Nitartha Digital Library
Tibetan
 
no previousཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ།next

ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ།

རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ཞེས་བྱ་བ་བཞུགས་སོ།། རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ཞེས་བྱ་བ། བླ་མ་དང་ལྷག་པའི་ལྷ་མཆོག་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་ཐུགས་ནི་མཁའ་ལྟར་སྙོམ་པ་འཇིག་རྟེན་ཀུན་ལ་རྒྱུ་མེད་བཞིན་དུ་བྱམས། །དེ་ཡི་མཁྱེན་པ་ཉི་ལྟར་གསལ་བ་ཐར་འདོད་འགྲོ་ལ་མ་བཅོལ་ལེགས་པར་མཛད། །ཁྱོད་ཀྱི་མཛད་པ་རྒྱ་ཆེན་འོད་ཟེར་གདུལ་བྱ་པད་མཚོའི་མ་འདྲེས་མཛའ་བཤེས་ཏེ། །གང་ཞིག་སྲེད་པའི་ཞགས་པས་འབྲེལ་བ་མེད་ཀྱང་སྲིད་པའི་གཉེན་འདུན་གྱུར་ལ་འདུད། །གནས་བརྟན་རྒན་པོ་སྐྱེ་དགུའི་བདག་ཏུ་གྱུར་ཀྱང་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་པའི་སྐུ། །ཁོང་ནས་སྐྱེ་མེད་ཚིག་ཀུན་བརྗོད་པ་སྤངས་ཀྱང་རྡོ་རྗེ་རྣོན་པོ་ཡི་གེ་དྲུག་པའི་གསུང་། །ནམ་མཁའི་མཐའ་ལ་ནམ་མཁས་ལོངས་སྤྱོད་གྱུར་ཀྱང་ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་བརྙེས་པའི་ཐུགས། །སྟོང་དང་མེད་པ་ནམ་མཁའ་ལས་བྱུང་གྱུར་ཀྱང་སྒྱུ་འཕྲུལ་དྲྭ་བའི་རོལ་པར་སྟོན་ལ་འདུད། །རྒྱལ་བའི་མདུན་ན་རྒྱལ་སྲས་གཞོན་ནུ་འཇིག་རྟེན་ཀུན་གྱིས་མཐོང་ན་དགའ་བར་གྱུར། །དེ་ཡི་བསྟན་ལ་དགེ་སློང་དཔལ་ལྡན་ཆེར་གྲགས་དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་མེད་ཕྱོགས་འཇིག་ཐེག་མཆོག་བསྟན་ནས་རབ་དགའི་ས་བསྒྲུབས་བདེ་བ་ཅན་དུ་བགྲོད། །དྭང་བའི་འོད་དུ་འཇིག་རྟེན་འདྲེན་པར་འགྱུར་བའི་མགོན་པོ་དེ་ཡི་མཁྱེན་བརྩེས་སྐྱོངས། །གང་གི་ལེགས་བཤད་ཆུ་གཙང་མ་འདྲེས་པ། །བློ་གྲོས་སྙིམ་པས་སྐལ་བཟང་གདུལ་བྱ་ལ། །རྣམ་པར་བཀྱེ་མཛད་འགྲེལ་བྱེད་སངས་རྒྱས་བསྐྱངས། །ལེགས་ལྡན་འབྱེད་དང་ཟླ་བའི་ཞབས་ལ་སོགས། །འཕགས་ཡུལ་བཤད་པའི་བརྒྱུད་འཛིན་མཆོག་རྣམས་དང་། །རབ་འབྱམས་རྒྱལ་བའི་གདུང་འཛིན་སྒྲ་བསྒྱུར་རྔོག །མཐའ་བྲལ་དབུ་མའི་སྲོལ་འཛིན་ཉི་མ་གྲགས། །རྣམ་མང་འགྲོ་བའི་ཡོངས་འཛིན་ས་སྐྱ་པ། །བཀའ་དྲིན་མཉམ་མེད་དམ་པ་བརྒྱུད་པར་བཅས། །སྙིང་གི་པད་མོའི་ཟེའུ་འབྲུར་རྟག་བཞུགས་ནས། །ལྷན་སྐྱེས་ཡིད་ཀྱི་མུན་པ་ཀུན་བསལ་ཏེ། །གནས་ལུགས་རྟོགས་པའི་བློ་གྲོས་བསྐྱེད་དུ་གསོལ། །ངེས་དོན་མདོ་སྡེ་ཀུན་གྱི་ཟབ་མོའི་བཅུད། །ངེས་འབྱུང་ཐེག་པ་གསུམ་གྱི་བགྲོད་གཅིག་ལམ། །ངེས་ལེགས་བྱང་ཆུབ་གསུམ་གྱི་འབྲས་སྟེར་བའི། །ངེས་པ་འཐད་ལྡན་སྐྱེས་པའི་གྲུབ་མཐའི་རྩེ། །མཐའ་བྲལ་དབུ་མའི་གདམས་པ་ཟབ་མོའི་གནད། །སྔོན་སྦྱངས་བག་ཆགས་བླ་མའི་གསུང་རབ་ཀྱིས། །སད་པ་ལས་རྟོགས་ལེགས་བཤད་ཉི་མ་འདི། །གཟུར་གནས་བློ་ལྡན་དོན་གཉེར་རྣམས་ལ་སྦྱིན། །སྐྱོབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་གྱིས། འགྲོ་བ་མཐའ་དག་སྲིད་པ་དང་ཞི་བའི་རྒུད་པ་ལས་སྐྱབས་པའི་ཐབས་སུ་ལེགས་པར་གསུངས་པའི་དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཞེས་མདོ་ལས་གསུངས་ཏེ། རྗོད་བྱེད་ལུང་གི་ཆོས་ནི་ཐོས་པའི་དུས་སུ་ཐོས་པའི་དོན་བཟུང་བས་མོས་པ་དང་ཡིད་ཆེས་པའི་དད་པའི་རྒྱུ་བྱེད་པས་ཐོག་མར་དགེ་བ། བསམ་པའི་དུས་སུ་དོན་དེ་ཐོབ་པར་ནུས་པར་ཤེས་ནས་དགའ་བའི་རྒྱུ་བྱེད་པས་བར་དུ་དགེ་བ། བསྒོམ་པའི་དུས་སུ་དོན་དེ་ཇི་ལྟ་བ་བཞིན་རྟོགས་པའི་བློ་གྲོས་ཀྱི་རྒྱུ་བྱེད་པས་ཐ་མར་དགེ་བ། བརྗོད་བྱ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་དང་ལྡན་པས་དོན་བཟང་པོ། ཚིག་དང་ཡི་གེ་འཇིག་རྟེན་ན་གྲགས་པས་བཟུང་སླ་བས་ཚིག་འབྲུ་བཟང་པོ། བརྗོད་བྱ་རྟོགས་པའི་ཆོས་ནི་ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཏེ། མྱ་ངན་ལས་འདས་པའི་ལམ་ཡིན་པས་མུ་སྟེགས་བྱེད་དང་ཐུན་མོང་མ་ཡིན་པས་མ་འདྲེས་པ། ཁམས་གསུམ་གྱི་ཉོན་མོངས་པ་རྣམས་སྤོང་བའི་གཉེན་པོ་རྫོགས་པས་ཡོངས་སུ་རྫོགས་པ། རང་བཞིན་གྱི་དྲི་མ་མེད་པས་ཡོངས་སུ་དག་པ། གློ་བུར་གྱི་དྲི་མ་དང་བྲལ་བས་ཡོངས་སུ་བྱང་བ་སྟེ། མདོ་སྡེ་རྒྱན་ལས། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམས་གཉིས་ལྡན་བཟུང་སླ་དང་། །ཡོན་ཏན་བཞི་ཅན་ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང་། །ངོ་བོ་ཉིད་དག་དྲི་མས་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཅེས་གསུངས་སོ། །དེ་ཉིད་གདུལ་བྱའི་བློའི་རིམ་པ་དང་འཚམས་པར་བསྟན་པའི་ཚུལ་ཡང་། རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཁ་ཅིག་དག་ནི་སྡིག་པ་ལས། །རྣམ་པར་ཟློག་ཕྱིར་ཆོས་སྟོན་ཏོ། །ཁ་ཅིག་བསོད་ནམས་གྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བསྟན་པ། །ཁ་ཅིག་ལ་ནི་གཉིས་མི་བསྟན། །ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས་ཏེ། ཚིགས་བཅད་དང་པོས་དཔེ་དང་བཅས་ཏེ་སྟོན་ཚུལ་མདོར་བསྟན། དེ་ནས་རྐང་པ་གསུམ་གྱིས་མངོན་མཐོ་དོན་དུ་གཉེར་བ་རྣམས་ལ་དགེ་སྡིག་གི་བླང་དོར་སྟོན་པ་དང་། དེ་ནས་གཅིག་གིས་ངེས་ལེགས་དོན་དུ་གཉེར་བ་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐས་བཀྲི་དགོས་པ་རྣམས་ལ་གཟུང་འཛིན་ཐ་དད་སྟོན་པ་དང་། དེ་ནས་གཅིག་གིས་སེམས་ཙམ་པའི་གྲུབ་མཐས་བཀྲི་དགོས་པ་རྣམས་ལ་གཟུང་འཛིན་གཉིས་མེད་སྟོན་པ་དང་། དེ་ནས་གསུམ་གྱིས་དབུ་མའི་གྲུབ་མཐས་བཀྲི་ནུས་པ་རྣམས་ལ་ཁྱད་པར་བཞི་ལྡན་གྱི་དབུ་མའི་ལམ་སྟོན་པའི་ཚུལ་རྣམས་སྟོན་ཏེ། ཁྱད་པར་བཞི་ནི་ཡུལ་གྱི་ཁྱད་པར་རྟོགས་པར་དཀའ་བས་ཟབ་མོ། རྟོགས་པ་པོའི་ཁྱད་པར་སྟོང་ཉིད་ལ་བག་ཆགས་བཞག་པའི་ཁུ་འཕྲིག་ཡོད་པས་རྟོགས་པ་དང་ལྡན་ཞིང་དེ་ལས་གཞན་པ་འཇིགས་པ་བསྐྱེད་པ། ཡུལ་ཅན་གྱི་ཁྱད་པར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། འབྲས་བུའི་ཁྱད་པར་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའོ། །དེ་ལྟར་གྲུབ་མཐའ་བཞི་ལ་ལམ་དང་འབྲས་བུའི་དབང་དུ་བྱས་པའི་ཐེག་པ་གསུམ་གསུམ་ཡོད་པར་འདྲ་ཡང་། སྡེ་སྣོད་དང་གྲུབ་མཐའི་དབང་དུ་བྱས་ན། ལང་ཀར་གཤེགས་པ་ལས། ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་ནང་དུ་ནི། །ཐེག་ཆེན་མཐའ་དག་འདུས་པར་ཟད། །ཅེས་གསུངས་པའི་བརྗོད་བྱ་དེ་དག་མི་འདོད་པ་ནི་ཉན་ཐོས་པའི་གྲུབ་མཐའ་སྟེ། འདི་ལ་རྩ་བའི་སྡེ་གཉིས་སམ། སྡེ་པ་བཞིའམ། གྱེས་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་རྣམས་ཡོད་དོ། །བརྗོད་བྱ་དེ་དག་འདོད་པ་ནི་ཐེག་པ་ཆེན་པོའི་གྲུབ་མཐའ་སྟེ། འདི་ལ་སེམས་ཙམ་དང་། དབུ་མའི་གྲུབ་མཐའ་གཉིས་སོ། །འདི་གཉིས་ཀྱི་ཁྱད་པར་ནི། ཆོས་ལྔ་ལ་བདེན་པར་ཡོད་མེད་ཕྱེ་བ་དང་། རང་བཞིན་གསུམ་ལ་བདེན་པར་ཡོད་མེད་ཕྱེ་བ་དང་། རྣམ་ཤེས་བརྒྱད་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདྲ་ཡང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུན་བརྟན་པའི་བདེན་གྲུབ་ནི་ཀུན་གཞི་ཁོ་ནར་འདོད་པ་དང་། བདག་མེད་གཉིས་ཀྱང་བདག་བཀག་ཙམ་མ་ཡིན་པར་བདག་མེད་པས་ཁྱད་པར་དུ་བྱས་པའི་རྣམ་ཤེས་སམ། དེ་བཞིན་ཉིད་བདེན་གྲུབ་དུ་འདོད་པ་ནི་སེམས་ཙམ་པ་ཡིན་ལ། དེ་དག་ཐམས་ཅད་ཀུན་རྫོབ་སྣང་ཙམ་དུ་མ་བརྟགས་མ་དཔྱད་པར་ཁས་ལེན་ཅིང་། དོན་དམ་པར་སྤྲོས་པའི་མཐའ་གང་དུའང་མ་གྲུབ་པར་འདོད་པ་ནི་དབུ་མ་པའོ། །མདོར་ན་གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་བདེན་གྲུབ་དུ་འདོད་པ་དང་། བདེན་མེད་དུ་འདོད་པ་ལ་འཕགས་པ་ལྷས་བཤད་དོ། །དེ་ལྟ་བུའི་དབུ་མ་དེ་ཡང་མཐར་ཐུག་ལ་ལྟོས་ནས་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད་དེ་བཞིན་ཉིད་ལ་འབབ་ཅིང་གཞོལ་བ་ཁོ་ན་ཡིན་པས། དེ་དག་གི་བརྗོད་བྱ་ཡིན་ཡང་གནས་སྐབས་ཐེག་པ་ཆེ་ཆུང་གཉིས་སུ་ཕྱེ་བའི་ཚེ་ཐེག་པ་ཆེན་པོ་དང་། དྲང་དོན་ངེས་དོན་གཉིས་སུ་ཕྱེ་བའི་ཚེ་ངེས་དོན་གྱི་མདོ་སྡེ་ཤེར་ཕྱིན་འབུམ་པ་ལ་སོགས་པ་ཐམས་ཅད་ཀྱི་བརྗོད་བྱ་ཡིན་ལ། དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པ་ཡང་། སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་དུ་མཐོང་ནས་བཀའི་དགོངས་པ་རང་དབང་དུ་འགྲེལ་པ་ནི་འཕགས་མཆོག་ཀླུ་སྒྲུབ་སྟེ། དེའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་བཤད་པ་ལ་དོན་རྣམ་པ་བཞི་སྟེ། བཤད་པ་ལ་འཇུག་པའི་ཡན་ལག བཤད་བྱའི་ཆོས་ཀྱི་ཆེ་བ་བརྗོད་པ། བཤད་བྱ་དང་འཆད་བྱེད་ཀྱི་རབ་ཏུ་དབྱེ་བ། བཤད་བྱའི་དབུ་མ་གཏན་ལ་དབབ་པའོ། །དང་པོ་ལ་གསུམ་སྟེ། སྲོལ་འབྱེད་སློབ་དཔོན་གྱི་ཆེ་བ་བརྗོད་པ། དེས་སྲོལ་ཇི་ལྟར་ཕྱེས་པའི་ཚུལ། དེ་ཉིད་ལ་བཤད་ཉན་གྱིས་འཇུག་པའི་ཚུལ་ལོ། །དང་པོ་ནི། སྔོན་གྱི་མཁས་པ་དག བརྙེས་པ་ཡོན་ཏན་གྱི་དང་། མཛད་པ་ཕྲིན་ལས་ཀྱི་དང་། རྗེས་སུ་བསྔགས་པའི་ཁྱད་པར་གསུམ་གྱི་སྒོ་ནས་འཆད་པར་བཞེད་པ་ལས། དང་པོ་ལའང་གཉིས་ཏེ། སྤངས་པའི་ཁྱད་པར་དང་། རྟོགས་པའི་ཁྱད་པར་རོ། །དང་པོ་ནི། སློབ་དཔོན་འདི་བྲམ་ཟེའི་རིགས་ཤིག་སྟེ། དེ་ཁྱིམ་གྱི་བདེ་བ་ལ་མ་ཆགས་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་པའི་དགེ་སློང་དུ་གྱུར་པ་ལས། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་ཕྲ་རག་ཙམ་གྱིས་ཀྱང་མ་གོས་པ་དང་། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །གཉིས་པ་ནི། སྤྱིར་རིགས་པའི་གནས་ལྔ་ལ་མཁས་པ་དང་། བྱེ་བྲག་ཏུ་བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་ལ་རྟོགས་པའི་སྣང་བ་ཐོབ་པ་དང་། དེ་ཡང་ཁྱད་པར་ཐེག་པ་ཆེན་པོའི་ངེས་དོན་གྱི་མདོ་སྡེ་དང་། རྒྱུད་སྡེ་ཕྱིན་ཅི་མ་ལོག་པར་རྟོགས་པས་ལུང་གི་ཆོས་ཁོང་དུ་ཆུད་པ་དང་། ས་དང་པོ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་ཚུལ་གྱིས་མངོན་སུམ་དུ་རྟོགས་ཤིང་དུས་གཅིག་ཏུ་སངས་རྒྱས་བརྒྱའི་ཞལ་མཐོང་བ་ལ་སོགས་པའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པས་རྟོགས་པའི་ཆོས་ཐུགས་སུ་ཆུད་པའོ། །གཉིས་པ་ལ་ས་དང་པོར་གཙོ་བོར་སྤྱོད་པ་སྦྱིན་པའི་ཕར་ཕྱིན་ལ་ཁྱད་པར་དུ་བསླབ་པའི་ཚུལ་དང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐོབ་དགོས་པའི་རྒྱུ་དཀོན་མཆོག་གསུམ་གྱི་རྟེན་འཛུགས་པར་མཛད་པ་གཉིས་ལས། དང་པོ་ནི། གསེར་འགྱུར་གྱི་རྩི་ལ་སོགས་པས་ཕྱིའི་ཡོ་བྱད་ལ་མངའ་བརྙེས་ཤིང་མ་ཆགས་པར་གཏོང་བ་དང་། ནང་རང་གི་དབུ་ཡང་དོན་དུ་གཉེར་བའི་སྐྱེ་བོ་ལ་གནང་བས་ཆགས་པ་མེད་པ་ཟང་ཟིང་གི་སྦྱིན་པ་དང་། ནད་དང་ཀླུ་ལ་སོགས་པའི་གདོན་གྱིས་འཇིགས་པ་ལ་གསོ་དཔྱད་དང་། བསྲུང་བ་ལ་སོགས་པ་མཛད་པས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་། ཀླུའི་ཡུལ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་འབུམ་པ་ལ་སོགས་པ་དང་། ཨུ་རྒྱན་གྱི་ཡུལ་ནས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་གདན་དྲངས་ཤིང་དེ་དག་གི་དོན་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པའི་བསྟན་བཅོས་མཛད་པས་ཟག་པ་མེད་པའི་ཆོས་ཀྱི་སྦྱིན་པའོ། །གཉིས་པ་ལ་སངས་རྒྱས་དཀོན་མཆོག་གི་རྟེན་འཛུགས་པ་ནི། མཁན་པོ་སྒྲ་གཅན་འཛིན་བཟང་པོའི་བཀས་གཙུག་ལག་ཁང་བྱེ་བར་བརྩིགས་ཏེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་། ཆོས་དཀོན་མཆོག་གི་རྟེན་འཛུགས་པ་ནི། སྔར་བཤད་པའི་མདོ་སྡེ་དང་། རྒྱུད་སྡེ་དུ་མ་གདན་དྲངས་ཤིང་། དེ་དག་གི་དོན་གསལ་བར་བྱེད་པའི་བསྟན་བཅོས་མཛད་པས་ལུང་གི་ཆོས་དང་། ས་དང་པོ་མཐོང་བའི་ལམ་ཐོབ་པས་རྟོགས་པའི་ཆོས་དང་། དགེ་འདུན་དཀོན་མཆོག་གི་རྟེན་འཛུགས་པ་ནི། རང་ཉིད་དགེ་སློང་བྱང་ཆུབ་སེམས་དཔར་གྱུར་ནས་གཞན་དེ་དག་ལ་བཀོད་པའོ། །གསུམ་པ་ལ་གསུམ་སྟེ། སྐྱེས་ཐོབ་མཚན་གྱི་སྒོ་ནས་བསྔགས་པ་དང་། འཇིག་རྟེན་ལ་གྲགས་པའི་སྒོ་ནས་དང་། བདེ་བར་གཤེགས་པའི་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་སྒོ་ནས་བསྔགས་པའོ། །དང་པོ་ནི། ནཱ་ག་ནི་ཀླུ་དང་། ཨརྫུ་ན་སྲིད་སྒྲུབ་ལ་འཇུག་པ་ལས། སྲིད་མི་མངོན་པར་བྱ་སྟེ། ཀླུ་ཞེས་པས་ལྟ་བ་ངན་པའི་མཐའ་ལ་མི་གནས་པ་དང་། ས་དང་པོར་ཡེ་ཤེས་ཀྱི་རྒྱ་མཚོར་སྐྱེ་བ་བརྙེས་པ་དང་། བདེ་བར་གཤེགས་པའི་གསུང་རབ་ཀྱི་བང་མཛོད་ཀྱི་བརྗོད་བྱ་ཟབ་མོ་སྐྱེ་འགག་མེད་པའི་རིན་པོ་ཆེ་ལ་མངའ་བརྙེས་པ་དང་། མཐོང་བའི་དུག་ཆོས་ཐམས་ཅད་བདག་མེད་པར་ལྟ་བ་ལས་བྱུང་བའི་རིགས་པའི་མེས། རང་གཞན་གྱི་སྡེ་པས་བཏགས་པའི་གྲུབ་མཐའ་ངན་པའི་བུད་ཤིང་མ་ལུས་པར་བསྲེགས་པ་དང་། གྲུབ་མཐས་མ་བསླད་པ་འཇིག་རྟེན་ཐ་མལ་པའི་ཡིད་ཀྱི་མུན་པ་སེལ་བར་མཛད་པ་སྟེ་ལྔས་ཀླུ་དང་མཚུངས་པ་དང་། སྲིད་སྒྲུབ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གསུང་དྲང་ཞིང་འབིགས་པ་རྒྱལ་པོ་སྲིད་སྒྲུབ་ཀྱི་མདའ་དང་འདྲ་བ་ཉིད་ཀྱིས། གདུལ་བྱ་ལྷ་དང་བཅས་པའི་འཇིག་རྟེན་ལ་ཁམས་གསུམ་དུ་སྲིད་པའི་དགྲ་སྡེ་མ་ལུས་པ་བཅོམ་ནས་ཆོས་ཀྱི་རྒྱལ་སྲིད་གཏོད་པར་མཛད་པ་སྟེ་གཉིས་ཀྱིས་སྲིད་སྒྲུབ་དང་ཆོས་མཚུངས་པར་བསྟན་པ་སྟེ། འགྲེལ་པ་ཚིག་གསལ་ལས། གང་ཞིག་མཐའ་གཉིས་གནས་ལ་གནས་བསལ་ཞིང་། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོགས་བཞིན་ཐུགས་རྗེས་སྟོན་པར་མཛད། །གང་གིས་ལྟ་བའི་མེ་དག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །གང་གི་གཉིས་མེད་ཡེ་ཤེས་གསུང་མདའི་ཚོགས། །ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་པས། །སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པའི། །མགོན་པོ་ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །གཉིས་པ་ནི། འཛམ་བུའི་གླིང་དུ་སངས་རྒྱས་གཉིས་པར་གྲགས་པའོ། །གསུམ་པ་ནི། སྤྲིན་ཆེན་པོའི་མདོ་ལས། ཀུན་དགའ་བོ་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དྭང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་དང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོས། བདེར་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་སུ་ཡིས་འཛིན་འགྱུར་ལགས། །ཞེས་ཞུས་པའི་ལན་དུ། བདེར་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །དུས་དག་འདས་ཏེ་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །བསྟན་པ་འདི་ལ་ཕན་བརྩོན་པ། །དགེ་སློང་ཀླུ་ཞེས་བྱ་བ་འབྱུང་། །རྨ་བྱ་ཞེས་བྱའི་རིག་པ་བསྒྲུབས། །ཁམས་དོན་བསྟན་བཅོས་དུ་མ་དང་། །དངོས་མེད་དོན་གྱི་དེ་ཉིད་རིག །ལོ་ནི་དྲུག་བརྒྱ་འཚོ་བར་འགྱུར། །ལུས་དེ་བོར་བར་གྱུར་ནས་ནི། །བདེ་བ་ཅན་དུ་འགྲོ་བར་འགྱུར། །དེ་ཡི་རྗེས་ཐོགས་ཉིད་དུ་ནི། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །ཅེས་དང་། རྔ་བོ་ཆེའི་མདོ་ལས། ཀུན་དགའ་བོ་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱད་ཅུ་ལོན་པ་ན། དགེ་སློང་བློ་འཆང་ཞེས་བྱ་བར་འགྱུར་ཏེ། རྔ་བོ་ཆེའི་མདོ་འདི་འཛིན་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་དང་། ཡང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་དགེ་སློང་འཚོ་བྱེད་ཅེས་བྱ་བར་གྱུར་ནས་ངའི་བསྟན་པ་རབ་ཏུ་རྒྱས་པར་འགྱུར་ཞེས་པ་ལ་སོགས་པ་དུ་མར་གསུངས་སོ། །གཉིས་པ་དེས་སྲོལ་ཇི་ལྟར་ཕྱེ་བའི་ཚུལ་ལ་གཉིས་ཏེ། སློབ་དཔོན་ཉིད་ཀྱིས་ཇི་ལྟར་ཕྱེ་བའི་ཚུལ། རྗེས་འཇུག་གིས་དེའི་དགོངས་པ་ཇི་ལྟར་བཀྲལ་བའོ། །དང་པོ་ནི་སློབ་དཔོན་འདིས་སྤྱིར་རིག་པའི་གནས་ལྔ་ཆར་གསལ་བའི་བསྟན་བཅོས་མང་དུ་མཛད་པ་ལས། སྐབས་སུ་བབ་པ་ནང་དོན་རིགས་པ་ལ། ལྟ་སྤྱོད་གཉིས་ལུང་གི་སྒོ་ནས་སྟོན་པ་དང་། རིགས་པའི་སྒོ་ནས་སྟོན་པ་གཉིས་ལས། དང་པོ་ནི་མདོ་སྡེ་ཀུན་ལས་བཏུས་པའོ། །གཉིས་པ་ལ། རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས་དང་གསུམ་ལས། དང་པོ་ལ། དགེ་བའི་བཤེས་གཉེན་རྨ་བྱ་བའི་བཞེད་པས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་ཟློག་པ། འདུ་བྱེད་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། དངོས་པོ་རྣམས་རང་བཞིན་མེད་ན་རང་བཞིན་ཚད་མས་གྲུབ་པ་དང་འགལ་ལོ་ཞེས་རྒོལ་བའི་ལན་དུ་ཞིབ་མོ་རྣམ་འཐག རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་བཞག་མི་འཐད་དོ་ཞེས་རྒོལ་བའི་ལན་དུ་ཐ་སྙད་གྲུབ་པ་དང་བཞི་སྟེ་དྲུག་ཡིན་ཞིང་། དེའི་ཕྱིར་སྔ་རབས་པ་ཁ་ཅིག་རིན་པོ་ཆེའི་ཕྲེང་བ་བསྣན་ནས་དྲུག་ཏུ་བྱེད་པ་དང་། ཁ་ཅིག་རིགས་པའི་ཚོགས་སམ་ཁྱུ་ཞེས་པ་ཡིན་གྱི། དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་ཟེར་བ་དང་། ཡང་རང་བཞིན་མེད་པར་སྟོན་པའི་རིགས་པའི་ཚོགས་ཀྱི་བསྟན་བཅོས་ལྔ་ཡིན་ནོ་ཞེས་ཟེར་བ་ཐམས་ཅད་ཚུལ་འདིས་བསལ་བ་ཡིན་ནོ། །ཚུལ་འདི་ཉིད་རིགས་པ་དྲུག་ཅུ་པའི་འགྲེལ་པར། འདི་ལ་མཆོད་བརྗོད་མཛད་ནས་རྩོད་ཟློག་སོགས་གཞན་ལ་མི་མཛད་པའི་རྒྱུ་མཚན་དུ་འཕྲོས་ཚུལ་གསལ་བར་གསུངས་པ་ཡིན་ནོ། །ཞེས་བཞེད་དོ། །འདི་ལ་ཅུང་ཟད་དཔྱད་དུ་ཡོད་དེ། རིགས་པ་དྲུག་ཅུ་པའི་འགྲེལ་པར། རྩོད་ཟློག་དང་སྟོང་ཉིད་བདུན་ཅུ་པ་གཉིས་ཀྱི་འཕྲོས་ཚུལ་གསུངས་ཀྱི་གཞན་གྱི་འཕྲོས་ཚུལ་གསུངས་པ་མི་སྣང་ལ། ཐ་སྙད་གྲུབ་པ་ནི་བོད་དུ་མ་འགྱུར་ཞིང་། སློབ་དཔོན་ཟླ་བས་ཚིག་གསལ་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་མཐོང་ཚུལ་སྨྲོས་པ་ན་གཞན་ལྔ་སྨྲོས་ནས་འདི་མ་སྨྲོས་པས། རྒྱ་གར་ནའང་རིགས་ཚོགས་སུ་བགྲངས་པ་མིན་པར་སྣང་ངོ་། །ཕྱི་མ་ཁ་ཅིག རིན་ཆེན་ཕྲེང་བ་དང་དྲུག་ཏུ་བྱེད་པ་ནི་མི་འཐད་དེ། དེ་ནི་གཏམ་ཚོགས་ཡིན་པའི་ཕྱིར་རོ། །དེས་ན་འདི་ལྟར་བྱ་སྟེ། དགག་བྱ་གཞན་གྱིས་བཏགས་པའི་མཐའ་དགག་པ། རང་ལུགས་དབུ་མའི་ལུས་རྣམ་པར་བཞག དེ་ལས་འཕྲོས་པའི་ཚུལ་གྱི་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི་ཞིབ་མོ་རྣམ་པར་འཐག་པ་སྟེ། དེ་ཉིད་ལས། རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །དེ་ཡི་ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །ཞེས་རྒོལ་བའི་ང་རྒྱལ་སྤང་བའི་ཆེད་དུ་དེ་ཉིད་ཀྱི་གྲུབ་མཐའ་འགོག་པར་གསུངས་ཀྱི། རང་གི་གཞུང་ལས་འཕྲོས་པར་མ་གསུངས་པའི་ཕྱིར་དང་། གཞུང་ལས་ཀྱང་རིགས་པ་ཅན་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་དགག་པ་ཙམ་ཞིག་སྣང་གི་གཞན་མི་སྣང་བའི་ཕྱིར་རོ། །གཉིས་པ་ནི། རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་པ་གཉིས་ཏེ། འདི་གཉིས་ཀྱི་ཁྱད་པར། ཁ་ཅིག་རྟེན་འབྲེལ་སྐྱེ་འགག་སོགས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་སྟོན་པ་རྩ་བ་ཤེས་རབ་དང་། སྐྱེ་འཇིག་གཉིས། ཡོད་མེད་གཉིས་ཏེ། སྤྲོས་པའི་མཐའ་བཞི་དང་བྲལ་བར་སྟོན་པ་རིགས་པ་དྲུག་ཅུ་པ་ཡིན་ནོ་ཞེས་འཆད་པ་དང་། ཡང་རང་སྡེ་དང་གཞན་སྡེ་ཐུན་མོང་དུ་འགོག་པ་དང་། རང་སྡེ་བྱེ་བྲག་ཏུ་འགོག་པ་གཉིས་ཡིན་ཅེས་དང་། ཡང་རྣམ་བཅད་དགག་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པ་དང་། ཐ་སྙད་ཙམ་དུ་ཡོངས་གཅོད་སྒྲུབ་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པ་རིམ་པ་ལྟར་ཡིན་ཅེས་པ་གསུམ་ལས། ཕྱི་མ་འདི་ཉིད་གཞུང་ལ་ཞུགས་པར་སྣང་ངོ་ཞེས་རྨ་བྱ་གསུངས་ཏེ་རྣམ་བཅད་དང་ཡོངས་གཅོད་ཀྱི་སྒོ་ནས་ཞེས་པའི་དོན། སྔ་མས་རང་བཞིན་བཀག་པ་གཙོ་ཆེ་ཞིང་ཕྱི་མས་རང་བཞིན་མེད་ཀྱང་སྣང་བ་སྒྱུ་མ་དང་། སྨིག་སྒྱུ་ལ་སོགས་པའི་དཔེས་བསྟན་པ་གཙོ་ཆེ་སྙམ་དུ་དགོངས་པའོ། །གསུམ་པ་ལ་གཉིས་ལས། རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པར། གཞན་ལས་སྐྱེ་བ་བཀག་པ་ལ། རང་ཚིག་དང་འགལ་བར་སྤང་བ་ནི། རྩོད་ཟློག་ཏེ། དེ་ལྟར། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པར་ག་ལ་འགྱུར། །ཞེས་ཕྱི་ནང་གི་འབྲས་བུ་རྣམས་སྐྱེ་བའི་སྔ་རོལ་ན་རྒྱུ་རྐྱེན་སོ་སོ་བ་དང་། འདུས་པ་དང་། དེ་ལས་གཞན་རྣམས་ལ་ཡོད་ན། དེ་དག་ལས་སྐྱེ་བར་འགྱུར་བ་ཞིག་ན་ཡོད་པའང་མ་ཡིན་ཏེ། སྣང་རུང་མ་དམིགས་པའི་ཕྱིར་དང་། སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ཏེ། བྱེ་མ་དག་ལས་འབྲུ་མར་བཞིན། །དཔེརཾ་ན་དངོས་པོ་རྣམས་གཞན་དུ་འགྱུར་བ་ལས་སྐྱེ་བ་མེད་པས། རང་བཞིན་གྱིས་མེད་པའི་སྟོང་པ་ཉིད་ཡིན་ནོ་ཞེས་བསྟན་པ་ལ། གཞན་དག་འོ་ན་རིགས་པ་དེ་ཉིད་ཀྱིས་དབུ་མ་པ་ཁྱོད་ཀྱིས་རང་བཞིན་འགོག་པའི་དམ་བཅའི་ཚིག་ཀྱང་གཞན་ལས་སྐྱེ་བ་མེད་པས་རང་བཞིན་མེད་པའི་སྟོང་པ་ཉིད་དུ་གྲུབ་པའི་ཕྱིར་གཞན་ཕྱོགས་དགག་པར་མི་ནུས་ལ། འོན་ཏེ་ཚིག་དེ་རང་བཞིན་དུ་ཡོད་ན་ཁྱོད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པའི་དམ་བཅའ་ཉམས་ཤིང་ཚིག་ཁོ་ན་རང་བཞིན་དུ་ཡོད་པའི་ཁྱད་པར་གྱི་རྒྱུ་མཚན་ཡང་བརྗོད་དགོས་ཞེས། གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིག་ཁྱད་པར་བརྗོད་པར་བྱོས། །ཞེས་པ་ལ་སོགས་པ་རྒོལ་བ་ལ་དེའི་ཚིག་རང་བཞིན་མེད་པས་སྔར་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་པ་དང་མི་འགལ་ཞིང་། དེ་ཉིད་ཀྱི་ས་ན་ཁྱད་པར་གྱི་རྒྱུ་མཚན་ཡང་བརྗོད་མི་དགོས་ལ། ཚིག་རང་བཞིན་མེད་པས་དེ་ཁོ་ནར་གཞན་ཕྱོགས་དགག་པར་མི་ནུས་མོད། དེ་ཁོ་ནར་དགག་བྱ་འགོག་བྱེད་མ་གྲུབ་པས་གཞན་ཕྱོགས་འགོག་པ་ཉིད་དུའང་ཁས་མི་ལེན་ལ། རང་བཞིན་མེད་ཀྱང་ཐ་སྙད་དུ་གཞན་ཕྱོགས་འགོག་པ་མི་འགལ་ཏེ། སྒྱུ་མའི་སྐྱེ་བུས་གཞན་ཕམ་པར་བྱེད་པའམ། རྨི་ལམ་དུ་རྨིས་པའི་ཆུས་མེ་གསོད་པ་སྣང་བ་བཞིན་ནོ། །ཞེས་སྟོན་པ། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་དང་། ཅི་ལྟར་སྤྲུལ་པས་སྤྲུལ་པ་དང་། །སྒྱུ་མའི་སྐྱེས་བུས་སྒྱུ་མ་ལ། །དགག་པ་བྱེད་པ་ཅི་འདྲ་བ། །དགག་པ་དེ་ཡང་དེ་འདྲར་འདོད། །ཅེས་གསུངས་པ་ཡིན་ནོ། །ཡང་འདུས་བྱས་བརྟག་པར་འདུས་བྱས་ཀྱི་མཚན་ཉིད་སྐྱེ་གནས་འཇིག་པ་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མིང་སྟེ། འདུས་བྱས་ནི་སྐྱེ་བ་དང་འཇིག་པ་དང་། གནས་པ་གཞན་དུ་འགྱུར་བ་ཡང་མངོན་ནོ། །ཞེས་གསུངས་པ་དང་འགལ་ལོ། །ཞེས་རྒོལ་བའི་ལན་དུ། སྟོང་ཉིད་བདུན་ཅུ་པ་གསུངས་ཏེ། དེ་དག་རང་བཞིན་མེད་ཀྱང་རྨི་ལམ་སྒྱུ་མ་ལྟར་ཐ་སྙད་པའི་ཤེས་པ་འཁྲུལ་བའི་དོན་སྐྱེ་གནས་འཇིག་པར་སྣང་བ་ཙམ་ལ་དགོངས་ནས་གསུངས་པ་ཡིན་གྱི། དེ་དག་རང་བཞིན་དུ་ཡོད་པར་གསུངས་པ་མ་ཡིན་པས་ཁོ་བོ་ཅག་གི་རང་བཞིན་དུ་ཡོད་པ་བཀག་པ་དང་མི་འགལ་ལོ། །ཞེས་སྟོན་པ། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུངས་ཀྱི་ཡང་དག་དབང་གིས་མིན། །ཞེས་གསུངས་སོ། །དེ་ལྟར་འདི་ནི་ཚིག་གསལ་ལས། རིགས་ཚོགས་ལྔ་བགྲངས་ཤིང་། རིགས་པ་དྲུག་ཅུ་པའི་འགྲེལ་པར། ཕྱི་མ་གཉིས་ལ་མཆོད་བརྗོད་མི་མཛད་པའི་རྒྱུ་མཚན་དུ། ཕྱི་མ་གཉིས་ཀྱི་འཕྲོས་ཚུལ་ཁོ་ནར་གསུངས་ནས་དེའི་མཇུག་ཏུ་རིགས་པ་དྲུག་ཅུ་པ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་བར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་མཛད་པའི་ཕྱིར། དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་གསུངས་པས་ཟླ་བའི་དགོངས་པ་བླ་ན་མེད་པའོ། །གཉིས་པ་བསྟོད་པའི་ཚོགས་ལ་གསུམ་ལས། གཞི་ལ་བསྟོད་པ་ལ། ཆོས་ཅན་གསལ་བ་ལ་བསྟོད་པ་ནི། སེམས་ཀྱི་རྡོ་རྗེའི་བསྟོད་པ་སྟེ། །གང་གི་སེམས་བྱུང་དྲྭ་བ་ནི། །སེམས་ཉིད་ཀྱིས་ནི་གསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་སེམས་ཉིད་འཁོར་འདས་ཀུན་གྱི་གཞིར་གྱུར་པ་ལ་བསྟོད་པའོ། །ཆོས་ཉིད་དབྱིངས་ལ་བསྟོད་པ་ནི། ཆོས་དབྱིངས་བསྟོད་པ་སྟེ། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་དྲི་མ་ལས་མ་གྲོལ་བའི་ཆོས་དབྱིངས་བསྟོད་པའི་ཡུལ་དུ་མི་རུང་ངམ་སྙམ་པའི་དོགས་པ་བསལ་ནས། ཐབས་ཀྱི་མ་ཟིན་ན་འཁོར་བའི་རྒྱུར་གྱུར་པའི་ཆོས་དབྱིངས་ལ་བསྟོད་པའོ། །ལམ་ལ་བསྟོད་པ་ལ་ཐབས་སྙིང་རྗེ་ཆེན་པོ་ལ་བསྟོད་པ་ནི། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ལུང་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་བཀའ་སྩལ་པ་དེ་ཉིད་ལོགས་སུ་བཀོལ་ནས་བསྟོད་ཚོགས་ཀྱི་ནང་དུ་བཞག་པའོ། །ཤེས་རབ་འཕགས་བཞིའི་ཡུམ་ལ་བསྟོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་སྟེ། འདི་ལ་རྔོག་ལོས་ཐ་སྙད་དེ་ཉིད་དང་། ནག་ཚོས་རྣམ་པར་མི་རྟོག་པའི་བསྟོད་པ་ཞེས་ཐ་སྙད་མཛད་དོ། །འབྲས་བུ་ལ་བསྟོད་པ་ལ་སྐུ་གསུམ་ཅར་ལ་སོ་སོར་བསྟོད་པ་སྐུ་གསུམ་ལ་བསྟོད་པ་དང་། སྐུ་གསུམ་སོ་སོར་མ་ཕྱེ་བར་ལྟ་བ་རང་གི་ངོ་བོ་དང་། དེ་སྟོན་པའི་སྒོ་ནས་བསྟོད་པ་ནི། དོན་དམ་པར་བསྟོད་པ། དཔེ་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ་རྣམས་སོ། །ཁ་ཅིག་མཆོད་རྟེན་བརྒྱད་ཀྱི་བསྟོད་པ་གཉིས་དང་། འཇམ་དཔལ་གྱི་བསྟོད་པ་གཉིས་རྣམས་ཀྱང་འདིར་བསྣན་པར་སྣང་ངོ་། །གསུམ་པ་གཏམ་ཚོགས་ནི། རྒྱལ་པོ་ལ་གཏམ་ཏུ་བྱ་བ་རིན་པོ་ཆེའི་ཕྲེང་བ་དང་། བཤེས་པའི་སྤྲིང་ཡིག་གཉིས་ཏེ། ཚིག་གསལ་ལས། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཅེས་འབྱུང་ངོ་། །གཉིས་པ་རྗེས་འཇུག་གིས་དེའི་དགོངས་པ་ཇི་ལྟར་བཀྲལ་བའི་ཚུལ་ནི། སློབ་དཔོན་འཕགས་པ་ལྷས། ལྟ་སྤྱོད་ཆ་མཉམ་དུ་སྟོན་པ་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་དང་། ལྟ་བ་གཙོ་བོར་སྟོན་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་དང་། རབ་ཏུ་བྱེད་པ་ལག་པའི་ཚད་ལ་སོགས་པ་མཛད། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་རྣམས་ཀྱི་གཙོ་བོ་ནི་རྩ་བ་ཤེས་རབ་ཡིན་ལ། དེ་ལ་རང་འགྲེལ་ག་ལས་འཇིགས་མེད་དང་། དེ་ཝ་ཤར་མ་དང་། གུ་ན་མ་ཏི་དང་། གུ་ན་ཤྲཱི་དང་། སྡྱི་ར་མ་ཏི་དང་། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པ་དང་བརྒྱད་ཡོད་ཅིང་། ག་ལས་འཇིགས་མེད་རང་འགྲེལ་དུ་རྒྱ་གར་བ་ཁ་ཅིག་དང་། བོད་སྔ་རབས་པ་རྣམས་ལ་གྲགས་པ་ལ། ཕྱི་མ་དག་རབ་བྱེད་ཉེར་བདུན་པའི་འགྲེལ་པ་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་ཤིན་ཏུ་འབྱུང་བ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར། འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས་པ་ནི་མེད་པར་སྣང་སྟེ། དེ་རང་འགྲེལ་ཡིན་ན་འགྲེལ་བྱེད་གཞན་རྣམས་ཀྱིས་འགྲེལ་པ་བྱེད་མི་རིགས་པའམ། ཡང་ན་འགྲེལ་བཤད་མཛད་པར་རིགས་པའི་ཕྱིར་དང་། རྟེན་འབྲེལ་གྱི་བཤད་པའི་སྐབས་སུ་འགྲེལ་པ་གཞན་རྣམས་དང་མི་མཐུན་པར་སྣང་བས། འགྲེལ་བྱེད་གཞན་རྣམས་ཀླུ་སྒྲུབ་ཉིད་ལ་རྒོལ་བར་ཐལ་བའི་ཕྱིར་རོ། །སློབ་དཔོན་ཟླ་བས། རང་རྒྱུད་པ་དག་གིས་རང་རྒྱུད་ཀྱི་ངག་སྦྱོར་བ་འགྲེལ་པའི་ལུགས་ཡིན་ཅེས་པའི་ལན་དུ་སློབ་དཔོན་གྱིས་རྩོད་པ་ཟློག་པའི་འགྲེལ་པ་མཛད་པ་ན་ཡང་། རང་རྒྱུད་ཀྱི་ངག་མ་གསུངས་པའི་ཕྱིར་ཞེས་གསུངས་པས་ཀྱང་ཤེས་ཏེ། གཞན་དུ་ན་རང་འགྲེལ་ལས་ཀྱང་མ་གསུངས་པའི་ཕྱིར་རོ། །ཞེས་གསུང་རིགས་པའི་ཕྱིར་རོ། །ཁ་ཅིག་འགྲེལ་པ་འདིར་དེ་ནི་དེ་དག་ཉིད་ལ་དོན་དམ་པར་བདེན་པ་ཉིད་ཡིན་པས་དོན་དམ་པའི་བདེན་པའོ་ཞེས་བཤད་པ་དེ། རང་ཉིད་ཆོས་དབྱིངས་བདེན་གྲུབ་ཏུ་འདོད་པའི་གྲུབ་མཐའ་ལ་ཕན་དུ་རེ་ནས། བཙུན་པ་འཕགས་པ་ལྷས་ཀྱང་ཞེས་ཞེས་མ་གསུངས་ཤིང་། དེའི་ཐད་དུ་སངས་རྒྱས་བསྐྱངས་ཀྱིས་སློབ་དཔོན་འཕགས་པ་ལྷས་ཀྱང་ཞེས་ཞེས་གསུངས་པས་རང་འགྲེལ་ཡིན་ནོ་ཞེས་སྨྲ་བ་ནི། གསུང་རབ་དང་འཇིག་རྟེན་གྱི་ཞེ་སའི་ཁྱད་པར་མ་ཕྱེད་པ་སྟེ། གསུང་རབ་ལས་སློབ་དཔོན་ལས་བཙུན་པ་ཞེ་ས་ཆེ་བའི་ཕྱིར་ཏེ། བཙུན་པ་བཅོམ་ལྡན་འདས་ཞེས་པ་ཞེ་ས་ཡིན་གྱི། སློབ་དཔོན་བཅོམ་ལྡན་འདས་ཞེས་བརྗོད་ན་ཞེ་སར་མི་འགྱུར་བའི་ཕྱིར་རོ། །དེས་ན་འགྲེལ་པ་འདིའི་རབ་བྱེད་ཀྱི་མཚམས་རྣམས་སུ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་དབུ་མ་རྩ་བའི་འགྲེལ་པ་ག་ལས་འཇིགས་མེད་ལས། ཞེས་པ་ཡོད་པས་འཁྲུལ་གཞི་བྱས་པར་སྣང་ཡང་། དེ་ནི་བྱེད་པ་པོ་བསྟན་བཅོས་རྩ་བ་ལ་སྦྱར་བའི་ཚིག་ཡིན་ཞིང་། ཀླུ་སྒྲུབ་མྱ་ངན་ལས་འདས་པའི་རྗེས་སུ་དཔལ་ལྡན་ཆོས་སྐྱོང་གིས་ཆེད་དུ་མཛད་པའི་བཞི་བརྒྱ་པའི་ལུང་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །རིགས་ཚོགས་གཞན་གསུམ་ལ་རང་འགྲེལ་ཡོད་པས་སློབ་དཔོན་ཟླ་བས་འགྲེལ་པ་མ་མཛད་ཅིང་། རྩ་ཤེར་དང་། རིགས་པ་དྲུག་ཅུ་པ་གཉིས་ལ་འགྲེལ་པ་མཛད་པ་འདིས་ཀྱང་ཤེས་པར་གྱིས་ཤིག སློབ་དཔོན་གྱི་དགོངས་པ་ཐལ་འགྱུར་དུ་འགྲེལ་པ་ལ་ཐོག་མར་སངས་རྒྱས་བསྐྱངས་ཀྱིས་འགྲེལ་པ་བུདྡྷ་པཱ་ལི་ཏས་མཛད། དེའི་རྗེས་སུ་སློབ་དཔོན་ཟླ་བས་ཚིག་གི་འགྲེལ་པ་ལེགས་ལྡན་འབྱེད་ཀྱིས་རྩོད་པ་སྤངས་ཏེ། སངས་རྒྱས་བསྐྱངས་ཀྱི་ལུགས་བསྒྲུབ་པ་ཚིག་གསལ་དང་། དོན་གྱི་འགྲེལ་པ་འཇུག་པ་རྩ་འགྲེལ་མཛད། དེའི་རྗེས་སུ་རིགས་པའི་ཁུ་བྱུག་ཆེ་ཆུང་གཉིས་ཀྱིས་གཞུང་མཛད་པ་མི་སྣང་ལ། དེའི་རྗེས་སུ་ཇོ་བོ་རྗེས་དབུ་མ་བདེན་གཉིས་ལ་སོགས་པ་འགའ་ཞིག་མཛད་དོ། །སློབ་དཔོན་གྱི་དགོངས་པ་རང་རྒྱུད་དུ་འགྲེལ་པ་ལ་ཐོག་མར་ལེགས་ལྡན་འབྱེད་ཀྱིས་ཚིག་གི་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད། འདི་ཉིད་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲངས་པར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །དོན་གྱི་འགྲེལ་པ་དབུ་མ་སྙིང་པོ། དེའི་འགྲེལ་པ་རྟོག་གེ་འབར་བ་མཛད་དོ། །དེའི་རྗེས་སུ་སློབ་དཔོན་དཔལ་སྦས་ཀྱིས་དེ་ཁོ་ན་ཉིད་ལ་འཇུག་པ་མཛད། དེའི་སློབ་མ་ཡེ་ཤེས་སྙིང་པོས། དབུ་མ་བདེན་གཉིས་རྩ་འགྲེལ་མཛད། དེའི་སློབ་མ་ཞི་བ་འཚོས་དབུ་མ་རྒྱན་རྩ་འགྲེལ་མཛད། དེའི་སློབ་མ་ཀ་མ་ལ་ཤཱི་ལས་རང་ཉིད་བསྒོམ་པའི་རྣམ་གཞག་སྒོམ་རིམ་ཐོག་མཐའ་བར་གསུམ། དེའི་རྒྱབ་བརྟེན་དུ་དབུ་མ་སྣང་བ་མཛད་དེ། འདི་གསུམ་རྒྱ་གར་ཤར་ཕྱོགས་ཀྱི་དབུ་མ་པ་ཡིན་པས་རང་རྒྱུད་ཤར་བ་གསུམ་དུ་གྲགས་སོ། །གསུམ་པ་དེ་ཉིད་ལ་བཤད་ཉན་གྱིས་འཇུག་པའི་ཚུལ་ལ་ལྔ་སྟེ། འཆད་པ་པོ་བླ་མའི་མཚན་ཉིད། དེས་ཇི་ལྟར་འཆད་པའི་ཚུལ། ཉན་པ་པོ་སློབ་མའི་མཚན་ཉིད། དེས་ཇི་ལྟར་ཉན་པའི་ཚུལ། འཆད་ཉན་གྱི་གནས་སྐབས་བསྟན་པའོ། །དང་པོ་ལ་འཆད་པ་པོ་རབ་ཏུ་གྱུར་པ་ནི། རྫོགས་པའི་སངས་རྒྱས་ཡིན་ཏེ། རྟེན་འབྲེལ་སྨྲ་བ་རྣམས་ཀྱི་དམ་པ་གཞན་དང་མཚུངས་པ་མེད་པའི་ཕྱིར། ཇི་སྐད་དུ། རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །འཆད་པ་པོ་འབྲིང་དུ་གྱུར་པ་ནི། ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་དུ་རྟོགས་ནས་གཞན་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་མགོན་པོ་ཀླུ་སྒྲུབ་ལྟ་བུ་སྟེ། འཇུག་པ་ལས། ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །ཞེས་དང་། དེའི་འགྲེལ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་བདག་ཉིད་ཇི་ལྟ་བ་ཉིད་ཇི་ལྟར་མཐོང་བ་དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱིས་ལུང་ཕྱིན་ཅི་མ་ལོག་པར་མཁྱེན་ནས། དབུ་མའི་བསྟན་བཅོས་ལས་རིགས་པ་དང་ལུང་དག་གིས་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་རང་བཞིན་མེད་པའི་མཚན་ཉིད་ཅན་ཆེས་གསལ་བར་བསྟན་ཏོ། །ཞེས་གསུངས་སོ། །འཆད་པ་པོ་ཐ་མ་ནི། སོ་སོ་སྐྱེ་བོའི་མཁས་པ་སྟེ། དེའི་མཚན་ཉིད་ནི། རིན་ཆེན་ཕྲེང་བར། དགེ་བའི་བཤེས་གཉེན་དེ་དག་གི །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོས་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་གིས་ནི་ཁྱོད་བསྟེན་ན། །ཁྱོད་ཀྱིས་མཁྱེན་གྱིས་གུས་པར་མཛོད། །ཅེས་མཚན་ཉིད་བཞི་ལྡན་དུ་གསུངས་ཤིང་། སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་མཚན་ཉིད་གཉིས་ལྡན་དུ་གསུངས་སོ། །གཉིས་པ་ལ་འཆད་པ་པོ་དང་པོས་འཆད་ཚུལ་ནི། འདུལ་བྱའི་བསམ་པ་དང་། དབང་པོ་དང་། བག་ལ་ཉལ་བ་དང་འཚམས་པར་རིམ་གྱིས་ཁྲིད་ནས་མཐར་ཐམས་ཅད་ཀྱང་སྟོང་ཉིད་ལ་སྦྱོར་བ་སྟེ། ལང་ཀར་གཤེགས་པའི་མདོ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །ཞེས་དང་། རྩ་བ་ལས། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། །འཆད་པ་པོ་གཉིས་པས་འཆད་ཚུལ་ནི། གཞན་གྱིས་བྱས་པའི་བསྟན་བཅོས་ལ་རག་མ་ལས་པར། རང་ཉིད་ཀྱིས་གནས་ལུགས་མངོན་སུམ་དུ་མཐོང་བས་བཀའི་དགོངས་པ་རང་དབང་དུ་འགྲེལ་བའི་སྒོ་ནས་སྟོན་པ་སྟེ། འདི་ལ་དགོངས་ནས་རྒྱུད་བླར། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་ལོངས། །ཞེས་གསུངས་པ་སྟེ། བྱམས་པའི་ཆོས་ལྔ་དང་། ཀླུ་སྒྲུབ་ཀྱི་རིགས་ཚོགས་ལ་སོགས་པ་ལྟ་བུའོ། །འཆད་པ་པོ་གསུམ་པས་འཆད་ཚུལ་ནི། ངེས་ཤེས་སྐྱེད་ཚུལ་གྱི་དབང་དུ་བྱས་ནས་འགལ་འབྲེལ་གྱི་རིགས་པ། ཡིད་ཆེས་པའི་ལུང་། བླ་མའི་མན་ངག་གསུམ་གྱི་སྒོ་ནས་འཆད། གདུལ་བྱ་ཐོས་བསམ་དང་སྒོམ་པ་ལ་དགའ་བའི་དབང་དུ་བྱས་ནས། མཚན་ཉིད་གཏན་འབེབས་དང་། སྒྲུབ་པ་ཉམས་ལེན་གྱི་ཚུལ་གྱིས་འཆད། གདུལ་བྱ་དབང་པོ་རྣོ་འབྲིང་རྟུལ་གསུམ་གྱི་དབང་དུ་བྱས་ནས་མདོར་བསྡུས་པ་དང་། བར་མ་དང་། རྒྱས་པར་འཆད་པའི་ཚུལ་གྱིས་འཆད། རང་ཉིད་འཇུག་པའི་དབང་དུ་བྱས་ནས་སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་གྱི་སྒོ་ནས་འཆད་པའོ། །གསུམ་པ་ལ་ཉན་པ་པོ་སྣོད་ཀྱི་སྐྱོན་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་གཉིས་ལས། དང་པོ་ནི་རྩ་བ་ལས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབ་པ་བཞིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་གསུངས་ཏེ། སྟོང་ཉིད་ལ་བག་ཆགས་མ་བཞག་པའམ། བག་ཆགས་བཞག་ཀྱང་ཚོགས་མ་བསགས་པའི་སྟོབས་ཀྱིས་སྟོང་ཉིད་བཤད་ཀྱང་དེའི་དོན་གཏན་མེད་པར་བཟུང་ནས་སྟོང་པ་ཉིད་ལ་མི་མོས་པ་སྐྱེས་ཏེ་ལོག་པར་ལྟ་བས་ཆོས་སྤོང་བ་དང་ཡང་ན་ཐ་སྙད་དུ་ཡང་ལས་འབྲས་སོགས་མེད་པ་ཡིན་སྙམ་དུ་ཕྱིན་ཅི་ལོག་ཏུ་གཟུང་བ་དང་། གཞན་ཡང་གསུང་རབ་སྤྱི་ལས་སྐྱོན་དུ་བཤད་པའི་སྣོད་ཁ་སྦུབ་ལྟ་བུ་དང་། ཞབས་རྡོལ་ལྟ་བུ་དང་། དུག་ཅན་ལྟ་བུ་རྣམས་སོ། །གཉིས་པ་ལ་མཚན་ཉིད་གཏན་འབེབས་ཀྱི་ཉན་པ་པོ་དང་། སྒྲུབ་པ་ཉམས་ལེན་གྱི་ཉན་པ་པོ་གཉིས་ལས། དང་པོ་ནི་བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་པ་ལྟར། ཆོས་དང་གང་ཟག་ལ་ཕྲག་དོག་དང་། ཁོང་ཁྲོས་དབེན་པའི་བློ་གཟུ་བོར་གནས་པ་དང་། བཤད་བྱའི་དོན་དེ་རྟོགས་པར་ནུས་པའི་ཤེས་རབ་དང་ལྡན་པ་དང་། དོན་དུ་གཉེར་བའི་བརྩོན་འགྲུས་དང་ལྡན་པ་སྟེ་མཚན་ཉིད་གསུམ་ལྡན་ནོ། །གཉིས་པ་ནི། རིན་ཆེན་ཕྲེང་བ་ལས། དེ་ཡི་སྒྲུབ་པ་མདོར་བསྡུ་ན། །མདོར་ན་དད་དང་ཤེས་རབ་བོ། །དད་ཅན་ཡིན་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །ཅེས་པ་ལྟར་འགྲོ་བ་བཞི་ཡིས་ཆོས་ལས་མི་འདའ་བའི་དད་པ་ལྡན་པ་དང་། བཤད་བྱའི་དོན་དེ་རྟོགས་པར་ནུས་པའི་ཤེས་རབ་སྟེ་མཚན་ཉིད་གཉིས་ལྡན་དུ་གསུངས་སོ། །དེ་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ཀྱི། གཉིས་ག་ལའང་གཉིས་ཀ་དགོས་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཉན་པ་པོ་དེ་དག་ཀྱང་གྲུབ་མཐས་བློ་མ་བསྒྱུར་བ་དང་བསྒྱུར་བ་གཉིས་སུ་འདུས་པ་ལས་དང་པོ་ནི། མདོ་སྡེ་ས་བཅུ་པར། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པའི་རིགས་མཚན་མ་ལས་ཤེས་ཚུལ་ནི། འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་རླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་འགྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་པ་ལྟར་རོ། །དེ་ལ་ནི་དང་པོ་ཉིད་ནས་མཚན་ཉིད་གཏན་འབེབས་དང་། སྒྲུབ་པ་ཉམས་ལེན་གྱི་ཚུལ་གྱིས་དོན་དམ་པའི་བདེན་པ་བསྟན་པར་བྱ་སྟེ། དེ་ལ་དེའི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང་བའི་ཕྱིར་རོ། །གཉིས་པ་གྲུབ་མཐས་བློ་ཁ་བསྒྱུར་བ་ལ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར། ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་རྣམས་འོག་མ་འོག་མའི་དོན་དམ་གྱི་འདོད་ཚུལ་ལ། གོང་མ་གོང་མས་གནོད་བྱེད་བརྗོད་ནས་གྲུབ་མཐའ་གོང་མ་ལ་སྦྱོར་བ་དང་། འཆད་པ་པོ་དབུ་མ་པ་ཁོ་ནས་རང་གཞན་གྱི་གྲུབ་མཐའ་སྨྲ་བའི་དངོས་སྨྲ་བ་རྣམས་ལ། གོང་མ་གོང་མའི་གནོད་བྱེད་བརྗོད་ནས་མཐར་དབུ་མའི་གྲུབ་མཐའ་ལ་སྦྱོར་བ་དང་། ཡང་དབུ་མ་པས་དེ་དག་ལ་རང་ལུགས་ཀྱི་གནོད་བྱེད་བརྗོད་པའི་སྒོ་ནས་མཐར་ཐུག་དབུ་མའི་གྲུབ་མཐའ་ལ་སྦྱོར་བ་གསུམ་ཡོད་པ་ལས། དང་པོ་ནི། རང་རང་གི་གཞུང་ན་གསལ། གཉིས་པ་ནི། དབུ་མའི་གཞུང་ལུགས་ཉིད་ལས། ཡོད་ན་མི་རྟག་པས་ཁྱབ་པའི་མདོ་སྡེ་པའི་གྲུབ་མཐས་འདུས་མ་བྱས་དངོས་པོར་ཡོད་པའི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་དགག དྲུག་གི་ཅིག་ཅར་སྦྱར་བའི་སེམས་ཙམ་པའི་རིགས་པས་མདོ་སྡེ་པ་རྡུལ་ཕྲན་བདེན་གྲུབ་ཏུ་འདོད་པ་དགག གཅིག་དུ་བྲལ་གྱི་རྟགས་ཀྱིས་སེམས་ཙམ་པ་སེམས་བདེན་གྲུབ་ཏུ་འདོད་པ་འགོག་པར་གསུངས་པ་ལྟ་བུའོ། །གསུམ་པ་ནི། གྲངས་ཅན་པ་བདག་སྐྱེ་ཁས་བླངས་པ་ལ་འགལ་བར་བརྗོད་པའི་ཐལ་འགྱུར་དང་། རང་སྡེ་དངོས་སྨྲ་བ་རྣམས་གཞན་སྐྱེ་ཁས་བླངས་པ་ལ་རྒྱུ་མཚན་མཚུངས་པའི་མགོ་སྙོམས་དང་། གཅེར་བུ་པ་གཉིས་ཀ་ལས་སྐྱེ་བ་ཁས་བླངས་པ་ལ། དེ་གཉིས་ཀའི་གནོད་བྱེད་དང་། རྒྱང་འཕན་པ་རྒྱུ་མེད་ལས་སྐྱེ་བ་ཁས་བླངས་པ་ལ། རྒྱུ་མཚན་མཚུངས་པའི་མགོ་སྙོམས་སོགས་བརྗོད་པའི་སྒོ་ནས་སྐྱེ་མེད་རྟོགས་པ་ལ་འགོད་པ་ལྟ་བུའོ། །མདོར་ན་གྲུབ་མཐའ་སྨྲ་བའི་དངོས་སྨྲ་བ་ཐམས་ཅད་དགག་སྒྲུབ་ཀྱི་སྒོ་ནས་དབུ་མའི་དེ་ཁོ་ན་ཉིད་ཉན་པོར་རུང་བར་ཤེས་པར་བྱའོ། །ཉན་པ་པོའི་རྣམ་གཞག་ཚུལ་འདི་ལྟ་བུ་མ་ཤེས་ན། གཞུང་ལས། ཉན་པ་པོ་ཐེག་ཆེན་གྱི་རིགས་སད་པ་དགོས་པར་གསུངས་པ་དང་། དགག་སྒྲུབ་ཐམས་ཅད་གྲུབ་མཐའ་ལ་ཞུགས་པ་ཁོ་ན་ལ་བྱེད་པ་དང་། གྲུབ་མཐས་བློ་མ་བསྒྱུར་བའི་དབུ་མའི་ལྟ་བ་ཉན་པར་འདོད་པ་དུ་མ་ཡོད་པ་འདི་དག་ཅི་ལྟ་བུ་ཞིག་ཡིན་སྙམ་དུ་འགྲོན་པོ་ཕྱོགས་སླད་པ་ལྟ་བུར་གྱུར་པ་དག་མཐོང་ནས་དེ་དག་ལ་བརྩེ་བའི་སྒོ་ནས་བཤད་པའོ། །བཞི་པ་ལ་སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་ལས་དང་པོ་ལ། འདུ་ཤེས་ནི་རང་ཉིད་ལ་ནད་པའི་འདུ་ཤེས། འཆད་པ་པོ་ལ་སྨན་པའི་འདུ་ཤེས། ཆོས་ལ་སྨན་གྱི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ལ་ནད་གསོ་བའི་འདུ་ཤེས་དང་། ཀུན་སློང་ནི། ཐེག་ཆེན་སེམས་བསྐྱེད་ཀྱི་ཀུན་ནས་སློང་བར་བྱའོ། །གཉིས་པ་ནི། སྣོད་ཁ་སྦུབ་ལྟ་བུ་རྣ་བར་མི་གཏོད་པ་དང་། སྣོད་ཞབས་རྡོལ་ལྟ་བུ་རྣ་བར་གཏད་ཀྱང་དྲན་ཤེས་བཞིན་གྱིས་མི་སྐྱོང་བ་དང་། སྣོད་དུག་ཅན་ལྟ་བུ་དྲན་ཤེས་བཞིན་གྱིས་བསྐྱངས་ཀྱང་ཆགས་སྡང་དང་ཟང་ཟིང་གིས་གཡེངས་ནས་ཐར་པའི་རྒྱུར་མི་འགྱུར་བ་དག་སྤངས་ནས་ཚུལ་བཞིན་དུ་རྟག་པར་དྲན་ཤེས་བཞིན་གྱིས་བསྐྱངས་ནས་ཐར་པའི་རྒྱུར་འགྱུར་བར་བྱའོ། །གསུམ་པ་ནི། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའོ། །ལྔ་པ་ནི། དགེ་བའི་བཤེས་གཉེན་གཙང་ནག་པས་འདི་ལྟར་བཤད་དེ། དེ་ལ་རེ་ཞིག་ཆོས་ཁྱད་པར་དུ་འཕགས་པ་དེ་སྟོན་པའི་གང་ཟག་ནི་འདིའི་དོན་ཇི་ལྟ་བར་མི་ཤེས་པ་དང་། སྤོབས་པ་ཞན་པ་དང་ཟང་ཟིང་གཉེར་བ་དག་གིས་གྱ་ཚོམ་དུ་མི་བྱ་སྟེ། གཞན་ལ་མི་ཕན་ཞིང་རང་ཉིད་རྨོངས་པས་ཆོས་ལས་འདའ་བ་དང་། གཞན་གྱིས་བརྩད་ན་སྤོབས་པ་གཏུགས་པས་ཡིད་འབྱུང་། ཆོས་ཟབ་མོ་བཙོངས་པའི་སྡིག་ལྕི་བས་གོས་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་ནའང་མདོ་སྡེ་དེ་དང་དེ་ལས་ཆོས་ལོག་པ་དང་ཟང་ཟིང་གི་ཕྱིར་སྟོན་པའི་ཉེས་པ་མི་ཟད་པ་གསུངས་པ་ཡིན་ནོ། །འོན་ཀྱང་ཆོས་འདི་སྟོན་པའི་དགེ་བའི་བཤེས་གཉེན་ནི་ཇི་སྐད་བརྗོད་པའི་སྒྲུབ་བྱེད་ཀྱིས་འདིའི་དོན་ཇི་ལྟ་བར་རྟོགས་པས་ཤེས་བྱའི་ཆོས་དང་སངས་རྒྱས་ཀྱི་གསུང་ཐམས་ཅད་སྟོང་པ་ཉིད་ལ་འབབ་པར་ཤེས་པ་དང་། དམིགས་པ་མེད་པའི་བྱང་ཆུབ་སེམས་ཀྱི་སྤྱོད་པ་དང་ཐབས་ལ་མཁས་པའི་བརྩོན་འགྲུས་ཀྱིས་གདུལ་བྱ་ཐེག་པ་ཆེན་པོ་ལ་སྦྱོར་བར་བྱེད་པ་སྟེ། ཇི་སྐད་དུ། རྒྱལ་བའི་ཡུམ་ལས། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི་དེ་མི་དམིགས་པའི་ཚུལ་གྱིས་ཆོས་སྟོན་ཅིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོར་འཇུག་པ་ཞེས་འབྱུང་བ་ཡིན་ནོ། །ཆོས་བསྟན་པའི་ཡུལ་ཡང་སུ་ཡང་རུང་བ་ལ་མ་ཡིན་ཏེ། རིགས་གཞན་དང་ཐེག་པ་ཆེན་པོ་ལ་གསར་དུ་ཞུགས་པ་དག་གིས་ཐོས་ན་སྐྲག་ཅིང་མ་དད་པས་གཞན་ཕུང་བ་དང་། བརྙས་ཤིང་དོན་དུ་མ་གྱུར་པས་ཆུད་ཟོས་པ་དང་། བྱ་བ་མ་ཡིན་པ་བྱས་པ་ཉིད་ཀྱིས་བདག་ཉིད་ལ་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཡོངས་སུ་མ་སྦྱངས་པ་རྣམས་ཀྱི་མདུན་དུ་བསྟན་པར་མི་བྱའོ། །ཞེས་པ་དང་། བསྟན་ན་རྩ་བའི་ལྟུང་ཉིད་དང་། བདུད་རྩི་དུག་ཏུ་འགྱུར་བ་དང་། སེང་གེའི་འོ་མ་ཁམས་སའི་སྣོད་དུ་བླུགས་པ་ལྟར་འགྱུར་བ་ལ་སོགས་པའི་ཉེས་པ་དུ་མར་གསུངས་པ་ཡིན་ནོ། །མདོ་འགའ་ལས་མ་དད་པ་རྣམས་ཀྱི་རྣ་བར་ཡང་བསྒྲག་པར་གསུངས་པ་ནི་དེའི་ཉེས་པ་ལྕི་བ་ལས་སྐྱོབ་པའི་ཐབས་དེ་ཉིད་དུ་གཟིགས་པ་ཡིན་གྱིས་ཐམས་ཅད་དུ་ནི་མ་ཡིན་ཏེ། སྤྱིར་བཀག་པའི་ཕྱིར་རོ། །འོན་ཀྱང་ཐེག་པ་ཆེན་པོའི་རིགས་ཅན་རྗེས་སུ་མཐུན་པའི་དགེ་ཚོགས་ཀྱིས་རྒྱུད་སྦྱངས་པ་སྔོན་དུ་སོང་བས་འདི་ཐོས་ན་དད་པའི་རྣམ་འགྱུར་ལ་སོགས་པ་འབྲས་བུའི་རྟགས་དང་ལྡན་པའམ། བདག་ཉིད་ཀྱིས་སྨིན་པར་བྱ་བའི་རིམ་པ་ཤེས་པར་བྱ་བ་ཉིད་དུ་ལུང་དག་ལས་བཤད་དོ། །དེས་དེ་ལ་བསྟན་པའི་གནས་སྐབས་ནི་འཆད་པོ་དང་ཉན་པོ་དག་ཆོས་འདིར་སྤྲོ་ཞིང་མཐུན་པས་བསམ་པ་དགེ་བ་དང་། ཟས་སྐོམ་ལ་སོགས་པ་མཐུན་རྐྱེན་ཚོགས་པ་དང་། གེགས་མེད་པ་སྟེ་དེས་ཆོས་ཟབ་མོ་ལ་བརྟེན་པའི་སྒྲིབ་པ་དང་། བདུད་ཀྱི་ལས་ཇི་ལྟར་འབྱུང་བ་རྣམས་ཤེས་པར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་ལ་གསོལ་བ་བཏབ་ཅིང་བརྩོན་འགྲུས་བསྐྱེད་པས་ཇི་ལྟར་བྱས་ན་དེ་དག་མི་འབྱུང་ཞིང་དོན་ཆེ་བར་འགྱུར་བའི་བསམ་པ་དང་། སྦྱོར་བས་བསྟན་པར་བྱའོ། །ཞེས་གསུངས་སོ། །དེ་དག་གིས་ནི་བཤད་པ་ལ་འཇུག་པའི་ཡན་ལག་བཤད་ཟིན་ཏོ། །གཉིས་པ་བཤད་བྱའི་ཆོས་ཀྱི་ཆེ་བ་བརྗོད་པ་ལ་གསུམ་སྟེ། དབུ་མའི་ཆེ་བ་སྤྱིར་བརྗོད། གཞི་དབུ་མ་བྱེ་བྲག་ཏུ་བསྔགས། དཔེའི་སྒོ་ནས་གསུམ་ཆར་བསྔགས་པའོ། །དང་པོ་ནི། ཐེག་པ་ཆེན་པོའི་དབུ་མ་ནི། རང་བཞིན་དང་། སྒྲུབ་བྱེད་དང་། དགོས་པའི་ཁྱད་པར་གསུམ་གྱིས་ཆོས་གཞན་ལས་མཆོག་ཏུ་གྱུར་པ་ཡིན་ཏེ། དེ་ལ་རང་བཞིན་ཕུན་སུམ་ཚོགས་པ་ནི་སངས་རྒྱས་རྣམས་ཀྱིས་བརྡར་བཏགས་པའི་དབུ་མ་ཞེས་པའི་མཚན་གྱི་དོན། མཐའ་དང་བྲལ་བ་དང་། མཐར་ཐུག་པ་དང་། རྗེས་སུ་འབྲེལ་བའི་ཡོན་ཏན་གསུམ་ལས། དང་པོ་མཐའ་དང་བྲལ་བ་འཇུག་པའི་ཡུལ་ཡང་གསུམ་སྟེ། གཞི་དབུ་མར་བརྗོད་པས་བདེན་པ་གཉིས་པོ་དག་ཕན་ཚུན་དང་སོ་སོ་ལ་ལྟོས་ནས་ཡོད་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བ་དང་། ལམ་དབུ་མར་བརྗོད་པས་ཐབས་ཤེས་རབ་གཉིས་པོ་དེ་སྒྲོ་འདོགས་དང་སྐུར་བའི་མཐའ་དང་བྲལ་བ་དང་། འབྲས་བུ་དབུ་མར་བརྗོད་པས་མི་གནས་པའི་མྱ་ངན་ལས་འདས་པ་ནི། སྲིད་པ་དང་ཞི་བའི་མཐའ་གཉིས་དང་བྲལ་བའི་ཕྱིར་རོ། །མཐར་ཐུག་པ་འཇུག་པའི་ཡུལ་ཡང་གསུམ་ལས། བདེན་པ་གཉིས་པོ་ནི་གཞིའི་མཐར་ཐུག་ཡིན་ཏེ། ཤེས་བྱའི་ལུས་ཐམས་ཅད་ལ་ཁྱབ་པའི་ཆོས་ཅན་དང་ཆོས་ཉིད་ཡིན་པས་དངོས་པོའི་ལུས་ཉིད་དང་། རྟོགས་པས་སྒྲོ་སྐུར་གྱི་མཐའ་ཟད་པར་སྤོང་བས་ཤེས་བྱའི་གནས་ཉིད་དང་། དེ་ལ་འཁྲུལ་མ་འཁྲུལ་གྱིས་ཉོན་མོངས་དང་རྣམ་བྱང་དུ་འགྱུར་བས་ངེས་ལེགས་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །ཐབས་ཤེས་རབ་གཉིས་ནི་ལམ་གྱི་མཐར་ཐུག་པ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཤུལ་ཡིན་པ་དང་། ཇི་སྐད་འཆད་པའི་འབྲས་བུ་འགྲུབ་པ་ལ་དགོས་ཤིང་ཚང་བས་ངེས་པའི་རྒྱུ་ཡིན་པ་དང་། མ་མཐོང་བའི་གཡང་ས་མེད་ཅིང་ཉམས་སུ་འབབ་པས་འཇུག་པ་བདེ་བའི་སྒོ་ཡིན་པའི་ཕྱིར་རོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་འབྲས་བུ་རྣམས་ཀྱི་མཐར་ཐུག་པ་ཡིན་ཏེ། བདག་གི་དོན་གྲུབ་པ་དང་། གཞན་གྱི་དོན་བྱེད་པས་སྐྱེས་བུ་ཆེན་པོ་རྣམས་ཀྱི་གཉེར་བྱའི་དོན་ཚང་བ་དང་། སྤངས་རྟོགས་ཡོངས་སུ་རྫོགས་པས་དེ་ལས་ལྷག་པའི་དོན་མེད་པ་དང་། འདས་པའི་ལམ་གྱིས་ཐོབ་པས་སླར་ལྡོག་པ་མེད་པར་སོན་པའི་ཕྱིར་རོ། །གསུམ་པ་དེ་དག་རྗེས་སུ་འབྲེལ་བ་ནི། གཞི་ལམ་འབྲས་བུ་གསུམ་པོ་དེ་དག་ཕན་ཚུན་ངེས་པས་འབྲེལ་བ་དང་། དགོས་པ་ཚང་བས་འཚམ་པ་དང་། ལག་རྗེས་མ་འཁྲུལ་བས་མཐུན་པའི་ཕྱིར་རོ། །གཉིས་པ་སྒྲུབ་བྱེད་ཕུན་སུམ་ཚོགས་པ་ནི། རང་བཞིན་ཕུན་སུམ་ཚོགས་པའི་དོན་ངེས་པར་མི་ནུས་སོ་སྙམ་ན་དེ་དག་ངེས་པར་བྱ་བ་ལ་དངོས་པོའི་རིགས་པ་དང་། ཡིད་ཆེས་པའི་ལུང་དང་། བླ་མའི་མན་ངག་གསུམ་ཡོད་པས་ངེས་པར་ནུས་ཏེ། རིགས་པས་ནི་ཆོས་ཀྱི་རྗེས་སུ་འབྲང་བ་དག་ངེས་པར་བྱེད། ལུང་གིས་ནི་དད་པའི་རྗེས་སུ་འབྲང་བ་དག་དད་པར་བྱེད། མན་ངག་གིས་དེ་གཉིས་ཀས་དོན་བདེ་བླག་ཏུ་རྟོགས་པར་བྱེད། ཡང་རིགས་པས་ནི་དབུ་མའི་གཞི་དང་ལྟ་བ་ངེས་པར་བྱེད། ལུང་གིས་འབྲས་བུ་དང་སྤོང་བ་ངེས་པར་བྱེད། མན་ངག་གིས་ལམ་གྱི་ཉམས་ལེན་ངེས་པར་བྱེད་པས་གཞུང་གཞན་ལས་ཁྱད་པར་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་དགོས་པ་ཕུན་སུམ་ཚོགས་པ་ལ་དགོས་པའི་ངོ་བོ་དང་། དེ་རྙེད་པར་དཀའ་བ་དང་། དེ་བསྒྲུབ་པར་ནུས་པ་གསུམ་ལས། དང་པོ་ནི། དོན་དེ་དག་སྒྲུབ་བྱེད་དེ་དག་གིས་འགྲུབ་པར་གཞུང་དབུ་མས་བསྟན་པ་ལས་ཐོབ་པའི་ཕན་ཡོན་ཏེ། དེའང་གསུམ་ལས། རེ་ཞིག་འདི་ཐོས་པ་ཙམ་གྱིས་ཐོབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཐོས་ནས་སྔང་བ་དང་ཉེས་པས་སྨྲ་བ་ལ་སོགས་པ་ཉེས་པར་སྤྱད་པས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཡོངས་སུ་འཛིན་པ་དང་། དད་པ་དང་མཆོད་པ་དང་། འདོན་པ་ལ་སོགས་ལེགས་པར་སྤྱད་པའི་བསོད་ནམས་གཞན་པས་ཆེ་བ་དང་། དོན་ལ་ཐེ་ཚོམ་ཞུགས་པས་ཀྱང་འཁོར་བའི་རྒྱུ་ལ་གནོད་ཅིང་ལམ་དུ་ཆུད་པས་གཞན་ལ་ཡུན་རིང་སྤྱད་པ་བས་དོན་ཆེ་བའི་ཕྱིར་རོ། །འདིའི་རང་བཞིན་རྟོགས་པས་ཐོབ་པའི་ཕན་ཡོན་ནི་ཇི་སྐད་བརྗོད་པའི་སྒྲུབ་བྱེད་དག་གིས་དབུ་མ་གསུམ་གྱི་རང་བཞིན་ཇི་ལྟ་བར་རྟོགས་ན་དངོས་པོ་ཐམས་ཅད་ཀྱི་ལུགས་དང་སངས་རྒྱས་ཐམས་ཅད་ཀྱི་ལམ་དང་བསྟན་པ་ཐམས་ཅད་ཀྱི་དོན་ཤེས་པས་རང་གིས་ཡང་དག་པའི་དོན་རྟོགས་པ་དང་། གཉེན་པོ་ཐོབ་པ་དང་། སྨྲ་བ་རྣམས་ཀྱི་མཆོག་ཏུ་གྱུར་པའང་ཡིན་ཏེ། གནས་གསུམ་ལ་གཞན་གྱི་ཀླན་ཀ་བདེ་བླག་ཏུ་སྤོང་བ་དང་། མཐའ་གཉིས་ལ་ཞེན་པ་རྣམས་བརྩེ་བས་ཚར་བཅད་པ་དང་རྗེས་སུ་འཛིན་པའི་སྒོ་ནས་གཞུང་ལུགས་ངན་པ་འཇིགས་པར་བྱེད་པའོ། །འདི་ལ་ལེགས་པར་ཞུགས་པས་ཐོབ་པ་ནི་ལམ་ཉིད་ཀྱི་དུས་ནའང་རྒྱུའི་མཐུས་སེམས་ཅན་སྨིན་པ་དང་སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་དམ་པའི་ཆོས་འཛིན་པ་ལ་སོགས་པ་ཡོན་ཏན་རྒྱ་ཆེན་པོ་ལ་སྤྱོད་པའོ། །དགོས་པ་དེ་རྙེད་དཀའ་བ་ནི། དེ་ལྟ་བུའི་སྟོན་པ་འབྱུང་བ་དཀོན་པ་དང་། བསྟན་པ་འཇིག་རྟེན་པའི་བློ་དང་མི་འཕྲོད་པ་དང་། ཆོས་འདི་ལ་མོས་པ་ཙམ་ཡང་དག་པའི་ཚོགས་མང་པོ་ལ་ལྟོས་པའི་ཕྱིར། ཡིད་བཞིན་གྱི་ནོར་བུ་ལྟར་དཀོན་པ་ཡིན་ཏེ། དེ་ཉིད་ཀྱིས་ན་སྐྱེ་བོ་མཁས་པ་རྣམས་ཀྱིས་ཀྱང་ཆོས་འདིའི་དོན་ལ་བློ་མ་ཕྱོགས་ཞིང་འདིར་སྤྱོད་པ་ལ་ཞུགས་པ་དག་གིས་ཀྱང་འདི་ཇི་ལྟ་བ་མ་རྟོགས་པར་སྣང་བས་གཞུང་གི་ཁྱད་པར་འདི་ཟློས་པའང་མ་ཡིན་ནོ། །གསུམ་པ་བསྒྲུབ་པར་ནུས་པ་ནི། དེ་ལྟ་ན་ཡང་དགོས་པ་དེ་འཇོག་པོའི་གཙུག་རྒྱན་གྱི་ནོར་བུ་ལྟར་བསྒྲུབ་པར་མི་ནུས་པ་དག་མ་ཡིན་ཏེ། དེང་སང་སྐལ་བ་དང་ལྡན་པའི་སྐྱེ་བོ་ཡོད་ཅིང་གཞུང་འདིས་གསལ་བར་འཆད་པའི་ཕྱིར་རོ། །གཉིས་པ་གཞི་དབུ་མ་བྱེ་བྲག་ཏུ་བསྔགས་པ་ནི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱ་ཡིན་པ་དང་། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཡིན་པ་དང་། དེ་རྟོགས་པ་ཕན་བདེ་ཐམས་ཅད་ཀྱི་གནས་ཡིན་པ་དང་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི། གཞི་དབུ་མ་བདེན་པ་གཉིས་པོ་ནི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱ་ཡིན་ཏེ། གསུང་རབ་ཐམས་ཅད་ནི་ངེས་དོན་གྱིས་གསུང་རབ་དང་དྲང་དོན་གྱི་གསུང་རབ་གཉིས་སུ་འདུས་ཤིང་། ངེས་དོན་གྱི་གསུང་རབ་ནི་བརྗོད་བྱ་དོན་དམ་པའི་བདེན་པ་སྟོན་པ་དང་། དྲང་དོན་གྱི་གསུང་རབ་ནི་བརྗོད་བྱ་ཀུན་རྫོབ་ཀྱི་བདེན་པ་སྟོན་པའི་ཕྱིར་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་སོ། །དེ་ལ་བརྗོད་བྱ་བདེན་གཉིས་ཤེས་མི་ཤེས་ཀྱིས་གསུང་རབ་ལ་མི་རྨོངས་པ་དང་རྨོངས་པར་འགྱུར་བ་ཡིན་ཏེ། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག །ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར། །ཞེས་པ་དང་། རྩ་བ་ལས། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཤེས་བྱའི་ཆོས་རྣམས་ཐམས་ཅད་དཔྱད་ན་བདེན་བརྫུན་གང་དུ་ཡང་མ་གྲུབ་པའི་སྟོང་ཉིད་ཡིན་ཞིང་། མ་དཔྱད་ཐ་སྙད་དུ་བརྫུན་སྣང་རྟེན་འབྱུང་ཡིན་པ་དེ་སུས་ཀྱང་གཞན་དུ་བཟློག་པར་མི་ནུས་པ་ཡིན་པས་ན། བདེན་གཉིས་ཟུང་དུ་འཇུག་པ་ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཡིན་ཏེ། ཡུམ་བར་མ་ལས། མཚན་ཉིད་འདི་དག་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱིས་དཀྲུག་པར་མི་ནུས་སོ། །ཞེས་གསུངས་སོ། །གསུམ་པ་ནི། བདེན་པ་གཉིས་ཀྱི་དོན་ལེགས་པར་རྟོགས་པ་ནི། སྤྱིར་འཕགས་པ་གསུམ་གྱི་ཕན་བདེ་བསྐྲུན་པའི་ཡུམ་ཡིན་ཞིང་། བྱེ་བྲག་ཏུ་དུས་གསུམ་གྱི་སངས་རྒྱས་ཀྱི་ཡུམ་ཡིན་ཏེ། ཤེར་ཕྱིན་གྱི་བསྟོད་པ་ལས། སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་མ། །ཁྱོད་ཉིད་གཅིག་པུ་ཐར་པའི་ལམ། །དེ་ལྟར་གཞན་དག་མེད་པར་ངེས། །ཞེས་དང་། གང་སླད་སངས་རྒྱས་འཇིག་རྟེན་གཙོ། །ཐུགས་རྗེ་ཅན་རྣམས་ཁྱོད་ཀྱི་སྲས། །དེ་ཡི་སླད་དུ་དགེ་མ་ཁྱོད། །སེམས་ཅན་ཀུན་གྱི་ཕྱི་མོ་ལགས། །ཞེས་གསུངས་སོ། །གསུམ་པ་གསུམ་ཆར་དཔེའི་སྒོ་ནས་བསྔགས་པ་ནི། གཞི་དབུ་མ་ནམ་མཁའ་དང་ཆོས་མཚུངས་པ། ལམ་དབུ་མ་ཤིང་རྟ་དང་ཆོས་མཚུངས་པ། འབྲས་བུ་དབུ་མ་ཡིད་བཞིན་གྱི་ནོར་བུ་དང་ཆོས་མཚུངས་པ་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་ནི། དཔེར་ན་ནམ་མཁའ་ནི་ཁྱབ་ཅིང་རང་བཞིན་མེད་ལ་གོ་འབྱེད་པ་ལྟར། གཞི་དབུ་མ་བདེན་གཉིས་ཀྱང་ཆོས་ཐམས་ཅད་ལ་ཁྱབ་ཅིང་། ཀུན་རྫོབ་སྣང་བ་ལ་བདེན་པའི་རང་བཞིན་མེད། དོན་དམ་སྣང་མེད་ལ་བདེན་བརྫུན་གཉིས་ཀའི་རང་བཞིན་མེད་ཅིང་། བདེན་གཉིས་མ་རིག་པས་འཁོར་བར་གོ་སྐབས་འབྱེད་ལ། བདེན་གཉིས་རིག་པའི་ཡུམ་གྱིས་ཞི་བ་ལམ་ལྔར་འཇུག་པ་ཡིན་ཏེ། དེ་གཉིས་ཀ་ལ་དགོངས་ནས་རིམ་པ་ལྟར་འཕགས་པ་སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་པ་དང་། ཡེ་ཤེས་ཚུལ་སྒོ་ཐབས་དང་རྩ་བ་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། ཤིང་རྟ་བརྟན། བདེ། མགྱོགས་པ་ལྟར། ལམ་ཚོགས་གཉིས་ཀྱང་སྲིད་ཞི་མི་ལྟུང་བས་བརྟན་ཞིང་། སྡུག་བསྔལ་དང་གནོད་པ་མེད་པས་བདེ་ལ། མྱུར་དུ་སངས་རྒྱ་བས་མགྱོགས་པ་ཡིན་ཏེ། དེ་དག་ལ་དགོངས་ནས་རིམ་པ་ལྟར། འཕགས་པ་སྡུད་པ་ལས། ཁམས་གསུམ་ཡང་དག་འདས་ལ་རྣམ་པར་གྲོལ་བའང་མིན། །ཞེས་པ་དང་། སྤྱོད་འཇུག་ལས། སྡིག་པ་སྤོང་ཕྱིར་སྡུག་བསྔལ་མེད། །མཁས་པའི་ཕྱིར་ན་མི་དགའ་མེད། །ཅེས་པ་དང་། འཕགས་པ་སྡུད་པ་ལས། ཟིལ་གྱིས་མི་གནོན་རྒྱལ་བའི་བྱང་ཆུབ་མྱུར་དུ་ཐོབ། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དཀོན་ལ་ཕན་འདོགས་ཆེ། རྣམ་རྟོག་མེད་པ་ལྟར། འབྲས་བུ་དབུ་མ་དོན་གཉིས་ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་དུ་བྱོན་པ་ཤིན་ཏུ་དཀོན། བྱོན་ན་ཀུན་ལ་ཆེས་ཆེར་ཕན་ལ། རྣམ་རྟོག་ཡང་མི་མངའ་བ་སྟེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །ཅེས་པ་དང་། ཐེག་བསྡུས་ལས། ཇི་ལྟར་ནོར་བུ་སིལ་སྙན་དག །རྟོག་པ་མེད་པར་རང་ལས་འབྱུང་། །དེ་བཞིན་སངས་རྒྱས་ཕྲིན་ལས་དག །རྟོག་པ་མེད་པར་རང་ལས་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་བཤད་བྱ་དང་འཆད་བྱེད་ཀྱི་རབ་དུ་དབྱེ་བ་ལ་གཉིས་ཏེ། བཤད་བྱ་དབུ་མའི་རབ་ཏུ་དབྱེ་བ་དང་། འཆད་བྱེད་དབུ་མ་པའི་རབ་ཏུ་དབྱེ་བའོ། །དང་པོ་ལ་གང་ལ་དབྱེ་བའི་གཞི། གང་དབྱེ་བའི་ངོ་བོ་གཉིས་ལས། དང་པོ་ནི། སྤྱིར་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་པོ་རང་རང་གི་གྲུབ་མཐའ་དེ་རྟག་ཆད་སྤངས་པའི་དབུ་མར་འདོད་ཅིང་། དེ་ལ་བརྟེན་ནས་བྱང་ཆུབ་གསུམ་ཐོབ་པར་འདོད་པར་མཚུངས་པས། དངོས་པོར་སྨྲ་བ་རྣམས་ནི་དབུ་མ་ལ་དབུ་མ་ཞེས་མི་བརྗོད་པ། ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་བརྗོད་དོ། །དེ་ལ་དངོས་པོར་སྨྲ་བས་རྟག་ཆད་སྤོང་ཚུལ་ལ། ལས་འབྲས་ལ་རྟག་ཆད་སྤོང་ཚུལ་དང་། ཤེས་བྱ་སྤྱི་ལ་རྟག་ཆད་སྤོང་ཚུལ་གཉིས་ལས། དང་པོ་ནི། འོག་ཀུན་རྫོབ་བདེན་པའི་སྐབས་སུ་འཆད། ཕྱི་མ་ལ་བྱེ་བྲག་ཏུ་སྨྲས་བས། ཤེས་བྱ་གཞི་ལྔས་བསྡུས་པའི་དོན་དམ་བདེན་པ་བདེན་པར་གྲུབ་པས་ཆད་པའི་མཐའ་ལས་གྲོལ། ཕུང་པོ་ལྔ་ལ་བཏགས་པའི་གང་ཟག་དང་། རགས་པ་དང་རྒྱུན་ལ་གཞག་པའི་ཆོས་ཀྱིས་བསྡུས་པའི་ཀུན་རྫོབ་བདེན་པ་བདེན་པར་མེད་པས། རྟག་པའི་མཐའ་ལས་གྲོལ་ཞེས་འདོད་དོ། །མདོ་སྡེ་པས་ནི་ཤེས་བྱ་གཞི་ལྔའི་ནང་ནས་སྣང་བ་གཟུགས། གཙོ་བོ་སེམས། འཁོར་སེམས་བྱུང་གི་གཞི་གསུམ་དོན་དམ་པར་གྲུབ་པས་ཆད་པའི་མཐའ་ལས་གྲོལ། ལྡན་པ་མ་ཡིན་པའི་འདུ་བྱེད་དང་། འདུས་མ་བྱས་ཀྱི་གཞི་གཉིས་དང་། སྔར་བཤད་པའི་གང་ཟག་དང་ཆོས་བདེན་པར་མེད་པས་རྟག་པའི་མཐའ་ལས་གྲོལ་བར་འདོད་དོ། །སེམས་ཙམ་པས་ནི་ཆོས་ཉིད་ཡོངས་གྲུབ་དང་། དེའི་གཞི་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཆད་པའི་མཐའ་ལས་གྲོལ། གཞན་དབང་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཀྱི་བདག་དང་། ཕུང་པོ་ལ་བཏགས་པའི་གང་ཟག་བདེན་པར་མེད་པས་རྟག་པའི་མཐའ་ལས་གྲོལ་བར་འདོད་དོ། །དབུ་མ་པས་དེ་ལྟར་དངོས་པོར་སྨྲ་བ་རྣམས་ཀྱིས་རྟག་ཆད་ཇི་ཙམ་སྤངས་ཀྱང་རྟག་ཆད་ཀྱི་མཐར་གཟུང་བ་ལས་མ་འདས་ཏེ། དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པས་རྟག་པའི་མཐའ་ལས་མི་གྲོལ། སྔར་རང་བཞིན་གྱིས་ཡོད་པ་ཕྱིས་གཏན་མེད་དུ་འགྱུར་བས་ཆད་པའི་མཐའ་ལས་མི་གྲོལ་བའི་ཕྱིར། ཞེས་བཞེད་དེ། དབུ་མ་རྩ་བ་ལས། གང་དག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པའི་ཕྱིར། དེས་ན་དངོས་པོར་སྨྲ་བ་རྣམས་དང་ཐུན་མོང་མ་ཡིན་པའི་རྟག་ཆད་སྤོང་ཚུལ་སྤྱིར་མང་དུ་ཡོད་ཀྱང་། གཙོ་བོ་ནི་རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རྟེན་ནས་འབྱུང་བ་ཉིད་ཀྱིས་རྟག་པ་དང་ཆད་པའི་མཐའ་གཉིས་ཀ་ལས་གྲོལ་བས་དབུ་མར་བཞག་ཅིང་། དབུ་མ་ཞེས་བྱ་བར་གྲུབ་ནའང་མཐའ་ལས་མ་འདས་པས་མཐའ་གང་དུ་ཡང་གྲུབ་པ་མེད་པ་དེ་ནི་སྐབས་འདིར་དབྱེ་གཞི་ཡིན་ནོ། །གཉིས་པ་གང་དབྱེ་བའི་ངོ་བོ་ལ། དགག་བྱ་དགག་ཚུལ་གྱི་སྒོ་ནས་དང་། བགྲོད་བྱ་ཐེག་པའི་སྒོ་ནས་དང་། བདེན་པ་གཉིས་ཀྱི་སྒོ་ནས་དང་། ཡུལ་ཅན་གྱི་བློའི་སྒོ་ནས་དང་། བརྗོད་བྱ་རྗོད་བྱེད་ལ་སོགས་པའི་སྒོ་ནས་དང་། གང་ཟག་གི་ཆ་རྐྱེན་གྱི་སྒོ་ནས་དབྱེ་བ་དང་དྲུག་ལས། དང་པོ་ལ། དགག་བྱ་རགས་པ་བཀག་པའི་དབུ་མ་དང་། ཕྲ་བ་བཀག་པའི་དབུ་མ་གཉིས་ལས། དང་པོ་ནི། རྡོ་རྗེའི་གཟེགས་མ་དང་། གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་སྣང་བ་བདེན་པར་གྲུབ་པ་བཀག་པས་རྟག་པའི་མཐའ་ལས་གྲོལ། མ་བརྟགས་མ་དཔྱད་པའི་བློ་ངོར་ཐ་སྙད་དུ་ལས་འབྲས་ལ་སོགས་པ་སྣང་བ་ཙམ་གྲུབ་པས་ཆད་པའི་མཐའ་ལས་གྲོལ་ཏེ། རིན་ཆེན་ཕྲེང་བ་ལས། མེད་པ་བ་ནི་ངན་འགྲོར་འགྲོ། །ཡོད་པ་བ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །གཉིས་ལ་མི་རྟེན་ཐར་པ་ལགས། །ཞེས་གསུངས་སོ། །གཉིས་པ་ནི། དེ་ལྟར་བདེན་པ་བཀག་ཟིན་ནས། བདེན་པར་མེད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་མཐའ་ཕྱི་མ་གསུམ་དང་། བདེན་པས་སྟོང་པའི་ཆོས་ཅན་གྱི་དངོས་པོ་བཏགས་ཡོད་ཙམ་ལའང་མངོན་པར་ཞེན་པ་བཀག་པས་ན། མཐའ་ཐམས་ཅད་དང་བྲལ་བས་ན་དབུ་མ་སྟེ། དབུ་མ་རྩ་བ་ལས། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་གསུངས་པས་སོ། །འདི་ལ་དགག་བྱ་ཕྲ་རགས་སུ་འཇོག་པ་ནི་སྔ་མ་དགག་སླ་ཞིང་མ་བཀག་ན་འཁོར་བའི་སྡུག་བསྔལ་གྱི་རྒྱུར་འགྱུར་བ་ཡིན་ལ། ཕྱི་མ་དགག་དཀའ་ཞིང་མ་བཀག་ན་ཐེག་པ་ཆེན་པོའི་བྱང་ཆུབ་ལ་གེགས་བྱེད་པ་ཡིན་གྱི་འཁོར་བའི་སྡུག་བསྔལ་སྤངས་པའི་མྱང་འདས་ཙམ་ལ་གེགས་མི་བྱེད་པའོ། །གཉིས་པ་ལ། ཉན་ཐོས་ཀྱི་དང་། རང་རྒྱལ་གྱི་དང་། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པར་བྱེད་པའི་དབུ་མ་གསུམ་ལས། དང་པོ་ནི། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ལ་འཁོར་བས་བསྡུས་པའི་ལས་དང་ཉོན་མོངས་སྤང་དགོས་ཤིང་། དེ་སྤང་བ་ལ་དེའི་རྒྱུ་ངར་འཛིན་ལྷན་སྐྱེས་སྤང་དགོས། དེ་ལ་ཞེན་ཡུལ་ང་ཙམ་དེ་བཙལ་ཚུལ་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མ་རྙེད་པའི་གང་ཟག་གི་བདག་མེད་དང་། གང་ཟག་ཏུ་གདགས་པའི་རྒྱུ་ཕུང་པོ་བཙལ་ནས་མ་རྙེད་པའི་ཆོས་ཀྱི་བདག་མེད་རྟོགས་དགོས་ཏེ། ཆོས་དབྱིངས་བསྟོད་པ་ལས། བདག་དང་བདག་གིར་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམ་བརྟགས་པ། །བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། མ་རིག་འགགས་པར་འགྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགགས་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་བདག་གཉིས་པོ་ཁེགས་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་མི་དགེ་བ་བཅུ་སྤང་ཞིང་། དགེ་བ་བཅུ་སྤྱོད་པའི་སྤྱོད་པ་མི་འདོར་བས་ཆད་པའི་མཐའ་ལས་གྲོལ་བས་དབུ་མའོ། །གཉིས་པ་ནི། རང་རྒྱལ་གྱི་བྱང་ཆུབ་ཐོབ་པར་བྱེད་པ་ལ། སྔར་བཤད་པའི་བདག་མེད་གཉིས་ཀྱི་སྟེང་དུ་གཟུགས་སོགས་ཕྱི་རོལ་གྱི་གཟུང་བ་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་སོགས་ནང་གི་གཟུང་བ་རང་བཞིན་མེད་པར་རྟོགས་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་བསྐལ་པ་བརྒྱར་སངས་རྒྱས་འབྱུང་བ་མཉེས་པ་སོགས་བྱེད་པའི་སྤྱོད་པ་མི་འདོར་བས་ཆད་པའི་མཐའ་ལས་གྲོལ་བས་དབུ་མ་དགོས་ཏེ། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱིས་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་གསུངས་ཤིང་། གཟུང་དོན་རྟོགས་པ་དེ་ཡང་ལམ་གཉིས་པའི་རྣམ་པའི་སྐབས་སུ་གཟུང་བ་ཕྱི་རོལ་གྱི་དོན་དུ་བདེན་པར་འཛིན་པ་དང་། ལམ་གསུམ་པའི་རྣམ་པའི་སྐབས་སུ་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་སོགས་སུ་མངོན་པར་ཞེན་པ་ལ་བཤད་པའི་ཕྱིར་རོ། །གསུམ་པ་ནི། བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་སྔར་བཤད་པའི་བདག་མེད་དེ་དག་གི་སྟེང་དུ་སྤྲོས་པའི་མཐའ་མཐའ་དག་བཀག་པས་རྟག་པའི་མཐའ་ལས་གྲོལ། ཀུན་རྫོབ་ཏུ་སྦྱིན་སོགས་ཀྱི་སྤྱོད་པ་རྒྱ་ཆེན་པོ་མི་འདོར་བས་ཆད་པའི་མཐའ་ལས་གྲོལ་བས་དབུ་མ་དགོས་ཏེ། རིན་ཆེན་ཕྲེང་བ་ལས། གང་ཞིག་བདག་དང་གཞན་གཉིས་ཀ །བྱང་ཆུབ་མྱུར་དུ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པས་སོ། །དབྱེ་བའི་ཚུལ་འདི་ནི། དངོས་པོར་སྨྲ་བའི་གྲུབ་མཐས་ཐེག་པ་ཆེ་ཆུང་གང་གི་ཡང་བྱང་ཆུབ་ཐོབ་པར་མི་ནུས་པས་ཐེག་པ་གསུམ་གྱི་བྱང་ཆུབ་ཐམས་ཅད་ཀྱང་དབུ་མའི་ལམ་འདིས་འཐོབ་དགོས་སོ་ཞེས་ཤེས་པའི་ཆེད་དུ་ཡིན་ནོ། །གསུམ་པ་ལ་ཀུན་རྫོབ་སྣང་ཙམ་ལ་དབུ་མར་གཞག་པ་དང་། དོན་དམ་སྤྲོས་བྲལ་ལ་དབུ་མར་གཞག་པ་དང་། བདེན་གཉིས་ཟུང་འཇུག་ལ་དབུ་མར་གཞག་པ་གསུམ་ལས། དང་པོ་ནི། ཀུན་རྫོབ་སྣང་ཙམ་གྱི་རྒྱུ་འབྲས་འདི་དག་འབྲས་བུ་མྱུ་གུ་ལྟ་བའི་དུས་ན་རྒྱུ་ས་བོན་ལྟ་བུ་རྒྱུན་ཆད་པ་ཡང་མ་ཡིན་པས་ཆད་པའི་མཐའ་ལས་གྲོལ། མྱུ་གུའི་ཚེ་ས་བོན་ཡོད་པ་ཡང་མ་ཡིན་པས་རྟག་པའི་མཐའ་ལས་གྲོལ་བས་དབུ་མ་སྟེ། རྩ་ཤེར་ལས། གང་ལ་བརྟེན་ནས་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་དང་། རིན་ཆེན་ཕྲེང་བ་ལས། རྒྱུ་དང་བཅས་པར་སྐྱེ་མཐོང་བས། །མེད་པ་ཉིད་ལས་འདས་པ་ཡིན། །རྒྱུ་དང་བཅས་པར་འགག་མཐོང་བས། །ཡོད་པ་ཉིད་དུའང་ཁས་མི་ལེན། །ཞེས་དང་། དེའི་དོན་འཇུག་པར། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང་། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་གསུངས་པས་སོ། །འདི་ནི་རྒྱུ་འབྲས་ཀྱི་འཇོག་ཚུལ་རྟོག་གེའི་གཞུང་ལས་བཤད་པ་དང་གཏན་མི་འདྲ་བར། འབྲས་བུའི་དུས་ན་རང་གི་རྒྱུ་དེ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། ངོ་བོ་གཅིག་ཀྱང་མ་ཡིན། ངོ་བོ་ཐ་དད་ཀྱང་མ་ཡིན་པའི་སྒོ་ནས་རྟག་ཆད་སྤོང་ཚུལ་ཏེ། དེང་སང་དབུ་མ་ཐལ་འགྱུར་བའི་ལུགས་ལ་དགག་པ་གཉིས་ཀྱི་རྣལ་མ་གོ་བར་འདོད་པ་དག་གིས་ནི་བསྐལ་བའི་བར་དུ་མི་རྙེད་དོ། །གཉིས་པ་ནི། ཆོས་དབྱིངས་དོན་དམ་པའི་བདེན་པ་རིགས་པས་དཔྱད་པའི་བློ་ངོར་རིམ་པ་ལྟར་རམ། འཕགས་པའི་མཉམ་གཞག་གི་བློ་ངོར་གཅིག་ཅར་དུ་མཐའ་བཞིའི་སྤྲོས་པ་དང་བྲལ་བས་དོན་དམ་པའི་བདེན་པ་ཉིད་དབུ་མ་སྟེ། མཐའ་གཉིས་དང་བྲལ་བ་ལའང་དབུ་མར་འཇོག་ན། མཐའ་ཐམས་ཅད་དང་བྲལ་བ་ལ་དབུ་མར་འཇོག་པ་ཤིན་ཏུའང་འཐད་པའི་ཕྱིར་རོ། །གསུམ་པ་ནི། ཀུན་རྫོབ་སྣང་ཙམ་དུ་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བས་ཆད་པའི་མཐའ་ལས་གྲོལ། འབྱུང་ཚུལ་དེ་ཉིད་ལ་མཐའ་བཞི་རིགས་པས་དཔྱད་པའི་ཚེ་མི་རྙེད་པའི་སྟོང་པར་སོང་བས་རྟག་པའི་མཐའ་ལས་གྲོལ་བས་དེ་གཉིས་དབྱེར་མེད་པ་དབུ་མ་སྟེ། དབུ་མ་རྩ་བ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང་། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །ཞེས་སོགས་སྔར་དྲངས་པ་ལྟར་རོ། །འདི་ནི་སོ་སྐྱེའི་བློ་ལ་ལྟོས་ནས་སྔ་ཕྱི་རེས་འཇོག་བསྡམས་ནས་ཟུང་འཇུག་རྟོགས་ཚུལ་ཡིན་ལ། མཐར་ཐུག་ཟུང་འཇུག་མངོན་དུ་གྱུར་པའི་ཚུལ་ནི། སྲིད་ཞི་མཉམ་ཉིད་དང་། འཁོར་འདས་དབྱེར་མེད་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་རོ་གཅིག་པ་སྟེ། མངོན་རྟོགས་རྒྱན་ལས། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །སྲིད་དང་ཞི་བར་མི་རྟོག་པ། །ཞེས་དང་། དཔེ་མེད་པར་བསྟོད་པ་ལས། འཁོར་བ་སྤངས་པར་གྱུར་པ་ཡིས། །མྱ་ངན་འདས་ཁྱོད་མི་བཞེད་ཀྱི། །འཁོར་བ་མི་དམིགས་པ་ཉིད་ཀྱི། །ཞི་དེ་ མགོནཔོ་ཁྱོད་ཀྱིས་རྟོགས། །ཁྱོད་ཀྱིས་ཀུན་ནས་ཉོན་མོངས་དང་། །རྣམ་བྱང next hit་རོ་གཅིག་གྱུར་རིག་པས། །ཆོས་དབྱིངས་མངོན་པར་དབྱེར་མེད་པ། །ཀུན་ཏུ་རྣམ་པར་དག་པར་འགྱུར། །ཞེས་གསུངས་པས་སོ། །བཞི་པ་ལ་དེ་ལྟ་བུའི་དབུ་མ་ཐམས་ཅད་ལ་འཕགས་པའི་མཉམ་གཞག་གིས་བརྗོད་དུ་མེད་པའི་ཚུལ་གྱིས་རྟོགས་པའི་རྟོགས་པ་དོན་དམ་དང་། སོ་སོ་སྐྱེ་བོའི་རིགས་ཤེས་ཀྱི་བློས་བརྗོད་པ་དང་བཅས་པའི་ཚུལ་གྱིས་རྟོགས་པའི་བསྟན་པ་དོན་དམ་གཉིས་སུ་ཕྱེ་སྟེ། ཚིག་གསལ་ལས། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །འདི་དག་ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་མོད་ཀྱི། འོན་ཀྱང་མ་བརྗོད་ན་རྟོགས་པ་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གནས་པའི་རང་བཞིན་རྟོགས་པར་མི་ནུས་ཏེ། དེའི་ཕྱིར་ཁོ་བོ་ཅག་ཐ་སྙད་ཀྱི་བདེན་པ་ལ་གནས་ནས་ཐ་སྙད་ཀྱི་དོན་དུ་གདུལ་བྱའི་སྐྱེ་བོའི་ངོར་ལྷག་པར་སྒྲོ་བཏགས་ནས། སྟོང་པ་ཞེས་ཀྱང་སྨྲ་ལ། མི་སྟོང་ཞེས་བྱ་བ་དང་། སྟོང་པ་ཡང་ཡིན་ལ་མི་སྟོང་པ་ཡང་ཡིན་ཞེས་བྱ་བ་དང་། སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ཞེས་བྱ་བ་སྨྲའོ། །དེ་ཉིད་ཀྱི་ཕྱིར། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་ཏེ། དགོས་པ་གང་གི་སྟོང་པ་ཉིད་ལ་སོགས་བསྟན་པའི་དགོས་པ་དེ་ནི་བརྟགས་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་ཤིང་། ཐལ་འགྱུར་བས་གཉིས་ཀའང་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་བདེན་པ་མཚན་ཉིད་པར་འདོད་ལ། རང་རྒྱུད་པའི་གཞུང་རྣམས་ལས་ནི། རྣམ་གྲངས་པ་དང་། རྣམ་གྲངས་མ་ཡིན་པ་གཉིས་སུ་ཕྱེ་བར་སྣང་ངོ་། །ལྔ་པ་ལ། བརྗོད་བྱ་དབུ་མ་དང་། རྗོད་བྱེད་དབུ་མ་གཉིས་ལས། དང་པོ་ནི། ཇི་སྐད་བཤད་པ་ཐམས་ཅད་དང་། ཕྱི་མ་ནི། མཐར་ཐུག་ལ་ལྟོས་ནས་བདེ་བར་གཤེགས་པའི་གསུང་རབ་ཐམས་ཅད། གནས་སྐབས་དྲང་ངེས་གཉིས་སུ་ཕྱེ་བའི་ཚེ། ངེས་དོན་གྱི་མདོ་སྡེ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལ་སོགས་པ་དང་། དེའི་དགོངས་པ་འགྲེལ་བར་བྱེད་པའི་རིགས་ཚོགས་ལ་སོགས་པ་རྣམས་སོ། །དྲུག་པ་ལ་གཞི་ལམ་འབྲས་བུའི་དབུ་མ་གསུམ་སྟེ། གང་ཟག་གཅིག་བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་ལ་ཐོས་བསམ་གྱིས་གཏན་ལ་དབབ་པར་བྱ་བའི་གཞི། ཉམས་སུ་ལེན་པའི་སྤྱོད་པ། ཉམས་སུ་བླངས་པའི་འབྲས་བུ་དང་གསུམ་དགོས་པའི་དབང་དུ་བྱས་པའོ། །གཉིས་པ་འཆད་བྱེད་དབུ་མ་པའི་རབ་ཏུ་དབྱེ་བ་ལ་བཞི་སྟེ། སྔ་རབས་པའི་ལུགས་བརྗོད། མི་འཐད་པའི་ཆ་དགག འཐད་པའི་ཆ་གཟུང་། མ་ངེས་པའི་རྩོད་པ་སྤང་བའོ། །དང་པོ་ནི། སྔ་རབས་པ་ཁ་ཅིག