི་ལོངས་སྤྱོད་དྲི་མ་བསང་། །ཡིད་བསམ་པ་གང་འདོད་བདུད་རྩིར་གྱུར། །དེ་ཡར་ལྷ་དཀོན་མཆོག་སྐྱབས་གནས་མཆོད། །སྐྱབས་ཐུགས་རྗེས་འགྲོ་དྲུག་ཡོངས་ལ་ཁྱབ། །དགོས་འདིར་ཚོགས་བསམ་དོན་ཆོས་བཞིན་འགྲུབ། །དཔལ་བཀྲ་ཤིས་ཟླ་རྒྱས་ཡར་གྱི་ངོ། །གནས་ཁམས་གསུམ་ཡོངས་ལ་ཁྱབ་པར་ཤོག །ཅེས་པ་འདིའང་རྗེ་དགུ་པས་མཛད་པའོ། །འདིར་གདན་ས་གོང་འོག་གི་ཕྱག་སྲོལ་ལས་འབྱུང་བའི་མགྲོན་ཐབས་ཀྱི་སྲུང་མ། །གཞི་གནས་ཀྱི་བདག་པོ་རྣམས་ཀྱི་བསང་མཆོད་དང་། གཞན་ཡང་རང་རང་གི་ཡུལ་ལྷའི་བསང་མཆོད་དམིགས་བསལ་བ་བགྱི་པར་འདོད་པ་རྣམས་འདིར་སྦྱར་རོ།། །།
(༦༣)དེ་ནས་བརྔན་བྱ་བ་ནི། བརྔན་གཏོར་བཅའ་ཐབས་གཞན་ནས་འབྱུང་བ་ལྟར་མཛེས་པར་བྱས་པ་ལ་ཆབ་དང་། བདུད་རྩིས་བྲན། ཕྱེ་མར་སོགས་ཅི་འབྱོར་བའི་མཆོད་པ་བསང་ཁང་ལ་འབུལ་བ་ཞིང་། རྒྱས་པར་སྔགས་དྲུག་ཕྱག་དྲུག་གམ། བསྡུ་ན་གོང་དུ་མཆོད་པ་བྱིན་བརླབ་སོང་བ་དེས་ཆོག་མོད། སྤྲོ་ན་སློབ་དཔོན་པདྨས་མཛད་པའི་བརྔན་བྱིན་བརླབ་ནི། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲུཾ་ཡིག་ཡོངས་སུ་གྱུར། །རིན་ཆེན་རི་རབ་བང་རིམ་བཞི་དང་ལྡན། །ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻ་ཌཱུརྻ། །ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར་ལས་གྲུབ། །དེ་ཡི་དབུས་སུ་ཁཾ་ཡིག་ཡོངས་སུ་གྱུར། །འདོད་ཡོན་ཞལ་ཟས་དྭངས་ཤིང་ཐོགས་པ་མེད། །མཁོ་རྒུའི་ལོངས་སྤྱོད་འདོད་རྒུའི་དཔལ་འབྱོར་ལྡན། །དཔག་བསམ་ཤིང་ལྟར་འདོད་ཡོན་ཆར་འབེབས་གྱུར། །རི་རབ་དེ་ཡི་ཕྱོགས་བཞི་མཚམས་རྣམས་སུ། །ཏི་ཡིག་རེ་རེ་ཡོངས་སུ་གྱུར་པ་ལས། །གཟུགས་འགྲོས་རིན་ཆེན་ལྔ་ལས་གྲུབ་པ་ཡི། །ཁུ་བྱུག་ཤང་ཤང་རྨ་བྱ་ནཻ་ཙོ་དང་། །བྱ་རྒོད་ཁྲུང་ཁྲུང་ངང་པ་དཀར་སེར་སོགས། །བྱ་ནག་གསེར་མིག་ལྕགས་ཀྱི་བྱ་ཁྲ་དང་། །གནམ་ལ་འཕུར་བའི་འདབ་ཆགས་སྣ་ཚོགས་རྣམས། །འཕུར་འཇུམ་ལྡིང་གསུམ་རྩེ་བའི་ཉམས་དང་ལྡན། །སེང་གེ་དར་མ་སྟག་གཟིག་དོམ་དྲེད་དང་། །ཁྱི་ནག་ལྕགས་
(༦༤)སྤྱང་ཕག་རྒོད་སྲེ་མོང་དང་། །སྡེར་ཆགས་རྣམས་ཀྱང་ངར་སྐད་ཁྲོ་ལོ་ལོ། །གླང་ཆེན་སྟོབས་ལྡན་གཡག་ལུག་ར་གསུམ་དང་། །མཛོ་འབྲི་བ་གླང་དུར་གདང་ཆེམས་སེ་ཆེམ། །རྟ་མཆོག་རྒྱལ་པོ་དྲིལ་དང་བོང་བུ་དང་། །རྨིག་ཟླུམ་རྣམས་ཀྱང་མཚེར་སྐད་ལྷངས་སེ་ལྷང་། །གསེར་རྟ་དུང་ལུག་ཤེལ་ར་གཡུ་འབྲི་རྣམས། །མཛེས་སྡུག་ཡིད་འོང་རྫུ་འཕྲུལ་བསམ་མི་ཁྱབ། །ཤ་བ་རྣ་བ་དགོ་བ་འབྲོང་རྐྱང་གཙོད། །བསྭེེ་ཉན་སྤྲེའུ་བྱི་བ་སྔོན་པོ་དང་། །རི་དྭགས་རྣམས་ཀྱང་རྩེ་ཀྱུ་སྤྲིངས་སེ་སྤྲིང་། །ཆུ་སྲིན་རྒྱལ་པོ་གསེར་ཉ་དུང་དང་སྦལ། །བིར་སྤྲུལ་ཆུ་གནས་སྣ་ཚོགས་རྐྱལ་དང་འཕྱོ། །གཟུགས་འགྲོ་སྣ་ཚོགས་ཡིད་འོང་དེ་དག་ཀྱང་། །དབང་པོ་དྲུག་གི་སྒོ་རྣམས་ཚང་བ་དང་། །རྭ་ལ་རིན་ཆེན་ལྔ་ཡི་འོད་ཟེར་འཕྲོ། །མིག་གཉིས་ཉི་ཟླ་ཡིད་དུ་འོང་བའི་གཟུགས། །སྤུ་ལས་རིན་ཆེན་སྣ་ཚོགས་ཆར་འབེབས་ཤིང་། །རྨིག་བཞི་རྫུ་འཕྲུལ་རྐང་པ་བཞི་དང་ལྡན། །རྔ་མ་སྤྲིན་ཕུང་བདུད་རྩིའི་ཆར་རྒྱུན་འབེབས། །བརྔན་པའི་ཡོ་བྱད་སོ་སོའི་བཤོས་བུ་དང་། །སྦ་སྨྱུག་ཤིང་རྩི་རྣམས་ཀྱང་ལྡེམས་སེ་ལྡེམ། །བལ་ཚོན་སྣ་ལྔའི་སྤྲིན་ཕུང་ཐིབས་སེ་ཐིབ། །དར་ཚོན་སྣ་ལྔའི་འཇའ་ཚོན་ཁྱུགས་སེ་ཁྱུག །སྨན་དང་བདུད་རྩིའི་དད་པ་ཆི་ལི་ལི། །འདོད་ཡོན་བསང་གི་དུད་པ་སྤྲིན་ལྟར་གཏིབས། །དེ་འདྲའི་དམ་རྫས་མཆོད་སྤྲིན་མང་པོ་ཡིས། །
(༦༥)རྩ་གསུམ་དཀྱིལ་འཁོར་ལྷ་ལ་དགྱེས་མཆོད་འབུལ། །ལྷ་བསྲུང་གཉན་པོ་རྣམས་ཀྱང་སོ་སོར་བརྔན། །འབྱུང་པོ་ལན་ཆགས་ཐམས་ཅད་སོ་སོར་འཇལ། །བསྔོས་བཞིན་ཐོབས་ནས་དགའ་མགུ་རངས་པ་དང་། །རྣམ་པ་ཀུན་ཏུ་དགེ་བའི་སྟོང་གྲོགས་མཛོད། །དཀོན་མཆོག་རྣམས་ཀྱིས་བྱིན་རླབས་དངོས་གྲུབ་སྩོལ། །ཅེས་བྱིན་གྱིས་བརླབ་ནས། ཧཱུཾ། བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བའི། །འཇིག་རྟེན་དབང་སྒྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཨོ་རྒྱན་རྒྱལ་པོའི་སྲས་སུ་འཁྲུངས། །ཟ་ཧོར་ཡུལ་དུ་སྒྲོ་འདོགས་ཐམས་ཅད་བཅད། །བསིལ་བ་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། །ཁ་བ་ཅན་དུ་གདུག་པ་ཅན་རྣམས་བཏུལ། །བོད་ཡུལ་དབུས་སུ་བསྟན་པའི་རྒྱལ་མཚན་བཙུགས། །ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀ །མཉམ་མེད་བླ་མ་མཆོག་ནི་དུས་འདིར་དྲན། །པདྨ་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། བླ་མ་ཡི་དམ་དཀོན་མཆོག་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷ། །ཕྱི་ནང་སྲུང་མའི་ཚོགས་རྣམས་དང་། །གསང་སྔགས་རིག་སྔགས་ལྷ་རྣམས་དང་། །འདས་དང་མ་བྱོན་ད་ལྟར་
(༦༦)གྱི། །ལྷ་དང་སྲུང་མ་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །འཇིག་རྟེན་གནས་འདིར་མཆོག་གྱུར་པའི། །སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་། །དགེ་བསྙེན་ཆེན་པོ་བྱིན་རླབས་ཅན། །འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན། །སྟོན་པའི་བསྟན་པ་བསྲུང་བ་དང་། །སྒྲུབ་པའི་སྟོང་གྲོགས་བྱེད་པ་དང་། །མི་མཐུན་བར་ཆད་སེལ་བ་དང་། །དགྲ་དང་བགེགས་རྣམས་གཞོམ་པ་དང་། །རྣལ་འབྱོར་ཕྲིན་ལས་བཅོལ་བ་དང་། །ཡོན་བདག་འགལ་རྐྱེན་བསལ་བའི་ཕྱིར། །བླ་མ་ཡིད་དམ་དཀོན་མཆོག་གསུམ། །ཆོས་སྐྱོང་མཁའ་འགྲོ་མཆོད་པ་དང་། །དགེ་བསྙེན་ཐམས་ཅད་བརྔན་པའི་ཕྱིར། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །བསྟན་པ་དར་ཞིང་རྒྱས་པར་མཛོད། །ཀུན་ཀྱང་བཤད་པའི་ཆོས་ལ་ཉོན། ཧཱུཾ༴ །མ་ལུས་སེམས་ཅན་ཀུན་གྱི་མགོན། །རྒྱལ་བ་ཤཱཀྱ་ཐུབ་པ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །རིགས་ཀྱི་ཡུམ་ཆེན་ལྔ་པོ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །དུས་གསུམ་མཆོག་གི་མཆོད་པ་འབུལ། །དཔལ་
(༦༧)ཆེན་འཁོར་བཅས་ཚོགས་ཀྱིས་མཆོད། །འཕགས་པ་འོད་སྲུང་ལ་སོགས་པའི། །ཉན་ཐོས་ཆེན་པོ་མཆོག་བརྒྱད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བྷ་ར་དྷ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་བཅུ་དྲུག་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །དྲུག་པ་རྡོ་རྗེ་འཆང་ཆེན་དང་། །རྩ་བ་བརྒྱུད་པའི་བླ་མ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །ཨིནྡྲ་བོ་དྷི་ལ་སོགས་པའི། །རྣལ་འབྱོར་གྲུབ་ཆེན་བརྒྱད་ཅུ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། །གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བདེ་མཆོག་དགྱེས་རྡོར་གསང་འདུས་དང་། །གདན་བཞི་མ་ཧཱ་མ་ལ་དང་། །གཤིན་རྗེ་གཤེད་དང་དགྲ་ནག་དང་། །འཇིགས་བྱེད་ཕུར་པའི་ལྷ་ཚོགས་སོགས། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ནུབ་ཕྱོགས་ཨོ་རྒྱན་གནས་མཆོག་ནས། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །གནས་མཆོག་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་དཔའ་མོ་
(༦༨)ཐམས་ཅད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །སློབ་དཔོན་པདྨ་རྒྱལ་པོ་དང་། །རྒྱ་གར་ནུབ་ཕྱོགས་ཐམས་ཅད་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །ན་བཟའ་ལྷབ་ལྷུབ་དར་དང་ནི། །རྒྱན་ཆའི་མཆོད་པ་སྣ་ཚོགས་ཀྱིས། །ལྷ་ཡི་དབང་པོ་བརྒྱ་བྱིན་བརྔན། །ཚངས་པ་གསེར་གྱི་ཕྱེ་མས་བརྔན། །རྒྱལ་ཆེན་སྡེ་བཞི་སྟག་གིས་བརྔན། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །ཤ་ཁྲག་དམར་གྱི་གཏོམ་མ་ཡིས། །ལེགས་ལྡན་མགོན་པོ་ནག་པོ་བརྔན། །བདུད་རྩི་ཤ་ཁྲག་གསེར་སྐྱེམས་དང་། །མཁའ་ལྡིང་ནག་མོ་གསེར་མིག་གིས། །དཔལ་ལྡན་ལྷ་མོ་ནག་མོ་བརྔན། །ལྷ་རྣམས་འདོད་ཡོན་ལྔ་ཡིས་བརྔན། །ལྷ་མིན་མེ་ཏོག་ཕྲེང་བས་བརྔན། །ཀླུ་རྣམས་དཀར་གསུམ་གཏོར་མས་བརྔན། །གཉན་རྣམས་དར་དང་སྟག་གིས་བརྔན། །ས་བདག་གསེར་དང་དངུལ་གྱིས་བརྔན། །ལྷ་མོ་བརྟན་མ་བུམ་པས་བརྔན། །དྲི་ཟ་དྲི་དང་གསུར་གྱིས་བརྔན། །སྲིན་པོ་ཤ་ཡི་གཏོར་མས་བརྔན། །ལྟོ་འཕྱེ་གྲུལ་བུམ་མིའམ་ཅི། །མཆོད་པ་སྣ་ཚོགས་གཏོར་མས་བརྔན། །པེ་ཧར་སྦ་དང་སྙུག་གིས་བརྔན། །དགེ་བསྙེན་ཤ་དང་ཆང་གིས་བརྔན། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ལ། །ཡིད་དང་མཐུན་པའི་གཏོར་མ་འབུལ། །གོང་ཀའི་བཙན་རྣམས་གོང་ཀར་བརྔན། །དམུ་
(༦༩)བདུད་སོ་སོའི་གནས་སུ་བརྔན། །ལན་ཆགས་གཏོར་མས་ལན་ཆགས་བརྔན། །དམ་སྲི་དམ་འདྲེ་དམ་ལ་བཏགས། །རྒྱ་མཚོའི་ནང་གི་ཀླུ་ཆེན་བརྒྱད། །ཀླུ་རྟ་རྒྱན་དང་བཅས་པས་བརྔན། །བར་སྣང་གནས་པའི་གཟའ་ཆེན་བརྒྱད། །ཙ་ར་རོག་པོའི་སྙིང་གིས་བརྔན། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བློན་པོ་སུམ་ཅུ་སོ་བདུན་ནི། །རིན་ཆེན་དངུལ་གྱི་ཕྱེ་མས་བརྔན། །འཕྲོག་མ་མ་བུ་ལྔ་བརྒྱ་ཡང་། །ལྔ་བཅངས་ལན་ཆགས་གཏོར་མས་བརྔན། །རིགས་ཀྱི་སྲུང་མ་ཐམས་ཅད་ལ། །སོ་སོར་མོས་པའི་གཏོར་མས་བརྔན། །སྒོ་བཞིའི་སྲུང་མ་དོང་ཙེས་བརྔན། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །བདག་གི་དགེ་བའི་སྟོང་གྲོགས་མཛོད། །ཧཱུཾ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱང་ཆུབ་ཐུགས་སུ་ཆུད་པའི་ས། །རྡོ་རྗེ་གདན་གྱི་ས་བདག་བརྔན། །རྒྱ་གར་ཤར་ནུབ་རི་བོ་དང་། །མ་མོ་མཁའ་འགྲོ་འདུ་བའི་ས། །རི་བོ་ཆེན་པོ་ཏ་ལ་ན། །གནས་པའི་ས་བདག་ཀླུ་གཉན་བརྔན། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བྱ་རྒོད་སྤུངས་པའི་རི་དང་ནི། །སྤོས་ངང་ལྡན་པའི་རི་བོ་ལ། །གནས་པའི་ས་བདག་ཀླུ་གཉན་བརྔན། །ཙཱ་རི་ཙཱ་གོང་ལ་སོགས་པར། །གནས་པའི་ས་བདག་ཀླུ་གཉན་བརྔན། །རྒྱ་གར་
(༧༠)ཤར་ཕྱོགས་ས་བདག་བརྔན། །བསིལ་བ་ཚལ་གྱི་དུར་ཁྲོད་དང་། །རྔམ་པ་ཡི་ནི་སྒྲ་སྒྲོགས་དང་། །ཧ་ཧ་རྒོད་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་ལ་གནས་པ་བརྔན། །བདག་གི་དགེ་བའི་སྟོང་གྲོགས་མཛོད། །བལ་ཡུལ་གསེར་ཕུག་ལ་སོགས་པའི། །བལ་པོའི་ས་བདག་ཀླུ་རྣམས་བརྔན། །ཏི་སེ་གངས་ལ་སོགས་པ་ཡི། །རྗེ་ཡི་མགུར་ལྷ་བཅུ་གསུམ་བརྔན། །མ་ཕམ་གཡུ་མཚོ་ལ་སོགས་པའི། །མཚོ་ལ་གནས་པའི་ཀླུ་རྣམས་བརྔན། །རི་བོ་གནྡྷ་ལ་སོགས་པའི། །མངའ་རི་སྐོར་གསུམ་ས་བདག་བརྔན། །ལྕང་ར་སྨག་པོ་ལ་སོགས་པའི། །ལི་ཡུལ་ས་བདག་ཀླུ་གཉན་བརྔན། །ཧཱུཾ། ཡུལ་ནི་རྡོ་རྗེ་བྲག་དམར་གྱི། །སྲིང་གཅིག་ཤ་མེད་གངས་དཀར་མ། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་རྨ་ཆེན་སྤོམ་ར་ཡི། །སྲིང་གཅིག་ཁ་རག་ཁྱུང་བཙུན་མ། །ཆིབས་སུ་གྱི་ལིང་ཁ་དཀར་ཆིབས། །བཤོས་བུ་སྙིང་དང་གཏོར༴ ཡུལ་ནི་མ་ཧཱ་དེ་ཝཱ་ཡི། །སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་དབུ་རུ་སྙིང་ཚལ་གྱི། །སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ། །ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས། །བཤོས་བུ་སྙིང་དང་གཏོར་མས།
(༧༡)ཡུལ་ནི་ལྷོ་ཕུག་དེ་སྙིང་ན། །སྲིང་གཅིག་སྐྱི་མཐིང་ཡ་མ་སྐྱོང་། །ཆིབས་སུ་གསེར་ཤ་ཡུ་མོ་ཆིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་ཡན་ཤིང་དེ་གྲོངས་ན། །སྲིང་གཅིག་ཨུག་ཆོས་གཡར་མོ་བསིལ། །ཆིབས་སུ་རུས་སྦལ་མགོ་དགུ་ཆིབས། །བཤོས་བུ་སྙིང་དང་༴ ཡུལ་ནི་བལ་ཡུལ་གསེར་ཕུག་ན། །ཨེ་ཀ་ཛཱ་ཌི་རལ་གཅིག་མ། །ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས། །བཤོས་བུ་སྙིང་དང་༴ ཡུལ་ནི་ན་ལེ་ཤིང་ལེ་ན། །བཙན་ལ་རོལ་པའི་སྨན་གཅིག་མ། །ཆིབས་སུ་གཟིག་ཆེན་ཐིག་ལེ་ཆིབས། །བཤོས་བུ་སྙིང་དང་གཏོར༴ ཡུལ་ནི་ཀོང་ཡུལ་སྒོང་ཕུག་ན། །གངས་ཀྱི་ཡུམ་ཆེན་གཡུ་བུན་མ། །ཆིབས་སུ་སྟག་མོ་རི་བཀྲ་བཅིབས། །བཤོས་བུ་སྙིང་དང་༴ ཡུལ་ནི་མང་ཡུལ་རཀྟི་ན། །ཆེ་ཞེ་གཙུག་འཆང་འོད་འབར་མ། །ཆིབས་སུ་འབྲོང་ཆེན་དར་མ་བཅིབས། །བཤོས་བུ་སྙིང་དང་༴ ཡུལ་ནི་དབུ་རུ་སྙིང་པོ་ཡི། །བྱང་གི་སྨན་བཙུན་ཏེང་མོ་བཙུན། །ཆིབས་སུ་འབྲོང་ཆེན་འགྱིང་བ་བཅིབས། །བཤོས་བུ་སྙིང་དང་༴ ཡུལ་ནི་གནུབ་ཡུལ་དགོན་ཚལ་གྱི། །བརྔོ་ལྷ་བཙན་པོ་གདུག་པ་འདུལ། །ཆིབས་སུ་དོམ་བུ་སྙིང་དཀར་བཅིབས། །བཤོས་བུ་སྙིང་དང་གཏོར་མས་བརྔན། །ཁ་རག་ཁྱུང་
(༧༢)བཙུན་ལ་སོགས་པའི། །གཙང་གི་ས་བདག་ཀླུ་གཉན་བརྔན། །གཉན་ཆེན་ཐང་ལྷ་ཡར་ཞུར་དང་། །བར་ལྷ་བཙད་པོ་ལ་སོགས་པའི། །དབུ་རུ་ཉིན་སྲིབ་ས་བདག་བརྔན། །ཡར་ལྷ་ཤམ་པོ་ལ་སོགས་པའི། །ཡར་ཀླུང་ས་བདག་ཐམས་ཅད་བརྔན། །ཡར་འབྲོག་གཡུ་མཚོ་ཕྱུག་མོ་བརྔན། །བྱང་གི་གནམ་མཚོ་ཕྱུག་མོ་བརྔན། །གཙང་གི་ལྷ་རྒོད་མདུང་རྩེ་བརྔན། །འོ་དེ་གུང་རྒྱལ་ལ་སོགས་པའི། །མྱང་པོའི་ས་བདག་ཐམས་ཅད་བརྔན། །སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་ས་བདག་ཐམས་ཅད་བརྔན། །ཀོང་བཙུན་དེ་མོ་ལ་སོགས་པའི། །ཀོང་ཡུལ་ས་བདག་ཐམས་ཅད་བརྔན། །སོག་གི་དགེ་བསྙེན་ལ་སོགས་པའི། །ནགས་ཤོད་ཆུ་རྒྱུད་དགེ་བསྙེན་བརྔན། །རོང་ལྷ་དེ་ནི་རྒྱལ་མཚན་དང་། །མོ་ནམ་མཆེད་བརྒྱད་འོད་ཕྲོམ་དང་། །རོང་བཙན་ཁ་བ་དཀར་པོ་དང་། །དམག་དཔོན་དགྲ་འདུལ་དབང་ཕྱུག་སོགས། །ཚ་བ་སྒང་གི་ས་བདག་བརྔན། །རྡོ་རྗེ་དཔལ་བརྩེགས་ལ་སོགས་པའི། །སྤོ་འབོར་སྒང་གི་ས་བདག་བརྔན། །གཟེ་ཡི་དམག་དཔོན་གྭ་བ་དང་། །ལྕི་ཡི་བྲག་ལ་མདའ་ཟུག་དང་། །ཟླ་སྙིང་དཀར་ནག་སུམ་མདོ་ཡི། །ས་བདག་ཀླུ་གཉན་ཐམས་ཅད་བརྔན། །རྩི་ཡི་བང་སྒོད་མདུང་རྩེ་དང་། །རྡོ་ཏི་གངས་དཀར་མཆེད་བརྒྱད་དང་། །རྫ་
(༧༣)ཡི་ས་བདག་ཀླུ་གཉན་བརྔན། །ཟླ་ཁྲ་ལྡོང་སྙིང་མི་འགྱུར་དང་། །གེར་མཛོ་རི་བོ་དབང་ཞུ་དང་། །མི་མགོན་དཀར་པོ་ལ་སོགས་པའི། །སྨར་ཁམས་སྒང་གི་ས་བདག་བརྔན། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །སྒྱོགས་ཆེན་གདོང་ར་ལ་སོགས་པའི། །འབྲི་ཀླུང་ཉིན་སྲིབ་ས་བདག་བརྔན། །ཀྱཻ། ཤར་གྱི་རྨ་ཆེན་སྤོམ་ར་ནི། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །སྲིང་ལྕམ་བཞི་བཅུ་ཞེ་ལྔ་དང་། །རྨ་ཉིན་སྲིབ་ས་བདག་ཀླུ་གཉན་བརྔན། །བེ་རི་ཡི་ནི་དུག་མཚོ་དང་། །སྟོང་རི་ཡི་ནི་མཚོ་ནག་དང་། །དྭ་འུའི་ཚྭ་མཚོ་དཀར་མོ་དང་། །ཁྲི་ཤོད་རྒྱལ་མོའི་མཚོ་དང་ནི། །ཙོང་ཁ་ཡི་ནི་མཚོ་སྔོན་དང་། །མཚོ་སྨན་ཕྱུག་མོ་སྤུན་ལྔ་བརྔན། །བསྐྱེད་རི་གཉན་པོ་ལ་སོགས་པའི། །ཙོང་ཁ་ཉིན་སྲིབ་ས་བདག་བརྔན། །ཨཉྫ་རི་དང་ཧ་ལ་ཤན། །གྷ་དང་བྱང་ངོས་ས་བདག་བརྔན། །རྨ་ལུང་དན་ཏིག་དགོན་པ་ཡི། །གཞོན་ནུ་ཀཱརྟི་ཀ་ཡཱ་བརྔན། །ཞོ་ཤ་ལྷ་པོ་ཆེ་ལ་སོགས། །དབྱར་མོ་ཐང་གི་ས་བདག་བརྔན། །རྩི་ཡི་བང་རྒོད་མཐོན་པོ་དང་། །པོ་ཏི་བྲག་དམར་སྒང་རྒྱད་བརྔན། །ཡོད་ཤིང་ཤེལ་ལུང་ཕྱུག་མོ་དང་། །ཁྲི་ཁ་གཡག་ལུང་རལ་གསུམ་བརྔན། །རྨ་ཁྲི་རལ་གསུམ་ས་བདག་བརྔན། །སྐུ་བེར་ཞང་གསུམ་ས་བདག་བརྔན། །གཉན་གོང་གཉན་
(༧༤)དམར་ས་བདག་བརྔན། །བྲག་དམར་བྱ་རྒོད་ལ་སོགས་པའི། །ཐེབ་ཆུ་ཉིན་སྲིབ་ས་བདག་བརྔན། །ལྷ་སྲིན་མ་མོ་བྱེ་བའི་ཡུལ། །འོ་དེ་རལ་གསུམ་ས་བདག་བརྔན། །ཤིན་ཏུ་ཁྲོ་གཏུམ་ཆེ་བའི་ཡུལ། །རྒྱལ་མོ་རོང་གི་ས་བདག་བརྔན། །འཇང་རི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་ས་བདག་ཀླུ་གཉན་བརྔན། །ཤར་ཀྱི་ཕྱོགས་ཀྱི་འོ་དེ་ཤན། །རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ས་བདག་ཀླུ་གཉན་བརྔན། །སྐམ་དང་གཤེར་ལ་གནས་པ་ཡི། །ས་བདག་ཀླུ་གཉན་ཐམས་ཅད་བརྔན། །ཤིང་ལ་གནས་པའི་གཉན་རྣམས་བརྔན། །ས་ལ་གནས་པའི་ས་བདག་བརྔན། །ཆུ་ལ་གནས་པའི་ཀླུ་རྣམས་བརྔན། །རྡོ་ལ་གནས་པའི་གཏོད་རྣམས་བརྔན། །ལམ་ལ་གནས་པའི་བཙན་རྣམས་བརྔན། །ཁྱེད་རྣམས་ཁ་རྗེ་དབང་ཐང་ཆེ། །མཐུ་དང་ནུས་པ་སོ་སོར་ཆེ། །བསང་དང་མཆོད་པ་བྱས་པ་ཡི། །མཉེས་ཤིང་དགྱེས་གྱུར་དགའ་བ་དང་། །མགུ་ཞིང་བསམ་པ་རངས་པ་དང་། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །གཉིས་མེད་ཡེ་ཤེས་ཐོབ་པར་ཤོག །བསང་དང་མཆོད་བརྔན་བྱས་པའི་མཐུས། །མི་གཙང་ཉམས་གྲིབ་ལ་སོགས་པའི། །མཛེ་གྲིབ་དམེ་གྲིབ་གཤིན་གྲིབ་དང་། །གྲིབ་དང་མི་གཙང་སངས་གྱུར་ཅིག །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་
(༧༥)གསུམ་མ་བཏང་ཞིག །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །མདུན་ནས་སུས་ལ་རྒྱབ་ནས་སྐྱོལ། །ལེགས་ཁ་ཟུངས་ལ་རྒྱལ་ཁ་སྟོང་། །མཐུན་པའི་སྟོངས་གྲོགས་རྒྱབ་བརྟེན་མཛོད། །ནད་ཡམས་འཁྲུགས་རྩོད་ཀུན་ཞི་ནས། །འགྲོ་བ་བདེ་ལ་འགོད་པར་ཤོག །ས་ཆུ་མེ་རླུང་ལ་སོགས་པའི། །འབྱུང་བའི་གནོད་པ་ཞི་བར་མཛོད། །ཞི་བ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། དེ་ལྟར་སློབ་དཔོན་སངས་རྒྱས་གཉིས་པ་པདྨ་ཀཱ་རས་བསམ་ཡས་ས་འདུལ་གྱི་དོན་དུ་མཛད་པའི་རྒྱགས་བརྔན་ཆེན་མོ་ཕན་ཡོན་བསམ་ལས་འདས་པ་འདི་ཉིད་ཟུར་མཁར་རྡོའི་མཆོད་རྟེན་སོགས་སུ་སྦ་བར་མཛད་པ། རྒྱལ་སྲས་ལེགས་པ་སོགས་ཀྱི་གཏེར་སྙིང་ལས་འབྱུང་བའོ། །དེ་ནས་བརྔན་གཏོར་བཏེགས་ལ་འདི་སྐད་དོ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །དམ་ལ་བཏགས་པའི་ལྷ་འདྲེ་རྣམས། །ཐམས་ཅད་འདིར་བྱོན་བདག་ལ་དགོངས། །ང་སློབ་དཔོན་དེ་ཡི་རིག་འཛིན་ཡིན། །ཁྱོད་དམ་ལ་བཏགས་པའི་ལྷ་འདྲེ་ཡིན། །བརྔན་གྱི་དམ་རྫས་འདི་བཞེས་ལ། །བཀའ་དང་དམ་ལས་མ་འདའ་ཞིག །ཀྱཻ། ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི། །དཀར་མོ་གཡང་མོའི་ལུག་བརྒྱ་འབུལ། །ཁྲ་བོ་ཅང་ཤེས་རྟ་བརྒྱ་འབུལ། །ཁམ་པ་འགྱིང་པའི་
(༧༦)གཡག་བརྒྱ་འབུལ། །དཀར་གཏོར་དམར་གཏོར་ཚོགས་ནི་སྤུངས་སེ་སྤུང་། །འབྲང་རྒྱས་ཞལ་དཀར་རི་ལྟར་ཟངས་སེ་ཟང་། །འབྲི་གཡག་རྣམས་ཀྱང་དུར་སྒྲ་ཆེམས་སེ་ཆེམ། །ར་ལུག་རྣམས་ནི་འབའ་སྒྲ་དི་རི་རི། །སྙན་བྱ་རྣམས་ཀྱང་གསུང་སྙན་ཀྱུ་རུ་རུ། །མཛོ་གཡག་རྣམས་ཀྱང་དུར་དང་ཟངས་སེ་ཟང་། །ཅང་ཤེས་རྣམས་ཀྱང་རྨིག་བཞི་ཁྲ་ལ་ལ། །བ་གླང་རྣམས་ཀྱང་དུར་སྒྲ་དི་རི་རི། །ལྟོ་འཕྱེ་རྣམས་ཀྱང་གྱད་འགྲོས་ཡ་ལ་ལ། །བོང་དྲེལ་རྣམས་ཀྱང་མདུང་དང་ཟངས་སེ་ཟང་། །སྒོ་ཁྱི་རྣམས་ཀྱང་འཁང་ཟུག་དི་རི་རི། །ཕག་རྒོད་རྣམས་ནི་དུར་གདང་ཆེམས་སེ་ཆེམ། །འདབ་ཆགས་རྣམས་ཀྱང་འཕུར་དང་ལྷགས་སེ་ལྷག །རི་དྭགས་རྣམས་ཀྱང་རྩེ་ཀྱུ་སྤྲིངས་སེ་སྤྲིང་། །གཅན་གཟན་རྣམས་ཀྱང་ངར་སྐད་ཆེམས་སེ་ཆེམ། །ཉ་སྦལ་རྣམས་ཀྱང་རྐྱལ་དང་ཕྱ་ལ་ལ། །བསང་གི་དུད་པ་སྤྲིན་ལྟར་ཐིབས་སེ་ཐིབ། །བདུད་རྩི་ཇ་ཆང་མཚོ་ལྟར་ཀྱི་ལི་ལི། །རྩི་ཤིང་སྦ་སྨྱུག་རྣམས་ནི་ལྡེམས་སེ་ལྡེམ། །བལ་ཚོན་རྣམས་ནི་སྤྲིན་ལྟར་ཐིབས་སེ་ཐིབ། །འཇའ་ཚོན་དར་ཚོན་རྣམས་ནི་ཁྱུག་སེ་ཁྱུག །སྟག་རས་གཟིག་རས་རྣམས་ནི་ལྷབས་སེ་ལྷབ། །གསེར་དངུལ་རིན་ཆེན་རྣམས་ནི་ཁྲ་ལ་ལ། །སྨན་གྱི་དྲི་ཞིམ་ངད་ནི་ཆི་ལི་ལི། །
(༧༧)འདོད་ཡོན་ལོངས་སྤྱོད་དཀོར་ནོར་བསམ་མི་ཁྱབ། །དེ་འདྲའི་དམ་རྫས་མང་པོ་ཡིས། །སོ་སོར་བརྔན་པའི་ཡོན་ཏན་གྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བུ་ནོར་ལོངས་སྤྱོད་འཕེལ་བར་མཛོད། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བདག་གིས་དགེ་བའི་སྟོང་གྲོགས་མཛོད། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །མི་མཐུན་རྐྱེན་དང་བར་ཆད་སོལ། །ལྷ་བསྲུང་བརྔན་པའི་བྱིན་རླབས་ཀྱིས། །ཅི་བསམ་ཐམས་ཅད་འགྲུབ་པར་ཤོག །ཅེས་པས་གཙང་སར་འབུལ་ལོ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་མཛད་པ། །མངའ་བདག་ཉང་རལ་གྱིས་བྲག་སྲིན་མོའི་སྦར་རྗེ་ནས་གདན་དྲངས་པའོ། །ལེགས་ལྡན་དགྲ་བླའི་བསང་མཆོད་རྒྱས་བསྡུས་གང་སྤྲོ་བར་འདོད་པ་འདིར་བྱ། །དེ་ནས་ལམ་ལྷའི་གཏོར་མ་བདུད་རྩིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་བརླབ་ནས། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མའི་ཚོགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །འཇིག་རྟེན་ལྷ་ཀླུ་གཞི་བདག་ཚོགས། །རྟག་པར་བདག་གི་ལམ་ལྷ་མཛོད།། ཀྱཻ། སྟེང་གི་ལྷ་
(༧༨)རྣམས་ལམ་ལྷ་མཛོད། །འོག་གི་ཀླུ་རྣམས་ལམ་ལྷ་མཛོད། །བར་གྱི་གཉན་རྣམས་ལམ་ལྷ་མཛོད། །དམ་ཅན་སྐུ་མཆེད་སུམ་བརྒྱ་དྲུག་ཅུ་སྟེ། །དཀར་པོ་བརྒྱ་དང་ཉི་ཤུས་ལམ་ལྷ་མཛོད། །ཁྲ་བོ་བརྒྱ་དང་ཉི་ཤུས་ལམ་ལྷ་མཛོད། །ནག་པོ་བརྒྱ་དང་ཉི་ཤུས་ལམ་ལྷ་མཛོད། །དམ་ཅན་སྤྲུལ་པ་འགྱེད་ཙ་ན། །མི་སྡུག་སྤྲུལ་པ་ཁྲི་དང་འབུམ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོགས། །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །སྐུ་ཡི་སྤྲུལ་པ་འགྱེད་ཙ་ན། །མི་དཀར་སྤྲུལ་པ་ཁྲི་དང་འབུམ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །གསུང་གི་སྤྲུལ་པ་འགྱེད་ཙ་ན། །མི་དམར་སྤྲུལ་པ་ཁྲི་དང་འབུམ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ཐུགས་ཀྱི་སྤྲུལ་པ་འགྱེད་ཙ་ན། །མི་ནག་སྤྲུལ་པ་ཁྲི་དང་འབུམ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ཀྱཻ། བསྟེན་ན་དམ་ཅན་རྒྱང་མ་རིང་། །བསྐུལ་ན་དམ་ཅན་ཕྲག་མ་དོག །རྦད་ན་དམ་ཅན་རྩལ་མ་ཞན། །བོས་ན་དམ་ཅན་སྙན་མ་སྲ། །འབོད་དོ་གཡབ་བོ་དེ་རིང་བྱོན། །སྐུ་མདོག་པདྨ་རཱ་ག་འདྲ། །དམར་པོ་ལྕགས་ཀྱི་འོད་ཟེར་འཕྲོ། །དབུ་ལ་ལྕགས་ཀྱི་རྨོག་ཞུ་གསོལ། །འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ། །ཕྱག་གཡས་
(༧༩)ལྕགས་ཀྱུ་དམར་པོ་ནི། །སྐྱེ་འགྲོ་ཐམས་ཅད་དབང་དུ་སྡུད། །གཡོན་པས་ར་ཡི་རྒྱལ་མཚན་ཕྱར། །སངས་རྒྱས་བསྟན་པ་རྒྱས་པར་མཛད། །ཆིབས་སུ་སེང་གེ་དཀར་མོ་བཅིབས། །རོལ་དུ་ར་སྐྱེས་ཁམ་པ་ཁྲིད། །ཕྱོགས་སྐྱོང་ལ་སོགས་འཁོར་གྱིས་བསྐོར། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ལྕགས་ཀྱི་བྱ་ཁྲ་འབུམ་ནི་ཀླད་ན་ལྡིང་། །སྟེང་ཕྱོགས་བསྲུང་བའི་ལམ་ལྷ་ཡིན། །ལྕེ་སྤྱང་འབུམ་ནི་གཡས་ན་རྒྱུག །གཡས་ཕྱོགས་སྲུང་བའི་ལམ་ལྷ་ཡིན། །ཟངས་ཀྱི་འཕར་བ་འབུམ་ནི་གཡོན་ན་རྒྱུག །གཡོན་ཕྱོགས་སྲུང་བའི་ལམ་ལྷ་ཡིན། །ཁྱུང་ཆེན་འབུམ་ནི་རྒྱབ་ན་ལྡིང་། །རྒྱབ་ཕྱོགས་སྲུང་བའི་ལམ་ལྷ་ཡིན། །ཁྱོད་ཀྱི་བཀའ་ཡི་འཁོར་དུ་ནི། །བརྟན་མ་བཅུ་གཉིས་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །དབང་ཕྱུག་ཆེན་པོ་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །མ་མོ་བདུད་མོ་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །སྲིན་མོ་ལ་སོགས་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །འབར་མ་ལ་
(༨༠)སོགས་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ལང་ཀ་དུར་ཁྲོད་བདག་པོ་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །བརྟེན་ཕུར་བརྒྱ་དང་བརྒྱད་པོ་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །འབུམ་ཕྲག་བཞི་ཡི་མཁའ་འགྲོ་མ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ཁྱེད་ལ་མཆོད་པ་འབུལ་བ་ནི། །མཛེས་པའི་གཟུགས་སྒྲ་སྣ་ཚོགས་དང་། །སྐྱེ་འགྲོ་ར་སྐྱེས་རྒྱན་ཅན་ནི། །ཁྱེད་ཀྱི་སྐུ་ཡི་རྟེན་དུ་འབུལ། །སྐུ་ཡི་རྒྱུད་རྣམས་ཚིམས་གྱུར་ཅིག །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོགས། །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །དྲི་ཞིམ་སྤོས་ཀྱི་དུད་པ་དང་། །ཤ་ཁྲག་དམར་གྱི་གཏོར་མ་ནི། །ཁྱེད་ཀྱི་གསུང་གི་རྟེན་དུ་འབུལ། །གསུང་གི་རྒྱུད་རྣམས་ཚིམ་གྱུར་ཅིག །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོགས། །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དར་ཚོན་སྣ་ལྔའི་མཆོད་པ་དང་། །དྲི་བཟང་གསུར་གྱི་དུད་པ་འདི། །ཁྱེད་ཀྱི་ཐུགས་ཀྱི་རྟེན་དུ་འབུལ། །ཐུགས་ཀྱི་རྒྱུད་རྣམས་ཚིམ་གྱུར་ཅིག །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོགས། །རྣལ་འབྱོར་བདག་གི་
