Nitartha Digital Library
Tibetan
 
previousདབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་པར་བཤད་པ་ཡང་དག་ལྟ་བའི་འོད་ཟེར།no next

དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་པར་བཤད་པ་ཡང་དག་ལྟ་བའི་འོད་ཟེར།

དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་པར་བཤད་པ་ཡང་དག་ལྟ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།། དབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་ལ། །ཐུགས་སྐྱེད་རྒྱ་མཚོ་འདོམས་པའི་ཡབ་གྱུར་ཀྱང་། །རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་འཇམ་པའི་དབྱངས། །སྙིང་གི་པདྨོར་བཞུགས་ནས་བདག་ཡིད་སྐྱོབས། །ཡེ་ཤེས་མེ་ཡིས་ཤེས་བྱའི་བུད་ཤིང་མ་ལུས་བསྲེགས་པས་ཞི། །ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་བ་འཇིག་རྟེན་འབྱོར་པའི་རྒྱུ། །རྒྱུ་མཐུན་སྐུ་ནི་བ་སྤུའི་ཁུང་བུར་དུས་གཅིག་བགྲང་ཡས་སྤྲུལ། །སྤྲུལ་པ་མཆོག་གིས་ཞི་ལམ་སྟོན་མཛད་ཐུབ་དབང་དེ་ལ་འདུད། །བློ་གྲོས་རྒྱ་མཚོའི་དབུས་གནས་ཡང་དག་ལྟ་བའི་འོད་ཟེར་གྱིས། །ཀུན་བཏགས་ལྷན་སྐྱེས་ཡིད་ཀྱི་མུན་པ་མ་ལུས་རབ་བསལ་སྟེ། །གསུང་གི་མདའ་ཚོགས་སྲིད་པ་གསུམ་ལས་རྒྱལ་ཐབས་ལེགས་མཛད་པ། །ཀླུ་སྒྲུབ་སངས་རྒྱས་གཉིས་པ་དེ་ལ་སྤྱི་བོས་ཕྱག་བགྱིད་དོ། །གང་གི་ལེགས་གསུང་ཟླ་བའི་འོད་ཟེར་གྱིས། །ཀླུ་སྒྲུབ་དགོངས་པ་དྲི་མེད་ཀུནྡའི་ཚལ། །གསལ་བར་མཛད་པའི་གྲགས་པ་ལྷམ་མེ་བ། །དོན་དམ་གཟིགས་པ་དེ་ལ་མགོས་ཕྱག་འཚལ། །བློ་གྲོས་པདྨོའི་འདབ་བརྒྱ་ཁ་ཕྱེ་ནས། །ཟབ་དོན་སྦྲང་རྩིས་སྐལ་བཟང་བུང་བའི་ཚོགས། །ཚིམ་པར་མཛད་པའི་རྣམ་དཀར་ཕྲིན་ལས་ཅན། །ཡོངས་འཛིན་མཁས་པའི་ཚོགས་ལའང་ཕྱག་འཚལ་ནས། །གང་ཞིག་རྟོགས་ན་སྲིད་པ་འཇིག་བྱེད་ཅིང་། །ངེས་ལེགས་བྱང་ཆུབ་གསུམ་གྱི་སྒོ་འབྱེད་པའི། །དབུ་མའི་བསྟན་བཅོས་ཀུན་གྱི་གཞིར་གྱུར་པ། །ཤེས་རབ་ཅེས་བྱའི་རྣམ་བཤད་འབྲི་བར་སྤྲོ། །འདིར་མཐོ་རིས་ཀྱི་ཐེམ་སྐས་ལ་བརྟེན་ནས་ཐར་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པ་དག་གིས་གཞི་ངེས་འབྱུང་གི་བསམ་པས་བསྐུལ་བའི་ཚུལ་ཁྲིམས་ལ་གནས་ཤིང་། ལྟ་བ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྩེ་གཅིག་ཏུ་བསྒོམ་པའི་བསམ་གཏན་དང་ལྡན་པས་བདེན་པ་བཞིའི་གནས་ཚུལ་ལ་འབད་པར་བྱ་བ་ཡིན་ཏེ། ཅི་སྐད་དུ། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས། །ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་སོ། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་གསུངས་སོ། །ལྟ་བ་དེ་ལ་ཡང་འཇིག་རྟེན་པའི་ལྷན་སྐྱེས་ཀྱི་བློས་ཆོས་དང་གང་ཟག་རང་བཞིན་གྱིས་ཡོད་པར་ལྟ་བ་དང་། ཕྱི་རོལ་པས་ཕུང་པོ་ལས་དོན་གཞན་པའི་གང་ཟག་ཡོད་པར་ལྟ་བ་ནས་རྣམ་རིག་པས་གཉིས་མེད་ཀྱི་ཤེས་པའམ་དེ་བཞིན་ཉིད་ཡོད་པར་ལྟ་བའི་བར་ནི་འདིར་དགག་པར་བྱ་བའམ་སྤང་བར་བྱ་བ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་ཤིང་། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །ཅེས་དང་། གཞུང་འདིར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུང་། །ཞེས་དང་། ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །ཞེས་གསུངས་པས་སོ། །དེས་ན་བླང་བྱ་མ་ནོར་བའི་ལྟ་བ་ནི། གང་ཞིག་མ་རྟོགས་ན་འཁོར་བའི་ཆོས་ཀྱི་གཞི་བྱེད། ཚུལ་བཞིན་རྟོགས་ན་མྱ་ངན་ལས་འདས་པའི་ཆོས་ཀྱི་གཞི་བྱེད་ལ། ཤེས་བྱ་ཤེས་བྱེད་ལ་སོགས་པའི་སྤྲོས་པ་ཞི་ཞིང་སྣང་ཙམ་རྒྱུན་མི་ཆད་པས་མེད་བཞིན་དུ་སྣང་བ་སྒྱུ་མ་དང་མཚུངས་པར་དཔྱད་ན་གཞིའམ་རྩ་བ་གང་ཡང་མི་རྙེད་ཅིང་། བྱེད་ལས་སྲིད་པ་འཇིག་པར་བྱེད་པ་ལ་གདུལ་བྱའི་ངོར་སྟོང་པ་ཉིད་ཀྱི་ཐ་སྙད་དུ་བཞག་པ་དེ་ཉིད་ཡིན་ཏེ། ཇི་སྐད་དུ། དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །ཞི་ཞིང་སྒྱུ་མ་དང་མཚུངས་པ། །གཞི་མེད་སྲིད་པ་འཇིག་བྱེད་པའི། །སྟོང་ཉིད་འདི་ནི་རྟག་ཏུ་བསྒོམ། །ཅེས་གསུངས་པས་སོ། །འདི་ལ་ཡང་། དགག་བྱ་སྐྱེ་སོགས་བཀག་ནས་སྐྱེ་བ་མེད་དོ། །སྟོང་པ་ཉིད་དོ། །ཞེས་དང་། བདག་མེད་དོ་ཞེས་དགག་པའི་རྣམ་པ་ཅན་བསྒོམ་པ་ནི་མཐར་འཛིན་པ་ཡིན་པས་ཤིན་ཏུ་སྨད་དེ། ཇི་སྐད་དུ། སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཞེས་བྱར་སྟོང་པ་ཉིད། །བདག་ཉིད་དམན་པ་གང་བསྒོམ་པ། །དེ་དེ་སྒོམ་པར་བྱེད་པ་མིན། །ཞེས་གསུངས་པས་སོ། །དེས་ན་སྟོང་ཉིད་ཚུལ་བཞིན་དུ་བསྒོམ་པ་ལ་དབུ་མའི་བཀའ་དང་། བསྟན་བཅོས་ཐོས་བསམ་གྱིས་གཏན་ལ་ཕབ་དགོས་ཤིང་། སོ་སོ་སྐྱེ་བོས་བསྟན་བཅོས་ལ་མ་ལྟོས་པར་བཀའི་དགོངས་པ་རང་དབང་དུ་མི་རྟོགས་པས་བསྟན་བཅོས་ལ་བརྟེན་དགོས་ལ་དེ་ཡང་། མཁའ་འགྲོས་བྱིན་གྱིས་བརླབས་པའི་གྲུབ་ཐོབ་ཁྱད་པར་ཅན་དང་། རྒྱལ་བས་ལུང་བསྟན་པའི་པཎྜི་ཏ་ཁྱད་པར་ཅན་གྱིས་མཛད་པའི་བསྟན་བཅོས་ལ་བརྟེན་ནས་བཀའི་དགོངས་པ་རྟོགས་པར་འགྱུར་ཏེ། དཔལ་བརྩེ་བ་ཆེན་པོའི་ཞལ་ནས། ལུང་བསྟན་གྱུར་པ་ཀླུ་སྒྲུབ་ལ་སོགས་སམ། །མཁའ་འགྲོས་བྱིན་བརླབས་བིརྺ་པ་ལ་སོགས། །གྲུབ་ཐོབ་རྣམས་ཀྱི་མན་ངག་ལ་བརྟེན་ནས། །རྗེས་འཇུག་སྐྱེ་བོས་བཀའ་རྣམས་རྟོགས་པར་འགྱུར། །ཞེས་གསུངས་སོ། །འདིར་ནི་ཡོད་པ་དང་། མེད་པའི་ཕྱོགས་འཇིག་ཅིང་བླ་ན་མེད་པའི་ཐེག་པ་འཇིག་རྟེན་དུ་རྒྱས་པར་མཛད་པར་རྒྱལ་བས་ལུང་བསྟན་པ་ནི་མགོན་པོ་ཀླུ་སྒྲུབ་ཡིན་ཏེ། སྤྲིན་ཆེན་པོའི་མདོ་ལས། ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །ཞེས་དང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས། བདེ་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་སུ་ཡིས་འཛིན་འགྱུར་ལགས། །ཞེས་ཞུས་པའི་ལན་དུ། བདེ་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །དུས་དག་འདས་ཏེ་བྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །བླ་མེད་ཐེག་པ་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་བའི་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་བརྩོན་པ། །དགེ་སློང་ཀླུ་སྒྲུབ་ཞེས་བྱ་འབྱུང་། །རྨ་བྱ་ཞེས་པའི་རིག་པ་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡི་རྗེས་ཐོགས་ཉིད་དུ་ནི། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་དང་། རྔ་བོ་ཆེའི་མདོ་ལས། ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ན་དགེ་སློང་བློ་འཆང་ཞེས་བྱ་བར་འགྱུར་ཏེ། རྔ་བོ་ཆེའི་མདོ་འདི་འཛིན་པར་འགྱུར། ཞེས་པ་དང་། ཡང་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་དགེ་སློང་འཚོ་བྱེད་ཅེས་བྱ་བར་གྱུར་ནས་ངའི་བསྟན་པ་རབ་ཏུ་རྒྱས་པར་འགྱུར་ཞེས་པ་ལ་སོགས་པ་མང་དུ་གསུངས་སོ། །དེ་ལྟར་རྒྱལ་བས་ལུང་བསྟན་ཅིང་ས་དང་པོ་རབ་ཏུ་དགའ་བ་བརྙེས་པའི་སློབ་དཔོན་དེས་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ལ་སྔ་རབས་པ་དག རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསལ་བར་བྱེད་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པ་དང་། དེ་གཉིས་དོན་གཅིག་ཏུ་སྟོན་པ་གསུམ་ལས། དང་པོ་ལ་ཡང་གསུམ་སྟེ། ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིག་པའི་ཚོགས་དྲུག་དང་། སྤྱོད་པ་གཙོ་བོར་སྟོན་པ་ལ་རྒྱས་པར་བྱང་ཆུབ་ཀྱི་ཚོགས། འབྲིང་མདོ་ཀུན་ལས་བཏུས་པ། བསྡུས་པ་བཤེས་པའི་སྤྲིང་ཡིག་སྟེ་གསུམ་དང་། ལྟ་སྤྱོད་ཆ་མཉམ་པར་སྟོན་པ་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའོ། །ཞེས་ཀྱང་འཆད་མོད་ཀྱི། སྟོང་ཉིད་རིག་པས་བསྒྲུབ་པ་དབུ་མ་རིག་པའི་ཚོགས་ལྔ་དང་། དེ་ཉིད་གསུངས་པའི་སྒོ་ནས་སྟོན་པ་ལ་བསྟོད་པ་བསྟོད་པའི་ཚོགས་དང་། རང་གི་བཤེས་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་བཤེས་པའི་སྤྲིང་ཡིག་དང་། རིན་ཆེན་ཕྲེང་བ་སྟེ། སའི་སྟེང་དུ་སེང་གེའི་སྒྲ་ལན་གསུམ་བསྒྲགས་པར་གྲགས་པའི་བསྟན་བཅོས་ཐམས་ཅད་ཀྱི་རྩ་བའམ། གཞིའམ། ལུས་ལྟ་བུར་གྱུར་པ་ནི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་འདི་ཉིད་ཡིན་ལ། འདི་འཆད་པ་ལ་དོན་གསུམ་སྟེ། སྒྱུར་བྱེད་དམ་པའི་ཀླད་ཀྱི་དོན། རྩོམ་བྱེད་དམ་པའི་གཞུང་གི་དོན། བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། མཚན་གྱི་དོན། འགྱུར་གྱི་ཕྱག་གོ །དང་པོ་ལ་གཉིས་ཏེ། མཚན་བསྒྱུར་བ་དང་། མཚན་བཤད་པའོ། །དང་པོ་ནི། སྤྱིར་རྒྱ་གར་ན། པྲ་ཀྲྀ་ཏ་སྟེ་ཡུལ་སོ་སོའམ། རང་བཞིན་ནམ། ཕལ་པའི་སྐད་དང་། དེ་ཉིད་ཟུར་ཆག་པ་ཨ་བ་བྷྲཾ་ཤ་སྟེ་ཟུར་ཆག་གི་སྐད་གཉིས་ནི་རྒྱ་གར་རང་གི་སྐད་ཡིན་ལ། པི་ཤ་ཙི་ནི་ཤ་ཟའི་སྐད་དང་། སཾ་སྐྲྀ་ཏ་ནི་བྱིངས་དང་རྐྱེན་ལེགས་པར་སྦྱར་བས་ན་ལེགས་སྦྱར་ཏེ་ལྷའི་སྐད་ཡིན་ཀྱང་འཕགས་ཡུལ་དུ་དར་བས་རྒྱ་གར་གྱི་སྐད་ཀྱི་མིང་གིས་བཏགས་པའོ། །དེ་ལྟར་བཞི་ལས། འདིར་སཾ་སྐྲྀ་ཏའི་སྐད་དུ། པྲཛྙཱ་ནི་ཤེས་རབ། ན་མ་ནི་ཅེས་བྱ་བའམ་མིང་། མཱུ་ལ་ནི་རྩ་བ། མ་དྷྱེ་མ་ཀ་ནི་དབུ་མ། ཀཱ་རི་ཀཱ་ནི་ཚིག་ལེའུར་བྱས་པའོ། །གཉིས་པ་ནི། མཐའ་གཉིས་སྤངས་པའི་དབུ་མ་སྟོན་པས་ན་དབུ་མ་སྟེ། བརྗོད་བྱ་ལས་བཏགས་པའོ། །སློབ་དཔོན་རང་ཉིད་ཀྱི་དབུ་མའི་བསྟན་བཅོས་རྣམས་སམ། རྗེས་འཇུག་གི་དབུ་མའི་བསྟན་བཅོས་རྣམས་ཀྱི་རྩ་བར་གྱུར་པས་ན་རྩ་བ་སྟེ། ཡོན་ཏན་ལས་བཏགས་པའོ། །གཞུང་ཚིགས་བཅད་དུ་ཡོད་པས་ན་ཚིག་ལེའུ་བྱས་པ་སྟེ། རྗོད་བྱེད་ལས་བཏགས་པའོ། །བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་པས་ན་ཤེས་རབ་སྟེ། བྱེད་ལས་ལས་བཏགས་པའོ། །གཉིས་པ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བའི་པ་ར་མ་ནི་འདི་ལ་དོན་དམ་པའི་ཆོས་མངོན་པ་རྣམ་པར་གཞག་པ་ཞེས་འབྱུང་ཞིང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པས་ན་ལོ་པཎ་བཀས་བཅད་ཀྱི་ཕྱག་ཡིན་ཅིང་སྔ་ཕྱི་གཉིས་ནི་འདོད་པའི་ལྷ་ལ་ཕྱག་འཚལ་བ་ཡིན་པས་གང་འདོད་ཡིན་ནོ། །གཉིས་པ་རྩོམ་བྱེད་དམ་པའི་གཞུང་གི་དོན་ལ་གསུམ་སྟེ། ལྟ་བ་སྟོན་པའི་སྒོ་ནས་མཆོད་པར་བརྗོད། བསྟན་བྱའི་ལྟ་བ་དེ་ཉིད་གཏན་ལ་དབབ། བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཕྱག་བྱ་བའོ། །དང་པོ་ལ་གཉིས་ཏེ། དངོས་སུ་བརྗོད་པ་མཆོད་བརྗོད་ཀྱི་དོན་དུ་བཤད་པ། ཤུགས་ལས་བསྟན་པ་དགོས་འབྲེལ་གྱི་དོན་དུ་བཤད་པའོ། །དང་པོ་ལ་གསུམ་སྟེ། དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ལ་གསུམ་སྟེ། སྤྱིར་ཡུལ་ཁྱད་པར་ཅན་ལ་མཆོད་བརྗོད་བྱས་པའི་དང་། བསྟན་བཅོས་རྩོམ་པའི་སླད་དུ་བྱས་པའི་དང་། གཞུང་ཡི་གེར་བཀོད་པའི་དགོས་པའོ། །དང་པོ་ནི། སྤྱིར་སྟོན་པ་ལ་མཆོད་བརྗོད་བྱས་པས་ཚོགས་གཉིས་རྫོགས་ནས་བྱང་ཆུབ་ཀྱི་རྒྱུ་ཡོངས་སུ་བཟུང་བའོ། །གཉིས་པ་ནི། ཕྱི་ནང་གི་བར་ཆད་ཞི་བས་རྩོམ་པ་མཐར་ཕྱིན་པའོ། །གསུམ་པ་ནི། སྐྱེ་བོ་དམ་པ་རྣམས་ཀྱི་མཛད་སྤྱོད་སྐྱོང་བར་འགྱུར་བའོ། །འདི་ལ་ཉིད་ཀྱིས་དམ་པའི་སྤྱོད་པ་མཛད་པས་རྩོམ་པ་པོ་བདག་ཉིད་དམ་པར་ཤེས་ནས་དེས་བརྩམས་པའི་བསྟན་བཅོས་ལ་གཞན་དག་འཇུག་པར་འགྱུར་བ་དང་། རྩོམ་པའི་སྔོན་དུ་རང་དད་པའི་ལྷ་ལ་མཆོད་པར་བརྗོད་པས་བསྟན་བཅོས་འདི་ཉིད་དགོས་པ་གྱ་ནོམ་པ་དང་ལྡན་པར་ཤེས་ནས་གཞན་དག་འཇུག་པར་འགྱུར་བ་དང་། བསྟན་བཅོས་ཉན་བཤད་བྱེད་པ་རྣམས་ཀྱིས་མཆོད་བརྗོད་ཉན་འཆད་བྱས་པས་དེ་མཐར་ཕྱིན་པར་འགྱུར་བ་དང་། གཞན་དག་ལ་ཡང་བྱ་བ་ཁྱད་པར་ཅན་གྱི་སྔོན་དུ་དཀོན་མཆོག་ལ་མཆོད་བརྗོད་བྱས་ནས་འཇུག་པ་བསླབ་པར་འགྱུར་བ་དང་། མཆོད་བརྗོད་ཉིད་མཐོང་བ་དང་། འདོན་པ་ལ་སོགས་པ་བྱས་པས་བསོད་ནམས་ཐོབ་པའི་སྒོ་ནས་གདུལ་བྱ་གཞན་རྗེས་སུ་འཛིན་པ་དང་གསུམ་ཡོད་དོ། །དེ་ལྟར་ཡང་སློབ་དཔོན་ཉིད་ཀྱིས། བསྟན་བཅོས་བྱེད་པས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །བསྟན་བཅོས་དང་ནི་སྟོན་པ་ལ། །གུས་པ་བསྐྱེད་ཕྱིར་གཞན་དུ་མིན། །ཞེས་གསུངས་སོ། །གཉིས་པ་བསྡུས་དོན་ནི། གང་གིས་དང་། གང་ལ་དང་། ཅི་ལྟར་མཆོད་པར་བརྗོད་པ་དང་གསུམ་མོ། །གསུམ་པ་ཚིག་གི་དོན་ནི་ཕྱག་འཚལ་ཞེས་པ་བཤད་པའི་གཞིར་བླངས་ཏེ། དེ་ལ་གང་གིས་དང་། གང་ལ་དང་། ཅི་ལྟར་ཕྱག་འཚལ་བ་གསུམ་ལས། དང་པོ་ནི། རྩོམ་པ་པོ་སློབ་དཔོན་ཀླུ་སྒྲུབ་བདག་གིས་ཞེས་པ་དོན་གྱིས་ཐོབ་བོ། །གཉིས་པ་ལ་གསུམ་སྟེ། ངོ་བོ་དང་། མཆོག་ཏུ་གྱུར་པ་དང་། དེའི་རྒྱུ་མཚན་ནོ། །དང་པོ་ནི། སྐྱབས་འོས་དཀོན་མཆོག་གི་གཙོ་བོ་རྫོགས་པའི་སངས་རྒྱས་དེ་ལ་ཞེས་པ་སྟེ། སྤྱིར་སངས་རྒྱས་ཀྱི་སྒྲ་ཐེག་པ་གསུམ་གྱི་དགྲ་བཅོམ་གསུམ་ཀ་ལ་འཇུག་ཀྱང་། རྫོགས་པའི་ཞེས་སྨོས་པས་སྤངས་རྟོགས་མ་རྫོགས་པ་ཉན་རང་ལས་ཁྱད་པར་དུ་འཕགས་པ་བཅུ་གཅིག་ཀུན་ཏུ་འོད་ལ་གནས་པའོ། །གཉིས་པ་ནི། དེ་ཁྱད་པར་གྱི་ཆོས་གང་དང་ལྡན་སྙམ་པ་ལ་སྨྲ་རྣམས་ཀྱི་དམ་པ་ཞེས་པ་སྟེ། དེ་ལ་སྨྲ་བ་ནི་རང་གིས་རྟོགས་པའི་དོན་གཞན་ལ་སྟོན་པ་ཡིན་ལ། དེ་ཡང་སྨྲ་བ་པོ་འཇིག་རྟེན་པ་དང་། ཕྱི་རོལ་དང་། སངས་རྒྱས་པའི་སྟོན་པ་གཞན་ལས་ཀུན་སློང་ཐུགས་རྗེ་ཉིད་དང་། ངོ་བོ་སྙན་ཞིང་འཇམ་པ་ཉིད་དང་། བརྗོད་བྱ་བདེན་པ་ཉིད་དང་། འབྲས་བུ་ཕན་པ་ཉིད་དང་། གདུལ་བྱ་ལ་མཚམས་པ་ཉིད་དང་། དུས་སུ་འབྱུང་བ་ཉིད་དང་། དྲི་བོ་ཅོག་ལུང་སྟོན་པ་ཉིད་དེ། ཁྱད་པར་བདུན་གྱིས་ཁྱད་པར་དུ་འཕགས་པས་དམ་པར་གྱུར་པའོ། །དེ་ཉིད་ཀྱིས་ན་སྨྲ་བའི་སེང་གེ་དང་། སྨྲ་བའི་ཟླ་བ་དང་། སྨྲ་བའི་ཁྱུ་མཆོག་དང་། སྨྲ་བའི་རྒྱལ་པོ་ཞེས་ཀྱང་གསུངས་སོ། །གསུམ་པ་ནི་གང་བསྟན་པས་སྨྲ་བ་རྣམས་ཀྱི་དམ་པར་གྱུར་ཅེ་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པས་སྨྲ་བ་རྣམས་ཀྱི་དམ་པར་གྱུར་ཅེས་སྦྱར་ཏེ། འདི་ལ་བསྟན་བྱ་རྟེན་འབྲེལ་གྱི་རང་བཞིན་དང་། དེ་བསྟན་པས་སྨྲ་བ་རྣམས་ཀྱི་དམ་པར་འགྱུར་བའི་ཚུལ་དང་། དེ་བསྟན་པའི་དགོས་པ་དང་གསུམ་ལས། དང་པོ་ལ་ཡང་གསུམ་སྟེ། ཁྱད་པར་གྱི་གཞི། ཁྱད་པར་གྱི་ཆོས་གཞི་དང་། ཆོས་ཀྱི་གཅིག་དང་ཐ་དད་བསམ་པའོ། །དང་པོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་སྐད་དོད་ལ་ལེགས་སྦྱར་གྱི་སྐད་ལ། པྲ་ཏཱི་ཏྱ། ས་མུཏྤཱ་ད་ཞེས་པ་ཡོད་ལ། འདི་ལ་སྒྲ་བསྒྲུབ་པ་དང་། སྒྲ་བཤད་པ་དང་། ལུགས་གཞན་དགག་པ་དང་གསུམ་ལས། དང་པོ་ནི། ཨིཎ་འགྲོ་བ་ལའོ་ཞེས་པའི་བྱིངས་བཞག ཎ་ཡིག་ནི། པན་ལ་ཨིཎ་ཨིང་དག་གི་ག་མིའོ། །ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་དབྱི། ཉེར་བསྒྱུར་པྲ་ཏི་སྔོན་དུ་བཞག ཨ་ལམ་ཁ་ལུ་དག་ལ་དགག་པ་ལ་ཀྟྭཱ་ཡང་ནའོ། །མིང་ལས་སོ། །བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལའོ། །ཞེས་པས་ཀྟྭཱའི་རྐྱེན་བྱིན། ཀ་ཡིག་ནི་ཀ་ལ་ཡཎ་བཞིན་ཡང་སྟེ། ཞེས་པའི་དོན། བསྡུས་བ་ལ་འབྱུང་བ་ལ་ན་གཉིས་མིན་པའི་ཀྟྭཱའི་ཡབ་བོ། །ཞེས་པས་ཏྭ་ཡབ་ཏུ་བཏང་། བ་ཡིག་ནི་བྱིངས་ཀྱི་མཐའ་ས་རྗེས་སུ་འབྲེལ་བ་ལ་ཏའོ། །ཞེས་པའི་དོན་ཡིན་པས་དབྱི། དེ་ཉིད་ཀྱི་ཕྱིར་ཏ་ཨཱ་ག་མ། ཏིའི་ཨི་ཡིག་རིམ་པ་ལས་མ་འདས་པར་འཕྲལ། མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་ལའང་དབྱིའོ། །ཞེས་པས་ཨི་སྔ་མ་རིང་པོ། ཕྱི་མ་དབྱི། རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ། །ཞེས་པས་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། གཞན་ལས་འཇིག་གོ །མི་ཟད་པ་ལས་ཀྱང་ངོ་། །ཞེས་པས་སི་འཇིག་སྟེ། ཀྟྭཱའི་རྐྱེན་ནི་མི་ཟད་པ་ཡིན་པའི་ཕྱིར་རོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲངས་པས། པྲ་ཏཱི་ཏྱ་ཞེས་པའོ། །ཡང་། པ་ར་འགྲོ་བ་ལའོ་ཞེས་པའི་ཁམས་ལ་ཉེར་བསྒྱུར་ས་མ་དང་ཨུཏ་སྔོན་དུ་བཞག ཁམས་མཐའི་ཨ་ཡིག་བརྗོད་པའི་དོན་ཡིན་པས་དབྱི། པད། བཙ། བིཤ། པྲྀཤ། ཨུཙ་རྣམས་ལས་གྷཉའོ། །ཞེས་པས་གྷཉ་རྐྱེན་དུ་བྱིན། ཉ་ཡིག་ནི། གྲུབ་པ་ཉ་ཎ་རྗེས་སུ་འབྲེལ་པ་ལ་ཨི་ཙ་གཞན་དུའོ། །ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་དབྱི། དེ་ཉིད་ཀྱི་ཕྱིར་ཨིན་ཨིཙ་ཨཊ་རྣམས་ཀྱི་ཨའི་ཨུ་པ་དྷཱ་རིང་པོ་ཏེ་ནཱ་མི་རྣམས་ཀྱིའང་འཕེལ་བའོ། །ཞེས་པས་པའི་ཨ་རིང་པོར་སོང་། གྷའི་ཨ་ཡིག་རིམ་པ་ལས་མ་འདས་པར་འཕྲལ། གྷ་ཡིག་ནི་ཙ་ཛ་དག་གི་དྷུ་ཊ་གྷ་རྗེས་སུ་འབྲེལ་བ་ལ་ཀ་གདག་གོ །ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་དབྱི། རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ། །ཞེས་པས་སི་བྱིན། སིའི་ཨི་ཡིག་ནི་སི་ལ་ནུའོ། །ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་དབྱི། རེ་ཕ་དང་ས་དག་གི་རྣམ་པར་བཅད་པའོ་ཞེས་པས། ས་རྣམ་བཅད། གསལ་བྱེད་དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲངས་པས། ས་མུཏྤཱ་དཿཞེས་པའོ། །གཉིས་པ་ནི། པྲ་ཏཱི་ཏྱ་ས་མུཏྤཱ་དཿཞེས་པའི། པྲ་ཏི་ཕྲད་པའི་དོན་དང་། ཨི་ཏི་འགྲོ་བའི་དོན་ལ་འཇུག་པ་ལས། འདིར་ཉེར་བསྒྱུར་གྱི་བྱིངས་ཟིལ་གྱིས་མནན་ནས། པྲ་ཏཱི་ཏྱ། ཞེས་པས་ཕྲད་པ་ཉིད་ལ་འཇུག་སྟེ། སྐད་ཀྱི་བྱིངས་ནི་སྟོབས་ལྡན་ཡང་། །ཉེ་བར་བསྒྱུར་བས་ཟིལ་མནན་འགྱུར། །གངྒཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །ཀྟྭཱའི་ལུས་འགྱུར་ཡ་ནི། ཅིང་ངམ། ཏེའམ། ནས་ཞེས་པའི་ཚིག་ཕྲད་ཀྱི་དོན་ནོ། །སཾ་ནི་ཡང་དག་པ་སོགས་དང་། ཨུ་ཏ་ནི་ཤིན་ཏུ་སོགས་དང་། པཱ་ད་འགྲོ་བ་སོགས་དོན་དུ་མ་ལ་འཇུག་ཀྱང་། ས་མུཏྤཱ་ད། ཞེས་པ། ས་མུཏ་གང་ན་ཡོད་པའི་པཱ་དའི་སྒྲ་ནི་འབྱུང་བ་ཉིད་ལ་འཇུག་སྟེ། དེ་ལྟར་ན་ཕྲད་ཅིང་འབྱུང་བའམ། ཕྲད་དེ་འབྱུང་བའམ། ཕྲད་ནས་འབྱུང་བ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བྱིངས་ལ་ཨིཎ་བཞག་པ་དང་། ཨི་ཏི་འགྲོ་བའི་དོན་ནོ་ཞེས་པ་ལ་འབྲེལ་མེད་དོ་སྙམ་ན། སྐྱོན་མེད་དེ། ཨི་ཏི་ཞེས་པ་ཨི་ཎ་འགྲོ་བ་ལའོ། །ཞེས་པའི་བྱིངས་ཀྱི་མིང་ཡིན་པའི་ཕྱིར། དཔེར་ན། ཛུ་ཧོ་ཏི། ཞེས་པ་ནི་ཧུ་སྦྱིན་པ་དང་། ལེན་པ་དག་ལའོ། །ཞེས་པའི་བྱིངས་ཀྱི་མིང་ཡིན་པ་དང་། ཨིརྟི་ཞེས་པ་རྀ་འགྲོ་བ་དང་། པརྟི་ཞེས་པ་བྲྀ་འགྲོ་བ་ལའོ། །ཞེས་པའི་བྱིངས་ཀྱི་མིང་ཡིན་པ་བཞིན་ནོ། །གསུམ་པ་ལ་གཉིས་ཏེ། འགྲེལ་མཛད་གཞན་གྱི་ལུགས་དགག་པ་དང་། ལེགས་ལྡན་བྱེད་ཀྱི་ལུགས་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་སུན་འབྱིན་པའོ། །དང་པོ་ནི་ཁ་ཅིག ཨི་ཎ་འགྲོ་བའི་བྱིངས་ལ་པྲ་ཏི་སྔོན་དུ་བཞག ཎ་རྗེས་སུ་འབྲེལ། གཞན་ལས་ཀྱང་མཐོང་ངོ་། །ཀྭི་པའིའོ། །ཞེས་པས་ཀྭི་པའི་རྐྱེན་བྱིན། ཀ་ཡིག་ནི་ཀ་ལ་ཡ་ཎ་གཞན་ཡང་སྟེ་ཡ་ལ་བརྗོད་པ་བོར་བའོ། །ཞེས་པའི་དོན་པ་ཡིག་ནི། བྱིངས་ཀྱི་མཐའ་པ་རྗེས་སུ་འབྲེལ་པ་ལ་ཏའོ། །ཞེས་པའི་དོན་དེ་ཉིད་ཀྱི་ཕྱིར། ཏ་ཨཱ་ག་མ་བྱིན། བི་ཡིག་ནི་སྦྱར་བ་མིན་པའི་ཝིའི་དབྱིའོ། །ཞེས་པས་དབྱི། ཨུཏ་དང་གོ་སོགས་ལས་ཡ་ཏའོ། །ཞེས་པས་དེ་ཕན་གྱི་ཡཏ་རྐྱེན་དུ་བྱིན། ཏ་ཡིག་ནི་ཏའི་དེའི་དུས་ཀྱིའོ། །ཞེས་པའི་ཁྱད་པར་གྱི་དོན་ཡིན་པས་དབྱི། ཡང་ན། དེར་ལེགས་པ་ལའང་ཡའོ། །ཞེས་པས། དེ་ཕན་གྱི་ཡ་རྐྱེན་དུ་བྱིན། རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ། །ཞེས་པས་སི་བྱིན། སིའི་ཡིག་རྗེས་འབྲེལ། ས་རྣམ་བཅད་དུ་བཏང་། སྔར་བཞིན་མཚམས་སྦྱར་བས། པྲ་ཏཱི་ཏྱཿ ས་མུཏྤཱ་ད་སྔར་ལྟར་སྦྱིན། མིང་རྣམས་ཀྱི་སྦྱོར་བའི་དོན་ནི་བསྡུ་བའོ། །དེར་གནས་རྣམ་དབྱེ་རྣམས་དབྱི་བར་བྱའོ། །ཞེས་པས་ཚིག་སྡུད་བྱས་ནས་རྣམ་དབྱེ་ཕྱིས་པས། པྲ་ཏཱི་ཏྱ་ས་མུཏྤཱ་ད། ཞེས་པ་སྟེ་པྲ་ཏི་ནི་ཟློས་པ་སྟེ། སོ་སོ་སོ་སོ་དང་། ཨི་ཏི་ནི་འགྲོ་བ་དང་། ཆས་པ་དང་། འཇིག་པའི་དོན་དང་། ཡ་ནི་རུང་བའམ། འོས་པ་སྟེ་སོ་སོ་སོ་སོར་འགྲོ་ཞིང་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་བ་ཞེས་བྱ་བའི་དོན་ཏོ། །ཞེས་འཆད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། སྒྲ་བཤད་ཚུལ་མི་འཐད་པ་དང་། སྒྲ་སྒྲུབ་ཚུལ་མི་འཐད་པའོ། །དང་པོ་ནི། པྲ་ཏཱི་ཏྱ། ས་མུཏྤཱ་ད་ཞེས་པའི་སྒྲའི་དོན་དེ་ལྟར་ཡིན་པ་མི་འཐད་དེ། དགེ་སློང་དག་ངས་ཁྱེད་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པར་བྱའོ། །སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །ཞེས་རྟེན་འབྲེལ་གྱི་སྒྲ་སྤྱིར་འཇུག་པའི་སྐབས་དེར། རྒྱུ་དེ་དང་དེ་ལ་བརྟེན་ནས་འབྲས་བུ་དེ་དང་དེ་འབྱུང་ཞེས་པའི་ཚུལ་གྱིས་རྟེན་འབྲེལ་གྱི་སྒྲ་ཟློས་པ་ལ་འཆད་པ་རིག་ནའང་། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་བྱེ་བྲག་ཏུ་བཀར་ནས་འཆད་པའི་སྐབས་དེར། ཟློས་པའི་དོན་དུ་མི་འཐད་པའི་ཕྱིར་ཏེ། རྒྱུ་མིག་དང་། འབྲས་བུ་རྣམ་པར་ཤེས་པ་གཅིག་བྱེ་བྲག་ཏུ་བཀར་ནས་བསྟན་པའི་ཕྱིར་རོ། །གལ་ཏེ་སེམས་ཅན་མང་པོ་ཡོད་པ་བཞིན་དུ་དེའི་མིག་དང་མིག་གི་རྣམ་པར་ཤེས་པ་ཡང་མང་པོ་ཡོད་པས་སྐབས་དེར་ཡང་ཟློས་པའི་དོན་དུ་འཐད་དོ་ཞེ་ན། དེས་ཀྱང་སྐྱོན་སྤོང་མི་ནུས་ཏེ། མིག་གཅིག་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་གཅིག་སྐྱེ་བ་ཁས་ལེན་དགོས་ལ། དེའི་ཚེ་ཟློས་པའི་དོན་དུ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། ཙཀྵུ་པྲ་ཏཱི་ཏྱ་རཱུ་པན་ཞེས་པ་ལ། རྣམ་དབྱེ་བདུན་པའི་གཅིག་ཚིག་ངི་བྱིན། ངིའི་ཨི་ཡིག་རིམ་པ་ལས་མ་འདས་པར་འཕྲལ། ང་རྗེས་འབྲེལ། ར་ཥི་རའི་ཡི་གེ་རྣམས་ལས་མཐའ་མིན་པའི་ནའི་ཎ་སྟེ། ཞེས་པས་ན་ཎར་སོང་། གསལ་བྱེད་དབྱངས་མེད་ཕ་རོལ་གྱི་ཡི་གེར་དྲངས་པས་ཎི། དེའི་ཚིག་གྲོགས་མི་ཟད་པའི་ཙ་དང་། ཙཀྵུརྦི་ཛྙཱ་ན་ཞེས་པ་ལ། རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། མ་ནིང་ལས་སི་ཨཾ་དག་གི་དབྱི་སྟེ་དེ་ལ་བརྗོད་པའང་མ་ཡིན་ནོ། །ཞེས་པས་སི་དབྱི། ཨ་ཡིག་ལས་སམ་བུ་དྷི་མིན་པ་ལ་མུའང་ངོ་། །ཞེས་པས་མུ་ཨཱ་ག་མ་བྱིན། ཨུ་ཡིག་ནི་ཨཱ་ག་མ་ཨུཏ་རྗེས་སུ་འབྲེལ་པ་དབྱངས་མཐའ་ལས་ཕ་རོལ་ཏུའོ། །ཞེས་པའི་དོན་ཡིན་པས་དབྱི། འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་འཛིན་པ་གྲུབ་བོ། །ཞེས་པས་མ་རྗེས་སུ་ང་རོར་བཏང་། དེའི་ཚིག་གྲོགས་ཨུཏྤཱ་ད་ཞེས་པ་སྦྱར་བས། ཙཀྵུ་པྲ་ཏཱི་ཏྱ་རཱུ་པ་ཎི་ཙ་ཙཀྵུརྦི་ཛྙཱ་ནཾ་ཨུཏྤཱ་ད། ཞེས་པ་ནི། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་པ་ཡིན་ལ། དེ་ལ་ཁྱེད་ལྟར་ན་ཏྱ་ཞེས་པའི་ཕ་རོལ་ན་སི་བྱིན་པའི་རྣམ་དབྱེ་མངོན་པར་ཐལ་ཏེ། དེ་མི་ཟད་པ་ལས་འཇིག་པ་ཡང་མ་ཡིན། ཚིག་སྡུད་བྱས་ནས་ཕྱིས་པ་ཡང་མིན་པའི་ཕྱིར་ཏེ། རྟགས་དང་པོ་ཁས་བླངས་ཏེ། ཏྱའི་ཡ་ཡིག་དེ་ཕན་གྱི་རྐྱེན་དུ་འདོད་པའི་ཕྱིར་རོ། །གཉིས་པ་གྲུབ་སྟེ། རཱུ་པ་ནི་ཞེས་པའི་ཚིག་གིས་བར་ཆོད་པའི་ཕྱིར་དང་། བདུན་པའི་རྣམ་དབྱེ་དང་། མ་ནིང་ལ་སི་མུ་བྱས་པའི་རྣམ་དབྱེ་མངོན་པའི་ཕྱིར་རོ། །དེས་ན་ཁྱེད་ལྟར་ན་པྲ་ཏཱི་ཏྱཾ་རཱུ་པ་ཎི་ཞེས་མ་ནིང་ལ་སི་མུ་བྱས་པའི་རྣམ་དབྱེའི་རྗེས་མངོན་པར་ཁས་ལེན་དགོས་སོ། །གཉིས་པ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། སློབ་དཔོན་ལེགས་ལྡན་བྱེད་ན་རེ། ཁ་ཅིག་པྲ་ཏཱི་ཟློས་པའི་དོན་ནོ། །ཨི་ཏི་ཕྲད་པའི་དོན་ནོ། །ཞེས་ཟེར་རོ། །ཞེས་པའི་སངས་རྒྱས་བསྐྱངས་ཀྱི་འདོད་པ་བརྗོད་ནས། དེ་ནི་མི་འཐད་དེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་པའི་སྐབས་དེར་ཕྲད་པའི་དོན་བཤད་དུ་མེད་པའི་ཕྱིར་རོ། །དེས་ན་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཏེ། ཞེས་པའི་ཚུལ་གྱིས་རྐྱེན་འདི་ཙམ་དང་ལྡན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །ཞེས་འཆད་པར་བྱེད་དོ། །གཉིས་པ་ལ་གཉིས་ཏེ། གཞན་གྱི་ཕྱོགས་སྔ་བསུ་བ་ལ་མི་མཁས་པ་དང་། རང་ལུགས་བཞག་པ་ལ་མི་མཁས་པའོ། །དང་པོ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བཞེད་པ་དེ་ལྟར་མིན་ཏེ། པྲ་ཏི་ཕྲད་པའམ། བརྟེན་པའམ། ལྟོས་པའི་དོན་དང་། ཨི་ཏི་འགྲོ་བའི་དོན་དང་། དེ་གཉིས་སྡོམ་ནས་མི་ཟད་པའི་རྐྱེན་ལྱས་ཀྱི་མཐའ་ཅན་དུ་བྱས་པའི། པྲ་ཏཱི་ཏྱ་ཞེས་པ་ནི། ཕྲད་ནས་སམ། བརྟེན་ནས་སམ། ལྟོས་ནས་ཞེས་པའི་དོན་དུ་བཞེད་པའི་ཕྱིར། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་པ་དེར་ཕྲད་པའི་དོན་མེད། ཞེས་པ་དེར་ལུང་དང་རིགས་པའི་སྒྲུབ་བྱེད་མ་བསྟན་པས་དམ་བཅའ་ཙམ་དུ་ཟད་དོ། །གལ་ཏེ་རྣམ་པར་ཤེས་པ་ནི་མིག་དང་ཕྲད་པ་ཡོད་པ་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུགས་ཅན་རྣམས་ཁོ་ན་ལ་ཕྲད་པ་མཐོང་བའི་ཕྱིར་རོ། །ཞེ་ན་དེ་ཡང་མི་འཐད་དེ། དགེ་སློང་འདིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅེས་གཟུགས་ཅན་མིན་པ་ལའང་ཕྲད་པ་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཁྱེད་རང་གི་ལུགས་བཞག་པ་དེ་ཡང་མི་འཐད་དེ། པྲ་ཏཱི་ཏྱ་དང་། ས་མུཏྤཱ་དའི་སྒྲའི་དོན་སོ་སོར་མ་བཤད་པའི་ཕྱིར་རོ། །གལ་ཏེ་པྲ་ཏཱི་ཏྱ་ས་མུཏྤཱ་ད་ཞེས་པ་ནི་བཤད་པ་རྒྱུ་མཚན་ཅན་གྱི་སྒྲ་མ་ཡིན་ཏེ། འཇུག་པ་རྒྱུ་མཚན་ཅན་གྱི་འདོད་པའི་རྒྱལ་བའི་སྒྲ་ཡིན་པའི་ཕྱིར། སློབ་དཔོན་གྱིས། འདི་ཡོད་པས་ནི་འདི་འབྱུང་དཔེར། །ཐུང་དུ་ཡོད་ན་རིང་པོ་བཞིན། །ཞེས་གསུངས་པའི་ཕྱིར་ཞེ་ན། ལུང་དེ་ལས་ངེད་ཀྱི་ལུགས་གྲུབ་པ་ཡིན་ཏེ། ཐུང་དུ་དང་ཕྲད་ཐུང་ངུ་ལ་བརྟེན། ཐུང་དུ་ལ་ལྟོས་ནས་རིང་པོར་འབྱུང་བར་བསྟན་པའི་ཕྱིར། བཤད་པ་རྒྱུ་མཚན་ཅན་གྱི་སྒྲ་མིན། ཞེས་པའང་མི་འཐད་དེ། སློབ་དཔོན་གྱིས། དེ་དང་དེ་བརྟེན་གང་འབྱུང་བ། །རང་གི་ངོ་བོ་དེ་མ་སྐྱེས། །ཞེས་བཤད་པ་རྒྱུ་མཚན་ཅན་དུ་གསལ་བར་གསུངས་པའི་ཕྱིར་རོ། །གཉིས་པ་ཁྱད་པར་གྱི་ཆོས་ལ་གསུམ་སྟེ། ཁྱད་ཆོས་བརྒྱད་པོ་སོ་སོའི་ངོ་བོ་ངོས་བཟུང་། བརྒྱད་དུ་གྲངས་ངེས་པའི་ཚུལ། གོ་རིམ་མི་འཐད་པ་སྤང་བའོ། །དང་པོ་ནི། ཤུགས་ལ་ཀུན་རྫོབ་ཏུ་འགག་པ་སོགས་སྒྲུབ་པ་བརྒྱད་པོ་ཁྱད་པར་གྱི་ཆོས་སུ་བསྟན་མོད། འདིར་དངོས་སུ་བསྟན་པ་ནི་འགག་པ་མེད་པ་ལ་སོགས་པ་བཀག་ཆོས་ཀྱི་ཁྱད་པར་བརྒྱད་དོ། །དེ་ལ་བཀག་ཆོས་ཐམས་ཅད་དགག་བྱ་ངོས་བཟུང་བ་ལ་རགས་ལས་པས་འདི་འགག་པ་ནི་བྱེད་པ་དང་ལས་སུ་བསྒྲུབ་པ་མ་ཡིན་གྱི་འགག་པས་ན་འགག་པ་སྟེ། རྫས་སྐད་ཅིག་མར་འཇིག་པའི་བྱ་བའོ། །སྐྱེ་བས་ན་སྐྱེ་བ་ཏེ་སྔར་མེད་གསར་དུ་སྐྱེ་བའོ། །ཆད་པས་ན་ཆད་པ་སྟེ། དངོས་པོའི་རྒྱུན་ཆད་པའོ། །རྟག་པ་ནི་རྒྱུན་མི་འཇིག་པར་གནས་པའོ། །འོང་བ་ནི་ཡུལ་ཐག་རིང་བ་ན་གནས་པ་རྣམས་ཉེ་བར་འོང་བའོ། །འགྲོ་བ་ནི་ཡུལ་ཐག་ཉེ་བ་ན་གནས་པ་རྣམས་རིང་བར་འགྲོ་བའོ། །ཐ་དད་པའི་དོན་ནི་དོན་ངོ་བོའམ་དངོས་པོ་ཐ་དད་པའོ། །དོན་གཅིག་པ་ནི་དོན་ངོ་བོའམ། དངོས་པོ་ཐ་མི་དད་ཅིང་གཅིག་པའོ། །འདི་དག་དོན་དམ་པར་མེད་པ་ཡིན་ནམ། འོན་ཏེ་ཀུན་རྫོབ་ཏུ་ཡང་མེད་པ་ཡིན་ཞེ་ན། འགྲེལ་བྱེད་ཁ་ཅིག རྟག་ཆད་གཉིས་ནི་ཐ་སྙད་དུ་ཡང་མེད་ལ། གཞན་རྣམས་ནི་དོན་དམ་པར་མེད་པ་ཡིན་ཅེས་འཆད་ཀྱང་ཟླ་བའི་བཞེད་པ་ནི་སྐྱེ་འགག་སོགས་བརྒྱད་ཆར་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ལ་སྣང་བ་ནི་ཐ་སྙད་བདེན་པ་ཡིན་ལ། དེ་ཉིད་ལ་རིག་པས་དཔྱད་པའི་ཚེ་མ་རྙེད་པ་ནི་འདིར་དངོས་སུ་བསྟན་པའི་ཁྱད་ཆོས་ཡིན་ཞིང་། དེའི་འོག་ཏུ་སྐྱེ་འགག་སོགས་སུ་སྣང་བ་ནི་སྒྱུ་མ་ལ་སོགས་པ་དང་མཚུངས་པ་མེད་བཞིན་དུ་འཁྲུལ་ངོར་སྣང་བར་བཞེད་དོ། །གལ་ཏེ་དགག་བྱ་བདེན་པའི་སྐྱེ་འགག་སོགས་མ་གྲུབ་མོད། དེ་དག་བཀག་པའི་དགག་ཆོས་ཙམ་ཞིག་ཡོད་དམ་མེད། ཡོད་ན་དོན་དམ་པར་བཀག་པའི་སྤྲོས་པ་གྲུབ་པར་འགྱུར་ལ། མེད་ན་རྟེན་འབྲེལ་ལ་བདེན་པའི་སྐྱེ་འགག་སོགས་གྲུབ་པར་འགྱུར་རོ་ཞེ་ན། འདི་ལ་བློའི་རིམ་པ་གཉིས་ལས། སྐྱེ་འགག་སོགས་དགག་བྱའི་གཙོ་བོར་བྱེད་པའི་ཚེ་བཀག་པ་ཙམ་ཞིག་གྲུབ་པ་ལ་འགལ་བ་མེད་དེ། སྐྱེ་སོགས་དགག་བྱར་བྱས་ནས་སྐྱེ་མེད་སོགས་ལ་ངེས་ཤེས་དྲངས་པའི་སྐབས་ཡིན་པའི་ཕྱིར་རོ། །འོ་ན་བཀག་པ་དེ་ཉིད་གནས་ལུགས་སུ་གྲུབ་བམ་སྙམ་པ་ལ། འདིར་ནི་ཡོད་ཉིད་འགོག་ཡིན་གྱི། །མེད་ཉིད་བསྒྲུབ་པ་མ་ཡིན་ནོ། །ཞེས་དང་། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ནི་བཀག་མེད་གསལ། །ཞེས་པའི་ཚུལ་གྱིས་དེ་ཉིད་ལ་དཔྱད་པའི་ཚེ་བཀག་པ་ཉིད་ཀྱང་མ་གྲུབ་སྟེ། དེ་དགག་བྱར་བྱེད་པའི་ཕྱིར་དང་། དཔྱད་པའི་ཚེ་མི་རྙེད་པའི་ཕྱིར་རོ། །གཉིས་པ་ནི། འདིར་བཀག་ཆོས་ཀྱི་ཁྱད་པར་བརྒྱད་ཁོ་ན་སྨོས་པ་ནི། འགྲེལ་པར་མཚོན་པའམ་སྲིད་པ་ཙམ་བགྲངས་པ་མ་ཡིན་གྱི་འདི་དག་ཁོ་ན་གཙོ་བོར་རྩོད་པའི་གནས་སུ་འགྱུར་བའི་ཕྱིར་རོ། །ཞེས་བཤད་པ་ལ། ཁ་ཅིག དེའི་དགོངས་པ་དགག་བྱ་བརྒྱད་པོ་འདི་དག་རྣམ་པ་གསལ་བས་ན་འདི་དག་ལ་མངོན་ཞེན་ཆེ་བའི་ཕྱིར་རྩོད་པའི་གཞིར་གྱུར་ཞེས་འཆད། ཁ་ཅིག་རང་གི་སྡེ་པ་ལ་གྲགས་པའི་སྐྱེ་འགག་གཉིས། གཞན་གྱི་སྡེ་པ་ལ་གྲགས་པའི་རྟག་ཆད་གཉིས། འཇིག་རྟེན་ལ་གྲགས་པའི་ཕྱི་མ་བཞི་གཙོ་ཆེ་བས་དགག་བྱ་བརྒྱད་སྨོས་པ་ཡིན་ནོ། །ཞེས་འཆད་དོ། །གསུམ་པ་ནི། ཆོས་གཅིག་གི་སྐྱེ་གནས་འགག་པ་རིམ་པ་བཞིན་འབྱུང་བས་སྐྱེ་བ་སྔོན་དུ་སྨོས་པར་རིག་གོ་ཞེ་ན། འགག་པ་ལ་སྐྱེ་བ་སྔོན་དུ་འགྲོ་དགོས་མོད་ཀྱི་འབྲས་བུ་སྐྱེ་བ་ལ་ཡང་རྒྱུ་འགག་པ་སྔོན་དུ་འགྲོ་དགོས་པས། སྐྱེ་འགག་ལ་སྔ་ཕྱིའི་གོ་རིམ་ངེས་པ་མེད་པར་བསྟན་པའི་དོན་ཡིན་ཏེ། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ཡིན་ན། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་གཞི་དང་ཆོས་ཀྱི་གཅིག་དང་ཐ་དད་བསམ་པ་ནི་སྔ་རབས་པ་དག རྣམ་གྲངས་པ་མ་ཡིན་པའི་དོན་དམ་བདེན་པ་དང་། ཆོས་ཅན་རྟེན་འབྲེལ་ནི་ངོ་བོ་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་ལ། རིག་ངོར་སྐྱེ་སོགས་བཀག་པའི་རྣམ་གྲངས་ཀྱི་དོན་དམ་པ་དང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཞེས་གསུངས་ཀྱང་ས་བོན་ལས་མྱུ་གུ་སྐྱེ་བ་ལ་མཐའ་བཞིར་རིག་པས་དཔྱད་པའི་ཚེ་ཆོས་ཅན་རྟེན་འབྲེལ་ཉིད་ཀྱང་མི་རྙེད་པས། འདི་ལ་ཡང་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པ་ཡང་ལེགས་སོ། །གཉིས་པ་དེ་བསྟན་པས་སྨྲ་བ་རྣམས་ཀྱི་དམ་པར་འགྱུར་བའི་ཚུལ་ནི། རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དེ་ཉིད་ཤེས་བྱ་ལ་ཁྱབ་པའི་ལུས་ཡིན་པས་བདེན་པར་སྨྲ་བ་དང་། དེ་བསྟན་པས་རྟག་ཆད་ལ་སོགས་པའི་ལྟ་བ་ངན་པ་སེལ་བས་གདུལ་བྱ་ལོག་རྟོག་ཅན་ཚར་གཅོད་པ་དང་། ཉེས་པ་ཐམས་ཅད་ཀྱི་རྩ་བ་གཏི་མུག་གི་གཉེན་པོ་ཡིན་པས་གདུལ་བྱ་མ་རྟོགས་པ་རྗེས་སུ་འཛིན་པར་བྱེད་པ་ཡིན་ལ། དེའི་རྣམ་པ་མ་ལུས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་ནས་གསུངས་པ་དེ་བཞིན་གཤེགས་པ་ཉག་གཅིག་ཡིན་པའི་ཕྱིར། ཞེས་སྔ་རབས་པ་དག་འཆད་པ་ནི་ཤིན་ཏུ་ལེགས་སོ། །གསུམ་པ་དེ་བསྟན་པའི་དགོས་པ་ནི། དེ་བསྟན་པ་ལ་བརྟེན་ནས་གདུལ་བྱ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ཀྱིས་ཉམས་སུ་བླངས་པས་མཉམ་བཞག་སྣང་བ་མེད་པའི་ཤེས་རབ་ཀྱིས་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དང་། རྗེས་ཐོབ་སྣང་བཅས་ཀྱི་ཡེ་ཤེས་ཀྱིས་སྒྱུ་མ་ལྟ་བུའི་ཆོས་ཅན་རྟེན་ཅིང་འབྲེལ་བར་འབྱུང་བ་ཅི་ལྟར་གནས་པ་བཞིན་མངོན་སུམ་དུ་གཟིགས་པས། རྒྱུ་ཤེས་པ་ཤེས་བྱ་དང་། བརྗོད་བྱ་རྗོད་བྱེད་ལ་སོགས་པའི་གཉིས་འཛིན་ཉེ་བར་ཞི་བའི་ས་བཅུའི་ཡེ་ཤེས་ཐོབ་པ་ནི་གནས་སྐབས་ཀྱི་དགོས་པ་ཡིན་ལ། བློ་དེའི་ངོ་ན་རྟེན་འབྲེལ་སྤྲོས་པ་ཉེར་ཞིའི་རང་བཞིན་དུ་འདུག་པས་རྟེན་འབྲེལ་དེ་ཉིད་ལ་ཡང་སྤྲོས་པ་ཉེར་ཞི་ཞེས་བྱའོ། །དེ་ལྟར་གོམས་པས། སངས་རྒྱས་ཀྱི་སར་སེམས་དང་སེམས་ལས་བྱུང་བའི་འཁྲུལ་པ་མ་ལུས་པ་ལོག་པའི་སྒོ་ནས་སྐྱེ་རྒ་ན་འཆི་ལ་སོགས་པ་འབྲས་བུ་མ་ལུས་པ་ཉེ་བར་ཞི་བའི་ཆོས་སྐུ་ཐོབ་པ་ནི་མཐར་ཐུག་གི་དགོས་པའོ། །བློ་དེའི་ངོ་ན་རྟེན་འབྲེལ་དེ་ཉིད་དགག་བྱ་དེ་དག་ཞི་བའི་རང་བཞིན་དུ་གནས་པས་རྟེན་འབྲེལ་དེ་ཉིད་ལ་ཡང་ཞི་བ་ཞེས་བྱའོ། །གསུམ་པ་དེ་ལ་ཇི་ལྟར་ཕྱག་འཚལ་བའི་ཚུལ་ནི། ཕྱག་འཚལ་ལོ་ཞེས་པ་སྟེ་སྒོ་གསུམ་འདུད་པའོ། །གཉིས་པ་ཤུགས་ལས་བསྟན་པ་དགོས་འབྲེལ་གྱི་ངག་བཤད་པ་ལ་དགོས་འབྲེལ་བཞི་ངོས་བཟུང་བ། དེ་ངག་འདིས་ཅི་ལྟར་བསྟན་པའི་ཚུལ། བཞི་ཉིད་དུ་གྲངས་ངེས་པའི་རྒྱུ་མཚན་དང་གསུམ་ལས། དང་པོ་ནི། སྤྱིར་བསྟན་བཅོས་ཀྱི་བརྗོད་བྱ་དང་། དགོས་པ་དང་། དགོས་པའི་དགོས་པ་དང་། འབྲེལ་པ་དང་བཞི་ནི། གཞུང་དེས་གཙོ་བོར་གཏན་ལ་དབབ་བྱ་དང་། གཞུང་དེ་ལ་བརྟེན་ནས་དེ་རྟོག་པ་དང་། དེ་ལས་མཐར་དམིགས་ཡུལ་གྱི་འབྲས་བུ་ཐོབ་པ་དང་། དེ་བསྟན་བཅོས་ལ་རག་ལས་པ་དང་བཞི་ཡིན་ལ། བྱེ་བྲག་ཏུ་བསྟན་བཅོས་འདིའི་དེ་བཞི་ནི་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་། གཞུང་འདི་ཙམ་གྱིས་དེ་རྟོགས་པ་དང་། དེ་བསྒོམ་པ་ལས་གནས་སྐབས་ས་བཅུ་དང་། མཐར་ཐུག་སངས་རྒྱས་ཐོབ་པ་དང་། དེ་རིམ་གྱིས་བསྟན་བཅོས་ལ་རག་ལས་པ་རྣམས་ཡིན་ནོ། །གཉིས་པ་ནི། དོན་གཅིག་མིན་ཞེས་པ་ཡན་ཆད་ཀྱིས་བརྗོད་བྱ་དང་། བསྟན་ཞེས་པ་བསྟན་པའི་འབྲས་བུ་རྟོགས་པ་འཕེན་པས་དགོས་པ་དང་། སྤྲོས་པ་ཉེར་ཞི་ཞི་ཞེས་པས་དགོས་པའི་དགོས་པ་དང་། འབྲེལ་པ་ཤུགས་ལ་བསྟན་ཏེ། བཞི་ཀ་ཡང་སྟོན་པ་ལ་བསྟོད་པའི་ངག་གིས་ཤུགས་ལ་བསྟན་པ་ཡིན་ནོ། །གསུམ་པ་ནི། ཅིའི་ཕྱིར་བཞིར་གྲངས་ངེས་ཤེ་ན། བསྟན་བཅོས་ལ་འཇུག་པའི་གེགས་ལོག་རྟོག་ལ་བརྗོད་བྱ་མེད་དམ་སྙམ་པ་དང་། ཡོད་ཀྱང་འདོད་བྱ་མིན་ནམ་སྙམ་པ་དང་། འདོད་བྱ་ཡིན་ཀྱང་འདིས་སྒྲུབ་མི་ནུས་སམ་སྙམ་པ་དང་། སྒྲུབ་ནུས་ཀྱང་འདི་ཉིད་དང་འབྲེལ་པ་མེད་དམ་སྙམ་པའི་ལོག་རྟོག་བཞི་ཡོད་པས་དེ་སེལ་བ་ལ་རྣམ་པ་བཞིར་གྲངས་ངེས་སོ། །གཉིས་པ་བསྟན་བྱའི་ལྟ་བ་དེ་ཉིད་གཏན་ལ་དབབ་པ་ལ་གསུམ་སྟེ། རྟེན་འབྲེལ་ཀྱི་ཁྱད་ཆོས་བཤད་པ། ཁྱད་གཞི་རྟེན་འབྲེལ་བཤད་པ། རྟེན་འབྲེལ་ཁྱད་པར་ཅན་རྟོགས་པའི་ཕན་ཡོན་བཤད་པའོ། །དང་པོ་ལ་གསུམ་སྟེ། ཁྱད་ཆོས་གཙོ་བོ་བཤད་པ། ཁྱད་ཆོས་གཞན་བཤད་པ། དེ་ལ་ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ལ་གཉིས་ཏེ། སྐྱེ་བ་དགག་པ། འགྲོ་འོང་དགག་པའོ། །དང་པོ་ལ་གསུམ་སྟེ། རབ་བྱེད་ཀྱི་འབྲེལ། རབ་བྱེད་ཀྱི་གཞུང་། རབ་བྱེད་ཀྱི་མཚན་བསྟན་པའོ། །དང་པོ་ལ་ཟབ་མོ་མདོའི་འབྲེལ་ནི། བཅོམ་ལྡན་འདས་ཉིད་ཀྱི་སློབ་དཔོན་ཀླུ་སྒྲུབ་ཐེག་པ་ཆེན་པོའི་ཚུལ་གསལ་བར་བྱེད་པར་ལུང་བསྟན་པས། འདིའི་རབ་ཏུ་བྱེད་པ་ཐམས་ཅད་ཀྱིས་ཀྱང་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་སྙིང་པོའི་དོན། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་རིག་པའི་སྒོ་ནས་གཏན་ལ་འབེབས་པར་བྱེད་པ་ཡིན་ལ། བསྟན་བཅོས་ཀྱི་འབྲེལ་ནི་མ་སྐྱེས་པ་ལ་ཁྱད་པར་གྱི་ཆོས་འགག་པ་ལ་སོགས་པ་མི་འཐད་པས། འགག་པ་དང་། ཆད་པ་དང་། རྟག་པ་ཤུགས་ལ་དགག་པར་བྱ་བའི་ཕྱིར་སྐྱེ་བ་འགོག་པ་ཐོག་མར་གསུངས་པ་ཡིན་ནོ། །དེ་ལྟར་རབ་ཏུ་བྱེད་པ་འདིས་རིག་ངོར་སྤྲོས་པའི་མཐའ་བཞི་ཁེགས་པས་ཆོས་ཉིད་དོན་དམ་ནམ་མཁའ་ལྟར་རྟོགས་པ་སྣང་མེད་ཀྱི་ཤེས་རབ་དང་། སྐྱེ་འགག་ལ་སོགས་པར་སྣང་བའི་ཆོས་ཐམས་ཅད་དཔྱད་ན་མི་འཐད་བཞིན་དུ་སྣང་བ་ཀུན་རྫོབ་ཏུ་གྲུབ་པས་ཆོས་ཅན་ཀུན་རྫོབ་སྒྱུ་མ་ལྟར་རྟོགས་པ་སྣང་བཅས་ཀྱི་ཤེས་རབ་བསྐྱེད་པར་བྱེད་པ་ཡིན་ནོ། །ཡང་ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་པའི་རིམ་པ་ལྟར་ན་ཐོག་མར་སྐྱེ་བ་ཐ་སྙད་བདེན་པ་ཁས་བླངས་ནས་དེ་ཉིད་ལ་རིག་པས་དཔྱད་པའི་ཚེ་སྐྱེ་བ་ཉིད་ཀྱང་མ་རྙེད་པའི་དོན་དམ་བདེན་པ་རྟོགས་པའི་བློ་སྐྱེ་བ་སྟེ། ཚུལ་འདི་དག་ནི་རབ་བྱེད་འོག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་སྒྲུབ་པ་ལ་གཉིས་ཏེ། མཐའ་བཞིའི་སྐྱེ་བ་སྤྱིར་དགག གཞན་ལས་སྐྱེ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་གསུམ་སྟེ། དམ་བཅའ་བ་སྤྱིར་བསྟན། དེ་རིགས་པས་བསྒྲུབ། བཀག་པ་ལ་སྐྱོན་སྤང་བའོ། །དང་པོ་ནི། བདག་ལས་མ་ཡིན་ཅེས་སོགས་ཚིགས་བཅད་གཅིག་སྟེ། འདི་ལ་དམ་བཅའ་བ་བཞི་པོའི་ཚིག་བཤད་པ། སྐྱེ་བ་འགོག་པའི་དམ་བཅའ་བཞིར་གྲངས་ངེས་པར་བསམ་པ། དབུ་མ་པ་ལ་དམ་བཅའ་མེད་པ་དང་འགལ་བ་སྤང་བ་གསུམ་ལས། དང་པོ་ནི། གཞན་དག་ཕྱེད་ཕྱི་མས་བསྒྲུབ་བྱ་དང་། སྔ་མས་གཏན་ཚིགས་བསྟན་པས་བསྒྲུབ་བྱ་སྒྲུབ་བྱེད་དུ་འཆད་པ་ལྟར་ནི་མ་ཡིན་ཏེ། མཐའ་བཞིའི་སྐྱེ་བ་མེད་པར་གྲུབ་པའི་ཚེ་སྤྱིར་སྐྱེ་བ་ཙམ་ཡང་མེད་པར་གྲུབ་པས་བསྒྲུབ་བྱ་སྒྲུབ་བྱེད་དུ་སྦྱར་པ་དོན་མེད་པའི་ཕྱིར་དང་། ཕྱེད་སྔ་མ་ལ་རྟགས་སུ་སྟོན་པའི་བྱེད་ཚིག་མེད་པས་ཡི་གེའི་དོན་མ་ཡིན་པའི་ཕྱིར་རོ། །དེས་ན་འདིར་ཕྱི་ནང་གི་དངོས་པོ་གང་དག ཡུལ་དང་གྲུབ་མཐའ་གང་ན་ཡང་བདག་ལས་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཞེས་སོགས་ཀྱིས་དམ་བཅའ་བཞི་སྟོན་ཏེ། གང་དག་ནི་བརྟེན་པ་ཕྱི་ནང་གི་དངོས་པོ་བརྗོད་པའི་ཚིག་སྟེ། སུ་དག་ཅེས་པའི་རྣམ་གྲངས་སོ། །གང་ན་ཡང་ནི་རྟེན་གྱི་ཚིག་སྟེ། ཡུལ་ལ་མ་གྲུབ་པའི་མཐའ་འགའ་ཞིག་ན་ཞེས་པའི་དོན་ཏོ། །ནམ་ཡང་ནི་དུས་ཀྱི་ཚིག་སྟེ། གཞར་ཡང་ཞེས་པའི་དོན་ཏོ། །འོ་ན་དགག་ཚིག་སྔ་མ་བཞི་ལས་ལོགས་སུ་ཐ་མའི་དགག་ཚིག་ཅིའི་ཕྱིར་སྟོན་སྙམ་ན། འདི་ལ་རྨ་བྱས་མཐར་གནས་ཀྱི་མ་ཡིན་མི་མངོན་པར་བྱས་ལ་གཞུང་འགའ་ཞིག་ལས། དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་པ་ལྟ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །ཞེས་འདོན་པ་ལྟར་འདོན་པ་བསྒྱུར་བར་བྱ་ཞེས་གསུངས་ཀྱང་། གཞུང་དེ་ལྟར་འདོན་པ་འགའ་ཡང་མི་སྣང་བས། ཕྱེད་ཕྱི་མས་ཕྱེད་སྔ་མ་ལ་མ་ལྟོས་པའི་ཚེ། སྐྱེ་བ་ཙམ་བཀག་པའི་དམ་བཅའ་སྟོན་པའི་ཆེད་དུ་གཞུང་དེ་ལྟར་བཀོད་པ་ཡིན་པར་མངོན་ནོ། །གཉིས་པ་ནི། གྲངས་ཅན་དང་། རང་སྡེ་དངོས་པོར་སྨྲ་བ་དང་། གཅེར་བུ་པ་དང་། རྒྱང་འཕེན་པ་ལ་མཐའ་བཞིའི་སྐྱེ་བ་གྲགས་ཤིང་སྐྱེ་བ་ལ་དངོས་སུ་གྲགས་པའི་ལོག་རྟོག་ལྔ་པ་མེད་པས་དངོས་སུ་གྲགས་པའི་ལོག་རྟོག་འགོག་པ་ལ་བཞི་འཚམས་པས་སམ། གྲུབ་མཐའ་ལ་མ་ཞུགས་པ་ལ་སྐྱེ་བའི་དོགས་པའི་མཐའ་བཞི་ཁོ་ན་མཚམས་པས་དེ་དགག་པའི་དམ་བཅའ་ཡང་བཞིར་མཛད་པ་ཡིན་ཏེ། སྐྱེ་བ་ཙམ་ལ་རྒྱུ་ལ་ལྟོས་མི་ལྟོས་གཉིས། ལྟོས་པ་ལ་རྒྱུ་ཙམ་ལ་འབྲས་བུ་དང་། རྫས་ཐ་དད་དང་། རྫས་གཅིག་པ་གཉིས་སུ་ངེས་པས་འབྲས་བུ་དང་རྫས་གཅིག་པ་ཁོ་ནའི་དང་། ཐ་དད་པ་ཁོ་ནའི་དང་། དེ་གཉིས་ཀ་ལས་སྐྱེ་བའི་དོགས་པ་གསུམ་སྲིད་ཅིང་། དོགས་པ་གཞན་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི་དེ་ལྟར་དམ་བཅའ་བཞི་སྟོན་ན་རྩོད་བཟློག་ལས་དབུ་མ་པ་ལ་དམ་བཅའ་མེད་པར་གསུངས་པ་དང་འགལ་ལོ་སྙམ་ན། འདིའི་ལན་ལ། པ་ལོས། དམ་བཅའ་མེད་པར་གསུངས་པ་ནི་ཡོངས་གཅོད་སྒྲུབ་པའི་དམ་བཅའ་མེད་པ་ཡིན་གྱི། རྣམ་བཅད་དགག་པའི་དམ་བཅའ་ཙམ་ཡང་མེད་པ་མ་ཡིན་པས། མི་འགལ་ལོ་ཞེས་དང་། བྱང་ཡེས་རྣམ་བཅད་དགག་པའི་དམ་བཅའ་ཡང་ཕ་རོལ་གྱི་ལོག་རྟོག་དགག་པར་འདོད་ནས་དེའི་ངོར་བྱས་པ་ཡིན་གྱི་དབུ་མ་པ་རང་ལ་དགག་པའི་དམ་བཅའ་ཙམ་ཡང་མེད་དོ་ཞེས་པ་དང་། བྱང་བརྩོན་གྱིས། དོན་དམ་པར་དགག་སྒྲུབ་ཀྱི་དམ་བཅའ་གང་ཡང་མེད་ལ། ཀུན་རྫོབ་ཙམ་དུ་འདིར་སྐབས་སུ་བབ་པ་རྣམ་བཅད་དགག་པའི་དམ་བཅའ་ཙམ་དང་། སྤྱིར་ཡོངས་གཅོད་སྒྲུབ་པའི་དམ་བཅའ་ཡང་ཡོད་པ་མི་འགལ་ལོ་ཞེས་པའི་སྨྲ་བ་གསུམ་སྣང་བ་ལས། དང་པོ་ལ་ནི། མ་རིག་ནས་བརྩམས་རྒ་ཤི་ཡི། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །རྟེན་ནས་འབྱུང་བའི་སྐྱེ་བ་ཡང་། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཅེས་སོགས་གཞི་དང་། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །ཞེས་སོགས་ལམ་དང་། ཉེས་པ་ཀུན་ལས་རྣམ་གྲོལ་ཞིང་། །ཡོན་ཏན་ཐམས་ཅད་ལྡན་པ་པོ། །སེམས་ཅན་ཀུན་གྱི་གཉེན་གཅིག་པུ། །ཞེས་སོགས་འབྲས་བུའི་སྐབས་སུ་ཡང་ཡོངས་གཅོད་སྒྲུབ་པའི་དམ་བཅའ་མང་དུ་གསུངས་པས་གནོད་དོ། །གཉིས་པ་ལ་ནི། ཅི་སྐད་བཤད་པ་རྣམས་དང་། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་སོགས་རྣམ་བཅད་དགག་པའི་དམ་བཅའ་མང་དུ་གསུངས་པས་གནོད་ཅིང་། སྐབས་འདིར་མཐའ་བཞིའི་སྐྱེ་བ་དགག་པའི་དམ་བཅའ་མ་བསྟན་ན། སྒྲུབ་བྱེད་ཀྱང་མ་བསྟན་པས་བརྗོད་བྱ་ཅིའང་མེད་པར་འགྱུར་ལ། བསྟན་ན་བཞི་པོ་གྲུབ་མཐའ་སྨྲ་བ་སུ་ཞིག་གིས་ཁས་བླངས་པ་ཡིན་སྨྲ་དགོས་སོ། །ལུགས་གསུམ་པ་ཡང་དམ་བཅའི་རང་ལྡོག་ནས་དོན་དམ་པར་མེད་ཅིང་ཀུན་རྫོབ་ཏུ་ཡོད་པའི་དོན་དུ་སྣང་བས་ཕྱོགས་སྔ་མའི་དོགས་པ་མི་ཁེགས་ཏེ། མཐའ་བཞིའི་སྐྱེ་བ་དགག་པའི་དམ་བཅའ་ཀུན་རྫོབ་ཙམ་དུ་ཁས་བླངས་པ་གཞིར་བཞག་ནས་དོགས་པ་བཀོད་པ་ཡིན་གྱི་ཀུན་རྫོབ་དང་དོན་དམ་མ་ཕྱེད་ནས་བཀོད་པ་མ་ཡིན་པས་ད་དུང་ཀུན་རྫོབ་ཙམ་དུ་དམ་བཅའ་ཡོད་མེད་གཉིས་གསུངས་པའི་དོགས་པ་སྤོང་དགོས་པའི་ཕྱིར། གནད་ཀྱི་དོན་ནི་སྤྱིར་དབུ་མ་པ་ལ་ཐ་སྙད་བདེན་པ་རྣམ་པར་གཞག་པའི་ཚེ་དགག་སྒྲུབ་ཀྱི་དམ་བཅའ་གཉིས་ཀ་ཡོད་ཅིང་། དེ་དག་རང་རྒྱུད་དུ་ཡང་ཁས་ལེན་ཏེ། ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་དུ་དགག་སྒྲུབ་ཀྱི་ཆོས་ཁས་བླངས་པའི་ཕྱིར་རོ། །དོན་དམ་པ་སྐྱེ་མེད་གཏན་ལ་དབབ་པའི་ཚེ་རང་རྒྱུད་ཀྱི་དམ་བཅའ་གཏན་མེད་དེ། ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པས་དེ་ལ་དགག་སྒྲུབ་ཀྱི་ཆོས་གང་ཡང་ཁས་མི་ལེན་པའི་ཕྱིར་ཏེ། རྩོད་བཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་པས་སོ། །འདིར་མཐའ་བཞིའི་སྐྱེ་བ་དགག་པའི་དམ་བཅའ་ཁས་ལེན་པ་ནི། དོན་དམ་བདེན་པ་རྣམ་པར་གཞག་པའི་ཚེ། ཐལ་འགྱུར་གྱི་དམ་བཅའ་ཡིན་པས་མི་འགལ་ཏེ། ཐལ་འགྱུར་གྱི་རིག་པས་ལོགས་ཕྱོགས་ཀྱི་ལོག་རྟོག་བཀག་པའི་སྒོ་ནས་བསྒྲུབ་པར་བྱ་བ་ཡིན་གྱི། སྒྲུབ་བྱེད་རང་རྒྱུད་མེད་པའི་ཕྱིར་རོ། །གཉིས་པ་དེ་རིག་པས་བསྒྲུབ་པ་ནི། དམ་བཅའ་བཞི་པོ་རེ་རེ་ལ་ཡང་ཐོག་མར་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་གྱི་རིག་པ་འབའ་ཞིག་གིས་བསྒྲུབས། དེའི་རྗེས་སུ་ལེགས་ལྡན་བྱེད་ཀྱིས་དེ་བཀག་ནས། རང་རྒྱུད་དགོས་པའི་སྒྲུབ་བྱེད་དང་། དེའི་རྗེས་སུ་ཟླ་བས་དེ་བཀག་ནས་སྔར་གྱི་ཐལ་འགྱུར་གྱི་གཞུང་བསྲང་བར་མཛད་པའི་རིག་པ་གསུམ་གསུམ་ཡོད་པ་ནི་གཞན་དུ་རྒྱས་པར་བཤད་ཟིན་ལ། འདིར་སྐབས་སུ་བབ་པ་ཐལ་འགྱུར་གྱི་རིག་པའི་རྣམ་གྲངས་ཙམ་བརྗོད་ན་བཞི་ལས། དང་པོ་བདག་སྐྱེ་འགོག་པ་ལ། གྲངས་ཅན་པ་དག་སྒྲ་ལ་སོགས་པའི་རྣམ་འགྱུར་རྣམས་དེའི་བདག་ཉིད་དུ་གྱུར་པའི་གཙོ་བོ་ལས་སྐྱེ་བར་སྨྲ་བས། དེ་དགག་པ་ལ་གཉིས་ཏེ། རིག་ངོར་བདག་སྐྱེ་དགག་པ་དང་། འཇིག་རྟེན་གྱི་ངོར་བདག་སྐྱེ་དགག་པའོ། །དང་པོ་ལ་གཉིས་ཏེ། རང་ལས་སྐྱེ་བ་དོན་མེད་པ་དང་། རང་ལས་སྐྱེ་ན་ཧ་ཅང་ཐལ་བའོ། །དང་པོ་ནི། གྲུབ་ཟིན་ན་སྐྱེ་མི་དགོས་པ་སྟེ། སངས་རྒྱས་བསྐྱངས་དང་། ཟླ་བ་གཉིས་ཀྱི་ཐུན་མོང་བའོ། །གཉིས་པ་ལ་བཞི་སྟེ། མ་གྲགས་པའི་དོན་ཐོབ་པ། གྲགས་པའི་དོན་མ་ཐོབ་པ། རྒྱུ་འབྲས་ངོ་བོ་འཆོལ་བར་འགྱུར་བ། རྒྱུ་འབྲས་བློ་ལ་སྣང་ཚུལ་མཚུངས་པར་འགྱུར་བ་རྣམས་ནི་འཇུག་པའི་གཞུང་ཉིད་ལས་ཤེས་པར་བྱའོ། །གཉིས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡང་བདག་ལས་སྐྱེ་བ་མེད་དེ། རྒྱུ་འགགས་ནས་མ་མཐོང་ཡང་། དེའི་འབྲས་བུ་མཐོང་བས་ན་མ་དཔྱད་པ་འཇིག་རྟེན་པའི་བློས་ཀྱང་དེ་དག་རྫས་གཅིག་ཏུ་མི་འཛིན་པའི་ཕྱིར་རོ། །གཉིས་པ་གཞན་ལས་སྐྱེ་བ་དགག་པ་ལ་རང་གི་སྡེ་པ་ཉན་ཐོས་སྡེ་གཉིས་ཀྱིས་དོན་དམ་པ་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་དངོས་པོ་དང་། རྣམ་རིག་པས་གཉིས་མེད་ཀྱི་དངོས་པོ་གཞན་དུ་གྱུར་པའི་རྐྱེན་བཞི་ལས་སྐྱེ་བར་འདོད་ཅིང་། རང་རྒྱུད་པ་དག ཡང་དག་ཀུན་རྫོབ་ཀྱི་བསྡུས་པའི་གཟུང་འཛིན་གཉིས་ཀའམ། གཉིས་མེད་ཀྱི་ཤེས་པ་གཞན་དུ་གྱུར་པའི་རྒྱུ་ལས་སྐྱེ་བར་སྨྲའོ། །འདི་དག་དགག་པ་ལ་ཡང་རིག་ངོར་གཞན་སྐྱེ་དགག་པ་དང་། ཐ་སྙད་དུ་གཞན་སྐྱེ་དགག་པ་གཉིས་ལས། དང་པོ་ལ་གཉིས་ཏེ། རྒྱུ་འབྲས་ལ་རྫས་གཞན་དགག རྫས་གཞན་ལ་སྐྱེ་བ་དགག་པའོ། །དང་པོ་ནི། རྒྱུའི་དུས་ན་ལྟོས་ས་འབྲས་བུའི་བདག་ཉིད་ཀྱི་དངོས་པོ་མ་སྐྱེས་ཤིང་མེད་པས། དེ་ལ་ལྟོས་པའི་གཞན་དུ་གྲུབ་པར་མི་འགྱུར་ཏེ། གཞན་ནི་བྱམས་པ་དང་། ཉེར་སྦས་ལྟར་ཕན་ཚུན་ལྟོས་ནས་འདི་འདི་ལས་གཞན་ཞེས་འཇོག་དགོས་པའི་ཕྱིར་རོ། །གལ་ཏེ་རྒྱུའི་དུས་ན་འབྲས་བུ་མེད་ཀྱང་ཕྱིས་འབྱུང་བའི་འབྲས་བུ་ལ་ལྟོས་ནས་རྒྱུ་གཞན་དུ་འཇོག་གོ་ཞེ་ན། དེ་ལྟར་ན་ལྟོས་ས་བཏགས་པ་བར་གྲུབ་པས། དེ་ལ་ལྟོས་པའི་གཞན་བཏགས་པ་བར་འགྱུར་གྱི་དངོས་པོ་ལས་གཞན་དུ་གྲུབ་པར་མི་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བས་དགག རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། ཐལ་བ་བརྗོད་པ་དང་། དེའི་ལན་དགག་པའོ། །དང་པོ་ནི། འབྲས་བུ་མྱུ་གུ་འདི་གཞན་དུ་གྱུར་པའི་ས་བོན་ལས་སྐྱེ་བ་ལྟར། རྒྱུ་མ་ཡིན་པ་མེ་དང་། སོལ་བ་ལས་ཀྱང་སྐྱེ་བར་འགྱུར་ཏེ། གཞན་ཉིད་དུ་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། ཁ་ཅིག་གཞན་དུ་མཚུངས་ཀྱང་རྒྱུར་མ་གྱུར་པའི་གཞན་ལས་མི་འབྱུང་བས་མ་ངེས་སོ་སྙམ་ན། འདིའི་ལན་ལ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང་། ལྡོག་པ་གཅིག་པའི་དཔུང་འཕུལ་གཉིས་ལས། དང་པོ་ནི། གཞན་དུ་མཚུངས་བཞིན་དུ་གཅིག་ལས་ཡང་དག་པར་སྐྱེ་ལ། གཅིག་ལས་མི་སྐྱེ་བའི་ཁྱད་པར་གྱི་རྒྱུ་མཚན་གང་ཡིན་ཞེས་དྲིས་པས། སྣང་བ་དང་། ནུས་པ་དང་། ཆོས་ཉིད་ཀྱི་ལན་གསུམ་ལས། དང་པོ་ལན་དུ་མི་རུང་བ་ནི། དེ་ལྟར་མངོན་སུམ་གྱིས་མཐོང་བའི་ཕྱིར་རོ་སྙམ་ན། མ་དཔྱད་པའི་བློ་འཁྲུལ་པས་དེ་ལྟར་མཐོང་མོད། དེས་འཕགས་པའི་མཉམ་བཞག་གི་གཟིགས་པ་གཏན་ལ་དབབ་པར་འདོད་ནས། རིག་པས་དཔྱད་པའི་ཚེ་དེ་ལན་དུ་མི་རུང་སྟེ། སྐྱེ་བར་སྣང་ཡང་དངོས་པོ་ལ་སྐྱེ་བར་མི་གྲུབ་པ་ཁྱེད་ཅག་གཉིས་ལ་གྲུབ་པའི་རྨི་ལམ་ལ་སོགས་པ་དང་བརྟགས་པ་མཚུངས་པའི་ཕྱིར་རོ། །གཉིས་པ་ལན་དུ་མི་རུང་བ་ནི། ནུས་པ་ཡོད་པ་དང་། མེད་པས་སྐྱེ་བ་དང་མི་སྐྱེ་བ་དེ་ལྟར་ངེས་པ་ཡིན་ནམ་སྙམ་ན། དེ་ཡང་ལན་དུ་མི་རུང་སྟེ། བློ་འཁྲུལ་པ་ལ་སྣང་བ་ནི་རྨི་ལམ་ལ་སོགས་པ་དང་བརྟགས་པ་མཚུངས་པའི་ཕྱིར་ཏེ། བྱང་ཆུབ་སེམས་འགྲེལ་ལས། རྟེན་མཚུངས་པ་ཡིས་དོན་བྱེད་པ། །རྨི་ལམ་གནོད་པ་བཞིན་མིན་ནམ། །རྨི་ལམ་སད་པའི་གནས་སྐབས་ལ། །དོན་བྱེད་པ་ལ་ཁྱད་པར་མེད། །ཅེས་གསུངས་སོ། །གསུམ་པ་ལན་དུ་མི་རུང་བ་ནི་གཞན་དུ་མཚུངས་ཀྱང་སྐྱེ་མི་སྐྱེ་དངོས་པོའི་ཆོས་ཉིད་དམ། རྟེན་འབྲེལ་གྱི་ཆེ་བ་ཡིན་ནོ་ཞེ་ན། དེ་ཡང་ལན་དུ་མི་རུང་བ་སྟེ། ཆོས་ཉིད་ཡིན་པ་ལ་གནོད་བྱེད་མེད་ཅིང་། སྒྲུབ་བྱེད་ཡོད་པ་ཅིག་དགོས་པ་ལས། བློ་འཁྲུལ་པས་སྐྱེ་བ་དང་མི་སྐྱེ་བར་མཐོང་བས། དངོས་པོ་ལ་སྐྱེ་བ་དང་། མི་སྐྱེ་བ་ཆོས་ཉིད་དུ་མི་འགྲུབ་ཅིང་། དེ་ལས་གཞན་པའི་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར་རོ། །དེའི་ཕྱིར་གཞན་དུ་མཚུངས་པ་ལ་ཡང་དག་པར་སྐྱེ་མི་སྐྱེའི་རྒྱུ་མཚན་དཔྱད་ན་སུས་ཀྱང་རྙེད་པ་མ་ཡིན་པས་གཞན་དུ་མཚུངས་པ་རྟགས་སུ་བཀོད་ནས་སྐྱེ་མི་སྐྱེ་མགོ་སྙོམས་པའོ། །གལ་ཏེ་དེ་ལྟར་ན་ལས་ཡིན་པར་མཚུངས་པ་ལ། རྣམ་པར་སྨིན་པ་ངེས་པ་ལ་སོགས་པ་དབུ་མ་པ་ཁྱོད་ཉིད་ཀྱིས་འདོད་པའི་ཀུན་རྫོབ་ཀྱི་ངེས་པ་ཐམས་ཅད་ཀྱང་མི་འཐད་པར་འགྱུར་རོ། །ཞེ་ན། ཁོ་བོ་ཅག་ལ་དཔྱད་ན་རང་གི་མཚན་ཉིད་དུ་ངེས་པ་ཀུན་རྫོབ་ཏུའང་མེད་མོད་ཀྱི། མ་དཔྱད་པ་བློ་འཁྲུལ་པའི་ངོར་ལས་འབྲས་ལ་སོགས་པ་མ་འཆོལ་བར་སྣང་བ་ཙམ་ལ། ཀུན་རྫོབ་ཏུ་ལས་འབྲས་ལ་སོགས་པ་ངེས་པར་བརྗོད་པ་ཡིན་པས་ག་ལ་མཚུངས་ཞེས་པ་ནི། ཅི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར་ཞེས་སོགས་ཀྱི་སྟོན་ཏོ། །གཉིས་པ་ལྡོག་པ་གཅིག་པའི་དཔུང་འཕུལ་ནི་མྱུ་གུ་དེ་གཉིས་ཀ་ལས་གཞན་དུ་མཚུངས་ཀྱང་ས་བོན་ལས་སྐྱེ། མེ་དང་སོལ་བ་ལས་མི་སྐྱེ་བས་ཁྱབ་པ་མ་གྲུབ་བོ་ཞེས་སྨྲ་ན། ཁྱོད་ལ་ཁྱབ་ལྡན་གྱི་རྟགས་མེད་ན། རང་རྒྱུད་ཀྱི་རྟགས་ནུབ་པར་འགྱུར་ཞིང་། ཡོད་ན་གང་ཡིན་ཞེས་དྲི་བར་བྱའོ། །དེ་ལ་གང་དུ་བ་ཙམ་ཡོད་ན་མེ་ཡོད་པས་ཁྱབ། དཔེར་ན་ཚང་བང་བཞིན། ལ་ལའང་དུ་བ་ཙམ་ཡོད་དོ་ཞེས་པ་ལྟ་བུ་ཡིན་ནོ་ཞེ་ན། དེ་ལ་ཡང་དུ་བ་ཙམ་དུ་མཚུངས་པའི་ཚང་བང་གི་དུ་བ་ལ་མེས་ཁྱབ་པ་གྲུབ་ཀྱང་། ལའི་དུ་བ་ལ་མེས་མ་ཁྱབ་པར་དོགས་པས་མ་ངེས་པར་ཅི་ལྟར་མི་འགྱུར། གལ་ཏེ་ཚང་བང་གི་དུ་བ་ཙམ་ལ་མེས་ཁྱབ་པ་གྲུབ་པས། དེ་དང་དུ་བ་ཙམ་དུ་ལྡོག་པ་གཅིག་པའི་དུ་བ་ཙམ་ལ་ཡང་མེས་ཁྱབ་པ་གྲུབ་པར་བརྗོད་ན། འདིར་ཡང་ས་བོན་གྱི་གཞན་ཙམ་ལས། མྱུ་གུ་སྐྱེ་བས་ཁྱབ་པས། དེ་དང་གཞན་ཙམ་དུ་ལྡོག་པ་གཅིག་པའི་མེ་དང་སོལ་བའི་གཞན་ཙམ་ལ་ཡང་མྱུ་གུ་སྐྱེ་བས་ཁྱབ་པར་བརྗོད་པ་ཡིན་པས་ཅིའི་ཕྱིར་མི་འགྲུབ། དེ་ལ་གལ་ཏེ་བ་ལང་གི་སྲོག་ཆགས་ཙམ་ལ་ནོག་ལྐོག་ཤལ་གྱིས་ཁྱབ་པས། དེ་དང་སྲོག་ཆགས་ཙམ་དུ་ལྡོག་པ་གཅིག་པའི་མིའི་སྲོག་ཆགས་ཙམ་ལ་ཡང་ནོག་ལྐོག་ཤལ་གྱིས་ཁྱབ་པར་འགྱུར་བས་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་མི་རུང་ལ། དེ་ཁྱབ་པ་མ་གྲུབ་པར་བརྗོད་ན་འདིར་ཡང་མཚུངས་སོ་སྙམ་ན། རྒྱུ་མཚན་མཚུངས་པའི་མགོ་སྙོམས་བརྗོད་པ་ནི་རིག་པས་དཔྱད་པའི་སྐབས་ཡིན་ལ། དེའི་ཚེ་གཏན་ཚིགས་ཐམས་ཅད་གཞན་ལ་གྲགས་པ་ཡིན་གྱི་རང་རྒྱུད་དུ་ཁས་མི་ལེན་པས་སྐྱོན་ཐམས་ཅད་ལས་གྲོལ་ལོ། །གཉིས་པ་རྣམ་པར་བརྟགས་ནས་གཞན་སྐྱེ་དགག་པ་ནི། གཞན་དུ་གྱུར་པའི་རྒྱུ་འགགས་པ་ལས་སྐྱེ་ན་རྒྱུ་མེད་དུ་འགྱུར་ལ། མ་འགགས་པ་ལས་སྐྱེ་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་རོ། །དེ་བཞིན་དུ་གཞན་ཕྲད་པ་ལས་སྐྱེ་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་ལ། མ་ཕྲད་པར་སྐྱེ་ན་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མེད་པས་འབྲས་བུ་རྒྱུ་མེད་ལས་སྐྱེ་བར་འགྱུར་རོ། །གཉིས་པ་ཐ་སྙད་དུ་གཞན་སྐྱེ་དགག་པ་ནི། མ་དཔྱད་པ་འཇིག་རྟེན་པའི་ངོར་ཡང་གཞན་ལས་སྐྱེ་བ་མེད་དེ། འཇིག་རྟེན་གྱིས་རྒྱུ་ལས་འབྲས་བུ་སྐྱེས་པ་ཙམ་ཞིག་མཐོང་གི དེ་དག་རྫས་གཞན་དུ་མཐོང་བ་མེད་པའི་ཕྱིར་ཏེ། དེ་ལས་གཞན་དུ་ན། རྒྱུ་བུའི་ས་བོན་ཙམ་བཏབ་པས། བུ་འདི་བདག་གིས་བསྐྱེད་དོ། །ཞེས་དང་། རྒྱུ་ལྗོན་ཤིང་གི་ས་བོན་ཙམ་བཙུགས་ནས་ཤིང་འདི་ངས་བཙུགས་སོ་ཞེས་མི་རྟོགས་པར་འགྱུར་ཏེ། གང་ཟག་དང་ལྗོན་ཤིང་གཞན་ལྟར། རང་གིས་བསྐྱེད་པ་དང་བཙུགས་པ་དེ་ལས་གཞན་དུ་འཛིན་པའི་ཕྱིར་རོ། །བུ་འདི་བདག་གིས་བསྐྱེད་དོ་ཞེས་དང་། ལྗོན་ཤིང་འདི་བདག་གིས་བཙུགས་སོ་ཞེས་པས། རྒྱུ་འབྲས་གཅིག་ཏུ་ཁས་ལེན་པ་ཡང་མ་ཡིན་ཏེ། བུ་དང་ལྗོན་ཤིང་གི་ས་བོན་ཙམ་ལ་བསམ་ནས་དེ་ལྟར་སྨྲས་ཀྱི་ཕྱིས་ཀྱི་བུ་ཆེན་པོ་དང་། ལྗོན་ཤིང་ཆེན་པོ་དང་པོ་ནས་བསྐྱེད་པར་ཁས་མི་ལེན་པའི་ཕྱིར་རོ། །གསུམ་པ་གཉིས་ཀ་ལས་སྐྱེ་བ་དགག་པ་ནི། གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བའི་གྲངས་ཅན་དང་། གཅེར་བུ་པ་དག་འབྲས་བུའི་དངོས་པོ་རྣམས་རང་ལས་སྐྱེ་ཞིང་གཞན་ལས་ཀྱང་སྐྱེ་བས་སྔར་བཤད་པའི་ཉེས་པར་མི་འགྱུར་ཏེ། རང་ཁོ་ན་དང་། གཞན་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་རོ། །ཞེས་སྨྲའོ། །དེ་དགག་པ་ལ་སྔར་བཤད་ཀྱི་རིག་པ་དང་། མ་བཤད་པའི་རིག་པ་གཉིས་ལས། དང་པོ་ནི། གཉིས་ལས་སྐྱེ་བའང་རིག་པའི་ངོ་བོ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །ཞེས་འཆད་པར་འགྱུར་བའི་ཚུལ་གྱིས་རང་གཞན་རེ་རེ་ལ་བསྐྱེད་པར་བྱེད་པའི་ནུས་པ་ཡོད་ན་གཉིས་ཀ་ཚོགས་པས་ཀྱང་སྐྱེ་བར་འགྱུར་བ་ཞིག་ན་སྔར་བཤད་པའི་ཚུལ་གྱིས་རང་གཞན་རེ་རེ་ལ་སྐྱེད་པར་བྱེད་པའི་ནུས་པ་མེད་པའི་ཕྱིར། གཉིས་ཀ་ཚོགས་པས་ཀྱང་བསྐྱེད་པ་མི་འཐད་དེ། བྱེ་མ་དག་ལ་ཏིལ་མར་བཞིན་ནོ། །གལ་ཏེ་མིག་དང་གཟུགས་ལ་སོགས་པ་རེ་རེ་ལ་དངོས་སུ་མིག་ཤེས་བསྐྱེད་པའི་ནུས་པ་མེད་ཀྱང་། ཚོགས་པ་ལ་ཡོད་པས་མ་ངེས་སོ་ཞེ་ན། མ་ཡིན་ཏེ། རྒྱུད་དང་ཚོགས་ཞེས་བྱ་བ་ནི། །ཕྲེང་བ་དག་ལ་སོགས་བཞིན་རྫུན། །ཞེས་པའི་ཚུལ་གྱིས་ཚོགས་པ་ཉིད་རྫས་སུ་མེད་པས་ན། དེ་ཁོ་ན་ཉིད་དུ་ནུས་པ་མེད་པའི་མཐུན་ཕྱོགས་ཉིད་ཡིན་པའི་ཕྱིར་དང་། ཐ་སྙད་དུ་ཚོགས་པ་ལ་ནུས་པ་ཡོད་པ་ནི་འདིར་མི་འགོག་པའི་ཕྱིར་རོ། །བཞི་པ་རྒྱུ་མེད་པ་ལས་སྐྱེ་བ་དགག་པ་ནི། ཚུ་རོལ་མཛེས་པ་བ་དག་ད་ལྟར་གྱི་རིག་པ་ཙམ་དང་། བདེ་སྡུག་སྐྱེ་བ་སྔ་མའི་རིག་པ་ཙམ་དང་། དགེ་མི་དགེའི་ལས་ལས་བྱུང་བ་མ་ཡིན་གྱི། འཇིག་རྟེན་འདིའི་འབྱུང་བ་འདུས་ཙམ་དང་། མཐུན་རྐྱེན་གྱི་ཚོགས་པ་ཙམ་ལས་བྱུང་བ་ཡིན་ནོ་ཞེས་མ་མཐོང་བའི་རྒྱུ་མེད་པར་སྨྲ་ལ། དཔྱོད་པ་པ་དག ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིངས་རིང་རྣོ་བ་དང་། །རྨ་བྱའི་མདོག་དབྱིབས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བཀོད་རང་གི་ངང་གིས་འབྱུང་། །ཞེས་མཐོང་བའི་རྒྱུ་ཡང་མེད་པར་སྨྲའོ། །འདི་དགག་པ་ལ། སངས་རྒྱས་བསྐྱངས་ཀྱིས་དངོས་པོ་རྣམས་རྒྱུ་མེད་པར་སྐྱེ་བར་མི་འཐད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ། །ཞེས་རེས་འགའ་བ་མ་ཡིན་པར་ཐལ་བའི་རིག་པ་གསུངས་ལ། སློབ་དཔོན་ཟླ་བས་དེའི་སྟེང་དུ། འབྲས་བུའི་ཆེད་དུ་རྒྱུ་ལ་འབད་པ་དོན་མེད་པར་ཐལ་བ་དང་། ཤེས་པའི་གཟུང་ཡུལ་དུ་མི་སྣང་བར་ཐལ་བ་གཉིས་བསྣན་ཏེ་གསུམ་དུ་མཛད་དོ། །གསུམ་པ་བཀག་པ་ལ་སྐྱོན་སྤང་བ་ལ་གཉིས་ཏེ། ལུང་དང་འགལ་བ་སྤང་བ་དང་། མཐའ་བཞིའི་སྐྱེ་བ་བཀག་པས་ཀུན་རྫོབ་ཏུ་སྐྱེ་བ་མི་འཐད་པའི་རྩོད་པ་སྤང་བའོ། །དང་པོ་ནི། དེ་ལྟར་རྟེན་འབྲེལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་རྣམ་པར་གཞག་ན། མདོ་ལས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དགག་བྱ་སྐྱེ་བ་ལ་སོགས་པ་ཡོད་པར་གསུངས་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། མདོ་གཞན་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །ཞེས་སྐྱེ་བ་མེད་པར་གསུངས་པ་གཉིས་ཀྱི་དགོངས་པ་བཙལ་དགོས་ལ། དེའི་ཚེ་སྐྱེ་སོགས་མེད་པ་ངེས་དོན་དང་། སྐྱེ་སོགས་ཡོད་པ་དྲང་དོན་དུ་གྲུབ་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས་དྲང་ངེས་ཀྱི་ཁྱད་པར་བརྒྱད་གསུངས་པའི་གཙོ་བོ་བདེན་པ་གཉིས་ཀྱི་སྒོ་ནས་འཇོག་པ་དེ་ཉིད་འདིར་ཁས་ལེན་པའི་སྐབས་ཡིན་པའི་ཕྱིར་རོ། དེ་ལྟར་བྱས་ན་མཆོད་བརྗོད་ཀྱི་དངོས་བསྟན་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ངེས་དོན་དང་། འགག་པ་ཡོད་པ་སྐྱེ་བ་ཡོད་པ་ཞེས་སོགས་དགག་བྱ་བརྒྱད་པོ་ཐ་སྙད་དུ་ཡོད་པ་དྲང་དོན་དུ་གྲུབ་ལ། རབ་བྱེད་ཉི་ཤུ་རྩ་བདུན་གྱི་བརྗོད་བྱ་སྐྱེ་བ་ནས་ལྟ་བའི་བར་ཉི་ཤུ་རྩ་བདུན་རིག་པས་དཔྱད་པའི་ཚེ་མ་རྙེད་པ་ནི་ངེས་དོན་དང་། ཐ་སྙད་ཙམ་དུ་ཐམས་ཅད་ཀྱང་ཡོད་པ་ནི་དྲང་དོན་དུ་གྲུབ་བོ། །གཉིས་པ་ནི། ཁྱོད་ཀྱིས་བདེན་པ་གཉིས་ཆར་དུ་ཡང་མཐའ་བཞིའི་སྐྱེ་བ་བཀག་ཅིང་། སྐྱེ་བའི་མཐའ་ལྔ་པ་ཡང་མི་སྲིད་པས་ཀུན་རྫོབ་ཏུ་ཡང་སྐྱེ་བ་མི་འཐད་པར་འགྱུར་རོ་ཞེ་ན། སྔར་བཤད་པའི་ཚུལ་གྱིས་མཐའ་བཞིར་དཔྱད་ན། ཀུན་རྫོབ་ཏུ་ཡང་སྐྱེ་བ་མི་འཐད་པས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་བ་མེད་ཀྱང་མ་དཔྱད་པའི་བློ་ངོར་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བར་སྣང་བ་ཙམ་ལ་ཐ་སྙད་རྒྱུན་མི་བཅད་པའི་ཕྱིར་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་རྣམ་པར་གཞག་སྟེ། ཇི་སྐད་དུ། སློབ་དཔོན་ཉིད་ཀྱིས་སྡུག་བསྔལ་བདག་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པར་ནི་རྟོག་གེ་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་འདོད། །ཅེས་གསུངས་སོ། །བོད་ཁ་ཅིག མྱུ་གུ་མཐའ་བཞིར་སྐྱེ་བ་བདེན་པ་གཉིས་ཆར་དུ་ཡང་མི་འཐད་ཅིང་། སྐྱེ་བ་ཙམ་ནི་འདོད་དགོས་པས། སྐྱེ་བའི་དོགས་པ་མཐའ་བཞིར་མ་ངེས་སོ་ཞེས་སྨྲ་བ་ནི་དོན་དམ་རྣམ་པར་གཞག་པའི་གནས་སྐབས་དང་། ཀུན་རྫོབ་རྣམ་པར་གཞག་པའི་གནས་སྐབས་མ་ཕྱེད་པའི་གཏམ་མོ། །གཉིས་པ་གཞན་སྐྱེ་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། བསྟན་བཅོས་ལ་གྲགས་པའི་གཞན་སྐྱེ་དགག འཇིག་རྟེན་ལ་གྲགས་པའི་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས་ཏེ། འདོད་པ་བརྗོད་པ། སུན་འབྱིན་བཤད་པའོ། །དང་པོ་ནི། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ཚུལ་གྱིས། གཞན་སྡེའི་འདོད་པ་རྣམས་རང་སྡེ་དངོས་པོར་སྨྲ་བ་དག་གིས་ཀྱང་བཀག་ཟིན་པ་དང་། སྐབས་གཞན་དུ་འཕྲོས་ནས་བཀག་པ་ཉིད་ཀྱི་གོ་ཆོད་པར་དགོངས་ནས་འདིར་མ་གསུངས་ལ། འདིར་རང་གི་སྡེ་པ་དག་འདི་སྐད་དུ་མཐའ་གསུམ་ལས་སྐྱེ་བ་བཀག་པ་ནི་རིག་མོད་ཀྱི་གཞན་ལས་སྐྱེ་བ་དགག་པ་ཤིན་ཏུ་ཆེས་མི་རིག་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་ཆོས་མངོན་པའི་མདོ་ལས། འབྲས་བུའི་དངོས་པོ་རྣམས་བསྐྱེད་པར་བྱེད་པ་འབྲས་བུ་ལས་གཞན་དུ་གྱུར་པའི་རྐྱེན་རྣམས་ནི་བཞི་གསུངས་པའི་ཕྱིར་ཏེ། འབྲས་བུའི་ངོ་བོ་བསྒྲུབ་པར་བྱེད་པ་མྱུ་གུའི་ས་བོན་དང་། མིག་ཤེས་ཀྱི་རྒྱུ་ཀུན་གཞི་ལ་ཡོད་པ་དེའི་ས་བོན་ལྟ་བུ་རྒྱུའི་རྐྱེན་དང་། གང་ལ་དམིགས་ནས་སེམས་སེམས་བྱུང་དེའི་རྣམ་པ་ཅན་དུ་བསྐྱེད་པའི་ཡུལ་དམིགས་པའི་རྐྱེན་དང་། རྒྱུ་འགགས་མ་ཐག་པ་འབྲས་བུ་ཕྱི་མའི་གོ་འབྱེད་པ་དེ་མ་ཐག་པའི་རྐྱེན་དང་། རྐྱེན་གསུམ་ལས་གཞན་པའི་དངོས་པོ་གང་ཞིག་ཡོད་ན་དེ་འབྱུང་དུ་རུང་བ་བདག་པོ་ཡང་ནི་སྔ་མ་དེ་དག་བཞིན་འབྲས་བུ་ལ་ཕན་འདོགས་པའི་རྐྱེན་ཡིན་ནོ། །བཞི་པོ་འདི་དག་ཏུ་མ་འདུས་པའི་དབང་ཕྱུག་ལ་སོགས་པ་ནི་རྐྱེན་མ་ཡིན་པས་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན་ནོ། །འདིར་རྐྱེན་ཞེས་པ་ཡང་རྒྱུ་དང་རྐྱེན་གཉིས་ཀྱི་ཟླས་ཕྱེ་བའི་རྐྱེན་ཁོ་ན་མ་ཡིན་གྱི་རྒྱུ་ཐམས་ཅད་རྐྱེན་བཞིར་བསྡུས་པ་སྟེ། གྲུབ་པའི་མཐའ་ལས། རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་འབྱུང་བ་ལྟར་རོ། །དེས་ན་ཕྱི་ནང་གི་དངོས་པོ་ཐམས་ཅད་གཞན་དུ་གྱུར་པའི་རྐྱེན་བཞི་ལས་སྐྱེ་བ་ཡིན་ནོ་ཞེས་ཟེར་རོ། །གཉིས་པ་ལ་བཞི་སྟེ། རྐྱེན་དོན་གཞན་ལས་སྐྱེ་བ་དགག བྱ་བ་དོན་གཞན་ལས་སྐྱེ་བ་དགག རྒྱུ་རྐྱེན་གྱི་མཚན་ཉིད་སྤྱིར་དགག རྐྱེན་བཞི་སོ་སོའི་མཚན་ཉིད་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། འགྲེལ་པར་སྐྱེ་བའི་སྔོན་རོལ་དུ་ཡོད་པར་གྱུར་ན་ནི་ཞེས་དུས་ཀྱིས་བདུན་པ་ལ་བཤད་པ་ལྟར་ན། མྱུ་གུ་ལ་སོགས་པ་འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་ནི་ཆོས་ཅན། རྐྱེན་ལ་སོགས་པ་སྟེ། རྒྱུ་ས་བོན་དང་། རྐྱེན་ཆུ་ལུད་ལ་སོགས་པ་སོ་སོ་བ་དང་འདུས་པ་དག་མ་འགྱུར་བར་ཡོད་པའི་དུས་ན། ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། །དེས་ན་རྐྱེན་གྱི་ཆོས་འབྲས་བུའི་བདག་གི་དངོས་པོ་ཡོད་པ་ཙམ་མ་ཡིན་ན། རྐྱེན་དག་གཞན་གྱི་དངོས་པོར་ག་ལ་འགྱུར་ཏེ། ལྟོས་ས་མེད་པའི་ཕྱིར། དཔེར་ན་རིང་པོ་མེད་པའི་ཐུང་ངུའམ། ཕ་རོལ་མེད་པའི་ཚུ་རོལ་བཞིན་ནོ། །རྩ་བར་ལ་ཞེས་པ་དངོས་པོའི་བདུན་པ་ལ་བཤད་པ་ལྟར་ན། མྱུ་གུ་ལ་སོགས་པ་འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་ཆོས་ཅན། རྐྱེན་ལ་སོགས་པ་སྟེ། རྒྱུ་རྐྱེན་སོ་སོ་བ་དང་། འདུས་པ་དག་གམ། དེ་ལས་གཞན་འགའ་ཞིག་ལ་ཡང་རུང་སྟེ། འཁར་གཞོང་ལ་རྒྱ་ཤུག་ལྟར་ཡོད་པ་མ་ཡིན་ཏེ། དེ་དག་ལ་སྣང་རུང་མ་དམིགས་པའི་ཕྱིར་རོ། །དེས་ན་རྐྱེན་ལ་སོགས་པ་ལ་འབྲས་བུའི་བདག་གི་དངོས་པོ་ཡོད་པ་མ་ཡིན་ན། དེ་རྐྱེན་ལ་སོགས་པ་གཞན་ལས་འབྱུང་ཞིང་སྐྱེ་བར་ག་ལ་འགྱུར་ཏེ། བྱེ་མ་དག་ལས་ཏིལ་མར་བཞིན་ནོ། །འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཕྱེད་སྔ་མས་བདག་སྐྱེ་འགོག་པ་དང་། ཕྱེད་ཕྱི་མས་གཞན་སྐྱེ་འགོག་པར་བཤད་པ་ནི་ཕྱོགས་སྔའི་སྐབས་དང་མི་འགྲིག་ཅིང་། བདག་གི་དངོས་པོ་ཡོད་མིན་ན་ཞེས་པའི་ཚིག་དོན་དང་ཡང་མ་འབྲེལ་ལོ། །གཉིས་པ་ནི་བྱེ་བྲག་སྨྲ་བ་དག་གཞན་དུ་གྱུར་པའི་རྐྱེན་ཉིད་ལས་སྐྱེ་བ་མ་ཡིན་གྱི། འོན་ཀྱང་རྐྱེན་གྱིས་བསྒྲུབས་པའི་བྱ་བ་དོན་གཞན་ལས་སྐྱེ་བ་ཡིན་ནོ་སྙམ་ན། དེ་ལྟར་ན་བྱ་བ་རྐྱེན་རྒྱུར་ལྡན་པའམ། མི་ལྡན་པ་ལས་སྐྱེ། དང་པོ་ལྟར་ན་འབྲས་བུའི་དངོས་པོ་ཆོས་ཅན། བྱ་བ་རྐྱེན་དང་ལྡན་པ་ལས་སྐྱེ་བ་མ་ཡིན་ཏེ། ཁྱོད་སྐྱེས་པ་ལ་བྱ་བ་དོན་མེད་ཅིང་། མ་སྐྱེས་པ་ལ་རྟེན་མེད་པས་བྱ་བ་མེད་ལ། སྐྱེས་མ་སྐྱེས་ལས་མ་གཏོགས་པའི་སྐྱེ་བཞིན་པ་ལ་ཡང་བྱ་བ་མེད་པའི་ཕྱིར་དུས་གསུམ་དུ་དཔྱད་ན་བྱ་བ་རྐྱེན་དང་ལྡན་པ་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན། དེ་ཆོས་ཅན་བྱ་བ་རྐྱེན་དང་མི་ལྡན་པ་ལས་སྐྱེ་བ་མ་ཡིན་ཏེ། མ་དཔྱད་པའི་སྣང་ངོ་ཙམ་དུ་ཡང་རྐྱེན་དང་མི་ལྡན་པའི་བྱ་བ་མེད་པའི་ཕྱིར་རོ། །འོ་ན་རྐྱེན་ཉིད་ཀྱིས་བསྐྱེད་པར་བྱེད་དོ་སྙམ་ན། འབྲས་བུའི་དངོས་པོ་ཆོས་ཅན། བྱ་བ་དང་ལྡན་མི་ལྡན་དཔྱད་ན་རྐྱེན་ཉིད་ཀྱིས་བསྐྱེད་པ་མ་ཡིན་ཏེ། འབྲས་བུ་བསྐྱེད་པའི་བྱ་བ་དང་མི་ལྡན་ན་རྐྱེན་གྱི་རྣམ་འཇོག་གི་རྒྱུ་མེད་པས་རྐྱེན་ཉིད་མ་ཡིན་ལ། འོན་ཏེ་ན་བྱ་བ་དང་ལྡན་པའི་རྐྱེན་ཡོད་ན། དེས་བསྐྱེད་པར་འགྱུར་བ་ཞིག་ན་ཡང་། བྱ་བ་རྐྱེན་དང་ལྡན་པ་འབྲས་བུའི་དུས་གསུམ་ལ་དཔྱད་ནས་བཀག་ཟིན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟར་དཔྱད་པས་ཅི་ཞིག་བྱ། ཅི་སྐད་བཤད་པའི་མིག་དང་གཟུགས་ལ་སོགས་པའི་རྐྱེན་བཞི་པོ་འདི་དག་ལ་བརྟེན་ནས། རྣམ་ཤེས་དང་མྱུ་གུ་ལ་སོགས་པ་སྐྱེ་བས་ན། དེའི་ཕྱིར་འདི་དག་འདིའི་རྐྱེན་དུ་བརྗོད་ཅིང་གྲགས་སོ་ཞེ་ན། རྐྱེན་བཞི་པོ་ཆོས་ཅན། ཇི་སྲིད་མཐུན་རྐྱེན་གྱི་ཚོགས་པ་མ་ཚང་བས་སམ། འགལ་རྐྱེན་གྱིས་ཆོད་པའི་ཚེ་འབྲས་བུ་མི་སྐྱེ་བ་དེ་སྲིད་དུ་འདི་དག་འབྲས་བུའི་རྐྱེན་མིན་པ་ཅི་ལྟར་མ་ཡིན་ཏེ་རྐྱེན་མ་ཡིན་པར་ཐལ། རྐྱེན་གྱི་རྣམ་འཇོག་གི་རྒྱུ་བསྐྱེད་པའི་བྱ་བ་དང་མི་ལྡན་པའི་ཕྱིར། དོན་དེ་ཉིད་འབྲས་ཕྱོགས་ནས་དཔྱད་པ་ནི་ཡང་རྐྱེན་དེ་དག་གིས་འབྲས་བུ་སྐྱེད་པར་བྱེད་ན་འབྲས་བུ་སྔར་མེད་པའམ་ཡོད་པ་ཞིག་བསྐྱེད་དྲང་། དེ་ལས་འབྲས་བུ་མེད་པའི་དོན་ལ་ཡང་རྐྱེན་ནི་རུང་བ་མ་ཡིན་ཏེ། འབྲས་བུ་མེད་ན་བུ་མེད་པའི་ཕ་ལྟར་གང་གི་རྐྱེན་དུ་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །འབྲས་བུ་སྔར་ཡོད་པའི་དོན་ལ་ཡང་རྐྱེན་ནི་རུང་བ་མ་ཡིན་ཏེ། འཁར་གཞོང་ལ་རྒྱ་ཤུག་ལྟར་གྲུབ་ཟིན་པ་བསྒྲུབ་མི་དགོས་པས་རྐྱེན་གྱིས་ཅི་ཞིག་བྱ་སྟེ་དོན་མེད་པའི་ཕྱིར་རོ། །བཞི་པ་ལ་བཞི་སྟེ། རྒྱུ་རྐྱེན་ཀྱི་མཚན་ཉིད་དགག དམིགས་རྐྱེན་གྱི་མཚན་ཉིད་དགག དེ་མ་ཐག་རྐྱེན་གྱི་མཚན་ཉིད་དགག བདག་རྐྱེན་གྱི་མཚན་ཉིད་དགག་པའོ། །དང་པོ་ནི། དེ་ལྟ་ནའང་བཅོམ་ལྡན་འདས་ཀྱིས་སྒྲུབ་པར་བྱེད་པ་ནི་རྒྱུའོ། །ཞེས་པ་ལ་སོགས་པ་རྐྱེན་བཞི་པོ་སོ་སོའི་མཚན་ཉིད་གསུངས་པས་དེ་དག་རང་བཞིན་གྱིས་ཡོད་པས་ཡིན་ནོ། །ཞེ་ན། གལ་ཏེ་བསྒྲུབ་བྱ་འབྲས་བུ་འགའ་ཞིག་གྲུབ་ན། དེའི་ངོ་བོ་སྒྲུབ་པར་བྱེད་པ་རྒྱུའི་རྐྱེན་ཡོད་པར་འགྱུར་བ་ཞིག་ན་ཡང་གང་གི་ཚེ་བསྒྲུབས་བྱ་འབྲས་བུའི་ཆོས་ནི་སྔ་ནས་ཡོད་པའི་གྲུབ་པ་ལ་ཅི་ལྟར་འབྲས་བུའི་ངོ་བོ་སྒྲུབ་པར་བྱེད་པའི་རྒྱུའི་རྐྱེན་ཞེས་བྱ་སྟེ། གྲུབ་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་མེད་པ་དང་ཡོད་མེད་གཉིས་ཀ་མི་འགྲུབ་པ་དེའི་ཚེ་ཅི་ལྟར་འབྲས་བུའི་ངོ་བོ་སྒྲུབ་པར་བྱེད་པའི་རྒྱུ་ཞེས་བྱ་སྟེ་བསྒྲུབ་པར་མི་ནུས་པ་དང་འགལ་ཞིང་གཉིས་ཀ་ལ་བཀོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འབྲས་བུ་སྒྲུབ་བྱེད་ཀྱི་རྒྱུར་མ་གྲུབ་པ་དེ་ལྟ་ཡིན་ན། རྒྱུའི་རྐྱེན་གྱི་མཚན་ཉིད་ཡོད་པས་རྒྱུ་ཡིན་ནོ་ཞེས་སྨྲ་བ་དེ་མི་རིག་གོ་ཞེས་པའོ། །གཉིས་པ་ནི། ཅི་དམིགས་བྱེད་ཡོད་པའམ། མེད་པ་ལ་དམིགས་བྱའི་རྐྱེན་རྟོགས། དང་པོ་འགོག་པ་ནི། ཕྱེད་སྔ་ཕྱི་གོ་བཟློག་སྟེ། ཅི་སྟེ་འབྲས་བུ་སེམས་དང་སེམས་ལས་བྱུང་བ་ཡོད་པའི་ཆོས་ནི་ཆོས་ཅན། དམིགས་པའི་རྐྱེན་ལ་ལྟོས་པའི་ཡོད་པར་ག་ལ་འགྱུར་ཏེ་དམིགས་བྱ་མེད་ན་སྟེ་དེའི་སྔ་རོལ་ན་ཡོད་ཟིན་པའི་ཕྱིར་རོ། །དེས་ན་དམིགས་བྱེད་ཡེ་ནས་ཡོད་པའི་ཆོས་འདི་དམིགས་པའི་རྐྱེན་མེད་པ་ཁོ་ན་ལ་ཁྱོད་ཀྱིས་རང་དགས་དམིགས་བྱའི་རྐྱེན་དང་བཅས་པར་ཉེ་བར་བསྟན་པར་ཟད་དོ། །ཞེས་པའོ། །དམིགས་བྱེད་མེད་པའི་དམིགས་རྐྱེན་འགོག་པ་ནི། འབྲས་བུ་དམིགས་བྱེད་མེད་པའི་ཆོས་འདི་དམིགས་བྱའི་རྐྱེན་མེད་པ་ཁོ་ན་ཡིན་པར་གྱུར་པ་ལ། ཁྱོད་ཀྱིས་དམིགས་བྱའི་རྐྱེན་དང་བཅས་པ་ཁོ་ནར་བསྟན་པ་ཡིན་ནོ། །དེ་ཉིད་ཅི་སྟེ་ཞེ་ན། ཆོས་འདི་དམིགས་མེད་ན་སྟེ་དམིགས་པར་བྱེད་པའི་ཆོས་མེད་པའི་ཕྱིར། དེའི་དམིགས་བྱ་ཡོད་པར་ག་ལ་འགྱུར་ཞེས་པའོ། །གསུམ་པ་ནི། རྒྱུ་འགགས་མ་ཐག་པ་འབྲས་བུ་འབྱུང་བའི་དེ་མ་ཐག་པའི་རྐྱེན་ཡིན་པ་མི་རིག་སྟེ། མྱུ་གུ་ལ་སོགས་པ་འབྲས་བུའི་ཆོས་རྣམས་སྐྱེས་པ་མ་ཡིན་ན་སྟེ། མ་སྐྱེས་པ་དེ་སྲིད་དུ་ས་བོན་ལ་སོགས་པ་རྒྱུའི་ཆོས་རྣམས་འགག་པ་འཐད་པར་མི་འགྱུར་བས་འབྲས་བུ་མ་སྐྱེས་པར་རྒྱུ་མི་འགག་པ་དེའི་ཕྱིར། འོན་ཏེ་འབྲས་བུ་མ་སྐྱེས་པར་རྒྱུ་འགག་ན་ཡང་འབྲས་བུ་ཕྱི་མ་སྐྱེ་བའི་རྐྱེན་ཡང་གང་ཞིག་ཡིན་ཏེ། མ་ཡིན་པར་ཐལ། འགགས་པ་ནི་མེད་པ་ཡིན་པའི་ཕྱིར་རོ། །བཞི་པ་ནི། རྐྱེན་གསུམ་ལས་གཞན་པའི་དངོས་པོ་འདི་ཡོད་ན་འབྲས་བུ་འདི་འབྱུང་བ་ཞེས་བྱ་བ་དེ་བདག་རྐྱེན་གྱི་མཚན་ཉིད་ནི་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་ཡོད་པ་ཉིད་གྲུབ་པའམ་ཡོད་པ་མ་ཡིན་ན་སྟེ། འདི་ཡོད་པས་ཞེས་པ་རྒྱུའི་ཡོད་པ་དང་། འདི་འབྱུང་ཞེས་པ་འབྲས་བུའི་ཡོད་པས་བསྡུས་པའི་དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་གཟུགས་བརྙན་ལྟར་རང་བཞིན་མེད་པའི་ཕྱིར་རོ། །གཉིས་པ་འཇིག་རྟེན་ལ་གྲགས་པའི་གཞན་སྐྱེ་དགག་པ་ལ་འཇིག་རྟེན་པ་དང་། རྟོག་གེ་བ་ཁ་ཅིག གཞན་སྐྱེའི་སྒྲུབ་བྱེད་ཀྱི་རིག་པས་ཅི་ཞིག་བྱ། མྱུ་གུ་དང་སྣམ་བུ་ལ་སོགས་པ་རང་ལས་གཞན་པའི་ས་བོན་དང་། སྣལ་མ་དང་། ཐགས་ཟངས་ལ་སོགས་པ་ལས་སྐྱེ་བ་མཐོང་བས་གཞན་ལས་སྐྱེ་བ་ཡོད་དོ་ཞེས་སྨྲའོ། །འདིའི་ལན་ལ་འཇུག་པར་ཐོག་མར་བདེན་པ་གཉིས་ཀྱི་རྣམ་དབྱེ་བཤད་ནས། འཇིག་རྟེན་པའི་གཞན་ལས་སྐྱེ་བ་མཐོང་བ་ཉིད་ཀྱང་མི་འགྲུབ་ལ། མཐོང་ན་ཡང་དེ་ནི་ཀུན་རྫོབ་བདེན་པའི་རྣམ་གཞག་ཡིན་པས་གཞན་སྐྱེ་མེད་པ་དོན་དམ་བདེན་པའི་རྣམ་གཞག་ལ་མི་གནོད་ཅེས་རྒྱས་པར་འཆད་ཅིང་། འདིར་ནི་དོན་དམ་བདེན་པའི་རྣམ་གཞག་དེ་ཉིད་རིག་པས་བསྒྲུབས་པ་ལ་གསུམ་སྟེ། འབྲས་བུ་རྐྱེན་ལ་ཡོད་མེད་བརྟགས་ནས་དགག འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་མིན་བརྟགས་ནས་དགག དེ་གཉིས་ཀའི་གྲུབ་དོན་བསྡུ་བའོ། །དང་པོ་ནི། འབྲས་བུ་དེ་དག་རྐྱེན་ལ་ཡོད་པའམ་མེད་པ་ཞིག་སྐྱེ། དང་པོ་ལྟར་ན་རྐྱེན་དེ་དག་ལ་འབྲས་བུ་དེ་ཡོད་ན་དེ་ལས་སྐྱེ་བར་འགྱུར་བ་ཞིག་ན་ཡང་། རྐྱེན་དེ་རྣམས་ཉིད་སོ་སོ་བ་ལ་འབྲས་བུར་འདོད་པ་དེ་དག་ནི་མེད་པ་ཉིད་དེ། འབྲས་བུ་གཅིག་རྐྱེན་དུ་མ་ལ་ཡོད་ན་འབྲས་བུ་དུ་མར་འགྱུར་བའི་ཕྱིར་དང་། སྣང་རུང་མ་དམིགས་པའི་ཕྱིར་རོ། །རྐྱེན་དེ་དག་རྣམས་འདུས་པ་ལ་ཡང་འབྲས་བུ་མེད་པ་ཉིད་དེ། རེ་རེ་བ་ལ་མེད་པའི་ཕྱིར། གཉིས་པ་ལྟར་ན། འབྲས་བུ་མྱུ་གུའམ་སྣམ་བུ་དེ་ནི་རྐྱེན་སྣལ་མ་དང་། ས་བོན་ལ་སོགས་པ་ལས་ཅི་ལྟར་སྐྱེ་སྟེ། སྐྱེ་བ་མེད་པར་ཐལ། རྐྱེན་རྣམས་ལ་ནི་གང་མེད་པ་སྟེ། རྐྱེན་དེ་རྣམས་ལ་མེད་པའི་ཕྱིར་རོ། །ཁྱབ་པ་མ་གྲུབ་ཅེས་ནི་བརྗོད་པར་མི་ནུས་ཏེ། ཅི་སྟེ་འབྲས་བུ་མྱུ་གུ་དང་། སྣམ་བུ་དེ་ནི་རྐྱེན་ས་བོན་དང་སྣལ་མ་ལ་སོགས་པ་མེད་པར་ཡང་རྐྱེན་དེ་དག་ལས་སྐྱེ་བར་འགྱུར་ན། རྐྱེན་མ་ཡིན་པ་མེ་དང་འཇག་མ་ལ་སོགས་པ་ལས་ཀྱང་འབྲས་བུ་དེ་དག་རྒྱུ་མཚན་ཅིའི་ཕྱིར་སྐྱེ་བར་མི་འགྱུར་ཏེ། འབྲས་བུ་མེད་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། ཡང་འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་པའམ་མ་ཡིན་པ་ཞིག་སྐྱེ། དེ་ལ་གྲངས་ཅན་པ་དག་མྱུ་གུ་དང་སྣམ་བུ་ལ་སོགས་པ་ས་བོན་དང་། སྣལ་མ་ལ་སོགས་པའི་རང་བཞིན་ཡིན་པ་སྐྱེ་བས་འབྲས་བུ་རྐྱེན་ལ་ཡོད་དམ་མེད་སྙམ་པའི་བསམ་པ་ཡང་མི་འཇུག་གོ་སྙམ་ན། རྐྱེན་དེ་རྣམས་ལ་བདག་གི་ངོ་བོའམ་རང་བཞིན་ཡོད་པ་མིན་ཏེ། ཡུལ་དུས་ཀྱི་ཆ་ཤས་དུ་མ་ཡོད་དགོས་པའི་རང་གི་ཆ་ཤས་ལ་བརྟེན་ནས་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །དེས་ན་རྐྱེན་རྣམས་ཆོས་ཅན། འབྲས་བུ་གང་ཡིན་པ་དེ་ནི་ཅི་ལྟར་ན་རྐྱེན་གྱི་རང་བཞིན་ཡིན་ཏེ་མ་ཡིན་པར་ཐལ། རྐྱེན་རྣམས་ཉིད་བདག་ཉིད་དངོས་མིན་ལས་ཏེ་རང་བཞིན་དུ་མ་གྲུབ་པའི་ཕྱིར། མོ་གཤམ་གྱི་བུ་བཞིན་ནོ། །ཡང་གཉིས་པ་ལྟར་རྐྱེན་དེ་དག་གི་རང་བཞིན་མ་ཡིན་པ་ཞིག རྐྱེན་དེ་དག་ལས་སྐྱེའོ་སྙམ་ན། རྐྱེན་མིན་རང་བཞིན་འབྲས་བུ་ནི། ཡོད་པ་མིན་ཏེ་མྱུ་གུ་དང་སྣམ་བུ་ལ་སོགས་པ་རྐྱེན་ས་བོན་དང་། སྣལ་མའི་རང་བཞིན་དུ་མེད་ན། རྐྱེན་མ་ཡིན་པས་མེ་དང་འཇག་མ་ལ་སོགས་པའི་རང་བཞིན་དུ་འགལ་བའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་འབྲས་བུ་མེད་པ་རྐྱེན་ལས་སྐྱེ་ན། རྐྱེན་མ་ཡིན་པ་ལས་ཀྱང་སྐྱེ་བར་འགྱུར་རོ། །ཞེས་ཁྱོད་ཀྱི་སྨྲས་པ་ཡིན་ཏེ། དེས་ན་རྐྱེན་དང་རྐྱེན་མིན་གྱི་ངེས་པ་ཡོད་པས། དེའི་ལྟོས་ས་འབྲས་བུ་ཡང་ཡོད་དོ་སྙམ་ན། འབྲས་བུ་དེ་ལ་ལྟོས་པའི་རྐྱེན་མིན་དང་། རྐྱེན་ཡོད་པར་ག་ལ་འགྱུར་ཏེ་མེད་པར་ཐལ། ཁོ་བོ་ཅག་གིས་དེ་སྐད་དུ་བརྗོད་པ་ནི་འཇིག་རྟེན་ལ་གྲགས་པ་ཙམ་གྱི་དབང་དུ་བྱས་པ་ཡིན་གྱི། རྣམ་པར་དཔྱད་ན་འབྲས་བུ་རྐྱེན་ལ་ཡོད་མེད་དང་། འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་མིན་གྱི་སྐྱེ་བ་བཀག་པའི་ཚུལ་གྱིས་འབྲས་བུ་མེད་པས་ནའོ། །གཉིས་པ་ལུང་དང་སྦྱར་བ་ནི། ཅི་སྐད་དུ། འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། གང་ནའང་སྟོང་པ་རིག་པ་མེད་པ་ནི། །ནམ་མཁའ་བར་སྣང་བྱ་ཡི་རྗེས་དང་མཚུངས། །གང་ནའང་ངོ་བོ་ཉིད་འགའ་ཡོད་མིན་པ། །དེ་ནི་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར། །གང་གི་ངོ་བོ་ཉིད་ནི་མི་རྙེད་པ། །རང་བཞིན་མེད་དེ་ཇི་ལྟར་གཞན་གྱི་རྐྱེན། །རང་བཞིན་མེད་པར་གཞན་གྱིས་ཅི་ཞིག་བསྐྱེད། །རྒྱུ་དེ་བདེ་བར་གཤེགས་པས་བསྟན་པ་འོ། །ཐམས་ཅད་ཆོས་ཀྱང་མི་གཡོ་བརྟན་པར་གནས། །མི་འགྱུར་འཚེ་བ་མེད་ཅིང་ཞི་བ་སྟེ། །ཇི་ལྟར་ནམ་མཁའ་ཤེས་པ་མེད་པ་སྟེ། །དེ་ལ་མི་ཤེས་འགྲོ་བ་རྨོངས་པར་འགྱུར། །ཇི་ལྟར་རི་བོ་དག་ནི་མི་སྒུལ་བ། །དེ་བཞིན་ཆོས་རྣམས་རྟག་ཏུ་སྐྱོད་མི་ནུས། །འཆི་འཕོ་མེད་ཅིང་སྐྱེ་བ་མེད་པ་ཡི། །ཆོས་རྣམས་དེ་ལྟར་རྒྱལ་བས་རབ་ཏུ་བསྟན། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། ཆོས་གང་སྐྱེ་བ་མེད་ཅིང་འབྱུང་བ་མེད། །འཆི་འཕོ་མེད་ཅིང་རྒ་བར་འགྱུར་བ་མེད། །མི་ཡི་སེང་གེ་ཡིས་ནི་དེར་སྟོན་ཅིང་། །སེམས་ཅན་བརྒྱ་ཕྲག་དག་ནི་དེ་ལ་བཀོད། །གང་ལ་ངོ་བོ་ཉིད་ནི་གང་ཡང་མེད། །གཞན་ཡང་མ་ཡིན་དུས་ཀྱང་མ་རྙེད་པ། །ནང་ན་མ་ཡིན་ཕྱི་རོལ་དག་ན་ཡང་། །མི་རྙེད་དེ་དག་ལ་ནི་མགོན་པོས་བཀོད། །བདེ་བར་གཤེགས་པས་ཞི་བའི་འགྲོ་གསུངས་ཀྱང་། །འགྲོ་བ་གང་ཡང་རྙེད་པར་མི་འགྱུར་ཏེ། །དེ་དག་འགྲོ་ལ་གྲོལ་བར་རྣམ་པར་གསུངས། །གྲོལ་ནས་སེམས་ཅན་མང་པོ་གྲོལ་བར་མཛད། །ཞེས་གསུངས་པ་རྣམས་ཀྱི་དོན་རིགས་པས་བསྒྲུབ་པའོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས་རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའི་རྣམ་པར་བཤད་པའོ།། ༈ །།གཉིས་པ་འགྲོ་འོང་དགག་པ་ལ་གསུམ་ལས། དང་པོ་ལ་རབ་བྱེད་ཀྱི་འབྲེལ་ནི། དེ་ལྟར་རྐྱེན་བརྟག་པར་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་བ་མེད་པར་བསྟན་པ་ཉིད་ཀྱིས་འགྲོ་བ་མེད་པ་ལ་སོགས་པ་ཤུགས་ལ་གྲུབ་ཀྱང་འཇིག་རྟེན་ན་གྲགས་པ་གཙོ་ཆེ་བའི་འགྲོ་འོང་མེད་པ་དངོས་སུ་གྲུབ་པར་བྱ་བའི་ཕྱིར་ཕ་རོལ་ལ་རབ་ཏུ་གྲགས་པའི་འཐད་པ་བརྗོད་དགོས་སོ་སྙམ་པ་ལ་འགྲོ་འོང་རང་ལྡོག་ནས་དངོས་སུ་དགག་པར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་གསུངས་སོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གཉིས་ཏེ། འགྲོ་འོང་འགོག་པའི་རིག་པ་རྒྱས་པར་བཤད། རིག་པ་བསྡུས་སྟེ་བསྟན་པའོ། །དང་པོ་ལ་ལྔ་སྟེ། ལས་ལ་དུས་གསུམ་དུ་བརྟགས་ནས་དགག བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ནས་དགག འགྲོ་འོང་ཡོད་པའི་སྒྲུབ་བྱེད་དགག འགྲོ་བའི་བྱ་བ་དང་འགྲོ་བ་པོ་གཅིག་དང་ཐ་དད་བརྟགས་ནས་དགག འགྲོ་བའི་བྱ་བ་གཅིག་དང་ཐ་དད་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། ལམ་གསུམ་ལ་འགྲོ་བ་སྤྱིར་དགག་པ། བགོམ་བཞིན་པའི་ལམ་ལ་འགྲོ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། འགྲོ་བའི་བྱ་བ་ནི་ལས་དང་བྱེད་པ་པོས་བསྒྲུབ་པ་ཡིན་པས་དེ་ལ་ལས་དང་བྱེད་པ་པོ་གཉིས་ཀྱིས་ཁྱབ་དགོས་ལ། དེ་ཡང་ལམ་ནི་བྱ་བའམ། འགྲོ་བ་འཇུག་པའི་གཞི་ལས་ཉིད་ཡིན་ཏེ། དེ་ལ་འགྲོ་བའི་བྱ་བ་འགགས་པ་སོང་བ་དང་། མ་སྐྱེས་པ་མ་སོང་བ་དང་། སྐྱེས་ལ་མ་འགགས་པ་བགོམ་བཞིན་པའི་ལམ་དང་གསུམ་ལས་མེད་པས། དེ་ལ་རེ་ཞིག་སོང་བའི་ལམ་ལ་ནི་མི་འགྲོ་སྟེ། འགྲོ་བའི་བྱ་བ་འགགས་ནས་མེད་པའི་ཕྱིར་རོ། །མ་སོང་བའི་ལམ་ལ་ཡང་འགྲོ་བ་མེད་དེ། འགྲོ་བའི་བྱ་བ་མ་སྐྱེས་ནས་མེད་པའི་ཕྱིར་རོ། །བགོམ་བཞིན་པའི་ལམ་ལ་ཡང་མེད་དེ། སོང་དང་མ་སོང་ལས་མ་གཏོགས་པའི་བགོམ་བཞིན་པར་ཤེས་པའམ་དམིགས་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། དེ་དགག་པའོ། །དང་པོ་ནི། སོང་བ་དང་མ་སོང་བ་ལ་འགྲོ་བ་མེད་ཀྱི་བགོམ་པ་ལ་ནི་འགྲོ་བ་ཡོད་པ་ཉིད་དེ། གང་གི་ཕྱིར་གཡོ་བ་དེ་ཡང་བགོམ་པ་ལ་ཡོད་པ་དེའི་ཕྱིར་རོ། །དེའི་ཁྱབ་པ་བསྒྲུབ་པ་ནི་འགྲོ་བ་པོ་ཡུལ་གང་ན་སྔར་གྱི་མཚན་ཉིད་ཅན་གྱི་གཡོ་བ་ཡོད་པ་དེ་ན་འགྲོ་བ་ཡང་དམིགས་པའི་ཕྱིར། ཕྱོགས་ཆོས་བསྒྲུབ་པ་ནི་སྤྱིར་གཡོ་བ་ཙམ་མངོན་སུམ་གྱིས་དམིགས་ཤིང་དེ་འགག་པས་སོང་བ་ལ་ཡང་ཡོད་པ་མིན། མ་སྐྱེས་པས་མ་སོང་བ་ལ་ཡང་ཡོད་པ་མིན་པའི་ཕྱིར། གཞན་འོས་མེད་པས་བགོམ་པ་ཁོ་ན་ལ་ཡོད་པར་གྲུབ་བོ་སྙམ་ན། གཉིས་པ་ལ་གསུམ་སྟེ། ལས་ཚིག་དོན་དང་བཅས་ན་བྱ་ཚིག་དོན་གྱིས་སྟོང་། བྱ་ཚིག་དོན་དང་བཅས་ན་ལས་ཚིག་དོན་གྱིས་སྟོང་། གཉིས་ཀ་དོན་དང་བཅས་ན་ཧ་ཅང་ཐལ་བར་འགྱུར་བའོ། །དང་པོ་ནི། འགྲོ་བ་པོ་ལྷ་བྱིན་ལྟ་བུ་གཅིག་ཡུལ་གཞན་དུ་འགྲོ་བ་ན་འགྲོ་བའི་བྱ་བ་གཅིག་ལས་མེད་པས་བྱ་བ་གཅིག་པོ་དེ་བགོམ་པ་ཞེས་པའི་ལས་ཀྱི་ཚིག་དང་འབྲེལ་ན་བགོམ་པ་ལ་འགྲོ་ཞེས་པའི་ངག་བརྗོད་བྱའི་དོན་དང་ལྡན་པ་ཡིན་པར་ནི་ཅི་ལྟ་བུར་ན་འཐད་པར་འགྱུར་ཏེ་མི་འགྱུར་བར་ཐལ། འགྲོ་བའི་བྱ་བ་གཅིག་པོ་དེ་ནི་བགོམ་པ་ཞེས་པའི་ཚིག་གི་དོན་དུ་སོང་ཞིང་བྱ་བ་གཉིས་པ་ཡང་མེད་པའི་ཕྱིར་རོ། །འགྲོ་བའི་བྱ་བ་བགོམ་པ་ཞེས་པའི་ལས་ཚིག་དང་འབྲེལ་དགོས་པ་ཅི་སྟེ་སྙམ་ན། གང་གི་ཚེ་སྟེ་གང་གི་ཕྱིར་ན་འགྲོ་བའི་བྱ་བ་མེད་པའི་བགོམ་པ་ཞེས་པ་ལས་ཀྱི་ཚིག་ལ་བརྗོད་བྱའི་དོན་དང་ལྡན་པ་འཐད་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་ཞེས་པའི་ཚིག་འགྲོ་བའི་བྱ་བ་དང་འབྲེལ་བས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། རྒོལ་བ་གང་གིས་འགྲོ་བའི་བྱ་བ་དང་མི་ལྡན་པས་བགོམ་པ་མིང་ཙམ་དུ་གྱུར་པ་ལ་འགྲོ་བ་ཞེས་པའི་བྱ་ཚིག་ལ་འགྲོ་བའི་བྱ་བ་ཡོད་པར་འདོད་པའི་ཕྱོགས་དེ་ལ་བགོམ་པ་ཞེས་པའི་ལས་ཀྱི་ཚིག་ལ་འགྲོ་ཞེས་པའི་ཚིག་གི་དོན་མེད་པར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་འགྲོ་བའི་བྱ་བ་ནི་གཅིག་ལས་མེད་ལ། དེ་བགོམ་པ་མིང་ཙམ་དུ་གྱུར་པ་ལ་འགྲོ་ཞེས་པའི་བྱ་ཚིག་དང་འབྲེལ་བ་ཡིན་པའི་ཕྱིར། གསུམ་པ་ནི། བགོམ་པ་ཞེས་པའི་ལས་ཚིག་དང་། འགྲོ་ཞེས་པའི་བྱ་ཚིག་གཉིས་ཀ་ལ་འགྲོ་བའི་བྱ་བ་ཡོད་པས་ཉེས་པ་དེ་གཉིས་ཀར་མི་འགྱུར་རོ་སྙམ་ན། དེ་ལྟར་བགོམ་པ་ཞེས་པའི་ལས་ཀྱི་ཚིག་དང་། འགྲོ་ཞེས་པའི་བྱ་ཚིག་གཉིས་ཀ་ལ་དོན་ཡོད་ན་ནི། འགྲོ་བ་པོ་གཅིག་ལ་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་བགོམ་པའི་ཐ་སྙད་དུ་འཇོག་པ་དེ་དང་ནི་བགོམ་པར་གྱུར་པ་དེ་ལ་ཡུལ་གཞན་དུ་ཕྱིན་པའི་འགྲོ་བའི་བྱ་བ་གང་ཡིན་པ་གཉིས་སུ་འགྱུར་བའི་ཕྱིར། འགྲོ་བའི་བྱ་བ་གཉིས་པོ་འདིར་ཐལ་བར་འགྱུར་བར་འདོད་ན། དེ་འདོད་པ་མི་ནུས་ཏེ། དེ་ལྟར་ན་འགྲོ་བ་པོའང་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །འགྲོ་བའི་བྱ་བ་གཉིས་ཡོད་ཀྱང་འགྲོ་བ་པོ་གཉིས་མེད་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྤྱིར་བྱ་བ་ཐམས་ཅད་ལས་དང་། བྱེད་པ་པོ་གཉིས་ཀྱིས་བསྒྲུབ་པ་ཡིན་པས་གང་གི་ཕྱིར། འགྲོ་བ་པོའམ་བྱེད་པ་པོ་མེད་པ་ནི་འགྲོ་བའི་བྱ་བ་ཡོད་པ་འཐད་པར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་འགྲོ་བ་པོ་གཅིག་ལ་དུས་གཅིག་གི་ཚེ་འགྲོ་བའི་བྱ་བ་གཉིས་ཡོད་པར་མི་འགལ་ཏེ། བྱེད་པ་པོ་ལྷ་བྱིན་ལྟ་བུ་གཅིག་ལ་དུས་གཅིག་གི་ཚེ་ལྟ་བ་དང་། སྨྲ་བ་དང་། འཇུག་པ་ལ་སོགས་པའི་བྱ་བ་དུ་མ་དང་ལྡན་པ་མཐོང་བའི་ཕྱིར་རོ་སྙམ་ན། དེའི་ལན་དུ་འགྲེལ་པར། མ་ཡིན་ཏེ། གང་གི་ཕྱིར་ནུས་པ་བྱེད་པ་པོ་ཡིན་གྱི་རྫས་ནི་མ་ཡིན་ལ། བྱ་བ་ཐ་དད་པས་དེའི་སྒྲུབ་བྱེད་ནུས་པ་ཡང་ཐ་དད་པར་གྲུབ་པ་ཡིན་ཏེ། འཇུག་པའི་བྱ་བས་སྨྲ་བ་པོར་འགྱུར་བ་ནི་མ་ཡིན་ནོ། །ཞེས་པ་དང་། གཞན་ཡང་གཅིག་དུས་གཅིག་ཏུ་བྱ་བ་འདྲ་བ་གཉིས་ཀྱི་བྱེད་པ་པོ་ཉིད་ཡིན་པར་ཡང་མ་མཐོང་སྟེ། དེའི་ཕྱིར་འགྲོ་བ་པོ་གཅིག་ལ་འགྲོ་བ་གཉིས་པ་མེད་དོ་ཞེས་པའི་ལན་གཉིས་མཛད་པ་ལ། རྨ་བྱས། སྔ་མ་ལྟར་ན་འགྲོ་བ་པོ་གང་ཟག་གི་རྫས་གཅིག་ལ་ཡང་འགྲོ་བའི་ནུས་པ་གཉིས་ཡོད་པས་འགྲོ་བའི་བྱ་བ་གཉིས་ཀྱང་མི་འགལ་བས་སྐབས་དོན་འགྲོ་བ་པོ་གང་ཟག་གི་རྫས་གཅིག་ལ་དུས་གཅིག་གི་ཚེ་འགྲོ་བའི་བྱ་བ་གཉིས་དགག་པར་མི་ནུས་པས་ལན་ཕྱི་མ་ཉིད་ལེགས་པར་སེམས་སོ་ཞེས་གསུངས་ཀྱང་། འགྲེལ་ཚིག་སྔ་མའི་དོན་བསྟན་བཅོས་རྩ་བར་འགྲོ་བ་པོ་ཞེས་པ་བྱེད་པ་པོ་ལ་འཇོག་དགོས་པས། བྱེད་པ་པོ་གཅིག་ལ་བྱ་བ་གཉིས་པ་མེད་པའི་ཕྱིར་ན་ལྟ་བ་དང་། སྨྲ་བ་ལ་སོགས་པའི་བྱ་བ་རིགས་མི་འདྲ་བ་དུ་མ་བྱེད་པའི་ཚེ་རྫས་གང་ཟག་བྱེད་པ་པོ་མ་ཡིན་གྱི་ནུས་པ་བྱེད་པ་པོ་ཡིན་པས་ལྟ་བའི་ནུས་པས་ལྟ་བའི་བྱ་བ་ཁོ་ན་བྱེད། སྨྲ་བའི་ནུས་པས་སྨྲ་བའི་བྱ་བ་ཁོ་ན་བྱེད་ཞེས་པའི་དོན་ཡིན་གྱི་གང་ཟག་གི་རྫས་གཅིག་ལ་ཡང་འགྲོ་བའི་ནུས་པ་གཉིས་ཡོད་པས་འགྲོ་བའི་བྱ་བ་གཉིས་ཀྱང་མི་འགལ་བ་དོན་མ་ཡིན་པས། སྐབས་དོན་ལས་ཉམས་པར་ག་ལ་འགྱུར། འགྲེལ་ཚིག་ཕྱི་མའི་དོན། བྱེད་པ་པོ་གང་ཟག་ལ་འཇོག་པའི་ཚེ་བྱེད་པ་པོ་གཅིག་ལ་བྱ་བ་རིགས་འདྲ་གཉིས་མེད་པས། རྩ་བར། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །ཞེས་པ་དང་མི་འགལ་ལ། བྱེད་པ་པོ་གཅིག་ལ་བྱ་བ་རིགས་མི་འདྲ་བ་དུ་མ་ཡོད་པ་ནི་མ་བཀག་ཅེས་པའི་དོན་ཏོ། །གཉིས་པ་བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ནས་དགག་པ་ལ་གསུམ་སྟེ། འགྲོ་བའི་བྱ་བ་དང་འགྲོ་བ་པོ་ཕན་ཚུན་ལྟོས་གྲུབ་ཏུ་བསྟན། རྣམ་གྲངས་གསུམ་གྱི་གང་ཟག་འགྲོ་བ་སྤྱིར་དགག འགྲོ་བཞིན་པ་འགྲོ་བ་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། གལ་ཏེ་འགྲོ་བའི་བྱ་བ་བྱེད་པ་པོ་འགྲོ་བ་པོ་མེད་པར་གྱུར་ན་འགྲོ་བའི་བྱ་བ་འཐད་པར་མི་འགྱུར་ཏེ་བྱ་བ་བྱེད་པ་པོ་ལ་ལྟོས་པའི་ཕྱིར། འགྲོ་བའི་བྱ་བ་མེད་ན་ཡང་འགྲོ་བ་པོའམ་བྱེད་པ་པོ་ཡོད་པ་ཉིད་དུ་ག་ལ་འགྱུར་ཏེ། བྱེད་པ་པོ་བྱ་བ་ལ་ལྟོས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་འགྲོ་བའི་བྱ་བ་ལ་འགྲོ་བ་པོས་ཁྱབ་པ་དེ་འགྲོ་བའི་བྱ་བ་དང་ལྡན་པ་འགྲོ་བ་པོར་གྱུར་པ་ཞིག་འགྲོའམ། འགྲོ་བའི་བྱ་བ་དང་མི་ལྡན་པ་འགྲོ་བ་པོ་མ་ཡིན་པ་ཞིག་འགྲོའམ། དེ་གཉིས་ལས་མ་གཏོགས་པའི་གཞན་ཞིག་འགྲོ། དང་པོ་ལྟར་ན་དེ་ལ་རེ་ཤིག་འགྲོ་བ་པོར་གྱུར་པ་ནི་མི་འགྲོ་སྟེ་དེ་ལྟར་ན་འགྲོ་བའི་བྱ་བ་གཉིས་དགོས་པ་ལས་འགྲོ་བའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །འགྲོ་བ་པོ་མིན་པ་ཡང་མི་འགྲོ་སྟེ། འགྲོ་བའི་བྱ་བ་དང་བྲལ་བའི་ཕྱིར་རོ། །འགྲོ་བ་པོ་ལས་ཀྱང་གཞན། འགྲོ་བ་པོ་མིན་པ་ལས་ཀྱང་གཞན་པའི་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཏེ། གཉིས་པོ་དངོས་འགལ་ཡིན་པས་ཕུང་པོ་གསུམ་པ་མི་སྲིད་པའི་ཕྱིར་རོ། །གསུམ་པ་ལ་གསུམ་སྟེ། བྱ་ཚིག་དོན་དང་བཅས་ན་བྱེད་ཚིག་དོན་གྱིས་སྟོང་། བྱེད་ཚིག་དོན་དང་བཅས་ན་བྱ་ཚིག་དོན་གྱིས་སྟོང་། གཉིས་ཀ་དོན་དང་བཅས་ན་ཧ་ཅང་ཐལ་བར་འགྱུར་བའོ། །དང་པོ་ནི། འགྲོ་བ་པོ་ཡིན་མ་ཡིན་གཉིས་ཀ་ལས་ཀྱང་གཞན་པ་མི་འགྲོ་བ་བདེན་མོད་ཀྱི་འགྲོ་བ་པོ་ཉིད་འགྲོའོ་སྙམ་ན། རེ་ཤིག་འགྲོ་བ་པོ་འགྲོ་ཞེས་པའི་ངག་དོན་ལྡན་ཡིན་པར་ནི་ཅི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ། གང་གི་ཚེ་སྟེ་གང་གི་ཕྱིར་འགྲོ་བ་པོ་ལྷ་བྱིན་གཅིག་ལ་འགྲོ་བའི་བྱ་བ་གཅིག་ལས་མེད་ལ་དེ་འགྲོ་ཞེས་པའི་ཚིག་གི་དོན་དུ་སོང་བས་འགྲོ་བའི་བྱ་བ་མེད་པར་ནི་འགྲོ་བ་པོའི་ཚིག་དོན་ལྡན་དུ་འཐད་པར་མི་འགྱུར་བའི་ཕྱིར། གཉིས་པ་ནི། འགྲོ་བའི་བྱ་བ་དེ་འགྲོ་བ་པོ་ཞེས་པའི་ཚིག་གི་དོན་དུ་སོང་བས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། རྒོལ་བ་གང་གི་ཕྱོགས་ལ་འགྲོ་བ་པོ་འགྲོ་བའི་བྱ་བ་དང་འབྲེལ་བར་འདོད་པ་དེ་ལ་འགྲོ་བ་མེད་པའི་འགྲོ་བ་པོ་ཞེས་པའི་འགྲོ་བ་པོའི་སྒྲ་ནི་བྱ་བའི་དོན་ལ་འཇུག་པས་འགྲོ་ཞེས་པ་བྱ་བའི་སྒྲ་ལ་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། འགྲོ་བ་པོ་ཞེས་པ་བྱེད་པ་པོའི་སྒྲ་བརྗོད་བྱའི་དོན་འགྲོ་བའི་བྱ་བ་གཅིག་པོ་དེ་དང་འབྲེལ་བར་འདོད་པའི་ཕྱིར་རོ། །གསུམ་པ་ནི། འགྲོ་བའི་བྱ་བ་དེ་འགྲོ་བ་པོ་ཞེས་པའི་ཚིག་དང་། འགྲོ་བ་ཞེས་པའི་ཚིག་གཉིས་ཀ་དང་འབྲེལ་བས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། དེ་ལྟར་ན་གལ་ཏེ་འགྲོ་བའི་བྱ་བ་དེ་འགྲོ་བ་པོ་ཞེས་པ་དང་། འགྲོ་ཞེས་པའི་ཚིག་གཉིས་ཀ་དང་འབྲེལ་བར་འགྱུར་ན་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་ལྷ་བྱིན་འགྲོ་བ་པོའི་ཐ་སྙད་དུ་འཇོག་ཅིང་མངོན་པ་དང་། འགྲོ་བའི་བྱ་བ་དེ་དང་ལྡན་པས་འགྲོ་བ་པོར་གྱུར་ནས་གང་འགྲོ་བའི་བྱ་བ་གཉིས་ཡོད་པའི་ཕྱིར། འདོད་པར་མི་ནུས་པ་ནི་སྔར་བཞིན་ནོ། །གསུམ་པ་འགྲོ་འོང་ཡོད་པའི་སྒྲུབ་བྱེད་དགག་པ་ལ་ལྔ་སྟེ། རྒྱུ་རྩོམ་པ་དགག ལས་ལམ་དགག གཉེན་པོ་གནས་པ་དགག འབྲས་བུ་ལྡོག་པ་དགག གནས་པ་ཡོད་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས་ཏེ། ལས་ཁས་བླངས་ཀྱང་རྩོམ་པ་མ་གྲུབ་པ། ལས་ཁས་མ་བླངས་པས་རྩོམ་པ་མ་གྲུབ་པའོ། །དང་པོ་ནི། གལ་ཏེ་འགྲོ་བའི་བྱ་བ་ནི་རང་བཞིན་གྱི་ཡོད་དེ། དེའི་རྩོམ་པ་ཡོད་པའི་ཕྱིར་རོ་སྙམ་ན། དེ་ལ་སོང་བའི་ལམ་ལ་ནི་འགྲོ་བའི་རྩོམ་པ་མེད་དེ། འགྲོ་བའི་རྩོམ་པ་འགག་ཟིན་པའི་ཕྱིར་རོ། །མ་སོང་བའི་ལམ་ལ་ཡང་འགྲོ་བའི་རྩོམ་པ་མེད་དེ། འགྲོ་བ་རྩོམ་ན་མ་སོང་བར་འགལ་བའི་ཕྱིར་རོ། །བགོམ་བཞིན་པའི་ལམ་ལ་ཡང་འགྲོ་བའི་རྩོམ་པ་ཡོད་པ་མ་ཡིན་ཏེ། སོང་མ་སོང་ལས་མ་གཏོགས་པའི་བགོམ་བཞིན་པ་མ་དམིགས་པའི་ཕྱིར། དེས་ན་ལམ་གང་དུ་འགྲོ་བ་རྩོམ་པར་བྱེད་དེ་མི་འཐད་པར་ཐལ། ལམ་གསུམ་ཆར་དུ་ཡང་འགྲོ་བའི་རྩོམ་པ་མེད་པའི་ཕྱིར། གཉིས་པ་ནི། འགྲོ་བ་རྩོམ་པ་ལ་མངོན་དུ་བརྩམ་བྱའི་ལས་གྲུབ་དགོས་པ་ལས་འགྲོ་བ་རྩོམ་པའི་སྔ་རོལ་ན་ལམ་གང་དུ་འགྲོ་བ་རྩོམ་པར་འགྱུར་བ་འགྲོ་བའི་བྱ་བ་འགག་པ་སོང་བའི་ལམ་མེད་ཅིང་། བྱ་བ་ད་ལྟར་བ་དང་ལྡན་པ་བགོམ་བཞིན་པའི་ལམ་ཡང་མེད་ལ། མ་སོང་བའི་ལམ་ཡང་འགྲོ་བ་རྩོམ་པ་ག་ལ་ཡོད་དེ། འགྲོ་བའི་བྱ་བ་མ་བརྩམས་ཤིང་མ་སྐྱེས་པའི་ཕྱིར་རོ། །གཉིས་པ་ནི། འགྲོ་བའི་བྱ་བ་ནི་རང་བཞིན་དུ་ཡོད་པ་ཉིད་དེ། དེའི་ལས་ལམ་གསུམ་པོ་སྔར་དངོས་སུ་མ་བཀག་པས་རང་བཞིན་དུ་ཡོད་པའི་ཕྱིར་རོ་སྙམ་ན། སྔར་བཤད་པའི་ཚུལ་གྱིས་འགྲོ་བའི་རྩོམ་པ་རྣམ་པ་ཐམས་ཅད་དུ་རིགས་ངོར་སྣང་ཞིང་མངོན་པ་མེད་པ་ཉིད་ཡིན་པའི་ཕྱིར་ན་འགྲོ་བའི་རྩོམ་པ་འགགས་པ་སོང་བའི་ལམ་ཅི་ཞིག་དང་། སྐྱེས་ལ་མ་འགག་པ་བགོམ་བཞིན་པའི་ལམ་ཅི་ཞིག་དང་། མ་སྐྱེས་པ་མ་སོང་བའི་ལམ་ཅི་ཞིག་རྣམ་པར་བརྟག་པར་བྱ་སྟེ། འབྲེལ་ཡུལ་འགྲོ་རྩོམ་མེད་ན་དེ་ལ་ལྟོས་པའི་ལམ་གསུམ་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། འགྲོ་བའི་བྱ་བ་ནི་རང་བཞིན་གྱི་ཡོད་པ་ཉིད་དེ། དེའི་གཉེན་པོ་གནས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་སྙམ་ན། རེ་ཤིག་འགྲོ་བ་པོ་མི་སྡོད་དེ། ཕན་ཚུན་འགལ་བའི་ཕྱིར་རོ། །འགྲོ་བ་པོ་ཡིན་པ་ཡང་སྡོད་པ་མིན་ཏེ། འགྲོ་བ་པོ་མིན་པ་ནི་གནས་པ་ཉིད་ཡིན་པས་དེ་ལ་གནས་པའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །འགྲོ་བ་པོ་དང་འགྲོ་བ་པོ་མིན་པ་ལས་གཞན་པའི་གང་ཟག་གསུམ་པ་གང་ཞིག་སྡོད་པར་འགྱུར་ཏེ། དེ་གཉིས་དངོས་འགལ་ཡིན་པས་དགག་ཕྱོགས་ཀྱི་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་མཐའ་ཕྱི་མ་གཉིས་པོ་མི་སྡོད་ཀྱང་འགྲོ་བ་པོ་ཉིད་སྡོད་དོ་སྙམ་ན། རེ་ཤིག་འགྲོ་བ་པོ་སྡོད་དོ་ཞེས་ཅི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འཐད་པར་ཐལ། གང་གི་ཚེ་འགྲོ་བའི་བྱ་བ་མེད་པར་ནི་འགྲོ་བ་པོའི་ཚིག་དོན་ལྡན་དུ་འཐད་པར་མི་འགྱུར་བ་དེས་ན་སྡོད་ཚིག་དོན་དང་ལྡན་ཡང་འགྲོ་བ་པོའི་ཚིག་དོན་གྱིས་སྟོང་པའི་ཕྱིར་རོ། །བཞི་པ་ནི། འགྲོ་བའི་བྱ་བ་རང་བཞིན་གྱིས་ཡོད་པ་ཉིད་དེ། འབྲས་བུ་དེ་ལས་ལྡོག་པ་ཡོད་པའི་ཕྱིར་རོ་སྙམ་ན། སོང་དང་མ་སོང་ལས་མ་གཏོགས་པའི་བགོམ་བཞིན་པའི་ལམ་ལ་འགྲོ་བ་ལས་ལྡོག་པར་མི་འགྱུར་ཏེ། དེ་མ་དམིགས་པའི་ཕྱིར། སོང་བའི་ལམ་དང་མ་སོང་བའི་ལམ་ལ་འགྲོ་བ་ལས་ཀྱང་ལྡོག་པར་འགྱུར་བ་མིན་ཏེ། གང་ལས་ལྡོག་པར་འགྱུར་བའི་འགྲོ་བའི་བྱ་བ་འགགས་པ་དང་། མ་སྐྱེས་ནས་མེད་པའི་ཕྱིར། ལྔ་པ་ནི། འགྲོ་བའི་གཉེན་པོ་གནས་པ་ཉིད་རང་བཞིན་གྱི་ཡོད་དེ། དེའི་འགྲན་ཟླ་འགྲོ་བ་ཡོད་པའི་ཕྱིར་དང་། རྒྱུ་རྩོམ་པ་ཡོད་པའི་ཕྱིར་དང་། འབྲས་བུ་དེ་ལས་བཟློག་པ་ཡོད་པའི་ཕྱིར་རོ་སྙམ་ན། གནས་པའི་སྒྲུབ་བྱེད་དུ་བཀོད་པའི་གནས་པའི་གཉེན་པོ་འགྲོ་བ་དགག་པ་ཡང་ནི་སྔར་འགྲོ་བའི་གཉེན་པོ་གནས་པ་དགག་པ་དང་མཚུངས་ཏེ། སྔར་རེ་ཤིག་འགྲོ་བ་པོ་མི་སྡོད་དེ་ཞེས་སོགས་བཤད་པ་དེ་ཉིད་འདིར་རེ་ཤིག་གནས་པོ་མི་འགྲོ་སྟེ། གནས་པ་པོ་མིན་འགྲོ་བ་མིན། །ཞེས་སོགས་སུ་འདོན་པ་བསྒྱུར་བས་དགག་ནུས་པའི་ཕྱིར་རོ། །གནས་པའི་རྒྱུ་རྩོམ་པའམ་འཇུག་པ་དགག་པ་ཡང་ནི་སྔར་འགྲོ་བའི་རྒྱུ་རྩོམ་པ་དགག་པ་དང་མཚུངས་ཏེ། སྔར་སོང་ལ་འགྲོ་བའི་རྩོམ་མེད་དེ་ཞེས་སོགས་བཤད་པ་དེ་ཉིད། འདིར་གནས་ལ་གནས་པའི་རྩོམ་མེད་དེ་ཞེས་སོགས་སུ་འདོན་པ་བསྒྱུར་བས་དགག་ནུས་པའི་ཕྱིར། གནས་པའི་སྒྲུབ་བྱེད་དུ་བཀོད་པའི་ལྡོག་པ་དགག་པ་ཡང་ནི་སྔར་འགྲོ་བ་ལས་ལྡོག་པ་དགག་པ་དང་མཚུངས་ཏེ། སྔར་བགོམ་ལས་ལྡོག་པར་མི་འགྱུར་ཏེ། སོང་དང་མ་སོང་ལས་ཀྱང་མིན། །ཞེས་བཤད་པ་དེ་ཉིད་འདིར། གནས་བཞིན་པ་ལས་མི་ལྡོག་ཏེ། །གནས་དང་མི་གནས་ལས་ཀྱང་མིན། །ཞེས་འདོན་པ་བསྒྱུར་བས་དགག་ནུས་པའི་ཕྱིར་རོ། །བཞི་པ་འགྲོ་བའི་བྱ་བ་དང་། འགྲོ་བ་པོ་གཅིག་དང་ཐ་དད་བརྟགས་ནས་དགག་པ་ལ་གསུམ་སྟེ། དམ་བཅའ་མདོར་བསྟན། འཐད་པ་རྒྱས་པར་བཤད། གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། འགྲོ་བའི་བྱ་བ་དེ་དང་རྟེན་འགྲོ་བ་པོ་གཉིས་དེ་ཉིད་ཡིན་ནོ་ཞེས་ཀྱང་བྱར་མི་རུང་ལ། འགྲོ་བའི་བྱ་བ་དང་ནི་རྟེན་འགྲོ་བ་པོ་ངོ་བོ་གཞན་ཉིད་ཅེས་ཀྱང་བྱར་མི་རུང་ངོ་། །གཉིས་པ་ནི་ཅི་ལྟར་མི་རུང་ཞེ་ན། དེ་ཉིད་ཡིན་ཞེས་བྱ་བར་མི་རུང་སྟེ། གལ་ཏེ་འགྲོ་བའི་བྱ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡིན་པར་གྱུར་ན། སྤྱིར་བྱེད་པ་པོ་དང་ལས་ཉིད་ཀྱང་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཉིད་ཡིན་ཞེས་ཀྱང་བྱར་མི་རུང་སྟེ། གལ་ཏེ་འགྲོ་བའི་བྱ་བ་དང་། འགྲོ་བ་པོ་ངོ་བོ་གཞན་པ་ཉིད་དུ་རྣམ་པར་བརྟགས་ན་རྟེན་འགྲོ་བ་པོ་མེད་པའི་འགྲོ་བའི་བྱ་བ་དང་། འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་ཡོད་པར་འགྱུར་ན་དེ་དག་མི་རུང་བའི་ཕྱིར་རོ། །གསུམ་པ་ནི། དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་ཀྱང་རང་བཞིན་གྱིས་ཡོད་དོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྔར་བཤད་པའི་ཚུལ་གྱིས་འགྲོ་བ་དང་། འགྲོ་བ་པོ་གང་དག་དངོས་པོ་གཅིག་པ་དང་། དངོས་པོ་གཞན་པ་ཉིད་དུ་ནི། གྲུབ་པར་འགྱུར་བ་ཡོད་མིན་ན། །དེ་གཉིས་རང་བཞིན་གྱིས་གྲུབ་པ་ཅི་ལྟར་ཡོད་དེ་དེ་མི་འཐད་པར་ཐལ། དངོས་འགལ་ལ་དགག་ཕྱོགས་དང་སྒྲུབ་ཕྱོགས་ཀྱི་ཕུང་པོ་གསུམ་པ་མི་འཐད་པའི་ཕྱིར་རོ། །ལྔ་པ་འགྲོ་བའི་བྱ་བ་གཅིག་དང་ཐ་དད་བརྟགས་ནས་དགག་པ་ནི་གལ་ཏེ་སྨྲ་བ་པོ་ཚིག་སྨྲའོ། །བྱེད་པ་པོ་བྱ་བ་བྱེད་དོ་ཞེས་པ་ལྟར། འགྲོ་བའི་བྱ་བ་ཡང་འགྲོ་བ་པོའི་བྱ་བའི་ལས་སུ་ཡོད་པ་ཡིན་ནོ་སྙམ་ན། དེ་ལྟར་འགྲོ་བ་པོས་འགྲོ་བའི་བྱ་བ་བྱེད་ན་རང་ཉིད་འགྲོ་བ་པོར་མཚོན་པའི་བྱ་བ་བྱེད་དམ། དེ་ལས་གཞན་པའི་འགྲོ་བའི་བྱ་བ་བྱེད། དེ་ལ་དང་པོ་འགྲོ་བའི་བྱ་བ་གང་གིས་ལྷ་བྱིན་འགྲོ་བ་པོར་མངོན་ཞིང་མཚོན་པའི་འགྲོ་བའི་བྱ་བ་དེ་ནི། དེས་འགྲོ་ཞིང་བྱེད་པ་མིན་ཏེ། གང་གི་ཕྱིར་ན་རང་ཉིད་འགྲོ་བ་པོར་མཚོན་པའི་འགྲོ་བའི་བྱ་བའི་སྔ་རོལ་དུ་འགྲོ་བ་པོ་གྲུབ་པར་གྱུར་ན་སྔར་གྲུབ་པའི་འགྲོ་བ་པོ་གང་ཞིག ཡུལ་གྲོང་དང་གྲོང་ཁྱེར་ལ་སོགས་པ་གང་དུ་འགྲོ་བའི་བྱ་བ་བྱེད་པར་འགྱུར་བ་ཞིག་རིགས་པར་འགྱུར་ན་ཡང་རང་ཉིད་འགྲོ་བ་པོར་མཚོན་པའི་འགྲོ་བའི་བྱ་བ་དེའི་སྔ་རོལ་དུ་འགྲོ་བ་པོ་ཉིད་མེད་པའི་ཕྱིར་ཏེ། འགྲོ་བའི་བྱ་བ་ལ་མ་ལྟོས་པའི་འགྲོ་བ་པོ་མེད་པས་སོ། །གཉིས་པ་འགྲོ་བའི་བྱ་བ་གང་གིས་ལྷ་བྱིན་འགྲོ་བ་པོར་མངོན་ཞིང་མཚོན་པའི་འགྲོ་བའི་བྱ་བ་དེ་ལས་གཞན་པ་ཡང་འགྲོ་བ་པོ་དེས་འགྲོ་ཞིང་བྱེད་པ་མིན་ཏེ། གང་གི་ཕྱིར་ལྷ་བྱིན་ལྟ་བུ་འགྲོ་བ་པོ་གཅིག་པུ་ལ་རང་ཉིད་འགྲོ་བ་པོར་མཚོན་པའི་བྱ་བ་དང་། དེ་ལས་གཞན་པའི་འགྲོ་བའི་བྱ་བ་གཉིས་མི་འཐད་པའི་ཕྱིར་རོ། །གཉིས་པ་རིག་པ་བསྡུས་སྟེ་བསྟན་པ་ནི། འགྲོ་བ་པོ་ཡིན་པར་གྱུར་པ་ནི་འགྲོ་བའི་ལམ་རྣམ་པ་གསུམ་དུ་འགྲོ་བའི་བྱ་བ་མི་བྱེད་དེ། བྱེད་པ་པོ་དང་ལས་དང་བྱ་བ་གསུམ་ཆར་གྱི་སྒོ་ནས་བཀག་ཟིན་པའི་ཕྱིར་རོ། །འགྲོ་བ་པོ་མ་ཡིན་པར་ནི་གྱུར་ཏེ་ཡང་འགྲོ་བའི་ལས་རྣམ་པ་གསུམ་དུ་འགྲོ་བའི་བྱ་བ་མི་བྱེད་དེ། གསུམ་ཆར་བཀག་ཟིན་པའི་ཕྱིར་རོ། །འགྲོ་བ་པོ་ཡིན་པ་དང་མ་ཡིན་པར་གྱུར་པ་དེ་ཡང་འགྲོ་བའི་ལམ་རྣམ་པ་གསུམ་དུ་འགྲོ་བའི་བྱ་བ་མི་བྱེད་དེ། བཀག་ཟིན་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བའི་བྱ་བ་དང་། འགྲོ་བ་པོ་དང་། བགྲོད་པར་བྱ་བའི་ལས་ལམ་གསུམ་ཀ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། ཇི་སྐད་དུ་འཕགས་པ་བློ་གྲོས་མི་བཟད་པས་བསྟན་པའི་མདོ་ལས། བཙུན་པ་ཤ་ར་དྭ་ཏིའི་བུ་འོང་བ་ཞེས་བྱ་བ་དེ་ནི་བསྡུ་བའི་ཚིག་གོ །བཙུན་པ་ཤ་ར་དྭ་ཏིའི་བུ་འགྲོ་བ་ཞེས་བྱ་བ་དེ་ནི་བསལ་བའི་ཚིག་གོ །གང་ལ་བསྡུ་བའི་ཚིག་མེད་པ་དང་། བསལ་བའི་ཚིག་མེད་པ་དེ་ལ་འོང་བ་ཡང་མེད་འགྲོ་བ་ཡང་མེད་དོ། །འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་འགྲོ་བའོ་ཞེས་དང་། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་བྱ་བ་དང་། རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི། །རྒྱ་དེ་འཕོས་པར་དམིགས་པ་ཡང་ཡོད་མིན། །དེ་ལ་དེ་མེད་གཞན་ལ་མ་ཡིན་ཏེ། །དེ་ལྟར་འདུས་བྱས་རྟགས་མིན་ཆད་པ་མེད། །ཞེས་བྱ་བ་དང་། མེ་ལོང་ངོས་དང་འབྲུ་མར་སྣོད་རྣམས་ལ། །བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །བྱིས་པ་དེ་ནི་དེ་ལ་ཆགས་སྐྱེད་ནས། །འདོད་པ་ཚོལ་བའི་ཕྱིར་ཡང་ཤིན་ཏུ་རྒྱུག །བཞིན་ནི་དེ་ཡང་འཕོ་བ་མ་ཡིན་ཏེ། །གཟུགས་བརྙན་ལ་ནི་ནམ་ཡང་བཞིན་མི་རྙེད། །རྨོངས་པ་དེ་དག་འདོད་ཆགས་བསྐྱེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། དེ་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་ཡི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆད། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་ཡིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང་། །ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །རྟག་པ་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། །དེ་ཡང་བྱས་ནས་རེག་པ་མི་འགྱུར་མིན། །གཞན་གྱིས་བྱས་པ་མྱོང་བར་འགྱུར་བའང་མེད། །ཐམས་ཅད་ཡོད་པའང་མ་ཡིན་མེད་པ་མིན། །འདི་ན་ལྟ་གནས་འཇུག་པ་དག་པ་མིན། །སེམས་ཅན་སྤྱོད་པ་རབ་ཞི་འཇུག་པ་མེད། །སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མེད་ཅིང་འདི་ན་འགྲོ་བའང་མེད། །རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །བདེ་གཤེགས་སྤྱོད་ཡུལ་རྒྱལ་བའི་ཡོན་ཏན་ནི། །སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས། །སྟོབས་དང་གཟུངས་རྣམས་དང་ནི་སྟོབས་བཅུའི་སྟོབས། །འདི་ནི་སངས་རྒྱས་ཁྱུ་མཆོག་གྱུར་པའི་མཆོག །དཀར་པོའི་ཆོས་མཆོག་ཡོན་ཏན་བསགས་པ་སྟེ། །ཡོན་ཏན་ཡེ་ཤེས་སྟོབས་དང་གཟུགས་མཆོག་དང་། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་བྱ་བའི་མཆོག །མངོན་ཤེས་མཆོག་ལྔ་ཐོབ་པ་དམ་པའི་ཚུལ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དེ་བཞིན་དུ་ཚེ་དང་ལྡན་པ་དག་གར་དོང་། གང་ནས་ལྷགས། དེ་དག་གིས་སྨྲས་པ། བཙུན་པ་རབ་འབྱོར་གང་དུ་ཡང་འགྲོ་བ་མེད་པ་དང་། གང་ནས་ཀྱང་འོང་བ་མེད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ། །ཞེས་སོགས་གསུངས་པ་རྣམས་ཀྱི་དོན་དངོས་སུ་འགྲོ་འོང་དོན་དམ་པ་བཀག་པ་དང་། ཤུགས་ལ་ཀུན་རྫོབ་སྒྱུ་མ་ཙམ་དུ་འགྲོ་འོང་ཐ་སྙད་དུ་ཡོད་པའི་བདེན་གཉིས་ཟུང་འཇུག་བསྟན་པར་ཤེས་པར་བྱའོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས་འགྲོ་འོང་བརྟགས་པ་ཞེས་བྱ་བ་རབ་ཏུ་བྱེད་པ་གཉིས་པའི་རྣམ་པར་བཤད་པའོ།། ༈ །།གཉིས་པ་ཁྱད་ཆོས་གཞན་བཤད་པ་ལ་ལྔ་སྟེ། རྟེན་འབྲེལ་ཆོས་ཀྱི་བདག་གིས་སྟོང་པ། གང་ཟག་གི་བདག་གིས་སྟོང་པ། དངོས་པོའི་རང་བཞིན་གྱིས་སྟོང་པ། དུས་ཀྱིས་སྟོང་པ། སྲིད་པའི་རྒྱུན་གྱིས་སྟོང་པའོ། །དང་པོ་ལ་གཉིས་ཏེ། ཆོས་བདག་གི་ངོ་བོ་དགག དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་སྟེ། སྐྱེ་མཆེད་རང་བཞིན་གྱིས་གྲུབ་པ་དགག ཕུང་པོ་རང་བཞིན་གྱིས་གྲུབ་པ་དགག ཁམས་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་བྱེད་ཀྱི་འབྲེལ་ནི། དེ་ལྟར་འགྲོ་བ་དང་། འགྲོ་བ་པོ་དང་། བགྲོད་པར་བྱ་བ་བཀག་མོད་ཀྱི་དེ་ལྟ་ན་ཡང་ལྟ་བ་དང་། ལྟ་བ་པོ་དང་། བལྟ་བྱ་ལ་སོགས་པ་ཕྱི་ནང་གི་སྐྱེ་མཆེད་རྣམས་ནི་ཆོས་མངོན་པ་ལས་གསུངས་པས་རང་བཞིན་གྱིས་ཡོད་པ་ཡིན་ནོ་སྙམ་ན། དེ་དག་རང་བཞིན་གྱིས་གྲུབ་པ་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། དང་པོ་རིག་པས་དཔྱད་པ་ལ་ཡང་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བཤད་པའོ། །དང་པོ་ནི། ཉན་ཐོས་སྡེ་པ་དག་ལྟ་བ་དང་། བལྟ་བྱ་ལ་སོགས་པ་ཕྱི་ནང་གི་སྐྱེ་མཆེད་རྣམས་ནི་རང་བཞིན་གྱིས་ཡོད་པ་ཡིན་ཏེ། ཆོས་མངོན་པའི་མདོ་ལས། ལྟ་བ་མིག་དང་། ཉན་པ་རྣ་བ་དང་། སྣོམ་པ་སྣ་དང་། མྱོང་བར་བྱེད་པ་ལྕེ་དང་། རེག་པར་བྱེད་པ་ལུས་དང་། སེམས་པར་བྱེད་པ་ཡིད་ཅེས་པ་ནི་བྱེ་བྲག་ཏུ་སྨྲ་བ་འདོད་ལ། མདོ་སྡེ་པ་ནི་ལྟ་བ་མིག་གི་རྣམ་ཤེས་སོགས་སུ་འདོད་དེ། ནང་གི་སྐྱེ་མཆེད་དབང་པོ་དྲུག་སྟེ། དེ་དག་གི་སྤྱོད་ཡུལ་ལྟ་བར་བྱ་བའི་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་དྲུག་གསུངས་པའི་ཕྱིར་ཞེས་འདོད་དོ། །གཉིས་པ་ལ་གཉིས་ཏེ། ལྟ་བ་འགོག་བྱེད་ཀྱི་རིག་པ་རྒྱས་པར་བཤད། རིག་པ་དེ་ཆོས་གཞན་ལ་བསྒྲེ་བའོ། །དང་པོ་ལ་གཉིས་ཏེ། མིག་ལྟ་བ་ཡིན་པ་དགག་པ། ཤེས་པ་ལྟ་བ་ཡིན་པ་དགག་པའོ། །དང་པོ་ལ་གཉིས་ཏེ། རང་མ་མཐོང་བའི་རྟགས་ཀྱིས་དགག ལྟ་བའི་རང་བཞིན་ཡིན་མིན་བརྟགས་ཏེ་དགག་པའོ། །དང་པོ་ལ་བཞི་སྟེ། ཕྱོགས་ཆོས་བསྒྲུབ། གཏན་ཚིགས་འགོད། མ་ངེས་པ་སྤོང་། དོན་བསྡུ་བའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་འདོད་པའི་ལྟ་བ་མིག་གི་དབང་པོ་དེ་རང་གི་བདག་ཉིད་ནི་དེ་ལ་ལྟ་བ་མ་ཡིན་པ་ཉིད་དེ། རང་ལ་རང་གི་ལྟ་བའི་བྱ་བ་འགལ་བའི་ཕྱིར་དང་། དེ་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། གང་ཞིག་མིག་གི་དབང་པོ་དེ་ཆོས་ཅན། གཞན་གཟུགས་དག་ལ་ཅི་ལྟར་ལྟ་སྟེ་མི་ལྟ་བར་ཐལ། བདག་ཉིད་ལ་མི་ལྟ་བའི་ཕྱིར། བུམ་པ་བཞིན། གསུམ་པ་ནི། རང་ལ་མི་ལྟ་ཡང་གཞན་ལ་ལྟ་བ་མི་འགལ་ཏེ། མེས་རང་མི་བསྲེག་ཀྱང་གཞན་བུད་ཤིང་བསྲེག་པ་བཞིན་ནོ་སྙམ་ན། རང་ལ་མི་ལྟ་ཡང་གཞན་ལ་ལྟ་བ་རབ་ཏུ་བསྒྲུབ་པའི་ཕྱིར། མེས་རང་མི་བསྲེག་ཀྱང་། གཞན་བསྲེག་པའི་དཔེས་ནི་དོན་དེ་སྒྲུབ་པར་ནུས་པ་མ་ཡིན་ཏེ། སྔར་སོང་བ་དང་། མ་སོང་བ་དང་། བགོམ་པ་ལ་འགྲོ་བའི་བྱ་བ་བཀག་པའི་རིག་པ་ཡིས། དཔེ་དེ་དང་ནི་དོན་ལྟ་བ་དང་བཅས་པ་ལ་ལན་བཏབ་ཅིང་སུན་དབྱུང་བ་ཡིན་པའི་ཕྱིར་ཏེ། རེ་ཞིག་བསྲེག་པ་མི་བསྲེག་ཏེ་ཞེས་སོགས་བསྲེག་བྱའི་ལས་བུད་ཤིང་དང་། རེ་ཤིག་བལྟ་བ་མི་བལྟ་སྟེ་ཞེས་སོགས་བལྟ་བྱའི་ཡུལ་གཟུགས་ལ་དུས་གསུམ་དུ་དཔྱད་པ་དང་། རེ་ཤིག་བསྲེག་པོ་མི་བསྲེག་སྟེ་ཞེས་སོགས་སྲེག་པར་བྱེད་པ་པོའི་མེ་དང་། རེ་ཤིག་ལྟ་པོ་མི་བལྟ་སྟེ་ཞེས་སོགས་ལྟ་བར་བྱེད་པ་པོ་མིག་ལ་རྣམ་གྲངས་གསུམ་དུ་བརྟགས་ན་དཔེ་དང་དོན་གཉིས་ཀ་མི་འགྲུབ་པའི་ཕྱིར་རོ། །བཞི་པ་ནི། དེའི་ཕྱིར་མིག་དེ་ནི་གཟུགས་ལ་བལྟ་བས་བལྟ་བར་བྱེད་པ་པོ་ཡིན་ཞེས་བྱ་བ་དེ་ནི་ཅི་ལྟར་རིགས་པར་འགྱུར་ཏེ། གང་གི་ཚེ་རང་གཞན་གཉིས་ཀ་ལ་ཅུང་ཟད་མི་ལྟ་བ་དེ་ནི་ལྟ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་མིག་གཟུགས་ལ་བལྟ་བར་རྟོག་ན་ལྟ་བའི་བྱ་བ་དང་བཅས་པ་ལྟ་བའི་རང་བཞིན་ཞིག་གམ། དེ་དང་བྲལ་བ་ལྟ་བའི་རང་བཞིན་མ་ཡིན་པ་ཞིག་བལྟ་ཞེས་རྟོག་དྲང་། དེ་ལ་མིག་ལྟ་བའི་རང་བཞིན་ཅན་ནི་གཟུགས་ལ་བལྟ་བ་ཉིད་མ་ཡིན་ཏེ། དེ་ལ་བལྟ་བའི་བྱ་བ་གཉིས་མེད་པའི་ཕྱིར་རོ། །གཉིས་པ་ལྟར་མིག་བལྟ་བའི་རང་བཞིན་ཅན་མིན་པ་ཡང་མི་བལྟ་བ་ཉིད་དེ་ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར་སོར་མོའི་རྩེ་མོ་བཞིན་ནོ། །གཉིས་པ་ཤེས་པ་བལྟ་བ་ཡིན་པ་དགག་པ་ལ་གསུམ་སྟེ། སྔར་བཤད་རིག་པས་དགག རིག་པ་གཞན་གྱིས་དགག དོན་བསྡུ་བའོ། །དང་པོ་ནི། མདོ་སྡེ་པ་ལ་སོགས་པ་དག་མིག་ལྟ་བའི་བྱེད་པ་པོ་མ་ཡིན་མོད་ཀྱི་ལྟ་བའི་བྱེད་པ་ཡིན་ལ། བྱེད་པ་དེས་གཟུགས་ལ་ལྟ་བ་པོ་ནི་རྣམ་པར་ཤེས་པའམ་བདག་ཡིན་ནོ་ཞེ་ན། སྔར་མིག་གི་དབང་པོ་གཟུགས་ལ་བལྟ་བའི་བྱེད་པ་པོར་འདོད་པ་དགག་པ་ཉིད་ཀྱིས་རྣམ་པར་ཤེས་པའམ་བདག་གཟུགས་ལ་ལྟ་བ་པོར་འདོད་པ་ལ་ཡང་སྐྱོན་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། ལྟ་པོ་རང་གི་བདག་ཉིད་ནི། །ཞེས་སོགས་འདོན་པ་བསྒྱུར་བས་དགག་ནུས་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་ལྟ་བ་པོ་རྣམ་ཤེས་ལ་སོགས་པ་ཡོད་ན་ལྟ་བའི་བྱ་བ་ལ་ལྟོས་པའམ་མ་ལྟོས་པ་ཞིག་ཡོད་དྲང་། དེ་ལ་ལྟ་བའི་བྱ་བ་མ་སྤངས་པ་སྟེ། བྱ་བ་ལ་ལྟོས་པ་དང་བཅས་པ་ལྟ་བ་པོ་ཉིད་ཡོད་པ་མིན་ཏེ། ལྟོས་པ་པོ་ཉིད་མེད་པ་དང་། ཡོད་ན་ལྟོས་པ་དོན་མེད་པས་ལྟ་བ་པོ་མ་གྲུབ་པ་དང་། གྲུབ་ན་ལྟ་བ་ལ་ལྟོས་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་ལྟར་བལྟ་བའི་བྱ་བ་སྤངས་པ་སྟེ། བལྟ་བ་ལ་མ་ལྟོས་པར་གྱུར་ཀྱང་ལྟ་བ་པོར་མི་རུང་སྟེ། ལྟ་བ་པོ་རྣམ་འཇོག་གི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་ལྟ་བ་པོ་བཀག་ཀྱང་བལྟ་བྱའི་ལས་དང་། བལྟ་བའི་བྱེད་པ་གཉིས་ཡོད་དོ་སྙམ་ན་སྔར་བཤད་པའི་ཚུལ་གྱིས་ལྟ་བ་པོ་མེད་པའི་ཕྱིར་ན་དེ་ལ་ལྟོས་པའི་བལྟ་བྱའི་ལས་གཟུགས་དང་། བལྟ་བའི་བྱེད་པ་མིག་གི་དབང་པོ་དེ་དག་ག་ལ་ཡོད་དེ་དེ་དག་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དེ་ལྟ་ན་ཡང་། ཅི་ལྟར་ཕ་དང་མ་དག་ལ། །བརྟེན་ནས་བུ་ནི་འབྱུང་བཤད་པ། །དེ་བཞིན་མིག་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་འབྱུང་བར་རྟེན་འབྲེལ་གྱི་མདོ་ལས་བཤད་པས་མིག་གི་རྣམ་པར་ཤེས་པ་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་བཞི་ཡོད་པས་བལྟ་བའི་བྱ་བ་དང་། བྱེད་པ་གཉིས་ཀྱང་ཡོད་དོ་སྙམ་ན། བལྟ་བའི་བྱ་བ་དང་། བྱེད་པ་གཉིས་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་བཞི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས་བལྟ་བྱ་གཟུགས་དང་། བལྟ་བའི་བྱེད་པ་མིག་གི་དབང་པོ་གཉིས་མེད་པའི་ཕྱིར། དེས་ན་དེ་དག་གི་འབྲས་བུ་ཉེ་བར་ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་བཞི་པོ་ཅི་ལྟ་བུར་ན་ཡོད་པར་འགྱུར་ཏེ། རྒྱུ་རྣམ་ཤེས་ལ་སོགས་པ་བཀག་ཟིན་པའི་ཕྱིར་རོ། །གཉིས་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། ལྟ་བས་ཉན་དང་སྣོམ་པ་དང་། །མྱོང་བར་བྱེད་དང་རིག་བྱེད་ཡིན། །ཉན་པ་པོ་དང་མཉན་ལ་སོགས་རང་བཞིན་གྱིས་གྲུབ་པ་ལ་ཡང་སྐྱོན་རྣམ་པར་བཤད་པར་ཤེས་པར་བྱ་སྟེ། ཉན་དེ་རང་གི་བདག་ཉིད་ནི། །དེ་ལ་ཉན་པ་མ་ཡིན་ཉིད། །ཞེས་སོགས་ཐམས་ཅད་མཚུངས་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས། མིག་གིས་གཟུགས་རྣམས་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་ཤེས་ཏེ། །གང་དུ་འཇིག་རྟེན་མི་འཇུག་པ། །འདི་ནི་བདེན་པའི་མཆོག་ཡིན་ནོ། །གང་དུ་རྐྱེན་འཚོགས་པས་མཐོང་བར། །འདྲེན་པ་རབ་ཏུ་སྟོན་མཛད་པའི། །ས་དེ་དོན་དམ་འཛིན་པ་ནི། །ཉེ་བར་བཏགས་པར་ཆུད་པར་འགྱུར། །ཞེས་བྱ་བ་དང་། དེ་བཞིན་དུ། མིག་དང་གཟུགས་ལ་བརྟེན་ནས་ནི། །མིག་གི་རྣམ་ཤེས་འདི་སྐྱེ་ཡང་། །གཟུགས་ནི་མིག་ལ་བརྟེན་མ་ཡིན། །གཟུགས་ནི་མིག་ལ་འཕོ་བ་མིན། །བདག་མེད་མི་སྡུག་ཆོས་འདི་དག །སླར་ཡང་སྡུག་དང་བདག་ཅེས་བརྟགས། །མེད་ལ་ལོག་པར་བརྟགས་པ་སྟེ། །དེ་ལས་མིག་གི་རྣམ་ཤེས་འབྱུང་། །རྣམ་ཤེས་འགག་དང་འབྱུང་བ་ལས། །རྣམ་ཤེས་ཟད་དང་འཕེལ་བར་མཐོང་། །འགའ་ཡང་འགྲོ་འོང་མེད་སྟོང་དང་། །རྒྱུ་འདྲར་རྣལ་འབྱོར་པ་ཡིས་མཐོང་། །ཞེས་གསུངས་སོ། །དེ་བཞིན་དུ། འཕགས་པ་ཉེ་བར་འཁོར་གྱི་ཞུས་པ་ལས་ཀྱང་། མིག་ནི་ཐམས་ཅད་ལྡན་ན་མཐོང་འགྱུར་ཏེ། །མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པའང་། །མཚན་མོ་རྐྱེན་རྣམས་མེད་ན་མཐོང་མི་འགྱུར། །དེ་ཕྱིར་ལྡན་དང་བྲལ་བ་རྣམ་རྟོག་ཡིན། །མིག་ནི་སྣང་ལ་བརྟེན་ཏེ་ཡིད་འོང་དང་། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ལྟར་ལྡན་ལས་བརྟེན་ཏེ་མཐོང་བས་ན། །དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །ཡིད་དུ་འོང་བའི་སྒྲ་གྲག་གང་ཡིན་པ། །དེ་ཡང་ནམ་ཡང་ནང་དུ་ཞུགས་པ་མེད། །དེ་འགྲོ་དམིགས་སུ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་སྒྲ་རྣམས་འབྱུང་བ་ཡིན། །ཞེས་གསུངས་སོ། །དེ་བཞིན་དུ། གླུ་དང་གར་དང་རོལ་མོའི་སྒྲ་ཡང་གཟུང་བྱ་མིན། །རྨི་ལམ་ལྟ་བུར་མི་མཁས་རྨོངས་དང་ཆགས་པའི་རྒྱུ། །མི་མཁས་ཀུན་ཏུ་རྟོག་ལ་ཞེན་རྣམས་བརླག་འགྱུར་ཞིང་། །སྐྱེ་བོ་བྱིས་པ་ཉོན་མོངས་བྲན་བཞིན་བདག་གྱུར་ཏམ། །ཞེས་གསུངས་པ་རྣམས་ཀྱི་དོན་རིག་པས་དཔྱད་ན་ཕྱི་ནང་གི་སྐྱེ་མཆེད་མི་རྙེད་པའི་དོན་དམ་བདེན་པ་དང་། ཀུན་རྫོབ་སྒྱུ་མ་ཙམ་དུ་སྐྱེ་མཆེད་ཐ་སྙད་དུ་ཁས་ལེན་པའི་བདེན་གཉིས་ཟུང་འཇུག་བསྟན་པར་ཤེས་པར་བྱའོ། །གསུམ་པ་ནི་དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས་དབང་པོ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་གསུམ་པའི་རྣམ་པར་བཤད་པའོ།། ༈ །།གཉིས་པ་ཕུང་པོ་རང་བཞིན་གྱིས་གྲུབ་པ་དགག་པ་ལ་གསུམ་ལས། དང་པོ་རབ་བྱེད་ཀྱི་འགྲེལ་ནི། དེ་ལྟར་ཕྱི་ནང་གི་སྐྱེ་མཆེད་རྣམས་བཀག་མོད་ཀྱི་ཆོས་མངོན་པ་ལས། འདུས་བྱས་གང་ཞེ་ན་ཕུང་པོ་ལྔའོ། །ཞེས་གསུངས་པའི་ཕུང་པོ་ལྔ་རང་བཞིན་གྱིས་ཡོད་ལ། དེ་ན་དེའི་ཁོངས་སུ་འདུས་པས་སྐྱེ་མཆེད་རྣམས་ཀྱང་རང་བཞིན་གྱིས་ཡོད་དོ་སྙམ་ན། ཕུང་པོ་རང་བཞིན་གྱིས་མ་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། གཟུགས་ཀྱི་ཕུང་པོ་འགོག་བྱེད་རྒྱས་པར་བཤད། རིག་པ་དེ་ཆོས་གཞན་ལ་བསྒྲེ། རྩོད་ལན་གྱི་གནད་ཁྱད་པར་ཅན་བསྟན་པའོ། །དང་པོ་ལ་གསུམ་སྟེ། རྒྱུ་འབྲས་ཀྱི་གཟུགས་ཕན་ཚུན་ལྟོས་གྲུབ་ཏུ་བསྟན་པ། དེ་གཉིས་ཕན་ཚུན་ཡོད་མེད་བརྟགས་ཏེ་དགག ཕན་ཚུན་འདྲ་མི་འདྲ་བརྟགས་ཏེ་དགག་པའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་མདོར་བསྟན། འཐད་པ་རྒྱས་པར་བཤད་པའོ། །དང་པོ་ནི། འདིར་གཟུགས་ཀྱི་རྒྱུ་ནི་འབྱུང་བ་དང་། གཟུགས་ནི་འབྲས་བུའི་གཟུགས་ལ་བྱ་སྟེ། གཟུགས་ཀྱི་རྒྱུ་འབྱུང་བ་ནི་མ་གཏོགས་པར་དེ་ལས་ངོ་བོ་ཐ་དད་པའི་འབྲས་བུའི་གཟུགས་དབང་པོ་ལྔ་དང་། དོན་ལྔ་སྟེ་བཅུའམ། ཆོས་ཀྱི་སྐྱེ་མཆེད་པའམ། རྣམ་པར་རིག་བྱེད་མ་ཡིན་པ་དང་བཅས་པ་ནི་དམིགས་པར་མི་འགྱུར་རོ། །དེ་བཞིན་དུ་འབྲས་བུའི་གཟུགས་ཞེས་བྱ་བ་མ་གཏོགས་པར་དེ་ལས་ངོ་བོ་ཐ་དད་པའི་གཟུགས་ཀྱི་རྒྱུ་འབྱུང་བ་ཡང་མི་སྣང་ངོ་ཞེས་པ་གཉིས་ནི་དམ་བཅའ་སྟེ། སྒྲུབ་བྱེད་འོག་ནས་སྟོན་ནོ། །གཉིས་པ་ནི། གལ་ཏེ་གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་འབྲས་བུའི་གཟུགས་ཡོད་ན་འབྲས་བུའི་གཟུགས་ནི་རྒྱུ་མེད་པར་ཐལ་བར་འགྱུར་ཏེ། རང་གི་རྒྱུ་ལས་གཞན་དུ་གྲུབ་ཟིན་པའི་ཕྱིར་བུམ་པ་དང་སྣམ་བུ་བཞིན་ནོ། །འདོད་པར་མི་ནུས་ཏེ། གཟུགས་ལ་སོགས་པའི་དོན་གང་ཡང་རྒྱུ་མེད་པ་ནི་ཡུལ་དུས་གང་ན་ཡང་མེད་པའི་ཕྱིར་རོ། །གལ་ཏེ་འབྲས་བུའི་གཟུགས་ནི་མ་གཏོགས་པར་གཟུགས་ཀྱི་རྒྱུ་ཞིག་ཡོད་པར་འདོད་ན་ནི། རྒྱུ་དེ་འབྲས་བུ་ལ་ལྟོས་པ་མེད་པར་འགྱུར་ཏེ། དེ་ལས་ངོ་བོ་ཐ་དད་ཡིན་པའི་ཕྱིར། འདོད་པར་མི་ནུས་ཏེ། འབྲས་བུ་ལ་ལྟོས་པ་མེད་པའི་རྒྱུ་མེད་པའི་ཕྱིར་ཏེ། འདི་ནི་འདིའི་རྒྱུ་ཡིན་ནོ་ཞེས་རྒྱུའི་ཐ་སྙད་དུ་འཇོག་པ་འབྲས་བུ་ལ་ལྟོས་དགོས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། འབྲས་བུ་ཡོད་མེད་ཀྱི་རྒྱུ་དགག རྒྱུ་ཡོད་མེད་ཀྱི་འབྲས་བུ་དགག གྲུབ་པའི་དོན་བསྡུ་བའོ། །དང་པོ་ནི། ཡང་གཟུགས་ཀྱི་རྒྱུ་ཞིག་ཡོད་ན་འབྲས་བུའི་གཟུགས་ཡོད་པའམ། མེད་པ་ལ་རྒྱུ་ཞིག་ཡོད་རྟོག་དྲང་། དེ་ལ་འབྲས་བུའི་གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི་རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དེ། འབྲས་བུ་གྲུབ་ཟིན་ན་དེ་ལ་རྒྱུ་དོན་མེད་པའི་ཕྱིར་རོ། །འབྲས་བུའི་གཟུགས་མེད་ན་ཡང་གཟུགས་ཀྱི་ནི་རྒྱུ་ཡང་འཐད་པར་མི་འགྱུར་བ་ཉིད་དེ། རྟེན་མེད་པས་སྐྱེ་བའི་བྱ་བ་མི་འཇུག་པའི་ཕྱིར་རོ། །གཉིས་པ་ནི། དེ་བཞིན་དུ་འབྲས་བུའི་གཟུགས་ཀྱང་རྒྱུ་ཡོད་པའམ་མེད་པ་ཞིག་ལ་འབྲས་བུར་འགྱུར་རྟོག་དྲང་། དང་པོ་ནི་མི་རུང་སྟེ། སྔར་དེ་ལ་རྒྱུ་མེད་པ་ཉིད་དུ་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་དེ་ལ་རྒྱུ་མེད་པ་ཡི་གཟུགས་དག་དཔྱད་ན་འཐད་པར་མི་རུང་ཞིང་། མ་དཔྱད་པ་སྣང་ངོར་ཡང་རུང་མིན་ཉིད་དེ། གཟུགས་དེ་རེས་འགའ་བར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་རྣལ་འབྱོར་པས། གཟུགས་ཀྱི་ཁྱད་པར་གྱི་ཆོས་ཀྱི་རྣམ་པར་རྟོག་པར་སྡུག་མི་སྡུག་དང་། ཐོགས་བཅས་ཐོགས་མེད་དང་། བསྟན་ཡོད་བསྟན་མེད་དང་། དུས་གསུམ་དང་སྔོ་སེར་ལ་སོགས་པ་འགའ་ཡང་རྣམ་པར་བརྟགས་པར་མི་བྱ་སྟེ། རྒྱུ་འབྲས་ཀྱི་གཟུགས་རིག་པས་དཔྱད་ན་མེད་པས་ཁྱད་པར་གྱི་གཞི་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ནི། གཞན་ཡང་གཟུགས་ཀྱི་རྒྱུ་འདིས་འབྲས་བུ་འདྲ་བའམ། མི་འདྲ་བ་ཞིག་སྒྲུབ་པར་བྱེད་དྲང་། དེ་ལ་འབྲས་བུ་དང་འདྲ་བ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ཏེ། རྒྱུ་འབྲས་ཀྱི་གཟུགས་མཚན་ཉིད་ཐ་དད་པའི་ཕྱིར་རོ། །འབྲས་བུའི་གཟུགས་རྒྱུའི་གཟུགས་དང་མི་འདྲ་བ་ཞིག་བསྐྱེད་དོ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ཏེ། དེ་ལྟར་ན་སྲིད་པས་ཞི་བ་བསྐྱེད་པར་ཐལ་བའི་ཕྱིར་རོ། །གཉིས་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི་ཚོར་བ་དང་ཚོར་བའི་རྒྱུ་རིག་པ་དང་། འདུ་ཤེས་དང་དེ་དང་ལྷན་ཅིག་འབྱུང་བའི་རྣམ་པར་ཤེས་པ་དང་། འདུ་བྱེད་དང་དེའི་རྒྱུ་མ་རིག་པ་དང་། སེམས་རྣམ་པར་ཤེས་པ་དང་། དེ་དང་ལྷན་ཅིག་འབྱུང་བའི་འདུ་བྱེད་ལ་སོགས་པའི་རྒྱུ་འབྲས་རྣམས་གཅིག་དང་ཐ་དད་དུ་དཔྱད་ན་མི་འཐད་པ་ལ་སོགས་པ་རྣམ་པ་དག་ནི་ཐམས་ཅད་དུ། གཟུགས་ཉིད་ཀྱིས་ནི་རིམ་པ་དང་མཚུངས་ཏེ། ཚོར་བའི་རྒྱུ་ནི་མ་གཏོགས་པར། །ཚོར་བ་དམིགས་པར་མི་འགྱུར་རོ། །ཞེས་སོགས་འདོན་པ་བསྒྱུར་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མཚན་ཉིད་དང་མཚན་གཞི་དང་། ཡན་ལག་དང་ཡན་ལག་ཅན་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱང་གཟུགས་ཉིད་ཀྱིས་ནི་རིམ་པ་དང་མཚུངས་ཏེ། མཚན་ཉིད་གཞི་ནི་མ་གཏོགས་པར། །མཚན་ཉིད་དམིགས་པར་མི་འགྱུར་རོ། །ཞེས་སོགས་འདོན་པ་བསྒྱུར་བར་བྱ་བ་ཡིན་པའི་ཕྱིར། གསུམ་པ་རྩོད་ལན་གྱི་གནད་ཁྱད་པར་ཅན་བསྟན་པ་ནི། རེ་ཤིག་གཞན་ཕྱོགས་སུན་འབྱིན་པའི་ཐབས་ཁྱད་པར་ཅན་ལ་དངོས་པོར་སྨྲ་བའི་སྒྲུབ་བྱེད་ཐམས་ཅད་བསྒྲུབ་བྱ་དང་མཚུངས་པས་འགོག་པ་སྟེ། འདི་ལྟར་སྟོང་པ་ཉིད་དུ་སྨྲ་བའི་དབུ་མ་པས། གཟུགས་རང་བཞིན་གྱིས་ཡོད་པ་ཅི་ཕྱིར་ཞེས་སྒྲུབ་བྱེད་བརྩད་པ་བྱས་པའི་ཚེ་དངོས་པོར་སྨྲ་བ་གང་ཞིག ཚོར་བ་ལ་སོགས་པ་རང་བཞིན་གྱིས་ཡོད་པའི་ཕྱིར། ཞེས་ལན་འདེབས་སྨྲ་བར་བྱེད་པ་དེ་ཡིས་ལན་དེ་དག་ཐམས་ཅད་ལེགས་པར་བཏབ་པ་མིན་ཏེ། ཚོར་བ་ལ་སོགས་པ་རང་བཞིན་གྱིས་ཡོད་པ་ཡང་བསྒྲུབ་བྱ་གཟུགས་རང་བཞིན་གྱིས་ཡོད་པ་དང་། གཅིག་དང་ཐ་དད་ལ་སོགས་པའི་དཔྱད་པ་མཚུངས་པའི་ཕྱིར། རང་ཕྱོགས་ལ་སྐྱོན་སྤོང་བའི་ཐབས་ཁྱད་པར་ཅན་ལ་དབུ་མ་པས་སྟོང་པ་ཉིད་ཀྱི་སྒོ་ནས་བཤད་པ་བྱས་པའི་ཚེ་རང་གི་སློབ་མའམ། དངོས་པོར་སྨྲ་བ་གང་ཞིག་རང་བཞིན་གྱིས་མེད་ན་ཐ་སྙད་དུའང་མེད་པར་འགྱུར་རོ་ཞེས་སོགས་སྐྱོན་འདོགས་སྨྲ་བར་བྱེད་པ་དེ་ཡིས་དེ་དག་ཐམས་ཅད་སྐྱོན་བརྟགས་པ་མིན་ཏེ། སྒྱུ་མ་དང་། སྨིག་རྒྱུ་ལ་སོགས་པའི་དཔེས་ཐ་སྙད་དུ་ཡོད་ཀྱང་རང་བཞིན་གྱིས་མེད་པ་བསྒྲུབ་པར་བྱ་བ་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །འདིར་འགྲེལ་པར། ཚོར་བ་ལ་སོགས་པ་རྣམས་ཀྱི་ཡོད་པ་ཡང་བསྒྲུབ་བྱ་གཟུགས་ཀྱི་ཡོད་པ་དང་མཚུངས་པར་རིག་པར་བྱའོ། །ཞེས་གསུངས་པ་ལ་བརྟེན་ནས་གཟུགས་ཀྱི་གནས་ཚུལ་ལ་དཔྱད་པའི་ཚེ། གཟུགས་ཉིད་བདེན་པ་གཉིས་ཆར་དུ་མེད་པར་མཁས་ལེན་པ་བཞིན་དུ། དེའི་ཚེ་ཚོར་བ་སོགས་ཀྱང་བདེན་པ་གཉིས་ཆར་དུ་མེད་པར་ཁས་བླངས་པར་བྱ་བ་ནི་མ་ཡིན་ཏེ། གཟུགས་ཀྱི་གནས་ཚུལ་ལ་དཔྱད་པའི་རིག་པ་དེ་ཉིད་ཚོར་བ་སོགས་ལ་ཡང་བསྒྲེ་དགོས་པའི་དོན་ཡིན་ཞིང་། ཚོར་བའི་གནས་ཚུལ་ལ་དཔྱད་པའི་སྔོན་དུ་ཐ་སྙད་བདེན་པ་ཐབས་སུ་གྱུར་པའི་ཚོར་བ་ཁས་ལེན་དགོས་པའི་ཕྱིར་རོ། །དེ་བཞིན་དུ་རྩོད་བཟློག་ལས། གལ་ཏེ་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །གལ་ཏེ་ཁྱོད་ཚིག་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །ཞེས་པའི་ལན་དུ་མྱུ་གུ་རང་བཞིན་གྱིས་མེད་པར་ཁས་བླངས་པའི་ཚེ་དེ་ལྟར་བརྗོད་པའི་ཚིག་ཀྱང་རང་བཞིན་མེད་པར་གསུངས་པ་ལ་ཡང་བློ་ཞིབ་མོས་སྦྱར་བ་བྱ་སྟེ། རིགས་པས་དཔྱད་ནས་མྱུ་གུ་མ་རྙེད་པའི་ཚེ་ཚིག་རང་བཞིན་གྱིས་མེད་པར་ཁས་བླངས་པ་ཡིན་གྱི། ཚིག་ཐ་སྙད་ཏུ་མེད་པར་ཁས་ལེན་པ་མ་ཡིན་པའི་ཕྱིར་ཏེ། རིགས་པ་དེ་ཚིག་གི་གནས་ཚུལ་ལ་བསྒྲེ་བའི་ཚེ་དེའི་སྔོན་དུ་ཐ་སྙད་བདེན་པའི་ཚིག་ཁས་ལེན་དགོས་པའི་ཕྱིར་རོ། །མདོར་ན་མྱུ་གུ་ལ་སོགས་པའི་དངོས་པོ་གང་དང་གང་ལ་དེའི་གནས་ཚུལ་ལ་དཔྱད་པའི་སྔོན་དུ་འཇིག་རྟེན་ཉིད་ལྟོས་བདེན་པའི་ཀུན་རྫོབ་ཁས་བླངས་ནས་དཔྱད་པ་ཞུགས་ནས་མ་རྙེད་པའི་ཚེ་བདེན་པ་གཉིས་ཆར་དུ་ཡང་ཁས་མི་ལེན་ལ། དེའི་འོག་ཏུ་སྣང་ཙམ་བློ་ལ་ཤར་བའི་ཚེ། འཇིག་རྟེན་ཉིད་ལྟོས་ལོག་པའི་ཀུན་རྫོབ་དང་། བདེན་རྫུན་གྱི་ཁྱད་པར་མེད་པས་ཁས་ལེན་པའི་རིམ་པ་གསུམ་འབྱུང་བ་ནི་ཆོས་གཅིག་གི་སྟེང་དུ་བདེན་གཉིས་ཁས་ལེན་ཚུལ་གྱི་གནད་དམ་པ་ཡིན་པས་གཟུ་བོས་དཔྱོད་ཅིག གཉིས་པ་ལུང་དང་སྦྱར་བ་ནི། ཅི་སྐད་དུ། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་དང་། འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱི་མདོ་ལས་ཀྱང་། ཆོས་གཅིག་གི་ནི་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་། །སྨིག་རྒྱུ་དང་འདྲ་གཟུང་བྱར་མེད་ཅིང་གསོག་དང་ནི། །བརྫུན་ཞིང་ཐེར་ཟུག་མེད་པར་རྗེས་སུ་རྟོགས་གྱུར་པ། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། །ཞེས་གསུངས་སོ། །དེ་བཞིན་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། ཇི་ལྟར་ཁྱོད་ཀྱིས་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང་། །ཇི་སྙེད་མང་པོ་བཤད་བྱས་ཀྱང་། །དེ་ལ་དྲེགས་པ་སྐྱེ་བ་མེད། །ཞེས་གསུངས་སོ། །འདི་དག་ནི་གཟུགས་ཕུང་གི་གནས་ཚུལ་ལ་དཔྱད་པའི་རིགས་པ་དེ་ཉིད་ཕུང་པོ་གཞན་རྣམས་ལ་ཡང་བསྒྲེ་བའི་ལུང་དུ་སྣང་སྟེ། བསྟན་ཚུལ་ནི་སྔ་མ་དང་འདྲའོ། །གསུམ་པ་ནི་དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས་ཕུང་པོ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཞི་པའི་རྣམ་པར་བཤད་པའོ།། །།གསུམ་པ་ཁམས་རང་བཞིན་གྱིས་གྲུབ་པ་དགག་པ་ལ་གསུམ་ལས། དང་པོ་རབ་བྱེད་ཀྱི་འབྲེལ་ནི། དེ་ལྟར་སྐྱེ་མཆེད་ཕུང་པོ་རྣམས་བཀག་མོད་ཀྱི་རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ། །ཞེས་གང་ཟག་གི་གདགས་གཞིར་གསུངས་པ་དང་། སྔར་དངོས་སུ་མ་བཀག་པས་ཁམས་དྲུག་རང་བཞིན་གྱིས་ཡོད་ལ་སྐྱེ་མཆེད་དང་ཕུང་པོ་ཡང་དེའི་ཁོངས་སུ་འདུས་པས་རང་བཞིན་གྱིས་ཡོད་དོ་སྙམ་པ་ལ་ཁམས་དྲུག་དཔྱད་ན་རང་བཞིན་མེད་པར་བསྟན་པའི་ཕྱིར་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། ནམ་མཁའི་ཁམས་རང་བཞིན་གྱིས་གྲུབ་པ་དགག རིག་པ་དེ་གཞན་ལ་བསྒྲེ། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གསུམ་སྟེ། མཚན་གཞི་དང་མཚན་ཉིད་དུ་མ་གྲུབ་པ། དངོས་པོ་དང་དངོས་མེད་དུ་མ་གྲུབ་པ། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གསུམ་སྟེ། མཚན་གཞིར་མ་གྲུབ་པ། མཚན་ཉིད་དུ་མ་གྲུབ་པ། དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་འཇུག་པ་མེད་པ། དེ་མེད་པས་མཚན་གཞི་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་ཀྱི་སྔོན་རོལ་ན་མཚན་གཞི་མེད་པས་མཚན་གཞི་མི་འཐད། མཚན་ཉིད་དང་བཅས་མ་བཅས་ལ་མཚན་གཞི་མི་འཐད་པའོ། །དང་པོ་ནི། སྔར་མཚན་གཞི་གྲུབ་ན། དེ་ལ་མཚན་ཉིད་འཇུག་པར་འགྱུར་བ་ཞིག་ན། འདིར་ནམ་མཁའི་མཚན་ཉིད་སྒྲིབ་པ་མེད་པའི་སྔོན་རོལ་ན་མཚན་གཞི་ནམ་མཁའ་ཅུང་ཟད་ཀྱང་གྲུབ་པ་ཡོད་པ་མ་ཡིན་ཏེ། གལ་ཏེ་མཚན་ཉིད་སྒྲིབ་པ་མེད་པ་ལས། མཚན་གཞི་ནམ་མཁའ་སྔ་བར་གྱུར་ན། སྔར་གྲུབ་པའི་ནམ་མཁའ་དེ་མཚན་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐལ་བར་འདོད་པ་ནི་མི་ནུས་ཏེ། མཚན་ཉིད་མེད་པའི་ཆོས་སམ་དངོས་པོ་ནི་ཡུལ་དུས་གང་ན་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། རང་རང་གི་ཐ་སྙད་དུ་འཇོག་པའི་རྒྱུ་མཚན་ཐུན་མོང་མ་ཡིན་པའི་ངོ་བོ་མེད་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་མི་སྒྲིབ་པ་མེད་པའི་མཚན་གཞི་ནམ་མཁའི་དངོས་པོ་སྔར་མེད་ན་མཚན་ཉིད་དེ་མཚན་གཞི་གང་དུ་འཇུག་པར་འགྱུར་ཏེ་རྟེན་མེད་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་མཚན་ཉིད་འཇུག་ན་སྔར་ནས་མཚན་ཉིད་དེ་མེད་པའམ། དེ་དང་བཅས་པའམ། དེ་གཉིས་ལས་གཞན་པ་ཞིག་ལ་འཇུག་དྲང་། དེ་ལ་མཚན་ཉིད་དེ་སྔར་མེད་པ་ལ་མཚན་ཉིད་ནི་མི་འཇུག་སྟེ། མཚན་ཉིད་མེད་ན་མཚན་ཉིད་འཇུག་པ་འགལ་བའི་ཕྱིར་རོ། །སྔར་ནས་མཚན་ཉིད་དང་བཅས་པ་ལ་ཡང་འཇུག་པ་མ་ཡིན་ཏེ། དོན་མེད་པ་དང་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །མཚན་ཉིད་དང་བཅས་པ་དང་མཚན་ཉིད་མེད་པ་ལས་གཞན་ལ་ཡང་འཇུག་པར་མི་འགྱུར་ཏེ། དེ་གཉིས་དངོས་འགལ་ཡིན་པས་ཕུང་པོ་གསུམ་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་མཚན་ཉིད་འཇུག་པ་མེད་མོད། མཚན་གཞི་ནམ་མཁའ་ཡོད་དོ་སྙམ་ན་སྔར་བཤད་པའི་ཚུལ་གྱིས་མཚན་ཉིད་འཇུག་པ་མ་ཡིན་ན། མཚན་གཞི་འཐད་པར་མི་འགྱུར་ཏེ། མཚན་གཞི་ནི་མཚན་ཉིད་ཀྱི་རྟེན་བྱེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཁྱོད་ཀྱིས་མཚན་ཉིད་མཚན་གཞི་ལ་འཇུག་པ་བཀག་པ་ཡིན་གྱི་མཚན་ཉིད་དེ་ཉིད་མ་བཀག་པས་ཡོད་དོ་སྙམ་ན་སྔར་བཤད་པའི་ཚུལ་གྱིས་མཚན་གཞི་ནམ་མཁའ་འཐད་པ་མ་ཡིན་པའི་ཕྱིར་ན། བརྟེན་པ་དེའི་མཚན་ཉིད་ཀྱང་ནི་ཡོད་པ་མ་ཡིན་ཏེ། རྟེན་མེད་པའི་ཕྱིར། གསུམ་པ་ནི། མཚན་ཉིད་འཇུག་པ་མི་འཐད་པ་དེའི་ཕྱིར། མཚན་གཞི་ནམ་མཁའ་ཡོད་པ་མིན་ཏེ། རྟེན་མཚན་གཞི་མེད་པས་དེའི་མཚན་ཉིད་ཡོད་པ་ཉིད་མ་ཡིན་ཞེས་པའོ། །གཉིས་པ་དངོས་པོ་དང་དངོས་མེད་དུ་མ་གྲུབ་པ་ནི། བྱེ་བྲག་ཏུ་སྨྲ་བ་དག་ནམ་མཁའ་འདུས་མ་བྱས་པའི་དངོས་པོར་སྨྲ་བ་ལ་ནམ་མཁའ་ནི་དངོས་པོར་མི་རུང་སྟེ། མཚན་གཞི་མཚན་ཉིད་གཉིས་དང་བྲལ་བའི་ཕྱིར། ཁྱབ་སྟེ། མཚན་གཞི་དང་། མཚན་ཉིད་ལས་མ་གཏོགས་པའི་དངོས་པོ་ཡང་ནི་ཡོད་པ་མ་ཡིན་པའི་ཕྱིར། མདོ་སྡེ་པ་དག ནམ་མཁའ་ནི་དོན་བྱེད་མི་ནུས་པས་དངོས་པོར་མེད་པ་ཉིད་དུ་སྨྲ་བ་ལ་ནམ་མཁའ་ནི་ཆོས་ཅན། དེ་ཁོ་ནར་དངོས་པོར་མེད་པའི་རང་བཞིན་དུ་ཡང་མི་རུང་སྟེ། དགག་བྱ་དངོས་པོར་མེད་པའི་ཕྱིར། ཁྱབ་སྟེ་དགག་བྱ་དངོས་པོ་ཉིད་ཡོད་པ་མ་ཡིན་ན། དེ་བཀག་པའི་བཀག་ཆོས་དངོས་མེད་དེ་དགག་བྱ་གང་གི་བཀག་ཆོས་ཡིན་པར་འགྱུར་ཏེ། དགག་བྱ་མེད་པའི་ཕྱིར། རྨི་ལམ་གྱི་བུ་མེད་པས་དེ་ཤི་བ་མི་བདེན་པ་བཞིན་ནོ། །གལ་ཏེ་དེ་ལྟར་དངོས་པོ་དང་དངོས་མེད་ལ་དཔྱད་པ་པོའི་གང་ཟག་ཡོད་པས་དེའི་དཔྱད་བྱ་དངོས་པོ་དང་དངོས་མེད་གཉིས་ཀྱང་ཡོད་པ་ཡིན་ནོ་ཞེ་ན། དེ་གཉིས་ཀྱི་དཔྱོད་པ་པོ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དངོས་པོ་དང་དངོས་མེད་དང་། དེ་གཉིས་ཀའི་མི་མཐུན་ཕྱོགས་སུ་གྱུར་པའི་གང་ཟག་གང་གིས་དཔྱད་བྱ་དངོས་པོ་དང་དངོས་མེད་ཤེས་པའམ་དཔྱད་པར་བྱེད་དྲང་། གསུམ་ཀ་ལྟར་ཡང་མི་འཐད་དེ། སྔར་དངོས་པོ་ཙམ་དང་དངོས་མེད་ཙམ་སྤྱིར་བཀག་པའི་ཕྱིར་དང་། དངོས་འགལ་ལ་དགག་ཕྱོགས་ཀྱི་ཕུང་གསུམ་མི་སྲིད་པའི་ཕྱིར་རོ། །གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ནི། མཚན་ཉིད་འཇུག་པ་མི་འཐད་པ་དེའི་ཕྱིར་ནམ་མཁའ་མཚན་གཞི་མིན་ལ། མཚན་གཞི་མེད་པ་དེའི་ཕྱིར་དེའི་མཚན་ཉིད་ཡོད་པ་མིན་ཅིང་། དེ་གཉིས་མེད་པའི་ཕྱིར་དེ་དངོས་པོ་མིན་ལ་དགག་བྱ་དངོས་པོ་མེད་པ་དེའི་ཕྱིར་དེ་དངོས་མེད་མ་ཡིན་ཞེས་སྦྱར་བར་བྱའོ། །གཉིས་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི་ས་ལ་སོགས་པ་ཁམས་ལྔ་པོ་དག་ཀྱང་ནམ་མཁའ་ལ་དཔྱད་པ་དང་མཚུངས་ཏེ། ས་ཡི་མཚན་ཉིད་སྔ་རོལ་ན། །ས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་སོགས་ཐམས་ཅད་སྔ་མ་ལྟར་སྦྱར་བར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་བཀག་པའི་དོན་དུ་ལྟ་བ་སྨད་པ་ནི་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་ཉམས་པའི་བློ་ཆུང་གང་དག་ཕྱི་ནང་གི་དངོས་པོ་ཀུན་རྫོབ་པ་རྣམས་ལ་ཡང་དག་པར་ཡོད་པ་ཉིད་དང་། དེ་བཀག་པའི་མེད་པ་ཉིད་དུ་ལྟ་བའི་གང་ཟག་དེ་ཡིས་ནི་ལྟ་བར་བྱ་བ་དོན་དམ་པ་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཞི་བ་མཐར་ཐུག་པ་མི་མཐོང་སྟེ། དགག་བྱ་སྤྲོས་པའི་མཐའ་ལ་བལྟས་པས་སྤྲོས་བྲལ་ལྟ་བའི་མིག་དང་མི་ལྡན་པའི་ཕྱིར། དམུས་ལོང་བཞིན་ནོ། །གཉིས་པ་ལུང་དང་སྦྱར་བ་ནི། ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དག་དང་མ་དག་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་ཡོང་མི་བྱེད། །ཡོད་དང་མེད་ཅེས་བྱ་བར་རྩོད་པ་སྟེ། །དག་དང་མ་དག་འདི་ཡང་རྩོད་པ་ཡིན། །རྩོད་པར་གྱུར་པས་སྡུག་བསྔལ་ཞི་མི་འགྱུར། །རྩོད་པ་མེད་པར་གྱུར་པས་སྡུག་བསྔལ་འགག །ཞེས་གསུངས་ཏེ། འདིས་དངོས་པོ་དང་དངོས་མེད་དུ་གྲུབ་པ་དགག་བྱའི་མཐར་ཐུག་ཏུ་བྱས་ནས་བདེན་གཉིས་ཟུང་འཇུག་བསྟན་ཚུལ་ནི་སྔ་མ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས་ཁམས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ལྔ་པའི་རྣམ་པར་བཤད་པའོ།། །།གཉིས་པ་ཆོས་བདག་གི་སྒྲུབ་བྱེད་དགག་པ་ལ་གསུམ་སྟེ། འདོད་ཆགས་དང་ཆགས་པ་དགག འདུས་བྱས་ཀྱི་མཚན་ཉིད་དགག བྱེད་པ་པོ་དང་ལས་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་བྱེད་ཀྱི་འབྲེལ་ནི། དེ་ལྟར་སྐྱེ་མཆེད་དང་། ཕུང་པོ་དང་། ཁམས་དག་བཀག་མོད་ཀྱི་དེ་དག་ནི་རང་བཞིན་གྱིས་ཡོད་པ་ཉིད་དེ། དེའི་རྟེན་ཅན་གྱི་ཀུན་ནས་ཉོན་མོངས་པ་དམིགས་པའི་ཕྱིར་རོ། །རྟེན་མེད་ན་བརྟེན་པ་མེད་དེ། མོ་གཤམ་གྱི་བུ་དང་བུ་མོའི་ཉོན་མོངས་པ་བཞིན་ནོ། །ཡང་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་གང་ལ་དམིགས་ནས་སྐྱེ་བའི་རྒྱུ་ནི་ཡོད་པ་ཡིན་ཏེ། མདོ་ལས། དགེ་སློང་དག་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྟག་པར་ལྟུང་བ་ནི་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བའི་གནས་སུ་མངོན་པར་ཞེན་པར་འགྱུར་རོ། །དེ་མངོན་པར་ཞེན་པར་གྱུར་ནས་འདོད་ཆགས་བསྐྱེད་པར་བྱེད་དོ། །ཆགས་པར་གྱུར་ནས་ལུས་དང་ངག་དང་ཡིད་ཀྱིས་འདོད་ཆགས་ལས་བྱུང་བའི་ལས་མངོན་པར་འདུ་བྱེད་པར་འགྱུར་རོ་ཞེས་སོགས་རྒྱ་ཆེར་གསུངས་པས་སོ་སྙམ་ན། དེ་དག་ནི་དྲང་བའི་དོན་ཡིན་གྱི་རྣམ་པར་དཔྱད་ན་འདོད་ཆགས་ལ་སོགས་པ་རང་བཞིན་གྱིས་མ་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གཉིས་ཏེ། འདོད་ཆགས་དང་ཆགས་པ་རང་བཞིན་གྱིས་གྲུབ་པ་དགག རིག་པ་དེ་ཆོས་གཞན་ལ་བསྒྲེ་བའོ། །དང་པོ་ལ་གསུམ་སྟེ། འདོད་ཆགས་དང་ཆགས་པ་སྔ་ཕྱིར་གྲུབ་པ་དགག ལྷན་ཅིག་ཏུ་གྲུབ་པ་དགག དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཆགས་པ་སྔར་ཡོད་ཀྱི་འདོད་ཆགས་དགག འདོད་ཆགས་སྔར་ཡོད་ཀྱི་ཆགས་པ་དགག་པའོ། །དང་པོ་ནི། འདིར་འདོད་ཆགས་ནི་སེམས་ལས་བྱུང་བའི་ཉོན་མོངས་པ་ཡིན་ལ་ཆགས་པ་ནི་ཆོས་མངོན་པ་ལས་འདོད་ཆགས་ཀྱི་མིང་གི་རྣམ་གྲངས་དང་། བྱམས་ཆོས་དག་ལས་མངོན་པར་ཞེན་པའི་བློ་ཙམ་ལ་བཤད་ཀྱང་། འདིར་ནི་འདོད་ཆགས་དང་མཚུངས་ལྡན་གྱི་གཙོ་སེམས་སུ་བྱས་ནས་བརྟག་པ་སྟེ། འདོད་ཆགས་རང་བཞིན་གྱིས་ཡོད་ན་ཆགས་པ་སྔར་ཡོད་པའམ་མེད་པ་ཞིག་ལ་རྟོག་དྲང་། དང་པོ་ལྟར་ན། གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་པའི་ཆགས་པ་ཞིག་ཡོད་ན། རྟེན་ཆགས་པ་གཙོ་སེམས་དེ་ལ་བརྟེན་ནས་བརྟེན་པ་སེམས་བྱུང་འདོད་ཆགས་ཡོད་དུ་རུང་བས་ཆགས་པ་སྔར་ཡོད་པའི་ཕྱིས་འདོད་ཆགས་ཡོད་པར་འགྱུར་བ་ཞིག་ན་ཡང་། འདོད་ཆགས་མེད་པའི་ཆགས་པ་ནི་སྲིད་པ་ཡང་མ་ཡིན་ཏེ། འཕགས་པ་དགྲ་བཅོམ་པ་རྣམས་ལ་ཡང་ཆགས་པ་ཡོད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་ན་རྟེན་ཆགས་པ་སྔར་ཡོད་པར་མ་གྱུར་ན་ཡང་བརྟེན་པ་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། རྟེན་མེད་པའི་ཕྱིར། ཤིང་ཐོག་མེད་ན་དེའི་སྨིན་པ་མེད་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་འདོད་ཆགས་མེད་མོད་ཆགས་པ་ཡོད་དོ་ཞེས་ཀྱང་བརྟག་པར་མི་ནུས་ཏེ། ཆགས་པ་སྔར་ཡོད་མེད་ཀྱི་འདོད་ཆགས་མི་འཐད་པའི་རིམ་པ་འདི་ཉིད་རྟེན་ཆགས་པ་ལ་ཡང་བརྟེན་པ་འདོད་ཆགས་ནི་སྔར་ཡོད་པ་ལ་འདོད་དམ། འོན་ཏེ་མེད་ཀྱང་འདོད་ཅེས་དཔྱད་ན་གལ་ཏེ་ཆགས་པའི་སྔ་རོལ་ན་ཞེས་སོགས་འདོན་པ་བསྒྱུར་བས་མི་འཐད་པར་མཚུངས་པའི་ཕྱིར་རོ། །གཉིས་པ་ལྷན་ཅིག་ཏུ་གྲུབ་པ་དགག་པ་ལ་གཉིས་ཏེ། ཕན་ཚུན་ལྟོས་མེད་དུ་ཐལ་བས་དགག་པ། གཅིག་དང་ཐ་དད་ལ་ལྟོས་ནས་དགག་པའོ། །དང་པོ་ནི་བྱེ་བྲག་སྨྲ་བ་ནི་དེ་གཉིས་སྔ་ཕྱིར་འབྱུང་བ་མ་ཡིན་གྱི། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་པའི་ཚུལ་གྱིས་ལྷན་ཅིག་ཏུ་འབྱུང་བའི་རྒྱུ་འབྲས་ཡིན་པས་རང་བཞིན་གྱིས་ཡོད་དོ་ཞེ་ན། འདོད་ཆགས་དང་ནི་ཆགས་པ་དག ལྷན་ཅིག་ཉིད་དུ་སྐྱེ་མི་སྲིད་དེ། རྒྱུ་མཚན་འདི་ལྟར་ལྷན་ཅིག་ཏུ་འབྱུང་ན་རྭ་གཡས་གཡོན་ལྟར་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། གཅིག་དང་ཐ་དད་ལ་ལྷན་ཅིག་སྤྱིར་དགག ཐ་དད་ལ་ལྷན་ཅིག་བྱེ་བྲག་ཏུ་དགག་པའོ། །དང་པོ་ནི། རེ་ཤིག་འདོད་ཆགས་དང་ཆགས་པ་གཉིས་ངོ་བོ་གཅིག་པའམ། ཐ་དད་པ་ཞིག་ལ་ལྷན་ཅིག་རྟོག་དྲང་། དང་པོ་ལྟར་ན་དེ་གཉིས་ལ་ལྷན་ཅིག་ཉིད་མེད་དེ། ངོ་བོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཁྱབ་སྟེ། ལྷན་ཅིག་པ་ལ་འདི་ཉིད་འདི་དང་ལྷན་ཅིག་ཞེས་ཐ་དད་པས་ཁྱབ་པས་ན་དེ་ཉིད་དེ་དང་ལྷན་ཅིག་ཏུ་རུང་བ་མིན་པའི་ཕྱིར་རོ། །གཉིས་པ་ལྟར་ན་ཅི་སྟེ་ངོ་བོ་ཐ་དད་པ་ཉིད་ཡིན་ན་ཡང་ལྷན་ཅིག་ཉིད་དུ་ཅི་ལྟར་འགྱུར་ཏེ། ལྷན་ཅིག་ལ་དངོས་པོ་ཐ་དད་ཡུལ་དུས་གཅིག་ཏུ་ཚོགས་པ་དགོས་པས་དངོས་པོ་ཐ་དད་ཡུལ་དུས་གཅིག་པར་འགལ་བའི་ཕྱིར་རོ། །གཞན་ཡང་དེ་གཉིས་ཧ་ཅང་ཐལ་བས་དགག་པ་ནི་གལ་ཏེ་ངོ་བོ་གཅིག་པོ་ཞིག་ལ་ལྷན་ཅིག་འདོད་ན། གྲོགས་གཞན་མེད་པར་ལྷ་བྱིན་གཅིག་པོ་གནས་པ་ཡང་ལྷན་ཅིག་པ་དེར་འགྱུར་རོ། །ཡང་གལ་ཏེ་ངོ་བོ་ཐ་དད་པ་ལ་ལྷན་ཅིག་འདོད་ན་ཤར་ནུབ་ཀྱི་རིའི་རྟ་དང་བ་ལང་ལྟར་ཕན་ཚུན་གྲོགས་སུ་གནས་པ་མེད་པར་ཡང་ལྷན་ཅིག་པར་དེར་འགྱུར་རོ། །གཉིས་པ་ལ་གསུམ་སྟེ། ཐ་དད་མ་གྲུབ་པས་ལྷན་ཅིག་མི་གྲུབ་པ། ཐ་དད་གྲུབ་ན་ལྷན་ཅིག་བརྟག་པ་དོན་མེད་པ། བསྒྲུབ་བྱ་སྒྲུབ་བྱེད་དུ་བྱས་ན་རྟོགས་པ་ཕན་ཚུན་བརྟེན་པར་ཐལ་བའོ། །དང་པོ་ནི། གལ་ཏེ་ངོ་བོ་ཐ་དད་ལ་ལྷན་ཅིག་འདོད་ན་དེ་ཡང་མི་འཐད་དེ། འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་གྲུབ་པ་དེས་ན་དེ་གཉིས་ལྷན་ཅིག་ཏུ་འགྱུར་བ་ཞིག་ན་ཡང་གཅིག་གོ་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་འགྱུར་རམ་སྟེ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཐ་དད་པ་མ་གྲུབ་པ་ལ་ལྷན་ཅིག་མི་རུང་བས་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་ཉིད་དུ་གྲུབ་པར་འདོད་པར་གྱུར་ན་དེ་གཉིས་རང་བཞིན་གྱིས་ཡོད་པར་བསྒྲུབ་པའི་ཕྱིར་དུ་ལྷན་ཅིག་ཉིད་དུ་ནི་ཅིའི་ཕྱིར་ན་ཡོངས་སུ་རྟོག་པར་བྱེད་དེ། སྔར་དེ་གཉིས་སྔ་ཕྱིར་མི་རུང་བས་རང་བཞིན་མེད་དོ་ཞེས་བསྟན་པ་ལ་དེ་གཉིས་ལྷན་ཅིག་ཏུ་ཡོད་པས་རང་བཞིན་དུ་ཡོད་དོ་ཞེས་ཀྱང་སྨྲས། ཕྱིས་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་མ་གྲུབ་པ་ལ་ལྷན་ཅིག་མི་རུང་ཞེས་བསྟན་པ་ལ་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་དུ་གྲུབ་པར་ཡང་སྨྲས་པའི་ཕྱིར་རོ། །གསུམ་པ་ནི་ལྷན་ཅིག་དོན་མེད་པར་མི་འགྱུར་ཏེ། དེ་ལ་མ་ལྟོས་པར་ཐ་དད་ཉིད་གྲུབ་པར་མ་གྱུར་པས་ཐ་དད་དུ་བསྒྲུབ་པ་དེའི་ཕྱིར་ལྷན་ཅིག་དེའི་སྒྲུབ་བྱེད་དུ་འདོད་ན་ནི། ལྷན་ཅིག་རབ་ཏུ་སྒྲུབ་པར་བྱེད་པའི་ཕྱིར། ཐ་དད་པ་ཉིད་དེའི་སྒྲུབ་བྱེད་དུ་ཡང་འདོད་དམ་སྟེ། འདོད་རིག་པར་ཐལ། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །ཞེས་པའི་ཚུལ་གྱིས་ཐ་དད་པར་མ་གྲུབ་པ་ལ་ལྷན་ཅིག་ཉིད་མི་རུང་བས་སོ། །འདོད་ན། ཐ་དད་དངོས་པོ་གང་ཡོད་ན་ལྷན་ཅིག་དངོས་པོ་འདོད་པར་བྱེད་དེ། ཐ་དད་ལ་ལྟོས་ནས་ལྷན་ཅིག་མི་འགྲུབ་སྟེ། སྒྲུབ་བྱེད་ཐ་དད་ཉིད་ཀྱང་བསྒྲུབ་བྱ་ལྷན་ཅིག་ལ་ལྟོས་པས་ན་སྒྲུབ་བྱེད་ཐ་དད་ཀྱི་དངོས་པོར་སྔར་མ་གྲུབ་པས་བསྒྲུབ་བྱ་ལྷན་ཅིག་པའི་དངོས་པོར་འགྲུབ་པར་མི་འགྱུར་བའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། འདོད་ཆགས་དང་ནི་ཆགས་པ་དག ལྷན་ཅིག་དང་ལྷན་ཅིག་མ་ཡིན་པར་མི་འགྲུབ་སྟེ། སྔར་བཤད་པའི་ཚུལ་དེ་ལྟར་རོ། །གཉིས་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། འདོད་ཆགས་དེ་རྟེན་ཆགས་པ་དང་ལྷན་ཅིག་དང་། ལྷན་ཅིག་མ་ཡིན་པར་མ་གྲུབ་པ་དེ་བཞིན་དུ་ཞེ་སྡང་ལ་སོགས་པ་ལྟོས་བཅས་ཀྱི་ཆོས་རྣམས་ཀུན་རྟེན་སྡང་བ་ལ་སོགས་པ་རང་རང་གི་ལྟོས་ས་དང་ལྷན་ཅིག་དང་། ལྷན་ཅིག་མ་ཡིན་པར་མི་འགྲུབ་པས་བརྟེན་ནས་འབྱུང་བའི་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་གྲུབ་སྟེ། གལ་ཏེ་ཞེ་སྡང་སྔ་རོལ་ན། །ཞེ་སྡང་མེད་པའི་སྡང་ཡོད་ན། །ཞེས་སོགས་ཐམས་ཅད་ལ་མཚུངས་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་འདོད་ཆགས་པ་དང་། གང་ལ་འདོད་ཆགས་པ་དང་། གང་གིས་འདོད་ཆགས་པ་དང་། གང་ཞེ་སྡང་བ་དང་། གང་ལ་ཞེ་སྡང་བ་དང་། གང་གིས་ཞེ་སྡང་བ་དང་། གང་གཏི་མུག་པ་དང་། གང་ལ་གཏི་མུག་པ་དང་། གང་གིས་གཏི་མུག་པར་འགྱུར་བའི་ཆོས་དེ་དེས་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་དེ་མི་དམིགས་སོ། །དེས་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ཞིང་མ་དམིགས་པས་འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ། སེམས་ཕྱིན་ཅི་མ་ལོག་པ། མཉམ་པར་བཞག་པ་ཞེས་བྱའོ། །བརྒལ་བ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བདེ་བར་སོན་པ་ཞེས་བྱའོ། །མི་འཇིགས་པ་ཐོབ་པ་ཞེས་བྱ་བ་ནས་ཟག་པ་ཟད་པ་ཞེས་བྱའོ། །ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་ཕྱིན་པའི་དགེ་སྦྱོང་ཞེས་བྱའོ། །ཞེས་བྱ་བའི་བར་དུ་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ། གང་དག་འདོད་ཆགས་ཞེ་སྡང་རྒྱགས་དང་གཏི་མུག་གི །ངོ་བོ་ཀུན་རྟོག་གིས་སྐྱེད་ལོག་པར་ཞུགས་ཤེས་ནས། །རྣམ་པར་རྟོག་པ་མི་བྱེད་ཆགས་བྲལ་མི་འགྱུར་བའི། །བགོམ་པ་དེ་དག་གནས་ནི་དངོས་པོ་ཐམས་ཅད་ཡིན། །ཞེས་གསུངས་ཏེ། བསྟན་ཚུལ་ནི་སྔ་མ་ལྟར་ཤེས་བར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས་འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའི་རྣམ་པར་བཤད་པའོ།། །།གཉིས་པ་འདུས་བྱས་ཀྱི་མཚན་ཉིད་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི་ཕུང་ཁམས་སྐྱེ་མཆེད་འདུས་བྱས་ཀྱི་རང་བཞིན་ཅན་དག་ནི་ཡོད་པ་ཉིད་དེ། སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་སྟེ། འདུས་བྱས་ནི་སྐྱེ་བ་དང་། འཇིག་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་ཡང་མངོན་ནོ། །ཞེས་གསུངས་པས་དེ་དག་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་གནས་འཇིག་པ་རང་བཞིན་གྱིས་ཡོད་པས་སོ་སྙམ་པ་ལ། དེ་དག་རང་བཞིན་གྱིས་གྲུབ་པ་དགག་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། འདུས་བྱས་རང་བཞིན་གྱིས་གྲུབ་པ་དགག དེས་འདུས་མ་བྱས་ཁེགས་པར་བསྟན་པ། བཀག་པའི་དོན་ལ་ལུང་འགལ་སྤང་བའོ། །དང་པོ་ལ་གཉིས་ཏེ། མཚན་ཉིད་སྐྱེ་གནས་འཇིག་གསུམ་དགག དེས་མཚན་གཞི་འདུས་བྱས་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཐུན་མོང་དུ་དགག སོ་སོར་དགག་པའོ། །དང་པོ་ལ་གསུམ་སྟེ། འདུས་བྱས་ཡིན་མིན་བརྟགས་ནས་དགག རེ་རེ་བ་དང་ཚོགས་པ་གང་གིས་མཚོན་བརྟགས་ནས་དགག མཚན་ཉིད་གཞན་ཡོད་མེད་བརྟགས་ནས་དགག་པའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་དག བུམ་པ་ལྟ་བུ་འདུས་བྱས་སུ་མཚོན་པ་ལ་སྐྱེ་བ་དང་། གནས་པ་དང་། འཇིག་པ་གསུམ་དེའི་མཚན་ཉིད་དུ་གནས་ཤིང་། མཚན་གཞི་ལས་ངོ་བོ་གཞན་དུ་གྱུར་པའི་སྐྱེ་སོགས་ཡིན་པར་ཡང་སྨྲའོ། །དེ་ལྟར་ན་སྐྱེ་བ་འདུས་བྱས་སམ་འདུས་མ་བྱས་གང་དེའི་མཚན་ཉིད་དུ་རྟོག་དྲང་། དེ་ལ་གལ་ཏེ་སྐྱེ་བ་འདུས་བྱས་ཡིན་ན། བུམ་པ་ལྟར་དེ་ལ་ཡང་སྐྱེ་བ་ལ་སོགས་པའི་མཚན་ཉིད་གསུམ་དང་ལྡན་པར་འགྱུར་ཏེ། དེ་འདུས་བྱས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟར་ན་འདུས་བྱས་ཀྱི་མཚན་གཞིར་འགྱུར་བས་དེ་མཚན་ཉིད་ཡིན་པ་ཉམས་པའི་ཕྱིར་རོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས་ཡིན་ན། དེ་ཅི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། ནམ་མཁའ་ལྟར་མཚན་གཞི་འདུས་བྱས་ལ་མི་སྲིད་པའི་ཕྱིར་རོ། །ལྷག་མ་གཉིས་པོ་ལའང་གལ་ཏེ་གནས་པ་འདུས་བྱས་ན་ཞེས་སོགས་སྦྱར་བར་བྱའོ། །གཉིས་པ་ནི། ཆོས་གསུམ་པོ་རེ་རེ་བའམ་འདུས་པ་ཞིག་དེའི་མཚན་ཉིད་དུ་རྟོག་དྲང་། དང་པོ་ལྟར་ན་སྐྱེ་བ་ལ་སོགས་པ་གསུམ་པོ་སོ་སོ་སྟེ་རེ་རེ་བ་ཡིས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་ནི་ནུས་པ་མ་ཡིན་སྟེ། ཆོས་གཉིས་དང་བྲལ་བས་འདུས་མ་བྱས་སུ་འགྱུར་བའི་ཕྱིར་དང་། མ་སྐྱེས་པ་དང་། རང་དུས་སུ་མི་གནས་པ་དང་། རྟག་པ་འདུས་བྱས་སུ་མི་རུང་བའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་པོ་གཅིག་ལ་དུས་གཅིག་ཏུ་དེ་གསུམ་འདུས་པར་ཡང་ནི་ཅི་ལྟར་རུང་བར་འགྱུར་ཏེ། བྱ་བ་འགལ་བའི་ཕྱིར་སྣང་མུན་བཞིན་ནོ། །གསུམ་པ་ལ་གཉིས་ཏེ་ཧ་ཅང་ཐལ་བར་འགོད། དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། གཞན་ཡང་གལ་ཏེ་སྐྱེ་བ་དང་། གནས་པ་དང་། འཇིག་པ་རྣམས་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་གཞན་ཞིག་ནི་ཡོད་ན་འདུས་བྱས་ཀྱི་མཚན་ཉིད་ཐུག་པ་མེད་པར་འགྱུར་ཏེ། དེ་ལ་ཡང་འདུས་བྱས་ཀྱི་མཚན་ཉིད་གཞན་ཡོད་དགོས་པའི་ཕྱིར་རོ། །གལ་ཏེ་སྐྱེ་སོགས་གསུམ་ལ་མཚན་ཉིད་གཞན་མེད་ན་དེ་དག་འདུས་བྱས་མིན་པར་འགྱུར་ཏེ། འདུས་བྱས་ཀྱི་མཚན་ཉིད་དང་བྲལ་བའི་ཕྱིར། འདོད་ན་འདུས་བྱས་མཚོན་མི་ནུས་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། ཐལ་བ་དང་པོའི་ཉེས་སྤོང་དགག་པ། ཐལ་པ་གཉིས་པའི་ཉེས་སྤོང་དགག་པའོ། །དང་པོ་ལ་གཉིས་ཏེ། ཉེས་སྤོང་བརྗོད། དེ་དགག་པའོ། །དང་པོ་ནི། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། མཚན་ཉིད་སྐྱེ་གནས་འཇིག་པ་ལ་སྐྱེ་བའི་སྐྱེ་བ་སོགས་མཚན་ཉིད་གཞན་གསུམ་ཡོད་པས་ཉེས་པ་གཉིས་པ་མེད་ལ་ཐུག་མེད་དུ་ཡང་མི་འགྱུར་ཏེ། མཚན་ཉིད་སྐྱེ་སོགས་དང་། རྗེས་མཐུན་གྱི་མཚན་ཉིད་རྣམས་ཕན་ཚུན་བསྒྲུབ་པར་བྱེད་པའི་ཕྱིར། འདི་ལྟར་མཚན་གཞི་འདུས་བྱས་དེ་ཉིད་དང་། མཚན་ཉིད་སྐྱེ་སོགས་གསུམ་དང་རྗེས་མཐུན་གྱི་མཚན་ཉིད་སྐྱེ་བའི་སྐྱེ་བ་སོགས་གསུམ་སྟེ་ཆོས་བདུན་ཡོད་པ་ལས་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་འབའ་ཞིག་བསྐྱེད་པར་བྱེད་ལ། རྩ་བའི་སྐྱེ་བས་སྐྱེ་བའི་སྐྱེ་བ་ལ་སོགས་པ་རང་ཉིད་ལས་གཞན་པའི་ཆོས་དྲུག་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་གནས་པའི་གནས་པས་རྩ་བའི་གནས་པ་ཉིད་དང་། རྩ་བའི་གནས་པས་ཆོས་གཞན་དྲུག་གནས་པར་བྱེད་ལ། འཇིག་པའི་འཇིག་པས་རྩ་བའི་འཇིག་པ་ཉིད་དང་། རྩ་བའི་འཇིག་པས་ཆོས་གཞན་དྲུག་འཇིག་པར་བྱེད་པས་མཚན་ཉིད་གསུམ་དང་། རྗེས་མཐུན་གྱི་མཚན་ཉིད་གསུམ་གྱིས་ཆོས་བདུན་པོ་རེ་རེ་ཡང་དང་པོ་བསྐྱེད། བར་དུ་གནས། ཐ་མར་འཇིག་པར་བྱེད་པས་དེ་དག་འདུས་བྱས་སུ་མཚོན་ཞིང་། གཞི་མཚན་གཉིས་རྫས་ཐ་དད་དང་བྱ་བྱེད་རང་དབང་བར་འདོད་པ་ཡིན་ནོ། །མཛོད་ལས། དེ་དག་སྐྱེ་བའི་སྐྱེ་ལ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་བཤད་པ་ནི་གནས་པ་ལས་གཞན་དུ་འགྱུར་བ་རྒ་བ་ཡིན་པས་དང་། འདིར་གནས་པའི་ཡན་ལག་ཏུ་བསྡུས་ཏེ་མཚན་ཉིད་གསུམ་དུ་བྱས་པ་ཡིན་པས་དོན་གཅིག་གོ །འདིར་འགྲེལ་པར། མཚན་ཉིད་བདུན། རྗེས་མཐུན་པའི་མཚན་ཉིད་བདུན། མཚན་གཞི་དང་ཆོས་བཅོ་ལྔར་ཕྱེ་ནས་དེ་ཆོས་བཅུ་བཞི་དང་གཅིག་ལ་འཇུག་ཅེས་པའི་དོན་དུ་འཆད་པ་ནི་རྩ་བར་མི་སྣང་ངོ་ཞེས་རྨ་བྱ་གསུང་ཡང་འགྲེལ་པར། མང་པོས་བཀུར་བའི་སྡེ་པའི་འདོད་པར་བྱས་ནས། མཚན་གཞི་ཆོས་དེ་ཉིད་དང་། དེའི་མཚན་ཉིད་སྐྱེ་བ་དང་། ལྡན་པ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་དང་ལྔ། གལ་ཏེ་ཆོས་དེ་ཉོན་མོངས་ཅན་ཞིག་ཡིན་ན། ཉོན་མོངས་ཅན་དེ་ཉིད་དང་། དེའི་ལོག་པའི་རྣམ་པར་གྲོལ་བ་དང་བདུན། འོན་ཏེ་དགེ་བ་ཞིག་ཡིན་ན། དགེ་བ་དེ་ཉིད་དང་། དེའི་ཡང་དག་པའི་རྣམ་པར་གྲོལ་བ་དང་བདུན། གལ་ཏེ་ངེས་པར་འབྱུང་བ་ཞིག་ཡིན་ན། ངེས་འབྱུང་དེ་ཉིད་དང་། དེའི་ངེས་པར་འབྱུང་བ་ཉིད་དང་བདུན། གལ་ཏེ་ངེས་པར་འབྱུང་བ་མ་ཡིན་པ་ཞིག་ཡིན་ན་ནི། ངེས་འབྱུང་མིན་པ་དེ་ཉིད་དང་། དེའི་ངེས་པར་འབྱུང་བ་མ་ཡིན་པ་ཉིད་དང་བདུན་སྟེ། དེ་དག་ནི་མཚན་གཞི་འདུས་བྱས་གང་ཡིན་པ་དེའི་འཁོར་ཡིན་ལ། སྐྱེ་བའི་སྐྱེ་བ་སོགས་ནི་འཁོར་གྱི་འཁོར་ཡིན་པས་འཁོར་དང་བཅས་པའི་དབང་དུ་བྱས་པ་ཡིན་ལ། དེ་དག་བསྡུ་ན། མཛོད་ལས་གསུངས་པ་ལྟར་ཆོས་དགུར་འགྱུར་ཞིང་། དེ་ཡང་བསྡུ་ན་འདིར་བཤད་པ་ལྟར་ཆོས་བདུན་དུ་འགྱུར་བའི་དོན་ཡིན་པས་འགྲེལ་པས་རང་གི་བྱ་བ་བྱས་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་བསྐྱེད་པ་དགག རྩ་བའི་སྐྱེ་བས་སྐྱེ་བའི་སྐྱེ་བ་བསྐྱེད་པ་དགག དེ་གཉིས་ཀའི་ལན་དགག་པའོ། །དང་པོ་ནི། གལ་ཏེ་ཁྱོད་ཀྱི་ལྟར་ན་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་བསྐྱེད་པར་བྱེད་ན། ཁྱེད་འདོད་པའི་སྐྱེ་བའི་སྐྱེ་བ་དེས་ཆོས་ཅན། རྩ་བའི་སྐྱེ་བ་དེ་ནི་ཅི་ལྟར་བསྐྱེད་པར་བྱེད་དེ་མི་བྱེད་པར་ཐལ། དེའི་སྔར་མ་གྲུབ་པའི་ཕྱིར། རྟགས་ཁས་བླངས་ཏེ། དེ་རྩ་བའི་སྐྱེ་བ་ལ་ལྟོས་པས། དེའི་སྔར་རྩ་བའི་སྐྱེ་བས་མ་བསྐྱེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཁྱོད་ཀྱི་ལྟར་ན་རྩ་བའི་སྐྱེ་བ་ཡིས་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེ་ཡིས་རྩ་བའི་སྐྱེ་བ་བསྐྱེད་པའི་ཕྱིར་ཉེས་པ་དེ་མེད་དོ་སྙམ་ན། སྐྱེ་བའི་སྐྱེ་བ་དེའི་སྔར་མ་གྲུབ་པའི་རྩ་བའི་སྐྱེ་བ་དེས་ཆོས་ཅན། སྐྱེ་བའི་སྐྱེ་བ་དེ་ནི་ཅི་ལྟར་སྐྱེད་པར་བྱེད་དེ། དེའི་སྔར་མ་གྲུབ་པའི་ཕྱིར་རོ། །གཏན་ཚིགས་ཁས་བླངས་ཏེ། དེ་སྐྱེ་བའི་སྐྱེ་བ་ལ་ལྟོས་པས་སྔར་སྐྱེ་བའི་སྐྱེ་བ་དེས་མ་བསྐྱེད་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ཁོ་བོ་ཅག་དུས་གསུམ་རྫས་སུ་འདོད་པས་མ་འོངས་པ་ན་རྩ་བའི་སྐྱེ་བ་སྐྱེ་བཞིན་པ་ཡོད་པ་དེས་སྐྱེ་བའི་སྐྱེ་བ་བསྐྱེད་པར་བྱེད་ལ། སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་མ་འོངས་པ་ན་ཡོད་པ་དེ་ཉིད་སྐྱེད་པར་བྱེད་དེ། ཕན་ཚུན་དབུལ་བ་དང་འདྲེན་པར་བྱེད་པས་ཕ་བུ་ཐོག་ཁར་འགྲོ་བ་བཞིན་ནོ་སྙམ་ན། རྩ་བའི་སྐྱེ་བ་སྐྱེ་བཞིན་པས་སྐྱེ་བའི་སྐྱེ་བ་བསྐྱེད་པར་མི་རིགས་ཏེ། གལ་ཏེ་རང་ཉིད་མ་སྐྱེས་ཤིང་མེད་པ་དེ་ཡིས་མ་སྐྱེས་པ་གཞན་དེ་སྐྱེད་པར་ནི་བྱེད་ནུས་ན་ཁྱོད་ཀྱི་རྩ་བའི་སྐྱེ་བ་སྐྱེ་བཞིན་པ་མ་སྐྱེས་ཤིང་། མེད་པ་དེ་ཡིས་སྐྱེ་བའི་སྐྱེ་བ་དེ་བསྐྱེད་པར་ནི་འདོད་ལ་རག་ན་ཡང་རང་ཉིད་མ་སྐྱེས་ཤིང་མེད་པས་མ་སྐྱེས་པ་གཞན་སྐྱེད་པར་ཡང་མི་ནུས་པའི་ཕྱིར། སྐྱེ་བའི་སྐྱེ་བ་སྐྱེ་བཞིན་པས་རྩ་བའི་སྐྱེ་བ་བསྐྱེད་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱ་ཞིང་། ལྷག་མ་གཉིས་པོ་ལ་ཡང་གལ་ཏེ་ཁྱོད་ཀྱི་གནས་པའི་གནས། རྩ་བའི་གནས་པ་གནས་བྱེད་ན་ཞེས་སོགས་སྦྱར་བར་བྱའོ། །གཉིས་པ་ལ་གཉིས་ཏེ། ཉེས་སྤོང་བརྗོད། དེ་དགག་པའོ། །དང་པོ་ནི། མདོ་སྡེ་པ་ན་རེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་ལ། མཚན་ཉིད་སྐྱེ་གནས་འཇིག་པ་གཞན་མེད་པས་ཐུག་མེད་དུ་མི་འགྱུར་ལ། འདུས་མ་བྱས་སུ་ཡང་མི་འགྱུར་ཏེ། ཇི་ལྟར་མར་མེ་སྣང་བའི་རང་བཞིན་ཡིན་པས་རང་དང་གཞན་གཉིས་ཀ་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བའི་བྱ་བ་ཡང་སྐྱེ་བའི་རང་བཞིན་ཡིན་པའི་ཕྱིར། རང་དང་གཞན་གྱི་དངོས་པོ་གཉིས་ཀ་བསྐྱེད་པར་བྱེད་པར་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གནས་པས་རང་དང་གཞན་གཉིས་ཀ་གནས་པ་དང་། འཇིག་པས་རང་དང་གཞན་གཉིས་ཀ་འཇིག་པ་ཡང་སྦྱར་བར་བྱའོ་ཞེས་ཟེར་རོ། །གཉིས་པ་ལ་གཉིས་ཏེ། དཔེ་མ་གྲུབ་པ་དང་། དོན་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། ཁྱབ་བྱེད་མ་དམིགས་པས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། རྣམ་པར་དཔྱད་ན་མར་མེས་རང་དང་གཞན་སྣང་བར་བྱེད་པའི་དཔེ་མ་གྲུབ་སྟེ། འདི་ལྟར་མར་མེས་ཆོས་ཅན། རང་དང་གཞན་ཅི་ཞིག་སྣང་བར་བྱེད་དེ། རང་དང་གཞན་ལ་མུན་པ་མ་བསལ་བའི་ཕྱིར་ཏེ། སྣང་མུན་ཡུལ་གཅིག་ཏུ་འགལ་བས་མར་མེ་དང་ནི་ཡུལ་གཞན་གང་དག་ལ་མར་མེ་དེ་འདུག་པ་ན་བསལ་བྱའི་མུན་པ་མེད་པའི་ཕྱིར་རོ། །མུན་པ་མ་བསལ་ཡང་སྣང་བྱེད་ཡིན་པ་ཅི་འགལ་སྙམ་ན་དེ་ཡང་མི་འཐད་དེ། འཇིག་རྟེན་དུ་མུན་པ་སེལ་བས་སྣང་བྱེད་དུ་བརྗོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་སྐྱེས་ཟིན་པའི་མར་མེས་མུན་པ་མི་སེལ་ཡང་སྐྱེ་བཞིན་པའི་མར་མེས་རང་དང་གཞན་ལ་མུན་པ་སེལ་བ་ཡིན་ནོ་ཞེ་ན། མར་མེ་སྐྱེ་བཞིན་པས་ཅི་ལྟར་མུན་པ་སེལ་བར་བྱེད་པ་ཡིན་ཏེ། གང་གི་ཚེ་སྟེ་གང་གི་ཕྱིར་ན་མར་མེ་སྐྱེ་བཞིན་པ་མུན་པ་དང་ཕྲད་པ་མེད་པའི་ཕྱིར། གལ་ཏེ་མར་མེས་ཕྲད་པ་མེད་པར་ཡང་མུན་པ་སེལ་བར་བྱེད་པས་ཁྱབ་པ་མ་ངེས་སོ་སྙམ་ན། དེ་ལྟར་ན་འདི་ན་འདུག་པའི་མར་མེ་དེས་ཆོས་ཅན། གླིང་བར་ལ་སོགས་པ་འཇིག་རྟེན་ཀུན་ན་གནས་པའི་མུན་པ་ཐམས་ཅད་བསལ་བར་འགྱུར་ཏེ། མ་ཕྲད་པར་མཚུངས་པའི་ཕྱིར། གཉིས་པ་ནི། གལ་ཏེ་མར་མེ་སྣང་བྱེད་ཡིན་པས་རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྣང་བར་བྱེད་པར་འགྱུར་ན་མུན་པའང་ཆོས་ཅན། རང་དང་གཞན་གྱི་དངོས་པོ་གཉིས་ཀ་སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད་པར་ཐལ། སྒྲིབ་བྱེད་ཡིན་པའི་ཕྱིར། འདོད་ན་མུན་པས་བདག་ཉིད་སྒྲིབ་པའི་ཕྱིར་དེ་མི་མཐོང་བར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། སྐྱེ་བས་རང་བསྐྱེད་པ་དགག སྐྱེ་བས་གཞན་བསྐྱེད་པ་དགག་པའོ། །དང་པོ་ནི་སྐྱེ་བས་རང་བསྐྱེད་པར་བྱེད་ན་རང་མ་སྐྱེས་པའམ་སྐྱེས་པ་ཞིག་གིས་བསྐྱེད་པར་བྱེད་དྲང་། དང་པོ་ལྟར་ན་སྐྱེ་བ་འདིས་ནི་ཆོས་ཅན། རང་གི་བདག་ཉིད་ཇི་ལྟར་སྐྱེད་པར་བྱེད་དེ་རང་ཉིད་མ་སྐྱེས་པའི་ཕྱིར། ཅི་སྟེ་རང་སྐྱེས་པས་བསྐྱེད་པར་བྱེད་དོ་སྙམ་ན་སྐྱེ་བ་དེ་ཆོས་ཅན། ཅི་ཞིག་སྐྱེད་དུ་ཡོད་དེ་མེད་པར་ཐལ། སྐྱེས་ཟིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལས་ལ་དུས་གསུམ་དུ་བརྟག་སྟེ་དགག སྐྱེ་བ་ལ་སྐྱེ་བ་གཞན་ཡོད་མེད་དཔྱད་དེ་དགག་པའོ། །དང་པོ་ལ་གསུམ་སྟེ། དུས་གསུམ་གྱི་ལས་ལ་སྐྱེ་བ་སྤྱིར་དགག སྐྱེ་བཞིན་པ་སྐྱེ་བ་བྱེ་བྲག་ཏུ་དགག དེ་ལ་རྟེན་འབྱུང་མི་རུང་བའི་སྐྱོན་སྤོང་བའོ། །དང་པོ་ནི། སྐྱེ་བའི་བྱ་བ་དེས་འདུས་བྱས་ཀྱི་ཆོས་བུམ་པ་ལྟ་བུ་གཞན་སྐྱེད་ན་དེ་སྐྱེས་པའམ། མ་སྐྱེས་པའམ། སྐྱེ་བཞིན་པ་གཅིག་བསྐྱེད་དྲང་། དེ་ལ་སྐྱེས་དང་མ་སྐྱེས་སྐྱེད་བཞིན་པ། ཅི་ལྟ་བུར་ཡང་མི་སྐྱེད་པ། དེ་ནི་སོང་དང་མ་སོང་དང་། བགོམ་པས་རྣམ་པར་བཤད་པ་ཡིན་ཏེ། དུས་གསུམ་གྱི་དཔྱད་པ་འདིར་ཡང་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྐྱེས་མ་སྐྱེས་ལས་གཞན་པའི་བུམ་པ་སྐྱེ་བཞིན་པ་བརྗོད་དེ། སྐྱེ་བའི་བྱ་བ་དང་ལྡན་པའི་ཕྱིར། དེས་ན་དེ་སྐྱེ་བ་དོན་གཞན་གྱིས་བསྐྱེད་པར་བྱེད་དོ་སྙམ་ན། རྟེན་བུམ་པ་མ་སྐྱེས་པས་དེ་ལ་བརྟེན་པའི་བུམ་པ་སྐྱེ་བའི་བྱ་བ་མེད་པ་དེའི་ཚེ་སྐྱེ་བའི་བྱ་བ་ལ་བརྟེན་ནས་ནི་བུམ་པ་སྐྱེ་བཞིན་པ་འདི་ཞེས་ནི་ཅི་ལྟར་བརྗོད་པར་བྱ་སྟེ། གང་གི་ཚེ་སྐྱེ་བའི་བྱ་བ་འགའ་ཞིག་ཡོད་ན་དེ་དང་ལྡན་པས་བུམ་པ་སྐྱེ་བཞིན་པ་འདི་ཞེས་འབྱུང་བར་རིགས་ན་ཡང་སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན་ཞེས་པའི་ཚུལ་གྱིས་རྟེན་བུམ་པ་མེད་པས་དེ་སྐྱེ་བའི་བྱ་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། རང་གི་སྡེ་པ་དག་བཅོམ་ལྡན་འདས་ཀྱིས། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་གསུངས་པའི་ཚུལ་གྱིས། མུ་སྟེགས་པས་བརྟགས་པའི་རྟག་གཅིག་རང་དབང་ཅན་གྱི་གང་ཟག་གིས་སྟོང་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་པར་ཆོས་ཙམ་ཁོ་ནར་བསྟན་པ་ཡིན་ལ། ཁྱོད་ཀྱིས་དེ་བཀག་པས་མེད་པར་སྨྲ་བར་འགྱུར་རོ་ཞེ་ན། ཁོ་བོ་ཅག་གིས་ཁྱོད་འདོད་པའི་རྟེན་འབྲེལ་ངོ་བོ་ཉིད་ཀྱིས་གྲུབ་པ་བཀག་པས་དེ་བཞིན་གཤེགས་པའི་གསུང་བཀག་པ་མ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་ཞི་བའི་སྟོང་པ་ཉིད་ཡིན་ཏེ། ཅི་སྐད་དུ་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །ཅེས་གསུངས་པས་སོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བྱ་སྐྱེ་བཞིན་པ་ཉིད་དང་ནི་སྐྱེད་བྱེད་སྐྱེ་བ་ཡང་ནི་རང་བཞིན་གྱིས་ཞི་བ་ཉིད་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། གལ་ཏེ་དུས་གསུམ་རྫས་སུ་ཡོད་པས་སྐྱེ་བཞིན་པའི་བུམ་པའང་མ་འོངས་པ་ན་ཡོད་ལ། དེའི་ཕྱིར་དེ་ལ་སྐྱེ་བའི་བྱ་བ་བརྟེན་པའི་སྒོ་ནས་ད་ལྟར་སྐྱེ་བར་འགྱུར་རོ་སྙམ་ན། གལ་ཏེ་བུམ་པ་ལྟ་བུའི་དངོས་པོ་མ་སྐྱེས་པ་འགའ་ཞིག མ་འོངས་པའི་གནས་སྐབས་གང་ན་ཡོད་པར་འགྱུར་ན། དེ་ལ་སྐྱེ་བའི་བྱ་བ་རྟེན་དུ་རུང་བས་དེ་ནི་སྐྱེ་བར་འགྱུར་བ་ཞིག་ན་མ་འོངས་པའི་དངོས་པོ་དེ་ཅི་ཞིག་སྐྱེ་བར་འགྱུར་ཏེ། རྟེན་མེད་པས་སྐྱེ་བའི་བྱ་བ་འཇུག་པར་འགལ་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཁྱོད་ཉིད་སྐྱེ་བའི་བྱ་བ་དོན་གཞན་དེ་ཡིས་ནི་བུམ་པ་སྐྱེ་བཞིན་པ་ནི་བསྐྱེད་པར་བྱེད་ན་སྐྱེ་བ་དོན་གཞན་དེ་ནི་སྐྱེ་བ་ལྟར་རང་ངམ་གཞན་གང་ཞིག་གིས་ནི་སྐྱེད་པར་བྱེད། གལ་ཏེ་སྐྱེ་བ་དེ་སྐྱེ་བ་གཞན་ཞིག་གིས་བསྐྱེད་པར་འདོད་ན་ཐུག་པ་མེད་པར་འགྱུར་ཏེ། དེ་བསྐྱེད་པ་ལ་སྐྱེ་བ་གཞན་དགོས་པས་སོ། །ཅི་སྟེ་སྐྱེ་བ་ལ་སྐྱེ་བ་གཞན་མེད་པར་སྐྱེ་ན་དངོས་པོ་གཞན་ཐམས་ཅད་ཀྱང་དེ་བཞིན་དུ་སྐྱེ་བ་དོན་གཞན་མེད་པར་སྐྱེ་བར་འགྱུར་ཏེ། དངོས་པོ་ཡིན་པའི་ཕྱིར། སྐྱེ་བ་བཞིན་ནོ་སྙམ་དུ་དགོངས་སོ། །གཉིས་པ་སོ་སོར་དགག་པ་ལ་གསུམ་སྟེ། སྐྱེ་བ་དགག གནས་པ་དགག འཇིག་པ་དགག་པའོ། །དང་པོ་ལ་གཉིས་ཏེ། རིགས་པ་སྔ་མས་ཁེགས་པ། འགག་བཞིན་པ་ཡིན་མིན་བརྟགས་ནས་དགག་པའོ། །དང་པོ་ནི། རེ་ཞིག་དངོས་པོ་ཡོད་དམ་མེད་པ་ཡང་། །སྐྱེ་བར་རིག་པ་མ་ཡིན་ཞིང་། །ཡོད་མེད་གཉིས་ཀྱང་མ་ཡིན་ཞེས། །གོང་དུ་རྐྱེན་བརྟགས་པར་བསྟན་པ་ཉིད་ཡིན་ཏེ། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་དང་། གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་ཡོད་མེད་མི་འགྲུབ་པ། །ཞེས་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ནི། སྐྱེ་བ་འདི་དངོས་པོ་དུས་གཉིས་པར་འགག་བཞིན་པའམ། དེ་མ་ཡིན་པ་ཞིག་ལ་རྟོག་དྲང་། དང་པོ་ལྟར་ན། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་ཏེ། །སྐྱེ་བའི་བྱ་བ་དང་འགལ་བ། །འགག་པའི་བྱ་བ་ཡོད་པའི་ཕྱིར། །གཉིས་པ་ལྟར་ཡང་མི་རུང་སྟེ། གང་ཞིག་དུས་གཉིས་པར་འགག་བཞིན་མ་ཡིན་པ་དེ་ནི་དངོས་པོར་མི་འཐད་པའི་ཕྱིར་རོ། །གཉིས་པ་གནས་པ་དགག་པ་ལ་གསུམ་སྟེ། དུས་གསུམ་དུ་བརྟགས་ནས་དགག འགག་བཞིན་པ་ཡིན་མིན་བརྟགས་ནས་དགག རང་དང་གཞན་གང་གིས་གནས་བརྟགས་ནས་དགག་པའོ། །དང་པོ་ནི། གནས་པའི་བྱ་བ་དོན་གཞན་དེས་འདུས་བྱས་ཀྱི་དངོས་པོ་གནས་པར་བྱེད་ན། དེ་གནས་པའམ། མི་གནས་པའམ། གནས་བཞིན་པ་ཞིག་གནས་པར་བྱེད་དྲང་། དེ་ལ་དངོས་པོ་གནས་པ་ནི་མི་གནས་ཏེ། གནས་པའི་བྱ་བ་འགག་པའི་ཕྱིར་རོ། །དངོས་པོ་མི་གནས་པ་ཡང་གནས་པ་མིན་ཏེ་གནས་པའི་བྱ་བ་མ་སྐྱེས་པའི་ཕྱིར་རོ། །གནས་བཞིན་པ་ཡང་མི་གནས་ཏེ། དེ་གཉིས་ལས་ཐ་དད་པའི་གནས་བཞིན་མེད་པའི་ཕྱིར། གཞན་ཡང་དངོས་པོ་གང་ཞིག་གནས་པར་འགྱུར་ཏེ། མཐའ་བཞིར་དཔྱད་ན་མ་སྐྱེས་པའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་འགག་བཞིན་པ་ཉིད་ལ་ནི་གནས་པ་འཐད་པར་མི་འགྱུར་ཏེ། གནས་པ་དང་འགལ་བ་འགག་པའི་བྱ་བ་ཡོད་པའི་ཕྱིར། གང་ཞིག་འགག་བཞིན་པ་མ་ཡིན་པ་ཡང་གནས་པ་མི་རུང་སྟེ། དེ་ནི་དངོས་པོ་མི་འཐད་པའི་ཕྱིར་རོ། །དེས་ན་དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན་ཏེ། སྐྱེས་དུས་ཉིད་ན་སྐད་ཅིག་གཉིས་པར་སྡོད་པའི་གནས་པ་གཏན་མི་སྲིད་པའི་ཕྱིར་རོ། །གསུམ་པ་ནི། འདུས་བྱས་ཀྱི་དངོས་པོ་རྣམས་གནས་པ་དོན་གཞན་གྱིས་གནས་པར་བྱེད་ན། གནས་པ་དེ་ཉིད་རང་ངམ་གཞན་གང་གིས་གནས་པར་བྱེད། དེ་ལ་གནས་པ་དེ་གནས་པ་གཞན་དང་ནི་དེ་ཉིད་ཀྱིས་ཀྱང་གནས་པར་བྱེད་མི་རིགས་ཏེ་ཐུག་མེད་དུ་འགྱུར་བ་དང་། རང་ལ་བྱ་བྱེད་འགལ་བའི་ཕྱིར། །ཅི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །ཞེས་པ་སྟེ། གལ་ཏེ་གནས་པ་གཞན་ཞིག་གིས། །དེ་གནས་ཐུག་པ་མེད་པར་འགྱུར། །ཞེས་སོགས། འདོན་པ་བསྒྱུར་བས་མཚུངས་པའོ། །གསུམ་པ་འཇིག་པ་དགག་པ་ལ་དྲུག་སྟེ། དུས་གསུམ་དུ་བརྟགས་ནས་དགག གནས་བཞིན་པ་ཡིན་མིན་བརྟག་སྟེ་དགག གནས་སྐབས་དེ་ཉིད་དང་གཞན་ཉིད་གང་གིས་འགག བརྟགས་སྟེ་དགག ཁྱབ་བྱེད་མ་དམིགས་པས་དགག དངོས་པོར་ཡོད་མེད་བརྟག་སྟེ་དགག རང་དང་གཞན་གང་གིས་འགག་བརྟག་སྟེ་དགག་པའོ། །དང་པོ་ནི། དུས་གསུམ་དུ་དཔྱད་ན་འགག་པ་ནི་འགག་པར་མི་འགྱུར་ཏེ། འགག་པའི་བྱ་བ་འགགས་ནས་མེད་པའི་ཕྱིར་རོ། །མ་འགགས་པ་ཡང་འགག་པར་མི་འགྱུར་ཏེ། འགག་པའི་བྱ་བ་མ་སྐྱེས་པའི་ཕྱིར། འགག་བཞིན་པ་ཡང་སྔ་མ་གཉིས་པོ་དེ་བཞིན་དུ་འགག་པར་འགྱུར་བ་མིན་ཏེ། གཉིས་པོ་ལས་གཞན་པའི་འགག་བཞིན་པ་མི་སྲིད་པའི་ཕྱིར་དང་། འགག་པའི་བྱ་བ་གཉིས་སུ་ཐལ་བའི་ཕྱིར་རོ། །ཡང་མ་སྐྱེས་གང་ཞིག་འགག་པར་འགྱུར་ཞེས་ཏེ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །གཉིས་པ་ནི། རེ་ཤིག་དངོས་པོ་གནས་བཞིན་པ་ལ་ནི་འགག་པ་འཐད་པར་མི་འགྱུར་ཏེ། དེ་དང་འགལ་བ་གནས་པའི་བྱ་བ་ཡོད་པའི་ཕྱིར། དངོས་པོ་མི་གནས་པ་ལ་ཡང་འགག་པ་འཐད་པར་མི་འགྱུར་ཏེ། གནས་པ་དང་བྲལ་བ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། རྒྱུ་འགག་ནས་འབྲས་བུ་འབྱུང་བར་འདོད་ན། རྒྱུའི་གནས་སྐབས་དེ་ཉིད་ཀྱིས་སམ་གཞན་འབྲས་བུའི་གནས་སྐབས་ཀྱིས་རྒྱུ་འགག་པར་བྱེད་དྲང་། དང་པོ་ལྟར་རྒྱུ་འོ་མ་ལྟ་བུའི་གནས་སྐབས་དེ་ཡིས་ནི་གནས་སྐབས་དེ་ཉིད་འགག་པར་མི་འགྱུར་ཏེ། རང་ལ་བྱ་བྱེད་འགལ་བའི་ཕྱིར་རོ། །གཉིས་པ་ལྟར་འབྲས་བུ་ཞོ་ལྟ་བུའི་གནས་སྐབས་གཞན་གྱིས་ཀྱང་ནི་རྒྱུ་འོ་མའི་གནས་སྐབས་འགག་པར་མི་འགྱུར་ཏེ། ཕན་ཚུན་མ་ཕྲད་པའི་ཕྱིར་རོ། །བཞི་པ་ནི། རྒྱུ་འོ་མ་ལྟ་བུ་ལ་ནི་འགག་པ་ཡོད་པ་ཉིད་དེ། དེའི་འབྲས་བུ་ཞོ་སྐྱེ་བའི་ཕྱིར་རོ་སྙམ་ན། རྒྱུ་འོ་མ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀྱི་འགག་པ་ཡང་འཐད་པར་མི་འགྱུར་བར་གསལ་བར་བསྟན་ཏེ། གང་གི་ཚེ་ན་སྔར་འབྲས་བུ་ཞོ་ལ་སོགས་པའི་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་འཐད་པར་མི་འགྱུར་བར་བཤད་ཟིན་པ་དེའི་ཚེའོ། །ལྔ་པ་ནི། ཡང་འགག་པ་དེ་དངོས་པོ་ཡོད་པའམ་མེད་པ་ཞིག་ལ་རྟོག་དྲང་། དེ་ལ་རེ་ཞིག་དངོས་པོ་ཡོད་པ་ལ་འགག་པ་འཐད་པར་མི་འགྱུར་ཏེ། རྟེན་དངོས་པོ་དེ་དགག་པ་དངོས་མེད་དང་གཅིག་ཡིན་ན། དངོས་པོར་མི་འཐད་ཅིང་། ཆོས་འགག་པ་དངོས་མེད་དེ་རྟེན་དངོས་པོ་དང་གཅིག་ཡིན་ན། དངོས་པོ་མེད་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་ལྟར་ན་དངོས་པོ་མེད་པར་གྱུར་པ་ལའང་འགག་པར་འཐད་པར་མི་འགྱུར་ཏེ། རྟེན་མེད་པའི་ཕྱིར། དཔེར་ན་མགོ་གཅིག་པའི་གང་ཟག་ལ། མགོ་གཉིས་པ་ལ་ཅི་ལྟར་ནི། བཅད་དུ་མེད་པ་དེ་བཞིན་ནོ། །དྲུག་པ་ནི། ཡང་འགག་པ་དོན་གཞན་དེ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་འགག་བྱེད་དུ་འདོད་ན། འགག་པ་དེ་རང་གི་བདག་ཉིད་ཀྱིས་སམ། འགག་པ་གཞན་གྱིས་འགག་པར་བྱེད། དེ་ལ་འགག་པ་རང་གི་བདག་ཉིད་ཀྱིས་འགག་པ་ཡོད་པ་མིན་ཞིང་། འགག་པ་གཞན་གྱིས་ཀྱང་མིན་ཏེ། རང་ལ་བྱ་བྱེད་འགལ་བའི་ཕྱིར་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར། ཅི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་པ་བཞིན་ནོ། །གཉིས་པ་དེས་མཚན་གཞི་འདུས་བྱས་ཁེགས་པར་བསྟན་པ་ནི། དེ་ལྟར་འདུས་བྱས་ཀྱིས་མཚན་ཉིད་གསུམ་བཀག་ཀྱང་མཚན་གཞི་གཟུགས་དང་ཚོར་བ་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམས་ཡོད་དོ་སྙམ་ན་མ་ཡིན་ཏེ། སྔར་བཤད་པའི་ཚུལ་གྱིས། མཚན་ཉིད་སྐྱེ་དང་གནས་དང་འཇིག་པ་རྣམས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་ན་འདུས་བྱས་ཀྱི་མཚན་གཞི་གཟུགས་སོགས་རྣམས་ཀྱང་རང་བཞིན་མེད་པར་གྲུབ་པའི་ཕྱིར་རོ། །གསུམ་པ་དེས་འདུས་མ་བྱས་ཁེགས་པར་བསྟན་པ་ནི། ཅི་སྐད་བཤད་པའི་ཚུལ་གྱིས་དཔྱད་ན། འདུས་བྱས་ཡོད་པ་མ་ཡིན་ལ་དེ་རབ་ཏུ་མ་གྲུབ་པས་འདུས་མ་བྱས་ནི་ཅི་ལྟར་འགྲུབ་སྟེ། དགག་བྱ་བཀག་པའི་བཀག་པ་མི་གྲུབ་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། འདུས་མ་བྱས་པ་ཀུན་ཏུ་དབེན་པ་སྟེ། །དྲང་སྲོང་དེ་དག་ལ་ནི་རྣམ་རྟོག་མེད། །འགྲོ་བ་ཀུན་ཏུ་འདུས་མ་བྱས་ཐོབ་པས། །ལྟ་བ་དག་པ་འཁོར་མོར་རྣམ་པར་དབེན། །ཞེས་གསུངས་པས་སོ། །དེང་སང་བོད་འདིར་སེམས་ཙམ་པའི་གཞུང་ལུགས་རྣམས་དབུ་མའི་གཞུང་ལུགས་སུ་སྨྲས་ནས་འདུས་མ་བྱས་ཆོས་དབྱིངས་བདེན་པར་གྲུབ་པ་དབུ་མའི་ལྟ་བ་མཐར་ཐུག་ཡིན་ནོ་ཞེས་འཆལ་གཏམ་སྨྲ་བ་དག་གིས་ནི། བཀའ་དང་བསྟན་བཅོས་ཀྱི་གཞུང་འདི་དག་བསམ་པར་བྱ་དགོས་སོ། །གསུམ་པ་བཀག་པའི་དོན་ལ་ལུང་འགལ་སྤང་བ་ནི། དེ་ལྟར་ན་སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་འདུས་བྱས་ནི་སྐྱེ་བར་ཡང་མངོན། འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བར་ཡང་མངོན་ནོ། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན། དེ་ནི་ངེས་པའི་དོན་དུ་གསུངས་པ་མ་ཡིན་གྱི། རྨི་ལམ་ཅི་ལྟ་བ་བཞིན་དང་། སྒྱུ་མ་བཞིན་དང་། དྲི་ཟའི་གྲོང་ཁྱེར་ལ་སྐྱེ་གནས་འཇིག་པ་མེད་ཀྱང་དེར་སྣང་བ་ཅི་ལྟ་བ་བཞིན་དུ་འདུས་བྱས་ཀྱི་ཆོས་རྣམས་དེ་བཞིན་དུ་ནི་སྐྱེ་བ་དང་། དེ་བཞིན་དུ་གནས་པ་དང་། དེ་བཞིན་དུ་ནི་འཇིག་པ་འཁྲུལ་ངོར་སྣང་བ་ཙམ་ལ་དགོངས་ནས་དྲང་དོན་དུ་གསུངས་པ་ཡིན་པས་མི་འགལ་ལོ། །ཡང་ན་རྨི་ལམ་ཅི་ལྟ་བ་བཞིན་སྐྱེ་བ་དང་ཞེས་སོགས་སོ་སོར་སྦྱར་རོ། །གཉིས་པ་ལུང་དང་སྦྱར་བ་ནི་མདོ་ལས། སྤགས་རྒྱུས་ཤ་རུས་འདུས་པ་འདི་བདག་གི །ཆུང་མ་ཡིན་སྙམ་འདུ་ཤེས་བསྐྱེད་ནས་ནི། །བྱིས་པ་རྨོངས་རྣམས་འདོད་ཆགས་སྐྱེད་བྱེད་ཅིང་། །སྒྱུ་མ་ཇི་བཞིན་བུད་མེད་མི་ཤེས་སོ། །ཅི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ནས་དགའ་ཞིང་ཤི་ནས་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཅི་ལྟར་དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཅི་འདྲ་བར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་བྱ་སྟེ། །མཚན་མ་སྒོམ་དང་ངོ་བོ་ཉིད་ཀྱིས་སྟོང་། །ཞེས་གསུངས་ཏེ། དབུ་མ་པ་རང་ལུགས་ཀྱི་ཀུན་རྫོབ་ཁས་ལེན་ཚུལ་དང་། དེ་ཉིད་ལ་ཡང་རིག་པས་དཔྱད་པ་སྔོན་དུ་འགྲོ་དགོས་པས་བདེན་གཉིས་ཟུང་འཇུག་བསྟན་པར་ཤེས་པར་བྱའོ། །དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བདུན་པའི་རྣམ་པར་བཤད་པའོ།། །།གསུམ་པ་བྱེད་པ་པོ་དང་ལས་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། ཕུང་ཁམས་སྐྱེ་མཆེད་དག་ནི་རང་བཞིན་གྱིས་ཡོད་པ་ཉིད་དེ། མདོ་ལས། མ་རིག་པ་དང་འབྲེལ་བའི་སྐྱེས་བུ་གང་ཟག་འདི་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་མངོན་པར་འདུ་བྱ་བ་འདུ་བྱེད་དོ། །ཞེས་གསུངས་པས། དེའི་རྒྱུ་ལས་དང་། དེའི་བྱེད་པ་པོ་ཡོད་པའི་ཕྱིར་རོ་སྙམ་པ་ལ། དཔྱད་ན་ལས་དང་བྱེད་པ་པོ་མ་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་དགག་པ། དེ་གཉིས་ཕན་ཚུན་ལྟོས་གྲུབ་ཏུ་བསྟན་པ། རིག་པ་དེ་ཆོས་གཞན་ལ་བསྒྲེ་བའོ། །དང་པོ་ལ་གཉིས་ཏེ། ཕྱོགས་མཐུན་གྱི་བྱ་བྱེད་དགག་པ། ཕྱོགས་མི་མཐུན་གྱི་བྱ་བྱེད་དགག་པའོ། །དང་པོ་ལ་གཉིས་ཏེ། སོ་སོའི་ཕྱོགས་མཐུན་གྱི་བྱ་བྱེད་དགག་པ། གཉིས་ཀའི་ཕྱོགས་མཐུན་གྱི་བྱ་བྱེད་དགག་པའོ། །དང་པོ་ལ་གཉིས་ཏེ། དམ་བཅའ་འགོད་པ། འཐད་པ་བཤད་པའོ། །དང་པོ་ནི། སྤྱིར་ལས་འགའ་ཞིག་བྱེད་པ་ན་བྱེད་པ་པོ་ལ་བྱེད་པའི་བྱ་བ་དང་ལྡན་པས་བྱེད་པ་པོ་ཡིན་པ་དང་། མི་ལྡན་པས་མ་ཡིན་པ་དང་། གཉིས་ཀའི་བྱེ་བྲག་གིས་གཉིས་ཀར་གྱུར་པ་གསུམ་ལས་གཞན་མི་སྲིད་ལ། ལས་ལ་ཡང་བྱེད་པ་པོའི་བྱ་བ་དང་ལྡན་པས་ལས་ཡིན་པ་དང་། མི་ལྡན་པས་མ་ཡིན་པ་དང་། གཉིས་ཀའི་བྱེ་བྲག་གིས་གཉིས་ཀ་ལས་གཞན་མི་སྲིད་པས་དེ་གསུམ་ལ་བརྟགས་ནས་འགོག་པ་སྟེ། བྱ་བ་དང་ལྡན་པས་བྱེད་པ་པོ་ཡིན་པར་གྱུར་པ་དེ་བྱ་བ་དང་ལྡན་པའི་ལས་སུ་གྱུར་པ་མི་བྱེད་དོ། །བྱ་བ་དང་མི་ལྡན་པས་བྱེད་པ་པོ་མ་ཡིན་པར་གྱུར་པ་ཡང་ལས་སུ་མ་གྱུར་པ་མི་བྱེད་དོ། །ཞེས་པ་གཉིས་ནི་བརྒལ་བའི་དམ་བཅའ་ཡིན་ལ། སྒྲུབ་བྱེད་གཞུང་འོག་མས་སྟོན་ནོ། །གཉིས་པ་ལ་གཉིས་ཏེ། སྒྲུབ་ཕྱོགས་ནས་དགག དགག་ཕྱོགས་ནས་དགག་པའོ། །དང་པོ་ནི། བྱེད་པ་པོ་ཡིན་པར་གྱུར་པ་ཆོས་ཅན། ལས་མི་བྱེད་དེ། རང་ཉིད་བྱེད་པ་པོར་འཇོག་པ་ལས་གཞན་པའི་བྱ་བ་མེད་པའི་ཕྱིར་ཏེ། གལ་ཏེ་ཡོད་ན་དེའི་ལས་དེ་ཡང་བྱེད་པ་པོ་ལ་ལྟོས་པ་མེད་ཅིང་། བྱེད་པ་པོས་མ་བྱས་པའི་ལས་སུ་འགྱུར་ན་དེ་མི་སྲིད་པའི་ཕྱིར་རོ། །ལས་ཡིན་པར་གྱུར་པ་ལ་ཆོས་ཅན། བྱེད་པ་པོས་བྱས་པ་མ་ཡིན་ཏེ། རང་ཉིད་ལས་སུ་འཇོག་པའི་བྱ་བ་ལས་གཞན་པའི་བྱ་བ་མེད་པའི་ཕྱིར་ཏེ། གལ་ཏེ་ཡོད་ན་བྱེད་པ་པོའང་ལས་ལ་ལྟོས་པ་མེད་པར་བྱེད་པ་པོར་ཡང་འགྱུར་ན་དེ་མི་སྲིད་པའི་ཕྱིར། གཉིས་པ་ནི། གལ་ཏེ་བྱ་བ་དང་མི་ལྡན་པའི་བྱེད་པ་པོར་མ་གྱུར་པས་ལས་སུ་མ་གྱུར་པ་བྱེད་ན་ནི་དེ་ཡང་མི་འཐད་དེ། བྱེད་པ་པོའི་ངོས་ནས་བྱེད་པ་པོ་ཡང་རྣམ་འཇོག་གི་རྒྱུ་མེད་པར་འགྱུར་བའི་ཕྱིར་དང་། ལས་ཀྱི་ངོས་ནས་ལས་ལ་རྣམ་འཇོག་གི་རྒྱུ་མེད་པར་འགྱུར་བའི་ཕྱིར། ཐལ་བ་དེ་གཉིས་ཀ་ལ་འདོད་ན། དེ་ལྟར་ལས་དང་བྱེད་པ་པོ་ལ་རྒྱུ་རྐྱེན་མེད་པར་འདོད་ན་ནི། སྤྱིར་རྒྱུས་སྐྱེད་པར་བྱ་བའི་འབྲས་བུ་དང་། འབྲས་བུ་དེ་སྐྱེད་པར་བྱེད་པའི་རྒྱུ་ཡང་འཐད་པར་མི་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། དེ་ཡང་འདོད་ན། འབྲས་བུ་དང་། དེའི་བྱེད་རྒྱུ་དེ་མེད་ན་ནི་འབྲས་བུ་འབྱུང་བའི་བྱ་བ་དང་། དེ་ལ་དབང་དུ་གྱུར་པའི་བྱེད་པ་པོ་དང་། བྱེད་པ་པོ་འགའ་ཞིག་གིས་འབྲས་བུ་བྱེད་པར་མི་རིག་སྟེ། འབྲས་བུ་དང་རྒྱུ་མེད་པའི་ཕྱིར། དེ་ཡང་འདོད་ན། བྱ་བ་དང་སོགས་ཀྱིས་བསྡུས་པ་བྱེད་པ་པོ་དང་། ལས་དང་བྱེད་པ་མི་རིག་ན་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ཆོས་དང་། དེ་ལས་བཟློག་པ་ཆོས་མ་ཡིན་པ་ཡོད་པ་མ་ཡིན་པར་འགྱུར་ལ། ཆོས་དང་ཆོས་མིན་མེད་ན་ནི། དེ་གཉིས་ལས་བྱུང་བའི་འབྲས་བུ་བདེ་བ་དང་སྡུག་བསྔལ་མེད་པར་འགྱུར་རོ། །དེ་ལྟར་ཡང་འདོད་ན། ཆོས་ཀྱི་འབྲས་བུ་དེ་གཉིས་ཀ་མེད་ན། དེ་དག་ཐོབ་པའི་དོན་དུ་ཐར་པ་དང་མཐོ་རིས་སུ་འགྱུར་བའི་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པའི་ལམ་བསྒོམ་པ་མི་འཐད་པར་འགྱུར་ཏེ། ཐོབ་བྱའི་འབྲས་བུ་མེད་པའི་ཕྱིར། གཞན་ཡང་རྒྱུ་དང་འབྲས་བུ་མེད་ན། འཇིག་རྟེན་པའི་ཞིང་ལས་ལ་སོགས་པའི་བྱ་བ་དེ་དག་ནི་ཐམས་ཅད་ཀྱང་དོན་མེད་པ་ཉིད་དུ་འགྱུར་ན་དེ་ལྟར་ཡང་མ་ཡིན་པས། འབྲས་བུ་དང་། རྒྱུ་མེད་པར་ཐལ་བ་འདོད་པ་མི་འཐད་དོ་ཞེས་པའོ། །ཐལ་བ་འདི་དག་དང་། འོག་ཏུ། འཕགས་པའི་བདེན་པ་བཞི་པོ་ནི། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་སོགས་རྣམས་ནི་བརྗོད་པའི་ཚེ་ཀུན་རྫོབ་དང་དོན་དམ་སོ་སོར་མ་ཕྱེ་བར་བརྗོད་པ་ཡིན་ལ། ཕྱིར་རྒོལ་གྱི་ངོར་ནི་ཡོད་ན་དོན་དམ་པར་ཡོད་པས་ཁྱབ་པས་ཐ་སྙད་དུའང་མེད་པར་ཐལ་བ་འཕེན་ནུས་ཤིང་། སྔར་རྒོལ་གྱི་ངོར་ནི་ཕྱིར་རྒོལ་གྱི་ལོག་རྟོག་གཞོམ་པ་ཙམ་ཡིན་གྱི། ཐལ་བས་འཕངས་པའི་ལོག་ཕྱོགས་ཁས་ལེན་པ་ནི་མ་ཡིན་པར་ཤེས་པར་བྱའོ། །གཉིས་པ་ནི། བྱ་བ་དང་ལྡན་མི་ལྡན་གཉིས་ཀ་ཡིན་པའི་བྱེད་པ་པོར་གྱུར་མ་གྱུར་གཉིས་ཀ་ཡིན་པ་ནི་ཆོས་ཅན། ལས་སུ་གྱུར་མ་གྱུར་གཉིས་ཀ་མི་བྱེད་དེ། བྱེད་པ་པོ་དང་ལས་གཉིས་ཀའི་ཆ་ནས་ཡིན་པར་གྱུར་པ་དང་། མ་ཡིན་པར་གྱུར་པ་བྱེད་པ་པོ་གཅིག་དང་། ལས་གཅིག་ལ་ག་ལ་ཡོད་དེ་ཕན་ཚུན་འགལ་བས་སོ། །གཉིས་པ་ལ་གཉིས་ཏེ། བྱེད་པ་པོ་རེ་རེས་ཕྱོགས་མི་མཐུན་རེ་རེ་བྱེད་པ་དགག་པ། བྱེད་པ་པོ་རེ་རེས་ཕྱོགས་མི་མཐུན་གཉིས་གཉིས་བྱེད་པ་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་གྱུར་པ་ཡིས། ལས་སུ་མ་གྱུར་པ་ནི་མི་བྱེད་དེ། བྱེད་པ་པོར་མ་གྱུར་པས་ཀྱང་ལས་སུ་གྱུར་པ་མི་བྱེད་དེ། ཞེས་པ་ནི་དམ་བཅའ་ཡིན་ལ། དེའི་འཐད་པ་ནི་འདིར་ཡང་སྐྱོན་དེར་ཐལ་བར་འགྱུར་ཞེས་པ་སྟེ། བྱེད་པ་པོར་གྱུར་པ་དང་། ལས་སུ་མ་གྱུར་པ་དང་། བྱེད་པ་པོར་མ་གྱུར་པ་དང་། ལས་སུ་གྱུར་པ་བཞི་ལ་རིམ་པ་ལྟར། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུ་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་དང་། བྱེད་པོར་མ་གྱུར་བྱེད་ན་ནི། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་དང་། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། བྱེད་པ་པོར་གྱུར་པས་ཕྱོགས་མི་མཐུན་གཉིས་བྱེད་པ་དགག བྱེད་པ་པོར་མ་གྱུར་པས་ཕྱོགས་མི་མཐུན་གཉིས་བྱེད་པ་དགག གཉིས་ཀས་ཕྱོགས་མི་མཐུན་གཉིས་བྱེད་པ་དགག་པའོ། །དང་པོ་ནི། བྱེད་པ་པོར་ནི་གྱུར་པ་ཡིས། །ལས་ནི་མ་གྱུར་བཅས་པ་དང་། །གྱུར་པ་དང་མ་གྱུར་པ་གཉིས་ཀ་མི་བྱེད་དེ། དེའི་གཏན་ཚིགས་ནི་གོང་དུ་བསྟན་པའི་ཕྱིར་ཏེ། བྱེད་པ་པོར་གྱུར་པའི་ངོས་ནས། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུ་འགྱུར། །ཞེས་སོགས་དཔྱད་དེ་སྦྱར་བར་བྱའོ། །གཉིས་པ་ནི། བྱེད་པ་པོར་ནི་མ་གྱུར་པས། ལས་ནི་མ་གྱུར་པ་དང་བཅས་པ་དང་། གྱུར་པ་དང་མ་གྱུར་པ་གཉིས་ཀ་ཡིན་པ་ནི་མི་བྱེད་དེ། དེའི་གཏན་ཚིགས་ནི་གོང་དུ་བསྟན་པའི་ཕྱིར་ཏེ། བྱེད་པ་པོར་མ་གྱུར་པའི་ངོས་ནས། བྱེད་པོར་མ་གྱུར་བྱེད་ན་ནི། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །ཞེས་སོགས་དཔྱད་དེ་སྦྱར་བར་བྱའོ། །གསུམ་པ་ནི། བྱེད་པ་པོར་གྱུར་པ་དང་མ་གྱུར་པ་གཉིས་ཀ་ཡིན་པ་ནི་ཆོས་ཅན། ལས་སུ་གྱུར་པ་དང་། མ་གྱུར་པ་གང་ཡང་རུང་བ་སོ་སོར་མི་བྱེད་དེ། འདིར་ཡང་གཏན་ཚིགས་གཉིས་གོང་དུ་བསྟན་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཏེ། བྱེད་པ་པོ་གཉིས་ཀ་ཡིན་པ་དང་། ལས་སུ་གྱུར་པ་དང་། ལས་སུ་མ་གྱུར་པ་གསུམ་ལ་རིམ་པ་ལྟར། ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཞེས་དང་། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་དང་། ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །ཞེས་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་དེ་གཉིས་ཕན་ཚུན་ལྟོས་གྲུབ་ཏུ་བསྟན་པ་ནི། གལ་ཏེ་དེ་ལྟར་ན། ཐུབ་པས། བདག་གིས་བྱས་པའི་ལས་རྣམས་ནི། །བདག་གིས་སོ་སོར་མྱོང་བར་འགྱུར། །ཞེས་སོགས་གསུངས་པ་ཚུལ་འདིས་བཀག་པས། ལས་འབྲས་མེད་པར་ལྟ་བའི་ལོག་པར་ལྟ་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ལས་ལས་འབྲས་བུ་འབྱུང་བའི་ཚུལ་ལ་རིག་པས་དཔྱད་ནས་དོན་དམ་བདེན་པ་རྣམ་པར་གཞག་པའི་སྐབས་དང་། མ་དཔྱད་པར་ཀུན་རྫོབ་ཏུ་ལས་འབྲས་རྣམ་པར་གཞག་པའི་སྐབས་གཉིས་ལས། ཅི་སྐད་བཤད་པ་རྣམས་ནི་དང་པོའི་དབང་དུ་བྱས་ལ། གནས་སྐབས་ཕྱི་མའི་ཚེ་སྒྱུ་མ་ལྟ་བུའི་རྐྱེན་ཉིད་འདི་པ་ཙམ་གྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁས་བླངས་པའི་ཕྱིར་ཏེ། ལས་འདིའི་བྱེད་པ་པོ་ཡིན་ནོ་ཞེས་བྱེད་པ་པོ་རྣམ་པར་འཇོག་པ་ལས་ལ་བརྟེན་ནས་བྱས་ཤིང་། བྱེད་པ་པོས་བྱས་བཞིན་པ་ཉིད་ལས་ཡིན་པས། ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་ཙམ་ལས་མ་གཏོགས་པ་འགྲུབ་པའི་རྒྱུ་རིག་པས་དཔྱད་ན་འགའ་ཡང་ནི་མ་མཐོང་བའི་ཕྱིར་རོ། །དེས་ན་ཐ་སྙད་དུ་ལས་འབྲས་རྣམ་པར་འཇོག་པའི་ཚེ་རིག་པས་དཔྱད་པར་མི་བྱ་སྟེ། རིག་པས་དཔྱད་ན་ལས་འབྲས་མི་རྙེད་ཅིང་། འདི་ནི་ལས་འབྲས་རྣམ་པར་འཇོག་པའི་གནས་སྐབས་ཡིན་པའི་ཕྱིར་ཞེས་པ་ནི། བདེན་པ་གཉིས་ཀྱི་འཇོག་མཚམས་ཀྱི་གནད་དམ་པར་སྣང་སྟེ། བྱང་ཆུབ་སེམས་འགྲེལ་ལས། ལས་འབྲས་དཔྱད་པར་འདོད་པ་མེད་ཅེས་དང་། སྤྱོད་འཇུག་ལས། འབྲས་བུའི་དོན་དུ་མ་དཔྱད་ཕྱིར། །ཞེས་དང་། འཇུག་པ་ལས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དང་། ལས་འབྲས་རྣམས་ལ་སེམས་པའང་དགག་པར་མཛད། །ཅེས་གསུངས་པ་རྣམས་ཀྱི་དགོངས་པའོ། །གསུམ་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། ལས་དང་བྱེད་པ་པོ་ཐ་སྙད་ཙམ་དུ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི། རང་བཞིན་གྱིས་གྲུབ་པ་མེད་པ་དེ་བཞིན་དུ་ཉེ་བར་ལེན་པས་ན་ཉེ་བར་ལེན་པ་སྟེ། ཉེ་བར་ལེན་པའི་བྱ་བ་བསྟན་ལ། དེས་ཀྱང་རང་གི་སྒྲུབ་བྱེད་ཉེ་བར་ལེན་པ་བྱེད་པ་པོ་དང་། ཉེ་བར་བླང་བྱའི་ལས་འཛིན་པར་བྱེད་པས། དེ་གཉིས་ཀྱང་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་གྱིས་མ་གྲུབ་པར་ཤེས་པར་བྱ་སྟེ། ཁྱབ་བྱེད་སྤྱིར་ལས་དང་བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་བསལ་བའི་ཕྱིར་རོ། །དེ་གཉིས་ཁོ་ནར་མ་ཟད་ཀྱི་ལས་དང་བྱེད་པ་པོ་དག་གིས་དངོས་པོ་ལྷག་མ་བསྐྱེད་བྱ་སྐྱེད་བྱེད་དང་། འགྲོ་བ་དང་། འགྲོ་བ་པོ་དང་། བལྟ་བྱ་ལྟ་བྱེད་དང་། མཚན་ཉིད་དང་། མཚན་གཞི་དང་། འབྱུང་བར་བྱ་བ་དང་། འབྱུང་བར་བྱེད་པ་དང་། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་གང་དག་ཀྱང་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་གྱིས་མ་གྲུབ་པར་ཤེས་པར་བྱ་སྟེ། རིག་པ་མཚུངས་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ལྷག་མ་ཞེས་པའི་ཚིག་གིས་ཉེ་བར་བླང་བྱ་དང་ལེན་པ་པོ་རྟོགས་པར་ནུས་པའི་ཕྱིར། ལོགས་སུ་བཀོད་པ་མི་རིགས་སོ་སྙམ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་རྣམ་པར་བཅད་པར་བྱ་བ་ལ་གཙོ་བོར་གྱུར་པར་ཤེས་པར་བྱ་བའི་ཕྱིར་ལོགས་སུ་བཀོད་དེ། རབ་བྱེད་ཕྱི་མ་དག་ཏུ་ཡང་འདི་གཉིས་ཁོ་ནའི་བརྟགས་པ་ཕལ་ཆེར་འབྱུང་བར་འགྱུར་རོ། །ཞེས་འགྲེལ་པར་བཤད་དོ། །གཉིས་པ་ལུང་དང་སྦྱར་བ་ནི་བཅོམ་ལྡན་འདས་ཀྱི། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱ་སྟེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །གང་དག་ཤི་འཕོས་ངན་སོང་རྟག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པར་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ན་མཚོན་ཆ་མེད། །སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལ་བྱེད་པོ་འགའ་ཡང་མེད། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གི་འཇིག་རྟེན་རྣམ་བརྟགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་འབྱུང་བ་མིན། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་གསུངས་ཏེ་བསྟན་ཚུལ་ནི་སྔ་མ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། བྱེད་པ་པོ་དང་ལས་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བརྒྱད་པའི་རྣམ་པར་བཤད་པའོ།། །།གཉིས་པ་རྟེན་འབྲེལ་གང་ཟག་གི་བདག་གིས་སྟོང་པ་ལ་གཉིས་ཏེ། གང་ཟག་གི་བདག་གི་ངོ་བོ་དགག་པ། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཉེ་བར་བླང་བྱ་དང་ལེན་པ་པོ་རང་བཞིན་མེད་པར་བསྟན་པ་ནི་མི་རིགས་ཏེ། བླང་བྱའི་སྔར་གྲུབ་པའི་ལེན་པ་པོས་དེ་ཉེ་བར་ལེན་པ་ཡིན་པས་དེ་གཉིས་རང་བཞིན་གྱིས་ཡོད་དོ་སྙམ་པ་ལ་དེ་བཀག་པའི་ཕྱིར་རབ་ཏུ་བྱེད་པ་འདི་སྨོས་སོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། ཉེ་བར་ལེན་པ་པོ་རང་བཞིན་གྱིས་གྲུབ་པ་དགག དེ་ལས་ཉེ་བར་བླང་བྱ་ཁེགས་པར་བསྟན། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད། དེ་དགག་པའོ། །དང་པོ་ནི། རང་གི་སྡེ་པ་མང་པོས་བཀུར་བ་ཁ་ཅིག ལས་དང་བྱེད་པོ་བསལ་ཕྱིར་རོ་ཞེས་པ་དེ་མི་རིགས་ཏེ། འདི་ལྟར་ཉེ་བར་བླང་བྱ་ལྟ་བ་དང་ཉན་པ་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་དང་། ཚོར་བ་དང་། རེག་པ་དང་། སེམས་པ་ལ་སོགས་པ་དབང་དུ་བྱེད་པ་པོའམ། དབང་དུ་བྱས་པའི་བདག་གང་གི་ཡིན་པའི་བདག་དེ། ཉེ་བར་བླང་བྱ་དེ་དག་གི་སྔོན་རོལ་ན་ཡོད་ཅེས་སྨྲའོ། །རྒྱུ་མཚན་ཅི་སྟེ་སྙམ་ན། འདི་ལྟར་བླང་བྱའི་སྔོན་རོལ་ན་ལེན་པ་པོ་བདག་གི་དངོས་པོ་ཡོད་པ་མ་ཡིན་ན། དེས་རྒྱུ་ལས་མ་བསགས་པས་འབྲས་བུ་ལྟ་བ་ལ་སོགས་པ་ཉེ་བར་ལེན་པར་ཅི་ལྟར་འགྱུར་ཏེ། མོ་གཤམ་གྱི་བུས་བསགས་པའི་ནོར་ལེན་པ་བཞིན་ནོ། །དེའི་ཕྱིར་ཉེ་བར་བླང་བྱ་དེ་དག་གི་སྔ་རོལ་ན་དེ་དག་ཉེ་བར་ལེན་པར་བྱེད་པའི་བདག་གི་དངོས་པོ་གནས་པ་དེ་ཡོད་དོ་ཞེས་ཟེར་རོ། །གཉིས་པ་ལ་གསུམ་སྟེ། བླང་བྱ་ཐམས་ཅད་ཀྱི་སྔ་རོལ་ན་ལེན་པ་པོ་ཡོད་པ་དགག བླང་བྱ་རེ་རེའི་སྔ་རོལ་ན་ལེན་པ་པོ་ཡོད་པ་དགག ལྟ་སོགས་ཀྱི་རྒྱུའི་ལེན་པ་པོ་ཡོད་པ་དགག་པའོ། །དང་པོ་ལ་གཉིས་ཏེ། བདག་ཏུ་གདགས་པའི་རྒྱུ་མེད་པས་དགག་པ། བདག་ཏུ་གདགས་པ་རྒྱུ་ལ་མི་ལྟོས་ན་ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། སྤྱིར་གང་ཟག་ཕུང་པོ་ལ་བརྟེན་པ་དང་། བྱེ་བྲག་ཏུ་ལྟ་བ་པོ་ལ་སོགས་པའི་གང་ཟག་ལྟ་བ་ལ་སོགས་པ་ལ་བརྟེན་ནས་འདོགས་པ་ཡིན་པས། ལྟ་བ་དང་། ཉན་པ་དང་། ལ་སོགས་པ་སྣོམ་པ་དང་། མྱོང་བ་དང་། རེག་པ་དང་། འཛིན་པ་དང་། ཚོར་བ་དང་། ལ་སོགས་པ་རྣམ་པར་ཤེས་པ་དང་། རེག་པ་དང་། སེམས་པ་ལ་སོགས་པ་ཉིད་ཀྱི་ནི་སྔ་རོལ་ནས་དེ་དག་ཉེ་བར་ལེན་པ་པོ་བདག་གི་དངོས་པོ་གང་ན་གནས་པ་དེ་ནི་ལྟ་བ་ལ་སོགས་པའི་ཆོས་གང་གི་ལྟ་བ་པོ་ལ་སོགས་པར་གདགས་པར་བྱ་སྟེ། གདགས་པའི་རྒྱུ་ལྟ་བ་ལ་སོགས་པ་མེད་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བ་འགོད་པ། འདོད་པ་ལ་གནོད་པ་བསྟན་པའོ། །དང་པོ་ནི། གལ་ཏེ་ཉེ་བར་ལེན་པ་ལྟ་བ་ལ་སོགས་པ་མེད་པར་ཡང་ལེན་པ་པོའི་བདག་དེ་ནི་གནས་པར་གྱུར་ན། ལེན་པ་པོའི་བདག་དེ་མེད་པར་ཡང་ཉེ་བར་ལེན་པ་ལྟ་བ་ལ་སོགས་པའི་ཕུང་པོ་དེ་དག་ནི་ཡོད་པར་འགྱུར་བ་ཐེ་ཚོམ་མེད་དེ། རྒྱུ་མཚན་མཚུངས་པའི་ཕྱིར། ནོར་ལ་མ་ལྟོས་པར་ནོར་གསོག་པ་པོ་སྔར་ཡོད་ན། གསོག་པ་པོ་ལ་མ་ལྟོས་པར་ནོར་ཡང་སྔར་ཡོད་དགོས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་ཡང་འདོད་པ་ཡིན་ནོ་སྙམ་ན། འདི་ནི་འདིའི་ལེན་པ་པོའོ། །ཞེས་བླང་བྱ་ལྟ་བ་ལ་སོགས་པ་ཅི་ཡིས་ལེན་པ་པོའི་བདག་གང་ཞིག་ཏུ་གསལ་ཞིང་འདོགས་པར་བྱེད་ལ། འདི་ནི་འདིའི་བླང་བྱ་ཡིན་ནོ་ཞེས་ཉེ་བར་ལེན་པ་པོའི་བདག་གང་གིས་བླང་བྱ་ལྟ་བ་ལ་སོགས་པ་ཅི་ཞིག་ཏུ་གསལ་ཞིང་འདོགས་པར་བྱེད་དེ། མི་འཐད་པར་ཐལ། རང་གི་ལྟོས་ས་བླང་བྱ་ལྟ་བ་ལ་སོགས་པ་ཅི་ཡང་མེད་པའི་ལེན་པ་པོའི་བདག་གང་ཞིག་ག་ལ་ཡོད་ཅིང་། ཡང་རང་གི་ལྟོས་ས་ལེན་པ་པོའི་བདག་གང་མེད་པའི་བླང་བྱ་ལྟ་བ་ལ་སོགས་པ་ཅི་ཞིག་ག་ལ་ཡོད་དེ་གཅིག་མེད་པར་ཅིག་ཤོས་ཡོད་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། འདོད་པ་བརྗོད། སུན་འབྱིན་བསྟན་པའོ། །དང་པོ་ནི། གལ་ཏེ་བདག་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་ན་ཉེས་པ་དེར་འགྱུར་བ་ཞིག་ན་ཡང་བདག་གང་ཞིག་དེ་ལྟར་ཡོད་པ་མ་ཡིན་གྱི་ལྟ་བ་ལ་སོགས་པ་རྣམས་ཀྱི་ནང་ནས་གཞན་ལྟ་བ་མེད་པའི་ཚེ་ན་གཞན་ཉན་པ་ཞིག་གིས་བདག་ཏུ་གསལ་ཞིང་འདོགས་པར་བྱེད་པས་བདག་ཏུ་གདགས་པའི་རྒྱུ་མེད་པའི་ཉེས་པ་མེད་དོ་ཞེ་ན། གཉིས་པ་ལ་གཉིས་ཏེ། རིག་པ་སྔ་མས་ཁེགས་པ། རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ནི། བདག་དེ་ནི་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཅི་ལྟར་ཡོད་དེ། གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་མིན་པའི་ཕྱིར། ཁྱབ་སྟེ། རེ་རེ་བས་སྔ་བ་ལ་མཐར་ཐམས་ཅད་ལས་སྔ་བས་ཁྱབ་པའི་ཕྱིར་རོ། །གཉིས་པ་ནི། བདག་དེ་ནི་རང་གི་བླང་བྱ་རེ་རེའི་སྔར་ཡོད་པ་མི་རིགས་ཏེ། འདི་ལྟར་གལ་ཏེ་ལྟ་བ་པོའི་བདག་དེ་ཉིད། ཉན་པ་པོའང་དེ་ཡིན་ཅིང་། ཚོར་བ་པོའང་དེ་ཉིད་ཡིན་ན། བླང་བྱ་ལྟ་བ་ལྟ་བུ་རེ་རེའི་སྔ་རོལ་ན་རང་གི་ཉེ་བར་ལེན་པ་པོ་ཡོད་པར་འགྱུར་བ་ཞིག་ན་ཡང་བྱ་བ་ཐ་དད་རིམ་ཅན་གྱི་བྱེད་པ་པོ་གཅིག་ཡིན་པ་དེ་ནི་དེ་ལྟར་མི་རིགས་པས། ལྟ་བའི་སྔར་ཉན་པ་པོ་ཡོད་ཀྱང་ལྟ་བ་པོ་ཡོད་པ་སོགས་མི་རིགས་པའི་ཕྱིར་རོ། །གལ་ཏེ་བྱ་བ་ཐ་དད་རིམ་ཅན་གྱི་བྱེད་པ་པོ་གཅིག་ཉིད་དུ་འགལ་བའི་ཉེས་པ་དེ་སྤོང་བར་འདོད་ནས། ལྟ་བ་པོ་གཞན་ཉིད་ལ་ཉན་པ་པོའང་གཞན། ཚོར་བ་པོའང་གཞན་དུ་འདོད་ན། དེ་དག་ཕན་ཚུན་མི་ལྟོས་པས་ལྟ་བ་པོ་ཡོད་པའི་ཚེ་ཉན་པ་པོ་ལ་སོགས་པ་ཡང་གཞན་དུ་ཡོད་པར་འགྱུར་བ་ཞིག་ན་ཡང་དེ་ནི་མི་རུང་སྟེ། གང་ཟག་གཅིག་ལ་ལྟ་བ་པོ་དང་ཉན་པ་པོ་ལ་སོགས་པའི་བདག་ཀྱང་མང་པོ་ཉིད་དུ་འགྱུར་བའི་ཕྱིར་དང་། དེ་ལྟར་འདོད་ན། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་གཅིག་སྐྱེའོ། །ཞེས་པའི་ལུང་དང་འགལ་བའི་ཕྱིར་རོ། །གསུམ་པ་ནི། བདག་ནི་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་ལ་དེར་གདགས་པ་རྒྱུ་མེད་པ་ཡང་མ་ཡིན་ཏེ། འབྱུང་བ་བཞིའི་གཟུགས་ཡོད་པས་དེ་ལ་གདགས་པའི་ཕྱིར་རོ་ཞེ་ན། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །གང་ལས་འབྱུང་བར་འགྱུར་བའི་རྒྱུ། །མེར་མེར་པོར་ལ་སོགས་པའི་འབྱུང་བ་ཆེན་པོ་དེ་ལ་ཡང་ཉེ་བར་ལེན་པ་པོའི་བདག་དེ་ནི་ཡོད་པ་མ་ཡིན་ཏེ། སྔ་མ་ལྟར་བླང་བྱ་འབྱུང་བ་ཆེན་པོའི་སྔར། ལེན་པ་པོའི་བདག་མེད་པ་དེས་ཉེ་བར་ལེན་པ་མི་འཐད་པའི་ཕྱིར་རོ། །གཉིས་པ་དེས་ཉེ་བར་བླང་བྱ་ཁེགས་པར་བསྟན་པ་ནི། མདོ་སྡེ་པ་ལ་སོགས་པ་དག དེ་ལྟར་ཉེ་བར་ལེན་པ་པོའི་བདག་མེད་ཀྱང་། ལྟ་བ་ལ་སོགས་པ་ཉེ་བར་ལེན་པ་ཙམ་ཞིག་ཡོད་དོ་སྙམ་ན། ཉེ་བར་ལེན་པ་པོ་དེ་ལ་ལྟོས་པའི་བླང་བྱ་ལ་སོགས་པ་དེ་དག་ཀྱང་ནི་ཡོད་པ་མིན་ཏེ། གལ་ཏེ་དེ་དག་གི་ཉེ་བར་ལེན་པ་པོ་ཡོད་ན་ཉེ་བར་ལེན་པ་དེ་དག་ཀྱང་ཡོད་པར་འགྱུར་བ་ཞིག་ན་སྔར་བཤད་པའི་ཚུལ་གྱིས་ཉེ་བར་ལེན་པ་ལྟ་བ་དང་། ཉན་པ་ལ་སོགས་པ་དང་། ཚོར་བ་དག་ལ་སོགས་པ་ཡང་ལེན་པ་པོ་གང་གི་ཡིན་པ་སྟེ་ལེན་པ་པོའི་བདག་མེད་པའི་ཕྱིར། གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ནི། དེ་ལྟར་ན་བླང་བྱ་དང་ལེན་པ་པོ་ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར་ལེན་པ་པོའི་བདག་གང་ཞིག་ལྟ་བ་ལ་སོགས་པའི་སྔ་རོལ་ན་མེད་དེ། བདག་ཏུ་གདགས་པའི་རྒྱུ་མེད་པའི་ཕྱིར་རོ། །ད་ལྟ་ལྷན་ཅིག་ཏུ་ཡང་མེད་དེ། སོ་སོར་མ་གྲུབ་པའི་ཕྱིར་དང་། ཕན་ཚུན་ལྟོས་མེད་དུ་འགྱུར་བའི་ཕྱིར་རོ། །ཕྱི་ནའང་མེད་དེ། ལེན་པ་པོ་མེད་པའི་བླང་བྱ་སྔར་གྲུབ་ན། དེ་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་བླང་བྱ་དང་། ལེན་པ་པོ་སྔ་ཕྱི་དང་། ལྷན་ཅིག་ཏུ་མ་གྲུབ་པའི་ལེན་པ་པོའི་བདག་དང་། བླང་བྱ་ལྟ་སོགས་དེ་ལ་རང་བཞིན་དུ་ཡོད་དོ་ཞེས་ཤེས་རབ་ཅན་སུ་ཞིག་རྟོག་པར་བྱེད། འོ་ན་མེད་པར་འདོད་དམ་ཞེ་ན། དེ་དག་རང་བཞིན་དུ་ཡོད་པར་བརྟགས་པ་བཀག་པ་ཙམ་ཡིན་གྱི་མེད་དོ་ཞེས་ཀྱང་སུ་ཞིག་རྟོགས་པར་བྱེད་དེ། རིག་པས་དཔྱད་ན་མ་རྙེད་པ་དེ་ལ་ཡོད་མེད་ཀྱི་རྟོག་པ་དག་ནི་ཐམས་ཅད་ལྡོག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས། དེ་ཚེ་སྡིག་མེད་སྟོབས་བཅུ་ལྡན་པ་ཡི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆད། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མི་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང་། །ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །རྟག་པ་མ་ཡིན་ཆད་པར་མི་འགྱུར་ཏེ། །ལས་བསགས་མེད་ཅིང་གནས་པ་དག་ཀྱང་མེད། །དེ་ཡང་བྱས་ན་རེག་པར་མི་འགྱུར་མིན། །གཞན་གྱི་བྱས་པ་ཚོར་བར་འགྱུར་བའང་མེད། །འཕོ་བ་མེད་ཅིང་ཕྱིར་ཡང་འོང་བ་མེད། །ཐམས་ཅད་ཡོད་པའང་མ་ཡིན་མེད་པའང་མིན། །འདི་ནི་ལྟ་གནས་འཇུག་པ་དག་པ་མིན། །སེམས་ཅན་སྤྱོད་པ་རབ་ཞི་འཇུག་པ་མེད། །བདེ་གཤེགས་སྤྱོད་ཡུལ་རྒྱལ་བའི་ཡོན་ཏན་ནི། །སྐྱེ་མེད་ཞི་བ་མཚན་མ་མེད་པའི་གནས། །སྟོབས་དང་གཟུངས་རྣམས་དང་ནི་སྟོབས་བཅུའི་སྟོབས། །འདི་ནི་སངས་རྒྱས་ཁྱུ་མཆོག་དམ་པའི་མཆོག །ཅེས་སོགས་གསུངས་ཏེ་བསྟན་ཚུལ་ནི་སྔ་མ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་དགུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་དེའི་སྒྲུབ་བྱེད་དགག་པ་ལ་གསུམ་སྟེ། དཔེ་མེ་དང་བུད་ཤིང་དགག བྱ་བ་འཁོར་བ་དགག རྟེན་སྡུག་བསྔལ་དགག་པའོ། །དང་པོ་ལ་གསུམ་ལས། རབ་ཏུ་བྱེད་པའི་འབྲེལ་ནི་དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་དང་། ཉེ་བར་ལེན་པ་པོའི་བདག་གཉིས་ཕན་ཚུན་ལྟོས་ཀྱང་རང་བཞིན་གྱིས་ཡོད་པ་མི་འགལ་ཏེ། མེ་དང་བུད་ཤིང་ཕན་ཚུན་ལྟོས་ཀྱང་བསྲེག་བྱ་དང་སྲེག་པར་བྱེད་པ་རང་བཞིན་གྱིས་ཡོད་པ་བཞིན་ནོ་སྙམ་ན། དཔེ་མེ་དང་བུད་ཤིང་ཉིད་རང་བཞིན་གྱིས་མ་གྲུབ་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་ཡང་གསུམ་སྟེ། མེ་དང་བུད་ཤིང་རང་བཞིན་གྱིས་གྲུབ་པ་དགག རིག་པ་དེ་ཆོས་གཞན་ལ་བསྒྲེ། བཀག་པའི་དོན་དུ་ལྟ་བ་སྨད་པའོ། །དང་པོ་ལ་གསུམ་སྟེ། མེ་དང་བུད་ཤིང་གི་ངོ་བོ་དགག་པ། དེའི་སྒྲུབ་བྱེད་དགག་པ། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གཅིག་ཏུ་གྲུབ་པ་དགག གཞན་དུ་གྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་མེ་དང་བུད་ཤིང་རང་བཞིན་གྱིས་ཡོད་ན་ངོ་བོ་གཅིག་གམ་ཐ་དད་དུ་ཡོད་དྲང་། གལ་ཏེ་བསྲེག་བྱའི་བུད་ཤིང་གང་ཡིན་པ་དེ་ཉིད། སྲེག་པར་བྱེད་པའི་མེ་ཡིན་པས་གཅིག་ཏུ་གྲུབ་ན་བྱེད་པ་པོ་དང་ལས་ངོ་བོ་གཅིག་ཏུ་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་ལ་བྱ་བྱེད་འགལ་བའི་ཕྱིར་དང་། རྫ་མཁན་དང་བུམ་པ་ཡང་ངོ་བོ་གཅིག་ཏུ་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མ་ལྟོས་པར་ཐལ་བས་དགག་པ། མ་ཕྲད་པར་ཐལ་བས་དགག་པའོ། །དང་པོ་ལ་གཉིས་ཏེ། ཐལ་བ་འགོད། ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་མེ་བུད་ཤིང་ལས་ངོ་བོ་གཞན་ཡིན་ན་ནི་ཤིང་ལ་ལྟོས་པ་མེད་པར་ཡང་འབྱུང་བར་འགྱུར་ཏེ། ཤིང་ལས་གཞན་ཡིན་པའི་ཕྱིར། གཞན་ཡང་ཤིང་ཡོད་མེད་ཀྱི་དུས་རྟག་ཏུ་མེ་ནི་འབར་བ་ཉིད་དུ་འགྱུར་ལ། འབར་བྱེད་རྒྱུ་ལས་མི་འབྱུང་ཞིང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད་པར་ཐལ་ལོ། །དེ་ཉིད་སྟོན་པ་ནི་འབར་བྱེད་ཀྱི་རྒྱུ་བུད་ཤིང་ལས་མི་འབྱུང་བར་འགྱུར་ཏེ། གཞན་ཡིན་པའི་ཕྱིར་ཁྱབ་སྟེ། རྒྱུ་བུད་ཤིང་ལས་གཞན་ཡིན་པའི་ཕྱིར་ན། བུད་ཤིང་ལ་ལྟོས་པ་མེད་པར་འགྱུར་ལ། ལྟོས་པ་མེད་པའི་ཕྱིར་ན་འབར་བ་དེ་འབར་བྱེད་ཀྱི་རྒྱུ་བུད་ཤིང་ལས་མི་འབྱུང་བར་འགྱུར་དགོས་པའི་ཕྱིར་རོ། །གཞན་ཡང་བུད་ཤིང་བསྐུལ་བ་ལ་སོགས་པའི་རྩོམ་པ་དོན་མེད་ཉིད་དུ་འགྱུར་ཏེ། བུད་ཤིང་ཡོད་མེད་ཀྱི་དུས་རྟག་ཏུ་འབར་བ་ཡིན་པའི་ཕྱིར་ནའོ། །གཉིས་པ་ནི། དེ་ལ་གལ་ཏེ་གཞན་དག་འདི་སྙམ་དུ་མེ་བུད་ཤིང་ལས་གཞན་ཡིན་ཡང་དེ་ལ་ལྟོས་པ་མི་འགལ་ཏེ་མེས་བསྲེག་བཞིན་པ་ཉིད་བུད་ཤིང་ཡིན་པས་བུད་ཤིང་མེ་ལ་ལྟོས་ལ་བུད་ཤིང་སྲེག་པ་པོ་ཉིད་མེ་ཡིན་པས་མེ་ཡང་བུད་ཤིང་ལ་ལྟོས་པས་དེ་གཉིས་ཕན་ཚུན་ལྟོས་བཅས་ཀྱི་གཞན་ཡིན་གྱི། བུམ་སྣམ་ལྟར་ལྟོས་མེད་ཀྱི་གཞན་མ་ཡིན་པས་ཐལ་བ་གཉིས་པོ་དེར་མི་འགྱུར་རོ་སྙམ་དུ་སེམས་ན། མེས་བུད་ཤིང་བསྲེག་ན་དེ་ལྟར་རིགས་པ་ཤིག་ཡིན་ན་ཡང་། འདི་ལྟར་བུད་ཤིང་ཆོས་ཅན། མེ་གང་གིས་ཁྱོད་བསྲེག་པར་བྱེད་དེ། མི་བྱེད་པར་ཐལ། གང་གི་ཚེ་སྟེ་གང་གི་ཕྱིར་ན་བསྲེག་བཞིན་པ་དེ་ཙམ་ཁྱོད་དེ་ཡིན་པའི་ཕྱིར། གཉིས་པ་མ་ཕྲད་པར་ཐལ་བས་དགག་པ་ལ་གཉིས་ཏེ། ཐལ་བ་འགོད། ཉེས་སྤོང་དགག་པའོ། །དང་པོ་ནི། མེ་དང་བུད་ཤིང་སྣང་བ་དང་མུན་པ་ལྟར་ཡུལ་དུས་གཅིག་ཏུ་མི་ཕྲད་པར་འགྱུར་ཏེ། རྫས་གཞན་ཡིན་པའི་ཕྱིར། ཕྲད་པ་མེད་པར་འདོད་ན། མེས་བུད་ཤིང་བསྲེགས་པར་མི་འགྱུར་ཞིང་། མེས་བུད་ཤིང་མི་བསྲེག་པའི་ཕྱིར་ན། བུད་ཤིང་རྒྱུན་ཆད་པས་ཀྱང་འཆི་བར་མི་འགྱུར་ལ། མི་འཆི་བའི་ཕྱིར་ན་བུད་ཤིང་རྒྱུན་ཆད་པ་ན་རང་གི་རྟགས་ཏེ། ཚ་ཞིང་བསྲེག་པ་དང་ལྡན་པར་གནས་པར་འགྱུར་རོ། །དེ་འདོད་པར་ནི་མི་ནུས་སྟེ་བུད་ཤིང་རྒྱུན་ཆད་པའི་ཚེ་ཚ་ཞིང་བསྲེག་པ་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་མེ་དང་བུད་ཤིང་གཞན་ཡིན་ཡང་ཕྲད་པ་མི་འགལ་ཏེ། སྐྱེས་པ་དང་བུད་མེད་བཞིན་ནོ་སྙམ་ན། དཔེ་དེས་དོན་དེ་མི་འགྲུབ་སྟེ། ཅི་ལྟར་བུད་མེད་སྐྱེས་པ་དང་། སྐྱེས་པའང་ལྟོས་མེད་ཀྱི་གཞན་ཡིན་པས་བུད་མེད་དང་ཕྲད་པ་བཞིན། གལ་ཏེ་ཤིང་ལས་མེ་ལྟོས་མེད་ཀྱི་གཞན་ཡིན་ན་ཤིང་དང་ཕྲད་དུ་རུང་བར་འགྱུར་བར་ཞིག་ན། དེ་གཉིས་ལྟོས་མེད་ཀྱི་གཞན་དུ་མ་གྲུབ་པས་སོ། །དེ་ཉིད་བཤད་པ་ནི་སྐྱེས་པ་དང་། བུད་མེད་ཕྲད་པས་བུད་ཤིང་མེ་དང་ཕྲད་པར་བསྒྲུབ་མི་ནུས་ཏེ། གལ་ཏེ་མེ་དང་ཤིང་དག་ནི། སྐྱེས་པ་དང་བུད་མེད་ལྟར་གཅིག་གིས་གཅིག་བསལ་བ་སྟེ་ཕན་ཚུན་མི་ལྟོས་པར་གྱུར་ན་དུས་གཅིག་གི་ཚེ་ཕྲད་དུ་རུང་བས་ཤིང་ལས་མེ་གཞན་ཉིད་ཡིན་ན་ཡང་ཤིང་དང་མེ་ཕྲད་པར་འདོད་ལ་རེག་ན་དེ་གཉིས་སྐྱེས་པ་དང་བུད་མེད་ལྟར་ཕན་ཚུན་ལྟོས་མེད་ཀྱི་གཞན་དུ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་དགག་པ་ལ་གཉིས་ཏེ། སྒྲུབ་བྱེད་ལྟོས་པ་དགག སྒྲུབ་བྱེད་མངོན་སུམ་དགག་པའོ། །དང་པོ་ལ་བཞི་སྟེ། སྔ་ཕྱི་ལ་ལྟོས་པ་དགག དུས་མཉམ་ལ་ལྟོས་པ་དགག གྲུབ་མ་གྲུབ་ལ་ལྟོས་པ་དགག དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་མེ་དང་བུད་ཤིང་ཕན་ཚུན་ལྟོས་མེད་ཀྱི་གཞན་དུ་མ་གྲུབ་མོད། ལྟོས་བཅས་ཡིན་པའི་ཕྱིར་ན། རང་བཞིན་གྱིས་ཡོད་པ་ཉིད་དེ། མོ་གཤམ་གྱི་བུ་ལྟར་མེད་པ་ནི་ལྟོས་པར་ཡང་མི་རུང་བས་སོ་སྙམ་ན། ལྟོས་པ་ཉིད་ཀྱང་རང་བཞིན་གྱི་མ་གྲུབ་སྟེ། གལ་ཏེ་མེ་འདི་ནི་བུད་ཤིང་འདིའི་བསྲེག་པར་བྱེད་པ་པོ་ཡིན་ནོ་ཞེས་བུད་ཤིང་ལ་ལྟོས་ནས་མེར་འཇོག་པ་ཡིན་ལ། གལ་ཏེ་བུད་ཤིང་འདི་ནི་མེ་འདིའི་བསྲེག་བྱའི་ལས་ཡིན་ནོ་ཞེས་མེ་ལ་ལྟོས་ནས་བུད་ཤིང་དུ་རྣམ་པར་འཇོག་པ་ཡིན་པས། དེའི་ཚེ་དང་པོ་བུད་ཤིང་གང་ལ་ལྟོས་ནས་མེ་གྲུབ་པར་འགྱུར་བ་ལ་བུད་ཤིང་སྔར་གྲུབ་པས་ཁྱབ་པ་ལས། བུད་ཤིང་དང་པོར་གྲུབ་པ་གང་ཞིག་ཡིན་ཏེ་མ་ཡིན་པའི་ཕྱིར་ཏེ་མེས་བསྲེག་བཞིན་པ་མ་ཡིན་པ་བུད་ཤིང་ཉིད་མ་ཡིན་པའི་ཕྱིར་རོ། །ཡང་མེ་གང་ལ་ལྟོས་ནས་བུད་ཤིང་གང་ཞིག་གྲུབ་པར་འགྱུར་བ་ལ་མེ་སྔར་གྲུབ་པས་ཁྱབ་པ་ལས་མེ་དང་པོར་གྲུབ་པ་གང་ཞིག་ཡིན་ཏེ། དང་པོར་གྲུབ་ན་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་བུད་ཤིང་ལ་ལྟོས་ནས་མེ་གྲུབ་པ་ཡིན་ན། མེ་གྲུབ་པ་ལ་བསྒྲུབ་པར་འགྱུར་ཏེ། མེ་མ་གྲུབ་ན་ལྟོས་ས་མེད་པས་ལྟོས་པར་མི་འཐད་པའི་ཕྱིར་རོ། །དེས་ན་གྲུབ་ཟིན་ན་ལྟོས་པ་དོན་མེད་པས་ཤིང་ལ་ལྟོས་ནས་མ་གྲུབ་པ་མེ་ཡིན་ན། མ་གྲུབ་པ་བསྒྲུབ་པར་འགྱུར་ཏེ། མེ་མ་གྲུབ་པ་ལྟོས་པའི་ཕྱིར། ཞེས་པའང་ཐོབ་བོ། །གཞན་ཡང་བུད་ཤིང་ལ་ལྟོས་ནས་མེ་གྲུབ་པ་ཡིན་ན། བུད་པར་བྱ་བའི་ཤིང་ལ་ཡང་། མེ་མེད་པར་ནི་འགྱུར་བ་ཡིན་ཏེ། བུད་ཤིང་མ་གྲུབ་ན་ལྟོས་པར་འགལ་ཞིང་མེ་གྲུབ་ན་ལྟོས་མི་དགོས་པས་སོ། །གཉིས་པ་ནི། དེ་གཉིས་སྔ་ཕྱིར་མ་གྲུབ་ཀྱང་དུས་མཉམ་ཁོ་ན་ཕན་ཚུན་ལྟོས་ནས་གྲུབ་པས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། དེའང་མི་རུང་སྟེ། གལ་ཏེ་མེའི་དངོས་པོ་གང་ཞིག་བུད་ཤིང་ལ་ལྟོས་ནས་གྲུབ་ལ། མེའི་ལྟོས་བྱ་བུད་ཤིང་གང་ཡིན་པ་དེའང་མེ་དེ་ཉིད་ལ་ལྟོས་ནས་ནི་འགྲུབ་ན། བུད་ཤིང་གང་ལ་ལྟོས་ནས་མེ་གང་ཞིག་འགྲུབ་སྟེ། མེ་གྲུབ་ན་བུད་ཤིང་ལ་ལྟོས་མི་དགོས་ཤིང་། མ་གྲུབ་ན་ལྟོས་ས་བུད་ཤིང་ཡང་དེ་ཉིད་ལ་ལྟོས་པས་མི་འགྲུབ་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་བུད་ཤིང་གི་དངོས་པོ་གང་མེ་ལ་ལྟོས་ནས་འགྲུབ་ལ། བུད་ཤིང་གི་ལྟོས་བྱ་མེ་གང་ཡིན་པ་དེ་ཡང་བུད་ཤིང་དེ་ཉིད་ལ་ལྟོས་ནས་ནི་འགྲུབ་ན། མེ་གང་ལ་ལྟོས་ནས་བུད་ཤིང་གང་ཞིག་འགྲུབ་སྟེ། བུད་ཤིང་གྲུབ་ན་མེ་ལ་ལྟོས་མི་དགོས་ལ། མ་གྲུབ་ན་ལྟོས་ས་མེ་དེ་ཡང་བུད་ཤིང་དེ་ཉིད་ལ་ལྟོས་པས་མི་འགྲུབ་པའི་ཕྱིར་རོ། །གསུམ་པ་ནི། གཞན་ཡང་མེའི་དངོས་པོ་བུད་ཤིང་ལ་ལྟོས་ནས་གྲུབ་པ་གང་ཡིན་པ་དེ་མེ་མ་གྲུབ་པའམ་གྲུབ་པ་ཞིག་ལྟོས་དྲང་། དང་པོ་ལྟར་ན་མེ་དེ་བུད་ཤིང་ལ་ཅི་ལྟར་ལྟོས་ཏེ། རང་ཉིད་མ་གྲུབ་པའི་ཕྱིར། ཅི་སྟེ་གཉིས་པ་ལྟར་མེ་གྲུབ་པ་ཞིག་བུད་ཤིང་ལ་ལྟོས་སོ་ཞེ་ན། མེ་དེ་ནི་བུད་ཤིང་ལ་ལྟོས་པར་མི་རིགས་ཏེ་གྲུབ་ཟིན་པའི་ཕྱིར་རོ། །བཞི་པ་ནི། ཤིང་ལ་ལྟོས་པའི་མེ་མེད་དེ། རྣམ་པར་དཔྱད་ན་ལྟོས་པ་ཉིད་མི་འཐད་པ་དེའི་ཕྱིར། འོ་ན་མ་ལྟོས་པ་ཡོད་དམ་སྙམ་ན། ཤིང་ལ་མ་ལྟོས་པའི་མེའང་མི་འཐད་དེ། རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་དཔྱད་ན་མེ་ལ་ལྟོས་པའི་ཤིང་ཡང་མེད་ཅིང་། མེ་ལ་མ་ལྟོས་པའི་ཤིང་ཡང་མི་འཐད་དེ། སྒྲུབ་བྱེད་བསྟན་ཟིན་ཏོ། །གཉིས་པ་ནི། གལ་ཏེ་མེ་དང་བུད་ཤིང་གཅིག་དང་ཐ་དད་དཔྱད་པས་ཅི་ཞིག་བྱ། མེས་བུད་ཤིང་བསྲེག་པ་མངོན་སུམ་གྱིས་མཐོང་བས་དེ་དག་རང་བཞིན་གྱིས་ཡོད་དོ་ཞེ་ན། དེ་ལྟར་མཐོང་བའི་མངོན་སུམ་ནི་བློ་འཁྲུལ་པ་ཡིན་པས། མེས་བུད་ཤིང་བསྲེག་པ་མི་འགྲུབ་ལ། རྣམ་པར་དཔྱད་པའི་ཚེ་བསྲེག་ན་གཞན་ནས་འོངས་པའི་མེའམ་སྔར་ནས་བུད་ཤིང་ལ་ཡོད་པའི་མེས་བུད་ཤིང་དེ་བསྲེག་དྲང་། དང་པོ་ལྟར་ན་མེ་ནི་བུད་ཤིང་ལས་མ་གཏོགས་པ་གཞན་ལས་མི་འོང་སྟེ། དེ་ལྟར་མ་དམིགས་པའི་ཕྱིར་རོ། །གཉིས་པ་ལྟར་ན། བུད་ཤིང་ལའང་མེ་ནི་སྔར་ནས་ཡོད་པ་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར་རོ། །གཞན་ཡང་དེ་བཞིན་དུ་མེས་བུད་ཤིང་བསྲེག་པ་སུན་འབྱིན་པའི་ལྷག་མ་ནི་སྔར་སོང་བ་དང་། མ་སོང་བ་དང་། བགོམ་པ་ལ་འགྲོ་བ་བཀག་པ་ཉིད་ཀྱིས་བསྟན་པ་ཡིན་ཏེ། རེ་ཤིག་བསྲེག་ལ་མི་བསྲེག་སྟེ་ཞེས་སོགས་འདོན་པ་བསྒྱུར་བར་བྱ་བ་ཡིན་པའི་ཕྱིར་རོ། །གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ནི་ཤིང་ཉིད་མེ་ནི་མ་ཡིན་ཏེ། ཤིང་ལས་གཞན་ལ་མེའང་མེད་དེ། གཉིས་ཀ་སྔར་བཀག་པའི་ཕྱིར། རིག་པ་དེ་ཉིད་ཀྱིས་མེ་ནི་ཤིང་དང་ལྡན་པ་མ་ཡིན་ཞིང་། རྟེན་མེ་ལ་བརྟེན་པ་ཤིང་བརྟེན་པར་མེད་ལ། ཤིང་དེར་མེ་དེ་བརྟེན་པར་ཡང་མེད་དེ། ལྡན་པ་ལ་ཐ་དད་དང་ཐ་མི་དད་ཀྱིས་ཁྱབ་ཅིང་། རྟེན་དང་བརྟེན་པ་ལ་ཐ་དད་ཀྱིས་ཁྱབ་པས་སོ། །གཉིས་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། དེ་ལྟར་མེ་དང་ཤིང་རྣམ་པ་ལྔར་དཔྱད་ན་མེད་པ་དེ་ཉིད་ཀྱིས་ཉེ་བར་ལེན་པ་པོའི་བདག་དང་ནི། ཉེ་བར་བླང་བྱ་ཕུང་པོ་ལ་སོགས་པ་ཡང་རྣམ་པ་ལྔའི་རིམ་པ་ཀུན་མཚུངས་པ་རྣམ་པར་བཤད་དེ། དེ་གཉིས་ཀྱང་རྣམ་པ་ལྔར་དཔྱད་ན་མ་གྲུབ་པའི་ཕྱིར། མཚན་ཉིད་དང་མཚན་གཞི་དང་། ཡན་ལག་དང་ཡན་ལག་ཅན་དང་། རྒྱུ་དང་འབྲས་བུས་ཁྱབ་པའི་བུམ་སྣམ་སོགས་དང་ལྷན་ཅིག་ཏུ་མ་ལུས་པར་ནི་རྣམ་པ་ལྔ་པོའི་རིམ་པ་ཀུན་མཚུངས་པ་རྣམ་པར་བཤད་པ་ཡིན་ཏེ། ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་རྣམ་པ་ལྔར་དཔྱད་ན་མི་རྙེད་ཀྱང་མ་དཔྱད་པར་ཕན་ཚུན་ལྟོས་ནས་ཐ་སྙད་དུ་གྲུབ་པ་ཙམ་ཡིན་པའི་ཕྱིར་རོ། །དབུ་མ་ལ་འཇུག་པར། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཉིས་གསུངས་པ་ནི་ཚིགས་སུ་བཅད་པ་འདིའི་དོན་ལྟོས་བཅས་ཀྱི་དངོས་པོ་ཀུན་ལ་སྦྱར་ནས་རྣམ་པ་ལྔའམ་བདུན་དུ་བཙལ་ན་མི་རྙེད་ཀྱང་མ་དཔྱད་པར་ཕན་ཚུན་ལྟོས་ནས་གྲུབ་པའི་ཐུན་མོང་མ་ཡིན་པའི་བདེན་གཉིས་ཀྱི་འཇོག་ཚུལ་མཛད་པར་སྣང་བས་སྐལ་བ་དང་ལྡན་པ་དག་གིས་བླང་བར་བྱ་བ་ཡིན་ནོ། །གསུམ་པ་བཀག་པའི་དོན་དུ་ལྟ་བ་སྨད་པ་ནི། རང་གི་སྡེ་པ་གང་དག་ཉེ་བར་ལེན་པ་པོའི་བདག་དང་། འབྲས་བུ་དང་། ཡན་ལག་ཅན་དང་། མཚན་ཉིད་ལ་སོགས་པ་ལྟོས་བཅས་ཀྱི་དངོས་པོ་རྣམས་རང་གི་ལྟོས་ས་ཉེ་བར་ལེན་པའི་ཕུང་པོ་དང་། རྒྱུ་དང་། ཡན་ལག་དང་། མཚན་གཞི་ལ་སོགས་པ་ལས་དེ་བཅས་ཏེ་ངོ་བོ་གཅིག་པ་ཉིད་དང་། ངོ་བོ་ཐ་དད་པར་སྟོན་པ་དེ་དག་ཐུབ་པས་བསྟན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དོན་ལ་མཁས་སོ་སྙམ་དུ་འཕགས་པ་ཀླུ་སྒྲུབ་བདག་མི་སེམས་སོ་ཞེས་པ་སྟེ། བསྟོད་པ་ལས། འགྲོ་བ་སྒྲ་བརྙན་དང་འདྲ་བར། །གཅིག་ཉིད་གཞན་ཉིད་དང་བྲལ་ཞིང་། །འཕོ་དང་འཇིག་པ་དང་བྲལ་བར། །སྨད་མེད་ཁྱོད་ཀྱིས་ཐུགས་སུ་ཆུད། །ཅེས་བཤད་པ་ལྟར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། དེ་ལྟར་རྣལ་འབྱོར་པས་མེ་དང་བུད་ཤིང་བརྟགས་པས་ཆོས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལུས་ནི་དུས་མཐའི་མེ་མདག་ལྟ་བུའམ་ཉོན་མོངས་པ་འདོད་ཆགས་སམ། ཞེ་སྡང་དང་། གཏི་མུག་གི་མེ་དག་གིས་འཚིག་པ་མ་ཡིན་ནོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང་། །ནམ་མཁའ་སྔོན་ཆད་ནམ་ཡང་མི་འཚིག་བཞིན། །ཆོས་རྣམས་ནམ་མཁའ་མཚུངས་པར་རྣམ་རིག་པས། །དེ་ནི་གཞར་ཡང་མེད་ནའང་ཡོང་མི་འཚིག །གལ་ཏེ་སངས་རྒྱས་ཞིང་རྣམས་འབར་འགྱུར་ལ། །འབར་བ་འདི་དག་མ་ལུས་ཞི་ཤོག་ཅེས། །ཏིང་འཛིན་གནས་ནས་སྨོན་ལམ་འདི་བཏབ་ན། །ས་རྣམས་ཞིག་ཀྱང་དེ་ལ་འགྱུར་བ་མེད། །ཞེས་གསུངས་པ་ལྟ་བུའོ། །དེ་བཞིན་དུ། ཇི་ལྟར་གཙུབ་ཤིང་དང་ནི་གཙུབ་གཏན་དང་། །ལག་པའི་རྩོལ་བ་འདི་གསུམ་འདུས་པ་ཡི། །རྐྱེན་འདི་དག་ལས་མེ་ནི་འབྱུང་འགྱུར་ཞིང་། །བྱུང་སྟེ་བྱ་བ་བྱས་ནས་མྱུར་དུ་འགག །དེ་ནས་འདི་ནི་གང་ནས་འོངས་ནས་གར། །སོང་ཞེས་མཁས་པ་གང་ཞིག་འཚོལ་བ་བྱེད། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བཙལ་བ་ན། །འདི་ཡི་འགྲོ་དང་འོང་བ་རྙེད་མིན་བཞིན། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །ཐམས་ཅད་བདག་གི་དབེན་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཆོས་ཀྱི་མཚན་ཉིད་འདི་འདྲ་འདི་དག་ནི། །མར་མེ་མཛད་པ་མཐོང་ནས་ཁྱོད་ཀྱིས་རྟོགས། །ཇི་ལྟར་ཉིད་ཀྱིས་རྗེས་སུ་རྟོགས་པ་ལྟར། །དེ་བཞིན་ལྷ་མིར་བཅས་པར་རྟོགས་པར་གྱིས། །ལོག་པ་ཡང་དག་མ་ཡིན་བརྟགས་པ་ཡི། །འདོད་ཆགས་ཞེ་སྡང་དུག་གིས་འགྲོ་བ་གདུངས། །ཐུགས་རྗེའི་སྤྲིན་ལས་ཞི་བ་བསིལ་བའི་ཆུ། །འདྲེན་པ་བདུད་རྩིའི་རྒྱུན་ནི་རབ་ཏུ་ཕོབ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྟན་ཚུལ་ནི་སྔ་མ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། མེ་དང་བུད་ཤིང་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་བྱ་བ་འཁོར་བ་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་གང་ཟག་གི་བདག་གི་ངོ་བོ་དང་། དཔེ་མེ་དང་བུད་ཤིང་དག་བཀག་མོད་ཀྱི་མདོ་ལས། དགེ་སློང་དག སྐྱེ་བ་དང་རྒ་ཤིའི་འཁོར་བ་ལ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་པའི་ཚུལ་གྱིས་འཁོར་བ་ཡོད་པས་འཁོར་བ་པོའི་བདག་ཀྱང་ཡོད་དོ་སྙམ་པ་ལ་འཁོར་བ་ཉིད་དཔྱད་ན་མ་གྲུབ་པས། འཁོར་བ་པོའི་བདག་ཀྱང་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་ཡང་གཉིས་ཏེ། འཁོར་བ་རང་བཞིན་གྱིས་གྲུབ་པ་དགག་པ། རིག་པ་དེ་གཞན་ལ་སྦྱར་བའོ། །དང་པོ་ལ་གཉིས་ཏེ། འཁོར་བ་ལ་ཐོག་མཐའ་དབུས་གསུམ་མ་གྲུབ་པ། སྐྱེ་རྒ་ལ་སྔ་ཕྱི་དང་ལྷན་ཅིག་མ་གྲུབ་པའོ། །དང་པོ་ནི། འཁོར་བ་རང་བཞིན་གྱིས་ཡོད་ན་དེའི་ཐོག་མཐའ་དབུས་གསུམ་ཡོད་དགོས་པ་ལས་འཁོར་བ་ལ་ཐོག་མ་དང་མཐའ་མེད་དེ། དེ་ལ་སྔོན་གྱི་ཆ་མེད་ཅིང་། ཕྱི་མའི་ཆ་མེད་པའི་ཕྱིར། གཏན་ཚིག་རང་སྡེ་ལ་ལུང་གི་བསྒྲུབ་པ་ནི། འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ་ཐུབ་པ་ཆེན་པོས་སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ་སྲིད་པའི་ཀུན་ཏུ་སྦྱོར་བ་ཅན། སྲེད་པའི་ལུ་གུ་རྒྱུད་ཀྱིས་བཅིངས་པ་འཁོར་ཞིང་རྒྱུག་པ་རྣམས་ཀྱི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་དེའི་སྔོན་གྱི་མཐའ་ཡོད་པ་མིན་པར་གསུངས་པའི་ཕྱིར་རོ། །འདིར་འགྲེལ་པར་འཁོར་བའི་སྔོན་དང་ཕྱི་མ་གཉིས་ཀ་བཀག་ན། དགེ་སློང་དག་དེ་ལྟ་བས་ན་འཁོར་བ་ཟད་པར་བྱ་བའི་ཕྱིར། ནན་ཏན་དུ་བྱའོ་སྙམ་དུ་དེ་ལྟར་ཁྱོད་ཀྱིས་བསླབ་པར་བྱའོ། །ཞེས་པ་འདི་ཇི་ལྟར་གསུང་ཞེ་ན། སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ཉེ་བར་བཀོད་པས་དེ་དག་ཁོ་ནའི་འཁོར་བ་ལ་ཐོག་མ་དང་ཐ་མ་གཉིས་ཀའང་མེད་པ་ཡིན་གྱི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རླུང་གི་ཤུགས་ཀྱིས་མ་རིགས་པའི་ལྗོན་ཤིང་དྲུང་ནས་ཕྱུང་བ་རྣམས་ཀྱི་འཁོར་བ་ལ་ནི་ཐ་མ་ཡོད་པ་དང་། དེ་བསྟན་པའི་དགོས་པ་དང་བཅས་པ་སྤྲོས་ནས་གསུངས་སོ། །དེ་ལྟ་ནའང་དེའི་དབུས་མ་བཀག་པས་ཡོད་དོ་སྙམ་ན། གང་ལ་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་དེ་ལ་དབུས་ནི་ག་ལ་ཡོད་དེ། དེ་གཉིས་མེད་པས་དེ་གཉིས་ཀྱི་བར་ན་གནས་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། འཁོར་བ་ལ་ཐོག་མཐའ་དབུས་གསུམ་མེད་པ་དེའི་ཕྱིར་འཁོར་བའི་རང་བཞིན་སྐྱེ་བ་དང་རྒ་ཤི་དེ་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་མི་འཐད་དེ། སྒྲུབ་བྱེད་གཞུང་འོག་མས་སྟོན་ནོ། །གཉིས་པ་ལ་གཉིས་ཏེ། སྔ་ཕྱིར་གྲུབ་པ་དགག ལྷན་ཅིག་ཏུ་གྲུབ་པ་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་སྔ་བར་གྱུར་ལ། རང་ཉིད་དང་གཞན་གྱི་རྒ་ཤི་ཕྱི་བ་ཡིན་ན་ནི་སྐྱེ་བ་ཆོས་ཅན། རང་གི་རྒ་ཤི་མེད་པ་དང་། གཞན་དུ་མ་ཤི་བ་ཡང་འདིར་སྐྱེ་བར་འགྱུར་ཏེ། རང་ཉིད་སྔ་ཞིང་རང་དང་གཞན་གྱི་རྒ་ཤི་ཕྱི་བ་ཡིན་པའི་ཕྱིར། ཡང་གལ་ཏེ་སྐྱེ་བ་ཕྱི་བར་གྱུར་ལ། རྒ་ཤི་སྔ་བ་ཡིན་ན་ནི། སྐྱེ་བ་སྔར་མེད་པའི་རྒ་ཤི་ནི་ཆོས་ཅན། ཅི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྐྱེ་བ་དང་ནི་རྒ་ཤི་དག་ཡུལ་གཅིག་ཏུ་དུས་གཅིག་གི་ཚེ་ལྷན་ཅིག་རུང་བ་མ་ཡིན་ཏེ། དེ་ལྟར་ན་སྐྱེ་བཞིན་པ་ན་འཆི་བར་འགྱུར་ཞིང་། ཕན་ཚུན་མི་ལྟོས་པས་གཉིས་ཀའང་རྒྱུ་མེད་པ་ཅན་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། གང་ལ་སྔ་ཕྱི་དང་ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་པའི་སྐྱེ་བ་དེ་དང་རྒ་ཤི་དེ་ཆོས་ཅན། འཕགས་པ་རྣམས་ཡང་དག་པར་ཡོད་པ་དང་མེད་ཅེས་སྒྲ་རྟོག་གིས་ཅིའི་ཕྱིར་ན་སྤྲོ་བར་བྱེད་དེ་སྤྲོ་བར་མི་མཛད་དེ། ཡང་དག་པ་ཅི་ལྟ་བ་བཞིན་གཟིགས་པའི་ཕྱིར། བྱིས་པ་ལ་སྦྱར་ན་སྤྲོ་བར་མི་རིགས་ཏེ། རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་ཞེས་པའང་འགྲེལ་པར་བཤད་དོ། །གཉིས་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། འཁོར་བའི་རང་བཞིན་སྐྱེ་བ་དང་རྒ་ཤི་འབའ་ཞིག་སྔོན་གྱི་མཐའ་ཡོད་པ་མ་ཡིན་པར་མ་ཟད་ཀྱི། རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །ཤེས་དང་ཤེས་བྱ་ལ་སོགས་པ། །དོན་ཡོད་གང་དག་ཅི་ཡང་རུང་། །ཕན་ཚུན་ལྟོས་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཉིད་ལ་ཡང་ཆོས་ཅན། གཅིག་སྔོན་དུ་གྲུབ་པའི་སྔོན་གྱི་མཐའ་དང་། ལྷན་ཅིག་ཏུ་ནི་ཡོད་པ་མ་ཡིན་པས་དོན་དམ་པར་རང་བཞིན་མེད་པར་གྲུབ་སྟེ། སྐྱེ་བ་དང་རྒ་ཤི་ལ་སྔ་ཕྱི་དང་ལྷན་ཅིག་འགོག་པའི་རིག་པ་ཐམས་ཅད་མཚུངས་པའི་ཕྱིར། གཉིས་པ་ལུང་དང་སྦྱར་བ་ནི་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་ མགོནཔོ་ཁྱོད་ཀྱིས་བསྟན། །ཞེས་འཕགས་པ་བྱང ་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་བཅོམ་ལྡན་འདས་ལ་བསྟོད་པ་ཡིན་ནོ། །དེ་བཞིན་དུ་གཟོད་མ་ནས་ནི་སྟོང་ཞིང་མ་འོངས་ཆོས། །སོང་བ་མེད་ཅིང་གནས་མེད་གནས་ཀྱིས་དབེན། །སྒྱུ་མའི་རང་བཞིན་རྟག་ཏུ་སྙིང་པོ་མེད། །ཐམས་ཅད་དག་ཅིང་རྣམ་དག་ནམ་མཁའ་བཞིན། །རྒྱལ་བའི་ཆོས་ནི་གང་དག་རབ་སྟོན་པ། །དེ་ཡང་མི་ཟད་པས་ན་མི་མཐོང་སྟེ། །ཆོས་འདི་སྔ་ནས་བདག་མེད་སེམས་ཅན་མེད། །དེ་དག་རབ་ཏུ་སྟོན་ཀྱང་ཟད་མི་འགྱུར། །བཏག་པ་ཙམ་དུ་བརྟགས་ནས་བརྗོད་པ་ཡིན། །འཁོར་བ་ལ་ནི་མཐའ་མ་མི་རྙེད་དེ། །གང་དག་སྔོན་བྱུང་མཐའ་ནི་མཚན་ཉིད་མེད། །མ་འོངས་དུས་ཀྱང་ཤེས་པར་བྱ་བའི་ཕྱིར། །འདི་ཡི་འགྲོ་དང་འོང་བ་རྙེད་མིན་བཞིན། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །ཐམས་ཅད་བདག་གིས་དབེན་ཞིང་གནས་མེད་པ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཆོས་ཀྱི་མཚན་ཉིད་འདི་འདྲ་འདི་དག་ནི། །མར་མེ་མཛད་པ་མཐོང་ནས་ཁྱོད་ཀྱིས་རྟོགས། །ཇི་ལྟར་ཉིད་ཀྱིས་རྗེས་སུ་རྟོགས་པ་ལྟར། །དེ་བཞིན་ལྷ་མིར་བཅས་པར་རྟོགས་པར་གྱིས། །ལོག་པ་ཡང་དག་མ་ཡིན་བརྟགས་པ་ཡི། །འདོད་ཆགས་ཞེ་སྡང་དུག་གིས་འགྲོ་བ་གདུངས། །ཐུགས་རྗེའི་སྤྲིན་ལས་ཞི་བ་བསིལ་བའི་ཆུ། །འདྲེན་པ་བདུད་རྩིའི་རྒྱུན་ནི་རབ་ཏུ་ཕོབ། །ཞེས་གསུངས་ཏེ་བསྟན་ཚུལ་ནི་སྔ་མ་དང་འདྲའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། སྔོན་དང་ཕྱི་མའི་མཐའ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། །།གསུམ་པ་བརྟན་པ་སྡུག་བསྔལ་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་གང་ཟག་གི་བདག་བཀག་མོད་ཀྱི་འོན་ཀྱང་མདོ་ལས་སྐྱེ་བ་ནི་སྡུག་བསྔལ་ལོ། །རྒ་བ་དང་། ན་བ་དང་། འཆི་བ་ནི་སྡུག་བསྔལ་ལོ་ཞེས་བརྟེན་པ་སྡུག་བསྔལ་ཡོད་པར་གསུངས་པས། དེའི་རྟེན་གང་ཟག་གི་བདག་ཀྱང་ཡོད་དོ་ཞེ་ན། སྡུག་བསྔལ་ཉིད་མཐའ་བཞིར་སྐྱེ་བ་མེད་པས་དེའི་རྟེན་གང་ཟག་གི་བདག་ཀྱང་མེད་དོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས་དང་པོ་རིགས་པས་བསྒྲུབ་པ་ལ་ཡང་གཉིས་ཏེ། སྡུག་བསྔལ་མཐའ་བཞིར་གྲུབ་པ་དགག རིགས་པ་དེ་ཆོས་གཞན་ལའང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། རྟོག་གེ་པའི་འདོད་པ་འགོད། དེ་ཉིད་སུན་དབྱུང་བའོ། །དང་པོ་ནི། སྡུག་བསྔལ་རང་བཞིན་གྱི་ཡོད་ན་མཐའ་བཞི་གང་རུང་ལས་སྐྱེ་དགོས་པས་གང་ལས་སྐྱེ་རྟོག་དྲང་། དེ་ལ་གྲངས་ཅན་པ་ཁ་ཅིག སྡུག་བསྔལ་བདག་གིས་བྱས་པ་དང་། རང་གི་སྡེ་པ་དག་སྡུག་བསྔལ་གཞན་གྱིས་བྱས་པ་དང་། གཅེར་བུ་པ་དག་གཉིས་ཀས་བྱས་པ་དང་། རྒྱང་འཕེན་པ་དག་རྒྱུ་མེད་ལས་བྱུང་བར་འདོད་དོ། །གཉིས་པ་ལ་གཉིས་ཏེ། དམ་བཅའ་མདོར་བསྟན། འཐད་པ་རྒྱས་པར་བཤད་པའོ། །དང་པོ་ནི། སྡུག་བསྔལ་མཐའ་བཞི་ལས་བྱུང་བ་དེ་ནི་བྱ་བར་མི་རུང་ངོ་ཞེས་པ་སྟེ་འཐད་པ་འོག་ནས་འཆད་དོ། །གཉིས་པ་ལ་གསུམ་སྟེ། བདག་གཞན་རེ་རེ་བས་བྱས་པ་དགག གཉིས་ཀས་བྱས་པ་དགག རྒྱུ་མེད་ལས་བྱུང་བ་དགག་པའོ། །དང་པོ་ལ་གསུམ་སྟེ། ཕུང་པོ་ལ་ལྟོས་པའི་བདག་བྱས་དང་གཞན་བྱས་དགག གང་ཟག་ལ་ལྟོས་པའི་བདག་བྱས་དང་གཞན་བྱས་དགག བདག་བྱས་མ་གྲུབ་པས་གཞན་བྱས་མི་འགྲུབ་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། བདག་བྱས་དགག་པ་དང་། གཞན་བྱས་དགག་པའོ། །དང་པོ་ནི། གལ་ཏེ་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་འདི་ཕུང་པོ་བདག་ཉིད་ཀྱིས་བྱས་པར་གྱུར་ན་ཕུང་པོ་འདི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་མི་འགྱུར་ཏེ། རང་གྲུབ་ན་སྐྱེ་བ་དོན་མེད་ཅིང་། མ་གྲུབ་ན་སྐྱེ་བྱེད་མེད་པའི་ཕྱིར་རོ། །འདོད་པར་ནི་མི་ནུས་ཏེ། གང་གི་ཕྱིར་འགག་པའི་ཆར་གཏོགས་པའི་ཕུང་པོ་སྔ་མ་འདི་དག་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་ཕྱི་མ་དེ་དག་འབྱུང་བར་མཐོང་བས་སོ། །གཉིས་པ་ནི། གལ་ཏེ་འབྲས་བུ་ཕུང་པོ་ཕྱི་མ་དེ་ལས་རྒྱུ་ཕུང་པོ་སྔ་མ་འདི་རྫས་གཞན་དུ་འགྱུར་ན་དེས་སྡུག་བསྔལ་བྱས་པ་རྒྱུ་གཞན་གྱིས་བྱས་པར་འགྱུར་ཞིང་། གལ་ཏེ་རྒྱུ་ཕུང་པོ་སྔ་མ་འདི་ལས་འབྲས་བུ་ཕུང་པོ་ཕྱི་མ་འདི་རྫས་གཞན་ཡིན་ན། རྒྱུ་གཞན་དེ་དག་གིས་སྡུག་བསྔལ་དེ་བྱས་པས་འབྲས་བུ་གཞན་བྱས་པར་འགྱུར་ན་ཡང་རྒྱུ་འབྲས་རྫས་གཞན་ཡིན་པ་ཉིད་མ་གྲུབ་སྟེ། ཅིག་ཆར་དུ་མེད་པའི་ཕྱིར་དང་། ཡོད་ན་ཕན་ཚུན་ལྟོས་པ་དོན་མེད་པས་རྒྱུ་འབྲས་ཉིད་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བདག་བྱས་དགག་པ་དང་། གཞན་བྱས་དགག་པའོ། །དང་པོ་ནི། གལ་ཏེ་སྡུག་བསྔལ་དེ་སྡུག་བསྔལ་རང་གིས་བྱས་ནས་འདི་ལ་བྱིན་པ་མ་ཡིན་གྱི། སྡུག་བསྔལ་གང་གིས་གང་ཟག་དེར་བཏགས་པའི་གང་ཟག་དེ་ཉིད་ཀྱིས་སྡུག་བསྔལ་དེ་བྱས་པས་སྡུག་བསྔལ་བདག་གིས་ནི་བྱས་པ་ཡིན་ནོ་སྙམ་ན། དེ་ཡང་མི་རུང་སྟེ། སྡུག་བསྔལ་དེ་ཉིད་ལ་བཏགས་པའི་གང་ཟག་བདག་གིས་ནི་སྡུག་བསྔལ་དེ་བྱས་ན་མིའི་སྡུག་བསྔལ་བྱེད་པ་པོའི་གང་ཟག་བདག་གིས་མིའི་སྡུག་བསྔལ་བྱས་པའི་གང་ཟག་དེ་ཆོས་ཅན། མིའི་སྡུག་བསྔལ་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ། ལོགས་སུ་ཡོད་པ་མི་འཐད་པར་ཐལ། དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར། གཉིས་པ་ནི། གལ་ཏེ་ཚེ་སྔ་མའི་མི་དང་། ཕྱི་མའི་ལྷའི་གང་ཟག་གཉིས་གཅིག་པ་མ་ཡིན་གྱི་རྫས་གཞན་ཡིན་པས་མིའི་གང་ཟག་གིས་ལྷར་སྐྱེ་བའི་ལས་བསགས་པའི་སྒོ་ནས་ཕྱི་མའི་ལྷའི་སྡུག་བསྔལ་བྱས་ནས་ལྷའི་གང་ཟག་ལ་བྱིན་པས་སྡུག་བསྔལ་དེ་ལ་ལྷའི་གང་ཟག་ཏུ་འདོགས་པའི་ཕྱིར། སྡུག་བསྔལ་གང་ཟག་གཞན་གྱི་བྱས་པ་ཡིན་ནོ་ཞེ་ན། དེ་དགག་པ་ལ་གཉིས་ཏེ། ལེན་པ་པོའི་ངོས་ནས་དགག་པ། སྦྱིན་པ་པོའི་ངོས་ནས་དགག་པའོ། །དང་པོ་ནི། གལ་ཏེ་སྐྱེ་བ་སྔ་མའི་མིའི་གང་ཟག་གཞན་ལས་ནི་ཕྱི་མའི་ལྷའི་སྡུག་བསྔལ་འབྱུང་ན་མིའི་གང་ཟག་གཞན་ཞིག་གིས་ལྷའི་སྡུག་བསྔལ་དེ་བྱས་ནས་གང་ལ་སྦྱིན་པར་བྱ་བའི་ཡུལ་ལྷའི་གང་ཟག་དེ་ཆོས་ཅན། ལྷའི་སྡུག་བསྔལ་ལས་མ་གཏོགས་པ་ཅི་ལྟར་རུང་སྟེ། དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དེ་ལྟར་མིའི་གང་ཟག་གཞན་ལས་ཕྱི་མའི་ལྷའི་སྡུག་བསྔལ་འབྱུང་ན་མིའི་གང་ཟག་གང་གིས་སྡུག་བསྔལ་དེ་བྱས་ནས་གཞན་ལྷའི་གང་ཟག་ལ་སྟེར་བ་པོའི་མིའི་གང་ཟག་གཞན་དེ་ཆོས་ཅན། མིའི་སྡུག་བསྔལ་ལས་མ་གཏོགས་པ་གང་ཞིག་ཡིན་ཏེ། དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་རོ། །གསུམ་པ་ལ་གཉིས་ཏེ། གང་ཟག་ལ་ལྟོས་པའི་བདག་བྱས་མ་གྲུབ་པས་གཞན་བྱས་མི་གྲུབ་པར་བསྟན་པ། ཕུང་པོ་ལ་ལྟོས་པའི་བདག་བྱས་མ་གྲུབ་པས་གཞན་བྱས་མི་གྲུབ་པའོ། །དང་པོ་ནི། སྡུག་བསྔལ་གཞན་གྱིས་བྱས་ཞེས་པའི་བྱེད་པ་པོའི་མིའི་གང་ཟག་ཆོས་ཅན། ལྷའི་སྡུག་བསྔལ་རང་ལས་གཞན་པ་ག་ལ་བྱེད་དེ། མིའི་སྡུག་བསྔལ་ལ་ལྟོས་ནས་གང་ཟག་བདག་གིས་བྱས་པར་མ་གྲུབ་པའི་ཕྱིར་རོ། །ཁྱབ་སྟེ། གང་ཟག་གཞན་གྱིས་སྡུག་བསྔལ་གང་བྱེད་པའི་གང་ཟག་དེ་ནི་གང་ཟག་དེའི་སྡུག་བསྔལ་གང་ཟག་བདག་གིས་བྱས་པར་འགྱུར་དགོས་པའི་ཕྱིར་རོ། །གཉིས་པ་ནི། རེ་ཞིག་སྡུག་བསྔལ་གཞན་བྱེད་པ་པོའི་མིའི་སྡུག་བསྔལ་གྱི་ཕུང་པོ་དེ་བདག་གིས་བྱས་པ་མ་ཡིན་ཏེ། རང་ལ་བྱ་བྱེད་འགལ་བས་དེ་ཉིད་ཀྱིས་ནི་དེ་མ་བྱས་པས་སོ། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར་ཞེས་པ་དང་གྲུབ་པ་དེ་གཅིག་པ་མིའི་སྡུག་བསྔལ་ཆོས་ཅན། ལྷའི་སྡུག་བསྔལ་བྱེད་པར་ག་ལ་འགྱུར་ཏེ། དེའི་བྱེད་པ་པོ་གཞན་མིའི་སྡུག་བསྔལ་དེ་ཉིད་བདག་གིས་མ་བྱས་པའི་ཕྱིར་རོ། །གཉིས་པ་གཉིས་ཀས་བྱས་པ་དགག་པ་ནི། གལ་ཏེ་རང་གཞན་རེ་རེས་བྱས་པར་གྱུར་ན་སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར་ན་ཡང་། གཉིས་ཀ་ཚོགས་པས་ཀྱང་མི་བྱེད་དེ། སྔར་རེ་རེ་བས་བྱས་པ་བཀག་ཟིན་པའི་ཕྱིར་རོ། །གསུམ་པ་རྒྱུ་མེད་ལས་བྱུང་བ་དགག་པ་ནི། སྡུག་བསྔལ་ཆོས་ཅན། གཞན་གྱིས་ཀྱང་མ་བྱས། བདག་གིས་ཀྱང་མ་བྱས། གཉིས་ཀས་ཀྱང་མ་བྱས་པས་རྒྱུ་མེད་དུ་ག་ལ་འགྱུར་ཏེ། རྒྱུ་མེད་ཡིན་ན་ཤེས་པའི་གཟུང་ཡུལ་དུ་མི་སྣང་བ་དང་། རེས་འགལ་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །གཉིས་པ་རིག་པ་དེ་ཆོས་གཞན་ལ་སྦྱར་བ་ནི། ཟིན་པའི་ཕུང་པོ་ལྔས་བསྡུས་པའི་སྡུག་བསྔལ་འབའ་ཞིག་རྣམ་པ་བཞི་ཡོད་པ་མ་ཡིན་པར་མ་ཟད་ཀྱི། དེ་བཞིན་དུ་ཕྱི་རོལ་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ལ་ཡང་མཐའ་རྣམ་པ་བཞི་པོ་དག་ལས་སྐྱེ་བ་ཡོད་པ་མ་ཡིན་ཏེ། གལ་ཏེ་བདག་གིས་བྱས་གྱུར་ན་ཞེས་སོགས་ཀྱི་རིག་པ་མཚུངས་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས་ཀྱང་། ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །འདུས་བྱས་འདུས་མ་བྱས་ཡིན་དེ་ལྟར་ལྟོས། །ཡང་དག་ཉིད་དུ་བདག་དང་མི་མེད་དེ། །འགྲོ་བ་ཀུན་གྱི་མཚན་ཉིད་འདི་འདྲའོ། །དགེ་དང་ནག་པོའི་ལས་རྣམས་མི་འཇིག་སྟེ། །བདག་གིས་བྱས་པ་བདག་གིས་མྱོང་བར་འགྱུར། །ལས་ཀྱི་འབྲས་བུ་འཕོ་བར་མི་འགྱུར་ཏེ། །རྒྱུ་མེད་པར་ཡང་མྱོང་བར་མི་འགྱུར་རོ། །སྲིད་པ་ཐམས་ཅད་སྒྱུ་མ་དབང་མེད་པ། །གསོག་དང་གསོབ་ཏུ་གྱུར་པ་དབུ་བ་བཞིན། །སྒྱུ་མ་སྨིག་རྒྱུ་ལྟ་བུར་རྟག་ཏུ་སྟོང་། །སྒྲ་ཡིས་བཤད་ཀྱང་དེ་དག་དབེན་པ་ཡིན། །བྲག་ཕུག་རི་དང་གཅོང་རོང་ཀླུང་རྣམས་སུ། །རྐྱེན་གྱིས་ཇི་ལྟར་བྲག་ཆ་འབྱུང་བ་ལྟར། །དེ་བཞིན་འདུས་བྱས་འདི་ཀུན་རིག་པར་གྱིས། །འགྲོ་བ་ཐམས་ཅད་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་ཚུལ་ནི་སྔ་མ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །།གསུམ་པ་རྟེན་འབྲེལ་དངོས་པོ་ཙམ་གྱི་རང་བཞིན་གྱིས་སྟོང་པ་ལ་གཉིས་ཏེ། དངོས་པོ་ཙམ་གྱི་ངོ་བོ་དགག་པ། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཕྱི་ནང་གི་ཆོས་རྣམས་མཐའ་བཞི་ལས་སྐྱེ་བ་བཀག་པས་ཡང་དག་པར་མ་སྐྱེས་པར་གྲུབ་བཞིན་དུ་མ་རིག་པའི་རབ་རིབ་ཅན་ལ་སྐྱེ་བ་ལ་སོགས་པར་སྣང་བས་འདུ་བྱེད་བསླུ་བའི་ཆོས་ཅན་དུ་གྲུབ་ལ། དེ་ལ་བརྫུན་པས་ཁྱབ་པ་ཉིད་དུ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་ཡང་གཉིས་ཏེ། ལུང་ལས་རང་བཞིན་མེད་པར་གྲུབ་པ། ལུང་དོན་གཞན་དུ་རྟོག་པ་དགག་པའོ། །དང་པོ་ནི། འདུ་བྱེད་ཕྱི་ནང་གི་དངོས་པོ་དེ་དག་སྒྱུ་མའི་སྐྱེས་བུ་ལྟར་བརྫུན་པ་རང་བཞིན་མེད་པ་ཡིན་ཏེ། འདུ་བྱེད་ཕྱི་ནང་གི་ཆོས་ཐམས་ཅད་སྔར་བཤད་པའི་རིག་པས་སྐྱེ་བ་མེད་པར་གྲུབ་བཞིན་དུ་མ་རིག་པའི་རབ་རིབ་ཅན་ལ་སྐྱེ་བའི་དངོས་པོར་སྣང་བས་བསླུ་བའི་ཆོས་ཅན་དུ་གྲུབ་པ་དེས་ན་སྟེ་དེའི་ཕྱིར། གཏན་ཚིགས་དང་ཁྱབ་པ་གཉིས་ཀ་གྲུབ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདུས་བྱས་བསླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ། །ཞེས་དང་། དེ་བཞིན་དུ་ནི་འདི་ནི་བསླུ་བར་བྱེད་པའི་ཆོས་ཅན་ནོ། །འདི་ནི་འཇིག་པའི་ཆོས་ཅན་ནོ་ཞེས་འདུས་བྱས་བསླུ་བར་ཡང་གསུངས་ཤིང་། ཆོས་གང་ཞིག་བསླུ་བ་དེ་ནི་བརྫུན་ཞེས་ཀྱང་གསུངས་པའི་ཕྱིར་རོ། །ལུང་འདི་དག་གི་དོན། མདོ་སེམས་གཉིས་ཀྱིས་སྲེད་པས་འཕངས་པའི་འདུས་བྱས་རྣམས་བདེ་བར་སྣང་ཡང་དོན་ལ་སྡུག་བསྔལ་ཡིན་པས། དེའི་ཆ་ནས་བསླུ་བ་དང་། བརྫུན་པར་འཇོག་ལ། མི་རྟག་པ་ཐམས་ཅད་སྡུག་བསྔལ་དུ་གསུངས་པའི་དོན་ཡང་མཚན་གཞི་དེ་ཉིད་ལ་འདོད་ཀྱི་འདུས་བྱས་ཐམས་ཅད་ལ་མི་འདོད་དོ། །དབུ་མ་པས་འདུས་བྱས་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་དང་། བསླུ་བ་དང་། བརྫུན་པས་ཁྱབ་པས་ས་བཅུའི་མཉམ་བཞག་རང་ངོར་འདུས་བྱས་སྐད་ཅིག་གིས་སྐྱེ་འཇིག་མེད་པས་སྡུག་བསྔལ་མེད་ཀྱང་རྗེས་ཐོབ་ཏུ་འགག་དང་བཅས་པའི་སྐྱེ་བ་དང་། །ཞེས་པའི་ཚུལ་གྱིས་སྐྱེ་འགག་ཏུ་སྣང་བ་ཡོད་པས་མ་རིག་བག་ཆགས་ཀྱིས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས་བྱུང་བའི་མི་རྟག་པ་ལ་སྡུག་བསྔལ་དུ་བྱས་པ་ས་བཅུ་པའི་རྗེས་ཐོབ་ཀྱི་བར་དུ་ཡོད་པར་བཞེད་ཅིང་། སངས་རྒྱས་རང་སྣང་ལ། གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །ཞེས་པའི་ཚུལ་གྱིས་སྐྱེ་འགག་མི་སྣང་བས། འདུས་བྱས་དང་། མི་རྟག་པ་སོགས་མེད་ཅིང་། གདུལ་བྱའི་གཞན་ངོར་ནི། དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་སྐུ་ནི་སྐྱེ་དང་འཇིག །ཞེས་པའི་ཚུལ་གྱིས་སྐྱེ་འགག་ཡོད་ཀྱང་། དེས་སངས་རྒྱས་ཀྱི་ཡེ་ཤེས་ལ་སྐྱེ་འགག་ཡོད་པར་མི་གྲུབ་སྟེ། གདུལ་བྱའི་སེམས་ལ་སྣང་ཚུལ་ཡིན་པའི་ཕྱིར་རོ། །དེ་ལྟར་བྱས་ན། འདིར་འདུས་བྱས་ལ་བསླུ་བས་ཁྱབ་པ་དང་། རྒྱུད་བླ་མར། བསླུ་བའི་ཆོས་ཅན་ཡིན་ན། མཐར་ཐུག་གི་སྐྱབས་མ་ཡིན་པས་ཁྱབ་པ་དང་། སངས་རྒྱས་ཀྱི་སར་མ་རིག་བག་ཆགས་ཀྱི་ས་དང་། ཟག་མེད་ཀྱི་ལས་ལ་བརྟེན་ནས་བྱུང་བའི་སྐྱེ་རྒ་ན་འཆི་བཞི་ཆར་སྤངས་ཟིན་པས། འདུས་མ་བྱས་སུ་གསུངས་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་རྟོག་པར་འགྱུར་བས། ཟབ་དོན་རྟོགས་པར་འདོད་པ་དག་གིས་འདི་ལ་དཔྱོད་ཅིག མི་ཤེས་པ་དག་གིས་ཅིའང་མ་སྨྲ་ཤིག གཉིས་པ་ལུང་དོན་གཞན་དུ་རྟོག་པ་དགག་པ་ལ་གཉིས་ཏེ། དངོས་མེད་ལུང་དོན་ཡིན་པ་དགག་པ། མི་རྟག་པ་ལུང་དོན་ཡིན་པ་དགག་པའོ། །དང་པོ་ནི། གལ་ཏེ་དེ་ལྟར་ན། འདུ་བྱེད་ཐམས་ཅད་མེད་པར་ལྟ་བའི་ཆད་པར་ལྟ་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་འདི་ལྟར་འདུ་བྱེད་བསླུ་བའི་ཆོས་ཅན་གང་ཡིན་པ་དེ། བརྫུན་ཞིང་རང་བཞིན་མེད་པ་ཡིན་པས། དེ་ལ་ཅི་ཞིག་བསླུ་བ་སྟེ། དངོས་པོ་མེད་པའམ་ཆད་པར་འགྱུར་ཏེ་མི་འགྱུར་བར་ཐལ། དགག་བྱ་དང་ཆད་རྒྱུ་མ་དམིགས་པའི་ཕྱིར་ཏེ། མ་སྐྱེས་ངོ་བོ་ཉིད་ལ་ནི། །རྟག་དང་ཆད་ཉིད་ག་ལ་ཞིག །ཅེས་གསུངས་པ་ལྟ་བུའོ། །ལུང་དེས་དངོས་པོ་མེད་པར་ཡང་མི་སྟོན་ན། འོ་ན་ཅི་ཞིག་སྟོན་ཅེ་ན། བཅོམ་ལྡན་འདས་ཀྱིས་འདུ་བྱེད་བསླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་ནོ། །ཞེས་དེ་སྐད་གསུངས་པ་ནི་ཆོས་ཅན། དངོས་པོའམ་དངོས་པོ་མེད་པར་གནས་ལུགས་སུ་སྟོན་པ་མིན་ཏེ། དགག་སྒྲུབ་ལ་སོགས་པ་སྤྲོས་པའི་མཚན་མ་ཅིའང་མེད་པའི་རང་བཞིན་སྟོང་པ་ཉིད་ཡོངས་སུ་བསྟན་པ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། ཕྱོགས་སྔ་མ་འགོད་པ་དང་། དེ་དགག་པའོ། །དང་པོ་ནི། རང་གི་སྡེ་པ་དག་ལུང་གི་དགོངས་པ་དངོས་པོ་རང་བཞིན་མེད་པར་སྟོན་པ་ནི་མ་ཡིན་ཏེ། གཞན་སྡེ་དང་། འཇིག་རྟེན་པ་རྣམས་ཀྱིས་བརྟག་པའི་རྟག་པའི་དངོས་པོས་སྟོང་བའི་འདུ་བྱེད་སྐད་ཅིག་གིས་འཇིག་པ་དང་། རྒྱུན་གྱི་མཐར་མི་གནས་པའི་མི་རྟག་པའི་ཆོས་ཙམ་སྟོན་པར་བྱེད་པ་ཡིན་ཏེ། འདི་ལྟར་ཕྱི་རོལ་པ་ལྟར། འདུ་བྱེད་ཕྱི་ནང་གི་དངོས་པོ་རྣམས་རང་བཞིན་འཇིག་མེད་དང་། རྫས་སྐད་ཅིག་གཉིས་པར་སྡོད་པའི་རྟག་པའི་ངོ་བོ་ཉིད་མེད་དེ། སྒྲུབ་བྱེད་རིམ་པ་ལྟར་གནས་སྐབས་གཞན་དུ་འགྱུར་བ་དང་། རྒྱུན་ཆད་པ་མངོན་སུམ་དུ་སྣང་བའི་ཕྱིར་རོ། །ཡང་དབུ་མ་པ་ལྟར་དངོས་པོ་རྣམས་ངོ་བོ་ཉིད་ཡེ་མེད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ན་དངོས་པོ་རྣམས་ལ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་ཁས་ལེན་པས། རྟེན་ཆོས་ཅན་ཡང་ཁས་ལེན་དགོས་པའི་ཕྱིར་རོ། །ཡང་དངོས་པོ་ངོ་བོ་ཉིད་མེད་པ་མ་ཡིན་ཏེ། གལ་ཏེ་ངོ་བོ་ཉིད་མེད་ན། ནམ་མཁའི་མེ་ཏོག་ལྟར། ཆོས་གཞན་དུ་འགྱུར་བ་དེ་ཆོས་ཅན་གང་གི་ཡིན་ཏེ། དེ་མེད་པར་ཐལ་བ་ལས་ཆོས་གཞན་དུ་འགྱུར་བ་ཡོད་པའི་ཕྱིར་ཞེས་འཛེར་རོ། །གཉིས་པ་ལ་གཉིས་ཏེ། དངོས་པོ་རང་བཞིན་ཡོད་པའི་སྒྲུབ་བྱེད་གཞན་འགྱུར་མི་འཐད་པ། སྟོང་ཉིད་ཡོངས་གཅོད་དུ་གྲུབ་པ་མི་འཐད་པའོ། །དང་པོ་ལ་གཉིས་ཏེ། རང་བཞིན་གྲུབ་ན་གཞན་འགྱུར་འགལ་བར་བསྟན་པ། གཞན་གྱུར་ཉིད་མ་གྲུབ་པར་བསྟན་པའོ། །དང་པོ་ནི། གལ་ཏེ་དངོས་པོ་རྣམས་ཆོས་ཅན། ཅི་ལྟ་བུར་ན་གཞན་དུ་འགྱུར་ཏེ། གཞན་དུ་འགྱུར་བ་མེད་པར་ཐལ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར། གཉིས་པ་ནི། གཞན་དུ་འགྱུར་བ་དེ་ཡང་རྣམ་པར་དཔྱད་ན་མི་འཐད་དེ། འདི་ལྟར་སྔར་གྱི་གནས་སྐབས་དེ་ཉིད་ལ་ནི་གཞན་དུ་འགྱུར་བ་མེད་དེ། གནས་སྐབས་སྔ་མ་མ་བཏང་བར་གཞན་དུ་འགྱུར་བ་འགལ་བའི་ཕྱིར་རོ། །སྔར་གྱི་གནས་སྐབས་ལས་གཞན་ཉིད་ལ་ཡང་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ཏེ། གནས་སྐབས་གཞན་ཐོབ་པ་དེ་ཉིད་གཞན་དུ་གྱུར་ཟིན་པ་ཡིན་པས་གཞན་དུ་འགྱུར་བ་དོན་མེད་པའི་ཕྱིར་རོ། །དེ་ཉིད་དཔེས་བསྟན་པ་ནི། གང་གི་ཕྱིར་གཞོན་ནུའི་གནས་སྐབས་མདོར་བ་མི་རྒ་སྟེ། གནས་སྐབས་ཕན་ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་གཞོན་ནུའི་གནས་སྐབས་དོར་ནས་རྒ་བར་འགྱུར་རོ་སྙམ་ན། གཞོན་ནུའི་གནས་སྐབས་དོར་བ་ཉིད་རྒས་པ་ཡིན་པས། གང་གི་ཕྱིར་རྒས་པ་ཡང་མི་རྒ་སྟེ་དོན་མེད་པའི་ཕྱིར། གཞན་ཡང་དཔྱད་ན་གཞན་འགྱུར་མི་འཐད་དེ། སྔར་གྱི་གནས་སྐབས་དེ་ཉིད་གཞན་དུ་འགྱུར་ན། འོ་མ་ཉིད་ནི་མ་དོར་བར་ཞོར་འགྱུར་ལ། སྔར་གྱི་གནས་སྐབས་དེ་ཉིད་ལས་གཞན་གཞན་དུ་འགྱུར་ན་ཡང་འོ་མ་ལས་གཞན་ཆུ་ལ་སོགས་པ་གང་ཞིག་ནི་ཞོའི་དངོས་པོ་ཡིན་པར་འགྱུར་ཏེ་མི་སྲིད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དགག་པ་དངོས། དེ་ལ་ལུང་འགལ་སྤོང་བའོ། །དང་པོ་ནི། དངོས་པོ་རྣམས་ལ་སྟོང་པ་ཉིད་ཀྱི་ཆོས་ཡང་དག་པར་ཡོད་པ་མི་འཐད་དེ། མི་སྟོང་པ་མེད་པའི་ཕྱིར་རོ། །ཁྱབ་སྟེ། གལ་ཏེ་དགག་བྱ་གང་ཟག་དང་ཆོས་བདེན་པའི་དངོས་པོས་མི་སྟོང་པ་ཅུང་ཟད་ཅིག་ཡོད་ན་དེ་བཀག་པའི་གང་ཟག་དང་ཆོས་བདེན་པའི་དངོས་པོས་སྟོང་པ་ཅུང་ཟད་ཡོད་པར་འགྱུར་ན་ཡང་། ལྟོས་ས་གང་ཟག་དང་ཆོས། བདེན་པའི་དངོས་པོས་མི་སྟོང་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་ན། དེ་ལ་ལྟོས་པའི་གང་ཟག་དང་ཆོས་བདེན་པའི་དངོས་པོས་སྟོང་པ་ག་ལ་ཡོད་པར་འགྱུར་ཏེ། དཔེར་ན་རྨི་ལམ་གྱི་སྐྱེས་བུ་མི་བདེན་པས་དེ་ཤི་བ་མི་བདེན་པ་བཞིན་ནོ། །འདི་ནི་དབུས་མཐའ་དང་། བརྒྱད་སྟོང་དོན་བསྡུ་སོགས་ལས། གཟུང་འཛིན་གཉིས་ཀྱི་དངོས་པོ་མེད་པའི་གཉིས་སྟོང་གི་དངོས་པོ་ཡོད་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། གང་ཟག་དང་ཆོས་ཀྱི་བདག་བཀག་པའི་སྟོང་ཉིད་ཀྱི་དངོས་པོ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་དུ་འདོད་པའི་རྣམ་རིག་པའི་ལྟ་བ་དགག་བྱའི་གཙོ་བོར་བྱས་ནས་འགོག་པ་ཡིན་ཀྱང་། བོད་འདིར་དེའི་མིང་འདོགས་གཞན་སྟོང་དུ་བསྒྱུར་ནས་དབུ་མའི་ལྟ་བ་མཐར་ཐུག་ཏུ་འདོད་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་ལུགས་རྣམས་དང་འགལ་བ་འབའ་ཞིག་ཡིན་པས་རང་གི་རྗེས་འབྲང་རྣམས་བསླུ་བར་མ་བྱེད་ཅིག གཉིས་པ་ནི། དེ་ལྟར་ན་ཐུབ་པས་མདོ་ལས་རྣམ་པར་ཐར་པའི་སྒོ་གསུམ་གསུངས་པ་ཚུལ་འདིས་བསལ་བས་ལུང་དང་འགལ་ཞིང་། ལུང་དང་རིག་པས་གྲུབ་པའི་ཆོས་ཉིད་སྟོང་པ་ཉིད་ལ་སྐུར་པ་བཏབ་པས། ལོག་པར་ལྟ་བར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཟབ་མོའི་མདོ་ལས་གསུངས་པའི་སྟོང་པ་ཉིད་ཀྱི་དོན་ནི་སྟོང་མི་སྟོང་ལ་སོགས་པ་ཐོག་མའི་དགག་བྱ་དང་། དེ་བཀག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་གྱི་ཁྱོད་ཀྱིས་བཟུང་བའི་གང་ཟག་དང་། ཆོས་ཀྱི་བདག་བཀག་ཟིན་ནས་དེས་སྟོང་པའི་སྟོང་ཉིད་ཡོངས་གཅོད་དུ་གྲུབ་པ་མདོའི་དགོངས་པ་མ་ཡིན་པའི་ཕྱིར་ཏེ། སྤང་བྱའི་དགྲ་ལས་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱུང་བ་ནི་སྟོང་པ་ཉིད་ཁོ་ན་ཡིན་ལ། ཞེས་དང་། རྒྱལ་བའི་ཡུམ་ལས་གཟུགས་སྟོང་པའམ་མི་སྟོང་པ་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །འོན་ཀྱང་ཅི་ལ་ཡང་མི་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སྟོང་ཉིད་ཡོད་མེད་ལ་སོགས་པའི་ཆོས་འགའ་ཞིག་ཏུ་ལྟ་བ་ཀུན་ངེས་པར་འབྱིན་པར་གསུངས་པའི་ཕྱིར་རོ། །དེ་ལ་གང་ཟག་མི་མཁས་པ་གང་དག་སྟོང་པ་ཉིད་ཅེས་པ་རང་གི་ངོ་བོས་གྲུབ་པར་ལྟ་བ་དེ་དག་སྲིད་པ་ལས་ཐར་པའམ། སྲིད་ཞི་གཉིས་ཀ་ལ་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་ཏུ་མེད་པ་མདོ་ལས་གསུངས་ཏེ་འོག་ཏུ་སྟོན་ནོ། །གཉིས་པ་ལུང་དང་སྦྱར་བ་ནི། དཀོན་མཆོག་བརྩེགས་པའི་མདོ་ལས། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང་། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པར་གང་དེ་ལྟར་སོ་སོར་རྟོག་པ་དེ་ནི་འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོག་པ་དེ་དག་ནི་ངའི་གསུང་རབ་འདི་ལས་ཉམས། རབ་ཏུ་ཉམས་ཞེས་དང་། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ན་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ནད་པ་ཞིག་ཡོད་ལ། སྨན་པས་དེ་ལ་སྨན་བཏང་ནས། སྨན་དེས་དེའི་ནད་ཐམས་ཅད་སྐྱོད་དེ་སྨན་ལྟོ་ན་འདུག་པ་ཉིད་མི་འབྱུང་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་སྐྱོད་ནས་སྨན་ལྟོར་མཆིས་པ་ཉིད་མ་བྱུང་ན་མི་དེའི་བྲོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་དུ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཁོ་ན་ཡིན་ན་འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་། །ཞེས་ངས་བཤད་དོ། །ཞེས་གསུངས་ཏེ། གཞུང་ལས་བཤད་པའི་རིག་པ་རྣམས་ཀྱིས་བཙལ་བའི་ཚེ་ཡོད་མེད་དང་། སྟོང་མི་སྟོང་ལ་སོགས་པའི་མཐའ་གང་ཡང་མ་རྙེད་པ་ཞིག་ལ་ཐ་སྙད་དུ་དབུ་མའི་ལྟ་བ་ཞེས་གསུངས་ཀྱི། ལྟ་བ་ཞེས་བྱ་བར་གྲུབ་པ་གཅིག་ཀྱང་མེད་པར་ཤེས་པར་བྱའོ། །བོད་ཁ་ཅིག དགག་བྱ་བདེན་པ་བཀག་ནས་བདེན་པར་མེད་དོ་སྙམ་པའི་ཞེན་པ་འགོག་ཏུ་མི་རུང་བར་འདོད་པ་ནི་བྱང་ཆུབ་སེམས་འགྲེལ་ལས་གསལ་བར་བཀག་ལ། གཞན་དག་ཆོས་ཉིད་བདེན་པར་གྲུབ་ཀྱང་བདེན་པར་ཞེན་པའི་བློ་སྤང་བྱར་འདོད་པའི་དཔེར་གཉེན་པོ་ཉིད་ལ་ཞེན་པ་སྤང་བྱར་བྱེད་པ་བཀོད་པ་ནི་ཞེན་ཡུལ་སུན་མ་ཕྱུང་བར་ཞེན་བྱེད་ཀྱི་བློ་སྤོང་མི་ནུས་པའི་དབུ་ཚད་ཀྱི་རིག་པའི་སྙིང་པོ་མ་ཤེས་པའི་སྐྱོན་ཡིན་ཞིང་། གཉེན་པོ་བཙལ་ན་མ་རྙེད་པ་ཞིག་མ་བྱུང་ན་གཉེན་པོ་ལ་ཞེན་པའི་བློ་ཡང་སྤོང་བའི་ཐབས་མེད་པས། དཔེ་ཉིད་ཀྱིས་ཀྱང་ཞེན་བྱེད་ཀྱི་བློ་སྤོང་བ་ལ་ཞེན་ཡུལ་བཙལ་ནས་མ་རྙེད་པ་དགོས་པར་གྲུབ་བོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། འདུ་བྱེད་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། །།གཉིས་པ་དེའི་སྒྲུབ་བྱེད་དགག་པ་ལ་གསུམ་སྟེ། བྱ་བ་ཕྲད་པ་དགག་པ། སྐྱེད་བྱེད་རྒྱུ་རྐྱེན་དགག་པ། གནས་སྐབས་བཅིང་ཐར་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། འདུ་བྱེད་བརྟག་པར་དངོས་པོ་རང་བཞིན་གྱིས་གྲུབ་པ་བཀག་མོད་ཀྱི། དེ་ལྟ་ན་ཡང་དེ་ཡོད་པ་ཉིད་དེ། མདོ་ལས། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་དང་། གསུམ་འདུས་པ་ལས་རེག་པའོ། །རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བའོ། །ཞེས་དང་། ཚོར་བ་དང་འདུ་ཤེས་ཞེས་བྱ་བའི་ཆོས་འདི་གཉིས་ནི་ཕྲད་པས་ཡིན་གྱི། མ་ཕྲད་པས་ནི་མ་ཡིན་ནོ་ཞེས་གསུངས་པས་འདུ་བྱེད་རྣམས་ལ་ཕྲད་པ་ཡོད་པའི་ཕྱིར་རོ་སྙམ་པ་ལ། ལུང་དེ་དག་དྲང་དོན་ཡིན་པས་ཕྲད་པ་རང་བཞིན་མེད་པར་བསྟན་པའི་ཕྱིར་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། དམ་བཅའ་མདོར་བསྟན། འཐད་པ་རྒྱས་པར་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་ནི། བལྟ་བྱ་གཟུགས་དང་། ལྟ་བ་མིག་དང་། ལྟ་བ་པོ་མིག་གི་རྣམ་པར་ཤེས་པ་གསུམ་པོ་དེ་དག་གཉིས་གཉིས་ཏེ། མིག་དང་གཟུགས་སམ། མིག་དང་རྣམ་པར་ཤེས་པའམ། རྣམ་པར་ཤེས་པ་དང་། གཟུགས་ལ་ཕན་ཚུན་ཕྲད་པ་ཡོད་པ་མ་ཡིན་ཞིང་། གསུམ་པོ་ཐམས་ཅད་ཀྱང་ནི་གཅིག་ཆར་ཕན་ཚུན་དུ་ཕྲད་པར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་དང་། དེའི་རྟེན་ཆགས་པ་གཙོ་སེམས་དང་། ཆགས་པར་བྱ་བའི་ཡུལ་ཡིད་དུ་འོང་བ་ཡང་གཉིས་གཉིས་དང་ཐམས་ཅད་ཕན་ཚུན་དུ་ཕྲད་པ་ཡོད་པ་མ་ཡིན་ལ་ཉོན་མོངས་པ་ལྷག་མ་ཞེ་སྡང་ལ་སོགས་པའི་ཆོས་གསུམ་པོ་རྣམས་དང་། སྐྱེ་མཆེད་ཀྱི་ལྷག་མ་རྣ་བ་ལ་སོགས་པའང་རྣམ་པ་གསུམ་གྱིས་དཔྱད་ནས་གཉིས་གཉིས་དང་། ཐམས་ཅད་ཕན་ཚུན་དུ་ཕྲད་པ་ཡོད་པ་མ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། གཞན་དུ་མ་གྲུབ་པས་ཕྲད་པ་མེད་པ། དེ་ཉིད་དང་གཞན་ཉིད་དུ་ཕྲད་པ་མེད་པའོ། །དང་པོ་ལ་གསུམ་སྟེ། ལྡོག་ཁྱབ་བསྟན་ནས་རྟགས་འགོད། རིག་པ་དེ་གཞན་ལའང་བསྒྲེ། ཕྱོགས་ཆོས་བསྒྲུབ་པའོ། །དང་པོ་ནི། འཕྲད་པ་ལ་རྫས་གཞན་གྱིས་ཁྱབ་པས་གང་གི་ཕྱིར་བལྟ་བྱ་དང་། བལྟ་བ་དང་། ལྟ་བ་པོ་ལ་སོགས་པ་དེ་དག་རྣམས་ལ་ཁྱབ་བྱེད་རྫས་གཞན་དེ་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་བྱ་ཕྲད་པར་མི་འགྱུར་ཏེ། ཕྲད་པར་གྱུར་ན་གཞན་དང་གཞན་དུ་གྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་བལྟ་བྱ་དང་། བལྟ་བ་ལ་སོགས་པ་ཕན་ཚུན་ལྟོས་པའི་ཆོས་རྣམས་འབའ་ཞིག་ལ་གཞན་ཉིད་མེད་པས་ཕྲད་པ་མེད་པར་མ་ཟད་ཀྱི་དཔྱད་ན་ཕྱི་རོལ་གྱི་དངོས་པོ་བུམ་པ་ལ་སོགས་པ་གང་ཡང་། སྣམ་བུ་ལ་སོགས་པ་གང་དང་ལྷན་ཅིག་ཏུ་ཕྲད་པ་མེད་དེ། རྫས་གཞན་ཉིད་དུ་མི་འཐད་པས་སོ། །གསུམ་པ་ལ་གཉིས་ཏེ། ཕན་ཚུན་ལྟོས་པས་གཞན་དུ་མི་འཐད་པ། གཞན་ཉིད་ཀྱི་སྤྱི་མེད་པས་གཞན་དུ་མི་འཐད་པའོ། །དང་པོ་ནི། འཇིག་རྟེན་ན་གཞན་བུམ་པ་ལ་སོགས་པ་ནི་གཞན་སྣམ་བུ་ལ་སོགས་པ་ལ་བརྟེན་ཏེ། གཞན་གྱི་ཐ་སྙད་དུ་འཇོག་ཅིང་ལྟོས་ས་སྣམ་བུ་སོགས་མེད་ན་གཞན་བུམ་པ་ལ་སོགས་པ་གཞན་གྱི་ཐ་སྙད་་འགྲུབ་པར་མི་འགྱུར་བར་མཐོང་བ་དེའི་ཕྱིར། བུམ་པ་ནི་ཆོས་ཅན། སྣམ་བུ་ལས་གཞན་དུ་མི་འཐད་དེ། སྣམ་བུ་ལ་ལྟོས་པའི་ཕྱིར། ཁྱབ་སྟེ། གང་ལ་བརྟེན་ཏེ་གཞན་གང་ཞིག་ཡིན་པ་དེ་ནི་ཡང་དག་པར་དེ་ལས་གཞན་དུ་མི་འཐད་པའི་ཕྱིར། ས་བོན་ལས་མྱུ་གུ་གཞན་དུ་མི་འཐད་པ་བཞིན་ནོ། །གལ་ཏེ་སྣམ་བུ་ལ་སོགས་པ་ལ་མ་ལྟོས་པར་བུམ་པ་གཞན་དུ་མ་གྲུབ་ཀྱང་། དེ་ལ་ལྟོས་ནས་གཞན་དུ་གྲུབ་པས་ཉེས་པ་མེད་དོ་སྙམ་ན། བུམ་པའི་གཞན་དེ་ཆོས་ཅན། སྣམ་བུ་ལ་སོགས་པའི་གཞན་མེད་པར་ཡང་གཞན་དུ་འགྱུར་ཏེ། གཞན་སྣམ་བུ་ལས་རང་བཞིན་གྱིས་གཞན་དུ་གྲུབ་པ་དེའི་ཚེ་སྟེ་དེའི་ཕྱིར་རོ། །འདོད་མི་ནུས་ཏེ། སྣམ་བུ་ལ་སོགས་པ་གཞན་མེད་པར་ནི། བུམ་པ་གཞན་དུ་འགྱུར་བ་ཡོད་པ་མིན་པར་འཇིག་རྟེན་ན་མཐོང་བ་དེའི་ཕྱིར་ན་རང་བཞིན་གྱིས་གཞན་དུ་གྲུབ་པ་མེད་དོ། །གཉིས་པ་ནི། གཞན་གྱི་སྡེ་པ་དག་གཞན་ཉིད་ཅེས་པའི་སྤྱི་དང་འབྲེལ་བས་གཞན་གྱི་ཐ་སྙད་དུ་འཇོག་པ་ཡིན་ནོ་ཞེ་ན། གཞན་ཉིད་ཀྱི་སྤྱི་དེ་གསལ་བ་གཞན་དུ་གྲུབ་པ་ལ་ཡོད་པ་མ་ཡིན་ཏེ། དེར་མ་དམིགས་པའི་ཕྱིར། གསལ་བ་གཞན་མ་ཡིན་པ་ལ་ཡང་ཡོད་པ་མིན་ཏེ། དེ་དང་འགལ་བ་གཅིག་ཉིད་ཀྱི་སྤྱི་ཡོད་པའི་ཕྱིར་རོ། །དེ་ལྟར་གསལ་བ་གཞན་དུ་འཇོག་པའི་རྒྱུ་མཚན་གཞན་ཉིད་ཀྱི་སྤྱི་ཡོད་པ་མ་ཡིན་ན། གསལ་བ་གཞན་ནམ་གཞན་མ་ཡིན་པ་དེ་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། དེ་དང་དེར་འཇོག་བྱེད་མེད་པའི་ཕྱིར་རོ། །གཉིས་པ་དེ་ཉིད་དང་གཞན་ཉིད་དུ་ཕྲད་པ་མེད་པ་ནི། ཕྲད་པ་རང་བཞིན་གྱིས་ཡོད་ན། ངོ་བོ་གཅིག་པའམ་གཞན་པ་ཞིག་ལ་རྟོག་དྲང་། དང་པོ་ལྟར་ན་དེ་ཉིད་དེ་ནི་དེ་དང་ཕྲད་པ་མེད་དེ། རང་ལ་ཕྲད་བྱ་ཕྲད་བྱེད་གཉིས་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན་གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་ཏེ། དངོས་པོ་ཐ་དད་ན་ཡུལ་དུས་གཅིག་ཏུ་འདུས་པར་མི་རུང་བའི་ཕྱིར། གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། ཕྲད་པའི་བྱ་བ་བྱེད་བཞིན་པ་དང་། བྱ་བ་རྫོགས་པས་ཕྲད་པ་དང་། བྱ་བ་ལ་དབང་དུ་གྱུར་པ་ཕྲད་པ་པོ་ཡང་ཡོད་པ་མ་ཡིན་ཏེ། ཕྲད་པ་རིག་པས་དཔྱད་ནས་བཀག་ཟིན་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས། མིག་ནི་ལྡན་པ་ཐམས་ཅད་མཐོང་འགྱུར་ཏེ། །མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པའང་། །མཚན་མོ་རྐྱེན་རྣམས་མེད་ན་མཐོང་མི་འགྱུར། །དེ་ཕྱིར་ལྡན་དང་བྲལ་བ་རྣམ་རྟོག་ཡིན། །མིག་ནི་སྣང་ལ་བརྟེན་ཏེ་ཡིད་འོང་དང་། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ལྟར་ལྡན་ལས་བརྟེན་ཏེ་མཐོང་བས་ན། །དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །གང་དག་རང་བཞིན་མེད་ཆོས་འདི་ཤེས་པ། །དཔའ་བོ་དེ་དག་འཇིག་རྟེན་མྱ་ངན་འདའ། །འདོད་པའི་ཡོན་ཏན་སྤྱད་ཀྱང་ཆགས་མེད་ཅིང་། །ཆགས་པ་རྣམས་སྤངས་སེམས་ཅན་འདུལ་བར་བྱེད། །འདི་ན་སེམས་ཅན་འགའ་མེད་སྲོག་མེད་ཀྱང་། །མི་དབང་རྣམས་ནི་སེམས་ཅན་ཕན་པ་མཛད། །སེམས་ཅན་ཡོད་པ་མིན་ཡང་དོན་མཛད་པ། །དེ་དག་རྣམས་ཀྱི་དེ་ནི་དཀའ་བ་ཆེ། །ཞེས་བྱ་བ་ནས། དེ་ལ་ནམ་ཡང་ཆགས་པ་ཡོད་མ་ཡིན། །གང་དག་ཆོས་ཉིད་འདི་ལ་མོས་གྱུར་པ། །དེ་དག་ཡིད་ནི་སྲིད་ལ་ཆགས་མི་འགྱུར། །ཞེས་བྱ་བའི་བར་དང་། དེ་བཞིན་དུ་གང་གིས་ལམ་བསྒོམ་ཆོས་ཀུན་སྟོང་པ་དང་། །བདག་མེད་ཡེ་ཤེས་རབ་ཏུ་བསྐྱེད་བྱས་ནས། །ཆོས་འདི་དག་ནི་རྣམ་པར་བསྒོམ་གྱུར་པ། །དེ་ཡི་སྤོབས་པ་ཐོགས་པ་མེད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ་དུས་མཉམ་པའི་རྒྱུ་རྐྱེན་རང་བཞིན་གྱིས་ཕྲད་པ་དངོས་སུ་བཀག་ནས་ཤུགས་ལ་ཐ་སྙད་དུ་ཕྲད་པ་ཁས་ལེན་པའི་བདེན་གཉིས་ཟུང་འཇུག་བསྟན་པར་ཤེས་པར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། ཕྲད་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །།གཉིས་པ་སྐྱེད་བྱེད་རྒྱུ་རྐྱེན་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་དངོས་པོའི་རང་གི་ངོ་བོ་དང་། དེའི་སྒྲུབ་བྱེད་བཀག་པ་དེ་ལྟ་ནའང་མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམས་ནི་རང་བཞིན་གྱིས་ཡོད་པ་ཉིད་དེ། ས་བོན་དང་། མ་རིག་པ་ལ་སོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ་སྙམ་ན། དེ་ཁོ་ན་ཉིད་དུ་ནི་རྒྱུ་རྐྱེན་མ་གྲུབ་ཅིང་། ཐ་སྙད་དུ་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཉིད་ཀྱི་སྒྱུ་མ་ལྟར་རང་བཞིན་མེད་པ་ཡིན་ནོ། །ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བསྟན་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས་དང་པོ་རིགས་པས་བསྒྲུབ་པ་ལ་བཞི་སྟེ། རང་བཞིན་མཐའ་བཞིར་གྲུབ་པ་དགག རང་བཞིན་ལ་གཞན་འགྱུར་བྱེ་བྲག་ཏུ་དགག མཐའ་བྲལ་གྱི་དབུ་མ་ལ་བློ་སྦྱར་བ། བྲལ་བྱའི་མཐའ་གཉིས་ངོས་བཟུང་བའོ། །དང་པོ་ལ་བཞི་སྟེ། རང་བཞིན་དང་གཞན་དངོས་སུ་གྲུབ་པ་དགག དངོས་པོ་དང་དངོས་མེད་དུ་གྲུབ་པ་དགག བཀག་པའི་དོན་དུ་ལྟ་བ་སྨད། བཀག་པ་དེ་ཉིད་ལུང་དང་སྦྱར་བའོ། །དང་པོ་ལ་གཉིས་ཏེ། རང་བཞིན་དུ་གྲུབ་པ་དགག གཞན་དངོས་སུ་གྲུབ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། རང་བཞིན་རྒྱུ་རྐྱེན་ལས་འབྱུང་བ་དོན་མེད་པ། རང་བཞིན་རྒྱུ་རྐྱེན་ལས་འབྱུང་བར་འགལ་བ། ཐ་སྙད་དུ་རང་གི་ལུགས་བརྗོད་པའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་དག་མ་འོངས་པ་ན་ཡོད་པའི་དངོས་པོའི་རང་བཞིན། རྒྱུ་རྐྱེན་ལས་འབྱུང་བར་འདོད་པ་ནི་རིག་པ་མ་ཡིན་ཏེ། དེ་གྲུབ་ཟིན་པའི་ཕྱིར་ད་ལྟར་གྱི་དངོས་པོ་བཞིན། གཉིས་པ་ནི། མདོ་སེམས་གཉིས་པོ་དག སྔར་མ་གྲུབ་ཀྱང་ཕྱིས་རྒྱུ་རྐྱེན་ལ་བརྟེན་ནས་རང་བཞིན་དུ་འབྱུང་བས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། ཁྱོད་འདོད་པའི་རང་བཞིན་ནི་ཆོས་ཅན། བྱས་པ་ཅན་དུ་འགྱུར་ཏེ། རྒྱུ་རྐྱེན་ལས་བྱུང་བའི་ཕྱིར། དེ་ལྟར་འདོད་དོ་སྙམ་ན། རང་བཞིན་བྱས་པ་ཅན་ཞེས་བྱ་བར་ཅི་ལྟ་བུར་ན་རུང་བར་འགྱུར་ཏེ། འཇིག་རྟེན་ན་མེའི་ཚ་བ་ལྟར་དེའི་ངོ་བོ་མི་འདོར་ཞིང་། དེ་བདག་གིར་བྱེད་པས་དེ་ལས་མི་འཁྲུལ་བ་ལ་རང་བཞིན་ཅེས་བརྗོད་པའི་ཕྱིར་རོ། །མེའི་ཚ་བ་རང་བཞིན་ཡིན་པ་ཡང་འཇིག་རྟེན་ན་གྲགས་པ་ཙམ་ཡིན་གྱི་དོན་ལ་མ་ཡིན་ཏེ། རྒྱུ་རྐྱེན་གྱིས་བྱས་པའི་ཕྱིར་རོ། །གསུམ་པ་ནི། འོ་ན་དངོས་པོ་རྣམས་ཀྱི་དེ་ཁོ་ནའི་རང་བཞིན་ཅི་ལྟ་བུ་ཞིག་ཡིན་ཞེ་ན། རང་གི་ངོ་བོ་ཅི་ལྟ་བ་བཞིན་བསྟན་པར་མི་ནུས་མོད། གདུལ་བྱ་རྣམས་ཀྱི་རྟོག་པར་བྱ་བའི་ཕྱིར། ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཆོས་རྣམས་ཀྱི་དེ་ཁོ་ནའི་རང་བཞིན་དག་གི་མཚན་ཉིད་ནི། ངོ་བོ་རྒྱུ་རྐྱེན་གྱིས་བཅོས་པ་མིན་པ་དང་། ཐ་སྙད་རྣམ་འཇོག་ཆོས་གཞན་ལ་ལྟོས་པ་མེད་པ་དང་། གཞན་དུ་མི་འགྱུར་བ་སྟེ། ཆོས་གསུམ་ལྡན་ཡིན་ལ། དེའི་མཚན་གཞི་ནི་སྤྲོས་བྲལ་གྱི་ཆོས་ཉིད་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཁོ་ནའོ། །ཞེས་བཤད་པས་སོ། །གཉིས་པ་ནི། དངོས་པོ་རྣམས་ལ་རང་བཞིན་ཡོད་པ་མ་ཡིན་པའི་ཕྱིར་ན་ནི། གཞན་གྱི་དངོས་པོ་ཡང་ག་ལ་ཡོད་དེ། གཞན་གྱི་དངོས་པོའི་རང་བཞིན་ནི་རང་གི་དངོས་པོ་ལ་ལྟོས་ནས་གཞན་གྱི་དངོས་པོའི་རང་བཞིན་ཡིན་ནོ། །ཞེས་བརྗོད་པས་རང་བཞིན་གྱིས་ཁྱབ་དགོས་པས་སོ། །གཉིས་པ་དངོས་པོ་དང་དངོས་མེད་དུ་གྲུབ་པ་དགག་པ་ལ་གཉིས་ཏེ། དངོས་པོར་གྲུབ་པ་དགག དངོས་མེད་དུ་གྲུབ་པ་དགག་པའོ། །དང་པོ་ནི། དེ་ལྟར་རང་བཞིན་དང་གཞན་དངོས་བཀག་ཀྱང་དངོས་པོ་ཙམ་ནི་མ་བཀག་པས་ཡོད་དོ་སྙམ་ན། མྱུ་གུ་དང་འདུ་བྱེད་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། དངོས་པོ་ཙམ་དུ་རང་བཞིན་གྱིས་གྲུབ་པ་མིན་ཏེ། ཁྱབ་བྱེད་རང་བཞིན་དང་ནི་གཞན་དངོས་དག་ཡོད་ན་དངོས་པོ་གྲུབ་པར་འགྱུར་ན་ཡང་རང་བཞིན་དང་གཞན་དངོས་མ་གྲུབ་པའི་ཕྱིར། ཁྱབ་སྟེ། རང་བཞིན་དང་ནི་གཞན་དངོས་དག་མ་གཏོགས་པའི་དངོས་པོ་ག་ལ་ཡོད་དེ་མེད་པའི་ཕྱིར། གཉིས་པ་ནི། དངོས་པོར་མ་གྲུབ་མོད། དངོས་པོར་མེད་པ་ཙམ་ཞིག་ཏུ་གྲུབ་བོ་སྙམ་ན། ཕྱི་ནང་གི་ཆོས་རྣམས་ཆོས་ཅན། དངོས་པོར་མེད་པ་ཙམ་དུ་ཡང་འགྲུབ་པར་མི་འགྱུར་ཏེ། གལ་ཏེ་དངོས་པོ་སྔར་བཀག་པས་མ་གྲུབ་པའི་ཕྱིར་ནའོ། །ཁྱབ་སྟེ། འཇིག་རྟེན་ན་དགག་བྱ་དངོས་པོ་གཞན་དུ་གྱུར་པ་སྟེ། དེ་ཞིག་པའམ་བཀག་པ་ལ་དངོས་མེད་ཡིན་ཞེས་བྱ་བར་སྐྱེ་བོ་སྨྲ་བའི་ཕྱིར་རོ། །གསུམ་པ་བཀག་པའི་དོན་དུ་ལྟ་བ་སྨད་པ་ནི། རང་གི་སྡེ་པ་དངོས་པོར་སྨྲ་བ་གང་དག་གཟུགས་ནི་གཟུགས་སུ་རུང་བ་དང་། ཚོར་བ་ནི་ཉམས་སུ་མྱོང་བ་ལ་སོགས་པའི་རང་བཞིན་དང་། གཟུགས་སེམས་སེམས་བྱུང་ལས་གཞན་པ་དང་། སེམས་སེམས་བྱུང་ཡང་གཟུགས་ལས་གཞན་པའི་དངོས་པོ་དང་། དེ་གསུམ་ཀའམ་སེམས་སེམས་བྱུང་ཙམ་དངོས་པོར་ཡོད་ཅེས་པ་དང་། འདས་མ་འོངས་དང་། མི་ལྡན་པའི་འདུ་བྱེད་དངོས་པོར་མེད་ཅེས་པའམ། གཟུང་འཛིན་གཉིས་དངོས་པོར་མེད་པ་ཉིད་དུ་ལྟ་བ་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་ཅི་ལྟ་བ་བཞིན་དུ་མཐོང་བ་མ་ཡིན་ཏེ། མཐའ་བཞི་པོ་དེ་དག་ཏུ་གྲུབ་པ་སྔར་བཀག་ཟིན་པའི་ཕྱིར་རོ། །བཞི་པ་བཀག་པ་དེ་ཉིད་ལུང་དང་སྦྱར་བ་ནི། མཐའ་བཞི་པོ་དེ་གྲུབ་པ་མ་ཡིན་པ་ནི། བཅོམ་ལྡན་འདས་དངོས་པོ་དང་། དངོས་པོ་མེད་པའི་རང་བཞིན་ཅི་ལྟར་གནས་པ་བཞིན་ཕྱིན་ཅི་མ་ལོག་པར་མཁྱེན་པས་ཚད་མའི་སྐྱེས་བུར་གྱུར་པ་དེའི་དགོངས་པ་ཡིན་ཏེ། དེའི་སྡེ་པ་ཀུན་གྱིས་ལུང་དུ་ཁས་ལེན་པའི་ཀ་ཏ་ཡ་ནྱའི་གདམས་ངག་ལས་ནི། ཡོད་པ་དང་མེད་པར་ལྟ་བ་གཉིས་ཀའང་ཐར་པ་འདོད་པ་རྣམས་ལ་དགག་པར་མཛད་པ་ཡིན་པའི་ཕྱིར། ཀ་ཏ་ཡ་ན་གང་གི་ཕྱིར། འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་། མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་གང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར་ཞེས་གསུངས་པས་སོ། །གཉིས་པ་རང་བཞིན་ལ་གཞན་འགྱུར་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། དགག་པ་དངོས་དང་། བཀག་པ་ལ་སྐྱོན་སྤོང་བའོ། །དང་པོ་ནི། གལ་ཏེ་མེའི་ཚ་བ་ལ་སོགས་པ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་ན། དངོས་པོ་དེ་ནི་ཆོས་ཅན། དུས་ནམ་ཡང་མེད་པ་ཉིད་དུ་མི་འགྱུར་བར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། ཁྱབ་སྟེ། རང་བཞིན་གཞན་དུ་འགྱུར་བ་ནི་འགལ་བས་ནམ་ཡང་འཐད་པར་མི་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་རྣམས་ཆོས་ཅན། གཞན་དུ་འགྱུར་བ་གང་གིས་ཡིན་ཏེ། གཞན་འགྱུར་ཉིད་མེད་པར་ཐལ། རང་བཞིན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར། ནམ་མཁའི་མེ་ཏོག་ལྟར་རོ་ཞེ་ན། ཁྱོད་ལྟར་ན་དངོས་པོ་རྣམས་ཆོས་ཅན། གཞན་དུ་འགྱུར་བར་ཅི་ལྟར་རུང་སྟེ་མི་རུང་བར་ཐལ། རང་བཞིན་གྱི་ཡོད་པ་ཡིན་པའི་ཕྱིར་ན་ཡང་ནམ་མཁའི་མི་སྒྲིབ་པ་ལྟར་རོ། །གསུམ་པ་མཐའ་བྲལ་གྱི་དབུ་མ་ལ་བློ་སྦྱར་བ་ནི། མཁས་པ་སྟོན་པ་ལ་ཚད་མར་བྱེད་པ་རང་གི་སྡེ་པ་དག་གིས་རྣམ་པར་དཔྱད་པའི་ཚེ་ཡོད་པ་དང་། མེད་པའི་ལྟ་བ་ལ་གནས་པར་མི་བྱ་སྟེ། རྣམ་པར་དཔྱད་པའི་ཚེ་ཡོད་མེད་གཉིས་དང་བྲལ་བར་གྲུབ་པས། ཡོད་ཅེས་བྱ་བར་འཛིན་པ་རྟག་པར་འཛིན་པ་དང་། མེད་ཅེས་བྱ་བ་འཛིན་པ་ཆད་པར་ལྟ་བར་ཐལ་བར་འགྱུར་ལ། དེ་གཉིས་ནི་བདེ་འགྲོ་དང་། ངན་འགྲོའི་རྒྱུ་ཡིན་པས་འཁོར་བའི་རྒྱུ་བྱེད་པ་དེའི་ཕྱིར། བཞི་པ་བྲལ་བྱའི་མཐའ་གཉིས་ངོས་བཟུང་བ་ནི། རྟག་ཆད་ཀྱི་མཐའ་གཉིས་པོ་ཉིད་གང་ཞེ་ན། ཁྱོད་ལྟར་ཕྱི་ནང་གི་དངོས་པོ་གང་ཞིག རང་བཞིན་གྱིས་ཡོད་པ་དེ་ནི་རྟག་པར་ཐལ་བར་འགྱུར་ཏེ། དུས་ནམ་ཡང་མེད་པ་མ་ཡིན་པའི་ཕྱིར་རོ། །རང་བཞིན་གྱིས་ཡོད་པའི་དངོས་པོ་དེ་ཉིད་རྫས་སྐད་ཅིག་གཉིས་པར་མི་གནས་པའམ། རྒྱུན་ཆད་པ་དེ་ནི་ཆད་པར་ཐལ་བར་འགྱུར་ཏེ། སྔོན་རང་བཞིན་དུ་བྱུང་ནས་ད་ལྟར་ཏེ་ཕྱིས་མེད་ཅེས་པ་དེས་ན་སྟེ་དེའི་ཕྱིར་རོ། །འདི་ནི་གྲུབ་མཐས་བརྟགས་པའི་རྟག་ཆད་ཡིན་པས་ཐ་སྙད་དུ་ཡང་ཁས་མི་ལེན་ལ། མཆོད་བརྗོད་དུ་བཤད་པ་ནི་འཇིག་རྟེན་ན་གྲགས་པའི་རྟག་ཆད་ཡིན་པས་ཐ་སྙད་དུ་ཁས་ལེན་པའི་ཁྱད་པར་ཤེས་པར་བྱའོ། །གཉིས་པ་ལུང་དང་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས། ཐམས་ཅད་བསམ་ཡས་ཐམས་ཅད་འབྱུང་མིན་པས། །དངོས་དང་དངོས་མེད་ཤེས་པས་རྣམ་པར་ཤིག །བྱིས་པ་གང་དག་སེམས་ཀྱི་དབང་སོང་བ། །དེ་དག་སྲིད་པ་བྱེ་བ་བརྒྱར་སྡུག་བསྔལ། །ཞེས་བྱ་བ་དང་། དེ་བཞིན་དུ། སྔོན་འདས་དུས་ཀྱི་བསྐལ་པ་བསམ་ཡས་ན། །མི་ཡི་གཙོ་བོ་བྱུང་བ་ངས་དྲན་ཏེ། །དྲང་སྲོང་ཆེན་པོའི་གཟིངས་ཀྱི་དོན་མཛད་པ། །མིང་ནི་དངོས་པོ་མེད་ལས་བྱུང་ཞེས་བྱ། །སྐྱེས་མ་ཐག་ཏུ་མཁའ་ལ་རབ་ཏུ་གནས། །ཆོས་རྣམས་ཐམས་ཅད་དངོས་པོ་མེད་པར་བསྟན། །དེ་ཚེ་དེ་དང་མཐུན་པར་མཚན་བཏགས་ཏེ། །སྒྲས་ནི་འཇིག་རྟེན་ཀུན་ཏུ་གྲགས་པར་བྱས། །ལྷ་རྣམས་ཐམས་ཅད་རབ་ཏུ་སྒྲ་འབྱིན་པ། །དངོས་པོ་མེད་ཅེས་བྱ་བའི་རྒྱལ་བར་འགྱུར། །སྐྱེས་མ་ཐག་ཏུ་གོམ་པ་བདུན་བོར་ཏེ། །རྒྱལ་བས་ཆོས་རྣམས་དངོས་པོར་མེད་པར་བཤད། །ཐུབ་པ་ཆོས་རྣམས་ཐམས་ཅད་སྟོན་པ་ཡི། །སངས་རྒྱས་ཆོས་ཀྱི་རྒྱལ་པོར་ནམ་གྱུར་ཚེ། །རྩྭ་ཤིང་གེལ་པ་སྨན་རི་བྲག་རྣམས་ལས། །ཆོས་རྣམས་དངོས་པོ་མེད་ཅེས་སྒྲ་ཡང་འབྱུང་། །འཇིག་རྟེན་དེ་ན་ཇི་སྙེད་སྒྲ་ཡོད་པ། །ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །དེ་ལྟ་བུ་ནི་འཇིག་རྟེན་འདྲེན་པ་ཡི། །སྒྲ་དབྱངས་རྣམ་པ་ཤིན་ཏུ་བྱུང་བར་གྱུར། །ཞེས་གསུངས་ཏེ། ཐམས་ཅད་དངོས་མེད་ཅི་ཡང་མེད་པ་ཞེས། །ཞེས་གསུངས་པའི་དོན། མེད་པར་དགག་པ་བརྗོད་པར་འདོད་པའི་ཕྱིར། དངོས་པོ་མེད་པའི་དོན་ནི་རང་བཞིན་མེད་པའི་དོན་ཡིན་ནོ། །ཞེས་འགྲེལ་པས་བཤད་དོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། རང་བཞིན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། །།གསུམ་པ་གནས་སྐབས་བཅིང་ཐར་དགག་པ་ལ་གསུམ་སྟེ། འཁོར་བ་རང་གི་ངོ་བོ་དགག དེའི་སྒྲུབ་བྱེད་ལས་འབྲས་དགག དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་བསྟན་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་དངོས་པོའི་རང་བཞིན་བཀག་ཀྱང་ཡོད་པ་ཉིད་དེ། འཁོར་བ་ཡོད་པའི་ཕྱིར་དང་། བཅིང་བ་དང་། ཐར་པའི་གནས་སྐབས་མེད་ན་འཁོར་བ་ཉིད་ཀྱང་མི་རུང་བའི་ཕྱིར་སྙམ་པ་ལ། འཁོར་འདས་དང་བཅིང་ཐར་རང་བཞིན་མེད་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། འཁོར་འདས་རང་བཞིན་གྱིས་གྲུབ་པ་དགག བཅིང་ཐར་རང་བཞིན་གྱིས་གྲུབ་པ་དགག བཀག་པ་ལ་ཧ་ཅང་ཐལ་བ་སྤང་བའོ། །དང་པོ་ལ་གཉིས་ཏེ། འཁོར་བ་རང་བཞིན་གྱིས་གྲུབ་པ་དགག མྱང་འདས་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གཉིས་ཏེ། འདུ་བྱེད་འཁོར་བ་དགག གང་ཟག་འཁོར་བ་དགག་པའོ། །དང་པོ་ནི། གལ་ཏེ་འཁོར་བ་རང་བཞིན་གྱིས་ཡོད་ན། ཕུང་པོའམ་གང་ཟག་འཁོར་དྲང་། དེ་ལ་གལ་ཏེ་རང་གི་སྡེ་པ་དག འདུ་བྱེད་ཕུང་པོ་འཁོར་ཞེ་ན། ཕུང་པོ་རྟག་པའམ་མི་རྟག་པ་ཞིག་འཁོར། དང་པོ་ལྟར་ཕུང་པོ་དེ་དག་རྟག་པ་ཡིན་ན་མི་འཁོར་ཏེ། འཁོར་བའི་བྱ་བ་གནས་སྐབས་སྔ་ཕྱི་གཏོང་ལེན་མི་རུང་བའི་ཕྱིར་རོ། །གཉིས་པ་ལྟར་མི་རྟག་པ་ཡིན་ན་ཡང་འཁོར་བར་མི་འགྱུར་ཏེ། སྔ་མར་འོངས་པ་དེ་ཕྱི་མར་འགྲོ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གང་ཟག་འཁོར་ན་རྫས་སུ་ཡོད་པའམ་བརྟག་པར་ཡོད་པ་ཞིག་འཁོར་དྲང་། གཞན་གྱི་སྡེ་པ་དག་ཕུང་པོ་ལ་མ་ལྟོས་པའི་རྫས་སུ་ཡོད་པའི་སེམས་ཅན་འཁོར་བར་འདོད་པ་མི་འཐད་དེ། དེ་ལ་ཡང་རྟག་མི་རྟག་དཔྱད་པའི་རིམ་པ་འདི་མཚུངས་པའི་ཕྱིར་རོ། །གཉིས་པ་ལྟར་རང་གི་སྡེ་པ་ཁ་ཅིག་གལ་ཏེ་རྫས་སུ་ཡོད་པའི་བདག་འཁོར་བ་ལ་དེ་མཚུངས་ཀྱང་། ཕུང་པོ་ལས་དེ་ཉིད་དང་། གཞན་ཉིད་རྟག་མི་རྟག་བརྗོད་དུ་མེད་པའི་གང་ཟག་འཁོར་བས་སྔར་གྱི་ཉེས་པ་མི་མཚུངས་སོ་ཞེ་ན། བརྗོད་དུ་མེད་པའི་གང་ཟག་གང་ཞིག་འཁོར་བར་འགྱུར་ཏེ། མི་འཐད་པར་ཐལ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་དེ་ནི་ངོ་བོ་གཅིག་དང་ཐ་དད་དང་ལྡན་པ་དང་། རྟེན་དང་བརྟེན་པ་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་རོ། །གཞན་ཡང་བདག་དེ་ཡོད་དུ་ཆུག་ན་ཡང་། དེ་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འཁོར་ན། མིའི་ཉེར་ལེན་བཏང་ནས་ལྷའི་ཉེར་ལེན་མ་བླངས་པའི་བར་དུ་སྲིད་པ་ཕུང་པོ་མེད་པར་འགྱུར་ཏེ། མིའི་ཉེར་ལེན་འགག་ནས་ལྷའི་ཉེར་ལེན་མ་སྐྱེས་པའི་ཕྱིར་རོ། །བར་དེར་སྲིད་པ་མེད་ཅིང་ཉེ་བར་ལེན་པའི་ཕུང་པོ་མེད་ན་བདག་དེ་གང་ཅི་ཞིག་འཁོར་བར་འགྱུར་ཏེ། བར་དེར་བདག་ཏུ་གདགས་པའི་གཞི་མེད་པས་འཁོར་བ་པོའི་བདག་མེད་པའི་ཕྱིར་རོ། །གཉིས་པ་མྱང་འདས་རང་བཞིན་གྱིས་གྲུབ་པ་དགག་པ་ལ་གཉིས་ཏེ། ཕུང་པོ་མྱ་ངན་ལས་འདས་པ་དགག གང་ཟག་མྱ་ངན་ལས་འདའ་བ་དགག་པའོ། །དང་པོ་ནི། གལ་ཏེ་མྱང་འདས་རང་བཞིན་གྱིས་ཡོད་ན་ཕུང་པོའམ། བདག་ལ་ཡོད་དྲང་། དང་པོ་ལྟར་ན། འདུ་བྱེད་ཕུང་པོ་མྱ་ངན་ལས་འདའ་བར་ནི་རྟག་པའམ། མི་རྟག་པ་ཅི་ལྟ་བུར་ཡང་མི་འཐད་དེ། རྟག་པ་འགྱུར་མེད་ལ་སྐྱོན་ཡོན་སྤོང་ལེན་མི་རུང་ཞིང་། མི་རྟག་པ་སྐད་ཅིག་མར་འགགས་པས་སྐྱོན་ཡོན་སྤོང་ལེན་མི་ནུས་པའི་ཕྱིར་རོ། །གཉིས་པ་ནི། བརྟག་པ་གཉིས་པ་ལྟར་སེམས་ཅན་མྱ་ངན་ལས་འདའ་བ་ཡང་རྫས་ཡོད་དང་བཏགས་ཡོད་ཅི་ལྟ་བུར་ཡང་མི་འཐད་དེ། རྫས་ཡོད་ཡིན་ན་རྟག་མི་རྟག་དཔྱད་པའི་རིག་པ་མཚུངས་པའི་ཕྱིར་དང་། བཏགས་ཡོད་ཡིན་ན་ཕུང་པོ་ལ་རྣམ་པ་ལྔས་བཙལ་བའི་ཚེ་ན་མི་རྙེད་པའི་ཕྱིར་རོ། །གཉིས་པ་བཅིང་ཐར་རང་བཞིན་གྱིས་གྲུབ་པ་དགག་པ་ལ་གཉིས་ཏེ། ཐུན་མོང་དུ་དགག སོ་སོར་དགག་པའོ། །དང་པོ་ནི། དེ་ལྟར་འཁོར་འདས་བཀག་མོད་ཀྱི་དེ་ལ་དངོས་པོའི་རང་བཞིན་ཡོད་དེ། ཉོན་མོངས་པའི་ལྕགས་སྒྲོག་གིས་བཅིངས་པ་དང་། དེ་ལས་ཐར་པ་ཡོད་པའི་ཕྱིར་སྙམ་ན། དེ་ལ་ཡང་སྔ་མ་ལྟར་བླང་བྱ་དང་། ལེན་པ་པོ་ལ་དཔྱད་ན་མཚུངས་ཏེ། རེ་ཤིག་བླང་བྱ་འདུ་བྱེད་རྣམས་ནི་ཆོས་ཅན། ལས་དང་ཉོན་མོངས་པས་མི་འཆིང་ཞིང་དེ་ལས་གྲོལ་བར་མི་འགྱུར་ཏེ། སྐད་ཅིག་དང་པོར་སྐྱེས་པ་གཉིས་པར་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པ་པོའི་སེམས་ཅན་ཡང་ཆོས་ཅན། མི་འཆིང་ཞིང་གྲོལ་བར་མི་འགྱུར་ཏེ། མི་རྟག་པ་ཡིན་ན། སྔ་མ་འདུ་བྱེད་བཞིན་དུ་ཉེས་པ་མཚུངས་ལ། རྟག་པ་ཡིན་ན་བཅིང་ཐར་གྱི་བྱ་བ་མི་འཐད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། བཅིང་པ་དགག་པ། གྲོལ་བ་དགག་པའོ། །དང་པོ་ལ་གསུམ་སྟེ། ཉེར་ལེན་དང་བཅས་མ་བཅས་ལ་བརྟག་སྟེ་དགག བཅིང་བྱ་བཅིང་བྱེད་ཀྱི་དུས་ལ་བརྟག་སྟེ་དགག ལས་ལ་དུས་གསུམ་དུ་དཔྱད་དེ་དགག་པའོ། །དང་པོ་ནི། གལ་ཏེ་ཉེ་བར་ལེན་པ་འདོད་ཆགས་ལ་སོགས་པས་འདུ་བྱེད་དམ་གང་ཟག་འགའ་ཞིག་འཆིང་ན། བཅིང་བྱ་ཉེར་ལེན་སྔར་ཡོད་པའམ་མེད་པ་ཞིག་འཆིང་དྲང་། དེ་ལ་ཉེ་བར་ལེན་པ་དང་བཅས་པ་འཆིང་བར་མི་འགྱུར་ཏེ། དོན་མེད་པའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པ་ཡང་མི་འཆིང་སྟེ། ཕན་ཚུན་འགལ་བས་བཅིང་བར་མི་ནུས་པའི་ཕྱིར་རོ། །དེ་གཉིས་ལས་གཞན་པའི་གནས་སྐབས་གང་ཞིག་འཆིང་བར་འགྱུར་ཏེ། ཉེར་ལེན་ཡོད་མེད་དངོས་འགལ་ཡིན་པས་ཕུང་པོ་གསུམ་པ་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་ལྕགས་སྒྲོག་སྔར་གྲུབ་པས་ལྷ་བྱིན་འཆིང་བ་ལྟར། བཅིང་བྱ་འདུ་བྱེད་དམ་གང་ཟག་གི་སྔ་རོལ་ན་འཆིང་བར་བྱེད་པ་འདོད་ཆགས་ལ་སོགས་པ་ཡོད་ན། དེས་དེ་དག་འཆིང་ལ་རག་ན་འཆིང་བྱེད་སྔར་གྲུབ་པ་དེ་ཡང་མེད་དེ། རྟེན་མེད་པའི་ཕྱིར་དང་། བཅིང་བྱའི་སྔར་གྲུབ་ན་བཅིང་བྱ་དང་འབྲེལ་བ་དགོས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། བཅིངས་པ་སུན་འབྱིན་པའི་ལྷག་མ་ནི་སྔར་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བའི་བྱ་བ་བཀག་པས་བསྟན་པར་ཤེས་པར་བྱ་སྟེ། རེ་ཤིག་བཅིངས་པ་མི་བཅིང་སྟེ་ཞེས་སོགས་འདོན་པ་བསྒྱུར་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ནི། གལ་ཏེ་མདོ་ལས་གྲོལ་བའི་ཐབས་གསུངས་ལས་གྲོལ་བ་ཡོད་ལ། དེ་ཡོད་པས་བཅིངས་པ་ཡང་ཡོད་དོ་ཞེ་ན། གྲོལ་བ་ཉིད་དཔྱད་ན་བཅིང་བའམ་མ་བཅིངས་པ་ཞིག་ལ་ཡོད་དྲང་། དེ་ལ་རེ་ཤིག་བཅིངས་པ་ནི་མི་གྲོལ་ཏེ། བྱ་བ་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ། གྲོལ་བར་འགྱུར་བ་དོན་མེད་པའི་ཕྱིར་རོ། །གལ་ཏེ་བཅིངས་པ་ལ་གྲོལ་བ་མི་རུང་བས་བཅིངས་པ་དེ་གྲོལ་བཞིན་པ་ཡིན་པར་རྟོག་ན། དེ་ཡང་མི་འཐད་དེ། དེ་ལྟར་ན་བཅིངས་དང་གྲོལ་བ་དུས་གཅིག་ཏུ་འགྱུར་ན། དེ་གཉིས་བྱ་བ་འགལ་བ་ལ་དུས་གཅིག་ཏུ་སྲིད་པ་མ་ཡིན་པའི་ཕྱིར་སྣང་མུན་བཞིན། གསུམ་པ་བཀག་པ་ལ་ཧ་ཅང་ཐལ་བ་སྤང་བ་ནི། ཉན་ཐོས་སྡེ་པ་དག་དེ་ལྟར་འཁོར་བ་དང་མྱང་འདས་གཉིས་མེད་ན་བདག་འཁོར་བའི་འབྲོག་དགོན་པ་ལས་བརྒལ་ནས་ནམ་ཞིག་མྱ་ངན་ལས་འདས་པར་འགྱུར། ནམ་ཞིག་མྱང་འདས་བདག་གིར་འགྱུར་ཞེས་སྲིད་ཞི་ལ་སྤང་བླང་དུ་འདུན་པ་ཆེན་པོ་དང་། དེས་ཀུན་ནས་སླང་བའི་བཤེས་གཉེན་བསྟེན་པ་དང་། ཚུལ་ཁྲིམས་དང་། ཐོས་བསམ་བསྒོམ་པ་ལ་སོགས་པ་སྲིད་པ་སྤངས་ཤིང་ཞི་བ་ཐོབ་པའི་དོན་དུ་འཇུག་པའི་བྱ་བ་ཐམས་ཅད་དོན་མེད་པར་འགྱུར་རོ་ཞེ་ན། བདག་ནི་ལེན་པ་མེད་པར་མྱ་ངན་ལས་འདའོ། །མྱ་ངན་ལས་འདས་པ་ནི་བདག་གིར་འགྱུར་རོ། །ཞེས་དེ་ལྟར་གང་དག་འཛིན་པ་ཆོས་ཅན། དེས་ཀུན་ནས་བསླངས་པའི་རྩོམ་པ་ཅི་སྙེད་པ་ཐམས་ཅད་ཀྱིས་ཀུན་རྫོབ་ཏུ་ཡང་མྱ་ངན་ལས་མི་འདའ་བ་ཁོ་ན་ཡིན་ཏེ། འཇིག་ཚོགས་ལ་ལྟ་བས་ཉེར་ལེན་ལ་འཛིན་པ་ཆེན་པོ་ཡིན་པའི་ཕྱིར་ཏེ། སྤང་བླང་གཉིས་སམ། བདག་དང་བདག་གི་བ་མ་གྲུབ་པ་ཡིན་པ་ལ་དེ་ལས་ཕྱིན་ཅི་ལོག་ཏུ་ལྟ་བ་ཡིན་པའི་ཕྱིར་རོ། །འོ་ན་ཚུལ་ཅི་ལྟ་བུས་མྱ་ངན་ལས་འདའ་བར་འགྱུར་ཞེ་ན། ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་གང་ལ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཡོན་ཏན་གསར་དུ་སྐྱེ་བ་མེད་ཅིང་འཁོར་བ་ཞེས་བྱ་བའི་སྐྱོན་རྙིང་པ་བསལ་བར་བྱ་བའང་ཡོད་པ་མ་ཡིན་པར་མངོན་སུམ་དུ་རྟོགས་པ་དེ་ཆོས་ཅན། ཐ་སྙད་དུ་མྱ་ངན་ལས་འདས་པ་ཞེས་བརྗོད་དེ། སྲིད་ཞི་གདོད་མ་ནས་མ་གྲུབ་པར་མཉམ་པ་ཉིད་ཡིན་པ་དེ་ལ་སྤང་བྱ་འཁོར་བ་ཅི་ཞིག་ཡིན་ཞིང་། བླང་བྱ་མྱ་ངན་ལས་འདས་པར་ཅི་ཞིག་ཡིན་པར་བརྟགས་ཏེ། གདོད་མ་ནས་མ་གྲུབ་པ་ལ་དེ་ལྟར་དུ་རྟོག་པ་ཡིན་པའི་ཕྱིར། འདིས་དབུ་མ་པའི་ལུགས་ཀྱི་ཟད་མི་སྐྱེ་ཤེས་པ་གསལ་བར་བྱས་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །ཅེས་སོགས་གསུངས་པ་དང་། མངོན་རྟོགས་རྒྱན་ལས། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ། །ཞེས་སོགས་གསུངས་པ་དང་དོན་གཅིག་པས་དངོས་པོར་སྨྲ་བའི་ལུགས་ལས་ཁྱད་པར་དུ་བྱས་པའོ། །གཉིས་པ་ལུང་དང་སྦྱར་བ་ནི། འཕགས་པ་བདུད་འདུལ་བའི་མདོ་ལས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན་གང་ཞིག་བཏང་བ། ཁྱོད་སུས་བཅིངས་སྨྲས་པ། འཇམ་དཔལ་བདག་སུས་བཅིངས་པ་མི་ཤེས་སོ། །སྨྲས་པ། སྡིག་ཏོ་ཅན་ཁྱོད་ཇི་ལྟར་མ་བཅིངས་པར་འདུ་ཤེས་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་མི་རྟག་པ་ལ་རྟག་པར་འདུ་ཤེས་པ། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ། མི་གཙང་བ་ལ་གཙང་བར་འདུ་ཤེས་པ། གཟུགས་མེད་པ་ལ་གཟུགས་སུ་འདུ་ཤེས་པ། ཚོར་བ་དག་མེད་པ་དང་། འདུ་ཤེས་དག་མེད་པ་དང་། འདུ་བྱེད་དག་མེད་པ་དང་། རྣམ་པར་ཤེས་པ་དག་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་འདུ་ཤེས་པ་ཡིན་ནོ། །གཞན་ཡང་སྡིག་ཅན་ཁྱོད་གྲོལ་བར་འགྱུར་ན་གང་ལས་གྲོལ་བར་འགྱུར། སྨྲས་པ། བདག་ནི་བདག་ལས་ཀྱང་གྲོལ་བར་མི་འགྱུར་རོ། །སྨྲས་པ་དེ་བཞིན་དུ་སྡིག་ཅན་གང་དག་གྲོལ་བར་འགྱུར་བ་དེ་དག་ཀྱང་ཡང་དག་པ་མ་ཡིན་པའི་འདུ་ཤེས་གང་ཡིན་པ་དེ་ཡོངས་སུ་ཤེས་པ་མ་གཏོགས་པར་གང་ལས་ཀྱང་གྲོལ་བར་འགྱུར་བ་མེད་དེ། དེ་ཡོངས་སུ་ཤེས་ནས་གྲོལ་བ་ཞེས་བྱའོ། །ཞེས་གསུངས་ཏེ། ལུང་འདི་ལས་ན་ཡང་དག་པ་མ་ཡིན་པའི་ཕྱིན་ཅི་ལོག་ཏུ་རྟོག་པ་ཙམ་གྱིས་འཆིང་བའི་འཁྲི་ཤིང་རྣམ་པར་ཆད་པ་ལ་ཐར་པ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རྨི་ལམ་དུ་རྨིས་པའི་མེ་འབར་བ་ཆུ་དག་གིས་བསད་པ་བཞིན་ནོ། །ཞེས་བཤད་དོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །།གཉིས་པ་དེའི་སྒྲུབ་བྱེད་ལས་འབྲས་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་འཁོར་བ་བཀག་ཀྱང་ཡོད་པ་ཉིད་དེ། མདོ་ལས། བདག་གིས་བྱས་པའི་ལས་རྣམས་ནི། །བདག་གིས་སོ་སོར་མྱོང་བར་འགྱུར། །ཞེས་པའི་ཚུལ་གྱིས་ལས་དང་འབྲས་བུ་ཡོད་པའི་ཕྱིར་དང་། གལ་ཏེ་འདུ་བྱེད་དམ་གང་ཟག་སྔ་མ་ནི་འདིར་འོངས་པ་དང་། འདི་ནས་ཕྱི་མར་འགྲོ་བའི་འཁོར་བ་ཡོད་པར་མ་གྱུར་ན་ལས་དང་ལས་ཀྱི་འབྲས་བུ་སྔ་ཕྱིར་འབྱུང་བ་མི་རུང་བའི་ཕྱིར། ཞེས་རྒོལ་བ་ལ་ལས་དང་འབྲས་བུ་རང་བཞིན་མེད་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གཉིས་ཏེ། ལས་འབྲས་རང་བཞིན་གྱིས་གྲུབ་པའི་ཕྱོགས་འགོད། དེ་ཉིད་རྣམ་པར་དཔྱད་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། ལས་ཀྱི་རྣམ་པར་གཞག་པ། དེ་ལ་རྟག་ཆད་སྤོང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དགེ་བའི་ལས་བཤད་པ། ལས་གསུམ་དུ་དབྱེ་བ། ལས་བདུན་དུ་དབྱེ་བའོ། །དང་པོ་ནི། ཕུང་པོ་ལ་བརྟེན་ནས་བརྟགས་པའི་གང་ཟག་བདག་ཉིད་སྲོག་གཅོད་ལ་སོགས་པ་སྒོ་གསུམ་གྱི་ཉེས་སྤྱོད་ལེགས་པར་སྡོམ་པའི་སེམས་དང་། བསྡུ་དངོས་བཞི་དང་། འཇིགས་པ་ལས་སྐྱོབ་པ་ལ་སོགས་པ་གཞན་ལ་སྦྱོར་བས་ཕན་འདོགས་པའི་སེམས་དང་། གཞན་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པའི་སེམས་གང་ཡིན་པ་དེ་ངན་འགྲོར་ལྟུང་བ་ལས་འཛིན་པའི་ཆོས་ཡིན་ལ་དེ་ནི་ཚེ་འདི་དང་ཚེ་གཞན་དུ་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་འོང་བ་འགྲུབ་པར་བྱེད་པའི་ས་བོན་ཡིན་ཏེ། འབྲས་བུ་ཐུན་མོང་མ་ཡིན་པ་ལ་ཕན་འདོགས་པར་བྱེད་པའི་ཕྱིར། འདིར་སྔ་རབས་པ་དག་ཤུགས་བསྟན་མི་དགེ་བ་ལ་ཡང་སྦྱར་མོད་ཀྱི་འགྲེལ་པར། དེ་ལྟར་རེ་ཤིག་སེམས་ཀྱི་བདག་ཉིད་ཅན་གྱི་ཆོས་གཅིག་ཉིད་རྣམ་པར་བཞག་ནས་སླར་ཡང་བཅོམ་ལྡན་འདས། དྲང་སྲོང་མཆོག་གིས་ལས་རྣམས་ནི། །ཞེས་སྦྲེལ་བས་ཆོས་གཅིག་པོ་བསྟན་པར་བཤད་དོ། །གཉིས་པ་ནི། དོན་དམ་རྟོགས་ཤིང་འཕགས་པ་གཞན་ལས་མཆོག་ཏུ་གྱུར་པ་དྲང་སྲོང་མཆོག་སངས་རྒྱས་ཀྱི་སྤྱིར་ལས་རྣམས་ནི་སེམས་པའི་ལས་དང་། བསམ་པའི་ལས་གཉིས་སུ་གསུངས་ལ། ལས་གཉིས་པོ་དེ་དག་གི་བྱེ་བྲག་ནི་རྣམ་པ་དུ་མ་ཡོངས་སུ་བསྒྲགས་ཏེ། གཉིས་པོ་དེ་ལ་ལས་གང་སེམས་པ་ཞེས་གསུངས་པ་དེ་ནི་ཡིད་ཀྱིས་འདོད་དེ། ཡིད་ལ་ཡོད་པའམ་ཡིད་དང་མཚུངས་ལྡན་གྱི་སེམས་པ་ཡིན་པའི་ཕྱིར་རོ། །བསམ་པ་ཞེས་ནི་གང་གསུངས་པ་དེ་ནི་ལུས་དང་ངག་གི་ཡིན་པར་འདོད་དེ། ལུས་དང་ངག་ལ་ཡོད་པའམ། ལུས་ངག་དང་དུས་མཉམ་དུ་རྒྱུ་བའི་སེམས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། དེ་དག་རྒྱས་པར་དབྱེ་ན་བདུན་དུ་ཡང་འགྱུར་ཏེ། ངག་སྨྲ་བ་དང་། ལུས་སྐྱོད་པ་སྟེ་དགེ་བ་དང་། མི་དགེ་བའི་རྣམ་པར་རིག་བྱེད་གཉིས་དང་། སྲོག་གཅོད་ལ་སོགས་པ་མི་དགེ་བ་མི་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་གང་ཡིན་པ་སྡོམ་པ་མ་ཡིན་པ་དང་། སྲོག་གཅོད་ལ་སོགས་པ་ཉེས་སྤྱོད་སྤོང་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྡོམ་པ་སྟེ་གཞན་རིག་བྱེད་མ་ཡིན་པ་དག་ཀྱང་ནི་སྔ་མ་དེ་བཞིན་དུ་དགེ་བ་དང་མི་དགེ་བ་གཉིས་སུ་འདོད་དོ། །ལོངས་སྤྱོད་ཕུལ་བས་དགེ་འདུན་ལ་སོགས་པས་ལོངས་སྤྱོད་པ་ལས་སྦྱིན་པ་པོའི་རྒྱུད་ལ་འབྱུང་བའི་བསོད་ནམས་དང་། སྲོག་ཆགས་གསོད་པའི་ལྷ་ཁང་ལ་སོགས་པ་བརྩིགས་པས་ཕྱིས་དེར་སྲོག་ཆགས་ཅི་ཙམ་བསད་པ་ན་རྩིག་པ་པོའི་རྒྱུད་ལ་བསོད་ནམས་མ་ཡིན་པ་འབྱུང་བའང་ཚུལ་དེ་བཞིན་དུ་གཉིས་ཏེ། དེ་ལྟར་ན་རིག་བྱེད་ལ་དགེ་མི་དགེ་གཉིས། རིག་བྱེད་མ་ཡིན་པ་ལ་སྡོམ་པ་དང་། སྡོམ་མིན་གཉིས། ལོངས་སྤྱོད་ལས་བྱུང་བ་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་གཉིས་ཏེ། བསམ་པའི་ལས་དྲུག་དང་། སྔར་བཤད་པའི་སེམས་པའི་ལས་དང་ཆོས་དེ་བདུན་ལས་ཀྱི་མཚན་གཞིར་མངོན་པར་འདོད་པ་ཡིན་ཞེས་པ་ནི་གྲངས་ཀྱི་དབྱེ་བའོ། །གཉིས་པ་དེ་ལ་རྟག་ཆད་སྤོང་བའི་ཚུལ་ལ་གཉིས་ཏེ། རྟག་ཆད་དུ་ཐལ་བའི་རྩོད་པ་འགོད་པ། སྐྱོན་སྤོང་གི་ལན་བརྗོད་པའི་ཚུལ་ལོ། །དང་པོ་ནི། གལ་ཏེ་ལས་དེ་དག་འབྲས་བུ་སྨིན་པའི་དུས་ཀྱི་བར་དུ་གནས་ན་རྟག་པར་འགྱུར་ལ། གལ་ཏེ་མི་གནས་པར་སྐད་ཅིག་གཉིས་པར་འགག་ནའང་། ས་བོན་ཚིག་པ་ལས་མྱུ་གུ་ལྟར་འགག་པར་གྱུར་པའི་ལས་ཀྱིས་ཅི་ལྟར་འབྲས་བུ་བསྐྱེད་པར་འགྱུར་ཏེ། སྐྱེད་པར་མི་ནུས་པས་ལས་ཆད་པར་འགྱུར་རོ་ཞེ་ན་ཞེས་པ་སྟེ། འདི་ནི་རྒོལ་བ་རྟོག་དཔྱོད་དང་ལྡན་པ་ཐམས་ཅད་ཀྱི་དོགས་པ་ཡིན་གྱི་གྲུབ་མཐའ་སྨྲ་བ་ངོས་བཟུང་ཅན་ནི་མི་དགོས་ལ། ལན་ནི་ལས་འབྲས་ཁས་བླངས་པའི་རང་བཞིན་གྱི་སྡེ་པ་ཐམས་ཅད་ཀྱིས་བཏབ་པར་བྱ་བ་ཡིན་པ་ལས། འདིར་ནི་རང་སྡེ་དངོས་པོར་སྨྲ་བ་དག་གིས་ལན་གདབ་པའི་ཕྱིར་དོགས་པ་བསླང་བའོ། །གཉིས་པ་ལ་གསུམ་སྟེ། རྒྱུན་ཁས་བླངས་ནས་རྟག་ཆད་ཀྱི་སྐྱོན་སྤོང་ཚུལ། དེ་ཉིད་རིགས་པས་དགག་པ། ཆུད་མི་ཟ་ཁས་བླངས་པའི་རྟག་ཆད་ཀྱི་སྐྱོན་སྤོང་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དཔེ་བསྟན་པ། དོན་ལ་སྦྱར་བ། སྐབས་ཀྱི་ལས་འབྲས་ངོས་བཟུང་བའོ། །དང་པོ་ནི། མདོ་སྡེ་པ་དག ཅི་ལྟར་ཕྱི་རོལ་གྱི་མྱུ་གུ་དང་། ལྗང་བུ་ལ་སོགས་པའི་རྒྱུན་གང་ནི་ས་བོན་ལས་ནི་མངོན་པར་འབྱུང་ཞིང་། རྒྱུན་དེ་ལས་འབྲས་བུ་ལོ་ཐོག་འབྱུང་ལ། སྔར་གྱི་ས་བོན་ནི་མེད་ན། མྱུ་གུ་ལ་སོགས་པའི་རྒྱུན་དང་། འབྲས་བུ་ལོ་ཐོག་དེའང་འབྱུང་བར་མི་འགྱུར་བས་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་རྒྱུ་འབྲས་སུ་གྲུབ་བོ། །འདི་ལ་ས་བོན་མི་འགག་པའམ། རྒྱུན་བསྐྱེད་པའི་རྒྱུར་མ་གྱུར་པར་འགགས་ན་རྟག་ཆད་ཀྱི་ཉེས་པར་འགྱུར་བ་ཞིག་ན། གང་གི་ཕྱིར་ས་བོན་འབྲས་བུའི་སྔོན་དུ་འགྲོ་ཞིང་འགགས་པ་དེའི་ཕྱིར་རྟག་པ་མ་ཡིན་ལ། རྒྱུན་བསྐྱེད་པའི་རྒྱུར་གྱུར་ནས་འགགས་པས་ས་བོན་ལས་མྱུ་གུ་ལ་སོགས་པའི་རྒྱུན་དང་། རྒྱུན་ལས་འབྲས་བུ་ལོ་ཐོག་འབྱུང་བར་འགྱུར་བ་དེའི་ཕྱིར་ཆད་པ་མ་ཡིན་ཞེས་སྦྱར་རོ། །གཉིས་པ་ནི། འདུ་བྱེད་སེམས་པ་དགེ་མི་དགེ་དང་མཚུངས་པར་ལྡན་པའི་སེམས་ཀྱི་རྒྱུན་ནི་དང་པོ་གང་ཡིན་པ་དེ་དང་པོའི་དགེ་མི་དགེའི་མཚུངས་ལྡན་གྱི་སེམས་ལས་མངོན་པར་འབྱུང་བར་འགྱུར་ཞིང་རྒྱུན་དེ་ལས་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་འོང་མི་འོང་འབྱུང་ལ། དང་པོའི་དགེ་མི་དགེ་དང་མཚུངས་ལྡན་གྱི་སེམས་ལྟ་ཞིག་མེད་ན་དེའི་རྒྱུན་དང་འབྲས་བུ་དེའང་འབྱུང་བར་མི་འགྱུར་བས་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་རྒྱུ་འབྲས་སུ་བསྒྲུབ་པའོ། །འདི་ལ་ཡང་གང་གི་ཕྱིར་སྔར་བཤད་པ་ལྟར་ལས་འདུ་བྱེད་སེམས་པ་དགེ་མི་དགེ་ནི་འབྲས་བུའི་སྔོན་དུ་འགྲོ་ཞིང་འགགས་པ་དེའི་ཕྱིར་རྟག་པ་མ་ཡིན་ཞིང་། དེའང་རྒྱུན་སྐྱེད་པའི་རྒྱུར་གྱུར་ནས་འགགས་པས་དང་པོའི་སེམས་པ་དགེ་མི་དགེ་དང་མཚུངས་ལྡན་གྱི་སེམས་ལས་དེའི་རྒྱུན་དང་ནི་རྒྱུན་ལས་འབྲས་བུ་ཡིད་དུ་འོང་མི་འོང་འབྱུང་བ་དེའི་ཕྱིར་ཆད་པ་མ་ཡིན་ཞེས་པའོ། །གསུམ་པ་ནི། སྔར་བཤད་པའི་ལས་རྣམས་ཀྱི་ནང་ནས་དཀར་པོའི་ལས་ཀྱི་ལམ་བཅུ་པོ་ཉིད་བྱ་བ་ཡོངས་སུ་རྫོགས་པའི་ཆོས་སྒྲུབ་པའི་ཐབས་ཡིན་ཏེ། དེས་བསྒྲུབས་པའི་ཆོས་ཀྱི་འབྲས་བུ་ཚེ་འདི་དང་གཞན་དུ་གཟུགས་སྡུག་པ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་པོའོ། །རྣམ་བཤད་མཛད་པ་དག་འདི་རྒྱུན་གྱི་སྒོ་ནས་རྟག་ཆད་སྤོང་བའི་གོང་དུ་དྲངས་ཏེ་ལས་ཀྱི་རྣམ་གཞག་དང་། འབྲས་བུའི་རྣམ་གཞག་ཅེས་པའི་ས་བཅད་མཛད་པ་ནི་སྐབས་དོན་མ་ལོངས་པར་སྣང་སྟེ། འདིར་ལས་འབྲས་ཀྱི་རྒྱུན་གྱི་མཚན་གཞི་ངོས་བཟུང་བར་འདོད་ནས་སྐབས་འདིར་བཤད་པར་སྣང་བའི་ཕྱིར་ཏེ། འགྲེལ་པར། འདིའི་མཇུག་ཏུ། དེ་ལྟར་རེ་ཤིག་ཁ་ཅིག་གིས་བརྩད་པའི་ལན་བཏབ་པ་ཡིན་དང་། གཞན་དག་གིས་དེ་ལ་སྐྱོན་བརྗོད་ནས་བརྩད་པའི་ལན་གདབ་པའི་ཕྱིར་སྨྲས་པ་ཞེས་གཞུང་འོག་མ་དང་སྦྱར་བར་མཛད་པའི་ཕྱིར་རོ། །གཉིས་པ་ནི། བྱེ་བྲག་ཏུ་སྨྲ་བས་དེ་སུན་དབྱུང་བར་འདོད་ནས་གལ་ཏེ་མྱུ་གུ་ལ་སོགས་པ་དང་ཆོས་མཚུངས་པར་དགེ་མི་དགེ་བསྒོས་པའི་སེམས་ལས་དེ་དང་མཚུངས་པའི་རྒྱུན་དང་། རྒྱུན་ལས་འབྲས་བུ་འབྱུང་བའི་བརྟག་པ་དེར་འགྱུར་ན། ཉེས་པ་ཆེན་པོ་དང་། གྲངས་མང་པོར་འགྱུར་རོ། །ཅི་ལྟར་ན་དགེ་མི་དགེ་ལུང་མ་བསྟན་དང་། འདོད་པ་དང་གཟུགས་དང་གཟུགས་མེད་དང་ཟག་བཅས་ཟག་མེད་དང་། མི་དང་ལྷའི་སེམས་ལས་རིམ་པ་ལྟར་དགེ་བ་ལ་སོགས་པའི་སེམས་ཁོ་ན་རྒྱུན་ཆགས་སུ་འབྱུང་ཞིང་གཞན་མི་དགེ་བ་སོགས་ཀྱི་རྒྱུན་མི་འབྱུང་བར་འགྱུར་བས་མཐོང་བ་དང་འགལ་བས་སོ། །དེ་ལྟ་བས་ན་ལས་ཀྱི་ངོ་བོ་འགགས་ཀྱང་རིགས་འདྲའི་རྒྱུན་བསྐྱེད་པས་རྟག་ཆད་སྤོང་བའི་བརྟག་པ་དེ་ལས་དང་འབྲས་བུའི་སྐབས་འདིར་འཐད་པ་མ་ཡིན་ནོ། །ཞེས་པའོ། །གསུམ་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། འོ་ན་རྟག་ཆད་དུ་འགྱུར་བའི་ལན་ཅི་ལྟར་ཞེ་ན། སངས་རྒྱས་རྣམས་དང་། རང་རྒྱལ་དང་། ཉན་ཐོས་རྣམས་ཀྱི་ལུང་ལས་གང་གསུངས་པའི་བརྟག་པ་གང་ཞིག དགེ་མི་དགེའི་ལས་འབྲས་ཀྱི་སྐབས་འདིར་རིག་པས་འཐད་པ་དེ་ནི་རབ་ཏུ་བརྗོད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། དཔེའི་སྒོ་ནས་ཆུད་མི་ཟ་བ་སྒྲུབ་པ། ཆུད་མི་ཟའི་རང་བཞིན་གཏན་ལ་དབབ་པའོ། །དང་པོ་ནི། རིག་པས་འཐད་པ་དེ་གང་ཞེ་ན། ཅི་ལྟར་བུ་ལོན་ནམ་ནོར་བསྐྱེད་པས་ཟད་ཀྱང་དཔང་རྒྱས་དུས་ནམ་ཞིག་གི་ཚེ་དེའི་འབྲས་བུ་སྐྱེད་དང་བཅས་པ་དགུག་པས་ནོར་བདག་གི་ནོར་ཆུད་ཟ་བར་མི་འགྱུར་བ་ལྟར། དགེ་མི་དགེའི་ལས་སྐྱེས་པའི་ཚེ་དེའི་རྒྱུད་ལ་མི་ལྡན་པའི་འདུ་བྱེད་ཀྱི་ཁོངས་སུ་གཏོགས་པའི་ཆོས་དེའི་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་གཞན་ཞིག་ཉེ་བར་སྐྱེ་ལ། དེས་ན་ལས་ནི་བུ་ལོན་བཞིན་དུ་སྐྱེས་མ་ཐག་ཏུ་རྫས་འགགས་པས་རྟག་པར་མི་འགྱུར་ཞིང་དཔང་རྒྱ་དང་འདྲ་བའི་ཆུད་མི་ཟ་བས་དུས་ནམ་ཞིག་གི་ཚེ་དེའི་འབྲས་བུ་སྐྱེད་དང་བཅས་པ་འབྱིན་པས་ཆད་པར་ཡང་མི་འགྱུར་རོ། །གཉིས་པ་ལ་བདུན་ཏེ། རབ་ཏུ་དབྱེ་བ། ངོ་བོ་ངོས་བཟུང་བ། སྤང་བྱ་གར་གཏོགས་པ། དེའི་འཐད་པ། སྐྱེ་བའི་ཚུལ། འགག་པའི་ཚུལ། མདོར་བསྡུས་པའི་དབྱེ་བའོ། །དང་པོ་ནི། ཆུད་མི་ཟ་བ་དེ་ནི་ཁམས་ལས་དབྱེ་ན་རྣམ་པ་བཞི་སྟེ། ཟག་བཅས་ཁམས་གསུམ་དུ་གཏོགས་པ་གསུམ་དང་། ཟག་མེད་དོ། །གཉིས་པ་ནི། ཆུད་མི་ཟ་དེ་ཡང་རང་བཞིན་ལུང་དུ་མ་བསྟན་པ་སྟེ། གལ་ཏེ་དགེ་བའི་ཆུད་མི་ཟ་དགེ་བ་ཡིན་ན་ནི་དགེ་རྩ་ཆད་པ་ལ་དགེ་བའི་ཆུད་མི་ཟ་མེད་པར་འགྱུར་བའི་ཕྱིར་དང་། མི་དགེ་བའི་ཆུད་མི་ཟ་མི་དགེ་བ་ཡིན་ན་ནི། འདོད་པ་ལས་འདོད་ཆགས་དང་བྲལ་བ་ལ། མི་དགེ་བའི་ལས་ཀྱི་ཆུད་མི་ཟ་མེད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཆུད་མི་ཟ་དེ་སོ་སོ་སྐྱེ་བོའི་ལས་སྤོང་བ་མཐོང་བའི་ལམ་གྱིས་སྤོང་བར་བྱ་བ་མ་ཡིན་ཏེ། གལ་ཏེ་སྤོང་ན་སོ་སྐྱེའི་དུས་སུ་འཕེན་བྱེད་ཀྱི་ལས་བསགས་པའི་འབྲས་བུ་འཕགས་པས་མྱོང་བ་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་སྒོམ་པས་སྤོང་བར་བྱ་བ་ཉིད་ཡིན་ཏེ། སྒོམ་པའི་ལམ་ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་གྱིས་ཁམས་གསུམ་དུ་རྣམ་སྨིན་གྱི་འབྲས་བུ་མྱོང་འགྱུར་གྱི་ལས་ཀྱི་ཆུད་མི་ཟ་བ་ཆེན་པོའི་ཆེན་པོ་ནས་ཆུང་ངུའི་ཆུང་ངུའི་བར་ཅི་རིགས་སུ་སྤོང་བས་སོ། །ཀྱང་གི་སྒྲས་ནི། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་འབྲས་བུ་མཐོང་བ་ཡིན། །ཞེས་པའི་ཚུལ་གྱིས་ཁམས་གསུམ་གྱི་སྒོམ་སྤོངས་ཀྱི་ཉོན་མོངས་པ་ཐམས་ཅད་སྤངས་པའི་འཕགས་པ་དགྲ་བཅོམ་པ་ལ་ཡང་ཅི་སྲིད་ཁམས་གསུམ་ལས་མ་འདས་པར་རྟེན་ཕུང་པོ་ཡོད་པ་དེ་སྲིད་དུ། སྔོན་བྱས་པའི་དགེ་མི་དགེའི་འབྲས་བུ་མྱོང་བས་ན་དེ་གཉིས་ཀའི་ཆུད་མི་ཟ་བ་ཡོད་པས། དེ་ཁམས་གསུམ་ལས་ཤིན་ཏུ་འདས་པས་སྤོང་ཞེས་པའོ། །མཐོང་སྤོང་སྤངས་ཀྱང་སྔོན་གྱི་ལས་ཀྱི་ཆུད་མི་ཟ་མི་སྤོང་བ་དང་། ལས་འགགས་ཀྱང་དེའི་ཆུད་མི་ཟ་བའི་རྒྱུན་མི་འཇིག་པའི་ཕྱིར། རིམ་པ་ལྟར་འཕགས་པ་དང་བྱིས་པ་ལ་སྔར་བྱས་པའི་ལས་ཀྱི་དགེ་མི་དགེའི་ཆུད་མི་ཟ་བ་ཡིས་ལས་ཀྱི་འབྲས་བུ་ཡིད་དུ་འོང་མི་འོང་བསྐྱེད་པར་འགྱུར་རོ། །བཞི་པ་ནི། གལ་ཏེ་ལས་སྤོང་བ་མཐོང་བའི་ལམ་གྱིས་དེའི་ཆུད་མི་ཟ་སྤོང་བ་དང་། ལས་འཕོ་བ་སྟེ་ལས་རིགས་མི་མཐུན་སྔོན་དུ་བྱས་པས་སྔ་མའི་ཆུད་མི་ཟ་བའི་རྒྱུན་འཇིག་པར་གྱུར་ན་དེ་ལ་ལས་ཀྱི་འབྲས་བུ་འཇིག་པ་དང་། མ་བྱས་པ་དང་ཕྲད་པ་དང་། བྱས་པ་ཆུད་ཟོས་པ་ལ་སོགས་པའི་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་ཏེ། ལས་ཀྱི་འབྲས་བུ་མྱོང་བའི་རྒྱུ་མེད་པའི་ཕྱིར་རོ། །ལྔ་པ་ལ་གཉིས་ཏེ། ཉིང་མཚམས་སྦྱོར་བའི་ཚེ་སྐྱེ་ཚུལ། མཐོང་བའི་ཆོས་ལ་སྐྱེ་ཚུལ་ལོ། །དང་པོ་ནི། ཁམས་མཚུངས་པ་ལས་ནི་འབྲས་བུ་མྱོང་བར་འགྱུར་བའི་ལས་ཀྱི་ཆ་མཚུངས་པ་དགེ་བ་དང་མི་དགེ་བ་ནང་དང་། ཆ་མི་མཚུངས་པ་དགེ་མི་དགེ་ཐམས་ཅད་ཀྱི་ཆུད་མི་ཟ་བ་ནི་ཁམས་གསུམ་གང་རུང་དང་ཉིང་མཚམས་སྦྱོར་བའི་ཚེ་རྫས་དུ་མར་གནས་པ་དེ་ཐམས་ཅད་ཆུད་མི་ཟ་བའི་རྫས་གཅིག་པུ་ཁོ་ནར་སྐྱེ་བར་འགྱུར་ལ། ཁམས་མི་མཚུངས་པར་མྱོང་འགྱུར་ཡིན་ན། ལས་མཚུངས་ཀྱང་ཆུད་མི་ཟ་གཅིག་ཏུ་མི་འགྱུར་རོ། །གཉིས་པ་ནི། མཐོང་བའི་ཆོས་ཚེ་འདི་ལ་ཟག་བཅས་ཟག་མེད་རྣམ་པ་གཉིས་པོ་ཀུན་གྱི་ལས་དང་། ལས་ཀྱི་ཆུད་མི་ཟ་བ་དེ་ལས་རེ་རེ་ཞིང་ཐ་དད་པར་ནི་སྐྱེ་བར་འགྱུར་ཞིང་། འབྲས་བུ་རྣམ་པར་སྨིན་པ་ཕྱུང་ནས་ཀྱང་གནས་པ་ཡིན་མོད་ཀྱི་སླར་རྣམ་སྨིན་བསྐྱེད་མི་ནུས་ཏེ། བུ་ལོན་ཁྱེར་བའི་དཔང་རྒྱ་ལྟ་བུའོ། །དྲུག་པ་ནི། ཆུད་མི་ཟ་དེ་ནི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་བཞི་པོ་གོང་ནས་གོང་དུ་འཕོ་བ་ན་འགག་པར་འགྱུར་བ་ནི་སྔར་སྒོམ་པས་སྤོང་བ་ཉིད་ཡིན་ཞེས་དང་། ཤི་བར་གྱུར་ན་འགག་པར་འགྱུར་བ་ནི་སྔར་ཁམས་མཚུངས་པར་མྱོང་ན་ཉིང་མཚམས་སྦྱོར་བའི་ཚེ་སོ་སོ་བ་འགགས་ནས་གཅིག་པུ་ཁོ་ན་སྐྱེ་བར་འགྱུར་ཞེས་བཤད་པ་ལྟ་བུའོ། །བདུན་པ་ནི། ཆུད་མི་ཟ་བ་དེའི་རྣམ་པར་དབྱེ་བ་སྔར་བཞིར་ཕྱེ་བ་དེ་ཉིད་མདོར་བསྡུས་ན། ཟག་པ་མེད་པ་དང་། ཟག་པ་དང་བཅས་པར་ཤེས་པར་བྱའོ། །གསུམ་པ་དོན་བསྡུ་བ་ནི། ལས་སྐྱེས་མ་ཐག་ཏུ་འགག་པས་རྟག་པའི་དངོས་པོས་སྟོང་པ་ཉིད་ཡིན་པས་ན་རྟག་པ་ཉིད་མིན་ལ། ཆད་པ་ཡང་མིན་ཏེ། ལུས་ཅན་དག་གིས་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཞེས་ལས་རྣམས་ཀྱི་ཆུད་མི་ཟ་བའི་ཆོས་སངས་རྒྱས་ཀྱིས་ནི་བསྟན་པ་ཡིན་པས། ལས་འགགས་ཀྱང་ཆུད་མི་ཟ་བ་ཡིས་རིགས་སྣ་ཚོགས་པས་བཀྲ་བའི་འཁོར་བ་རུང་བའི་ཕྱིར་ཞེས་འཛེར་ཏོ། །གཉིས་པ་དེ་ཉིད་རྣམ་པར་དཔྱད་ནས་དགག་པ་ལ་གསུམ་སྟེ། རང་བཞིན་མེད་པས་ཆུད་མི་ཟ་བར་བསྟན་པ། རང་བཞིན་གྱིས་མ་གྲུབ་པར་བསྟན་པ། རང་བཞིན་མེད་ཀྱང་ཐ་སྙད་དུ་འཇོག་ཚུལ་དཔེས་བསྟན་པའོ། །དང་པོ་ནི། རྟག་ཆད་སྤོང་བའི་འབད་པ་དེ་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་གྱི་རྭ་བ་བགྱེལ་གྱིས་དོགས་པའི་འབད་པ་ལྟར་དོན་མེད་པ་ཡིན་ཏེ། ལས་རང་བཞིན་གྱིས་སྐྱེས་ན་རྟག་ཆད་ཀྱི་ཉེས་པར་འགྱུར་བ་ཞིག་ན་ཡང་། གང་གི་ཕྱིར། ལས་རང་བཞིན་གྱིས་སྐྱེ་བ་མེད་པ་དེའི་ཕྱིར། རྟག་པ་དང་ཆད་པར་མི་འགྱུར་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །དེ་ཉིད་ཅི་སྟེ་སྙམ་ན་འདི་ལྟར་ལས་ལ་རང་བཞིན་མེད་པ་དེའི་ཕྱིར་རོ། །འོ་ན་མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། གང་གི་ཕྱིར་མདོ་དེའི་དགོངས་པ། ལས་དེ་ནི་ཡང་དག་པར་མ་སྐྱེས་པ་དེའི་ཕྱིར་ཆུད་ཟ་རྒྱུ་མེད་པས་ཆུད་ཟ་བར་མི་འགྱུར་བ་ལ་དགོངས་ནས་གསུངས་པ་ཡིན་པའི་ཕྱིར་རོ། །སྐབས་ཀྱི་དོན་ནི་ལས་རང་བཞིན་གྱིས་སྐྱེས་ན་རང་བཞིན་གྱིས་འགག་དགོས་ལ། རང་བཞིན་གྱིས་འགགས་པའི་དོན་ལས་སྐྱེས་པའི་སྐད་ཅིག་གཉིས་པ་ནས་ཇི་སྲིད་འབྲས་བུ་འབྱིན་གྱི་བར་དུ་ལས་གཏན་མེད་པ་ཡིན་པས་བར་སྐབས་དེར་དངོས་པོར་སྨྲ་བ་དག་གིས་རྒྱུན་དང་། ཆུད་མི་ཟ་དང་། ཀུན་གཞིའི་སྟེང་གི་བག་ཆགས་ཡོད་པས་ལས་མེད་ཀྱང་ལས་ཀྱི་འབྲས་བུ་འབྱིན་པར་སྨྲ་བ་ལས། དང་པོ་གཉིས་པོ་འདིར་བཀག་ཟིན་པ་ལ་དགོངས་ནས། དཔལ་ལྡན་ཟླ་བས་འཇུག་པར་ཕྱི་མ་དགག་པར་མཛད་དེ། རིག་པའི་ངོ་བོ་ནི་འདིར་རང་བཞིན་གྱིས་མ་སྐྱེས་པ་ཞེས་དང་། འཇུག་པར་རང་བཞིན་གྱིས་མི་འགག་པ་ཞེས་གསུངས་ཏེ་གནད་གཅིག་གོ །དེས་ན་ལས་ཐ་སྙད་དུ་འགགས་ཀྱང་རང་བཞིན་གྱིས་མི་འགག་པའི་དོན་ནི། འབྲས་བུ་འབྱིན་གྱི་བར་དུ་ལས་དེ་མེད་པ་མ་ཡིན་ཏེ། མེད་ན་ཆད་པར་འགྱུར་བའི་ཕྱིར། ཡོད་པ་ཡང་མ་ཡིན་ཏེ། ཡོད་ན་རྟག་པར་འགྱུར་བའི་ཕྱིར། དེས་ན་ལས་དང་འབྲས་བུའི་བར་སྐབས་དེར་སྦྲེལ་བྱེད་གཞན་དོན་མེད་དེ། བར་དེར་ལས་མེད་པར་ཁས་མི་ལེན་པའི་ཕྱིར། དོན་འདི་མ་རྟོགས་པར་བོད་ཀྱི་དབུ་མ་པར་རློམ་པ་དག་བར་སྐབས་དེར་ཞིག་པ་དངོས་པོ་བས་སྦྲེལ་བར་འདོད་པ་ནི་སྔར་གྱི་གསུམ་པོ་ལས་ཆེས་ཤིན་ཏུ་དམན་ཏེ། དགག་སྒྲུབ་རྒྱས་པར་འཇུག་པའི་དཀའ་འགྲེལ་དུ་བཤད་ཟིན་ཏོ། །གཉིས་པ་ལ་གཉིས་ཏེ། རང་བཞིན་ཡོད་པའི་ཕྱོགས་ལ་གནོད་བྱེད་བསྟན། རང་བཞིན་གྲུབ་པའི་ཕྱོགས་ཀྱི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གཉིས་ཏེ། མ་བྱས་པར་ཐལ་བས་དགག་པ། རྣམ་སྨིན་ཐུག་མེད་དུ་ཐལ་བས་དགག་པའོ། །དང་པོ་ནི། གལ་ཏེ་ལས་རང་བཞིན་མེད་པའི་གཏན་ཚིགས་མ་གྲུབ་སྟེ། ལས་ལ་རང་བཞིན་ཡོད་དོ་ཞེ་ན། འོ་ན་ལས་དེ་རྟག་པར་འགྱུར་བར་ཐེ་ཚོམ་མེད་དེ། ལས་རང་བཞིན་གྱིས་ཡོད་པའི་ཕྱིར། འདོད་ན། ལས་ནི་བྱས་པ་མ་ཡིན་པར་འགྱུར་ཏེ། རྟག་པ་ལ་སྔར་མེད་ཀྱི་ཁྱད་པར་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ལས་ནི་མ་བྱས་པར་ཐལ་བར་འདོད་ན་མཚམས་མེད་ལ་སོགས་པའི་ལས་མ་བྱས་ཀྱང་། དེའི་འབྲས་བུ་དང་ཕྲད་པའི་འཇིགས་པར་འགྱུར་ལ། དགེ་སྦྱོང་གི་མི་ཚངས་སྤྱོད་མ་བྱས་ཀྱང་དེ་དགོས་པས་ཚངས་སྤྱོད་ལ་གནས་པ་མ་ཡིན་པའང་ལས་མ་བྱས་པར་འདོད་པ་དེ་ལ་སྐྱོན་དུ་ཐལ་བར་འགྱུར་ཞིང་། བུམ་པ་གྱིས་ཤིག་ཅེས་པ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་དང་ཡང་འགལ་བར་འགྱུར་བར་ཐེ་ཚོམ་མེད་དེ། འབྲས་བུ་དེ་དག་ཐམས་ཅད་མ་བྱས་ཀྱང་ཡོད་པའི་ཕྱིར་རོ། །བསོད་ནམས་ཁོ་ན་དང་། སྡིག་པ་ཁོ་ན་བྱེད་པའི་གང་ཟག་དག་ལ་རིམ་པ་ལྟར། བསོད་ནམས་ཅན་དང་། སྡིག་ཅན་ཞེས་བཟང་ངན་ཅན་དུ་རྣམ་པར་དབྱེ་བའང་འཐད་པར་མི་འགྱུར་ཏེ། མ་བྱས་པའི་སྡིག་པ་དང་། བསོད་ནམས་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ལས་ལ་རང་བཞིན་ཡོད་ན་ནི་ལས་དེ་ནི་རྣམ་པར་སྨིན་པ་སྨིན་པར་གྱུར་པའི་འོག་ཏུ་ཡང་དང་ཡང་དུ་རྣམ་སྨིན་སྐྱེད་པར་འགྱུར་ཏེ། གང་གི་ཕྱིར་ན་ལས་སྔ་རོལ་ན་ཡོད་པ་རྒྱུན་དུ་གནས་པ་དེའི་ཕྱིར། གཉིས་པ་ལ་གསུམ་སྟེ། རྒྱུ་ཉོན་མོངས་པ་དགག འབྲས་བུ་ལུས་དགག རྣམ་སྨིན་ཟ་བ་པོ་དགག་པའོ། །དང་པོ་ནི། ལས་རང་བཞིན་གྱིས་ཡོད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་གསུངས་པས་དེའི་རྒྱུ་ཉོན་མོངས་པ་ཡོད་པའི་ཕྱིར་རོ་ཞེ་ན། ཉོན་མོངས་པ་དེ་དག་ཡང་དག་པར་ཡོད་པ་མིན་ཏེ། རྟེན་ནས་འབྱུང་བའི་ཕྱིར། གལ་ཏེ་ཉོན་མོངས་པ་དེ་དག་ཡང་དག་པར་ཡོད་པ་མིན་ན། ལས་ནི་ཡང་དག་པར་ཡོད་པ་ཅི་ལྟར་ཡིན་ཏེ། ལས་འདི་ཉོན་མོངས་བདག་ཉིད་ལ་སྟེ། དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ལས་དང་ཉོན་མོངས་པ་རང་བཞིན་གྱིས་ཡོད་དེ། དེའི་འབྲས་བུ་ལུས་ཡོད་པའི་ཕྱིར་ཞེ་ན། ལུས་ལ་ཆོས་ཅན། རང་བཞིན་ཡོད་པར་ཅི་ལྟར་བརྗོད་དེ། ལས་དང་ཉོན་མོངས་པ་དེས་སྟོང་པའི་ཕྱིར་རོ། །ཁྱབ་སྟེ། ལས་དང་ཉོན་མོངས་པ་དག་ནི་ལུས་རྣམས་ཀྱི་རྐྱེན་དུ་མདོ་ལས་བསྟན་པས་སོ། །གསུམ་པ་ནི། ལས་དང་ཉོན་མོངས་པ་རང་བཞིན་གྱིས་ཡོད་དེ། རྣམ་པར་སྨིན་པ་ཟ་བ་པོ་ཡོད་པའི་ཕྱིར་རོ་སྙམ་ན། རྣམ་སྨིན་ཟ་བ་པོ་རང་བཞིན་གྱིས་མ་གྲུབ་སྟེ། མ་རིག་པས་ཡང་དག་པས་ཤེས་རབ་ཀྱིས་མིག་བསྒྲིབས་པའི་སྐྱེ་བོ་གང་ཞིག་སྲེད་པ་དང་ལྡན་པ་དེ་ནི་ཟ་བ་པོ་ཡིན་ལ། ཟ་བ་པོ་དེ་ཡང་སྔར་གྱི་ལས་བྱེད་པ་པོ་དེ་ལས་རྫས་གཞན་མ་ཡིན་ཅིང་། ལས་བྱེད་པ་པོ་དེ་ཉིད་དེ་ཡང་མ་ཡིན་པས་སོ། །གལ་ཏེ་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་ཟ་བ་པོ་ཡོད་པས་ལས་ཡོད་དོ་ཞེ་ན། ཟ་བ་པོ་དེ་ཡང་རང་བཞིན་གྱི་མ་གྲུབ་སྟེ། གང་གི་ཕྱིར་ལས་འདི་ནི་རྐྱེན་བརྟག་པར་བཀག་པས་རྐྱེན་ལས་བྱུང་བ་མ་ཡིན་ཅིང་། རྒྱུ་མེད་པར་ཐལ་བས་རྐྱེན་མིན་ལས་བྱུང་བ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ན་ལས་བྱེད་པ་པོ་ཡང་མེད་ལ། གལ་ཏེ་ལས་དང་བྱེད་པ་པོ་མེད་ན་ལས་དེ་ལས་སྐྱེས་པའི་འབྲས་བུ་ག་ལ་ཡོད་ཅིང་། ཅི་སྟེ་འབྲས་བུ་ཡོད་པ་མིན་ན། འབྲས་བུ་དེ་ལ་སྤྱོད་པ་པོའམ་ཟ་བ་པོ་ལྟ་ག་ལ་ཡོད་དེ་མ་གྲུབ་པའི་ཕྱིར་རོ། །གསུམ་པ་རང་བཞིན་མེད་ཀྱང་ཐ་སྙད་དུ་འཇོག་ཚུལ་དཔེས་བསྟན་པ་ལ་གཉིས་ཏེ། བསྟན་བཅོས་ལ་གྲགས་པའི་དཔེ། འཇིག་རྟེན་ལ་གྲགས་པའི་དཔེའོ། །དང་པོ་ནི། གལ་ཏེ་དེ་ལྟར་ན། བདག་གིས་བྱས་པའི་ལས་རྣམས་ནི། །བདག་གིས་སོ་སོར་མྱོང་བར་འགྱུར། །ཞེས་ལས་དང་འབྲས་བུའི་འབྲེལ་པ་མདོ་ལས་གསུངས་པ་དེ་ཐམས་ཅད་བཀག་པས་འབྲས་བུ་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བར་འགྱུར་རོ་ཞེ་ན། རང་བཞིན་གྱིས་གྲུབ་པ་བཀག་ཀྱང་ཐ་སྙད་དུ་བྱ་བྱེད་མི་འཐད་པ་མ་ཡིན་ཏེ། དཔེ་ཇི་ལྟར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་ནི། རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང་སྤྲུལ་པ་དེ་ཡང་སྤྲུལ་པ་ནི་སླར་ཡང་ཉིང་སྤྲུལ་གཞན་དག་སྤྲུལ་པར་མཛད་པ་ལྟར། དེ་བཞིན་དུ་ལས་བྱེད་པ་པོ་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་ལས་བྱེད་པར་ནུས་པ་སྤྲུལ་པའི་རྣམ་པ་བཞིན་དང་། དེས་ལས་གང་བྱས་པ་དེ་རང་བཞིན་མེད་ཀྱང་ཐ་སྙད་དུ་འབྲས་བུ་བྱེད་པ་དཔེར་ན་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པར་མཛད་པ་དེ་བཞིན་ནོ། །གཉིས་པ་ནི། དེ་ཉིད་འཇིག་རྟེན་ན་གྲགས་པའི་དཔེའི་སྒོ་ནས་ཀྱང་འགྲུབ་སྟེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། དེས་ཀུན་ནས་སློང་བའི་ལས་དང་། དེའི་འབྲས་བུ་ལུས་རྣམས་དང་། ལས་ཀྱི་བྱེད་པ་པོ་བརྗོད་དུ་མེད་པའི་བདག་དང་། རྣམ་པར་སྨིན་པ་དང་། བདག་པོ་དང་། རྒྱུ་མཐུན་པའི་འབྲས་བུ་དག་རང་བཞིན་མེད་ཀྱང་ཐ་སྙད་དུ་རྟེན་ནས་འབྱུང་བར་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུ་ལྟ་བུ་དང་། རྨི་ལམ་ལྟ་བུ་ཡིན་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། ཅི་སྐད་དུ་མདོ་ལས། གང་ཕྱིར་བདེར་གཤེགས་གཏམ་རྣམས་སྟོན་པ་ན། །མགོན་པོ་སྲང་བཞུང་མི་ལ་ཐུགས་བརྩེའི་ཕྱིར། །རྒྱལ་བས་དེར་ནི་སྤྲུལ་པ་རྣམ་སྤྲུལ་ཏེ། །དེ་དག་ལ་ཡང་སངས་རྒྱས་ཆོས་བཟང་སྟོན། །སྲོག་ཆགས་བརྒྱ་སྟོང་དག་གིས་དེ་ཐོས་ནས། །སངས་རྒྱས་ཡེ་ཤེས་མཆོག་ལ་སྨོན་ལམ་འདེབས། །ནམ་བདག་འདི་འདྲའི་ཡེ་ཤེས་ཐོབ་སྙམ་སྟེ། །བསམ་པ་མཁྱེན་ནས་རྒྱལ་བ་དེས་ལུང་སྟོན། །གང་གིས་རྒྱལ་བ་མི་དབང་སྤྱན་དྲངས་པ། །དེ་ཡི་སྦྱིན་པ་མུ་མཐའ་མེད་གྱུར་ཏེ། །རྙེད་མཆོག་བསམ་གྱིས་མི་ཁྱབ་དེ་རྙེད་ཅེས། །ལ་ལ་དག་ནི་དེ་ལ་མོས་པ་བསྐྱེད། །ཅེས་རྒྱས་པར་གསུངས་ཏེ། བསྟན་ཚུལ་ནི་སྔ་མ་ལྟར་ཤེས་པར་བྱའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། ལས་དང་འབྲས་བུ་བརྟགས་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བདུན་པའི་རྣམ་པར་བཤད་པའོ།། །།གསུམ་པ་དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཉོན་མོངས་པ་དང་། ལས་དང་ལུས་ལ་སོགས་པ་ཅི་ལྟར་སྣང་བ་འདི་དེ་ཁོ་ན་ཉིད་མ་ཡིན་གྱི། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་ལྟར། དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རྣམ་པར་སྣང་བ་བརྫུན་པ་ཡིན་ན། འདིར་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་གང་ཞིག་ཡིན། དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ཅི་ལྟར་ཡིན་ཅེ་ན། འཇུག་པའི་ཐབས་ནི་འཁོར་བའི་ཉོན་མོངས་པ་དང་། སྐྱོན་སྡུག་བསྔལ་རྣམས་འཇིག་ཚོགས་ལ་ལྟ་བ་ལས་འབྱུང་བར་ཤེས་རབ་ཀྱིས་མཐོང་ཞིང་། བདག་ནི་འཇིག་ཚོགས་ལ་ལྟ་བའི་ཡུལ་དུ་རྟོགས་པར་བྱས་ནས་བདག་འགོག་པར་འདོད་པ་ཉིད་ཡིན་པ་དབུ་མ་ལ་འཇུག་པར་བཤད་ཟིན་པས་འདིར་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་དང་། དེ་ཇི་ལྟར་བསྟན་པའི་ཚུལ་དང་། དེའི་འབྲས་བུ་རྣམས་འཆད་ཅེས་པའོ། །རྣམ་བཤད་མཛད་པ་དག དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པ་ཡན་ཆད། དེ་ཁོ་ན་ཉིད་ལ་འཇུག་པའི་ཚུལ་དང་། །བརྗོད་པར་བྱ་བ་བཟློག་པ་སྟེ། །ཞེས་པ་མན་ཆད་དེ་ཁོ་ན་ཉིད་ཀྱི་རང་བཞིན་སྟོན་པར་འཆད་པ་ནི་ཅུང་ཟད་མི་ལེགས་ཏེ། འགྲེལ་པར། ནང་དང་ཕྱི་ཡི་དངོས་པོ་མ་དམིགས་པས། ནང་དང་ཕྱི་ལ་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་འདི་ནི་འདིར་དེ་ཁོ་ན་ཉིད་དོ། །འདིར་དེ་ཁོ་ན་ཉིད་ལ་འཇུག་པ་ནི། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ཞེས་བྱ་བ་ལ་སོགས་པས་རྒྱས་པར་དབུ་མ་ལ་འཇུག་པ་ལས་བཙལ་བར་བྱའོ། །འདིར་ནི་གནས་པའི་ཕྱོགས་ཉིད་བཤད་པར་བྱ་སྟེ། ཞེས་གསུངས་པས་སོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། དེ་ཁོ་ན་ཉིད་ཀྱི་རང་བཞིན། དེ་ཅི་ལྟར་བསྟན་པའི་ཚུལ། དེ་ལྟར་བསྟན་པའི་འབྲས་བུའོ། །དང་པོ་ལ་གསུམ་སྟེ། བདག་དང་བདག་གི་བ་དགག་པ། དེ་བཀག་པའི་འབྲས་བུ། བཀག་པ་ལ་ལུང་དང་འགལ་བ་སྤང་བའོ། །དང་པོ་ལ་གཉིས་ཏེ། བདག་རང་བཞིན་གྱིས་གྲུབ་པ་དགག དེས་བདག་གི་བ་ཁེགས་པར་བསྟན་པའོ། །དང་པོ་ནི། ཉེ་བར་ལེན་པ་པོའི་བདག་དེ་བླང་བྱ་ཕུང་པོའི་ངོ་བོའམ། དེ་ལས་ཐ་དད་དུ་ཡོད་དྲང་། དེ་ལ་གལ་ཏེ་ཕུང་པོ་ཉིད་བདག་ཡིན་ན། བདག་དེ་སྐྱེ་འཇིག་ཅན་དང་དུ་མར་འགྱུར་ཏེ། ཕུང་པོ་མི་རྟག་པ་དུ་མ་དང་ངོ་བོ་དབྱེར་མེད་ཡིན་པའི་ཕྱིར་རོ། །འདོད་ནུས་པ་ཡང་མ་ཡིན་ཏེ། གཞན་སྡེ་ལྟར་ན་བདག་རྟག་པ་གཅིག་པུར་འདོད་པ་དང་འགལ་ལ། རང་གི་སྡེ་པ་ལྟར་ན་སྐད་ཅིག་མ་ལ་ལས་བྱེད་པ་པོ་དང་། འབྲས་བུ་ལོངས་སྤྱོད་པ་པོ་གཞི་མཐུན་མི་རུང་བའི་ཕྱིར་དང་། དུ་མ་ཡིན་ན། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་ཅིག་སྐྱེ་ཞེས་པའི་ལུང་དང་འགལ་བའི་ཕྱིར་རོ། །གལ་ཏེ་གཉིས་པ་ལྟར་བདག་ཕུང་པོ་རྣམས་ལས་ངོ་བོ་གཞན་ཡིན་ན། ཕུང་པོ་ལྔ་འདུས་བྱས་ཡིན་པས་དེ་དག་འདུས་བྱས་སུ་མཚོན་པའི་མཚན་ཉིད་སྐྱེ་གནས་འཇིག་པ་མེད་པར་འགྱུར་བས་བདག་དེ་དངོས་པོར་མི་རུང་ཞེས་པའམ། ཡང་ན་བདག་དེ་གཟུགས་སུ་རུང་བ་ལ་སོགས་པ་ཕུང་པོ་ལྔ་སོ་སོའི་མཚན་ཉིད་མེད་པར་དེ་ལས་ངོ་བོ་ཐ་དད་དུ་དམིགས་པར་འགྱུར་ཏེ་ཕུང་པོ་ལས་གཞན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་དག་ལས་ངོ་བོ་ཐ་དད་དུ་སྣང་རུང་མ་དམིགས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ན་ཉེ་བར་བླང་བྱའི་ཕུང་པོ་བདག་གི་བ་ཡང་ཡོད་པར་ག་ལ་འགྱུར་ཏེ། ཉེ་བར་ལེན་པ་པོའི་བདག་ཉིད་ཡོད་པ་མིན་པའི་ཕྱིར་ནའོ། །གཉིས་པ་ལ་གསུམ་སྟེ། དེས་ཡུལ་ཅན་འཛིན་པ་སྤོང་བ། དེ་ལ་རྩོད་པ་སྤོང་བ། འཛིན་པ་ཟད་པས་གྲོལ་བ་ཐོབ་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་རྣལ་འབྱོར་པས། ལེན་པ་པོའི་བདག་དང་། བླང་བྱ་བདག་གི་བ་མ་དམིགས་ཤིང་། རང་བཞིན་གྱིས་ཞི་བར་ཤེས་པའི་ཕྱིར་ན། ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པའམ་མི་འབྱུང་བར་འགྱུར་ཏེ། ཞེན་ཡུལ་མ་རྙེད་པས་ཞེན་བྱེད་ཀྱི་བློ་ལྡོག་པ་རིག་པའི་ཚུལ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་ན་ང་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་དེ་ཡོད་པས་བདག་དང་བདག་གི་བ་ཡང་ཡོད་དོ་ཞེ་ན། ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ། སྔར་བདག་དང་། ཕུང་པོ་ལ་དེ་ཉིད་དང་། གཞན་ཉིད་བཀག་པའི་རིག་པ་དེས་རྣལ་འབྱོར་པ་ཡང་མི་རྙེད་པའི་ཕྱིར་རོ། །དེ་ལྟར་འཛིན་པ་གཉིས་དང་བྲལ་བའི་རྣལ་འབྱོར་པ་ཉིད་མ་གྲུབ་པ་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པའི་དངོས་པོ་ཡོད་པར་གང་ཟག་གང་གིས་མཐོང་ཞིང་ལྟ་བ་དེས་དེ་ཁོ་ན་ཉིད་མི་མཐོང་ཞེས་ཤེས་པར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་མདོ་ལས། ནང་གི་བདག་ཉིད་སྟོང་པར་བལྟོས། །ཕྱི་རོལ་གྱུར་པ་སྟོང་པར་ལྟོས། །གང་ཞིག་དེ་ཉིད་སྒོམ་བྱེད་པ། །དེ་འགའ་ཞིག་ཀྱང་ཡོད་མ་ཡིན། །ཞེས་གསུངས་པས་སོ། །གསུམ་པ་ནི། དེ་ལྟར་ན་ནང་ཟིན་པའི་ཕུང་པོ་དང་། ཕྱི་རོལ་མ་ཟིན་པ་ཉིད་དག་ལ་རིམ་པ་ལྟར་བདག་དང་བདག་གི་སྙམ་དུ་འཛིན་པ་ཟད་ན་ལས་དང་ཉོན་མོངས་པ་ཟད། དེ་ཟད་པས་ཐར་པ་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དེ་ཟད་ན་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞི་པོ་འགག་པར་འགྱུར་ཞིང་། རྒྱུ་ཉེ་བར་ལེན་པ་བཞི་པོ་དེ་ཟད་པས་ན་སྲིད་པའི་དབང་གིས་སྐྱེ་བ་ཟད་པར་འགྱུར་བའི་ཕྱིར་རོ། །འོ་ན་ལས་དང་ཉོན་མོངས་པ་དེ་དག་གང་གིས་འཛད་པར་འགྱུར་ཞེ་ན། དེའང་རྒྱུ་ཟད་པའི་སྒོ་ནས་འཛད་དེ། འདི་ལྟར་ལས་དང་ཉོན་མོངས་པ་ནི་སྔར་བཤད་པ་ལྟར་བདག་དང་བདག་གིར་འཛིན་པ་ལ་སོགས་པའི་རྒྱུར་གྱུར་པའི་མཚན་མར་འཛིན་པའི་རྣམ་པར་རྟོག་པ་ལས་བྱུང་ལ། རྣམ་རྟོག་དེ་དག་མཚན་མར་འཛིན་པའི་སྤྲོས་པ་སྣ་ཚོགས་ལས་འབྱུང་ཞིང་། མཚན་མའི་སྤྲོས་པ་ནི། ཤེས་བྱ་དང་ཤེས་བྱེད། བརྗོད་བྱ་དང་རྗོད་བྱེད་ལ་སོགས་པ་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་གོམས་པ་ཉིད་ཀྱིས་འགག་པར་འགྱུར་བའི་ཕྱིར་རོ། །གསུམ་པ་བཀག་པ་ལ་ལུང་དང་འགལ་བ་སྤོང་བ་ནི། དེ་ལྟར་བདག་དང་བདག་གི་བ་མེད་ན། བདག་ཉིད་བདག་གིས་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བ་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་དང་། གནག་དང་དཀར་བའི་ལས་ནི་འཇིག་མི་འགྱུར། །བདག་གིས་བྱས་པ་མྱོང་བར་འགྱུར་བ་ཡིན། །ཞེས་གསུངས་པ་དང་མི་འགལ་ལམ་ཞེ་ན། དེ་སྐད་གསུངས་མོད་ཀྱི། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་དང་། ཆོས་ཐམས་ཅད་ནི་བདག་མེད་པའོ། །ཞེས་ཀྱང་གསུངས་པས། མདོའི་དགོངས་པ་བཙལ་དགོས་ཏེ། འདི་ལྟར། སྤྱིར་སངས་རྒྱས་རྣམས་ཀྱིས་ནི་གདུལ་བྱ་དམན་པ་རྒྱང་འཕེན་པ་ལྟ་བུ་ལས་རྒྱུ་འབྲས་མེད་དོ་ཞེས་སྐུར་པ་བཏབ་པས། ངན་སོང་དུ་སྐྱེ་བར་འགྱུར་བ་དེ་དག་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཀུན་རྫོབ་ཆོས་ཙམ་ལ་བཏགས་པའི་བདག་ཡོད་པ་ལ་དགོངས་ནས་བདག་གོ་ཞེས་ཀྱང་བརྟག་པར་འགྱུར་ཞིང་། གདུལ་བྱ་བར་མ་ལས་འབྲས་ལ་ཡིད་ཆེས་ཀྱང་བདག་ཏུ་ལྟ་བ་མ་ཁེགས་པས་འཁོར་བར་ལྟུང་བ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། བདག་རྫས་ཡོད་བཀག་པའི་ཆོས་ཀུན་རྫོབ་ཏུ་ཡོད་པ་ལ་དགོངས་ནས་བདག་མེད་དོ་ཞེས་ཀྱང་བསྟན་པར་གྱུར་ལ། གདུལ་བྱ་མཆོག་ཏུ་གྱུར་པ་ཀུན་རྫོབ་ཏུ་ལས་རྒྱུ་འབྲས་ལ་ཡིད་ཆེས་ཤིང་བདེན་པའི་བདག་མེད་པར་ལྟ་བ་དེ་དག་བཀག ཆོས་ཀྱི་མཚན་མར་འཛིན་པ་སྤོང་བའི་ཕྱིར། དེ་ཁོ་ན་ཉིད་དུ་དགག་བྱ་བདག་དང་ནི་དེ་བཀག་པའི་བདག་མེད་འགའ་ཡང་མེད་ཅེས་བསྟན་པ་ཡིན་པས་ཁོ་བོ་ཅག་གི་ཕྱོགས་ལ་ལུང་དང་འགལ་བའི་ཉེས་པ་ཅུང་ཟད་ཀྱང་མེད་དེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་པའོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་བསྟན་དུ་མེད་པའོ། །ཞེས་གསུངས་པས་སོ། །གཉིས་པ་དེ་ཇི་ལྟར་བསྟན་པའི་ཚུལ་ལ་གསུམ་སྟེ། རང་གི་ངོ་བོ་བསྟན་དུ་མེད་པ། སྒྲོ་བཏགས་ནས་བསྟན་པའི་ཚུལ། བསྟན་བྱ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །དང་པོ་ནི། འདི་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་དང་བདག་མེད་པ་གཉིས་ཀ་མེད་པར་བསྟན་ན། དེ་གཉིས་མ་བསྟན་པས་འོ་ན་ཅི་བསྟན་ཅེ་ན་ཞེས་པའི་ལན་དུ་སྦྱོར་བ་དང་། སྤྲོས་པ་ནི། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གང་སྨྲས་ན་ཅི་ལྟར་སྤྲོས་པ་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེ་ན་ཞེས་པའི་ལན་དུ་སྦྱོར་བ་དང་། སྔར་ནང་དང་ཕྱིའི་དངོས་པོ་མ་དམིགས་པས། ནང་དང་ཕྱི་རོལ་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་ཟད་པ་གང་ཡིན་པ་དེ་ནི་འདིར་དེ་ཁོ་ན་ཉིད་དོ། །ཞེས་བཤད་ན། དེ་ཅི་ཞིག་ཡིན་ཅིང་། ཅི་དེ་བརྗོད་པའམ་ཤེས་པར་བྱ་བར་ནུས་སམ་ཞེ་ན་ཞེས་པའི་ལན་དུ་སྦྱོར་བའི་ཚུལ་དང་གསུམ་སྣང་ཡང་གཞུང་གི་དོན་ནི་འདྲ་བར་སྣང་སྟེ། བརྗོད་པར་བྱ་བའི་ཆོས་འགའ་ཞིག་ཡོད་ན་སྟོན་པར་འགྱུར་བ་ཞིག་ན་དེ་ཁོ་ན་ཉིད་ལ་ནི་སྒྲས་ཞེན་ནས་བརྗོད་པར་བྱ་བ་ལྡོག་པས་འགའ་ཡང་མ་བསྟན་ཏོ། །དེ་ཉིད་ཅི་སྟེ་སྙམ་ན་དེ་བློའི་ཡུལ་དུ་འགྱུར་ན་བརྗོད་པར་འགྱུར་བ་ཞིག་ན། དེ་ལ་སེམས་ཀྱི་སྤྱོད་ཡུལ་ལ་མ་དམིགས་པ་ཐམས་ཅད་ལྡོག་པས་མིང་གང་ཡང་སྒྲོ་བཏགས་པར་མི་ནུས་པའི་ཕྱིར་རོ། །ཅིའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་ཅེ་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་གདོད་མ་ནས་མ་སྐྱེས་པ་དང་། མ་འགགས་པས་གློ་བུར་གྱི་དྲི་མ་དང་བྲལ་བའི་མྱ་ངན་ལས་འདས་པ་དང་མཚུངས་པས། གཉིས་སྣང་དང་བཅས་པའི་བློ་ལ་རྣམ་པར་འཆར་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་དེ་ལྟར་དོན་དམ་པའི་བདེན་པ་སྒྲ་བློའི་ཡུལ་ལས་འདས་པས་བསྟན་པར་མི་ནུས་ན་གདུལ་བྱ་རྣམས་ཀྱིས་ཅི་ལྟར་རྟོགས་པར་བྱ་ཞེ་ན། ཀུན་རྫོབ་ཏུ་སྒྲོ་བཏགས་ནས་བསྟན་པའི་ཚུལ་དུ་མ་ཡོད་དེ། སྤྱིར་སངས་རྒྱས་ཀྱིས་གདུལ་བྱ་ལས་དང་པོ་པ་དད་པར་བྱ་བའི་ཕྱིར་འཇིག་རྟེན་པའི་བློ་ལ་ལྟོས་ནས་སྣོད་བཅུད་ཀྱིས་བསྡུས་པའི་དངོས་པོ་ཐམས་ཅད་ཡང་དག་ཏུ་ཡང་བསྟན། ཕྱིས་དེ་ལ་ཞེན་པ་སྤང་བའི་ཕྱིར་འཕགས་པའི་བློ་ལ་ལྟོས་ནས་ཡང་དག་མིན་པར་ཡང་བསྟན། དེ་གཉིས་འགལ་བ་སྤང་བའི་ཕྱིར་ཐ་སྙད་དུ་ཡང་དག་དང་། དེ་ཁོ་ནར་ཡང་དག་མ་ཡིན་པ་ཉིད་དོ་ཞེས་གཉིས་ཀར་ཡང་བསྟན། གདུལ་བྱ་མཆོག་ལ་དགག་བྱ་བཀག་པའི་བཀག་ཆོས་ཙམ་དུ་འཛིན་པ་སྤོང་བའི་ཕྱིར། འཕགས་པའི་མཉམ་གཞག་ལ་ལྟོས་ནས་འདི་ཐམས་ཅད་ཡང་དག་མིན་ཞིང་། ཡང་དག་མིན་པའང་མིན་ནོ་ཞེས་དགག་བསྒྲུབ་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བར་བསྟན་པའི་ཕྱིར་རོ། །དེ་ལྟར་ན་གདུལ་བྱ་དང་འཚམས་པའི་ལམ་སྟོན་པ་དེ་ནི་སངས་རྒྱས་རྣམས་ཀྱི་རྗེས་སུ་བསྟན་པའི་ཚུལ་ལོ། །གསུམ་པ་བསྟན་བྱ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ་གསུམ་སྟེ། དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད། ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད། དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། དོན་དམ་པའི་དེ་ཁོ་ན་ཉིད་རང་གི་ངོ་བོའི་སྒོ་ནས་བསྟན་པར་མི་ནུས་ཀྱང་ཀུན་རྫོབ་ཏུ་སྒྲོ་བཏགས་ནས་བསྟན་པ་ལྟར་མཚན་ཉིད་ཀྱང་སྒྲོ་བཏགས་ནས་བསྟན་དགོས་པས། ལོག་རྟོག་སེལ་བའི་མཚན་ཉིད་ནི། འཕགས་པའི་མཉམ་གཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་འགའ་ཡང་མཐོང་བ་མེད་པའི་ཚུལ་གྱིས་རིག་པར་བྱ་བ་ཡིན་གྱི། བྱིས་པ་རྣམས་ཀྱིས་གཞན་སྒྲ་དང་། གཏན་ཚིགས་ལ་སོགས་པ་ལས་ངོ་བོ་ཇི་ལྟ་བ་བཞིན་ཤེས་པར་བྱ་བ་མ་ཡིན་པ་དང་། གཟོད་མ་ནས་ཅིར་ཡང་མ་གྲུབ་པས་ཞི་བ་དང་། ངག་གི་སྤྲོས་པ་རྣམས་ཀྱིས་ཞེན་ནས་བརྗོད་པར་བྱ་བ་མ་ཡིན་པས་མ་སྤྲོས་པ་དང་། སེམས་སེམས་བྱུང་གི་སྤྱོད་ཡུལ་ལས་འདས་པས་རྣམ་པར་རྟོག་པས་འགར་ཡང་བརྟག་ཏུ་མེད་པ་དང་། མི་འདྲ་བའི་བྱེ་བྲག་མེད་པས་དོན་ཐ་དད་མིན་པ་སྟེ། ཆོས་ལྔ་པོ་དེ་ནི་དོན་དམ་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །གཉིས་པ་ནི། ཆོས་ཐམས་ཅད་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། འདི་ལྟར་རྒྱུ་གང་ལ་རྟེན་ནས་འབྲས་བུ་གང་ཞིག་འབྱུང་བ་དེ་ནི་རེ་ཤིག་རྒྱུ་དེ་ཉིད་མིན་ཏེ། རང་ལ་བྱ་བྱེད་འགལ་བའི་ཕྱིར། དེའི་ཕྱིར་འབྲས་བུའི་དུས་ན་རྒྱུ་ཡོད་པའི་རྟག་པ་མ་ཡིན་ཞིང་། རྒྱུ་དེ་ལས་གཞན་པའང་མ་ཡིན་ཏེ། དེ་ལ་མི་ལྟོས་པར་ཐལ་བས་སོ། །དེའི་ཕྱིར་འབྲས་བུའི་དུས་ན་རྒྱུ་མེད་པའི་ཆད་པར་ཡང་མ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ན་སངས་རྒྱས་སྲིད་ཞི་ལས་སྐྱོབ་པར་བྱེད་པའི་འཇིག་རྟེན་མགོན་རྣམས་ཀྱི་བསྟན་པ་སྐྱེ་རྒ་ན་འཆི་གཏན་ནས་གཅོད་པའི་བདུད་རྩིར་གྱུར་པ་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་དེ། སྔར་བཤད་པ་ལྟར། དོན་གཅིག་མ་ཡིན་ཐ་དད་མིན། །ཆད་པ་མ་ཡིན་རྟག་མ་ཡིན། །ཞེས་པའི་སྒོ་ནས་དབུ་མར་ཐ་སྙད་འཇོག་པ་གྲུབ་བོ། །གསུམ་པ་དེ་བསྟན་པའི་འབྲས་བུ་ནི། དེ་ལྟར་བསྟན་པས་བདེན་པ་གཉིས་ཅི་ལྟ་བ་བཞིན་དུ་རྟོགས་པ་ལ་འབྲས་བུ་ཅི་འབྱུང་ཞེ་ན། རེ་ཤིག་ཉན་ཐོས་ཀྱི་རིགས་ཅན་གྱིས་ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པ་དང་། ཀུན་རྫོབ་ཏུ་རྟེན་འབྱུང་སྒྱུ་མ་ལྟ་བུར་རྟོགས་པའི་རྒྱུན་གོམས་པས་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའི་མྱ་ངན་ལས་འདས་པ་ཚེ་འདི་ཉིད་ལའམ། འདིར་མ་ཐོབ་ཀྱང་ཚེ་རབས་གཞན་དུ་འབད་པ་མེད་པར་ཐོབ་པར་འགྱུར་ཏེ། འཕགས་པ་ལྷས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་པར་ལྟར་རོ། །དེ་ཉིད་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ཀྱིས་ཐོས་བསམ་སྒོམ་པའི་རིམ་གྱིས་ཅི་རིགས་སུ་སྤྱད་པས་རྫོགས་པའི་སངས་རྒྱས་རྣམས་ནི་མ་བྱུང་ཞིང་། ཉན་ཐོས་རྣམས་ནི་ཟད་པར་གྱུར་ཀྱང་ཞིང་སྟོང་པར་སྐྱེས་ཏེ་དྲོད་ཀྱི་ཡེ་ཤེས་ནས་སམ། བཟོད་པ་འབྲིང་གི་ཡེ་ཤེས་ནས་སམ། སྒོམ་པའི་ལམ་གྱི་ཡེ་ཤེས་ནི་རྐྱེན་ཚེ་འདིའི་དགེ་བའི་བཤེས་གཉེན་བསྟེན་པ་མེད་པར་སྔོན་གྱི་བསོད་ནམས་དང་། སྨོན་ལམ་གྱི་མཐུས་རབ་ཏུ་སྐྱེ་བས་ན་ཚེ་དེ་ཉིད་ལ་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་སྐྱེའོ། །གཉིས་པ་ལུང་དང་སྦྱར་བ་ནི། རྒྱལ་བའི་ཡུམ་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས། རང་གི་ལུས་དང་སྲོག་ཀྱང་བཏང་ནས་རྒྱལ་བའི་ཡུམ་ཅི་ལྟར་བཙལ་བའི་ཚུལ་རྒྱས་པར་གསུངས་ཏེ་ཚུལ་དེ་ལྟར་བཙལ་བར་བྱའོ་ཞེས་པའི་དོན་ཏོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ། །འགྲེལ་པར་ནི་བདག་བརྟགས་པ་ཞེས་པ་ཙམ་ལས་མི་སྣང་ངོ་།། །།བཞི་པ་རྟེན་འབྲེལ་དུས་ཀྱི་སྟོང་པ་ལ་གཉིས་ཏེ། དུས་ཀྱི་ངོ་བོ་དགག་པ་དང་། དེའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་དངོས་པོའི་རང་བཞིན་བཀག་མོད་ཀྱི་དུས་སྔར་མ་བཀག་པས་ཡོད་ལ། དེ་ཡོད་པས་དེ་དག་ཏུ་འཇོག་པའི་རྒྱུ་དངོས་པོ་ཡང་ཡོད་པ་ཉིད་དོ་ཞེ་ན། དུས་གསུམ་ཉིད་རང་བཞིན་དུ་མེད་པས་དེ་རྣམ་འཇོག་གི་རྒྱུ་དངོས་པོ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིགས་པས་བསྒྲུབ་པ་ལ་གཉིས་ཏེ། དུས་གསུམ་རང་བཞིན་གྱིས་གྲུབ་པ་དགག རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་གསུམ་སྟེ། ད་ལྟར་བ་དང་མ་འོངས་པ་རང་བཞིན་གྱིས་གྲུབ་པ་དགག རིམ་པ་དེ་གཞན་ལ་བསྣོར་བ། རིག་པ་དེ་ཆོས་གཞན་ལ་བསྒྲེ་བའོ། །དང་པོ་ལ་གསུམ་སྟེ། དུས་གཉིས་འདས་པ་ལ་ལྟོས་པ་དགག མ་ལྟོས་པ་དགག དོན་བསྡུ་བའོ། །དང་པོ་ནི། ད་ལྟར་དང་མ་འོངས་པ་རང་བཞིན་དུ་ཡོད་ན་འདས་པ་ལ་ལྟོས་པའམ་མ་ལྟོས་པར་ཡོད་དྲང་། གལ་ཏེ་ད་ལྟར་བྱུང་བ་དང་མ་འོངས་པ་འདས་པ་ལ་ལྟོས་པར་འགྱུར་ན། ད་ལྟར་བྱུང་བ་དང་མ་འོངས་པ་ཆོས་ཅན། འདས་པའི་དུས་ན་ཡོད་པར་འགྱུར་ཏེ། འདས་པ་ལ་རང་བཞིན་གྱིས་ལྟོས་པའི་ཕྱིར། གལ་ཏེ་མ་ངེས་པའི་སྐྱོན་སྤོང་བར་འདོད་པས་ད་ལྟར་བྱུང་དང་མ་འོངས་པ་གཉིས་འདས་པའི་དུས་དེ་ན་མེད་པར་གྱུར་ན། ད་ལྟར་བྱུང་དང་མ་འོངས་པ་ཅི་ལྟར་འདས་པ་དེ་ལ་ལྟོས་པར་འགྱུར་ཏེ་ལྟོས་ཆོས་ཡོད་པའི་ཚེ་ན་ལྟོས་ས་མེད་ལ། ལྟོས་ས་ཡོད་པའི་ཚེ་ལྟོས་ཆོས་མེད་པའི་ཕྱིར་རོ། །གཉིས་པ་ནི། གཞན་གྱི་སྡེ་པ་དག དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་རྒུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ལས་འདའ་བ་ཤིན་ཏུ་དཀའ། །ཞེས་པའི་ཚུལ་གྱིས་དུས་རྟག་པ་རྫས་སུ་ཡོད་པས། དེ་གཉིས་འདས་པ་ལ་མ་ལྟོས་པར་ཡོད་དོ་ཞེ་ན། འདས་པ་ལ་ནི་མ་ལྟོས་པར་ད་ལྟར་བ་དང་མ་འོངས་པ་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་ཏེ། འདས་པ་དངོས་སུ་མ་འོངས་པ་ལ་ད་ལྟར་བ་དང་། བརྒྱུད་ནས་མ་འོངས་པ་ལ་མ་འོངས་པ་བསྙད་པའི་ཕྱིར་རོ། །གསུམ་པ་ནི། འདས་པ་ལ་ལྟོས་པ་དང་མ་ལྟོས་པར་མ་གྲུབ་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་པའོ། །གཉིས་པ་ནི། ད་ལྟར་དང་མ་འོངས་པ་འདས་པ་ལ་ལྟོས་པ་དང་མ་ལྟོས་པར་མ་གྲུབ་པའི་རིམ་པའི་ཚུལ་ནི་འདི་ཉིད་ཀྱིས་དུས་ལྷག་མ་འདས་མ་འོངས་ད་ལྟར་བ་ལ་ལྟོས་པ་དང་མ་ལྟོས་པར་མ་གྲུབ་པ་དང་། ད་ལྟར་དང་འདས་པ་མ་འོངས་པ་ལ་ལྟོས་པ་དང་མ་ལྟོས་པ་གཉིས་པོ་བསྣོར་བར་ཤེས་པར་བྱ་སྟེ། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །ཞེས་སོགས་དང་། འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་མ་འོངས་ལྟོས་འགྱུར་ན། །ཞེས་སོགས་འདོན་པ་བསྒྱུར་བར་བྱ་བ་ཡིན་པའི་ཕྱིར། གསུམ་པ་ནི། ཇི་ལྟར་དུས་གསུམ་ཕན་ཚུན་ལྟོས་པ་དང་མ་ལྟོས་པར་དཔྱད་ན་མེད་པ་དེ་བཞིན་དུ་མཆོག་དང་ཐ་མ་དང་འབྲིང་དང་། སོགས་ཀྱིས་བསྡུས་པ་སྐྱེ་གནས་འཇིག་པ་དང་། འདོད་པ་དང་གཟུགས་དང་གཟུགས་མེད་པ་དང་། སློབ་པ་དང་མི་སློབ་པ་དང་། གཉིས་ཀ་མ་ཡིན་པ་དང་། རྒན་གཞོན་བར་མ་ལ་སོགས་པ་ཕན་ཚུན་ལྟོས་པའི་དངོས་པོ་གསུམ་དང་འབྲེལ་བ་ཕན་ཆད་གཅིག་དང་། སོགས་ཀྱིས་བསྡུས་པ་གཉིས་དང་། གསུམ་ལ་སོགས་པའང་ལྟོས་པ་དང་མ་ལྟོས་པར་དཔྱད་ན་རང་བཞིན་གྱིས་མེད་པར་ཤེས་པར་བྱ་སྟེ། མཆོག་དང་ཐ་མ་གཉིས་དག་ནི། །གལ་ཏེ་འབྲིང་ལ་ལྟོས་འགྱུར་ན། །ཞེས་སོགས་འདོན་པ་བསྒྱུར་བར་བྱ་བ་ཡིན་པའི་ཕྱིར། གཉིས་པ་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པ་ལ་གཉིས་ཏེ། སྒྲུབ་བྱེད་ཚད་དགག་པ་དང་། སྒྲུབ་བྱེད་དངོས་པོ་དགག་པའོ། །དང་པོ་ནི། གལ་ཏེ་དུས་ནི་རང་བཞིན་གྱིས་ཡོད་དེ། དེའི་ཚད་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་ནས་བསྐལ་པའི་བར་དུ་གསུངས་པས་དེའི་ཚད་ཡོད་པའི་ཕྱིར་རོ་ཞེ་ན། ཚད་རང་བཞིན་གྱིས་གྲུབ་ན་འདི་ལྟར་དུས་སྐད་ཅིག་གཉིས་པར་མི་གནས་པའམ་གནས་པ་ཞིག་ཚད་ཀྱིས་འཛིན་པར་བྱེད་དྲང་། དང་པོ་ལྟར་ན་དུས་ནི་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་འཛིན་པར་མི་བྱེད་དེ། སྐད་ཅིག་གཉིས་པར་མི་གནས་པའི་ཕྱིར་རོ། །ཁྱབ་སྟེ་སྐྱེས་པའི་སྐད་ཅིག་དེ་ཉིད་ལ་བྱ་བྱེད་འགལ་ཞིང་དུས་གཉིས་པར་མེད་པས་ཚད་ཀྱིས་གཟུང་མི་ནུས་པའི་ཕྱིར་རོ། །གཉིས་པ་ལྟར་ན་དུས་དེ་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་ཅི་ལྟར་བཟུང་ཞིང་གདགས་པར་བྱ་སྟེ། མི་འཐད་པར་ཐལ། གལ་ཏེ་དུས་གནས་པ་ཞིག་ཡོད་ན་སྐད་ཅིག་ལ་སོགས་པའི་ཚད་ཀྱིས་འཛིན་པར་འགྱུར་བ་ཞིག་ན་གང་ཞིག་ཚད་ཀྱིས་གཟུང་བར་བྱ་བའི་དུས་གནས་པ་ཉིད་ཡོད་པ་མ་ཡིན་པས་སོ། །ཅི་སྟེ་སྙམ་ན་དངོས་པོ་ལས་ཐ་དད་པའི་དུས་ཡོད་ན་འཇིག་རྟེན་པའི་མངོན་སུམ་ལ་སྣང་དུ་རུང་བ་ཡིན་པས་དེས་ཐ་དད་དུ་མ་དམིགས་པ་ཉིད་ཀྱིས་ཁེགས་ལ། དངོས་པོ་སྐད་ཅིག་མར་སྔ་ཕྱི་ཐ་དད་པའི་རྗེས་དཔག་གིས་གྲུབ་པས། སྐད་ཅིག་གི་རང་བཞིན་གྱི་དངོས་པོ་ལས་ཐ་དད་པའི་དུས་ནི་མ་བཟུང་བའི་ཕྱིར་རོ། །གཉིས་པ་ནི་གལ་ཏེ་རང་གི་སྡེ་པ་དག་སྐད་ཅིག་མའི་བདག་ཉིད་ཀྱིས་དངོས་པོ་ལས་ཐ་དད་པའི་དུས་གནས་པ་མེད་པ་དེ་ལྟ་ན་ཡང་དངོས་པོ་ཡོད་པས་དེ་ལ་བརྟེན་ནས་བཏགས་པའི་དུས་ནི་རང་བཞིན་གྱིས་ཡོད་པར་སྨྲའི་དངོས་མེད་ཀྱི་དུས་ནི་ག་ལ་ཡོད་དེ་མེད་དོ་ཞེ་ན། སྔར་བཀག་པའི་ཚུལ་གྱིས་རྟེན་དངོས་པོ་འགའ་ཡང་ཡོད་པ་མིན་ན། དེ་ལ་བརྟེན་པའི་དུས་ལྟ་ཡོད་པར་ག་ལ་འགྱུར་ཏེ། རྟེན་མེད་པའི་ཕྱིར། རི་བོང་གི་རྭའི་རྣོ་བ་བཞིན་ནོ། །གཉིས་པ་ལུང་དང་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས་ཀྱང་འཕགས་པ་གླང་པོ་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདས་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་པ་མེད་མི་འགྱུར། །ཞེས་གསུངས་ལ། དེ་བཞིན་དུ། ཆོས་ནི་སྟོང་ཕྲག་བརྒྱ་དག་བསྟན་གྱུར་ནས། །སངས་རྒྱས་འབུམ་ཕྲག་གང་དག་འདས་གྱུར་ཀྱང་། །ཆོས་དང་ཡི་གེ་དག་ལ་ཟད་མེད་དེ། །སྐྱེ་བ་ཡོད་མིན་དེས་ན་ཟད་མེད་དེ། །ཞེས་བྱ་བ་དང་། དེ་བཞིན་དུ། དེ་བཞིན་གཤེགས་པ་འབྱུང་བའི་དུས་ཀྱི་ཚེ། །བྱམས་པ་ཞེས་བྱའི་རྒྱལ་བ་འབྱུང་འགྱུར་ཞིང་། །ས་འདི་གསེར་གྱིས་བརྡལ་བ་འབྱུང་འགྱུར་བ། །དེ་ཚེ་དེ་ཡི་འབྱུང་དེ་ག་ལ་ཡོད། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསྟན་ཚུལ་ནི་སྔ་མས་འགྲེའོ། །གསུམ་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། དུས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་དུས་ཀྱི་སྒྲུབ་བྱེད་དགག་པ་ལ་གཉིས་ཏེ། དུས་འབྲས་བུ་སྐྱེ་བའི་ལྷན་ཅིག་བྱེད་རྐྱེན་དུ་འདོད་པ་དགག་པ། དུས་འབྲས་བུ་འབྱུང་འཇིག་གི་རྒྱུར་འདོད་པ་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་བྱེད་ཀྱི་འབྲེལ་ནི། རང་གི་སྡེ་པ་དག་དུས་བཀག་མོད་ཀྱི་དེ་ལྟ་ན་ཡང་རང་བཞིན་གྱིས་ཡོད་པ་ཉིད་དེ། ཕྱིའི་མྱུ་གུ་ལ་སོགས་པ་ཡང་དཔྱིད་ལ་སོགས་པའི་དུས་ཀྱི་ཁྱད་པར་མི་ཉེ་བར་མི་སྐྱེད་ལ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ནང་ལུས་ཀྱི་འབྲས་བུ་བསྐྱེད་པ་ཡང་དུས་ལ་ལྟོས་པར་གསུངས་པས་ཕྱི་ནང་གི་འབྲས་བུ་བསྐྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པའི་ཕྱིར་རོ། །གང་མེད་པ་དེ་ནི་རྐྱེན་དུ་མི་རུང་སྟེ། ནམ་མཁའི་མེ་ཏོག་བཞིན་ནོ་ཞེ་ན། དཔྱད་ན་འབྲས་བུ་སྐྱེ་བ་ཉིད་མེད་པས་དུས་འབྲས་བུ་སྐྱེ་བའི་རྐྱེན་དུ་མི་འཐད་དོ། །ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་བཞི་སྟེ། རྒྱུ་འབྲས་གཉིས་ཀ་ལ་བརྟག་སྟེ་དགག འབྲས་བུའི་ངོ་བོ་ལ་བརྟག་སྟེ་དགག རྒྱུའི་ངོ་བོ་ལ་བརྟག་སྟེ་དགག དེ་དག་གིས་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། རྒྱུ་ལ་འབྲས་བུ་ཡོད་མེད་བརྟག་སྟེ་དགག ནུས་པ་ལ་བརྟག་སྟེ་དགག དུས་ལ་བརྟག་སྟེ་དགག བྱ་བ་ལ་བརྟག་སྟེ་དགག་པའོ། །དང་པོ་ནི། རྒྱུ་རྐྱེན་གྱི་ཚོགས་པ་སྔ་མ་ལས་འབྲས་བུ་སྐྱེ་ན་འབྲས་བུ་ཚོགས་པ་དེ་ལ་ཡོད་པའམ་མེད་པ་ཞིག་སྐྱེ་དྲང་། དང་པོ་ལྟར་གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཞིང་། ཚོགས་པ་ལ་འབྲས་བུ་ཡོད་ན་ནི་ཅི་ལྟར་ཚོགས་པ་ཉིད་ལས་སྐྱེ་སྟེ་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །གཉིས་པ་ལྟར་གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། རྒྱུ་རྐྱེན་གྱི་ཚོགས་པ་ལ་འབྲས་བུ་མེད་ན་ནི་ཅི་ལྟར་ཚོགས་པ་ཉིད་ལས་སྐྱེ་སྟེ། མེད་པ་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་སྔ་མ་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་ཡོད་ན་ནི་དེ་ལྟར་རུང་བ་ཡིན་པས་ཚོགས་པ་ལ་བཟུང་དུ་ཡོད་པར་རིགས་ན་ཚོགས་པ་ཉིད་ལ་བཟུང་དུ་མེད་པས་ཡོད་པ་མི་འཐད་དེ། སྣང་རུང་མ་དམིགས་པའི་ཕྱིར་རོ། །གལ་ཏེ་ཕྱི་མ་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ལ་འབྲས་བུ་མེད་ན་ནི། རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་ཆོས་ཅན། རྒྱུ་རྐྱེན་མ་ཡིན་པ་དང་མཚུངས་པ་ལ་འབྲས་བུ་མི་སྐྱེད་པར་འགྱུར་ཏེ། འབྲས་བུ་མེད་པར་ཁྱད་པར་མེད་པའི་ཕྱིར། གཉིས་པ་ནི། འབྲས་བུ་སྐྱེ་བ་ལ་རྒྱུ་འགག་པ་སྔོན་དུ་འགྲོ་དགོས་པས་རྒྱུས་འབྲས་བུ་ལ་འབྲས་བུ་སྐྱེ་རུང་གི་ཆོས་བྱེད་རྒྱུ་བྱིན་ནས་འགག་གམ་མ་བྱིན་པར་འགག གལ་ཏེ་སྔ་མ་ལྟར་རྒྱུས་ནི་འབྲས་བུ་ལ་བྱེད་རྒྱུ་བྱིན་ནས་ནི་འགག་པར་འགྱུར་ན། དེ་ཡང་མི་རིགས་ཏེ། འབྲས་བུ་ལ་སྐྱེ་རུང་གི་ཆོས་གང་བྱིན་པའི་རྒྱུའི་བདག་ཉིད་དང་། རང་ཉིད་གང་འགགས་པའི་རྒྱུའི་བདག་ཉིད་གཉིས་སུ་འགྱུར་བས་ཕྱེད་རྟག་པ་དང་ཕྱེད་མི་རྟག་པར་འགྱུར་ན་དེ་ཡང་རྫས་གཅིག་ལ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཕྱི་མ་ལྟར་རྒྱུས་འབྲས་བུ་ལ་བྱེད་རྒྱུ་མ་བྱིན་པར་བདག་ཉིད་ཐམས་ཅད་ཀྱིས་འགག་པར་འགྱུར་ན་འབྲས་བུ་དེ་ནི་རྒྱུ་མེད་པར་འགྱུར་ཏེ། རྒྱུ་འགགས་ནས་ནི་སྐྱེས་པའི་ཕྱིར་རོ། །གསུམ་པ་ནི། བྱེ་བྲག་ཏུ་སྨྲ་བ་ཁ་ཅིག འབྲས་བུ་རྒྱུ་རྐྱེན་གྱི་ཚོགས་པ་དང་དུས་མཉམ་དུ་སྐྱེ་སྟེ། སྒྲོན་མེ་ལས་འོད་སྐྱེ་བ་བཞིན་ནོ་ཞེ་ན། གལ་ཏེ་དེ་ལྟར་རྒྱུ་དང་རྐྱེན་གྱི་ཚོགས་པ་དང་ལྷན་ཅིག་ཏུ་འབྲས་བུ་ཡང་ནི་སྐྱེ་བར་འགྱུར་ན། དེའི་དོན་བསྐྱེད་པར་བྱེད་པ་དང་། བསྐྱེད་བྱ་གང་ཡིན་པ་དེ་དུས་གཅིག་པར་ནི་ཐལ་བར་འགྱུར་ན་དེ་ཡང་མི་རིགས་ཏེ། དུས་མཉམ་པ་ནི་མ་གྲུབ་ན་སྐྱེད་བྱེད་དང་། གྲུབ་ན་བསྐྱེད་བྱར་འགལ་བའི་ཕྱིར་རོ། །དེའི་སྐྱོན་སྤོང་བར་འདོད་ནས་བྱེ་བྲག་ཏུ་སྨྲ་བ་ཁ་ཅིག རྒྱུ་དང་རྐྱེན་གྱི་ཚོགས་པའི་སྔ་རོལ་དུ་མ་འོངས་པ་ན་ཡོད་པ་ཞིག་ཚོགས་པ་ད་ལྟར་བས་བསྐྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་རྒྱུ་དང་རྐྱེན་ཚོགས་པའི་སྔོན་རོལ་དུ་འབྲས་བུའི་ངོ་བོ་བསྐྱེད་པར་གྱུར་ན་ནི་མ་འོངས་པ་ན་ཡོད་པའི་འབྲས་བུ་དེ་ཆོས་ཅན། རྒྱུ་མེད་དུ་འབྱུང་བར་འགྱུར་ཏེ། རྒྱུ་དང་རྐྱེན་རྣམས་ལ་ལྟོས་པ་མེད་པ་ཡི་ཕྱིར་རོ། །བཞི་པ་བྱ་བ་ལ་བརྟག་སྟེ་དགག་པ་ལ་དྲུག་སྟེ། རང་བཞིན་དང་གནས་སྐབས་ལ་བརྟག་སྟེ་དགག རྒྱུ་འབྲས་མུ་བཞིར་བརྟག་སྟེ་དགག མཐོང་མ་མཐོང་བརྟག་སྟེ་དགག ཕྲད་མ་ཕྲད་བརྟག་སྟེ་དགག སྟོང་མི་སྟོང་བརྟག་སྟེ་དགག གཅིག་དང་ཐ་དད་བརྟག་སྟེ་དགག་པའོ། །དང་པོ་ནི། གལ་ཏེ་རྒྱུ་རྐྱེན་ཚོགས་པས་འབྲས་བུ་བསྐྱེད་པ་མ་ཡིན་གྱི། རྒྱུ་ཁོ་ནས་འབྲས་བུ་བསྐྱེད་ལ་དེ་ཡང་རྫས་གཞན་ཡིན་ན་བརྟག་པ་དེར་འགྱུར་བ་ཞིག་ན་ཡང་རྫས་གཞན་ནི་མ་ཡིན་གྱི། རྒྱུའི་གནས་སྐབས་འགགས་ནས་འབྲས་བུའི་བདག་ཉིད་དུ་གནས་པ་ཡིན་ནོ་ཞེ་ན། རྒྱུའི་རང་བཞིན་ནི་ཆོས་ཅན། ཟློས་གར་མཁན་ཆ་ལུགས་འདོར་ལེན་བྱེད་པ་ལྟར། རྒྱུ་དང་འབྲས་བུའི་གནས་སྐབས་ཀུན་ཏུ་འཕོ་བར་འགྱུར་ཏེ། རྫས་གཅིག་ཡིན་ཀྱང་རྒྱུའི་གནས་སྐབས་དོར་ནས་འབྲས་བུའི་བདག་ཉིད་དུ་འགྱུར་བའི་ཕྱིར། སྔོན་སྐྱེས་ཟིན་པའི་རྒྱུ་ཡང་ནི་ཡང་སྐྱེ་བར་ནི་ཐལ་བར་འགྱུར་ཏེ། རྒྱུ་དེ་ཉིད་འབྲས་བུའི་ངོ་བོ་སྐྱེ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རྒྱུས་འབྲས་བུ་སྐྱེས་པའམ་མ་སྐྱེས་པ་ཞིག་བསྐྱེད། དང་པོ་ལྟར་ན་རྒྱུ་འགགས་པའམ། མ་འགགས་པ་ཞིག་གིས་བསྐྱེད། སྔ་མ་ལྟར་ན་རྒྱུ་འགགས་པ་དེ་ཆོས་ཅན། ཁྱོད་དེ་ཡིས་འབྲས་བུ་སྐྱེས་པ་ཅི་ལྟར་བསྐྱེད་དེ་མི་སྐྱེད་པར་ཐལ། རྒྱུའི་ངོས་ནས་ནུབ་པར་གྱུར་པ་སྟེ་མེད་པའི་ཕྱིར་དང་། འབྲས་བུ་སྐྱེས་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །ཕྱི་མ་ལྟར་ན་འབྲས་བུ་སྐྱེས་པ་ད་ལྟ་བ་དང་ནི་འབྲེལ་བའི་རྒྱུ་མ་འགགས་ཤིང་གནས་པས་ཀྱང་ནི་འབྲས་བུ་སྐྱེས་པ་ཅི་ལྟར་བསྐྱེད་དེ། རྒྱུ་རྣམ་པར་མི་འགྱུར་བས་རྒྱུའི་མཚན་ཉིད་འབྲས་བུ་ལ་ཕན་ཐོགས་པ་མེད་པའི་ཕྱིར་དང་། འབྲས་བུ་སྐྱེས་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །བརྟག་པ་གཉིས་པ་ལྟར་ཅི་སྟེ་འབྲས་བུ་མ་སྐྱེས་པས། རྒྱུ་འབྲས་མ་འབྲེལ་བའི་ཕྱིར་ན་རྒྱུས་ནི་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ་གཏན་སྐྱེད་པར་མི་བྱེད་པའམ། ཡང་ན་ཐམས་ཅད་བསྐྱེད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། ཡང་རྒྱུས་འབྲས་བུ་མཐོང་ནས་བསྐྱེད་དམ་མ་མཐོང་བར་བསྐྱེད། སྔ་མ་ལྟར་རྒྱུས་ནི་འབྲས་བུ་མཐོང་ནས་བསྐྱེད་པར་ཡང་མི་བྱེད་དེ། འབྲས་བུ་མེད་ན་མཐོང་བར་མི་ནུས་ལ། ཡོད་ན་སྐྱེ་བ་དོན་མེད་པའི་ཕྱིར་རོ། །ཕྱི་མ་ལྟར་རྒྱུས་ནི་འབྲས་བུ་མ་མཐོང་བར་སྐྱེད་པར་མི་བྱེད་དེ། དེ་ལྟར་ན་མ་མཐོང་བ་ཐམས་ཅད་སྐྱེད་པར་ཧ་ཅང་ཐལ་བའི་ཕྱིར་རོ། །བཞི་པ་ལ་གཉིས་ཏེ། དུས་གསུམ་ལ་བརྟག་སྟེ་ཕྲད་པ་ཉིད་མི་འཐད་པ། ཕྲད་པ་ཡོད་མེད་ལ་དཔྱད་པ་མི་འཐད་པའོ། །དང་པོ་ནི། རྒྱུ་འབྲས་གཉིས་ལ་ཕྲད་པ་ཡོད་ན་བསྐྱེད་བྱ་སྐྱེད་བྱེད་དུ་རུང་བ་ཞིག་ན་ཡང་དེ་མེད་དེ། འབྲས་བུ་དུས་གསུམ་པོ་རེ་རེ་ཞིང་རྒྱུའི་དུས་གསུམ་པོ་རེ་རེ་དང་ཕྲད་པ་མི་རུང་བའི་ཕྱིར་རོ། །དེ་ཡང་འདི་ལྟར་འབྲས་བུ་འདས་པ་ནི་རྒྱུ་འདས་པ་དང་། རྒྱུ་མ་སྐྱེས་པ་དང་། རྒྱུ་སྐྱེས་པ་ད་ལྟར་བ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ་རིམ་པ་ལྟར་རྒྱུ་འབྲས་གཉིས་ཀ་འདས་ནས་མེད་པའི་ཕྱིར་དང་། འབྲས་བུ་འདས་ཤིང་རྒྱུ་མ་སྐྱེས་ནས་མེད་པའི་ཕྱིར་དང་། རྒྱུ་འབྲས་དུས་མི་མཚུངས་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་ད་ལྟར་བ་ནི་རྒྱུ་མ་སྐྱེས་པ་དང་། འདས་པ་དང་། སྐྱེས་པ་ད་ལྟར་བ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། རིམ་པ་ལྟར་རྒྱུ་མ་སྐྱེས་ནས་མེད་པའི་ཕྱིར་དང་། རྒྱུ་འདས་ནས་མེད་པའི་ཕྱིར་དང་། དུས་མཉམ་ན་ཕྲད་ཅིང་ལྟོས་པ་དོན་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་མ་འོངས་པ་ནི་རྒྱུ་སྐྱེས་པདང་། རྒྱུ་མ་སྐྱེས་པ་དང་། རྒྱུ་འདས་པ་དང་ལྷན་ཅིག་ཕྲད་པར་འབྱུང་བ་ནི་ནམ་ཡང་ཡོད་པ་མ་ཡིན་ཏེ། རིམ་པ་ལྟར་དུས་མི་མཚུངས་ཤིང་འབྲས་བུ་མ་སྐྱེས་ནས་མེད་པའི་ཕྱིར་དང་། གཉིས་ཀ་མ་སྐྱེས་ནས་མེད་པའི་ཕྱིར་དང་། འབྲས་བུ་མ་སྐྱེས་པ་དང་རྒྱུ་འདས་ནས་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་དཔྱད་ན་མེད་པས་རྒྱུས་ནི་འབྲས་བུ་ཅི་ཞིག་སྐྱེད་དེ། ཕྲད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕྲད་པ་ཡོད་པ་ཡིན་ན་ཡང་རྒྱུས་ནི་འབྲས་བུ་ཅི་ལྟར་བསྐྱེད་དེ། དུས་མཉམ་པ་ལ་བསྐྱེད་བྱ་སྐྱེད་བྱེད་མི་འཐད་པའི་ཕྱིར་རོ། །ལྔ་པ་ལ་གཉིས་ཏེ། འབྲས་བུས་སྟོང་མི་སྟོང་གི་རྒྱུས་མི་སྐྱེད་པ། འབྲས་བུ་ཉིད་སྟོང་མི་སྟོང་མི་སྐྱེད་པའོ། །དང་པོ་ནི། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས་ཅི་ལྟར་འབྲས་བུ་སྐྱེད་པར་བྱེད་དེ། འབྲས་བུ་རང་ལ་མེད་པས་རྒྱུ་མ་ཡིན་པ་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་འབྲས་བུས་མི་སྟོང་པའི་རྒྱུས་ཅི་ལྟར་འབྲས་བུ་སྐྱེད་པར་བྱེད་དེ། འཁར་གཞོང་ན་ཡོད་པའི་རྒྱ་ཤུག་ལྟར་རང་ལ་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །གཉིས་པ་ནི། འབྲས་བུ་དེ་ཡང་རང་བཞིན་གྱིས་སྟོང་པའམ། མི་སྟོང་པ་ཞིག་སྟེ། ཕྱི་མ་ལྟར་ན་འབྲས་བུ་རང་བཞིན་གྱིས་མི་སྟོང་པ། རང་བཞིན་གྱིས་ཡོད་པ་ནི་སྐྱེ་བར་མི་འགྱུར་ཞིང་། མི་སྟོང་པ་རང་བཞིན་གྱིས་ཡོད་པ་འགག་པར་ཡང་མི་འགྱུར་ཏེ། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིག་པ་མ་ཡིན་ནོ། །ཞེས་དང་། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་སྔར་བཤད་ཟིན་པའི་ཕྱིར་རོ། །འོ་ན་ཅིར་འགྱུར་ཞེ་ན། རང་བཞིན་གྱིས་མི་སྟོང་པ་དེ་ནི་མ་འགགས་པ་དང་། མ་སྐྱེས་པར་ཡང་འགྱུར་བ་ཡིན་ཏེ། རང་བཞིན་ལ་བྱ་བྱེད་མི་རུང་བའི་ཕྱིར་རོ། །དང་པོ་ལྟར་རང་བཞིན་གྱིས་སྟོང་པ་ཡིན་ན་ཡང་དག་པར་ཅི་ལྟར་སྐྱེ་བར་འགྱུར་ཞིང་། སྟོང་པ་ཡང་དག་པར་ཅི་ལྟར་འགག་པར་འགྱུར་ཏེ། རྟེན་མེད་པའི་ཕྱིར། འོན་ཀྱང་འབྲས་བུ་རང་བཞིན་གྱིས་སྟོང་པ་དེ་ཡང་ཡང་དག་པར་མ་འགགས་པ་དང་། མ་སྐྱེས་པར་ཡང་ཐལ་བར་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །དྲུག་པ་ནི། གལ་ཏེ་རྒྱུས་འབྲས་བུ་བསྐྱེད་ན་འབྲས་བུ་དང་ངོ་བོ་ཐ་མི་དད་པའི་རྒྱུས་བསྐྱེད་དམ། ངོ་བོ་ཐ་དད་པའི་རྒྱུས་བསྐྱེད། དང་པོ་ལྟར་ན། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་པ་ནི་དམ་བཅའ་བའོ། །གཉིས་པ་ལྟར་ན། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་པ་ནི་དམ་བཅའ་བའོ། །དམ་བཅའ་དང་པོའི་འཐད་པ་ནི། རྒྱུ་དང་འབྲས་བུ་རྫས་གཅིག་ཉིད་ཡིན་ན་བསྐྱེད་པར་བྱ་བ་དང་། བསྐྱེད་པར་བྱེད་པ་ཡང་གཅིག་ཏུ་འགྱུར་ན་དེ་ཡང་འཐད་པ་མ་ཡིན་ཏེ། རང་ལ་བྱ་བྱེད་འགལ་བའི་ཕྱིར་དང་། རྒྱུ་ཉིད་ཡང་ནས་ཡང་དུ་སྐྱེ་བར་ཐལ་བའི་ཕྱིར་རོ། །དམ་བཅའ་གཉིས་པའི་འཐད་པ་ནི། རྒྱུ་དང་འབྲས་བུ་རྫས་གཞན་ཡིན་ན། དེ་ཡང་འཐད་པ་མ་ཡིན་ཏེ། རྒྱུས་འབྲས་བུ་བསྐྱེད་པ་ལྟར་རྒྱུ་མིན་གྱིས་ཀྱང་བསྐྱེད་པའམ་ཡང་ན་རྒྱུས་ཀྱང་མི་སྐྱེད་པར་མཚུངས་པར་འགྱུར་ཏེ། གཞན་ཙམ་དུ་ལྡོག་པ་གཅིག་པ་ལ་ཡང་དག་པར་སྐྱེ་མི་སྐྱེའི་ཁྱད་པར་མི་འཐད་པའི་ཕྱིར་རོ། །གཉིས་པ་འབྲས་བུའི་ངོ་བོ་ལ་བརྟག་སྟེ་དགག་པ་ནི། ཡང་རྒྱུས་འབྲས་བུ་རང་བཞིན་གྱིས་བསྐྱེད་ན། འབྲས་བུ་ངོ་བོ་ཉིད་ཡོད་པའམ། མེད་པ་ཞིག་བསྐྱེད། དེ་ལ་འབྲས་བུའི་ངོ་བོ་ཉིད་ཡོད་ན་རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར་ཏེ། རང་བཞིན་རྒྱུས་སྐྱེད་པ་འགལ་བའི་ཕྱིར་རོ། །འབྲས་བུའི་ངོ་བོ་ཉིད་མེད་ན་དེ་ཁོ་ན་ཉིད་དུ་རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར་ཏེ། བསྐྱེད་བྱའི་རྟེན་མེད་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །གསུམ་པ་རྒྱུའི་ངོ་བོ་ལ་བརྟག་སྟེ་དགག་པ་ནི། དེ་ལྟར་ན་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་ན། རྒྱུ་ཉིད་འཐད་པར་མི་འགྱུར་ཏེ། རྒྱུའི་རྣམ་འཇོག་གི་རྒྱུ་འབྲས་བུ་སྐྱེད་བྱེད་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུ་མེད་ཀྱང་འབྲས་བུ་ཡོད་དོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། སྔར་བཤད་པའི་ཚུལ་གྱིས་རྒྱུ་ཉིད་འཐད་པ་ཡོད་མིན་ན། འབྲས་བུ་རྒྱུ་གང་གི་འབྲས་བུ་ཡིན་པར་འགྱུར་ཏེ། རྒྱུ་མེད་ཀྱི་འབྲས་བུ་མི་སྲིད་པའི་ཕྱིར་རོ། །བཞི་པ་དེ་དག་གིས་གྲུབ་པའི་དོན་བསྡུ་བ་ནི། རྒྱུ་རྐྱེན་ཚོགས་པས་བྱས་པའི་འབྲས་བུ་མེད་དེ། སྔར་བཀག་པས་རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་པ་དེ་ཡིས་ནི། །བདག་གི་བདག་ཉིད་མི་སྐྱེད་ལ། །དེ་མི་སྐྱེད་ན་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ། མི་བྱེད་པ་དེའི་ཕྱིར། རྒྱུ་རྐྱེན་ཚོགས་པ་མིན་པ་རྒྱུ་ཙམ་གྱི་བྱས་པའི་འབྲས་བུ་ཡང་མེད་དེ། རྒྱུ་རྐྱེན་མ་ཚོགས་ན་འབྲས་བུ་བསྐྱེད་མི་ནུས་པའི་ཕྱིར། འབྲས་བུ་མེད་ཀྱང་རྒྱུ་ཡོད་དོ་སྙམ་ན་དེ་ལྟར་འབྲས་བུ་ཡོད་པ་མ་ཡིན་པའི་ཕྱིར་ན། རྐྱེན་གྱི་ཚོགས་པ་དང་རྒྱུ་ཉིད་ག་ལ་ཡོད་དེ། དེ་དག་གི་རྣམ་འཇོག་གི་རྒྱུ་མེད་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། འཕགས་པ་རྒྱ་ཆེ་རོལ་པའི་མདོ་ལས། མཆུ་དང་ལྐོག་མ་རྐན་ལ་བརྟེན་ནས་ནི། །ལྕེ་བསྒྱུར་བ་ལས་ཡི་གེའི་སྒྲ་འབྱུང་ཀྱང་། །ལྐོག་མར་བརྟེན་ནས་མ་ཡིན་རྐན་ལས་མ་ཡིན་ཏེ། །རེ་རེ་ལ་ནི་ཡི་གེ་དམིགས་སུ་མེད། །ཚོགས་པ་དེ་དག་ཉིད་ལ་བརྟེན་ནས་ངག་དེ་ནི། །ཡིད་ཀྱི་བློ་ཡི་དབང་གིས་འབྱུང་མོད་ཀྱི། །ཡིད་དང་ངག་ནི་མི་སྣང་གཟུགས་མེད་དེ། །ནང་དང་ཕྱི་རོལ་དག་ལའང་དམིགས་སུ་མེད། །མཁས་པས་ངག་སྐད་སྒྲ་དང་དབྱངས་རྣམས་ཀྱི། །སྐྱེ་དང་འཇིག་པ་རྣམ་པར་བརྟག་བྱས་ན། །དེ་ཚེ་ངག་ཀུན་བྲག་ཆ་ལྟ་བུ་དང་། །སྐད་ཅིག་པ་དང་སྙིང་པོ་མེད་པར་མཐོང་། །ཞེས་དང་། ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་། ཁྱིམ་པའི་རྟགས་སྤངས་རབ་ཏུ་བྱུང་གྱུར་ནས། །འབྲས་བུ་ཐམས་ཅད་ཐོབ་པར་གྱུར་ཡང་ནི། །ཆོས་ཀྱི་རང་བཞིན་དག་ལ་གཞལ་བྱས་ན། །འབྲས་བུ་ཀུན་མེད་འབྲས་བུ་ཐོབ་པའང་མེད། །ཅེས་སོགས་དང་། ཤེར་ཕྱིན་ལས་ཀྱང་། ཀཽའུ་ཤི་ཀ་བྱང་སེམས་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དེས་གཟུགས་ལ་གནས་པར་མི་བྱའོ། །ཞེས་པ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ལ་གནས་པར་མི་བྱའོ། །ཞེས་པའི་བར་གསུངས་ཏེ། བསྟན་ཚུལ་ནི་སྔ་མས་འགྲེའོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། ཚོགས་པ་བརྟག་པར་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །།གཉིས་པ་དུས་འབྲས་བུ་འབྱུང་འཇིག་གི་རྒྱུར་འདོད་པ་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། གཞན་གྱི་སྡེ་པ་དག་དེ་ལྟར་དུས་བཀག་ཀྱང་རང་བཞིན་གྱིས་ཡོད་དེ། དུས་དེ་ཕྱི་ནང་གི་འབྲས་བུ་འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་ཏེ། འདི་ལྟར་རྐྱེན་གྱི་ཚོགས་པ་གཞན་ཡོད་ཀྱང་། དུས་ཀྱི་ཁྱད་པར་འགའ་ཞིག་མི་ཉེ་བར་འབྱུང་བ་དང་འཇིག་པ་མ་དམིགས་པའི་ཕྱིར་ཞེ་ན། འབྱུང་འཇིག་ཉིད་རང་བཞིན་གྱིས་མེད་པས་དེ་དག་གིས་རྒྱུར་མ་གྲུབ་ཅེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གཉིས་ཏེ། འབྱུང་འཇིག་རང་བཞིན་གྱིས་གྲུབ་པ་ལ་གནོད་བྱེད་བརྗོད་པ། རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པའོ། །དང་པོ་ལ་ལྔ་སྟེ། ལྷན་ཅིག་ཡིན་མིན་དཔྱད་དེ་དགག ཟད་མ་ཟད་དཔྱད་དེ་དགག རྟེན་མེད་པའི་རིགས་པས་དགག སྟོང་མི་སྟོང་ལ་དཔྱད་དེ་དགག