དབུ་མ་པ་ནི་སྤྱིར་གཉིས་ཏེ། གཞུང་ཕྱི་མོའི་དབུ་མ་པ་དང་། གྲུབ་མཐའ་ཕྱོགས་འཛིན་གྱི་དབུ་མ་པའོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཡབ་སྲས་སོ། །གཞུང་ཕྱི་མོ་རང་ནི་བཀའ་རྒྱས་འབྲིང་བསྡུས་གསུམ་དང་། དབུ་མ་རིགས་ཚོགས་དང་། བཞི་བརྒྱ་པ་ལ་སོགས་པ་རྣམས་སོ། །ཁ་ཅིག་ཐལ་འགྱུར་བ་ནི་ཁས་ལེན་ཐམས་ཅད་དང་བྲལ་བས་དེའི་ཕྱིར་གཞུང་ཕྱི་མོ་བའི་དབུ་མ་པའོ་ཞེས་ཟེར་རོ། །གྲུབ་མཐའ་ཕྱོགས་འཛིན་གྱི་དབུ་མ་པ་ལའང་། དོན་དམ་གྱི་ཕྱོགས་འཛིན་པ་དང་། ཀུན་རྫོབ་ཀྱི་ཕྱོགས་འཛིན་པ་གཉིས། དང་པོ་ལའང་དགག་བྱའི་དབང་དུ་བྱས་ནས་སྣང་སེལ་བ་དང་བཏགས་སེལ་གཉིས། དང་པོ་ནི། སྣང་བ་ཉིད་དགག་བྱར་བྱེད་པའོ། །གཉིས་པ་ནི། སྣང་བ་ཉིད་དགག་བྱར་མི་བྱེད་པར་སྣང་བའི་སྟེང་གི་བཏགས་པ་ཉིད་དགག་བྱར་བྱེད་པའོ། །བསྒྲུབ་བྱ་དོན་དམ་གྱི་དབང་དུ་བྱས་ནས་དབུ་མ་སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པར་འདོད་པ་གཉིས་སམ། ཁ་ཅིག་འགལ་འདུས་དོན་དམ་དུ་འདོད་པ་དང་གསུམ་ཞེའོ། །དང་པོ་ནི། སྣང་བ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་དེ་ཉིད་དོན་དམ་བདེན་པར་འདོད་པ་སྟེ། འདིའང་སྣང་སེམས་གཉིས་ཀ་སྒྱུ་མར་འདོད་པ་དང་། སེམས་ཉིད་གཅིག་པུ་སྒྱུ་མར་འདོད་པ་གཉིས་སོ། །གཉིས་པ་ནི། གཅིག་དུ་བྲལ་གྱི་རྟགས་ཀྱིས་སྣང་བའི་སྟེང་དུ་བདེན་པ་བཀག་པ་ཙམ་ཡིན་གྱི་བདེན་མེད་མ་བསྒྲུབས་པའམ། བསྒྲུབ་ཀྱང་མེད་དགག་ཙམ་ཞིག་ཡུལ་དུ་བྱེད་ཀྱི། མ་ཡིན་དགག་སྒྱུ་མ་ལྟ་བུ་རིགས་ཤེས་ཀྱིས་མི་འཇལ་བར་འདོད་པའོ། །ཁ་ཅིག་འདི་ལའང་སྤྲོས་བྲལ་དུ་འདོད་པའི་དབུ་མ་པ་དང་། ཁས་ལེན་ཐམས་ཅད་དང་བྲལ་བའི་དབུ་མ་པ་གཉིས་སམ། ཡང་བཞི་སྟེ། ཟུང་འཇུག་རབ་ཏུ་མི་གནས་པ་དང་། སྟོང་ཉིད་རབ་ཏུ་མི་གནས་པ་དང་། བཏང་སྙོམས་རབ་ཏུ་མི་གནས་པ་དང་། རྒྱུན་ཆད་རབ་ཏུ་མི་གནས་པའོ། །དང་པོ་ནི། སྣང་སྟོང་ཟུང་འཇུག་དང་། རིག་སྟོང་ཟུང་འཇུག་འདོད་པའོ། །གཉིས་པ་ནི། གཞན་གྱི་འདོད་པ་བཀག་ནས་རང་གི་འདོད་པ་མི་སྒྲུབ་པའོ། །གསུམ་པ་ནི་གཞན་མི་འགོག རང་མི་སྒྲུབ་པའོ། །བཞི་པ་ནི། དོན་དམ་རྟོགས་བྱར་འདོད་ཅིང་ཀུན་རྫོབ་རྟོགས་བྱར་མི་འདོད་པའོ། །གསུམ་པ་འགལ་འདུས་དོན་དམ་དུ་འདོད་པ་ནི། འདི་ལྟར་དགག་བྱ་ནི་དོན་དམ་པ་ཞེས་བྱ་བ་དཔྱད་ན་མི་འགལ་བའི་དོན་ཏོ། །དེ་བཀག་ནས་འགལ་བ་འདུས་པ་ནི་བསྒྲུབ་བྱ་སྟེ། དཔེར་ན་ཆ་ལ་སོགས་པ་དུ་མ་དམིགས་པས། རང་གི་ཁྱབ་བྱེད་གཅིག་ཡོད་དགོས་ལ། དུ་མ་དང་གཅིག་འགལ་བས་མེད་ཀྱང་དགོས་པས་འགལ་བ་ལྟ་བུ་དང་། ཡོད་པ་སྐྱེ་བ་དོན་མེད་པས་མེད་པ་སྐྱེ་དགོས་པས་ན་མེད་པ་དང་སྐྱེ་བའི་གཞི་མཐུན་མེད་པས་འགལ་བ་ལྟ་བུའོ། །གཉིས་པ་ཀུན་རྫོབ་ཀྱི་ཕྱོགས་འཛིན་པ་ལ་རྣལ་འབྱོར་སྤྱོད་པ་དང་། མདོ་སྡེ་སྤྱོད་པ་དང་། གཉིས་ཀའི་ལུགས་དང་མི་འགལ་བ་ཞེས་པའམ། སྤྱི་ཟུང་ཞལ་ཆེ་བ་དང་གསུམ་ཞེས་འཆད་དོ། །གཉིས་པ་ནི། ཐལ་འགྱུར་བ་ཁས་ལེན་ཐམས་ཅད་དང་བྲལ་བ་ནི་འགོག་པར་འགྱུར་ལ། དེ་གཞུང་ཕྱི་མོའི་དབུ་མ་པ་ཡིན་པའང་མི་འཐད་དེ། འདིར་གཞུང་ཕྱི་མོའི་དབུ་མ་པ་ནི། ཐལ་རང་གཉིས་ལ་སོགས་པ་གྲུབ་མཐའ་མི་མཐུན་པ་ཐམས་ཅད་ཀྱིས་གཞི་ཡིན་པ་གཅིག་དགོས་པའི་ཕྱིར་རོ། །གྲུབ་མཐའ་ཕྱོགས་འཛིན་གྱི་དབུ་མ་ལ་དོན་དམ་གྱི་ཕྱོགས་འཛིན་པ་དང་། ཀུན་རྫོབ་ཀྱི་ཕྱོགས་འཛིན་པ་གཉིས་སུ་ཕྱེ་བའང་མི་འཐད་དེ། དོན་དམ་གྱི་འདོད་ཚུལ་མི་མཐུན་ན། གཅིག་ཤོས་དབུ་མ་པ་མ་ཡིན་པར་འགྱུར་པའི་ཕྱིར་རོ། །དབུ་མ་སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པ་གཉིས་སུ་ཕྱེ་བ་ལ་ནི་རྔོག་ལོས་སྤྲིང་ཡིག་བདུད་རྩིའི་ཐིག་ལེར། སྒྱུ་མ་གཉིས་མེད་ཆོས་ཀུན་མི་གནས་དབུ་མ་ཡི། །ལུགས་གཉིས་རྣམ་འབྱེད་དེ་ཡང་རྨོངས་པ་མཚར་སྐྱེད་ཡིན། །ཞེས་དགག་པ་མཛད་པ་ནི་དོན་ལ་གནས་ཏེ། ཕྱོགས་སྔ་སྨྲ་བ་དེ་དག་གི་བསམ་པ་ལ་སློབ་དཔོན་ཆེན་པོ་ཞི་བ་འཚོ་ལ་སོགས་པ་ནི་སྒྱུ་མ་དོན་དམ་པར་བཞེད་པ་སྟེ། དངོས་པོར་སྨྲ་བས་བཏགས་པའི་བདེན་པ་བཀག་ནས། བརྫུན་པ་ཡོངས་གཅོད་དུ་རིགས་པས་བསྒྲུབས་པས་སོ། །ཞེས་བསམ་མོད། དེ་ནི་དགོངས་པ་མ་ཡིན་ཏེ། དབུ་མའི་རྒྱན་ལས། དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན། །གལ་ཏེ་འདི་བདག་དོན་འདོད་ན། །དེ་ལ་བདག་གིས་ཅི་བྱར་ཡོད། །ཅེས་བརྫུན་པ་སྒྱུ་མ་ལྟ་བུ་དེ་སྣང་བའི་ཡུལ་དུ་གསུངས་ཀྱི། དོན་དམ་པར་མ་གསུངས་པའི་ཕྱིར་དང་། རིགས་ཤེས་ཀྱིས་འཇལ་བའི་དོན་དམ་དེ་ནི་དོན་དམ་བདེན་པ་དང་མཐུན་པས། དོན་དམ་བདེན་པར་བཏགས་པ་དབུ་མ་རྒྱན་དང་། སྣང་བ་གཉིས་ཀ་ནས་གསུངས་པའི་ཕྱིར། འགལ་འདུས་དོན་དམ་དུ་འདོད་པའང་མི་འཐད་དེ། སྤྱིར་དབུ་མ་པའི་ལུགས་ལ་འགལ་བ་ལྟར་སྣང་ཡང་མི་འགལ་བས་ཟབ་ཅེས་པ་ཡོད་ཀྱི། འགལ་ན་ཆོས་ཅན་གཅིག་ལ་འདུ་མི་སྲིད་ལ། འདུ་ན་མི་འགལ་བའི་ཕྱིར་རོ། །ཁྱེད་ལྟར་ན་མི་འགལ་བ་ཡང་དགག་པར་ནི་མི་བྱ་སྟེ། མི་འགལ་བ་དང་འགལ་བ་དག་ཀྱང་གཞི་གཅིག་ལ་འདུ་བར་འགྱུར་བའི་ཕྱིར་ཏེ། འགལ་འདུ་ཤེས་བྱའི་གཤིས་ཡིན་པའི་ཕྱིར་མདོར་ན་དོན་དམ་འདོད་ཚུལ་གྱི་སྒོ་ནས་དབུ་མ་པའི་དབྱེ་བ་བྱེད་པ་འདི་ལ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། དོན་དམ་པ་ལ་ཁ་ཅིག་སྒྱུ་མ་ལྟ་བུ་དང་། རྒྱུན་ཆད་རབ་ཏུ་མི་གནས་པ་དང་། ཟུང་འཇུག་རབ་ཏུ་མི་གནས་པའོ་ཞེས་ཟེར་ཏེ། འདི་ནི་གཞུང་གི་ཆ་མ་བརྟགས་པར་རང་དགར་སྨྲ་བར་བས་ཀྱི། དོན་དམ་པར་ན་རང་བཞིན་མེད་ཅིང་། བརྗོད་པ་དང་བྲལ་བ་འདི་ཉིད་ཁོ་ན་ལས་གཞུང་ཐ་དད་པ་གང་ཡང་མེད་དོ། །ཞེས་གསུངས་པ་འདི་ཉིད་ཀྱིས་ཐམས་ཅད་ཁེགས་སོ། །ཀུན་རྫོབ་འདོད་ཚུལ་གྱི་དབྱེ་བ་དེའང་མི་འཐད་དེ། རྣལ་འབྱོར་སྤྱོད་པ་དང་། མདོ་སྡེ་སྤྱོད་པ་གཉིས་སུ་མ་འདུས་པའི་བྱེ་བྲག་ཏུ་སྨྲ་བ་དང་ཚུལ་མཚུངས་པ་དང་། འཇིག་རྟེན་གྲགས་སྡེ་སྤྱོད་པ་གཉིས་ཀྱང་ཡོད་པའི་ཕྱིར་དང་། སྣང་བ་སེམས་སུ་ཁས་ལེན་པ་དང་། སྣང་བ་ཕྱི་དོན་དུ་ཁས་ལེན་པ་གཉིས་འགལ་བས། གཉིས་ཀ་དང་མི་འགལ་བ་ཞེས་པའང་མི་འཐད་པའི་ཕྱིར་རོ། །ཡང་ཕྱིས་ཀྱི་མཁས་པ་ཁ་ཅིག ཀུན་རྫོབ་ཁས་ལེན་ཚུལ་ལ་སྣང་བ་སེམས་སུ་ཁས་ལེན་པ་དང་། སྣང་བ་ཕྱི་དོན་དུ་ཁས་ལེན་པ་གཉིས། ཕྱི་མ་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པ་དང་། བྱེ་བྲག་ཏུ་སྨྲ་བ་དང་ཚུལ་མཚུངས་པ་དང་། མདོ་སྡེ་སྤྱོད་པ་གསུམ་དུ་ངེས་ཞེས་པའང་ཅུང་ཟད་མི་འཐད་དེ། དབུ་མ་པ་རང་ལུགས་ཀྱི་ཀུན་རྫོབ་ཁས་ལེན་པ་གཅིག་ཡོད་དགོས་པའི་ཕྱིར་རོ། །གསུམ་པ་ལ་ཀུན་རྫོབ་ཁས་ལེན་ཚུལ་གྱི་སྒོ་ནས་དབྱེ་བ་དང་། དོན་དམ་གྱི་ལྟ་བ་རྒྱུད་ལ་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་བ་གཉིས་ལས། དང་པོ་ནི། འཁྲུལ་པ་ཟད་པའི་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། འདི་ལ་ནི་ཀུན་རྫོབ་ཀྱི་འདོད་པ་མི་མཐུན་པ་ལྔ་ཡོད་དེ། འཇིག་རྟེན་གྲགས་སྡེ་བ་དང་། བྱེ་བྲག་ཏུ་སྨྲ་བ་དང་ཚུལ་མཚུངས་པ་དང་། མདོ་སྡེ་སྤྱོད་པའི་དང་། སྒྱུ་མ་ལྟ་བུ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བྱ་བ་ལྔ་ཡིན་ནོ། །ཞེས་གསུངས་པ་ལྟར་འཆད་ན། དང་པོ་ནི་ཟླ་བ་གྲགས་པ་སྟེ། ཕྱི་དོན་ཁས་བླངས་པས་རྣལ་འབྱོར་སྤྱོད་པ་དང་སྒོ་བསྟུན་པའང་མ་ཡིན། དེ་དབང་ཤེས་ལ་རྣམ་པ་གཏོད་བྱེད་ཀྱི་ལྐོག་ན་མོར་མི་འདོད་པས་མདོ་སྡེ་པ་དང་སྒོ་བསྟུན་པའང་མ་ཡིན། རིགས་པ་དྲུག་ཅུ་པའི་འགྲེལ་པར་བློ་རྣམ་བཅས་སུ་བཤད་ཅིང་བུམ་སྣམ་སོགས་ཀྱང་ཕྱི་དོན་དུ་བཤད་པས་བྱེ་བྲག་ཏུ་སྨྲ་བ་དང་སྒོ་བསྟུན་པའང་མ་ཡིན་གྱི། འོན་ཀྱང་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ངོ་ལ་ཇི་ལྟར་སྣང་བ་ལྟར་དོན་དང་ཤེས་པ་སོགས་ཀྱི་ཐ་སྙད་ཞལ་གྱིས་བཞེས་པའི་ཕྱིར། ཚིག་གསལ་དང་འཇུག་འགྲེལ་གཉིས་ཆར་དུ། མདོ་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དོ། །གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་གཏོགས་པ། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་གསུངས་པ་རྣམས་ཤེས་བྱེད་དུ་མཛད་ནས། ས་བོན་ལས་མྱུ་གུ་སྐྱེ་ཞེས་སོགས་ཀྱི་ཐ་སྙད་ཙམ་ཞིག་འཇིག་རྟེན་ན་ཇི་ལྟར་གྲགས་པ་ཁས་ལེན་པར་གསུངས་པས་སོ། །གཉིས་པ་ནི་འགྲེལ་བྱེད་འདི་ཡིན་ཞེས་པ་གསལ་བར་མི་སྣང་ཡང་། ཐོག་མར་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་གནས་པ་ཕྱིས་དབུ་མ་ལ་ཞུགས་པའི་ཚེ། དེ་དང་ཚུལ་མཚུངས་པར་འདོད་པ་ངེས་པར་དགོས་ཏེ། བླ་མ་བྱམས་པའི་རྣལ་འབྱོར་པ་བཞིན་ནོ། །གསུམ་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་དེ། ཕྱི་དོན་དབང་ཤེས་ལ་རྣམ་པ་གཏོད་བྱེད་ཀྱི་རྒྱུར་གསུངས་པའི་ཕྱིར་རོ། །འདི་ནི་སྔར་མདོ་སྡེ་པའི་རྟོག་གེ་ལ་ལེགས་པར་སྦྱངས་པ་ཞིག་ཕྱིས་དབུ་མ་ལ་ཞུགས་པར་སྣང་བས་ཀུན་རྫོབ་ཀྱི་རྣམ་གཞག་ལ་དེའི་འགྲེས་ཤོར་བ་མང་དུ་སྣང་ངོ་། །བཞི་པ་ནི། སློབ་དཔོན་དཔའ་བོ་སྟེ། དེ་ཉིད་ཀྱིས། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ལས། དེས་ན་མ་བརྟགས་ཉམས་དགའ་སྟེ། །སྒྱུ་མ་ཙམ་ལ་བརྟགས་པས་བསླུས། །སེམས་ནི་སྒྱུ་མའི་རྣམ་པ་སྟེ། །བྱང་ཆུབ་ཀྱང་ནི་སྒྱུ་མ་འདྲ། །དེས་ཀྱང་ཚིག་ཏུ་བརྗོད་སྤངས་ཏེ། །སྤྲོས་བྲལ་འཇམ་དབྱངས་མཐོང་བ་མིན། །སྒྱུ་མ་སྒྱུ་མ་ཙམ་མིན་ཏེ། །གལ་ཏེ་ཡིན་ན་དེ་མི་འགྲུབ། །གྲུབ་ན་གཞན་གྱི་གཞུང་ལུགས་ཀྱང་། །སྒྱུ་མའི་ཆོས་སུ་ཐལ་བར་འགྱུར། །དེ་ཕྱིར་སྒྱུ་མའི་རང་བཞིན་ནི། །སྒྱུ་བཞིན་འདི་ཞེས་བརྗོད་དུ་མེད། །འོན་ཀྱང་ཐུགས་རྗེ་ལྡན་པ་ཡིས། །བདེན་པ་གཉིས་ཀྱི་ཚུལ་གནས་ཏེ། །ཐ་སྙད་ལ་ནི་རབ་བརྟེན་ནས། །བདག་མེད་སེང་གེའི་སྒྲ་ཆེན་བསྒྲགས། །སྟོང་པ་ཉིད་སོགས་རྣམ་གྲངས་སྒོ། །སྒྱུ་མ་འདྲ་སོགས་དཔེ་མཐའ་ཡས། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །མི་གནས་དབུ་མ་ཉེ་བར་མཚོན། །མཚོན་ཀྱང་མཚོན་བྱ་མ་ཡིན་ཏེ། །འདི་ལ་བསལ་བྱ་ཅི་ཡང་མེད། །སྟོང་པ་ཉིད་ཀྱང་སྟོང་པས་སྟོང་། །འདི་ལ་སངས་རྒྱས་སེམས་ཅན་མེད། །བདག་གཞན་སྣང་ཞིང་སྲིད་པའི་ཆོས། །རྣམ་གྲོལ་རྣམ་པར་བཅིངས་པ་ཡང་། །མིང་ཙམ་མིང་ཡང་ཡོད་མ་ཡིན། །ཐམས་ཅད་ནམ་མཁའ་དང་འདྲ་སྟེ། །དེ་ལྟར་ཆོས་རྣམས་མཐོང་མེད་ན། །མི་མངོན་མི་སྣང་འཇམ་དབྱངས་མཐོང་། །སྐྱེས་དང་འཆི་བའི་སྲིད་པ་ཡི། །འཁོར་བའི་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་གསུངས་པས་སོ། །འདི་ངེས་པར་ཡོད་དགོས་པར་སྣང་སྟེ། ཀུན་རྫོབ་ཀྱི་རྣམ་གཞག་རང་སྡེ་དངོས་པོར་སྨྲ་བ་གསུམ་དང་ཚུལ་མཚུངས་པ་ཡོད་ན་དབུ་མ་པ་རང་ལུགས་ཀྱི་ཀུན་རྫོབ་སྒྱུ་མ་ལྟ་བུ་ཁས་ལེན་པ་ཞིག་ཀྱང་ངེས་པར་དགོས་པའི་ཕྱིར་རོ། །འོ་ན་དབུ་མ་པ་གཞན་རྣམས་ཀྱང་ཀུན་རྫོབ་སྒྱུ་མ་ལྟ་བུ་ཁས་ལེན་པས་ཁྱད་པར་ཅི་ཡོད་སྙམ་ན། འདི་དག་ནི། ཐ་སྙད་བདེན་པར་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། ཞེས་པ་ལྟ་བུ་དོན་དམ་རྟོགས་པའི་རྟེན་གྱི་ཀུན་རྫོབ་ཁས་ལེན་ཚུལ་གྱིས་ཕྱེ་བ་ཡིན་ལ། དེའི་ཚེ་གཞན་རྣམས་རང་རང་གི་འདོད་པ་ལྟར་གྱི་ཀུན་རྫོབ་ཁས་ལེན་ཅིང་། སློབ་དཔོན་འདིས་ནི་ཐོག་མར་ཀུན་རྫོབ་སྒྱུ་མ་ལྟ་བུ་བསྒྲུབས་ནས་དེའི་འོག་ཏུ་སྒྱུ་མ་ཙམ་ལའང་མངོན་ཞེན་བཀག་པའི་རབ་ཏུ་མི་གནས་པའི་དོན་དམ་བསྒྲུབ་པར་བཞེད་དེ། བདེན་པ་གཉིས་ཀྱི་ཚུལ་གནས་ཏེ། །ཐ་སྙད་ལ་ནི་རབ་བརྟེན་ནས། །ཞེས་པའི་དོན་ཏོ། །སྔ་རབས་པ་དག་དོན་དམ་འདོད་ཚུལ་གྱི་དབྱེ་བ་བྱས་པའང་འདིས་འཁྲུལ་གཞི་བྱས་པར་སྣང་ཡང་། འདི་ནི་བདེན་གཉིས་ཀྱི་རིམ་པ་ཡིན་ལ། དོན་དམ་རྟོགས་པའི་རྗེས་སུ་ཀུན་རྫོབ་སྒྱུ་མ་ལྟ་བུར་ཁས་ལེན་པ་ལ་ནི། དབུ་མ་པ་ཐམས་ཅད་ཁྱད་པར་མེད་དེ་གནད་དམ་པའོ། །ལྔ་པ་ནི་ཡེ་ཤེས་སྙིང་པོ་དང་། ཞི་བ་འཚོ་ལ་སོགས་པ་སྟེ། ཀླུ་སྒྲུབ་ཀྱི་རྗེས་སུ་ཡེ་ཤེས་སྡེས་ཕྱིས་དོན་ཁས་ལེན་མི་ལེན་གྱི་གསལ་ཁ་མ་བྱུང་བ་ལ། ལེགས་ལྡན་འབྱེད་ཀྱིས་ཕྱི་དོན་ཁས་བླངས་པས་མདོ་སྡེ་སྤྱོད་པ་དང་། ཡེ་ཤེས་སྙིང་པོས་སྣང་བ་སེམས་སུ་བཤད་པས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་བྱུང་། ཞེས་སྔ་རབས་པ་རྣམས་ལ་གྲགས་ཏེ། དེ་ལྟར་ན་འདི་གཉིས་ཀ་རང་རྒྱུད་པའི་དབྱེ་བའོ། །གཉིས་པ་དོན་དམ་གྱི་ལྟ་བ་བསྐྱེད་ཚུལ་གྱི་སྒོ་ནས་ཐལ་འགྱུར་བ་དང་། རང་རྒྱུད་པ་གཉིས་ཏེ། དོན་དམ་གྱི་འདོད་ཚུལ་ལ་ནི་ཁྱད་པར་མེད་དོ། །བཞི་པ་དེ་ལ་མ་ངེས་པའི་རྩོད་པ་སྤང་བ་ནི་ཕྱིས་ཀྱི་མ་ངེས་པ་ཁ་ཅིག རྔོག་ལོས་དབུ་མ་པ་ལ་སྒྱུ་མ་རིགས་དྲུག་པ་དང་། རབ་ཏུ་མི་གནས་པ་གཉིས་སུ་དབྱེ་བ་རྨོངས་པ་མཚར་སྐྱེད་ཡིན་ཞེས་གསུངས་པ་ནི་སློབ་དཔོན་དཔའ་བོའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་མ་མཐོང་བར་ཟད་དེ། དེ་ཉིད་ལས་སྔར་བཤད་པ་ལྟར་སྒྱུ་མ་ཙམ་དུ་བསྒྲུབ་པ་དང་། དེ་ལ་ཞེན་པ་བཀག་ནས་རབ་ཏུ་མི་གནས་པར་བསྒྲུབ་པ་རྣམ་པ་གཉིས་སུ་གསུངས་པའི་ཕྱིར་ཞེས་སྨྲའོ། །འདི་ནི་བློ་གྲོས་རྩིང་པའི་འཇུག་པ་སྟེ། རྔོག་ལོས་བཀག་པ་ནི་དབུ་མའི་དོན་དམ་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་ལ་དེ་ལྟ་བུའི་དབྱེ་བ་བྱེད་པ་བཀག་ཅིང་། དཔའ་བོས་ནི་ཉམས་ལེན་གྱི་རྒྱུན་གཅིག་ཉིད་ལ་ཐོག་མར་སྣང་བ་ཐམས་ཅད་སྒྱུ་མ་ཙམ་དུ་བསྒྲུབས། དེ་ནས་སྒྱུ་མ་ཙམ་དེ་ལའང་མངོན་པར་ཞེན་པ་བཀག་ནས་མཐའ་གང་ལའང་མི་གནས་པར་གསུངས་པའི་ཕྱིར་རོ། །དེ་ཙམ་གྱིས་གྲུབ་མཐའ་སྨྲ་བའི་དབྱེ་བར་འགྱུར་ན། མི་རྟག་ལ་སོགས་བཅུ་དྲུག་སྨྲ་བའི་དབུ་མ་པ་དང་། མངོན་ཞེན་བཀག་པའི་དབུ་མ་པ་གཉིས་སུ་དབྱེར་རིགས་པར་འགྱུར་ཏེ། མངོན་རྟོགས་རྒྱན་ལས། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན་དེ་ཡི་ནི། །རྣམ་པར་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་པའི་ཕྱིར། དེ་བཞིན་དུ་ཡོད་མཐའ་བཀག་པ་དང་། མེད་མཐའ་བཀག་པའི་དབུ་མ་པ་སོགས་བཞིར་དབྱེར་རིགས་པར་འགྱུར་ཏེ། སྟོང་ངོ་ཞེས་ཀྱང་མི་བྱ་སྟེ། །ཞེས་སོགས་གསུངས་པའི་ཕྱིར་དེ་ལ་སོགས་པ་མཐའ་ཡས་སོ། །དེས་ན་རྔོག་ལོས་བཀག་པ་དོན་ལའང་གནས་ཏེ། དེ་གཉིས་བདེན་གཉིས་རྟོགས་པའི་རིམ་པ་ཡིན་གྱི་གྲུབ་མཐའ་སྨྲ་བའི་དབྱེ་བ་མ་ཡིན་པའི་ཕྱིར་རོ། །བཞི་པ་བཤད་བྱའི་དབུ་མ་གཏན་ལ་དབབ་པ་ལ་གསུམ་སྟེ། ཤེས་པར་བྱ་བའི་གཞི་དབུ་མ། བསྒོམ་པར་བྱ་བའི་ལམ་དབུ་མ། ཐོབ་པར་བྱ་བའི་འབྲས་བུ་དབུ་མའོ། །དང་པོ་ནི། བདེན་པ་གཉིས་པོ་ཡིན་ལ། འདི་ལ་མཚན་གཞིའི་ངོ་བོ། མཚོན་བྱའི་རབ་དབྱེ། མཚོན་པར་བྱེད་པའི་མཚན་ཉིད། མཚན་གཞི་ལ་མཚན་ཉིད་ངེས་འབྱེད་དང་བཞི་ལས། དང་པོ་ལ་ཡང་གཉིས་ཏེ། ཐུན་མོང་དུ་བཤད་པ་དང་། སོ་སོར་བཤད་པའོ། །དང་པོ་ནི། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་ཡུལ་ཅན་གྱི་སྒོ་ནས་དང་། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་ཡུལ་གྱི་སྒོ་ནས་བཞག་པ་རྣམས་ཀྱིས་བདེན་གཉིས་ཀྱི་མཚན་གཞི་བསྟན་ཏེ། འདི་ལ་ཡུལ་ཅན་གྱི་བློ་ངོས་གཟུང་། དེའི་ཡུལ་ལ་བདེན་གཉིས་གཞག་པའི་ཚུལ། དེ་གཉིས་སྐྱེ་འཕགས་ཀྱི་བློ་ལ་འཐད་པ། གྲུབ་མཐའ་གོང་འོག་གི་འདོད་ཚུལ་ལ་མི་འཐད་པ་དང་བཞི་ལས། དང་པོ་ནི་འཇུག་པར། མཐོང་བ་ཡང་དག་པ་དང་། མཐོང་བ་བརྫུན་པ་གཉིས་སུ་གསུངས་ཤིང་རང་རྒྱུད་པ་དག་འཁྲུལ་མ་འཁྲུལ་གཉིས་སུ་གསུངས་པ་གནད་འདྲ་སྟེ། འདི་ལ་རྨ་བྱས་སོ་སོ་སྐྱེ་བོའི་བློ་ཐམས་ཅད་དང་འཕགས་པ་འོག་མ་གསུམ་གྱི་རྗེས་ཐོབ་ནི་བློ་འཁྲུལ་པ་དང་། འཕགས་པ་འོག་མ་གསུམ་གྱི་མཉམ་གཞག་དང་། སངས་རྒྱས་ཀྱི་ཡེ་ཤེས་ནི་བློ་མ་འཁྲུལ་བར་བཞེད། བཟད་པས་དེ་བཀག་ནས་སོ་སོ་སྐྱེ་བོའི་རིགས་ཤེས་དང་། འཕགས་པ་འོག་མ་གསུམ་གྱི་མཉམ་རྗེས་ཐམས་ཅད་དང་། སངས་རྒྱས་ཀྱི་ཡེ་ཤེས་རྣམས་མ་འཁྲུལ་བ་ཡིན་ལ། དེ་ལས་གཞན་པའི་བློ་ཐམས་ཅད་འཁྲུལ་པ་ཡིན་པར་འདོད་དོ། །འོན་ཀྱང་འཇུག་པར་བཤད་པའི་མཐོང་བ་ཡང་དག་པ་ནི་འཕགས་པའི་མཉམ་གཞག་དང་། མཐོང་བ་བརྫུན་པ་ནི་བདེན་འཛིན་གྱི་མ་རིག་པས་བསླད་པའི་བློ་ཡིན་པར་བཤད་པས། སོ་སྐྱེའི་རིགས་ཤེས་དང་། འཕགས་པ་འོག་མའི་རྗེས་ཐོབ་དེ་ཉིད་དངོས་མིན་ཀྱང་སོ་སྐྱེའི་རིགས་ཤེས་ནི་དགག་བྱ་བདེན་པ་བཀག་པའི་ཆ་ནས། མཐོང་བ་ཡང་དག་པའི་ཁོངས་སུ་བསྡུ་ཞིང་། འཕགས་པ་འོག་མའི་རྗེས་ཐོབ་ཀུན་རྫོབ་འཛིན་སྟངས་ཀྱི་གཙོ་བོར་བྱེད་པས། མཐོང་བ་བརྫུན་པའི་ཁོངས་སུ་བསྡུ་བ་གསལ་ཏེ། ཀུན་རྫོབ་ལ་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་གཉིས་སུ་དབྱེ་བ་དེ། སོ་སྐྱེའི་བདེན་འཛིན་དང་འཕགས་པ་འོག་མའི་རྗེས་ཐོབ་ཀྱི་སྒོ་ནས་དབྱེ་བར་གསུངས་པའི་ཕྱིར་རོ། །སོ་སྐྱེའི་མྱུ་གུ་བདེན་མེད་དུ་རྟོགས་པའི་རིགས་ཤེས་བསྟན་པ་དོན་དམ་རྟོགས་པའི་ཆ་ནས་མ་འཁྲུལ་པའི་ཁོངས་སུ་བསྡུ་ཡང་། དངོས་ཡུལ་ཀུན་རྫོབ་བདེན་པ་ཡིན་པས་འཕགས་པའི་མཉམ་གཞག་ལ་ལྟོས་ན་ནི་འཁྲུལ་ཤེས་ཡིན་ནོ། །གཉིས་པ་ནི། འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། དོན་དམ་བདེན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཡང་ཡུལ་མ་ཡིན་པར་གསུངས་ཤིང་། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་པའི་མདོ་བདེན་གཉིས་རང་འགྲེལ་དང་། ཚིག་གསལ་འཇུག་པ་རྣམས་སུའང་དྲངས་པས་ཡུལ་ཡུལ་ཅན་གཉིས་སུ་སྣང་བའི་ཡུལ་དང་ཡུལ་ཅན་ཐམས་ཅད་ནི་ཀུན་རྫོབ་བདེན་པ་དང་། འཕགས་པའི་མཉམ་གཞག་གིས་གཉིས་སྣང་ནུབ་པའི་ཚུལ་གྱིས་ཉམས་སུ་མྱོང་བར་བྱ་བའི་སྤྲོས་བྲལ་ནི་དོན་དམ་པའི་བདེན་པའོ། །འོན་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པ་ལྟ་བུ་འཆད་པ་པོའི་སྒྲས་བསྟན་པ་དང་། ཉན་པ་པོས་ཐོས་བསམ་གྱིས་ཡུལ་དུ་བྱས་པའི་བདེན་པ་གཉིས་ནི། ཡུལ་ཅན་གྱི་བློ་དེ་ལ་ལྟོས་ནས་བདེན་གཉིས་སོ་སོར་གཞག་ཏུ་རུང་ཡང་། འཕགས་པའི་མཉམ་གཞག་ལ་ལྟོས་ནས་གཉིས་ཀའང་ཀུན་རྫོབ་ཡིན་ནོ། །གསུམ་པ་ནི། འཇིག་རྟེན་པ་བརྫུན་པ་བསླུ་བའི་ཆོས་ཅན་ལ་ཀུན་རྫོབ་ཞེས་གྲགས་ཤིང་། ཡང་དག་པར་མི་སླུ་བ་ལ་དོན་དམ་ཞེས་གྲགས་པའི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་དབུ་མ་པ་བདེན་གཉིས་ཀྱི་རྣམ་གཞག་བྱེད་ཅིང་། དེ་དག་ངོས་གཟུང་བའི་གཞི་ནི་འཇིག་རྟེན་པ་དང་གཏན་མི་འདྲ་སྟེ། འཇིག་རྟེན་པ་ནི་ཇི་ལྟང་སྣང་བའི་དངོས་པོ་འདི་དག་གི་ནང་ནས་ཁ་ཅིག་ནི་བརྫུན་པ་བསླུ་བའི་ཆོས་ཅན་དུ་མཐོང་བས་ཀུན་རྫོབ་ཏུ་འདོད་དེ། དབང་པོ་སྐྱོན་ལྡན་གྱི་ཤེས་པ་ཡུལ་དང་བཅས་པ་རྣམས་སོ། །ཕལ་ཆེར་ནི་ཡང་དག་པར་མི་སླུ་བར་ཞེན་ནས་དོན་དམ་དུ་སྒྲོ་འདོགས་ཏེ་དབང་པོ་སྐྱོན་མེད་ཀྱི་ཤེས་པ་ཡུལ་དང་བཅས་པ་རྣམས་སོ། །འཇིག་རྟེན་པའི་དོན་དམ་དེ་ཉིད་ལ་དབུ་མ་པའི་རིགས་པས་རྣམ་པར་དཔྱད་པ་ན། བརྫུན་པ་བསླུ་བའི་ཆོས་ཅན་དུ་གྲུབ་པས་འཇིག་རྟེན་པའི་དོན་དམ་དང་ཀུན་རྫོབ་གཉིས་ཀའང་དབུ་མ་པའི་ཀུན་རྫོབ་ཡིན་ལ། དེ་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་མཐར་ཐུག་དཔྱོད་པའི་རིགས་ངོའམ། འཕགས་པའི་མཉམ་གཞག་གི་ངོར་ཡང་དག་པར་མི་སླུ་བར་གྲུབ་པས་དབུ་མ་པའི་དོན་དམ་སྟེ། མདོ་ལས། དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ། འདི་ལྟ་སྟེ་མི་སླུ་བའི་ཆོས་ཅན་ནོ། །ཞེས་དང་ཚིག་གསལ་དུ་མདོ་དྲངས་པ་ལས། དགེ་སློང་དག་འདུས་བྱས་བསླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ལ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ་ཞེས་དང་། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོགས་པར་བྱེད། །ཅེས་དང་། འགྲེལ་པར། དེའི་རང་བཞིན་མིན་པ་ཉིད་ཀྱིས་ན། །འདུ་བྱེད་ཐམས་ཅད་བརྫུན་པ་སྟེ། །བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར། །སྨིག་སྒྱུའི་ཆུ་བཞིན་ནོ་གང་ཞིག་བདེན་པ་དེ་ནི་བསླུ་བའི་ཆོས་ཅན་མ་ཡིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ། །ཞེས་དང་། བཞི་འགྲེལ་ལས། རང་བཞིན་སྟོང་པ་ཉིད་དུ་གང་བཤད་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདའ་བར་གསུངས་སོ། །ཞེས་དང་། སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཅིང་དེའང་བསླུ་བ་མེད་པ་ཉིད་ཀྱིས་དོན་དམ་པའི་བདེན་པ་ཡིན་ལ་ཞེས་དང་། འཇུག་འགྲེལ་ལས། ཀུན་རྫོབ་ཀྱི་བདེན་པ་ནི་བསླུ་བར་བྱེད་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་ནོ་ཞེས་གསུངས་པས་སོ། །དེས་ན་འཇུག་འགྲེལ་ལས། སོ་སོ་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །ཞེས་པ་ལྟར་འཇིག་རྟེན་པའི་དོན་དམ་དབུ་མ་པའི་ཀུན་རྫོབ་ཡིན་པ་ནི་ཐལ་འགྱུར་བའི་ཁྱད་ཆོས་ཏེ། འདིའི་དབང་དུ་མཛད་ནས་འཕགས་པའི་ལུང་བདེན་གཉིས་ཀྱི་འགྲེལ་པར་དྲངས་པ་ལས། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱི་ཀུན་རྫོབ་སྟེ། །གཞན་གྱིས་མར་འདོད་གང་ཡིན་དེ། །གཞན་གྱིས་ཆུང་མར་འདོད་པ་བཞིན། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས་ཀྱང་། ཚངས་སོགས་འཇིག་རྟེན་འདི་ལ་ནི། །བདེན་པར་རབ་ཏུ་གང་སྣང་བ། །དེ་ནི་འཕགས་ལ་བརྫུན་ཞེས་གསུངས། །འདི་ལས་གཞན་ལྟ་ཅི་ཞིག་ལུས། །ཞེས་གསུངས་པའི་དགོངས་པ་བླ་ན་མེད་པའོ། །བཞི་པ་ནི་རང་རྒྱུད་པའི་སློབ་དཔོན་དག་གིས་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བའི་དོན་དམ་དབུ་མའི་ཀུན་རྫོབ་ཏུ་སྨྲ་བ་ནི་མི་འཐད་དེ། དེ་དག་གི་དོན་དམ་ནི་འཇིག་རྟེན་ན་སྣང་བ་ལས་བརྒལ་བས་ཀུན་རྫོབ་ཏུ་མི་རུང་ལ། དེ་ཁོ་ན་ཉིད་སྐྱེ་མེད་མ་ཡིན་པས་དོན་དམ་དུའང་མི་རུང་བའི་ཕྱིར་ཏེ། འཇུག་འགྲེལ་ལས། དེའི་ཕྱིར་ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ། །ཞེས་གང་སྨྲས་པ་གང་ཡིན་པ་དེ་ནི། དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཡང་གང་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས། གང་དོན་དམ་པར་སྨྲས་པ་དེ། དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དོན་གྱི་དེ་ཉིད་ཡོངས་སུ་མ་ཤེས་པ་དེ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི། འཇིག་རྟེན་པའི་ཆོས་དང་མཚུངས་པར་མི་རིགས་པའི་ཕྱིར་ཏེ། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ། །ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་ལ་གཉིས་ཏེ། ཀུན་རྫོབ་བདེན་པའི་མཚན་གཞི་དང་། དོན་དམ་བདེན་པའི་མཚན་གཞིའོ། །དང་པོ་ནི་ཤེར་ཕྱིན་གྱི་མདོ་ལས། ཆོས་ཐམས་ཅད་ནི་སྦྱིན་པའི་ངང་ཚུལ་ཅན་ཏེ། ཞེས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་བཏགས་པ་ཙམ་ལ་སློབ་པར་བྱའོ། །ཞེས་གསུངས་ཏེ། འདི་ལ་ཀུན་རྫོབ་ཀྱི་རང་བཞིན་ངོས་གཟུང་བ་དང་། དེ་ལ་རྒྱུན་བསྒྲུབ་པ་དང་། རྒྱུན་ལ་ལས་འབྲས་འཇོག་པའི་ཚུལ་དང་གསུམ་ལས། དང་པོ་ལའང་གསུམ་སྟེ། དངོས་པོར་སྨྲ་བས་དོན་དམ་དུ་འདོད་པར་དགག དབུ་མ་པར་རློམ་པའི་ལུགས་གཞན་དགག གནད་ཀྱི་དོན་ངོས་གཟུང་བའོ། །དང་པོ་ནི། འོ་ན་འཇིག་རྟེན་ན་མེ་དང་ཆུ་ལ་སོགས་པར་སྣང་བ་འདི་གང་ཞེ་ན་འདི་ལ་བྱེ་བྲག་ཏུ་སྨྲ་བས། བློ་ལ་མ་ལྟོས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་ཕྱི་དོན་དངོས་སུ་འདོད་དོ། །དེ་ནི་མི་འཐད་དེ། ཡུལ་ཅན་གྱི་བློ་དང་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར་རོ། །མདོ་སྡེ་པས་ཕྱི་རོལ་དོན་གྱིས་རང་ངོས་ནས་གཏད་པའི་རྣམ་པ་ཡིན་པས་ཤེས་པ་ཡིན་ལ། གཏོད་བྱེད་ཀྱི་ཕྱི་དོན་ལྐོག་ན་མོའི་ཚུལ་གྱིས་ཡོད་དོ། །ཞེས་འདོད་པའང་མི་རིགས་ཏེ། མེ་ལ་སོགས་པའི་དོན་དངོས་ཡིན་པ་ལ་གནོད་བྱེད་མེད་ཅིང་། དེའི་འབྲས་བུར་གྱུར་པའི་ཤེས་པ་ཡིན་པ་ལས་སྒྲུབ་བྱེད་མེད་པའི་ཕྱིར་རོ། །རྣམ་བདེན་པ། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཞེས་སོགས་ཀྱི་ལུང་དང་རིག་པའམ་གསལ་བ་ཡིན་པའི་ཕྱིར་ཞེས་པའི་རིག་པས་དབང་ཤེས་ལ་དོན་དུ་སྣང་བ་ནི་ཤེས་པ་ཡིན་ཞིང་། དེ་ཡང་གཏོང་བྱེད་ཕྱི་དོན་མེད་པར་བག་ཆགས་ཀྱི་དབང་གིས་ཡུལ་དུ་སྣང་བ་ཡིན་ནོ། །ཞེས་ཟེར་བ་མི་འཐད་དེ། ལུང་དྲང་དོན་ཡིན་པའི་ཕྱིར་དང་། རིག་བྱ་དང་གསལ་བྱ་རྟགས་སུ་བཀོད་ན་མ་ངེས། རིག་བྱེད་གསལ་བྱེད་རྟགས་སུ་བཀོད་ན་མ་གྲུབ་པའི་ཕྱིར་དང་། ཕྱི་རོལ་གྱི་ངོ་བོར་སྣང་གི སིམ་གདུང་ལ་སོགས་པའི་ངོ་བོར་མི་སྣང་བའི་ཕྱིར་རོ། །རྣམ་རྫུན་པས། ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། ཡོད་པ་མ་ཡིན་དོན་སྣང་ཕྱིར། །ཞེས་པའི་ལུང་དང་རིགས་པས་ཤེས་པ་ལ་ཁ་ཕྱིར་ལྟས་དོན་དུ་སྣང་བ་ནི་དོན་ཤེས་གཉིས་ཀ་མ་ཡིན་པས་འཁྲུལ་བའི་སྣང་བ་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་འདྲ་བར་འདོད་པ་དེའང་མི་རིགས་ཏེ། བདེ་སྡུག་སིམ་གདུང་གི་དོན་བྱེད་པར་སྣང་བས་དངོས་པོར་འཇོག་པ་ལྟར། མེ་ཆུ་ཡང་ཚ་གྲང་གི་དོན་བྱེད་པར་མཐོང་བས་དངོས་པོར་ཁས་ལེན་དགོས་པའི་ཕྱིར་དང་། མཐོང་ཡང་གཅིག་དུ་བྲལ་གྱི་རྣམ་པར་དཔྱད་ན་མི་རྙེད་པ་ལྟར། ཤེས་པའང་དུས་ཀྱི་ཆ་ཤས་ཀྱིས་རྣམ་པར་དཔྱད་ན་མི་རྙེད་པར་མཚུངས་པའི་ཕྱིར་རོ། །དེ་ལྟར་དངོས་པོར་སྨྲ་བ་དག་ནི་ཤིང་ཐོག་དོན་དུ་གཉེར་བས་ཤིང་སྡོང་ལ་འཛེགས་ཏེ་ཡལ་ག་སྔ་མ་བཏང་ནས་ཕྱི་མ་མ་བཟུང་ན་ཤིང་ཐོག་མ་ཐོབ་པར་གཡང་ས་ཆེན་པོར་ལྷུང་བ་བཞིན་དུ། གནག་རྫི་ཡན་ཆད་ལ་གྲགས་པའི་འཇིག་རྟེན་གྱི་དངོས་པོ་དོར་ཞིང་། བདག་དང་ཆོས་གཞན་དུ་བཏགས་པས་དེ་ཁོ་ན་ཉིད་ཀྱང་མ་བཟུང་ཞིང་ལྟ་བ་ངན་པའི་རི་སུལ་དུ་ལྷུང་སྟེ་བདེན་པ་གཉིས་ལས་ཉམས་པས་འབྲས་བུ་མི་འཐོབ་པ་ཡིན་ནོ། །ཞེས་སློབ་དཔོན་ཟླ་བས་བཤད་དོ། །གཉིས་པ་དབུ་མ་པར་རློམ་པའི་ལུགས་གཞན་དགག་པ་ལ་བཞི་སྟེ། ཀུན་རྫོབ་ཐམས་ཅད་འཇིག་རྟེན་པའི་ལུགས་སུ་འདོད་པ་དགག་པ། བདེན་གཉིས་སྐྱེ་འཕགས་སོ་སོའི་ལུགས་སུ་འདོད་པ་དགག་པ། ཀུན་རྫོབ་ཡོད་མིན་མེད་མིན་དུ་འདོད་པ་དགག་པ། བཏགས་དོན་མེད་པའི་བཏགས་པ་ཡོད་པ་དགག་པའོ། །དང་པོ་ནི། དབུ་མ་པར་རློམ་པ་ཁ་ཅིག དབུ་མ་པ་ལ་རང་ལུགས་ཀྱི་ཁས་བླངས་ཅི་ཡང་མེད་དེ་དབུ་མ་པ་ནི་འཕགས་པའི་གང་ཟག་ཡིན་ལ་དབུ་མ་ནི་དེའི་མཉམ་གཞག་ཡིན་པས་དེའི་མཉམ་གཞག་གི་ངོ་ན་སྤྲོས་པ་ཐམས་ཅད་ཞི་བས་སོ། །དེས་ན་གཞུང་འདིར་བཀོད་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ཐམས་ཅད་ནི་འཇིག་རྟེན་པའི་ལུགས་བཀོད་པ་ཙམ་སྟེ། བཞི་བརྒྱ་པར། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་དང་། འཇུག་པར། འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་དང་། འཇུག་འགྲེལ་ལས། ཡོད་པ་མིན་ཡང་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བརྗོད་པ་ཡིན་ཏེ། དེ་རྗེས་སུ་བརྗོད་པ་ནི་དེ་ཟློག་པའི་ཐབས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་གསུངས་པ་ལྟ་བུའོ་ཞེས་དང་། ཡང་དེ་ཉིད་ལས། གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །ཞེས་དང་། དངོས་པོ་ཀུན་རྫོབ་པ་སྨིག་རྒྱུའི་ཆུ་དང་འདྲ་བ་རྣམས་ནི་འཇིག་རྟེན་པའི་ཕྱིན་ཅི་ལོག་ཁས་བླངས་ནས་རྐྱེན་ཉིད་འདི་པ་ཙམ་དུ་ཁས་བླངས་པ་ཁོ་ནས་གྲུབ་པ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །ཞེས་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པར། བྱིས་པའི་སྐྱེ་བོའི་རྟོག་པའི་དབང་དུ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཡོད་དེ། ཞེས་གསུངས་པར་ཞེས་འདོད་དོ། །དེ་ལ་འཇིག་རྟེན་པའི་དོན་གང་ཡིན་ཞེས་འདྲི། དེ་ལ་ཁ་ཅིག གྲུབ་མཐས་བསྒྱུར་བའི་དངོས་སྨྲ་བ་རྣམས་ནི་བདེན་པ་གཉིས་ཀ་ལས་ཉམས་པའི་ཕྱིར་འཇིག་རྟེན་ནི་གྲུབ་མཐའ་ལ་གཏན་མ་ཞུགས་པའི་འཇིག་རྟེན་ཐ་མལ་པ་རྣམས་ཡིན་པས་དེ་ལ་གྲགས་པ་རྣམས་གཞུང་འདིར་བཀོད་པའོ་ཞེ་ན། འོ་ན་གཞུང་འདིར་བཤད་པའི་སེམས་བསྐྱེད་པ་བཅུ་ལ་སོགས་པ་ཐེག་པ་གསུམ་གྱི་ས་ལམ་དང་འབྲས་བུ་སྐུ་དང་ཡེ་ཤེས་དང་ཕྲིན་ལས་ལ་སོགས་པ་རྣམས་ནི་གཞི་མ་གྲུབ་པར་འགྱུར་ཏེ། དབུ་མ་པ་ལ་ནི་རང་ལུགས་མེད་པས་དེའི་ལུགས་མ་ཡིན། དངོས་པོར་སྨྲ་བ་རྣམས་ནི་བདེན་པ་གཉིས་ཀ་ལས་ཉམས་པས་དེའི་ལུགས་ཀྱང་མ་ཡིན། འཇིག་རྟེན་ཐ་མལ་པ་ལ་ནི་ཅུང་ཟད་ཀྱང་མ་གྲགས་པས་དེའི་ལུགས་ཀྱང་མ་ཡིན་པའི་ཕྱིར། གལ་ཏེ་དེ་རྣམས་འཇིག་རྟེན་པ་ལ་དངོས་སུ་གྲགས་ཟིན་པ་མིན་ཀྱང་། གྲགས་སུ་རུང་བས་འཇིག་རྟེན་པའི་ལུགས་ཏེ། འཇིག་རྟེན་པའང་ནམ་ཞིག་ལམ་དེ་དང་དེ་ལ་ཞུགས་པ་ན་གྲགས་པར་འགྱུར་བས་སོ། །ཞེ་ན། དེ་ལྟར་ན་ཕྱི་ནང་གི་གྲུབ་མཐའ་སྨྲ་བས་བཏགས་པའི་བདག་དང་གཙོ་བོ་དང་། རྡུལ་དང་ཤེས་པ་བདེན་པ་བ་རྣམས་ཀྱང་འཇིག་རྟེན་པའི་ལུགས་སུ་ཐལ་ཏེ། ད་ལྟ་དངོས་སུ་གྲགས་ཟིན་པ་མེད་ཀྱང་ནམ་ཞིག་གྲུབ་མཐའ་དེ་དང་དེ་ལ་ཞུགས་པ་ན་གྲགས་པར་འགྱུར་བར་མཚུངས་པའི་ཕྱིར་རོ། །འདོད་ན། དེ་རྣམས་འཇིག་རྟེན་པའི་ལུགས་ལས་ཉམས་པར་གཞུང་ལས་བཤད་ཅིང་། ཁྱེད་རང་ཡང་འདོད་པ་དང་འགལ་ལོ། །གཞན་དག་འཇིག་རྟེན་ནི་མནར་མེད་པ་དང་སྲིད་རྩེའི་བར་དང་། ཆོས་མཆོག་ཆེན་པོའི་བར་གྱི་གང་ཟག་རྣམས་ཡིན་ལ། གང་ཟག་དེ་རྣམས་གྲུབ་མཐའ་ལ་ཞུགས་པའམ་མ་ཞུགས་པ་སུ་ཡིན་ཀྱང་སླ་སྟེ། དེ་རྣམས་ཀྱིས་ཐོག་མེད་ནས་གོམས་པའི་བློ་ནི་གྲུབ་མཐས་མ་བསྒྱུར་བ་ཡིན་ཞིང་། བློ་དེ་ལ་ཇི་ལྟར་སྣང་བ་དབུ་མའི་གཞུང་དུ་བཀོད་པའོ་ཞེ་ན། དེའང་མི་འཐད་དེ། འདིར་བཤད་པའི་གཞི་བདེན་པ་གཉིས་དང་། ལམ་མཐའ་དང་བྲལ་བའི་རྟེན་འབྲེལ་ལ་སོགས་པ་འཕགས་པའི་སྤྱོད་ཡུལ་ཡིན་གྱི། སོ་སོ་སྐྱེ་བོས་ཐོག་མེད་ནས་གོམས་པའི་བློའི་སྤྱོད་ཡུལ་མ་ཡིན་པར་གསུངས་པའི་ཕྱིར་ཏེ། འཇུག་འགྲེལ་ལས། དེའི་རང་གི་ངོ་བོ་ནི་མ་རིག་པའི་ལིང་ཐོག་མཐུག་པོས་བློའི་མིག་མ་ལུས་པར་ཁེབས་པ་བདག་ཅག་གི་ཡུལ་དུ་ཉེ་བར་འགྲོ་བ་མ་ཡིན་གྱི་དྲུག་པ་ལ་སོགས་པ། ས་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དུ་ནི་འགྱུར་བ་ཡིན་ཏེ་ཞེས་དང་། ཁོ་བོ་ཅག་ནི་རྣལ་འབྱོར་པ་རྣམས་ཀྱིས་དངོས་པོ་དེ་དག་འདི་ལྟར་གཟིགས་ཤིང་། གཞན་གང་དག་རྣལ་འབྱོར་པའི་ཡེ་ཤེས་ཐོབ་པར་འདོད་པ་དེ་དག་གིས་ཀྱང་ཆོས་ཀྱི་རང་བཞིན་དེ་སྐད་བཤད་པ་ལ་ལྷག་པར་མོས་པར་བྱའོ། །ཞེས་ལུང་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པའི་སྒོ་ནས་དངོས་པོ་རང་བཞིན་མེད་པར་འཆད་པར་ཞུགས་པ་ཡིན་གྱི། རང་གི་ཤེས་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། ཞེས་གསུངས་པས་སོ། །གལ་ཏེ་དེ་དག་དོན་དམ་བདེན་པ་ཁོ་ནའི་དབང་དུ་བྱས་སོ་སྙམ་ན། དེའང་མ་ཡིན་ཏེ། ཀུན་རྫོབ་རྟེན་འབྲེལ་སྒྱུ་མ་ལྟ་བུར་རྣམ་པར་གཞག་པ་ནི་དེ་ལྟ་བུའི་དོན་དམ་བདེན་པ་རྟོགས་པས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཡང་ལ་ལ་དག་འཇིག་རྟེན་ནི་མནར་མེད་པ་ནས་ས་བཅུ་པའི་བར་མ་རིག་པ་དང་བཅས་པའི་གང་ཟག་མཐའ་དག་ཡིན་ལ། གང་ཟག་དེ་རྣམས་ལས་ཀུན་བཏགས་ཀྱི་ལྟ་བས་གསར་དུ་བཏགས་པ་ནི་ཐ་སྙད་དུའང་མེད་པས་གཞུང་འདིར་བཤད་པའི་རྣམ་གཞག་རྣམས་ནི་གང་ཟག་དེ་རྣམས་ལ་ཐོག་མེད་ནས་ཡོད་པའི་ལྷན་སྐྱེས་ཀྱི་མ་རིག་པའི་དབང་གིས་གཞི་དང་ལམ་དང་འབྲས་བུ་ཅི་རིགས་པ་རང་གི་ངང་གིས་འབད་མེད་དུ་སྣང་བ་རྣམས་ཏེ། སོ་སྐྱེ་ལ་མི་སྣང་བ་རྣམས་ཀྱང་འཕགས་པ་ལ་སྣང་བས། རྣམ་གཞག་ཐམས་ཅད་རུང་སྙམ་ན་དེའང་མི་རུང་སྟེ། འཕགས་པའི་མཉམ་གཞག་གི་ངོ་ན་ནི་གཞི་ལམ་འབྲས་བུའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བས་གང་ཡང་མ་གྲུབ་ལ། རྗེས་ཐོབ་ཏུ་གཞི་ལམ་འབྲས་བུའི་རྣམ་གཞག་སྣང་བ་དེ་ཡང་། ལྷན་སྐྱེས་ཀྱི་མ་རིག་པའི་དབང་ཁོ་ནས་སྣང་ན། དེ་དག་སོ་སྐྱེ་ཐ་མལ་པ་ལའང་སྣང་བར་ཐལ་བའི་ཕྱིར་རོ། །གཉིས་པ་ནི་ཁ་ཅིག་དབུ་མ་པ་ལ་ནི། རང་ལུགས་ཀྱི་བདེན་གཉིས་ཀྱི་རྣམ་གཞག་མེད་ལ་གཞུང་འདིར་བཀོད་པའི་དོན་དམ་ནི་འཕགས་པའི་ལུགས་ཏེ། དོན་དམ་ལ་འཕགས་པ་འབའ་ཞིག་ཚད་མ་ཡིན་གྱི་སོ་སྐྱེ་ཚད་མ་མིན་པས་སོ། །ཀུན་རྫོབ་ནི་སོ་སྐྱེའི་ལུགས་ཏེ། ཀུན་རྫོབ་ནི་གཏི་མུག་འབའ་ཞིག་གིས་སྣང་ལ། དེའང་མིག་དག་པ་ལ་རབ་རིབ་ཅན་གྱི་སྐྲ་ཤད་མི་སྣང་བ་བཞིན་དུ་གཏི་མུག་དང་བྲལ་བའི་འཕགས་པ་རྣམས་ལ་མི་སྣང་སྟེ། ཚིག་གསལ་ལས། གང་ཞིག་བརྫུན་པའམ་བརྫུན་པ་མ་ཡིན་པར་འགྱུར་བ་འཕགས་པ་རྣམས་ཀྱིས་ནི་ཅུང་ཟད་ཀྱང་གཟིགས་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་དོན་དམ་འཕགས་པ་དང་། ཀུན་རྫོབ་སོ་སྐྱེའི་རྗེས་སུ་འབྲངས་ནས་སྨྲས་པ་ཙམ་དུ་ཟད་དེ། འཇུག་འགྲེལ་ལས། དོན་དམ་པ་ནི་དོན་དམ་པ་གཟིགས་པ་རྣམས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི་ཞེས་དང་། གཞན་ནི་སོ་སོའི་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱིས་མཐོང་བ་བརྫུན་པའི་སྟོབས་ལས་བདག་གི་ཡོད་པ་རྙེད་པ་ཡིན་ཞེས་དང་། བཞི་འགྲེལ་ལས། གང་གི་ཚེ་འཇིག་རྟེན་པའི་དངོས་པོ་བཤད་པར་འདོད་པ་དེའི་ཚེ་ཕྱི་དང་ནང་གི་དོན་གྱི་དབྱེ་བས་ཕུང་པོ་ལྔ་ཆར་ཡང་འཇིག་རྟེན་པའི་རྟོག་པ་ཚད་མར་བྱས་ཏེ་ཁས་བླང་བར་བྱའོ། །གང་གི་ཚེ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་བཤད་པར་འདོད་པ་དེའི་ཚེ་ཡེ་ཤེས་ལ་ལྟོས་ནས་ཕུང་པོ་ལྔ་ཆར་ཡང་རང་བཞིན་གྱིས་སྟོང་པར་བཤད་པར་བྱའོ། །དེ་ལས་གཞན་དུ་གང་རུང་གཅིག་མི་འདོད་པའི་རྒོལ་བས་ནི་དེ་ཁོ་ན་ཉིད་དང་འཇིག་རྟེན་པའང་བཤད་པར་མི་འགྱུར་ཞེས་དང་། གལ་ཏེ་སེམས་དང་སེམས་ལས་བྱུང་བ་རྣམས་ཡོད་ན་ནི། དེའི་ཚེ་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་ཀྱང་ཡོད་དེ། འཇིག་རྟེན་མཐའ་དག་ལ་གྲགས་པའི་ཕྱིར་རོ། །ཅི་སྟེ་བུམ་པ་དང་སྣམ་བུ་ལ་སོགས་པ་དེ་རྣམ་པར་དཔྱད་པ་ན་མེད་ན་ནི་དེའི་ཚེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མེད་པར་འགྱུར་ཏེ། གཉིས་ཀའང་རིགས་པ་དང་བྲལ་བའི་ཕྱིར་རོ། །ཞེས་བཤད་པས་སོ། །ཞེ་ན། དེའང་མི་མཚུངས་ཏེ། འཕགས་པའི་མཉམ་གཞག་གི་དོན་ནི་དོན་དམ་ཡོད་མེད་ཀྱི་སྤྲོས་པ་ཞི་བས་དོན་དམ་གྱི་ཐ་སྙད་མི་འགྲུབ་ལ། ཀུན་རྫོབ་ནི་འཁྲུལ་སྣང་ཡིན་པས་དེའི་ཡུལ་དུ་དོན་དམ་མི་འགྱུར་བས་དོན་དམ་མ་གྲུབ་པའི་སྐྱོན་ཡོད་ཅིང་། ཀུན་རྫོབ་ཀྱང་མ་གྲུབ་པའི་སྐྱོན་ཡོད་དེ། སོ་སོ་སྐྱེ་བོའི་གཏི་མུག་དེས་ཀུན་རྫོབ་དེ་ཀུན་རྫོབ་ཡིན་པར་གྲུབ་བམ་མ་གྲུབ། མ་གྲུབ་ན་ཀུན་རྫོབ་ཡིན་པར་སུས་ཀྱང་མ་གྲུབ་པར་འགྱུར་ཏེ། འཕགས་པ་ལ་ནི་ཁྱེད་ལྟར་ན་ཀུན་རྫོབ་མི་མངའ་བས་མ་གྲུབ་ལ། སོ་སོ་སྐྱེ་བོས་ཀྱང་མ་གྲུབ་པས་སོ། །གྲུབ་ན་སོ་སྐྱེའི་གཏི་མུག་དེས་ཀུན་རྫོབ་དེ་བརྫུན་པ་བསླུ་བའི་ཆོས་ཅན་སྒྱུ་མ་ལྟ་བུར་གྲུབ་པར་ཐལ། དེས་ཀུན་རྫོབ་དེ་ཀུན་རྫོབ་ཡིན་པར་གྲུབ་པའི་ཕྱིར། ཁྱབ་སྟེ། ཚིག་གསལ་དུ་མདོ་དྲངས་པ་ལས། འདི་དག་ནི་བསླུ་བར་བྱེད་པའི་ཆོས་ཅན་ནོ། །འདི་དག་ནི་བརྫུན་པ་སྒྱུ་མ་བྱིས་པ་འབྲིད་པའོ། །ཞེས་གསུངས་པས་སོ། །གསུམ་པ་ནི། ཕྱིས་ཀྱི་དབུ་མ་པ་ཁ་ཅིག་ཐལ་འགྱུར་བའི་ལུགས་ལ་ཀུན་རྫོབ་ཐ་སྙད་དུ་བུམ་པ་དང་སྣམ་བུ་སོགས་ཡོད་མིན་མེད་མིན་དུ་ཁས་ལེན་དགོས་ཏེ། ལུང་ནི། ཡོད་མིན་མེད་མིན་ཡོད་མེད་མིན། །ཞེས་སོགས་མཐའ་བཞིའི་སྤྲོས་པ་བཀག་པའི་ལུང་རྣམས་དང་། རིགས་པ་ནི་ཡོད་ན་རྟག་པར་འགྱུར་ཅིང་། མེད་ན་ཆད་པར་འགྱུར་བའི་ཕྱིར། རྩ་ཤེར་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་འཛིན། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་གསུངས་པས་སོ། །ཞེས་འདོད་དོ། །འདི་ལ་སྒྲུབ་བྱེད་མི་འཐད་པ་དང་། གནོད་བྱེད་ཡོད་པ་གཉིས་ལས། དང་པོ་ལ་མཐའ་བཞིའི་སྤྲོས་པ་བཀག་པའི་ལུང་རྣམས་ནི་དོན་དམ་ལ་དགོངས་པ་ཡིན་གྱི། ཀུན་རྫོབ་ལ་དགོངས་པ་མ་ཡིན་ཏེ། དོན་དམ་སྤྲོས་བྲལ་ཡིན་པའི་ཕྱིར་དང་། ཀུན་རྫོབ་སྤྲོས་བཅས་ཡིན་པའི་ཕྱིར་རོ། །རིགས་པའི་སྒྲུབ་བྱེད་ཀྱང་མི་འཐད་དེ་ཡོད་པ་ཙམ་ལ་རྟག་པས་ཁྱབ་ན། སློབ་དཔོན་འཕགས་པ་ལྷས། རེ་ཞིག་དངོས་གང་ཡོད་ན་ནི། །རྣམ་པར་འཇིག་པའི་གནས་ལ་གནས། །ཞེས་དངོས་པོར་ཡོད་ན་མི་རྟག་པས་ཁྱབ་པར་གསུངས་པ་དང་འགལ་བའི་ཕྱིར་དང་། མེད་པ་ཙམ་ལ་ཆད་པས་ཁྱབ་ན། བདག་མེད་གཉིས་ཀྱང་བདག་ཆད་པར་ཐལ་བའི་ཕྱིར་རོ། །གཞན་ཡང་འདི་ཡོད་ན་འདི་འབྱུང་ཞེས་པའི་རྟེན་འབྲེལ་ཡང་མི་འཐད་པར་འགྱུར་ཏེ། འདི་ཡོད་པ་མི་སྲིད་པའི་ཕྱིར་རོ། །གཉིས་པ་གནོད་བྱེད་ཡོད་པ་ལ་ལུང་གིས་གནོད་དེ། མདོ་ལས། བཅོམ་ལྡན་འདས་ཀྱི་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ། །ཞེས་གསུངས་པ་དང་འགལ་ཏེ། འཇིག་རྟེན་ན་ཡོད་མེད་དེ་སྟོན་པས་ཐ་སྙད་དུ་ཡོད་མེད་ལ་བཞེད་པའི་ཕྱིར་རོ། །རིགས་པའི་གནོད་བྱེད་ནི། སྣང་རུང་གི་ཆོས་མ་དམིགས་པ་ལ་མེད་ཅེས་པ་དང་། སྣང་རུང་གི་ཆོས་དམིགས་པ་ལ་ཡོད་ཅེས་པའི་ཐ་སྙད་དེ་འཇིག་རྟེན་གྱི་ཐ་སྙད་དོན་མཐུན་མ་ཡིན་པར་འགྱུར་ཏེ། ཐ་སྙད་དུ་ཡོད་མེད་གང་དུའང་ཁས་མི་བླང་བའི་ཕྱིར་རོ། །གལ་ཏེ་དེ་དག་འཇིག་རྟེན་གྱི་ཐ་སྙད་ཡིན་ཡང་དབུ་མ་པས་ཁས་མི་ལེན་ནོ་སྙམ་ན། སྔར་གྱི་མདོ་དེ་ཉིད་དང་འགལ་ཞིང་། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཞེས་པའང་རང་ལས་ལོག་པར་འགྱུར་རོ། །གྲགས་པ་དང་འགལ་བ་ནི་དབུ་མ་ཐལ་འགྱུར་བ་ཞིག་ལ་ཕྱི་རོལ་ནས་གཞན་ཞིག་གིས་ཁྱོད་ལ་མེ་ཡོད་དམ། ཆུ་ཡོད་དམ་ཞེས་དྲིས་པའི་ཚེ། དེ་དག་ཡོད་ན་ཡོད་ཅེས་དང་། མེད་ན་མེད་ཅེས་སྨྲ་བར་མཐོང་གི