(༨༡)ལམ་ལྷ་མཛོད། །ཏི་སེ་གངས་ལ་སོགས་པ་ཡི། །སྟོད་ཀྱི་གཞི་བདག་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོགས། །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །བཞག་ར་ལྷ་རྩེ་ལ་སོགས་པའི། །སྨད་ཀྱི་གཞི་བདག་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོགས། །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །རྨ་ཆེན་སྤོམ་ར་ལ་སོགས་ཏེ། །བར་གྱི་གཞི་བདག་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག། རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །བོང་བུ་དབུ་དཀར་ལ་སོགས་ཏེ། །འབྲི་ཀླུང་གཞི་བདག་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ཁ་ཤ་སྙུག་རི་ལ་སོགས་ཏེ། །མྱུར་མགྱོགས་ཅན་གྱི་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །བོད་ཀྱི་སྤེན་ནེ་རི་བཀྲ་ཡང་། །མགྱོགས་པ་རླུང་ཐིག་བརྒྱན་ནས་འོང་། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །རི་བོ་རྩེ་ལྔ་ལ་སོགས་ཏེ། །རྒྱ་ནག་གཞི་བདག་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །ཅོག་ལ་མཚལ་རྩེ་ལ་སོགས་ཏེ། །ཧོར་གྱི་གཞི་བདག་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་
(༨༢)ལམ་ལྷ་མཛོད། །ཡུལ་ལྷ་གཉན་པོ་ལ་སོགས་ཏེ། །ཡུལ་འདིའི་གཞི་བདག་འཁོར་དང་བཅས། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །དགེ་ལ་དཀར་ཞིང་ཆོས་ལ་གྱོགས་པ་ཡི། །སངས་རྒྱས་བསྟན་པ་སྲུང་བའི་དཀར་ཕྱོགས་རྣམས། །ལམ་ལྷ་མཛེད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །དྲི་བཟང་གསུར་གྱི་དུད་པ་དང་། །མཛེས་པའི་གཟུགས་འགྲོས་སྣ་ཚོགས་དང་། །དཀར་དམར་རྒྱན་གྱིས་མཆོད་པ་འདི། །གཞི་བདག་འཁོར་དང་བཅས་ལ་འབུལ། །དད་པའི་ཚུལ་གྱིས་འབུལ་ལགས་ན། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཤར་གྱི་ཕྱོགས་སུ་ལམ་བསྟན་ན། །ཡུལ་འཁོར་སྲུང་གིས་ལམ་སྣ་དྲོངས། །ལྷོ་ཡི་ཕྱོགས་སུ་ལམ་བསྟན་ན། །འཕགས་སྐྱེས་པོ་ཡིས་ལམ་སྣ་དྲོངས། །ནུབ་ཀྱི་ཕྱོགས་སུ་ལམ་བསྟན་ན། །སྤྱན་མི་བཟང་གིས་ལམ་སྣ་དྲོངས། །བྱང་གི་ཕྱོགས་སུ་ལམ་བསྟན་ན། །རྣམ་ཐོས་སྲས་ཀྱིས་ལམ་སྣ་དྲོངས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །ཕྲིན་ལས་རྣམ་བཞིའི་འགྲོ་དོན་གར་མཛད་ཀྱང་། །ལམ་ལྷ་མཛོད་ལ་སྒྲོན་མེ་ཁྱོག །རྣལ་འབྱོར་བདག་གི་ལམ་ལྷ་མཛོད། །རྒྱབ་
(༨༣)བརྟེན་སྟོང་གྲོགས་མཐུ་སྟོབས་མཛོད། །གལ་ཏེ་ཆུ་ཡི་ནང་དུ་འགྲོ་བའི་ཚེ། །འགྲོ་དྲུག་སྒྲོལ་བའི་གྲུ་ཆེན་མཛོད། །བསྒྲལ་ནས་བར་ཆད་མེད་པར་མཛོད། །བྲག་ཆེན་ངོས་ལ་ལམ་བྱུང་ན། །དཔག་བསམ་ཤིང་གི་སྐས་ཚུགས་ལ། །བསྒྲལ་ནས་བར་ཆད་མེད་པར་མཛོད། །ཅི་བསམ་དོན་ཆེན་འགྲུབ་པར་ཤོག །ཅེས་པའང་བཛྲ་ཤྭ་རས་ཙྭ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོར་བྲིས་པའོ།། །།དེ་ནས་སླར་ཡང་གཏོར་མ་གསེར་སྐྱེམས་ཕུལ་ནས། ཕྲིན་ལས་འདོད་དོན་གསོལ་བ་བསང་གཞུང་དངོས་གྲུབ་སྤྲིན་ཕུང་གི་མཇུག་ནས་འབྱུང་བ་ནི།། ཀྱཻ། གཞན་ཡང་བསང་དང་མཆོད་འོས་པ། །སོ་སོའི་མཚན་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་སེམས་ཉན་རང་ཚོགས། །ཆོས་སྐྱོང་སྲུང་མ་དམ་ཚིག་ཅན། །ཡུལ་ལྷ་གཞི་བདག་གཉན་པོའི་ཚོགས། །ཆེ་དགུ་གཉན་དགུ་ཐམས་ཅད་དང་། །མཆོག་དམན་བར་མའི་མགྲོན་གྱི་ཚོགས། །ཡུལ་ལྷ་ནོར་ལྷ་རིགས་དྲུག་མགྲོན། །ལན་ཆགས་གློ་བུར་ལྷགས་པའི་མགྲོན། །བསང་དང་མཆོད་བརྔན་བྱེད་འོས་པའི། །བསང་མགྲོན་ཚོགས་རྣམས་ཐམས་ཅད་བསང་།། ཀྱཻ། བསང་དང་མཆོད་པ་འདི་ཕུལ་བས། །དཀོན་མཆོག་མཆོད་པས་མཉེས་གྱུར་ཅིག། དབང་དང་བྱིན་རླབས་
(༨༤)དངོས་གྲུབ་སྩོལ། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཡི་དམ་ལྷ་ཚོགས་མཉེས་གྱུར་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མི་མཐུན་རྐྱེན་དང་བར་ཆད་ཞི། །བསམ་དོན་ཡིད་བཞིན་བསྒྲུབ་ཏུ་གསོལ། །ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག །དགྲ་བགེགས་མ་ལུས་ཚར་ཆོད་ལ། །མི་དང་མི་མིན་གནོད་པ་སོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །སྣང་སྲིད་གཞི་བདག་ཐུགས་དམ་བསྐང་། །དམ་ཚིགས་ཉམས་ཆག་སོར་ཅུད་ཅིང་། །མི་གཙང་གྲིབ་ཀྱིས་ཕོག་པ་སོལ། །ཕོག་ཐུག་ཉེས་པ་སྦྱང་དུ་གསོལ། །དུད་པ་གནམ་དུ་སོང་བ་ཡིས། །ལྷ་ཡི་རྨུགས་པ་ཐམས་ཅད་སོལ། །མེ་སྟག་བར་སྣང་འཕྲོས་པ་ཡིས། །གྲིབ་ཀྱིས་ཕོག་པ་ཐམས་ཅད་སོལ། །མེ་ལྕེ་ས་ལ་འཁྱིལ་བ་ཡིས། །བྱིང་འཐིབས་རྨུགས་པ་ཐམས་ཅད་སོལ། །འབགས་བཙོག་གྲིབ་ཀྱིས་ཕོག་པ་སོལ། །ཐབ་དང་གཞོབ་ཀྱིས་ཕོག་པ་སོལ། །དམེ་གྲིབ་ཡུག་གྲིབ་དམ་གྲིབ་སོལ། །བྱད་གཏད་ངན་སྔགས་གནོད་པ་སོལ། །ལྷ་དང་མི་རུ་བྱེ་བ་སོལ། །འགོང་པོ་གྲིབ་གནོན་གྲིབ་གདོན་སོལ། །རྩ་བ་ཡན་ལག་ཆགས་ཉམས་ཀྱིས། །དམ་ཚིག་ཉམས་པའི་གྲིབ་ཀུན་སོལ། །བསང་གིས་མི་བསང་གང་ཡང་མེད། །ཁྲུས་ཀྱིས་མི་དག་གང་ཡང་
(༨༥)མེད། །བསང་ངོ་དག་གོ་ལྷ་ཡི་ཡུལ། །བདེའོ་སྐྱིད་དོ་མི་ཡི་ཡུལ། །དར་རོ་རྒྱས་སོ་སངས་རྒྱས་བསྟན། །མཆོག་དམན་མགྲོན་རྣམས་ཐམས་ཅད་ཀྱང་། །པདྨ་ཆུ་ཡིས་བྲན་པ་ལྟར། །ཀུན་ཏུ་མཉེས་པའི་སྐུ་གསུང་ཐུགས། །བདེ་བ་ཆེན་པོས་ཚིམ་གྱུར་ཅིག །གནས་སྐབས་གནས་དང་ལམ་བགྲོད་ཅིང་། །ཚོང་དམག་དགྲ་ཇག་དོན་གཉེར་དང་། །གཞི་བྱེས་བྱ་བ་གང་བརྩམ་པ། །བདག་རྒྱལ་གེགས་མེད་འགྲུབ་གྱུར་ཅིག། བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག། ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །འབྲུ་དང་ནོར་རྣམས་འཕེལ་བ་དང་། །བསམ་པ་སྒྲུབས་ལ་ར་བ་སྐོངས། །གནས་པོ་གྱིས་ལ་མཐུན་རྐྱེན་སྒྲུབས། །ཡོན་བདག་གྱིས་ལ་འཚོ་བ་སྦྱོར། །འགྲོ་བ་མི་ཡི་བསམ་པ་སྒྱུར། །གཡང་ཅན་ནོར་དང་བཅུད་ཅན་ཟས། །བང་མཛོད་འབྲུ་ནོར་ཇ་དར་གོས། །ཐམས་ཅད་བདག་གི་དབང་དུ་སྡུས། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །ཚེ་སྲིང་དཔལ་སྐྱེད་འབྱོར་པ་སྤེལ། །སྙན་དང་གྲགས་པ་ཕྱོགས་བཅུར་སྒྲོགས། །རྟག་ཏུ་འགོ་ཞིང་སྲུང་སྐྱོབ་མཛོད། །དགྲ་བགེགས་གདུག་པ་ཅན་རྣམས་ཀུན། །སྐད་ཅིག་ཉིད་ལ་ཐལ་བར་རློག །མི་མཐུན་ཕྱོགས་ལས་རྟག་
(༨༦)རྒྱལ་ཞིང་། །མཐུ་ནུས་ཕུན་སུམ་ཚོགས་པར་མཛོད། །བྱེས་ལ་འགྲོ་ན་བྱེས་དཔོན་མཛོད། །དགྲ་ཇག་ཆོམ་ཀུན་འཇིགས་པ་སྐྱོབ། །ལ་ཆུ་འཕྲང་གསུམ་དག་ལས་སྒྲོལ། །མགྲོན་ལམ་བདེ་ཞིང་འཇིགས་པ་མེད། །ལམ་འཕྲང་བདེ་བར་བགྲོད་པ་དང་། །རྙེད་པ་ཆེན་པོ་རྙེད་གྱུར་ནས། །གཞི་བྱེས་ཀུན་ཏུ་ཕྲིན་ལས་མཛོད། །ལེགས་ཁ་རྒྱལ་ཁ་བསྟོད་པ་དང་། །ས་ཕྱོགས་གར་འགྲོ་གར་སྡོད་ཀྱང་། །བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ལྷ་དང་སྲུང་མ་ཐམས་ཅད་ཀྱང་། །དགེ་ཞིང་ཞི་བའི་ལས་མཛོད་ལ། །དམ་ཆོས་རིན་ཆེན་སྤྱོད་པ་དང་། །ཀུན་ཀྱང་རྒྱལ་བའི་བཀའ་བཞིན་སྒྲུབས། །དེ་ལྟར་ཆོས་དང་ཟང་ཟིང་གི། །སྦྱིན་པ་རྒྱ་ཆེན་འདི་བྱས་མཐུས། །ཕྲིན་ལས་རྣམ་བཞི་འགྲུབ་པ་དང་། །ཀུན་ཀྱང་མངོན་འཚང་རྒྱ་བར་ཤོག །ཅེས་མི་བསྐྱོད་ཞབས་ཀྱི་མཛད་པ་ལས་མ་གཡོས་ཤིང་ཅུང་ཟད་ཁ་བསྐང་འདོད་གསོལ་སོགས་འདུས་ཆེ་བར་བྱས་ཏེ་བཛྲ་ཤྭ་རས་རྣམ་ཐོས་རི་བོའི་ཡང་དབེན་དུ་བྲིས་པའོ།། །།དེ་ནས་མདའ་དར་གཡབ་ཅིང་ཕྱེ་མར་ཐོགས་ཤིང་། བསང་ཁང་ལ་གཡས་བསྐོར་གྱིས་འདི་སྐད་དོ། །ཀྱཻ། རྒྱ་གར་བྱ་རྒོད་སྤུངས་རི་ནས། །སངས་རྒྱས་ཆོས་ཀྱི་དར་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སངས་
(༨༧)རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །བཀའ་རྒྱུད་བླ་མའི་བྱིན་རླབས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་བརྟན་པར་ཤོག །ཡི་དམ་ལྷ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་ཤོག །མ་དང་མཁའ་འགྲོའི་རྟེན་འབྲེལ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྟེན་འབྲེལ་ཕྱོགས་མེད་འཆར་བར་ཤོག །ཆོས་སྐྱོང་སྲུང་མའི་མཐུ་རྩལ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བསྟན་སྲུང་ཕྲིན་ལས་འགྲུབ་པར་ཤོག །ནག་པོ་རྒྱ་ཡི་འཕེན་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མི་ཁྲི་རྟ་འབུམ་འཕེལ་བར་ཤོག །ཨུ་ཝ་ཧོར་གྱི་རྩལ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མཐུ་རྩལ་སྟོབས་དང་ལྡན་པར་ཤོག །སྤུ་རྒྱལ་བོད་ཀྱི་ཚེ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཚེ་དཔལ་རི་རབ་བཞིན་དུ་བརྟན་པར་ཤོག །ཛམ་བྷ་ལ་ནི་གཏེར་གྱི་བདག །ཁུ་ཡེ་ཕྱ་དང་གཡང་དུ་ལེན། །མི་ཟད་རིན་ཆེན་གཏེར་དང་ལྡན་པར་ཤོག །རྣམ་ཐོས་སྲས་ནི་ནོར་གྱི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དགོས་འདོད་ཡིད་བཞིན་ནོར་བུ་རྙེད་པར་ཤོག །ཀུ་བེ་ར་ནི་རྟ་ཡི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འདོ་བ་རྟ་རྣམ་འཕེལ་
(༨༨)བར་ཤོག །གང་བ་བཟང་པོ་ལུག་གི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །དཀར་མོའི་ལུག་རྣམས་འཕེལ་བར་ཤོག །ནོར་རྒྱུན་མ་ནི་ནོར་གྱི་བདག །ཁུ་ཡི་ཕྱྭ་དང་གཡང་དུ་ལེན། །ཟལ་དཀར་འབྲི་རྣམས་འཕེལ་བར་ཤོག །ཞིང་ལྷ་ཚང་པ་ནས་ཀྱི་བདག །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འབྲུ་དང་ནས་རྣམས་འཕེལ་བར་ཤོག། ཀྱཻ། ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པར་ཤོག །འཕེན་པོ་རྣམས་ཀྱི་འཕེན་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མངའ་རིས་དར་ཞིང་རྒྱས་པར་ཤོག། ཀྱཻ། མི་ཕོ་དཔའ་བའི་དགྲ་བླ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མི་མཐུན་ཕྱོགས་ལས་རྒྱལ་བར་ཤོག །གོ་ཁྲབ་བཙན་པོའི་བཙན་གཡང་དེ། །ཁུ་ཡེ་ཕྱ་དང་གཡང་དུ་ལེན། །རྡོ་རྗེའི་རྫོང་ཆེན་ཐོབ་པར་ཤོག །བུ་རྟ་མགྱོགས་པའི་མགྱོགས་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྫུ་འཕྲུལ་སྟོབས་དང་ལྡན་པར་ཤོག། ཀྱཻ། མཐོན་པོ་དགུང་གི་ཕ་གཡང་དེ། །ཁུ་ཡེ་ཕྱྭ་དང་། གཡང་དུ་ལེན། །བདག་ཅག་རྣལ་འབྱོར་འཁོར་བཅས་རྣམས། །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་པ་ནམ་མཁའ་བཞིན་དུ་
(༨༩)ཁྱབ་པ་དང་། །འཁོར་མང་སྐར་ཕྲན་བཞིན་དུ་བཀྲ་བར་ཤོག །མི་རྒྱུ་གསེར་བས་བཟང་བར་ཤོག །མི་འབྲུ་ནས་བས་འཕེལ་བར་ཤོག །མི་སྲོག་བྲག་བས་སྲ་བར་ཤོག །མི་རྒྱུད་ཆུ་ལས་རིང་བར་ཤོག །ཆོས་བརྒྱུད་ས་གཞི་ལྟ་བུར་བརྟན་པར་ཤོག །དོག་མོ་ས་ཡི་དམའ་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ལྕག་ཡུ་གང་བས་རིང་བར་ཤོག །རྨོག་ཕོར་གང་བས་མཐོ་བར་ཤོག། ཀྱཻ། ཕྱྭ་བསྐོར་དེ་ནི་ཀྱི་ལི་ལི། །ཕྱྭ་ཆ་གཡང་ཆ་སྒར་ར། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་རྨ་སེ་རྟོགས་ལྡན་གྱིས་མཛད་པའོ། །དེ་ནས་ཕྱེ་མར་དྲངས་ཤིང་། དཔལ་ལྡན་བླ་མའི་ཞབས་བརྟན་གསོལ་འདེབས་ལ་སོགས་པའི་སྨོན་ལམ་གདབ་བོ། །རྗེས་ཆོག་བྱ་བ་ནི། མཆོད་པ་རྣམས་ཁ་གསོལ་ལ། ཨོཾ་ཛྙཱ་ན་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། །མ་འབྱོར་པ་སོགས་དང་། ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། བསང་མགྲོན་ཡེ་ཤེས་པ་རྣམས་རྟེན་ཡོད་ན། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་
(༩༠)དང་། རྟེན་མེད་ན། ཨོཾ། ཁྱེད་ཀྱི་སེམས་ཅན་སོགས་དང་། བཛྲ་མཱུས་ཡེ་ཤེས་པ་གཤེགས། གང་ལྟར་ཡང་། ཨོཾ་ཨཱཧཱུྃ། གིས་དམ་ཚིག་པ་རང་གི་སྙིང་གར་བསྡུ། །མཆོད་སྦྱིན་གནས་འདིར་གང་ལྷག་པ། སོགས་ཀྱིས་འཇིག་རྟེན་པ་རྣམས་རང་གནས་སུ་གཤེགས། དཀོན་མཆོག་རིན་ཆེན་སོགས་ཀྱི་བསྔོ་བ་དང་སྨོན་ལམ་གདབ། །ཤིས་པ་བརྗོད་པ་ནི། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཅེས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཐོག་དྲངས་ཤིས་པའི་ཚིག་ཇི་ལྟར་འོས་པ་དགེ་ལེགས་སུ་བྱ། །རྗེ་བཅུ་པས་དྲུང་ཀུན་དགའ་
(༩༡)རྣམ་རྒྱལ་ལ་གནང་བའི་བྱང་སེམས་སྨོན་ལམ་ནི། བྱང་ཆུབ་སེམས་ནི་རྟག་ཏུ་བདེ་བའི་རྒྱུ། །སངས་རྒྱས་ཀུན་གྱིས་བསྟོད་ཅིང་བསྔགས་པ་ཡི། །ཞི་བའི་ཆོས་ཀྱི་སྒྲ་ནི་གྲགས་པ་ན། །བདེན་པ་དེ་ཡིས་སྐྱེ་དགུ་བདེ་ལེགས་ཤོག །འབྱུང་པོ་གང་དག་མཚན་མོ་རྒྱུ་བ་དང་། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་མིའམ་ཅི། །གཡོག་འཁོར་ཡི་དྭགས་དེ་དག་ཐམས་ཅད་ཀྱང་། །ཞི་བའི་ཆོས་ཀྱི་སྒྲ་ནི་གྲགས་པ་ན། །སྐྱེ་རྒུ་རྣམས་ལ་བྱམས་པའི་སེམས་ལྡན་ཤོག །རྟ་ཕྱུགས་ར་ལུག་མི་ཡིས་བདག་བཟུང་བ། །རི་དྭགས་ཕྲ་མོ་རི་ལ་གནས་པ་རྣམས། །ཞི་བའི་ཆོས་ཀྱི་སྒྲ་ནི་གྲགས་པ་ན། །གཅན་གཟན་འཇིགས་པ་ཀུན་ལས་གྲོལ་བར་ཤོག །ཚོགས་མཆོག་དགེ་འདུན་སྐྱེ་དགུའི་བསོད་ནམས་ཞིང་། །ཞི་བའི་ཆོས་ཀྱི་སྒྲ་འདི་སྒྲོགས་པ་ན། །སྐུ་ལ་སྙུན་མེད་ཆོས་ཟབ་གནས་ལུགས་མཐོང་། །སྤྱན་རས་གཟིགས་བཞིན་འགྲོ་བའི་དོན་བྱེད་ཤོག །ཅེས་དང་། གཞན་ཡང་བདེན་གྲུབ་མ་སོགས་བསྟན་པ་རྒྱས་པའི་སྨོན་ཤིས་སྤྱི་དང་བྱེ་བྲག་ཇི་ལྟར་རིགས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །མགྲོན་བཞི་མཉེས་མཆོད་བདུད་རྩི་བསང་། །ཆོས་ལུགས་འཇིག་རྟེན་ཀུན་ལ་གྲགས། །ཕུལ་བྱུང་ཀརྨ་ཀཾ་ཚང་གི། །ཕྱག་སྲོལ་རྨ་
(༩༢)མེད་འདི་རྨད་བྱུང་། །དེ་ལས་ཐོབ་པའི་དགེ་ཚོགས་སྤྲིན། །ཆོས་བྱིངས་ཁྱབ་པའི་གྲིབ་བསིལ་གྱིས། །ཉེས་པའི་ཚ་གདུང་ཀུན་བཅིལ་ཏེ། །ཕན་བདེའི་ལང་ཚོམ་གསལ་གྱུར་ཅིག །ཅེས་པའང་དཔལ་ལྡན་དུས་གསུམ་མཁྱེན་པའི་བཀའ་རྒྱུད་གྱི་ཕྱག་བཞེས་ཀྱི་རྒྱུན་ལ་བར་སྐབས་སུ་ཕྲི་བསྣན་སྣ་ཚོགས་ཞིག་བགྱིས་འདུག་ནའང་། །འདིར་སྒར་བསང་ཆེན་མོའི་གཞུང་ཉིད་རྐང་ཐུབ་དུ་བཀོད་ཅིང་། །འཁོར་ལྔ་རྗེས་འབྲངས་དང་བཅས་པའི་མངའ། །གསོལ་གོ་རིམ་འགྲིགས་ཆགས་དང་། ལྷ་མགྲོན་གྱི་སྐོར་སོགས་སབ་ཁ་རྣམས་ཡུལ་དུས་དང་བསྟུན་པའི་སྐབས་ཐོབ་འབྱིན་འཇུག་བདེ་བའི་སླད་གུད་དུ་ཕྱེས་ཏེ། །རབ་བྱུང་བཅོ་ལྔ་པའི་བྱེ་བྲག་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་མགོ་ཟླར། ༧ སངས་རྒྱས་ཀརྨ་པའི་སྐྱེས་རབས་བཅོ་ལྔ་པའི་མཚན་གྱི་ཅོད་པན་འཛིན་པ་རླངས་ཀྱི་བནྡེ་མཁའ་ཁྱབ་རང་བྱུང་རྟག་པའི་རྡོ་རྗེས་མཚུར་མདོ་བོ་ལུང་གི་དབེན་གནས་པདྨ་ཁྱུང་རྫོང་དང་འདབ་འབྲེལ་བའི་སྒྲུབ་སྡེ་ཆེན་མོ་ལྷུན་གྲུབ་ཕྲོང་ཏུ་སྦྱར་བའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །། ༈ སྭ་སྟི། རྒྱལ་བ་སྟོང་ལས་པད་དཀར་ལྟར་བསྔགས་པའི། །ཐུབ་བསྟན་རྒྱ་མཚོའི་དབུས་ན་རི་དབང་བཞིན། །གྲགས་པ་དོན་ལྡན་ཀརྨའི་བཀའ་རྒྱུད་ཀྱི། །ཕྱག་སྲོལ་ལས་འོང་སྣང་སྲིད་ཞི་བདེའི་བསང་། །ཀུན་ལ་ཕན་བདེ་སྦྱིན་པའི་ཡིད་བཞིན་ནོར། །དབང་གི་རྒྱལ་པོ་དངོས་གྲུབ་ཆར་འབེབས་གཞུང་། །
(༩༣)འཁོར་ལྔ་རྗེས་འབྲངས་བཅས་པའི་མངའ་གསོལ་དང་། །ལྷ་མགྲོན་མཆོད་ཕྲེང་ལེགས་ལྡན་དགྲ་བླའི་བསང་། །བསང་མཁར་བསྟོད་སོགས་ཉེར་མཁོའི་ཡན་ལག་དང་། །བཅས་བཤམས་ཟིན་ཐོ་དང་བཅས་ལེའུ་ཚན། །ཕར་ཕྱིན་དྲུག་གི་གྲངས་ལྡན་སྤར་གྱི་འཕྲུལ། །དཔལ་ལྡན་ཟུར་རིའི་དྲུང་པའི་ཁྲི་འཛིན་པའི། །སྤྲུལ་སྐུ་ཀརྨ་དོན་ཡོད་སྙིང་པོ་ནས། །རྒྱལ་བསྟན་སྤྱི་དང་ཀརྨའི་བཀའ་རྒྱུད་ཀྱི། །བསྟན་པ་འཕེལ་ཞིང་འབྲེལ་བཅས་བདེ་ལྡན་ཕྱིར། །འོག་མིན་མཚུར་མདའི་ཆོས་གྲྭ་ཆེན་པོ་འདིར། །བཞེངས་དགེས་རྒྱལ་ཁམས་འབྱོར་པ་དྲུག་གིས་ཕྱུག །འབྲེལ་བཅས་སྒྲིབ་པའི་དྲི་སངས་ཡེ་ཤེས་རྒྱས། །ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་འགྲུབ་པའི། །བཀྲ་ཤིས་དམ་པ་ཀུན་ཏུ་སྦྱིན་གྱུར་ཅིག །ཅེས་པའང་སྤྲུལ་སྐུ་གང་ནས་བསྐུལ་ངོར། །སངས་རྒྱས་ཀརྨ་པའི་སྐྱེས་རབ་བཅོ་ལྔ་པས་སྨོན་པ་དགེ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།།
(༩༤)
(༩༥)སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་སྲུང་འཁོར་ལྔ་རྗེ་འབྲངས་དང་བཅས་པའི་བསང་མཆོད་མངའ་གསོལ་གྱི་རིམ་པ་ཕྱོགས་གཅིག་ཏུ་སྤེལ་བ་ནོར་བུ་ཀརྐེ་ཏའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།། །།
(༩༦)ན་མོ་གུ་ར་ཝེ། ལྷན་ཅིག་སྐྱེས་དགའི་བདེ་ཆེན་གར། །ཁྱབ་བདག་སྐུ་གསུམ་སྟོན་པར་བཞེངས། །སངས་རྒྱས་ཀུན་དངོས་ཀརྨ་པར། །བཏུད་ནས་བསྟན་སྲུང་མངའ་གསོལ་བཤད། །དེ་ལ་འདིར་དཔལ་ལྡན་དུས་གསུམ་མཁྱེན་པའི་བཀའ་བརྒྱུད་པ་རྣམས་ཀྱིས། ཐུན་མོང་མ་ཡིན་པའི་ཆོས་སྐྱོང་འཁོར་ལྔ་རྗེས་འབྲངས་དང་བཅས་པའི་བསང་མཆོད་མངའ་གསོལ་འབུལ་བར་འདོད་ན། །བསང་གཞུང་རྒྱས་བསྡུས་གང་ཡིན་དང་འབྲེལ་བའི་བཅས་བཤམས་གཞུང་བཞིན་དུ་བསྟར་བའི་མདུན་དུ། །འཁོར་ལྔ། རྗེས་འབྲང་སོ་སོའི་མངའ་གསོལ་གྱི་འབུལ་གཏོར་དཀར་དམར། བསྐང་གསོལ་བརྔན་ཡོན་གྱི་དཀོར་ཆས་སྤུད་པ་དང་། གསེར་སྐྱེམས་སོགས་གཙང་ཞིང་ཡིད་དུ་འོང་བ་བཤམས་ནས། སྒར་བསང་ཆེན་མོ་ཡིད་བཞིན་དབང་རྒྱལ་ལ་སྦྱོར་ན། ཛམ་གླིང་སྤྱི་བསང་གི་གོང་དང་། བསྡུས་པ་བདུད་རྩི་སྤྲིན་ཕུང་དང་འབྲེལ་ན། །གསེར་སྐྱེམས་འབུལ་བའི་མཐར།། །ཆོས་སྐྱོང་འཁོར་ལྔའི་བསང་གསོལ་བྱ་བའི་དང་པོ་རྒྱལ་ཆེན་རྣམ་སྲས་མངའ་གསོལ་ནི། །ཨོཾ་ཨཱབགྷྣི༚་ཏ་ཀྲི་ཏ་ཧཱུཾ་
(༩༧)ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་། རྒྱ་ཆེ་བའི་ནང་དུ། གཏོར་མ་དཀར་གསུམ་མངར་གསུམ། །ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་འདོད་པའི་ལོངས་སྤྱོད་ཐམས་ཅད་མ་ཚང་བ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། །ཨོཾ་ཨཱཧཱུཾ་གིས་བྱིན་རླབས། བཻ། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས། །རིན་ཆེན་གཏེར་གྱི་གཞལ་ཡས་ནས། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་བཞེས། །ཛམྦྷ་ལ་དང་གང་བ་བཟང་། །ནོར་བུ་བཟང་དང་ཀུ་བེ་ར། །ཡང་དག་ཤེས་དང་འབྲོག་གནས་ཆེ། །ལྔ་རྩེ་ཙི་བི་ཀུནྜ་ལི། །གནོད་སྦྱིན་ནོར་བདག་བྱེ་བའི་ཚོགས། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །རྣལ་འབྱོར་བདག་ཅག་མཆེད་ལྕམ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །ནད་གདོན་ཉེར་འཚེ་ཞི་བ་དང་། །ཚེ་བསོད་དཔལ་
(༩༨)དང་འབྱོར་པ་རྒྱས། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །གཏོར་མ་དང་གསེར་སྐྱེམས་ནམ་མཁར་འདུས་ཞིང་། གསོལ་ལོ་མཆོད་དོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བཙུན་མོ་བཞི་དང་། །སྲས་མཆོག་བཞི། ནོར་བདག་གནོད་སྦྱིན་བརྒྱད། དགོས་འདོད་ཆར་འབེབས་ཀླུ་ཆེན་བརྒྱད། སྲིན་པོ་བྱེ་བ། ལྷ་སྲིན་སྡེ་བརྒྱད། གནོད་སྦྱིན་འབུམ་སྡེ་ལ་སོགས་པ་རིན་ཆེན་གཏེར་གྱི་བདག་པོ་ཐམས་ཅད་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། ལོངས་སྤྱོད་དང་འབྱོར་པ་རྒྱ་ཆེ་ཟད་མི་ཤེས་པ་ལ་རྟག་ཏུ་ལོངས་སྤྱོད་པ་སོགས་བསམ་དོན་ཐམས་ཅད་གེགས་མེད་དུ་འགྲུབ་ཅིང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ། གཉིས་པ་ཀླུ་རྒྱལ་སྔགས་ཀྱི་བདག་པོའི་གསང་མཆོད་མངའ་གསོལ་ནི། མཆོད་གཏོར་རྣམས་བསང་ཞིང་སྦྱང་ནས། བྷྲུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་བཅུད་ལྷ་དང་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་གང་བར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ། ལན་གསུམ་གྱིས་
(༩༩)དམ་ཚིག་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྒོམ། ཨོཾ་ཨཱཧཱུཾ། ལན་གསུམ་གྱིས། ཡེ་ཤེས་ཀྱི་བདུད་རྩི་ཆར་བཞིན་དུ་བབ་ཅིང་། དམ་ཚིག་གི་བདུད་རྩི་དང་འདྲེས་པས། ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་ལ། ཧཱུཾ། ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་དང་། །ཆུ་བོ་ཆུ་ཕྲན་ལྟེང་ཀ་སོགས། །གང་དུ་བཞུགས་པའི་གནས་མཆོག་ནས། །ཀླུ་རྒྱལ་ཆེན་པོ་སྔགས་ཀྱི་བདག །བཙུན་མོ་སྲས་དང་བློན་པོར་བཅས། །ཀླུ་ཆེན་ཀླུ་ཕྲན་དཔག་མེད་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་དང་། །སྒྲ་སྙན་རོལ་མོ་ན་བཟའ་སོགས། །སྲིད་གསུམ་ལོངས་སྤྱོད་ཅི་མཆིས་པ། །བདག་གི་དང་བས་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །སངས་རྒྱས་བསྟན་པ་དར་བ་དང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །གཏོར་མ་དང་གསེར་སྐྱེམས་ནམ་མཁར་འབུལ་ཞིང་། གསོལ་ལོ་མཆོད་དོ། ཀླུའི་རྒྱལ་པོ་ཆེན་པོ། སྔགས་ཀྱི་བདག་པོ། འཇིག་རྟེན་མཐུ་ཆེན། སྲིད་གསུམ་ཚར་
(༡༠༠)གཅོད། འགྲོ་དྲུག་དབང་སྡུད། ཁམས་གསུམ་བདག་པོ། གསོད་བྱེད་ཆེན་པོ། སྤྲུལ་མགོ་བདུན་པ། །ཟུར་ཕུང་ལྔ་པ། ཁྱེའུ་ཆུང་གཞོན་ནུ། གཞོན་ནུ་མཛེས་པ། གཞོན་ནུ་གཏུམ་པོ། ནག་པོ་ཆེན་པོ། བདུད་པོ་ཆེན་པོ། ཀླུ་རྒྱལ་སོག་མ་མེད། ལས་མཁན་ཆེན་པོ། བྲན་པོ་ཆེན་པོ། གཡོག་པོ་ཆེན་པོ། ཁོལ་པོ་ཆེན་པོ་འཁོར་དང་བཅས་པ་ཐམས་ཅད་ལ་གསོལ་ལོ་མཆོད་དོ། །དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་དཔག་ཏུ་མེད་པས་གསོལ་ཞིང་མཆོད་པ་ལ་བརྟེན་ནས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ལ་རྟག་ཏུ་སྲུང་སྐྱོབས་སྟོང་གྲོགས་མེལ་ཚེ་མ་གཡེལ་བར་མཛོད་ལ། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ་ལ། གསུམ་པ་དམ་ཅན་གྱི་བསང་མཆོད་མངའ་གསོལ་ནི། མཆོད་གཏོར་བསང་སྦྱང་། སྭ་བྷཱ་ཝས་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་། རྃ་ལས་མེ། ཀྃ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཡི་གེ་དེ་དག་གིས་མཚན་པའོ། །རང་གི་
(༡༠༡) ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རླུང་གཡོས། མེ་སྦར། ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཧཱུཾ་ལས་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་བ་དང་། གཞན་ཡང་བརྟེན་རྫས། སྒྲུབ་རྫས། བསྐང་རྫས། འདོད་པའི་ཡོན་ཏན་དཔག་ཏུ་མེད་པས་ནམ་མཁའི་ཁམས་གང་བར་གྱུར། །ཨོཾ་ཨཱཧཱུཾ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་ལ། ཧཱུྃ། རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །རྡོ་རྗེ་ལེགས་པ་འདིར་གཤེགས་ཤིག །མགར་བ་ནག་པོ་འདིར་གཤེགས་ཤིག །དམག་དཔོན་ཆེན་པོ་འདིར་གཤེགས་ཤིག །ཚོང་དཔོན་ཆེན་པོ་འདིར་གཤེགས་ཤིག །འཁོར་དུ་གནས་པའི་གིང་ཆེན་བཞི། །དམ་ཅན་ཐུགས་ཀྱི་དགྱེས་སྡེ་མོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ། །གཞན་ཡང་ཁ་རག་ཁྱུང་བཙུན་སོགས། །བོད་ཁམས་སྐྱོང་བའི་བརྟན་མ་རྣམས། །ཁྱོད་ཀྱི་འཁོར་དང་གཡོགས་ཡིན་པས། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ལྷ་བཙན་བདུད་ཀྱི་དགེ་བསྙེན་སྟེ། །སུམ་
(༡༠༢)བརྒྱ་དྲུག་ཅུར་བཅས་པ་རྣམས། །ཕོ་ཉ་གཅན་གཟན་གདུག་པའི་ཚོགས། །ཟ་བྱེད་མཆེ་བ་ཅན་རྣམས་ཀུན། །འདིར་གཤེགས་མངའ་གསོལ་མཆོད་པ་བཞེས། །ཕྱི་ནང་གསང་བའི་དམ་རྫས་དང་། །འདོད་ཡོན་མཆོད་པ་གཏོར་མ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །བདུད་རྩི་སྨན་དང་རིན་ཆེན་འབྲུ། །སྙིང་པོ་ལྔ་དང་དར་ཚོན་ལྔ། །གསུར་ཆེན་སྤོས་དང་གསེར་སྐྱེམས་བཅས། །རོལ་མོ་སིལ་སྙན་སྒྲ་དབྱངས་ཀྱིས། །རྡོ་རྗེ་ལེགས་པ་མངའ་གསོལ་ལོ། །གིང་ཆེན་སྡེ་བཞི་མངའ་གསོལ་ལོ། །བརྟན་མ་བཅུ་གཉིས་མངའ་གསོལ་ལོ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། །གཞན་ཡང་སྤྲུལ་དང་ཡང་སྤྲུལ་སོགས། །དམ་ཅན་འཁོར་དུ་གནས་པ་ཡི། །ཕོ་ཉ་གཅན་གཟན་བྱ་ཁྲའི་ཚོགས། །ཟ་བྱེད་ཚོགས་རྣམས་མངའ་གསོལ་ལོ། །གསོལ་དང་མཆོད་པ་ལ་བརྟེན་ནས། །སྔོན་གྱི་དམ་ཚིག་གཉན་པོ་ལྟར། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །བདག་ཅག་དཔོན་སློབ་འཁོར་བཅས་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིག །ཕྱི་མའི་མུ་མཐར་ཐུག་གི་བར། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པ་མཐའ་དག་སོལ། །དངོས་གྲུབ་མ་ལུས་
(༡༠༣)ཀུན་སྩོལ་ཅིག །ཅེས་པ་འདི་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཉག་རོང་མཚོ་ཁ་ཨཱརྻ་གླིང་དུ་མཛད་པའོ། །དེ་ནས་རོལ་མོ་དང་བཅས་པས་གཏོར་མ་དང་སྐྱེམས་ཕུད་ནམ་མཁར་འབུལ་ཞིང་། གསོལ་ལོ་མཆོད་དོ། དམ་ཅན་སྐྱེས་བུ་ཆེན་པོ། རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། གནམ་རལ་གཅིག་གི་བདག་པོ། ས་གྲུ་གཅིག་གི་རྗེ་བོ། འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་མེ་རུ་ཙེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ། དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ། མཆེད་ཟླ་གསུམ་བརྒྱ་དྲུག་ཅུ། རྡོ་རྗེ་དཔལ་དང་ལྡན་པ་ལ། གསང་བའི་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོ་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་ཐལ་མོ་རྡེབས་པ། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་པ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་