གཅིག་དང་ཐ་དད་ལ་དཔྱད་དེ་དགག་པའོ། །དང་པོ་ལ་གསུམ་སྟེ། དམ་བཅའ་བརྗོད་པ། འཐད་པ་འགོད་པ། དོན་བསྡུ་བའོ། །དང་པོ་ནི། འབྱུང་འཇིག་རང་བཞིན་གྱིས་ཡོད་ན་ཕན་ཚུན་མེད་པར་རམ། ལྷན་ཅིག་ཏུ་ཡོད་རྣམ་པར་དཔྱད་ན་འཇིག་པ་དེ་འབྱུང་བ་མེད་པར་རམ། འབྱུང་བ་དང་ལྷན་ཅིག་ཡོད་པ་ནི་མ་ཡིན་ལ་འབྱུང་བ་ཡང་འཇིག་པ་མེད་པར་རམ། འཇིག་པ་དང་ལྷན་ཅིག་ཏུ་ཡོད་པ་ཉིད་མ་ཡིན་ནོ། །ཞེས་པ་ནི་དམ་བཅའ་བའོ། །གཉིས་པ་ལ་བཞི་ལས། དང་པོ་འཇིག་པ་འབྱུང་བ་མེད་པ་དགག་པ་ནི། འཇིག་པ་འབྱུང་བ་མེད་པར་ནི་ཅི་ལྟར་དུ་ཡོད་པར་འགྱུར་ཏེ། གལ་ཏེ་ཡོད་ན་དེ་གཉིས་ཀྱི་བྱེ་བྲག་སེམས་ཅན་གྱི་སྐྱེ་བ་མེད་པར་འཆི་བར་འགྱུར་ན་དེ་ལྟར་མ་མཐོང་ཞིང་། རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །དེས་ན་འཇིག་པ་འབྱུང་བ་མེད་པ་མེད་ཅེས་པ་ནི་ཐལ་བ་ལས་བཟློག་པའི་དོན་བསྡུ་བའོ། །གཉིས་པ་འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་འདོད་པ་དགག་པ་ནི། འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཅི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ཡོད་ན་སེམས་ཅན་གཅིག་ལ་འཆི་བ་སྐྱེ་དང་ལྷན་ཅིག་ཏུ་ཡོད་དགོས་པ་ལས་དེ་ལྟར་ཡོད་པ་ཉིད་ནི་མ་ཡིན་ཏེ། དེ་ལྟར་མ་མཐོང་ཞིང་རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །གསུམ་པ་འབྱུང་བ་འཇིག་པ་མེད་པར་འདོད་པ་དགག་པ་ནི། འབྱུང་བ་ཆོས་ཅན། འཇིག་པ་མེད་པར་ནི་ཅི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། དངོས་པོ་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་རྣམས་ལ་མི་རྟག་པ་ཉིད་དུས་ནམ་ཡང་མེད་པ་མིན་པའི་ཕྱིར་ཏེ། མཐར་འཇིག་པ་མཐོང་བའི་ཕྱིར་རོ། །བཞི་པ་འབྱུང་བ་འཇིག་པ་དང་ལྷན་ཅིག་ཏུ་འདོད་པ་དགག་པ་ནི། འབྱུང་བ་ནི་འཇིག་པ་དང་ལྷན་ཅིག་ཏུ་ཅི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ཡོད་ན་གང་ཟག་གཅིག་གི་སྐྱེ་བ་འཆི་བ་དང་དུས་གཅིག་ཏུ་ཡོད་པར་འགྱུར་བ་ལས། དེ་ལྟར་ཡོད་པ་ཉིད་ནི་མ་ཡིན་ཏེ། སྣང་མུན་ལྟར་དེ་གཉིས་ཀྱི་བྱ་བ་འགལ་བའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་འབྱུང་འཇིག་རང་བཞིན་གྱིས་གྲུབ་པ་ཅི་ལྟར་ཡོད་དེ། འབྱུང་འཇིག་གང་དག་ཕན་ཚུན་ལྷན་ཅིག་གམ། ཕན་ཚུན་ལྷན་ཅིག་མ་ཡིན་པར་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ཟད་མ་ཟད་ལ་དཔྱད་དེ་དགག་པ་ནི། གཞན་ཡང་འབྱུང་འཇིག་དེ་དག་ཡོད་ན་དངོས་པོ་ཟད་པའམ་མ་ཟད་པ་ལ་ཡོད། དེ་ལ་དངོས་པོ་སྔར་ཡོད་ཟད་པ་ལ་འབྱུང་བ་ཡོད་པ་མ་ཡིན་ཏེ། དེ་དང་འགལ་བའི་ཆོས་ཟད་པ་ཡོད་པའི་ཕྱིར། དངོས་པོ་མ་ཟད་པ་མེད་དགག་དང་། མ་ཡིན་དགག་ལ་ཡང་འབྱུང་བ་མེད་དེ། རིམ་པ་ལྟར་ངོ་བོ་མེད་པ་དང་། གྲུབ་ཟིན་པའི་ཕྱིར་རོ། །དེ་བཞིན་དུ་སྔར་ཡོད་ཟད་པ་ལ་ཡང་འཇིག་པ་ཡོད་པ་མ་ཡིན་ཏེ། ཞིག་ཟིན་པ་དང་རྟེན་མེད་པའི་ཕྱིར་རོ། །མ་ཟད་པ་མེད་དགག་དང་མ་ཡིན་དགག་ལ་ཡང་འཇིག་པ་མེད་དེ། རིམ་པ་ལྟར་ངོ་བོ་མེད་པ་དང་འཇིག་པར་འགལ་བའི་ཕྱིར་རོ། །གསུམ་པ་རྟེན་མེད་པའི་རིག་པས་དགག་པ་ནི། རྟེན་དངོས་པོ་ཡོད་པ་མ་ཡིན་པར་དེའི་ཆོས་འབྱུང་བ་དང་འཇིག་པ་ཡོད་པ་མ་ཡིན་ཏེ། རྟེན་མེད་པའི་བརྟེན་པ་མི་སྲིད་པའི་ཕྱིར། དངོས་པོ་ཅི་ལྟར་མེད་ཅེ་ན་ཁྱབ་བྱེད་འབྱུང་བ་དང་འཇིག་པ་མེད་པར་ནི་ཁྱབ་བྱ་དངོས་པོ་ཡོད་པ་མ་ཡིན་ཏེ། འབྱུང་འཇིག་སྔར་བཀག་པའི་ཕྱིར། བཞི་པ་སྟོང་མི་སྟོང་དཔྱད་དེ་དགག་པ་ནི། འབྱུང་འཇིག་དེ་དག་རང་བཞིན་གྱིས་སྟོང་པའམ་མི་སྟོང་པ་ཞིག་ལ་ཡོད་དྲང་། དང་པོ་ལྟར་ན་རང་བཞིན་གྱིས་སྟོང་པ་ལ་དེ་ཁོ་ནར་འབྱུང་བ་དང་འཇིག་པ་དག་འཐད་པ་ཉིད་ནི་མ་ཡིན་ཏེ། རྟེན་མེད་པའི་ཕྱིར། ནམ་མཁའི་མེ་ཏོག་བཞིན་ནོ། །གཉིས་པ་ལྟར་ན་རང་བཞིན་གྱིས་མི་སྟོང་པ་ལ་ཡང་འབྱུང་འཇིག་དག་འཐད་པ་ཉིད་ནི་མ་ཡིན་ཏེ། རང་བཞིན་རྒྱུ་རྐྱེན་གྱི་བཅོས་མ་དང་གཞན་དུ་འགྱུར་བ་མི་འཐད་པར་བཤད་ཟིན་པའི་ཕྱིར་རོ། །ལྔ་པ་གཅིག་དང་ཐ་དད་དགག་པ་ནི། འབྱུང་འཇིག་རང་བཞིན་གྱིས་ཡོད་ན་ངོ་བོ་གཅིག་པའམ་གཞན་དུ་ཡོད། དང་པོ་ལྟར་ན། འབྱུང་བ་དང་ནི་འཇིག་པ་དག གཅིག་པ་ཉིད་ནི་མི་འཐད་དེ། ཕན་ཚུན་འགལ་བའི་ཕྱིར་སྣང་མུན་བཞིན། ཕྱི་མ་ལྟར་ན་འབྱུང་བ་དང་ནི་འཇིག་པ་དག གཞན་ཉིད་དུ་ཡང་མི་འཐད་དེ། གཞན་ཡིན་ན་འབྱུང་བ་རྟག་པ་དང་། འཇིག་པ་རྒྱུ་མེད་དུ་འགྱུར་བའི་ཕྱིར་དང་། གཉིས་ཀ་ཕན་ཚུན་མི་འཁྲུལ་བས་ལྟོས་བཅས་ཡིན་པའི་ཕྱིར་རོ། །གཉིས་པ་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་དགག་པ་ལ་གཉིས་ཏེ། སྒྲུབ་བྱེད་མངོན་གསུམ་དགག་པ། སྒྲུབ་བྱེད་རྗེས་དཔག་དགག་པའོ། །དང་པོ་ནི། འབྱུང་འཇིག་ཡོད་པའི་ཚུལ་ཞིབ་མོར་དཔྱད་པས་ཅི་ཞིག་བྱ་སྟེ། འབྱུང་བ་དང་ནི་འཇིག་པ་དག བ་ལང་རྫི་ཡན་ཆད་ཀྱི་མངོན་སུམ་གྱིས་མཐོང་བས་རང་བཞིན་གྱིས་ཡོད་དོ་སྙམ་དུ་ཁྱོད་སེམས་ན། དེས་འབྱུང་འཇིག་བདེན་པར་མི་གྲུབ་སྟེ། བ་ལང་རྫི་ཡན་ཆད་ཀྱིས་འབྱུང་བ་དང་ནི་འཇིག་པ་དག་མཐོང་བ་དེ་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་མཐོང་བ་ལྟར་རྒྱུ་བདེན་འཛིན་གྱི་གཏི་མུག་ཉིད་ཀྱིས་བདེན་པར་མེད་ཀྱང་བདེན་པར་འཁྲུལ་ནས་མཐོང་བ་ཡིན་པའི་ཕྱིར། འདི་ནི་བཞི་བརྒྱ་པར། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་པ་ལྟར། དབུ་མའི་ལྟ་བའི་མ་ཟིན་པའི་སོ་སྐྱེའི་རྒྱུད་ཀྱི་ཤེས་པས་ཡུལ་གང་བཟུང་ཐམས་ཅད་བདེན་པར་བཟུང་བ་ཡིན་པས་ཀུན་རྫོབ་བདེན་པར་འཇོག་ལ། དེའི་ཡུལ་བུམ་སྣམ་སོགས་ཐ་སྙད་བདེན་པར་འཇོག་པའི་ཚེ་སོ་སྐྱེས་བདེན་པའི་བུམ་སྣམ་སོགས་དང་། དབུ་མ་པས་བདེན་མེད་ཀྱི་བུམ་སྣམ་སོགས་སུ་ཁས་ལེན་ཡང་བདེན་པར་ཡོད་མེད་ཀྱིས་ཁྱད་པར་དུ་མ་བྱས་པའི་བུམ་སྣམ་སོགས་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པ་ནི་ཐ་སྙད་བདེན་པར་འཇོག་པའོ། །གཉིས་པ་སྒྲུབ་བྱེད་རྗེས་དཔག་དགག་པ་ལ་གཉིས་ཏེ། ཁས་བླངས་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། གལ་ཏེ་འབྱུང་འཇིག་རང་བཞིན་གྱིས་ཡོད་དེ། དེའི་རྟེན་དངོས་པོ་ཡོད་པའི་ཕྱིར་ཞེ་ན། གཉིས་པ་ལ་གཉིས་ཏེ། སྐྱེ་བ་མེད་པས་དགག ཧ་ཅང་ཐལ་བས་དགག་པའོ། །དང་པོ་ནི། དངོས་པོ་རང་བཞིན་གྱིས་ཡོད་ན་དེ་དངོས་པོའམ་དངོས་མེད་ལས་སྐྱེ། དེ་ལ་དངོས་པོ་དངོས་ལས་མི་སྐྱེ་སྟེ། དུས་མཉམ་པའི་རྒྱུས་འབྲས་བུ་ལ་ཕན་འདོགས་པ་མེད་པའི་ཕྱིར་དང་། འབྲས་བུ་དངོས་པོར་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དངོས་པོ་དངོས་མེད་ལས་མི་སྐྱེ་སྟེ། དེ་ལ་འབྲས་བུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་དངོས་མེད་འགའ་ཞིག་ཡོད་ན། དེ་དངོས་མེད་དམ་དངོས་པོ་ལས་སྐྱེ། དེ་ལ་དངོས་མེད་ནི་དངོས་མེད་ལས་མི་སྐྱེ་སྟེ། འབྲས་བུ་མེད་པ་ལ་ཁྱད་པར་བྱར་མེད་པའི་ཕྱིར་དང་། རྒྱུ་དངོས་མེད་ལ་ནུས་པ་མེད་པའི་ཕྱིར་རོ། །དངོས་མེད་དངོས་པོ་ལས་མི་སྐྱེ་སྟེ། དངོས་འགལ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་བདག་ལས་མི་སྐྱེ་སྟེ། རང་མ་གྲུབ་ན་སྐྱེད་བྱེད་དུ་འགལ། གྲུབ་ན་བསྐྱེད་བྱར་འགལ་བའི་ཕྱིར་རོ། །གཞན་ལས་སྐྱེ་བ་ཉིད་ཀྱང་མ་ཡིན་ཏེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ། །བདག་དང་གཞན་གཉིས་ཀ་ལས་སྐྱེ་བ་ཉིད་ནི་ཡོད་པ་མིན་ཏེ། སོ་སོ་ལས་མི་སྐྱེ་བའི་ཕྱིར་རོ། །དེས་ན་དངོས་པོ་ཅི་ལྟར་སྐྱེ་བར་འགྱུར་ཏེ། ཁྱབ་བྱེད་སྐྱེ་བ་མ་གྲུབ་པས་ཁྱབ་བྱ་དངོས་པོ་མ་གྲུབ་ལ། དེ་མ་གྲུབ་པས་འབྱུང་འཇིག་ཡོད་པར་བསྒྲུབ་མི་ནུས་ཞེས་པའོ། །གཉིས་པ་ལ་གཉིས་ཏེ། ཧ་ཅང་ཐལ་བས་དགག དེའི་ཉེས་སྤོང་དགག་པའོ། །དང་པོ་ནི། གལ་ཏེ་རང་གི་སྡེ་པ་དག་གིས་དངོས་པོ་ཡོད་པར་ཁས་བླངས་ན་ཐུབ་པའི་བཀའ་དང་འགལ་ཞིང་། ཉེས་པ་ཀུན་གྱི་འབྱུང་གནས་རྟག་པ་དང་ཆད་པ་ལྟ་བ་ནི་ཐལ་བར་འགྱུར་ཏེ། དངོས་པོ་དེ་ནི་དུས་གཉིས་པར་གནས་ན་རྟག་པ་དང་། མི་གནས་པའི་མི་རྟག་པ་ཡིན་ན། ཆད་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུན་ཁས་བླངས་ཀྱང་རྟག་ཆད་ཀྱི་ཉེས་པར་ཐལ་བ། རྒྱུན་ཉིད་མ་གྲུབ་པས་རྟག་ཆད་ཀྱི་ཉེས་པ་ལས་མི་འདའ་བའོ། །དང་པོ་ལ་གཉིས་ཏེ། སྲིད་པའི་ཚེ་ན་རྟག་ཆད་གཉིས་ཀ་ཐལ་བ། མྱང་འདས་ཀྱི་ཚེ་ན་ཆད་པར་ཐལ་བའོ། །དང་པོ་ལ་གཉིས་ཏེ། ཆད་པར་ཐལ་བ་དང་། རྟག་པར་ཐལ་བའོ། །དང་པོ་ནི། གལ་ཏེ་རྒྱུ་འཇིག་པ་དང་འབྲས་བུ་བར་མ་ཆད་དུ་འབྱུང་བའི་རྒྱུན་དེ་སྲིད་པ་ཡིན་པར་གྱུར་ན་ཡང་རྒྱུའི་རྫས་ནི་ཆད་པར་ཐལ་བར་འགྱུར་ཏེ། རྒྱུའི་རྫས་འཇིག་པ་ལ་སླར་ཡང་སྐྱེ་བ་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་རྒྱུའི་དངོས་པོ་ངོ་བོ་ཉིད་དུ་ཡོད་ན་རྟག་པར་འགྱུར་ཏེ། དེ་འཇིག་ཅིང་དངོས་མེད་དུ་འགྱུར་བར་མི་རིགས་པའི་ཕྱིར་རོ། །གཉིས་པ་ནི། དངོས་པོ་དེ་མྱ་ངན་ལས་འདས་པའི་དུས་ན་ངེས་པར་ཆད་པར་འགྱུར་ཏེ། སྔར་གྱི་སྲིད་པའི་རྒྱུན་དེ་རབ་ཏུ་ཞི་བའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་སྲིད་པའི་རྒྱུན་རང་བཞིན་གྱིས་ཡོད་ན། འབྲས་བུ་སྐྱེ་བ་གཞན་དུ་ཉིང་མཚམས་སྦྱོར་བའི་སྲིད་པའི་དང་པོ་དེ་རྒྱུ་ཚེ་འདིའི་སྲིད་པ་ཐ་མ་འགགས་པའམ་མ་འགགས་པའམ་འགག་བཞིན་པ་ལས་སྐྱེ། དང་པོ་ལྟར་རྒྱུ་སྲིད་པ་ཐ་མ་འགགས་པར་གྱུར་པ་ན་སྲིད་པ་དང་པོ་སྐྱེ་བར་རིགས་པར་མི་འགྱུར་ཏེ། རྒྱུ་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ལྟར་ན་རྒྱུ་སྲིད་པ་ཐ་མ་འགག་པར་མ་གྱུར་པའི་ཚེ་ཡང་འབྲས་བུ་སྲིད་པ་དང་པོ་སྐྱེ་བར་རིགས་པར་མི་འགྱུར་ཏེ། དེ་ལྟར་ན་གང་ཟག་གཅིག་ལ་སྲིད་པ་གཉིས་གཅིག་ཆར་དུ་ཡོད་དགོས་པས་སྔ་མ་རྟག་པ་དང་། ཕྱི་མ་རྒྱུ་མེད་པའི་ཉེས་པར་ཐལ་བའི་ཕྱིར་རོ། །གལ་ཏེ་གསུམ་པ་ལྟར་ན་རྒྱུ་སྲིད་པ་ཐ་མ་འགག་བཞིན་པ་ན་འབྲས་བུ་སྲིད་པ་དང་པོ་སྐྱེ་བར་འགྱུར་ན་ནི། རྒྱུ་འགག་བཞིན་པ་ནི་འགག་པའི་བྱ་བ་བྱེད་བཞིན་པའི་སྲིད་པ་གཅིག་ཏུ་འགྱུར་ཞིང་འབྲས་བུ་སྐྱེ་བཞིན་པ་ཡང་སྐྱེ་བའི་བྱ་བ་བྱེད་བཞིན་པའི་སྲིད་པ་གཞན་དུ་འགྱུར་བས་གང་ཟག་གཅིག་ལ་སྲིད་པ་གཉིས་སུ་འགྱུར་བའི་ཕྱིར་རོ། །གལ་ཏེ་འགག་བཞིན་པ་དང་སྐྱེ་བཞིན་པའི་སྲིད་པ་གཉིས་ངོ་བོ་གཅིག་ཡིན་པས་ཉེས་པ་དེར་མི་འགྱུར་རོ་སྙམ་ན། གལ་ཏེ་དེ་ལྟར་འགག་བཞིན་སྐྱེ་བཞིན་གྱི་སྲིད་པ་གཉིས་དག་ལྷན་ཅིག་ཏུ་ཡང་རིག་པ་མ་ཡིན་ན། ཕུང་པོ་གང་ལའང་འཆི་བར་འགྱུར་བའི་རྫས་དེ་ཉིད་ལ་སྐྱེ་བ་ཡང་ནི་འབྱུང་འགྱུར་རམ་སྟེ་མི་འཐད་པར་ཐལ། དེ་གཉིས་ཤིན་ཏུ་འགལ་བའི་ཕྱིར་རོ། །དེ་ལྟར་རྒྱུ་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་། འགག་བཞིན་པའི་དུས་གསུམ་དག་ཏུ་ཡང་འབྲས་བུ་སྲིད་པ་དང་པོ་སྐྱེ་བ་མེད་པས་སྲིད་པའི་རྒྱུན་ནི་མི་རིག་ན། དེ་ནི་ཅི་ལྟར་སྲིད་པའི་རྒྱུན་ཡིན་ཏེ། དུས་གསུམ་དག་ཏུ་དཔྱད་ན་གང་མེད་པ་ཡིན་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། བཅོམ་ལྡན་འདས་ཀྱིས་ཀྱང་། སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མེད་ཅིང་འདི་ན་འགྲོ་བའང་མེད། །རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །ཞེས་བྱ་བ་དང་། དེ་བཞིན་དུ། སྐྱེ་བ་དང་ནི་འཆི་འགྱུར་ཡང་། །སྐྱེ་བ་མེད་ཅིང་འཆི་མེད་པར། །གང་གིས་ཤེས་པར་གྱུར་པ་ཡིས། །ཏིང་འཛིན་འདི་ནི་རྙེད་མི་དཀའ། །ཞེས་གསུངས་པ་དང་། དེ་བཞིན་དུ་གང་དག་བསམ་ཡས་ཆོས་རྣམས་འདི་ཤེས་པ། །མི་རྣམས་དེ་དག་རྟག་ཏུ་བདེ་བ་ཡིན། །ཆོས་དང་ཆོས་མིན་རྣམ་རྟོག་མེད་པ་སྟེ། །ཐམས་ཅད་སེམས་ཀྱིས་སྤྲོས་པས་ཕྱེ་བ་ཡིན། །ཐམས་ཅད་བསམ་ཡས་ཐམས་ཅད་འབྱུང་མེད་པས། །དངོས་དང་དངོས་མེད་ཤེས་ལ་རྣམ་པར་ཤིག །བྱིས་པ་གང་དག་སེམས་ཀྱི་དབང་སོང་བ། །དེ་དག་སྲིད་པ་བྱེ་བ་བརྒྱར་སྡུག་བསྔལ། །ཞེས་གསུངས་ཏེ་བསྟན་ཚུལ་ནི་སྔ་མ་དང་འདྲའོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །།ལྔ་པ་རྟེན་འབྲེལ་སྲིད་པའི་རྒྱུན་གྱིས་སྟོང་པ་ལ་གཉིས་ཏེ། དེའི་འབྲས་བུ་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་དགག རྒྱུ་ཕྱིན་ཅི་ལོག་རང་བཞིན་གྱིས་གྲུབ་པ་དགག་པའོ། །དང་པོ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་སྲིད་པའི་རྒྱུན་བཀག་མོད་ཀྱི་དེ་ཡོད་པ་ཉིད་དེ། དེའི་འབྲས་བུ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་ཚོགས་བསགས་པ་ལས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཅི་ལྟ་བ་བཞིན་དུ་རྟོགས་པའི་དེ་བཞིན་གཤེགས་པ་ཡོད་པའི་ཕྱིར་དང་། སྲིད་པའི་རྒྱུན་མེད་ན་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་མེད་པས་དེའི་འབྲས་བུ་དེ་བཞིན་གཤེགས་པ་མི་འཐད་པའི་ཕྱིར་རོ་ཞེ་ན། དེ་བཞིན་གཤེགས་པ་ཉིད་ཁྱེད་ཅག་གིས་བརྟག་པ་ལྟར་རང་བཞིན་དུ་གྲུབ་པ་མེད་པས་དེའི་རྒྱུ་སྲིད་པའི་རྒྱུན་ཡང་རང་བཞིན་གྱིས་མ་གྲུབ་བོ་ཞེས་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་དགག དེས་ལྟ་བར་གྱུར་པ་ཐམས་ཅད་སྤངས་པར་བསྟན། རིག་པ་དེ་ཆོས་གཞན་ལ་བསྒྲེ་བའོ། །དང་པོ་ལ་གསུམ་སྟེ། ཉེ་བར་ལེན་པ་པོའི་དེ་བཞིན་གཤེགས་པའི་གང་ཟག་མ་གྲུབ་པ། ཉེ་བར་བླང་བྱ་དེའི་ཕུང་པོ་མ་གྲུབ་པ། དེ་གཉིས་ཀྱི་དོན་བསྡུ་བའོ། །དང་པོ་ལ་གཉིས་ཏེ། གང་ཟག་རྫས་ཡོད་དགག་པ། བརྟག་ཡོད་དགག་པའོ། །དང་པོ་ནི། ཉེ་བར་ལེན་པ་པོ་དེ་བཞིན་གཤེགས་པའི་གང་ཟག་འགའ་ཞིག་རང་བཞིན་གྱིས་ཡོད་ན། དེའི་བླང་བྱ་གཟུགས་ལ་སོགས་པའི་ཕུང་པོ་ལྔའམ། སངས་རྒྱས་ཀྱི་སས་བསྡུས་པའི་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་ལས། དེ་ཉིད་དང་གཞན་ཉིད་སོགས་རྣམ་པ་ལྔ་གང་རུང་དུ་གྲུབ་དགོས་ན་རེ་ཤིག་དེ་བཞིན་གཤེགས་པའི་གང་ཟག་ནི་ཕུང་པོའི་ངོ་བོ་མ་ཡིན་ཏེ། སྐྱེ་འཇིག་ཅན་དང་། དུ་མར་ཐལ་བ་དང་། ལས་དང་བྱེད་པ་པོ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །ཕུང་པོ་ལས་ངོ་བོ་གཞན་ཡང་མིན་ཏེ། དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར། དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་བརྟེན་པར་མེད་ཅིང་། ཕུང་པོ་དེར་དེ་བཞིན་གཤེགས་པ་དེ་བརྟེན་པར་ཡང་མེད་དེ། གཞན་དུ་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་པ་རང་བཞིན་གྱིས་གྲུབ་པ་གང་ཞིག་ཡིན་ཏེ། རང་གི་ཉེ་བར་བླང་བྱ་ལ་རྣམ་པ་ལྔས་བཙལ་བའི་ཚེ་མི་རྙེད་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རང་དངོས་དང་གཞན་དངོས་སུ་མ་གྲུབ་པ། ཉེ་བར་ལེན་པས་བརྟག་པར་མ་གྲུབ་པ། གཞི་གདགས་བྱ་མེད་པས་མ་གྲུབ་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ནི། མང་པོས་བཀུར་བའི་སྡེ་པ་དག ཅི་སྐད་བཤད་པའི་ཉེས་པར་ཐལ་བས། ཕུང་པོ་ལས་རྣམ་པ་ལྔར་མ་གྲུབ་མོད་ཀྱི། ཕུང་པོ་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་དེ་བཞིན་གཤེགས་པའི་གང་ཟག་ཞིག་ཕུང་པོ་ལ་བརྟེན་ནས་དེ་ཁོ་ན་ཉིད་དུ་འདོགས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་སངས་རྒྱས་དེ་རང་བཞིན་ལས་ཡོད་པ་མིན་པར་འགྱུར་ཏེ། ཕུང་པོ་ལ་བརྟེན་ནས་འདོགས་པའི་ཕྱིར། གཟུགས་བརྙན་བཞིན་ནོ། །དེས་ན་དེ་བཞིན་གཤེགས་པ་དེ་གཞན་ཕུང་པོའི་དངོས་པོ་ལ་ལྟོས་ནས་རང་བཞིན་གྱིས་ག་ལ་ཡོད་དེ། རང་ཉིད་རང་བཞིན་ལས་ནི་གང་མེད་པ་ཡིན་པའི་ཕྱིར། གཉིས་པ་ལ་གསུམ་སྟེ། རང་དངོས་སུ་མ་གྲུབ། གཞན་དངོས་སུ་མ་གྲུབ། དོན་བསྡུ་བའོ། །དང་པོ་ནི། གང་ཞིག་གཞན་གྱི་དངོས་པོ་ལ་བརྟེན་ནས་བརྟག་པ་དེ་རང་གི་བདག་ཉིད་དུ་རང་བཞིན་གྱིས་གྲུབ་པ་མི་འཐད་དེ། རང་བཞིན་གྱིས་གྲུབ་ན་གཞན་ལ་ལྟོས་པར་འགལ་བའི་ཕྱིར། གང་ཞིག་རང་གི་བདག་ཉིད་རང་བཞིན་གྱིས་མེད་པ་དེ་ཅི་ལྟར་ན་དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པར་འགྱུར་ཏེ། རང་གི་བདག་ཉིད་མ་གྲུབ་པའི་ཕྱིར། གཉིས་པ་ནི། གལ་ཏེ་དེ་ལྟར་དེ་བཞིན་གཤེགས་པ་ཉིད་རང་བཞིན་གྱིས་ཡོད་པ་མ་ཡིན་ན། ཕུང་པོ་དེ་ལ་ལྟོས་ནས་གཞན་གྱི་དངོས་པོར་ཅི་ལྟར་ཡོད་པར་འགྱུར་ཏེ། གཞན་ལ་ལྟོས་ནས་གཞན་དངོས་སུ་འགྱུར་བ་དེ་རང་གི་ངོ་བོ་གྲུབ་པ་ལ་རག་ལས་པའི་ཕྱིར་རོ། །གསུམ་པ་ནི། རང་བཞིན་དང་ནི་གཞན་དངོས་ལ་ལྟོས་པ་དག་ལས་མ་གཏོགས་པའི་དེ་བཞིན་གཤེགས་པ་དེ་གང་ཞིག་ཡིན་ཏེ། རང་བཞིན་དང་གཞན་དངོས་ལ་ལྟོས་པ་ཉིད་མ་གྲུབ་པའི་ཕྱིར། གཉིས་པ་ལ་བཞི་སྟེ། བླང་བྱའི་སྔར་ལེན་པ་པོ་མེད་པ། ལེན་པ་པོ་སྔར་མེད་པའི་བླང་བྱ་མེད་པ། ཉེ་བར་མ་བླང་པ་བླང་བྱར་མི་རུང་བ། བླང་བྱ་མེད་པའི་ལེན་པ་པོ་མེད་པའོ། །དང་པོ་ནི། ལྷས་བྱིན་སྔར་ཡོད་ན་དེས་ནོར་ལེན་པ་ལྟར། གལ་ཏེ་སངས་རྒྱས་ཀྱི་སས་བསྡུས་པའི་ཕུང་པོ་ལ་མ་བརྟེན་པར། དེ་ལེན་པ་པོའི་དེ་བཞིན་གཤེགས་པ་འགའ་ཞིག་སྔར་ཡོད་ན་དེ་ནི་ད་གདོད་ཕུང་པོ་ལ་བརྟེན་པའམ་ལེན་པར་འགྱུར་ཞིང་། དེ་ལ་བརྟེན་ནས་དེ་ནས་དེ་བཞིན་གཤེགས་པ་འགྱུར་ལ་རག་ན་ཡང་སངས་རྒྱས་ཀྱི་སའི་ཕུང་པོ་རྣམས་ལ་མ་བརྟེན་པར་སྔར་དེ་བཞིན་གཤེགས་པ་འགའ་ཡང་མེད་དེ། དེར་གདགས་པའི་གཞི་མེད་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་དེ་བཞིན་གཤེགས་པ་གང་ཞིག་ཕུང་པོ་ལ་མ་བརྟེན་པ་སྔར་ཡོད་པ་མ་ཡིན་པ་དེའི་ཕྱིར་ན། དེ་ནི་ཅི་ལྟར་ཕུང་པོ་ཉེ་བར་ལེན་པར་འགྱུར་ཏེ། ཕུང་པོ་དང་འབྲེལ་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། ཕུང་པོ་རྣམས་ཉེ་བར་ཉེ་བར་ལེན་པར་རྒྱུ་མཚན་ཅིས་ཀྱང་མི་འགྱུར་ཏེ། ལེན་པ་པོ་སྔར་མེད་པས་ཉེ་བར་བླངས་པ་མིན་པའི་ཕྱིར་རོ། །བཞི་པ་ནི། དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་མེད་པའི་ལེན་པ་པོ་དེ་བཞིན་གཤེགས་པ་ཅི་ཡང་མེད་དེ། ལེན་པ་པོར་འཇོག་པའི་རྒྱུ་མེད་པའི་ཕྱིར་རོ། །གསུམ་པ་ནི། དེ་བཞིན་གཤེགས་པ་དེ་ཅི་ལྟར་ན་ཉེ་བར་ལེན་པས་དེ་ཁོ་ན་ཉིད་དུ་གདགས་ཏེ་མི་རིགས་པར་ཐལ། གང་ཞིག་ཕུང་པོ་ལས་དེ་ཉིད་དང་། གཞན་ཉིད་དང་། རྟེན་དང་། བརྟེན་པ་དང་། ལྡན་པ་རྣམ་པ་ལྔས་ནི་བཙལ་བར་བྱས་ན་མེད་པའི་ཕྱིར་རོ། །གཉིས་པ་ཉེ་བར་བླངས་པ་དེའི་ཕུང་པོ་མ་གྲུབ་པ་ནི་ཉེ་བར་ལེན་པ་པོའི་གང་ཟག་མེད་པར་མ་ཟད་ཀྱི། གང་ཞིག་ཉེ་བར་བླངས་པའི་སངས་རྒྱས་ཀྱི་སའི་ཕུང་པོ་དེ་ཡང་རང་བཞིན་ལས་ཡོད་པ་མིན་ཏེ། རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར། དེས་ན་ཉེ་བར་ལེན་པའི་ཕུང་པོ་དེ། ལེན་པ་པོ་གཞན་གྱི་དངོས་པོ་ལ་ལྟོས་པ་ལས་རང་བཞིན་གྱིས་ཡོད་རེ་ཀན་ཏེ། བདག་གི་དངོས་པོ་ལས་གང་མེད་པ་ཡིན་པའི་ཕྱིར། གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ནི། ཉེ་བར་བླང་བྱ་སྟོང་པས་ལེན་པ་པོ་དེ་བཞིན་གཤེགས་པ་སྟོང་པ་དེ་ཁོ་ན་ཉིད་དུ་ཅི་ལྟ་བུར་ན་འདོགས་པར་འགྱུར་ཏེ། ཅི་སྐད་བཤད་པ་དེ་ལྟར་ཉེ་བར་བླང་བྱ་དང་། ཉེ་བར་ལེན་པ་པོ་རྣམ་པ་ཀུན་གྱིས་སྟོང་པ་ཡིན་པའི་ཕྱིར་རོ། །གཉིས་པ་དེས་ལྟ་བར་གྱུར་པ་ཐམས་ཅད་སྤངས་པར་བསྟན་པ་ལ་གཉིས་ཏེ། དེ་བཞིན་གཤེགས་པའི་དེ་ཁོ་ན་ཉིད་སྤྲོས་པ་ལས་འདས་པར་བསྟན་པ། དེ་ལ་སྤྲོས་བཅས་སུ་འཛིན་པའི་ཉེས་པ་བསྟན་པའོ། །དང་པོ་ནི། གལ་ཏེ་ཁོ་བོ་ཅག་ནི་སྟོན་པ་གཞན་སྤངས་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ཞིང་ཐར་པ་དོན་དུ་གཉེར་བ་ཡིན་ན། ཁྱོད་ཀྱིས་སྐྱབས་གནས་ཀྱི་གཙོ་བོ་དེ་བཀག་པས་ཐར་པའི་རེ་ཐག་བཅད་ཅིང་། དེ་ལ་སྐུར་པའི་ལོག་པར་ལྟ་བར་འགྱུར་རོ་ཞེ་ན། འདིར་ཆོས་དབྱིངས་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་ཆོས་སྐུ་དང་། གདུལ་བྱ་དག་པའི་བློ་ངོར་གཟུགས་སྐུ་སྒྱུ་མ་ལྟ་བུས་དོན་མཛད་པའི་སངས་རྒྱས་ལ་སྙོན་ཅིང་སྐུར་བ་མ་ཡིན་གྱི། འོན་ཀྱང་ཁྱེད་ཅག་གིས་བརྟགས་པའི་དེ་བཞིན་གཤེགས་པའི་བདག་དང་ཕུང་པོ་རང་བཞིན་མེད་པར་སྟོན་པ་ཡིན་པས་དེ་བཞིན་གཤེགས་པ་དེ་ཁོ་ན་ཉིད་དུ་སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། མི་སྟོང་ཞེས་ཀྱང་མི་བྱ་ཞིང་། སྟོང་མི་སྟོང་གཉིས་ཀ་དང་གཉིས་ཀ་མ་ཡིན་ཞེས་ཀྱང་མི་བྱ་སྟེ། དེ་ཁོ་ན་ཉིད་དུ་མཐའ་བཞི་ཆར་གྱི་སྤྲོས་པ་དང་བྲལ་བའི་ཕྱིར། འོན་ཀྱང་གདུལ་བྱ་དེ་ཁོ་ན་ཉིད་ལ་བློ་དྲང་བའི་ཆེད་དུ་ཐ་སྙད་གདགས་པའི་དོན་དུ་གདུལ་བྱ་རྣམས་ལ་དེ་བཞི་ཀ་ཡང་བརྗོད་པར་བྱ་སྟེ། དེའི་དགོས་པ་དང་དགོངས་ཞིང་། ཐམས་ཅད་ཡང་དག་ཡང་དག་མིན་ཅེས་པའི་སྐབས་སུ་བཤད་ཟིན་པ་ལྟར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་གང་ཟག་དང་ཕུང་པོ་བརྟག་པའི་ཐབས་ཀྱིས་སེམས་ཅན་གྱི་བདག་དང་ཕུང་པོ་ཡང་བཀག་པ་ཡིན་པས་ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་ཡང་མི་འཐད་པར་གྲུབ་སྟེ། འདི་ལྟར་འཇིག་རྟེན་རྟག་པ་དང་མི་རྟག་པ་དང་། ལ་སོགས་པ་དེ་གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་བཞི། རང་བཞིན་གྱི་ཞི་བ་འདི་ལ་ག་ལ་ཡོད་དེ། དེ་དག་གདོད་མ་ནས་ཉེ་བར་ཞི་བའི་ཕྱིར་རོ། །འཇིག་རྟེན་མཐའ་ཡོད་པ་དང་། མཐའ་མེད་པ་དང་། ལ་སོགས་པ་དེ་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་བཞི་ཡང་བདག་དང་ཕུང་པོ་རང་བཞིན་གྱིས་ཞི་བ་འདི་ལ་ག་ལ་ཡོད་དེ། དེ་བཞི་ཆར་གདོད་མ་ནས་ཉེ་བར་ཞི་བའི་ཕྱིར། འདིར་མདོའི་འགྱུར་འགའ་ཞིག་དང་། བོད་ཀྱི་མཁས་པ་སྔ་མ་རྣམས་བདག་དང་འཇིག་རྟེན་རྟག་པ་དང་མི་རྟག་པ་སོགས་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་འདྲེན་པའི་ཚེ་མཚན་གཞི་བདག་དང་འཇིག་རྟེན་གཉིས་ཀ་སྨོས་པར་སྣང་ཡང་། ཚིག་གསལ་ལས་མདོ་དྲངས་པར་མཚན་གཞི་འཇིག་རྟེན་ཁོ་ན་སྨོས་པ་དང་། རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ནས་རྒྱལ་བ་མི་གསུང་བཞུགས། །ཞེས་དང་། འཇུག་པར། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །ཞེས་དང་། རྩ་འཇུག་བཞི་གསུམ་གྱིས་འགྲེལ་པ་རྣམས་སུ་ཡང་། འཇིག་རྟེན་ཁོ་ན་སྨོས་པར་མཛད་པ་ནི། སློབ་དཔོན་ཟླ་བས། འཇིག་རྟེན་ཕུང་པོར་གང་གྲགས་པ། །དེ་ལ་འཇིག་རྟེན་རྣམ་པར་བརྟེན། །ཞེས་པའི་འཇིག་རྟེན་ཕྱི་མ་གང་ཟག་ལ་འཇུག་པར་གསུངས་པ་ལྟར། འདིར་ཡང་འཇིག་རྟེན་བདག་གམ་གང་ཟག་ལ་འཇུག་པས་མཚན་གཞི་འཇིག་རྟེན་སྨོས་པར་རིགས་ཏེ། ཕྱི་རོལ་པ་རྣམས་ཀྱིས་གང་ཟག་གི་བདག་ཁྱད་གཞིར་བཟུང་ནས། ཁྱད་ཆོས་བཅུ་བཞི་དྲིས་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལྟ་བ་བཞི་ཚན་གསུམ་པ་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་པ་དང་། མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་བཞིའང་མི་མངའ་སྟེ། གང་གིས་དེ་བཞིན་གཤེགས་པ་སྣང་དུས་ནས་རང་བཞིན་གྱིས་ཡོད་དོ་ཞེས་འཛིན་པ་སྟུག་པོས་བཟུང་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལ་སྔར་གྱི་དེ་བཞིན་གཤེགས་པ་དེ་རྒྱུན་ཆད་ནས་མེད་ཅེས་ཕྱིན་ཅི་ལོག་གི་རྣམ་རྟོག་གིས་རྟོག་པར་བྱེད་པ་ཡིན་གྱིས་སྔར་བཤད་པ་ལྟར་སངས་རྒྱས་སྣང་དུས་ནས་རང་བཞིན་གྱིས་ནི་སྟོང་པ་དེ་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ནི་སངས་རྒྱས་དངོས་པོར་ཡོད་དོ་ཞེའམ། ཞིག་ནས་དངོས་པོར་མེད་དོ་ཞེའམ། དེ་གཉིས་ཀ་དང་གཉིས་ཀ་མ་ཡིན་ནོ་ཞེས་བསམ་པ་འཐད་པ་ཉིད་དུ་མི་འགྱུར་བའི་ཕྱིར། དེས་ལུས་སྲོག་གཅིག་དང་ཐ་དད་ཀྱང་མི་འཐད་པར་གྲུབ་པས་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་པོ་ཐམས་ཅད་མི་འཐད་པར་གྲུབ་བོ། །གཉིས་པ་ནི། གང་དག་དེ་ལྟར་སངས་རྒྱས་སྤྲོས་པ་སྒྲ་བློའི་ཡུལ་ལས་འདས་ཤིང་། སྤྲོས་པ་སྔར་ཡོད་གསར་དུ་བཀག་པ་མེད་པར་གྲུབ་པ་ལ་ཕྱིན་ཅི་ལོག་གི་རྣམ་རྟོག་གིས་སྟོང་མི་སྟོང་དང་། རྟག་མི་རྟག་དང་། ཐམས་ཅད་མཁྱེན་མི་མཁྱེན་ལ་སོགས་པའི་སྤྲོས་པ་སྣ་ཚོགས་པས་སྤྲོ་བར་བྱེད་པའི་གང་ཟག་དེ་ཀུན་གྱིས་ཆོས་ཅན། དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟབ་པ་དང་རྒྱ་ཆེ་བ་མཐོང་ཞིང་ཐོབ་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་སྤྲོས་པ་དང་བྲལ་བ་ལ་ཤེས་བརྗོད་ཀྱི་སྤྲོས་པར་བཟུང་བས་དེ་བཞིན་གཤེགས་པའི་གནས་ཚུལ་མཐོང་བའི་བློ་གྲོས་ཀྱི་མིག་ཉམས་པ་ཡིན་པའི་ཕྱིར་རོ། །གསུམ་པ་རིག་པ་དེ་ཆོས་གཞན་ལ་བསྒྲེ་བ་ནི། དེ་ལྟར་དེ་བཞིན་གཤེགས་པའི་གང་ཟག་རང་བཞིན་མེད་པར་བསྟན་པས་སྣོད་བཅུད་ཀྱི་འགྲོ་བ་རང་བཞིན་མེད་པར་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དོན་དམ་པའི་རང་བཞིན་གང་ཡིན་པ་དེ་ནི་སྣོད་བཅུད་ཀྱི་འགྲོ་བ་འདིའི་དོན་དམ་པའི་རང་བཞིན་ཡིན་ལ། དེ་བཞིན་གཤེགས་པ་དོན་དམ་པར་རང་བཞིན་ཅིར་ཡང་གྲུབ་པ་མེད་ཅིང་གདུལ་བྱ་ལས་དག་པའི་འཁྲུལ་ངོ་ན་ཅི་ལྟར་སྣང་བ་བརྫུན་པ་སྒྱུ་མ་ལྟ་བུར་གྲུབ་པ་ཉིད་ཀྱིས་སྣོད་བཅུད་ཀྱི་འགྲོ་བ་འདིའི་དོན་དམ་པའི་རང་བཞིན་ཅིར་ཡང་གྲུབ་པ་མེད་པ་དང་། འཁྲུལ་ངོར་དེ་ལྟར་སྣང་བ་བརྫུན་པ་སྒྱུ་མ་ལྟ་བུར་གྲུབ་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་ན་ནི་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་ཡིན། །འདི་ན་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང་། །ཞེས་དང་། བཅོམ་ལྡན་འདས་མ་ལས། དེ་ནས་ལྷའི་བུ་དེ་དག་གིས་གནས་བརྟན་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་ཞེས་སྨྲའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྨྲས་ན། ཆོས་གཞན་ལྟ་ཅི་སྨོས། ལྷའི་བུ་དག་གིས་སྨྲས་པ། འཕགས་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའམ། རབ་འབྱོར་གྱིས་སྨྲས་པ་ལྷའི་བུ་དག་ཁོ་བོ་ནི་གལ་ཏེ་མྱ་ངན་འདས་པ་བས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་འགའ་ཞིག་ཡོད་ན་ཡང་དེ་ཡང་བདག་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་སྨྲའོ། །དེ་ལྟར་ན་རྨི་ལམ་དང་མྱ་ངན་ལས་འདས་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཞེས་གསུངས་ཏེ། བསྟན་ཚུལ་ནི་སྔ་མ་དང་འདྲའོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །།གཉིས་པ་རྒྱུ་ཕྱིན་ཅི་ལོག་དགག་པ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། འདིར་སྲིད་པའི་རྒྱུན་གྱི་འབྲས་བུ་དེ་བཞིན་གཤེགས་པ་བཀག་ཀྱང་སྲིད་པའི་རྒྱུན་ནི་ཡོད་པ་ཉིད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་དང་། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་གསུངས་པའི་ཚུལ་གྱིས་དེའི་གཙོ་བོའི་རྒྱུ་ཉོན་མོངས་པ་ཡོད་པའི་ཕྱིར་རོ་ཞེ་ན། རྒྱུ་ཉོན་མོངས་པ་ནི་རང་བཞིན་མེད་པར་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་བཤད་པ་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་ཡང་གཉིས་ཏེ། ཉོན་མོངས་པ་ཉིད་དགག་པ། དེའི་སྒྲུབ་བྱེད་སྤོང་བའི་ཐབས་ཚོལ་བ་དགག་པའོ། །དང་པོ་ལ་གཉིས་ཏེ། དུག་གསུམ་ཐུན་མོང་དུ་དགག་པ། བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་བཞི་སྟེ། བརྟེན་ནས་འབྱུང་བའི་རྟགས་ཀྱིས་དགག རྟེན་མེད་པའི་རྟགས་ཀྱིས་དགག རྒྱུ་མེད་པའི་རྟགས་ཀྱིས་དགག དམིགས་པ་མེད་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། རེ་ཤིག་རང་གི་སྡེ་པ་ལ་ཐུབ་པའི་ལུང་གིས་དགག་ན། མདོ་ལས་ཉོན་མོངས་པའི་གཙོ་བོ་འདོད་ཆགས་ཞེ་སྡང་གཏི་མུག་རྣམས་ཐུན་མོང་དུ་དངོས་པོར་འཛིན་པའི་ཀུན་ཏུ་རྟོག་པ་ལས་འབྱུང་བར་གསུངས་ཏེ། ཅི་སྐད་དུ། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང་། །ཁྱོད་ལ་རྟོག་པར་མི་འགྱུར་བ། །དེ་ཕྱིར་ང་ལ་མི་འབྱུང་ངོ་། །ཞེས་གསུངས་ཤིང་། བྱེ་བྲག་ཏུ་དེ་དག་རིམ་པ་ལྟར། ཡུལ་སྡུག་པ་དང་མི་སྡུག་པ་དང་། གནས་ལུགས་ལས་བཟློག་པས་ཕྱིན་ཅི་ལོག་སྟེ། རྣམ་གྲངས་གསུམ་བསྟན་པ་ཉིད་ལས་ཀུན་ཏུ་འབྱུང་བའི་ཕྱིར་རོ། །དེས་ན་ཉོན་མོངས་པ་དེ་དག་ཆོས་ཅན། ཡང་དག་པར་མེད་དེ། རང་གི་རང་བཞིན་ལས་མེད་པའི་ཕྱིར་ཏེ། ཁྱོད་གང་དག་སྡུག་པ་དང་མི་སྡུག་པ་དང་། ཕྱིན་ཅི་ལོག་གི་རྣམ་པ་གསུམ་ཀའམ་ཡུལ་ཅན་དེ་དག་ཏུ་འཛིན་པ་ལ་བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། རྟེན་བདག་དགག་པ། རྟེན་སེམས་དགག་པའོ། །དང་པོ་ནི། གང་ཟག་གི་བདག་གི་ཡོད་པ་ཉིད་དང་། དེ་བཀག་པའི་མེད་པ་ཉིད་ནི་རྣམ་པར་དཔྱད་ན་ཅི་ལྟ་བུར་ཡང་འགྲུབ་པ་མེད་དེ། དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །ཞེས་སྔར་བཀག་ཟིན་པའི་ཕྱིར། དེའི་ཕྱིར་རྟེན་དེ་མེད་ན། དེ་ལ་བརྟེན་པའི་ཉོན་མོངས་རྣམས་ཀྱི་ནི་རང་བཞིན་ཡོད་པ་ཉིད་དང་། དེ་བཀག་པའི་མེད་པ་ཉིད་ཅི་ལྟར་འགྲུབ་སྟེ། རྟེན་མེད་པའི་ཕྱིར། དེ་ཉིད་བསྒྲུབ་པ་ནི་རྟེན་འགའ་མེད་པ་ནི་རྟེན་གང་གི་ཡང་བརྟེན་པ་ཉོན་མོངས་པ་དག་ཡོད་པ་མ་ཡིན་ཏེ། ཉོན་མོངས་པ་དེ་དག་གང་གི་ཡིན་པའི་རྟེན་བདག་དེ་ཡང་རང་བཞིན་གྱིས་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི་མདོ་སྡེ་པ་དང་། སེམས་ཙམ་པ་དག་རྟེན་བདག་མེད་པ་ནི་བདེན་མོད་ཀྱི། འོན་ཀྱང་ཉོན་མོངས་ཅན་གྱི་སེམས་ལ་བརྟེན་ནས་ཉོན་མོངས་པ་སྐྱེ་བར་འགྱུར་བས་རྟེན་མེད་པ་མ་གྲུབ་བོ་ཞེ་ན། ཉོན་མོངས་པ་རྣམས་ཆོས་ཅན། ཉོན་མོངས་པ་ཅན་གྱི་སེམས་ལ་རྣམ་པ་ལྔར་བཙལ་ན་མེད་དེ། དེ་ཉིད་ཡིན་ན་བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་བ་དང་། གཞན་ཉིད་ཡིན་ན་ཉོན་མོངས་ཅན་ལ་མ་ལྟོས་པར་འགྱུར་བ་དང་། རྟེན་དང་བརྟེན་པ་ཡིན་ན་ངོ་བོ་གཞན་དུ་འགྱུར་བ་དང་། ལྡན་པ་ཡིན་ན། དེ་ཉིད་དང་གཞན་ཉིད་གང་རུང་དུ་འགྱུར་བའི་ཕྱིར་རོ། །དཔེར་ན་རང་ལུས་ཕུང་པོ་ལ་བརྟེན་ནས་ལྟ་བའི་བདག་དེ་ཕུང་པོ་ལས་རྣམ་ལྔར་མེད་པ་བཞིན་ནོ། །ཉོན་མོངས་ཅན་གྱི་སེམས་དེ་ཆོས་ཅན། ཉོན་མོངས་པ་ལས་རྣམ་པ་ལྔར་བཙལ་ན་མེད་དེ། རྒྱུ་མཚན་གཞན་འདྲ་བ་ལས་གཉིས་པ་གཞན་ཡིན་ན་ཉོན་མོངས་པ་ལ་མ་ལྟོས་པའི་ཉོན་མོངས་ཅན་ཡོད་པར་འགྱུར་བས་དགྲ་བཅོམ་པ་ལ་ཡང་དེ་ཡོད་པར་འགྱུར་བའི་ཕྱིར། དཔེར་ན་རང་ལུས་ཕུང་པོ་ལ་བརྟེན་ནས་བདག་ཏུ་ལྟ་བའི་བདག་དེ་ཕུང་པོ་ལ་རྣམ་པ་ལྔར་བཙལ་ན་མེད་པ་བཞིན་ནོ། །གསུམ་པ་ནི། སྔར་བཤད་པ་ལྟར་ཉོན་མོངས་པ་དེ་དག་སྡུག་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་ཡིན་ལ། རྒྱུ་སྡུག་པ་དང་། མི་སྡུག་པ་དང་། ཕྱིན་ཅི་ལོག་ལ་བརྟེན་ནས་ཉོན་མོངས་པ་རང་བཞིན་གྱིས་གྲུབ་པ་གང་དག་ཡིན་ཏེ། རྒྱུ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པའི་ཕྱིར། བཞི་པ་ནི། ཉོན་མོངས་པ་དེ་དག་རང་བཞིན་གྱིས་ཡོད་དེ། དེ་དག་གི་གཞིའམ་དམིགས་པ་རང་བཞིན་གྱིས་ཡོད་པའི་ཕྱིར་ཞེ་ན། གཟུགས་སྒྲ་རོ་དང་རེག་པ་དང་། དྲི་དང་ཆོས་དག་རྣམ་དྲུག་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ནི་གཞི་སྟེ་དམིགས་པ་ཡིན་པར་ཁྱོད་ཀྱིས་བརྟགས་མོད་ཀྱི། འོན་ཀྱང་དེ་ལ་དམིགས་པའི་ཉོན་མོངས་པ་རང་བཞིན་གྱིས་མ་གྲུབ་སྟེ། གཟུགས་སྒྲ་རོ་དང་རེག་པ་དང་། དྲི་དང་ཆོས་དག་ནི་བློས་བརྟགས་པ་ཙམ་འབའ་ཞིག་སྟེ་བདེན་པས་སྟོང་པའི་ཕྱིར། གལ་ཏེ་ཡུལ་དེ་དག་རང་བཞིན་མེད་ན་ཅི་ལྟར་སྣང་ཞེ་ན། རང་བཞིན་མེད་ཀྱང་སྣང་བ་མི་འགལ་ཏེ། སྣང་བ་དེ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། སྨིག་རྒྱུའི་ཆུ་ལྟ་བུ་དང་རྨི་ལམ་དང་འདྲ་བར་བློ་འཁྲུལ་པ་ལ་དེ་ལྟར་སྣང་བ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་བྱེ་བྲག་ཏུ་དགག་པ་ལ་གཉིས་ཏེ། འདོད་ཆགས་དང་ཞེ་སྡང་དགག གཏི་མུག་དགག་པའོ། །དང་པོ་ལ་གཉིས་ཏེ། རྒྱུ་སྡུག་མི་སྡུག་དགག དེས་འབྲས་བུ་ཁེགས་པར་བསྟན་པའོ། །དང་པོ་ལ་གཉིས་ཏེ། རྟེན་བརྫུན་པས་དགག ཕན་ཚུན་བརྟེན་པས་དགག་པའོ། །དང་པོ་ནི། རྟེན་གཟུགས་ལ་སོགས་པ་སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། གཟུགས་བརྙན་དང་འདྲ་བའི་བརྫུན་པ་རང་བཞིན་མེད་པ་དེ་དག་ལ་སྡུག་པ་དང་མི་སྡུག་པ་འབྱུང་བར་ཡང་ནི་ག་ལ་འགྱུར་ཏེ། རྟེན་སྡུག་མི་སྡུག་གི་རྣམ་པ་བདེན་པར་མེད་པའི་ཕྱིར། གཉིས་པ་ནི། གལ་ཏེ་དངུལ་བུམ་ལྟ་བུ་སྡུག་པ་འགའ་ཞིག་ཡོད་ན་ནི་མི་སྡུག་པ་ལ་མ་ལྟོས་པར་ཡོད་དམ་ལྟོས་ནས་ཡོད། དང་པོ་ལྟར་ན། གསེར་བུམ་ལས་ཀྱང་སྡུག་པར་འགྱུར་ལ། གཉིས་པ་ལྟར་ན་སྡུག་པར་འཐད་པ་མ་ཡིན་ཏེ། ཟངས་བུམ་ལྟ་བུའི་མི་སྡུག་པ་གང་ལ་བརྟེན་ནས་དེ་སྡུག་པ་ཞེས་གདགས་པར་བྱ་བའི་ལྟོས་ས་ཟངས་བུམ་མི་སྡུག་པ་དེ་ཉིད་ཀྱང་དངུལ་བུམ་སྡུག་པ་རང་ལ་མ་ལྟོས་པར་ཡོད་པ་མ་ཡིན་པ་དེའི་ཕྱིར། ཡང་ཟངས་བུམ་ལྟ་བུ་མི་སྡུག་པ་འགའ་ཞིག་ཡོད་ན་སྡུག་པ་ལ་མ་ལྟོས་པར་ཡོད་དམ། ལྟོས་ནས་ཡོད། དང་པོ་ལྟར་ན་རྫ་བུམ་ལས་ཀྱང་མི་སྡུག་པར་འགྱུར་ལ། གཉིས་པ་ལྟར་ན་དེ་མི་སྡུག་པར་འཐད་པ་མ་ཡིན་ཏེ། དངུལ་བུམ་ལྟ་བུ་སྡུག་པ་གང་ལ་བརྟེན་ནས་མི་སྡུག་པ་གདགས་པར་བྱ་བའི་ལྟོས་ས་དངུལ་བུམ་ལྟ་བུ་སྡུག་པ་དེ་ཉིད་ཀྱང་ནི་ཟངས་བུམ་མི་སྡུག་པ་རང་ལ་མི་ལྟོས་པར་གྲུབ་པ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། དེ་ལྟར་ཡུལ་སྡུག་པ་ཡོད་པ་མ་ཡིན་ན། དེའི་འབྲས་བུ་འདོད་ཆགས་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཞིང་། ཡུལ་མི་སྡུག་པ་ཡོད་པ་མ་ཡིན་ན། འབྲས་བུ་ཞེ་སྡང་རང་བཞིན་གྱིས་ཡོད་པར་ག་ལ་འགྱུར་ཏེ། གང་གི་ས་བོན་བརྫུན་པ་དེའི། །འབྲས་བུ་བདེན་པ་ག་ལ་ཞིག །ཞེས་པའི་ཚུལ་གྱིས་རྒྱུ་བརྫུན་པ་ལས་འབྲས་བུ་བདེན་པ་མི་སྲིད་པའི་ཕྱིར། གཉིས་པ་གཏི་མུག་དགག་པ་ལ་གཉིས་ཏེ། རྒྱུ་ཕྱིན་ཅི་ལོག་དགག་པ། དེ་བཀག་པའི་འབྲས་བུའོ། །དང་པོ་ལ་གཉིས་ཏེ། ཕྱིན་ཅི་ལོག་མ་ལོག་གི་ཁྱད་པར་དགག་པ། དེ་དག་ཏུ་འཛིན་པ་པོའི་གང་ཟག་དགག་པའོ། །དང་པོ་ལ་གཉིས་ཏེ། ཡུལ་ཅིར་ཡང་མ་གྲུབ་པར་མཚུངས་པ། འཛིན་པ་ཙམ་མ་གྲུབ་པའོ། །དང་པོ་ལ་གཉིས་ཏེ། རྟག་སོགས་འཛིན་པ་ལོག་པར་མི་གྲུབ་པ། མི་རྟག་སོགས་འཛིན་པ་མ་ལོག་པར་མི་གྲུབ་པའོ། །དང་པོ་ནི། སྤྱིར་ཕུང་པོ་ལྔ་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་གཙང་བ་དང་། བདག་མེད་པ་ལ་རྟག་པ་དང་། བདེ་བ་དང་། གཙང་བ་དང་། བདག་ཏུ་འཛིན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་རྣམ་པར་འཇོག་པ་ཡིན་ན། ཅི་ཕུང་པོ་མི་རྟག་པ་ལ་སོགས་པར་གནས་པ་ལ་རྟག་སོགས་སུ་འཛིན་པས་ཕྱིན་ཅི་ལོག་ཡིན་ནམ། རྟག་སོགས་སུ་མི་གནས་པ་ལ་རྟག་སོགས་སུ་འཛིན་པས་ཕྱིན་ཅི་ལོག་ཡིན། སྔ་མ་ལྟར་གལ་ཏེ་ཕུང་པོ་མི་རྟག་པར་གནས་པ་ལ་རྟག་པ་ཞེས་འཛིན་པས་ལོག་པར་འཇོག་པ་ཡིན་ན། ཕུང་པོ་ཆོས་ཅན། རྟག་པར་འཛིན་པ་ཅི་ལྟར་ལོག་པ་ཡིན་ཏེ། མ་ཡིན་པར་ཐལ། ཕུང་པོ་རང་བཞིན་གྱིས་སྟོང་པ་ལ་མི་རྟག་པ་ཡང་ཡོད་པ་མིན་པའི་ཕྱིར་རོ། །དེ་བཞིན་དུ། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཡོད་མིན་པས། །འཛིན་པ་ཅི་ལྟར་ལོག་པ་ཡིན། །ཞེས་ལྷག་མ་གསུམ་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ནི། གལ་ཏེ་བརྟག་པ་ཕྱི་མ་ལྟར་མི་རྟག་པའི་དོན་རྟག་པ་ཤེས་བྱ་ལ་མེད་པ་ལ་རྟག་གོ་ཞེས་དེ་ལྟར་འཛིན་པ་ལོག་པ་ཡིན་ནོ་ཞེས་རྣམ་པར་འཇོག་པ་ཡིན་ན། ཕུང་པོ་ཆོས་ཅན། དེ་ལ་མི་རྟག་པའོ། །ཞེས་འཛིན་པ་ཡང་ཅི་ལྟར་ལོག་པ་མ་ཡིན་ཏེ། ཡིན་པར་ཐལ། ཕུང་པོ་རང་བཞིན་གྱིས་སྟོང་པ་ལ་ཅི་ལྟར་བཟུང་བ་ལྟར་གྱི་མི་རྟག་པ་ཡང་ཡོད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ། གལ་ཏེ་སྡུག་བསྔལ་བདེའོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་སྡུག་བསྔལ་ཡོད་མིན་པས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་སོགས་ལྷག་མ་གསུམ་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ནི། དེ་ལྟར་ལོག་མ་ལོག་ཏུ་འཛིན་པ་བཀག་ཀྱང་འཛིན་པའི་བྱ་བ་ཙམ་མ་བཀག་པས་ཡོད་ལ། དེ་ཡོད་པས་དེའི་སྒྲུབ་བྱེད་བྱེད་པ་དང་། བྱེད་པ་པོ་དང་། ལས་ཀྱང་ཡོད་དོ་ཞེ་ན། མ་ཡིན་ཏེ། བྱེད་པ་རྟག་པ་ལ་སོགས་པ་གང་གིས་འཛིན་པ་དང་། འཛིན་པའི་བྱ་བ་གང་ཡིན་པ་དང་། འཛིན་པ་པོ་བདག་གམ་སེམས་དང་། གཟུང་བར་བྱ་བའི་ཡུལ་གཟུགས་ལ་སོགས་པ་ཐམས་ཅད་རྐྱེན་བརྟག་པ་སྤྱི་ལྡོག་ནས་བཀག་པས་ཐམས་ཅད་ཉེ་བར་ཞི་བ་སྟེ། དེའི་ཕྱིར་འཛིན་པ་ཙམ་ཡོད་པ་མ་ཡིན་ལ། དེ་མེད་པས་ཕྱིན་ཅི་ལོག་དང་མ་ལོག་པར་འཛིན་པ་ཡང་མ་གྲུབ་པའི་ཕྱིར་རོ། །གཉིས་པ་དེ་དག་ཏུ་འཛིན་པ་པོའི་གང་ཟག་དགག་པ་ལ་གཉིས་ཏེ། ལོག་པ་དང་མ་ལོག་པར་འཛིན་པའི་གང་ཟག་སྤྱིར་དགག་པ། བྱེ་བྲག་ཏུ་ཕྱིན་ཅི་ལོག་འཛིན་པ་པོ་དགག་པའོ། །དང་པོ་ནི། ཕྱིན་ཅི་ལོག་མ་ལོག་ནི་རང་བཞིན་གྱིས་ཡོད་དེ། དེ་དག་དང་ལྡན་པའི་འཛིན་པ་པོའི་གང་ཟག་ཡོད་པའི་ཕྱིར་རོ་སྙམ་ན། གང་ཟག་གང་ལ་ཕྱིན་ཅི་ལོག་ཡོད་ཅིང་། གང་ཟག་གང་ལ་ཕྱིན་ཅི་མ་ལོག་ཡོད་དེ། དེ་གཉིས་དང་ལྡན་པ་ཡང་མེད་དེ། ཅི་སྐད་བཤད་པ་དེ་ལྟར་འཛིན་པ་ཙམ་མེད་པས་ཕྱིན་ཅི་ལོག་པའམ། དེ་ལ་ལྟོས་པའི་ཡང་དག་ཉིད་དུ་ནི་འཛིན་པ་ཡོད་པ་མིན་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། རྟེན་གསུམ་ལ་མི་སྲིད་པ། མཐའ་གསུམ་ལས་མ་སྐྱེས་པ། ཡུལ་ཡོད་མེད་ལ་མཚུངས་པའོ། །དང་པོ་ནི། ཡུལ་ལམ་རྟེན་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ནི་ཕྱིན་ཅི་ལོག་དག་མི་སྲིད་དེ། དེའི་བྱ་བ་འགག་པའི་ཕྱིར་དང་། དོན་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་མ་གྱུར་པ་དག་ལའང་ཕྱིན་ཅི་ལོག་དག་མི་སྲིད་དེ། དེའི་བྱ་བ་མ་སྐྱེས་པའི་ཕྱིར་དང་། ཕན་ཚུན་འགལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་པ་ལ་ནི་ཕྱིན་ཅི་ལོག་དག་མི་སྲིད་དེ། གྱུར་མ་གྱུར་ལས་གཞན་པའི་གྱུར་བཞིན་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་ལམ་རྟེན་གྱི་གང་ཟག་གང་ལ་ཕྱིན་ཅི་ལོག་སྲིད་ཅེས་བདག་ཉིད་གཟུ་བོར་གྱུར་པའི་ཤེས་རབ་ཀྱིས་ནི་རྣམ་པར་དཔྱོད་དེ། དེ་ལྟར་དཔྱད་པ་ན་ཕྱིན་ཅི་ལོག་དང་ལྡན་པ་མི་རྙེད་དོ། །གཞན་ཡང་ཕྱིན་ཅི་ལོག་རྣམས་མ་སྐྱེས་ན་དེ་དང་ལྡན་པ་ཅན་ཅི་ལྟ་བུར་ན་ཡོད་པར་འགྱུར་ཏེ། དེ་ལྟར་ཕྱིན་ཅི་ལོག་རྣམས་སྐྱེ་བ་མེད་པས་མེད་ན་ཕྱིན་ཅི་ལོག་ཅན་ག་ལ་ཡོད་དེ། དེ་ཡང་མ་སྐྱེས་པས་མེད་པར་གྲུབ་པའི་ཕྱིར་རོ། །གཉིས་པ་ནི། ཕྱིན་ཅི་ལོག་གི་དངོས་པོ་རྣམས་བདག་ལས་མི་སྐྱེ་སྟེ། གཞན་ལས་སྐྱེ་བ་ཉིད་མ་ཡིན། བདག་དང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་མིན་ན། ཕྱིན་ཅི་ལོག་ཅན་ག་ལ་ཡོད་དེ། མ་སྐྱེ་པས་མེད་ན་དེ་དང་ལྡན་པ་ཅན་མི་གྲུབ་པར་བཤད་ཟིན་པའི་ཕྱིར། གསུམ་པ་ནི། གལ་ཏེ་ཉེ་བར་ལེན་པའི་ཕུང་པོ་ལ་བདག་དང་། གཙང་བ་དང་། རྟག་པ་དང་། བདེ་བ་ཡོད་ན་ནི་བདག་དང་གཙང་བ་དང་། རྟག་པ་དང་། བདེ་བར་འཛིན་པ་ཕྱིན་ཅི་ལོག་མ་ཡིན་ཏེ། ཡུལ་ཡོད་པ་ལ་ཡོད་པར་འཛིན་པའི་ཕྱིར་རོ། །གལ་ཏེ་ཉེ་བར་བླང་བྱའི་ཕུང་པོ་ལ་བདག་དང་། གཙང་བ་དང་། རྟག་པ་དང་། བདེ་བ་མེད་ན་ནི། བདག་མེད་དང་། མི་གཙང་བ་དང་། རྟག་མེད་དེ་མི་རྟག་པ་དང་། སྡུག་བསྔལ་བར་འཛིན་པ་ཡང་ཕྱིན་ཅི་མ་ལོག་པ་མ་ཡིན་ཏེ། དགག་བྱ་བདག་སོགས་མེད་པས་དེ་བཀག་པའི་བདག་མེད་སོགས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་དེ་བཀག་པའི་འབྲས་བུ་ནི། དེ་ལྟར་ཕྱིན་ཅི་ལོག་དཔྱད་ན་མ་རྙེད་པས་ཕྱིན་ཅི་ལོག་ཏུ་འཛིན་པ་འགག་པར་འགྱུར་ཏེ། ཞེན་ཡུལ་མ་རྙེད་པས་ཞེན་བྱེད་ཀྱི་བློ་ལྡོག་པ་རིག་པའི་ཚུལ་ཡིན་པའི་ཕྱིར་རོ། །ཕྱིན་ཅི་ལོག་འགགས་པས་མ་རིག་པ་ནི་འགགས་པར་འགྱུར་ཏེ། དེ་ཕྱིན་ཅི་ལོག་ལ་བརྟེན་པའི་ཕྱིར་རོ། །རྒྱུ་མ་རིག་པ་འགགས་པར་གྱུར་ན་ནི་དེའི་འབྲས་བུ་འདུ་བྱེད་ལ་སོགས་པ་སྟེ་རྒ་ཤིའི་མཐར་ཐུག་པ་སྡུག་བསྔལ་གྱི་ཚོགས་མ་ལུས་པ་འགགས་པར་འགྱུར་ཏེ། རྒྱུ་མེད་ན་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་ཕྱིན་ཅི་ལོག་ལ་དཔྱད་ན་ནི་དོན་ཆེན་པོ་ཅན་ཡིན་ཏེ། དེ་ལ་དཔྱད་པས་འཁོར་བ་རྒྱུ་འབྲས་འགག་པར་འགྱུར་བའི་ཕྱིར་རོ། །གཉིས་པ་དེའི་སྒྲུབ་བྱེད་གཉེན་པོས་སྤོང་བ་དགག་པ་ནི། གལ་ཏེ་དེ་ལྟར་མ་རིག་པ་ལ་སོགས་པ་སྤོང་བའི་གཉེན་པོ་ཡོད་པའི་ཕྱིར་དེ་དག་ཀྱང་ཡོད་པ་ཉིད་དེ། མེད་པ་ནི་ནམ་མཁའི་ཆུ་སྐྱེས་ལྟར་སྤོང་མི་ནུས་པའི་ཕྱིར་ཞེ་ན། གཉེན་པོས་སྤོང་ན་རང་བཞིན་གྱིས་ཡོད་པ་ཞིག་སྤོང་ངམ་མེད་པ་ཞིག་སྤོང་། གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གང་དག་རང་བཞིན་གྱིས་ཡོད་ན་ཅི་ལྟ་བུར་ན་སྤོང་བར་འགྱུར་ཏེ། རང་བཞིན་གྱིས་ཡོད་པའི་ཕྱིར། ཁྱབ་པ་ནི་རང་བཞིན་གྱིས་ཡོད་པ་སུ་ཞིག་སྤོང་བར་བྱེད་ཅེས་པའོ། །གལ་ཏེ་གང་ཟག་ལ་ལའི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་གང་དག་རང་བཞིན་གྱིས་མེད་ན་ནི་ཅི་ལྟ་བུར་ན་རང་བཞིན་གྱིས་སྤོང་བར་འགྱུར་ཏེ། རང་བཞིན་གྱིས་མེད་པའི་ཕྱིར། ཁྱབ་པ་ནི་མེད་པ་སུ་ཞིག་སྤོང་བར་བྱེད་ཅེས་པའོ། །གཉིས་པ་ལུང་དང་སྦྱར་བ་ནི། ཇི་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གཟུགས་ཀྱིས་ཀྱང་ནི་བྱང་ཆུབ་བསྟན། །བྱང་ཆུབ་ཀྱིས་ཀྱང་གཟུགས་བསྟན་ཏེ། །མི་མཚུངས་པ་ཡི་སྒྲ་རྣམས་ཀྱིས། །ཆོས་ཀྱི་བླ་མ་རབ་ཏུ་བསྟན། །སྒྲ་ཡི་གཟུགས་ཀྱི་བླ་མ་སྟེ། །ངོ་བོ་ཉིད་ཀྱིས་ཟབ་པ་དག །གཟུགས་དང་བྱང་ཆུབ་མཉམ་པ་སྟེ། །ཐ་དད་བྱ་བ་དེ་མི་རྙེད། །མྱ་ངན་འདས་པ་ཟབ་པར་ཡང་། །སྒྲ་ཡིས་རབ་ཏུ་བསྟན་པ་ལྟར། །མྱ་ངན་འདས་པ་མི་རྙེད་དེ། །དེ་ཡི་སྒྲ་ཡང་མི་རྙེད་དོ། །སྒྲ་དང་མྱ་ངན་འདས་པ་ནི། །གཉིས་ཀའང་རྙེད་པར་མི་འགྱུར་ཏེ། །དེ་བཞིན་སྟོང་པའི་ཆོས་རྣམས་ལ། །མྱ་ངན་འདས་པ་རབ་ཏུ་བསྟན། །མྱ་ངན་འདས་དང་འདའ་བ་ནི། །མྱ་ངན་འདས་པ་མི་རྙེད་དེ། །འདི་ནི་ཆོས་རྣམས་འཇུག་པ་མེད། །ཕྱིས་ནི་ཅི་འདྲ་དེ་བཞིན་སྔོན། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །མྱ་ངན་འདས་དང་མཚུངས་མཉམ་པར། །སངས་རྒྱས་བསྟན་ལ་བརྩོན་པ་ཡི། །འབྱུང་བ་དེ་དག་རྣམས་ཀྱིས་རིག །ཞེས་གསུངས་པ་དང་། དེ་བཞིན་དུ། ཡེ་ཤེས་ཀྱིས་ནི་ཕུང་པོ་སྟོང་ཉིད་མཁྱེན། །མཁྱེན་ནས་ཉོན་མོངས་རྣམས་དང་མི་འགྲོགས་ཏེ། །བརྗོད་པ་ཙམ་གྱི་སྒོ་ནས་བརྗོད་བྱ་ཞིང་། །མྱ་ངན་འདས་བཞིན་འཇིག་རྟེན་འདིར་དཔྱད་བྱ། །ཞེས་གསུངས་ཏེ་བསྟན་ཚུལ་ནི་སྔ་མ་དང་འདྲའོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེད་ལས། ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉེར་གསུམ་པའི་རྣམ་པར་བཤད་པའོ།། །།གསུམ་པ་དེ་ལ་ཧ་ཅང་ཐལ་བ་སྤང་པ་ལ་གཉིས་ཏེ། འཕགས་པའི་བདེན་པ་སོགས་མེད་པར་ཐལ་བ་སྤོང་བ། མྱ་ངན་ལས་འདས་པ་མེད་པར་ཐལ་བ་སྤོང་བའོ། །དང་པོ་ལ་གསུམ་ལས། དང་པོ་རབ་ཏུ་བྱེད་པའི་འབྲེལ་ནི། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན། འཕགས་པའི་བདེན་པ་སོགས་མེད་པར་ཐལ་ལོ། །ཞེས་པའི་རྩོད་པ་སྤོང་བའི་ཕྱིར་རབ་ཏུ་བྱེད་པ་འདི་བཀོད་པ་ཡིན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་རིག་པས་བསྟན་པ་ལ་གཉིས་ཏེ། རྒོལ་བ་དང་། ལན་ནོ། །དང་པོ་ལ་ལྔ་སྟེ། ཤེས་བྱ་འཕགས་པའི་བདེན་བཞི་མེད་པར་ཐལ་བ། ཡུལ་ཅན་ལམ་གྱི་ཡེ་ཤེས་མེད་པར་ཐལ་བ། འབྲས་བུ་དཀོན་མཆོག་གསུམ་མེད་པར་ཐལ་བ། ལས་དང་འབྲས་བུ་མེད་པར་ཐལ་བ། འཇིག་རྟེན་པའི་ཐ་སྙད་མི་འཐད་པར་ཐལ་བའོ། །དང་པོ་ནི། གལ་ཏེ་ཆོས་འདི་དག་ཀུན་རང་བཞིན་གྱིས་སྟོང་ན། རང་བཞིན་གྱིས་སྟོང་པ་ནི་མེད་པའི་དོན་ཡིན་ཏེ། འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །དེ་འདོད་ན་འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ཀྱི་ལུགས་ལ་མེད་པར་ཐལ་བར་འགྱུར་རོ། །གཉིས་པ་ནི། སྔ་མ་ལ་འདོད་ན། འཕགས་པའི་བདེན་པ་བཞི་མེད་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། ལམ་བསྒོམ་པ་དང་། འགོག་པ་མངོན་དུ་བྱ་བ་དག་འཐད་པར་འགྱུར་བ་མིན་ནོ། །གསུམ་པ་ནི། སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་དེ་དག་ཡོད་པ་མ་ཡིན་པས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་འབྲས་བུ་བཞི་ཡང་ཡོད་པ་མ་ཡིན་པར་འགྱུར་རོ། །འདོད་ན། འབྲས་བུ་བཞི་མེད་པའི་ཕྱིར་ན་འབྲས་གནས་མེད་པར་འགྱུར་ལ། དེ་མེད་པས་ཞུགས་པ་དག་ཀྱང་ཡོད་པ་མ་ཡིན་པར་འགྱུར་རོ། །གལ་ཏེ་ཞུགས་གནས་ཀྱི་སྐྱེས་བུ་གང་ཟག་བརྒྱད་པོ་དེ་དག་མེད་ན་དགེ་འདུན་མེད་པར་འགྱུར་རོ། །གཞན་ཡང་འཕགས་པའི་བདེན་པ་བཞི་པོ་རྣམས་མེད་པའི་ཕྱིར་ན་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་པར་འགྱུར་ལ། ཆོས་དང་དགེ་འདུན་ཡོད་པ་མ་ཡིན་ན་སངས་རྒྱས་ཅི་ལྟར་ཡོད་དེ་མེད་པར་འགྱུར་རོ། །དེས་ན་སངས་རྒྱས་སོགས་དེ་སྐད་དུ་སྟོང་པ་ཉིད་དུ་སྨྲ་ན་དཀོན་མཆོག་གསུམ་ལ་གནོད་པ་ནི་བྱེད་པ་ཡིན་ནོ། །ཅིང་ནི་འོག་མ་སྡུད་པའོ། །བཞི་པ་ནི། གཞན་ཡང་སྟོང་པ་ཉིད་དུ་བཟུང་ན་དགེ་སྡིག་གི་འབྲས་བུ་ཡོད་པ་དང་རྒྱུ་ཆོས་མ་ཡིན་མི་དགེ་བ་དང་། ཆོས་དགེ་བ་ཉིད་ཡོད་པ་ལ་གནོད་པ་བྱེད་པར་འགྱུར་རོ། །ལྔ་པ་ནི། འཇིག་རྟེན་པའི་ཐ་སྙད་ཟོ་ཤིག་འདུག་ཤིག་ཅེས་སོགས་ནི་ཀུན་ལའང་གནོད་པ་བྱེད་པ་ཡིན་ནོ། །གཉིས་པ་ལན་ལ་གསུམ་སྟེ། གཞན་གྱིས་རྩོད་པའི་རྒྱུ་མཚན། རང་ལ་སྐྱོན་མི་འཇུག་པའི་འཐད་པ། རྟེན་འབྲེལ་རྟོགས་པའི་ཆེ་བའོ། །དང་པོ་ལ་གཉིས་ཏེ། སྟོང་ཉིད་ཀྱི་དོན་མ་རྟོགས་པས་རྩོད་པ་དང་། བདེན་གཉིས་ཀྱི་དོན་མ་རྟོགས་པས་རྩོད་པའོ། །དང་པོ་ནི། རྒོལ་བ་དེ་ལ་ལན་བཤད་པ། དངོས་སྨྲ་བ་ཁྱོད་ཀྱིས་ནི་བཅོམ་ལྡན་འདས་ཀྱིས་སྟོང་ཉིད་གསུངས་པའི་དགོས་པ་དང་། སྟོང་ཉིད་ཀྱི་མཚན་ཉིད་དང་། སྟོང་ཉིད་ཀྱི་སྒྲ་འཇུག་པའི་དོན་ཏེ་ཡུལ་ནི་མ་རྟོགས་པས་དེའི་ཕྱིར་གོང་དུ་དབུ་མ་པ་ལ་སྐྱོན་དེ་ལྟར་བརྗོད་པ་ནི་དངོས་སྨྲ་བ་རང་ཉིད་ལ་གནོད་པ་ཡིན་ནོ། །དེ་ལ་སྟོང་ཉིད་གསུངས་པའི་དགོས་པ་ནི། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་པ་དང་། མཚན་ཉིད་ནི། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་སོགས་དང་། སྒྲ་འཇུག་པའི་ཡུལ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་པ་ལྟ་བུའོ། །གཉིས་པ་ལ་ལྔ་སྟེ། རྟོགས་བྱ་བདེན་གཉིས་ཀྱི་ངོ་བོ། དེ་མ་རྟོགས་པའི་སྐྱོན། བདེན་གཉིས་བསྟན་པའི་དགོས་པ། སྟོང་ཉིད་ལ་ལོག་པར་བཟུང་བའི་ཉེས་དམིགས། དེས་ན་སྟོང་ཉིད་དང་པོར་མ་གསུངས་པར་བསྟན་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ་ནི་བརྗོད་བྱ་བདེན་པ་གཉིས་ལ་ཡང་དག་པར་བརྟེན་པ་ཡིན་ལ། གཉིས་པོ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ། །གཉིས་པ་ནི། གང་དག་བདེན་པ་དེ་གཉིས་ཀྱི་རྣམ་དབྱེ་རྣམ་པར་མི་ཤེས་པ་དེ་དག་གིས་སངས་རྒྱས་ཀྱིས་བསྟན་པ་ནི་རྟེན་འབྱུང་ཟབ་མོའི་དེ་ཁོ་ན་ཉིད་རྣམ་པར་མི་ཤེས་པ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་བདེན་གཉིས་ཟུང་འཇུག་ལ་འཇོག་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་དོན་དམ་པའི་བདེན་པ་བསྟན་པས་ཐར་པ་འགྲུབ་པའི་ཕྱིར་ན་བདེན་པ་གཉིས་ཀ་བསྟན་མི་དགོས་སོ་ཞེ་ན། ཐ་སྙད་ཀྱི་བདེན་པ་ཡང་བསྟན་དགོས་ཏེ། ཐ་སྙད་ཀྱི་བདེན་པ་ལ་ནི་མ་བརྟེན་པར་དམ་པའི་དོན་ནི་བསྟན་པར་མི་ནུས་ལ། དམ་པའི་དོན་ནི་མ་རྟོགས་པར་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་བའི་ཕྱིར་རོ། །བཞི་པ་ནི། སྟོང་པ་ཉིད་ལ་བལྟ་ཉེས་པ་སྟེ་ལོག་པར་བཟུང་ན་ཤེས་རབ་ཆུང་ངུ་དང་ལྡན་པ་རྣམས་ཕུང་བར་འགྱུར་ཏེ། དཔེ་ཇི་ལྟར་ན་སྔགས་སོགས་དང་བྲལ་བས་དུག་སྦྲུལ་ལ་བཟུང་ཉེས་པ་དང་། རིགས་སྔགས་ཀྱི་ཆོ་ག་ཉམས་པས་ཉེས་པར་བསྒྲུབ་པས་ཕུང་བ་བཞིན་ནོ། །ལྔ་པ་ནི། བློ་གྲོས་ཞན་པས་ཆོས་འདིའི་གཏིང་རྟོགས་པར་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པའི་ཐུགས་ནི་དེ་དག་གི་ཆོས་བསྟན་པ་ལས་རབ་ཏུ་ལྡོག་པར་འགྱུར་བ་ཡིན་ཏེ། སྟོང་པ་ཉིད་རྟོགས་དཀའ་ཞིང་མ་རྟོགས་ན་གནོད་པར་འགྱུར་བ་དེའི་ཕྱིར་རོ། །གཉིས་པ་རང་ལ་སྐྱོན་མི་འཇུག་པའི་འཐད་པ་ལ་བཞི་སྟེ། སྐྱོན་འཇུག་པའི་གཞི་མེད་པ། སྐྱོན་ཡོན་གྱི་གནས་བསྟན་པ། སྐྱོན་མེད་ལ་སྐྱོན་བསྒྱུར་བར་མི་རིགས་པ། ཉེས་པ་བཟློག་སྟེ་བསྟན་པའོ། །དང་པོ་ནི། དངོས་སྨྲ་བ་ཁྱོད་ནི་སྟོང་ཉིད་ལ་ཉེས་པ་བརྗོད་ནས་སྤོང་བར་བྱེད་པ་གང་ཡིན་པ་དེ་ང་ལ་འཇུག་པ་མི་འཐད་དེ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཞེས་སོགས་སྐྱོན་དུ་ཐལ་བར་འགྱུར་བ་ནི་སྟོང་པ་ཉིད་སྨྲ་བ་ལ་འཇུག་པ་འཐད་པ་མ་ཡིན་པའི་ཕྱིར་ཏེ། སྐྱོན་བརྗོད་དེ་ནི་སྟོང་ཉིད་ཀྱི་དོན་མེད་པར་བཟུང་ནས་བརྗོད་པ་ཡིན་ལ། ངེད་ཀྱིས་སྟོང་ཉིད་ཀྱི་དོན་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འདོད་པ་ཡིན་གྱི་མེད་པའི་དོན་ཏུ་མི་འདོད་པའི་ཕྱིར་རོ། །གཉིས་པ་ནི། གང་ལ་སྟོང་པ་ཉིད་རུང་བ་དེ་ལ་བདེན་བཞི་ལ་སོགས་པ་ཐམས་ཅད་རུང་བར་འགྱུར་ལ། གང་ལ་སྟོང་པ་ཉིད་མི་རུང་བ་དེ་ལ་བདེན་བཞི་ལ་སོགས་པ་ཐམས་ཅད་རུང་བར་མི་འགྱུར་ཏེ། ངོ་བོ་ཉིད་ལ་འགྱུར་བ་མེད་ཕྱིར་རོ། །གསུམ་པ་ནི། དངོས་སྨྲ་བ་ཁྱོད་ནི་རང་བཞིན་གྱིས་སྟོང་པའི་རྟེན་འབྱུང་གི་རྟ་ལ་ཞོན་བཞིན་དུ་དངོས་འཛིན་གྱིས་གཡེངས་ནས་རང་བཞིན་གྱིས་སྟོང་པ་ཉིད་དེ་མ་དམིགས་པས་བདེན་བཞི་སོགས་མི་རུང་བའི་རང་གི་སྐྱོན་རྣམས་ནི་དབུ་མ་པ་ང་ལ་ཡོངས་སུ་བསྒྱུར་ནས་རྩོད་པ་བྱེད་པ་ཡིན་ཏེ། མི་འགའ་ཞིག་རྟ་ལ་མངོན་པར་ཞོན་བཞིན་ཏུ་རྟ་ཉིད་བརྗེད་པར་གྱུར་ནས་རྟ་གཞན་གྱིས་ཕྲོགས་ཞེས་ཀླན་ཀ་ཚོལ་བ་བཞིན་ནོ། །བཞི་པ་ལ་གསུམ་སྟེ། གཞན་ལ་ཉེས་པ་འཇུག་པ། ཉེས་པ་དེ་རང་ལ་མི་འཇུག་པ། གཞན་ལ་ཉེས་པ་འཇུག་ཚུལ་རྒྱས་པར་བཤད་པའོ། །དང་པོ་ནི། གལ་ཏེ་དངོས་སྨྲ་བ་ཁྱོད་ཀྱིས་དངོས་པོ་རྣམས་རང་བཞིན་ལས་ཡོད་པར་རྗེས་སུ་ལྟ་བར་བྱེད་ན་དེ་ལྟ་ཡིན་ན་དངོས་པོ་རྣམས་ལ་རྒྱུ་རྐྱེན་མེད་པར་བལྟ་སྟེ། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་རྒྱུ་རྐྱེན་ལ་མི་ལྟོས་པའི་ཕྱིར། འདོད་ན་འབྲས་བུ་དང་ནི་རྒྱུ་ཉིད་དང་། བྱེད་པ་པོ་དང་། བྱེད་པ་དང་། བྱ་བ་དང་། སྐྱེ་བ་དང་ནི་འགག་པ་དང་། འབྲས་བུ་ཡོད་པ་ལ་ཡང་གནོད་པ་བྱེད་པར་འགྱུར་ཏེ། དངོས་པོ་རྣམས་རྒྱུ་རྐྱེན་ལ་མི་ལྟོས་པའི་ཕྱིར་རོ། །གཉིས་པ་ནི། སྟོང་ཉིད་སྨྲ་བ་ལ་རྒྱུ་འབྲས་ལ་སོགས་པའི་རྣམ་གཞག་འཐད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་དུ་མདོ་ལས་བཤད་པའི་ཕྱིར་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རགས་ལས་གང་དེ་སྟོང་པར་བཤད། །གང་གིས་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་གསུངས་པའི་ཕྱིར། རྟེན་འབྱུང་རང་བཞིན་གྱིས་སྟོང་པ་དེ་ནི་བརྟེན་ནས་གདགས་པ་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་གདགས་པའི་ཡུལ་ཡིན་པའི་ཕྱིར། དེ་ཉིད་དབུ་མའི་ལམ་སྟེ་ཤུལ་ཡིན་ཏེ། རྟག་ཆད་ཀྱི་ལྟ་བ་སེལ་བས་དབུ་མའི་རྟོགས་པ་འདྲེན་པར་བྱེད་པའི་ཕྱིར། དེས་ན་རང་བཞིན་གྱིས་སྟོང་པ་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ན་རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཞིག་ཡོད་པ་མ་ཡིན་པ་དེའི་ཕྱིར། གསུམ་པ་ལ་དྲུག་སྟེ། བདེན་བཞི་མི་འཐད་པར་ཐལ་བ། ཡོངས་ཤེས་སོགས་བཞི་མི་འཐད་པར་ཐལ་བ། འབྲས་བུ་བཞི་མི་འཐད་པར་ཐལ་བ། དཀོན་མཆོག་གསུམ་མི་འཐད་པར་ཐལ་བ། ལས་འབྲས་མི་འཐད་པར་ཐལ་བ། ཐ་སྙད་མི་འཐད་པར་ཐལ་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་ཀུན་རང་བཞིན་གྱིས་མི་སྟོང་ན། འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་ལ། འདོད་ན། འཕགས་པའི་བདེན་པ་བཞི་པོ་རྣམས་ཁྱོད་ལ་མེད་པར་ཐལ་བར་འགྱུར་རོ། །གཉིས་པ་ལ་བཞི་སྟེ། སྡུག་བསྔལ་མེད་པར་ཐལ་བ། ཀུན་འབྱུང་མེད་པར་ཐལ་བ། འགོག་པ་མེད་པར་ཐལ་བ། ལམ་མེད་པར་ཐལ་བའོ། །དང་པོ་ནི། རང་བཞིན་གྱིས་སྟོང་པའི་རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། སྡུག་བསྔལ་ཡོད་པར་ག་ལ་འགྱུར་ཏེ། མི་རྟག་སྡུག་བསྔལ་གྱི་མཚན་ཉིད་ཅན་དུ་གསུངས་པ་དེ་རང་བཞིན་གྱིས་གྲུབ་པ་ཉིད་ལ་ཡོད་པ་མ་ཡིན་པའི་ཕྱིར། གཉིས་པ་ནི། སྡུག་བསྔལ་རང་བཞིན་ཉིད་ལས་ནི་ཡོད་པ་ཡིན་ན་རྒྱུ་ལས་ཉོན་ལས་ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་ལ། དེའི་ཕྱིར་སྟོང་ཉིད་མི་འཐད་ཅེས་གནོད་པ་བྱེད་པ་ལ་ཀུན་འབྱུང་ཡོད་པ་མ་ཡིན་ནོ། །གསུམ་པ་ནི། སྡུག་བསྔལ་རང་བཞིན་གྱིས་ཡོད་པ་ལ་དེ་འགག་པའི་འགོག་པ་ཡོད་པ་མ་ཡིན་པར་ཐལ། རང་བཞིན་གྱིས་གྲུབ་པ་ནི་མི་འཇིག་པར་ཡོངས་སུ་གནས་པའི་ཕྱིར། དེས་ན་རང་བཞིན་གྱིས་གྲུབ་པའི་ཆོས་ཁས་ལེན་པ་ནི། འགོག་པ་ལ་གནོད་པ་བྱེད་པ་ཡིན་ནོ། །བཞི་པ་ནི། ལམ་ལ་རང་བཞིན་གྱིས་གྲུབ་པ་ཡོད་ན་ནི། དེ་བསྒོམ་པ་འཐད་པར་མི་འགྱུར་ཏེ། རང་བཞིན་གྱིས་གྲུབ་པ་ནི་བསྒོམ་ཞིང་བསྒྲུབ་པར་བྱར་མེད་པའི་ཕྱིར། ཅི་སྟེ་ལམ་དེ་བསྒོམ་བྱ་ཡིན་ན་ཁྱོད་ཀྱི་ལུགས་ལ་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་འགྱུར་རོ། །གསུམ་པ་ནི། གང་གི་ཚེ་སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་ཡོད་པ་མ་ཡིན་ན་ལམ་གྱིས་སྡུག་བསྔལ་འགོག་པ་ནི་གང་ཞིག་ཐོབ་པར་འགྱུར་བར་འདོད་དེ་མི་རུང་ངོ་། །གཉིས་པ་ནི། སྡུག་བསྔལ་གྱི་བདེན་པ་དེ་ནི་ཆོས་ཅན་ཕྱིས་ཀྱང་ཅི་ལྟར་ཡོངས་སུ་ཤེས་པར་འགྱུར་ཏེ་མི་འགྱུར་བར་ཐལ། གལ་ཏེ་སྔར་རང་བཞིན་ཉིད་ཀྱིས་ནི་ཡོངས་སུ་ཤེས་པར་འགྱུར་བ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་མི་འགྱུར་བར་གནས་པ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར། སྡུག་བསྔལ་ཡོངས་སུ་ཤེས་པ་མི་འཐད་པ་དེ་བཞིན་དུ་ནི་ཁྱོད་ཉིད་ཀྱི་ལུགས་ལ་ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པ་དག་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་སྟེ། སྔར་མ་སྤོང་བ་དང་། སྔར་མངོན་དུ་མ་བྱས་པ་དང་། སྔར་མ་བསྒོམ་པའི་ངོ་བོ་ཉིད་དུ་གནས་པའི་ཕྱིར་རོ། །གསུམ་པ་ནི། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དག་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པ་བཞིན་དུ་མི་རུང་བར་འགྱུར་ཏེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་སྤོང་བ་སོགས་མེད་པའི་ཕྱིར་རོ། །གཞན་ཡང་འབྲས་བུ་བཞི་པོ་སྔར་རང་བཞིན་ཉིད་ཀྱིས་ནི་ཐོབ་པ་མིན་པ་གང་ཡིན་པ་དེ་ཕྱིས་ཀྱང་ཇི་ལྟར་ཐོབ་པར་ནུས་པར་འགྱུར་ཏེ་མི་འགྱུར་བར་ཐལ། རང་བཞིན་ནི་ལྡོག་པ་མེད་པར་ཡོངས་སུ་འཛིན་པ་ཡིན་པའི་ཕྱིར་རོ། །བཞི་པ་ལ་གསུམ་སྟེ། དགེ་འདུན་དཀོན་མཆོག་མེད་པར་ཐལ་བ། ཆོས་དཀོན་མཆོག་མེད་པར་ཐལ་བ། སངས་རྒྱས་དཀོན་མཆོག་མེད་པར་ཐལ་བའོ། །དང་པོ་ནི། འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །ཅེས་སོ། །གཉིས་པ་ནི། འཕགས་པའི་བདེན་པ་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཞེས་སོ། །གསུམ་པ་ནི། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཅི་ལྟར་ཡོད་པར་འགྱུར། །ཞེས་སོ། །གཞན་ཡང་སངས་རྒྱས་ངོ་བོ་ཉིད་ཀྱིས་ཡོད་པར་འདོད་ན། ཁྱོད་ཀྱི་ལུགས་ལ་རྫོགས་པའི་སངས་རྒྱས་དེ་བྱང་ཆུབ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་ལ། ཁྱོད་ཀྱི་ལུགས་ལ་བྱང་ཆུབ་དེ་ཡང་སངས་རྒྱས་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་ཏེ། ངོ་བོ་ཉིད་ཀྱིས་གྲུབ་པ་ནི་གཞན་ལ་མི་ལྟོས་པའི་ཕྱིར་རོ། །གཞན་ཡང་སྔར་སངས་རྒྱས་མིན་པའི་ངོ་བོ་ཉིད་དུ་གྲུབ་པ་གང་ཡིན་པ་དེས་ཕྱིས་བྱང་ཆུབ་ཀྱི་ཕྱིར་དུ་བྱང་ཆུབ་ཀྱི་སྤྱོད་པ་ལ་བཙལ་བ་སྟེ་འབད་པ་བྱས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་བར་ཐལ། ཁྱོད་ཀྱི་ལྟར་ན་སྔར་སངས་རྒྱས་མིན་པའི་རང་བཞིན་ཉིད་ཀྱིས་ནི་གནས་པའི་ཕྱིར། ལྔ་པ་ལ་གསུམ་སྟེ། དགེ་སྡིག་བྱེད་པ་མེད་པར་ཐལ་བ། དགེ་སྡིག་མེད་པར་བདེ་སྡུག་ཡོད་པར་ཐལ་བ། དགེ་སྡིག་གི་འབྲས་བུ་ཡོད་ན་སྟོང་པར་གྲུབ་པའོ། །དང་པོ་ནི། གང་ཟག་འགའ་ཡང་ཆོས་དང་ཆོས་མིན་པ་ནམ་ཡང་བྱེད་པར་མི་འགྱུར་ཏེ། མི་སྟོང་པར་རང་བཞིན་གྱིས་གྲུབ་པ་ལ་ཅི་ཞིག་བྱ་སྟེ་བྱར་མེད་པའི་ཕྱིར་ཏེ། རང་བཞིན་གྱིས་གྲུབ་པ་ལ་ནི་བྱ་བ་འཇུག་པ་མེད་པའི་ཕྱིར། གཉིས་པ་ནི། ཆོས་དང་ཆོས་མིན་མེད་པར་ཡང་དེ་གཉིས་ཀྱི་འབྲས་བུ་ཁྱོད་ཀྱི་ལུགས་ལ་ཡོད་པར་འགྱུར་བར་ཐལ། འབྲས་བུ་རང་བཞིན་གྱིས་ཡོད་པའི་ཕྱིར། འདོད་ན། ཆོས་དང་ཆོས་མིན་པའི་རྒྱུ་ལས་བྱུང་བའི་འབྲས་བུ་གཉིས་པོ་དེ་ཁྱོད་ཀྱི་ལུགས་ལ་ཡོད་པ་མ་ཡིན་པར་ཐལ། འབྲས་བུ་གཉིས་པོ་དེ་རྒྱུ་མེད་པར་ཡང་ཡོད་པའི་ཕྱིར། གསུམ་པ་ནི། གལ་ཏེ་ཆོས་དང་ཆོས་མིན་པའི་རྒྱུ་ལས་བྱུང་བའི་འབྲས་བུ་དེ་གལ་ཏེ་ཁྱོད་ཀྱི་ལུགས་ལ་ཡོད་པར་འདོད་ན། ཆོས་དང་ཆོས་མིན་པའི་རྒྱུ་ལས་བྱུང་བའི་འབྲས་བུ་བདེ་སྡུག་གཉིས་པོ་དེ་ཅིའི་ཕྱིར་རང་བཞིན་གྱིས་སྟོང་པ་མ་ཡིན་ཏེ་ཡིན་པར་ཐལ། རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར་རོ། །དྲུག་པ་ལ་གཉིས་ཏེ། འཇིག་རྟེན་པའི་ཐ་སྙད་མི་འཐད་པར་ཐལ་བ་དང་། འཇིག་རྟེན་ལས་འདས་པའི་ཐ་སྙད་མི་འཐད་པར་ཐལ་བའོ། །དང་པོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི་སྟོང་པ་ཉིད་ལ་གནོད་པ་བྱེད་པ་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཐ་སྙད་བུམ་པ་གྱིས་ཤིག་ཅེས་སོགས་ནི་ཀུན་ལ་གནོད་པ་བྱེད་པ་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བར་ཡིན་པའི་ཕྱིར། གཞན་ཡང་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་ལ་གནོད་པ་བྱེད་ན་བུམ་པ་ལ་སོགས་པ་བྱེད་པའི་བྱ་བ་ཅི་ཡང་མེད་པར་འགྱུར་ཞིང་། བྱ་བ་ཡང་རྩོམ་པ་མེད་པའི་བྱ་བར་འགྱུར་ལ། བྱ་བ་ཅི་ཡང་མི་བྱེད་པ་ཡང་བྱེད་པ་པོར་འགྱུར་ཏེ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པའི་ཕྱིར། གཞན་ཡང་དངོས་པོ་རྣམས་རང་བཞིན་གྱིས་ཡོད་ན་འགྲོ་བ་རྣམས་མ་སྐྱེས་པ་དང་མ་འགག་པ་དང་ཐེར་ཟུག་ཏུ་ཡང་གནས་པར་འགྱུར་ཞིང་། བོང་ཚོད་ཆེ་ཆུང་དང་། ལྷ་ནས་མིར་སྐྱེ་བ་སོགས་གནས་སྐབས་སྣ་ཚོགས་དང་བྲལ་བར་འགྱུར་བར་ཐལ། ངོ་བོ་ཉིད་ཀྱིས་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གཞན་ཡང་གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་ཡོད་པ་མིན་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་སྔར་མ་ཐོབ་པ་ཐོབ་པར་བྱ་བ་དང་། གཉེན་པོས་སྡུག་བསྔལ་མཐར་འབྱིན་པར་བྱེད་པ་དང་། ལས་དང་ནི་ཉོན་མོངས་ཐམས་ཅད་སྤོང་བར་བྱེད་པའང་མེད་པར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པ་ལ་བྱ་བྱེད་མི་འཐད་པའི་ཕྱིར་རོ། །གསུམ་པ་རྟེན་འབྲེལ་རྟོགས་པའི་ཆེ་བ་ནི། འཕགས་པ་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བ་དེས་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་ནི་འགོག་པ་དང་ལམ་གྱི་དེ་ཁོ་ན་ཉིད་དེ་དག་མཐོང་བ་ཡིན་ཏེ། བླང་དོར་གྱིས་བསྡུས་པའི་རྟེན་འབྲེལ་ཐམས་ཅད་རང་བཞིན་སྐྱེ་མེད་དུ་རྟོགས་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། འཕགས་པ་ཆོས་ཐམས་ཅད་འཇུག་པ་མེད་པར་བསྟན་པའི་མདོ་ལས། འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་མཐོང་བ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་འབྱུང་བ་མེད་པ་ཉིད་དུ་མཐོང་བ་དེས་ནི་ཀུན་འབྱུང་སྤོངས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱས་པ་ཡིན་ནོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས་ནི་ལམ་བསྒོམས་པ་ཡིན་ནོ་ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། །།གཉིས་པ་མྱང་འདས་མི་འཐད་པར་ཐལ་བ་སྤོང་བར་གསུམ་ལས། དང་པོ་རབ་བྱེད་ཀྱི་འབྲེལ་ནི། གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ན་མྱ་ངན་ལས་འདས་པ་མི་འཐད་པར་འགྱུར་ཞེས་པའི་རྩོད་པ་སྤོང་བའི་ཕྱིར་དུ་རབ་བྱེད་འདི་བཀོད་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གཉིས་ཏེ་རྒོལ་བ་དང་། ལན་ནོ། །དང་པོ་ནི། གལ་ཏེ་ཕྱི་ནང་གི་དངོས་པོ་འདི་དག་ཀུན་རང་བཞིན་གྱིས་སྟོང་པ་ཉིད་དུ་འདོད་ན་འབྱུང་བ་མེད་ཅིང་འཇིག་པའང་མེད་པར་འགྱུར་རོ། །འདོད་ན་ཉོན་མོངས་གང་ཞིག་སྤོང་བ་ལས་ལྷག་བཅས་དང་། སྡུག་བསྔལ་གང་ཞིག་འགག་པ་ལས་ལྷག་མེད་དུ་མྱ་ངན་ལས་འདའ་བར་འགྱུར་བར་འདོད་དེ་འདོད་མི་རིགས་པར་འགྱུར་རོཞེས་པའོ། །གཉིས་པ་ལ་གསུམ་སྟེ། གཞན་ལ་ཉེས་པ་བཟློག་སྟེ་བསྟན་པ། རང་ལ་ཉེས་པ་མེད་པའི་ཚུལ། གཞན་གྱི་སྨྲས་པའི་ཉེས་པ་སྤོང་བའོ། །དང་པོ་ནི། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད་པ་མི་འཐད་པར་ཐལ། ཉོན་མོངས་སྤོང་བས་སྡུག་བསྔལ་འགག་པ་མི་འཐད་པའི་ཕྱིར་ཏེ། དེ་རང་བཞིན་གྱིས་གྲུབ་པའི་ཕྱིར། གཉིས་པ་ལ་གཉིས་ཏེ། མྱང་འདས་མཐའ་བྲལ་དུ་བསྟན་པ་དང་། མཐའ་བཞིའི་སྤྲོས་པ་བཀག་པའོ། །དང་པོ་ནི། ཐ་སྙད་ཙམ་དུ་ཉོན་མོངས་པ་དང་སྡུག་བསྔལ་འགག་པ་ལ་མྱང་འདས་ཐོབ་པར་བཞག་པ་ཡིན་གྱི། དོན་དམ་པར་ཉོན་མོངས་པ་སྤོང་བ་མེད་པས་སྡུག་བསྔལ་འགག་པའི་བྲལ་བ་ཐོབ་པ་མེད་པ། ངོ་བོ་ཉིད་མེད་པས་ཆད་པ་མེད་པ་དང་རྟག་པ་མེད་པ། རང་བཞིན་གྱིས་སྤང་བྱ་འགག་པ་མེད་པ་གཉེན་པོ་སྐྱེ་བ་མེད་པ་དེ་ལ་ནི་མྱ་ངན་ལས་འདས་པར་བརྗོད་དོ། །གཉིས་པ་ལ་གཉིས་ཏེ། རྟེན་པ་མྱང་འདས་མཐའ་བཞིར་གྲུབ་པ་དགག་པ་དང་། རྟེན་བཅོམ་ལྡན་འདས་མཐའ་བཞིར་གྲུབ་པ་དགག་པའོ། །དང་པོ་ལ་གསུམ་སྟེ། དངོས་དང་དངོས་མེད་སོ་སོར་གྲུབ་པ་དགག གཉིས་ཀར་གྲུབ་པ་དགག གཉིས་མིན་དུ་གྲུབ་པ་དགག་པའོ། །དང་པོ་ལ་བཞི་སྟེ། དངོས་པོར་གྲུབ་པ་དགག དངོས་མེད་དུ་གྲུབ་པ་དགག དེ་ལ་མྱང་འདས་མེད་པར་ཐལ་བ་སྤོང་། གཉིས་པོ་བཀག་པའི་དོན་བསྡུ་བའོ། །དང་པོ་ནི། བྱེ་བྲག་ཏུ་སྨྲ་བས་མྱང་འདས་རྫས་སུ་གྲུབ་པར་འདོད་དོ། །དེ་བཀག་པ་ནི། རེ་ཤིག་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཏེ། གལ་ཏེ་ཡིན་ན་རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་རོ། །ཁྱབ་སྟེ། རྒ་དང་འཆི་བ་མེད་པ་ཡི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདིར་འཆི་བ་ནི་འཇིག་པ་ལ་བྱའོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་མྱ་ངན་ལས་འདས་པ་འདུས་བྱས་སུ་འགྱུར་ཏེ། དངོས་པོ་འདུས་བྱས་མ་ཡིན་པ་འགའ་ཡང་གང་ནའང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན། མྱ་ངན་ལས་འདས་པ་དེ་རྒྱུ་རྐྱེན་འཚོགས་པ་ལ་ཅི་ལྟར་བརྟེན་པ་མ་ཡིན་ཏེ་ཡིན་པར་ཐལ། དངོས་པོ་རྒྱུ་རྐྱེན་འཚོགས་པ་ལ་བརྟེན་ནས་འབྱུང་བ་མ་ཡིན་པ་འགའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གོས་དམར་ཅན་གྱི་སྡེ་པ་དག་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་ནོ་ཞེས་པ་དང་། མདོ་སྡེ་པ་དག་ཉོན་མོངས་པ་དང་སྐྱེ་བ་མེད་པ་ཙམ་ལ་མྱ་ངན་ལས་འདས་པར་འཇོག་ཅེ་ན། དེ་འགོག་པ་ནི། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མིན་ན་དངོས་མེད་དུ་རང་གི་ངོ་བོས་ཡོད་པ་ཅི་ལྟར་དུ་རུང་བར་འགྱུར་ཏེ་མི་འགྱུར་བར་ཐལ། ཕྱོགས་གང་ལ་མྱ་ངན་ལས་འདས་པ་དངོས་པོ་མིན་པ་དེ་ལ་མྱ་ངན་ལས་འདས་པ་དངོས་པོ་མེད་པར་རང་གི་ངོ་བོས་ཡོད་པར་ཁས་བླངས་པར་རིག་པ་མ་ཡིན་པའི་ཕྱིར་ཏེ། དངོས་པོ་གཞན་འགྱུར་ལ་དངོས་མེད་དུ་སྨྲ་ལ་དངོས་པོ་རང་བཞིན་གྱིས་ཡོད་པ་གཞན་དུ་འགྱུར་བ་མི་རིག་པའི་ཕྱིར། གལ་ཏེ་མྱ་ངན་ལས་འདས་པ་དེ་སྔར་ཡོད་ཀྱི་དངོས་པོ་ཞིག་པའི་དངོས་མེད་མ་ཡིན་པར་རང་གི་ངོ་བོས་གྲུབ་པར་འདོད་ན། ཅི་ལྟར་མྱ་ངན་ལས་འདས་པ་དེ་དངོས་པོ་ལ་བརྟེན་པ་མིན་ཏེ་ཡིན་པར་ཐལ། གང་ཞིག་དངོས་པོ་ལ་བརྟེན་ནས་འབྱུང་མ་ཡིན་པའི་སྔར་ཡོད་ཀྱི་དངོས་པོ་ཞིག་པའི་དངོས་མེད་རང་གི་ངོ་བོས་ཡོད་པ་མ་ཡིན་པའི་ཕྱིར། གསུམ་པ་ནི། འོ་ན་མྱང་འདས་དངོས་པོ་དང་དངོས་མེད་གང་ཡང་མ་ཡིན་ན་མྱང་འདས་མེད་པར་འགྱུར་རོ་ཞེ་ན། ཐ་སྙད་དུ་མྱང་འདས་མེད་པའི་སྐྱོན་མེད་དེ། ཕུང་པོ་འོང་བ་དང་ནི་འགྲོ་བའི་དངོས་པོ་ལ་བརྟེན་ནས་གཅིག་ནས་གཅིག་ཏུ་སྐྱེ་བ་འབྱུང་བ་ལ་འཁོར་བར་གདགས་པའམ། ཕུང་པོ་འགྲོ་འོང་བྱེད་པ་རྒྱུར་བྱས་ནས་འཁོར་བར་གདགས་པ་གང་ཡིན་པ་དེ་ནི་སྔ་མ་ལ་བརྟེན་པ་མིན་པ་དང་། ཕྱི་མ་ལ་རྒྱུར་བྱས་པ་མིན་པ་ཙམ་ལ་མྱ་ངན་ལས་འདས་པ་ཡིན་པར་བསྟན་པའི་ཕྱིར་རོ། །འདིའི་དོན་ནི་འཁོར་བར་གདགས་པའི་རྒྱུ་མཚན་གཉིས་ཏེ། ཕུང་པོ་འགྲོ་འོང་བྱེད་པ་ལ་བརྟེན་ནས་འཁོར་བ་གདགས་པ་དང་། ཕུང་པོ་འགྲོ་འོང་བྱེད་པ་རྒྱུར་བྱས་པ་ལ་འཁོར་བར་གདགས་པའོ། །དེ་ལྟ་བུའི་རྒྱུ་མཚན་གཉིས་པོ་གང་གིས་ཀྱང་འཁོར་བར་མ་གྱུར་པ་ལ་མྱང་འདས་སུ་བརྗོད་ཅེས་པའི་དོན་ནོ། །བཞི་པ་ནི། མྱ་ངན་ལས་འདས་པ་ནི་དངོས་པོ་མ་ཡིན་ཞིང་དངོས་མེད་དུ་ཡང་ངོ་བོས་གྲུབ་པ་མིན་པར་རིགས་ཏེ་འབྱུང་བ་དངོས་པོ་དང་ནི་འཇིགས་པ་དངོས་མེད་ལ་ངོ་བོས་གྲུབ་པར་ཞེན་པ་དག་ནི་སྤང་བར་བྱ་བ་ཡིན་པར་སྟོན་པས་བཀའ་སྩལ་ལ། མྱང་འདས་ནི་སྤང་བྱ་མ་ཡིན་པ་དེའི་ཕྱིར་རོ། །གཉིས་པ་གཉིས་ཀར་གྲུབ་པ་དགག་པ་ནི། མུ་སྟེགས་པ་ཁ་ཅིག ཐར་པ་མྱང་འདས་ནི་ངོ་བོའི་ཆ་ནས་དངོས་པོ་དང་། དགག་བྱའི་དངོས་པོ་ལྡོག་པའི་ཆ་ནས་དངོས་མེད་ཡིན་པས་དངོས་པོ་དང་དངོས་མེད་གཉིས་ཀ་ཡིན་ནོ་ཞེ་ན། དེ་དགག་པ་ནི། གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀར་རང་བཞིན་གྱིས་གནས་པ་ཡིན་ན། དངོས་པོ་དང་དངོས་པོ་མེད་པ་དག་ཐར་པར་འགྱུར་ན་དེ་ནི་མི་རིགས་སོ། །འདིའི་དོན་ནི་དངོས་པོ་དང་དངོས་མེད་དུ་གྲུབ་པའི་ཁྱད་པར་ལ་རང་བཞིན་གྱིས་གྲུབ་པའི་ཐར་པ་འདོད་ན་དངོས་པོ་དང་དངོས་མེད་ཐམས་ཅད་ཐར་པར་འགྱུར་ཞེས་རྒྱུ་མཚན་མཚུངས་པའི་མགོ་སྙོམས་བྱེད་པའོ། །གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་སུ་རང་བཞིན་གྱིས་གྲུབ་པ་ཡིན་ན། མྱ་ངན་ལས་འདས་པ་དེ་རྒྱུ་རྐྱེན་ལ་མ་བརྟེན་པ་མ་ཡིན་པར་བརྟེན་པར་ཐལ། དངོས་པོ་དང་དངོས་མེད་གཉིས་རང་བཞིན་གྱིས་གྲུབ་པ་ཡིན་ན་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཡིན་དགོས་པའི་ཕྱིར་རོ། །གཞན་ཡང་ཅི་ལྟར་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀར་རང་བཞིན་གྱིས་གྲུབ་པ་ཡིན་ཏེ་མ་ཡིན་པར་ཐལ། མྱ་ངན་ལས་འདས་པ་ནི་འདུས་མ་བྱས་ཡིན་ལ། དངོས་པོ་དང་དངོས་མེད་རང་བཞིན་གྱིས་གྲུབ་པ་དེ་ཡིན་ན་འདུས་བྱས་ཡིན་དགོས་པའི་ཕྱིར་རོ། །འདིའི་དོན་ནི་དངོས་པོ་དང་དངོས་མེད་རང་བཞིན་གྱིས་གྲུབ་པ་དེ་ཡིན་ན་འདུས་བྱས་ཡིན་དགོས་ཞེས་པའི་དོན་ཡང་ཡིན་ལ། ཡང་ཤིང་ཞིག་པའི་དངོས་མེད་དེ་སྔར་ཡོད་ཀྱི་ཤིང་ཞིག་པར་སོང་བ་ལ་འཇོག་པ་ཡིན་པས་ཤིང་གི་འདུས་བྱས་པར་བཏགས་པ་མིན་གྱིས། དངོས་མེད་འདུས་བྱས་སུ་བསྟན་པ་ནི་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་མེད་གཉིས་ཀ་མིན་གྱི། དེ་ལ་དེ་གཉིས་ཀ་ཡོད་པར་འདོད་པ་ཡིན་ནོ་ཞེ་ན། རིག་པས་དཔྱད་ན་ཅི་ལྟར་ན་མྱ་ངན་ལས་འདས་པ་ལ་དངོས་པོ་དང་དངོས་མེད་གཉིས་ཀ་ཡོད་དེ་མེད་པར་ཐལ། རིག་པས་དཔྱད་ན་དངོས་པོ་དང་དངོས་མེད་དེ་གཉིས་གཅིག་ལ་ཡོད་པ་མིན་པའི་ཕྱིར་ཏེ། ཕན་ཚུན་འགལ་བའི་ཕྱིར། དཔེར་ན་སྣང་བ་དང་ནི་མུན་པ་བཞིན་ནོ། །གསུམ་པ་གཉིས་མིན་དུ་གྲུབ་པ་དགག་པ་ནི། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་མེད་གཉིས་ཀ་ལས་བཟློག་པའི་ཕུང་པོ་གསུམ་པར་བདེན་ནོ་ཞེ་ན། མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མིན་པར་རང་བཞིན་གྱིས་གྲུབ་པར་གང་སྟོན་པ་དེ་ནི་མི་རིགས་ཏེ། དངོས་པོ་མེད་པ་དང་དངོས་པོ་དག་རང་བཞིན་གྱིས་གྲུབ་ན་གཉིས་ཀ་ལས་བཟློག་པའི་ཕུང་པོ་གསུམ་པ་དེ་ནི་གྲུབ་པར་འགྱུར་བ་ལས་གཉིས་པོ་དེ་རང་བཞིན་གྱིས་མ་གྲུབ་པའི་ཕྱིར། གལ་ཏེ་མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པའི་ཕུང་པོ་གསུམ་པར་བདེན་ན་དངོས་པོ་ཡང་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན་པར་རང་བཞིན་གྱིས་གྲུབ་པ་ཡིན་ནོ་ཞེས་རྟོག་པ་པོ་གང་ཞིག་གིས་ནི་མྱང་འདས་དེ་མངོན་དུ་བྱེད་དེ་བྱེད་པ་མི་འཐད་པར་ཐལ། དེ་ལྟར་མངོན་དུ་བྱེད་པ་ནི་འཁོར་འདས་གང་གི་ཚེ་ཡང་མེད་པའི་ཕྱིར། གཉིས་པ་རྟེན་བཅོམ་ལྡན་འདས་མཐའ་བཞིར་གྲུབ་པ་དགག་པ་ལ་གཉིས་ཏེ། དངོས་དང་། དེས་གྲུབ་པའི་དོན་ནོ། །དང་པོ་ནི། མྱང་འདས་ཡོད་དེ། དེ་ཐུགས་སུ་ཆུད་པ་པོའི་བཅོམ་ལྡན་འདས་ཡོད་པའི་ཕྱིར་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པར་གྱུར་ནས་རང་བཞིན་གྱིས་ཡོད་པར་མི་མངོན་པ་དེ་བཞིན་དུ་མེད་དོ་ཞེའམ་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་རང་བཞིན་གྱིས་ཡོད་དོ་ཞེས་ཀྱང་མི་མངོན་ཏེ། ཁྱད་གཞི་བཅོམ་ལྡན་འདས་རང་བཞིན་གྱིས་མེད་པས་དེའི་ཁྱད་ཆོས་མེད་པའི་ཕྱིར། དེ་བཞིན་དུ་བཅོམ་ལྡན་འདས་བཞུགས་པར་གྱུར་ནའང་རང་བཞིན་གྱིས་ཡོད་པར་མི་མངོན་པ་དེ་བཞིན་དུ་མེད་དོ་ཞེའམ་གཉིས་ཀ་དང་གཉིས་ཀ་མིན་པར་རང་བཞིན་གྱིས་ཡོད་ཞེས་ཀྱང་མི་མངོན་ཏེ། རྟགས་སྔ་མ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། འཁོར་འདས་གཉིས་མེད་དུ་གྲུབ་པ་དང་། དེས་ལུང་མ་བསྟན་གྱི་ལྟ་བ་ཡང་མི་འཐད་པར་གྲུབ་པའོ། །དང་པོ་ནི། བཅོམ་ལྡན་འདས་བཞུགས་པ་དང་མྱ་ངན་ལས་འདས་པ་གཉིས་ལ་སྤྲོས་པའི་མཐའ་བཞི་དང་བྲལ་མ་བྲལ་གྱི་ཁྱད་པར་མེད་པའི་ཕྱིར་ན། འཁོར་བ་མྱ་ངན་ལས་འདས་པ་ལས་རང་བཞིན་གྱིས་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ལ། མྱ་ངན་ལས་འདས་པ་ཡང་འཁོར་བ་ལས་རང་བཞིན་གྱིས་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། འཁོར་འདས་དེ་གཉིས་རང་བཞིན་ཡོད་མེད་ཀྱི་ཁྱད་པར་ཤིན་ཏུ་ཕྲ་བ་ཅུང་ཟད་ཙམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ། མྱ་ངན་ལས་འདས་པའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱི་སྟོང་ཚུལ་གང་ཡིན་པ་དེ་ནི་འཁོར་བའི་ཡང་དག་པའི་མཐའ་སྟོང་ཉིད་ཀྱི་ཚུལ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། ལྟ་བ་གང་ལ་བརྟེན་པ་དང་། དེ་དགག་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་གང་ཡིན་པ་དེ་མྱ་ངན་ལས་འདས་ཕན་ཆད་ཡོད་པ་དང་མེད་པ་དེ་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་བཞི་ནི་མྱ་ངན་ལས་འདས་པ་ལ་བརྟེན་པའོ། །འཇིག་རྟེན་མཐའ་ཡོད་པ་དང་སོགས་པ་མཐའ་མེད་པ་དང་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་བཞི་ནི་ཕྱི་མའི་མཐའ་ལ་བརྟེན་པའོ། །འཇིག་རྟེན་རྟག་པ་དང་ལ་སོགས་པ་མི་རྟག་པ་དང་གཉིས་ཀ་དང་གཉིས་ཀ་མིན་པར་ལྟ་བ་བཞི་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །ལུས་སྲོག་ལ་བརྟེན་པ་གཉིས་ནི་ཤུགས་ལ་བསྟན་པ་ཡིན་ཏེ། འོག་ཏུ་དེ་འགོག་པའི་སྐབས་སུ་དེ་ཉིད་ཅི་ཞིག་གཞན་ཅི་ཞིག་ཞེས་འབྱུང་བས་གསལ་ལོ། །གཉིས་པ་ནི། དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་པ་ལ་མཐའ་ཡོད་ཅི་ཞིག་ཡིན་མཐའ་མེད་ཅི་ཞིག་ཡིན། མཐའ་ཡོད་དང་མཐའ་མེད་གཉིས་ཀ་ཡིན་པ་ཅི་ཞིག་ཡིན་མཐའ་ཡོད་དང་མཐའ་མེད་གཉིས་ཀ་མིན་པ་ཅི་ཞིག་ཡིན་ཏེ་མིན་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། གཞན་ཡང་ལུས་སྲོག་གཉིས་དེ་ཉིད་དེ་གཅིག་ཅི་ཞིག་ཡིན་དེ་གཉིས་གཞན་ཅི་ཞིག་ཡིན་ཏེ་མིན་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། གཞན་ཡང་རྟག་པ་ཅི་ཞིག་ཡིན་མི་རྟག་པ་ཅི་ཞིག་ཡིན། རྟག་པ་དང་མི་རྟག་པ་གཉིས་ཀ་ཅི་ཞིག་ཡིན། རྟག་མི་རྟག་གཉིས་ཀ་མ་ཡིན་པ་ཅི་ཞིག་ཡིན་ཏེ་མིན་པར་ཐལ། རང་བཞིན་གྱིས་སྟོང་པའི་ཕྱིར། གསུམ་པ་གཞན་གྱིས་སྨྲས་པའི་ཉེས་པ་སྤོང་བ་ལ་གལ་ཏེ་མྱང་འདས་མེད་ན་མྱང་འདས་ཐོབ་པའི་ཕྱིར་དུ་ཆོས་སྟོན་པ་དོན་མེད་པར་འགྱུར་རོ་ཞེ་ན། དེ་ནི་ཐ་སྙད་ཙམ་ཡིན་གྱིས་དོན་དམ་པར་ན་སངས་རྒྱས་ཀྱིས་ནི་གནས་གང་དུ་ཡང་གང་ཟག་སུ་ལ་ཡང་ཆོས་འགའ་མ་བསྟན་ཏེ། དོན་དམ་པར་དམིགས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཚིག་གི་སྤྲོས་པ་ཉེ་བར་ཞི་ལ་སེམས་ཀྱི་རྒྱུ་བ་ཞི་བ་སྟེ་དེའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། ཐེག་ཆེན་གྱི་མདོ་སྡེའི་མཐའ་ལས། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །ནམ་མཁའ་མདུད་པ་བོར་པ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། །ཞེས་དང་། ཚངས་པས་ཞུས་པ་ལས་ཀྱང་། བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་སྐྱེ་བའམ་འགག་པར་འཚལ་བ་དེ་དག་ལ་ནི་སངས་རྒྱས་འབྱུང་བ་མ་ལགས་སོ། །བཅོམ་ལྡན་འདས་གང་དག་འཁོར་བ་དངོས་པོར་འཚལ་བ་དེ་དག་ནི་འཁོར་བ་ལས་འདའ་བ་མ་ལགས་སོ། །ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་རྣམ་པར་རྟོག་པ་ཐམས་ཅད་འགག་པ་ལགས་ན་བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས། མུ་སྟེགས་ཀྱི་ལྟ་བར་ལྟུང་བ་དེ་དག་ནི་འདི་ལྟ་སྟེ་ཏིལ་དང་ཏིལ་མར་དང་འོ་མ་ལས་མར་སར་ལྟར་མྱ་ངན་ལས་འདས་པ་དངོས་པོ་ལས་ཚོལ་བར་བགྱིད་དོ། །བཅོམ་ལྡན་འདས་གང་དག་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་འདས་པ་ལ་མྱ་ངན་ལས་འདས་པ་ཚོལ་བ་མངོན་པའི་ང་རྒྱལ་ཅན་དེ་དག་ནི་མུ་སྟེགས་ཅན་ཡིན་ནོ་ཞེས་ཁོ་བོས་གླེང་སྟེ། བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པ་ནི་ཆོས་གང་ཡང་སྐྱེ་བའམ་འགག་པར་མི་བགྱིད་ལ་ཆོས་གང་ཡང་ཐོབ་པ་དང་མངོན་པར་རྟོགས་པར་མི་འཚལ་ལོ། །ཞེས་གསུངས་སོ། །གསུམ་པ་རབ་བྱེད་ཀྱི་མཚན་བསྟན་པ་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །།གཉིས་པ་ཁྱད་གཞི་རྟེན་འབྲེལ་བཤད་པ་ལ་གསུམ་ལས། དང་པོ་རབ་བྱེད་ཀྱི་འབྲེལ་ནི། གོང་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་སོགས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །མཐོང་བ་དེས་ནི་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཞེས་རྟེན་འབྱུང་མཐོང་ན་བདེན་བཞིའི་དེ་ཉིད་མཐོང་བར་གསུངས་པའི་རྟེན་འབྱུང་དེ་གང་ཞེ་ན། དེའི་ལན་དུ་རྟེན་འབྱུང་གི་རྣམ་གཞག་སྟོན་ནོ། །གཉིས་པར་འབྱེད་ཀྱི་གཞུང་ལ་གཉིས་ལས། དང་པོ་རིག་པས་བསྒྲུབ་པ་ལ་གསུམ་སྟེ། རྟེན་འབྲེལ་ལུགས་འབྱུང་རྒྱས་པར་བཤད། དེ་ལ་འཇུག་ལྡོག་བྱེད་པའི་ཚུལ། རྟེན་འབྲེལ་ལུགས་བཟློག་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས་ཏེ། འཕེན་བྱེད་རྒྱུ་འབྲས་དང་། འགྲུབ་བྱེད་རྒྱུ་འབྲས་སོ། །དང་པོ་ལ་གཉིས་ཏེ། འཕེན་བྱེད་ཀྱི་རྒྱུ་དང་། འཕོངས་པའི་འབྲས་བུའོ། །དང་པོ་ནི། བྱིས་པ་རྣམས་མ་རིག་པས་བསྒྲིབས་པས་ཡང་སྲིད་པ་ལེན་པར་བྱེད་པའི་ཕྱིར། བསོད་ནམས་དང་། བསོད་ནམས་མིན་པ་དང་། མི་གཡོ་བའི་འདུ་བྱེད་རྣམ་པ་གསུམ་པོ་དག་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་དོ། །མངོན་པར་འདུས་བྱས་པའི་ལས་བཟང་ངན་དེ་དག་གིས་རིགས་དྲུག་གི་འགྲོ་བར་འགྲོ་ཞིང་དེ་ནས་འདུ་བྱེད་ཀྱི་རྐྱེན་ཅན་གྱིས་རྣམ་པར་ཤེས་པར་འགྲོ་བ་རྣམས་སུ་འཇུག་པར་འགྱུར་རོ། །གཉིས་པ་ནི། མངལ་དུ་རྣམ་པར་ཤེས་པ་ཞུགས་པར་གྱུར་ནས་མིང་གཞིའི་ཕུང་པོ་དང་གཟུགས་ཀྱི་ཕུང་པོ་ཆགས་པར་འགྱུར་རོ། །དེ་ལྟར་མིང་དང་གཟུགས་ནི་ཆགས་པར་གྱུར་ནས་དེ་ལས་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར་རོ། །སྐྱེ་མཆེད་དྲུག་ལ་རྟེན་ནས་ནི་དེ་ལས་རེག་པ་ཡང་དག་འབྱུང་བར་འགྱུར་རོ། །འོ་ན་རེག་པ་དེ་ཚུལ་ཇི་ལྟར་སྐྱེ། ངོ་བོ་དེ་གང་ཡིན་ཞེ་ན། བདག་རྐྱེན་མིག་དང་། དམིགས་རྐྱེན་གཟུགས་དང་། དེ་མ་ཐག་རྐྱེན་དྲན་བྱེད་དེ་ཡིད་ལ་བྱེད་པ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ཁོ་ན་སྟེ་ཚུལ་དེ་ལྟར་ན་དེ་མ་ཐག་རྐྱེན་མིང་གཞིའི་ཕུང་པོ་དང་། བདག་རྐྱེན་དང་དམིགས་རྐྱེན་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་ནི་སྐྱེ་ཚུལ་ཡིན་ལ། ངོ་བོ་ནི་མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་འདུས་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ནི་རེག་པའོ། །རེག་པ་དེ་ལས་བདེ་སྡུག་སོགས་ཀྱི་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་རོ། །གསུམ་པ་ནི། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་སྟེ། ཚོར་བའི་དོན་དུ་སྲེད་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཚོར་བ་བདེ་བ་ལ་ནི་མི་འབྲལ་བ་དང་། སྡུག་བསྔལ་ལ་ནི་འབྲལ་བ་དང་། བཏང་སྙོམས་ལ་ནི་མི་ཉམས་པའི་ཕྱིར་སྲེད་དོ། །སྲེད་པར་གྱུར་ན་འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ཉེ་བར་ལེན་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་རྣམ་པ་བཞི་པོ་ཉེ་བར་ལེན་པར་འགྱུར་རོ། །ཉེར་ལེན་དེ་བཞི་ཡོད་ན་དེ་བཞི་ཉེ་བར་ལེན་པ་པོ་དེའི་རྐྱེན་གྱིས་སྲིད་པ་རབ་ཏུ་འབྱུང་བར་འགྱུར་ཏེ། གལ་ཏེ་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་ཀྱིས་ཉེ་བར་ལེན་པ་རྣམས་སྤོངས་ནས་མེད་ན་འཁོར་བ་ལས་གྲོལ་བར་འགྱུར་བས་སྲིད་པ་འབྱུང་བར་མི་འགྱུར་བའི་ཕྱིར། འོ་ན་སྲིད་པ་གང་ཞེ་ན་སྲིད་པ་དེ་ཡང་ཕུང་པོ་ལྔ་སྟེ་འདིའི་སྐབས་ཀྱི་སྲིད་པ་ནི་ལས་ཀྱི་སྲིད་པ་ཡིན་ལ་དེ་ལ་ལུས་ངག་ཡིད་ཀྱི་ལས་གསུམ་ལས་ལུས་ངག་གིས་ལས་གཉིས་ནི་གཟུགས་ཀྱི་ཕུང་པོ་དང་། ཡིད་ཀྱི་ལས་ནི་ཕུང་པོ་གཞན་བཞིས་བསྡུས་པའི་ཕྱིར་རོ། །དེ་ཡང་མདོ་སྡེ་པས་ལུས་ངག་གི་ལས་གཟུགས་ཡིན་པ་བཀག་ནས་ཤེས་པར་འདོད་ཀྱང་། གཞུང་འདི་དང་སློབ་དཔོན་ཟླ་བས་ལུས་ངག་གི་ལས་གཉིས་པོ་གཟུགས་སུ་བཤད་དེ། འདིར་འགྲེལ་པ་ཚིག་གསལ་ལས། དེ་ལ་ལུས་དང་ངག་གི་ལས་ནི་གཟུགས་ཀྱི་ཕུང་པོའི་རང་བཞིན་ཡིན་ལ་ཡིད་ཀྱི་ལས་ནི་ཕུང་པོ་བཞིའི་རང་བཞིན་ཡིན་ཏེ། དེ་ལྟར་ན་སྲིད་པ་དེ་ཕུང་པོ་ལྔ་ཡིན་ནོ་ཞེས་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ནི། སྲིད་པ་ལས་ནི་ཚེ་ཕྱི་མའི་ཕུང་པོ་་་་་འབྱུང་ལ། ཕུང་པོ་སྨིན་པའི་རྒ་བ་དང་། ཕུང་པོ་འཇིག་པའི་ཤི་བ་དང་ནི་འཆི་བཞིན་པའི་དུས་སུ་ཆགས་པ་དང་བཅས་པའི་སྙིང་གི་གདུང་བ་མྱ་ངན་དང་། མྱ་ངན་དེས་ཀུན་ནས་བསློངས་པའི་ངག་གི་སྨྲེ་སྔགས་འདོན་པ་དང་བཅས་པ་དང་། དབང་པོ་ལྔ་ལ་གནོད་པའི་སྡུག་བསྔལ་དང་། ཡིད་ཀྱི་ཤེས་པ་ལ་གནོད་པའི་ཡིད་མི་བདེ་བ་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་ལས་བྱུང་བའི་ལུས་དང་སེམས་ཀྱི་འཁྲུག་པ་རྣམས་ཏེ་དེ་དག་ནི་སྐྱེ་བ་ལས་རབ་ཏུ་འབྱུང་བར་འགྱུར་རོ། །ཚུལ་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ནི་བདེ་བ་དང་མ་འདྲེས་པ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །གཉིས་པ་དེ་ལ་འཇུག་ལྡོག་བྱེད་པའི་ཚུལ་ནི། འཁོར་བའི་སྡུག་བསྔལ་གྱི་རྩ་བ་ནི་ལས་མངོན་པར་འདུ་བྱེད་པའི་འདུ་བྱེད་ཡིན་ཏེ། རྒྱུ་མཚན་དེའི་ཕྱིར་མཁས་པ་རྟེན་འབྱུང་གི་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བ་རྣམས་འཕེན་བྱེད་ཀྱི་ལས་མངོན་དུ་འདུ་མི་བྱེད་དོ། །རྒྱུ་མཚན་དེའི་ཕྱིར་མི་མཁས་པ་ནི་འདུ་བྱེད་བྱེད་པ་པོ་ཡིན་ལ། མཁས་པ་དེ་ཁོ་ན་ཉིད་མཐོང་བ་མ་རིག་པ་སྤོང་བ་ནི་འདུ་བྱེད་བྱེད་པ་པོ་མིན་ཏེ། དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །གཉིས་པ་ལུགས་བཟློག་བསྡུས་ཏེ་བསྟན་པ་ནི། མ་རིག་པ་འགག་པ་སྟེ་སྤོངས་པར་གྱུར་ན་ནི་འདུ་བྱེད་རྣམས་ཀྱང་འབྱུང་བར་མི་འགྱུར་ཏེ། རྒྱུ་མཚན་མ་ཚང་བའི་ཕྱིར་རོ། །འོ་ན་མ་རིག་པ་གང་གིས་འགག་པར་འགྱུར་ཞེ་ན། མ་རིག་པ་འགག་པར་འགྱུར་བ་ནི་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་དེ་ཁོ་ན་ཉིད་བསྒོམ་པས་འགག་པ་ཡིན་ནོ། །མ་རིག་པ་འགག་པས་འདུ་བྱེད་འགག་པར་འགྱུར་ལ། དེ་བཞིན་དུ་འདུ་བྱེད་ལ་སོགས་ཡན་ལག་སྔ་མ་དེ་དང་དེ་ནི་འགགས་པར་གྱུར་པས་ཡན་ལག་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འབྱུང་སྟེ། རྐྱེན་མེད་པའི་ཕྱིར་རོ། །དེ་ལྟར་སྲིད་པའི་ཡན་ལག་འགག་པས་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་དེ་ནི་ཡན་ལག་དེ་ལྟར་དུ་ཡང་དག་པར་འགགས་སོ། །གཉིས་པ་ལུང་དང་སྦྱར་བ་ནི། སཱ་ལུ་ལྗང་པའི་མདོ་ལས། ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ་རྒྱུ་དང་འབྲེལ་བ་དང་། རྐྱེན་དང་འབྲེལ་བའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་འབྱུང་བ་དང་འབྲེལ་བར་འབྱུང་བ་གང་ཞེ་ན། གང་འདི་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱི་ཚོར་བ། ཚོར་བའི་རྐྱེན་གྱི་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འབྱུང་བར་འགྱུར་རོ། །གལ་ཏེ་མ་རིག་པ་མ་བྱུང་ན་འདུ་བྱེད་རྣམས་ཀྱང་མི་མངོན་པ་ཞིག དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་མི་མངོན་པ་ཞིག་ན། ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་རབ་བྱེད་ཀྱི་མཚན་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །།གསུམ་པ་རྟེན་འབྲེལ་ཁྱད་པར་ཅན་རྟོག་པའི་ཕན་ཡོན་བཤད་པ་ནི། རྟེན་འབྲེལ་གྱི་གནས་ཚུལ་ཕྱིན་ཅི་མ་ལོག་པར་རྟོགས་ན་ཕྱིན་ཅི་ལོག་གི་ལྟ་བ་མཐའ་དག་ཁེགས་པར་འགྱུར་བས་དེ་ནི་རབ་བྱེད་ཉེར་བདུན་པས་སྟོན་ཏེ། འདི་ལ་གསུམ་ལས་དང་པོ་རབ་བྱེད་ཀྱི་འབྲེལ་ནི། སཱ་ལུ་ལྗང་པའི་མདོ་ལས། གང་གིས་དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཅི་ལྟ་བུར་གྱུར་པ་ཡང་དག་པར་མཐོང་བ་དེ་ནི་སྔོན་གྱི་མཐའ་ལ་བརྟེན་པར་མི་བྱེད། ཕྱི་མའི་མཐའ་ལ་བརྟེན་པར་མི་བྱེད་དོ། །ཞེས་གསུངས་ན་དེ་ལ་སྔོན་གྱི་མཐའ་ནི་གང་ཡིན་ཞིང་། ཕྱི་མའི་མཐའ་ཡང་གང་ཡིན་ལ། ཅི་ལྟར་ན་བརྟེན་པར་མི་བྱེད་པ་ཡིན་ཞེ་ན། དེ་དག་བསྟན་པའི་ཕྱིར་རབ་བྱེད་འདི་གསུངས་པ་ཡིན་ནོ། །གཉིས་པ་རབ་བྱེད་ཀྱི་གཞུང་ལ་གཉིས་ལས་དང་པོ་རིག་པས་བསྒྲུབ་པ་ལ་གཉིས་ཏེ། དགག་བྱའི་ལྟ་བ་ངོས་བཟུང་བ་དང་། དེ་འགོག་བྱེད་ཀྱི་རིག་པ་བཤད་པའོ། །དང་པོ་ནི། བདག་འདས་པའི་དུས་ན་བྱུང་ཞེས་པ་དང་། མ་བྱུང་ཞེས་པ་དང་། གཉིས་ཀ་དང་གཉིས་ཀ་མིན་པ་ཞེས་པ་དང་། འཇིག་རྟེན་རྟག་པ་བ་དང་ལ་སོགས་པ་མི་རྟག་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་སྟེ་བརྒྱད་པོ་གང་ཡིན་པ་དེ་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །འདི་ལ་སྔོན་ནི་ད་ལྟར་གྱི་ལུས་ལ་ལྟོས་ནས་འདས་པའི་ལུས་སོ། །མཐའ་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཆ་སྔ་མའོ། །བརྟེན་པ་ནི་དེ་ལ་དམིགས་པའོ། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་ཞེས་པ་དང་། མི་འབྱུང་ཞེས་པ་དང་། གཉིས་ཀ་དང་གཉིས་ཀ་མིན་ཞེས་པ་དང་། འཇིག་རྟེན་མཐའ་ཡོད་པ་དང་སོགས་པ་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པར་ལྟ་བ་སྟེ་བརྒྱད་པོ་གང་ཡིན་པ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །འདི་ལ་ཕྱི་མ་ནི་ད་ལྟར་གྱིས་ལུས་ལ་ལྟོས་ནས་འབྱུང་འགྱུར་གྱི་ལུས་སོ། །མཐའ་ནི་སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཆ་ཕྱི་མའོ། །བརྟེན་པ་ནི་དེ་ལ་དམིགས་པའོ། །གཉིས་པ་ལ་གཉིས་ཏེ། རིག་པ་རྒྱས་པར་བཤད་པ་དང་། དོན་བསྡུ་བའོ། །དང་པོ་ལ་བཞི་སྟེ། སྔོན་གྱིས་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག ཕྱི་མའི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག སྔོན་གྱིས་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག ཕྱི་མའི་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པའོ། །དང་པོ་ལ་གསུམ་སྟེ། བདག་སྔོན་གྱི་དུས་སུ་བྱུང་བ་དགག དེར་མ་བྱུང་བ་དགག དེར་བྱུང་མ་བྱུང་གཉིས་ཀ་དང་གཉིས་མིན་ཕྱོགས་གཅིག་ཏུ་དགག་པའོ། །དང་པོ་ལ་གསུམ་སྟེ། ལེན་པ་པོའི་བདག་བྱུང་བ་དགག དེ་བླང་བྱ་དང་གཅིག་དང་གཞན་དུ་གྲུབ་པ་དགག དེ་གཉིས་ཀའི་དོན་བསྡུ་བའོ། །དང་པོ་ནི། བདག་འདས་པའི་དུས་ན་བྱུང་བར་གྱུར་ཏེ་ཞེས་བྱ་བ་དེ་ནི་མི་འཐད་དེ། སྔོན་གྱི་ཚེ་རབས་སྔ་མ་རྣམས་སུ་གང་བྱུང་བར་གྱུར་པ་དེ་ཉིད་ད་ལྟར་གྱི་བདག་འདི་ནི་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སྔར་གྱིས་བདག་དེ་ཉིད་ད་ལྟར་གྱི་བདག་ཏུ་འགྱུར་རོ་སྙམ་ན། དེ་ནི་མི་འཐད་དེ། དེ་ལྟར་ན་སྔར་གྱི་ཉེར་ལེན་གྱི་ཕུང་པོ་དང་ད་ལྟར་གྱི་ཉེར་ལེན་གྱི་ཕུང་པོ་གཅིག་ཏུ་ཐལ་བར་འགྱུར་བ་ལས་གཅིག་པ་ཡང་མི་འཐད་དེ། སྔ་ཕྱིའི་ཉེར་ལེན་གཉིས་པོ་ཐ་དད་པར་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པ་ཐ་དད་ཀྱང་བདག་གཅིག་ཡིན་ནོ་ཞེ་ན་མི་འཐད་དེ། ཉེ་བར་ལེན་པ་མ་གཏོགས་པར་ཁྱོད་ཀྱི་བདག་ནི་གང་ཞིག་ཡིན་ཏེ་མེད་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། དེ་བླང་བྱ་དང་གཅིག་ཏུ་གྲུབ་པ་དགག་པ་དང་། གཞན་དུ་གྲུབ་པ་དགག་པའོ། །དང་པོ་ནི། ཉེ་བར་ལེན་པ་མ་གཏོགས་པའི་བདག་ཡོད་པ་མ་ཡིན་ཞེས་བྱས་པའི་ཚེ་རང་སྡེ་ཁ་ཅིག་ཉེ་བར་ལེན་པ་ཉིད་བདག་ཏུ་རྟོག་པར་བྱེད་པ་ཡིན་ན། འོ་ན་དངོས་སྨྲ་བ་ཁྱོད་ཀྱིས་འདོད་པའི་བདག་ནི་མེད་པར་ཐལ། ཁྱོད་ཀྱིས་ཉེར་ལེན་གྱི་ཕུང་པོ་ཉིད་བདག་ཏུ་འདོད་པ་ཡིན་ལ་དེ་བདག་མ་ཡིན་པའི་ཕྱིར་ཏེ། ཉེར་ལེན་གྱི་ཕུང་པོ་དེ་ནི་འབྱུང་བ་དང་འཇིག་པ་ཡིན་པས་ཁྱོད་ཀྱིས་འདོད་པའི་བདག་གི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །གཞན་ཡང་ཉེ་བར་བླང་བ་ཇི་ལྟ་བུར་ཉེ་བར་ལེན་པ་པོ་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ། དེ་ལྟར་ན་བྱ་བྱེད་གཅིག་ཏུ་འགྱུར་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གཞན་སྡེ་ཁ་ཅིག་བདག་ཉེ་བར་ལེན་པ་ལས་གཞན་དུ་ཡོད་དོ་ཞེ་ན། བདག་ནི་ཉེ་བར་ལེན་པ་ལས་གཞན་དུ་འཐད་པ་ཉིད་མ་ཡིན་པར་ཐལ། གལ་ཏེ་བདག་ཉེ་བར་ལེན་པ་ལས་གཞན་ཡིན་ན་ཉེ་བར་ལེན་པ་མེད་པར་ཡང་བཟུང་དུ་ཡོད་པར་རིགས་ན་བཟུང་དུ་མེད་པའི་ཕྱིར། གསུམ་པ་དེ་གཉིས་ཀའི་དོན་བསྡུ་བ་ནི། གོང་དུ་བཤད་པ་དེ་ལྟར་བདག་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལས་གཞན་ཡང་མ་ཡིན་ལ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ཉིད་ཀྱང་མ་ཡིན་ཞིང་། བདག་ནི་ཉེ་བར་ལེན་པའི་ཕུང་པོ་མེད་པར་ཡང་གདགས་སུ་ཡོད་པ་མ་ཡིན་ལ། བདག་དེ་ཐ་སྙད་ཙམ་དུ་མེད་པ་ཉིད་དུ་ཡང་མ་ངེས་ཏེ། ཕུང་པོ་ལ་བརྟེན་ནས་འདོགས་པའི་ཕྱིར། གཉིས་པ་དེར་མ་བྱུང་བ་དགག་པ་ལ་གཉིས་ཏེ། ད་ལྟར་གྱི་བདག་གཞན་མ་ཡིན་པའི་རྟགས་ཀྱིས་དགག་པ་བ་དང་། ད་ལྟར་གྱིས་བདག་གསར་བྱུང་མ་ཡིན་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། བདག་འདས་པའི་དུས་ན་མ་བྱུང་བའི་ངོ་བོར་རང་བཞིན་གྱིས་གནས་སོ་ཞེས་བྱ་བ་དེ་ཡང་མི་འཐད་དེ། སྔོན་ཚེ་རྣམས་སུ་གང་བྱུང་བའི་བདག་དེ་ལས་ད་ལྟར་གྱི་བདག་འདི་གཞན་མ་ཡིན་པའི་ཕྱིར། གལ་ཏེ་སྔར་གྱིས་བདག་དེ་ལས་ད་ལྟར་གྱི་བདག་འདི་ནི་གཞན་དུ་གྲུབ་པར་གྱུར་ན་ད་ལྟར་གྱི་བདག་འདི་སྔར་གྱི་བདག་དེ་ལ་ལྟོས་པ་མེད་པར་ཡང་འབྱུང་བར་འགྱུར་ལ། བདག་སྔ་མ་དེ་ནི་རང་གི་དུས་དེ་བཞིན་དུ་ཕྱི་མ་སྐྱེས་པ་ན་ཡང་མ་འགག་པར་གནས་པར་འགྱུར་ཞིང་། ཚེ་སྔ་མ་དེར་མ་ཤི་བར་ཡང་ཚེ་འདིར་སྐྱེ་བར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཞན་ཡང་སྔ་མའི་བདག་ཆད་པར་ཐལ། སྔ་མའི་བདག་ཞིག་ནས་ཕྱི་མ་དོན་གཞན་སྐྱེས་པའི་ཕྱིར། སྔར་བྱས་པའི་ལས་རྣམས་ཆུད་ཟ་བར་ཡང་འགྱུར་ཏེ། རྣམ་སྨིན་གྱི་དུས་སུ་བྱེད་པ་པོའི་བདག་ཞིག་ནས་རྣམ་སྨིན་མྱོང་བ་པོའི་བདག་དོན་གཞན་ཞིག་སྐྱེས་པའི་ཕྱིར། གཞན་ཡང་གང་ཟག་གཞན་གྱིས་བྱས་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་སོ་སོར་མྱོང་བར་འགྱུར་ཏེ། སྔ་མའི་བདག་གཞན་གྱིས་བྱས་པ་ཕྱི་མའི་བདག་དོན་གཞན་གྱིས་མྱོང་བའི་ཕྱིར་དང་། དེ་ལ་སོགས་པ་མ་བྱསཔའི་ལས་ཀྱིས་འབྲས་བུ་དང་ཕྲད་པ་ལ་སོགས་པར་ཐལ་བར་འགྱུར་ཏེ། ལས་བྱེད་པ་པོ་ལས་དོན་གཞན་པའི་ཕྱི་མས་རྣམ་སྨིན་མྱོང་བའི་ཕྱིར། གཉིས་པ་ནི། སྔར་གྱིས་བདག་ལས་གཞན་པའི་ད་ལྟར་གྱི་བདག་ཞིག་འདིར་སྐྱེས་པ་ཡིན་ནོ་ཞེ་ན། སྔར་མ་བྱུང་བ་ལས་ཕྱིས་བདག་གཞན་ཞིག་གསར་དུ་འབྱུང་བ་མིན་ཏེ། འདི་ལ་སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར། ཅི་ལྟར་ཞེ་ན། བདག་ནི་རྒྱུས་བྱས་པར་འགྱུར་ཏེ། སྔར་མ་བྱུང་བ་ལས་གསར་དུ་བྱུང་བའི་ཕྱིར། འདོད་ན་ཁས་བླང་འགལ་ཏེ། བདག་རྫས་ཡོད་དུ་འདོད་པ་ཁ་ཅིག་གིས་རྟག་པར་འདོད་ལ། ཁ་ཅིག་གིས་ནི་རྟག་མི་རྟག་གང་དུ་ཡང་བརྗོད་དུ་མེད་པར་ཁས་བླངས་པའི་ཕྱིར། བདག་ཕྱིས་འབྱུང་བ་དེ་རྒྱུ་མེད་ཅན་དུ་ཡང་འགྱུར་ཏེ། དེ་བྱེད་པ་པོའི་བདག་དོན་གཞན་དང་དུས་མཉམ་པས་བྱེད་པ་པོ་སྔ་མ་སྔོན་དུ་མ་སོང་བའི་ཕྱིར། འང་ཞེས་པ་ནི་རྣམ་པར་བརྟག་པའི་དོན་དུ་འགྲེལ་བར་བཤད་དོ། །ཁ་ཅིག་གིས་འང་གི་འབྲུ་ནོན་བྱས་པ་ནི་འགྲེལ་པ་དང་མི་མཐུན་ནོ། །གསུམ་པ་བདག་འདས་པའི་དུས་ན་བྱུང་མ་བྱུང་གཉིས་ཀ་དང་གཉིས་མིན་ཕྱོགས་གཅིག་ཏུ་དགག་པ་ནི། འདས་པའི་དུས་ན་བདག་བྱུང་མ་བྱུང་གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་འདས་པ་ལ་ལྟ་བ་གང་ཡིན་པ་དེ་དག་འཐད་པ་མ་ཡིན་ཏེ། གོང་དུ་བསྟན་པ་དེ་ལྟར་བདག་འདས་པའི་དུས་སུ་བྱུང་མ་བྱུང་སོ་སོ་བ་མེད་པས་གཉིས་ཀ་མི་འཐད་ལ། དགག་བྱ་གཉིས་ཀ་མེད་པས་གཉིས་མིན་ཡང་མི་འཐད་པའི་ཕྱིར་རོ། །གཉིས་པ་ཕྱི་མའི་མཐའ་ལ་བརྟེན་པའི་འབྱུང་སོགས་བཞི་དགག་པ་ནི། བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་བ་དང་། འབྱུང་བར་མི་འགྱུར་བ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་ཞེས་བྱ་བར་ལྟ་བ་གང་ཡིན་པ་དེ་དག་ནི་མི་འཐད་དེ། འདས་པའི་དུས་ན་འབྱུང་སོགས་བཞི་འགོག་བྱེད་ཀྱི་རིག་པ་དང་མཚུངས་པ་ཡིན་པའི་ཕྱིར། ཅི་ལྟར་མཚུངས་ཞེ་ན། མ་འོངས་དུས་ན་འབྱུང་འགྱུར་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །མ་འོངས་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་དང་། མ་འོངས་དུས་ན་མི་འབྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །མ་འོངས་དུས་སུ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །ཞེས་སོགས་སྦྱར་བ་བྱ་བ་ཡིན་ནོ། །གསུམ་པ་སྔོན་གྱི་མཐའ་ལ་བརྟེན་པའི་རྟག་སོགས་བཞི་དགག་པ་ལ་གཉིས་ཏེ། དགག་པ་རྒྱས་པར་བཤད་པ་དང་། དགག་པ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་བཞི་སྟེ། རྟག་པ་དགག མི་རྟག་པ་དགག གཉིས་ཀ་དགག གཉིས་ཀ་མིན་པ་དགག་པའོ། །དང་པོ་ནི། མིའི་འགྲོ་བས་དགེ་བའི་ལས་བྱས་ནས་ལྷར་སྐྱེ་བའི་ཚེ་ན། གལ་ཏེ་ལྷ་དེ་ནི་སྔར་གྱི་མི་དེ་ཡིན་པར་གྱུར་ན་དེ་ལྟ་ན་ནི་ལྷ་དེ་རྟག་པར་འགྱུར་བ་ཡིན་ན་ཡང་སྔ་མ་དེ་མ་ཡིན་པས་འཇིག་རྟེན་རྟག་པར་འཐད་པ་མ་ཡིན་ནོ། །གཞན་ཡང་ལྷ་ནི་རྟག་པ་ཡིན་ན་མ་སྐྱེས་པར་ཉིད་དུ་འགྱུར་ཏེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཕྱིས་ཀྱི་ལྷ་དེ་ལས་སྔར་གྱི་མི་དེ་གཞན་ཡིན་ན་དེ་ལྟ་ན་ནི་སྔར་གྱི་མིའི་རྒྱུན་དེ་མི་རྟག་པ་སྟེ་ཆད་པར་གྱུར་ཅིང་། གལ་ཏེ་ལྷ་མི་གཞན་ཡིན་ན་རྒྱུད་གཅིག་ཏུ་ནི་འཐད་པར་མི་འགྱུར་བ་ལས་དེ་ཡང་མ་ཡིན་པའི་ཕྱིར་ན་འཇིག་རྟེན་མི་རྟག་པར་འདོད་པ་ཡང་འཐད་པ་མ་ཡིན་ནོ། །གསུམ་པ་ནི། གལ་ཏེ་ལྷ་འདི་ཕྱོགས་གཅིག་སྟེ་ལུས་ཀྱི་ངོས་ནས་ལྷ་ཡིན་ལ། ཕྱོགས་གཅིག་སྟེ་བདག་གི་ངོས་ནས་མི་ནི་ཡིན་པར་གྱུར་ན་དེའི་ཚེ་སྔར་གྱི་མིའི་ཕྱོགས་གཅིག་ཕྱིས་ཀྱི་ལྷའི་དུས་སུ་ཡང་གནས་པས་རྟག་པ་དང་། མིའི་ཕྱོགས་གཅིག་ལྷའི་དུས་སུ་ཞིག་པས་མི་རྟག་པར་འགྱུར་བ་ཡིན་ན་སྔ་མ་དེ་ཡང་རིག་པ་མ་ཡིན་པས་འཇིག་རྟེན་རྟག་མི་རྟག་གཉིས་ཀར་ལྟ་བ་འཐད་པ་མ་ཡིན་ནོ། །བཞི་པ་ནི། གལ་ཏེ་དགག་བྱ་རྟག་པ་དང་མི་རྟག་པ་གཉིས་ཀ་གྲུབ་པར་འགྱུར་ན་ནི་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པའི་ཕུང་པོ་གསུམ་པ་ནི་གྲུབ་པར་འགྱུར་བར་འདོད་ལ་རག་པ་ལས་སྔ་མ་མ་གྲུབ་པས་འཇིག་རྟེན་རྟག་མི་རྟག་གཉིས་ཀ་མ་ཡིན་པར་ལྟ་བ་ཡང་མི་འཐད་པ་ཡིན་ནོ། །གཉིས་པ་དགག་པ་བསྡུས་ཏེ་བསྟན་པ་ལ་བཞི་སྟེ། རྟག་པ་དགག མི་རྟག་པ་དགག གཉིས་ཀ་དགག གཉིས་མིན་དགག་པའོ། །དང་པོ་ནི། གལ་ཏེ་བདག་གམ་ཕུང་པོ་གང་ཞིག ཚེ་སྔ་མའི་འགྲོ་བ་གང་ནས་འགྲོ་བ་གར་འོང་བར་འགྱུར་ཞིང་སླར་ཡང་འགྲོ་བ་གཞན་དུ་ཡང་འགྲོ་བར་འགྱུར་བ་རང་བཞིན་གྱིས་ཡོད་ན་དེའི་ཕྱིར་འཁོར་བ་པོ་དེ་ཐོག་མ་མེད་པ་ནས་གནས་པས་རྟག་པར་འགྱུར་བ་ཞིག་ན་ཐོག་མེད་ནས་གནས་པ་དེ་ཡང་རང་བཞིན་གྱིས་ཡོད་པ་མ་ཡིན་པས་འཁོར་བ་པོ་རྟག་པར་འདོད་པ་འཐད་པ་མ་ཡིན་ནོ། །གཉིས་པ་ནི། འཇིག་རྟེན་མི་རྟག་པ་ཡིན་ནོ་སྙམ་ན་དེ་ཡང་མི་འཐད་དེ། གལ་ཏེ་ལྟས་པའི་རྟག་པ་རང་བཞིན་གྱིས་གྲུབ་པ་འགའ་ཡང་མེད་ན་མི་རྟག་པ་རང་བཞིན་གྱིས་གྲུབ་པ་གང་ཞིག་ཡིན་པར་འགྱུར་ཏེ་དེ་མེད་པའི་ཕྱིར་རོ། །གསུམ་པ་ནི། འཇིག་རྟེན་རྟག་པ་དང་ནི་མི་རྟག་པ་གཉིས་ཀ་ཡིན་པའང་མི་འཐད་དེ། གཉིས་ཀའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ནི། འཇིག་རྟེན་རྟག་མི་རྟག་དེ་གཉིས་བསལ་བར་ཏེ་བཀག་པར་གྱུར་པའི་ཕུང་པོ་གསུམ་པ་ཡང་མ་ཡིན་ཏེ། དགག་བྱ་རྟག་མི་རྟག་གཉིས་མེད་པའི་ཕྱིར་རོ། །བཞི་པ་ཕྱི་མའི་མཐའ་ལ་བརྟེན་པའི་མཐའ་སོགས་བཞི་དགག་པ་ལ་གསུམ་སྟེ། མཐའ་ཡོད་མེད་སོ་སོར་དགག གཉིས་ཀ་དགག གཉིས་མིན་དགག་པའོ། །དང་པོ་ལ་གཉིས་ཏེ། འཇིག་རྟེན་ཕ་རོལ་མེད་པར་ཐལ་བས་དགག་པ་དང་། འབྱུང་འཇིག་བྱེད་པའི་རྟགས་ཀྱིས་དགག་པའོ། །དང་པོ་ནི། གལ་ཏེ་སེམས་ཅན་གྱི་འཇིག་རྟེན་ཚེ་འདིའི་མཇུག་ཏུ་མཐའ་ཡོད་པ་སྟེ་ཞིག་ནས་ཕྱིས་སེམས་ཅན་འབྱུང་བ་མེད་ན་སེམས་ཅན་གྱི་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་ལས་འཇིག་རྟེན་ཕ་རོལ་ཡོད་པས་འཇིག་རྟེན་མཐའ་དང་ལྡན་པར་མི་འཐད་དོ། །གལ་ཏེ་སེམས་ཅན་གྱི་འཇིག་རྟེན་ཚེ་འདིའི་མཇུག་ཏུ་མཐའ་སྟེ་ཞིག་པ་མེད་ན། སེམས་ཅན་གྱི་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ། ཚེ་འདིར་སེམས་ཅན་མ་ཤི་བར་སྐྱེ་བ་ཕྱི་མ་ལེན་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་མཐའ་མེད་པ་ཡང་མི་འཐད་དོ། །གཉིས་པ་ལ་གཉིས་ཏེ། རྟགས་བཀོད་པ་དང་། དེ་བསྒྲུབ་པའོ། །དང་པོ་ནི། སེམས་ཅན་གྱི་འཇིག་རྟེན་ཚེ་འདིའི་མཐར་ཞིག་ནས་ཕྱིས་མི་སྐྱེ་བའི་མཐའ་ཡོད་པ་ཉིད་དང་ནི་ཚེ་འདིའི་མཇུག་ཏུ་ཞིག་པའི་མཐའ་མེད་པ་ཉིད་ཀྱང་མི་རིགས་ཏེ། གང་གི་ཕྱིར་ན་ཕུང་པོ་རྣམས་ཀྱི་རྒྱུན་འདི་ནི་རྒྱུ་རྐྱེན་འཚོགས་པའི་དབང་གིས་སྔ་མ་འགག་པ་ན་ཕྱི་མ་འབྱུང་བ་མར་མེའི་འོད་དང་མཚུངས་པར་འགྱུར་བ་དེའི་ཕྱིར། དེ་ཡང་སྔ་མ་འགག་པས་མཐའ་མེད་སེལ་ལ། ཕྱི་མ་འབྱུང་བས་མཐའ་ཡོད་སེལ་ལོ། །གཉིས་པ་ནི། གལ་ཏེ་སྔ་མ་མིའི་ཕུང་པོ་འཇིག་པར་འགྱུར་ཞིང་མིའི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ལྷའི་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན་རྒྱུ་མཚན་དེས་ན་སེམས་ཅན་གྱི་འཇིག་རྟེན་མཐའ་ཡོད་པར་འགྱུར་ན་ལུས་ཕྱི་མ་འབྱུང་བའི་ཕྱིར་མཐའ་ཡོད་པ་མ་ཡིན་ནོ། །གལ་ཏེ་མིའི་ཕུང་པོ་སྔ་མ་ཚེ་འདིའི་མཐར་མི་འཇིག་ཅིང་མིའི་ཕུང་པོ་འདི་ལ་བརྟེན་པར་བྱས་ནས་ལྷའི་ཕུང་པོ་ཕྱི་མ་དེ་ནི་མི་འབྱུང་ན་རྒྱུ་མཚན་དེས་ན་སྔ་མ་དེ་ཉིད་རྟག་ཏུ་གནས་པས་འཇིག་རྟེན་ཞིག་པའི་མཐའ་མེད་པར་འགྱུར་ན་འཇིག་རྟེན་སྔ་མ་འཇིག་ཅིང་ཕུང་པོ་ཕྱི་མ་སྐྱེ་བས་འཇིག་རྟེན་མཐའ་མེད་པ་ཡང་མི་འཐད་དོ། །གཉིས་པ་གཉིས་ཀ་དགག་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། གལ་ཏེ་སེམས་ཅན་གྱི་འཇིག་རྟེན་འདིའི་ཕྱོགས་གཅིག་མཐའ་ཡོད་པ་སྟེ་འཇིག་ལ། ཕྱོགས་གཅིག་མཐའ་ནི་མེད་པ་སྟེ་སྐྱེ་བ་ཕྱི་མར་འགྲོ་བར་འགྱུར་ན་འཇིག་རྟེན་མཐའ་ཡོད་པ་དང་མཐའ་མེད་པ་གཉིས་ཀར་འགྱུར་ན་ཕྱོགས་གཅིག་གི་མཐའ་ཡོད་མེད་དེ་ཡང་རིག་པ་མ་ཡིན་ནོ། །གཉིས་པ་ནི། གལ་ཏེ་འཇིག་རྟེན་ཕྱོགས་གཅིག་འཇིག་ཕྱོགས་གཅིག་མི་འཇིག་པ་གཉིས་ཀ་ཡིན་ན་ཉེ་བར་ལེན་པ་པོ་ཕྱོགས་གཉིས་ཀར་འགྱུར་རམ། ཉེ་བར་བླང་བྱ་ཕྱོགས་གཉིས་ཀར་འགྱུར། དང་པོ་ལྟར་ན། འཐད་པ་གང་གིས་ཅི་ལྟ་བུར་ན་ཉེ་བར་ལེན་པ་པོ་བདག་གི་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ་དེའི་ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་དེ་ལྟར་འདོད་པ་དེ་ནི་མི་རིག་སྟེ། དེ་དམིགས་རུང་མ་དམིགས་པའི་ཕྱིར་དང་། ཕུང་པོ་དག་ལ་རྣམ་པ་ལྔས་བཙལ་ན་བདག་ཡོད་པ་མིན་པའི་ཕྱིར་དང་། དེའི་ཕྱོགས་གཅིག་འཇིག་ཕྱོགས་གཅིག་མི་འཇིག་ན་ཆ་གཅིག་གིས་ལྷར་འགྱུར་ཆ་གཅིག་གིས་མིར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན། ཅི་ལྟ་བུར་ན་ཉེ་བར་བླང་བར་བྱ་བ་ཕུང་པོའི་ཕྱོགས་གཅིག་རྣམ་པར་འཇིག་པར་འགྱུར་ལ་ཕྱོགས་གཅིག་རྣམ་པར་འཇིག་པར་མི་འགྱུར་བ་དེ་ལྟར་འདོད་པ་དེ་ཡང་མི་རིག་སྟེ། དེ་དམིགས་རུང་མ་དམིགས་པའི་ཕྱིར་དང་། ཆ་གཅིག་གིས་ལྷའི་ཕུང་པོ་དང་ཆ་གཅིག་གིས་མིའི་ཕུང་པོར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །གསུམ་པ་གཉིས་མིན་དགག་པ་ནི། འཇིག་རྟེན་མཐའ་ཡོད་མེད་གཉིས་མིན་དུ་མ་གྲུབ་སྟེ། གལ་ཏེ་འཇིག་རྟེན་མཐའ་ཡོད་དང་མཐའ་མེད་པ་གཉིས་ཀ་གྲུབ་པར་གྱུར་ན་ནི་དེ་གཉིས་རེ་རེ་ནས་བཀག་པའི་མཐའ་ཡོད་པ་མ་ཡིན་པ་དང་མཐའ་མེད་ཀྱང་མ་ཡིན་པར་འགྲུབ་པར་འགྱུར་བ་འདོད་ལ་རག་ན། དགག་བྱ་ངོ་བོས་མ་གྲུབ་པས་དེ་བཀག་པ་ཡང་ངོ་བོས་མ་གྲུབ་པའི་ཕྱིར་རོ། །གཉིས་པ་རིག་པ་བསྡུས་སྟེ་བསྟན་པ་ནི། འགྲེལ་པ་ཚིག་གསལ་ལས་དེ་ལྟར་ན་རེ་ཤིག་ཉེ་བར་ལེན་པ་པོ་དང་ཉེ་བར་ལེན་པ་ཀུན་རྫོབ་པ་གཟུགས་བརྙན་ལྟ་བུའི་རྣམ་པ་ཅན་ཞལ་གྱིས་བཞེས་ནས་ཀྱང་རྟག་པ་ལ་སོགས་པར་ལྟ་བ་མི་སྲིད་པར་བསྟན་ནས། ད་ནི་རྣམ་པ་ཐམས་ཅད་དུ་དངོས་པོའི་རང་བཞིན་མ་དམིགས་པས་མོ་གཤམ་གྱི་བུའི་སྔོ་བསང་དང་དཀར་ཤམ་ཉིད་ལྟར་རྟག་པ་ལ་སོགས་པར་ལྟ་བ་རྣམས་མི་སྲིད་པར་བསྟན་པར་བཞེད་ནས་ཞེས་གསུངས་པའི་དོན། གོང་དུ་ཁྱད་གཞི་ཀུན་རྫོབ་ཏུ་ཞལ་གྱིས་བཞེས་ནས་ཁྱད་ཆོས་རྟག་སོགས་སུ་ལྟ་བ་བཀག་པ་ལས་ཡང་ན་དོན་དམ་དུ་ཁྱད་གཞི་ཉིད་མ་གྲུབ་པས་ཁྱད་ཆོས་རྟག་པ་ལ་སོགས་པར་ལྟ་བ་གང་དག་ནི་ཡུལ་གང་དུ་གང་ཟག་གང་ལ་ནི་རྒྱུ་ཅི་ལས་ཀུན་ཏུ་འབྱུང་བར་འགྱུར་ཏེ་མི་འགྱུར་བར་ཐལ། དངོས་པོ་ཐམས་ཅད་དག་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །གཉིས་པ་ལུང་དང་སྦྱར་བ་ནི། སཱ་ལུ་ལྗང་པའི་མདོ་ལས། གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་སྲོག་མེད་པར་ཇི་ལྟ་བུ་ཉིད་དང་། མ་ནོར་བ་ཉིད་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུ་མ་བྱས་པ་དང་། ཐོགས་པ་མེད་པ་དང་། སྒྲིབ་པ་མེད་པ་དང་། ཞི་བ་དང་། འཇིག་པ་མེད་པ་དང་། མི་འཕྲོག་པ་དང་། ཟག་པ་མེད་པ་དང་། རྣམ་པར་ཞི་བའི་རང་བཞིན་དུ་མཐོང་བ་དང་། མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག་གམ། བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག བདག་འདས་པའི་དུས་ན་ཅི་ལྟ་བུར་གྱུར་པ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་བརྟེན་པར་མི་བྱེད་དོ། །ཅི་བདག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར། མ་འོངས་པའི་དུས་ན་ཅིར་འགྱུར། མ་འོངས་པའི་དུས་ན་ཅི་ལྟ་བུ་ཞིག་འབྱུང་བར་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་བརྟེན་པར་མི་བྱེད་དོ། །འདི་ཅི་ཞིག་འདི་ཇི་ལྟ་བུ་ཞིག ཅི་ཞིག་ཅིར་འགྱུར། སེམས་ཅན་འདི་དག་གང་ནས་འོང་། དེ་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལ་བརྟེན་པར་མི་བྱེད་དོ་ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་རབ་བྱེད་ཀྱི་མཚན་ནི། དབུ་མ་རྩ་བའི་ཤེས་རབ་ཀྱི་རྣམ་བཤད་ཡང་དག་ལྟ་བའི་འོད་ཟེར་ལས། ལྟ་བ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པའི་རྣམ་པར་བཤད་པའོ།། །།གསུམ་པ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་ནི། གང་གིས་འགྲོ་བ་རྣམས་ཐུགས་བརྩེས་ཉེ་བར་བཟུང་ནས་མཐར་འཛིན་གྱི་ལྟ་བ་ཐམས་ཅད་སྤང་བའི་ཕྱིར་དམ་པའི་ཆོས་ནི་སྟོན་པར་མཛད་པའི་དྲང་སྲོང་གོའུ་ཏ་མའི་རིགས་སུ་འཁྲུངས་པ་དེ་ལ་ཕྱག་འཚལ་ལོ། །གསུམ་པ་བསྒྱུར་བ་མཐར་ཕྱིན་མཇུག་གི་དོན་ལ་གཉིས་ཏེ། རྩོམ་པའི་བཀའ་དྲིན་དྲན་པའི་ཆེད་དུ་རྩོམ་བྱེད་སྨོས། བསྒྱུར་བའི་བཀའ་དྲིན་དྲན་པའི་ཆེད་དུ་སྒྱུར་བྱེད་སྨོས་པའོ། །དང་པོ་ནི། དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ནི་མཚན་དོན་གྱི་སྐབས་སུ་བཤད་པ་ལྟར་ཡིན་ལ། ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་བཞག་པ་ནི། ཆོས་བདག་མེད་པ་རྒྱས་པར་སྟོན་པའི་ཐེག་པ་ཆེན་པོའི་ཆོས་མངོན་པ་གསལ་བར་བྱེད་པའོ། །དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ་ནི་ཤེར་ཕྱིན་འབུམ་པ་ལ་སོགས་པའི་དོན་གསལ་བར་སྟོན་པའོ། །དེ་ལྟ་བུའི་བསྟན་བཅོས་མཛད་པ་པོ་ནི་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ་དང་པོར་རབ་ཏུ་དགའ་བའི་ས་བསྒྲུབས་ནས་ཕྱིས་བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་དྭང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ་རྫོགས་སོ།། །།གཉིས་པ་ནི། དབང་ཕྱུག་དམ་པའི་མངའ་བདག་རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་དབུ་མ་པ་ཛྙཱ་ན་གརྦྷ་སྟེ་ཡེ་ཤེས་སྙིང་པོ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཞིང་ཚིག་དང་དོན་ལ་དག་པར་ཞུས་ཏེ་ཐོས་བསམ་གྱིས་གཏན་ལ་ཕབ་པའོ། །འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་ཤླཽ་ཀ་བཞི་བརྒྱ་དང་བཞི་བཅུ་ཞེ་དགུ་ཡོད་ལ་བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །སླད་ཀྱི་ཁ་ཆེའི་གྲོང་ཁྱེར་དཔེ་མེད་ཀྱི་དབུས་གཙུག་ལག་ཁང་རི་ན་སྦས་པའི་དབུས་སུ་ཁ་ཆེའི་མཁན་པོ་ཧ་སུ་མ་ཏི་དང་། བོད་ཀྱི་སྒྲ་བསྒྱུར་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་མིའི་བདག་པོ་འཕགས་པ་ལྷའི་སྐུ་རིང་ལ་འགྲེལ་པ་ཚིག་གསལ་བ་དང་བསྟུན་ནས་བཅོས་པའོ། །སླད་ཀྱི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝར་མ་དང་། ལོ་ཙཱ་བ་དེ་ཉིད་ཀྱིས་ཞུས་ཆེན་བགྱིས་པའོ།། །།རབ་འབྱམས་གསུངས་རབ་ཀུན་གྱི་སྙིང་པོའི་དོན། །དུས་གསུམ་རྒྱལ་བ་སྲས་བཅས་བསྒྲོད་གཅིག་པུ། །མཐའ་བྲལ་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ། །ཚུལ་བཞིན་སྟོན་པ་འཕགས་མཆོག་ཀླུ་སྒྲུབ་གཞུང་། །དེ་ཡི་དགོངས་པ་རྒྱ་གར་མཁས་རྣམས་དང་། །གངས་ཅན་ལྗོངས་འདིར་ཉི་མ་གྲགས་ལ་སོགས། །མཁས་ཤིང་གྲུབ་པ་བརྙེས་པ་རྣམས་མང་པོས། །ཚུལ་བཞིན་ཕྱེ་ནས་སྐལ་ལྡན་འགྲོ་ལ་བསྟན། །འོན་ཀྱང་དེ་དོན་ཟབ་ཅིང་རྟོགས་དཀའ་བས། །ཕྱིས་དུས་མཁས་རློམས་མངོན་པའི་ང་རྒྱལ་ཅན། །འགའ་ཡིས་མཐར་འཛིན་ལྟ་བ་མཐའ་བྲལ་དུ། །བྱས་ནས་དབུ་མའི་ལམ་རྣམས་ལོག་པར་སྟོན། །དེ་ཚེ་འཇམ་པའི་དབྱངས་ཀྱི་ཡེ་ཤེས་ཉིད། །རྒྱལ་བའི་བསྟན་པ་སྤེལ་ཕྱིར་བཤེས་གཉེན་སྐུར། །སྤྲུལ་ནས་མཐའ་བྲལ་དབུ་མའི་གཞུང་ལུགས་ལ། །ལོག་རྟོགས་དྲི་མ་མཐའ་དག་སེལ་བར་མཛད། །དེ་སླད་རྣམ་གྲོལ་དོན་གཉེར་སྐྱེ་བོ་རྣམས། །ལོག་སྨྲའི་གྲུབ་མཐའ་ངན་པ་རྒྱང་བསྲིང་ནས། །ཀུན་མཁྱེན་ཆེན་པོས་ལེགས་པར་བཤད་པ་ཡི། །ཡང་དག་ལྟ་བའི་རྗེས་སུ་འབྲང་ན་ལེགས། །དོན་མེད་ཚེ་འདིའི་རྣམ་གཡེང་ཀུན་སྤངས་ནས། །གུས་དང་རྟག་སྦྱོར་བརྩོན་འགྲུས་དྲག་པོ་ཡིས། །ཀླུ་སྒྲུབ་ཡབ་སྲས་གཞུང་བཟང་བླ་མེད་ལ། །ཐོས་བསམ་བསྒོམ་པས་བྱི་དོར་བྱས་ན་ལེགས། །ཁམས་གསུམ་འཁོར་བ་སྡུག་བསྔལ་རང་བཞིན་ཅན། །དེ་ཡི་རྩ་བ་འཇིག་ཚོགས་ལྟ་བ་སོགས། །དྲུང་ནས་འབྱིན་བྱེད་མཐའ་བྲལ་དབུ་མའི་ལམ། །རྩེ་གཅིག་བསྒོམ་པས་རང་རྒྱུད་གྲོལ་ན་ལེགས། །སྔོན་བསགས་དགེ་བས་དལ་འབྱོར་ལུས་ཐོབ་ཅིང་། །སྨོན་ལམ་དག་པས་སངས་རྒྱས་བསྟན་དང་ཕྲད། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་འཛོམས་དུས་འདིར། །འགྲོ་བའི་དོན་དུ་སངས་རྒྱས་བསྒྲུབ་ན་ལེགས། །འདི་སྦྱར་རྣམ་དཀར་དགེ་ཚོགས་ཅི་བསགས་པ། །སྲས་བཅས་རྒྱལ་བའི་ཚོགས་གཉིས་རྒྱ་མཚོ་དང་། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམ་བྱས་ནས། །མཁའ་མཉམ་འགྲོ་བས་བྱང་ཆུབ་ཐོབ་ཕྱིར་བསྔོ། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ལུས་བཟང་ཚུལ་ཁྲིམས་རྒྱན་གྱིས་སྤྲས། །ལུང་རྟོགས་ཡོན་ཏན་ཀུན་ལ་དབང་འབྱོར་ཞིང་། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པར་ཤོག །ཟབ་མོའི་དེ་ཉིད་བྱིས་བློའི་སྤྱོད་ཡུལ་མིན། །དེ་ཕྱིར་འདི་ལ་ཉེས་པ་ཡོད་སྲིད་ན། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་ལ་བཤགས། །འདི་འབད་བསམ་སྦྱོར་དོན་ལྡན་མྱུར་བར་མཛོད། །གཞུང་འདིའི་རབ་བྱེད་ཉེར་གསུམ་པ་ཡན་ཆད་ཀྱི་ཊཱི་ཀ་ཀུན་མཁྱེན་ཆེན་པོས་མཛད་ཅིང་། རབ་བྱེད་ལྷག་མ་བཞིའི་ཊཱི་ཀ་འགྲེལ་པ་ཚིག་གསལ་གཞིར་བཞག་བྱས་ནས་ཤཱཀྱ་བློ་གྲོས་ཀྱིས་བྲིས་པ་དགེ་ལེགས་འཕེལ། འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །དགེའོ།། །


previousདབུ་མ་རྩ་བ་ཤེས་རབ་ཀྱི་རྣམ་པར་བཤད་པ་ཡང་དག་ལྟ་བའི་འོད་ཟེར།no next