(༡༠༤)འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུའི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་ཆོས། སྡོད་ན་རྟེན་ས་གྱིས། །ཉིན་གྱི་བྱ་ར་དང་། མཚན་གྱི་མེལ་ཚེ་མཛོད། སྔོན་ནས་བསུ་མ་དང་། རྒྱབ་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་རྡོ་རྗེའི་བཀའ་སྡོད་མཛོད། རྣལ་འབྱོར་པ་བདག་ཅག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །སྡོད་སའི་གནས་མལ་སྲུངས། །མཁོ་བའི་ཡོ་བྱད་སྲུངས། །བརྒྱུད་འཛིན་གྱི་སློབ་མ་སྲུངས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལོ། །
(༡༠༥)བཞི་པ་སྲིན་མགོན་ཐོད་པའི་ཕྲེང་བ་ཅན་གྱི་བསང་མཆོད་མངའ་གསོལ་ནི། མཆོད་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདོད་པའི་ལོངས་སྤྱོད་ཀྱི་དངོས་པོ་ཐམས་ཅད་མ་ཚང་བ་མེད་པ། ཟག་མེད་བདེ་བ་ཆེན་པོ་སྐྱེད་ནུས་པར་གྱུར། ཨོཾ་ཨཱཧཱུཾ། ལན་གསུམ་གྱིས་བྱིན་བརླབས་ཏེ། བྷྱོ། ལྷོ་ནུབ་ལངྐ་པུ་རི་ནས། །བསྟན་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན། །སྲིན་མགོན་ཐོད་པའི་ཕྲེང་བ་ཅན། །ཡབ་ཡུམ་སྲས་དང་སྤྲུལ་པར་བཅས། །སྲིན་པོ་བྱེ་བའི་འཁོར་ཚོགས་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་པའི་ལོངས་སྤྱོད་སྣ་ཚོགས་པ། །ཀུན་ཏུ་བཟང་པོའི་སྨོན་ལམ་ལྟར། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་ནས། །དད་པས་འབུལ་གྱིས་བཞེས་སུ་གསོལ། །འཁོར་ལོ་སྡོམ་དང་སྲོང་བཙན་རྒྱལ། །པདྨ་འབྱུང་དང་ཀརྨ་ཀའི། །སྤྱན་སྔར་ཁས་བླངས་དྲན་མཛོད་ལ། །རྣལ་འབྱོར་ནད་གདོན་ཞི་བར་མཛོད། །ཚེ་དང་དཔལ་འབྱོར་ཡར་ཟླ་བཞིན། །སྣོད་བཅུད་སྣང་སྲིད་དབང་དུ་སྡུས། །སྡང་བྱེད་དགྲ་བོ་ཐལ་བར་རློག །ལས་བཞིའི་ཕྲིན་ལས་མ་ལུས་ཀུན། །
(༡༠༦)ཐོགས་པ་མེད་པར་འགྲུབ་པར་མཛོད། །གཏོར་མ་དང་སྨན་རཀ་ནམ་མཁར་འབུལ་ཞིང་། གསོལ་ལོ་མཆོད་དོ། བསྟན་སྲུང་ཆེན་པོ་སྲིན་མགོན་ཐོད་པའི་ཕྲེང་བ་ཅན། ཡུམ་འཇིགས་བྱེད་ལྷ་མོ་ནག་མོ་འཁོར་སྲིན་པོ་སྲིན་མོ་ཟ་བྱེད་རྔམས་པའི་ཆ་བྱད་ཅན་བྱེ་བ་འབུམ་གྱི་ཚོགས་དང་བཅས་པ་རྣམས་ལ། ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་མཆོད་ཅིང་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་མཐུ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྲིང་ཞིང་། ཕྲིན་ལས་སྤེལ་བ་དང་། རྣལ་འབྱོར་པ་བདག་ཅག་ཡོན་མཆོད་རྣམས་ཀྱིས་ཞི་རྒྱས་དབང་དྲག་གི་ལས་གང་བཅོལ་བ་ཐམས་ཅད་སྐད་ཅིག་གིས་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། །དེ་ལྟར་གོང་གི་རྣམ་སྲས་དང་། སྔགས་བདག །སྲིན་མགོན་རྣམས་ཀྱི་མངའ་གསོལ་རྣམས་སྒར་བསང་ཆེན་མོར་སྦྱར་ཆོག་པ་དགོས་ཞེས་ཞི་བ་གྲྭ་ཚང་དཀར་བསྟན་དར་རྒྱས་གླིང་གི་དཔོན་སློབ་ཀརྨ་འབྱོར་རྒྱས་ཀྱིས་བསྐུལ་བའི་ངོར། ཀརྨ་པ་བཅུ་བཞི་པས་མཚུར་ཕུའི་ཡང་དབེན་སྒྲུབ་སྡེ་བསམ་གཏན་གླིང་གི་ཁྱུང་རྫོང་ལྷུན་གྲུབ་ཕོ་བྲང་ནས་བྲིས་པ་དགེ། ལྔ་པ་ཞིང་སྐྱོང་གི་བསང་མཆོད་མངའ་གསོལ་ནི། མཆོད་གཏོར་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་
(༡༠༧)ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གདུག་པ་ཅན་མཐའ་དག་བསྒྲལ་བ་ལས་བྱུང་བའི་ཤའི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། གཞན་ཡང་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་གཙང་ཞིང་བསོད་པ་དང་། ཡིད་དུ་འོང་བས་ཡོངས་སུ་གང་བར་གྱུར། །ཨོཾ་ཨཱཧཱུཾ། ཧ་ཧོ་ཧྲཱིཞེས་ལན་གསུམ་གྱི་བྱིན་གྱིས་བརླབ། ཨོཾ་མ་ཧཱ་ཀཱ་ལ་སི༚་ཧ་མུ་ཁ་ཧཱུཾ་ཕཊ༔ཏྲི་ཧྲཱི༚་ཛཌཱ་ཀི་ནི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲཱི༚་ཛཡ་མ་ར་ཙ་དུ་དྲི་ཕུ་ཏྲི་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ནས། འཁོར་དང་བཅས་པས་དགྱེས་པའི་རྐན་སྒྲ་དང་བཅས་ཏེ་གསོལ་བས་ཚིམ་པར་བལྟས་ཏེ། ཧཱུྃ། འོག་མིན་དུར་ཁྲོད་ཆེན་པོ་ནས། །དཔལ་ལྡན་ཞིང་སྐྱོང་ནག་པོ་ཆེ། །དམ་ཚིག་གཉན་པོ་དྲན་མཛོད་ལ། །མངའ་གསོལ་ཞིང་འདིར་གཤེགས་སུ་གསོལ། །ཤ་ཁྲག་རྒྱན་གྱི་གཏོར་མ་དང་། །བདུད་རྩི་སྨན་གྱི་མཆོད་པ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །དར་ཚོན་སྤྲིན་ལྟར་གཏིབས་པ་འདིས། །གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །དཔལ་ལྡན་མགོན་པོ་མངའ་གསོལ་ལོ། །ཞིང་སྐྱོང་ཆེན་པོ་མངའ་གསོལ་ལོ། །རྣལ་འབྱོར་དགྲ་བླ་མངའ་གསོལ་ལོ། །དམ་ཉམས་སྲོག་གཅོད་མངའ་
(༡༠༨)གསོལ་ལོ། །ཀུན་དགའ་གཞོན་ནུ་མངའ་གསོལ་ལོ། །སྲོག་བདུད་ཆེན་པོ་མངའ༴ ག་ཡ་དྷ་ར་མངའ༴ །ལྷོ་བཙན་ནག་པོ་མངའ༴ བདུད་པོ་ནག་པོ་མངའ་གསོལ་ལོ།། བྷྱོ། ལྷ་མོ་ཆེན་མོ་མངའ་གསོལ་ལོ། །དྲི་ཟའི་གཙོ་མོ་མངའ༴ ཕྲ་མེན་ཆེན་མོ་མངའ༴ སྲོག་བདུད་ཆེན་མོ་མངའ༴ འཁོར་གྱི་སྡེ་བརྒྱད་མངའ༴ །ལྷ་ཆེན་བརྒྱད་པོ་མངའ༴ ཀླུ་ཆེན་བརྒྱད་པོ་མངའ༴ གཟའ་ཆེན་བརྒྱད་པོ་མངའ་གསོལ་ལོ། །སྲས་མཆོག་བརྒྱད་པོ་མངའ༴ །ཡུམ་ཆེན་བརྒྱད་པོ་མངའ༴ །སྲིན་པོ་བརྒྱད་པོ༴ །ཀེང་རུས་མ་བརྒྱད་མངའ༴ །བམ་རོ་ཕོ་མོ་མངའ༴ །འབྱུང་པོ་བརྒྱད་པོ་མངའ༴ །བསྟན་མ་བརྒྱད་པོ་མངའ༴ སྤྲུལ་དང་ཡང་སྤྲུལ་མངའ་གསོལ་ལོ། །གསོལ་དང་མཆོད་པའི་བྱིན་རླབས་ཀྱིས། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་གསུམ་མ་བཏང་ཞིང་། །བསམ་པའི་དོན་རྣམས་སྒྲུབ་པ་དང་། །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྒྱུར། །མ་མོའི་ཐུན་ཟོར་བཟློག་ཏུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར། །མི་མཐུན་རྐྱེན་དང་བར་ཆད་སོལ། །ཟློག་
(༡༠༩)ཅིག་སྒྱུར་ཅིག་ཞི་བར་མཛོད། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །གཏོར་མ་དང་གསེར་སྐྱེམས་ནམ་མཁར་ཕུལ་ཏེ། གསོལ་ལོ་མཆོད་དོ། །དཔལ་ལྡན་ཞིང་སྐྱོང་དབང་པོ་ཤ་ཟ་ནག་པོ་སེང་གེའི་གདོང་བ་ཅན། ཡུམ་ཆེན་སི་ན་ར་མ། མྱུར་མགྱོགས་ལས་བྱེད་ཕོ་མོ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། སྲོག་འཕྲོག་བདུད་དམག་སྟོང་སྡེའི་ཚོགས་དང་བཅས་པ་རྣམས་གསོལ་ལོ་མཆོད་དོ། །མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདིས་ཚིམ་ཞིང་དགྱེས་པར་བཞེས་ལ། བསྟན་པ་རིན་པོ་ཆེ་ཕྱོགས་བཅུར་འཕེལ་ཞིང་རྒྱས་པ་དང་། བླ་མ་དམ་པ་རྣམས་འཚོ་ཞིང་བཞེས་ལ་ཡུན་རིང་དུ་ཞབས་བརྟན་པ་དང་། བདག་ཅག་སློབ་འབངས་འཁོར་དང་བཅས་པ་ལ་ཆོས་བསྒྲུབ་པའི་ཕྱི་ནང་གི་འགལ་རྐྱེན་མི་དང་། མི་མ་ཡིན་གྱི་འཚེ་བ་ལས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ནད་དང་གདོན་རྣམས་ལས་ཐར་བར་མཛད་དུ་གསོལ། རྦོད་གཏོང་ངན་པ་ཐམས་ཅད་ཕྱིར་བཟློག་པ་དང་། གནོད་པར་བྱེད་པའི་དགྲ་བོ་ཐམས་ཅད་དབང་དུ་སྡུད་པ་དང་། ཚར་གཅོད་པའི་ཕྲིན་ལས་ཐོགས་པ་མེད་པ་ཡིད་བཞིན་དུ་བསྒྲུབ་ཏུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་ཐམས་ཅད་ཟླ་བ་ཡར་གྱི་ངོ་
(༡༡༠)ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། །ཞེས་ཕྲིན་ལས་བཅོལ། ཞེས་པ་འདི་ཞྭ་དམར་ལྔ་པས་མཛད་པའོ། །དེ་ནས་དམ་ཚིག་དབང་གིས་ཆོས་རྒྱུད་ཀྱི་རྗེས་འབྲང་ལ་གཞིའི་དང་པོ་བདུད་མ་མགོན་ཏྲག་ཤད་ནི། ན་མོ་མ་ཧཱ་ཀཱ་ལ་ཡ། བསང་མཆོད་ཀྱི་ཞོར་དུ་ཏྲཀྴད་ཀྱི་མངའ་གསོལ་བྱ་བར་འདོད་པས་འདི་ལྟར་བྱའོ། །མཆོད་གཏོར་བསང་སྦྱང་། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཀ་པཱ་ལ་ཡངས་པའི་ནང་དུ། གཏོར་རྫས་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་ཞུ་བ་ལས། ཡེ་ཤེས་ཀྱི་བདུད་རྩི་དང་འདྲེས་པའི་གཙང་ཞིང་བསོད་པ། ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་ཨཱཧཱུྃ་ཧ་ཧོཧྲཱིརང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ནག་པོ་ཆེན་པོ། ཏྲཀྴད་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། ཧཱུྃ། བསྐུལ་ལོ་འབོད་དོ་ཏྲག་ཤད་བདུད། །ནག་པོ་ཐོད་ཕྲེང་འཁོར་བཅས་རྣམས། །མུན་པའི་ཀློང་ནས་འདིར་གཤེགས་ཤིག །དམ་ལས་མ་འདའ་ད་ཚུར་བྱོན། །མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ནག་པོ་ཆེན་པོ་འཇིགས་བྱེད་ཁྲོ་བོའི་རྒྱལ། །དུས་མཐའི་མེ་ལྟར་འབར་བའི་གཟི་བརྗིད་ཅན། །འཇིག་རྟེན་མགོན་པོ་ཏྲཀ་ཤད་ནག་པོ་ཁྱོད། །
(༡༡༡)སངས་རྒྱས་བསྟན་པ་བསྲུང་ཕྱིར་མངའ་གསོལ་ལོ། །དམར་ཆེན་རཀྟ་ཁྲག་གི་རྒྱ་མཚོ་དང་། །བདུད་རྩི་ཟག་མེད་རྨད་བྱུང་མཆོད་པའི་སྤྲིན། །ཉེར་སྤྱོད་ཚོགས་དང་འདོད་ཡོན་རྣམ་པ་ལྔ། །མཐའ་ཡས་མཆོད་པའི་སྤྲིན་གྱི་མངའ་གསོལ་ལོ། །གཟའ་བཅའ་ལྡག་གཞིབ་བཏུང་བ་སྣ་ཚོགས་ཀྱི། །མཉེས་རྫས་གཏོར་མ་བདུད་རྩིའི་ལོངས་སྤྱོད་རྣམས། །གཟི་བྱིན་རབ་ཏུ་འཕྲོ་བའི་འོད་ཟེར་དང་། །འཆི་མེད་བཅུད་ཀྱི་རྣམ་པར་རྒྱས་པ་ཡིས། །ལོ་ཀ་ནཱ་ཐ་འཁོར་བཅས་མངའ་གསོལ་ལོ། །སྲིན་མོ་ཤང་ཁཱ་པཱ་ལ་མངའ་གསོལ་ལོ། །སྦྱོར་སྒྲོལ་གསང་བའི་ཡུམ་རྣམས་མངའ་གསོལ་ལོ། །འཇིགས་བྱེད་བདུད་པོ་བརྒྱད་པོ་མངའ་གསོལ་ལོ། །བདུད་དམག་ས་ཡ་དྲུག་འབུམ་མངའ༴ གཤིན་རྗེ་ས་ཡ་དྲུག་འབུམ་མངའ༴ མ་མོ་ས་ཡ་དྲུག་འབུམ་མངའ༴ བདུད་བྱ་ས་ཡ་དྲུག་འབུམ་མངའ༴ ཁྱི་ནག་དོམ་བུ་དྲུག་འབུམ་མངའ༴ ལས་མཁན་སྲོག་བདག་དྲུག་འབུམ་མངའ༴ སྤྲུལ་པ་ཡང་སྤྲུལ་ཉིད་སྤྲུལ་མངའ་གསོལ་ལོ། །ཁྱེད་རྣམས་ཐུགས་ཀྱི་གཟི་བྱིན་ཆེར་སྐྱེད་ནས། །དགྱེས་པ་ཆེན་པོར་རབ་ཏུ་ཚིམ་པར་མཛོད། །གཏོར་མ་དང་བདུད་རྩིའི་ཕུད་ནམ་མཁར་འབུལ་ཞིང་། །གསོལ་ལོ་མཆོད་དོ། །
(༡༡༢)གསོལ་ཞིང་མཆོད་པ་ལ་བརྟེན་ནས་སྒྲུབ་པ་པོ་བདག་ཅག་གིས་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། གདམས་པའི་ངག་ཉོན། སྡང་བྱེད་ཀྱི་དགྲ་སོད། གནོད་བྱེད་ཀྱི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །རྡོ་རྗེ་སློབ་དཔོན་གྱི་སྐུ་ཚེ་སྲིངས། སངས་རྒྱས་ཀྱི་བསྟན་པ་སྲུངས། །དགེ་འདུན་གྱི་སྡེ་སྐྱོངས། །ཁྱད་པར་དུ་དཔལ་ལྡན་ཀརྨ་པའི་བསྟན་པ་འདི་ཉིད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད་དུ་གསོལ། །ཞེས་བདུད་རྒྱལ་ཏྲཀྴད་ཀྱི་མངའ་གསོལ་འདི་བཞིན་དགོས་ཞེས་དགེ་སློང་བསྟན་འཕེལ་གྱིས་བསྐུལ་བ་ལྟར། སི་ཏུའི་མིང་ཅན་ཀརྨཱ་ཀ་རས་རིག་འཛིན་དྲག་པོ་ནུས་ལྡན་རྩལ་གྱི་གཏེང་་གཞུང་དང་གུང་སྒྲིགས་ཏེ། སྒར་བསང་ཆེན་མོ་དང་སྦྱར་ཆོག་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག ༈ །གཉིས་པ་དགེ་བསྙེན་མཁར་ནག་གི་མངའ་གསོལ་ནི། ན་མཤྲཱི་གུ་ར་ཝེ། རང་རིག་བདེ་ཆེན་འདུས་མ་བྱས། རྩ་གསུམ་འཁོར་ལོར་སྟོན་པའི་དཔལ། དཔལ་མགོན་བླ་མར་བཏུད་ནས་འདིར། ཉེར་མཁོའི་བསང་མཆོད་ཁ་སྐོང་བཤད། དེ་ལ་ཛམ་བུ་གླིང་ཆེན་པོའི་ཆུ་བདག་ཀརྨའི་བཀའ་རྒྱུད་ཀྱི་གདན་ས་དང་། ཟབ་ཆོས་ཀྱི་རྗེས་འབྲང་མཐུ་ཆེན་བསྟན་སྲུང་ཀླུའི་དགེ་བསྙེན་རྡོ་རྗེ་རྒྱལ་པོ་མཆོད་པར་འདོད་ན། ཡོ་བྱད་
(༡༡༣)འདུ་བྱས་ལ། རྃ་ཡྃ་ཁྃ་གི་བསང་། སྭ་བྷཱ་ཝས་སྦྱང་། སྟོང་ལས་རིན་ཆེན་སྣོད་ཀྱི་ནང་། །འབྲུ་གསུམ་ལས་བྱུང་དགྱེས་སྐོང་རྫས། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་རྣམས། །རྒྱ་ཆེན་ཟད་མེད་གཏེར་དུ་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁྃ། ཞེས་པས་བརླབས་ཏེ། ཀྱཻ། འོག་ཕྱོགས་ཀླུ་གཡང་དངོས་གྲུབ་འཁྱིལ་བའི་གནས། །དགོས་འབྱུང་ནོར་བུས་གཏམས་པའི་ཕོ་བྲང་དབུས། །བསྟན་པའི་སྲུང་མ་དགེ་བསྙེན་རྡོ་རྗེ་རྒྱལ། །བཙུན་མོ་སྲས་བློན་མངགས་གཞུག་འབངས་འཁོར་བཅས། །དམ་ཚིག་དབང་གིས་འབོད་དོ་གནས་འདིར་བྱོན། །བཤམས་པའི་གདན་ལ་དགྱེས་པར་བཞུགས་ནས་ཀྱང་། །བསང་མཆོད་འདོད་ཡོན་མཆོད་སྤྲིན་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ལས་རྣམས་སྒྲུབ་ཏུ་གསོལ། །གླིང་བཞི་རྒྱ་མཚོ་ཆུ་ཀླུང་ཡོངས་ཀྱི་བདག །འོག་ཕྱོགས་ཀླུ་ཡུལ་ན་ར་སེང་སྔོན་ནས། །ཀླུ་རྗེ་ཐོད་དཀར་ཀླུ་བདུད་ཀླུ་བཙན་དཔོན། །དྲག་རྩལ་ཐོགས་མེད་མཐུ་དང་གཟི་བརྗིད་ཅན། །གྲུབ་ཆེན་པཀྴིའི་བཀའ་སྡོད་དམ་ཚིག་ཅན། །རྣལ་འབྱོར་ཕྲིན་ལས་སྒྲུབ་མཛད་མངའ་གསོལ་ལོ། །འཇིག་རྟེན་ཕུན་ཚོགས་དཔལ་ཡོན་སྤེལ་བའི་སླད། །དགྱེས་པ་ཆེན་པོའི་འཛུམ་མདངས་ངོམས་པ་ན། །གཞོན་ནུ་མཐིང་སྔོན་ནོར་བུའི་རྒྱན་དང་ལྡན། །ཉི་མ་སྟོང་ཕྲག་བརྩེགས་པའི་འོད་ཟེར་ཅན། །ཡིད་བཞིན་རེ་སྐོང་དབང་གི་རྒྱལ་པོ་འཛིན། །བཙུན་མོ་སྲས་དང་བློན་འབངས་དུ་མར་བཅས། །
(༡༡༤)རྫོགས་ལྡན་རབ་དགའི་ཆུ་འཛིན་སྟུག་པོ་ལས། །དོན་གྲུབ་ཡིད་བཞིན་ནོར་བུའི་གྲུ་ཆར་གྱིས། །འགྲོ་ལ་སྨན་པ་མཆོག་སྩོལ་མངའ་གསོལ་ལོ། །ལོག་ལྟ་གདུག་ཅན་ཕྱེ་མར་འཇོམ་པའི་སླད། །དྲག་པོ་ཁྲོས་པ་ནག་པོ་དུག་གི་གདོང་། །རྡོ་རྗེ་འབར་བ་གཡས་དང་མི་བཟད་པའི། །ལྟོ་འགྲོ་མཆེ་བ་གཙིགས་པའི་ཞགས་པ་གཡོན། །དགྲ་ལས་རྣམ་རྒྱལ་མེ་ཡི་དབུགས་རླུང་འཕྲོ། །བསྟན་དགྲའི་སྲོག་ལེན་ཆེན་པོར་མངའ་གསོལ་ལོ། །རྟག་ཏུ་དགྱེས་རྒུའི་ཕྲིན་ལས་མཛད་པའི་ཕྱིར། །མིག་སྨན་མདངས་འཛིན་དར་བེར་ནོར་བུས་ཀླུབས། སྒར་ཆེན་འོད་འགྱེད་མགྱོགས་འགྲོ་བྲ་ནག་ཆིབས། །དམ་ཚིག་རྡོ་རྗེ་མི་ནུབ་རུ་མཚོན་གཡས། །གཡོན་པ་སྦྲུལ་ཞགས་ནད་ཀྱི་དུག་རླུང་འཐུལ། །ཆུ་སྲིན་སྦལ་ནག་རྒྱལ་མཚན་གྲུ་ན་ཕྱར། །མངོན་སྤྱོད་དྲག་པོའི་མཐུ་རྩལ་ཐོག་སེར་འབེབས། །དཔའ་བོའི་ཆས་རྫོགས་རྔམ་དྲག་གཏུམ་པའི་གཟུགས། །སྡེ་བརྒྱད་ཀླུ་ཡི་དབང་ཕྱུག་དམ་ཚིག་ཅན། །དགྲ་འདུལ་ཀླུ་གཡང་སྦྱིན་མཛད་མངའ་གསོལ་ལོ། །གཞན་ཡང་གནས་ཡུལ་ཀུན་སྐྱོང་སྣ་ཚོགས་ཀྱིས། །མཚན་དང་ཁ་དོག་རྣམ་གྱུར་བསམ་ཡས་འགྱེད། །དཔལ་ལྡན་བཀའ་ཡི་སྲུང་མ་མཐུ་བོ་ཆེ། །དགེ་
(༡༡༥)བསྙེན་རྡོ་རྗེ་རྒྱལ་པོ་མངའ་གསོལ་ལོ། །ཀླུ་རྗེ་ཐོད་དཀར་ཆེན་མོ་མངའ་གསོལ་ལོ། །གཉན་ཆེན་རྡོ་རྗེ་འབར་བ་མངའ་གསོལ་ལོ། །མ་སང་མཐུ་ཆེན་མཁའ་རི་མངའ་གསོལ་ལོ། །བདུད་རྗེ་ཟུ་ར་ར་སྐྱེས་མངའ་གསོལ་ལོ། །བདུད་པོ་ཟླ་བའི་གདོང་ཅན་མངའ་གསོལ་ལོ། །བདུད་རྒྱལ་ཏྲག་ཤད་ནག་པོ་མངའ་གསོལ་ལོ། །ཀླུ་རྗེ་གཙུག་ཕུད་ནོར་བཟང་མངའ་གསོལ་ལོ། །ཀླུ་བདུད་དྲག་པོ་སྨྱོ་ཁ་མངའ་གསོལ་ལོ། །ཀླུ་གཙན་གཉན་ཆེན་མཁར་ནག་མངའ་གསོལ་ལོ། །ལྕམ་སྲིང་ཀླུ་མོ་གཟི་འབར་མངའ་གསོལ་ལོ། །ལས་བྱེད་ཀླུ་རྒྱལ་སྡེ་བརྒྱད་མངའ་གསོལ་ལོ། །ཀླུ་འཁོར་གྲངས་མེད་སྡེ་དཔུང་མངའ་གསོལ་ལོ། །ཡང་འཁོར་རྒྱ་མཚོར་བཅས་པ་མངའ་གསོལ་ལོ། །དམ་རྫས་གཏོར་མ་དཀར་གསུམ་ཟས་སྣའི་ཕུད། །བདུད་རྩི་བསང་མཆོད་འདོད་ཡོན་ནོར་བུའི་གཏེར། །སྤྱན་གཟིགས་དཀོར་ཆ་ལ་སོགས་འབུལ་གྱིས་བཞེས། །ཁྱོད་ལ་ཕྲིན་ལས་དམ་པ་བཅོལ་བ་ནི། །ཁྱབ་བདག་རང་བྱུང་རྡོ་རྗེ་ཀརྨ་པའི། །གདན་ས་གོང་འོག་བར་གསུམ་བསྲུང་བ་དང་། །རྒྱལ་བའི་བསྟན་སྐྱོངས་དེ་འཛིན་སྐུ་ཚེ་བསྲིངས། །དགེ་འདུན་སྡེ་སྤེལ་ཆོས་མཛད་བར་ཆད་
(༡༡༦)ཟློག །རྒྱལ་ཁམས་ཀུན་བདེ་འབྲུ་འཕེལ་བདེ་སྐྱིད་ལྡན། །བདག་ཅག་ཡིད་ལ་གང་འདོད་ཕྲིན་ལས་སྒྲུབས། །ཆོས་སྲིད་དཔལ་ཀྱི་འབྱོར་པས་རྟག་ཏུ་ཕྱུག །བཀྲ་ཤིས་དགེ་བའི་དབྱར་རྔ་སྒྲོག་པར་མཛོད། །གསོལ་ལོ་མཆོད་དོ། ཀླུའི་དེད་དཔོན་རྡོ་རྗེ་རྒྱལ་པོ་དགེ་བསྙེན་ཆེན་པོ་དུག་གི་གདོང་ཅན་འཁོར་དང་བཅས་པ་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་སྲུངས། དེ་འཛིན་གྱི་ཕྲིན་ལས་སྤེལ། རྣལ་འབྱོར་ཀྱི་བར་ཆད་སོལ། ཆོས་འབྱོར་གྱི་མཐུན་རྐྱེན་སྤེལ། རྣམ་བཞིའི་ཕྲིན་ལས་སྒྲུབས། གདུག་འདྲེ་རྒྱལ་འགོང་ཆོམས། བསྟན་པའི་སྤྱི་དགྲ་ཐུལ། རིག་འཛིན་གྱི་སྒོས་དགྲ་སྒྲོལ། །ཡོན་བདག་གི་བདེ་ལེགས་བསྐྱེད། ནད་དང་གནོད་པ་བཙའ་སད་སེར་གསུམ་ཟློག །ས་བཅུད་འབྲུ་གཡང་སྤེལ། འཇིག་རྟེན་ཐམས་ཅད་བདེ་ལེགས་ཀྱི་སྣང་བས་དུས་རྟག་ཏུ་ཁྱབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ། གསུམ་པ་དབྱིངས་ཕྱུག་སྔགས་སྐྱེས་ཀྱི་ཌཱཀི་ཨ་ཕྱི་ཆོས་ཀྱིས་སྒྲོན་མའི་བསང་མཆོད་མངའ་གསོལ་ནི། མཆོད་རྫས། རྃ་ཡྃ་ཁྃ་གིས་བསང་སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་ཀ་པཱ་ལར། ཤ་ལྔ་བདུད་རྩི་ལྔའི་རང་བཞིན་མཆོད་གཏོར་ཡེ་ཤེས་བདུད་
(༡༡༧)རྩིའི་བཅུད་ཆེན་མཁའ་དབྱིངས་ཀྱི་འཁོར་ལོར་འཆར་བར་གྱུར། ཨོཾ་ཨཱཧཱུཾ་ཧ་ཧོཧྲཱི༔ས་བྱིན་བརླབས། ཧྲཱིཡེ་དག་ཟག་མེད་ཀུན་བཟང་མོ། །བདེ་སྟོང་རོལ་པའི་མཁའ་ཀློང་ལས། །སྲིད་ཞིའི་མཁའ་འགྲོ་དྲྭ་བར་ཤར། །སྣང་ཚུལ་ཡེ་ཤེས་ལས་འཇིག་རྟེན། །དམ་ཚིག་ཤ་ཟའི་ཌཱ་ཀི་མའི། །ཚོགས་ཀྱི་འཁོར་ལོ་དབང་བྱེད་མ། །ཡེ་ཤེས་མཁའ་འགྲོ་ཆོས་ཀྱི་སྒྲོན། །རང་གདངས་ཆོ་འཕྲུལ་བཀོད་པ་ལས། །ཆོས་དང་ཡེ་ཤེས་དམ་ཚིག་དབང་། །ལས་ཀྱི་མཁའ་འགྲོ་ཤ་ཟ་མོ། །ཕྱག་བརྙན་མ་མོ་སྤྲུལ་པའི་ཚུལ། །འཁོར་འདས་ཡོངས་ལ་དབང་བསྒྱུར་བའི། །རྡོ་རྗེའི་མཎྜ་ལར་བཞུགས་རྣམས། །རྣལ་འབྱོར་འབོད་པའི་གནས་འདིར་གཤེགས། །ལེགས་བཤམས་གདན་ལ་དགྱེས་པར་བཞུགས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །མཆོད་གཏོར་སྤྱན་གཟིགས་རོལ་མོ་དབྱངས། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས། །མཁའ་དབྱིངས་རབ་འབྱམས་རྒྱས་བཀང་ཏེ། །གསོལ་ལོ་མཆོད་དོ་འབུལ་ལོ་བསྔོ། །བཞེས་ཤིག་རོལ་ཅིག་ཚིམས་པར་མཛོད། །རྨད་བྱུང་དཀར་དམར་གསེར་གཡུའི་སྐྱེམས། །བསང་མཆོད་རྡོ་རྗེའི་ལོངས་
(༡༡༨)སྤྱོད་ཀྱིས། །ཆོས་ཀྱི་སྒྲོན་མ་མངའ་གསོལ་ལོ། །ཡེ་ཤེས་དམ་ཚིག་ཤ་ཟ་དང་། །ལས་ཀྱི་ཕྱག་བརྙན་མཁའ་འགྲོ་མ། །སྣང་སྲིད་མ་ཚོགས་མངའ་གསོལ་ལོ། །གང་བཞེད་འཆར་བའི་གཏེར་ཆེན་པོས། །མཆོད་དོ་བརྔན་ནོ་མངའ་གསོལ་ལོ། །སྣོད་བཅུད་དུས་ཀྱི་རྒུད་པ་ཞི། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །རིག་འཛིན་བརྒྱུད་པའི་བཀའ་དམ་དང་། །རང་དམ་གཉན་པོ་རྗེས་དགོངས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །ཉེས་པ་བཟློག་ཅིང་ལེགས་པ་སྤེལ། །ཁྱད་པར་སྙིགས་དུས་སྤྱོད་ངན་གྱིས། །ཁྱེད་རྣམས་ཐུགས་འགལ་བཟོད་པར་བཞེས། །འཁོན་འཁྲུག་ཞི་བ་ཆེན་པོར་ཟླུམ། །བསྟན་དང་བླ་མའི་འཕྲིན་ལས་དང་། །ཚེ་འབྱོར་མངའ་ཐང་རྒྱས་པར་མཛོད། །བརྟན་གཡོའི་སྣང་བ་དབང་དུ་སྡུས། །བཟུང་འཛིན་དགྲ་གདོན་འབྱུང་པོ་སྒྲོལ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཕྱོར། །མི་འབྲལ་རྒྱུན་དུ་འགྲོགས་ནས་ཀྱང་། །གང་བཅོལ་ལས་རྣམས་བསྒྲུབ་ཏུ་གསོལ། །གསོལ་ལོ་མཆོད་དོ། །དཔལ་སྔགས་ལས་སྐྱེས་པའི་དབྱིངས་ཀྱི་ཡུམ་ཆེན་ཡེ་ཤེས་ཀྱི་ཌཱ་ཀི་དབང་ཕྱུག་ཆོས་ཀྱི་སྒྲོན་མ། བསྟན་
(༡༡༩)སྐྱོང་ཨ་ཕྱི་ཆེན་མོ། མཁའ་འགྲོ་ཡོངས་ཀྱི་ཚོགས་དཔོན་ཆེན་མོ། འཁོར་ཡེ་ཤེས་མཁའ་འགྲོ་གཙུག་ན་ནོར་བུ། དམ་ཚིག་མཁའ་འགྲོ་ཡིད་བཞིན་ནོར་བུ། །དབང་གི་མཁའ་འགྲོ་ཁམས་གསུམ་གཟི་འཕྲོག། ཤ་ཟ་ལས་ཀྱི་མཁའ་འགྲོ་ཆེན་མོ། ཕྱག་བརྙན་མཁའ་འགྲོ་བྱེ་བ་འབུམ་སྡེ་དང་བཅས་པ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། འཁོར་དང་གང་ཟག་སྐྱོངས། དཔལ་དང་གྲགས་པ་སྒྲུབས། སྡང་བར་བྱེད་པའི་དགྲ་སོད། གནོད་པར་བྱེད་པའི་བགེགས་ཆོམས། རྣལ་འབྱོར་གྱི་བར་ཆད་སོལ། ཡོན་བདག་གི་མཐུན་རྐྱེན་སྒྲུབས། ནད་དང་གནོད་པ་བཙའ་སད་སེར་གསུམ་ཟློག །འཇིག་རྟེན་ཐམས་ཅད་བདེ་ལེགས་ཀྱི་སྣང་བས་ཁྱབ་ཅིང་། ཅི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མ་ལུས་པ་བསྒྲུབ་པར་མཛད་དུ་གསོལ། །ཞེས་གྱེར་ཞིང་རོལ་མོ་དང་བཅས་མཆོད་གཏོར་འབུལ་ལོ། །བཞི་པ་ཞིང་སྐྱོང་གི་མཁའ་འགྲོའི་གཙོ་མོ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཐུན་མོང་མ་ཡིན་པའི་བསྟན་སྲུང་ཇོ་མོ་བཀྲ་ཤིས་ཚེ་རིང་མའི་བསང་མཆོད་ནི། མཆོད་གཏོར་རྣམས་
(༡༢༠)བིབྷྣཱན་གྱིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ཀ་པཱ་ལ་རྒྱ་ཆེ་བ་སྟོང་གསུམ་དང་མཉམ་པའི་ནང་དུ། ཐབས་མཆོག་བདེ་བ་ཆེན་པོའི་བདུད་རྩི་ཟད་མི་ཤེས་པ། འདོད་པའི་ཡོན་ཏན་ཅི་ཡང་འཕྲོ་བ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨཱཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁྃ། བྷྱོ། བོད་ཡུལ་དབུས་ཀྱི་ནུབ་ཕྱོགས་སུ། །གངས་དཀར་ནགས་སྤངས་གཡའ་ཡིས་མཛེས། །བསིལ་བྱེད་བདུད་རྩིའི་ཆུ་རྒྱུན་ཅན། །སྨན་སྤོས་ནེའུ་སེང་ཉམས་དགའ་བ། །ལ་ཕྱི་ཆུ་བར་གནས་ཀྱི་བདག །ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་འཁོར་དང་བཅས་པ་རྣམས། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །གནས་མཆོག་འདི་རུ་གཤེགས་སུ་གསོལ། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས། །བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ། །དཔག་མེད་ནམ་མཁའི་ཁམས་བཀང་བ། །ཟད་མེད་ལོངས་སྤྱོད་རྒྱ་ཆེན་པོ། །རྣལ་འབྱོར་དྭངས་པས་འབུལ་ལགས་ན། །དགྱེས་བཞེས་དངོས་གྲུབ་རྣམ་གཉིས་སྩོལ། །བདེ་ཆེན་དངོས་སྦྱིན་ཧེ་རུ་ཀ། དབང་ཕྱུག་བཞད་པ་རྡོ་རྗེ་དང་། །རྩ་བརྒྱུད་བླ་མ་ཐམས་ཅད་བསང་། །ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །མཆེད་ལྔ་འཁོར་དང་བཅས་པ་བསང་། །ཡབ་ཅིག་ལྷོ་ལྷ་དེ་ཝ་
(༡༢༡)དང་། །ཡུམ་མཆོག་འབྲོག་ཡུལ་སྨན་མོ་བསང་། །མིང་པོ་བདུན་དང་ཞིང་སྐྱོང་གི། །མཁའ་འགྲོའི་ཚོགས་རྣམས་ཐམས་ཅད་བསང་། །བོད་སྐྱོང་བརྟན་མ་བཅུ་གཉིས་དང་། །མ་མོ་སྨན་མོ་འབུམ་སྡེ་བསང་། །སྟོང་གསུམ་སྲིད་གསུམ་འཇིག་རྟེན་ཁམས། །སྣང་སྲིད་མ་མོ་མཁའ་འགྲོ་བསང་། །ཕྱི་ནང་གསང་བ་ཡང་གསང་གི། །མཆོད་སྤྲིན་མཁའ་དང་མཉམ་པ་འདིས། །ལྷ་སྨན་རྒྱལ་མོ་གཙོ་དང་འཁོར། །སྲིད་པ་རྒྱལ་མོའི་ལྷ་ཚོགས་རྣམས། །ཐུགས་དམ་གཉན་པོ་བསྐང་གྱུར་ནས། །བདག་ཅག་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་གྱི་བདག་པོར་བཅས། །དུས་མིན་འཆི་བ་ལས་རྒྱལ་ནས། །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །ཟག་བྲལ་ཡེ་ཤེས་སྤྱན་ཐོབ་ཅིང་། །ཆོས་དང་ནོར་གྱི་འབྱོར་པས་ཕྱུག །ནད་གདོན་དགྲ་འདྲེ་ཉེར་འཚེ་བྲལ། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་། །གཏེར་ཆེན་བུམ་པ་བཟང་པོ་བཞིན། །བདག་གི་ཇི་ལྟར་འདོད་པའི་དོན། །འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་གཏོར་མ་དང་གསེར་སྐྱེམས་ནམ་མཁར་མཆོད་ལ། གསོལ་ལོ་མཆོད་དོ། ཇོ་མོ་བཀྲ་ཤིས་ཚེ་རིང་མ་དང་། མཐིང་གི་ཞལ་བཟང་། མི་གཡོ་བློ་བཟང་། ཅོད་པན་མགྲིན་
(༡༢༢)བཟང་། གཏད་དཀར་འགྲོ་བཟང་མ་ལ་སོགས་པ། སྨན་བཙུན་མཆེད་ལྔ་འཁོར་དང་བཅས་པ་རྣམས་ལ་མཆོད་སྤྲིན་རྒྱ་མཚོས་གསོལ་ལོ། །མཆོད་དོ། མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་མཐུས། སྤྱིར་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཁྱད་པར་དཔལ་ཀརྨ་པའི་བསྟན་པ་འདི་ཉིད་གོང་དུ་འཕེལ་ཞིང་རྒྱས་ནས། ཡངས་པའི་ས་ཆེན་ཐམས་ཅད་ཁྱབ་ཅིང་ཉམས་མེད་ཡུན་རིང་དུ་གནས་པ་དང་། བསྟན་པ་དེ་ཉིད་འཛིན་པར་མཛད་པའི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་འགྱུར་མེད་རྡོ་རྗེའི་རང་བཞིན་དུ་བརྟན་པ་མགོན་པོ་ཚེ་དཔག་མེད་དང་དབྱེར་མེད་ཅིང་། མཁྱེན་རབ་འཇམ་དཔལ་དབྱངས། སྙིང་རྗེ་ཚད་མེད་སྤྱན་རས་གཟིགས། མཐུ་སྟོབས་གསང་བདག་རྡོ་རྗེ་འཛིན་པ་དང་མཚུངས་པ་བསྟན་འགྲོའི་བསོད་ནམས་ཀྱི་དཔལ་དུ་གྲུབ་ཅིང་། དེའི་མཐུ་ལ་བརྟེན་ནས་ཀཾ་ཚང་དགེ་འདུན་གྱི་སྡེ་རྣམས་གོང་ནས་གོང་དུ་འཕེལ་ཞིང་། འཇིག་རྟེན་གྱི་ཁམས་ཀུན་ཏུ་ནད་མཚོན་མུ་གེའི་བསྐལ་པ་ནམ་ཡང་མི་འབྱུང་ཞིང་། བདེ་སྐྱིད་ཕུན་སུམ་ཚོགས་པ་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པའི་ཕྲིན་ལས་གཡེལ་བ་མེད་པར་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་དོ། །
(༡༢༣)ཅེས་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་བསྲུང་བཀྲ་ཤིས་ཚེ་རིང་མའི་བསང་མཆོད་སྒར་བསང་ཆེན་མོར་སྦྱར་རྒྱུ་དང་། སྒེར་གསོལ་དུས་སུ་ཡང་སྦྱར་རུང་བ་འདི་བཞིན་ཆོས་མཛད་རྗེ་བཙུན་མ་ཀརྨ་རྣམ་རྒྱལ་དཔལ་སྒྲོན་གྱིས་བསྐུལ་བའི་ངོར། ཀརྨ་པ་བཅུ་བཞི་པས་ཡང་དབེན་ཁྱུང་རྫོང་ལྷུན་གྲུབ་ཕོ་བྲང་དུ་བྲིས་པ་དགེ་ལེགས་འཕེལ། །དེ་ལྟར་བཀའ་སྲུང་མཆོག་རྣམས་ཀྱི། །མངའ་གསོལ་གཞུང་རྙིང་གསེར་གྱི་ཕྲེང་། །ཁ་འགེང་ནོར་བུའི་རྒྱན་བསྟར་བའི། །ལྷ་མིའི་དགའ་སྟོན་དཔྱིད་འདི་རྨད། །ཅེས་འཁོར་ལྔ་དང་རྗེས་འབྲངས་ལས་མཁར་ནག་དང་། ཨ་ཕྱི་གསར་སྦྱོར་བཅས་པའི་བསང་གསོལ་གྱི་རིམ་པ་རྣམས་མཁའ་ཁྱབ་རྡོ་རྗེར་འབོད་པས་ཕྱོགས་གཅིག་ཏུ་བསྡེབས་པའོ།། །།དགེའོ།། །།
(༡༢༤)
(༡༢༥)དཔལ་ལྡན་ཀརྨ་པའི་གདན་ས་བདེ་མཆོག་ཐུགས་ཀྱི་འཁོར་ལོ་མཚུར་མདོ་བོ་ལུང་གི་ཕྱག་རྒྱུན་ལས་འབྱུང་བའི་མགྲོན་ཐབས་ཀྱི་སྲུང་མ་གདན་ས་གོང་འོག་གཙོ་བོར་གྱུར་བའི་ཡུལ་གཞིའི་བདག་པོ་རྣམས་ཀྱི་བསང་མཆོད་ཕྱོགས་གཅིག་ཏུ་བཀོད་པ་བསམ་འཕེལ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
(༡༢༦)གུ་རུ་ཀརྨ་ཀ་བཛྲ་སཏྭ་ཡེ། སྒྲུབ་བརྒྱུད་མཚན་སྙན་དགའ་ཚལ་ལྗོན་ཕྲེང་གི། གཙོ་བོར་མངོན་འཕགས་དཔག་བསམ་དབང་པོ་ནི། ཀརྨའི་བཀའ་རྒྱུད་བསྟན་པའི་གཉེར་འཛིན་པའི། མགྲོན་རིགས་རྣམས་ཀྱི་བསང་མཆོད་འདི་ན་སྤེལ། དེ་ལ་ཐོག་མར་གདན་ས་གོང་འོག་བར་གསུམ་དཔལ་སྤུངས་སོགས་ཆོས་འཁོར་སྒྲུབ་གནས་རྣམས་ཀྱི་སྲུང་མ་གཞི་བདག་གི་བསང་མཆོད་དགོས་འདོད་རེ་སྐོང་རྗེ་བཅུ་བཞི་བས་བསྩལ་བ་ལ་ཅུང་ཟད་ཁ་བསྐང་བ་ནི། ན་མོ་པདྨ་སམྦྷ་ཝ་ཀརྨ་ཀ་ན་མོ། གང་ཞིག་གང་གི་ཕུན་ཚོགས་དྲན་ཙམ་གྱིས། སྐད་ཅིག་སྲིད་པའི་གདུང་བ་མཐར་བྱེད་པ། སྐྱབས་གྱུར་རིན་ཆེན་གསུམ་གྱི་ཞབས་པད་མོར། །རྣམ་ཀུན་དད་དང་སྤྲོ་བས་
(༡༢༧)ལན་བརྒྱར་འདུད། འདིར་སྒྲུབ་པ་མཆོག་གི་བསྟི་གནས་རྡོ་རྗེ་གདན་མཆོག་གཉིས་པ་འོག་མིན་མཚུར་ཕུ་དང་། ཀརྨ་ཀཾ་པོ་སོགས་སྒྲུབ་གནས་ཆེན་པོ་རྣམས་སྲུང་ཞིང་སྐྱོངས་པའི་དཀར་པོའི་ཕྱོགས་ཀྱི་གཞི་བདག་མཐུ་ཆེན་ལ་བསང་མཆོད་བརྔན་གྱི་མཆོད་སྤྲིན་སྤྲོ་བར་འདོད་པ་དག་གིས། གཙང་མའི་གནས་སུ་གཏོར་མཆོད་གཙང་ཞིང་རྒྱ་ཆེ་བ། འབྲུ་སྨན། དར་ཟབ། ཕྱེ་མར། སྐྱེམས་ཕུད། བཟང་ཤིང་སྣ་ཚོགས་ཀྱི་བསང་དུ་སྡོགས་ཅི་འབྱོར་པའི་མཆོད་རྫས་འདུ་བགྱིས་ལ། དེ་དག་བྱིན་གྱིས་བརླབས་པ་ནི། ཨོཾ་ཨཱཧཱུཾ་ཧྲཱིགདོད་ནས་དག་པ་སྤྲོས་བྲལ་ཆོས་དབྱིངས་དང་། །རང་རིག་རང་བྱུང་པདྨ་ཧེ་རུ་ཀར། །གསལ་བའི་ཐུགས་
(༡༢༨)ལས་འོད་འཕྲོས་རྫས་ལ་ཕོག །མ་དག་དྲི་སྦྱངས་དག་པ་ཡེ་ཤེས་ཀྱི། །བདུད་རྩིའི་རང་བཞིན་དཔེ་མེད་བརྗོད་བྲལ་གྱུར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་བརྗོད། དེ་ནས་རོལ་མོ་སྣ་ཚོགས་ལྡིར་ཞིང་སྙན་པའི་དབྱངས་ཀྱིས་འདི་སྐད་དོ།། ཀྱཻ། ཛམ་གླིང་བྱང་ཕྱོགས་བསིལ་ལྡན་རྡུལ་དཀར་གྱིས། །ཕྲེང་བས་ཡོངས་བསྐོར་བྷོ་ཊའི་ལྗོངས་ཀྱིས་དབུས། །སྟོད་ལུང་མཚུར་ཕུ་ཞེས་གྲགས་འོག་མིན་ཞིང་། །ཡ་མཚན་ས་འདིར་མངོན་སུམ་འཕོས་པ་བཞིན། །འཇིག་རྟེན་སྒྲོན་མེ་དམ་པ་མཆོག་རྣམས་ཀྱི། །མཆོག་དངོས་གྲུབ་པའི་བསྟི་གནས་བླ་ན་མེད། །མ་སླད་སྣང་ངོར་རྒྱལ་བ་རྒྱ་མཚོའི་ཚོགས། །དཔའ་བོ་ཌཱ་ཀི་རྟག་འདུ་དགྱེས་རོལ་ཞིང་། །ཡིད་ཅན་ཀུན་གྱི་མིག་དབང་སྤྱོད་ཡུལ་དུ། །འཇིག་རྟེན་ལ་གྲགས་ས་ཡི་དཔྱད་ཀུན་ལྡན། །སྲ་མཛེས་བྲག་དང་གཡའ་སྤང་ལྷུན་ཆགས་པའི། །ས་འཛིན་རབ་མཐོར་ནགས་ཚལ་མེ་ཏོག་ཕྲེང་། །དབྱར་སྐྱེས་གཞོན་ནུས་ཁེབས་པའི་ནེའུ་སིང་ངོས། །འདུ་བ་རྣམ་བཞིའི་
(༡༢༩)བྲོ་ནད་གདུང་སེལ་ཞིང་། བདེ་སྟེར་སྨན་མཆོག་མ་ཚང་མེད་པ་བཞིན། རབ་གྲགས་ཤུག་དང་སྒྲར་བཅས་གྱ་གྱུར་དུ། །འབབས་པའི་སྐལ་ལྡན་ཤིང་རྟའི་བགྲོད་པ་རྣམས། །ལེ་ལོའི་གཉིད་ལས་སློང་བའི་ཆོས་ཀྱི་སྒྲ། །སྒྲུབ་པོར་ཆེད་དུ་འབོད་བཞིན་ལྷུང་ལྷུང་སྒྲོགས། །སྣ་ཚོགས་རི་དྭགས་བག་ཕེབས་བདེར་གནས་ཤིང་། །སྤུ་སྡུག་མཛེས་པའི་བྱ་རྣམས་སྙན་པར་སྒྲོགས། །ཆོས་བཞིན་སྤྱོད་པའི་མཐུན་རྐྱེན་ཕུན་ཚོགས་ཞིང་། །ངོ་མཚར་སྒྲུབ་གནས་ཡོངས་ཀྱི་མཆོག་གྱུར་དེར། །རྟག་ཏུ་འདུ་ཞིང་དགྱེས་རོལ་བླ་མ་དང་། །ཡི་དམ་དཔའ་བོ་ཌཱ་ཀི་ཆོས་སྐྱོང་ཚོགས། །བླ་མེད་མཆོད་སྤྲིན་རྒྱ་མཚོས་མཉེས་གྱུར་ཅིག །ཁྱད་པར་གསུང་གི་དབང་ཕྱུག་སྙིང་རྗེའི་ལྷ། །རྒྱལ་བ་རྒྱ་མཚོའི་ཡེ་ཤེས་འདུས་པའི་སྐུ། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་པ། །ཞི་དང་ཁྲོ་གར་སྣ་ཚོགས་ནོར་བུ་བཞིན། །གདུལ་བྱའི་དོན་དུ་རོལ་པར་ཤར་བ་ནི། །འགྲོ་རྣམས་གཏན་གྱི་དབུལ་བ་སེལ་བའི་
(༡༣༠)ཕྱིར། །ཕྱི་ལྟར་སྙིང་རྗེའི་མཛོད་འཛིན་ཛམ་ལྷ་དཀར། །ནང་ལྟར་ཁམས་གསུམ་འགུགས་བྱེད་མདུང་དམར་ཅན། །གསང་བ་ཧེ་རུ་ཀ་དཔལ་རྟ་མཆོག་རྒྱལ། །ཡང་གསང་ཐུགས་རྗེ་གསང་བའི་མཎྜལ། །མཆོག་གསང་དྲྭ་བ་སྡོམ་པའི་དཀྱིལ་འཁོར་པ། །སངས་རྒྱས་བྱང་སེམས་དཔའ་བོ་ཧེ་རུ་ཀ། །རིག་འཛིན་མཁའ་འགྲོ་དམ་ཅན་འདུས་པ་ཡི། །འཁོར་ལོ་ཆེན་པོར་རོལ་བའི་ལྷ་ཚོགས་རྣམས། །བླ་མེད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད། །དབུས་རི་བྱམས་པ་ཆེན་པོའི་ལྟེ་བ་ལ། །མ་ཕམ་རྒྱལ་བ་བྱང་སེམས་ཉན་ཐོས་འཁོར། །ཐེག་ཆེན་ཆོས་ཀྱི་འཁོར་ལོའི་གནྡྷོ་དང་། །གསང་བ་ཡེ་ཤེས་ཌཱ་ཀིའི་དཀྱིལ་འཁོར་སོགས། །རབ་འབྱམས་རྒྱལ་བའི་ཚོམ་བུ་མཐའ་ཡས་རྣམས། །དག་མཉམ་ཡང་པ་ཆེན་པོའི་མཆོད་པ་བཞེས། །ཁྱད་པར་མ་རུངས་ལོག་འདྲེན་འཛོམས་པའི་གཉེན། །མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་ཅན། །འདོད་ཁམས་དབང་ཕྱུག་ལྷ་མོ་རེ་མ་ཏི། །དགྲ་ལྷ་ཆེན་པོ་རྡོ་རྗེ་ལེགས་པ་སོགས། །ཆོས་སྐྱོང་རྒྱ་མཚོའི་ཚོགས་རྣམས་ཐམས་ཅད་བསང་། །ཀླུ་རྒྱལ་ཆེན་པོ་ཐོད་དཀར་ཟླ་བའི་སྲས། །རྡོ་རྗེ་རྒྱལ་ཞེས་མཚན་དུ་རབ་གྲགས་པ། །སྐུ་མདོག་མིག་སྨན་ཉིད་དང་འགྲན་བཟོད་
(༡༣༡)ཅིང་། །ཞི་འཛུམ་ཐལ་སྦྱར་ཚུལ་གྱིས་ནོར་བུ་འཛིན། །སྣ་ཚོགས་རཏྣའི་རྒྱན་དང་ལྷབ་ལྷུབ་གོས། །དུ་མས་རབ་བརྒྱན་སྐུ་སྨད་ལྟོ་འགྲོ་ཡི། །གཟུགས་སུ་བྱས་ནས་གཉིས་འཐུང་དཀར་པོའི་སྟེང་། །རབ་ཏུ་བརྗིད་ཅིང་འགྱིང་བག་ལྡན་པར་གནས། །དྲག་པོར་ཁྲོས་པ་ནག་པོ་དུག་གི་གདོང་། །རབ་ཏུ་དམར་བའི་སྡང་མིག་ཆེར་བགྲད་ཅིང་། །ནག་པོ་བརྩེགས་པའི་ཁ་རླངས་སྟོང་གསུམ་ཁྱབ། །རྡོ་རྗེ་འབར་བ་ལྟོ་འགྲོའི་ཞགས་པ་དང་། །ནད་རྐྱལ་གཡས་གཡོན་ཕྱག་གིས་རབ་འཛིན་ཅིང་། །ཉམས་པའི་ཚོགས་རྣམས་མིང་ཙམ་མེད་པར་བྱེད། །སྟོབས་ལྡན་དེ་སྲས་བཙུན་མོ་བློན་འབངས་བྲན། །ཀུན་ཀྱང་དཔག་མེད་མཁའ་མཉམ་མཆོད་པས་མཆོད། །མ་རུངས་འཇོམས་མཛོད་དྲག་རྩལ་ཤུག་ལྡན་པ། །གྱང་ལྷ་བཙན་པོ་མདོག་དམར་ཁྲོས་པའི་ཞལ། །ཁྲབ་་རྨོག་དར་མདུང་ཕུབ་དང་རལ་གྲི་སོགས། །དཔའ་བའི་ཆོས་ལྡན་མྱུར་མགྱོགས་ཅང་ཤེས་ལ། །རཏྣའི་སྒ་སྲབ་རྒྱན་གྱིས་མཛེས་པའི་སྟེང་། །གཏུམ་རྔམས་དྲག་རྩལ་ལྡན་པར་འགྱིང་བཞིན་གནས། །སྤྲུལ་དང་ཡང་སྤྲུལ་འཁོར་ཚོགས་བྱེ་བ་བརྒྱར། །འདོད་ཡོན་མཁོ་རྒུའི་ཚོགས་ཀྱིས་མཉེས་
(༡༣༢)མཆོད་འབུལ། །ཁྱད་པར་གཉན་ཆེན་རྒྱ་ལྷ་གང་བ་བཟང་། །རབ་དཀར་ཀཻ་ལ་ཤ་ཡི་ལྷུན་པོ་ལ། །ཉི་འོད་འབུམ་གྱིས་འཁྱུད་ལྟར་གཟི་འབར་ཞིང་། །ཞི་མ་ཁྲོ་འཛུམ་སྒེག་ཅིང་དཔའ་བའི་ཉམས། །གནག་སྣུམ་དབུ་སྐྲ་ལྕང་ལོས་མཛེས་པའི་སྟེང་། །ཞྭ་དཀར་འཕྲུ་ལྡན་ནོར་བུའི་ཏོག་གིས་སྤྲས། །སྐུ་ལ་དར་ལྗང་ན་བཟའ་གསོལ་བའི་སྟེང་། །དར་དཀར་བེར་ཆེན་ལྷབ་ལྷུབ་ཚུལ་གྱིས་མཛེས། །གཡས་གཡོན་ཕྱག་ན་དར་མདུང་དཀར་པོ་དང་། །དགོས་འདོད་རིན་ཆེན་གཏེར་གྱི་བུམ་པ་འཛིན། །ཅང་ཤེས་ངང་པ་གསེར་གཡུ་ནོར་བུའི་རིགས། །དུ་མའི་རྒྱན་དང་སྒ་སྲབ་གྱིས་མཛེས་སྟེང་། །དཔའ་བརྗིད་རྔམས་པའི་ཚུལ་གྱིས་འགྱིང་བཞིན་གནས། །བཙུན་མོ་སྲས་དང་ཕྱི་ནང་བློན་པོའི་ཚོགས། །ཉམས་འགྱུར་དཔག་མེད་སྒྱུ་མ་སྨིག་སྒྱུ་བཞིན། །གཉན་ཆེན་དྲག་པོར་ཁྲོས་པའི་སྐུར་བཞེངས་ཚེ། །སྐུ་མདོག་པདྨ་རཱ་ག་ལྟར་སྨུག་ཅིང་། །ཁྲོ་གཉེར་སྡང་མིག་རབ་བགྲད་ཁྲོས་པའི་ཞལ། །མཐིང་ནག་བེར་གསོལ་ཕྱག་གཡས་རལ་གྲི་དང་། །གཡོན་པས་བདུད་ཞགས་འཛིན་ཅིང་འཁོར་གསུམ་བསྐོར། །རྟ་ནག་ཤུགས་ལྡན་རླུང་གཤོག་ལྡན་ལ་ཆིབས། །མཐུ་ལྡན་གཉན་ཆེན་འཁོར་
(༡༣༣)དང་བཅས་རྣམས་ལ། །དངོས་འབྱོར་ཡིད་སྤྲུལ་དཔག་མེད་མཆོད་པའི་སྤྲིན། །རིན་ཆེན་འབྲུ་སྨན་དར་ཟབ་གོ་མཚོན་དང་། །ཕྱེ་མར་སྐྱེམས་ཕུད་བཟང་ཤིང་སྣ་ཚོགས་པའི། །དྲི་ཞིམ་བདུག་སྤོས་སྤྱན་གཟིགས་དཀོར་ཆས་སོགས། །དཔག་མེད་བློས་བླངས་ནམ་མཁའ་མཉམ་པས་མཆོད། །གཞན་ཡང་འོག་མིན་ཀརྨའི་གནྡྷོ་ལའི། །ཆོས་འཁོར་སྐྱོང་ཞིང་སྲུང་བའི་གཞི་བདག་གཙོ། །དཔལ་ལྡན་ཤེས་རབ་འཁོར་དང་བཅས་རྣམས་དང་། །ཀཾ་པོ་གནས་ནང་ཡུལ་སྐྱོང་དགེ་བསྙེན་ཆེ། །རྡོ་རྗེ་དཔལ་བརྩེགས་སྤྲུལ་འཁོར་བཅས་པ་སོགས། །སྒྲུབ་གནས་ཆེ་རྣམས་སྲུང་ཞིང་སྐྱོང་མཛད་པའི། །གཞི་བདག་ཚོགས་རྣམས་མཆོད་སྤྲིན་རྒྱ་མཚོས་མཆོད། །ཡོན་ཏན་འཁོར་ལོ་དེ་ཝི་ཀོ་ཊ་ཆེར། །དགྱེས་རྒུར་རོལ་པའི་རྩ་གསུམ་རྒྱ་མཚོ་དང་། །ཡུལ་སྐྱོང་ལྷ་གཉན་དབུ་ཆེ་བྲག་དཀར་དང་། །ཟོ་དོར་རྩེ་རྒྱལ་ཞེ་ད་ལ་སོགས་པའི། །ཐུབ་བསྟན་ཆོས་འཁོར་གླིང་སྐྱོང་གཙོར་གྱུར་པའི། །དུས་གསུམ་ཀུན་མཁྱེན་ཡབ་སྲས་བརྒྱུད་བཅས་པའི། །གདན་ས་དབུས་གཙང་མདོ་ཁམས་རྒྱ་འཇང་སོགས། །སྤུ་ཀཱོ་རྨ་ཡི་ཡུལ་དང་རྒྱལ་མོ་རོང་། །མོན་འབྲུག་
(༡༣༤)འབྲས་ལྗོངས་མངའ་རིས་བྱང་ཁམས་ཡུལ། །གང་དུ་ཆགས་པའི་ཡུལ་གཞི་གནས་ཀྱི་བདག །སྡེ་རིས་དཔུང་དང་གཉེན་སྡེ་བཅས་པ་རྣམས། །འབོད་པའི་གནས་འདིར་བྱོན་ལ་དགྱེས་པར་བཞུགས། །བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །མཆོད་ཡུལ་ཚོགས་རྣམས་རབ་ཏུ་མཉེས་གྱུར་ནས། །རྒྱལ་བསྟན་རིན་ཆེན་ཕྱོགས་བརྒྱར་འཕེལ་བ་དང་། །ཁྱད་པར་བསྟན་པའི་སྙིང་པོ་སྒྲུབ་བརྒྱུད་ཀྱི། །རིང་ལུགས་དྲི་མེད་ས་ཆེན་ཡོངས་ཁྱབ་ཅིང་། །བསྟན་པ་འཛིན་པའི་སྐྱེས་བུ་མཆོག་རྣམས་ཀྱི། །སྐུ་ཚེ་འཆི་མེད་རྡོ་རྗེ་ལྟར་བརྟན་ཅིང་། །འཇིག་རྟེན་ཀུན་ཏུ་བདེ་ལེགས་ཕུན་ཚོགས་མཛོད། །ཁྱད་པར་འོག་མིན་ས་ལ་སྤྱོད་པའི་ཞིང་། །དཔལ་གྱི་སྟོད་ལུང་མཚུར་ཕུའི་ཆོས་གྲ་ཡིས། །གཙོར་བྱས་གདན་ས་ཆོས་འཁོར་སྒྲུབ་པའི་སྡེ། །ས་སྟེང་ལྷ་མིའི་མཆོད་སྡོང་ཆེ་རྣམས་ཀྱི། །ཆོས་སྲིད་མངའ་ཐང་དགུང་དུ་རེགས་པ་དང་། །དགེ་འདུན་སྡེ་རྒྱས་ཐོས་བསམ་སྒོམ་སྒྲུབ་འཕེལ། །བསྟན་ལ་རི་མོར་བགྱི་བའི་ལྷག་བསམ་བློ། །རྣམ་པར་དཀར་བའི་ལས་འཛིན་ཡོན་བདག་སོགས། །ཀུན་ཀྱང་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། །ཅི་བསམ་དོན་ཆེན་བདེ་བླག་
(༡༣༥)ཉིད་འགྲུབ་མཛོད། །བསྟན་དང་བསྟན་འཛིན་བརྒྱུད་པར་བཅས་རྣམས་ལ། །བསམ་ངན་སྦྱོར་རྩུབ་མུན་ལྟར་གནག་པའི་བློས། །སྔ་དགྲ་ལག་བསྔར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་ཐད་དུ་བཙུག་པའི་དགྲ་བོ་རྣམས། །སྐད་ཅིག་ཡུད་ཙམ་ཉིད་ལ་སྲོག་རྩ་ཆོད། །མིང་གི་ལྷག་མའི་ཆ་ཙམ་མེད་པར་མཛོད། །འཇིག་རྟེན་སྤྱི་དང་ཁྱད་པར་ཡུལ་ཕྱོགས་འདིར། །ནད་མཚོན་མུ་གེའི་སྒྲ་ཙམ་མི་གྲགས་ཅིང་། །བདེ་སྐྱིད་སྐབས་གསུམ་གནས་ལ་ཅོར་འདྲི་བའི། །ཕུན་ཚོགས་ཡར་ཟླའི་ཆ་ཤས་རབ་གང་ནས། །བཀྲ་ཤིས་སྣང་བ་དཀར་པོས་ཁྱབ་གྱུར་ཅིག །གསོལ་ལོ། མཆོད་དོ། བསང་ངོ་། བརྔན་ནོ།། ཀྱཻ། སླུ་བ་མེད་པའི་སྐྱབས་གནས་རིན་པོ་ཆེ་རྣམ་པ་གསུམ། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། དཔལ་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་ཅན་སོགས་བསྟན་སྲུང་རྒྱ་མཚོའི་ཚོགས་དང་། ཡུལ་སྐྱོང་གཉན་ཆེན་རྒྱ་ལྷ་གང་བ་བཟང་པོ། དགེ་བསྙེན་དཔལ་ལྡན་ཤེས་རབ། ཀཾ་པོ་རྡོ་རྗེ་དཔལ་བརྩེགས། དབུ་ཆེན་རྡོ་རྗེ་བྲག་དཀར་སོགས། འཁོར་ལོ་གསུམ་གྱི་དཀྱིལ་འཁོར་ཆེན་པོ་གདན་ས་གོང་འོག་བར་གསུམ་དང་། ཡོན་ཏན་འཁོར་ལོ་དེ་ཝཱི་ཀོ་ཊ་དཔལ་
(༡༣༦)ཀུན་སྤུངས་པའི་ཆོས་གྲ་གཙོར་གྱུར་བའི་དཔལ་ལྡན་དུས་གསུམ་མཁྱེན་པའི་རྒྱུད་འཛིན་གྱི། ཆོས་འཁོར་རི་ཁྲོད་རྣམས་དང་། ལྷག་པར་འོག་མིན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱིས་བྱིན་གྱི་བརླབས་པའི་གནས་མཆོག་འབྲས་འབྲུག་བལ་ཡུལ་བཅས་ཀྱིས་གདན་ས་གོང་འོག་བར་གསུམ་གྱི་བསྲུང་མཐུ་བོ་ཆེ་རྣམས་དང་གཞི་བདག་ས་བདག་རྣམས་གསོལ་ལོ་མཆོད་དོ། །གཞན་ཡང་སྒྲུབ་གནས་བྱིན་རླབས་ཅན་རྣམས་བསྲུང་ཞིང་སྐྱོང་བར་བྱེད་པའི་གཞི་བདག་མཐུ་བོ་ཆེ་རྣམས་གསོལ་ལོ། །མཆོད་དོ། གསོལ་ཞིང་མཆོད་པ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས། དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་། དགེ་འདུན་གྱི་སྡེ་སྐྱོངས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་གཞི་བྱེས་ལམ་གསུམ་གར་འགྲོ་གར་སྡོང་ཀྱང་ལེགས་དང་སྤྲོད། ཉེས་དང་བསྣོལ། བསམ་དོན་ཐམས་ཅད་ཡིད་བཞིན་དུ་འབད་མེད་ཉིད་དུ་འགྲུབ་པའི་ཕྲིན་ལས་དང་། སྟོངས་གྲོགས་རྒྱ་ཆེན་པོ་མཛོད་ཅིག །ཅེས་བརྗོད་ལ་གཏོར་མ་གསེར་སྐྱེམས་ནམ་མཁར་མཆོད་དོ། །ཅེས་པ་འདིའང་ལྕམ་སྲིང་ཆོས་མཛད་མ་དྷརྨ་ཏཱ་རས་བསྐུལ་བའི་དོར། ཀརྨ་པ་བཅུ་བཞི་པས་སྨིན་ཟླའི་ཡར་ཚེས་བདུན་ཟླ་བ་གྲོ་བཞིན་འགྲུབ་སྦྱོར་དང་ལྡན་པའི་སྔ་དྲོའི་ཆར་བྲིས་པ་སརྦ་མངྒ་ལཾ། ། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཉིད་འགྲོ་བ་སྤྱི་དང་། ཁྱད་པར་རྔོག་ཆགས་རྣམས་ཀྱི་དཔལ་མགོན ་དུ་བཞེངས་ཤིང་། རྒྱལ་བའི་བསྟན་པ་བསྲུང་བའི་ཕྲིན་ལས་ཀྱི་གཉེར་ཁ་འཛིན་པ་འཕགས་པ་རེ་མནྟའི་བསང་མཆོད་ནི། །ཀྱཻ། སྙིང་པོ་བྱང་ཆུབ་ཤིང་དྲུང་ན། །བཅོམ་
(༡༣༧)ལྡན་ཤཱཀྱ་ཐུབ་པ་ལ། །ཅང་ཤེས་ཉི་མའི་སྙིང་པོ་དང་། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བསྐོར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །མེ་དཔུང་འབར་བའི་གཞལ་ཡས་ན། །རྟ་མགྲིན་པདྨ་ཧེ་རུ་ཀ། སྐུ་མདོག་དམར་ལ་མེ་འོད་འཕྲོ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བགྲད། །རྡོ་རྗེ་དབྱུག་ཐོ་ལྕག་སྒྲོག་བསྣམས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །ཁྲོ་གཉེར་སྤྱན་གསུམ་འཕྲོ་ཞིང་གཟིགས། །སྤྱི་གཙུག་རྟ་ཞལ་རྟ་སྐད་འཚེར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །རྟ་ལྷའི་རྒྱལ་པོ་རེ་མཱནྟ། །ཆིབས་སུ་སྔོན་པོ་ཉྭ་ནག་ཆིབས། །སྐུ་ལ་གསེར་ཁྲབ་སེར་པོ་གསོལ། །ལྕག་ཁྲ་ཟུང་རེ་ཕྲག་ལ་ལྡིང་། །སྟག་གཉིས་སྔོན་འཕྱོ་སེང་གཉིས་རྒྱབ། །སྤྱི་གཙུག་ཁྱུང་ཆེན་ཟུང་རེ་ལྡིང་། །མདའ་གཞུ་མདུང་དང་རལ་གྲི་དང་། །བ་དན་རྡོ་རྗེ་རྩེ་ལྔ་དང་། །སྣ་ཚོགས་མཚོན་བསྣམས་འཁོར་ལྔ་བརྒྱ། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །དཔལ་ལྡན་མགོན་པོ་ནག་པོ་
(༡༣༨)ནི། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །རྟ་དང་མི་ཡི་སྐར་ངན་སེལ། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །རྟ་ནད་དྲག་པོ་འདུལ་མཛད་པ། །བྱང་སེམས་གང་བ་བཟང་པོ་ལ། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །རྒྱལ་ཆེན་ མགོན་པོ་རྣམ་ཐོས་སྲས། །བྱང ་ཆུབ་གསེར་འདྲ་སེངྒེ་ཞོན། །མི་འཇིགས་སྐྱོབ་ཕྱིར་ནེའུ་ལེ་འཛིན། །རྟ་ནོར་འཕེལ་མཛད་གནོད་སྦྱིན་འཁོར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །མགོན་པོ་མི་དཀར་རྟ་དམར་ཆིབས། །དར་དཀར་གོས་གསོལ་ཅོད་པན་དམར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །ནོར་ལྷ་རྟ་བདག་ཀུ་བེ་ར། །བསེྭ་ཡི་གོ་གསོལ་རྟ་སྔོན་ཆིབས། །ཕྱག་ན་རལ་གྲི་བ་དན་བསྣམས། །འཁོར་དུ་ལྷ་ཆེན་བརྒྱད་ཀྱིས་བསྐོར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །རྔོ་དང་འབྲས་དང་མཚེར་ལངས་དང་། །གློ་དང་ལྷེད་དང་འཐིང་གྲུམ་སོགས། །
(༡༣༩)རྟ་ནད་ཐམས་ཅད་ཞི་བར་མཛོད། །དགྲ་ཇག་གཅན་གཟན་གནོད་པ་ཟློག །གདོན་བགེགས་སྲི་ལ་མ་སྐུར་ཅིག །རྟ་ཕོ་བཟང་པོ་རྩལ་བསྐྱེད་ལ། །ཡོ་མ་རྣམས་ཀྱི་ཁྱུ་སྤེལ་ཅིག །རྟེའུའི་རྫི་བོ་ཁྱོད་ཀྱིས་མཛོད། །རྟ་ཡི་ཚེ་སྲོག་བརྟན་པར་མཛོད། །ཨོཾ་ཀུ་བེར་ཡ་སྭཱ་ཧཱ། །ཞེས་རྟ་གཟུངས་སྡེ་ལྔ་ནས་བཏུས་ཏེ་ཀརྨ་ཨ་ར་གས་སྤེལ་བའོ། དྲང་སྲོང་གཟའི་བསང་མཆོད་ནི། རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱང་། ཨོཾ་ཨཱཧཱུཾ་ཧ་ཧོཧྲཱིས་བྱིན་གྱིས་བརླབས་ཤིང་སྤེལ་ལ། ཀྱཻ། །ཞི་དབྱིངས་བདེ་བ་ཆེན་པོ་ལས། །རང་བྱུང་ལྷུན་གྲུབ་རིག་པར་བཞེངས། །གཞན་སྣང་ཡེ་ཤེས་ལས་འཇིག་རྟེན། །རྣམ་འགྱུར་སྣ་ཚོགས་ཆུ་ཟླའི་གར། །སྲིད་ཞི་ཡོངས་ལ་དབང་བསྒྱུར་ཞིང་། །ལེགས་ཉེས་སྟངས་འཛིན་མཐུ་རྩལ་ཅན། །དྲག་པོ་འཁོར་བཅས་འདིར་གཤེགས་ཤིག །བཤམས་པའི་གདན་ལ་ཞུགས་ནས་ཀྱང་། །དམ་ཚིག་གཉན་པོ་རྗེས་དགོངས་ལ་ཐུགས་དམ་བསྐང་བའི་མཆོད་སྤྲིན་བཞེས། །ལས་བཞི་རོལ་པའི་ཉེར་སྤྱོད་བདུན། །རོལ་མོའི་སྒྲ་དང་མཐུན་རྫས་ཚོགས། །སྤྱན་གཟིགས་དཀོར་ནོར་
(༡༤༠)ལོངས་སྤྱོད་རྒྱན། །གསེར་སྐྱེམས་ཇ་ཕུད་གཡུ་སྔོན་བསང་། །ཕོ་བྲང་སྐྱེད་ཚལ་གླུ་གར་སོགས། །ནམ་མཁའི་མཛོད་དུ་སྤེལ་བ་འདིས། །ཐུགས་ཀྱི་དབང་ཕྱུག་རིག་སྔགས་རྒྱལ། །ཕྱག་ན་རྡོ་རྗེ་མངའ་གསོལ་ལོ། །ཡེ་ཤེས་གཟའ་མཆོག་མངའ་གསོལ་ལོ། །ལས་ཀྱི་གཟའ་བདུད་མངའ་གསོལ་ལོ། །ལྗང་སྔོན་དྲག་པོ་མངའ་གསོལ་ལོ། །དྲང་སྲོང་དཀར་སེར་མངའ་གསོལ་ལོ། །བདུད་པོ་རོག་ཏི་མངའ་གསོལ་ལོ། །བི་ཏྲི་པ་ཏྲ་མངའ་གསོལ་ལོ། །ཧ་ལིང་ཀ་ཡ་མངའ་གསོལ་ལོ། །དུ་བ་མཇུག་རིང་མངའ་གསོལ་ལོ། །ཁྱབ་འཇུག་ཆེན་པོ་མངའ་གསོལ་ལོ། །གཟའ་བདུད་སྒྲ་གཅན་མངའ་གསོལ་ལོ། །དགྱེས་སྡེ་མཆེད་བཞི་མངའ་གསོལ་ལོ། །སྤྲུལ་པའི་གཟའ་བརྒྱད་མངའ་གསོལ་ལོ། །རྒྱུ་སྐར་ཉེར་བརྒྱད་མངའ་གསོལ་ལོ། །ལྷ་སྲིན་སྡེ་བརྒྱད་མངའ་གསོལ་ལོ། །ཡང་འཁོར་དམག་ཚོགས་མངའ་གསོལ་ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །བུ་དང་སྤུན་ཟླར་དགོངས་ནས་ཀྱང་། །ཞི་ཞིང་མཉེས་པའི་འཛུམ་མདངས་ཕྱུངས། །གདུག་རྩུབ་ཁ་རླངས་
(༡༤༡)དུག་ཟེར་སྡུས། །ཚེ་བསྲིངས་དཔལ་དང་གཟི་བྱིན་བསྐྱེད། །དཔལ་འབྱོར་སྙན་གྲགས་མངའ་ཐང་སྤེལ། །ཁྱད་པར་རྒྱལ་བའི་བསྟན་པ་སྲུངས། །དེ་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས། །རྒྱལ་ཁམས་ཐམས་ཅད་བདེ་བར་མཛོད། །ཀོ་ལོང་ཐན་ལྟས་རྩུབ་རིམས་དུག །ཐམས་ཅད་སྡང་བའི་དགྲ་ལ་ཕོབས། །བྱུར་ཁ་བྱད་ཟོར་བགེགས་ལ་སྒྱུར། །དམ་ཚིག་གཉན་པོ་རྗེས་དགོངས་ལ། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་གཏོར་མ་དང་གསེར་སྐྱེམས་གཙང་སར་འབུལ་ལོ། །རྨ་རྒྱལ་སྦོམ་རའི་གཡང་བསང་ནི། ན་མོ་གུ་རུ་པདྨ་ཀཱ་ར་ཡེ། །ལྷ་ཆེན་རྡོ་རྗེ་བདུད་འཇོམས་ལས། །གཡང་གི་དངོས་གྲུབ་ཞུ་བ་ལ། །བསང་རྫས་མཆོད་པ་ཅི་འབྱོར་ལྟར། །བྱིན་གྱིས་བརླབ་ལ་འདི་སྐད་དོ། །ཀྱཻ། ཕ་གི་ཉི་མ་ཤར་གྱི་ཕྱོགས། །གངས་དཀར་གཉན་པོ་གུང་ལ་རེག །ཤེལ་གུར་དཀར་པོའི་ལྡིང་ཁང་ན། །རྟ་མཆོག་ངང་པ་རྒྱན་ལྡན་སྟེང་། །ལྷ་ཆེན་རྨ་རྒྱལ་སྦོམ་ར་ནི། །སྐུ་མདོག་སེར་པོ་གསེར་གྱི་མདོག །གསེར་ཁྲབ་གསེར་རྨོག་སྐུ་ལ་གསོལ། །དེ་སྟེང་ཟབ་ཆེན་དཀར་པོའི་བེར། །བརྗིད་ཅིང་རིན་ཆེན་དུ་མས་བརྒྱན། །ཕྱག་གཡས་མདུང་དར་
(༡༤༢)སྦ་ལྕག་ཕྱར། །གཡོན་པས་གཏེར་བུམ་ནོར་བུ་འཛིན། །ནེའུ་ལེའི་རྐྱལ་པ་མཆན་དུ་བཅུག །རྡོ་རྗེ་དྲག་མོ་རྒྱལ་དང་ནི། །གཉན་ཆེན་སྡེ་བཞི་རི་དབང་དགུ། །སྡེ་བརྒྱད་ལྷ་ཀླུ་དཔག་མེད་བཅས། །དད་དང་དམ་ཚིག་དབང་གིས་ནི། །འདིར་གཤེགས་པད་ཟླའི་གདན་ལ་བཞུགས། །བདུད་རྩི་ཅན་ཤིང་བསང་དུད་དང་། །ཉེར་སྤྱོད་བདུན་དང་བཀྲ་ཤིས་ཀྱི། །རྫས་རྟག་འདོད་པའི་ཡོན་ཏན་ལྔ། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །དར་ཟབ་རིན་ཆེན་འབྲུ་ཡི་མཛོད། །རྣོ་མཚོན་རྟ་ནོར་ཕྱུགས་ཀྱི་ཁྱུ། །དཀར་མདར་ཕྱེ་མར་ཆང་ཕུད་དང་། །སྤྱན་གཟིགས་མཆོད་སྤྲིན་རྒྱ་མཚོ་འབུལ། །དམ་རྫས་གཏོར་མ་རྒྱན་དང་ལྡན། །ཨོཾ་ཨཱཧཱུཾ་གིས་བྱིན་བརླབ་པས། །ཁ་དོག་དྲི་རོ་ཕུན་ཚོགས་པ། །ལྷ་ཆེན་འཁོར་བཅས་དགྱེས་པར་གསོལ། །ཨོཾ་བཛྲ་ཀུ་མ་རི་ཕུ་ཏྲི་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཀྱཻ། ཕྱི་ལྟར་ལྷ་ཡི་དགེ་བསྙེན་སྟེ། །བོད་ཁམས་གཞི་བདག་སྐྱོང་བའི་གཙོ། །ནང་ལྟར་ཡུལ་སྐྱོང་དྲི་ཟའི་རྗེ། །གསང་བ་རྒྱལ་པོ་རྣམ་ཐོས་སྲས། །འཁོར་དང་བཅས་ལ་བསྟོད་པར་བགྱི། །བདག་དང་བསྲུང་བྱར་གྱུར་
(༡༤༣)པ་ལ། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྤེལ། །ཅི་འདོད་དངོས་གྲུབ་ཆར་ལྟར་ཕོབ། །ཕྱོགས་དུས་རྒྱལ་བ་སྲས་བཅས་དང་། །བླ་མ་ཡི་དམ་མཁའ་འགྲོ་ཡི། །ཐུགས་རྗེ་བྱིན་རླབས་དངོས་གྲུབ་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །སྲིད་པའི་རྩེ་མོ་མན་ཆད་ནས། །མནར་མེད་ཡན་གྱི་ཁམས་སུམ་གྱི། །འབྱུང་ལྔ་སྣོད་བཅུད་དཔལ་དང་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ལྷ་གནས་མི་ཡུལ་གདེངས་ཅན་གྱི། །རྨ་གཡང་ཟས་དང་རྐང་བཞི་འཕེལ། །མི་འཕེལ་རྟ་ཧྲག་བང་མཛོད་འབྲུ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །མདོར་ན་སྲིད་དང་ཞི་བ་ཡི། །ཕུན་སུམ་ཚོགས་པའི་དཔལ་འབྱོར་པ། །ས་ལམ་ཡོན་ཏན་བདེ་སྐྱིད་གཡང་། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཞེས་བརྗོད་རྟེན་ཡོད་ན་རྟེན་ལ་བསྟིམ། །མེད་ན་རང་བཞིན་གྱི་གནས་སུ་གཤེགས་པར་བསམ་མོ། །དེ་ལྟར་སྦོམ་རའི་རྒྱུན་ང་གཡང་སྐྱབས་དང་འབྲེལ་བ་འདིའང་ཚེ་རིང་བཀྲ་ཤིས་ནས་བསྐུལ་བ་ལྟར། །རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་རྩལ་གྱིས་འཕྲལ་དུ་སྤེལ་བ་དགེ། བྲག་བཙན་བསང་མཆོད་ནི། རཾ་ཡཾ་ཁཾ་གི་བསང་། སྭ་བྷཱ་ཝས་སྦྱངས། ཨོཾ་ཨཱཧཱུྃ་ཧ་ཧོ
(༡༤༤)ཧྲཱིས་བརླབས་ཤིང་སྤེལ་ལ། །བྷྱོ། དབང་ཆེན་ཁྲག་འཐུང་བཀའ་ཡི་དཀྱིལ་འཁོར་དུ། །གཏུམ་དྲག་མེ་རླུང་ཐོག་སེར་འཁྲུགས་པའི་ཀློང་། །ཁྲག་གི་རྒྱ་མཚོ་འཕྱོ་བའི་གཞལ་ཡས་ནས། །ལས་ཀྱི་མཐའ་སྡུད་འཆི་བདག་མུན་པའི་སྐྱེས། །རྡོ་རྗེ་བྲག་བཙན་རྡོ་རྗེ་དབང་དྲག་རྩལ། །སྲིན་མགོན་ནག་པོ་སྤྲིན་འཛིན་ཀླུ་བཙན་ནག། དོང་བདག་ཤན་པ་དགའ་ཚལ་བདུད་ཀྱི་མགོན། །ལྗོན་ལུང་བྲག་བཙན་ཞིང་སྐྱོང་དགྲ་འདུལ་ཆེ། །སྒྲོ་བྲག་ལྷ་བཙན་རི་བཀྲ་མཆེད་གསུམ་སོགས། །སྣ་ཚོགས་མཚན་དང་སྣ་ཚོགས་སྐུར་སྣང་བ། །རིགས་ཆོས་མཛའ་སྡེའི་སྲུང་མ་མཐུ་རྩལ་ཅན། །ཡབ་ཡུམ་སྲས་བཅས་དགྱེས་པའི་མཆོད་སྤྲིན་ནི། །དཀར་དམར་སྐྱེམས་ཕུད་ཤ་ཁྲག་བ་ལི༚་ཏ། །འབོད་བརྟེན་སྒྲུབ་རྫས་རྒྱལ་སྲིད་བཀྲ་ཤིས་རྫས། །ལྷ་ཀླུ་མི་ཡི་དཔལ་འབྱོར་ལོངས་སྤྱོད་དང་། །འདབ་ཆགས་སྡེར་ཆགས་རྐང་བཞི་རྐང་མང་སོགས། །མཚར་རྒུའི་དཀོར་ཆ་སྤྱན་གཟིགས་འབྱུང་བའི་གཏེར། །བདུད་རྩི་བསང་གི་མཆོད་སྤྲིན་བསམ་མི་ཁྱབ། །དགྲ་བགེགས་བསྒྲལ་བསད་བཅོམ་པའི་མངོན་སྤྱོད་ལས། །དཔའ་བོ་
(༡༤༥)རྣམ་པར་རོལ་པའི་དགའ་སྟོན་དང་། །ཤ་ཁྲག་ནང་ཁྲོལ་སྲོག་དབུགས་བླ་ཚེ་དྲོད། །ཀླད་རྐང་ཁུ་ཁྲག་ཞག་ཚིལ་དྲག་པོའི་རྫས། །འབུལ་ལོ་དགྱེས་བཞེས་རྒྱལ་བའི་བསྟན་པ་སྲུངས། །བསྟན་འཛིན་ཚེ་སྲིངས་སྒྲུབ་མཆོག་འདོད་འབྲས་སྤེལ། །སྡང་བྱེད་དགྲ་དང་གནོད་པའི་བགེགས་དཔུང་ཆོམས། །གང་བཅོལ་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །གསོལ་ལོ་མཆོད་དོ། །དཔལ་ལྡན་བཀའི་སྲུང་མ་དམ་ཅན་ཆེན་པོ་སྲོག་བདུད་མུན་པའི་སྐྱེས་བུ། འཆི་བདག་ནག་པོ། རྡོ་རྗེ་བྲག་བཙན་ཡབ་ཡུམ་འཁོར་དང་བཅས་པ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་དང་། དེ་འཛིན་གྱི་ཕྲིན་ལས་སྤེལ། རྣལ་འབྱོར་གྱི་བར་ཆད་སོལ། ཡོན་བདག་གི་མཐུན་རྐྱེན་སྒྲུབ། ནད་དང་གནོད་པ་བཙའ་སད་སེར་གསུམ་ཟློག །འཇིག་རྟེན་ཐམས་ཅད་བདེ་ལེགས་ཀྱི་སྣང་བས་དུས་རྟགས་ཏུ་ཁྱབ་པར་མཛོད་ཅིག །ཅེས་ཕྲིན་ལས་བཅོལ་ལོ། །དེ་ནས་གཉན་ཆེན་ཐང་ལྷའི་གསོལ་མཆོད་ནི། །གཏོར་མ་བྲན། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་ལྡན་པ། །གངས་ཅན་ལྗོངས་སུ་གཉན་ཆེན་
(༡༤༦)ཐང་ལྷར་གྲག །མཐུ་སྟོབས་དང་ལྡན་མི་སྐྱེའི་བཟོད་ཐོབ་པ། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དྲུང་། །ཇི་ལྟར་ཁས་བླངས་དམ་བཅའ་ཕུལ་བ་ལྟར། །སྒྲུབ་པའི་དཔུང་གཉེན་དམ་པ་མཛད་སླད་དུ། །བརྩེ་བས་དགོངས་ཏེ་གནས་འདིར་གཤེགས་སུ་གསོལ། །གངས་དཀར་རིན་ཆེན་སྤུངས་པའི་གཞལ་ཡས་ཁང་། །ཁྲི་མཆོག་པདྨ་བརྩེགས་པའི་གདན་སྟེང་ནས། །རྡོ་རྗེ་དབྱིངས་ཕྱུག་འབར་བ་འཁོར་དང་བཅས། །མཆོད་ཚོགས་གཏོར་མ་འབུལ་གྱི་མྱུར་དུ་བྱོན། །ཞེས་པས་སྤྱན་དྲངས། ལྷ་ཆེན་ཐང་ལྷ་གཉན་པོ་དུང་གི་མདོག་ཅན། སྐུ་ལ་དར་དཀར་གྱི་རལ་ག་གསོལ་བ། གཡས་སྦ་ལྕག་དཀར་པོ་གཡུའི་ལྕག་འབྲས་ཅན་བསྣམས་པ། གཡོན་ལྷའི་བ་དན་དཀར་པོ་ཕྱར་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཟེ་པྲོག་གི་དབུ་རྒྱན་སྙན་ཆ་དོ་ཤལ་སྐ་རགས་ཀྱི་སྤྲས་པ། ཆིབས་སུ་རྟ་ཕོ་ངང་ཞུར་གཡུའི་རྔ་རྡོག་ཅན། ཤེལ་སྒ། གཡུ་མཐུར། ནོར་བུ་དུ་མས་ཐག་ཆས་བྱས་པ། རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ་ཆིབས་པ་ལ། བཙུན་མོ། སྲས་པོ། བློན་ཆེན་རྣམས་ཀྱིས་ཐོག་དྲངས་ལྷ་
(༡༤༧)དམག་འབུམ་གྱི་ཚོགས། །རུ་མཚོན་ཕྱར་བ། རྒྱན་ཆ་འབར་བ། མཐུ་དང་གཟི་བརྗིད་ཆེ་བ། སྤྲིན་ཕུང་གཏིབས་པ་ལྟར་བསྐོར་བ་མདུན་དུ་བཞུགས་པར་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། །ལན་གསུམ། ནམ་མཁའ་གང་བའི་མཆོད་རྫས། ས་གཞི་གང་བའི་སྤྱན་གཟིགས། རོ་བརྒྱ་ལྡན་པའི་གཏོར་མ། གསེར་སྐྱེམས། དཀར་ཕུད་གཙང་མ། རྟ་ཕྱུག་རྐང་འགྲོས་དུ་མ་དང་བཅས་པ། མཐུན་པའི་ཡོ་བྱད་ལྷ་ཆེན་འཁོར་བཅས་དགྱེས་པ་སྐྱོད་པ་རྣམས་འབུལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་དམིགས། །ལྷ་རྫས་མེ་ཏོག་བར་སྣང་གང་། །སིཧླ་ག་བུར་ཙནྡན་སོགས། །སྤོས་ཀྱི་དུད་པའི་ན་བུན་འཁྲིགས། །སྣང་གསལ་ཏིང་ལོ་མར་མེ་འབར། །དྲི་ཞིམ་བྱུག་པ་ངད་བཟང་དང་། །རྣམ་པ་མང་པོའི་ཞལ་ཟས་སྐྱེམས། །རོལ་མོའི་སྒྲ་དང་བཅས་པས་མཆོད། །ཅེས་དང་། ནོར་སྣ་གོས་དར་རི་ལྟར་དཔང་རེ་མཐོ། །སྨན་དང་འབྲུ་སྣ་གོ་མཚོན་བཀོད་རེ་བཟང་། །བདུད་རྩིའི་བཏུང་བ་མཚོ་ལྟར་རྒྱ་རེ་ཆེ། །རྟ་ཕྱུགས་གནག་ལུག་ཁྱུ་ཆེན་མེ་རེ་རེ། །དེ་ལ་སོགས་པའི་མཆོད་གཏོར་ཚོགས་རྣམས་ནི། །མ་ཚང་མེད་པར་བཤམས་ཏེ་འབུལ་ལགས་ན། །ཐང་ལྷ་འཁོར་
(༡༤༨)དང་བཅས་པས་མཆོད་པ་བཞེས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཚེ་དང་དཔལ་དང་འབྱོར་པ་མཐུ་སྟོབས་སྤེལ། །ནད་དང་དགྲ་བགེགས་བསམ་ངན་སྦྱོར་རྩུབ་ཟློག །འཁོར་རྣམས་སྲུངས་སྐྱོབ་མཐུན་པའི་གྲོགས་རྣམས་ལ། །གཡེལ་བ་མེད་པར་མགོན་དང་སྐྱབས་མཛོད་ཅིག །སྐལ་བཟང་སངས་རྒྱས་བརྒྱ་ཕྲག་བཅུ། །མངོན་པར་བྱང་ཆུབ་བརྙེས་པའི་གནས། །རྡོ་རྗེ་གདན་གྱི་བྱང་གི་ཕྱོགས། །ཁ་བ་ཅན་ལྗོངས་དབུས་ཀྱི་ས། །དེ་ན་ཐང་ལྷའི་གངས་རི་རྣམས། །ཤེལ་གྱི་མཆོད་སྡོང་བསྒྲིགས་པ་འདྲ། །མཐོ་ལ་བརྗིད་ཅིང་འོད་ཀྱང་འཕྲོ། །རྫ་དང་བྲག་རི་མང་པོ་ཡང་། །བཀྲ་ཤིས་རི་མོ་དུ་མར་འཆར། །གཡུ་དང་གསེར་གྱི་ཐང་ཆེན་ལ། །སྨན་དང་མེ་ཏོག་ཅི་ཡང་སྐྱེས། །མི་རྣམས་ཀྱིས་ནི་དེ་ལྟར་མཐོང་། །ཁྱོད་ཀྱིས་གཞལ་ཡས་ཁང་དང་གྲོང་། །རིས་མཐུན་དགའ་བའི་བཀོད་པ་ཅན། །འདོང་ཁམས་ལྷ་ཡི་རིན་ཆེན་དང་། །ཀླུ་ཡི་ནོར་བུའི་ཚོགས་ལས་གྲུབ། །རྟ་བབས་ར་བ་སྒོ་ཁང་དང་། །ལྕོག་ལ་སོགས་པ་བསམ་མི་ཁྱབ། །འདོད་པའི་ཡོན་ཏན་དུ་མར་ལྡན། །གནས་མཆོག་དེ་ན་བཞུགས་པ་ནི། །བོད་ཀྱི་རྒྱལ་བློན་མགུར་གྱི་ལྷ། །བཅུ་གསུམ་ནང་ནས་
(༡༤༩)སྟོབས་པོ་ཆེ། །འོད་དེ་གུང་རྒྱལ་གཉན་པོ་དང་། །གཡུ་བྱ་གཤོག་གཅིག་ཡབ་དང་ཡུམ། །ལྷ་ཀླུའི་རིགས་སུ་གྱུར་པར་གྲགས། །དེ་ལ་པདྨ་སམྦྷ་ཝས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །འབངས་རྣམས་བདེ་སྐྱིད་ལྡན་པ་ཡི། །བཀའ་བསྒོས་དམ་ལ་བཞག་པར་མཛད། །འཇིག་རྟེན་མགོན་པོ་ལ་སོགས་པ། །དྭགས་པོ་བཀའ་རྒྱུད་བླ་མ་རྣམས། །ཁྱོད་ནི་དྲི་ཟ་རྣམས་ཀྱི་རྒྱལ། །ཟུར་ཕུད་ལྔ་པ་ཞེས་བྱ་བ། །ལྷ་དབང་འཆི་ལྟས་འབྱུང་བའི་ཚེ། །བཅོམ་ལྡན་ཏིང་ངེ་འཛིན་ལ་ནི། །ལུས་འཕགས་བྲག་ཕུག་བཞུགས་པ་དེ། །ཁྱོད་ཀྱིས་བཞེས་སུ་གསོལ་ཞེས་བསྒྲོས། །དེ་དུས་སིལ་སྙན་ལྔ་བརྒྱ་དང་། །པི་ཝཾ་གླུ་དབྱངས་རྒྱ་ཆེན་གྱིས། །བསྟོད་པས་བཅོམ་ལྡན་འདས་བཞེངས་ཏེ། །བརྒྱ་བྱིན་སླར་ཡང་ཚེ་ཐོབ་ཅིང་། །ཆོས་བསྟན་ཁྱོད་ནི་མི་སྐྱེ་བའི། །ཆོས་ལ་བཟོད་པ་ཐོབ་པ་དང་། །དབང་པོས་རང་གི་སྲས་མོ་མཆོག །བྱ་དགའི་ཆེད་དུ་བྱིན་པ་ནི། །མཚོ་སྨན་ཕྱུག་མོ་གནམ་མཚོར་གྲགས། །དེ་སྐད་བསྔགས་པ་བརྗོད་མཛད་པས། །བྱང་སེམས་འཕགས་པར་ཡིད་ཆེས་ཏེ། །དགེ་འདུན་དཀོན་མཆོག་
(༡༥༠)ཁྱོད་ལ་བསྟོད། །ཀྱཻ། ལྷ་ཁྱོད་ཀྱི་སྐུ་མདོག་ཆ་ལུགས་དབྱིབས། །མཐའ་གཅིག་ཏུ་མ་ངེས་སྣ་ཚོགས་སུ་སྟོན། །གཡས་ཆིབས་ལྕག་གིས་དགྲ་ཡི་གཉའ་བ་གཅོག །གཡོན་བ་དན་གྱིས་བསྟན་པ་དར་རྒྱས་སྤེལ། །ཁྱོད་སྲིའུ་གསོ་བའི་ལྷ། །ཆུང་སྲི་གཉའ་ནས་བཟུངས། །ཁྱོད་ནད་པ་གསོ་བའི་ལྷ། །ནད་འདྲེ་ཡུལ་ནས་ཕུད། །ཁྱོད་དགྲ་བོ་འདུལ་བའི་ལྷ། །དགྲ་བགེགས་ཀྱི་སྙིང་ནས་དྲོངས། །ཁྱོད་ཕྱུགས་ལུག་སྐྱོང་བའི་ལྷ། །རྐང་ཕྲན་མཐའ་ནས་སྐྱོང་། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ལྷ་ཆེན་ཐང་ལྷ་གཉན་པོ་ལ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། གཡས་ཀྱི་མདའ་ར་བ། །ཟར་མ་སྐྱེས་བུ་དྲུག། མི་ལྕགས་རྟ་ཡང་ལྕགས། །ལྕགས་ཀྱི་རྨོག་ཞུ་གསོལ། མཚོན་ཆ་ངར་མ་ཐོག། དཔའ་བོའི་མདའ་ཆར་འབེབས། །ན་ཆུང་གཞོན་གྱི་དཔལ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །གཡས་ཀྱི་མདའ་ར་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆ་འོ་ལྷ་རྒྱལ་ལོ། །ཀྱཻ། གཡོན་གྱི་མདུང་འཛིན་པ། །སྤྲིད་ལ་སྨུག་པོ་ནི། །མི་སྨུག་རྟ་ཡང་སྨུག། སྨུག་པོ་བསེྭ་
(༡༥༡)མདུང་ཅན། །བསེྭ་ཡི་རྨོག་ཞུ་གསོལ། །དར་མ་སྐྱེས་པའི་དཔལ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །གཡོན་གྱི་མདུང་འཛིན་པ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། ཀྱཻ། སྔོན་གྱི་ཤུལ་མཚོན་པ། །གཞལ་གཡག་དཀར་པོ་ནི། །དམག་གི་དཔུང་ཚོགས་ཧྲག། རྟ་ནག་ཞུར་པོ་ཆིབས། །རྨིག་བཞི་ཚུལ་པ་དཀར། །རྒན་པོ་རྣམས་ཀྱི་དཔལ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །སྔོན་གྱི་ཤུལ་མཚོན་པ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། སླད་ཀྱི་རྗེས་འབྲང་བ། །ནམ་ར་གཡའ་དམར་ནི། །ལྷ་ཡི་གུར་ཆེན་ཕུབ། །གངས་དཀར་གཉན་སྡེས་བསྐོར། །ལས་སུ་དགྲ་བགེགས་འདུལ། །བྱིས་པ་ཡོངས་ཀྱི་དཔལ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །སླད་ཀྱི་རྗེས་འབྲང་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། སྐུ་ཡི་གཅུང་པོ་བ། །ཐང་འབྲིང་དུར་པོ་ནི། །མཚལ་བུ་རྟིང་དཀར་ཆིབས། །རུ་དར་རྩེ་བརྒྱད་འཕྱར། །ལྷ་རྣམས་མཐུན་པའི་གྲོགས། །མི་ཆེན་ཚོགས་པའི་དཔལ། །
(༡༥༢)གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །སྐུ་ཡི་གཅུང་པོ་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ཁབས་ཀྱི་སྔ་ཤོས་མ། །ལྷ་མོ་མཚོ་དར་ནི། །དཀར་མོ་གཡུ་ཆས་ཅན། །མོ་བཙུན་འཁོར་གྱིས་བསྐོར། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ཁབས་ཀྱི་སྔ་ཤོས་མ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ཁབས་ཀྱི་ཕྱི་ཤོས་མ། །གནམ་མཚོ་ཕྱུག་མོ་ནི། །ལྷ་ཡི་གུར་ཆེན་ཕུབ། །གངས་དཀར་གཉན་སྡེས་བསྐོར། །ལས་སུ་དགྲ་བགེགས་འདུལ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ཁབས་ཀྱི་ཕྱི་ཤོས་མ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། སྐུ་ཡི་རིགས་འཁྲུངས་སྲས། །ཐང་སྲས་འཕྱོར་བ་ནི། །དཀར་པོ་ཤེལ་སྒོང་ཆིབས། །འཁོར་མང་དབུས་ན་འགྱིངས། །བཀའ་ཡི་བྱ་ར་བ། །ཆོས་མཛད་ཀུན་གྱི་དཔལ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །སྐུ་ཡི་རིགས་འཁྲུངས་སྲས་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་
(༡༥༣)བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། སྐུ་ཡི་ཞང་པོ་བ། །འབྲོང་གཉན་ཐང་པོ་ནི། །རྟ་དཀར་གཡུ་རྔོག་ཆིབས། །དམག་ཚོགས་མང་པོ་ལྡན། །རང་ཕྱོགས་རྒྱལ་བར་བྱེད། །ཕས་རྒོལ་འཇོམས་པའི་ལྷ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །སྐུ་ཡི་ཞང་པོ་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ཕྱི་ཡི་བློན་པོ་བ། །སྤོམ་ཆེན་ཡོར་བ་ནི། །དཀར་པོ་ཕུན་དམར་ཆིབས། །དཔུང་གི་འཁོར་དང་བཅས། །རང་ཕྱོགས་སྲུང་བ་དང་། །གཞན་ཕྱོགས་འཇོམས་པར་ནུས། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ཕྱི་ཡི་བློན་པོ་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ནང་གི་བློན་པོ་བ། །མགུལ་རིང་ཕྲག་ཐག་ནི། །སྔོན་པོ་གཡུ་རྔོག་ཆིབས། །དཔུང་གི་ཚོགས་དང་བཅས། །རང་ཕྱོགས་སྲུང་བ་དང་། །གཞན་ཕྱོགས་འཇོམས་པར་ནུས། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ནང་གི་བློན་པོ་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། གཡས་ཀྱི་སྒོ་དཔོན་པ། །
(༡༥༤)རྩམ་ཆེན་ལྷ་སྒོ་ནི། །དཀར་པོ་བསེྭ་ཁྲབ་གསོལ། །གང་བ་བཟང་པོར་གྲགས། །རང་ཕྱོགས་བསྲུང་བ་དང་། །གཞན་ཕྱོགས་འཇོམས་པར་ནུས། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །གཡས་ཀྱི་སྒོ་དཔོན་པ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། གཡོན་གྱི་སྒོ་དཔོན་པ། །བལ་ཡུལ་གསེར་ལྡིང་ནི། །སྨུག་པོ་བསྲེ་ཁྲབ་གསོལ། །ལྷ་འཁོར་མང་པོ་བཅས། །རང་ཕྱོགས་བསྲུང་བ་དང་། །གཞན་ཕྱོགས་འཇོམས་པར་ནུས། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །གཡོན་གྱི་སྒོ་དཔོན་པ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ལྷ་ཡི་ལྕམ་སྲིང་མ། །འབྲི་ལམ་གངས་བཟང་ནི། །དཀར་མོ་འོད་དུ་འབར། །གོས་དང་རྒྱན་གྱིས་ཀླུབས། །མོ་བཙུན་འཁོར་གྱིས་བསྐོར། །རང་ཕྱོགས་བསྲུང་བ་དང་། །གཞན་ཕྱོགས་འཇོམས་པར་ནུས། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ལྷ་ཡི་ལྕམ་སྲིང་མ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། འཕྲུལ་ལྡན་རྟ་ཁྱུའི་རྫི། །གྱང་ལྷ་བཙན་པོ་ནི། །གོ་ཆ་དམག་
(༡༥༥)ཆས་ཅན། །འཁོར་གྱི་དཔུང་དང་བཅས། །མྱུར་འགྱོག་རྟ་ལ་ཞོན། །ཕོ་ཉ་ཡང་རྩལ་ཆེ། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །འཕྲུལ་ལྡན་རྟ་ཁྱུའི་རྫི་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ལུག་རྫི་གཡང་གི་ལྷ། །ཁུ་ཁྱིམ་ཞལ་དཀར་ནི། །གོ་ཆ་རུ་མཚོན་འཕྱོར། །འཁོར་གྱི་དཔུང་དང་བཅས། །འགྲོས་བཟང་ལུག་ལ་ཞོན། །འཕེལ་ཆེ་སྐྱོང་ལ་མཁས། །གཏོར་མ་སྐྱེམས་ཕུད་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ལུག་རྫི་གཡང་གི་ལྷ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ཁ་དོག་སྣ་ཚོགས་ཀྱི། །ར་སྐྱེས་ཁྱུ་འཚོ་བ། །འཁྱོར་པ་རྩ་གསུམ་ནི། །གོ་ཆ་མ་དུང་ད་ར་བཀྲ། །འཁོར་གྱི་དཔུང་དང་བཅས། །ཤུགས་ཆེ་ན་ར་ལ་ཞོན། །གཏོར་མ་སྐྱེམས་ཕུད་བཞེས། །བཅོལ་བའི་ཕྲིན་
(༡༥༦)ལས་མཛོད། །ར་སྐྱེས་ཁྱུ་འཚོ་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། འདོད་འཇོའི་འོ་མཚོ་འཁྱིལ། །འབྲི་ཁྱུའི་མཚོ་རྫི་བ། །ལག་སོར་ཕྱུག་མོ་ནི། །གོ་ཆ་འོད་འཕྲོ་ཞིང་། །མཚོན་ཆ་རབ་ཏུ་རྣོ། །འཁོར་གྱི་དཔུང་དང་བཅས། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །ལག་སོར་ཕྱུག་མོ་བ་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། གཏུམ་པོའི་ནོར་སྐྱོང་ཚོགས། །ལས་ལ་འགྱེད་པ་དང་། །སྲུང་བའི་བྱ་ར་བ། །གཡའ་དམར་སྟག་ལག་ནི། །གོ་ཆ་མཚོན་དང་ལྡན། །གྱད་ཀྱི་སྟོབས་ཀྱི་གནས། །གཏོར་མ་སྤྱན་གཟིགས་བཞེས། །བཅོལ་བའི་ཕྲིན་ལས་མཛོད། །གཡའ་དམར་སྟག་ལག་གསོལ་ལོ་མཆོད་དོ། །མངའ་གསོལ་ལོ། །
(༡༥༧)ཀི་བསོྭ་ཆའོ་ལྷ་རྒྱལ་ལོ། །ཀྱཻ། ཤར་གྱི་ལ་བདུན་ལ་གནས་པའི་གཞི་བདག་ཚོགས། ལྷའི་ལུང་བདུན་ལ་གནས་པའི་གཞི་བདག་ཚོགས། ནུབ་ཀྱི་རི་བདུན་ལ་གནས་པའི་གཞི་བདག་ཚོགས། བྱང་གི་མཚོ་བདུན་ལ་གནས་པའི་གཞི་བདག་ཚོགས། ཐང་ལྷའི་བཀའ་ཉན་ལེགས་པའི་སྟངས་འཛིན་ཅིང་། །ཉེས་བྱེད་ཆམས་ལ་འབེབས་པའི་མཐུ་ལྡན་པ། །ལྷ་སྲིན་ཀླུ་སོགས་སྡེ་བརྒྱད་དམག་ཚོགས་འབུམ། །འཁོར་དང་ཡང་འཁོར་བསམ་གྱིས་མི་ཁྱབ་པ། །ས་དང་བར་སྣང་མ་ལུས་ཁྱབ་པ་རྣམས། །སོ་སོའི་མཆོད་གཏོར་མཐུན་རྫས་རིམ་པར་ལོངས། །ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་རྣམས། །སྐབས་སུ་གང་བབས་ཡིད་བཞིན་བསྒྲུབ་པར་མཛོད། །ཅེས་གཙོ་འཁོར་རེ་རེའི་བསྐུལ་གྱི་མཐར་དཀར་ཕུད་དང་། གསེར་སྐྱེམས་འཐོར། མཆོད་གཏོར་ཕལ་ཆེར་ལྷ་ཐོའི་སྟེང་དུ་སྤུངས། ཞེས་པ་འདིའང་ཞྭ་དམར་ཅོད་པན་འཛིན་པ་བཞི་པས་མཛད་པའོ། །
(༡༥༨)
(༡༥༩)འཛམ་གླིང་བོད་ཀྱི་དགྲ་བླ་གེ་སར་ནོར་བུ་དགྲ་འདུལ་གྱི་བསང་མཆོད་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ་ནི། སྭ་སྟི། རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་གནས་ལ། །སྒོ་གསུམ་གུས་པའི་བློ་ཡིས་རབ་བཏུད་ནས། །འདི་ན་ཛམ་གླིང་སྐྱེས་བུ་མཆོད་པ་དང་། །བསང་གི་རིམ་པ་འདོད་རྒུའི་ཆར་འབེབས་འབྲི། །འདིར་ཛམ་གླིང་སྐྱེས་བུའི་བསང་མཆོད་བྱེད་པར་སྤྲོ་ན། མཆོད་རྫས་དཀར་གསུམ་འབྲུ་སྨན་དར་ཟབ་སྨན་སྣ་ཕྱེ་མར་ཆང་ཕུད་སོགས་ཅི་འབྱོར་བཤམས་ཤིང་། གོ་མཚོན། མདའ་དར། མདུང་དར་སོགས་མ་ཚང་བ་མེད་པར་ལེགས་པ་འཛོམ་པར་བྱ་ཞིང་། རིན་པོ་ཆེ་གང་རུང་གི་སྣོད་དུ་དཀར་གཏོར་ཟླུམ་པོ་གཡག་ལུག་ར་གསུམ་སོགས་ཀྱིས་བསྐོར་བ་བཤམས་ལ། རང་ཉིད་ཡི་དམ་གང་རུང་གི་བདག་བསྐྱེད་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཨ་མྲྀ་ཏ་དང་། ཨོཾ་སྭ་བྷཱ་ཝས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མཆོད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ནམ་མཁའ་དང་མཉམ་པར་གྱུར། །ན་མསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ཀྱིས་བརླབ་ཅིང་སྤེལ། རང་ཉིད་སྐད་ཅིག་གི་ཡི་དམ་ལྷར་གསལ་བའི་མདུན་དུ། དགྲ་བླ་ཆེན་པོ་སེང་ཆེན་ནོར་བུ་དགྲ་འདུལ་སྐུ་མདོག་དཀར་ལ་འཛུམ་མདངས་ཆགས་པའི་བཞིན་རས་ཅན། དབུ་ལ་རྨོག་ཆེན་རྒྱལ་བའི་ཐོད་དཀར་དར་འཕྲུ་ཨང་སེས་སྤྲས་པ་གསོལ་ཞིང་། གནམ་ལྕགས་ཕ་ལམ་ལྟ་བུའི་ཁྲབ་
(༡༦༠)ནག་ཟིལ་པའི་ཐོག་སྡུག་དང་། དགྲ་ལྷའི་ཚེ་མདུད། ཚེ་གོས་སོགས་ཀྱིས་ཀླུབས་པ། ཕྱག་གཡས་རིན་པོ་ཆེའི་ཕྱག་ལྕག་བསམ་པའི་དོན་འགྲུབ་ཕྱར་ཞིང་། གཡོན་པས་མདུང་དམར་ཁམས་གསུམ་དགྲ་འདུལ་སྲིད་རྩེར་བསྒྲེང་བ། ལྷ་རྟ་རྐྱང་རྒོད་འཕེལ་པོ་རླུང་ལྟར་འཕྱོ་བ་ལ་རྟ་གཟར་སྨེ་བ་དགུ་ལིང་དང་། གསེར་སྒ་ཉི་མ་རང་ཤར། གསེར་སྲབ། གཡུ་མཐུར་ནོར་བུ་དུ་མའི་རྒྱན་གྱིས་སྤྲས་པ་ལ་ཆིབས་པ། འཁོར་དུ་ཕུ་ནུ་སུམ་ཅུའི་དམག་ཚོགས་རྣམས་དང་། མོ་སྨན་སུམ་བཅུ་ལ་སོགས་པས་བསྐོར་བ། ཝེར་མ་དགྲ་ལྷའི་དམག་དཔུང་ཉི་ཟེར་གྱི་རྡུལ་ལྟར་འཚུབས་ཤིང་། བྱ་ཁྲ་བྱ་རོག་ལ་སོགས་པ་འཕུར་ཞིང་འཇུམ་པ་དང་། སྟག་གཟིག་གཅན་གཟན་གྱི་ཚོགས་ངར་སྒྲ་སྒྲོག་པ། གཞན་ཡང་ལྷ་དམག །ཀླུ་དམག །གཉན་དམག །བཙན་དམག །བདུད་དམག་ལ་སོགས་པ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་གསལ་ཞིང་། རང་ཡི་དམ་དུ་གསལ་བའི་སྙིང་གའི་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས། དགྲ་བླ་ཆེན་པོ་སེང་ཆེན་ནོར་བུ་དགྲ་འདུལ་འཁོར་དང་བཅས་པ་སྐད་ཅིག་གིས་གནས་འདིར་སྤྱན་དྲངས་པར་གྱུར། །དེ་ནས་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། །ཀྱཻ། ཛམ་གླིང་ལྷོ་ཕྱོགས་
(༡༦༡)ཁ་བ་ཅན། །གདོང་དམར་བོད་ཡུལ་ཤར་གྱི་ཕྱོགས། །གསེར་ལྡན་ཆུ་བོའི་གཡས་ཕྱོགས་ན། །མཐོང་བ་ཀུན་སྨོན་ཞེས་གྲགས་པའི། །ངོ་མཚར་ཡུལ་ལྗོངས་ཉམས་དགའ་བ། །དེ་ན་ཛམ་གླིང་བོད་ཀྱི་ལྷ། །རྒྱ་བོད་ཡོངས་ཀྱི་དགྲ་ལྷ་ཆེ། །སེང་ཆེན་ནོར་བུ་དགྲ་འདུལ་ནི། །སྐུ་མདོག་དཀར་སྨུག་མཛེས་པའི་གཟུགས། །དབུ་རྨོག་རྒྱལ་བའི་ཐོད་དཀར་ལ། །དར་འཕྲུ་རྒོད་སྒྲོ་རླུང་ལྟར་འཚུབས། །མི་ཤིགས་རྡོ་རྗེའི་གོ་ཁྲབ་ནི། །ཟིལ་པའི་ཐོག་རྡུག་སྐུ་ལ་གསོལ། །ཕྱག་གཡས་ཡིད་བཞིན་ནོར་བུ་ཡི། །ཕྱག་ལྕག་བསམ་པའི་དོན་འགྲུབ་ཕྱར། །གཡོན་པར་ཁམས་གསུམ་དགྲ་འདུལ་གྱི། །མདུང་དར་སྲིད་པའི་རྩེ་མོར་སྒྲེངས། །གཡས་ཀྱི་སྟག་གདོང་ཁྲ་བོའི་ནང་། །ཨ་གར་དུང་གི་ལེབ་ཆེན་སོགས། །མདའ་མོ་རྐན་སྒྲ་ཐགས་སེ་ཐག །གཡོན་གྱི་གཞུ་ཤུབ་ཐིག་ལེའི་ནང་། །གཞུ་མོ་རྭ་རྒོད་འཁྱིལ་པ་མཛེས། །གནམ་ལྕགས་རལ་གྲི་རྣོ་ངར་ཅན། །བཏབ་པ་ལན་མེད་ཤུབ་ནས་དཔག །ལྷ་རྟ་རྡོ་རྗེ་རྐྱང་སྐྱེད་ལ། །གསེར་སྒ་གཡུ་མཐུར་ལ་སོགས་པ། །རྒྱན་གྱིས་སྤྲས་པ་དག་ལ་ཆིབས། །དགྲ་ལྷའི་ཚོགས་རྣམས་སྤྲིན་ལྟར་གཏིབས། །ཝེར་མའི་དམག་དཔུང་རླུང་ལྟར་འཚུབས། །
(༡༦༢)གནས་འདིར་མཆོད་ཕྱིར་སྤྱན་འདྲེན་ན། །སྐད་ཅིག་ཉིད་ལ་འདིར་བྱོན་ཅིག། སྟེང་ཕྱོགས་ལྷ་དང་བར་ཕྱོགས་གཉན། །འོག་ཕྱོགས་ཀླུ་ཡི་དམག་དཔུང་དང་། །གེར་མཛོ་གཉན་པོ་ལ་སོགས་པ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ནག་ཕྱོགས་བདུད་སྡེའི་དཔུང་འཇོམས་ཞིང་། །སྡང་དགྲ་བརླག་པའི་གཤེད་མ་ཆེ། །ཕུ་ནུ་སུམ་བཅུའི་དམག་དཔུང་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །མཁའ་འགྲོ་ཡོངས་ཀྱི་དབང་མོ་ཆེ། །ནེ་ནེ་གནམ་སྨན་དཀར་མོ་དང་། །མོ་སྨན་སུམ་ཅུ་ལ་སོགས་པ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གཞན་ཡང་དགྲ་ལྷ་ཡོངས་ཀྱི་གཙོ། །རྡོ་རྗེ་ལེགས་པ་ལ་སོགས་པ། །བོད་ཀྱི་གཞི་བདག་ཐམས་ཅད་ཀུན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཉེར་སྤྱོད་ཕྱི་ནང་མཆོད་རྫས་སོགས། །བསམ་གྱིས་མི་ཁྱབ་འབུལ་ལགས་ན། །དགྱེས་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཀྱཻ། ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །མཛེས་པའི་གཟུགས་དང་སྙན་པའི་སྒྲ། །རྩི་སྨན་འབྲུ་སྣ་དར་ཟབ་གོས། །དྲི་ཞིམ་སྤོས་ཀྱི་དུད་པ་དང་། །ཕྱེ་མར་ཟས་ཕུད་སྐྱེམས་ཀྱིས་མཆོད། །སྲ་བའི་གོ་དང་རྣོ་བའི་
(༡༦༣)མཚོན། །རྟ་ནོར་རྐང་བཞིའི་ཚོགས་རྣམས་དང་། །སྟག་གཟིགས་གཅན་གཟན་བྱ་རོག་སོགས། །སྲིད་ན་ཡོད་དགུའི་ཚོགས་རྣམས་འབུལ། །གཞན་ཡང་བསང་ཞིང་མཆོད་པའི་རྫས། །ཀུན་བཟང་སྨོན་ལམ་ལྷ་བུ་ཡི། །ཛམ་གླིང་དགྲ་ལྷའི་དམག་ཚོགས་མཆོད། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག། ཀྱཻ། སེང་ཆེན་ནོར་བུ་དགྲ་འདུལ་ནི། །མཛེས་པའི་མི་ཕོ་གཟི་མདངས་ཅན། །ཁྲབ་རྨོག་དཔའ་བའི་ཆས་ལྡན་ཞིང་། །དགྲ་ལྷའི་ཚེ་མདུད་སྤུངས་སེ་སྤུངས། །ལྷ་རྟ་རྐྱང་རྒོད་འཕེལ་པོ་ནི། །མགྱོགས་པའི་བང་འགྲོས་རླུང་ལྟར་འཕྱོ། །ཝེར་མའི་ཚོགས་རྣམས་སྤྲིན་ལྟར་གཏིབས། །ཕུ་ནུ་སུམ་ཅུའི་དམག་དཔུང་དང་། །གཞན་ཡང་གདོང་འབྲུ་ལྒ་སོགས་ཀྱི། །དགྲ་ལྷའི་ཚོགས་རྣམས་ཐམས་ཅད་ལ། །དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་དང་། །བསང་མཆོད་གསེར་སྐྱེམས་དམ་པ་འབུལ། །མ་ཚང་མེད་པའི་མཆོད་པ་འདི། །དགྱེས་བཞེས་ཐུགས་དམ་གཉན་བསྐང་སྟེ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཀྱཻ། རྨོག་དཀར་དར་འཕྲུས་བརྒྱན་པ་དང་། །སྲ་ཞིང་བཙན་པ་རྡོ་རྗེའི་ཁྲབ། །ལྷ་མདའ་དར་དཀར་བརྒྱན་པ་འདི། །ཛམ་གླིང་དགྲ་ལྷའི་རྟེན་དུ་འཛུག །རྣོ་ངར་
(༡༦༤)ཕུན་སུམ་ཚོགས་པའི་གྲི། །རབ་ཏུ་འབིག་བྱེད་མདུང་དར་དང་། །གནམ་ལྕགས་འཕྲུལ་གྱི་ཐོག་མདའ་འདི། །ཛམ་གླིང་དགྲ་ལྷའི་རྟེན་དུ་འཛུག །འཇའ་རིས་ཕུབ་ཆུང་དགྲ་སྟ་དང་། །བདུད་ཞགས་དགྲ་ཟོར་ཆུ་གྲི་སོགས། །མཚོན་ཆའི་རིགས་གྱུར་ཐམས་ཅད་ཀུན། །ཛམ་གླིང་དགྲ་ལྷའི་རྟེན་དུ་འཛུག །ཅང་ཤེས་རླུང་གི་འཁོར་ལོ་ཅན། །སྤུ་ཞོལ་རབ་བརྗིད་གཡག་ཆེན་དང་། །ར་སྐྱེས་གཡང་དཀར་ལ་སོགས་པ། །ཛམ་གླིང་དགྲ་ལྷའི་རྟེན་དུ་འཛུག །རྟེན་རྫས་རྣམས་ལ་རྟག་བཞུགས་ལ། །མགོན་སྐྱབས་རྒྱབ་རྟེན་དཔུང་རོག་མཛོད། །ཕ་རོལ་དམག་དང་ཇག་རྐུན་སོགས། །ཐམས་ཅད་གཞོམས་པའི་ཕྲིན་ལས་མཛོད། །ཀྱཻ། ལྷ་ལམ་ཡངས་པོར་སྣང་བྱེད་སྒྲོན་མེ་ཟུང་། །འོད་ཟེར་སྟོང་གི་ཕྲེང་བ་ཆེར་སྤྲོས་པས། །སྨག་རུམ་རིང་དུ་བསྲིང་བ་ཇི་བཞིན་དུ། །ཛམ་གླིང་དགྲ་ལྷའི་དབུ་འཕང་དགུང་དུ་བསྟོད། །འདོད་རྒུའི་ཆར་འབེབས་དཔག་བསམ་ལྗོན་ཤིང་ལ། །ལོ་འདབ་ཆེར་རྒྱས་འབྲས་བཟང་རབ་སྨིན་ནས། །སྐྱེ་རྒུ་རྣམས་ལ་ལོངས་སྤྱོད་སྟེར་བ་བཞིན། །ཛམ་གླིང་དགྲ་ལྷའི་དབུ་འཕང་དགུང་དུ་བསྟོད། །གཏིང་བྲལ་ཆུ་སྲིན་འབྱུང་གནས་ཡངས་པ་ལས། །དགོས་འདོད་ནོར་བུའི་ཚོགས་རྣམས་ཡོངས་སྤེལ་བས། །འགྲོ་
(༡༦༥)བ་དབུལ་བའི་དགྲ་ལས་རྒྱལ་བ་ལྟར། །ཛམ་གླིང་དགྲ་ལྷའི་དབུ་འཕང་དགུང་དུ་བསྟོད། །བསིལ་བ་ལྡན་པ་གངས་ཀྱི་ལྷུན་པོ་ལ། །རབ་བརྗིད་གདོང་ལྔའི་དབང་པོ་འགྱིང་ནས་སུ། །ལོག་རྟོག་རི་དྭགས་ཟིལ་གྱིས་གནོན་པ་ལྟར། །ཛམ་གླིང་དགྲ་ལྷའི་དབུ་འཕང་དགུང་དུ་བསྟོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་རྩེར། །ཡིད་བཞིན་ནོར་བུས་སྤྲས་པ་སྲིད་རྩེའི་བླར། །མངོན་པར་འཕགས་པའི་དགེ་ལེགས་དམ་པ་འདི། །ཛམ་གླིང་དགྲ་ལྷའི་ངོ་སོ་དགུང་དུ་བསྟོད། །དེ་ནས་གཏོར་མ་འབུལ་བ་ནི། །ཀྱཻ། དཔལ་གྱི་གཏོར་མ་བརྗིད་ལྡན་འདི། །རི་རབ་ལྟ་བུར་དཔང་མཐོ་ཞིང་། །སྣང་བྱེད་ཟུང་ལྟར་བཀྲག་མདངས་ལྡན། །རྒྱ་ཆེན་ལྷུན་སྡུག་མཆོད་གཏོར་འདིས། །ཛམ་གླིང་དགྲ་ལྷའི་དམག་ཚོགས་རྣམས། །ཐུགས་དམ་གཉན་པོ་དགྱེས་བསྐང་སྟེ། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །སངས་རྒྱས་བསྟན་དང་ཁྱད་པར་དུ། །བསྒྲུབ་བརྒྱུད་བསྟན་པ་རིན་ཆེན་འདི། །རྒྱ་མཚོའི་གོས་ཅན་མཐར་ཁྱབ་ཅིང་། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས། །དགེ་འདུན་འདུས་པའི་སྡེ་རྣམས་དར། །ཁྲིམས་གཙང་ཐོས་བསམ་སྒོམ་པ་འཕེལ། །བདག་ཅག་
(༡༦༦)ཡོན་མཆོད་འཁོར་བཅས་རྣམས། །ཚེ་བསོད་དཔལ་དང་འབྱོར་བ་རྒྱས། །དགྲ་ཇག་ཆོམ་རྐུན་འཇིགས་ལས་སྐྱོབས། །མི་རྣམས་དཔའ་ཞིང་རྟ་རྣམས་འགྱོགས། །ཕ་རོལ་དགྲ་ཡི་གཡུལ་ངོ་ལས། །རྣམ་པར་རྒྱལ་ཞིང་བསམ་དོན་འགྲུབ། །སྙིང་པོའི་བསྟན་དང་དམ་ཆོས་ལ། །ལོག་པར་འཁུ་བའི་བདུད་སྡེའི་དཔུང་། །སྐད་ཅིག་ཕྱེ་མར་བརླག་པར་མཛོད། །དམ་ཉམས་ཆོས་མིན་སྤྱོད་བྱེད་ཅིང་། །དམ་སྲི་འགོང་པོས་རྒྱུད་བརླམ་པའི། །བསྟན་བཤིགས་རྣམས་ཀྱི་བླ་ཚེ་བསྐུམ། །རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཤིང་། །མཐའ་དམག་དུས་འཁྲུགས་ཐམས་ཅད་བཟློག །ཆར་ཆུ་དུས་འབབ་འབྲས་བཟང་སྨིན། །བཙའ་སད་སེར་གསུམ་ལ་སོགས་པ། །ཐམས་ཅད་ཀུན་ཞི་བདེ་སྐྱིད་ལྡན། །རྐང་བཞིའི་ཕྱུགས་རྣམས་གོད་ལས་གྲོལ། །རྫོགས་ལྡན་ལང་ཚོ་གསར་དུ་ངོམས། །བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག །ཅེས་གཏོར་མ་གསེར་སྐྱེམས་ནམ་མཁར་མཆོད། དེ་ནས་གཡང་ལེན་བྱ་བ་ནི། ཀྱཻ། བཀའ་བརྒྱུད་བླ་མའི་བྱིན་བརླབས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡི་དམ་ལྷ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཆོས་སྐྱོང་སྲུང་མའི་དྲག་རྩལ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ནོར་སྦྱིན་ལྷ་
(༡༦༧)ཡི་ནོར་གཡང་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གླིང་བཞིའི་བདེ་སྐྱིད་ཟས་ནོར་ཀུན། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བདག་ཅག་གཡོན་མཆོད་འཁོར་བཅས་རྣམས། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ། །སྙན་གྲགས་ནམ་མཁའི་མཐར་ཁྱབ་ཅིང་། །བཀྲ་ཤིས་བདེ་ལེགས་ཉིད་གྱུར་ཅིག །དེ་ལྟར་ཛམ་གླིང་རྒྱལ་པོའི་བསང་མཆོད་དགྲ་ལྷའི་དཔང་བསྟོད་དང་བཅས་པ་འདིའང་སྒྲུབ་བརྒྱུད་བསྟན་པའི་ཉི་མ་ཆགས་མེད་མཆོག་སྤྲུལ་རིན་པོ་ཆེའི་གསུང་གི་བསྐུལ་བ་དང་། རང་ཉིད་ཀྱི་དབོན་མགྲོན་གཉེར་ཀརྨ་ཆོས་འཕགས་ནས་ཀྱང་འདི་ལྟར་བགྱི་དགོས་ཞེས་བསྐུལ་བར་བསྟེན། ཀརྨ་པ་བཅུ་བཞི་པས་ཛམ་གླིང་སྐྱེས་བུ་འཁྲུངས་པའི་ཡུལ། ཚབ་ཚ་ཆོས་འཁོར་རྣམ་རྒྱལ་གླིང་གི་ཉེ་ཆར་བྲིས་པ་བཀྲ་ཤིས། འཁྲུངས་ལྷའི་བསང་གསོལ་ནི། ཨོཾ་སྭ་སྟི། །འཇིག་རྟེན་རྣམ་པར་འདྲེན་མཆོག །རྒྱལ་དབང་སྐྱེས་རབ་རིམ་པར་བྱོན་པའི་ཡབ་མེས་ཀྱི་སྐུ་ལྷ་རྣམས་དགྱེས་པ་བསྐྱེད་པའི་མཆོད་སྤྲིན་མདོར་བསྡུས་སྤྲོ་ན། རིན་ཆེན་སྣོད་དུ་གཏོར་མཆོད་གསེར་སྐྱེམས་དྲི་བཟང་ཤིང་གི་སྤོས་དུད་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། ཆོས་སྐྱོང་གཞན་རྣམས་ཀྱི་བསང་མཆོད་དང་འབྲེལ་བའམ། འདི་ཉིད་སྒེར་དུ་སྤྲོ་ནའང་ཆོག་ལ། གང་ལྟར་ཡང་བདག་ཉིད་གུ་རུ་པདྨ་སྣང་སྲིད་ཟིལ་གནོན་གྱི་ང་རྒྱལ་དང་ལྡན་པས། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་ལས་
(༡༦༨)རིན་ཆེན་སྣོད་ཡངས་པར། །མཁོ་རྒུ་འཇོ་བའི་འདོད་ཡོན་གྱི། །གཏོར་མཆོད་སྤྱན་གཟིགས་ནམ་མཁའི་མཛོད། །སོ་སོར་དགྱེས་པ་བསྐྱེད་ནུས་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་བརླབ། རྔ་རོལ་དབྱངས་དང་བཅས་པས་གྱེར་སྒོམ་ལྷན་ཅིག་པར། ཀྱཻ། ཡེ་གྲོལ་ཀ་དག་གདོད་མའི་ཀློང་ཡངས་ནས། །སྐུ་གསུམ་བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་ཀྱི། །དཔལ་ལྡན་བླ་མ་རྒྱལ་བ་སྲས་དང་བཅས། །དད་གུས་མོས་པས་སྤྱན་འདྲེན་གནས་འདིར་གཤེགས། །ཞི་ཆགས་སྒྱུ་འཕྲུལ་ཉམས་བརྒྱའི་འཇོ་སྒེག་ལས། །དངོས་གྲུབ་མཆོག་སྩོལ་ཐེག་དགུའི་ཡི་དམ་ལྷ། །དཔའ་བོ་རྣལ་འབྱོར་མ་སྲིང་མཁའ་འགྲོའི་ཚོགས། །དམ་ཚིག་གཙང་མའི་གནས་འདིར་སྤྱན་འདྲེན་གཤེགས། །རྒྱལ་བའི་བསྟན་སྲུང་རྣལ་འབྱོར་སྲོག་གི་ལྷ། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་འཁོར་བཅས། །དབང་ཕྱུག་དཔལ་ལྡན་དུད་པའི་སོལ་བ་མ། །འཁོར་བཅས་མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། །ཁྱད་པར་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས། །རྒྱལ་བ་རྣམས་ཀྱི་ཕྲིན་ལས་གཅིག་བསྡུས་མགོན། །བསྟན་པ་མཆོག་དང་འགྲོ་བའི་དཔལ་མགོན་དུ། །བསམ་བཞིན་མཆོག་གི་སྤྲུལ་པའི་ཟློས་གར་གྱི། །རོལ་བའི་སྐྱེས་རབ་རིམ་པར་བྱོན་པ་ཡི། །སྐུ་ལྷ་རིགས་ཆོས་དམ་ཚིག་
(༡༦༩)རང་བྱུང་ལྷན་སྐྱེས་རིག་པའི་རྡོ་རྗེ་ཡི། །མགུར་ལྷ་གནས་མཆོག་རྩེ་མཐོ་པདྨ་རི། །ཡུལ་སྐྱོངས་དགེ་བསྙེན་པདྨ་མཆོག་རབ་རྩལ། །མདུན་འཁོར་དཔལ་གྱི་བཀོད་ལྡན་སེང་གེ་གྲགས། །གནས་བདག་ཞོ་རོ་བོན་ཆུང་འཁོར་དང་བཅས། །མ་གཟའ་དམ་ཅན་གནོད་སྦྱིན་འཁོལ་པོ་དང་། །ཁྱད་པར་ལྷ་བཙན་རྡོ་རྗེ་ཐོགས་རྒོད་བཅས། །མཆོད་པའི་གནས་འདིར་དགྱེས་པར་གཤེགས་སུ་གསོལ། །ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེ་ཡི། །རྣལ་འབྱོར་དགྲ་ལྷ་རྡོ་རྗེ་འབར་བ་རྩལ། །བདུད་འདུལ་དམ་ཅན་ཡེ་བརྫུ་ཆེད་སྡེ་སྔ། །མཐུ་ལྡན་འཁོར་ཚོགས་གསུམ་རྒྱ་དྲུག་ཅུ་དང་། །གདོང་སྨུག་སྤུན་དགུ་བཀའ་བསྡོད་ཕོ་ཉ་ཞི། །ཀླུ་རྒྱལ་རྡོ་རྗེ་གུར་དང་ངལ་སོས་པོ། །གངས་དཀར་མཆེ་བརྒྱེད་འཇོག་རྩན་ལྷ་བྲག་དཀར། །ཞི་བ་རྒྱལ་མཚན་འཁོར་བཅས་གཤེགས་སུ་གསོལ། །
(༡༧༠)
(༡༧༡)གིས་འབྲེལ་བའི། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་སྟོན་པའི། །བརྒྱུད་གསུམ་ཆོས་སྐྱོང་ཡུལ་གཞིའི་གནས་ཀྱི་བདག །སྲིད་པ་རྒྱུད་ལས་གྲོལ་བའི་ལྷ་རབ་དང་། །མིའུ་གདུང་དྲུག་ཕ་ཚུན་དགྲ་བླའི་ཚོགས། །འགོ་བའི་ལྷ་ལྔ་སྐྱོབ་པའི་ལྷ་དགུ་དང་། །ལས་ལས་གྲུབ་པའི་འབྱུང་པོ་མཐུ་བོ་ཆེ། །རྒྱལ་བློན་བྲན་གཡོགས་ཡང་འཁོལ་གཉེན་སྡེར་བཅས། །འབོད་པའི་གནས་འདིར་བྱོན་ལ་དགྱེས་མཆོད་བཞེས། །ཕྲིན་ལས་རྒྱ་མཚོ་མ་ལུས་བསྒྲུབ་ཏུ་གསོལ། །དབང་ཆེན་གསུང་སྤྲུལ་ཐེག་མཆོག་རྡོ་རྗེ་ཡི། །མགུལ་ལྷ་དགྲ་སྡེ་འཇོམས་པའི་མཐུ་རྩལ་ཅན། །སྦྲག་བཙན་དབྱི་རྒྱལ་དཔལ་ལྡན་ཤེས་རབ་དང་། །རྡོ་རྗེ་སྨན་དཔལ་གཙང་སྨེ་ནག་ཕྱི་སོགས། །རྣལ་འབྱོར་མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས། །དཔལ་ལྡན་མཁའ་ཁྱབ་རྟག་པའི་རྡོ་རྗེ་ཆེའི། །རྒྱུད་བསྲུང་མ་ཅིག་རྡོ་རྗེ་རབ་བརྟན་མ། །སྐུ་ལྷ་ཧ་བོ་གངས་བཟང་སྲས་བློན་འཁོར། །ཤེལ་གིང་དཀར་པོ་ཙིའུ་དམར་པོར་བཅས། །མཆོད་པའི་གནས་འདིར་དགྱེས་པར་གཤེགས་སུ་གསོལ། །སླད་མར་ཁ་འགེངས་དགོས་རིགས་འདིར་འཛུག །སོ་སོར་མཐུན་པའི་གཞལ་མེད་ཁང་བཟང་དང་།
(༡༧༢)རིན་ཆེན་ཁྲི་གདན་བཀོད་ལེགས་མཛེས་པའི་དབུས། །དགྱེས་པའི་ཞལ་འཛུམ་ཟླ་བ་ཚེས་པ་བཞིན། །རྣལ་འབྱོར་ཕྲིན་ལས་སྒྲུབ་ཕྱིར་བཞུགས་སུ་གསོལ། །མཆོད་པ་ནི། ཀྱཻ། ཡིད་འོང་དྭངས་བསིལ་མཆོད་ཡོན་ཡན་ལག་བརྒྱད། །ག་བུར་དྲི་གསུང་བཟང་འཕྲོའི་བདུག་པའི་སྤྲིན། །སྣ་ཚོགས་བཀོད་མཛས་འདབ་བརྒྱའི་མཚར་སྡུག་བཀྲ། །མེ་ཤེལ་ཆུ་ཤེལ་མདངས་གསལ་མར་མེའི་ཕྲེང་། །གུར་གུམ་ཙན་དན་དང་སྦྱར་དྲི་ཡི་ཆབ། །བདའ་དགུའི་ཞལ་ཟས་ལྗགས་ཀྱི་བདུད་རྩིར་བྱེད། །ཆ་ལང་རྔ་ཤང་རོལ་མོའི་སྙན་འཇེབ་བཅས། །ཁྱད་པར་རྨད་བྱུང་རྩ་བརྒྱད་ཡན་ལག་སྟོང་། །འབྲུ་བཅུད་ཉིད་ཁུར་སྦྱར་བའི་གསེར་གཡུའི་སྐྱེམས། །རིན་ཆེན་སྣོད་བཟང་དུ་མ་གཏམས་པའི་མཚོར། །ནད་བརྒྱ་སེལ་བའི་ལྦུ་ཕྲེང་གཡོ་བས་མཆོད། །སྣང་བ་སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ། །སྲིད་གསུམ་བཀོད་པའི་གཏེར་ཆེན་རྔམས་བརྗིད་ལྡན། །བཟའ་བཅའི་བྱེ་བྲག་ཤ་སྣ་སྙིང་སྣ་དང་། །ལ་ཕུག་སྒོག་ཙོང་ཤིང་ཏོག་སྣ་ཚོགས་སྤུངས། །བཅུད་ལྡན་དཀར་དམར་ཐབས་ཤེས་རོལ་པའི་རྫས། །མྱང་བས་ཟག་མེད་བདེ་སྐྱེད་འབྱོར་དགུའི་དཔྱིད། །ཆགས་མེད་ཆགས་བྲལ་ཁམས་གསུམ་ཆགས་པའི་ཁྲག །དམར་གྱི་
(༡༧༣)ཨརྒྷཾ་མཉེས་པའི་རྫས་སུ་འབུལ། །མཚར་སྡུག་འཇོ་སྒེག་ཉམས་འགྱུར་བྱེ་བ་ཡིས། །སྲིད་གསུམ་ཡི་ག་འགུགས་པའི་ལུས་ཕྲ་མ། །རིན་ཆེན་དར་ཟབ་རྒྱན་མཛེས་སྒྱུ་རྩལ་མཁན། །མགྲིན་པའི་དབྱངས་བདུན་སྙན་འགྱུར་ལྡན་པ་དང་། །དཔའ་བའི་གོ་ལྡན་གསེར་གྱི་ཡ་ལད་ཅན། །རལ་གྲི་མདའ་གཞུ་དགྲ་སྟྭ་མདུང་རིང་སོགས། །དཔའ་རྟགས་སྣ་དགུས་དགྲ་དཔུང་འཇོམས་བྱེད་པའི། །དཔའ་བོ་འབུམ་ཕྲག་བསོྭ་སྒྲ་སྒྲོགས་པས་མཆོད། །སྣ་ཚོགས་སྤུ་སྡུག་ལྡན་པའི་ཅང་ཤེས་ཁྱུ། །རིན་ཆེན་སྒ་སྲབ་བརྒྱན་པ་ཁྲི་ཕྲག་དང་། །ཐེག་ཆེན་དྲེའུ་རྟ་ནོར་བུའི་ཐག་ཆས་ཅན། །སྲིད་གསུམ་སྐད་ཅིག་ཉུལ་བའི་ཤུག་ལྡན་འབུམ། །མར་རྒད་རུ་རྣོན་ཟུང་གིས་མཛེས་པ་ལ། །ཆུ་འཛིན་སྟུག་པོ་སྤུངས་འདྲའི་ཞོལ་ལྡན་པ། །གནམ་ལྕགས་རྨིག་བཞིས་ས་གསུམ་གཡོ་བྱེད་པའི། །འབྲོང་གཡག་བྱེ་བ་འབུམ་ནི་དུར་སྒྲ་ལྡིར། །ཤེལ་དུམ་རྒྱུ་བ་དང་འདྲའི་གཡང་དཀར་ཁྱུ། །གཡས་སུ་འཁྱིལ་བའི་གཡུ་ཡི་རྭ་ལྡན་པའི། །ཤུག་རྩལ་སྟོབས་ལྡན་རྭ་སྐྱེས་སྣ་ཚོགས་དང་། །ནོར་སྲུང་གཏུམ་པོའི་ཚོགས་ཀྱང་ངར་སྐད་སྒྲོག །གཞན་ཡང་ལྷ་ཀླུ་མི་ཡི་ནོར་བུའི་རིགས། །དབང་གཞུ་ཐགས་སུ་བྲན་
(༡༧༤)འདྲའི་གོས་བཟང་དང་། །རིན་ཆེན་སྣ་ཚོགས་རྒྱན་ཕྲེང་ཚར་དུ་དངར། །མཁོ་རྒུའི་འདོད་འཇོ་གཏེར་གྱི་བུམ་པ་བཟང་། །སྲིད་ན་མཚར་རྒུའི་བདོགས་པ་མ་ཚང་མེད། །ནམ་མཁའ་མཛོད་བཞིན་ཡུལ་འདིས་སྐུ་ལྷ་རྣམས། །དགྱེས་པའི་དཔལ་བསྐྱེད་སྔར་མཛད་ལེགས་པའི་སྐྱེས། །ཕྱི་བཅོལ་ཕྲིན་ལས་སྒྲུབ་པའི་རྟེན་དུ་འབུལ། །ཨོཾ་ཤྲཱི་མཱ་ན་གུ་རུ་དེ་ཝ་ཌཱ་ཀི་ནི་མ་ཧཱ་ཀཱ་ལ་ཀཱ་ལི་མ་ཧཱ་དེ་ཝ་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་ལན་བདུན་ནམ། །གསུམ་བརྗོད། སླར་ཡང་མངའ་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། །ཀྱཻ། སྲིད་པ་གསུམ་ན་ཆེ་བའི་ལྷ་ཀླུ་མིའི། །དབང་པོ་སྟོང་གི་ནོར་བུའི་དོ་ཀེར་གྱིས། །ཞབས་མཐིལ་པདྨའི་འདབ་བརྒྱ་གཙང་བྱས་པ། །རྩ་གསུམ་རྒྱལ་བའི་དབུ་འཕང་དགུང་དུ་བསྟོད། །དད་གསུམ་བློ་གྲོས་འཛིན་མར་བྱང་ཆུབ་ཀྱི། །དཔག་བསམ་ཆེར་རྒྱས་སོ་བདུན་ཡལ་གས་ཕྱུག། འབྲས་སྨིན་བྱེ་བའི་མེ་ཏོག་བཞད་བའི་རྩེར། །ས་ལམ་འབྲས་བཟང་སྨིན་འདིས་མངའ་གསོལ་ལོ། །རྒྱལ་བའི་བཀའ་ཉན་སངས་རྒྱས་བསྟན་པ་བསྲུངས། །ལུང་རྟོག་མཛོད་སྒོ་བྱེ་བའི་གཉེར་ཁ་འཛིན། །ཆོས་སྤྱོད་རྣལ་འབྱོར་སྲོག་ལྷ་དམ་ཚིག་ཅན། །བཀའ་འཁོར་རྒྱ་མཚོའི་དབུ་འཕང་སྲིད་རྩེར་བསྟོད། །འགྱུར་མེད་དམ་ཚིག་གཙང་མའི་ས་གཞིའི་དབུས། །ཚད་མེད་བང་རིམ་བཞི་
(༡༧༥)ལྡན་སྐུ་བཞི་ཡི། །རིན་ཆེན་ལྷུན་པོ་ཐབས་ཤེས་ཉི་ཟླའི་རྒྱན། །སྲིད་ཞིའི་ཡོན་ཏན་མཛད་མེད་དཀོར་ཆས་བརྗིད། །དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་རྒྱ་མཚོ་ཡིས། །དཀོན་མཆོག་རྩ་གསུམ་རྒྱ་མཚོ་མངའ་གསོལ་ལོ། །དཔལ་ཆེན་ནག་པོ་ལྕམ་དྲལ་མངའ་གསོལ་ལོ། །མ་སྲིང་མཁའ་འགྲོའི་དབང་མོ་མངའ་གསོལ་ལོ། །དཔལ་ལྡན་བླ་མའི་ཆོ་རིགས་རྒྱུད་བསྲུང་བའི། །སྲིད་པ་རྒྱུད་ཀྱི་ལྷ་རྣམས་མངའ་གསོལ་ལོ། །དྲེགས་པ་སྡེ་བརྒྱད་ཐམས་ཅད་མངའ་གསོལ་ལོ། །འབྱུང་པོ་མཐུ་ཆེན་ཚོགས་རྣམས་མངའ་གསོལ་ལོ། །ཕ་ལྷ་མ་ལྷ་སྲོག་ལྷ་མངའ་གསོལ་ལོ། །ཞང་ལྷ་མགྲོན་ལྷ་ལམ་ལྷ་མངའ་གསོལ་ལོ། །ཕན་ཚུན་དགྲ་ལྷ་ཝེར་མ་མངའ་གསོལ་ལོ། །མཆོད་འོས་མགྲོན་ཀུན་མཉེས་ཤིང་ཚིམས་གྱུར་ཅིག །དེ་ལྟར་མཆོད་ཅིང་བསྟོད་ནས་འདོད་པའི་དོན། །ལས་སུ་བཅོལ་བའི་ཐ་ཚིག་འདི་དགོངས་ཤིག །ངེས་གསང་བསྟན་པ་སྤྱི་དང་སྒྲུབ་བརྒྱུད་བསྟན། །བསྟན་འཛིན་སྐྱེས་བུ་ཀུན་དང་ཁྱད་པར་དུ། །རྒྱལ་དབང་ཀརྨ་པ་ཡི་སྐུ་ཚེ་དང་། །མཛད་ཕྲིན་ཆོས་སྲིད་དབྱར་གྱི་དཔལ་འབྱོར་འཕེལ། །འགལ་རྐྱེན་བར་ཆད་མི་མཐུན་ཕྱོགས་ཀུན་ཞི། །ལོངས་སྤྱོད་མངའ་ཐང་དགེ་འདུན་འདུས་པ་རྒྱས། །ཀུན་ཀྱང་ཐོས་བསམ་སྒོམས་པས་རྒྱུད་ཕྱུགས་ཤིང་། །འགྲོ་ཁམས་
(༡༧༦)བདེ་སྐྱིད་སྣང་བ་རྫོགས་ལྡན་བཞིན། །མི་ཉམས་སྲིད་མཐའི་བར་དུ་རྒྱས་པར་མཛོད། །བསྟན་པའི་སྦྱིན་བདག་རྒྱལ་རིགས་བློན་འབངས་བྲན། །ཁྱེའུ་ཕོ་མོ་འབྲུ་ནོར་རྟ་ཕྱུགས་སོགས། །ཆོས་མཐུན་ལེགས་བྱས་དགའ་སྟོན་འཕེལ་བའི་ཕྱིར། །མོས་པ་རྣམ་བཞི་དབང་དུ་འདུ་བར་མཛོད། །བྱད་ཕུར་རྦོད་གཏོང་མི་དང་མི་མིན་དཔུང་། །བསམ་ངན་སྦྱོར་རྩུབ་བསྟན་ལ་གནོད་ཅིང་འཚེ། །ཕྲིན་ལས་སྤེལ་བའི་བར་ཆད་བདུད་བགེགས་རྣམས། །མངོན་སྤྱོད་རོལ་པས་མྱུར་དུ་ཚར་ཆོད་ཅིག །གཞན་ཡང་ཡུལ་གྱི་དགེ་བཅུ་རབ་རྒྱས་ཤིང་། །མི་ནོར་ཕྱུགས་འཕེལ་ས་བཅུད་དཔལ་འབྱོར་བསྐྱེད། །བཀྲ་ཤིས་སྣང་བ་གོང་ནས་གོང་དུ་འཕེལ། །བསམ་དོན་ཅི་མཆིས་བདེ་བླག་མྱུར་འགྲུབ་མཛོད། །མཆོད་གཏོར་དམན་དང་ཆགས་ཉམས་འགལ་འཁྲུལ་སོགས། །ཕོག་ཐུག་འཁོན་གྲིབ་མ་ཤེས་རྨོངས་དབང་གིས། །ནོངས་གྱུར་མཐའ་དག་ཀུན་བཟང་ཀློང་དུ་བཤགས། །བདག་ནི་རིག་འཛིན་པདྨའི་གདུང་འཚོབ་སྟེ། །ཁྱེད་རྣམས་དེ་ཡི་བསྟན་པའི་གཉེར་ཁ་བ། །གནས་མགྲོན་གཉིས་ཀྱིས་ཆད་ཐོ་མ་བོར་བར། །གང་བཅོལ་རྟག་ཏུ་སྒྲབ་པའི་གྲོགས་མཛོད་ཅིག །ཅེས་མཆོད་གཏོར་དང་གསེར་སྐྱེམས་འབུལ། །གཙྪས་མགྲོན་གཤེགས། །ཞེས་པའང་རླངས་ལྷ་གཟིགས་རས་པའི་གདུང་བརྒྱད་མ་
(༡༧༧)ཆད་པ་ལས། །རྒྱས་དབང་མཆོག་ཉིད་བལྟམས་པའི་ཆོ་རིག་ཀྱི་ལྷ་ལྷ་རྣམས་དགྱེས་པ་བསྐྱེད་པའི་མཆོད་ཆོག་འདི་བཞིན། རྒྱལ་དབང་མཆོག་གི་བཀའ་གནང་ནས། རིག་འཛིན་གྱི་བཙུན་པ་ཀརྨ་ཆོས་དབང་ཀུན་ཏུ་བཟང་པོས་སྐྱེད་ཚལ་བསམ་འགྲུབ་ཆོས་གླིང་གི་གྱེས་སྤྲོའི་གཟིམ་གུར་དུ། ཤིང་བྱ་སྣོྲན་ཟླའི་གྲལ་ཚེས་ཉེར་དྲུག་དགེ་བར་སྟབས་འཕྲལ་དུ་བྲིས་པ་ཞེས་བྱ་བ་ལ། སྔོན་དང་ད་ལྟར་གྱི་འཁྲུངས་ལྷ་རྣམས་ཕྱོགས་སུ་བསྡུས། མ་འོངས་པ་རྣམས་ཅུང་ཟད་ཀྱི་སབ་ཁ་རེ་བགྱིས་པས་མཐུས་པར་བྱས་ཏེ། ཡི་གེ་དང་། འདོན་བྱ་མང་བའི་ངལ་བ་དང་། སྲུང་མ་སྤོང་ལེན་གྱི་ལས་བསག་མ་དགོས་པའི་ཆེད། སྐྱེས་རབས་བཅོ་ལྔ་བར་འབོད་པས། རྗེ་དཔོན་དམ་པས་མཛད་པ་ལ་ཕྲི་བསྣན་ཕྲན་བུ་བགྱིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག། བཙན་རྒོད་དྲག་པོ་ཕྱྭ་རྒྱལ་མེ་ཏྲིའི་བསང་མཆོད་ནི། རྫས་རྣམས་རཾ་ཡཾ་ཁཾ་དང་། སྭ་བྷ་ཝ། ཨོཾ་ཨཱཧཱུཾ་ཧ་ཧོ་ཧྲཱིརྣམས་ཀྱིས་བསང་སྦྱང་བརླབ་སྤེལ་བྱས་ལ། །ཀྱཻ། ཀ་དག་བདེ་ཆེན་ཀློང་ཡངས་ལ། །འཁྲུལ་པའི་མཚན་མ་མ་མཆིས་ཀྱང་། །རྒྱུད་ལྔའི་འགྲོ་བ་བསྒྲལ་བའི་ཕྱིར། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་རྩལ། །སྐུ་གསུམ་རྒྱལ་བའི་བསྟན་པ་བྱོན། །དུག་ལྔ་བརྟས་པའི་ལོག་ལྟ་ཅན། །མུ་སྟེགས་བསྟན་དགྲའི་གཤེད་མ་ལ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྤྲུལ་པའི་སྡེ་བརྒྱད་ཚོམ་བུར་ཤར། །རིག་པ་ལས་གྲུབ་ཡེ་ཤེས་དབྱིངས། །མ་རིག་ཕྲག་དོག་འདུལ་བའི་ཕྱིར། །འཇིག་རྟེན་སྲིད་པ་བཙན་གྱི་རྗེ། །བཙན་
(༡༧༨)ཡུལ་ཟང་ཐང་དམར་པོ་ནས། །ཕྱ་རྒྱལ་མཻ་ཏྲི་དྲག་པོ་རྩལ། །འཁོར་བཅས་འབོད་པའི་གནས་འདིར་གཤེགས། །བཤམས་པའི་གདན་ལ་བཞུགས་ནས་ཀྱང་། །བཀྲམ་པའི་སྤྱན་གཟིགས་རྣམས་ལ་གཟིགས། །བསྔོས་པའི་མཐུན་རྫས་བསང་མཆོད་བཞེས། །དགྲ་བགེགས་བསྒྲལ་བའི་ཉེར་སྤྱོད་དང་། །དྲག་པོ་རྐང་གླིང་རོལ་མོའི་སྒྲ། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །ཤ་ཁྲག་བ་ལི༚་རཀྟའི་མཚོ། །དཔའ་བོའི་ངར་ཆུ་མྱོས་བྱེད་ཆང་། །ཇ་ཆང་ཤ་སྣ་ནང་ཁྲོལ་སྙིང་། །མཆོད་པའི་བྱེ་བྲག་མཐའ་ཡས་དང་། །ཕོ་བྲང་གོ་མཚོན་རྟ་དམར་ཁྱི། །གཡག་ལུག་རྭ་སྐྱེས་རི་དྭགས་བྱ། །གཏུམ་པོ་གཅན་གཟན་ལ་སོགས་པ། །ཐུགས་དང་མཐུན་པའི་དམ་རྫས་རྣམས། །དངོས་སུ་བཤམས་དང་ཡིད་ལས་བྱུང་། །ཏིང་འཛིན་སྔགས་རྒྱས་སྤེལ་བ་འདིས། །ཤུ་བ་སྲོག་ལེན་བཙན་གྱི་རྗེ། །ཡམ་ཤུད་དམར་པོ་མངའ་གསོལ་ལོ། །རྡོ་རྗེ་དྲག་པོ་མངའ་གསོལ་ལོ། །གཏེར་སྲུང་ཆེན་མོ་མངའ་གསོལ་ལོ། །ཤེལ་གིང་སྨུག་ནག་མངའ་གསོལ་ལོ། །གནོད་སྦྱིན་ཆེན་པོ་མངའ་གསོལ་ལོ། །འབར་བ་སྤུན་བདུན་མངའ་གསོལ་ལོ། །ཕྱྭ་རྒྱལ་མེ་ཏྲི་མངའ་གསོལ་ལོ། །དགྱེས་ཡུམ་ཀླུ་མོ་མངའ་གསོལ་ལོ། །བདུད་བཙན་ཀླུ་བཙན་ལྷ་བཙན་སོགས། །སྡེ་བརྒྱད་བཙན་རྗེ་མངའ་གསོལ་ལོ། །བཙན་དམག་འབུམ་སྡེ་མངའ་
(༡༧༩)གསོལ་ལོ། །ཡང་འཁོར་བསམ་འདས་མངའ་གསོལ་ལོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། །དགྱེས་ཤིང་མཉེས་པའི་འཛུམ་མདངས་སྟོན། །དྲག་རྩལ་རྔམས་པའི་སྟོབས་རྩལ་ཕྱུངས། །ཐུབ་བསྟན་སྤྱི་དང་ཁྱད་པར་དུ། །པདྨ་འབྱུང་གནས་ཀརྨ་པའི། །བསྟན་པའི་དབུ་འཕང་དགུང་དུ་བསྟོད། །བསྟན་འཛིན་མཆོག་དང་དགེ་འདུན་སྡེ། །སློབ་བརྒྱུད་ཡོན་བདག་བཅས་པ་རྣམས། །མེལ་ཚེ་སྲུང་སྐྱོང་བྱ་ར་མཛོད། །ལེགས་པའི་ཚོགས་རྣམས་འདུ་བ་དང་། །མི་འདོད་ཉེར་འཚེ་མེད་པར་མཛོད། །བསྟན་དགྲ་གཟུགས་ཅན་གཟུགས་མེད་སྡེ། །གང་དུ་འདུག་ཀྱང་མྱུར་དུ་རྒྱུག །སྲོག་ཆོད་དབུགས་ལོངས་སྙིང་ཁྲག་འཐུང་། །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །ལས་ལ་མ་གཡེལ་དྲག་པོ་བཙན། །པདྨ་ཐོད་ཕྲེང་ཀརྨ་ཀའི། །དམ་ཚིག་གཉན་པོ་དྲན་མཛོད་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་སྒྲུབས། །ཞེས་བརྗོད་གཏོར་མ་གསེར་སྐྱེམས་འབུལ། །བཀའ་སྲུང་ཀྱང་རྗེའི་བསང་མཆོད་ནི། གཏོར་མ་སོགས་བཤམས་ལ་བདུད་རྩིས་ཆབ་བྲན་ཏེ་འདི་སྐད་དོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་གིས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པ་མཆོད་པའི་རྫས། །བསྟེན་པའི་རྫས། །བསྐང་བའི་རྫས། གསོལ་ཞིང་མཆོད་པའི་རྫས།
(༡༨༠)གསང་བའི་རྫས་ལ་སོགས་པ། ས་དང་བར་སྣང་ཁྱབ་པ་ནམ་མཁའ་དང་མཉམ་པ་རྣམས་སུ་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་བྱིན་གྱིས་བརླབ། །ཨོཾ། །ཀླུ་ཡི་དགེ་བསྙེན་ཆེན་པོ་རྡོ་རྗེ་རྒྱལ། །དེ་ཡི་ཡུམ་ཆེན་གཟི་ལྡན་ཀླུ་ཡི་ལྕམ། །ཀླུ་བཙན་མིང་སྲིད་བར་བློན་ཆེན་པོ་སོགས། །ས་བདག་ཀླུ་གཉན་འཁོར་བཅས་གནས་འདིར་གཤེགས། །ཁྱད་པར་གནས་འདིའི་སྲུང་མ་བཙན་རྒོད་ཆེ། །གྱང་རྗེ་བཙན་པོ་ཡབ་ཡུམ་སྲས་འཁོར་སོགས། །མཐུ་སྟོབས་དྲག་རྩལ་ལྡན་པའི་སྲུང་མ་རྣམས། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། །ཁྱེད་རྣམས་མཆོད་ཅིང་བསྟེན་པའི་དངོས་པོ་ནི། །ཉེར་སྤྱོད་ཚོགས་དང་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་ཁྱད་འཕགས་ཇི་སྙེད་མཆིས་པ་ཀུན། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ། །འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང་། །གླང་ཆེན་རྟ་དམར་རྟིང་དཀར་རྒྱན་སྤྲས་པ། །མ་ཧེ་ནོར་ལུག་གཅན་གཟན་རི་དྭགས་དང་། །འདབ་ཆགས་དམག་མི་བློན་འབངས་བྲན་སོགས་འབུལ། །ལྕགས་བསེའི་གོ་ཁྲབ་རྨོག་བཅས་མདའ་མདུང་དང་། །དཔའ་བོའི་རལ་གྲི་ཕུབ་དང་བ་དན་ཚོགས། །ལྷ་དང་ལྷ་མིན་གཡུལ་དུ་
(༡༨༡)བཤམས་པ་ལྟར། །དཔུང་ཚོགས་ཡན་ལག་བཞི་ལྡན་བཀོད་པ་འབུལ། །སྨྱུག་རྒོད་ཚིག་གསུམ་དར་གྱིས་བརྒྱན་པ་དང་། །ཐོད་པའི་སྐུ་མཁར་ཤ་རུས་ཟུར་བརྒྱན་པ། །འདོད་ཡོན་མཁོ་རྒུའི་ཚོགས་ཀྱིས་ཡོངས་བསྐོར་བ། །བཞུགས་གནས་ཕོ་བྲང་རྒྱན་ལྡན་བཀོད་པ་འབུལ། །ཁྱད་པར་འཆི་མེད་ཟས་ཀྱི་བཅུད་གཅིག་པོ། །འབྲུ་བཅུད་སྨན་དང་རཀྟ་ཛ་གད་དང་། །ཤ་སྣ་སྙིང་སྣ་ཁྲག་སྣ་མྱོས་བྱེད་ཚོགས། །ཕྱི་ནང་གསང་བའི་མཆོད་པ་དུ་མ་འབུལ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ནང་ཁྲོལ་བཅས། །དཀར་གསུམ་མངར་གསུམ་ཀླུ་སྨན་རྩི་བཅུད་སོགས། །རང་རང་ལ་འོས་མཆོད་རྫས་དུ་མ་འབུལ། །ཤིང་སྣ་དགུ་དང་སྨན་སྣ་ལ་སོགས་པའི། །དྲི་བཟང་བསང་དུད་ལྷོ་སྤྲིན་ལྟ་བུ་དང་། །ཕྱེ་མར་ཟས་ཕུད་སྐྱེམས་དང་གཟུགས་འགྲོས་བཅས། །མི་གཙང་ཉམས་གྲིབ་བསང་ཕྱིར་མཆོད་པ་འབུལ། །ཨོཾ་བཛྲ་ཨརྒྷཾ། པཱདྱཾ་ནས། ཤཔྟ་ཨཱཧཱུྃ་བར་དང་། ཨོཾ་རཱུ་པ་ཤཔྟ་གྷནྡྷེ་ར་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། །ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ཤུ་ལ་ཏྲི་ཛས་པ་རི་ཝཱ་ར་
(༡༨༢)ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ལན་གསུམ་གྱིས་བསྔོས་ནས། ཧཱུཾ། ལྷ་ཆེན་འཁོར་བཅས་བསང་ཞིང་མཆོད་པའི་དགེས། །བདག་ཅག་ཡུལ་མི་ཁྱིམ་མཚེས་མཆོད་ཡོན་ཀུན། །ཉམས་ཆག་སྡིག་སྒྲིབ་ནད་གདོན་ཀུན་བསང་ནས། །བསམ་དོན་མ་ལུས་འགྲུབ་པའི་སྟོང་གྲོགས་མཛོད། །དགེ་འདུན་སྡེ་རྒྱས་ཐོས་བསམ་བསྒོམ་པ་འཕེལ། །མི་ལ་ནད་མེད་ཕྱུགས་ལ་གོད་ཁ་མེད། །ཆར་ཆུ་དུས་འབབས་ལོ་འབྲས་རྟག་ཏུ་ལེགས། །བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །བདག་སོགས་མ་རིག་དབང་གྱུར་ནོངས་པའི་ཚོགས། །གཙང་སྦྲ་ཆུང་དང་ཕུད་ཉམས་མཆོད་གཏོར་གཡེལ། །ས་བརྐོ་རྡོ་སློག་ཕོག་ཐུག་གྱུར་སྲིད་ནའང་། །བྱམས་པའི་སེམས་ཀྱིས་བཟོད་པར་མཛད་དུ་གསོལ། །དགེ་འདུན་གཙུག་ལག་ཁང་སོགས་འཕེལ་རྒྱས་ཆེད། །སླར་ཡང་བྱ་བ་ཅི་དང་ཅི་བགྱིས་ལ། །རུ་ང་ཕྲག་དོག་གནོད་འཚེ་ཀུན་སྤོངས་ཤིང་། །མྱུར་དུ་གང་བརྩམས་འགྲུབ་པའི་སྟོང་གྲོགས་མཛོད། །གནས་འདིའི་རྟེན་དང་རྟེན་པར་བཅས་རྣམས་ཀྱི། །སྲུང་མ་གནས་བདག་ལས་མཁན་ཁྱོད་ཀྱིས་མཛོད། །བསྟན་ལ་ཕན་པའི་སྟོང་གྲོགས་བྱེད་རྣམས་སྲུངས། །གནོད་པར་བྱེད་རྣམས་ཐལ་བར་
(༡༨༣)རློག་པར་མཛོད། །སྤྱིར་དུ་ཀརྨ་ཀཾ་ཚང་བསྟན་པ་སྲུངས། །སྒོས་སུ་གདན་ས་མཚུར་ཕུའི་སྲུང་མ་མཛོད། །དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་བ་དང་། །རྣལ་འབྱོར་བདག་ཅག་བུ་བཞིན་སྐྱོང་བར་མཛོད། །དཔལ་ལྡན་དུས་གསུམ་མཁྱེན་པ་ནས་བཟུང་སྟེ། །རྒྱལ་དབང་ཐེག་མཆོག་རྡོ་རྗེ་ཡན་ཆད་ཀྱི། །བཀའ་དང་དམ་ལ་བཞག་པ་དྲན་མཛོད་ལ། །ཅི་བཅོལ་ཕྲིན་ལས་རྣམ་བཞི་སྒྲུབ་པར་མཛོད། །ཁྱེད་རྣམས་མཆོད་ཅིང་ཕྲིན་ལས་བསྐུལ་བའི་མཐུས། །གནས་འདིའི་ཡུལ་དགོན་རྟེན་དང་བརྟེན་པར་བཅས། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ཕུན་སུམ་ཚོགས། །བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་གཏོར་མ་གཙང་སར་འབུལ་ཞིང་འདོད་དོན་གསོལ་ལོ། །ཞེས་པའང་བཛྲ་ཤྭ་རས་མཛད་པའོ། །རྫིང་བཙན་གྱི་བསང་མཆོད་ནི། །མཆོད་གཏོར་ཡི་གེ་གསུམ་དང་། ཆོས་ཉིད་རྣམ་དག་སྔགས་དང་། འབྲུ་གསུམ་ལ་ཧ་ཧོ་ཧྲཱིབཏགས་པ་རྣམས་ཀྱིས་བསང་སྦྱང་བརླབ་སྤེལ་བྱས་ལ། །ཀྱཻ། རང་བྱུང་བདེ་བ་ཆེན་པོ་ལ། །མཚན་མའི་རྟོག་པ་མ་མཆིས་ཀྱང་། །འཛིན་སེམས་ཡུལ་ལ་ཞུགས་པ་ལས། །རྟོག་པའི་དྲ་བ་མཐའ་ཡས་ཤར། །དེ་ལས་སྲིད་པ་ལས་ཀྱི་བཙན། །དྲག་པོ་མཆེད་དང་དགྱེས་སྡེ་མོ། །བློན་པོ་མངགས་གཞུག་བྲན་
(༡༨༤)དང་འབངས། །དྲག་ཤུལ་ཅན་གྱི་དཔུང་ཚོགས་རྣམས། །འདིར་གཤེགས་གདན་བཞུགས་བསང་མཆོད་བཞེས། །ཁྱེད་རྣམས་དགྱེས་སྐོང་མཆོད་པ་ནི། །ཉེར་སྤྱོད་འདོད་ཡོན་དགེ་ལེགས་རྫས། །དཔག་མེད་ཕྱོགས་ཀྱི་འཁོར་ལོ་བཀང་། །ལྷ་ཀླུ་མི་ཡི་འབྱོར་པའི་ཕུལ། །མ་ལུས་ནམ་མཁའི་མཛོད་དུ་སྤུངས། །མཐུན་རྫས་འབོད་བརྟེན་བསྐང་བ་དང་། །རྦད་བསད་ལས་ཀྱི་སྦྱོར་བ་ཡི། །ཡོ་བྱད་མ་ཚང་མེད་སྤྲུལ་པས། །དགེ་བསྙེན་ཆེན་པོ་མངའ་གསོལ་ལོ། །དམར་པོ་བཙན་རྒྱལ་མངའ་གསོལ་ལོ། །རྡོ་རྗེ་རྫིང་བཙན་མངའ་གསོལ་ལོ། །མཐུ་ཆེན་གྲིབ་བཙན་མངའ་གསོལ་ལོ། །རྫོང་དམར་བཙན་རྒོད་མངའ་གསོལ་ལོ། །དགྱེས་སྡེ་བློན་པོ་མངའ་གསོལ་ལོ། །ཡང་འཁོར་དམག་ཚོགས་མངའ་གསོལ་ལོ། །གསོལ་ཞིང་མཆོད་པའི་ངོ་སོ་བསྐྱེད། །དགའ་དང་མགུ་བའི་མདངས་ཕྱུངས་ཤིག །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །རང་དམ་བཅས་པ་དྲན་གྱིས་ལ། །བསྟན་དང་བསྟན་འཛིན་ཕྲིན་ལས་སྒྲུབས། །བདག་དང་ཡོན་བདག་ཁ་འཛིན་མཛོད། །སྡང་བའི་དགྲ་ལ་དཔའ་རྟགས་ཕྱུངས། །གནོད་པའི་བགེགས་དཔུང་ཕྱིར་ལ་ཟློག །བྱད་ཕུར་རྦོད་གཏོང་རང་གཤེད་ཕོབས། །རྒྱལ་ཁམས་
(༡༨༥)བདེ་ཞིང་དགེ་བཅུར་སྤྱོད། །འབྲུ་ནོར་ལེགས་པའི་འབྱོར་པ་སྤེལ། །ཅི་བསམ་སྒྲུབ་ལ་རེ་བ་སྐོང་། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །ཅེས་གྱེར་ཞིང་གཏོར་མ་གསེར་སྐྱེམས་ནམ་མཁར་འཐོར། །བདེ་ཆེན་བརྟན་མའི་གསོལ་མཆོད་ནི། །ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བརླབ། ཀྱཻ། སྨན་བཙུན་བརྟན་མ་ཆེན་མོ་ནི། །སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱི། །མདའ་དར་བུམ་པ་རིན་ཆེན་འཛིན། །ན་བཟའ་དཀར་ཀླུ་བརྒྱན་གྱིས་སྤྲས། །སྨུག་ཆུང་ཡིད་འོང་མཆོག་ལ་ཆིབས། །འདིར་བྱོན་དམ་རྫས་མཆོད་གཏོར་བཞེས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །ཁྱད་པར་གནས་འདིའི་སྲུང་མར་ནི། །རྡོ་རྗེ་བཀའ་ཡི་དམ་བོར་བས། །དུས་ཀུན་སྲུང་སྐྱོབ་བགྱིད་པ་དང་། །འདིར་གནས་ཆོས་བྱེད་སྐྱེས་བུ་རྣམས། །མཐུན་རྐྱེན་སྒྲུབ་ཅིང་འགལ་རྐྱེན་སོལ། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །བརྟན་མ་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་སོགས་ཀྱིས་ཕྲིན་ལས་བཅོལ། །ཞེས་པའང་རྒྱལ་ཚབ་ལྔ་པས་མཛད་པའོ། །དེ་ལྟར་ཡུལ་གཞིའི་གནས་བདག་རྣམས། །བསང་མཆོད་བརྔན་པའི་ཡོན་ཏན་གྱིས། །སྙིགས་ལྔའི་རྒུད་པ་རིང་བཅིལ་ཏེ། །མཐུན་ཕྱོགས་ལྔ་རྣམས་ཆེར་རྒྱས་ཤོག །ཅེས་པའང་འོག་མིན་མཚུར་མདོའི་
(༡༨༦)ཆོས་གྲྭ་ཆེན་པོའི་རྒྱུན་བསང་ཕྱག་ལེན་དུ་བསྟར་བདེ་བའི་ཆེད། དྲང་སྲོང་ཆེན་པོ་རྡོ་རྗེ་དྲག་བཙན། ཕྱྭ་རྒྱལ་མཻ་ཏྲི། ལྡིང་བཙན་རྣམས་ཀྱི་མཆོད་ཕྲིན་གསར་དུ་སྤེལ་ནས། །ལྷ་མགྲོན་རྣམས་གོ་རིམ་བཞིན། ཕྱོགས་གཅིག་ཏུ་བསྡེབས་པ་པོ་ནི་བླངས་ཀྱི་བནྡེ་རང་བྱུང་རྡོ་རྗེའམ། །མིང་གཞན་མཁའ་ཁྱབ་རྡོ་རྗེས་སོ། །
(༡༨༧)ཨོཾ་སྭ་བྷ་ཝས་སྦྱངས་སྟོང་པའི་ངང་ལས་བསང་རྫས་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟད་མི་ཤེས་པའི་གཏེར་དུ་གྱུར། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ཀྱཻ། གནས་ཀྱི་མཆོག་གྱུར་རྩེ་མཐོ་པདྨ་རི། །ཕྱི་ལྟར་གྲུ་འཛིན་ཞིང་གི་བཀོད་པ་རྫོགས། །ནང་ན་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྲུབ། །དེ་ན་བཞུགས་པའི་སངས་རྒྱས་བྱང་སེམས་དང་། །ཁྱད་པར་རྗེ་བཙུན་སྒྲོལ་མ་སྤྲུལ་འཁོར་བཅས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསང་། །ཡུལ་སྐྱོང་དགེ་བསྙེན་པདྨ་མཆོག་རབ་རྩལ། །བཙུན་མོ་སྲས་དང་བློན་འཁོར་གྲངས་མེད་བསང་། །མདུན་འཁོད་དཔལ་གྱི་བཀའ་སྡོད་སེངྒེ་བྲག །གནས་པའི་རྩ་གསུམ་རྒྱལ་བ་རབ་འབྱམས་དང་། །ཁྱད་པར་གནས་བརྟན་ཆེན་པོ་འཁོར་བཅས་བསང་། །གནས་བདག་ཞོལ་རོལ་བོན་ཆུང་འཁོར་བཅས་དང་། །མ་གཟའ་དམ་ཅན་གནོད་སྦྱིན་ཁོལ་པོ་ཁ། །ཁྱད་པར་ལྷ་བཙན་རྡོ་རྗེ་ཐོག་རྒོད་བཅས། །ཕྱོགས་དེར་གནས་པའི་ལྷ་ཀླུ་གཞི་བདག་བསང་། །འདན་ལུང་ཉིན་སྲིབ་གནས་གཞི་གཏེར་གྱི་བདག །སྤྲུལ་པ་ཡང་སྤྲུལ་སྲས་བློན་བཙུན་མོ་བཅས། །འདིར་གཤེགས་
(༡༨༨)འདོད་ཡོན་ལྔ་ལྡན་བསང་མཆོད་བཞེས། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བའི། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཆེན་པོ། །རང་རང་ཡིད་ལ་གང་དགོས་འདོད་དགུའི་ཆར། །ཟག་མེད་བདེ་བས་ནམ་ཡང་ཚིམ་གྱུར་ཅིག །སྔོན་ཚེ་པདྨ་ཐོད་ཕྲེང་སྤྱན་སྔ་རུ། །ཁས་བླངས་བཞིན་དུ་སངས་རྒྱས་བསྟན་པ་བསྲུང་། །དཔལ་ལྡན་བླ་མའི་ཞབས་པད་བརྟན་པ་དང་། །ཆར་ཆུ་དུས་འབབས་ལོ་ཕྱུགས་རྟག་ཏུ་ལེགས། །རྒྱལ་ཁམས་མཐའ་དབུས་བདེ་བའི་ཕྲིན་ལས་མཛོད།། །།ཅེས་རྒྱལ་མཆོག་བཅུ་དྲུག་པ་རང་བྱུང་ཡེ་ཤེས་རིག་པའི་རྡོ་རྗེའི་ཤར་མར་གསུང་བ་ཇི་བཞིན་བཀོད་པའི་བྱིན་རླབས་ཅན་ནོ།། །།
(༡༨༩)ཨོཾ་སྭ་སྟི། འབྲས་ལྗོངས་སྦས་གནས་སྤྱི་དང་བྱེ་བྲག་འོག་མིན་ཀརྨའི་གདན་ས་ངེས་དོན་བཤད་སྒྲུབ་ཆོས་འཁོར་སྒང་གི་གནས་སྲུང་རྣམས་ཀྱི་བསང་མཆོད་བྱིན་རླབས་སྤྲིན་ཕུང་། བརྔན་གཏོར་རི་རབ་བང་རིམ་བཞི་པ་ཉི་ཟླས་མཚན་པའི་ཁ་ཁྱེར་གྱི་སྟེང་། མཛོད་ལྔ་ལ། དཀར་ཟླུམ་ལྔ། བང་རིམ་དང་པོ་བཙན་རྒོད་རྡོ་རྗེ་གྲགས་རྒྱལ། བདུད་བཙན་ར་ཐོད་ཅན། ལྷ་བཙན་དགེ་བསྙེན་རབ་འབར་བཅས་ལ་དམར་གཏོར་རྩེ་རྒྱན་གསུམ། བང་རིམ་གཉིས་པ་བདུད་རྒྱལ་ཐོག་རྒོད་ཁྲག་འཐུང་ལ། དམར་གཏོར་མེ་རིའི་རྒྱན་ཅན་བང་རིམ་གཞན་གཉིས་ལ་རྟ་ནོར་སོགས་གཟུགས་འགྲོས་སྣ་ཚོགས་པས་སྐོར། དར་སྣ་སྨན་སྣ་ཤིང་རྩི་སོགས་ཀྱིས་བརྒྱན། ཕྱེ་མར་གསེར་སྐྱེམས་ཀྱང་བཤམ་ལ། རང་ཡི་དམ་དུ་གསལ་བས། སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ། སྟོང་པའི་ངང་ལས་ཧཱུྃ་མཐིང་ག་ཡོངས་སུ་གྱུར་པ་ལས། རང་ཉིད་བླ་མ་ཡེ་ཤེས་མགོན་པོ་དབྱེར་མེད་ཀྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་དང་ཁྱད་པར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་གནས་ནས་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སྣང་སྲིད་ཟིལ་གནོན་གུ་རུ་པདྨ་ཐོད་ཕྲེང་རྩལ་དུ་གསལ་བའི་སྐུ་ཡི་གནས་ཐམས་ཅད་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་བྱུང་བ་བླ་མ་ཡེ་ཤེས་མགོན་པོའི་ཐུགས་ཀའི་ཧཱུྃ་ལ་
(༡༩༠)ཐ་མ་དེ་ལས་འོད་ཟེར་གྱི་ཚོགས་སྤྲོས་ཤིང་སྦས་པའི་གནས་འདིར་འཁོད་པའི་གཞི་བདག་གཉུག་གནས་གློ་བུར་དུ་ལྷགས་པ་རྣམས་དང་། ཁྱད་པར་འོག་མིན་ཕྲིན་ལས་ཀྱི་གནས་སུ་བྱིན་གྱིས་བརླབས་པའི་ཞིང་མཆོག་དཔལ་ཀརྨ་པའི་གདན་ས་བཤད་སྒྲུབ་ཆོས་འཁོར་སྒང་གི་ཡུལ་གནས་གཞི་བདག་གི་ཚོགས་རྣམས་མདུན་དུ་སྐད་ཅིག་གིས་ལྷགས་པར་གྱུར། ཧཱུྃ། ཡུལ་ཕྱོགས་པདྨ་འོད་ཀྱི་གཞལ་ཡས་སུ། །སྐུ་གསུམ་བདག་ཉིད་སྣང་སྲིད་ཟིལ་གནོན་རྩལ། །ཡེ་རྫོགས་ཀློང་ཡངས་གཞིར་བཞེངས་མཆོད་པའི་ཚོགས། །མཐའ་ཡས་སྤྲོས་མེད་བློ་འདས་ཡིད་ཀྱིས་སྤྲུལ། །ཟག་མེད་བདེ་བ་ཆེན་པོ་དགྱེས་དགུའི་སྤྲིན། །མཁའ་མཉམ་འགྲོ་ཀུན་སྒྲིབ་གཉིས་བསལ་བའི་ཕྱིར། །ཚོགས་གཉིས་དག་ཕྱིར་ཡིད་སྤྲུལ་མཆོད་པ་བཞེས། །གྲུབ་བརྒྱའི་མཆོག་གྱུར་བཞད་པ་རྡོ་རྗེའི་གནས། །རྫོང་དྲུག་ཚེ་རིང་མཆེད་ལྔ་རྒྱུ་བའི་ཞིང་། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉེར་གཅིག་སྒྲུབ་པའི་གནས་རྣམས་དང་། །རྒྱ་དང་ལི་ཡུལ་འཕགས་བོད་གཏེར་གནས་སྐྱོང་། །སྲིད་པ་ཆགས་པའི་གཞི་ཡི་བདག་པོ་དང་། །མཛོད་ལྔ་སྟག་རྩེ་ལ་སོགས་སྦས་གནས་འདིར། །དབུས་ཀྱི་བཀྲ་ཤིས་ལྡིང་དང་ཕུག་ཆེན་བཞི། །སྒོ་བཞི་
(༡༩༡)འཕྲང་བཞི་འགག་བཞིའི་གནས་སྲུང་དང་། །སྒྲུབ་སྡེ་བརྒྱད་ཀྱི་བླ་མཚོ་བརྒྱད་ལ་སོགས། །གངས་བྲག་རི་མཚོ་ནགས་ཀྱི་ཚལ་རྣམས་ལ། །འཁོད་པའི་གཞི་བདག་གཉུག་གནས་གློ་བུར་ཚོགས། གསང་མཆོད་དགྱེས་པར་བཞེས་ལ་འདོད་དོན་སྒྲུབས། །གནོད་འཚེ་གདུག་རྩུབ་ཞི་ཞིང་ཆོས་ལ་སྤྱོད། །ཆོས་རྒྱལ་སྡེ་འབངས་ཕུན་ཚོགས་འདོད་དགུར་བརྩོན། །ནད་མུག་འཁྲུག་རྩོད་རྩ་སད་སེར་གསུམ་སོགས། །རབ་ཏུ་ཞི་ནས་དཔལ་དང་ལྡན་པར་སྐྱོངས། ཧཱུྃ། འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས་ཀྱི་གནས། །འོག་མིན་ཕྲིན་ལས་གདན་ས་སྐྱོང་བའི་ལྷ། །བཙན་རྒོད་རྡོ་རྗེ་གྲགས་རྒྱལ་འཁོར་ཚོགས་དང་། །བདུད་བཙན་ར་མགོ་ར་ཐོད་ཅན་ཚོགས་བཅས། །མཁོ་དགུ་བཞེས་ལ་འདོད་དགུ་སྒྲུབས་པར་མཛོད། ལྷ་བཙན་དགེ་བསྙེན་རབ་འབར་འདིར་འབོད་བྱོན། །སྐུ་མདོག་པདྨ་ར་གའི་མདངས་མཚུངས་ཤིང་། །ལག་གཡས་དབྱུག་ཏོ་གཡོན་པས་འགྱིངས་རྔམ་གྱི། །གནས་འདིར་སྲུང་བའི་བྱ་ར་མ་གཡེལ་མཛོད། །ཁྱད་པར་དམ་ཚིག་བཤད་སྒྲུབ་ཆོས་འཁོར་སྐྱོངས། །མཁོ་དགུའི་འདོད་པའི་མཆོད་པ་འདི་བཞེས་ལ། །ཐ་ཚིག་གཉན་པོ་འདའ་མེད་བྱ་ར་མཛོད། །བདུད་རྒྱལ་ཐོག་
(༡༩༢)རྒོད་ཁྲག་འཐུང་རོལ་པ་གང་། །མདོག་སྨུག་རལ་སྣུམ་གདུག་པའི་གཟི་འབར་ཞིང་། །ལག་གཡས་རལ་གྲི་གཡོན་པས་སྦྲུལ་ཞགས་ཅན། །སྔོན་གྱི་བཀའ་བསྒོ་དམ་ཚིག་མ་གཡེལ་བར། །བཤད་སྒྲུབ་བརྒྱུད་འཛིན་བུ་སློབ་ཚོགས་སྐྱོངས་ནས། །ཁྱོད་ལ་འདོད་པའི་ཤ་ཁྲག་དམར་རྗེན་སོགས། །འདོད་ཡོན་ལྔ་ཡིས་ཚིམ་པར་བགྱིད་བྱེད་པས། །བདག་གིས་བཅོལ་བའི་ལས་ཀུན་དུས་དྲུག་ལ། །གཡེལ་བ་མེད་པར་ཁྱོད་ཀྱིས་སྡོང་གྲོགས་གྱིས། ཧཱུྃ། ཡུལ་འདིའི་གཞི་བདག་གཉུག་མར་གནས་པའི་ཚོགས། །བསང་ངོ་འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན། །ཤ་ཆང་འབྲུ་རིགས་གང་བཟང་རྟ་ནོར་དང་། །ཁང་ཁྱིམ་ལ་སོགས་ཟད་མེད་ཕུན་ཚོགས་གཏེར། །དགྱེས་པར་རོལ་ལ་རྒྱལ་བསྟན་འདི་ཉིད་ཀྱི། །བསྟན་འཛིན་སྐྱེས་ཆེན་མཛད་ཕྲིན་འཕེལ་བ་དང་། །དགེ་འདུན་ཐུགས་མཐུན་ཆོས་སྤྱོད་བཅུ་ལ་གཞོལ། །སྐྱེ་བོ་ཚོགས་རྣམས་འཕྲལ་ཡུན་འཇིགས་ལས་སྐྱོབས། །ཁྱེད་རྣམས་བཅོལ་བའི་ལས་འདི་མ་གཡེལ་བར། དུས་སུ་མཆོད་པའི་དགའ་སྟོན་ཅི་ཡང་སྦྱིན། །གལ་ཏེ་ཆོས་མཐུན་བྱ་བ་བཤོལ་གྱུར་ན། །བདག་ཉིད་ཁྲག་འཐུང་དྲག་པོའི་རོལ་པར་བཞེངས། །ཁམས་གསུམ་ཟིལ་གྱིས་གནོན་པའི་རང་རྟགས་
(༡༩༣)ཀྱིས། །ལུས་ངག་ཡིད་གསུམ་འདའ་དཀའི་རྒྱ་ཡིས་འདེབས། །དགེ་ལ་སྤྱོད་ཅིང་བྱམས་པའི་སེམས་ལྡན་ནས། །ཇི་ལྟར་བཅོལ་བའི་ཕྲིན་ལས་མ་གཡེལ་བར། །རང་གི་གནས་སམ་དམིགས་པའི་རྟེན་ལ་བཞུགས། །དུས་ཀྱི་མཆོད་སྦྱིན་རོལ་ཕྱིར་སླར་ཡང་བྱོན། །ཀུན་ཀྱང་དགེ་བཅུའི་ལས་ལམ་གོང་དུ་འཕེལ། །ཕུན་ཚོགས་ཤིས་པའི་མཚན་མ་འབར་གྱུར་ཅིག །ཅེས་པ་འདིའང་རུམ་བཏེག་དཔལ་ཀརྨ་པའི་ཆོས་སྒར་བཤད་སྒྲུབ་ཆོས་འཁོར་སྒང་དུ་གནས་ཆེན་བྱིན་འབེབས་དར་འབྲེལ་བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་གངས་ལྗོངས་ཡུལ་གནས་གཞི་བདག་རྣམས་གཅིག་ཏུ་གནས་འཆའ་བའི་རྟེན་བཀོལ་གསར་དུ་སྒྲུབས་སྐབས་སྔ་འགྱུར་བསྟན་པའི་གསལ་བྱེད་མཁྱེན་སྤྲུལ་རིན་པོ་ཆེ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ནས་གསུངས་བསྐུལ་གནང་བ་ལྟར། ཀརྨ་པ་རིག་པའི་རྡོ་རྗེས་ས་ཟླའི་ཡར་ཚེས་དགེ་བའི་ཉིན་སྦྱར་བའོ། །སླར་སྨྲས་པ། འདི་བཞིན་སྒྲུབ་པའི་གང་ཟག་ཅི་མཆིས་ཀུན། དར་ཆེན་བཙུག་དང་དར་མཐིང་སྒྲོན་པ་སོགས། རྟེན་གནས་འདིའི་མདུན་གསོལ་མཆོད་འདི་འབུལ་ཚེ། ཚེ་ཡི་འགལ་རྐྱེན་ཞི་དང་རླུ་རྟ་བསྐྱེད། ལེགས་པའི་དཔལ་ཀུན་ཡར་ཟླ་འཕེལ་བར་འགྱུར། རྒྱལ་འགོང་དམ་སྲིའི་གནོད་འཚེ་གདུག་པའི་ཚོགས། གློ་བུར་བ་དང་ཡིད་སེམས་འཁྲུགས་པ་སོགས། གདུག་རྩུབ་ཞི་ཞིང་བྱམས་པའི་སེམས་དང་ལྡན། གནོད་པའི་ཚོགས་རྣམས་འཇོམ་པར་གདོན་མི་ཟ། སརྦ་མངྒ་ལཾ། །
(༡༩༤)
(༡༩༥)མགོན་པོ་ལེགས་ལྡན་གྱི་དགྲ་ཆོས་དགྲ་བླ་བཅུ་གསུམ་གྱི་བསང་མཆོད་རྒྱས་བསྡུས་དང་འདོད་གསོལ་དགྲ་བླ་དཔང་བསྟོད་བཅས་ཕྱོགས་གཅིག་ཏུ་བཀོད་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཞེས་བྱ་བ་བཞུགས་སོ། །
(༡༩༦)། ཤྲཱི་མ་ཧཱ་ཀཱ་ལ་ཡེ། ཡང་དག་ཡེ་ཤེས་རྡོ་རྗེ་ཡིས། བདག་ལྟའི་དགྲ་བགེགས་བརླག་པའི་ཕྱིར། དཔལ་ཆེན་རོལ་པའི་ཕྲིན་ལས་གར། ལེགས་ལྡན་དགྲ་ལྷའི་མཆོད་ཕྲེང་བཤད། དེ་ལ་ལེགས་ལྡན་དགྲ་ལྷའི་ཚོགས་ཐམས་ཅད་མཆོད་པར་འདོད་ན། བསང་དཀར་བྱ་ལ་ལྷ་ཤིང་སྣ་དགུ་དང་། ཕྱེ་མར། སྤོས་དང་། ཤ་སྣ་ཚོགས་བསྲེག་གཏོར་མ་གཞན་ནས་འབྱུང་བ་ལྟར་རྒྱན་སྤྲས་བཤམས་ལ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ནི། ཕྱག་རྒྱ་དང་ཏིང་འཛིན་ཞལ་ལས་འབྱུང་བ་དང་ལྡན་པས། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷ་རྨཱསྭ་བྷཱ་ཝ་ཤུདྡྷོ་ཧཾ། ན་མསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱསརྦ་ཐཱ་ཁཾ་ཨུ་རྒ་ཏ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ན་མསརྦ་ཏ་ཐཱ་ག་ཏེ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ས་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲཱྀ་ད་ཡ་ཛྭ་ལ་ནི་ཧཱུཾ། ན་མས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་སྔགས་རྣམས་སོ་སོར་ལན་བདུན་ནམ་གསུམ་བརྗོད་པས་སྦྱངས་
(༡༩༧)ཤིང་སྤེལ་བ་སོགས་བྱ། དེ་ནས་དར་ཕྱར་དུང་འབུད་རྔ་བརྡུང་ཞིང་རོལ་མོ་དབྱངས་དང་བཅས་པས། བསོྭ། མགོན་པོ་ལེགས་ལྡན་དམག་ཚོགས་བསོྭ། །དེ་རིང་ལེགས་ལྡན་དམག་ཚོགས་རྣམས། །སྲུང་མ་གཉན་པོར་བསྐོ་པ་ལ། །སྔོན་ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ལྷ་མོ་བདེ་སྐྱིད་ལྡན་མ་ཡི། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས། །ལེགས་ལྡན་དམག་ཚོགས་མང་དུ་སྲིད། །ནོར་ལྷ་ཚོང་ལྷ་ཟས་ལྷ་དང་། །ཇག་ལྷ་མགྲོན་ལྷ་ལམ་ལྷ་དང་། །ལེགས་ལྡན་དགྲ་བླའི་དམག་ཚོགས་རྣམས། །བཙན་པའི་གོ་ཁྲབ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ལག་ན་ཐོགས། །མགྱོགས་པའི་རྟ་ཕོ་འོག་ཏུ་ཞོན། །དར་མདུང་ཕྱར་ཞིང་དུང་སྐད་སྒྲོགས། །ལྷ་དམག་མགོན་དམག་གཉན་དམག་གསུམ། །ལྷ་མགོན་དགྲ་བླ་དྲང་མཁན་དྲུག །ནོར་ལྷ་ཟས་ལྷ་གྲོགས་ལྷ་དགུ། །ཚོང་ལྷ་མགྲོན་ལྷ་ལམ་ལྷ་དང་། །སྲོག་ལྷ་དཀར་དང་བཅུ་གསུམ་སྟེ། །དེ་རིང་སྤྱན་འདྲེན་གནས་འདིར་བྱོན། །གནས་ལང་འདི་ལ་བྱིན་ཅིག་ཕོབ། །
(༡༩༨)མཆོད་རྫས་འདི་རྣམས་བཞེས་སུ་གསོལ། །ཟས་ནོར་འདི་ལ་གཡང་ཞིག་ཕོབ། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཟས་ནོར་འཕེལ་བའི་དགྲ་ལྷ་མཛོད། །མི་ནོར་ཟས་གསུམ་འཕེལ་བར་མཛོད། །དགྲ་འདྲེ་གདོན་གསུམ་མེད་པར་མཛོད། །རྨོངས་སྡུག་དབུས་གསུམ་ཞི་བར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། ནོར་ལྷ་མགོན་པོའི་དམག་ཚོགས་རྣམས། །མཆོད་པའི་གནས་འདིར་ཚུར་བྱོན་ལ། །ཟ་ཁ་ཕྱེས་ལ་འཐུང་ཁ་ཕྱེས། །གྲོགས་ཁ་ཕྱེས་ལ་ནོར་ཁ་ཕྱེས། །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །བདག་དང་ཡོན་བདག་དོན་རྣམས་སྒྲུབས། །ཐེའུ་རང་རྐྱལ་ཁ་མ་བྱེད་ཅིག། བྱུར་འདྲེ་དབུལ་འདྲེ་དགྲ་ལ་བཟོར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། །སྐྱེས་བུ་ཕྲག་ལྷ་བྱ་བ་ནི། །མི་དཀར་དུང་གི་གོ་མཚོན་ཅན། །ཕྱག་ན་རྒྱལ་མཚན་མདུང་དར་སྣམས། །བྱ་རྒྱལ་ཁྱུང་ཆེན་རྟ་ལ་ཞོན། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། སྐྱེས་པ་ཕོ་ཡི་སྲོག་རྫི་མཛོད། །ན་ཆུང་སྨན་གྱི་རྩ་དཀར་ཁྲོལ། །མཐོ་བའི་རྩེ་ནས་བྱ་ར་མཛོད། །དམའ་བའི་ཐང་ནས་མེལ་ཚེ་མཛོད། །བཅོལ་བའི་འཕྲིན་ལས་འགྲུབ་
(༡༩༩)པར་མཛོད། །བསོྭ། དགྲ་བླ་མ་ལྷ་བུ་རྫི་ནི། །བུད་མེད་ལུས་ལ་གསེར་མདོག་ཅན། །དར་དཀར་ན་བཟའ་ལུས་ལ་མནབས། །ཕྱག་ན་དྲུ་གུ་འཕང་ལོ་བསྣམས། །མཆོད་པའི་གནས་འདིར་སྤྱན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །བུད་མེད་རྣམས་ཀྱི་མ་ལྷ་མཛོད། །བུ་ཆུང་སྐྱེས་པའི་རྫིའུ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། །དགྲ་བླ་ཐབ་ལྷ་ཡུ་མོ་ནི། །བུད་མེད་ལུས་ལ་གཡུ་ཆས་ཅན། །དར་དཀར་ན་བཟའ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་གཟར་བུ་བསྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཐབ་ཀ་སྒྱེད་གསུམ་རྩེ་མོ་ནས། །མར་ཁུའི་མཚོ་མོ་འཁྱིལ་པའི་དགྲ་བླ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། །དགྲ་བླ་ཁྱིམ་ལྷ་གེའུ་ཐུང་ནི། །སྐུ་མདོག་སྔོན་པོ་གཡུ་ཡི་རྒྱན་ཆ་ཅན། །ཕྱག་ན་དུང་གི་ཀ་བ་བསྣམས། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །གནས་ཁང་འདི་ལ་སྲུང་སྐྱོབ་མཛོད། །
(༢༠༠)ཀ་བ་མ་འགྱེལ་ཁང་པ་མ་བསྲེག་ཅིག །དགྲ་འདྲེ་གདོན་གསུམ་རྡུལ་དུ་རློག །ཆུ་ཆེན་རབ་སོ་འབོགས་དུས་སུ། །རྐང་གཉིས་ཤུགས་བསྐྱེད་བརྟན་པར་མཛོད། །བྲག་ལམ་ངོས་བཞི་བགྲོད་པའི་ཚེ། །བརྟེན་ས་འཇུ་ས་མ་ཞིག་ལ། །མི་རྟ་ཕྱམ་ལ་མ་བསྐུར་ཅིག །དགྲ་ཟུན་ས་བར་འགྲོ་དུས་སུ། །དགྲ་རྐུན་ཇག་གསུམ་མེད་པར་མཛོད། །ཕར་འགྲོ་བྱེས་ལམ་སྙེགས་པའི་ཚེ། །ཞག་ཡུལ་བདེ་བར་ཕྱིན་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། །དགྲ་བླ་རྒྱལ་ཆེན་རྣམ་ཐོས་སྲས། །སྐུ་མདོག་གསེར་གྱི་མདོག་ཅན་ལ། །རིན་ཆེན་སྣ་ཚོགས་རྒྱན་ཆ་ཅན། །དབུ་ལ་དར་གྱི་ཅོད་པན་གསོལ། །ཕྱག་གཡས་རིན་ཆེན་དབྱུག་ཏོ་འཛིན། །ཕྱག་གཡོན་ནེའུ་ལེའི་རྐྱལ་པ་ཐོགས། །དབུ་ལ་ནོར་བུ་རིན་ཆེན་འབར། །སེང་གེ་དཀར་མོའི་རྟ་ལ་ཆིབས། །ནོར་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། མི་ནོར་ཚེ་གསུམ་འཕེལ་བར་མཛོད། །ཁ་རྗེ་བསོད་ནམས་ནོར་ལྷ་མཛོད། །ཟས་ལྷ་བཏུང་ལྷ་གྲོགས་ལྷ་མཛོད། །བཅོལ་བའི་
(༢༠༡)ཕྲིན་ལས་འགྲུབ་པར་མཛོད། །བསོྭ། ནོར་ལྷ་ཨཱརྱ་ཛམྦྷ་ལ། །སྐུ་མདོག་གསེར་གྱི་སྙིང་པོ་ལ། །རིན་ཆེན་སྣ་ཚོགས་སྐུ་ལ་བརྒྱན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཕྱག་གཡས་སྙེ་མ་འབྲས་བུ་འཛིན། །ཕྱག་གཡོན་ནེའུ་ལེའི་རྐྱལ་པ་ཐོགས། །གསེར་གྱི་བུམ་པའི་ཁྲི་ལ་བཞུགས། །ནོར་ལྷ་སྟོང་དང་ཁྲི་ཡིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །བང་མཛོད་ནོར་གྱི་གང་བར་མཛོད། །འཇིག་རྟེན་ཟས་ནོར་དབང་དུ་བསྡུས། །བསོད་ནམས་གདུལ་བྱའི་སྟོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། ཚོང་ལྷ་ཚོགས་བདག་གླང་སྣ་ནི། །སྐུ་མདོག་དཀར་པོ་དུང་གི་མདོག །དར་སྣ་རིན་ཆེན་སྐུ་ལ་གསོལ། །གླང་པོའི་མགོ་ལ་སྤྱན་གསུམ་པ། །ཕྱག་གཡས་ནོར་བུའི་དབྱུག་ཏོ་ཐོགས། །གཡོན་པས་ནེའུ་ལེའི་རྐྱལ་པ་འཛིན། །གསེར་གྱི་འཁོར་ལོའི་ཁྲི་ལ་བཞུགས། །ལྷ་དམག་བརྒྱ་དང་སྟོང་གིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་
(༢༠༢)རྒྱུ་སྦྱོར་ཡོན་བདག་གི། ཚོང་པ་རྣམས་ཀྱི་བསམ་པ་འཕོག །ཚོང་པའི་ཟས་ནོར་བདག་ལ་སྤྲོད། །ནོར་གྱི་སྙིང་པོ་ཐོབ་པར་གྱིས། །ཟས་ནོར་རྙེད་པའི་ཚོང་ལྷ་མཛོད། །ཚོང་དུས་རུ་བཞི་འགྲིམས་པའི་ཚེ། །སྤྲོད་ཁ་ཡག་པའི་དགྲ་བླ་མཛོད། །ཚོང་ལྷ་ནོར་ལྷ་གྲོགས་ལྷ་རྣམས། །ཁེ་བསྐྱེད་ཡག་པའི་དགྲ་བླ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། མགོན་པོ་མགྲོན་ལྷ་དཀར་པོ་ནི། །སྐུ་མདོག་དཀར་པོ་ཤེལ་འོད་འབར། །སྤྱན་གསུམ་དབུ་ལ་དུང་རྨོག་གསོལ། །གསེར་གྱི་གོ་ཁྲབ་སྐུ་ལ་མནབས། །ཕྱག་གཡས་དར་མདུང་དཀར་པོ་འཛིན། །ཕྱག་གཡོན་ནོར་གྱི་རྐྱལ་པ་ཐོགས། །ཆིབས་སུ་དུང་རྟ་དཀར་པོ་ཆིབས། །མགྲོན་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཕྱོགས་བཞི་འཚམས་བརྒྱད་གར་འགྲོ་ཡང་། །མཐོ་བའི་རྩེ་ནས་བྱ་ར་མཛོད། །དམའ་བའི་ཐང་ནས་མེ་ལ་ཚེ་མཛོད། །དགྲ་རྐུན་ཇག་གསུམ་ཕྱིར་ལ་ཟློག །སྐྱེས་བུ་མགྲོན་ལྷ་དཀར་པོ་ཡིས། །མགྲོན་ཁ་ཡག་པའི་དགྲ་བླ་མཛོད། །བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད། །བཅོལ་
(༢༠༣)བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། མགོན་པོ་འཐབ་སྐྱེན་སྣ་ནག་ནི། །སྐྱེས་མཆོག་མི་ཡི་ལུས་པོ་ལ། །དཔའ་རྔམ་སེང་གེའི་མགོ་བོ་ཅན། །གཡུ་འབྲུག་སྔོན་པོའི་རྒྱན་ཆ་ཅན། །དབུ་ལ་བྱ་རྒྱལ་ཐོར་ཚུགས་ཅན། །དགྲ་སྟྭ་ངར་མའི་དབུ་རྒྱན་ཅན། །རལ་པ་ཁམ་སེར་མེ་དཔུང་འབར། །རལ་པའི་ནང་ནས་ཚྭ་ཚྭ་འཕྲོ། །ཚྭ་ཚྭའི་ཐོག་མདའ་དགྲ་ལ་རྒྱོབ། །སྤྱན་མིག་ཉི་ཟླ་ཤར་བ་འདྲ། །བདག་ཅག་རྣམས་ལ་བྱ་ར་མཛོད། །ཤངས་ནས་ན་བུན་རླུང་ལྟར་འཚུབས། །དགྲ་བགེགས་མ་ལུས་གཏོར་བར་མཛོད། །གློག་དམར་འགྱུ་བའི་ལྗགས་ཀྱང་འཁྱུག །ཐོག་རྒོད་འབར་བའི་མཆེ་བ་ཅན། །ལག་པ་ཆུ་སྲིན་སྡེར་མོ་ཅན། །དགྲ་བཟུང་སྡིག་པ་ནག་པོ་འདྲ། །བ་སྤུ་ཐོག་གི་ཚྭ་ཚྭ་འཕྲོ། །རལ་གྲི་ངར་མའི་རྐང་པ་ཅན། །ཆུ་སྲིན་རྔམས་པའི་པུས་མོ་ཅན། །ཤ་ཟུང་ངར་མའི་སྡེར་མོ་ཅན། །ཆུ་གྲི་ངར་མའི་གཤོག་པ་ཅན། །རྐེད་པ་རླུང་གི་འཁོར་ལོ་ཅན། །རེ་འབྱམས་རྒྱུག་པའི་རྔམས་སྟབས་ཅན། །སྟག་གི་པགས་པའི་ཤམ་ཐབ་ཅན། །རིན་ཆེན་སྣ་ཚོགས་རྒྱན་ཆ་ཅན། །བསེྭ་ཁྲབ་འབར་བ་སྐུ་ལ་མནབས། །ཕྱག་གཡས་གནམ་ལྕགས་རལ་གྲི་
(༢༠༤)ཕྱར། །ཕྱག་གཡོན་དགྲ་བླའི་རུ་མཚོན་འཛིན། །ཆིབས་སུ་སྟག་མོ་གྲུས་མ་བཅིབས། །རྩལ་དྲག་བྱ་རྒྱལ་ཁྱུང་ཆེན་འདྲ། །དཔའ་གཏུམ་སེང་གེ་རྔམ་པ་འདྲ། །ངར་སྐད་ཐོག་འབྲུག་ལྡིར་བ་འདྲ། །འཇིགས་སྒྲ་མེ་དཔུང་འབར་བ་འདྲ། །ཐོག་རྒོད་གློག་དམར་འགྱུ་བ་འདྲ། །རྐང་ལག་ཐོག་སེར་འཚུབས་པ་འདྲ། །ལྷ་དམག་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། མི་ནོར་འདི་ལ་ཚེ་གཡང་ཕོབས། །དམག་མི་རྣམས་ཀྱི་ཚེ་སྲོག་སྐྱོབས། །གོ་ཁྲབ་མཚོན་གྱི་བཀྲག་མདངས་ཕྱུངས། །དགྲ་བོའི་གོ་མཚོན་ཐོབ་པར་མཛོད། །དམག་དཔུང་ཕར་ལ་ཆས་པའི་ཚེ། །བུ་རྟ་གོ་མཚོན་སྲུང་བར་མཛོད། །དགྲ་བོའི་དམག་དཔུང་བཤིག་པའི་དགྲ་བླ་མཛོད། །དགྲ་བོའི་གོ་ཁྲབ་ཐོབ་པའི་དགྲ་བླ་མཛོད། །དགྲ་བོའི་ངར་འཕྲུ་ཐོབ་པའི་དགྲ་བླ་མཛོད། །དགྲ་བོའི་ཡུལ་མཁར་བཤིག་པའི་དགྲ་བླ་མཛོད། །དགྲ་བོའི་ནོར་ཕྱུགས་ཐོབ་པའི་དགྲ་བླ་མཛོད། །དགྲ་བོའི་ཚེ་སྲོག་གཅོད་པའི་དགྲ་བླ་མཛོད། །དགྲ་བོའི་འདུན་འགྲོས་བཤིག་པའི་དགྲ་བླ་མཛོད། །དགྲ་བོའི་གཡུལ་
(༢༠༥)སོ་ཐོབ་པའི་དགྲ་བླ་མཛོད། །དགྲ་བོ་ཕོ་རྣམས་སྦུབ་སྟེ་སོད། །དགྲ་བོ་མོ་རྣམས་བཀན་ཏེ་སོད། །དགྲ་བོའི་བུ་ཚ་དམྱལ་ཐག་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། །མགོན་པོ་ཇག་ལྷ་བྱ་བ་སྟེ། །དགྲ་བླ་དར་མ་སྐྱེས་གཅིག་ནི། །སྐུ་མདོག་དཀར་པོ་དུང་འོད་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །དུང་རྨོག་དཀར་པོ་དབུ་ལ་གསོལ། །བསེྭ་ཁྲབ་འབར་བསྐུ་ལ་མནབས། །རྫུ་འཕྲུལ་མདའ་གཞུ་སྐེད་ལ་བསྐོར། །ཕྱག་གཡས་ཡ་ཚ་དཀར་པོ་ཕྱར། །གཡོན་པས་མདུང་དར་དམར་པོ་འཛིན། །ཆིབས་སུ་དུང་རྟ་དཀར་པོ་ཆིབས། །ཇག་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཇག་སྣ་དགྲ་ལ་བསྟན་པའི་ཆེ། །དགྲ་བའི་མི་རྟ་གྲུམ་ཆིངས་གྱིས། །རང་གི་མི་རྟའི་ཁ་འཛིན་མཛོད། །དགྲ་བསད་ཤ་ལོན་དགྲ་བླ་མཛོད། །མི་བསད་ནོར་ཐོབ་དགྲ་བླ་མཛོད། །དགྲ་བོའི་ནང་འཁྲུགས་བྱེད་པའི་དགྲ་བླ་མཛོད། །དགྲ་བོའི་སྐྱེས་པ་བྲང་བརྡུང་བྱེད་པའི་དགྲ་བླ་མཛོད། །དགྲ་བོའི་བུད་མེད་དུ་འབོད་བྱེད་པའི་དགྲ་
(༢༠༦)བླ་མཛོད། །དགྲ་བོའི་ར་མདའ་གཡུལ་ཉེས་ཕམ་པའི་དགྲ་བླ་མཛོད། །རང་གི་ཇག་པ་བྲོས་ན་ཐར་བའི་དགྲ་བླ་མཛོད། །རང་གི་བུ་རྟ་དཔའ་བའི་དགྲ་བླ་མཛོད། །རྒྱལ་ཁ་ཐོབ་པའི་དགྲ་བླ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། དགྲ་བླ་ལྷ་མགོན་དམར་པོ་ནི། །ཟངས་མི་ལྕགས་ཀྱི་གོ་མཚོན་ཅན། །རྫུ་འཕྲུལ་མདའ་གཞུ་ལག་ན་ཐོགས། །ངང་པ་རྡོག་སེར་རྟ་ལ་ཆིབས། །ཕོ་ཉ་མགྱོགས་བྱེད་སྡུན་ན་རྒྱུག །ལྷ་དམག་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྡང་བའི་དགྲ་ལ་ཆས་ཙམ་ན། །དགྲ་བོ་ཐུལ་བའི་དགྲ་བླ་མཛོད། །དགྲ་ཕམ་བདག་རྒྱལ་དགྲ་བླ་མཛོད། །དགྲ་མཁར་བཤིག་པའི་དགྲ་བླ་མཛོད། །དགྲ་ནོར་ཐོབ་པའི་དགྲ་བླ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། མགོན་པོ་ཟས་ལྷ་དམར་པོ་ནི། །སྐུ་མདོག་ཟངས་ཀྱི་འོད་དང་ལྡན། །རིན་ཆེན་གསེར་གྱི་གོ་མཚོན་ཅན། །ཕྱག་ན་གསེར་གྱི་ནོར་བུ་བསྣམས། །ཆིབས་སུ་དུང་རྟ་དཀར་པོ་ཆིབས། །རྫུ་འཕྲུལ་མདའ་གཞུ་སྐེད་ལ་ཐོགས། །
(༢༠༧)ཟས་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམས་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །ཕྱོགས་བཅུ་གང་དུ་འགྲོ་བའི་སར། །ཟ་ཁ་དང་ནི་འཐུང་ཁ་ཕྱེས། །ནོར་ཁ་གྲོགས་ཁ་གར་ཚོལ་ཡང་། །ཁ་ནི་ཟས་འདོད་ཟས་དང་སྤྲོད། །ལག་པ་ནོར་འདོད་ནོར་དང་སྤྲོད། །ཟས་སྣ་འདུ་བའི་དགྲ་བླ་མཛོད། །བཏུང་སྣ་འདུ་བའི་དགྲ་བླ་མཛོད། །ཕུན་ཚོགས་བཟའ་བཏུང་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། མགོན་པོ་སྲོག་ལྷ་དཀར་པོ་ནི། །དུང་མི་ཤེལ་གྱི་གོ་མཚོན་ཅན། །ཕྱག་ན་ཤེལ་གྱི་ཚེ་བུམ་བསྣམས། །ཆིབས་སུ་ངང་པ་གསེར་མདོག་ཆིབས། །སྲོག་ལྷ་ཁྲི་དང་འབུམ་གྱིས་བསྐོར། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །བཤམ་པའི་མཆོད་པ་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། །འབྱུང་བཞི་མི་འཁྲུགས་པ་ཡི་དགྲ་བླ་མཛོད། །ནད་རིགས་སུམ་བརྒྱ་དྲུག་ཅུས་མི་ཚུགས་པ་ཡི་དགྲ་བླ་མཛོད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་མི་ཚུགས་པ་ཡི་དགྲ་བླ་མཛོད། །གློ་བུར་ཉི་ཁྲི་ཚིག་སྟོང་ཞི་བའི་དགྲ་བླ་མཛོད། །ཡེ་
(༢༠༨)འགྲོགས་བདུན་བརྒྱ་ཉི་ཤུ་ཞི་བའི་དགྲ་བླ་མཛོད། །ནད་པ་ཡོ་ནས་སློང་བའི་དགྲ་བླ་མཛོད། །སྲིའུ་ཚང་ནས་སྐྱེད་པའི་དགྲ་བླ་མཛོད། །ཆེ་སྲིང་སྲོག་སྐྱོབ་སྟོང་གྲོགས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བསོྭ། མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བཀའ་ཡི་གཏོར་མ་རྒྱན་དང་བཅས། །མཐུན་པའི་དམ་རྫས་སྣ་ཚོགས་འབུལ། །གནོད་བྱེད་འབྱུང་པོ་རྡུལ་དུ་རློག །རྩ་ནག་རྨོངས་འདྲེའི་ཁོ་ཐག་ཆོད། །ཆུང་སྲི་བྱུར་ངན་ཁ་སྦུབ་ཆུག །རེམས་ཤིག་སྲུང་མ་མཐུ་རྩལ་ཅན། །སྲེའུ་ཀག་ལས་ཐར་བར་མཛོད། །སྲུང་མ་ལྷ་ལྔའི་སྐྱབས་ལ་ཚུད། །སྲོག་སྐྱོབ་ཚེ་ཡི་མགོན་དང་སྤྲོད། །མི་འཆི་ཚེ་ཡི་རྫིའུ་མཛོད། །གྲི་ཁ་མཚོན་ལས་ཐར་བར་མཛོད། །ནད་རིགས་རྐྱེན་ལས་ཐར་བར་མཛོད། །བྱད་ཟོར་གཏད་ལས་ཐར་བར་མཛོད། །བདུད་ཀྱི་རྩིས་ལས་ཐར་བར་མཛོད། །གཤིན་རྗེའི་ཁྲམ་ལས་ཐར་བར་མཛོད། །ལྷ་ཡི་ཆད་ལས་ཐར་བར་མཛོད། །ཀླུ་ཡི་གདོན་ལས་ཐར་བར་མཛོད། །བཟའ་ཡི་གཟེར་ལས་ཐར་བར་མཛོད། །མ་མོའི་ཁྲག་ལས་ཐར་བར་མཛོད། །བཙན་གྱི་མདའ་ལས་ཐར་བར་མཛོད། །གནོད་སྦྱིན་ཐུན་ལས་ཐར་བར་མཛོད། །བར་ཆད་རྐྱེན་ལས་ཐར་བར་
(༢༠༩)མཛོད། །དགྲ་དང་བགེགས་ལས་ཐར་བར་མཛོད། །མི་མཐུན་ཕྱོགས་ལས་ཐར་བར་མཛོད། །མི་དང་ནོར་གྱི་རྫིའུ་མཛོད། །མ་གཡེལ་ལྷ་དང་སྲུང་མ་རྣམས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་འདི་ནི་དམག་ལ་འགྲོ་བའམ། །ཚོང་ལ་འགྲོ་བའམ། རྐུན་མར་ནོར་ཤར་བའམ། ནད་པ་གསོ་བའམ། སྲིའུ་གསོ་བའམ། མོ་རྩིས་འཁྲུགས་པའམ། །མགྲོན་ལ་འགྲོ་བ་སོགས་ཐམས་ཅད་ལ་འདི་ལྟར་བྱས་ན་ཕྲིན་ལས་འགྲུབ་པར་འགྱུར་རོ། །ཚིག་ཉུང་དོན་འདུས་པའི་དགྲ་ཆོས་འདི་བདག་བཻ་རོ་ཙ་ནས་ལེགས་ལྡན་འབུམ་གྱི་ཏི་ཀ་ནས་བཏུས་ཏེ་གསུམ་དུ་ཕྱེས་ནས་གཅིག་བཙན་རྒོད་ཀྱི་གནས་སུ་སྦས། གཅིག་རྒྱལ་མོ་དམུ་རྡོ་ལྷ་གཉན་གྱི་ཐུགས་ཀར་སྦས། གཅིག་མགོན་པོ་ལེགས་ལྡན་གྱི་ལག་ཏུ་གཏད་ནས་སྦས་སོ། །ཤིན་ཏུ་ཟབ་བོ།། ༈ །།ལེགས་ལྡན་དགྲ་བླའི་བསང་མཆོད་བསྡུས་པ་ནི། དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དགྲ་བླའི་དམག་ཚོགས་འགྲན་ཟླ་ཀུན་བྲལ་ཞིང་། །བསྟན་འཛིན་སྲུང་ཞིང་མི་བསྲུན་འདུལ་བའི་ཕྱིར། །ཐུགས་རྗེའི་དབང་གིས་བསྟན་བསྲུང་སྐུར་སྤྲུལ་པའི། །དགྲ་བླ་འཁོར་དང་བཅས་ལ་གུས་པས་འདུད། །འདིར་དཔལ་ལྡན་མགོན་པོ་དགྲ་བླ་བཅུ་གསུམ་གྱི་ཐུགས་དམ་བསྐུལ་བའི་བསང་མཆོད་འབུལ་བ་ནི། དམར་གཏོར་
(༢༡༠)ཟུར་གསུམ་རྩེ་མོ་བཅུ་གསུམ་ཡོད་པ། རྒྱལ་སྲིད་བདུན་དང་། རྫས་རྟགས་བརྒྱད། གོ་མཚན། གཡག་ལུག་ར་གསུམ་གྱིས་བསྐོར། དར་ཚོན་སྟག་རས་གཟིག་རས་ཀྱིས་བརྒྱན་པར་བྱའོ། །བསོྭ། །མགོན་པོ་ལེགས་ལྡན་དམག་ཚོགས་བསོྭ། །དེ་རིང་དགྲ་བླའི་དམག་ཚོགས་བསོྭ། །དེ་རིང་སྲུང་མའི་དམག་ཚོགས་བསོྭ། །དེ་རིང་ལམ་ལྷའི་དམག་ཚོགས་བསོྭ། །དགྲ་བླ་མགོན་པོའི་དམག་ཚོགས་རྣམས། །བཙན་པའི་གོ་ཁྲབ་ལུས་ལ་གྱོན། །རྣོ་བའི་མཚོན་ཆ་ཕྱག་ན་བསྣམས། །མགྱོགས་པའི་རྟ་ཕོ་རྟ་རུ་ཞོན། །དར་མདུང་ཕྱར་ལ་དུང་སྐད་སྒྲོག །ལྷ་དམག་མགོན་དམག་གཉན་དམག་གསུམ། །ལྷ་མགོན་དགྲ་ལྷ་དྲང་མཁན་དྲུག །ནོར་ལྷ་ཟས་ལྷ་གྲོགས་ལྷ་དགུ། །ཚོང་ལྷ་མགྲོན་ལྷ་ལམ་ལྷ་དང་། །སྲོག་ལྷ་དཀར་དང་བཅུ་གསུམ་པོ། །མཐུན་པའི་རྫས་ལ་སྤྱན་འདྲེན་གྱི། །དེ་རིང་སྤྱན་འདྲེན་འདི་རུ་བྱོན། །གནས་ཁང་འདི་ལ་བྱིན་གྱིས་རློབས། །མཆོད་རྫས་འདི་རྣམས་བཞེས་སུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི། ཟ་ཁ་ཕྱེས་ལ་འཐུང་ཁ་ཕྱེས། །གྲོགས་ཁ་ཕྱེས་ལ་ནོར་ཁ་ཕྱེས། །ཅི་བསམ་དོན་རྣམས་བདག་ལ་བྱིན། །བདག་དང་ཡོན་བདག་དོན་རྣམས་སྒྲུབས། །
(༢༡༡)ཐེའུ་རང་ཀྱལ་ཀ་མ་བྱེད་ཅིག །དགྲ་བླའི་དམག་ཚོགས་ཁྱེད་རྣམས་ལ། །ཡིད་དང་མཐུན་པའི་དམ་རྫས་འབུལ། །འབྱོར་པ་བསང་གི་མཆོད་རྫས་ནི། །འཆི་མེད་བདུད་རྩི་ཤིང་གསུམ་དང་། །དཀར་གསུམ་མངར་གསུམ་གཏོར་མ་དང་། །འབྲས་ཀྱི་གཡག་ལུག་ར་གསུམ་དང་། །སྟག་རས་གཟིག་རས་དར་སྣ་དང་། །འབྲང་རྒྱས་ཞལ་དཀར་ཕྱེ་མར་དང་། །ཞལ་ཟས་འདོད་རྒུ་སྣ་ཚོགས་དང་། །དྲི་ཞིམ་སྤོས་ཀྱི་དུད་པ་ཡིས། །བསང་ངོ་དགྲ་བླའི་དམག་ཚོགས་བསང་། །མགོན་པོ་ཚོགས་བདག་ཡབ་ཡུམ་བསང་། །མགོན་པོ་ལེགས་ལྡན་དམག་ཚོགས་བསང་། །སྐྱེས་བུ་ཕྲག་ལྷ་བྱ་བ་བསང་། །དགྲ་བླ་མ་ལྷ་བུ་རྫི་བསང་། །དགྲ་བླ་ཐབ་ལྷ་ཡུ་མོ་བསང་། །དགྲ་བླ་ཁྱིམ་ལྷ་གེའུ་ཐུང་བསང་། །དགྲ་བླ་རྒྱལ་ཆེན་རྣམ་སྲས་བསང་། །ནོར་ལྷ་ཨཱརྻ་ཛམ་ལྷ་བསང་། །མགོན་པོ་ཚོགས་བདག་གླང་སྣ་བསང་། །མགོན་པོ་མགྲོན་ལྷ་དཀར་པོ་བསང་། །མགོན་པོ་འཐབ་སྐྱེན་སྣ་ནག་བསང་། །མགོན་པོ་ཇག་ལྷ་བྱ་བ་བསང་། །མགོན་པོ་ལྷ་མགོན་དམར་པོ་བསང་། །མགོན་པོ་ཟས་ལྷ་དམར་པོ་བསང་། །མགོན་པོ་སྲོག་ལྷ་དཀར་པོ་བསང་། །རེམས་
(༢༡༢)ཤིག་སྲུང་མ་མཐུ་རྩལ་ཅན། །བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །དུས་ལ་བབ་པོ་ས་མ་ཡ། །འབོད་པའི་དུས་སུ་སྙན་མ་སྲ། །བརྟེན་པའི་དུས་སུ་རྒྱན་མ་རིང་། །སྒྲུབ་པའི་དུས་སུ་མཐུ་མ་ཆུང་། །བསྒྲལ་བའི་ལས་ལ་རྩལ་མ་ཞན། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་དམ་བཅས་བཞིན། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་བསྟོད། །བླ་མའི་སྐུ་ཚེ་ཁྱེད་ཀྱིས་སྲིངས། །རྣལ་འབྱོར་སྐུ་དགྲ་ཆམ་ལ་ཕོབས། །མི་མཐུན་གནོད་པའི་རྐྱེན་རྣམས་ཟློག །མཐུན་པའི་དངོས་གྲུབ་མ་ལུས་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རིག་འཛིན་ཀློང་གསལ་སྙིང་པོས་ཀཐོག་རྡོ་རྗེ་གདན་དུ་སྦྱར་བས་བསྟན་དགྲ་བརླག་པར་གྱུར་ཅིག །འདོད་དོན་གསོལ་ཞིང་ཕྲིན་ལས་བཅོལ་བ་ནི། གཏོར་མ་ཁ་གསོས་ལ་བདུད་རྩི་བྲན་ཏེ། །ཨོཾ་ཨཱཧཱུྃ། མཆོད་སྦྱིན་གྱི་གཏོར་མ་དང་གསེར་སྐྱེམས་རྒྱ་ཆེན་པོ་འདི། །མཆོད་ཅིང་འབུལ་བའི་གནས་ནི། དཔལ་མགོན་པོ་ཤྲཱི་མ་ཧཱ་ཀཱ་ལ། བདུད་འདུལ་ལས་ཀྱི་དབང་ཕྱུག །རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཡོངས་ཀྱི་དགྲ་བླ། དབུས་ཀྱི་དེ་ཝ་མགོན་པོ། ཕྱི་ནང་གཉིས་ཀྱི་
(༢༡༣)ཚོགས་བདག །ཡུམ་ཡཀྴ་བཻ་ཏཱ་ལི། སྐུ་གསུང་ཐུགས་ཀྱི་མགོན་པོ། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ། གཞན་ཡང་ལེགས་ལྡན་མགོན་པོའི་དམག་ཚོགས། ཕྲག་ལྷ་དང་། མ་ལྷ་བུ་རྫི། ཐབ་ལྷ་ཡུ་མོ། ཁྱིམ་ལྷ་རྐེའུ་ཐུང་། རྒྱལ་ཆེན་རྣམ་སྲས། ནོར་ལྷ་ཨཱརྻ་ཛམྦྷ་ལ། ཚོང་ལྷ་ཚོགས་བདག་གླང་སྣ། མགྲོན་ལྷ་དཀར་པོ། འཐབ་སྐྱེན་སྣ་ནག །ཇག་ལྷ་དར་མ་སྐྱེས་གཅིག །དགྲ་བླ་ལྷ་མགོན་དམར་པོ། མགོན་པོ་ཟས་ལྷ་དམར་པོ། སྲོག་ལྷ་དཀར་པོ་ལ་སོགས་པ་ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ། མཆོད་ཅིང་བསྟེན་པ། བསྒྲུབས་ཤིང་གཡབས་པོ། མ་བསྒྲུབས་རང་ལ་འཁོར་བའི་སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ལ། ཕྱི་ནང་གསང་གསུམ་གྱི་སྤྱན་གཟིགས་ལོངས་སྤྱོད་དགྱེས་པའི་ཚོགས་ནམ་མཁའ་བར་སྣང་། ས་གཞི་གང་བར་བཤམས་པ་འདིས་མཆོད་དོ། །འབུལ་ལོ། གསོལ་ལོ། བསྟོད་དོ། མཉེས་རབ་ཀྱི་མཆོག །དགྱེས་རབ་ཀྱི་ཕུལ། །འདོད་པའི་ཡོན་ཏན་ལྔའི་ཚོགས་ཀྱི་མཉེས་པར་མཛད་དུ་གསོལ། །བདག་མི་ནོར་འཁོར་དང་བཅས་པ་ལ་སྲུང་ཞིང་སྐྱོབ་པ་དང་། བསམ་པ་
(༢༡༤)དང་། སྨོན་ལམ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ།། འོ། ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བའི་མདོ་ནི། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་དཀར་པོ་དགེ་བའི་ལས་སྒྲུབ་ཅིང་། སངས་རྒྱས་ཀྱི་བསྟན་པ་སྲུང་བ་ལ་བར་དུ་གཅོད་པའི་དགྲ་བགེགས་གནོད་བྱེད་ཐམས་ཅད་ཕྱིར་ཟློག་ཅིག །མཐོ་ལ་ཁ། དམའ་ལུང་ཁུང་། ཆུ་ཁ་རབ་སོ། འབྲོག་ཡུལ་དགོན་གསུམ་ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་གར་འདུག་ཀྱང་། སྔོན་ནས་སུས། རྒྱབ་ནས་སྐྱོལ། ཆུ་རབ་མེད་ལ་རབ་སྟོན། བྲག་ཐེམ་མེད་ལ་ཐེམ་ཚུགས། མཐོ་ལ་ཁ་ནས་བྱ་ར་གྱིས། དམའ་ལུང་ཁུང་ལ་མེལ་ཚེ་གྱིས། བདུད་བྱུང་ན་ཤོལ་ཐོབ། དགྲ་བྱུང་ན་བྱ་ཐོངས། དུག་བྱུང་ན་སྨན་ཐོངས། དཔའ་བའི་དཔུང་སྐྱེད། བཙན་པའི་མཁར་བརྩིགས། སྲ་བའི་གོ་གྱོན། རྣོ་བའི་ངར་གྱིས། རིངས་ན་རྟ་སྟོད། བྲེལ་ན་གཞུ་རྡུངས། བཟང་དང་ལ་ཁར་སྤྲོད། ངན་དང་ལུང་དུ་བསྣོལ། མི་ནོར་ལ་མིག་མ་ཕྲ། ཁ་ཟས་འདོད་ཟོས་དང་སྤྲོད། ལག་པ་ནོར་འདོད་ནོར་དང་སྤྲོད། མི་ཟས་ལ་ཁམ་མ་ཆུང་། མི་ནོར་ཆོད་ལ་རང་ལ་སྣོན། དགྲ་ནོར་རང་ནོར་གྱིས། སུ་ལ་མི་རེ་
(༢༡༥)ཁྱོད་ལ་རེ། སུ་ལ་མི་ལྟོས་ཁྱོད་ལ་ལྟོས། རྒྱལ་མཚན་བཞིན་དུ་ཁྱོད་ཕྱར། སྡང་བའི་དགྲ་ལ་ཁྱོད་བསྡིགས། སྔ་རྗེ་རྙིང་པ་ཁྱོད་མི་སྤངས། ད་རྗེས་གསར་པ་གཞན་མི་བཙལ། རྗེ་མི་འགྱུར་བ་གསེར་གྱི་ཕ་བོང་ཁྱོད་ཡིན། འབངས་མི་འགྱུར་བ་གཡུ་ཡི་བཀྲག་མདངས་ངེད་ཡིན། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིག །བདག་གིས་ཅི་བསམ་པ་དང་སྨོན་པ་ཐམས་ཅད་ཡིད་བཞིན་དུ་སྒྲུབས་ཤིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་ཁ་ངན་དུ་སྨྲ་བ། ལག་པ་ཚིག་ཏུ་རྡོད་པ། རྟ་ཁ་བསྟན་པ། ཡོབ་ཆེན་དགྲོལ་བ། མདའ་ཁ་འཕེན་པ། མདུང་ཁ་བཙུགས་པ། རྐུ་འཕྲོག་བཅོམ་གསུམ་ཚད་པ། ཕོད་བཙུགས་པ། དོ་བསྔོ་བ། ཡ་འདྲེན་པ། སྔ་དགྲ་བྱས་པ། ཕྱི་དགྲ་བྱེད་པ། ད་དགྲ་རྩོམ་པའི་དགྲ་བོ་འདི་རྣམས་བསད་པ་དང་། བཅད་པ་དང་། བཅིངས་པ་དང་། རེངས་པ་དང་། སྨྱོས་པ་དང་། དཔའ་བསྐུམ་པ་དང་། རྡུལ་དུ་བརླག་པ་དང་། ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །ཁྱད་པར་དུ་ཡིད་ལ་བརྣག་པའི་དགྲ་སོད། །གནོད་པར་བྱེད་པའི་བགེགས་ཐུལ། བར་དུ་གཅོད་པའི་རྐྱེན་ཟློག །ཕ་རོལ་ཀྱི་གནོད་པའི་བན་བྱད་བོན་བྱད་བསམ་
(༢༡༦)ངན་སྦྱོར་རྩུབ་ཐམས་ཅད་ཕྱིར་བཟློག་པའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །དེ་ལྟར་མཛད་ན། ལས་གྲུབ་དུས་སུ་ཁྱེད་རྣམས་ལ་བརྔན་པའི་གཏང་རག་ཆེན་པོ་གཏོང་ངོ་། །ཞེས་གྱེར་ཞིང་། མེ་ཏོག་དང་། ཕྱེ་མར་གསེར་སྐྱེམས་རྣམས་ནམ་མཁར་འཐོར། དེ་ནས་ལྷ་ངོ་བསྟོད་ཅིང་སྨོན་ལམ་བཏབ་པ་ནི། །ཀྱཻ། གུང་ལ་ཉི་ཟླ་ཤར་བ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །བྲག་དང་ཐང་དཀར་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །རྨོག་ལ་ཁྱུང་ཐོར་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །ནགས་ལ་རྒྱ་སྟག་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །རྟ་མཆོག་དར་སྣས་བརྒྱན་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །གངས་ལ་སེང་གེ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །མཁར་ལ་བ་གམ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །
(༢༡༧)གཞུ་མོ་གཞུ་རྒྱུད་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །ཉ་མོ་ཆུ་དང་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དེ། །དགྲ་བླ་མི་དང་མ་འབྲལ་ཅིག །མདའ་མོ་སྒྲོ་གསུམ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །ཁྲབ་ལ་ཁྲབ་ཤམ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་མ་འགྲོགས་པ་བཞིན། །དགྲ་བླ་གཉན་པོའི་དཔང་བསྟོད་དོ། །དགྲ་བླ་མི་དང་མ་འབྲལ་ཅིག །བཀའ་རྒྱུད་བླ་མ་རྣམས་ཀྱི་དབུ་འཕང་བསྟོད། །ཡི་དམ་ལྷ་ཚོགས་རྣམས་ཀྱི་དབུ་འཕང་བསྟོད། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་དབུ་འཕང་བསྟོད། །ནོར་ལྷ་གཏེར་བདག་རྣམས་ཀྱི་དབུ་འཕང་བསྟོད། །ཡུལ་ལྷ་གཞི་བདག་རྣམས་ཀྱི་དབུ་འཕང་བསྟོད། །གནས་བདག་དཀོར་བདག་རྣམས་ཀྱི་དབུ་འཕང་བསྟོད། །བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཆོས་སྐྱོང་ཁྱེད་ལ་ཕྲིན་ལས་ཞུས་པའི་དགེས། །ནད་དང་འཐབ་རྩོད་ཞི་བ་དང་། །འཇིག་རྟེན་བདེ་ཞིང་ལོ་
(༢༡༨)ལེགས་ཤིང་། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བརྗོད་མཆོད་གཏོར་གསེར་སྐྱེམས་རྟེན་གྱི་དྲུང་ངམ། བསང་ཁང་དུ་འབུལ། སྦྱིན་བདག་རྣམ་གཡུལ་དང་། ལམ་དུ་འཇུག་པ་སོགས་ཡིན་ན། དཔའ་བོ་དང་མགྲོན་པོ་རྣམས་ཀྱི་གྲི་མཚོན་བསང་ཁར་ཕྱུང་། བསང་ཁང་དང་། དགྲ་བླའི་རྟེན་ལ་སྐོར་བ་རབ་ལོ་གྲང་། འབྲིང་བདུན། ཐ་མ་གསུམ་སོགས་བསྐོར་ཞིང་། ཀི་བསོྭ་ལྷ་རྒྱལ་འཐེན་པ་སོགས་བྱ་ཞིང་། ཕྱེ་མར་གྱི་ཞལ་བསོྭ་བཀྲ་ཤིས་བརྗོད་པ་སོགས་བྱའོ། །བརྒྱ་བྱིན་མཚོན་གྱིས་རི་བོ་བཞིན། །དགྲ་བླའི་མཐུ་སྟོབས་ཐོག་སེར་གྱིས། །བདུད་དགྲའི་གཡུལ་ངོ་ཕྱེ་མར་བརླག །གྲགས་སྙན་དབྱར་རྔ་སྒྲོགས་གྱུར་ཅིག །དེ་ལྟར་དགྲ་བླའི་བསང་མཆོད་སོགས་སྔར་གྱི་གསུང་རྒྱུན་ཉིད། སྒར་བསང་ཆེན་མོའི་ཆ་ལག་ཏུ་བསྡེབས་པ་པོ་ནི། བརླངས་ཀྱི་བནྡེ་མཁའ་ཁྱབ་རྡོ་རྗེས་སོ།། །།
(༢༡༩)རྩ་གསུམ་སྲུང་མ་ཡུལ་གཞིའི་བདག་པོ་རྣམས་ཀྱི་རྟེན་གནས་གསས་མཁར་བསྟོད་པ་དང་། རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱི་རྟེན་རིགས་འབུལ་བའི་ཆོ་ག་དགྱེས་སྒོང་ནོར་བུའི་དྲ་བ་རྣམ་པར་སྤེལ་བའི་སྤྲིན་ཕྲེང་ཞེས་བྱ་བ་བཞུགས་སོ། །
(༢༢༠)གུ་རུ་རཏྣ་ཏྲི་མཱུ་ལ་དེ་ཝ་རཀྵ་ཡེ་ན་མོ། །མཁའ་ཁྱབ་ཡེ་ཤེས་སྒྱུ་མའི་གར། །འདས་དང་མ་འདས་འཁོར་ལོ་རྣམས། །དགྱེས་བསྐྱེད་གསས་མཁར་བསྟོད་པ་དང་། །ཕྱི་རྟེན་བཙན་པའི་ཆོ་ག་སྤེལ། །དེ་ལ་ཐོག་མར་ཁྱིམ་གྱི་རྩེ་དང་། ཡུལ་གྱི་ལྟེ་བ། རིའི་སྙིང་པོ་རྣམས་ལ། རྩ་གསུམ་སྲུང་མ་ཡུལ་གཞིའི་བདག་པོ་ཐམས་ཅད་ཀྱི་རྟེན་གནས། གསས་མཁར་དུ་གྲགས་པ་ཉིད་དུས་དུས་སུ་གསོ་ཞིང་བསྟོད་པའི་ཆོ་ག་ལ། གསས་མཁར་བསྟོད་པའི་རིམ་པ་དགྲ་ལྷ་དགྱེས་པའི་རིན་པོ་ཆེའི་དོ་ཤལ་ཞེས་བྱ་བ་ནི། །ན་མོ་གུ་ར་ཝེ། །རྡོ་རྗེ་སློབ་དཔོན་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །དེ་ཡང་གསས་མཁར་བསྟོད་པའི་རིམ་པ་ལ། དང་པོ་གོ་ཆ་སྲ་མཁྲེག་སྙིང་པོ་ལས་གྲུབ་པའི་གསས་མཁར་མཐོ་བརྗིད་དབྱིབས་ལེགས་ཕྱོགས་བཞི་དབུས་དང་ལྔར་བྱ། དེ་ནས་ཤིང་སྣ་དར་ཚོན་མདའ་དར་རང་མདོག་དང་མཚུངས་པར་དམུ་ཐག་བསྐྱང་། གཏར་སྐུ་རྡོ་དཀར་པོ། གཟུགས་འགྲོས་སོགས་དར་ཆེན་བཀྱགས། ཕྱེ་མར་རྣམ་ལྔ། གཏོར་མ་སོགས་མཁོ་རྒུ་ཚང་བར་བྱས་ལ། བདེ་བའི་སྟན་ལ་འདུག་སྟེ་འདི་སྐད་དོ། །ཀྱཻ། དེ་རིང་བཀྲ་ཤིས་ཉི་མ་འདིར། །བཀྲ་ཤིས་ཚེས་གྲངས་ཡར་ངོར་ཕྱོགས། །བཀྲ་ཤིས་གཟའ་སྐར་བཟང་
(༢༢༡)པོ་འཛོམས། །བཀྲ་ཤིས་དགེ་བའི་ཡུལ་ཕྱོགས་འདིར། །རྡོ་རྗེ་སློབ་དཔོན་འཁོར་བཅས་ཀྱི། །གསས་མཁར་གཉན་པོ་དཔང་བསྟོད་དོ། །སྲ་བརྟན་གཞོམ་མེད་རྡོ་རྗེའི་མཐུ། །མངོན་གྱུར་རི་བོའི་སྤོ་ལ་བརྟེན། །རྒྱུ་ནི་ས་ཟླའི་སྙིང་པོར་གྲུབ། །བཙོ་མདངས་གཟི་འོད་འབར་བ་ལ། །དབང་སྔོན་བྱ་འདབ་མར་རྒད་ཀྱི། །རྒྱ་ཕུབ་ནོར་བུའི་ཏོག་གིས་མཛེས། །ཕྱོགས་བཞི་གཡུ་ཡི་སྒོ་བར་བྱེ། །ནང་དུ་གསེར་གདུང་བཞི་བྲེས་པར། །པདྨ་རཱ་གའི་ཀ་བ་བཙུག །མན་ཤེལ་སྦུག་དང་ཀ་ན་ཀའི། །དྲྭ་བ་མུ་ཏིག་ཀའི་ཕྲེང་བ། །རབ་བཀྲ་དར་དཔྱངས་ལྷབ་ལྷུབ་གཡོ། །སྟེང་དུ་ཟ་འོག་བླ་བྲེ་བྲེས། །རཏྣ་ཀ་ཡི་ཁྲི་འཕང་སྟེང་། །རྩ་བརྒྱུད་བླ་མ་རྒྱ་མཚོ་དང་། །གསང་སྔགས་གསར་སྙིང་རྒྱུད་སྡེ་བཞིའི། །དཀྱིལ་འཁོར་ལྷ་དང་ཌཱ་ཀིའི་ཚོགས། །ཆོས་སྐྱོང་སྣང་སྲིད་ཡུལ་གྱི་བདག །གཞན་ཡང་སྲུང་སྐྱོབས་འགོ་བའི་ལྷ། །ཐམས་ཅད་རྟེན་འདིར་བརྟན་བར་བཞུགས། །ཀྱཻ། ཤར་ཕྱོགས་ཤེལ་དང་ཀརྐེ་ཏའི། །རང་བཞིན་ལས་གྲུབ་གསས་མཁར་ནི། །མཐོ་བརྗིད་རྩེ་ལ་ལྗོན་ཤིང་བཀྲ། །སྒྲོ་སྨྱུག་ལྕགས་ཀྱི་མདེའུ་ཅན། །དར་སྣས་བརྒྱན་པ་མཛེས་པར་བཙུག །དུང་གི་མུ་ཐག་ཚེ་ལྷས་སྐྱོབས། །དེ་རིང་གསས་མཁར་འདི་བསྟོད་པས། །དབང་ཕྱོགས་ས་བདག་ཀླུ་གཉན་དང་། །ཡུལ་
(༢༢༢)ལྷ་གཞི་བདག་ཐམས་ཅད་དང་། །མཚུན་དང་དགྲ་ལྷ་དགྱེས་བསྐྱེད་ཅིང་། །སྐུ་མཁར་འདི་ལ་བརྟན་པར་བཞུགས། །ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཀྱཻ། ལྷོ་ཕྱོགས་གཡུ་དང་ཨིནྡྲ་ནིའི། །རང་བཞིན་ལས་གྲུབ་གསས་མཁར་ནི། །མཐོ་བརྗིད་རྩེ་ལ་ལྗོན་ཤིང་བཀྲ། །སྒྲོ་སྨྱུག་ལྕགས་ཀྱི་མདེའུ་ཅན། །དར་སྣ་རིན་ཆེན་རྒྱན་ལྡན་བཙུག །མཐིང་གི་དམུ་ཐག་ནོར་ལྷས་སྐྱོབས། །དེ་རིང་གསས་མཁར་འདི་བསྟོད་པས། །ལྷོ་ཕྱོགས་ས་བདག་ཀླུ་གཉན་དང་། །ཡུལ་ལྷ་ནོར་ལྷ་ཐམས་ཅད་དང་། །མཚུན་དང་དགྲ་ལྷ་དགྱེས་བསྐྱེད་ཅིང་། །སྐུ་མཁར་འདི་ལ་རྟག་བཞུགས་ནས། །རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །ཀྱཻ། ནུབ་ཕྱོགས་ཟངས་དང་པདྨ་རཱའི། །རང་བཞིན་ལས་གྲུབ་གསས་མཁར་ནི། །མཐོ་བརྗིད་རྩེ་ལ་ལྗོན་ཤིང་བཀྲ། །སྒྲོ་སྨྱུག་ལྕགས་ཀྱི་མདེའུ་ཅན། །དར་སྣས་མཛེས་པར་རྒྱན་པ་བཙུག །མཚལ་ཀྱི་དམུ་ཐག་མ་ལྷས་སྐྱོབས། །དེ་རིང་གསས་མཁར་འདི་བསྟོད་པས། །ནུབ་ཕྱོགས་ས་བདག་ཀླུ་གཉན་དང་། །ཡུལ་ལྷ་ཟོ་དོར་ཐམས་ཅད་དང་། །མཚུན་དང་དགྲ་ལྷ་དགྱེས་བསྐྱེད་ཅིང་། །སྐུ་མཁར་འདི་ལ་རྟག་བཞུགས་ནས། །ཁམས་གསུམ་དབང་སྡུད་ཕྲིན་ལས་མཛོད། །ཀྱཻ། བྱང་ཕྱོགས་
(༢༢༣)ལྕགས་དང་བཻ་ཌཱུརྻའི། །རང་བཞིན་ལས་གྲུབ་གསས་མཁར་ནི། །མཐོ་བརྗིད་རྩེ་ལ་ལྗོན་ཤིང་བཀྲ། །སྒྲོ་སྨྱུག་ལྕགས་ཀྱི་མདེའུ་ཅན། །དར་ནག་མགུལ་དུ་བཅིངས་པ་བཙུག །གཡུ་ཡི་དམུ་ཐག་དགྲ་ལྷས་སྐྱོབས། །དེ་རིང་གསས་མཁར་འདི་བསྟོད་པས། །བྱང་ཕྱོགས་ས་བདག་ཀླུ་གཉན་དང་། །ཡུལ་ལྷ་ཟོ་དོར་ཐམས་ཅད་དང་། །མཚུན་དང་དགྲ་ལྷ་དགྱེས་བསྐྱེད་ཅིང་། །སྐུ་མཁར་འདི་ལ་རྟག་བཞུགས་ནས། །དྲག་པོས་དགྲ་བགེགས་བརླག་པར་མཛོད། །ཀྱཻ། ཚེ་ལ་དབང་བའི་རིག་འཛིན་གྱིས། །ཚེ་བསོད་མཐོ་བའི་གསས་མཁར་བརྩེགས། །ཚེ་རིང་དབང་ཕྱོགས་རྒྱལ་ཁབ་ཀྱིས། །ཚེ་ལྡན་ན་ཆུང་ལག་འཕྲུལ་ལས། །གྲུབ་པའི་དར་དཀར་དམུ་ཐག་འཐེན། །འཇུ་ཐག་དཀར་པོ་ཡར་ལ་འཐེན། །ཚེ་སྲོག་སྲ་ཞིང་རིང་བ་དང་། །བཙན་འཕེལ་ལོངས་སྤྱོད་འཛོམས་པ་ཡི། །དམུ་ཐག་དཀར་པོ་ཡར་ལ་འཐེན། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དགྲ་ལྷའི་མགོན་སྐྱོབས་ཀྱི། །ལྷ་ཡི་དམུ་ཐག་ཡར་ལ་འཐེན། །ཁ་འཛིན་ལུས་དང་གྲིབ་མ་བཞིན། །གཞི་བྱེས་ལམ་གསུམ་འགྲོགས་པ་དང་། །མི་འདོད་འབྲས་ཞི་བདེ་སྐྱིད་རྒྱས། །ཁམས་གསུམ་ཀུན་འདུས་
(༢༢༤)མངོན་སྤྱོད་ཀྱིས། །ནག་པོའི་ཕྱོགས་རྣམས་ཚར་ཆོད་ཅིག །ཀྱཻ། དེང་འདིར་ཚེ་རིང་གཏོར་སྐུ་བཙུག །རིན་ཆེན་བརྩེགས་པའི་གསས་མཁར་ལ། །དགྲ་ལྷའི་རྒྱལ་པོའི་རྟེན་འཛུག་པ། །ས་ལ་སྤོས་ཀྱི་འཁྲི་ཤིང་དང་། །སྣ་ཚོགས་མཚོན་གྱི་རེ་ཁ་བཀྲ། །དཔའ་སྟོབས་བརྟུལ་ཕོད་བརྗིད་པའི་ལུས། །སྲ་འཐས་རྡོ་རྗེའི་གོ་ཁྲབ་ཅན། །མདུང་དམར་རུ་མཚོན་མཐིང་འོད་གྲི། །འཆིངས་ལེན་ཞགས་པ་ལག་ཏུ་ཐོགས། །ཕུབ་ཆེན་སྟག་དོང་གཟིག་ཤུབ་བཀྲ། །མགྱོགས་པ་ཤུག་ལྡན་རྟ་ལ་གནས། །སྡེར་ཆག་རྒྱལ་པོ་གཡུ་རལ་ཅན། །ལུས་གྲིམ་རྩལ་ལྡན་ཤ་ར་བྷ། །རྒྱ་སྟག་འཛུམ་དྲུག་འཁྱིལ་པ་དང་། །དོམ་ནག་སྙིང་དཀར་ཐིག་ལེའི་ལུས། །ཁྱི་ནག་དྲེད་མོང་མི་ཟན་དང་། །སྤྱང་སྔོན་གཅན་གཟན་གཏུམ་དགུ་དང་། །ཅང་ཤེས་རྟ་དང་འགྱིང་བའི་གཡག །ཐིག་ཆེན་དྲེའུ་དང་ཙ་ར་ལུག །མ་ཧེ་བཞོན་ཕྱུག་བགྲངས་ཡས་པ། །འདབ་ཆགས་དཀར་མིག་བུ་དང་ནི། །དཔྱིད་ཀྱི་ཕོ་ཉ་ཚེ་རིང་བྱ། །ནེའུ་ཙོ་གར་མཁན་མདོངས་མཐའ་ཅན། །བཞད་དང་དུར་པ་ཀ་དམ་པ། །གསེར་མིག་བྱ་གག་ཙ་ཀོ་ར། །མགྲིན་པའི་རྫ་རྔ་ལ་སོགས་པའི། །མཁའ་འགྲོ་དབྱངས་ཅན་སྤུ་སྡུག་ཁྱུ། །རི་སྐྱེས་ཀྲྀ་ཎ་ས་ར་དང་། །རྭ་གཅིག་པ་
(༢༢༥)དང་ཤ་བ་རྐྱང་། །འབྲོང་རྒོད་གཉན་དང་མཆེ་ཅན་དང་། །གཞན་ཡང་ནག་དང་བས་མཐའ་ལ། །ཡོངས་གནས་རི་དྭགས་ཐམས་ཅད་ཚོགས། །དེ་རིང་དགྲ་ལྷའི་རྟེན་དུ་འབུལ། །བཅོལ་བའི་ཕྲིན་ལས་མཛད་དུ་གསོལ། །ཀྱཻ། རིན་ཆེན་དངུལ་དཀར་ཕུད་སྐྱོགས་ནང་། །འཆི་མེད་བཏུང་བ་བདུད་རྩིའི་བཅུད། །ཡེ་ཤེས་ལས་སྤྲུལ་ཨ་མྲྀ་ཏ། །དགྲ་ལྷ་དགྱེས་པའི་ཞལ་དུ་འབུལ། །འདབ་སྟོང་བཞད་དང་དྲི་བསུང་ཅན། །མལླི་ཀ་ཡི་ཕྲེང་བ་བྲེས། །ངད་བཟང་སྣ་ཚོགས་སྤོས་ཀྱི་རིགས། །བསྲེགས་པའི་དུད་པ་ཁྱབ་ཅིང་འཐུལ། །སྣང་གསལ་སྒྲོན་མེའི་གཟི་འོད་ཀྱིས། །ཕྱོགས་ཀྱི་འཁོར་ལོའི་དཔལ་དུ་འབར། །ཧ་རི་ཙན་དན་དྲི་ཆབ་ཀྱིས། །ཟག་མེད་ཐུགས་ལ་སིམ་པར་བསྐྱེད། །ཕུན་ཚོགས་དཀར་མངར་རོ་བརྒྱའི་ཟས། །མི་ཟད་ནམ་མཁའི་མཛོད་དུ་འབུལ། །སྙན་པའི་དབྱངས་དང་རོལ་མོའི་སྒྲས། །སྙན་གྱི་དབང་པོ་ཚིམ་པར་བྱས། །གཞན་ཡང་ལྷ་མིའི་འབྱོར་བའི་ནོར། །དེ་རིང་དགྲ་ལྷའི་རྟེན་དུ་འབུལ། །སྐུ་མཁར་འདི་ལ་རྟག་པར་བཞུགས། །ལས་རྣམས་ཐོགས་མེད་ཉིད་དུ་སྒྲུབས། །ཧཱུཾ། རིག་འཛིན་པདྨ་ཐོད་ཕྲེང་བཀས། །ཟིལ་མནན་དམ་ལ་ཕབ་པ་ཡི། །བསྟན་སྲུང་ཡུལ་ལྷ་ཁྱེད་རྣམས་ལ། །བསྟོད་དོ་
(༢༢༦)དམ་ལྡན་དགྲ་ལྷ་མཛོད། །ལས་བཞིའི་མཐུ་ལ་མངའ་བརྙེས་པའི། །མགོན་སྐྱབས་བྱེད་པ་ཐམས་ཅད་དང་། །ཁྱད་པར་ལེགས་ལྡན་ཕྱག་བཞི་པ། །འདོད་ཁམས་དབང་ཕྱུག་དུད་སོལ་མ། །ཐུགས་གསུང་སྐུ་ཡི་འཁོར་ལོའི་ལྷ། །སྦོམ་ར་སྤྲག་ཇག་ཡུལ་ལྷ་དང་། །ནོར་ལྷ་ཆེན་པོ་མཆེད་བརྒྱད་དང་། །དཔའ་བྱེད་དགྲ་ལྷ་དར་མ་དང་། །འཕེལ་བྱེད་དགྲ་ལྷ་བུ་རྫི་དང་། །ཕྱུག་བྱེད་དགྲ་ལྷ་རྨ་གཡང་ཏེ། །སྐུ་གསུང་ཐུགས་ཀྱི་དགྲ་ལྷ་རྣམས། །གསས་མཁར་འདིར་བཞུགས་མངའ་གསོལ་ལོ། །བཞུགས་ནས་སངས་རྒྱས་བསྟན་སྲུང་ལ། །དེ་འཛིན་ཞབས་བརྟན་བཞེད་པ་སྒྲུབས། །དམ་པའི་ཆོས་ཀྱི་རྒྱལ་མཚན་ཚུགས། །ནག་པོའི་ཕྱོགས་རྣམས་གཞོམ་པ་དང་། །ཡུལ་འདིར་བཀྲ་ཤིས་དགེ་བའི་ཆར། །རྟག་འབབ་ལོངས་སྤྱོད་མི་ཟད་པའི། །དབྱར་མཚོ་བཞིན་དུ་འཕེལ་ཞིང་རྒྱས། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ལ། །མི་མཐུན་ལས་རྒྱལ་ཚེ་དབང་སྟོབས། །མི་འཕེན་རྟ་ཧྲག་འཛོམས་པ་དང་། །ཆོས་བཞིན་སྨོན་པའི་དོན་རྣམས་ཀུན། །འགྲུབ་ལ་བུམ་པ་བཟང་པོ་ལས། །ལྷག་པའི་མཐུ་ལྡན་ཁྱེད་རྣམས་ཀྱིས། །བཅོལ་བའི་ཕྲིན་ལས་དེ་དག་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །བཀྲ་ཤིས་སྨོན་ལམ་གྱིས་མཐའ་བརྒྱན་པར་
(༢༢༧)བྱའོ། །དེ་ལྟར་གསས་མཁར་བསྟོད་པའི་རིམ་པ་གོ་བདེ་ཉུང་ལ་འཐུས་པ་འདིའང་སློབ་དཔོན་པདྨས་མཛད་པའི་གསས་མཁར་ཁ་བསྟོད་ལ་གཞི་བྱས་ཏེ། །མདོ་སྟོད་ཀྱི་སའི་ཆར་སྐྱེས་པའི་བནྡེ་མི་ཕམ་རྒྱ་མཚོའི་སྡེས་ལྷག་པའི་བསམ་པས། འཛི་བཀྲ་ཤིས་ཆོས་འཁོར་གླིང་དུ་མགྱོག་པར་བྲིས་སོ། །དེ་ནས་དཔལ་མགོན་ལྕམ་དྲལ་གཙོ་བོར་གྱུར་བའི་སྲུང་མ་རྣམས་ལ། ཕྱི་རྟེན་སྤྱན་གཟིགས་རིགས་དམིགས་བསལ་སྤྲོས་བཅས་ཀྱིས་འབུལ་བར་འདོད་པས། འོག་གི་ཚིག་རིས་དང་མཐུན་པའི་སྲོག་ཆགས་རྣམས་གསར་དུ་འཛུག་ན། འཁོན་སེལ་ཅན་གྱི་ལག་ནས་བྱུང་བ་དང་། རྒན་པོ། ནད་པ་སོགས་སྐྱོན་ཅན་མ་ཡིན་པ། ཁ་དོག་དང་། མཚན་མ་སོགས་སྲུང་མ་སོ་སོར་མཐུན་པ་རྣམས་ལ་བགེགས་ཕྲལ་ཞིང་། བསང་ཁྲུས་ཀྱི་ཆོ་ག་ནན་ཏན་ཏུ་བསྒྲུབ་ནས། དར་ཚོན་སོགས་སོ་སོར་འོས་པའི་རྒྱན་གྱིས་བསྟར་བ་འདུ་བྱ། འདོན་ཆ་བྱིན་བརླབས་ནས་བཟུང་། འབུལ་ཚིག་བཅས་རྟེན་འབུལ་རྒྱུ་གང་ཡིན་དང་མཐུན་པའི་འདོར་ལེན་རིག་པས་འཕྲུལ་དགོས་ཤིང་། ཕྱི་རྟེན་སོགས་རྙིང་པ་སླར་ཡང་ཁ་གསོ་བ་ཡིན་ནའང་། བསང་ཁྲུས་རྒྱན་གྱིས་བསྟར་བ་སོགས་བྱ། གང་ལྟར་ཡང་། དང་པོ་བྱིན་གྱིས་བརླབ་པ་ནི། བདུད་རྩི་གཏོར་ཞིང་། བསང་སྦྱང་། སྟོང་པའི་ངང་ལས་ཙཾ་ལ་སོགས་པ་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་རྒྱལ་སྲིད་རིན་ཆེན་སྣ་བདུན། །ཨི༚་ལས་རྟ་ནག །ཙཾ་ལས་གཡག་ནག་དང་ར་སྐྱེས། ཀཾ་ལས་གོ་ཁྲབ། ཤི༚་ལས་རྨོག །ཤཾ་ལས་མཚོན་ཆ། ཀུཾ་ལས་མདུང་། ཨཾ་ལས་རུ་མཚོན། མེ༚་ལས་ལུག་ནག །ཤཾ་ལས་ཁྱི་ནག །ནེ༚་ལས་དར་ལྷབ་
(༢༢༨)ལྷུབ། བཾ་ལས་བ་དན་སྣ་ཚོགས་པའི་སྤྱན་གཟིགས་བཟང་ཞིང་རྒྱ་ཆེ་བ་གྲངས་མེད་པ། ནམ་མཁའ་གང་བ་རྣམས་སུ་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། །ལན་གསུམ་བརྗོད་གཉིས་པ་འབུལ་ཞིང་ཕྲིན་ལས་བཅོལ་བའི་སྔགས་ཚིག་ནི། རྟ་ཕོ་བཙན་ན། དཔལ་ཆེན་མ་ཧཱ་ཀཱ་ལ་ལྕམ་དྲལ་ལ། །ཕྱི་ནང་གསང་བས་བསྡུས་པའི་མཆོད་པ་དང་། །ཁྱད་པར་མི་འབྲལ་འགྲོགས་པའི་རྟེན་རྫས་སུ། །རྒྱལ་སྲིད་མཛེས་བྱེད་རིན་ཆེན་སྣ་བདུན་ལས། །ཡོན་ཏན་ཕུལ་དུ་གྱུར་པའི་ཅང་ཤེས་རྟ། །ལྟ་ན་སྡུག་པའི་བྱད་དང་གློག་ཕྲེང་གི། སྒྱུ་རྩལ་རང་གིར་བྱས་པའི་ཡན་ལག་ཅན། །གྲུང་པོར་འདུག་པའི་མིག་གཉིས་ཙན་དན་ཆུས། །ཨུཏྤལ་སྔོན་པོར་བྲན་བཞིན་གསར་པའི་དཔལ། །རྔ་རྔོག་མཆོག་ཏུ་བཟང་སྟེ་གདེང་ལྔ་པ། །འགྱིང་ཞིང་ཆས་པ་ལྟ་བུར་རྣམ་པར་བརྗིད། །རླུང་གིས་དལ་བུར་བསྐྱོད་པའི་སྤུ་སྡུག་ནི། །རྩེ་མོ་སྣ་ཚོགས་འོད་དང་འགྲོགས་པའི་གྲ། །ཡ་མཚན་ལྟད་མོ་སྦྱིན་དེས་ཆེན་པོ་ཡི། །མདུན་ས་མཛེས་པར་བྱེད་པ་ས་སྲུང་བཞིན། །གླང་པོ་བཟུང་བ་ལྟ་བུའི་དཔུང་པ་གཉིས། །དར་སྣ་སྟག་གཟིག་རྒྱན་གྱིས་སྤྲས་པ་ཡི། །མྱུར་མགྱོག་རླུང་གི་ཤུགས་དང་ལྡན་པ་འདི། །ལྷ་ཡི་རྟེན་དུ་འཛུག་གོ་དགྱེས་རྒུར་བཞེས། །ཁྱེད་ཀྱི་ཐུགས་དམ་གཉན་པོ་
(༢༢༩)འདིས་བསྐང་ངོ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །དམ་རྫས་མ་ཚང་མཆོད་གཏོར་གཡེལ་བ་དང་། །ཉེས་པར་གྱུར་པ་ཐམས་ཅད་འདིས་འཆགས་སོ། །འཁོར་དང་བཅས་པས་ཚངས་པར་སྩལ་ནས་ཀྱང་། །བདག་ཅག་དགྲ་ཡི་གཡུལ་ལས་རྒྱལ་བ་དང་། །ཚེ་དང་དཔལ་དང་མངའ་ཐང་སྤེལ་བ་དང་། །བསམ་པ་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །ཞེས་དང་། དམ་ཅན་ལ་བཙན་ན། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཞེས་དང་། ཞིང་སྐྱོང་ལ། ཞིང་སྐྱོང་ཀུན་དགའ་གཞོན་ནུ་འཁོར་བཅས་ལ། །ཞེས་དང་། ཐང་ལྷ་ལ། གཉན་ཆེན་ཐང་ལྷ་གཉན་པོ་འཁོར་བཅས་ལ། །ཞེས་དང་། བདུད་ཀྱི་མགོན་པོ་ལ། བདུད་ཀྱི་མགོན་པོ་ཆེན་པོ་འཁོར་བཅས་ལ། །ཞེས་དང་། བཙན་གྱི་མགོན་པོ་ལ། བཙན་གྱི་མགོན་པོ་ཆེན་པོ་འཁོར་བཅས་ལ། །ཞེས་དང་། ཀླུའི་མགོན་པོ་ལ། ཀླུ་ཡི་མགོན་པོ་ཆེན་པོ་འཁོར་བཅས་ལ། །ཞེས་སོགས་སྦྱར་རོ། དེ་ནས་གཏོར་མ་མགོ་བོར་བཞག་ནས་སྤྱན་འདྲེན་གྱི་སྔགས་དང་། བསྟན་སྲུང་མ་ཧཱ་ཀཱ་ལ་ལྕམ་དྲལ་ཁྱེད་རྣམས་ལ། །རྟེན་རྫས་འདི་འཛུགས་པ་ལགས་པས། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས་ཤིག །སྲུངས་ཤིག །སྐྱོབས་ཤིག །བདག་གིར་མཛོད་ཅིག །ཅེས་བརྗོད། །མར་གྱི་ཞུར་འཐེན། ནས་འཐོར། ལྷ་གཞན་རྣམས་ཀྱང་སོ་སོའི་སྔགས་
(༢༣༠)ཀྱི་མཇུག་ཏུ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་སོགས་པ་བསྒྱུར་བ་སྦྱར། སྔགས་ཟུར་གསལ་མེད་པ་ལ་བོད་སྐད་བཀའ་སྒོ་འདི་གས། གཏོར་མ་མགོ་ཐོག་ཏུ་བཞག་པ་སོགས་བྱའོ། །འབྲི་གཡག་བཙན་ན། དཔལ་ཆེན་མ་ཧཱ་ཀཱ་ལ་ལྕམ་དྲལ་ལ། །ཕྱི་ནང་གསང་བས་བསྡུས་པའི་མཆོད་པ་དང་། །ཁྱད་པར་མི་འབྲལ་འགྲོགས་པའི་རྟེན་རྫས་སུ། །རྩེ་མོ་རྣམ་པར་འབིག་པའི་རུ་རྣོན་ཟུང་། །ཨིནྡྲ་ནཱི་ལས་བྱུགས་བཞིན་སྔོ་བསང་དང་། །ཆར་སྤྲིན་འཁྲུགས་པ་དང་མཚུངས་སྤུ་ཞོལ་གྱི། །ཕག་ནས་ལྕགས་རྨིག་ལྡན་པའི་ཡན་ལག་གིས། །བཟང་པོའི་སྟོབས་ཀྱིས་གོམས་པ་འདོར་བཞིན་དུ། །རབ་ཏུ་འགྱིང་དང་ལྷན་ཅིག་དུད་པ་ལ། །འགྲན་བཟོད་རྔ་ཆས་གྱེན་དུ་གཟིང་པ་ཡིས། །གནག་ཕྱུག་ཁྱུ་མཆོག་རྒྱན་གྱིས་སྤྲས་པ་འདི། །ཁྱེད་ཀྱི་རྟེན་དུ་འཛུག་གོ་དགྱེས་རྒུར་བཞེས། །སོགས་སྔར་ལྟར་འདི་གྱིད་ཀུན་ལ་སྦྱོར་བ་འགྲོའོ། །ལུག་བཙན་ན། ལྷ་རྫས་ཀ་ཤི་ཀ་ཡི་རེག་བྱ་ལ། །ངེས་པར་དོ་ཟླ་བྱེད་པའི་སྤུ་ཚོགས་འཐུག །བརྡུང་བྱེད་ཐོ་བའི་སྟོབས་འཆང་ཐོད་པ་ལས། །ལེགས་པར་སྐྱེས་པའི་ཐབས་དང་ཤེས་རབ་རྭ། །དཔལ་མོའི་ལག་པ་མཛེས་བྱེད་གདུབ་སྐོར་ལ། །འཁུ་བ་བཞིན་དུ་རྣམ་པར་འཁྱིལ་དེ་དང་། །དགའ་བས་མཁུན་པའི་སྒྲ་ལྡན་བག་ཕེབས་པའི། །གཡང་མོ་
(༢༣༡)ཀུན་གྱི་ཁྱུ་མཆོག་རྒྱན་སྤྲས་འདི། །ཁྱེད་ཀྱི་རྟེན་དུ་འཛུག་གོ་དགྱེས་རྒུར་བཞེས། །སོགས་འགྲེའོ། །ར་བཙན་ནི། གསེར་གྱི་པདྨོ་ཨནྡ་རྙིལ་གྱིས་སྤྲས། །བརྒྱན་པ་དང་མཚུངས་མཛེས་པའི་ལྟ་བྱེད་དང་། །གྱེན་དུ་བསྒྲེངས་ཏེ་བསྣུན་པའི་རྭ་གཉིས་པོ། །འཁྲི་ཤིང་གཞོན་ནུ་ལྟར་མཉེན་སུམ་འཁྱོག་ཅན། །གྲྭ་རྒོད་རྒྱས་པའི་སྤུ་ཞོལ་རྒྱང་རིང་ནས། །དྲག་བོའི་སེར་བ་འབབ་དང་མཚུངས་པའི་དབྱིབས། །ཐོགས་མེད་རྩལ་གྱིས་འགྲོ་བའི་ཤུགས་ཆེན་པོ། ར་སྐྱེས་གཙོ་བོ་རྒྱན་གྱིས་སྤྲས་པ་འདི། །ཁྱོད་ཀྱི་རྟེན་དུ་འཛུག་གོ་སོགས་འགྲེའོ། ཁྱི་ནག་བཙན་ན། ཟླ་བ་ཕྱེད་པ་ཐུན་མཚམས་འོད་ཟེར་དང་། །འགྲོགས་པ་ལྟ་བུའི་མཆེ་བ་རཀྟ་ཡིས། །བྱུག་པའི་བར་ན་གློག་ཕྲེང་དང་མཚུངས་ལྕེ། །རྣམ་པར་བསྐྱེད་དེས་དགྲ་རྣམས་འཇིག་བྱེད་ལ། །དྲག་པོའི་ང་རོ་འབྱིན་དང་ཞེ་སྡང་གི། སྡེར་མོ་གནམ་ལྕགས་ངར་ལས་བཏུས་པའི་རྣོས། །ས་རྣམས་རློག་བྱེད་དོམ་བུ་མིག་སྨན་མདོག །ནོར་སྐྱོང་གཏུམ་པོ་རྒྱན་གྱིས་སྤྲས་པ་འདི། །ཁྱེད་ཀྱི་རྟེན་དུ་འཛུག་གོ་སོགས་འགྲེའོ། །ཞེས་དབོན་པོ་ཀརྨ་ཆོས་སྲིད་ཀྱིས་བསྐུལ་བ་དོན་ཡོད་པར་བྱ་ཕྱིར་ཤཱཀྱའི་དགེ་སློང་དྷརྨེ་ཤྭ་རས་བྲིས་པའོ། །སྲིད་པའི་དཔལ་འབྱོར་ཕུལ་རྣམས་ཀྱིས། ལྷ་རྣམས་དགྱེས་བྱེད་སྤྲིན་གཏིབས་པ། བཀྲ་ཤིས་དོན་ཀུན་གྲུབ་པའི་ཆར། ནོར་བུའི་སྙིང་པོ་
(༢༣༢)དགེ་གྱུར་ཅིག །ཅེས་པའང་སྒར་བསང་ཆེན་མོའི་ཆ་ལག་ཏུ་འདུ་བ་གྱིད་པ་པོ་ནི་ཀརྨ་པའི་མཚན་འཛིན་མཁའ་ཁྱབ་རྡོ་རྗེའོ།། །།