མེ་དང་ཆུ་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་སྨྲ་བར་མ་མཐོང་ཞིང་། སྨྲ་ན་ཡང་ཀླན་ཀའི་ཚིག་ཏུ་འགྱུར་གྱི་འཇིག་རྟེན་ན་གྲགས་པའི་དོན་གང་ཡང་མི་འགྲུབ་པའོ། །བཞི་པ་ནི། ཕྱིས་ཀྱི་དབུ་མ་པ་ཁ་ཅིག དངོས་འགལ་གཅིག་རྣམ་བཅད་ལ་ཁེགས་ན་གཅིག་ཤོས་ཡོངས་གཅོད་ལ་གྲུབ་པས། བདེན་པ་གཉིས་ཆར་དུའང་ཡོད་མིན་མེད་མིན་གཞི་གཅིག་ལ་མི་སྲིད་དོ། །དེས་ན་འདི་ནི་ལྷ་སྦྱིན་ནོ་འདི་ནི་མཆོད་སྦྱིན་ནོ་ཞེས་སོགས་གང་ཟག་དང་། འདི་ནི་ལྷ་སྦྱིན་གྱི་རྣ་བའོ། །ཞེས་སོགས་ཆོས་ཀྱི་ཐ་སྙད་ཐམས་ཅད་མིང་གིས་བཏགས་པ་ཙམ་ཡིན་གྱིས། བཏགས་པའི་དོན་དེ་བཙལ་ན་མི་རྙེད་པ་དེ་ཐལ་འགྱུར་པའི་ལུགས་ཐུན་མོང་མ་ཡིན་པ་ཡིན་པས་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་མིང་གིས་བཏགས་པ་ཙམ་ཡོད་ཀྱི། བཏགས་པའི་དོན་ནི་མེད་དོ་ཞེས་སྨྲའོ། །དེ་ལ་དོན་དམ་གྱི་དབང་དུ་བྱས་ནས་ཡོད་མིན་མེད་མིན་ཁས་མི་ལེན་པ་ནི་འོག་ཏུ་འགོག་ལ་ཀུན་རྫོབ་ཐ་སྙད་ལའང་སྣང་རུང་གི་ཆོས་རྣམས་ལ་ཡོད་མེད་དང་ཡིན་མིན་སོ་སོར་ཕྱེ་དགོས་པ་ནི་སྔར་བཤད་ལྟར་ཡིན་ཅིང་། སྣང་མི་རུང་གི་ཆོས་ལ་དངོས་འགལ་གཅིག་རྣམ་བཅད་ལ་ཁེགས་པས་གཅིག་ཤོས་ཡོངས་གཅོད་ལ་གྲུབ་པའི་ངེས་པ་མེད་དེ། གཞན་དུ་ན་མདུན་གྱི་གཞི་འདིར་ཤ་ཟ་ཡོད་པ་ཡིན་པར་ཐལ། དེ་མེད་པ་མ་ཡིན་པའི་ཕྱིར་རོ། །ཞེས་རང་བཞིན་གྱིས་བསྐལ་པ་དང་། དུ་བ་ལ་སོགས་པའི་གཏན་ཚིགས་མ་མཐོང་བའི་ལ་རྒྱབ་ན་མེ་ཡོད་པར་ཐལ། དེ་ན་དེ་མེད་པ་མ་ཡིན་པའི་ཕྱིར་ཞེས་ཡུལ་གྱིས་བསྐལ་པ་དང་། སང་ཉིན་གོས་སྔོན་པོ་གྱོན་པའི་ལྷ་སྦྱིན་འོང་བར་ཐལ། དེ་མི་འོང་བ་མ་ཡིན་པའི་ཕྱིར། ཞེས་དུས་ཀྱིས་བསྐལ་པ་རྣམས་ལ་ཡོད་མེད་གང་དུ་སྨྲ་ལེགས་པར་སོམས་ཤིག དེ་བཞིན་དུ་མྱུ་གུའི་དུས་ན་ས་བོན་ཡོད་པར་ཐལ། དེ་ན་དེ་མེད་པ་མ་ཡིན་པའི་ཕྱིར་ཞེས་བརྗོད་ན་ལན་ཅི་སྨྲ། འདོད་དོ་ཞེ་ན། རྒྱུ་རྟག་པར་འགྱུར་ཞིང་། མ་གྲུབ་བོ་ཞེ་ན། རྒྱུ་མེད་པར་འགྱུར་ཏེ། འཇུག་པར། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་གཅིག་ཉིད་ཡོད་མིན་དེ་ཕྱིར་ཡང་། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་གསུངས་པས་སོ། །མིང་གིས་བཏགས་པའི་དོན་བཙལ་བའི་ཚེ་ན་མི་རྙེད་ཅེས་པ་ནི། དོན་དམ་དུ་མི་རྙེད་པ་ལ་བྱེད་དམ། ཐ་སྙད་དུ་མི་རྙེད་པ་ལ་བྱེད། དང་པོ་ལྟར་ན། དེའི་ཚེ་འདོགས་བྱེད་ཀྱི་མིང་ཡང་མི་རྙེད་པས་མིང་གིས་བཏགས་པ་ཙམ་ཡོད་ལ། བཏགས་པའི་དོན་མེད་ཅེས་པ་འགལ་ཏེ། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཅེས་གསུངས་པའི་ཕྱིར་རོ། །ཕྱི་མ་ལྟར་ན། ཐ་སྙད་དུ་འདོགས་བྱེད་ཀྱི་མིང་དང་མིང་གིས་བཏགས་པར་བྱ་བའི་དོན་གཉིས་པོ་ཕན་ཚུན་ལྟོས་ནས་གྲུབ་པ་མ་ཡིན་པར་ཐལ། ཐ་སྙད་དུ་འདོགས་བྱེད་ཀྱི་མིང་ཡོད་ཅིང་མིང་གིས་བཏགས་པར་བྱ་བའི་དོན་མེད་པའི་ཕྱིར། འདོད་ན། ལས་དང་བྱེད་པ་པོ་ཕན་ཚུན་ལྟོས་ནས་གྲུབ་པ་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་གྲུབ་ཅིང་འདོད་མི་ནུས་ཏེ། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་གསུངས་པ་དེ་ཉིད། འདོགས་པོ་གདགས་བྱ་ལ་ལྟོས་ཤིང་། །གདགས་བྱ་འདོགས་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པར། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་སོགས་ཕན་ཚུན་ལྟོས་གྲུབ་ཀྱི་ཆོས་ཐམས་ཅད་ལ་སྦྱར་བར་ཀླུ་སྒྲུབ་བཞེད་པའི་ཕྱིར། གཞན་ཡང་ཤེས་བྱེད་ཀྱི་བློ་དང་ཤེས་པར་བྱ་བའི་དོན་གཉིས་ཕན་ཚུན་ལྟོས་ནས་གྲུབ་པ་མ་ཡིན་པར་ཐལ། སྔར་གྱི་འདོད་པ་དེ་ཉིད་ཀྱི་ཕྱིར། ཁྱབ་ཅིང་འདོད་མི་ནུས་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟ་ན་ནི་རིག་བྱ་དང་། །རིག་བྱེད་མེད་པ་ཅིས་མི་འདོད། །ཅེས་གསུངས་པ་དེ་ཉིད། འདོགས་པས་གདགས་བྱ་རྟོགས་པ་སྟེ། །གདགས་བྱ་མེད་པར་འདོགས་པ་མེད། །དེ་ལྟ་ན་ནི་གདགས་བྱ་དང་། །འདོགས་བྱེད་མེད་པ་ཅིས་མི་འདོད། །ཅེས་སོགས་བྱ་བྱེད་ཐམས་ཅད་ལ་མཚུངས་པར་བཞེད་པའི་ཕྱིར་རོ། །རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལ་བཏགས་པའི་མིང་དང་། བྲམ་ཟེའི་ཁྱེའུ་སེང་གེ་ཞེས་བཏགས་པའི་མིང་གཉིས་དངོས་མིང་དང་བཏགས་མིང་གི་ཁྱད་པར་མེད་པར་ཐལ། དེ་གཉིས་ཀྱིས་བཏགས་པའི་དོན་སེང་གེ་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར། ས་བོན་ལས་མྱུ་གུ་སྐྱེ་བ་དེ་ས་བོན་ལས་མྱུ་གུ་སྐྱེ་ཞེས་མིང་གིས་བཏགས་པའི་དོན་ཡིན་ནམ་མིན། ཡིན་ན་ས་བོན་ལས་མྱུ་གུ་སྐྱེ་བ་ཐ་སྙད་དུ་མེད་པར་འགྱུར། མིན་ན་དེས་ས་བོན་ལས་མྱུ་གུ་སྐྱེའོ་ཞེས་རྟོག་པས་བཏགས་པའི་དོན་མ་ཡིན་པར་འགྱུར་ཏེ། མིང་དང་རྟོག་པ་གཉིས་ཀྱིས་བཏགས་པའི་དོན་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་རོ། །འདོད་ན་ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དུ་ཁས་བླངས་པ་དང་འགལ་ལོ། །མདོར་ན་ཐ་སྙད་དུ་མིང་ཡོད་ཅིང་། མིང་གིས་བཏགས་པའི་དོན་མེད་པ་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་སྟེ། ཡབ་སྲས་ཀྱིས་གདགས་བྱ་འདོགས་བྱེད། ལས་དང་བྱེད་པ་པོ་ཉེ་བར་བླང་བྱ་དང་ཉེ་བར་ལེན་པ་པོ་སོགས་བྱ་བྱེད་ཀྱི་ཐ་སྙད་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་ཀྱང་ཕན་ཚུན་ལྟོས་ནས་གྲུབ་པར་གསུངས་པའི་ཕྱིར་ཏེ། བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མའང་ཤེས་པར་བྱ། །ཞེས་པའི་འགྲེལ་པ་ཚིག་གསལ་ལས། ཤེས་རབ་ཅན་གྱིས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཤེས་རབ་ཅན་གྱིས་ལས་དང་བྱེད་པ་པོ་དང་། ཉེ་བར་བླང་པ་དང་ཉེ་བར་ལེན་པ་པོ་ལས་ཐ་དད་པ་དངོས་པོ་གཞན་གང་དག་བསྐྱེད་བྱ་སྐྱེད་བྱེད་དང་། འགྲོ་བ་དང་། འགྲོ་བ་པོ་དང་། བལྟ་བྱ་དང་ལྟ་བྱེད་དང་། མཚན་ཉིད་དང་མཚན་གཞི་དང་། འབྱུང་བར་བྱ་བ་དང་འབྱུང་བར་བྱེད་པ་དང་། དེ་བཞིན་དུ་ཡན་ལག་དང་ཡན་ལག་ཅན་དང་། ཡོན་ཏན་དང་ཡོན་ཏན་ཅན་དང་། ཚད་མ་དང་གཞལ་བྱ་ལ་སོགས་པ་དངོས་པོ་མ་ལུས་པ་དེ་དག་ལས་དང་བྱེད་པ་པོའི་རྣམ་པར་དཔྱད་པས་ངོ་བོ་ཉིད་ཀྱིས་ཡོད་པ་དགག་སྟེ་ཕན་ཚུན་ལྟོས་པའི་གྲུབ་པ་ཉིད་ཡིན་པར་ཤེས་བྱའོ། །དེ་དག་རྣམ་པར་དཔྱད་པའང་དབུ་མ་འཇུག་པ་ལས་ངེས་པར་བྱའོ། །ཞེས་གསུངས་པས་སོ། །གལ་ཏེ་མཐར་ཐུག་དཔྱོད་པའི་རིགས་པས་བཙལ་བའི་ཚེ་མི་རྙེད་པ་ལ་བྱེད་པ་ཡིན་ན་ནི་དེའི་ཚེ་ཆོས་ཐམས་ཅད་དེ་ལྟར་ཡིན་པས། མཛོད་ཕུག་ན་དར་གྱི་ཁུག་མའི་ནང་དུ་གཏུམས་པའི་དངོས་པོ་རིལ་རིལ་གཅིག་ཡོད་པ་མཐར་ཐུག་དཔྱོད་པའི་རིགས་པས་བཙལ་ན་མི་རྙེད་པ་དེ་དབུ་མ་ཐལ་འགྱུར་པའི་ལུགས་ཐུན་མོང་མ་ཡིན་པ་ཡིན་ཀྱང་གཞན་སུས་ཀྱང་མ་རྙེད་ཅེས་པ་དང་མཚུངས་པར་སྣང་ངོ་། །ཡང་འཇུག་པའི་ཊཱི་ཀར། ས་བོན་ལས་མྱུ་གུ་སྐྱེ་ཞེས་མིང་གིས་བཏགས་པའི་དོན་བདག་ལས་སྐྱེ་བའམ་གཞན་ལས་སྐྱེ་ཞེས་ཚོལ་བ་ན་དེ་ཁོ་ན་ཉིད་ལ་དཔྱོད་པར་འཇོག་གོ་ཞེས་པ་ལྟར་ན་མཐར་ཐུག་དཔྱོད་པའི་རིག་ངོར་རྙེད་མ་རྙེད་ལ་བཞག་པར་སྣང་ཞིང་ཐལ་འགྱུར་བའི་ལུགས་ཐུན་མོང་མ་ཡིན་པར་འདོད་པ་ལྟར་ན། ཐ་སྙད་པའི་ཚད་མས་རྙེད་མ་རྙེད་ལ་བཞག་པར་སྣང་སྟེ། རྟོག་པས་བཏགས་པའི་གྲུབ་མཐའ་ལ་བྱེའུའི་མཆུ་བཞིན་དུ་གར་བཙུགས་འདིར་བཙུགས་མེད་པ་རྟེན་འབྲེལ་གྱི་ཆོས་ཉིད་དོ། །འདི་དག་གི་འཁྲུལ་གཞི་ནི་རང་རྒྱུད་པས་ཐ་སྙད་དུ་གཞན་སྐྱེ་ཁས་བླངས་པས་མྱུ་གུ་སྐྱེ་ཞེས་པའི་དོན་མཐའ་བཞིར་དཔྱད་པའི་ཚེ་གཞན་ལས་སྐྱེ་བར་ཁས་བླངས་པ་ཡིན་ལ་དེའི་ཚེ་མྱུ་གུ་སྐྱེ་ཞེས་མིང་གིས་བཏགས་པའི་དོན་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་པའི་ཚེ་ཁས་བླངས་འདུག་པས་དེ་ནི་མི་རྙེད་པ་ཐལ་འགྱུར་བའི་ལུགས་ཐུན་མོང་མ་ཡིན་པར་སྨྲས་པར་སྣང་ངོ་། །འོན་ཀྱང་གནད་མ་རྟོགས་པ་སྟེ། མཐའ་བཞི་རིགས་པས་དཔྱད་པ་ནི་རང་རྒྱུད་པས་ཀྱང་རྡོ་རྗེ་གཟེགས་མའི་རིགས་པ་ཡིན་པས་མཐར་ཐུག་དཔྱོད་པའི་རིགས་པར་ཁས་བླངས་ལ་དེའི་ཚེ་གཞན་སྐྱེ་ཁས་མི་ལེན་ཏེ། གཞན་སྐྱེ་ལ་དགག་བྱ་དོན་དམ་གྱི་ཁྱད་པར་སྦྱར་བའི་དོན་ཡང་འདི་ཡིན་པའི་ཕྱིར་རོ། །མཐའ་བཞིར་མ་དཔྱད་པའི་ཚེ་གཞན་སྐྱེ་ཁས་བླངས་ཀྱང་མཐའ་བཞིའི་ནང་ཚན་གྱི་གཞན་སྐྱེ་ཡིན་མི་དགོས་ཏེ། གཅིག་དང་དུ་མ་ཁས་བླངས་ཀྱང་། གཅིག་དུ་བྲལ་གྱི་གཏན་ཚིགས་དཔྱད་པའི་གནས་སྐབས་ཀྱི་གཅིག་དང་དུ་མ་ཡིན་མི་དགོས་པ་བཞིན་ནོ་སྙམ་དུ་སེམས་སོ། །ཐལ་འགྱུར་བས་ནི་གཞན་སྐྱེ་ཡིན་ན་མཐའ་བཞིའི་ནང་ཚན་གྱི་གཞན་སྐྱེ་ལས་མ་འདས་ཏེ་བདག་སྐྱེ་བཞིན་ནོ། །དེས་ན་ཐ་སྙད་དུ་མེད་པར་འདོད་དོ། །གཞན་ཡང་འདི་ལ་བརྗོད་པར་བྱ་བ་མང་དུ་ཡོད་མོད་ཀྱི་རེ་ཞིག་བཞག་གོ །འདི་དག་ནི་རང་ལྟ་ལ་ཆགས་ཤིང་གཞན་ལྟ་ལ་སྡང་བས་བྱས་པ་མ་ཡིན་གྱི་རྟོག་པས་རང་དགར་སྦྱར་བའི་གྲུབ་མཐའ་རེ་རེ་མཆོག་ཏུ་བཟུང་ནས་གཞུང་གི་དོན་ཐམས་ཅད་སྒྲིབ་པར་མཐོང་བས་གནད་འདི་དང་འདི་ཙམ་ཞིག་ཡོད་དོ། །རིན་ཆེན་ཕྲེང་བ་སོགས་དབུ་མའི་གཞུང་རྣམས་ལས། ཆོས་ཐམས་ཅད་རྣམ་པར་རྟོག་པས་བཏགས་པ་ཙམ་དང་། མིང་གིས་བཏགས་པ་ཙམ་དུ་གསུངས་པའི་ཙམ་སྒྲས་བཏགས་པར་བྱ་བའི་དོན་གཅོད་པར་འདོད་པ་ནི་ཕན་ཚུན་ལྟོས་གྲུབ་ཀྱི་དོན་མ་ཤེས་པ་ཡིན་ལ། འོ་ན་གང་ཞིག་གཅོད་ཅེ་ན་རྣམ་དཔྱོད་དང་ལྡན་པ་དག་རྣ་བ་ཀླགས་ཏེ་ཉོན་ཅིག གང་ཞེ་ན་དངོས་པོར་སྨྲ་བས་བུམ་པ་ཞེས་མིང་གིས་བཏགས་པའི་ཚེ་བློ་ལ་འདོགས་བྱེད་དང་གདགས་བྱ་སྣང་བ་ནི་སྒྲ་སྤྱི་དང་དོན་སྤྱི་ཡིན་པས་དངོས་ཡུལ་དངོས་པོ་མེད་ལ། ཞེན་ཡུལ་སྒྲ་རང་མཚན་པ་དང་དོན་རང་མཚན་པ་རྫས་སུ་གྲུབ་པར་འདོད་པའི་ཕྱི་མ་ཙམ་སྒྲས་བཅད་ནས་བློ་སྣང་ཙམ་གྱི་གདགས་བྱ་འདོགས་བྱེད་དང་། ཤེས་བྱ་ཤེས་བྱེད་སོགས་ཀྱི་རྣམ་བཞག་འབའ་ཞིག་ཐ་སྙད་དུ་ཁས་ལེན་པ་ནི་དབུ་མ་པའི་ལུགས་ཐུན་མོང་མ་ཡིན་པ་སྟེ། དེང་སང་ཁོ་བོ་འབའ་ཞིག་གི་སྤྱོད་ཡུལ་ལོ་ཞེས་པའི་སྒོ་ཙམ་ཞིག་བསྟན་པ་ལ་གུས་པ་དང་སེམས་ཅན་ལ་སྙིང་བརྩེ་བའི་བསམ་པས་བཤད་པའོ། །གསུམ་པ་གནད་ཀྱི་དོན་ངོས་གཟུང་བ་ནི་དབུ་མ་པ་ལ་ཀུན་རྫོབ་ཀྱི་འདོད་ཚུལ་སྔར་བཤད་པ་ལྟར་ལྔ་ཡོད་ཀྱང་འདིར་གཙོ་བོར་གྱུར་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པའི་ལུགས་གཉིས་བརྗོད་ན། ལུགས་གཉིས་མདོ་ལས་གསུངས་པའི་ཚུལ། ཀླུ་སྒྲུབ་ཀྱིས་དགོངས་པ་སོ་སོར་བཀྲལ་བའི་ཚུལ། གདུལ་བྱའི་ངོས་ནས་གཉིས་སུ་འགྱུར་བའི་ཚུལ། ཐ་སྙད་ཀྱི་མཚམས་ངོས་གཟུང་ཞིང་སློབ་དཔོན་གཉིས་ཀྱིས་བཀྲལ་ཚུལ་སོ་སོར་བཤད་པ་དང་རྣམ་པ་བཞིས་རྟོགས་པར་བྱའོ། །དང་པོ་ནི། མདོ་སྡེ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང་། ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་སོགས་སྣང་བ་སེམས་སུ་གསུངས་པའི་ལུང་མང་དུ་ཡོད་ཅིང་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དོ། །ཞེས་སོགས་ཐ་སྙད་འཇིག་རྟེན་དང་མཐུན་པར་གསུངས་པའི་ལུང་ཡང་མང་དུ་ཡོད་དོ། །གཉིས་པ་ནི། དེ་བཞིན་དུ་previous hit མགོནཔོ་ཀླུ་སྒྲུབ་ཀྱིས་ཀྱང་སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས། སེམས་མཐོང་བ་ནི་བྱང next hit་ཆུབ་སྟེ། །སེམས་ནི་འགྲོ་བ་ལྔ་པོ་ཡིན། །བདེ་དང་སྡུག་བསྔལ་མཚན་ཉིད་དག །སེམས་ལས་མ་གཏོགས་ཅུང་ཟད་མེད། །འགྲོ་བ་ཀུན་གྱིས་མཐོང་བ་རྣམས། །ཅུང་ཟད་བསྒོམ་པའི་རྣམ་པ་ཡང་། །དེ་ཀུན་སེམས་ཀྱི་དྲྭ་བ་རུ། །དེ་ཉིད་གསུངས་པས་བསྟན་པ་ཡིན། །ཞེས་པ་དང་། རིགས་པ་དྲུག་ཅུ་པ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། ས་དང་ཆུ་དང་མེ་དང་རླུང་། །རིང་ཐུང་ཕྲ་དང་སྦོམ་ཉིད་དང་། །དགེ་སོགས་ཉིད་ནི་རྣམ་ཤེས་སུ། །འགག་པར་འགྱུར་ཞེས་ཐུབ་པས་གསུངས། །རྣམ་ཤེས་བསྟན་མེད་མཐའ་ཡས་པ། །ཀུན་ཏུ་བདག་པོ་དེ་ལ་ནི། །ས་དང་ཆུ་དང་མེ་དང་ནི། །རླུང་གིས་གནས་ཐོབ་འགྱུར་མ་ཡིན། །འདིར་ནི་རིང་དང་ཐུང་བ་དང་། །ཕྲ་སྦོམ་དགེ་དང་མི་དགེ་དང་། །འདིར་ནི་མིང་དང་གཟུགས་དག་ཀྱང་། །མ་ལུས་པར་ནི་འགག་པར་འགྱུར། །གང་མ་ཤེས་ཕྱིར་རྣམ་ཤེས་ལས། །སྔོན་ཆད་བྱུང་བ་དེ་ཀུན་ནི། །དེ་ཤེས་ཕྱིར་ན་རྣམ་ཤེས་སུ། །ཕྱིས་ནི་དེ་ལྟར་འགག་པར་འགྱུར། །ཞེས་སོགས་སྣང་བ་སེམས་སུ་གསུངས་པའང་མང་དུ་ཡོད་ཅིང་། སྟོང་ཉིད་བདུན་ཅུ་པ་ལས། གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །མཉམ་པའམ་དམན་དང་ཁྱད་པར་ཅན། །སངས་རྒྱས་འཇིག་རྟེན་བསྙད་དབང་གིས། །གསུང་གི་ཡང་དག་དབང་གིས་མིན། །ཞེས་སོགས་ཐ་སྙད་འཇིག་རྟེན་དང་མཐུན་པར་གསུངས་པའང་མང་དུ་ཡོད་པ་རྣམས་ལུགས་གཉིས་ཀྱི་སོ་སོར་འགྲེལ་བའོ། །གསུམ་པ་ནི་གདུལ་བྱ་ལའང་ཐོག་མར་སྣང་བ་སེམས་སུ་མ་བསྒྲུབས་ན་དེ་ཁོ་ན་ཉིད་རྟོགས་མི་ནུས་ཤིང་། ཐ་སྙད་དུ་སྣང་བ་སེམས་སུ་བསྒྲུབ་པའི་སྟེང་དུ་དེ་ཁོ་ན་ཉིད་བདེ་བླག་ཏུ་གཏན་ལ་དབབ་ནུས་པའི་ཚེ་སྔ་མའི་ཐོས་བསམ་གྱི་བག་ཆགས་ཀྱི་དབང་གིས་བྱུང་བའམ། ཚེ་འདིར་རྣམ་རིག་པའི་གྲུབ་མཐའ་སྔོན་དུ་སོང་བ་ལ་དབུ་མའི་ལྟ་བ་སྟོན་ཚུལ་འཕགས་པ་ལྷས་གསུངས་ལ་དེ་ལ་ཐོག་མར་སྣང་བ་ཕྱི་རོལ་གྱི་དོན་དུ་ཕབ་ནས་དབུ་མའི་ལྟ་བ་བསྟན་པ་མ་ཡིན་གྱི་སྔར་སྣང་བ་སེམས་སུ་འདོད་པ་དེ་ཉིད་ཁོ་རང་གི་ལུགས་ཀྱི་དོན་དམ་དུ་འདོད་ཀྱང་དེ་ཉིད་དོན་དམ་རྟོགས་པའི་རྟེན་དུ་བྱས་ནས་གཅིག་ཏུ་བྲལ་རྟགས་ཀྱིས་བདེན་མེད་དུ་བསྒྲུབ་པ་ལྟ་བུའང་ཡོད་པས་གདུལ་བྱ་དེ་དག་གིས་དབང་དུ་བྱས་ནས་ལུགས་དང་པོ་དགོས་སོ། །ཡང་གདུལ་བྱ་འགའ་ཞིག་གིས་སྣང་བ་འདི་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་ཁས་བླངས་ན་དེ་ཁོ་ན་ཉིད་བདེ་བླག་ཏུ་བསྟན་ནུས་ཤིང་། གཞན་དུ་ན་སྣང་བ་ཉིད་ལ་ལོག་རྟོག་སྐྱེས་ནས་དེ་ཁོ་ན་ཉིད་བདེ་བླག་ཏུ་རྟོགས་མི་ནུས་པའང་ཡོད་པས་དེའི་དབང་དུ་བྱས་ནས་ལུགས་ཕྱི་མ་སྟེ། སངས་རྒྱས་ཀྱི་མདོ་དང་། འཕགས་མཆོག་ཀླུ་སྒྲུབ་ཀྱིས་གདུལ་བྱ་བཀྲི་ཚུལ་ལ་དགོངས་ནས་གཉིས་སུ་གསུངས་པའང་གནད་དུ་ཤེས་པར་བྱའོ། །བཞི་པ་ནི་འོ་ན་ཐ་སྙད་དུ་སྣང་བ་སེམས་ཞེས་དང་། ཐ་སྙད་དུ་སྣང་བ་ཕྱི་དོན་ཞེས་པའི་ཐ་སྙད་ཀྱི་མཚམས་ཇི་ལྟ་བུ་སྙམ་ན། འདི་ནི་གསུང་རབ་འགྲེལ་ཚུལ་ལ་གནད་དུ་ཆེ་བར་སྣང་བས་བཤད་པར་བྱ་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་གིས་ནི་གསུང་རབ་ལས་མྱུ་གུ་ལྟ་བུའི་སྣང་བ་གཅིག་ཉིད་ལ་ཕྱི་རོལ་གྱི་དོན་ཡིན་པར་བཤད་པའི་སྐབས་དང་། སེམས་ཡིན་པར་བཤད་པའི་སྐབས་དང་། དེ་དག་ཡིན་མིན་གྱི་སྤྲོས་པ་དང་བྲལ་བར་བཤད་པའི་སྐབས་གསུམ་ཡོད་པ་ལས། དང་པོ་ནི་འཇིག་རྟེན་མཐུན་འཇུག་དང་། གཉིས་པ་ནི་ཐ་སྙད་དཔྱོད་པའི་རིགས་པ་དང་། གསུམ་པ་ནི་དོན་དམ་དཔྱོད་པའི་རིགས་པ་ལ་དགོངས་ནས་གསུངས་སོ། །དེ་ལ་དང་པོ་ནི། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པའི་སྐབས་ཀྱི་གསུང་རབ་ཀྱི་བརྗོད་བྱ་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཡིན་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་པའི་སྐབས་ཀྱི་ཐ་སྙད་ཀྱི་བདེན་པ་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་ལ་རེ་ཞིག་བློ་སྦྱར་མི་ནུས་པ་རྣམས་ལ་བསོད་ནམས་ཆ་མཐུན་དགེ་སྡིག་གི་བླང་དོར་བསྟན་པའི་རྟེན་དུ་གྱུར་པའི་ཐ་སྙད་ཙམ་ཡིན་པའི་ཕྱིར། གཉིས་པ་ནི་དེ་གཉིས་ཆར་ཡིན་ཏེ། གསུང་རབ་ཀྱི་བརྗོད་བྱ་བདེན་པ་གཉིས་ལས་མ་འདས་ཤིང་། དེ་ཁོ་ན་ཉིད་རྟོགས་པ་ལ་ཚུལ་གཉིས་ཀྱི་ཤིང་རྟ་ཞོན་དགོས་པར་གསུངས་པའི་ཕྱིར་རོ། །གསུམ་པ་ནི་ཐ་སྙད་བདེན་པའི་ཐབས་ལས་བྱུང་བའི་དོན་དམ་གྱི་སྐབས་ཉིད་ཡིན་ཏེ། འདི་ལ་ལུགས་སྔ་ཕྱི་གཉིས་ཆར་ལ་ཁྱད་པར་མེད་དོ། །དེས་ན་འཇུག་ཚུལ་གསུམ་པོ་འདིའི་སྒོ་ནས་གསུང་རབ་ཀྱི་དོན་ལ་འཇུག་པ་ནི་འཇུག་ཚུལ་རྨད་དུ་བྱུང་བ་ཞིག་འདུག་གོ །ཡང་སློབ་དཔོན་ཟླ་བའི་བཞེད་པས་གསུང་རབ་ཀྱི་བརྗོད་བྱ་བདེན་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་ཀྱི་བདེན་པ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཡིན་གྱི་ཀུན་རྫོབ་བདེན་པ་ཙམ་ནི་མ་ཡིན་ཏེ། ལོག་པའི་ཀུན་རྫོབ་ནི། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་པའི་ཐབས་སུ་མི་རུང་བས་གསུང་རབ་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར་དེས་ན་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་བདེན་པ་རྟོགས་པའི་དངོས་བརྟེན་དུ་གྱུར་པའི་ཐ་སྙད་ཀྱི་བདེན་པ་གཉིས་དོན་གཅིག་ཏེ། ས་བོན་ལས་མྱུ་གུ་སྐྱེ་ཞེས་པ་ལྟ་བུ་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ངོར་སྣང་ཞིང་སྣང་བ་ལྟར་ཐ་སྙད་བྱེད་པས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པའང་ཡིན་ལ། སྐྱེ་ཚུལ་ཉིད་ལ་མཐའ་བཞིར་དཔྱད་པའི་ཚེ་སྐྱེ་བ་ཉིད་ཀྱང་མི་རྙེད་པས་དོན་དམ་རྟོགས་པའི་དངོས་བརྟེན་དུ་གྱུར་པའི་ཐ་སྙད་བདེན་པའང་ཡིན་པའི་ཕྱིར་རོ། །དེས་ན་འཇིག་རྟེན་གྱི་ཐ་སྙད་དེ་དང་དེ་ཉིད་རིགས་པས་བཙལ་བའི་ཚེ་མ་རྙེད་པའི་བར་དུ་དེ་ཉིད་སེམས་སུ་བསྒྲུབ་པ་དོན་མེད་དོ་སྙམ་ནས་སྣང་བ་སེམས་སུ་གསུངས་པའི་ལུང་རྣམས་དྲང་དོན་དུ་གཏན་ལ་དབབ་པར་མཛད་དེ། ལུགས་འདིའང་གདུལ་བྱའི་རིགས་འགའ་ཞིག་ལ་ལྟོས་ནས་དེ་ཁོ་ན་ཉིད་ལ་བཀྲི་ཚུལ་དང་། གསུང་རབ་འཆད་ཚུལ་རྨད་དུ་བྱུང་བ་ཞིག་སྣང་སྟེ་རྒྱས་པར་འཆད་པར་འགྱུར་རོ། །མདོར་ན་ཞི་བ་འཚོ་དཔོན་སློབ་ཀྱིས་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ལ་འཇིག་རྟེན་མཐུན་འཇུག་དང་། དོན་དམ་རྟོགས་པའི་དངོས་བརྟེན་གྱི་ཐ་སྙད་བདེན་པ་གཉིས་སུ་ཕྱེ་ནས་ཕྱི་མའི་སྐབས་སུ་སྣང་བ་སེམས་ཡིན་པར་བཞེད་ལ། སློབ་དཔོན་ཟླ་བས་སྤྱིར་ཀུན་རྫོབ་བདེན་པ་ལ་ཡང་ལོག་གཉིས་སུ་ཕྱེ་ཡང་། འཇིག་རྟེན་ཀུན་རྫོབ་བདེན་པ་ནི་ཡང་དག་ཀུན་རྫོབ་ཉིད་ཡིན་པས་དེ་དང་། འཇིག་རྟེན་མཐུན་འཇུག་དང་། དོན་དམ་རྟོགས་པའི་དངོས་བརྟེན་དུ་གྱུར་པའི་ཐ་སྙད་བདེན་པ་གསུམ་ཀ་དོན་གཅིག་ལ་འདུས་པ་ནི། ས་བོན་ལས་མྱུ་གུ་སྐྱེ་བ་ལྟ་བུ་ཡིན་ལ་འཇིག་རྟེན་མཐུན་འཇུག་ཡིན་ན་གཞན་གཉིས་པོ་ཡིན་པས་ནི་མ་ཁྱབ་སྟེ། དངོས་པོ་རང་བཞིན་གྱིས་ཡོད་པར་གསུངས་པའི་སྐབས་དེ་འཇིག་རྟེན་མཐུན་འཇུག་ལ་དགོངས་པར་གསུངས་པའི་ཕྱིར་རོ། །ཞེས་བཞེད་དོ། །བློ་གྲོས་གསལ་བ་དང་ལྡན་པ་དག་རྣམ་དབྱེ་འདི་ཙམ་ཞིག་གིས་མིག་ཕྱེ་ནས་དབུ་མའི་གཞུང་ལུགས་ཚད་ལྡན་རྣམས་ལ་ཞིབ་ཏུ་དཔྱད་ན། ཐོག་མར་གོ་བ་བ་ནེ་བུ་ནེ་སྐྱེ་ཞིང་། དེར་རྗེས་ངེས་ཤེས་གསལ་ལེ་ཧྲིག་གེ་སྐྱེ་བར་འགྱུར་བ་ནི་རྫོགས་པའི་སངས་རྒྱས་ཀྱི་ས་བོན་དུ་གྱུར་བའི་ཐོས་བསམ་གྱི་ཤེས་པ་ཡིན་པས་སྐལ་པ་དང་ལྡན་པ་དག་འབད་པར་བྱའོ། །གཉིས་པ་དེ་ལ་རྒྱུན་བསྒྲུབ་པ་ནི་རང་སྡེ་དངོས་པོར་སྨྲ་བ་དག་གིས་རྒྱུན་རང་གི་ངོ་བོ་བཏགས་ཡོད་དུ་འདོད་ཀྱང་གདགས་གཞི་སྐད་ཅིག་སྔ་ཕྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཡིན་པ་ལ་འདོགས་པར་འདོད་ཅིང་། རང་རྒྱུད་པ་དག་གིས་གདགས་གཞི་སྐད་ཅིག་སྔ་ཕྱི་ཐ་སྙད་དུ་གཞན་ཡིན་པ་ལ་འདོགས་པར་འདོད་དོ། །དེ་ལ་སློབ་དཔོན་ཟླ་བས། དེ་ལྟར་ན་རྒྱུན་གཅིག་པ་དང་། རྒྱུད་གཅིག་པ་མི་འཐད་པར་འགྱུར་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་བྱམས་པ་བརྟེན་པའི་ཆོས་དང་ཉེར་སྦས་བརྟེན་པའི་ཆོས་བཞིན་ཞེས་བཀག་ནས། དོན་དམ་པར་སྐྱེ་འགག་མེད་ཀྱང་ཐ་སྙད་དུ་སྐད་ཅིག་སྔ་མ་འགགས་ནས་ཕྱི་མ་སྐྱེ་བར་སྣང་བ་བར་མ་ཆད་དུ་འབྱུང་བ་ལ་བརྟེན་ནས་རྒྱུན་གཅིག་པ་དང་རྒྱུད་གཅིག་པ་ཞེས་འདོགས་ཏེ། ཆུ་བོའི་རྒྱུན་ཆད་པ་དང་། མ་ཆད་པ་ཞེས་དང་། རྒྱུན་དུ་སྦྱོར་མི་སྦྱོར་ཞེས་དང་། ལམ་གྱི་དངོས་པོའི་རྒྱུན་དང་ལྡན་པ་དང་མི་ལྡན་པ་ཞེས་སོགས་འཇིག་རྟེན་དང་བསྟན་བཅོས་ལ་མཐོང་བའི་ཕྱིར་རོ། །དེའང་སྐད་ཅིག་སྔ་ཕྱི་དེ་ཉིད་དང་གཞན་ཉིད་ཡིན་ན་རྒྱུན་མི་འཐད་པ་ནི་བདག་སྐྱེ་དང་གཞན་སྐྱེ་ཐ་སྙད་དུའང་འགོག་པའི་རིགས་པས་གྲུབ་ལ། གཞན་དུ་མེད་པ་ལ་རྒྱུན་འཐད་པ་ནི་རྣམ་པར་ཤེས་པའི་རྒྱུན་ལ་སྐད་ཅིག་སྔ་ཕྱི་གཞན་དུ་མེད་པའི་རིགས་པས་གྲུབ་བོ་ཞེས་བཞེད་དོ། །འདི་ཅི་ལྟར་ཤེས་ཅེ་ན། རྩ་ཤེར་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐྱེ་འགག་ལ་སོགས་པ་སྤྲོས་པའི་མཐའ་བརྒྱད་བཀག་པ་དེ། འགྲེལ་བྱེད་གཞན་དག་ཐ་སྙད་དང་དོན་དམ་པའི་དབྱེ་བ་སོ་སོར་ཕྱེ་ནས་འཆད་ཀྱང་། སློབ་དཔོན་འདིས་དོན་དམ་པར་སྐྱེ་འགག་སོགས་སྤྲོས་པའི་མཐའ་བརྒྱད་བཀག་པས་ཁྱད་པར་དུ་བྱས་པའི་རྟེན་འབྲེལ་བསྟན་བཅོས་ཀྱི་བརྗོད་བྱའི་གཙོ་བོ་ཡིན་པར་གསུངས་པ་ཉིད་ཀྱིས་ཐ་སྙད་དུ་སྐྱེ་འགག་སོགས་བརྒྱད་ཁས་ལེན་པར་གསལ་ཏེ། མཐའ་བཞིའི་སྐྱེ་བ་དང་། གང་ཟག་རྣམ་ལྔར་གྲུབ་པ་སོགས་དགག་བྱ་ཐ་སྙད་དུའང་ཁས་མི་ལེན་པ་རྣམས་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་འགོག་པ་སློབ་དཔོན་འདིས་ལེགས་པར་བཀག་པའི་ཕྱིར་རོ། །དེ་ལྟར་ན་ཆད་པ་མེད་པ་རྟག་མེད་པ། །ཞེས་པའི་འགྲེལ་པར། ཆད་པས་ན་ཆད་པ་སྟེ། རྒྱུན་ཆད་པ་ཞེས་པའི་དོན་ཏོ་ཞེས་གསུངས་པས་རྒྱུན་ཆད་པ་ཐ་སྙད་དུ་ཁས་ལེན་པར་གྲུབ་ཅིང་། དེས་ན་ལོག་ཕྱོགས་རྒྱུན་མ་ཆད་པའང་ཐ་སྙད་དུ་ཁས་ལེན་དགོས་ཏེ། དེ་གཉིས་ཕན་ཚུན་ལྟོས་ནས་གྲུབ་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། ས་བོན་ལས་མྱུ་གུ་དང་། མྱུ་གུ་ལས་སླར་ཡང་ས་བོན་འབྱུང་བ་སོགས་ཐོག་མ་མེད་པ་ནས་བར་མ་ཆད་དུ་ཡོད་པ་ལ་རྒྱུན་མ་ཆད་པ་དང་། ནམ་ཞིག་ས་བོན་མེས་བསྲེགས་ནས་མྱུ་གུ་སྐྱེ་བ་མེད་པར་འགྱུར་བའི་ཚེ་རྒྱུན་ཆད་པ་ཞེས་བྱ་བར་འཇོག་སྟེ། ག་ལས་འཇིགས་མེད་ལས་ཆད་པ་མེད་པ་ནི་ས་བོན་དང་མྱུ་གུ་བཞིན་ནོ། །ཞེས་གསུངས་པ་དང་མཐུན་ཞིང་། དེ་ཉིད་རིན་ཆེན་ཕྲེང་བ་ལས། རྒྱུ་དང་བཅས་པར་སྐྱེ་མཐོང་བས། །མེད་པ་ཉིད་ལས་འདས་པ་ཡིན། །རྒྱུ་དང་བཅས་པར་འགག་མཐོང་བས། །ཡོད་པ་ཉིད་དུའང་ཁས་མི་ལེན། །ཞེས་གསུངས་པའི་དོན་ཏོ། །འོ་ན་ཐ་སྙད་ཉིད་ལའང་རྟག་ཆད་སྤངས་པའི་དབུ་མ་འཇོག་པ་དང་འགལ་ལོ་སྙམ་ན་དེ་ནི། གང་དག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །ཅེས་སོགས་ཀྱིས་བསྟན་པ་ལྟར་དངོས་པོར་སྨྲ་བས་བཏགས་པའི་རྟག་ཆད་ཡིན་ལ། མཐའ་བརྒྱད་ཀྱི་རྟག་ཆད་ནི་ཐ་སྙད་བདེན་པའི་དོན་གྱི་རྟག་ཆད་ཡིན་པས་དོན་མི་གཅིག་གོ །མདོར་ན་ཉོན་མོངས་དང་ལས་དང་རྣམ་སྨིན་གསུམ་པོ་བར་མ་ཆད་དུ་འབྱུང་བ་ལ་འཁོར་བའི་རྒྱུན་དང་། བྱང་སེམས་ཀྱི་དེ་ཉམས་ལེན་ལས་སངས་རྒྱས་དང་། དེ་ལས་ཕྲིན་ལས་དང་། དེ་ལས་བྱང་སེམས་ཕྱི་མའི་ཉམས་ལེན་སོགས་བར་མ་ཆད་དུ་འབྱུང་བ་ལ་ཕྲིན་ལས་ཀྱི་རྒྱུན་ཞེས་སོགས་དབུ་མ་པས་ཀྱང་བཞེད་དེ། ཀླུ་སྒྲུབ་ཀྱིས། གསུམ་པོ་རྣམས་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་དང་། བྱམས་པས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་ཆད་པར་འདོད། །ཅེས་པ་དེའང་དངོས་པོར་སྨྲ་བའི་ལྟར། སྐད་ཅིག་སྔ་མ་ངོ་བོ་ཉིད་ཀྱིས་འགགས་ཕྱི་མ་ངོ་བོ་ཉིད་ཀྱིས་སྐྱེ་བ་ལ་མི་འཐད་པས། སྐད་ཅིག་སྔ་མ་དེ་ཉིད་ཕྱི་མར་འོང་བའང་མེད་སྐད་ཅིག་སྔ་མ་ལ་མ་བརྟེན་པར་ཕྱི་མ་འབྱུང་བའང་མེད་པའི་རྟེན་འབྱུང་ཉིད་ལ་འཐད་དེ། ཀླུ་སྒྲུབ་ཀྱིས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་སྔ་མ་ཕྱི་མར་འོང་བ་མེད་པ་དངོས་སུ་བསྟན་ནས་གཅིག་ཤོས་ཤུགས་ལ་བསྟན་པའི་ཕྱིར་རོ། །གསུམ་པ་ལ་དོགས་པ་དགོད་པ་དང་། དེའི་ལན་འདེབས་པའི་ཚུལ་རྣམ་པ་གཉིས་ལས། དང་པོ་ནི། རྩ་ཤེར་ལས། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་འགྱུར་བས། །ཇི་ལྟར་འབྲས་བུ་སྐྱེད་པར་འགྱུར། །ཞེས་གསུངས་ཏེ། དགེ་མི་དགེའི་ལས་དེ་རྫོགས་པར་བྱས་ནས་འབྲས་བུ་འབྱིན་པའི་བར་དུ་གནས་ན་ལས་རྟག་པར་འགྱུར་ཞིང་། སྐད་ཅིག་གཉིས་པར་འགགས་ན་མཚམས་དེ་ནས་འབྲས་བུ་འབྱིན་པའི་བར་དུ་ལས་གཏན་མེད་པས་ལས་ཀྱི་འབྲས་བུ་འབྱིན་པར་ཇི་ལྟར་འགྱུར་ཞེས་པའོ། །གཉིས་པ་ནི་རྩ་ཤེར་ལས་འབྲས་ཀྱི་རྟེན་རྣམ་ཤེས་ཀྱི་རྒྱུན་བཀག་ནས་ཆུད་མི་ཟ་འདོད་པའི་དངོས་སྨྲ་བའི་ལུགས་བརྗོད་དེ། དེ་བཀག་ནས་རང་ལུགས་གཞག་པའི་རིམ་པ་གསུམ་དུ་མཛད། འཇུག་པ་རྩ་བར་ཀུན་གཞི་བཀག་ནས་རང་ལུགས་གཞག་པ་དང་། འགྲེལ་པར་ཀུན་གཞི་དང་། ཆུད་མི་ཟ་དང་། ཐོབ་པ་དང་། རྣམ་ཤེས་ཀྱི་རྒྱུན་བཀག་ནས་རང་ལུགས་འཇོག་པ་མཛད་དོ། །དེ་ལ་ལས་འགགས་པའི་དོན་དངོས་སྨྲ་བས་ལས་རང་བཞིན་གྱིས་འགགས་པ་ལ་འདོད་ལ། དེའི་དོན་ཡང་འགག་བྱའི་ལས་དེ་དེ་ཕྱིན་ཆད་གཏན་མེད་པར་འདོད་དེ། སྐད་ཅིག་མ་དང་རྒྱུན་གང་ལ་སྦྱར་ནའང་འདྲའོ། །དེ་ལྟར་ན་ལས་འགགས་ཟིན་ནས་འབྲས་བུའི་བར་དུ་ལས་གཏན་མེད་པའི་བར་སྟོང་ཡུན་རིང་དུ་བྱུང་བས། དེ་སྦྲེལ་བར་བྱེད་པ་ལ་སེམས་ཙམ་པས་ལས་ཀྱིས་བཞག་པའི་བག་ཆགས་འདོད་ཅིང་། དེའི་རྟེན་ནི་ཀུན་གཞི་རྒྱུན་བརྟན་པའི་བདེན་གྲུབ་པ་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་ཁ་ཅིག་ལས་ཀྱིས་བུ་ལོན་གྱི་དཔང་རྒྱ་དང་འདྲ་བའི་ཆུད་མི་ཟ་བསྐྱེད་པར་འདོད་པ་དང་། ཁ་ཅིག་ལས་ཀྱིས་ཐོབ་པ་བསྐྱེད་ནས་དེས་སྦྲེལ་བར་འདོད། མདོ་སྡེ་པས་བག་ཆགས་ཀྱིས་བགོས་པའི་རྣམ་པར་ཤེས་པའི་རྒྱུན་རྟོག་པར་བྱེད་དེ། སྦྲེལ་བྱེད་བག་ཆགས་ཡིན་པ་ནི་སེམས་ཙམ་པ་དང་འདྲ་ལ། དེའི་བསྒོ་གཞི་མི་འདྲ་བའོ། །དེ་དག་འགོག་པ་ལ་རྩ་ཤེར། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །ཞེས་དང་། འཇུག་པར། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགག་ཡུན་རིང་ལོན་ལས་ཀྱང་། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་གསུངས་ཏེ་སྔར་གྱི་ལས་འབྲས་ཀྱི་རྟེན་དེ་དག་ཐམས་ཅད་ནི་མི་འཐད་དེ། དེ་དག་ནི་ལས་རང་བཞིན་གྱིས་འགགས་པས་ལས་དང་འབྲས་བུའི་བར་དུ་དེ་གཉིས་གང་ཡང་མེད་པའི་བར་སྟོང་སྦྲེལ་བྱེད་དུ་རྟོག་པ་ཡིན་ལ། ལས་རང་བཞིན་གྱིས་མ་འགགས་པས་ཐ་སྙད་དུ་ལས་འགགས་ནས་འབྲས་བུའི་བར་དུ་ལས་གཏན་མེད་དུ་སོང་བ་མ་ཡིན་པའི་ཕྱིར་རོ། །བར་དེར་ལས་རང་གི་ངོ་བོ་ཡོད་པའང་མ་ཡིན་ཏེ། ལས་རྟག་པར་ཐལ་བའི་ཕྱིར་རོ། །དེང་སང་དབུ་མའི་ལུགས་ལ་དགག་པ་གཉིས་ཀྱི་རྣལ་མ་གོ་བར་འདོད་པ་དག་གིས་ནི་བསྐལ་པའི་བར་དུ་མི་རྙེད་ལ། དངོས་སྨྲ་བས་འབྲས་བུའི་དུས་ན་རྒྱུ་དེ་གཏན་མེད་པར་འདོད་ཅིང་། དབུ་མ་བས་འབྲས་བུའི་དུས་ན་རྒྱུ་དེ་མེད་ན་རྒྱུན་ཆད་པར་འགྱུར་ཞིང་། ཡོད་ན་རྟག་པར་ཐལ་བ་དང་། བདག་སྐྱེ་ཡོད་པར་ཐལ་བས་དེ་གཉིས་གང་དུའང་ཁས་མི་ལེན་པའི་ཁྱད་པར་མི་ཕྱེད་པའོ། །མདོར་ན་དངོས་སྨྲ་བས་དགེ་མི་དགེ་ལྟ་བུའི་ལས་དེ་འགགས་ནས་འབྲས་བུ་མ་འབྱིན་གྱིས་བར་དུ་ལས་གཏན་མེད་པར་འདོད་པས་དེ་གཉིས་ཀྱི་བར་དུ་ལས་འབྲས་ཀྱི་རྟེན་རྟོག་དགོས་ལ། འདིར་ནི་ལས་དེ་འགགས་ནས་འབྲས་བུའི་བར་དུ་ལས་རྒྱུན་མི་ཆད་ཅིང་འབྲས་བུ་དེ་ཟད་ནས་སླར་འབྲས་བུ་སྐྱེ་བ་མེད་པའི་ཚེ་ལས་རྒྱུན་ཆད་དེ། སླར་འབྲས་བུ་སྐྱེ་བ་ཡོད་ན་ད་དུང་རྒྱུན་མ་ཆད་པ་ས་བོན་དང་མྱུ་གུའི་དཔེས་བསྒྲུབ་པར་བཞེད་པས་བར་སྟོང་སྦྲེལ་བྱེད་ཀྱི་ལས་འབྲས་ཀྱི་རྟེན་རྟོག་པའི་དོན་མེད་པའོ། །སྤྱིར་ལས་འབྲས་གང་ལ་ལྡན་པའི་གཞི་སེམས་ཉིད་བདེན་པས་སྟོང་པ་ལ་འཁོར་འདས་ཀྱི་བྱ་བྱེད་རུང་བའི་ཀུན་གཞི་ལས་འབྲས་ཀྱིས་རྟེན་ཙམ་དུ་ཁས་ལེན་པ་ལ་ཉེས་པ་མ་མཐོང་ངོ་། །གལ་ཏེ་ལས་འགགས་ནས་འབྲས་བུ་མ་འབྱིན་གྱི་བར་དུ་ལས་རྒྱུན་མི་ཆད་ན་དགེ་སློང་གི་སྡོམ་པ་མངོན་གྱུར་དུ་ཡོད་པའི་སེམས་རྒྱུད་ལ་མི་དགེ་བའི་ལས་ཡོད་པར་འགྱུར་རོ་སྙམ་ན། རྒྱུན་མ་ཆད་པ་ཙམ་གྱིས་ཡོད་པར་ཁས་མི་ལེན་པ་ནི་གོང་དུ་བཤད་ཟིན་ཏོ། །ཕྱིས་ཀྱི་དབུ་མ་པར་རློམ་པ་ཁ་ཅིག་གིས་གནད་འདིར་མ་རྟོགས་པར་ཀུན་གཞི་སོགས་བཀག་ནས་ལས་དང་འབྲས་བུའི་བར་དུ་ཞིག་པ་དངོས་པོ་བས་སྦྲེལ་བར་འདོད་པ་ལ་ནི་གཞན་སྐྱེ་ཡོད་པར་ཐལ་བ། མ་ཕྲད་པར་སྐྱེ་བ་ཡོད་པར་ཐལ་བ། རྟེན་གཞན་ལ་བརྗོད་པའི་ཉེས་པ་མཚུངས་པ། དེ་ལས་ཀྱང་སྨད་པའི་གནས་སུ་གྱུར་པ། ཞིག་པས་ནམ་མཁའ་གང་བར་ཐལ་བ། འདུས་མ་བྱས་ལ་རྟེན་འབྲེལ་མི་རུང་བར་ཐལ་བ། སྨིན་ལས་སླར་སྨིན་གྱི་སྐྱོན་སྤོང་མི་ནུས་པ། གཅིག་དང་ཐ་དད་བརྟགས་པའི་ཉེས་པ་སྟེ་བརྒྱད་དང་། གཞན་ཡང་སྐྱོན་གྱི་རང་བཞིན། སྐྱོན་གྱི་ཕུང་པོ། སྐྱོན་གྱི་འབྱུང་གནས་སུ་འདུག་པས་ཁོ་བོས་བྱས་པའི་འཇུག་པའི་དཀའ་འགྲེལ་དུ་རྒྱས་པར་བཀག་ཟིན་པ་ལས་བལྟ་བར་བྱའོ། །གཉིས་པ་དོན་དམ་བདེན་པའི་མཚན་གཞི་ལ་གསུམ་སྟེ། རང་གི་ངོ་བོ་ཇི་ལྟ་བ་བཞིན་མཚན་གཞི་སོགས་ཀྱིས་བསྟན་པར་མི་ནུས་པའི་ཚུལ། ཐ་སྙད་བདེན་པར་སྒྲོ་བཏགས་ནས་བསྟན་པའི་རིམ་པ་དང་དགོངས་པ་བཤད་པ། དེ་ལྟར་བསྟན་པའི་མཚན་གཞི་དངོས་བཤད་པའོ། །དང་པོ་ནི། དོན་དམ་པའི་བདེན་པ་འཕགས་པའི་མཉམ་བཞག་གིས་ཇི་ལྟར་སྤྲོས་པ་དང་བྲལ་བའི་ཚུལ་གྱིས་མྱོང་བ་ལྟར་མཚན་ཉིད་དང་མཚན་གཞི་སོགས་གང་གིས་ཀྱང་བསྟན་པར་མི་ནུས་ཏེ། ཚིགས་གིས་བརྗོད་པར་བྱ་བ་མ་ཡིན་ཞིང་། བློས་ཡུལ་དུ་བྱ་བ་མ་ཡིན་པའི་ཕྱིར་ཏེ། མདོ་ལས། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་པའི་འགྲེལ་པར་ཚིག་གསལ་ལས། བརྗོད་པར་བྱ་བ་འགའ་ཞིག་ཡོད་ན་ནི་དེ་སྟོན་པར་འགྱུར་བ་ཞིག་ན་གང་གི་ཚེ་བརྗོད་པར་བྱ་བ་ལོག་ཅིང་ཚིག་དག་གི་ཡུལ་ཡོད་པ་མ་ཡིན་པ་དེའི་ཚེ་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ཏོ། །ཡང་ཅིའི་ཕྱིར་བརྗོད་པར་བྱ་བ་མེད་ཅེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་གསུངས་ཏེ། སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་སྤྱོད་ཡུལ་ལོ། །སྤྱོད་ཡུལ་ནི་ཡུལ་ཏེ་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ །གལ་ཏེ་སེམས་ཀྱི་སྤྱོད་ཡུལ་འགའ་ཞིག་ཡོད་པར་གྱུར་ན་ནི་དེར་རྒྱུ་མཚན་འགའ་ཞིག་སྒྲོ་བཏགས་ནས་ཚིག་དག་འཇུག་པར་འགྱུར་ན། གང་གི་ཚེ་སེམས་ཀྱི་སྤྱོད་ཡུལ་ཉིད་མི་འཐད་པ་དེའི་ཚེ་རྒྱུ་མཚན་སྒྲོ་བཏགས་ནས་ཚིག་གར་འཇུག་པར་འགྱུར། ཡང་ཅིའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་མེད་ཅེ་ན། བསྟན་པའི་ཕྱིར། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་ཏེ། གང་གི་ཕྱིར་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་དེ་ཆོས་ཀྱི་ངོ་བོ་དང་། ཆོས་ཀྱི་རང་བཞིན་མྱ་ངན་ལས་འདས་པ་དང་མཚུངས་པར་བཞག་པ་དེའི་ཕྱིར་དེ་ལ་སེམས་མི་འཇུག་གོ །སེམས་མི་འཇུག་ན་རྒྱུ་མཚན་སྒྲོ་འདོགས་པར་ག་ལ་འགྱུར་ལ་དེ་མེད་པའི་ཕྱིར་ཚིག་དག་འཇུག་པར་ག་ལ་འགྱུར་ཏེ། དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ཏོ། །ཞེས་བྱ་བར་གནས་སོ། །ཞེས་གསུངས་སོ། །གཉིས་པ་ནི། འོ་ན་གདུལ་བྱས་དོན་དམ་པ་རྟོག་པའི་ཐབས་མེད་པར་འགྱུར་རོ་སྙམ་ན་གདུལ་བྱས་དེ་རྟོགས་པའི་དོན་དུ་ཚིག་གི་བརྗོད་བྱ་དང་། སེམས་ཀྱི་སྤྱོད་ཡུལ་དུ་ཐ་སྙད་ཀྱི་བདེན་པར་སྒྲོ་བཏགས་ནས་བསྟན་པ་སྟེ། ཐམས་ཅད་ཡང་དག་ཡང་དག་མིན། །ཞེས་པའི་སྔ་འགྲེལ་དུ། ཚིག་གསལ་ལས། དེ་ལ་ངག་དང་སེམས་དག་འཇུག་པ་ཡོད་པ་མ་ཡིན་མོད་ཀྱི་དེ་ལྟ་ན་ཡང་དེ་མ་བསྟན་ན་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་མི་ནུས་པས་གདུལ་བྱའི་སྐྱེ་བོ་རྣམས་དེ་ལ་འཇུག་པར་བྱ་བའི་ཕྱིར་གདོན་མི་ཟ་བར་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ཇི་ཞིག་ལྟར་དེ་བསྟན་པའི་རིམ་པ་ཞིག་ཡོད་དགོས་པས་དེ་བརྗོད་པར་བྱའོ་ཞེ་ན། བརྗོད་པ་འདིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་བསྟན་པའི་རིམ་པ་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། ཞེས་དང་། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་པའི་སྔ་འགྲེལ་དུ། དེ་ལྟར་ཡིན་མོད་ཀྱི་འོན་ཀྱང་འཇིག་རྟེན་པའི་ཐ་སྙད་ཁས་བླངས་པ་ལྟར་ཐ་སྙད་ཀྱི་བདེན་པའི་ངོར་སྒྲོ་བཏགས་ནས་དེའི་མཚན་ཉིད་ཀྱང་བརྗོད་པར་བྱ་དགོས་སོ་ཞེ་ན། དེ་བརྗོད་པར་བྱ་སྟེ་ཞེས་གསུངས་པས་སོ། །དེ་ལྟར་བསྟན་པའི་རིམ་པ་གང་ཞེ་ན་ཐོག་མར་ལས་དང་འབྲས་བུ་མེད་པར་ལྟ་བ་དག་ལ་ལས་འབྲས་བདེན་པར་བཟུང་ནས་བླང་དོར་བྱ་བ་ལ་འཇུག་པའི་ཆེད་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སོགས་ཐམས་ཅད་བདེན་པར་ཡོད་དོ། །ཞེས་བསྟན། དེ་ནས་བདེན་པར་འཛིན་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པས་དེ་ཟློག་པའི་ཆེད་དུ་ཐམས་ཅད་བདེན་པར་མེད་དོ་ཞེས་བསྟན། དེ་ནས་དེ་ལྟ་བུའི་ཡོད་མེད་ཀྱང་བློ་སོ་སོའི་ངོར་ཡིན་པ་ཤེས་པའི་ཆེད་དུ་གཉིས་ཀ་ཡིན་པར་བསྟན། དེ་ནས་འཕགས་པའི་མཉམ་གཞག་གི་ངོར་སྤྲོས་པ་གང་ཡང་མེད་པར་ཤེས་པའི་ཆེད་དུ་གཉིས་ཀ་མ་ཡིན་ཞེས་བསྟན་ཏེ། དབུ་མ་རྩ་བར། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །འདི་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་དང་། རྗེས་བསྟན་པའི་དོན་འགྲེལ་པ་མཐར་གྱིས་བསྟན་པ་དང་། གདུལ་བྱའི་བློ་དང་འཚམ་པར་བསྟན་པ་གཉིས་ལ་གསུངས་སོ། །དེ་བཞིན་དུ། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །ཞེས་པའི་འགྲེལ་པར། འདི་དག་ཐམས་ཅད་བརྗོད་པར་བྱ་བ་མ་ཡིན་མོད་ཀྱི་འོན་ཀྱང་མ་བརྗོད་ན་རྟོག་པ་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་གནས་པའི་རང་བཞིན་རྟོགས་པར་མི་ནུས་ཏེ། དེའི་ཕྱིར་ཁོ་བོ་ཅག་ཐ་སྙད་ཀྱི་བདེན་པ་ལ་གནས་ནས་ཐ་སྙད་ཀྱི་དོན་དུ་གདུལ་བྱའི་སྐྱེ་བོའི་ངོར་ལྷག་པར་སྒྲོ་བཏགས་ནས་སྟོང་པ་ཞེས་ཀྱང་སྨྲ་ལ། མི་སྟོང་པ་ཞེས་བྱ་བ་དང་། སྟོང་པ་ཡང་ཡིན་ལ་མི་སྟོང་པ་ཡང་ཡིན་ཞེས་བྱ་བ་དང་། སྟོང་པ་ཡང་མ་ཡིན་ལ་མི་སྟོང་པ་ཡང་མ་ཡིན་པ་ཞེས་ཀྱང་སྨྲའོ། །དེ་ཉིད་ཀྱི་ཕྱིར། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས། དགོངས་པ་གང་གིས་སྟོང་པ་ཉིད་ལ་སོགས་པ་བསྟན་པ་དེ་ནི་བདག་བརྟགས་པ་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །རིམ་པ་དེ་ལྟར་བསྟན་པའི་དགོས་པ་གང་ཞེ་ན་བདག་བརྟག་པར་ཚིག་གསལ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་དེ་དག་ཐམས་ཅད་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་ཉིད་དུ་རྣམ་པར་གནས་སོ། །དེ་བཞིན་གཤེགས་པ་རྣམས་ནི་གསུང་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་མི་གསུང་སྟེ། ནད་དང་རྗེས་སུ་མཐུན་པའི་སྨན་ཉེ་བར་སོགས་པ་ལྟར་འདུལ་བའི་སྐྱེ་བོ་རྗེས་སུ་གཟུང་བར་བཞེད་པས་ཇི་ལྟར་འཚམ་པ་ལྟར་སྟོན་པར་མཛད་པ་ཡིན་ནོ། །ཇི་སྐད་དུ་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་དང་། །གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་བཤད་དོ། །ཞེས་གསུངས་པ་ལྟར། མཐར་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཆེད་ཡིན་པར་ཤེས་པར་བྱའོ། །གསུམ་པ་ནི། དེ་ལྟར་གདུལ་བྱའི་ངོར་མཚན་གཞི་སོགས་ཀྱིས་བསྟན་ན་མཚན་གཞི་གང་སྙམ་ན་དོན་དམ་པའི་མཚན་གཞི་ནི་སྤྲོས་པ་དང་བྲལ་བ་སྟེ། འདི་ལ་སྤྲོས་པ་དང་བྲལ་བའི་དོན་ཉིད་ངོས་གཟུང་བ་དང་། སྤྲོས་བྲལ་དེ་མཐར་ཐུག་པའི་དོན་དུ་བསྒྲུབ་པ་དང་། སྤྲོས་བྲལ་དོན་དམ་པའི་མཚན་གཞིར་བསྙད་པའི་ཚུལ་གསུམ་ལས། དང་པོ་ནི། འདིར་སྤྲོས་པ་ཞེས་པ་བདེན་པའི་དངོས་པོའམ་མ་ཡིན་དགག་ཁོ་ན་མ་ཡིན་གྱི་གང་ལ་བློ་འཇུག་ཅིང་འཕྲོ་བ་དགག་སྒྲུབ་ཀྱི་ཆོས་ཀྱི་མཚན་མ་ཐམས་ཅད་ཡིན་ཏེ་མདོ་ལས་གཟུགས་སྟོང་ཞེས་བྱ་བར་མི་སྤྲོ་བ་འཕྲོ་བར་མི་བྱེད་དོ་ཞེས་སོགས་དང་། ཇི་ཙམ་དུ་སེམས་འཇུག་པ་དེ་ཙམ་དུ་སྤྲོས་པ་ལགས་སོ་ཞེས་དང་། སྤྲོས་པ་ཉེར་ཞི་ཞི་བ་སྟེ། །ཞེས་པའི་འགྲེལ་པར་ཚིག་གསལ་ལས་འདིར་སྤྲོས་པ་སྟེ་མཚན་མ་རྣམས་གང་ཉེ་བར་ཞི་བ་སྟེ་མི་འཇུག་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་ཡིན་ལ། ཞེས་གསུངས་པས་སོ། །གཞན་ལས་ཤེས་མིན་ཞེས་སོགས་ཀྱི་འགྲེལ་པར་སྤྲོས་པ་ནི་ངག་སྟེ་དོན་རྣམས་སྤྲོ་བར་བྱེད་པའི་ཕྱིར་རོ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་ནི་ངག་ངག་གིས་མ་བརྗོད་པའོ། །ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཞེས་པའི་འགྲེལ་པར། སྤྲོས་པ་ནི་དངོས་པོའི་རྒྱུ་མཚན་ཅན་ཡིན་ན་དེ་བཞིན་གཤེགས་པ་དངོས་པོ་མེད་པ་ལ། སྤྲོས་པ་རྣམས་འཇུག་པ་ག་ལ་ཡོད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྤྲོས་པ་ལས་འདས་པ་ཡིན་ནོ། །ཞེས་དང་། འགྲེལ་པ་སྔ་མའི་འཇུག་ཏུ། སྤྲོས་པའི་ངོས་འཛིན་བཞི་ཙམ་འབྱུང་བ་རྣམས་ནི་མཐའ་བཞི་ཆར་སྤྲོས་པ་ལས་མ་འདས་ཀྱང་སྐབས་ཐོབ་ཀྱི་སྤྲོས་པ་ངོས་འཛིན་པའི་དབང་དུ་བྱས་པའོ། །དེ་དང་བྲལ་བའི་དོན་ཡང་འཁྲུལ་ངོའི་ཡོད་མེད་སོགས་ཀྱི་སྤྲོས་པ་འདི་དག་གདོད་མ་ནས་རང་གི་ངོ་བོས་སྟོང་པ་ཡིན་ལ། ཐ་སྙད་ཀྱི་སྒོ་ནས་བསྟན་ཚུལ་ཡང་རང་གི་ངོ་བོའི་སྒོ་ནས་དང་། ཡུལ་ཅན་གྱི་སྒོ་ནས་དང་། བྱེད་པའི་སྒོ་ནས་བསྟན་ཚུལ་གསུམ་ལས། དང་པོ་ནི་མདོ་ལས། ངོ་བོ་མཚན་ཉིད་སྟོང་པ་ཉིད་དང་། དུས་གདོད་མ་ནས་སྟོང་པ་ཉིད་ཅེས་པ་སྟེ། དགག་སྒྲུབ་ཀྱི་ཆོས་ཙམ་དང་བྲལ་བའི་ཅི་ཡང་མ་རྙེད་པ་ཉིད་དེ། མདོ་ལས། སྟོང་པ་ཉིད་ཅེས་བྱ་བ་ནི་ཆོས་ཐམས་ཅད་དང་བྲལ་བའི་ཚིག་བླ་དགས་སོ། །ཞེས་དང་། ཇི་ལྟར་ནམ་མཁའ་ནམ་མཁའ་ཞེས་བརྗོད་ཀྱང་ནམ་མཁའ་ལ་བརྗོད་དུ་མེད་པ་དེ་བཞིན་དུ་སྟོང་པ་ཞེས་བརྗོད་ཀྱང་སྟོང་པ་ཉིད་ལ་ནི་བརྗོད་དུ་མེད་དོ། །ཞེས་གསུངས་སོ། །འདིས་ནི་དངོས་པོར་སྨྲ་བ་འདོད་པའི་དོན་དམ་ལས་ཁྱད་པར་འཕགས་པ་ཡིན་ནོ། །གཉིས་པ་ནི། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་དཔེ་དང་སྒྲ་དང་བློའི་སྤྱོད་ཡུལ་ལས་འདས་པའི་སྒོ་ནས་བསྟན་པ་སྟེ། བདེན་པ་གཉིས་བསྟན་པའི་མདོ་ལས། དོན་དམ་པ་ནི་མཚོན་དུ་མེད་པ་དང་། བརྗོད་དུ་མེད་པ་དང་། ཤེས་པ་བྱར་མེད་པ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པ་ཡིན་ནོ། །ཞེས་གསུངས་ཏེ། འདིས་ནི་དོན་དམ་པ་སྒྲས་བསྟན་པ་དང་། བློས་ཡུལ་དུ་བྱས་པའི་སྒོ་ནས་རྟོགས་པར་རློམ་པ་བསལ་བ་ཡིན་ནོ། །གསུམ་པ་ནི། དེ་ཐམས་ཅད་རྟེན་པའི་གཞི་ཆོས་ཅན་དང་རོ་གཅིག་པའི་ཆོས་ཉིད་ཡིན་པ་སྟེ། རྒྱུད་བླར་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ནམ་མཁའ་ལ་བརྟེན་པ་ལྟར་ཕུང་སོགས་ཀྱི་ཆོས་ཐམས་ཅད་སེམས་ཀྱི་རང་བཞིན་ལས་བྱུང་བར་གསུངས་པ་དང་། མདོ་ལས་ཆོས་ཐམས་ཅད་ནི་མཚན་ཉིད་གཅིག་པ་སྟེ་འདི་ལྟ་སྟེ་མཚན་ཉིད་མེད་པའོ། །ཞེས་དང་། ཆོས་རྣམས་ཀྱི་མེད་པ་ཉིད་ལ་ཁྱད་པར་མི་འཐད་པས་རྣམ་གཞག་གཉིས་སུ་མེད་པ་དང་། འདི་ལ་ནི་སྤང་བ་དང་བླང་བར་བྱ་བ་མ་མཆིས་སོ། །ཞེས་ལམ་བསྒྲུབ་ཏུ་མེད་པ་དང་། སེམས་ཅན་དང་སངས་རྒྱས་ཀྱི་རང་བཞིན་ཐ་དད་དུ་མེད་པས་སངས་རྒྱས་གཞན་དུ་མི་བཙལ་བར་གསུངས་པ་སྟེ། འདིས་ནི་དོན་དམ་པ་རི་བོང་གི་རྭ་དང་འདྲ་བར་རྟོག་པ་སྤོང་བ་ཡིན་ནོ། །གཉིས་པ་དེ་ལྟ་བུའི་སྤྲོས་བྲལ་དེ་མཐར་ཐུག་པའི་དོན་དུ་བསྒྲུབ་པ་ལ་གསུམ་སྟེ། མཐར་ཐུག་གི་དོན་ཇི་ལྟར་ཡིན་པ་དང་། དེ་མིང་གི་དོན་དུ་བསྒྲུབ་པ་དང་། དེ་ལ་ནང་འགལ་སྤང་བའོ། །དང་པོ་ལ་དངོས་པོ་རྣམས་ཀྱི་རང་བཞིན་མཐར་ཐུག་པ་དང་། ཟབ་མོ་རྣམས་ཀྱི་ཡུལ་མཐར་ཐུག་པ་དང་། གཉེར་བར་བྱ་བའི་དོན་མཐར་ཐུག་པ་གསུམ་ལས། དང་པོ་ནི། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པའོ། །ཞེས་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་དུས་ཐམས་ཅད་དུ་མེའི་ཚ་བ་དང་། བུ་རམ་གྱི་མངར་བ་ལྟར་ཅིར་ཡང་མ་གྲུབ་པའི་སྟོང་ཉིད་དེས་ཁྱབ་པ་དང་། རིགས་པ་ཡང་དག་གིས་མཐའ་གང་དུ་གྲུབ་བཙལ་བ་ན་གང་དུའང་མ་གྲུབ་པར་གནས་པ་དང་། དེ་ལ་ཇི་སྐད་བཤད་པའི་རང་བཞིན་གྱི་ཆོས་གསུམ་འཐད་པ་ཉིད་ཀྱི་ཕྱིར་ན་དངོས་པོ་རྣམས་ཀྱི་རང་བཞིན་མཐར་ཐུག་པའོ། །གཉིས་པ་ནི། བློ་ཟབ་མོས་རྟོགས་པ་དང་། སྒྲ་ཟབ་མོས་བསྟན་པ་དང་། དཔེ་ཟབ་མོས་མཚོན་པའི་དོན་ཡིན་པ་སྟེ། དེའང་བློ་ཟབ་མོ་ཤེས་པ་རྣམས་ཀྱི་མཐར་ཐུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུལ་ཏེ་འཇིག་རྟེན་པའི་རྟོག་བཅས་ཀྱི་བློ་མཐར་ཐུག་ཚོལ་བའི་རྗེས་དཔག་གིས་སྤྱིའི་ཚུལ་དུ་རྟོགས་པ་དང་འཕགས་པའི་མཉམ་བཞག་རྣམ་པར་མི་རྟོག་པའི་བློས་སོ་སོ་རང་གིས་རིག་པའི་ཚུལ་གྱིས་རྟོགས་པའི་ཕྱིར་ཏེ། མདོ་སྡུད་པར། ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་དང་། དགོངས་འགྲེལ་ལས། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་གསུངས་པས་སོ། །སྒྲ་ཟབ་མོས་བསྟན་པའི་དོན་ཡིན་པ་ལའང་ལྔ་ལས། མདོ་ཟབ་མོས་བསྟན་པའི་དོན་ཡིན་པ་ནི་ངེས་དོན་གྱི་གསུང་རབ་ཤེར་ཕྱིན་གྱི་མདོ་དང་། ཏིང་ངེ་འཛིན་རྒྱལ་པོ་དང་། ཡེ་ཤེས་སྣང་བ་རྒྱན་དང་། བདེན་པ་གཉིས་བསྟན་པ་ལ་སོགས་པ་མདོ་སྡེ་ཟབ་མོ་རྣམས་ཀྱི་དོན་ཡིན་པའོ། །བདེན་པའི་ཚིག་ཟབ་མོའི་རྣམ་གྲངས་ཆོས་རྣམས་ཀྱི་རང་བཞིན་དང་། དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱི་མི་ཁྱབ་པའི་དབྱིངས་ཞེས་པའི་དོན་ཡིན་པ་དང་། ཞི་བའི་ཚིག་ཟབ་མོའི་རྣམ་གྲངས་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། དངོས་པོ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། མཚན་ཉིད་མེད་པ་དང་། མ་སྐྱེས་པ། མ་འགགས་པ། ཡི་གེ་མེད་པ། སྟོང་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་རྣམ་པར་དག་པ་ཞེས་པ་རྣམས་ཀྱི་དོན་ཡིན་པ་དང་། མིང་གི་བརྡ་ཟབ་མོའི་རྣམ་གྲངས་དོན་དམ་པ་དང་། ཡང་དག་པ་དང་། ཕྱག་རྒྱ་ཆེན་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། ཨ་མ་ན་ས་ཞེས་གྲགས་པའི་དོན་ཡང་ཡིན་པའི་ཕྱིར་རོ། །ཡི་གེ་ཟབ་མོའི་དོན་ཡིན་པ་ནི་ཨ་ཞེས་པའི་བརྗོད་པ་གཅིག་གིས་ཆོས་ཐམས་ཅད་འགོག་ཅིང་སྐྱེ་བ་མེད་པར་སྟོན་པར་གསུངས་པའི་ཕྱིར་རོ། །མ་བརྗོད་པས་བསྟན་པའི་དོན་ཡང་ཡིན་པ་ནི་འཕགས་པ་འཇམ་དཔལ་གྱིས། ལིཙྪ་བཱི་ལ་དོན་དམ་པ་དྲིས་པའི་ཚེ་ཅི་ཡང་མི་གསུང་བར་ཅིར་ཡང་མ་གྲུབ་པར་གོ་བ་ལྟ་བུའོ། །དཔེ་ཟབ་མོས་མཚོན་པའི་དོན་ཡིན་པ་ནི་གཞུང་དག་ལས། ངོ་བོ་མེད་ཅིང་ཁྱབ་པས་ནམ་མཁའ་དང་། མི་ཤིགས་པས་རྡོ་རྗེ་དང་། སྤྱད་ན་འཆི་བ་མེད་པས་བདུད་རྩི་ཞེས་པའི་མིང་གིས་བརྗོད་པ་ལྟ་བུའོ། །གསུམ་པ་གཉེར་བར་བྱ་བའི་དོན་མཐར་ཐུག་པ་ཡིན་པ་ལའང་གསུམ་སྟེ། རང་གི་ངོ་བོ་དོན་དམ་པའི་དགེ་བ་ཡིན་པ་དང་། དེ་ལ་དམིགས་པས་དོན་ཀུན་འགྲུབ་པ་དང་། དེར་གྱུར་པས་དོན་ཀུན་རྫོགས་པའོ། །དང་པོ་ནི། ཡུལ་མཚན་མ་མེད་པས་དོན་དམ་པའི་དགེ་བ་དང་། ཡུལ་ཅན་གཏི་མུག་མེད་པས་ངོ་བོ་ཉིད་ཀྱི་དགེ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་བདག་གི་དོན་འགྲུབ་པ་དང་། གཞན་གྱི་དོན་འགྲུབ་པ་གཉིས་ལས། དང་པོ་ལ་སྡུག་བསྔལ་སྤང་བ་དང་། སྒྲིབ་པ་བསལ་བ་དང་། ཡོན་ཏན་བསྒྲུབ་པའི་ཚོགས་མཆོག་ཡིན་པ་གསུམ། དང་པོ་ནི། རེ་ཞིག་ཚེ་འདིའི་འཚེ་བ་ལས་སྐྱོབ་པ་ཡིན་ཏེ། ཐམས་ཅད་སྟོང་པར་ཡིད་ཆེས་ན། རྒྱུ་བདག་འཛིན་མེད་པས་ཚེ་བའི་གཞི་མེད་པ་དང་། གླགས་ཚོལ་བ་རྣམས་ཀྱིས་མི་མཐོང་བ་དང་། སྟོང་པ་ཉིད་ལ་སྦྱོར་བའི་སྲུང་བ་སྟེ། སྲུང་བ་གཞན་ལ་མི་ལྟོས་པའི་ཕྱིར། མདོ་ལས། གང་གི་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན། །སྒྱུ་མ་ནམ་མཁའ་ལྟ་བུར་རབ་ཤེས་པ། །དོན་དམ་ཤེས་པའི་སྲུང་བ་མཆོག་ཡིན་ཏེ། །སྲུང་བའི་ཆོ་ག་གཞན་དག་འདིར་མི་དགོས། །ཞེས་གསུངས་པས་སོ། །ཚེ་ཕྱི་མའི་སྡུག་བསྔལ་སྤང་བ་ནི་བསག་པའི་སྡིག་པ་སྦྱོང་བའི་སྒོ་ནས་ཡིན་ཏེ། ཁས་བླངས་པ་དང་འགལ་བ་བཅས་པའི་སྡིག་པ་དང་། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། ཆོས་སྤངས་པ་ལ་སོགས་པ་རང་བཞིན་གྱི་སྡིག་པ་ཤིན་ཏུ་ལྕི་བ་རྣམས་ཀྱང་སྟོང་པ་ཉིད་རྟོགས་ན་དག་པར་གསུངས་པའི་ཕྱིར་དང་། མདོ་སྡེ་རྒྱན་ལས། ཆོས་ཀྱི་སྡོམ་ལ་སོ་སོར་རྟོག་པ་དང་། བདེན་པ་མཐོང་བས་ལྟུང་བ་ལས་ངེས་པར་འབྱུང་བ་གསུངས་པ་དང་། མདོ་ལས་གང་གི་ཆེས་ལྕི་བའི་མི་དགེ་བ་བཅུ་པོ་འདི་དག་བྱས་པར་གྱུར་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ལ་ཡིད་ཆེས་ན་དེ་དག་ལྟུང་བར་ང་མི་སྨྲའོ། །ཞེས་དང་། རྒྱུད་བླ་མར། ཕ་མ་དགྲ་བཅོམ་གསོད་དང་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །དེ་ཡང་ཆོས་ཉིད་ངེས་པར་བསམས་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི། །ཞེས་གསུངས་པས་སོ། །སྒྲིབ་པ་བསལ་བའི་རྒྱུ་ཡིན་པའང་སྤྲོས་པ་མཐའ་དག་ཁེགས་པའི་ཆོས་ཉིད་བསྒོམས་པས་སྒྲིབ་པ་གཉིས་ཀྱི་རྒྱུ་མཚན་མའི་རྣམ་རྟོག་གི་གཉེན་པོ་བྱེད་པའི་ཕྱིར་ཏེ། རྩ་ཤེར་ལས། དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། སྤྱོད་འཇུག་ལས། ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོ་སྟོང་པ་ཉིད། །ཅེས་དང་། རྒྱུད་བླ་མར། ཤེས་རབ་ལས་གཞན་དེ་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཞེས་གསུངས་པས་སོ། །ཡོན་ཏན་བསྒྲུབ་པའི་དགེ་ཚོགས་མཆོག་ཡིན་པའང་གཏི་མུག་མེད་པའི་དགེ་བ་ལས་དགེ་བའི་ཚོགས་ཐམས་ཅད་འབྱུང་བ་དང་། དེས་དགེ་བ་གཞན་རྣམས་རྫོགས་པའི་བྱང་ཆུབ་ཏུ་བསྒྱུར་ཞིང་། ཁྲིད་པ་དང་། དེ་བསྒོམ་པའི་ནང་དུ་དགེ་བའི་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་སོགས་པ་ཐམས་ཅད་འདུ་བ་དང་། དེ་ལ་དམིགས་པའི་དགེ་བའི་ཁྱད་པར་ལས་བདེ་འགྲོ་དང་བྱང་ཆུབ་ཐམས་ཅད་འབྱུང་བས་དགེ་ལེགས་ཐམས་ཅད་ཀྱི་ཡུམ་ཞེས་ཀྱང་བརྗོད་པའི་ཕྱིར་ཏེ། མདོ་ལས། སུ་ལ་སྟོང་ཉིད་འདི་འབྱུང་བ། །དེ་ལ་དོན་རྣམས་ཐམས་ཅད་འབྱུང་། །ཞེས་དང་། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་དག་ཀུན་ཀྱང་ཤེས་རབ་ཕ་རོལ་ཕྱིན་ལས་སྐྱེ། །ཞེས་དང་། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཤེས་རབ་ནམས་ཀྱང་ཟད་པ་མེད་ཅིང་འཕེལ་བ་མེད། །ཅེས་པས་སོ། །གཉིས་པ་གཞན་གྱི་དོན་འགྲུབ་པའི་རྒྱུའང་ཡིན་ཏེ། ཐེག་པ་ཆེན་པོའི་རིགས་ཅན་གྱིས་སྟོང་ཉིད་བསྒོམས་པས་དེ་མ་རྟོགས་པའི་སེམས་ཅན་འཁྲུལ་པས་སྡུག་བསྔལ་བའི་ཚུལ་མཐོང་ནས་བྱམས་པ་སྙིང་རྗེ་སྐྱེ་བས་བདེ་བ་བསྒྲུབ་པའི་ཐབས་ལ་འཇུག་པ་དང་། གཞན་དོན་བྱེད་ཀྱང་ཆགས་པ་དང་འཇིགས་པའི་རྒྱུ་ཟད་པས་རང་ལ་མི་གནོད་པའི་ཕྱིར་ཏེ། མདོ་ལས། སུ་དག་སྟོང་པ་ཉིད་ལ་རྟག་བརྩོན་པ། །དེ་ནི་རྟག་ཏུ་འགྲོ་བ་ཀུན་གྱི་བཤེས། །ཞེས་དང་། སྤྱོད་འཇུག་ལས། རྨོངས་པས་སྡུག་བསྔལ་ཅན་དོན་དུ། །ཆགས་དང་འཇིགས་མཐའ་ལས་གྲོལ་བ། །འཁོར་བར་གནས་པ་འགྲུབ་འགྱུར་བ། །འདི་ནི་སྟོང་ཉིད་འབྲས་བུ་ཡིན། །ཞེས་གསུངས་པས་སོ། །གསུམ་པ་དེར་གྱུར་པས་དོན་ཀུན་རྫོགས་པ་ནི་སྟོང་ཉིད་རྟོགས་ནས་གོམས་པ་མཐར་ཕྱིན་པའི་ཚེ་གློ་བུར་གྱི་དྲི་མ་ཟད་ནས་བློ་ཉིད་ཟག་མེད་ཀྱི་དབྱིངས་སུ་གྱུར་པ་ནི། སྤངས་རྟོགས་ཕུན་སུམ་ཚོགས་པ་དོན་དམ་པའི་སངས་རྒྱས་ཡིན་ལ་དེ་ཉིད་ཀྱི་ཚེ་གཞན་དོན་ཀུན་རྫོབ་ཀྱི་སྐུ་གཞན་ངོར་སྐུ་གསུང་ཐུགས་ཀྱི་མཛད་པ་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་རོ། །དེ་ལྟར་བསྒོམས་པ་དང་ཐོབ་པས་ཉེས་པ་སྤོང་ཞིང་བདག་གཞན་གྱི་དོན་ཐམས་ཅད་བསྒྲུབ་པའི་རྒྱུའི་གཙོ་བོ་ཉིད་ཡིན་པའི་དོན་གྱི་དབང་དེ་གཟིགས་ནས་ཆོས་ཀྱི་རྗེས། མདོ་སྡེ་དེ་དང་དེ་ལ་བསྔགས་པ་མཛད་དེ། །ཆོས་འཛིན་བྱང་ཆུབ་སེམས་ཀྱི་དགེ་བས་ཀྱང་། །སྟོང་ཉིད་གོམས་པའི་བཅུ་དྲུག་ཆར་མི་ཕོད། །ཅེས་དང་། བྱང་ཆུབ་ཀྱི་སེམས་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་ལྔའི་དགེ་བ་རྒྱ་ཆེན་བསྐལ་པར་བསགས་པ་བས་སྟོང་པ་ཉིད་ཀྱི་གཞུང་འདི་ལ་ཞུགས་པ་དང་། མཆོད་པ་དང་། འདོན་པ་ལ་སོགས་པ་བྱ་བ་ཅུང་ཟད་བྱས་པ་བསོད་ནམས་ཆེའོ། །ཞེས་དང་། ལུས་དང་སྲོག་ལ་ལྟ་བ་རབ་སྤངས་ལ། །སྟོང་པ་ཤིན་ཏུ་ཞི་བ་བསྒོམ་པར་གྱིས། །ཞེས་དང་། ཡང་དག་སྟོང་པ་ཉིད་ལ་མངོན་དགའ་བ། །དེ་དག་བྱང་ཆུབ་ལམ་དུ་ཞུགས་པ་ཡིན། །ཞེས་དང་། ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བར་གང་ཤེས་པ། །དེ་ནི་ཉོན་མོངས་མ་ལུས་ཐམས་ཅད་སྤངས་པ་ཡིན། །དེ་ནི་བདེར་གཤེགས་ཐུགས་སྲས་བསླབ་པ་ཡོངས་མི་འདོར། །དེ་ནི་རིང་པོར་མི་ཐོགས་རྐང་གཉིས་གཙོ་བོར་འགྱུར། །ཆོས་ཀྱི་རང་བཞིན་ཤིན་ཏུ་ཞི་བར་གང་ཤེས་པ། །དེ་ནི་མདོ་སྡེ་བྱེ་བ་མཐའ་ཡས་འཆད་པར་བྱེད། །དེ་ནི་རྟག་ཏུ་འཛམ་བུའི་གླིང་གི་རྒྱལ་མཚན་འགྱུར། །ཞེས་དེ་ལ་འཇུག་པ་གཙོ་བོར་གདམས་པ་དང་། དེའི་གང་ཟག་ལ་བསྔགས་པ་རྣམ་གྲངས་དུ་མས་གསུངས་ལ། དེའི་ཡུལ་ཅན་གྱི་ཤེས་རབ་ཀྱང་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་ཟིལ་གྱིས་གནོན་པ་དང་བསླབ་གསུམ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་མཆོག་ཉིད་དུ་རྣམ་གྲངས་དུ་མས་བསྟོད་ཅིང་བསྔགས་པ་ཡིན་ནོ། །དེ་ལྟར་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། བསྟན་པ་ཟབ་མོའི་དོན་དང་། མཐར་ཐུག་དཔྱོད་པའི་རིགས་པས་མཐོང་བ་དག དོན་གཅིག་ལ་འདུས་པའི་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ནི་ཆོས་རྣམས་ཀྱི་སྙིང་པོ་དང་། མཆོག་དང་། བླ་མ་ཉིད་དུ་གྱུར་པ་ཡིན་ལ། དེ་རྟོགས་པའང་བསྟན་པ་ཐམས་ཅད་ཀྱི་དོན་གོ་བ་དང་། སྟོན་པ་ཐམས་ཅད་ཀྱི་ཐུགས་གཟུང་བ་དང་། དོན་ཐམས་ཅད་བསྒྲུབ་པའི་གཏེར་རྙེད་པ་ཡིན་ནོ། །འདི་དག་ནི་སྔོན་གྱི་དགེ་བའི་བཤེས་གཉེན་གཙང་ནག་པས་ཇི་ལྟར་གསུངས་པ་ལ་ཚིག་སྦྱོར་བརླིང་པ་རྣམས་ཅུང་ཟད་བདེར་བཏང་བ་ཙམ་བྲིས་པ་ཡིན་པས་འཆད་ཚུལ་འདི་ལ་བརྟེན་ནས་སྟོང་པ་ཉིད་ལ་མོས་པར་མ་ཟད་འཆད་པ་པོ་སྔོན་གྱི་དམ་པ་རྣམས་ལའང་ཤིན་ཏུ་གུས་པར་བྱ་ཞིང་། རང་ཉིད་ཀྱི་ང་རྒྱལ་བཅག་པར་བྱའོ། །གཉིས་པ་དེ་མིང་གི་དོན་དུ་བསྒྲུབ་པ་ནི། དེ་ལྟ་བུའི་ཆོས་གསུམ་པོ་དེ་དག་ཀྱང་དོན་དམ་པའི་བདེན་པ་ཞེས་པའི་མིང་གིས་ཐོབ་པ་ཡིན་ཏེ། དངོས་པོ་རྣམས་ཀྱི་རང་བཞིན་མཐར་ཐུག་པ་ནི་བདེན་པ་ཞེས་དང་། ཟབ་མོ་རྣམས་ཀྱི་ཡུལ་མཐར་ཐུག་པ་ནི་དོན་ཞེས་དང་། གཉེར་བར་བྱ་བའི་དོན་མཐར་ཐུག་པ་ནི་དམ་པ་ཞེས་བསྟན་པའི་ཕྱིར་ཏེ། པ་ར་མ། ཨརྠ་སཏྱ་ཞེས་པ་གསུམ་མས་རིམ་གྱིས་བཟློག་པ་སྟེ། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་ལ་སོགས་པ་ཐམས་ཅད་ཀྱང་འདིའི་མིང་གི་རྣམ་གྲངས་ཡིན་པར་ཤེས་པར་བྱའོ། །གསུམ་པ་དེ་ལ་ནང་འགལ་སྤང་བ་ནི། འོ་ན་སྔར་སྤྲོས་བྲལ་ངོས་གཟུང་བའི་སྐབས་སུ་བརྗོད་བྱ་རྗོད་བྱེད་དང་། ཡུལ་ཡུལ་ཅན་དང་། དགག་སྒྲུབ་ཀྱི་མཚན་མ་ཐམས་ཅད་དང་བྲལ་བར་བརྗོད་ནས་འདིར་དེ་ལྟ་བུའི་ཆེ་བ་ནམ་མཁའི་མེ་ཏོག་གི་ཡོན་ཏན་བརྗོད་པ་ལྟར་ཤེས་པར་མི་ནུས་སོ་ཞེ་ན་དེ་ལྟ་མོད་ཀྱི་འདིར་ཡང་དེ་རྟོག་པའི་ཤེས་པ་དང་། མྱོང་བས་ཡུལ་དུ་བྱས་པའམ་འགའ་ཞིག་གི་བྱེད་རྒྱུར་བསྟན་པ་མ་ཡིན་ཏེ། དཔེ་དང་སྒྲ་དང་རྟགས་ལ་སོགས་པས་ཤེས་བྱ་ལ་རིག་པས་དཔྱད་བཟོད་ཀྱི་ཆོས་ཡོད་པའི་སྒྲོ་འདོགས་བསལ་བའི་རྟོག་བཅས་ཀྱི་ཤེས་རབ་ཀྱིས་སྤྲོས་བྲལ་ཙམ་དུ་ངེས་པའི་ཤུགས་དང་། འཕགས་པའི་མི་རྟོག་པའི་ཤེས་རབ་ཀྱིས་སྤྲོས་པ་མཐའ་དག་ཁེགས་པ་ཉིད་ལ་སྟོང་ཉིད་རྟོགས་ཞེས་དང་། བདེན་པ་མཐོང་ཞེས་བསྙད་པ་ཙམ་ཡིན་གྱི་རྟོག་པ་དང་མྱོང་བས་ཡུལ་དུ་བྱས་ན་དོན་སྤྱི་དང་དངོས་པོ་ལས་མ་འདས་སོ། །འདི་ལ་དགོངས་ནས་མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བའོ། །ཞེས་བློས་མཐོང་ཚུལ་དང་། ཆོས་རྣམས་སྟོང་པ་ཡི་གེ་མེད་པ་ཡང་། །ཡི་གེ་མེད་པ་ཉིད་ཅེས་ཡི་གེས་བསྟན། །ཞེས་སྒྲས་བརྗོད་ཚུལ་དང་། དཔེ་ལས་འདས་པའི་ཆོས་དེ་ཡང་། །དཔེ་དག་གིས་ནི་ཉེ་བར་བསྟན། །ཞེས་དཔེས་མཚོན་ཚུལ་གསུངས་པ་ཡིན་ནོ། །སྤྲོས་བྲལ་དེ་ཡོན་ཏན་གྱི་འབྱུང་གནས་སུ་བསྟན་པ་ཡང་བྱེད་རྒྱུར་བསྟན་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་སྤྲོས་པ་འབའ་ཞིག་ཏུ་དམིགས་པ་ལས་བྱུང་བས་ན་སྤྲོས་པ་འགའ་ཡང་མ་མཐོང་བས་ཉེས་པ་ཟློག་པ་ལ་འབྲས་བུའི་མིང་གིས་བསྙད་པ་དང་། ཐོབ་པའི་ཡོན་ཏན་རྣམས་ཀྱང་སྤྲོས་པ་འགག་པའི་ཤེས་རབ་དང་མཚུངས་པར་ལྡན་པ་ལས་སྐྱེ་བས་སྤྲོས་བྲལ་གྱི་འབྲས་བུར་བསྙད་པ་ཡིན་པའི་ཕྱིར། དེ་ལྟར་ན་དེ་དག་རི་བོང་རྭའི་ཡོན་ཏན་དང་མཚུངས་པར་རྟོག་པ་སྤོང་བ་ཡིན་ཏེ། དེ་ལ་དེ་ལྟ་བུའི་དགོངས་པ་དང་རྒྱུ་མཚན་མེད་པའི་ཕྱིར་རོ། །གསུམ་པ་སྤྲོས་བྲལ་དོན་དམ་པའི་མཚན་གཞིར་བསྙད་པའི་ཚུལ་ནི་དེ་ལྟར་ཅིར་ཡང་མ་གྲུབ་པ་ཉིད་ཡིན་ཡང་མ་གྲུབ་པ་ཉིད་གདུལ་བྱས་རྟོགས་པའི་དོན་དུ་མཚན་གཞིར་སྒྲོ་བཏགས་ནས་བསྙད་པ་ཡིན་གྱི་མཚན་ཉིད་བརྟན་པའི་གཞིར་གྱུར་པའི་མཚན་གཞི་ནི་མི་སྲིད་དོ། །དེས་མཚོན་པའི་དོན་ཡང་མཚན་ཉིད་དང་། མཚོན་བྱ་དང་། མཚན་གཞི་གསུམ་དུ་སྒྲོ་བཏགས་པའི་ཐ་སྙད་གསུམ་གྱི་སྒོ་ནས་དོན་དམ་པའི་བདེན་པ་ཞེས་ཀུན་རྫོབ་ཀྱི་བདེན་པའི་ཟླ་བོར་བསྙད་པ་ཡིན་ཏེ། མདོ་ལས། མཚན་ཉིད་མཚན་གཞི་མེད་པ་ཡང་། །དེ་དག་གིས་ནི་བསྙད་པ་ཡིན། །ཞེས་གསུངས་སོ། །གཉིས་པ་མཚོན་བྱའི་རབ་ཏུ་དབྱེ་བ་ལ་གཉིས་ཏེ། བདེན་པ་གཉིས་སུ་དབྱེ་བ་དང་། བདེན་པ་གཉིས་སོ་སོའི་དབྱེ་བའོ། །དང་པོ་ལ་དྲུག་སྟེ། གང་ལ་དབྱེ་བའི་གཞི། གང་འབྱེད་པའི་ངོ་བོ། གང་གིས་འབྱེད་པའི་རྒྱུ་མཚན། ཅི་ལྟར་ཕྱེ་བའི་དོན། ཅི་སྙེད་ཕྱེ་བའི་གྲངས་ངེས། ཕྱེ་བ་སོ་སོའི་སྒྲ་བཤད་པའོ། །དང་པོ་ནི། པ་ཚབ་ལོ་ཙཱ་བས། ཤེས་བྱ་ཙམ་དབྱེ་གཞི་ཡིན་ཅེས་ཟེར་བ་ལ། བཟད་པས་དེ་ནི་མ་ཡིན་ཏེ། ཤེས་བྱ་ནི་དངོས་པོ་དང་དངོས་མེད་གཉིས་སུ་འདུས་ལ། དེ་གཉིས་ཀའང་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་དང་། དོན་དམ་བདེན་པ་ཤེས་བྱ་ཡང་མ་ཡིན་པའི་ཕྱིར་ཏེ། ཡབ་སྲས་འཇལ་བའི་མདོ་ལས། དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ། ཤེས་པར་བྱ་བ་མ་ཡིན་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་ཞེས་གསུངས་པས་སོ། །ཞེས་བཀག་ནས་བདེན་པ་ཙམ་དབྱེ་གཞིར་འཐད་དེ། འཁྲུལ་ངོར་བདེན་པ་ཀུན་རྫོབ་དང་རིགས་ངོར་བདེན་པ་དོན་དམ་ཡིན་པའི་ཕྱིར། ཞེས་རང་ལུགས་བཞག་པ་མཛད་དོ། །དེ་ལ་ལུགས་སྔ་མ་འགོག་པ་མི་འཐད་དེ། བདེན་པ་གཉིས་སུ་ཕྱེ་བ་ནི་གདུལ་བྱ་ལ་ཐ་སྙད་ཀྱི་སྒོ་ནས་བསྟན་པའི་སྐབས་ཡིན་པས་དེའི་ཚེ་ཐ་སྙད་དུ་སྒྲའི་བསྟན་དོན་དང་། བློས་ཡུལ་དུ་བྱ་དགོས་པའི་ཕྱིར་རོ། །རང་ལུགས་བཞག་པ་དང་ཡང་འགལ་བར་སྣང་སྟེ། ཀུན་རྫོབ་བདེན་པ་བདེན་པ་མ་ཡིན་པའི་ཕྱིར་རོ། །གཉལ་བས་རང་བཞིན་མེད་ཙམ་དབྱེ་གཞི་ཡིན་ཏེ། དོན་དམ་པའི་རང་བཞིན་མེད་ཙམ་ལས་ཀུན་རྫོབ་དང་། བདེན་བརྫུན་གཉིས་ཀའི་རང་བཞིན་མེད་ཙམ་ལས་དོན་དམ་བདེན་པ་ཕྱེ་བའི་ཕྱིར་ཞེས་གསུངས་ཀྱང་། མི་འཐད་དེ། རྟག་མི་རྟག་གཉིས་ཀྱི་དབྱེ་གཞིར་རི་བོང་རྭ་མེད་འཇོག་པ་ལྟར་དབྱེ་གཞི་དང་། དབྱེ་བའི་ཡ་གྱལ་མ་འབྱོར་བའི་ཕྱིར་རོ། །ཐུབ་པ་དགོངས་གསལ་ལས། ཁ་ཅིག བདེན་པ་གཉིས་ལ་དབྱེ་གཞི་མེད་དེ། དེ་གཉིས་ལ་ཐུན་མོང་བའི་སྤྱི་མེད་པའི་ཕྱིར་རོ། །ཞེས་ཟེར་བ་མི་འཐད་དེ། དོན་ལ་ཐུན་མོང་བའི་སྤྱི་མེད་ཀྱང་གཞན་སེལ་གྱི་ངོར་ཐ་སྙད་དུ་བློ་ཙམ་ཞིག་མི་འགལ་ཏེ། སློབ་དཔོན་ཟླ་བ་གྲགས་པས་རིགས་པ་དྲུག་ཅུ་པའི་འགྲེལ་པར། བདེན་པ་གཉིས་སུ་འཇོག་པ་དེ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ །ཞེས་གསུངས་པས་སོ། །ཞེས་གསུངས་པ་ལྟར་ན་བློ་ཙམ་དབྱེ་གཞིར་བཞེད་པར་སྣང་སྟེ། ཀུན་རྫོབ་ཉིད་ལའང་འཇིག་རྟེན་གྱི་ཐ་སྙད་དུ་བློ་ལ་སྣང་ཚུལ་གྱི་སྒོ་ནས་བདེན་མི་བདེན་གཉིས་སུ་དབྱེ་བ་ལྟར་ཡུལ་གྱི་གནས་ཚུལ་གྱི་ངོས་ནས་བདེན་པ་གཉིས་སུ་མེད་ཀྱང་། བློས་གནས་ཚུལ་མཐོང་བ་དང་། མ་མཐོང་བའི་སྒོ་ནས་བདེན་པ་གཉིས་སུ་དབྱེ་ཞེས་པའི་དོན་དུ་སྣང་བས་ཤིན་ཏུ་ལེགས་སོ། །དེས་ན་གནས་ཚུལ་རང་ངོས་ནས་མཚན་མཚོན་དང་། དབྱེ་གཞི་དང་དབྱེ་བ་སོགས་བྱར་མེད་ཀྱང་ཐ་སྙད་བདེན་པར་སྒྲོ་བཏགས་ནས་གདུལ་བྱ་ལ་བསྟན་པའི་ཚེ་དབྱེ་བའི་ཡ་གྱལ་ཡོད་པ་ལྟར་དབྱེ་གཞིའང་ཡོད་པར་བྱ་དགོས་པས་རྟེན་འབྲེལ་ཙམ་དབྱེ་གཞིར་བྱས་པའང་འགལ་པ་མེད་དེ། རྟེན་འབྲེལ་གྱི་དོན་སྟོང་ཉིད་དང་། རྟེན་ནས་སྐྱེ་བ་གཉིས་ལ་འཇུག་པར་གསུངས་པའི་ཕྱིར་རོ། །ཤེས་བྱ་ཙམ་དབྱེ་གཞིར་བྱས་ནའང་འགལ་བ་མེད་དེ། ཡབ་སྲས་འཇལ་བའི་མདོ་ལས། ཤེས་པར་བྱ་བའང་འདིར་ཟད་དེ། །ཀུན་རྫོབ་དང་དོན་དམ་པའི་བདེན་པའོ། །ཞེས་གསུངས་པས་སོ། །གསུང་རབ་ཀྱི་བརྗོད་བྱ་ཙམ་དབྱེ་གཞིར་བྱས་ན་ཤིན་ཏུའང་འཐད་དེ། མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་བསྟན་པར་མཛད། །ཅེས་དང་། རྩ་ཤེར་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་པས་སོ། །དབུ་མའི་གཞུང་ལུགས་འདིར་སྒྲས་བསྟན་དུ་མེད་ཀྱང་ཐ་སྙད་དུ་སྒྲས་བསྟན་པ་དང་། བདེན་པ་གཉིས་པོ་དབྱེར་མེད་ཀྱང་གདུལ་བྱ་ལ་དབྱེ་སྟེ་བསྟན་པ་སོགས་གཞུང་འགྲེལ་གྱི་དགོངས་པ་གོང་འོག་སྒྲིགས་ན་འདི་ཉིད་འཐད་པར་སེམས་སོ། །གཉིས་པ་ནི་བདེན་པ་གཉིས་ཏེ། ཡུལ་ཅན་གྱི་བློའི་སྒོ་ནས་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ཡིན་ལ་སྔ་མ་ལ་འཇིག་རྟེན་ཉིད་ལྟོས་བདེན་པ་དང་། ལོག་པའི་ཀུན་རྫོབ་གཉིས་ཡོད་པར་འཇུག་པར་གསུངས་སོ། །ཡང་དོན་དམ་བདེན་པ་རྟོགས་པའི་ཐབས་ཐབས་བྱུང་གི་དབང་དུ་བྱས་པའི་དབྱེ་ངོ་ནི། ཐ་སྙད་བདེན་པ་དང་། དོན་དམ་བདེན་པ་གཉིས་སམ། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་ཏེ། ཚིག་གསལ་ལས་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་འཇིག་རྟེན་པའི་དོན་དམ་པ་ཁས་མ་བླངས་པར་དོན་དམ་པ་བསྟན་པར་མི་ནུས་ལ་མ་བསྟན་ན་རྟོག་པར་མི་ནུས་ཤིང་། དོན་དམ་པ་མ་རྟོགས་པར་ཡང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་མི་ནུས་སོ། །ཞེས་བསྟན་པའི་ཕྱིར། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཡིན་པའི་ཕྱིར་ཆུ་འདོད་པས་སྣོད་ལྟར་ཐོག་མར་གདོན་མི་ཟ་བར་ཀུན་རྫོབ་ཇི་ལྟར་གནས་པ་ཁས་བླང་བར་བྱའོ། །ཞེས་གསུངས་སོ། །དེས་ན་ཀུན་རྫོབ་ཇི་ལྟར་གནས་པ་དང་། འཇིག་རྟེན་པའི་དོན་དམ་པ་དང་། ཐ་སྙད་བདེན་པ་དང་། འཇིག་རྟེན་ཉིད་ལྟོས་བདེན་པའི་ཀུན་རྫོབ་དང་། འཇིག་རྟེན་ཀུན་རྫོབ་བདེན་པ་རྣམས་དོན་གཅིག་ཡིན་པས་ཀུན་རྫོབ་བདེན་པ་ཡིན་ན། དེ་དག་ཡིན་པས་མ་ཁྱབ་སྟེ། དབང་པོ་སྐྱོན་ལྡན་གྱི་ཤེས་པ་ཡུལ་དང་བཅས་པ་རྣམས་ཇི་སྐད་བཤད་པ་དེ་དག་ཏུ་མི་རུང་བའི་ཕྱིར་ཏེ། ཚིག་གསལ་ལས། འཇིག་རྟེན་ཀུན་རྫོབ་ཅེས་གང་ལས་དེ་ལྟར་ཁྱད་པར་དུ་བྱེད་པ་འཇིག་རྟེན་མ་ཡིན་པའི་ཀུན་རྫོབ་ཀྱང་ཡོད་དམ་ཞེ་ན་འདི་ནི་དངོས་པོ་ཇི་ལྟར་གནས་པ་རྗེས་སུ་བརྗོད་པ་ཡིན་གྱི་འདིར་དཔྱད་པ་དེ་མི་འཇུག་གོ །རྣམ་པ་གཅིག་ཏུ་ན་རབ་རིབ་དང་ལིང་ཐོག་སྔོན་པོ་དང་། མིག་སེར་ལ་སོགས་པས་དབང་པོ་ཉམས་པས་མཐོང་བ་ཕྱིན་ཅི་ལོག་ལ་གནས་པ་དེ་དག་ནི་འཇིག་རྟེན་མ་ཡིན་ཏེ། དེ་དག་གི་ཀུན་རྫོབ་གང་ཡིན་པ་དེ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་མ་ཡིན་པས་འཇིག་རྟེན་ཀུན་རྫོབ་བདེན་པ་དང་། ཞེས་དེ་ལས་ཁྱད་པར་དུ་བྱས་སོ། །འདིའང་དབུ་མ་ལ་འཇུག་པ་ལས་རྒྱས་པར་བཤད་པས་དེ་ལས་ཁོངས་སུ་ཆུད་པར་བྱའོ། །ཞེས་གསུངས་ཤིང་འཇུག་པར། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་སོགས་ཚིགས་བཅད་གཅིག་གསུངས་པས་བསྟན་པའི་ཕྱིར་རོ། །མདོར་ན་དོན་དམ་བདེན་པ་རྟོགས་པའི་ཐབས་སུ་གྱུར་པའི་ཀུན་རྫོབ་བདེན་པ་ནི་ས་བོན་ལས་མྱུ་གུ་སྐྱེ་ཞེས་སོགས་འཇིག་རྟེན་ན་ཐ་སྙད་ཇི་ལྟར་གནས་པ་ལྟར་ཡིན་པས་ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་ལ། ཐ་སྙད་བདེན་པ་དེའང་བློ་འཁྲུལ་པའི་ངོར་བདེན་པར་སྣང་བ་ཡིན་གྱི་བདེན་པར་གྲུབ་པ་ནི་མ་ཡིན་ནོ། །ཞེས་ཤེས་པའི་ཆེད་དུ་སྤྱིར་ཀུན་རྫོབ་བདེན་པ་ལ་ཡང་ལོག་གཉིས་སུ་ཕྱེ་བ་སྟེ། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན་པའི་ཕྱིར་རོ། །གསུམ་པ་ནི། དངོས་པོར་སྨྲ་བ་དག་གིས་ཡུལ་རང་ངོས་ནས་གནས་ལུགས་ལ་གྲུབ་པ་དང་། མ་གྲུབ་པའི་ཆོས་གཉིས་ཡོད་པའི་རྒྱུ་མཚན་གྱིས་བདེན་པ་གཉིས་འབྱེད་པར་འདོད་ཅིང་། དེ་ལའང་ཉན་ཐོས་སྡེ་གཉིས་ཀྱིས་གདགས་གཞི་དོན་དམ་བདེན་པ་རྫས་གྲུབ་ལ་བཏགས་ཆོས་ཀུན་རྫོབ་བདེན་པ་བཏགས་ཡོད་བཏགས་པར་འདོད་དེ། བྱེ་སྨྲས་གདགས་གཞི་ཤེས་བྱ་གཞི་ལྔ་རྫས་གྲུབ་ནི་དོན་དམ་བདེན་པ་དང་། དེ་དག་ལ་བཏགས་པའི་བུམ་སྣམ་སོགས་དང་གང་ཟག་རྣམས་ནི་ཀུན་རྫོབ་བདེན་པ་འདོད་པའི་ཕྱིར་དང་། མདོ་སྡེ་པས་གདགས་གཞི་དོན་ཤེས་རང་མཚན་དོན་དམ་བདེན་པ་དང་། དེ་དག་ལ་བཏགས་པའི་རགས་པ་དང་རྒྱུན་ལ་སོགས་པ་སྤྱི་མཚན་རྣམས་ནི་ཀུན་རྫོབ་བདེན་པར་འདོད་པའི་ཕྱིར་རོ། །ལུགས་འདི་དག་ལ་དོན་དམ་བདེན་པ་མངོན་སུམ་དུ་མཐོང་བས་གྲོལ་བ་ཐོབ་པ་ནི་མ་ཡིན་ཏེ། ཚུར་མཐོང་གི་རྒྱུད་ཀྱི་རང་མཚན་འཇལ་བྱེད་ཀྱི་རྟོག་མེད་ཀྱི་ཤེས་པ་རྣམས་ཀྱིས་དོན་དམ་བདེན་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །རྣམ་རིག་པའི་ལུགས་ལ་གདགས་གཞི་གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་བདེན་གཉིས་འཇོག་པའི་གཞི་ཡིན་ཅིང་། འདི་ལ་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་ཤེས་པ་གཞན་དབང་དང་། སྣང་བ་ལྟར་གཟུང་འཛིན་གཉིས་སུ་བཏགས་པའི་ཀུན་བརྟགས་གཉིས་ཀའང་ཀུན་རྫོབ་བདེན་པར་འདོད་པའི་ཀུན་རྫོབ་བདེན་པ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། མ་གྲུབ་པ་གཉིས་ཡོད་དོ། །གཞན་དབང་ལ་ཀུན་བརྟགས་ཀྱིས་སྟོང་པའི་དེ་བཞིན་ཉིད་འདུས་མ་བྱས་དང་། དེ་མངོན་སུམ་དུ་མཐོང་བའི་དག་པ་གཞན་དབང་གཉིས་ཀའང་དོན་དམ་བདེན་པར་འདོད་པས་དོན་དམ་བདེན་པ་ལ་འདུས་བྱས་དང་འདུས་མ་བྱས་གཉིས་ཡོད་དོ། །འོ་ན་བདེན་གཉིས་གང་གིས་འབྱེད་སྙམ་ན་གང་ལ་དངོས་སུ་དམིགས་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བའི་དམིགས་པའི་སྒོ་ནས་འབྱེད་དེ། མ་དག་གཞན་དབང་དང་། ཀུན་བརྟགས་ལ་དངོས་སུ་དམིགས་པ་ནི་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཕྱིར་དང་། དག་པ་གཞན་དབང་དང་དེ་བཞིན་ཉིད་ལ་དངོས་སུ་དམིགས་པ་ནི་རྣམ་པར་བྱང་བར་འགྱུར་བའི་ཕྱིར་རོ། །དབུ་མའི་གཞུང་ལུགས་འདིར་ནི་ཡུལ་རང་ངོས་ནས་བདེན་པ་གཉིས་སུ་དབྱེར་མེད་ཀྱི་སྣང་བའི་དངོས་པོ་གཅིག་ལའང་ཡུལ་ཅན་བརྫུན་པ་མཐོང་བ་དང་། ཡང་དག་མཐོང་བ་གཉིས་སམ། འཁྲུལ་མ་འཁྲུལ་གཉིས་སམ། རྨོངས་མ་རྨོངས་གཉིས་སམ། ཕྱིན་ཅི་ལོག་མ་ལོག་གཉིས་སམ། ཚད་མ་ཡིན་མིན་གཉིས་ཀྱིས་མཐོང་ཚུལ་གྱི་སྒོ་ནས་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་སུ་ཕྱེ་བ་སྟེ། དང་པོ་གཉིས་ནི་འཇུག་པར། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །ཞེས་པ་དངོས་སུ་བཤད་ལ། འདི་ལའང་ཡུལ་ཅན་དེས་མཐོང་ཚུལ་ལ་ཡུལ་བདེན་བརྫུན་གཉིས་སུ་བཞག་པས་ཡང་དག་མཐོང་བ་དང་། བརྫུན་པ་མཐོང་བ་ཞེས་པའི་ཐ་སྙད་དང་། ཡུལ་དེ་དག་མཐོང་བ་ལ་ཡུལ་ཅན་འཁྲུལ་མ་འཁྲུལ་གཉིས་སུ་གཞག་པས་མཐོང་བ་བརྫུན་པ་དང་། མཐོང་བ་ཡང་དག་པ་ཞེས་པའི་ཐ་སྙད་འབྱུང་སྟེ། མཐོང་བ་བརྫུན་པ་ཞེས་དངོས་སུ་འབྱུང་བས་མཐོང་བ་ཡང་དག་པ་ཤུགས་ལ་བསྟན་པའི་ཕྱིར་རོ། །འཁྲུལ་མ་འཁྲུལ་དང་རྨོངས་མ་རྨོངས་གཉིས་ནི་མདོ་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་སྟེ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། དངོས་མེད་སྟོང་པ་མཁའ་འདྲ་བ། །ཡོད་པ་རྣམ་པར་སྤངས་པ་ནི། །དེ་ཉིད་མཆོག་སྟེ་ཐར་འདོད་རྣམས། །འཁྲུལ་དང་རྨོངས་ཆེན་གནས་ཡིན་ནོ། །ཞེས་དང་། དེ་ཉིད་དམ་པ་མཁའ་འདྲ་ལ། །གང་དག་སེམས་ནི་རབ་རྨོངས་པ། །དེ་དག་ཆོས་ཅན་ནམ་མཁའ་ལ། །མཆོག་ཏུ་རྨོངས་པ་དག་ཏུ་འགྱུར། །ཞེས་པ་རྣམས་ཀྱིས་བསྟན་ཏོ། །ཕྱིན་ཅི་ལོག་མ་ལོག་ནི་རྒྱུད་བླར། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །ཞེས་དང་། དེ་བཞིན་དུ་དབུ་མའི་གཞུང་ལུགས་རྣམས་ལས། ཀུན་རྫོབ་མཐོང་བའི་བློ་ལ་ཕྱིན་ཅི་ལོག་ཏུ་བཤད་པ་ཤིན་ཏུ་མང་ངོ་། །ཚད་མ་ཡིན་མིན་ནི་མདོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་དང་། དེའི་དོན་འཇུག་པར། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་ཀྱིས་བསྟན། འོ་ན་ཀུན་རྫོབ་འཇལ་བའི་ཚད་མ་མེད་པར་འགྱུར་ཞིང་། དེའང་འདོད་ན་ཚིག་གསལ་ལས། དེའི་ཕྱིར་དེ་ལྟར་ཚད་མ་བཞི་ལས་འཇིག་རྟེན་གྱི་དོན་རྟོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། དེ་ནི་འཇིག་རྟེན་ལ་ལྟོས་ནས་ཚད་མ་ཡིན་པའི་དོན་ཡིན་གྱི་དབུ་མ་པ་རང་གི་བདེན་པ་གཉིས་སུ་ཕྱེ་བའི་ཚེ་ཚད་མ་མིན་ཏེ། ཡུལ་བརྫུན་པ་མཐོང་བ་དང་། ཡུལ་ཅན་ཚད་མ་ཡིན་པ་འགལ་བའི་ཕྱིར་རོ། །འདི་ལ་རང་རྒྱུད་པ་དག་གིས་ཀུན་རྫོབ་ཉིད་ལའང་བདེན་བརྫུན་གཉིས་སུ་ཕྱེ་ནས་ཡུལ་ཅན་ལ་ཚད་མ་ཡིན་མིན་གཉིས་རང་ལུགས་ལའང་འདོད་པར་སྣང་སྟེ་འོག་ཐལ་རང་གི་ཁྱད་པར་གྱི་སྐབས་སུ་འཆད་དོ། །འདི་དག་ཀྱང་དོན་དམ་ལ་རྣམ་གྲངས་ཡིན་མིན་གྱི་ཁྱད་པར་མ་ཕྱེ་ཞིང་། ཡུལ་ཅན་ལ་གཉིས་སྣང་ཡོད་མེད་མ་ཕྱེ་བའི་དབང་དུ་བྱས་ནས་བདེན་པ་གཉིས་འབྱེད་ཚུལ་ཡིན་ལ་དེ་དག་སོ་སོར་ཕྱེ་ན་བློའི་ཡུལ་དུ་བྱས་པ་དང་། བློའི་ཡུལ་ལས་འདས་པའི་སྒོ་ནས་བདེན་པ་གཉིས་སུ་འབྱེད་དེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་དང་། མདོ་ལས། དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཡུལ་ལས་ཀྱང་འདས་པར་གསུངས་པ་ལྟ་བུའོ། །བཞི་པ་ནི། སྤྱིར་གཉིས་སུ་དབྱེ་བ་ཐམས་ཅད་ལ་བུམ་སྣམ་ལྟར་རྫས་ཐ་དད་དམ། བྱས་མི་རྟག་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དམ། ཟླ་བ་དང་བསིལ་ཟེར་བྱེད་པ་ལྟར་རྣམ་གྲངས་པའི་ཐ་དད་དམ། དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའི་ཐ་དད་ཡིན་ཞེས་བྱ་བ་འདི་དཔྱད་དགོས་པས་བདེན་པ་གཉིས་ལའང་དེ་དཔྱད་པར་བྱའོ། །འདི་ལ་མདོ་ལས་གཅིག་དང་ཐ་དད་ལ་སྐྱོན་བརྗོད་པའི་ཚུལ་དང་། དེའི་དོན་ལ་གཞན་གྱིས་བརྟགས་པ་དགག་པ་དང་། རིགས་པས་འཐད་པའི་ཕྱོགས་རྣམ་པར་གཞག་པ་གསུམ་ལས། དང་པོ་ནི། དགོངས་འགྲེལ་ལས། བདེན་གཉིས་གཅིག་པ་དང་ཐ་དད་པའི་ཕྱོགས་ལ་སྐྱོན་བཞི་བཞི་གསུངས་ཏེ། དང་པོ་ནི་བདེན་པ་གཉིས་གཅིག་ཡིན་ན། བྱིས་པས་ཀུན་རྫོབ་གཟུགས་དང་སྒྲ་ལ་སོགས་པ་མངོན་སུམ་དུ་མཐོང་བ་དེ་བཞིན་དུ་དོན་དམ་པའི་བདེན་པའང་མངོན་སུམ་དུ་མཐོང་བར་ཐལ་བ་དང་། ཀུན་རྫོབ་ལ་གཟུགས་སྒྲ་ལ་སོགས་པ་སྤྲོས་པའི་དབྱེ་བ་དུ་མ་ཡོད་པ་དེ་བཞིན་དུ་དོན་དམ་པ་ལ་ཡང་དབྱེ་བ་དུ་མ་ཡོད་པར་ཐལ་བ་དང་། ཀུན་རྫོབ་ཀུན་ནས་ཉོན་མོངས་པའི་རང་བཞིན་ནམ་མཚན་ཉིད་ཡིན་པ་ལྟར་དོན་དམ་ཡང་དེ་ལྟར་འགྱུར་བ་དང་། ཀུན་རྫོབ་བྱིས་པས་མཐོང་བ་ལ་སོགས་པའི་དོན་ལོགས་སུ་བཙལ་དུ་མེད་པ་དེ་བཞིན་དུ་དོན་དམ་པའི་བདེན་པའང་དེ་ལྟར་ཐལ་བའོ། །གཉིས་པ་ནི། བདེན་པ་གཉིས་ཐ་དད་ཡིན་ན་འཕགས་པ་རྣམས་ཀྱིས་དོན་དམ་མངོན་སུམ་དུ་རྟོགས་ཀྱང་ཀུན་རྫོབ་ཀྱི་འཆིང་བ་ལས་མི་གྲོལ་བར་ཐལ་བ་དང་། ཆོས་ཉིད་དོན་དམ་དེ་ཀུན་རྫོབ་ཀྱི་སྤྱིའི་མཚན་ཉིད་མ་ཡིན་པར་ཐལ་བ་དང་། འདུ་བྱེད་ཀུན་རྫོབ་རབ་ཏུ་མ་འགྲུབ་པའམ། བདག་མེད་པ་དེ་དོན་དམ་མ་ཡིན་པར་ཐལ་བ་དང་། གང་ཟག་གཅིག་གི་རྒྱུད་ལ་ཀུན་ནས་ཉོན་མོངས་ཀྱི་མཚན་ཉིད་དང་། རྣམ་བྱང་གི་མཚན་ཉིད་གཉིས་དུས་གཅིག་ཏུ་སོ་སོར་གྲུབ་པར་ཐལ་བའོ། །འོ་ན་ཅི་ལྟར་གནས་ཞེ་ན་གཅིག་དང་ཐ་དད་ལས་གྲོལ་བར་གནས་ཏེ། མདོ་དེ་ཉིད་ལས། བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ། །དཔེར་ན་དུང་གི་དཀར་པོ་ཉིད་ནི་དུང་དང་མཚན་ཉིད་ཐ་དད་པ་མ་ཡིན་ཏེ། དངོས་པོ་གཅིག་པའམ་མཚན་ཉིད་ཐ་དད་དེ། རྟ་གླང་བཞིན་དུ་གདགས་པར་སླ་བ་མ་ཡིན་ནོ། །དུང་གི་དཀར་པོ་ཉིད་ཅི་ལྟ་བར་གསེར་གྱི་སེར་པོ་ཉིད་ཀྱང་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མདོའི་ཚིག་བསྡུས་པ་ནི། དུང་དང་དཀར་པོ་གསེར་དང་སེར་པོ་དང་། །པི་ཝང་སྒྲ་སྙན་ཨ་དཀར་དྲི་ཞིམ་དང་། །ན་ལེ་ཤཾ་ཚ་ཨ་རུ་ར་སྐ་དང་། །ཤིང་བལ་འཇམ་དང་མར་གྱི་ཉིང་ཁུ་དང་། །འདུ་བྱེད་མི་རྟག་ཟག་བཅས་སྡུག་བསྔལ་སོགས། །མཁས་པས་བདེན་གཉིས་རྟོགས་པར་འདོད་རྣམས་ཀྱིས། །འདུ་བྱེད་དོན་དང་དེ་ལྟར་ཤེས་པར་གྱིས། །བློ་གྲོས་ཤིན་ཏུ་རྣམ་དག་ངས་ནི་དེ་ལྟར་དོན་དམ་པ་མཆོག་ཏུ་ཕྲ་བ། མཆོག་ཏུ་ཟབ་པ། མཆོག་ཏུ་རྟོགས་པར་དཀའ་བ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས་ཡང་དག་པར་འདས་པའི་མཚན་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཏེ་སངས་རྒྱས་ནས་ཀྱང་བསྙད་ཅིང་གསལ་བར་བྱས། རྣམ་པར་ཕྱེ། གདགས་པར་བྱས། རབ་ཏུ་བསྟན་ཏོ། །ཞེས་དང་། དེ་ཉིད་སྟོན་པས་བསྡུས་ཏེ་ཚིགས་སུ་བཅད་པས་གསུངས་པ། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་ནི་སྔོན་གྱི་མཁས་པ་ཆ་པ་སོགས་མདོའི་དོན་ངོ་བོ་ཐ་དད་པ་དང་། ལྡོག་པ་གཅིག་པ་ལ་སྐྱོན་བརྗོད་པ་ཡིན་པས་ངོ་བོ་གཅིག་དང་ལྡོག་པ་ཐ་དད་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་གསུངས་པས་སོ། །ཞེས་བཞེད་དོ། །དེ་ནི་མི་འཐད་དེ། ངོ་བོ་གཅིག་ཡིན་ན་གཅིག་པའི་ཕྱོགས་ལ་བརྗོད་པའི་སྐྱོན་དང་པོ་སྤོང་མི་ནུས་པའི་ཕྱིར་ཏེ། ཡུལ་ངོ་བོ་གཅིག་དང་ཡུལ་ཅན་སྒྲུབ་འཇུག་ཡིན་པའི་ཕྱིར་རོ། །གཞན་ཡང་བདེན་གཉིས་ངོ་བོ་གཅིག་པའི་དོན་འཕགས་པའི་མཉམ་བཞག་གི་བློ་ངོར་ཡིན་ནམ། ཀུན་རྫོབ་ཇི་ལྟར་སྣང་བ་འདི། །རིགས་པས་དཔྱད་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་ལང་གཤེགས་ལས་གསུངས་པ་ལྟར་ཐ་སྙད་པའི་བློ་དང་། མཐར་ཐུག་དཔྱོད་པའི་རིག་ངོར་སྣང་བའི་བདེན་གཉིས་ཀྱི་དབང་དུ་བྱས་པ་ཡིན། དང་པོ་ལྟར་ན་མི་འཐད་དེ་བློ་དེའི་ངོར་གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བའི་ཕྱིར་ཏེ། ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞེས་གསུངས་པ་ལྟར་གྱི་རྟེན་འབྲེལ་གྱི་ཁྱད་ཆོས་མངོན་དུ་གྱུར་པའི་ཕྱིར་རོ། །ཕྱི་མ་ལྟར་ན་ངོ་བོ་གཅིག་པ་འགལ་ཏེ་དེ་ལྟ་བུའི་བདེན་གཉིས་ནི། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་བ་སྟེ། །ཞེས་ཐབས་ཐབས་བྱུང་དུ་གསུངས་ལ་ཐབས་ཐབས་བྱུང་ངོ་བོ་གཅིག་ན་རྒྱུ་འབྲས་ངོ་བོ་གཅིག་ཏུ་ཐལ་བའི་ཕྱིར་རོ། །བྱས་པ་དང་མི་རྟག་པ་དཔེར་སྨྲོས་པའང་མེད་ན་མི་འབྱུང་བ་ངེས་པའི་དཔེར་སྨྲོས་པ་ཡིན་གྱི་ངོ་བོ་གཅིག་པའི་དཔེར་སྨྲོས་པ་ནི་མ་ཡིན་ཏེ། གཞན་དུ་ན་བྱས་མི་རྟག་རྟོག་མེད་ཀྱི་ཤེས་པ་ལ་གཅིག་སྣང་ན་གཉིས་ཀ་སྣང་བས་ཁྱབ་པ་ལྟར་བདེན་པ་གཉིས་ལའང་ཐལ་བའི་ཕྱིར་རོ། །ཕྱིས་ཀྱི་དབུ་མ་པར་རློམ་པ་ཁ་ཅིག་ན་རེ། བདེན་གཉིས་ངོ་བོ་གཅིག་ཏུ་རིགས་པས་གྲུབ་སྟེ། གཞི་གྲུབ་ན་ངོ་བོ་གྲུབ་པས་ཁྱབ། ངོ་བོ་གྲུབ་ན་ངོ་བོ་གཅིག་དང་ཐ་དད་གང་རུང་གིས་ཁྱབ་ཅིང་། བདེན་གཉིས་ངོ་བོ་ཐ་དད་པ་རིགས་པས་ཁེགས་པའི་ཕྱིར་ཞེས་སྨྲའོ། །འདིས་ནི་དབུ་མ་ཐལ་འགྱུར་བའི་ལུགས་ཐུན་མོང་མ་ཡིན་པ་འགོག་པ་སྟེ་དེ་ལྟར་ན་མ་རིག་པ་དང་འདུ་བྱེད་ལྟ་བུ་ནང་གི་རྒྱུ་འབྲས་དང་། ས་མྱུག་ལྟ་བུ་ཕྱིའི་རྒྱུ་འབྲས་ཐམས་ཅད་ཆོས་ཅན། ངོ་བོ་གྲུབ་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ངོ་བོ་གཅིག་དང་ཐ་དད་གང་རུང་དུ་ཐལ། འདོད་པའི་ཕྱིར། འདོད་ན་ངོ་བོ་གཅིག་ཡིན་ན་ནི་རྒྱུ་ལས་འབྲས་བུ་སྐྱེ་བ་ཐམས་ཅད་བདག་སྐྱེར་ཐལ་ཏེ། རྒྱུ་འབྲས་ངོ་བོ་གཅིག་ཡིན་པའི་ཕྱིར། ངོ་བོ་ཐ་དད་ཡིན་ན། རྒྱུ་ལས་འབྲས་བུ་སྐྱེ་བ་ཐམས་ཅད་གཞན་སྐྱེར་ཐལ་ཏེ། རྒྱུ་འབྲས་ངོ་བོ་ཐ་དད་ཡིན་པའི་ཕྱིར། རྗེས་འབྲང་ཐམས་ཅད་འདུས་ཀྱང་ལན་མེད་དོ། །གཞན་ཡང་བདེན་གཉིས་ངོ་བོ་གཅིག་ཡིན་ན་དཔེའི་སྒོ་ནས་རབ་རིབ་ཅན་གྱིས་མཐོང་བའི་སྐྲ་ཤད་དང་། མཐོང་བ་དག་པས་སྐྲ་ཤད་མེད་པར་མཐོང་བ་གཉིས་ངོ་བོ་གཅིག་ཏུ་ཐལ་ཏེ། བདེན་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར། ཁྱབ་པ་ནི་འཇུག་པར་ལྟོས་ཤིག མཚན་ཉིད་ཀྱི་སྒོ་ནས་གཞན་ལས་ཤེས་མ་ཤེས་དང་། ཞི་མ་ཞི་དང་སྤྲོས་པ་ལས་འདས་མ་འདས་དང་། རྣམ་རྟོག་ཡོད་མེད་སོགས་ངོ་བོ་གཅིག་ཏུ་འགྱུར་ཏེ། བདེན་གཉིས་ངོ་བོ་གཅིག་ཡིན་པའི་ཕྱིར། ཁྱབ་པ་ནི་དབུ་མ་རྩ་བར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་ཞིང་། དེ་ལས་ལྡོག་པ་ཀུན་རྫོབ་བདེན་པར་འདོད་དགོས་པའི་ཕྱིར་ཏེ། དབུ་མ་སྣང་བ་ཀུན་རྫོབ་ཀྱི་བདེན་པ་ནི་དོན་དམ་པའི་བདེན་པ་ལས་ལྡོག་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །གཞན་ཡང་འཇིག་རྟེན་གྱི་ཐ་སྙད་དང་དེ་ལས་འདས་པ་དང་སྒྲས་བརྗོད་པར་བྱ་བ་ཡིན་མིན་དང་སེམས་ཀྱི་རྒྱུ་བ་ཡོད་མེད་དང་བརྗོད་བྱ་རྗོད་བྱེད་ཡིན་མིན་དང་། ཤེས་པ་དང་ཤེས་བྱ་ཡིན་མིན་ངོ་བོ་གཅིག་ཏུ་ཐལ་བ་སོགས་བདེན་གཉིས་སྟོན་པའི་སྐབས་ཀྱི་གཞུང་ཐམས་ཅད་འདི་ལ་གནོད་བྱེད་དུ་འབབ་སྟེ། ལུང་རྣམས་ནི་མང་བས་མ་བྲིས་སོ། །གསུམ་པ་ནི། དཔལ་ལྡན་ས་སྐྱ་པཎྜི་ཏའི་བཞེད་པས། མདོ་ལས་གཅིག་དང་ཐ་དད་ལ་སྐྱོན་བརྗོད་པ་ནི་དོན་དམ་གྱི་དབང་དུ་བྱས་པ་ཡིན་པས་དོན་དམ་པར་གཅིག་དང་ཐ་དད་གཉིས་ཀ་ལས་གྲོལ་ལ། ཐ་སྙད་དུ་དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པའི་ཐ་དད་ཡིན་ཅེས་གསུངས་པ་འདི་ཉིད་རིགས་པས་འཐད་པར་མངོན་ཏེ། དོན་དམ་པར་གཅིག་དང་ཐ་དད་ལས་གྲོལ་བ་དང་། འཕགས་པའི་མཉམ་གཞག་གི་ངོར་གཅིག་དང་ཐ་དད་ལས་གྲོལ་བ་དོན་གཅིག་པའི་ཕྱིར་དང་། སྔར་བཤད་པ་ལྟར་ཐབས་དང་ཐབས་བྱུང་གི་དབང་དུ་བྱས་ན་ཐ་སྙད་མཐོང་བའི་བློས་དངོས་པོར་གཟུང་བ་དེ་ཉིད་ལ་གནས་ལུགས་དཔྱོད་པའི་བློས་དངོས་པོ་མ་རྙེད་པ་ཉིད་ལ་དོན་དམ་དུ་འཇོག་དགོས་པའི་ཕྱིར། འདི་དག་ལའང་གདུལ་བྱའི་བློ་ངོར་བསྟན་པའི་བདེན་གཉིས་ཀྱི་དོན་དམ་བདེན་པ་ནི་འཕགས་པའི་མཉམ་གཞག་གི་གཟིགས་ངོའི་དོན་དམ་བདེན་པ་མཚན་ཉིད་པར་རློམ་ནས་དངོས་སུ་རང་ལ་སྣང་བའི་རྗེས་མཐུན་པ་དེ་ཉིད་གཟུང་བ་ལ་སྣང་བཏགས་གཅིག་ཏུ་ཞེན་ནས་དོན་དམ་བདེན་པ་ཞེས་པའི་ཐ་སྙད་བྱེད་པའི་གཞན་སེལ་གྱི་གནད་ཤེས་པ་གལ་ཆེའོ། །ལྔ་པ་ནི་མཐར་ཐུག་བདེན་པ་གཉིས་སུ་དབྱེར་མེད་པས་གྲངས་ངེས་བྱར་མེད་དེ། མདོ་ལས་བདེན་པ་དམ་པ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་གྱི་མྱ་ངན་ལས་འདས་པའོ། །ཞེས་དང་། རིགས་པ་དྲུག་ཅུ་པར། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་གསུངས་པ་ལྟར་རོ། །གདུལ་བྱའི་ངོར་ཕྱེ་སྟེ་བསྟན་པའི་ཚེ། ཡུལ་ཅན་དང་། ཡུལ་དང་། བྱེད་པ་དང་། ནུས་པའི་སྒོ་ནས་གྲངས་ངེས་པ་དང་བཞི་ལས། དང་པོ་ནི་སྔར་བཤད་པ་ལྟར་ཡུལ་ཅན་གྱི་བློ་ལ་རྨོངས་མ་རྨོངས་སོགས་གཉིས་སུ་གྲངས་ངེས་པའོ། །གཉིས་པ་ནི་གཟུགས་སོགས་ཀྱི་སྣང་བ་གཅིག་ཉིད་ལའང་མ་དཔྱད་པའི་བློ་ངོར་དེ་དང་དེར་བདེན་པ་དང་། དཔྱད་ན་མི་རྙེད་པ་གཉིས་སུ་ངེས་པའོ། །གསུམ་པ་ནི་འཆིང་བར་བྱེད་པ་དང་། གྲོལ་བར་བྱེད་པ་གཉིས་སུ་ངེས་པའོ། །བཞི་པ་ནི་བསོད་ནམས་ཀྱི་ཚོགས་བསགས་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་པའི་གཞིར་གྱུར་པས་སྐུ་གཉིས་ཐོབ་པ་གཉིས་སུ་ཞུགས་པའོ། །དྲུག་པ་ལ་གཉིས་ཏེ་ཀུན་རྫོབ་བདེན་པའི་སྒྲ་དོན་དང་། དོན་དམ་བདེན་པའི་སྒྲ་དོན་ནོ། །དང་པོ་ནི་ཚིག་གསལ་ལས། ཀུན་ནས་སྒྲིབ་པས་ན་ཀུན་རྫོབ་སྟེ། མི་ཤེས་པ་ནི་དངོས་པོའི་དེ་ཁོ་ན་ཉིད་ལ་ཀུན་ལས་འགེབས་པར་བྱེད་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །ཡང་ན་ཕན་ཚུན་བརྟེན་པས་ན་ཀུན་རྫོབ་སྟེ། ཕན་ཚུན་བརྟེན་པ་ཉིད་ཀྱིས་ན་ཞེས་བྱ་བའི་དོན་ཏོ། །ཡང་ན་ཀུན་རྫོབ་ནི་བརྡ་སྟེ། འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའི་ཐ་ཚིག་གོ །དེ་ཡང་བརྗོད་པ་དང་བརྗོད་བྱ་དང་། ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཞེས་གསུམ་གསུངས་པའི་དང་པོ་ནི། སཾ་བྲྀཏྟི་སཏྱ་ཞེས་པའི་སཾ་ནི་སམྱག་སྟེ་ཡང་དག་པ། བྲྀཏྟི་ནི་སྒྲིབ་པར་བྱེད་པ་སྟེ་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པས་ན་ཀུན་བརྟགས་དང་ལྷན་སྐྱེས་སོ་སོར་མ་ཕྱེ་བའི་བདེན་འཛིན་གྱི་གཏི་མུག་ནི་ཀུན་རྫོབ་ཀྱི་མཚན་གཞི་སྟེ་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །སཏྱ་ནི་བདེན་པ་སྟེ་བློ་དེའི་ངོར་བདེན་པར་སྣང་བས་ན་བདེན་པའོ། །སྒྲ་དོན་འདི་ནི་འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་དང་། བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་གསུངས་པའི་ཡང་དག་སྒྲིབ་བྱེད་དང་པོ་དང་མཐུན་པས་ཐལ་རང་གཉིས་ཀ་མཐུན་པར་སྣང་ངོ་། །གཉིས་པ་ནི། སཾ་ནི་སཾཀྵི་ཞེས་པ་བརྟེན་པའམ་ལྟོས་པ་ལ་འཇུག་ལ་བྲྀཏྟི་ནི་འཇུག་པ་སྟེ་བརྟེན་ནས་འཇུག་པའམ་ལྟོས་ནས་འཇུག་པའོ། །གསུམ་པ་ནི་སཾ་ནི་སཾ་ཀེ་ཏ་ཞེས་པ་བརྡ་ཡིན་ལ་བྲྀཏྟི་ནི་སྔ་མ་ལྟར་ཏེ་བརྡ་འཇུག་པས་ན་ཀུན་རྫོབ་སྟེ། ཕྱི་མ་འདི་གཉིས་ཡུལ་ལ་ཀུན་རྫོབ་ཏུ་བཞག་པར་སྣང་བས་འཕགས་པའི་རྗེས་ཐོབ་ཀྱི་ངོར་སྣང་བའི་གཟུགས་སོགས་ལ། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་ཀུན་རྫོབ་ཙམ་དུ་འཇོག་པའི་ཚེ་སྒྲ་དོན་འདི་ངེས་པར་དགོས་པར་སྣང་སྟེ་སྔ་མའི་ཀུན་རྫོབ་ཀྱི་སྒྲ་དོན་འདི་ལ་མི་འཇུག་པའི་ཕྱིར་རོ། །འདི་གཉིས་ལའང་སཏྱ་ཞེས་པ་སྦྱར་བའི་ཚེ་ལྟོས་ནས་འཇུག་པའང་ཡིན་བློ་འཁྲུལ་པའི་ངོར་བདེན་པའང་ཡིན་པས་ན་ཀུན་རྫོབ་བདེན་པ་དང་། བརྡ་འཇུག་པའང་ཡིན། བློ་འཁྲུལ་པའི་ངོར་བདེན་པའང་ཡིན་པས་ན་ཀུན་རྫོབ་བདེན་པ་ཞེས་གང་གིས་བདེན་པར་འཇོག་པའི་བློ་ཁ་བསྐངས་ནས་བདེན་པའི་དོན་ནི་སྔ་མ་ལྟར་བཤད་པར་བྱའོ། །རང་རྒྱུད་པས་ཤེས་པ་གང་ཞིག་ལ་ཡོད་པའི་ཡང་དག་སྒྲིབ་བྱེད་ཅེས་སྒྲ་བཤད་ནས་འཕགས་པའི་རྗེས་ཐོབ་ལ་སྣང་བའི་ཀུན་རྫོབ་ཙམ་ལའང་ཡང་དག་སྒྲིབ་བྱེད་ཀྱི་སྒྲ་བཤད་མཛད་པར་སྣང་སྟེ། བདེན་གཉིས་ཀྱི་འགྲེལ་པར་བློ་གང་ཞིག་གིས་སམ། བློ་གང་ཞིག་ལ་ཡོད་ན་ཡང་དག་པ་སྒྲིབ་པར་བྱེད་པ་འཇིག་རྟེན་ན་གྲགས་པ་དེ་ལྟ་བུ་ནི་ཀུན་རྫོབ་ཏུ་བཞེད་དེ་ཞེས་གསུངས་པས་སོ། །གཉིས་པ་དོན་དམ་པའི་སྒྲ་དོན་ནི་པ་ར་མ་ཨརྠ་སཏྱ་ཞེས་པའི་པ་ར་མ་ནི་དམ་པ། ཨརྠ་ནི་དོན། སཏྱ་ནི་བདེན་པ་སྟེ། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཉིད་ནི་རྟོགས་པར་བྱ་བའམ་བརྟག་པར་བྱ་བ་ཡིན་པས་ན་དོན་འདི་ལས་མཆོག་ཏུ་གྱུར་པ་གཞན་མེད་པས་ན་དམ་པ་མི་བསླུ་བས་ན་བདེན་པ་ཞེས་གཞི་མཐུན་གྱིས་བསྡུ་བ་སྟེ། ཚིག་གསལ་ལས། དོན་ཡང་དེ་ཡིན་ལ་དམ་པ་ཡང་དེ་ཡིན་པའི་དོན་དམ་པའོ། །དེ་ཉིད་བདེན་པ་ཡིན་པས་ན་དོན་དམ་པའི་བདེན་པའོ། །ཞེས་གསུངས་པས་སོ། །ཐལ་འགྱུར་བས་ནི་འདི་ལས་གཞན་དོན་དམ་ཡུལ་ཅན་ལ་བྱས་ནས་དེའི་ངོར་བདེན་པ་ཞེས་པའི་སྒྲ་བཤད་མི་མཛད་ལ། རང་རྒྱུད་པས་ནི་གཉིས་ཀ་མཛད་པར་སྣང་སྟེ། རྟོག་གེ་འབར་བ་ལས་དོན་ཞེས་བྱ་བ་ནི་ཤེས་པར་བྱ་བ་ཡིན་པའི་ཕྱིར་དོན་ཏེ། བརྟག་པར་བྱ་བ་དང་། གོ་བར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ །དམ་པ་ཞེས་པ་ནི་མཆོག་ཅེས་བྱ་བའི་ཚིག་གི་སྒྲ་ཡིན་ཏེ། དོན་དམ་པ་ཞེས་བསྡུ་བ་ནི་དེ་དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ། །ཡང་ན་དམ་པའི་དོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དམ་པའི་དོན་ཏོ། །ཡང་ན་དོན་དམ་པ་དང་མཐུན་པ་སྟེ། དོན་དམ་རྟོགས་པ་དང་རྗེས་སུ་མཐུན་པའི་ཤེས་རབ་ལ་དོན་དམ་པ་དེ་ཡོད་པས་དོན་དམ་པ་དང་མཐུན་པའོ། །ཞེས་དང་། དོན་དམ་པ་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་སྤྲོས་པ་མེད་པའོ། །གཉིས་པ་ནི་མངོན་པར་འདུ་བྱེད་པ་དང་བཅས་པར་འཇུག་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རྗེས་སུ་མཐུན་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བ་སྤྲོས་པ་དང་བཅས་པ་སྟེ། འདིར་དེ་དམ་བཅས་པའི་ཁྱད་པར་ཉིད་དུ་གཟུང་བས་ཉེས་པ་མེད་དོ། །ཞེས་དང་། དབུ་མ་སྣང་བ་ལས་ཡང་དག་པའི་དོན། ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཐམས་ཅད་ནི་ཕྱིན་ཅི་མ་ལོག་པའི་ཡུལ་ཅན་ཡིན་པའི་ཕྱིར། དོན་དམ་པ་ཞེས་བྱ་བ་སྟེ། འདིའི་དོན་དམ་པ་ཡིན་པའི་ཕྱིར་རོ། །མངོན་སུམ་དང་བརྒྱུད་པས་བྱས་པའི་ཁྱད་པར་ནི་ཡོད་དེ། དེ་དག་གི་བསམ་པའི་དབང་གིས་དངོས་པོ་འདི་དག་ཐམས་ཅད་མ་སྐྱེས་པ་ཁོ་ནར་ཤེས་སོ། །ཞེས་གསུངས་པས་སོ། །རྟོག་གེ་འབར་བའི་ལུང་ལས། འཕགས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། ལུང་ཕྱི་མ་ལས་ཐོས་བསམ་ལས་བྱུང་བའི་རིག་ཤེས་ཚད་མ་ཡུལ་ཅན་དོན་དམ་པར་གྲུབ་ཅིང་། སྔ་མའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་དང་། འཇིག་རྟེན་ལས་འདས་པ་ཟག་པ་མེད་པ་ཞེས་དང་། ཕྱི་མའི་བསྒོམ་པ་ལས་བྱུང་བ་ཞེས་པ་རྣམས་ཀྱིས་འཕགས་པའི་མཉམ་བཞག་ཡུལ་ཅན་དོན་དམ་པར་གྲུབ་པས་དེ་དག་གི་ངོར་སྐྱེ་བ་སོགས་མ་རྙེད་པ་ནི་བློ་དེའི་ངོར་མི་སླུ་བས་ན་བདེན་པ་ཞེས་བཞེད་པར་སྣང་ངོ་། །གཉིས་པ་བདེན་གཉིས་སོ་སོའི་དབྱེ་བ་ལ་གཉིས་ཏེ། ཀུན་རྫོབ་བདེན་པའི་དབྱེ་བ་དང་། དོན་དམ་བདེན་པའི་དབྱེ་བའོ། །དང་པོ་ལ་གཉིས་ཏེ། བློ་དེ་ཉིད་ཀྱི་ངོར་བདེན་མི་བདེན་གྱི་སྒོ་ནས་དབྱེ་བ་དང་། རྗེས་ཀྱི་ཐ་སྙད་པའི་བློ་ངོར་བདེན་མི་བདེན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། གཟུགས་སོགས་སྣང་བའི་དངོས་པོ་གཅིག་ཉིད་བདེན་འཛིན་གྱི་མ་རིག་པའི་ངོར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་དཔྱད་བཟོད་པའམ་མི་བསླུ་བ་ལྟར་གྱི་བདེན་པར་སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་ཞེས་དང་། འཕགས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་ངོར་རྫུན་པ་སྒྱུ་མ་ལྟ་བུ་སྣང་བའི་ཆ་ནས་ཀུན་རྫོབ་ཙམ་ཞེས་པ་གཉིས་སུ་དབྱེ་སྟེ། འཇུག་པར། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་པའི་འགྲེལ་པར། དེ་ལྟར་ན་རེ་ཞིག་བཅོམ་ལྡན་འདས་དེས་ཀུན་རྫོབ་ཀྱི་བདེན་པ་དང་། ཀུན་རྫོབ་ཙམ་གསུངས་པ་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ་དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །ཞེས་གསུངས་སོ། །གཉིས་པ་ནི་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་སྟེ། འདི་ལ་རང་རྒྱུད་པའི་ལུགས་འགོད། ཐལ་འགྱུར་བའི་ལུགས་འགོད། དེ་ཉིད་མཆོག་ཏུ་བསྒྲུབ་པ་དང་གསུམ་ལས། དང་པོ་ནི་སློབ་དཔོན་ཡེ་ཤེས་སྙིང་པོས། བརྟགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་གང་སྐྱེས་པ། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཡང་དག་མ་ཡིན་ཀུན་བརྟགས་ཡིན། །ཞེས་དང་། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་ཡང་ལོག་གི་ཁྱད་པར་གཉིས་གསུངས་སོ། །འདི་དག་གི་དོན་ལ་བོད་སྔ་རབས་པ་ཁ་ཅིག དོན་བྱེད་ནུས་པའི་དོན་ནི་ཁྱད་པར་གསུམ་ལྡན་ཏེ། བརྟགས་པས་དབེན་པ། བརྟེན་ནས་སྐྱེས་པ། མཐུན་པར་སྣང་བའོ། །དོན་བྱེད་མི་ནུས་པའི་དོན་ནི་གསུམ་པོ་ལས་ལྡོག་པའོ། །ཞེས་འཆད། ཡང་ཁ་ཅིག་སྣང་ལ་དོན་བྱེད་ནུས་པ་ནམ་མཁའི་ཟླ་བ་ལྟ་བུ་ནི་ཡང་དག་པའི་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ཆུ་ནང་གི་ཟླ་བ་ལྟ་བུ་ནི་ལོག་པའི་ཀུན་རྫོབ་ཏུ་འཆད་དེ། མདོར་ན་ཀུན་རྫོབ་ནི་འཇིག་རྟེན་པའི་འཁྲུལ་ངོར་སྣང་བ་འབའ་ཞིག་ལ་བྱེད་དོ། །དེ་ལ་ཡང་དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་བཞི་སྟེ། མཐུན་པར་སྣང་། དོན་བྱེད་ནུས། རྒྱུ་རྐྱེན་གྱིས་བསྐྱེད། བརྟགས་ན་དབེན་པའོ། །དེ་ལ་མཐུན་པར་སྣང་བ་ནི་མཁས་པ་པཎྜི་ཏ་ནས་བླུན་པོ་བ་ལང་རྫི་ཡན་ཆད་ལ་སྣོད་བཅུད་ཀྱི་སྣང་བ་འདི་མཐུན་པར་སྣང་བས་སོ། །དོན་བྱེད་ནུས་པ་ནི་སས་འགྲོ་བ་ཐམས་ཅད་ཀྱི་རྟེན་བྱེད་པ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱིས་རང་རང་གི་དོན་བྱེད་ནུས་པས་སོ། །རྒྱུ་རྐྱེན་གྱིས་བསྐྱེད་པ་ནི་འབྱུང་བ་བཞི་ལ་སོགས་པའི་རྒྱུ་རྐྱེན་སྣ་ཚོགས་པ་ལས་ཐམས་ཅད་སྐྱེས་པའོ། །བརྟགས་ན་དབེན་པ་ནི་དེ་དག་ལ་དབུ་མའི་གཏན་ཚིགས་ཆེན་པོ་བཞི། རྟེན་འབྲེལ་གྱི་གཏན་ཚིགས། རྡོ་རྗེ་གཟེགས་མའི་གཏན་ཚིགས། ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། གཅིག་དུ་བྲལ་གྱི་གཏན་ཚིགས་སོགས་ཀྱིས་བརྟགས་ན་རང་བཞིན་མེད་པས་སོ། །ཞེས་འཆད་དེ། ཕྱི་མ་འདི་གཉིས་ནི་བདེན་གཉིས་ལས། ཇི་ལྟར་སྣང་བཞིན་ངོ་བོའི་ཕྱིར། །འདི་ལ་དཔྱད་པ་མི་འཇུག་གོ །རྣམ་པར་དཔྱོད་པར་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཞེས་པའི་དོན་དུ་སེམས་པར་སྣང་ངོ་། །དེ་གཉིས་ཡང་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། དེ་དག་ནི་གཞུང་སྔ་ཕྱི་གཉིས་བསྲེས་ཏེ་ཕྱི་མའི་དོན་བྱེད་ནུས་པའི་ཁྱད་ཆོས་གཞུང་སྔ་མས་སྟོན་པར་བྱས་ནས་ཡང་ལོག་གི་ཁྱད་པར་གཅིག་ཏུ་འཆད་པའི་ལུགས་སུ་སྣང་ལ་སློབ་དཔོན་ནི་གཞུང་སྔ་མས་དབུ་མ་པ་རང་ལུགས་ཀྱི་ཁྱད་པར་དང་། ཕྱི་མས་འཇིག་རྟེན་ཉིད་ལ་ལྟོས་པའི་བདེན་གཉིས་ཀྱི་ཁྱད་པར་སྟོན་པར་བཞེད་པའི་ཕྱིར་དང་། ཕྱི་མའི་དོན་བྱེད་ནུས་པའི་ཁྱད་ཆོས་སྔ་མས་འཆད་ན་གཞུང་སྔ་མའི་འགྲེལ་པར་དངོས་ཙམ་ཞེས་པའི་དོན་དོན་བྱེད་ནུས་པ་ལ་གསུངས་པས་དོན་བྱེད་ནུས་པའི་ཁྱད་ཆོས་དོན་བྱེད་ནུས་པར་ཞེས་པའང་མ་འབྲེལ་བའི་ཕྱིར་རོ། །དེས་ན་སློབ་དཔོན་གྱི་དགོངས་པ་ཡང་ལོག་གི་ཁྱད་པར་གཉིས་ལས། གཞུང་སྔ་མའི་དོན་བརྟགས་པའི་དོན་གྱིས་དབེན་པ་དང་། དོན་བྱེད་ནུས་པ་དང་། བརྟེན་ནས་སྐྱེས་པ་དང་། འགྲེལ་པར་མཐུན་པར་སྣང་བ་ཞེས་པའང་ཁ་བསྐང་བས་ཁྱད་པར་བཞི་དང་ལྡན་པ་ནི་ཡང་དག་ཀུན་རྫོབ་སྟེ། འདི་ནི་ཡང་དག་པ་གནས་ལུགས་རྟོགས་པའི་ཐབས་སུ་གྱུར་པ་ཡིན་པས་ཡང་དག་ཀུན་རྫོབ་ཞེས་བཞེད་ཀྱི་འཇིག་རྟེན་ལ་ལྟོས་ནས་བདེན་པར་སྣང་བ་ནི་འདིའི་དོན་མ་ཡིན་ཏེ། བདེན་གཉིས་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱེད་པ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པས་སོ། །ལོག་པའི་ཀུན་རྫོབ་ནི་སྔར་གྱི་ཁྱད་ཆོས་བཞི་ལས་ལྡོག་པ་བདེན་འཛིན་གྱིས་སྒྲོ་བཏགས་པའི་བདེན་པའི་སྐྱེ་བ་སོགས་ཏེ། སྒྲ་དོན་ཡང་ཡང་དག་པ་གནས་ལུགས་ཀྱི་དོན་རྟོགས་པའི་ཐབས་ལས་ལོག་པས་ན་ལོག་པའི་ཀུན་རྫོབ་ཅེས་བཞེད་དོ། །གཞུང་ཕྱི་མས་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་དོན་བྱེད་ནུས་མི་ནུས་ལ་ཡང་ལོག་གི་ཁྱད་པར་འཇོག་པ་ཡིན་གྱི་རང་ལུགས་སུ་ནི་མི་བཞེད་པར་སྣང་སྟེ། ཟླ་བར་བདེན་པར་སྣང་བ་ཡང་འཇིག་རྟེན་ཉིད་ལ་ལྟོས་ནས་ཟླ་བའི་དོན་བྱེད་ནུས་ལ་དེ་ནི་གཞུང་སྔ་མའི་དོན་བྱེད་ནུས་པའི་དོན་དུ་མི་རུང་བའི་ཕྱིར་རོ། །དེ་ལྟར་ཡང་ལོག་གི་ཁྱད་པར་མི་འདྲ་བ་གཉིས་སུ་བཞེད་པའང་གཞུང་སྔ་མའི་སྔ་འགྲེལ་དུ་ཀུན་རྫོབ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། དེ་ལ་ཞེས་དང་། གཞུང་ཕྱི་མའི་སྔ་འགྲེལ་དུའང་ཀུན་རྫོབ་ནི་རྣམ་པ་གཉིས་སུ་བསྟན་ཏེ་ཞེས་དང་ཕྱི་འགྲེལ་དུ་ཤེས་པ་གསལ་བའི་རྣམ་པ་ཅན་དུ་འདྲ་ཡང་ཅི་ལྟར་སྣང་བ་བཞིན་དུ་དོན་བྱེད་པ་ལ་བསླུ་བ་དང་། མི་བསླུ་བ་ཡིན་པར་ངེས་པར་བྱས་ནས་ཆུ་ལ་སོགས་པ་དང་། སྨིག་རྒྱུ་ལ་སོགས་པ་བདག་འཇིག་རྟེན་གྱིས་ཡང་དག་པ་དང་། ཡང་དག་པ་མ་ཡིན་པར་རྟོགས་སོ། །དངོས་སུ་ན་གཉིས་ནི་ངོ་བོ་ཉིད་མེད་པ་ཉིད་དུ་ངོ་བོ་ཉིད་མཚུངས་པ་ཁོ་ནའོ། །ཇི་ལྟར་སྣང་བ་བཞིན་དུ་ནི་རྣམ་པར་གནས་སོ། །དོན་བྱེད་པ་ལ་བསླུ་བ་དང་། མི་བསླུ་བ་ཡང་ཇི་ལྟར་གྲགས་པ་ཁོ་ན་བཞིན་ཏེ། །དེའང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །སློབ་དཔོན་དེའི་རྗེས་འབྲང་ཞི་བ་འཚོས། མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་གསུངས་པས་ཡང་དག་ཀུན་རྫོབ་བསྟན་པར་བཞེད་དེ། དེའི་འགྲེལ་པར། མཐོང་བ་དང་འདོད་པའི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ན་དག་ནི་བརྟག་མི་བཟོད་པས་ཡང་དག་པའི་ཀུན་རྫོབ་སྟེ། ཞེས་གསུངས་པས་སོ། །འདིའང་ཡང་ལོག་གི་ཁྱད་པར་སྔ་མའི་དོན་དུ་སྣང་སྟེ། ཡང་དག་ཀུན་རྫོབ་ཏུ་འཇོག་པ་བརྟགས་པས་དབེན་པ་ཁྱད་ཆོས་སུ་བཤད་པའི་ཕྱིར་རོ། །ཀ་མ་ལ་ཤཱི་ལས། དབུ་མ་སྣང་བར་བསྟན་བཅོས་བྱེད་པ་ཁ་ཅིག་གིས་གྲགས་པར་ལས་འདས་ཏེ། དངོས་པོ་རྣམས་རྟག་པ་ལ་སོགས་པའི་ངོ་བོར་ཉེ་བར་བརྟགས་པ་གང་ཡིན་པ་དེ་ནི་ལོག་པའི་ཀུན་རྫོབ་ཏུ་ཡོད་ཅེས་བྱ་སྟེ། དེ་ནི་གྲགས་པར་ཡང་མེད་པའི་ཕྱིར་རོ། །གང་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་རྗེས་སུ་མཐུན་པར་རབ་ཏུ་བརྟགས་པ་དཔེར་ན། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་པ་ཡིན། །ཞེས་བྱ་བ་ལྟ་བུ་དེ་ནི་ཡང་དག་པའི་ཀུན་རྫོབ་ཏུ་ཡོད་ཅེས་བྱའོ། །ཞེས་གསུངས་ཏེ། འདིའང་སྔར་གྱི་ཡང་ལོག་གི་ཁྱད་པར་དང་པོའི་དོན་དུ་སྣང་བས། རང་རྒྱུད་ཤར་བ་གསུམ་ཆར་ཡང་ཁྱད་པར་དང་པོ་དབུ་མ་རང་ལུགས་སུ་བཞེད་པར་སྣང་ངོ་། །གཉིས་པ་ལ་གཉིས་ཏེ། སློབ་དཔོན་ཟླ་བས་ཇི་ལྟར་བཀྲལ་བའི་ཚུལ་དང་། ཇོ་བོ་རྗེ་རྗེས་འབྲང་དང་བཅས་པས་ཇི་ལྟར་བཀྲལ་བའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། དབྱེ་གཞི་ངོས་གཟུང་ཞིང་གཉིས་སུ་དབྱེ་བའི་ཚུལ། དེ་ལྟར་ཕྱེ་བའི་དགོས་པ་བསྟན་པ། དེ་གཉིས་ཀྱི་དོན་དང་ཐ་སྙད་རང་ལུགས་ལ་ཁས་ལེན་མི་ལེན་དཔྱད་པའོ། །དང་པོ་ནི་འཇུག་པར། མཐོང་བ་བརྫུན་པས་རྙེད་པའི་དངོས་པོའི་ངོ་བོ་ཀུན་རྫོབ་བདེན་པར་གཞག་པའི་ཀུན་རྫོབ་བདེན་པ་ནི་འདི་གཉིས་ཀྱི་དབྱེ་གཞི་ཡིན་ལ་དེས་ན་དབུ་མ་རྩ་བར། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ཞེས་པའི་སྐབས་སུ་བསྟན་པའི་བདེན་གཉིས་དབྱེ་ཚུལ་དང་། འདིའི་བདེན་གཉིས་དབྱེ་ཚུལ་ཅུང་ཟད་མི་འདྲ་སྟེ། སྔ་མ་ནི་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱ་ལ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་དང་ཐབས་བྱུང་དུ་བསྟན་པའི་བདེན་གཉིས་ཡིན་པས་དེའི་ཀུན་རྫོབ་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་ཁོ་ན་ཡིན་ལ། འཇུག་པར་ནི། ཡང་ལོག་གཉིས་ཀྱི་དབྱེ་གཞིར་གྱུར་པའི་ཀུན་རྫོབ་བདེན་པ་ཙམ་བཀོད་པ་ཡིན་པའི་ཕྱིར་རོ། །དེ་ལ་ཡང་ལོག་གཉིས་སུ་ཕྱེ་བ་ནི། མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ངོས་གཟུང་བ་ནི། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། ལོག་པའི་ཀུན་རྫོབ་བྱེ་བྲག་དུ་བཤད་པ་ནི། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། དེ་ལྟར་གཉིས་སུ་ཕྱེ་བའི་དགོས་པ་ནི། མིག་གི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །ཞེས་སོགས་ཚིགས་བཅད་གཅིག་གིས་བསྟན། ཡང་དག་ཀུན་རྫོབ་བྱེ་བྲག་དུ་བཤད་པ་ནི། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །ཞེས་སོགས་ཚིག་རྐང་གསུམ་གྱིས་བསྟན་ཏོ། །གཉིས་པ་ནི་འོ་ན་རྩ་ཤེར་ལས། བདེན་པ་གཉིས་སུ་ཕྱེ་བའི་ཚེ་འཇིག་རྟེན་ཀུན་རྫོབ་བདེན་པ་བསྟན་བཞིན་དུ་འཇུག་པར་འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་མི་བདེན་གཉིས་སུ་ཕྱེ་བའི་ཀུན་རྫོབ་བདེན་པ་བསྟན་པའི་དགོས་པ་གང་ཞེ་ན། འཕགས་པའི་གཟིགས་ངོའི་དོན་དམ་བདེན་པ་རིགས་པས་གཏན་ལ་ཕབ་པའི་ཚེ་མ་དཔྱད་པའི་བློ་ངོའི་སྐྱེ་བ་འདི་ཉིད་མཐའ་བཞིར་རྣམ་པར་དཔྱད་ནས་སྐྱེ་བ་མེད་པར་བྱ་དགོས་ལ། དེའི་ཚེ་འཇིག་རྟེན་གྱི་ཐ་སྙད་དུ་སྐྱེ་བ་མཐོང་བས་གནོད་དོ་སྙམ་ན་དེ་ནི་འཕགས་པའི་གཟིགས་ངོ་ལ་ལྟོས་ནས་མཐོང་བ་ཕྱིན་ཅི་ལོག་ཡིན་པས་མི་གནོད་དེ། དཔེར་ན་འཇིག་རྟེན་ཉིད་ལའང་དབང་པོ་སྐྱོན་ལྡན་གྱི་ཤེས་པའི་མཐོང་བས་དབང་པོ་སྐྱོན་མེད་ཀྱི་ཤེས་པས་མཐོང་བ་ལ་མི་གནོད་པ་བཞིན་ནོ། །ཞེས་བསྟན་པའི་ཆེད་དུ་སྟེ། མིག་ནི་རབ་རིབ་ཅན་གྱིས་དམིགས་པ་ཡིས། །ཞེས་པའི་འགྲེལ་པར། གང་གི་ཚེ་སྐྱེ་བ་དགག་པ་འདི་ཁྱད་པར་དུ་ཡིན་པ་དེའི་ཚེ་ཇི་ལྟར་རབ་རིབ་ཅན་རྣམས་ཀྱི་སྐྲ་ལ་སོགས་པའི་ངོ་བོ་ལ་དམིགས་པས་རབ་རིབ་མེད་པའི་ཤེས་པ་ལ་མི་གནོད་པ་དེ་བཞིན་དུ་ཟག་པ་མེད་པའི་ཡེ་ཤེས་དང་བྲལ་བ་སོ་སོ་སྐྱེ་བོ་རྣམས་ཀྱི་ཤེས་པས་ཀྱང་གཟིགས་པ་ཟག་པ་མེད་པ་ལ་གནོད་པ་མ་ཡིན་པས་རྣམ་པ་དེ་ལྟ་བུའི་ཡུལ་ལ་འཇིག་རྟེན་གྱིས་གནོད་པ་མ་ཡིན་ནོ་ཞེས་གསུངས་སོ། །གསུམ་པ་ནི། བོད་སྔ་རབས་པ་རྣམས་ཐལ་རང་གཉིས་ཆར་གྱི་ལུགས་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་ཀྱི་ཐ་སྙད་ཁྱད་མེད་དུ་ཁས་བླངས་ནས་འཆད་པ་ལ་ཕྱི་མ་ཁ་ཅིག་ན་རེ། ཐལ་འགྱུར་བའི་ལུགས་ལ་ཡང་དག་ཀུན་རྫོབ་ཁས་མི་ལེན་ཏེ། ཡང་དག་ཡིན་ན་ཀུན་རྫོབ་ཡིན་པ་འགལ་བའི་ཕྱིར། དེས་ན་འཇིག་རྟེན་ཉིད་ལ་ལྟོས་ནས་དེ་གཉིས་ཁས་བླངས་པ་ཡིན་ནོ་ཞེས་དང་། ཁ་ཅིག་འཇིག་རྟེན་ཉིད་ལ་ལྟོས་ནས་ཀྱང་དེ་གཉིས་ཀྱི་ཐ་སྙད་ཁས་མི་ལེན་གྱི་འཇིག་རྟེན་ཉིད་ལྟོས་བདེན་པ་དང་། འཇིག་རྟེན་ཉིད་ལྟོས་ལོག་པའི་ཀུན་རྫོབ་ཞེས་པ་ཙམ་ཞིག་ཁས་ལེན་པ་ཡིན་ནོ། །ཞེས་སྨྲའོ། །དེ་དག་ནི་གནད་མ་རྟོགས་པ་སྟེ་འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་པ་ཙམ་ལ་ཡང་དག་ཀུན་རྫོབ་ཅེས་པའི་ཐ་སྙད་བྱས་པ་ཡིན་གྱི་ཡང་དག་དང་ཀུན་རྫོབ་ཀྱི་གཞི་མཐུན་ལ་ཡང་དག་ཀུན་རྫོབ་ཀྱི་ཐ་སྙད་བྱས་པ་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཀུན་རྫོབ་བདེན་པའང་རང་ལུགས་ལ་ཁས་མི་ལེན་པར་འགྱུར་ཏེ། ཀུན་རྫོབ་ཡིན་ན་བདེན་པ་འགལ་བའི་ཕྱིར་དེ་ཡང་འདོད་ན། འདི་ལས་གཞན་ན་ཆོས་འདི་ནི། །ཞེས་སོགས་ཀྱི་འགྲེལ་པར། རང་ལུགས་ཀྱི་ཀུན་རྫོབ་བདེན་པའི་རྣམ་གཞག་དངོས་པོར་སྨྲ་བ་དང་། ཐུན་མོང་མ་ཡིན་པར་གསུངས་པ་དང་འགལ་ལོ། །གཞན་ཡང་མཐོང་བ་བརྫུན་པ་ལ་དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་གྱི་ཤེས་པ་རྣམ་པ་གཉིས་སུ་ཕྱེ་བར་རང་ལུགས་ལ་ཁས་མི་ལེན་པར་འགྱུར་ཏེ། ཁས་བླངས་དེའི་ཕྱིར། དེའང་འདོད་ན། མཐོང་བ་བརྫུན་པ་ཡིན་ན། དབང་པོ་གསལ་ལྡན་གྱི་ཤེས་པ་ཡིན་པར་འགྱུར་རོ། །ལུགས་ཕྱི་མའང་མི་འཐད་དེ། འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་པ་དང་ལོག་པའི་རྣམ་གཞག་ཁས་ལེན་ན། དེ་གཉིས་ཀྱི་ཐ་སྙད་ཁས་ལེན་དགོས་པའི་ཕྱིར་ཏེ། བློ་ཀུན་རྫོབ་པ་གཏི་མུག་གི་ངོར་བདེན་པ་ཁས་ལེན་ན། ཀུན་རྫོབ་བདེན་པའི་ཐ་སྙད་ཁས་ལེན་དགོས་པའི་ཕྱིར་རོ། །དེས་ན་འདི་དག་ནི་ཐལ་འགྱུར་བས་ཀུན་རྫོབ་བདེན་པ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་ཕྱེ་བ་ནི་འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་བརྫུན་གྱི་སྒོ་ནས་གཉིས་སུ་ཕྱེ་བ་ཡིན་གྱི་རང་ལུགས་ལ་བདེན་བརྫུན་གྱི་སྒོ་ནས་ཕྱེ་བ་མ་ཡིན་པ་དང་། འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་བརྫུན་ལ་རང་ལུགས་ཀུན་རྫོབ་གཉིས་ཀྱི་ཐ་སྙད་འཇོག་པའི་ཁྱད་པར་མ་ཕྱེད་པའོ། །དེས་ན་ཐལ་འགྱུར་བའི་ལུགས་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་ཀྱི་ཐ་སྙད་ཇོ་བོ་རྗེས་གསུངས་པ་འོག་ཏུ་འཆད་པར་འགྱུར་ཞིང་། དེ་གཉིས་ཀྱི་ཁྱད་པར་ནི་གློ་བུར་གྱི་འཁྲུལ་རྒྱུས་གནོད་པ་མེད་པའི་མཐོང་བ་བརྫུན་པའི་ངོར་བདེན་པ་དང་། གློ་བུར་གྱི་འཁྲུལ་རྒྱུས་གནོད་པ་དང་བཅས་པའི་མཐོང་བ་བརྫུན་པའི་ངོར་བདེན་པའོ། །མཚན་གཞི་ནི་དབང་པོ་དྲུག་སྐྱོན་དང་མི་ལྡན་པའི་ཤེས་པ་ཡུལ་བཅས་དང་། དབང་པོ་དྲུག་གློ་བུར་གྱི་སྐྱོན་དང་ལྡན་པའི་ཤེས་པ་ཡུལ་བཅས་ཏེ། ལུགས་འདི་ལ་ཡུལ་གྱི་སྒོ་ནས་ཀུན་རྫོབ་གཉིས་སུ་ཕྱེ་བའི་ཚེ་ཡུལ་ཅན་ལའང་ངེས་པར་ཕྱེ་དགོས་ཏེ། འདི་གཉིས་ཀྱི་ཁྱད་པར་འཇིག་རྟེན་ན་བདེན་བརྫུན་དུ་གྲགས་པའི་སྒོ་ནས་ཕྱེ་བ་ཡིན་ཞིང་འཇིག་རྟེན་ན་ཡུལ་ལ་བདེན་བརྫུན་གྱི་ཁྱད་པར་གྲགས་པ་བཞིན། ཡུལ་ཅན་ལའང་བདེན་བརྫུན་གྱི་ཁྱད་པར་གྲགས་པའི་ཕྱིར་རོ། །དེའང་ཡུལ་སྐྲ་ཤད་ལོག་པའི་ཀུན་རྫོབ་ཡིན་ན། ཡུལ་ཅན་སྐྲ་ཤད་སྣང་བའི་བློ་དེའང་ལོག་པའི་ཀུན་རྫོབ་ཡིན་ཞེས་དམིགས་ཡུལ་གྱི་སྒོ་ནས་ཁས་བླངས་པ་ཡིན་གྱི་གང་ཟག་གི་བདག་དེ་ལོག་པའི་ཀུན་རྫོབ་ཡིན་ན་གང་ཟག་གི་བདག་འཛིན་ལོག་པའི་ཀུན་རྫོབ་ཡིན་ཞེས་འཛིན་སྟངས་ཀྱི་སྒོ་ནས་ཁས་བླངས་པ་ནི་མ་ཡིན་ཏེ། གང་ཟག་གི་བདག་འཛིན་ལྷན་སྐྱེས་ལ་དམིགས་ཡུལ་གང་ཟག་ཡང་དག་ཀུན་རྫོབ་ཡིན་པས་ཡུལ་ཅན་བདག་འཛིན་ལྷན་སྐྱེས་དེའང་ཡང་དག་ཀུན་རྫོབ་ཏུ་ཁས་ལེན་དགོས་པའི་ཕྱིར་དང་། གང་ཟག་གི་བདག་འཛིན་ཀུན་བརྟགས་ལ་དམིགས་ཡུལ་གྲུབ་མཐས་སྒྲོ་བཏགས་པའི་གང་ཟག་ལོག་པའི་ཀུན་རྫོབ་ཡིན་པས་ཡུལ་ཅན་བདག་འཛིན་ཀུན་བརྟགས་དེའང་ལོག་པའི་ཀུན་རྫོབ་ཏུ་ཁས་ལེན་དགོས་པའི་ཕྱིར་རོ། །ཡིད་ཀྱི་དབང་པོ་སྐྱོན་དང་ལྡན་པའི་ལོག་པའི་ཀུན་རྫོབ་ཀྱི་མཚན་གཞིར་ཕྱི་རོལ་པའི་གྲུབ་མཐས་བཏགས་པའི་ཤེས་པ་ཡུལ་བཅས་གསུངས་ཀྱང་། དབུ་མའི་རིགས་པས་དགག་པར་བྱ་བའི་སེམས་ཙམ་པ་མན་ཆད་ཀྱི་གྲུབ་མཐས་བཏགས་པའི་གཟུང་འཛིན་གཉིས་སྟོང་གི་ཤེས་པ་བདེན་པར་གྲུབ་པ་སོགས་ལོག་པའི་ཀུན་རྫོབ་ཏུ་ལུགས་འདི་ལ་ཁས་ལེན་དགོས་པར་སྣང་སྟེ། དེ་དག་ནི་ལྷན་སྐྱེས་ཀྱི་ཆོས་དང་གང་ཟག་མ་ཡིན་གྱི་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་ཡིན་པའི་ཕྱིར་དང་། དེ་དག་ཡང་དག་ཀུན་རྫོབ་ཡིན་ན། དོན་དམ་རྟོགས་པའི་ཐབས་སུ་གྱུར་པའི་ཐ་སྙད་བདེན་པར་ཐལ་བ་དང་འཇིག་རྟེན་གྱི་དོན་བདེན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་རོ། །སློབ་དཔོན་ཟླ་བའི་བཞེད་པ་བསྟན་ཟིན་ནས་ད་ནི་དོན་གཉིས་པ་ཇོ་བོ་རྗེ་རྗེས་འབྲང་དང་བཅས་པའི་བཞེད་པ་བསྟན་པར་བྱ་སྟེ། བདེན་པ་གཉིས་ལ་འཇུག་པ་ལས། །ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ །དང་པོ་གཉིས་ཏེ་སྐྲ་ཟླ་དང་། །གྲུབ་མཐའ་ངན་པའི་རྟོག་པའོ། །མ་བརྟགས་གཅིག་པུ་ཉམས་དགའ་བའི། །སྐྱེ་བ་དང་ནི་འཇིག་པའི་ཆོས། །དོན་བྱེད་ནུས་དང་ལྡན་པ་ནི། །ཡང་དག་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་ཏེ། དེའི་དགོངས་པ་ལོག་པ་ལ་གཉིས་སུ་ཕྱེ་བ་ལྟར་ཡང་དག་ལའང་གཉིས་སུ་ཕྱེ་དགོས་པས་སྣང་ལ་དོན་བྱེད་མི་ནུས་པ་ཆུ་ནང་གི་ཟླ་བ་ལྟ་བུ་ནི་ལོག་པའི་ཀུན་རྫོབ་སྟེ། ཁྱད་པར་གཅིག་ཡིན་ནོ། །ཡང་གྲུབ་མཐའ་ངན་པས་བཏགས་པའི་བདེན་པའི་སྐྱེ་བ་སོགས་ནི་མ་བརྟགས་གཅིག་པུ་ཉམས་དགའ་བ་སོགས་གསུམ་ལས་ལྡོག་པར་ལོག་པའི་ཀུན་རྫོབ་དང་དབུ་མ་པ་རང་ལུགས་ཀྱི་ཀུན་རྫོབ་ནི་ཁྱད་ཆོས་གསུམ་པོ་དེ་དང་ལྡན་པས་ཡང་དག་ཀུན་རྫོབ་ཏུ་འཇོག་པ་ནི་སྔ་མ་ལས་ཁྱད་པར་གཞན་ཡིན་ཏེ། སྔ་མ་ནི་ཡུལ་སོ་སོ་ཡུལ་ཅན་གྱི་བློ་སོ་སོས་མཐོང་ཚུལ་ལ་འཇོག་ལ། འདི་ནི་ཡུལ་གཅིག་ཉིད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས་འཇོག་པའི་ཕྱིར་རོ། །དེ་ལ་དགེ་བཤེས་སྟོན་པའི་ཞལ་ནས། འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་སོ་སོ་སྐྱེ་བོའི་བློ་ལ་སྣང་ཚད་ཙམ་ལོག་པའི་ཀུན་རྫོབ་ཏུ་འགྲོ་སྟེ། ལོག་ཤེས་ཀྱིས་བསྒྲུབ་པ་ཡིན་པའི་ཕྱིར་རོ། །ལོག་ཤེས་ཀྱི་སྣང་བ་ལ་ལོག་པ་དང་། ཡང་དག་གཉིས་མེད་དེ། དེ་གཉིས་ཀ་ལོག་པའི་ཀུན་རྫོབ་ཡིན་པས་གཉིས་ཀ་ལམ་དུ་མི་འགྲོ་བའི་ཕྱིར་ཡང་དག་གི་སྒྲ་མི་འཇུག་གོ །ས་དང་པོ་ཡན་ཆད་ཀྱི་རྗེས་ཐོབ་ཀྱི་སྣང་བ་དེ་ཐམས་ཅད་ཡང་དག་པའི་ཀུན་རྫོབ་ཅེས་བྱ་སྟེ། སྣང་ཙམ་གཅིག་མ་འགགས་པས་ཀུན་རྫོབ་ཡིན་ལ་དེ་ཉིད་བརྫུན་པར་མངོན་སུམ་དུ་གཟིགས་ཤིང་། དེ་ཉིད་ལམ་དུ་འགྲོ་བའི་ཕྱིར་ན་ཡང་དག་ཀུན་རྫོབ་ཡིན་ནོ་ཞེས་གསུངས་པ་ལ་ལྕེ་སྒོམ་གྱི་ཞལ་ནས་དེ་ཉིད་ཁོ་བོའི་བློ་ལའང་འཐད་དེ། དེ་ཅིའི་སྟེ་ཞེ་ན། སྤྱིར་དམྱལ་བ་མནར་མེད་ནས་ས་བཅུའི་རྗེས་ཐོབ་མན་ཆད་ཀྱི་སྣང་ཚད་ཐམས་ཅད་ཀུན་རྫོབ་ཡིན་ལ། དེའང་སོ་སོ་སྐྱེ་བོའི་བློ་ལ་སྣང་ཚད་ཐམས་ཅད་རང་གི་བློ་འཁྲུལ་པས་བསྐྱེད་པའི་སྣང་བ་ཡིན་ནོ། །དེའང་སོ་སོ་སྐྱེ་བོ་གྲུབ་མཐས་བློ་མ་བསྒྱུར་བ་དང་། ལས་དང་པོ་པ་ལ་སྣང་ཚད་ཙམ་ལོག་པའི་ཀུན་རྫོབ་ཡིན་ཏེ། དེ་ལ་ལོག་པ་དང་ཡང་དག་པ་གཉིས་ཀྱི་སྒྲ་མི་འཇུག་གོ །འོ་ན་སོ་སོ་སྐྱེ་བོའི་བློ་སྣང་ཀུན་རྫོབ་ལ་དབྱེ་བ་མེད་དམ་སྙམ་ན། དབྱེ་བ་ཡོད་དེ། སྣང་ལ་དོན་བྱེད་ནུས་པ་དང་། དོན་བྱེད་མི་ནུས་པ་གཉིས། མིག་སྐྱོན་ཅན་གྱི་སྣང་བ་དང་། སྐྱོན་མེད་ཀྱི་སྣང་བ་གཉིས། བརྟགས་པ་ཡུན་རིང་བ་དང་ཡུན་ཐུང་བ་གཉིས། སྣང་བ་རང་ལོག་ཏུ་འགྲོ་བ་དང་། རང་ལོག་ཏུ་མི་འགྲོ་བ་གཉིས་ལ་སོགས་པའི་དབྱེ་བ་ཡོད་དེ། དེ་ཐམས་ཅད་ལོག་པའི་ཀུན་རྫོབ་འབའ་ཞིག་ཡིན་པས་ཡང་དག་གི་སྒྲ་མི་འཇུག་གོ །མོས་པས་སྤྱོད་པ་རྣམས་ལ་རྟོག་པའི་རྩིས་ཟིན་པའི་དུས་ན་སྣང་བ་ཐམས་ཅད་ཡང་དག་ཀུན་རྫོབ་ཡིན་ལ་རྟོགས་པའི་རྩིས་མ་ཟིན་པའི་དུས་ན་ལོག་པའི་ཀུན་རྫོབ་ཡིན། ས་ཐོབ་ནས་སྣང་ཚད་ཡང་དག་ཀུན་རྫོབ་འབའ་ཞིག་ཡིན་པས་སོ། །འོ་ན་འཇིག་རྟེན་པའི་སྣང་བ་ཐམས་ཅད་བློ་འཁྲུལ་བས་བསྐྱེད་པ་ཡིན་ན། ས་དང་པོ་ནས་ས་བཅུ་པའི་བར་དུ་རྗེས་ཐོབ་ཀྱི་སྣང་བ་དེ་དག་གང་གིས་བསྐྱེད་ཅེ་ན། དེ་ནི་སྔར་ཐོག་མ་མེད་པ་ནས་དངོས་པོར་འཛིན་པའི་བག་ཆགས་མཐུག་པོ་ཡོད་པ་རྣམས་ལམ་བསྒོམས་པའི་སྟོབས་ཀྱིས་དངོས་འཛིན་དང་དེ་ལས་བྱུང་བའི་ཉོན་མོངས་པ་མངོན་དུ་རྒྱུ་རྣམས་སྤངས་ཀྱང་། དེའི་བག་ཆགས་མ་སྤངས་པས་བག་ཆགས་ཀྱིས་བསྐྱེད་པ་སྟེ། དཔེར་ན་གླ་རྩི་བསལ་ཀྱང་སྣོད་སྟོང་པ་ལ་གླ་རྩི་མནམ་པ་ལྟ་བུའོ། །བག་ཆགས་རྩད་ནས་སྤངས་པའི་སངས་རྒྱས་ལ་སྣང་བ་གང་ཡང་མེད་དེ། དོན་དམ་སྤྲོས་བྲལ་འབའ་ཞིག་ཏུ་གནས་པའོ། །སྔགས་ཀྱི་དབང་དུ་བྱས་ན་ཐ་མལ་གྱི་སྣོད་བཅུད་ལ་དངོས་པོར་ཞེན་པ་ནི་ལོག་པའི་ཀུན་རྫོབ་དེའི་གཉེན་པོར་སྣོད་བཅུད་ཐམས་ཅད་དག་པའི་ལྷ་དང་གཞལ་ཡས་ཁང་སྒྱུ་མ་ལྟ་བུར་བསྒྱུར་ནས་བསྒོམ་པ་ནི་ཡང་དག་ཀུན་རྫོབ་བོ། །ཞེས་བཤད་དོ། །འདི་ལ་དཔྱད་པ་ཅུང་ཟད་ཡོད་པ་ནི་འོག་ཏུ་དཔྱོད་དོ། །གསུམ་པ་ཐལ་འགྱུར་པའི་ལུགས་མཆོག་ཏུ་བསྒྲུབ་པ་ནི་དེ་ལྟར་རྣམ་བཞག་དུ་མ་སྣང་བའི་ནང་ནས་དཔལ་ལྡན་ཟླ་བས་འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་མི་བདེན་ལ་ཡང་དག་དང་ལོག་པའི་ཀུན་རྫོབ་ཀྱི་ཐ་སྙད་འཇོག་པ་འདི་ཉིད་འཐད་པར་མཐོང་སྟེ། རྣམ་གཞག་གཞན་དག་ནི་ཕལ་ཆེར་ཡང་དག་ཀུན་རྫོབ་དང་། ཡང་དག་པའི་གཞི་མཐུན་བཞེད་པར་སྣང་ལ་དེ་ལྟར་ན་ཡང་དག་དང་། བདེན་པ་དང་། མི་བསླུ་བ་རྣམས་དོན་དམ་བདེན་པའི་དོན་ཡིན་པར་ཐལ་བའི་སྐྱོན་ཡོད་པའི་ཕྱིར་དང་། ཡང་དག་ཀུན་རྫོབ་ཅེས་པའི་ཚིག་ཟུར་གྱི་ཀུན་རྫོབ་ནི་བློ་ཀུན་རྫོབ་པ་མཐོང་བ་བརྫུན་པ་ལའང་གཉིས་སུ་ཕྱེ་བའི་དབང་པོ་གསལ་ལྡན་གྱི་ཤེས་པ་ལ་འཇོག་པའི་ཚེ་དེའི་ངོར་ཡང་དག་ཏུ་སྣང་བ་ལ་ཡང་དག་ཏུ་འཇོག་པའི་ལུགས་མཆོག་ལ་ནི་སྐྱོན་དེ་དག་མི་གནས་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་ཉིད་ལ་ལྟོས་ནས་བདེན་མི་བདེན་ལ་ཀུན་རྫོབ་གཉིས་སུ་བྱ་བ་ལ་དགོས་པ་ཁྱད་པར་ཅན་ཡང་གཉིས་ཏེ། འཇིག་རྟེན་གྱི་མཐོང་བས་འཕགས་པའི་གཟིགས་པ་ལ་མི་གནོད་པའི་དཔེ་གྲུབ་པ་ནི་སྔར་བཤད་ཟིན་ལ། དགོས་པ་གཉིས་པ་ནི་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ངོར་བདེན་པའི་སྐྱེ་བ་སོགས་སྣང་ཡང་བདེན་པར་མེད་པའི་དཔེ་གྲུབ་པའི་ཆེད་དུ་ཡིན་ཏེ། འདུས་བྱས་སྣང་ཡང་མི་བདེན་པའི་དཔེར་སྒྱུ་མའི་དཔེ་བརྒྱད་ལ་སོགས་པ་བཀོད་པ་རྣམས་དང་ཕུང་པོ་ལྔ་བདེན་པར་མེད་པའི་དཔེར་དབུ་བ་རྡོས་པ་སོགས་བཀོད་པ་རྣམས་འཇིག་རྟེན་ཉིད་ལ་ལྟོས་ནས་ཀྱང་མི་བདེན་པར་གྲུབ་ཟིན་པ་དེ་ཉིད་དཔེར་བཀོད་པ་འབའ་ཞིག་ཏུ་སྣང་བའི་ཕྱིར་རོ། །རང་རྒྱུད་པའི་ཀུན་རྫོབ་གཉིས་ཀྱི་ཁྱད་པར་སྣང་དུ་འདྲ་ཡང་དོན་བྱེད་དག ཅེས་པ་མ་གཏོགས་གཞན་རྣམས་ལ་ཁྱད་པར་འདི་གཉིས་མི་འགྲུབ་པར་སྣང་ངོ་། །ཇོ་བོ་རྗེའི་བཞེད་པའང་། སྐབས་འདི་རང་རྒྱུད་པ་དང་མཐུན་པར་སྣང་མོད་ཀྱི་སློབ་དཔོན་ཟླ་བ་ནས་བརྒྱུད་པའི་བརྒྱུད་པ་གསུམ་པ་ཡིན་པ་དང་། བདེན་གཉིས་ཉིད་ལས་ཀྱང་། སྟོང་ཉིད་གང་གིས་རྟོགས་ཞེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་པས། ཐལ་འགྱུར་བའི་ཁོངས་སུ་བགྲངས་པའོ། །གཉིས་པ་དོན་དམ་བདེན་པའི་དབྱེ་བ་ནི་རང་གི་ངོ་བོ་ནམ་མཁའ་ལྟར་རོ་གཅིག་པས་རིགས་མི་འདྲ་བའི་དབྱེ་བ་མེད་ཀྱང་རང་རྒྱུད་པ་དག ཡུལ་ཅན་གྱི་བློའི་སྒོ་ནས་རིགས་ཤེས་ཚད་མས་སྤྲོས་པ་བཀག་པའི་དོན་དམ་པ་དང་། འཕགས་པའི་མཉམ་བཞག་གིས་མྱོང་བ་མངོན་དུ་གྱུར་པའི་དོན་དམ་གཉིས་ལས་སྔ་མ་ནི་རྣམ་གྲངས་པ་དང་། ཕྱི་མ་ནི་རྣམ་གྲངས་མ་ཡིན་པར་བཞེད་དོ། །ཡང་སྔོན་གྱི་མཁས་པ་ཁ་ཅིག རང་བཞིན་གཤིས་ཀྱི་དོན་དམ་པ་དང་། དེ་ཉིད་རྟོགས་པ་མངོན་དུ་གྱུར་པའི་དོན་དམ་གཉིས། ཡང་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་དོན་དམ་པ་དང་། རྣལ་འབྱོར་པས་ཉམས་སུ་མྱོང་བའི་དོན་དམ་པ་གཉིས། ཡང་སོ་སོའི་སྐྱེ་བོས་དོན་སྤྱི་རྗེས་དཔག་གི་དོན་དམ་པ་དང་། འཕགས་པ་རྣམས་ཀྱིས་དོན་རང་གི་མཚན་ཉིད་མངོན་སུམ་གྱུར་པའི་དོན་དམ་པ་དང་གཉིས་སུ་ཞེས་བཞེད་དེ། རྣམ་གྲངས་པ་དང་། རྣམ་གྲངས་པ་མ་ཡིན་པའི་སྦྱོར་ཚུལ་ནི་སྔ་མ་དང་འདྲའོ། །ཇོ་བོའི་བདེན་གཉིས་ལས། དམ་པའི་དོན་ནི་གཅིག་ཉིད་དེ། །གཞན་དག་རྣམ་པ་གཉིས་སུ་འདོད། །ཅིར་ཡང་མ་གྲུབ་ཆོས་ཉིད་དེ། །གཉིས་དང་གསུམ་སོགས་ག་ལ་འགྱུར། །ཞེས་གསུངས་པ་འདི་སྔ་རབས་པ་རྣམས་ཀྱིས་རང་རྒྱུད་པས་སྔར་ལྟར་གྱི་དབྱེ་བ་གཉིས་སུ་འདོད་པ་འགོག་པའི་གཞུང་དུ་སྦྱོར་བར་སྣང་སྟེ། རང་རྒྱུད་པས་ཀྱང་རྣམ་གྲངས་པའི་དོན་དམ་བདེན་པ་མཚན་ཉིད་པར་མི་འདོད་པས་གཉིས་སུ་དབྱེ་བ་ཙམ་ལ་སྐྱོན་འདི་མི་འཇུག་མོད། བདེན་པ་གཉིས་ཀྱིས་ཟླས་ཕྱེ་བའི་དོན་དམ་བདེན་པ་ལ་གཉིས་སུ་ཕྱེ་བ་རང་རྒྱུད་པའི་དགོངས་པ་ཡིན་ན་སྐྱོན་འདི་འཇུག་པ་འདྲའོ། །ཐལ་འགྱུར་བས་ནི་སོ་སོ་སྐྱེ་བོས་གནས་ལུགས་དཔྱོད་པའི་རིགས་ཤེས་ཀྱིས་དོན་དམ་གཏན་ལ་ཕབ་པའི་ཚེ་འཕགས་པའི་གཟིགས་ངོའི་དོན་དམ་བདེན་པ་གཏན་ལ་ཕབ་པར་རློམ་ནས་དོན་དམ་བདེན་པ་རྟོགས་ཞེས་པའི་ཐ་སྙད་བྱེད་ལ། དེའི་ཚེ་དོན་དམ་པའི་མཚན་ཉིད་དང་དབྱེ་བ་སོགས་ནི་འཕགས་པའི་གཟིགས་ངོའི་དོན་དམ་བདེན་པ་མཚན་ཉིད་པར་རློམ་ནས་འཇོག་དགོས་པ་ལ་དགོངས་ནས་དབྱེ་བ་གཉིས་སུ་མ་མཛད་དོ། །འདི་དག་ལ་དགག་བྱའི་སྒོ་ནས་གང་ཟག་གི་བདག་གིས་སྟོང་པའི་དོན་དམ་བདེན་པ་དང་ཆོས་ཀྱི་བདག་གིས་སྟོང་པའི་དོན་དམ་བདེན་པ་གཉིས་དང་། ཆོས་ཅན་གྱི་སྒོ་ནས་ཆོས་ཅན་ཕྱིའི་དོན་དམ་བདེན་པ་སོགས་ཉི་ཤུར་དབྱེ་བའང་རུང་མོད་ཀྱི་དེ་དག་གི་ཐ་སྙད་ནི་བདག་མེད་དང་སྟོང་ཉིད་ཀྱི་སྒོ་ནས་འཇོག་པར་སྣང་བས་དེའི་དབྱེ་བར་མ་བཤད་དོ། །གསུམ་པ་མཚོན་པར་བྱེད་པའི་མཚན་ཉིད་ལ་གསུམ་སྟེ། རྒྱ་གར་མཁས་པའི་གཞུང་ལས་བཤད་པའི་ཚུལ། བོད་ཀྱི་སྐྱེས་ཆེན་སྔ་མས་བཤད་པའི་ཚུལ། འཐད་པའི་ཕྱོགས་རྣམས་དགོངས་པ་གཅིག་ཏུ་བསྒྲུབ་པའོ། །དང་པོ་ལ་སློབ་དཔོན་ཟླ་བས་ནི་དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པའི་མཚན་ཉིད་རིམ་པ་ལྟར་མཐོང་བ་ཡང་དག་པས་དངོས་པོའི་ངོ་བོ་རྙེད་པའི་རྙེད་ཡུལ་དང་། མཐོང་བ་བརྫུན་པས་དངོས་པོའི་ངོ་བོ་རྙེད་པའི་རྙེད་ཡུལ་དུ་བཞེད་དོ། །དེ་ལ་སྔ་མས་རྙེད་ཚུལ་ནི་དངོས་པོ་དེའི་ངོ་བོ་ཡོད་མེད་སོགས་སྤྲོས་པའི་མཐའ་ཅིར་ཡང་མ་མཐོང་པའམ། མ་གཟིགས་པའམ། མ་དམིགས་པ་ལ་དངོས་པོའི་ངོ་བོར་རྙེད་ཅེས་ཐ་སྙད་བཏགས་པ་ཙམ་ཡིན་གྱི་དངོས་པོའི་ངོ་བོ་གྲུབ་པ་ཞིག་རྙེད་པ་མ་ཡིན་ཏེ། འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་། ངག་དང་། ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་གྱུར་པ་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ཞེས་དང་མདོ་ལས། འགའ་ཡང་མཐོང་བ་མེད་པ་ནི། །དེ་ཁོ་ན་ཉིད་མཐོང་བའོ། །ཞེས་པ་འདི་དག་ཐལ་རང་གཉིས་ཆར་གྱི་སྐྱེས་ཆེན་རྣམས་ཀྱིས་ཁུངས་སུ་དྲངས་ནས་དོན་དམ་པའི་བདེན་པ་སྤྲོས་པའི་མཐའ་གང་དུའང་མ་གྲུབ་པ་ལ་འཇོག་པར་མཛད་པའི་ཕྱིར་རོ། །ཡོད་མེད་སོགས་སྤྲོས་པའི་མཐའ་ཅིར་ཡང་མ་གྲུབ་པ་ནི་རིགས་ཤེས་ཚད་མའམ་འཕགས་པའི་མཉམ་གཞག་གིས་དེ་ལས་གཞན་དུ་མཐོང་བར་བྱར་མེད་པས་ན་དང་པོ་ནས་དངོས་པོ་དེའི་རང་བཞིན་དུ་གནས་ཞེས་ཀྱང་བརྗོད་དེ། མདོ་ལས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་དེ་བཞིན་དུ་གནས་པའོ། །ཞེས་གསུངས་པ་ལྟར་རོ། །ཕྱི་མས་རྙེད་ཚུལ་ནི་དངོས་པོ་དེ་རང་བཞིན་གྱིས་མེད་ཀྱང་ཐོག་མ་མེད་པའི་བདེན་འཛིན་གྱི་བག་ཆགས་སམ་ཚེ་འདིར་གྲུབ་མཐའ་ངན་པ་ཐོས་པའི་རྐྱེན་གྱིས་ཡོད་མེད་སོགས་ཀྱི་མཐའ་གང་རུང་གཅིག་བཟུང་ནས་དངོས་པོ་དེའི་ངོར་སྒྲོ་བཏགས་པས་ན་རྙེད་ཅེས་པའི་ཐ་སྙད་འཇོག་སྟེ། མདོ་ལས། རང་བཞིན་མེད་ལ་འཁྲུལ་པ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་དང་། བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་པ་ལྟར་རོ། །དེས་ཅི་ལྟར་སྒྲོ་བཏགས་པ་ལྟར་གནས་ལུགས་ལ་དཔྱོད་པའི་རིགས་ཤེས་གྱི་བློའམ། འཕགས་པའི་མཉམ་གཞག་གི་གཟིགས་ངོར་ཅུང་ཟད་ཀྱང་མ་དམིགས་ཤིང་དེ་ལས་གཞན་པའི་དོན་དམིགས་པས་ན་བསླུ་བ་དང་བརྫུན་པ་དང་། མི་བདེན་པ་ཞེས་བྱ་བར་འཇོག་སྟེ། འཇུག་པར། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་ཅེས་དང་། བདེན་གཉིས་ལས། རྣམ་པར་དཔྱོད་པར་བྱེད་ན་དོན། །གཞན་དུ་སོང་བས་གནོད་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་དངོས་པོ་ཐམས་ཅད་ཡུལ་ཅན་གྱི་བློས་གནས་ཚུལ་དང་། གནས་ཚུལ་མ་ཡིན་པ་གཉིས་གཟུང་བའི་ཆ་ནས་ངོ་བོ་གཉིས་ཉིད་འཛིན་ཞེས་པ་ཡིན་གྱི། རང་གི་ངོ་བོའི་སྒོ་ནས་ངོ་བོ་གཉིས་འཛིན་པ་ནི་མ་ཡིན་ཏེ། འཇུག་འགྲེལ་ལས། དེ་ལ་དོན་དམ་པ་ནི་ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་གྱི་ཡུལ་ཉིད་ཀྱིས་བདག་གི་རང་གི་ངོ་བོ་རྙེད་པ་ཡིན་གྱི་རང་གི་བདག་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ཏེ། འདི་ནི་ངོ་བོ་གཅིག་ཡིན་ནོ། །གཞན་ནི་སོ་སོ་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱི་ལིང་ཐོག་གིས་བློའི་མིག་མ་ལུས་པར་ཁེབས་པ་རྣམས་ཀྱི་མཐོང་བ་བརྫུན་པའི་སྟོབས་ལས་བདག་གི་ཡོད་པ་རྙེད་པ་ཡིན་ཏེ། བྱིས་པ་རྣམས་ཀྱིས་མཐོང་བའི་ཡུལ་དུ་གྱུར་པ་དེ་ལྟ་བུའི་རང་བཞིན་དུ་རང་གི་ངོ་བོས་གྲུབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཐམས་ཅད་རང་བཞིན་དེ་གཉིས་འཛིན་པ་ཡིན་ནོ། །ཞེས་གསུངས་པས་སོ། །ཕྱིས་ཀྱི་དབུ་མ་སྨྲ་བར་རློམ་པ་དག གཞུང་འདི་དག་གི་དོན་རིགས་ཤེས་ཚད་མས་རྙེད་པའི་རྙེད་དོན་དང་། ཐ་སྙད་ཚད་མས་རྙེད་པའི་རྙེད་དོན་ཞེས་སྨྲ་བ་ནི་ལོག་པར་སྨྲ་བ་ཁོ་ན་སྟེ། རིགས་ཤེས་ཚད་མ་ནི་གཅིག་དུ་བྲལ་སོགས་དབུ་མའི་གཏན་ཚིགས་ཆེན་པོ་རྣམས་ལ་བརྟེན་པའི་རྗེས་དཔག་ཡིན་ལ་འདིའི་མཐོང་བ་ཡང་དག་པ་ནི་གཙོ་བོར་འཕགས་པའི་མཉམ་གཞག་ཡིན་ཅིང་། རིགས་ཤེས་ཚད་མའང་དེའི་ཡུལ་གཏན་ལ་ཕབ་པའི་ཆ་ནས་དེའི་ཁོངས་སུ་བསྡུ་བ་ཡིན་པའི་ཕྱིར་ཏེ། སྔར་དྲངས་པའི་འགྲེལ་པ་ལས་ཀྱང་ཡང་དག་པར་གཟིགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཁྱད་པར་ཞེས་དང་། དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་པའི་འགྲེལ་པར། ཟག་པ་མེད་པའི་ཡེ་ཤེས་དང་བྲལ་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པས་ཀྱང་། གཟིགས་པ་ཟག་པ་མེད་པ་ལ་གནོད་པ་མ་ཡིན་པས་རྣམ་པ་དེ་ལྟ་བུའི་ཡུལ་ལ་འཇིག་རྟེན་གྱིས་གནོད་པ་མ་ཡིན་ནོ། །ཞེས་གསུངས་པས་སོ། །འདི་དག་ཀྱང་ཐལ་འགྱུར་བས་རྟོགས་པ་དོན་དམ་བདེན་པ་མཚན་ཉིད་པ་འཕགས་པའི་མཉམ་གཞག་གི་གཟིགས་ངོའི་སྤྲོས་པ་མཐའ་དག་དང་བྲལ་བ་དེ་ཉིད་སོ་སོ་སྐྱེ་བོས་གཏན་ལ་ཕབ་པའི་ཚེ་བློ་ངོར་དངོས་སུ་སྣང་བ་རྟོགས་པ་དོན་དམ་བདེན་པ་མ་ཡིན་ཀྱང་དེར་རློམ་ནས་མཚན་ཉིད་སོགས་ཀྱིས་རྣམ་གཞག་བྱེད་པའི་དོན་མ་རྟོགས་པར་ཟད་དོ། །མཐོང་བ་རྫུན་པ་ཐམས་ཅད་ཐ་སྙད་པའི་ཚད་མ་འདོད་པའང་ཤིན་ཏུ་འཁྲུལ་ཏེ། ཐ་སྙད་པའི་ཚད་མ་རྩོད་ཟློག་དང་ཚིག་གསལ་ལས་གསུངས་པ་ལྟར་འཇིག་རྟེན་ན་གྲགས་པའི་ཚད་མ་བཞི་གང་རུང་ཡིན་དགོས་ལ་མཐོང་བ་བརྫུན་པ་ཐམས་ཅད་དེ་ཡིན་ན། དབང་པོ་སྐྱོན་ལྡན་གྱི་ཤེས་པ་རྣམས་ཀྱང་དེར་ཐལ་བའི་ཕྱིར་རོ། །གཞན་ཡང་ཟླ་གཉིས་དང་གྲངས་ཅན་གྱིས་བརྟགས་པའི་གཙོ་བོ་སོགས་འཇིག་རྟེན་གྱི་ཀུན་རྫོབ་དུ་ཡོད་པར་འགྱུར་ཏེ། ཡུལ་ཅན་དེ་དག་ཐ་སྙད་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན་མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །ཞེས་པའི་འགྲེལ་པར། དེའི་ཕྱིར་འདི་དག་གིས་གང་བརྟགས་པ་ཡོན་ཏན་གསུམ་ལ་སོགས་པ་དེ་དག་ནི་འཇིག་རྟེན་གྱི་ཀུན་རྫོབ་ཏུའང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་དང་འགལ་ལོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ནི་བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་གཅིག་ཤོས་ཡིན། །ཞེས་མཚན་གཞི་དང་། བསླུ་བ་མེད་པས་རིགས་པ་ནི། །དོན་དམ་ཡིན་ཏེ་ཀུན་རྫོབ་མིན། །དེ་ལྟར་མི་བསླུ་མིན་ཕྱིར་ཏེ། །ཇི་ལྟར་སྣང་བ་དེ་ཉིད་བདེན། །ཞེས་མཚན་ཉིད་གསུངས་སོ། །དེའི་དོན་བདེན་པ་གཉིས་སུ་ཕྱེ་བའི་ཚེ་ཀུན་རྫོབ་ཡུལ་ཅན་དུ་བྱས་ནས་དེའི་ངོར་བདེན་པ་ཞེས་འཇོག་པ་ལྟར་དོན་དམ་ཡང་ཡུལ་ཅན་དུ་བྱས་ནས་དེའི་ངོར་བདེན་པ་ཞེས་འཇོག་དགོས་པས་དེའི་ཚེ་ཡུལ་ཅན་གྱི་དོན་དམ་ནི་གནས་ལུགས་ལ་དཔྱོད་པའི་རིགས་ཤེས་རྗེས་དཔག་ཡིན་པས་དེའི་ངོར་མི་བསླུ་བ་ནི་རེ་ཞིག་བདེན་པ་གཉིས་སུ་ཕྱེ་བའི་སྐབས་ཀྱི་དོན་དམ་བདེན་པ་ཡིན་ཏེ། ཡུལ་ཅན་ལ་དོན་དམ་དང་། ཡུལ་ལ་བདེན་པའི་སྒྲ་དོན་ཚང་བའི་ཕྱིར་སྙམ་དུ་དགོངས་ཏེ། སྔར་གྱི་གཞུང་དེའི་འགྲེལ་པར་རིགས་པའི་སྟོབས་ཀྱི་དོན་ལ་ངེས་པ་ནི་བསླུ་བར་མི་འགྱུར་ཏེ། དེའི་ཕྱིར་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་རྟོགས་པ་གང་ཡིན་པ་དེ་ནི་དམ་པ་ཡང་ཡིན་ལ། དོན་ཡང་ཡིན་པས་དོན་དམ་པའོ། །དེས་གཏན་ལ་ཕབ་པའི་དོན་ཡང་དོན་དམ་པ་སྟེ། མངོན་སུམ་ལ་སོགས་པ་བཞིན་དུ་བརྗོད་དོ། །ཞེས་གསུངས་པས་སོ། །འདི་ནི་རྣམ་གྲངས་པའི་དོན་དམ་བདེན་པ་ཡིན་ལ། རྣམ་གྲངས་པ་མ་ཡིན་པ་ནི་གཉིས་སྣང་དང་བཅས་པའི་བློའི་ཡུལ་ལས་འདས་པའི་སྤྲོས་བྲལ་ཏེ། བདེན་གཉིས་ལས། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་པས་ཀྱང་གང་མ་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་ལྟ་བས་དཔྱོད། །ཅེས་དང་འགྲེལ་པར་མདོ་ཁུངས་སུ་མཛད་པ་ནི། དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། ཇི་སྙེད་འཇིག་རྟེན་གྱི་ཐ་སྙད་གདགས་པ་དང་། ཡི་གེ་དང་། སྐད་དང་། བརྡ་བསྟན་པ་དག་གོ །དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་གསུངས་པ་དྲངས་ཤིང་། དེའི་དོན་འཇིག་རྟེན་གྱི་ཐ་སྙད་གདགས་པ་ནི་ཤེས་པ་དང་། ཤེས་བྱའི་མཚན་ཉིད། ཡི་གེ་ཞེས་པ་མན་ཆད་ཀྱིས་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་བསྟན་པ་དང་། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་པའི་དོན་རྟོག་པའི་སེམས་ཀྱི་རྒྱུ་བ་མེད་པ་ལ་བྱེད་ན་ཡི་གེ་རྣམས་ལྟ་སྨྲོས་ཀྱང་ཅི་དགོས་ཞེས་པ་དང་ཟློས་པའི་སྐྱོན་ཡོད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་གྱི་ཡུལ་ལས་ཀྱང་འདས་པ་ལ་འཇོག་ཚུལ་ཞིབ་ཏུ་བཤད་པས་སོ། །བདེན་གཉིས་སྟོན་པའི་མདོ་འདི་རྒྱན་གྱི་འགྲེལ་པར་བློ་གྲོས་མི་ཟད་པའི་མདོ་ལས་ཞེས་ཁུངས་སུ་མཛད་ཅིང་སློབ་དཔོན་ཟླ་བའི་འགྲེལ་པ་རྣམས་ལས་ཀྱང་ཡང་ཡང་དྲངས་པས་ཐལ་རང་གི་སྐྱེས་ཆེན་རྣམས་དོན་དམ་བདེན་པ་མཚན་ཉིད་པའི་ངོས་འཛིན་ལ་མི་འདྲ་བའི་ཁྱད་པར་མེད་པར་མཐོང་ངོ་། །དེས་ན་སློབ་དཔོན་འདིའི་ལུགས་ཀྱི་བདེན་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། གནས་ཚུལ་དཔྱོད་པའི་བློ་ངོར་བདེན་པའམ། གཉིས་སྣང་དང་བཅས་པའི་བློའི་ཡུལ་ལས་འདས་པའི་སྤྲོས་བྲལ་གང་རུང་གིས་བསྡུས་པ་དང་། མཐར་ཐུག་དཔྱོད་པའི་རིགས་ཤེས་ལས་གཞན་པའི་གཉིས་སྣང་དང་བཅས་པའི་བློ་ངོར་བདེན་པའི་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་བདེན་པ་ལ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པ་གཉིས་ཡོད་པས་དེ་ལ་དོན་དམ་བདེན་པ་མཚན་ཉིད་པས་མ་ཁྱབ་པ་ནི་སློབ་དཔོན་འདིའི་ལུགས་སུ་སྣང་བས་ཇོ་བོ་རྗེས་སྐྱོན་བརྗོད་པའང་འདི་ལ་དམིགས་པ་འདྲའོ། །སློབ་དཔོན་ཞི་བ་འཚོས་ཀྱང་འདིའི་ལུགས་ཅི་ལྟ་བ་བཞིན་བཞེད་པར་སྣང་སྟེ། རྒྱན་ལས་སྐྱེ་བ་མེད་པ་ལ་སོགས་པའང་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་ཡིན་དུ་ཟིན་ཀྱང་། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་མི་སྐྱེ་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲྭ་བ་མཐའ་དག་སྤོང་བའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར། དོན་དམ་པ་ཞེས་ཉེ་བར་འཇོག་གོ་ཞེས་གསུངས་པས་སོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་ནི། བློ་མ་འཁྲུལ་པས་བཞག་པའི་དངོས་པོའི་ངོ་བོ་དང་། བློ་འཁྲུལ་པས་བཞག་པའི་དངོས་པོའི་ངོ་བོ་གཉིས་ལ་བཞེད་དེ། དབུ་མ་སྣང་བ་ལས། སྒྱུ་མའི་སྐྱེས་བུ་ལ་སོགས་པ་བཞིན་དུ་དངོས་པོ་ཐམས་ཅད་ལ་རྣམ་པར་ཤེས་པ་འཁྲུལ་པ་དང་། མ་འཁྲུལ་པས་རྣམ་པར་བཞག་པའི་ངོ་བོ་ཉིད་ཀྱིས་གོ་རིམ་བཞིན་དུ་བདེན་པ་གཉིས་རྣམ་པར་དབྱེ་བ་རྣམ་པར་བཞག་སྟེ། འདི་ལྟར་སྒྱུ་མའི་སྐྱེས་བུ་ལ་འཁྲུལ་པའི་རྣམ་པར་ཤེས་པ་དང་ལྡན་པའི་མི་དག་གིས་བཞག་པའི་ངོ་བོ་ཇི་ལྟ་བ་བཞིན་དུ་དངོས་པོ་ཐམས་ཅད་ལ་བརྫུན་པའི་རྣམ་པ་ཅན་གྱི་ཤེས་པས་སྒྲོ་བཏགས་པའི་ངོ་བོ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་ཐ་སྙད་གདགས་ལ་སྒྱུ་མའི་སྐྱེས་བུ་ལ་སོགས་པ་དེ་ཉིད་ལ་རྣམ་པར་ཤེས་པ་མ་འཁྲུལ་པ་ཅན་དག་གིས་བཞག་པའི་ངོ་བོ་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་ཐམས་ཅད་ལ་ཡང་དག་པའི་ཚད་མས་ཡོངས་སུ་གཏན་ལ་ཕབ་པའི་ངོ་བོ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་གསུངས་པས་སོ། །བློ་མ་འཁྲུལ་བ་ནི་རིགས་ཤེས་ཚད་མ་ནས་བཟུང་སྟེ་འཕགས་པའི་མཉམ་གཞག་གི་བར་ལ་བཞེད་པར་སྣང་སྟེ། སྔར་སྒྲ་དོན་གྱི་སྐབས་སུ་དྲངས་པའི་ལུང་ལས་ཤེས་སོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དགོངས་པ་ལ། མཚན་ཉིད་འདི་དང་འདྲ་བར་འཇོག་ཏུ་རུང་བར་སྣང་ཞིང་། ཡུལ་ཅན་གྱི་བློ་དོན་དམ་པ་ནི་འཕགས་པའི་མཉམ་གཞག་དང་། དེས་དྲངས་པའི་རྗེས་ཐོབ་གཉིས་ལ་བཞེད་དེ། དེའང་སྔར་སྒྲ་དོན་གྱི་སྐབས་སུ་དྲངས་པའི་ལུང་ལས་ཤེས་སོ། །གཉིས་པ་ནི་རྔོག་ལོས། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པའི་མཚན་ཉིད་རིམ་པ་ལྟར། བློའི་དམིགས་པའམ་ཇི་ལྟར་སྣང་བ་དང་། ཅི་ལྟར་ཡང་མ་ཡིན་པ་ཞེས་བཞེད་པ་ལ་གཙང་ནག་པས་ཀུན་རྫོབ་བདེན་པའི་མཚན་ཉིད་དེ། ཤེས་བྱ་དང་གཟུང་བྱའི་ལྡོག་པར་འགྱུར་བ་དང་། དངོས་པོ་ལ་དེ་དག་གིས་ཁྱབ་པར་མངོན་སུམ་ཉིད་ཀྱིས་གྲུབ་པས་དོན་དམ་པའི་བདེན་པར་ལོག་པར་རྟོག་པར་མི་སྲིད་པར་འགྱུར་བའི་ཕྱིར་དང་། ཅིར་ཡང་མ་ཡིན་པའི་དོན་མཚན་ཉིད་ཅི་ཡང་མ་གྲུབ་པ་ཡིན་ན་མེད་པའི་ཕྱོགས་སུ་འགྱུར་ལ་སྤྲོས་པ་དགག་པ་ལྷུར་བྱས་ཏེ་ཆོས་ཅིར་ཡང་མ་གྲུབ་པ་ཞིག མཚན་ཉིད་དུ་བརྗོད་ནའང་མི་རུང་སྟེ། སྣང་བ་དེ་དང་དངོས་འགལ་གྱི་ཆོས་ཙམ་དུ་མངོན་སུམ་གྱིས་གྲུབ་པས་དོན་དམ་པའི་དངོས་པོ་རྣམ་བཅད་ལ་ཁེགས་པར་ཐལ་བ་དང་། མཚོན་བྱའི་དོན་ཆོས་སུའང་མི་གནས་པས་མཚན་ཉིད་དུ་འགལ་བའི་ཕྱིར་རོ། །ཞེས་དགག་པ་མཛད་ནས་རང་ལུགས་ལ་ཀུན་རྫོབ་བདེན་པའི་མཚན་ཉིད་གང་ལ་ཞེན་ནས་འཆིང་བར་འགྱུར་བ་ཐ་སྙད་པའི་ཡུལ་དུ་གྱུར་པའི་བཅོས་མ་ཞེས། ངོ་བོ་དང་། བྱེད་པ་དང་། ཡུལ་ཅན་གྱི་ཁྱད་པར་གསུམ་པར་གསུངས་ལ། རིགས་མི་མཐུན་གཅོད་པའི་དབང་དུ་བྱས་ནས་ཐ་སྙད་པའི་བློ་ངོར་རྙེད་པ་ཉིད་དོ། །དོན་དམ་བདེན་པའི་མཚན་ཉིད་གང་ཞིག་རྟོགས་པས་ལུས་ཅན་རྣམས་གྲོལ་བར་འགྱུར་བ་ཆོས་རྣམས་ཀྱི་རང་བཞིན་རིགས་པས་གནས་པ་ཞེས་ཁྱད་པར་གསུམ་ལྡན་དུ་མངོན་ཏེ། དེ་ཡང་རིགས་མི་མཐུན་ནི་རང་ལྡོག རིགས་པས་རྙེད་པ་ཉིད་ཀྱིས་ཆོག་མོད་ཀྱི་ཆོས་གསུམ་ཚོགས་པ་ལ་བརྡ་སྦྱར་བའང་རུང་ངོ་། །འོ་ན་མཚན་ཉིད་དེ་ལྟར་དངོས་པོར་སྨྲ་བ་རྣམས་ཀྱང་འདོད་པས་དེ་དང་རྩོད་པ་མེད་པར་འགྱུར་རོ་ཞེ་ན། མཚན་ཉིད་མཐུན་ཡང་དེ་གང་ལ་ལྡན་པའི་མཚན་གཞི་ལ་རྩོད་པར་འཐད་དེ། མཚན་གཞི་མི་མཐུན་པའི་ཕྱིར་རོ། །དེས་ན་རྩ་ཤེར་ལས། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་སོགས་དང་། ཡུམ་ལས། དོན་དམ་པ་ནི་མཚན་ཉིད་ཐམས་ཅད་ལོག་པ་ཞེས་སོགས་འབྱུང་བ་ནི་ལོག་རྟོག་ཟློག་པའི་ཕྱིར། གཞན་དང་མི་མཐུན་པའི་མཚན་གཞི་ལྷུར་བྱས་ནས་བསྟན་པར་ཟད་དོ་ཞེས་བཞེད་དོ། །འོན་ཀྱང་འདི་ལའང་ཀུན་རྫོབ་བདེན་པའི་མཚན་ཉིད་དེས་ལོག་པའི་ཀུན་རྫོབ་ལ་མ་ཁྱབ་པ་དང་། དོན་དམ་བདེན་པའི་མཚན་ཉིད་ལ་རིགས་པས་རྙེད་པ་ཞེས་སྦྱར་བས་འཕགས་པའི་མཉམ་གཞག་གི་གཟིགས་ངོའི་སྤྲོས་བྲལ་ལ་མ་ཁྱབ་པའི་སྐྱོན་གནས་སོ། །ཁྱུང་རིན་ཆེན་གྲགས་ཀྱིས། ཀུན་རྫོབ་བདེན་པའི་མཚན་ཉིད། ཤེས་བྱའམ། གཞལ་བྱའམ། བརྗོད་བྱ་ཙམ་ཡིན་ལ། དོན་དམ་བདེན་པའི་མཚན་ཉིད་ཤེས་བརྗོད་གཞལ་བྱ་ཐམས་ཅད་ལས་འདས་པའོ། །ཞེས་བཞེད་ལ། རྨ་བྱས་དེ་ལྟར་ན་དངོས་པོ་རྣམས་ལ་དོན་དམ་བདེན་པར་ལོག་རྟོག་མི་སྲིད་པར་འགྱུར་ཏེ། ཀུན་རྫོབ་ཀྱི་བདེན་པའི་དོན་ཤེས་བརྗོད་གཞལ་བྱ་ཙམ་དུ་འཇིག་རྟེན་གྱི་མངོན་སུམ་ཉིད་ཀྱིས་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དངོས་པོ་རྣམས་དེ་ཁོ་ན་ཉིད་དུ་བདེན་པར་ཡོད་པའི་ལོག་རྟོག་འགོག་པའི་རིགས་ཤེས་དོན་མེད་པར་འགྱུར་ལ་དེ་བཞིན་དུ་དངོས་པོ་རྣམས་ཀུན་རྫོབ་ཏུ་སྨྲས་པས་ཤེས་བརྗོད་གཞལ་བྱ་ཙམ་དུ་སྨྲས་པར་འགྱུར་ཞིང་། དོན་དམ་མ་ཡིན་པར་སྨྲས་པས་ཤེས་བརྗོད་གཞལ་བྱ་ལས་འདས་པ་མ་ཡིན་པར་སྨྲས་པར་འགྱུར་ལ་དེ་ལྟར་ན་དངོས་པོར་སྨྲ་བ་རྣམས་དང་མི་མཐུན་པ་མེད་པར་འགྱུར་རོ། །ཞེས་དགག་པ་མཛད་ནས་རང་ལུགས་ལ་ཐ་སྙད་པའི་བློ་འཁྲུལ་པའི་ཡུལ་དུ་བདེན་པ་དང་། བློ་མ་འཁྲུལ་པའི་ཡུལ་དུ་བདེན་པ་སྟེ། འཕགས་པའི་མཉམ་གཞག་མ་འཁྲུལ་པའི་ཡུལ་ལམ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ཡུལ་དུ་བདེན་པའོ་ཞེས་བཞེད་དོ། །འདི་ལའང་དབང་པོ་སྐྱོན་ལྡན་གྱི་ཤེས་པ་རྣམས་ཐ་སྙད་པའི་བློར་ཁས་བླངས་པར་སྣང་བས་དེའི་ཡུལ་རྣམས་འཇིག་རྟེན་གྱི་ཐ་སྙད་དུ་གྲུབ་པར་ཐལ་བའི་སྐྱོན་ཡོད་དོ། །དཔལ་ལྡན་ས་སྐྱ་པཎྜི་ཏའི་བཞེད་པས་མཚན་ཉིད་རིམ་བཞིན་མ་དཔྱད་པའི་བློ་ངོར་གྲུབ་པ་དང་། དཔྱད་པའི་བློ་ངོར་མ་གྲུབ་པ་ཞེས་གསུངས་པ་ནི་འཕགས་པའི་མཉམ་གཞག་གི་གཟིགས་ངོར་སྤྲོས་བྲལ་དེ་ཉིད་སྤྲོས་པ་ཐམས་ཅད་ལས་འདས་པས་རང་གི་ངོ་བོ་མཚན་ཉིད་གང་གིས་ཀྱང་མཚོན་པ་མི་ནུས་ཀྱང་སོ་སོ་སྐྱེ་བོའི་རྟོག་བཅས་ཀྱི་བློ་ངོར་དཔྱད་པའི་ཚེ་མཐའ་གང་དུའང་མ་གྲུབ་པ་དེས་སྤྲོས་བྲལ་མཚན་ཉིད་པ་དེ་མཚོན་པར་རློམ་ཞེས་པའི་དོན་ཏེ། ཇོ་བོ་རྗེས། བསྟན་པའི་ཚིག་གི་སྦྱོར་བ་ཡིས། །སྐྱེ་མེད་འགག་མེད་སོགས་པས་མཚོན། །ཞེས་གསུངས་པ་དང་མཐུན་ནོ། །འདིའི་དོན་དེ་ལྟར་ཡིན་གྱི་སྒྲ་ཇི་བཞིན་པ་ཡིན་ན་ཀུན་རྫོབ་བདེན་པ་ཐམས་ཅད་དང་། རི་བོང་གི་རྭ་ཡང་དོན་དམ་བདེན་པར་ཐལ་བ་དང་། དཔྱད་པའི་བློ་ངོར་མ་གྲུབ་པ་ཙམ་གྱི་མེད་དགག་ལ་དགོངས་ན་ནི། ཐལ་རང་གི་སྐྱེས་ཆེན་ཐམས་ཅད་དང་། བདག་ཉིད་ཆེན་པོ་འདིས་ཀྱང་ཀུན་རྫོབ་བདེན་པར་བཞེད་པས་ཀྱང་དེ་དོན་དམ་བདེན་པའི་མཚན་ཉིད་དུ་འཇོག་པ་མི་སྲིད་དོ། །དེས་ན་འདིའི་དགོངས་པ་ནི་མ་དཔྱད་པའི་བློ་ངོར་གྲུབ་པས་དེའི་ངོར་བདེན་པ་ཞེས་དང་། དཔྱད་པའི་བློ་ངོར་མ་གྲུབ་པའི་ཆ་ནས་མི་བསླུ་བའི་བདེན་པར་འཇོག་པ་ཞེས་པའོ། །གསུམ་པ་ནི་སྤྱིར་བདེན་གཉིས་ཡུལ་ཅན་གྱི་བློ་རྨོངས་མ་རྨོངས་སམ་བརྫུན་པ་མཐོང་བ་དང་། ཡང་དག་མཐོང་བའམ། འཁྲུལ་མ་འཁྲུལ་གྱི་སྒོ་ནས་འཇོག་དགོས་པས་ཡུལ་ཅན་གྱི་བློའི་སྒོ་ནས་འཇོག་པ་ནི་རྒྱ་གར་གྱི་ཐལ་རང་ཐམས་ཅད་མཐུན་པར་སྣང་ལ་འོན་ཀྱང་རང་རྒྱུད་པ་དག་ནི་བདེན་པ་གཉིས་སུ་ཕྱེ་བའི་དོན་དམ་བདེན་པ་ལ་གནས་ལུགས་དཔྱོད་པའི་རིགས་ཤེས་ཀྱིས་གཏན་ལ་ཕབ་ཅིང་སྒྲས་བསྟན་པའི་བསྟན་པ་དོན་དམ་དང་། འཕགས་པའི་མཉམ་གཞག་གི་གཟིགས་པའི་ངོར་སྤྲོས་པ་ཐམས་ཅད་དང་བྲལ་བའི་རྟོགས་པ་དོན་དམ་གཉིས་ཡོད་པར་དགོངས་ནས་ཡུལ་ཅན་མ་འཁྲུལ་བ་ལའང་དེ་གཉིས་སུ་ཡོད་པར་འདོད་པ་ནི་རློམ་ཚོད་དང་སོང་ཚོད་བསྲེས་ནས་མཚན་ཉིད་འཇོག་པར་སྣང་བས་གཞན་སེལ་གྱི་གནད་དང་སྦྱར་ན་ཅུང་ཟད་མི་བདེ་སྟེ་དཔེར་ན་གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད་མིག་ཤེས་ཀྱི་ཡུལ་དུ་གྱུར་པ་ཞེས་འཇོག་པའི་ཚེ་རློམ་ཚོད་མིག་ཤེས་ཀྱི་ཡུལ་དུ་གྱུར་པའི་གཟུགས་རང་མཚན་པ་དང་། སོང་ཚོད་རྟོག་པའི་ཡུལ་དུ་གྱུར་པའི་གཟུགས་ཀྱི་དོན་སྤྱི་གཉིས་གཅིག་ཏུ་བསྲེས་ཏེ། མཚོན་བྱ་ལ་དེ་གཉིས་ཡོད་པར་སྨྲ་བ་དང་འདྲའམ་སྙམ་མོ། །འོན་ཀྱང་མ་རྟོགས་པའི་དབང་གིས་སྐྱེས་ཆེན་གོང་མ་ལ་དགག་པར་བརྗོད་པའི་ཆ་སྣང་ན་བཟོད་པར་མཛོད་ཅིག དཔལ་ལྡན་ཟླ་བ་དང་ཇོ་བོ་རྗེ་གཉིས་ནི། དོན་དམ་བདེན་པའི་ཡུལ་ཅན་མ་འཁྲུལ་པ་ནི་འཕགས་པའི་མཉམ་གཞག་ཁོ་ན་ལ་བྱས་ནས། དེའི་ངོར་མི་བསླུ་བ་དོན་དམ་བདེན་པ་ཡིན་ནོ་ཞེས་སོ་སོ་སྐྱེ་བོའི་རིགས་ཤེས་ཀྱིས་རྣམ་པར་དཔྱད་ནས་གཏན་ལ་འབེབས་པ་ཡིན་པས་ན་མཚན་ཉིད་འཇོག་པའི་ཚེ་ཡུལ་ཅན་མ་འཁྲུལ་བ་ནི་འཕགས་པའི་མཉམ་གཞག་ཁོ་ནར་རློམ་ཡང་། རིགས་ཤེས་ཚད་མ་ནི་དེའི་ཁོངས་སུ་གཏོགས་པའོ། །ས་སྐྱ་པཎྜི་ཏའི་དགོངས་པའང་འདི་དང་མཐུན་ཏེ། དཔྱད་པའི་བློ་ངོར་མ་གྲུབ་པ་ཞེས་པས་དཔྱད་པའི་བློ་དེ་རྟོགས་པ་དོན་དམ་གྱི་ཡུལ་ཅན་དུ་མི་བཞེད་པའི་ཕྱིར་ཏེ། གཞན་དུ་ན་དཔྱད་པའི་བློ་ངོར་གྲུབ་པ་ཞེས་པའམ། དེའི་ངོར་བདེན་པ་ཞེས་འཇོག་དགོས་པའི་ཕྱིར་རོ། །བཞི་པ་མཚན་གཞི་ལ་མཚན་ཉིད་ངེས་བྱེད་ཀྱི་ཚད་མ་ལ་གཉིས་ཏེ། དངོས་པོར་སྨྲ་བའི་བདེན་གཉིས་བསྒྲུབ་ཚུལ་དགག་པ་དང་། དབུ་མ་པའི་བདེན་གཉིས་བསྒྲུབ་ཚུལ་གཞག་པའོ། །དང་པོ་ནི། བདེན་པ་གཉིས་ཀྱི་སྒོ་ནས་ཤེས་བྱའི་གནས་ལུགས་འབྱེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་འཇུག་པའི་སྒོ་ཐུན་མོང་མ་ཡིན་པ་ཡིན་པས་ཕྱི་རོལ་པ་དག་ནི་དེ་གཉིས་ཀྱི་དོན་དང་ཐ་སྙད་གཉིས་ཀ་ལས་ཉམས་ཏེ། ཇི་ལྟར་སྣང་བའི་དངོས་པོ་བོར་ནས་དབང་ཕྱུག་དང་གཙོ་བོ་སོགས་འཇིག་རྟེན་གྱི་བྱེད་པ་པོར་སྒྲོ་བཏགས་པས་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས། བདེན་དངོས་རིགས་པས་དཔྱད་བཟོད་ཁས་བླངས་པས་དོན་དམ་པའི་བདེན་པ་ལས་ཉམས་པའི་ཕྱིར་ཏེ། འཇུག་འགྲེལ་ལས། མུ་སྟེགས་ཅན་འདི་དག་ནི་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་པས་སྐྱེ་བོ་མ་བྱང་བ་གནག་རྫི་དང་བུད་མེད་ལ་སོགས་པ་ཡན་ཆད་ལ་གྲགས་པའི་དངོས་པོ་སྐྱེ་བ་དང་འཇིག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་ཡང་དག་པར་ངེས་པར་མ་བཟུང་བར་ཕུལ་དུ་བྱུང་བར་འགྲོ་བར་འདོད་པས་ཤིང་ལ་འཛེགས་པས་ཡལ་ག་སྔ་མ་བཏང་ནས་ཡལ་ག་ཕྱི་མ་མ་བཟུང་བ་ལྟར་ལྷུང་བ་ཆེན་པོས་ལྟ་བ་ངན་པའི་རི་སུལ་དག་ཏུ་ལྟུང་བར་འགྱུར་ཞིང་། བདེན་པ་གཉིས་མཐོང་བ་དང་བྲལ་བས་འབྲས་བུ་མི་ཐོབ་པར་འགྱུར་རོ། །ཞེས་གསུངས་པས་སོ། །རང་སྡེ་དངོས་པོར་སྨྲ་བ་སུམ་ཆར་བདེན་པ་གཉིས་ཀྱི་སྒོ་ནས་ཤེས་བྱའི་གནས་ལུགས་འབྱེད་པ་དང་། གསུང་རབ་ཀྱི་དགོངས་པ་འགྲེལ་བར་འདྲའང་བདེན་གཉིས་ཀྱི་ངོས་འཛིན་དང་སྒྲུབ་བྱེད་ལ་དབུ་མ་པའི་རིགས་པས་གནོད་པས་བདེན་གཉིས་ཕྱིན་ཅི་མ་ལོག་པར་མ་རྟོགས་ཏེ། འདི་ལ་བསྒྲུབ་བྱ་ངོས་གཟུང་། སྒྲུབ་བྱེད་ངོས་གཟུང་། དེ་ལ་དབུ་མ་པའི་རིགས་པས་ཇི་ལྟར་གནོད་པའི་ཚུལ་དང་གསུམ་ལས། དང་པོ་ནི་བྱེ་བྲག་སྨྲ་བས། གདགས་གཞི་ཤེས་བྱ་གཞི་ལྔ་བདེན་པར་གྲུབ་པ་ནི་དོན་དམ་བདེན་པ་དང་། དེ་ལ་བཏགས་པའི་ལྷས་བྱིན་སོགས་གང་ཟག་གི་ཐ་སྙད་དང་། བུམ་སྣམ་སོགས་ཆོས་ཀྱི་ཐ་སྙད་བཏགས་ཡོད་ནི་ཀུན་རྫོབ་བདེན་པར་འདོད། མདོ་སྡེ་པས་དོན་ཤེས་རྫས་གྲུབ་དོན་དམ་བདེན་པ་དང་དེ་ལ་བཏགས་པའི་སྤྱི་མཚན་ཀུན་རྫོབ་བདེན་པར་འདོད། སེམས་ཙམ་པས་གཟུང་འཛིན་གཉིས་སྟོང་གི་ཤེས་པ་དང་། ཆོས་དབྱིངས་བདེན་པར་གྲུབ་པ་ནི་དོན་དམ་བདེན་པ་དང་། གཟུང་འཛིན་གཉིས་སུ་སྣང་བའི་མ་དག་གཞན་དབང་དང་། དེ་ལ་བཏགས་པའི་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཀུན་བརྟགས་རྣམས་ནི་ཀུན་རྫོབ་བདེན་པར་འདོད་པས་གསུམ་ཆར་གྱིས་ཀྱང་གདགས་གཞི་དོན་དམ་བདེན་པར་གྲུབ་པ་དང་། དེ་ལ་བཏགས་པའི་ཀུན་རྫོབ་བདེན་པར་མེད་པ་ནི་བསྒྲུབ་བྱར་འདོད་དོ། །གཉིས་པ་ནི་བྱེ་བྲག་སྨྲ་བས་བཅོམ་པའམ་གཞིག་པ་ན་དེ་འཛིན་གྱི་བློ་འདོར་བ་ནི་ཀུན་རྫོབ་བདེན་པར་མེད་པའི་སྒྲུབ་བྱེད་དང་། མི་འདོར་བ་ནི་དོན་དམ་བདེན་པར་ཡོད་པའི་སྒྲུབ་བྱེད་དུ་འདོད། མདོ་སྡེ་པས་སྤྱི་དངོས་མེད་དུ་སྒྲུབ་པའི་རིགས་པ་བརྒྱད་དམ་གཙོ་བོར་དོན་བྱེད་མི་ནུས་པ་ནི་ཀུན་རྫོབ་བདེན་པ་མེད་པའི་སྒྲུབ་བྱེད་དང་། སྔར་གྱི་རིགས་པ་བརྒྱད་ལས་ལྡོག་པའམ་གཙོ་བོར་དོན་བྱེད་ནུས་པ་ནི་དོན་དམ་བདེན་པར་གྲུབ་པའི་སྒྲུབ་བྱེད་དུ་འདོད། སེམས་ཙམ་པས་གཟུང་འཛིན་རྫས་གཞན་འགོག་པའི་རིགས་པ་རྣམས་ཀུན་རྫོབ་ཇི་ལྟར་སྣང་བ་ལྟར་བདེན་པར་མེད་པའི་སྒྲུབ་བྱེད་དང་། རང་རིག་ནི་གཟུང་འཛིན་གཉིས་སྟོང་གི་དག་པ་གཞན་དབང་བདེན་པར་ཡོད་པའི་སྒྲུབ་བྱེད་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་ནི་ཆོས་དབྱིངས་བདེན་པར་ཡོད་པའི་སྒྲུབ་བྱེད་དུ་འདོད་དོ། །གསུམ་པ་ནི་ཀུན་རྫོབ་བདེན་པར་མེད་པ་དང་། དེའི་སྒྲུབ་བྱེད་ཙམ་ལ་དབུ་མ་པས་གནོད་པ་མི་སྟོན་ཀྱང་། དོན་དམ་བདེན་པ་རྫས་ཡོད་མི་འགྲུབ་པས། དེ་ལ་བཏགས་པའི་ཀུན་རྫོབ་ཉིད་ཀྱང་མི་འགྲུབ་བོ། །ཞེས་བདེན་པ་གཉིས་ཆར་ལས་ཀྱང་ཉམས་པའི་གནོད་པ་སྟོན་ཏེ། འཇུག་འགྲེལ་ལས། གཟུགས་མེད་པར་རྣམ་པར་ཤེས་པ་ཙམ་ཞིག་འདོད་པས་ནི་ཀུན་རྫོབ་དང་དོན་དམ་པ་དག་གི་རིམ་པ་ཅི་སྐད་དུ་སྨྲས་པ་བཤིག་པར་འགྱུར་ལ་དེ་ལྟར་བདེན་པ་དག་གི་རིམ་པ་དེ་དག་བཤིག་ནས་ཀྱང་། ཁྱོད་ཀྱི་རྫས་ནི་འགྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྔར་རྫས་བཀག་པ་དེའི་ཕྱིར་ཁྱོད་ཀྱི་ངལ་བ་དོན་མེད་པར་འགྱུར་རོ། །ཞེས་གསུངས་སོ། །བྱེ་བྲག་ཏུ་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པ་ནི། གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡིས། །འཇིགས་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །ཅེས་པའི་འགྲེལ་པར། ཤེས་རབ་མེད་པས་རྫས་ཤེས་ཙམ་ལ་ཆགས་པའི་སྒོ་ནས་གཞན་གྱི་དབང་གི་བུམ་པ་སོ་མ་བཏང་བར་ཆུ་དང་འདྲ་བ་བླུགས་ནས་རང་གི་བློ་གྲོས་ཀྱི་ཚུལ་ངན་པའི་ཕྱིར་འཇིག་རྟེན་གྱི་རྣམ་པར་གཞག་པ་འཇིག་རྟེན་ཁོ་ན་ལས་གྲུབ་པ་འདུག་ཤིག སོང་ཤིག བྱོས་ཤིག ཚོས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང་། དེ་བཞིན་དུ་གཟུགས་དང་ཚོར་བ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་འཇིག་པར་རྟོགས་ཏེ། དེའི་ཕྱིར་འདི་ལ་རྒུད་པ་ཉིད་འབའ་ཞིག་སྲིད་པར་འགྱུར་གྱི་མངོན་པར་མཐོ་བ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །འདི་དག་སེམས་ཙམ་ལ་གནོད་བྱེད་བརྗོད་པ་ཡིན་ཀྱང་ཀུན་རྫོབ་བདེན་པའི་གདགས་གཞིར་དོན་དམ་བདེན་པ་རྫས་ཡོད་འདོད་པ་ཐམས་ཅད་ལ་རིགས་པའི་ཚུལ་འདི་གནོད་བྱེད་དུ་འབབ་པར་ཁྱད་མེད་དོ། །དོན་དམ་བདེན་པའི་ངོས་འཛིན་སྒྲུབ་བྱེད་ལ་སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར། བྱེ་བྲག་སྨྲ་བས་ལྡན་མིན་འདུ་བྱེད་དང་། འདུས་མ་བྱས་ཀྱི་གཞི་རྫས་གྲུབ་ཏུ་འདོད་པ་ལ། མདོ་སྡེ་པས་གནས་སྐབས་དང་གནས་སྐབས་ཅན་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པའི་རིགས་པ་དང་། དངོས་པོ་རྟག་པ་འགོག་པའི་རིགས་པ་རྣམས་ཀྱིས་གནོད། དེ་དང་མདོ་སྡེ་པ་གཉིས་ཆར་གྱིས་ཕྱི་དོན་བདེན་གྲུབ་ཁས་ལེན་པ་ལ་སེམས་ཙམ་པའི་དྲུག་གི་ཅིག་ཅར་སྦྱར་བའི་རིགས་པས་གནོད། གསུམ་ཆར་གྱིས་ཤེས་པ་བདེན་གྲུབ་ཏུ་ཁས་ལེན་པ་ལ་དབུ་མ་པའི་གཅིག་དུ་བྲལ་སོགས་ཀྱི་རིགས་པས་གནོད་དེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས་ཏེ། ཀུན་རྫོབ་བདེན་པའི་སྒྲུབ་བྱེད་དང་། དོན་དམ་བདེན་པའི་སྒྲུབ་བྱེད་དོ། །དང་པོ་ལ་གཉིས་ཏེ། མི་འཐད་པའི་ཆ་དགག་པ། འཐད་པའི་ཆ་གཞག་པའོ། །དང་པོ་ནི། རྒྱ་གྲགས་བསོད་ན་རེ། སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུ་མཐར་ཐུག་དཔྱོད་པའི་རིགས་ངོར་གྲུབ་སྟེ། དེ་མཐར་ཐུག་དཔྱོད་པའི་གཏན་ཚིགས་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། མཐར་ཐུག་དཔྱོད་པའི་རིགས་པས་ཁེགས་པས་དེའི་ངོར་གྲུབ་པ་འགལ་བའི་ཕྱིར་དང་། མཐར་ཐུག་དཔྱོད་པའི་རིགས་ངོར་ཡོངས་གཅོད་དུ་གྲུབ་པའི་ཆོས་ཅི་ཡང་མེད་པའི་ཕྱིར། སྒྲུབ་བྱེད་ཀྱང་མི་འཐད་དེ་མཐར་ཐུག་དཔྱོད་པའི་རིགས་པ་དེས་སྣང་བའི་སྟེང་དུ་བདེན་པ་འགོག་གི་སྣང་སྟོང་ཚོགས་པའི་སྒྱུ་མ་ལྟ་བུ་མི་སྒྲུབ་པའི་ཕྱིར་རོ། །རྨ་བྱ་བྱང་ཡེ་ན་རེ། ཀུན་རྫོབ་བདེན་པ་ནི་བློ་འཁྲུལ་པའི་ངོར་བདེན་པ་ཡིན་པས་མ་དཔྱད་པར་འཇུག་པའི་འཁྲུལ་པ་རྐྱང་པས་འགྲུབ་བོ་ཞེས་ཟེར་བའང་མི་འཐད་དེ། མ་དཔྱད་པར་འཇུག་པའི་འཁྲུལ་པ་རྐྱང་པས་སྣང་བ་ཙམ་འགྲུབ་ཀྱང་། དེའི་སྟེང་དུ་བདེན་པ་མི་ཁེགས་ལ་དེ་མ་ཁེགས་ན་ཡུལ་བརྫུན་པར་མི་འགྲུབ། དེ་མ་གྲུབ་ན་ཡུལ་ཅན་གྱི་བློ་འཁྲུལ་པར་མི་འགྲུབ། དེ་མ་གྲུབ་ན་དེའི་ངོར་བདེན་པ་མི་འགྲུབ་པའི་ཕྱིར་རོ། །པ་ཚབ་ལོ་ཙཱ་བ་ན་རེ་སྣང་བའི་སྟེང་དུ་བདེན་པ་ཁེགས་པ་ན་སྣང་སྟོང་ཚོགས་པ་སྒྱུ་མ་ལྟ་བུ་འགྱུར་བས་མཐར་ཐུག་དཔྱོད་པའི་རིགས་པ་རྐྱང་པས་འགྲུབ་བོ། །ཞེས་གསུངས་པའང་མི་འཐད་དེ་སྣང་བ་ཁས་ལེན་པ་རྣམས་ལ་དེ་ཙམ་གྱིས་འགྲུབ་པ་སྲིད་ཀྱང་། སྣང་བ་ཉིད་ལ་སྐུར་བ་འདེབས་པའི་ཆད་པར་ལྟ་བ་དུ་མ་ཡོད་པས་དེའི་ངོར་སྣང་བ་ཉིད་ཀྱང་བསྒྲུབ་དགོས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། མཚན་གཞི་སྒྲུབ་བྱེད་དང་། མཚན་ཉིད་སྒྲུབ་བྱེད་དོ། །དང་པོ་ནི། ཐ་སྙད་བདེན་པ་ལ་བརྟེན་ནས་མེད་པ་སྐུར་འདེབས་ཀྱི་མཐའ་འགོག་པའི་རིགས་པ་རྣམས་ཏེ། འདི་ལ་སྐུར་བ་འདེབས་ཚུལ་དང་། དེ་འགོག་པའི་རིགས་པ་གཉིས་ལས། དང་པོ་ནི། གཞི་ལ་སྐུར་བ་འདེབས་པ་རྒྱང་འཕན་པས་སྐྱེ་བ་སྔ་ཕྱི་དང་། ལས་རྒྱུ་འབྲས་མེད་པར་འདོད་པ་དང་། དབང་ཕྱུག་པ་རྣམས་ཀྱིས་དབང་ཕྱུག་མཆོད་པའི་ཆེད་དུ་སེམས་ཅན་གྱི་སྲོག་བཅད་པ་ལ་མི་དགེ་བའི་ལས་ལམ་མེད་པར་འདོད་པ་དང་། ཚངས་པའི་རྗེས་འབྲང་རྣམས་ཀྱིས་བྲམ་ཟེས་གཞན་གྱི་ནོར་མ་བྱིན་པར་ལེན་པ་བྱས་པ་ལ་མི་དགེ་བའི་ལས་ལམ་མེད་པར་འདོད་པ་ལ་སོགས་པའོ། །ལམ་ལ་སྐུར་པ་འདེབས་པ་ནི་རྗོད་བྱེད་ཀྱི་དབང་དུ་བྱས་ན་ཉན་ཐོས་པ་དག་གིས་ཐེག་པ་ཆེན་པོ་བཀའ་མ་ཡིན་པར་འདོད་པའོ། །བརྗོད་བྱའི་དབང་དུ་བྱས་ན་བྱང་ཆུབ་སེམས་དཔའ་ལ་ས་བཅུ་མེད་པར་འདོད་པ་དང་། གང་ཟག་ལ་བྱང་ཆུབ་སེམས་དཔའ་འཁོར་བར་སྐྱེ་བ་ལེན་པ་མེད་པར་འདོད་པ་དང་། གཞན་ལ་ཆོས་སྟོན་པ་མེད་པར་འདོད་པ་ལ་སོགས་པའོ། །འབྲས་བུ་ལ་སྐུར་པ་འདེབས་པ་ནི་དཔྱོད་པ་པས་རྣལ་འབྱོར་མངོན་སུམ་མེད་པར་འདོད་པ་དང་། བྱེ་བྲག་ཏུ་སྨྲ་བས་ལོངས་སྐུ་མེད་པར་འདོད་པ་ལ་སོགས་པའོ། །གཉིས་པ་དེ་འགོག་བྱེད་ཀྱི་རིགས་པ་ནི་རྒྱང་འཕན་པའི་འདོད་པ་སོགས་འགོག་པ་ཕལ་ཆེར་རྟོག་གེ་དང་འདྲ་ལ། ཐུན་མོང་མ་ཡིན་པ་ནི་རྒྱུ་མེད་ལས་སྐྱེ་བ་འགོག་པའི་སྐབས་སུ་འཆད་དོ། །ཐེག་པ་ཆེན་པོར་བཀར་མི་འདོད་པ་འགོག་པ་ནི། རིན་ཆེན་ཕྲེང་བ། སྤྱོད་འཇུག རྟོག་གེ་འབར་བ་རྣམས་ལས་འབྱུང་བའི་ཐེག་ཆེན་བཀར་སྒྲུབ་ཀྱི་རིགས་པ་རྣམས་སོ། །བྱང་སེམས་ལ་ས་བཅུ་མེད་པ་འགོག་པ་ནི། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུ་འོ། །ཞེས་གསུངས་པ་ལྟ་བུ་སྟེ། ཉན་ཐོས་པ་ཁྱེད་རང་གི་ཐེག་པ་ལ་ས་བརྒྱད་ཡོད་པ་བཞིན་བྱང་ཆུབ་སེམས་དཔའ་ལའང་ས་བཅུ་ཡོད་ཅེས་པ་སྟེ། དཔེ་ཉེར་འཇལ་གྱི་ཚད་མ་ལ་བརྟེན་ནས་འགོག་པའོ། །previous hit བྱང་སེམས་འཁོར་བར་སྐྱེ་བ་མི་ལེན་པ་དང་། གཞན་ལ་ཆོས་མི་སྟོན་པ་འགོག་པ་ནི། མགོནཔོ next hit་བྱམས་པས། དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་གསུངས་པ་ལྟ་བུ་སྟེ། ཉན་ཐོས་ཞུགས་གནས་བདུན་ལ་གང་ཟག་བཅུ་དགུར་ཕྱེ་བ་འཁོར་བར་སྐྱེ་བ་ལེན་པ་ཡོད་པ་བཞིན། བྱང་ཆུབ་སེམས་དཔའ་ལའང་ཡོད་ཅིང་། རང་སངས་རྒྱས་ལ་ཆོས་སྟོན་པ་ཇི་ལྟར་ཡོད་པ་བཞིན་བྱང་སེམས་ལའང་ཡོད་ཅེས་པ་སྟེ། དཔེ་ཉེར་འཇལ་གྱི་ཚད་མ་ལ་བརྟེན་ནས་འགོག་པའོ། །རྣལ་འབྱོར་མངོན་སུམ་མི་འདོད་པ་འགོག་པ་ཕལ་ཆེར་རྟོག་གེ་དང་འདྲ་ལ། ཐུན་མོང་མ་ཡིན་པ་ནི་རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །དེ་ལྟར་ཟབ་མོའི་ཆོས་རྣམས་ནི། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་དང་། འཕགས་པ་ལྷས་ཀྱང་། ཐུབ་ལ་མཛད་དང་མཛད་མིན་དང་། །གསུང་བྱ་གསུང་བྱ་མིན་མངའ་བ། །དེས་ན་ཀུན་མཁྱེན་ཀུན་མཁྱེན་ནི། །མིན་ཞེས་བྱ་ལ་རྒྱུ་ཅི་ཡོད། །ཅེས་གསུངས་པ་ལྟར་རོ། །ལོངས་སྐུ་མི་འདོད་པར་འགོག་པ་ནི་རྒྱུད་བླར། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཞེས་སོགས་མཛད་པ་ཕྲིན་ལས་རྒྱུན་མི་ཆད་པར་སྒྲུབ་པའི་རིགས་པ་རྣམས་སོ། །དེ་བཞིན་དུ་མདོ་སྡེ་ས་བཅུ་པ་དང་། འཇུག་པར་གསུངས་པ་ལྟར། ལུས་ངག་གི་མཚན་མ་ལས་སངས་རྒྱས་ཀྱི་རིགས་ཡོད་པ་དཔོག་པ་དང་། ཤེར་ཕྱིན་གྱི་མདོ་དང་། བསྟན་བཅོས་ལས་གསུངས་པ་ལྟར་ལུས་ངག་གི་ཐ་སྙད་ལས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་བསྒྲུབ་པ་སོགས་ཀུན་རྫོབ་བདེན་པའི་མཚན་གཞིའི་ལྡོག་པ་སྒྲུབ་བྱེད་མཐའ་ཡས་སོ། །གཉིས་པ་ནི། མཐོང་བ་བརྫུན་པས་རྙེད་པའི་དངོས་པོའི་ངོ་བོའམ། བློ་འཁྲུལ་པའི་ངོར་བདེན་པ་ཞེས་པའི་ཡུལ་ཅན་སྟོན་བྱེད་ཀྱི་ཚིག་གིས་ཡུལ་བརྫུན་པར་ཤུགས་ལ་བསྟན། ཡུལ་ཅན་དེ་ལ་བདེན་པར་སྣང་བ་ཞེས་པས་སྣང་བ་ཙམ་དངོས་སུ་བསྟན་ཏེ། དེ་ལྟར་ན་སྣང་བ་དང་སྟོང་པ་ཚོགས་པ་ནི་ཀུན་རྫོབ་བདེན་པའི་དོན་ལྡོག་མཚན་ཉིད་ཀྱི་དོན་ཏེ། དེས་ན་འདི་བསྒྲུབ་པ་ལ། སྣང་བ་སྒྲུབ་བྱེད་དང་། སྟོང་པ་སྒྲུབ་བྱེད་དང་། སྣང་སྟོང་ཚོགས་པ་སྒྲུབ་བྱེད་གསུམ་དགོས་པ་ལས། དང་པོ་ནི་ཚིག་གསལ་ལས། འཇིག་རྟེན་ན་ཡོད་ན་ནི་ཐམས་ཅད་མངོན་སུམ་དུ་དམིགས་པར་བྱ་བ་ཡིན་པའི་ཕྱིར་ན་ལྐོག་ཏུ་མ་གྱུར་པ་ཡིན་ཏེ། དེའི་ཕྱིར་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་མངོན་སུམ་ཉིད་དུ་རྣམ་པར་བཞག་གོ །ཟླ་བ་གཉིས་ལ་སོགས་པ་དག་ནི་རབ་རིབ་ཅན་མ་ཡིན་པའི་ཤེས་པ་ལ་ལྟོས་ནས་མངོན་སུམ་ཉིད་མ་ཡིན་ལ། རབ་རིབ་ཅན་ལ་སོགས་པ་ལ་ལྟོས་ནས་ནི་མངོན་སུམ་ཉིད་ཁོ་ན་འོ། །ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །དབང་པོ་ལས་འདས་པའི་དོན་མངོན་སུམ་དུ་རིག་ཅིང་ཡིད་ཆེས་པར་འགྱུར་བ་དག་གི་ཚིག་གང་ཡིན་པ་དེ་ནི་ལུང་ངོ་། འདྲ་བ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། དཔེར་ན་བ་མེན་ནི་བ་ལང་དང་འདྲའོ་སྙམ་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་ཚད་མ་བཞི་ལས་འཇིག་རྟེན་གྱི་དོན་རྟོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཞེས་གསུངས་པ་ལྟར། མདུན་གྱི་མེ་ལྟ་བུ་མངོན་གྱུར་འགའ་ཞིག་མངོན་སུམ་གྱིས་གྲུབ་ལ་རྒྱབ་ཀྱི་མེ་ལྟ་བུ་དུ་བ་སོགས་གཏན་ཚིགས་དང་འབྲེལ་བའི་ལྐོག་གྱུར་འགའ་ཞིག་རྗེས་དཔག་གིས་འགྲུབ། བོད་པ་ལ་ལྟོས་ཏེ་བ་མེན་ལྟ་བུ་གཏན་ཚིགས་དང་མ་འབྲེལ་ཡང་དཔེ་དང་འབྲེལ་བའི་ལྐོག་གྱུར་འགའ་ཞིག་དཔེ་ཉེར་འཇལ་གྱི་ཚད་མས་འགྲུབ། སྦྱིན་པ་གཏོང་བ་ལས་ལོངས་སྤྱོད་འབྱུང་བ་ལྟ་བུ་ཤིན་ཏུ་ལྐོག་གྱུར་རྣམས་ནི་ལུང་ཚད་མས་འགྲུབ་པ་སྟེ། མདོར་ན་འཇིག་རྟེན་ན་གྲགས་པའི་ཚད་མ་བཞི་ལས་སྣང་བ་ཙམ་འགྲུབ་བོ། །གཉིས་པ་ནི་གཅིག་དུ་བྲལ་ལ་སོགས་པའི་དབུ་མའི་གཏན་ཚིགས་རྣམས་ཏེ་དོན་དམ་སྒྲུབ་བྱེད་ཀྱི་སྐབས་སུ་བཤད་པ་དང་ཁྱད་པར་མེད་དོ། །གསུམ་པ་ནི་སྟོང་ཉིད་བདུན་ཅུ་པར། འདུ་བྱེད་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་སྨིག་རྒྱུ་སྐྲ་ཤད་དང་། །དབུ་བ་ཆུ་བུར་སྤྲུལ་པ་དང་། །རྨི་ལམ་མགལ་མེའི་འཁོར་ལོ་མཚུངས། །ཞེས་སོགས་དབུ་མའི་གཞུང་ལུགས་རྣམས་ལས། འཇིག་རྟེན་ཉིད་ལ་ལྟོས་ནས་ཀྱང་བརྫུན་པའི་ཐ་སྙད་བྱེད་པའི་སྒྱུ་མའི་དཔེ་བརྒྱད་དང་། དབུ་བ་རྡོས་པ་ལ་སོགས་པ་དཔེ་ལྔ་པོ་རྣམས་ཀྱིས་སྟོན་ཏེ། དེ་དག་ནི་འཇིག་རྟེན་པ་ཉིད་ཀྱིས་སྣང་བ་དང་། སྟོང་པ་ཚོགས་པར་གྲུབ་ཟིན་པའི་ཕྱིར་རོ། །གཉིས་པ་དོན་དམ་བདེན་པ་བསྒྲུབ་ཚུལ་ལ་གསུམ་སྟེ། བསྒྲུབ་བྱ་ངོས་གཟུང་། སྒྲུབ་བྱེད་ཀྱི་རབ་དབྱེ་བཤད། དེ་དག་སོ་སོའི་དོན་གཏན་ལ་དབབ་པའོ། །དང་པོ་ནི། དོན་དམ་པ་མཐའ་བཞིའི་སྤྲོས་པ་དང་བྲལ་བ་འདི་ཉིད་ཡིན་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་གསུངས་པས་སོ། །གལ་ཏེ་དོན་དམ་བདེན་པ་དེ་དགག་སྒྲུབ་དང་། ཤེས་བརྗོད་ཀྱི་ཡུལ་ལས་འདས་པ་མ་ཡིན་ནམ་ཅིའི་ཕྱིར་བསྒྲུབ་བྱར་འཇོག་ཅེ་ན། དོན་དམ་བདེན་པ་རང་གི་ངོ་བོ་འཕགས་པའི་མཉམ་གཞག་སོ་སོ་རང་གི་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱ་བ་ཡིན་གྱི་དགག་སྒྲུབ་དང་ཤེས་བརྗོད་ཀྱི་ཡུལ་དུ་མི་རུང་སྟེ། ཇི་སྐད་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་བྱེ་བྲག་མེད་པ། མ་སྐྱེ་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ། །ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་བརྫུན་ཏེ་བསླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའི་ཆོས་དེ་དག་ཐམས་ཅད་ནི་དོན་དམ་པར་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ། །ཞེས་གསུངས་སོ། །འོན་ཀྱང་དོན་དམ་བདེན་པ་མཚན་ཉིད་པ་རྟོགས་པའི་ཕྱིར་དུ་ཐ་སྙད་སྒྲོ་བཏགས་པའི་སྒོ་ནས་རྗེས་མཐུན་པ་བརྗོད་པ་སྒྲའི་སྒོ་ནས་བསྟན་དུ་ཡོད་ཅིང་། རྟོག་བློས་ཡུལ་དུ་བྱར་ཡོད་དེ། མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་སྟོན་པར་མཛད། །ཅེས་དང་། རྩ་ཤེར་ལས། གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་སོགས་རྩ་འགྲེལ་སྔར་དྲངས་པ་རྣམས་དང་། འཇུག་འགྲེལ་དུ། ས་དྲུག་པའི་བྱང་སེམས་ཀྱིས་རྟེན་འབྲེལ་སྐྱེ་མེད་ཀྱི་དོན་རྟོགས་ཚུལ་ཇི་ལྟ་བ་བཞིན་ཟླ་བ་གྲགས་པ་བདག་གིས་རང་དབང་དུ་བསྟན་པར་མི་ནུས་ཀྱང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ལུང་དོན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་བསྟན་བཅོས་ཀྱི་རྗེས་སུ་འབྲངས་ནས་བསྟན་ནུས་པར་གསུངས་པ་ལྟ་བུའོ། །དེ་ལྟ་བུའི་དོན་དམ་བདེན་པ་མཚན་ཉིད་པ་དང་རྗེས་སུ་མཐུན་པ་གཉིས་ངོ་བོ་ཐ་དད་དུ་ཡོད་པ་མ་ཡིན་གྱི་དོན་དམ་བདེན་པ་མཚན་ཉིད་པ་དེ་ལ་བཤད་ཉན་བྱེད་པར་རློམ་ནས་འཆད་པ་པོས་བརྗོད་པ་སྒྲའི་སྒོ་ནས་བསྟན་ཅིང་ཉན་པ་པོས་ཐོས་བསམ་གྱི་རྟོག་པས་བཟུང་བའི་ཚེ་སྒྲ་རྟོག་གི་དངོས་ཡུལ་ནི་དོན་དམ་བདེན་པ་རྗེས་སུ་མཐུན་པ་སྟེ། རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཉིད། །ཅེས་གསུངས་པས་སོ། །དེས་ན་དོན་དམ་བདེན་པ་སྤྲོས་པ་དང་བྲལ་བ་དེ་ཉིད་དགག་སྒྲུབ་ཀྱིས་སྤྲོས་པར་བྱས་པས་སྤྲོས་བྲལ་དེ་ཉིད་རྟོགས་པར་འགྱུར་ཏེ། དཔེར་ན་སྒྲ་བྱས་མི་རྟག་པ་གསུམ་པོ་ངོ་བོ་གཅིག་ཏུ་རྟོག་པའི་ཕྱིར་དུ་རེ་ཞིག་གཞན་སེལ་གྱི་བློ་ངོར་ལྡོག་པ་ཐ་དད་དུ་ཕྱེ་བས་མཐར་དེ་དག་ངོ་བོ་གཅིག་ཏུ་རྟོགས་པར་འགྱུར་བ་བཞིན་ནོ། །མདོར་ན་འཕགས་པའི་མཉམ་གཞག་གི་བློ་ངོའི་སྤྲོས་བྲལ་མཚན་ཉིད་པ་གཏན་ལ་ཕབ་པར་རློམ་ནས་རྟོག་ངོར་དོན་དམ་བདེན་པ་མཐའ་བཞིའི་སྤྲོས་པ་དང་བྲལ་བ་ནི་བསྒྲུབ་བྱའོ། །གཉིས་པ་སྒྲུབ་བྱེད་ཀྱི་རབ་དབྱེ་བཤད་པ་ལ་དགག་བྱའི་སྒོ་ནས་མཐའ་བཞིའི་སྤྲོས་པ་འགོག་པའི་རིགས་པ་བཞི། གཏན་ཚིགས་ཀྱི་སྒོ་ནས་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ལྔ། འགྲེལ་ཚུལ་གྱི་སྒོ་ནས་ཐལ་འགྱུར་དང་རང་རྒྱུད་ཀྱི་རིགས་པ་གཉིས། བསྒྲུབ་བྱའི་སྒོ་ནས་ཆོས་ཀྱི་བདག་མེད་དང་། གང་ཟག་གི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་གཉིས་ཏེ་བཞིའོ། །དེ་དག་ཀྱང་རྣམ་གྲངས་ཀྱི་སྒོ་ནས་ཕྱེ་བ་ཡིན་གྱི་མཐའ་བཞིའི་སྤྲོས་པ་འགོག་པའི་རིགས་པ་ནི་ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་ཡིན་ཞིང་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ནི་དེའི་མཐའ་དང་པོ་འགོག་བྱེད་ཀྱི་རིགས་པ་དང་། ཐལ་རང་གི་རིགས་པ་རྣམས་ནི་སྟོང་ཉིད་སྒྲུབ་བྱེད་ཀྱི་རིགས་པ་ཐམས་ཅད་ལ་རང་རྒྱུད་ཀྱི་དམ་བཅའ་དང་། རང་རྒྱུད་ཀྱི་གཏན་ཚིགས་མི་འདོད་པ་དང་འདོད་པའི་སྒོ་ནས་ཕྱེ་བ་ཡིན་པས་རིགས་པའི་གཙོ་བོ་ཕྱི་མ་གཉིས་ཀྱི་ནང་དུ་འདུས་སོ། །དེས་ན་ཀླུ་སྒྲུབ་ཀྱིས། བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། སློབ་དཔོན་ཟླ་བས། འཇུག་པར་བདག་མེད་གཉིས་བསྒྲུབ་པ་གཙོ་བོར་མཛད་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །གསུམ་པ་དེ་དག་སོ་སོའི་དོན་གཏན་ལ་དབབ་པ་ལ་བཞི་ལས། དང་པོ་མཐའ་བཞིའི་སྤྲོས་པ་འགོག་པའི་རིགས་པ་ལ་གཉིས་ཏེ། སྤྲོས་པའི་མཐའ་བཞི་རིགས་པས་ཇི་ལྟར་འགོག་པའི་ཚུལ་དང་། དེ་དག་འགོག་ཏུ་མི་རུང་བའི་ལོག་རྟོག་དགག་པའོ། །དང་པོ་ལ་གཉིས་ཏེ། མཐའ་དང་པོ་འགོག་པའི་རིགས་པ། མཐའ་ཕྱི་མ་གསུམ་འགོག་པའི་རིགས་པའོ། །དང་པོ་ལ་བཞི་སྟེ། རིགས་པ་གང་གིས་འགོག གཞི་གང་ལ་འགོག དགག་བྱ་གང་འགོག དེ་ལྟར་བཀག་པའི་དགོས་པའོ། །དང་པོ་ནི། གཞུང་ལས་འབྱུང་བའི་རིགས་པ་ཕལ་ཆེ་བ་སྟེ། གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་སོ། །གཉིས་པ་ལ་བོད་ཀྱི་སྐྱེས་ཆེན་ཁ་ཅིག་ཤེས་བྱ་ཐམས་ཅད་ལ་མཚན་ཉིད་གསུམ་གསུམ་དུ་ཕྱེ་བའི་ཚེ་ཀུན་བརྟགས་དང་། གཞན་དབང་གིས་བསྡུས་པའི་ཆོས་རྣམས་བདེན་པར་མེད་པས་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་རྣམས་ཀྱིས་དེ་ལ་བདེན་པ་འགོག་ལ་ཡོངས་གྲུབ་ཀྱིས་བསྡུས་པའི་ཆོས་རྣམས་བདེན་པར་གྲུབ་པས་དེ་དག་བདེན་པ་འགོག་མི་ནུས་སོ། །དེས་ན་བདེན་པ་གཉིས་སུ་ཕྱེ་བའི་ཚེ་ཀུན་རྫོབ་བདེན་པ་དང་འདུས་བྱས་འདུས་མ་བྱས་གཉིས་སུ་ཕྱེ་བའི་ཚེ་འདུས་བྱས་དང་། དངོས་པོ་དངོས་མེད་གཉིས་སུ་ཕྱེ་བའི་ཚེ་དངོས་པོ་ལ་བདེན་པ་འགོག་གི་ཐམས་ཅད་ལ་མ་ཡིན་ནོ། །འདི་ནི་ངེས་དོན་གྱི་མདོ་སྡེ་རྣམས་དང་། བྱམས་པའི་ཆོས་ལྔ། ཐོགས་མེད་སྐུ་མཆེད། ཕྱོགས་གླང་། ཆོས་གྲགས་རྣམས་ཀྱིས་མཛད་པའི་དབུ་མའི་གཞུང་ལུགས་རྣམས་ཀྱི་དགོངས་པ་ཡིན་ཅིང་། ཀླུ་སྒྲུབ་ཡབ་སྲས་ཀྱང་བཞེད་དོ་ཞེས་ཟེར་རོ། །དེ་དག་ནི་ངེས་དོན་གྱི་མདོ་སྡེའི་དགོངས་པ་མ་ཡིན་ཏེ། ངེས་དོན་གྱི་མདོ་སྡེ་ལས། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་གྱིས་བསྟན་པ་མཛད། །མཁའ་ལ་མདུད་པ་བོར་བ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་བཞིན། །ཞེས་དང་། མྱ་ངན་ལས་འདས་པའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་གཞན་ཞིག་ཡོད་ན་དེའང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་ཞེས་གསུངས་སོ། །བྱམས་ཆོས་ཕྱི་མ་གསུམ་དང་། ས་སྡེ་ལྔ་ལ་སོགས་པའི་དགོངས་པའང་མ་ཡིན་ཏེ། དེ་དག་ལས་གཞན་དབང་དང་ཡོངས་གྲུབ་གཉིས་ཀ་བདེན་གྲུབ་ཏུ་གསུངས་པའི་ཕྱིར་ཏེ། དབུས་མཐའ་ལས། ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་ཤིང་། གཞན་རྣམས་ལས་ཀྱང་དེ་ལྟར་དུ་གསུངས་པའི་ཕྱིར་རོ། །དེ་དག་དབུ་མའི་གཞུང་ལུགས་སུ་འདོད་པའང་མི་འཐད་དེ། དེ་ལྟར་ན་བོད་ན་སེམས་ཙམ་པའི་ལྟ་བ་སྟོན་པའི་གཞུང་ལུགས་མེད་པར་ཐལ་བའི་ཕྱིར་རོ། །དོན་དམ་བདེན་པ་དང་། འདུས་མ་བྱས་ལ་བདེན་པ་མི་འགོག་པ་ཀླུ་སྒྲུབ་ཀྱི་དགོངས་པར་འདོད་པའང་མི་འཐད་དེ། བསྟོད་ཚོགས་ལས། ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ནི་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་དང་། རྩ་ཤེར་ལས། སྐྱེ་དང་གནས་དང་འཇིག་པ་དག །མ་གྲུབ་ཕྱིར་ན་འདུས་བྱས་མེད། །འདུ་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་གྲུབ། །ཅེས་གསུངས་པས་སོ། །དངོས་སྨྲ་བ་ལ་བརྗོད་པའི་སྐྱོན་ཐམས་ཅད་དབུ་མ་པ་རང་ལ་ལོག་པར་འགྱུར་ཏེ། བདེན་པར་གྲུབ་པའི་ཆོས་དམ་བཅས་པ་ཡོད་པའི་ཕྱིར་དང་། རིགས་པས་དཔྱད་པའི་ཚེ་ཡོད་པའི་ཕྱོགས་གཟུང་དུ་ཡོད་པའི་ཕྱིར། ཇི་སྐད་དུ་རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་དང་། བཞི་བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་གསུངས་པས་སོ། །དེ་ལ་སྐྱོན་སྤང་བར་འདོད་ནས། ལུང་དེ་དག་ལས་འདུས་མ་བྱས་དང་མྱ་ངན་ལས་འདས་པ་མ་གྲུབ་པར་གསུངས་པ་རྣམས་མཉམ་གཞག་ལ་བློ་ལ་དགོངས་པ་ཡིན་གྱི་རྗེས་ཐོབ་ཤན་འབྱེད་ལ་དགོངས་པ་མ་ཡིན་ལ། འདིར་རྗེས་ཐོབ་ཡུལ་གྱི་གནས་ལུགས་འབྱེད་པའི་ཚེ་ཆོས་དབྱིངས་བདེན་གྲུབ་ཏུ་འདོད་པས་སྐྱོན་མེད་དོ་ཞེས་སྨྲའོ། །འདི་ནི་ཤིན་ཏུ་ངོ་མཚར་ཆེ་སྟེ། དེའི་དོན་མཉམ་གཞག་ལ་བློའི་སྐབས་ཀྱི་ཆོས་དབྱིངས་རྗེས་ཐོབ་ཀྱི་ཚེ་བདེན་གྲུབ་ཏུ་དམ་མི་བཅའ་ཞེས་པའི་དོན་ཡིན་ནམ། མཉམ་གཞག་གི་ཚེ་དེ་ལྟར་དུ་དམ་མ་བཅས་པས་རང་ལ་སྐྱོན་མི་འགྱུར་ཞེས་པའི་དོན་ཡིན། དང་པོ་ལྟར་ན་རང་གི་གྲུབ་པའི་མཐའ་དང་དངོས་སུ་འགལ་ཞིང་། ཕྱི་མ་ལྟར་ན་དབུ་མ་པ་ལ་དམ་བཅའ་ཡོད་མེད་དང་། དངོས་སྨྲ་བ་ལ་སྐྱོན་བརྗོད་པ་དང་སྐྱོན་དེ་རང་ལ་འཇུག་པའི་རྩོད་པ་ཟློག་པ་རྣམས་མཉམ་གཞག་ལ་གནས་པའི་ཚེ་ཡིན་གྱི་རྗེས་ཐོབ་ཀྱི་གནས་སྐབས་མ་ཡིན་པར་སྨྲ་བ་འདི་ལ་དཔྱོད་ལྡན་སུ་ཞིག་ཡིད་ཆེས་པར་འགྱུར། རྩ་བའི་གྲུབ་མཐའ་ཉེས་པའི་སྐྱོན་སྤོང་མཐར་འདི་ལྟར་འགྱུར་བ་འདི་ལ་སོམས་ལ་གྲུབ་པའི་མཐའ་རེ་མ་སྤེལ་ཞིག དེ་ན་མཐའ་དང་པོ་གང་ལ་འགོག་པའི་གཞི་ནི་གང་ཞིག་བདེན་པར་ཡོད་མེད་རྩོད་ན་རྩོད་གཞི་དེ་ཉིད་ཡིན་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨོ་བཞིན། །ཞེས་གསུངས་པ་ལྟར་རོ། །བདེན་འཛིན་ཞུགས་པ་གཙོ་ཆེ་བའི་དབང་དུ་བྱས་ན་དངོས་པོ་ཐམས་ཅད་ཡིན་ཏེ། རྩ་ཤེར་ལས། དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། དེའི་འགྲེལ་པར་ཚིག་གསལ་ལས། དེ་ལ་གང་དག་ཅེས་བྱ་བའི་སྒྲ་ནི་བརྟེན་པའི་ཚིག་སྟེ། སུ་དག་ཅེས་བྱ་བའི་སྒྲའི་རྣམ་གྲངས་སོ། །ཞེས་གསུངས་པས་སོ། །སྤྱིར་ཆོས་ཐམས་ཅད་ཡིན་ཏེ། སྟོང་གཞིའི་ཆོས་ཅན་ཉི་ཤུས་མ་བསྡུས་པའི་ཆོས་ཅི་ཡང་མེད་ཅིང་། དེ་དག་ལའང་ཐོག་མར་བདེན་པ་བཀག་ནས་མཐར་བཞི་ཆར་གྱི་སྤྲོས་བྲལ་དུ་བྱ་དགོས་པའི་ཕྱིར་རོ། །འོན་ཀྱང་གཞུང་ལས། འདུས་བྱས་དང་། དངོས་པོ་དང་། སྣང་བ་རྣམས་ལ་བདེན་པ་འགོག་པ་གཙོ་བོར་གསུངས་པ་ནི་བདེན་འཛིན་འཇུག་པའི་གཞིའི་གཙོ་བོ་ཡིན་པས་དེ་དག་ལ་བདེན་པ་བཀག་པས་གཞན་རྣམས་ལ་བདེན་པ་ཁེགས་པ་དོན་གྱིས་འགྲུབ་པ་ལ་དགོངས་ཏེ། དཔེར་ན་རྟོག་གེའི་བསྟན་བཅོས་ལས། དངོས་པོའི་ཡུལ་ཅན་གྱི་སྒྲ་རྟོག་ནི་སྒྲུབ་པས་འཇུག་སྙམ་པའི་ལོག་རྟོག་འཇུག་པའི་གཞིའི་གཙོ་བོ་ཡིན་པས་དེ་དག་སྒྲུབ་པས་འཇུག་པ་རྒྱས་པར་བཀག་པས་དངོས་མེད་ཀྱི་ཡུལ་ཅན་སྒྲ་རྟོག་སྒྲུབ་པས་འཇུག་པ་ཤུགས་ལ་ཁེགས་པར་གསུངས་པ་བཞིན་ནོ། །གསུམ་པ་ནི་གཞི་དེ་དག་གི་སྟེང་དུ་བདེན་པར་གྲུབ་པ། དོན་དམ་པར་གྲུབ་པ། ཡང་དག་པར་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། བདེན་པའི་སྐྱེ་བ། བདེན་པའི་དངོས་པོ་ཡོད་པ་ཙམ་ལ་སོགས་པ་སྒྲུབ་པའི་སྒོ་ནས་གཟུང་བའི་ཆོས་ཐམས་ཅད་འགོག་སྟེ་ཐལ་རང་གཉིས་ཆར་གྱིས་དགག་གཞི་དེ་དག་ལ་རིགས་པས་དཔྱད་པའི་ཚེ་ཡོངས་གཅོད་དུ་གྲུབ་པའི་ཆོས་ཅི་ཡང་མེད་པར་འདོད་པའི་ཕྱིར་རོ། །བཞི་པ་ལ་སྡུག་བསྔལ་སྤང་བའི་དགོས་པ་དང་། བྱང་ཆུབ་ཐོབ་པའི་དགོས་པ་གཉིས་ལས། དང་པོ་ནི། ཆོས་ཕུང་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཡོད་ན་དངོས་འབྲས་གང་ཟག་གི་བདེན་འཛིན་ངེས་པར་འབྱུང་། དེ་ཉིད་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ཡིན་ཞིང་། དེ་ལས་ཡན་ལག་ཕྱི་མ་རྣམས་འབྱུང་བས་སྡུག་བསྔལ་གྱི་རྒྱུའི་གཙོ་བོ་ནི་ཆོས་ལ་བདེན་པར་འཛིན་པའི་བདེན་འཛིན་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་དང་། དབུ་མ་རྩ་བར། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་དང་། སྟོང་ཉིད་བདུན་ཅུ་པར། རྒྱུ་རྐྱེན་ལས་སྐྱེས་དངོས་པོ་རྣམས། །ཡང་དག་ཉིད་དུ་རྟོག་པ་གང་། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །ཞེས་གསུངས་པས་སོ། །དབུ་མའི་གཞུང་ལས་བཤད་པའི་མཐའ་དང་པོ་འགོག་པའི་རིགས་པ་ལ་བརྟེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་མེད་ཀྱི་དོན་རྟོགས་ན་གང་ཟག་གི་བདག་འཛིན་འགགས་ཤིང་། དེས་ཉོན་མོངས་པ་མི་བསྐྱེད། དེས་ལས་མི་སོག་པས་འབྲས་བུ་སྡུག་བསྔལ་ཀྱི་ཕུང་པོ་མཐའ་དག་འགགས་ཏེ། དབུ་མ་རྩ་བར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀྱང་འབྱུང་མི་འགྱུར། །མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམས་པས་སོ། །ཞེས་དང་། དེའི་འགྲེལ་པར། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ཕྱིན་ཅི་མ་ལོག་པ་ཇི་ལྟ་བ་བཞིན་བསྒོམས་པས་མ་རིག་པ་རབ་ཏུ་སྤོང་བར་འགྱུར་རོ། །འདི་ལྟར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པར་མཐོང་བ་དེས་ནི་དངོས་པོ་ཕྲ་མོའི་ཡང་རང་གི་ངོ་བོ་དམིགས་པ་མ་ཡིན་ཏེ། གཟུགས་བརྙན་ལྟར་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པ་ཉིད་དུ་འཇུག་པར་འགྱུར་རོ། །དེ་དེ་ལྟར་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་ཞུགས་པས་ཆོས་ཅུང་ཟད་ཀྱང་དམིགས་པར་མི་འགྱུར་རོ། །དེ་མ་དམིགས་པས་འགར་ཡང་མི་རྨོངས་སོ། །མ་རྨོངས་པས་ལས་མི་བྱེད་དོ། །ཞེས་དང་བཞི་བརྒྱ་པར། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་གསུངས་པ་རྣམས་མཐའ་དང་པོ་ཐོག་མར་འགོག་པ་ལ་ཚད་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། བྱང་ཆུབ་ཐོབ་པར་འདོད་པ་དག་གིས་བདེན་པ་དགག་དགོས་ཏེ། ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ལ་ཉེར་ལེན་གྱི་ཕུང་པོའི་སྟེང་དུ་བདེན་པ་དགག་དགོས། རང་རྒྱལ་གྱི་བྱང་ཆུབ་ཐོབ་པ་ལ་དེའི་སྟེང་དུ་གཟུང་བ་ཕྱི་རོལ་གྱི་དོན་དང་ཀུན་ནས་ཉོན་མོངས་ཀྱི་ཆོས་སོགས་ལ་བདེན་པ་དགག་དགོས། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་མཐའ་བཞི་ཆར་གྱི་སྤྲོས་པ་དགག་དགོས་པའི་ཕྱིར་རོ། །དེ་དག་གི་རྒྱུ་མཚན་ཡང་ཉེར་ལེན་གྱི་ཕུང་པོ་བདེན་མེད་དུ་མ་རྟོགས་ན་གང་ཟག་གི་བདག་མེད་རྟོགས་པར་མི་འགྱུར། གཟུང་བ་ཕྱི་རོལ་གྱི་དོན་དང་ཀུན་ནས་ཉོན་མོངས་ཀྱི་གཟུང་བ་སོགས་བདེན་མེད་དུ་མ་རྟོགས་ན་རང་རྒྱལ་གྱི་ལམ་གྱི་ཁྱད་ཆོས་མི་འགྲུབ། མཐའ་བཞིའི་སྤྲོས་པ་མ་བཀག་ན་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལྟ་བ་མི་འགྲུབ་པའི་ཕྱིར་རོ། །འདི་དག་ནི་བྱམས་མགོན་དང་། ཀླུ་སྒྲུབ་ཀྱི་གཞུང་ལ་སྒྲོས་ངན་གྱི་ལིང་ཐོག་གིས་མ་བཀབ་པའི་མིག་གིས་བལྟས་ན་གསལ་བར་མཐོང་བར་འགྱུར་རོ། །གཉིས་པ་མཐའ་ཕྱི་མ་གསུམ་འགོག་པའི་རིགས་པ་ལའང་སྔར་ལྟར་བཞི་ལས། དང་པོ་རིག་པ་གང་གིས་འགོག་པ་ལ་མཐའ་གཉིས་པ་འགོག་པའི་རིགས་པ་ནི། རྩ་ཤེར་ལས། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཞེས་དང་། རྩོད་ཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་དང་། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་དང་། རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་སོགས་གསུངས་པ་རྣམས་སོ། །མཐའ་གསུམ་པ་འགོག་པའི་རིགས་པ་ནི། སྔར་བཤད་པའི་རིགས་པ་གཉིས་ཆར་རོ། །མཐའ་བཞི་པ་འགོག་པའི་རིགས་པ་ནི་བདེན་པར་ཡོད་པ་དང་། བདེན་པར་མེད་པ་གཉིས་ཀ་མ་ཡིན་པ་ཞིག་ཏུ་གཟུང་ན། མཐའ་གཉིས་སྤངས་པའི་དབུས་ལ་དམིགས་པའི་སྒོ་ནས་གནས་པར་འགྱུར་ལ། དེ་ལའང་དམིགས་པའི་སྒོ་ནས་གནས་པར་མི་བྱ་སྟེ། དེ་མ་གྲུབ་པའི་ཕྱིར་དང་། གལ་ཏེ་གྲུབ་ན་དེའང་མཐར་འགྱུར་བའི་ཕྱིར་ཞེས་པ་སྟེ། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྟོང་དང་མི་སྟོང་འདི་ཡང་མཐའ་ཡིན་ཏེ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ནོ། །དེ་ལྟར་མཐའ་གཉིས་རྣམ་པར་སྤངས་ནས་ནི། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་གསུངས་པས་སོ། །འོ་ན་མཐའ་གཉིས་སྤངས་པའི་དབུ་མ་རྟོགས་བྱར་བཤད་པ་དང་འགལ་ལོ་ཞེ་ན་རིགས་པས་དཔྱད་པའི་ཚེ་ཡོད་མེད་སོགས་ཀྱི་མཐའ་བཞི་པོ་གང་ཡང་མ་མཐོང་བ་ལ་དབུ་མ་རྟོགས་ཞེས་དང་། གནས་ལུགས་རྟོགས་ཞེས་ཐ་སྙད་བྱས་པ་ཙམ་ཡིན་གྱི་མཐའ་གཉིས་སྤངས་པའི་དབུ་མ་ཞིག་གྲུབ་ནས་དེར་གཟུང་བར་བྱར་ཡོད་པ་མ་ཡིན་ཏེ། དེ་ལྟར་བཟུང་ན་མདོ་ལས། འོད་སྲུངས་གང་ཟག་གི་བདག་ཏུ་ལྟ་བ་རི་རབ་ཙམ་ནི་སླའི་སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། ཀླུ་སྒྲུབ་ཀྱིས་སྟོང་པ་ཉིད་ལ་མངོན་པར་ཞེན་པ་སྨད་པའི་གནས་སུ་ཡང་ཡང་གསུངས་པས་སོ། །དེ་ལྟར་ན་འཇིག་རྟེན་ཐ་མལ་པ་དང་ཁྱད་པར་མེད་པར་འགྱུར་རོ་སྙམ་ན། དེ་ནི་མ་ཡིན་ཏེ་དེ་དག་གིས་ནི་མ་བཙལ་ནས་མ་རྙེད་པ་ཡིན་ལ། འདི་ནི་བཙལ་ནས་གཟུང་བར་བྱ་བའི་ཆོས་གང་ཡང་མ་རྙེད་པ་ཡིན་པའི་ཕྱིར་ཞེས་རྗེ་བཙུན་གྲགས་པ་རྒྱལ་མཚན་གསུང་ངོ་། །དེང་སང་དབུ་མའི་ལྟ་བ་ལ་ཆོམ་ཀུན་བྱེད་པ་དག་གིས་ལྟ་བ་བསྒོམ་པའི་ཚེ་ཐོག་མར་དགག་བྱ་ངོས་གཟུང་དེ་བཀག་པའི་རྗེས་སུ་བཀག་པ་འདི་ཡིན་ནོ་ཞེས་ངོས་བཟུང་ནས་བསྒོམ་དགོས་ཏེ་དཔེར་ན་རྐུན་པོ་བཙལ་བའི་ཚེ་རྐུན་པོ་འདིའོ་ཞེས་ངོས་ཟིན་ནས་གཟུང་དགོས་པ་བཞིན་ནོ་ཞེས་པའི་དཔེ་དང་བཅས་ཏེ་སྨྲ་བ་གྲག་གོ །འདི་དག་ལ་བཀའ་དང་བསྟན་བཅོས་རྣམ་དག་ནས་སྨན་མ་ཞུ་བ་དུག་ཏུ་སོང་བ་དང་། རིགས་སྔགས་མེད་པས་དུག་སྤྲུལ་གྱི་མགོ་ནས་རིན་པོ་ཆེ་ལེན་པ་དང་། ནོར་མེད་ལ་ནོར་དུ་གཟུང་བ་དང་། མིང་མེད་ལ་མིང་དུ་གཟུང་བ་སོགས་དཔེ་དུ་མའི་སྒོ་ནས་སྨོད་པས་འཛིན་པ་ལྟ་ཅི་སྨྲོས་ཐོས་པར་གྱུར་ནའང་རྣ་བ་དགབ་བོ། །གཉིས་པ་གཞི་གང་ལ་འགོག་པ་ནི་མཐའ་དང་པོ་འགོག་པའི་གཞི་གང་ཡིན་པ་དེ་དག་སྟེ། གཞི་གང་ཡང་རུང་བ་གཅིག་ལ་མཐའ་དང་པོ་བཀག་ཟིན་ནས་ཕྱི་མ་གསུམ་དུ་མངོན་པར་ཞེན་ན་དེའང་དགག་སྟེ། མཐར་མཐའ་བཞིའི་སྤྲོས་བྲལ་དུ་བྱ་དགོས་པའི་ཕྱིར་རོ། །དཔེར་ན་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། གཉིས་མེད་ཀྱི་རྣམ་ཤེས་གཅིག་དུ་བྲལ་གྱི་རྟགས་ཀྱིས་བདེན་མེད་དུ་བསྒྲུབས་པའི་རྗེས་སུ་དེ་ཉིད་ལ་མཐའ་བཞིའི་སྤྲོས་བྲལ་གསུངས་པ་ལྟ་བུའོ། །གསུམ་པ་དགག་བྱ་གང་འགོག་པ་ནི། མཐའ་དང་པོ་བཀག་པའི་རྗེས་སུ་རྣམ་རྟོག་གིས་གང་དུ་ཞེན་པའི་ཡུལ་དེ་ཉིད་འགོག་པ་སྟེ། བཞི་བརྒྱ་པ་ལས། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་དང་། རྣམ་འགྲེལ་ལས། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གསུངས་པར་ལྟར་རོ། །མཐའ་བཞི་མཚན་གཞིར་བྱས་ནས་དེའི་སྟེང་དུ་བདེན་པ་འགོག་པ་ནི་མཐའ་དང་པོ་འགོག་པའི་རིགས་པ་སྟེ། རང་བཞིན་སྟོང་པ་ཉིད་ཀྱིས་སྟོང་གཞིའི་ཆོས་ཅན་ལ་བདེན་པར་འགོག་པ་བཞིན་ནོ། །བཞི་པ་དེ་ལྟར་བཀག་པའི་དགོས་པ་ནི། ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་མཚན་མེད་ཚང་བར་རྟོགས་པ་དང་། ཆོས་ཀྱི་བདག་མེད་གསལ་བ་དང་རྒྱས་པར་རྟོགས་དགོས་པས་དེའི་ཆེད་དུ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཡི་ཕྱིར་ན་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་དང་། འཇུག་འགྲེལ་ལས། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ་རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཞེས་གསུངས་པས་སོ། །གཉིས་པ་དེ་དག་འགོག་ཏུ་མི་རུང་བའི་ལོག་རྟོག་དགག་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་སུན་དབྱུང་བའོ། །དང་པོ་ནི། ཕྱིས་ཀྱི་དབུ་མ་པར་རློམ་པ་བསྟན་པའི་སྙིང་པོ་སྤྲོས་བྲལ་ལ་མཐའ་གཅིག་ཏུ་སྡང་བ་དག་ན་རེ། དེ་ལྟར་བདེན་པ་བཀག་ཟིན་ནས་བདེན་པ་བཀག་པའི་སྟོང་ཉིད་དེར་མངོན་པར་ཞེན་པ་ནི་དགག་ཏུ་མི་རུང་སྟེ། དེ་ཡུལ་གྱི་གནས་ལུགས་རྟོགས་པའི་བློ་ཡིན་པའི་ཕྱིར་དང་། དབུ་མའི་དགག་བྱ་ནི་བདེན་པ་ཁོ་ན་ཡིན་ལ། དེས་བདེན་པར་མ་བཟུང་བའི་ཕྱིར་དང་། སྔ་མས་བདེན་པ་བཀག་ཟིན་ནས་ཕྱི་མས་དེའང་འགོག་དགོས་ན་བློ་སྔ་མ་གནོད་བཅས་དང་། ཕྱི་མ་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །འོ་ན། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པ། །ཞེས་སོགས་ཡུལ་གྱི་གནས་ལུགས་མཐའ་བཞི་ཆར་གྱི་སྤྲོས་པ་དང་བྲལ་བ་དང་། བློས་མཐའ་བཞི་གང་དུའང་གཟུང་དུ་མི་རུང་བར་གསུངས་པ་རྣམས་དང་འགལ་ལོ་སྙམ་ན་དེའི་དོན་ནི་དོན་དམ་དུ་ཡོད་པ་ཡང་མ་ཡིན་ཀུན་རྫོབ་ཏུ་མེད་པ་ཡང་མ་ཡིན་པས་བློས་ཀྱང་དེ་ལྟར་འཛིན་དུ་མི་རུང་ཞེས་པའི་དོན་ཡིན་གྱི་ཡོད་མིན་མེད་མིན་སྒྲ་ཇི་བཞིན་དུ་ཁས་ལེན་དུ་མི་རུང་སྟེ། དགག་པ་གཉིས་ཀྱི་རྣལ་མ་གོ་བས་ཡོད་པ་མ་ཡིན་ན་མེད་དགོས་ཤིང་། མེད་པ་མ་ཡིན་ན་ཡོད་དགོས་པའི་ཕྱིར་རོ། །བློས་མཐའ་གང་དུའང་མི་འཛིན་པ་དབུ་མའི་ལྟ་བར་འདོད་པ་ནི་རྒྱ་ནག་ཧ་ཤང་གི་ལྟ་བ་དང་མཚུངས་པས་བདེན་པ་བཀག་ཟིན་ནས་བདེན་པས་སྟོང་པའི་སྟོང་ཉིད་དེ་ཁོ་ནར་གཟུང་བ་ནི་གནས་ལུགས་རྟོགས་པའི་བློ་ཡིན་ནོ། །དེ་ལྟར་བདེན་འཛིན་ལེགས་པར་ངོས་ཟིན་ན་བདག་འཛིན་གཉིས་མ་ཡིན་པའི་རྟོག་པ་དུ་མ་ཞིག་ཡོད་པ་ཤེས་པར་འགྱུར་བས་རྟོག་པས་གང་གཟུང་གི་ཡུལ་ཐམས་ཅད་དེ་ཁོ་ན་ཉིད་ལ་དཔྱོད་པའི་རིགས་པས་འགོག་པར་འདོད་པའི་ལོག་རྟོག་ཐམས་ཅད་བཟློག་པར་འགྱུར་རོ། །ཞེས་འཛེར་ཏོ། །གཉིས་པ་ནི། བདེན་པ་བཀག་ཟིན་ནས་དེ་བཀག་པའི་སྟོང་ཉིད་དུ་མངོན་པར་ཞེན་པ་དག་དགག་ཏུ་མི་རུང་བར་འདོད་པ་ནི་དབུ་མའི་གཞུང་ལུགས་ཀྱི་གནད་ཆེན་པོ་འཕྱུགས་པ་སྟེ། མདོ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཡུམ་བར་མ་ལས། གཟུགས་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གཟུགས་མི་སྟོང་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་སོགས་དབུ་མའི་གཞུང་ལུགས་ཁུངས་ཐུབ་ཐམས་ཅད་ནས་སྟོང་མི་སྟོང་ལ་སོགས་པའི་གཉིས་འཛིན་ཐམས་ཅད་དགག་བྱར་གསུངས་པར་མཐུན་པའི་ཕྱིར་རོ། །བདེན་པས་སྟོང་པའི་སྟོང་པ་ཁོ་ནར་བཟུང་བ་དབུ་མའི་ལྟ་བ་མཐར་ཐུག་རྟོགས་པར་བྱས་ནས་དེ་དགག་ཏུ་མི་རུང་བ་ནི་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་རྣམ་གྲངས་དུ་མས་སྨད་ཅིང་རྣལ་འབྱོར་ཆེན་པོའི་སྐབས་སུ་རྩ་ལྟུང་བཅུ་གཅིག་པར་འགྱུར་བར་གསུངས་པ་སོགས་མང་དུ་ཡོད་ཀྱང་འདིར་སྐབས་མ་ཡིན་པས་མ་སྤྲོས་སོ། །དབུ་མའི་རིགས་པས་དགག་བྱ་བདེན་པ་ཁོ་ན་ཡིན་པ་ལའང་རིགས་པས་གནོད་དེ། དེ་ལྟར་ན་མཐའ་གང་རུང་གཅིག་དང་བྲལ་ན་དབུ་མར་འགྱུར་བས་ཁྱབ་པར་ཐལ། དབུ་མའི་རིགས་པས་དགག་པར་བྱ་བའི་མཐའ་ནི་བདེན་པར་ཡོད་མེད་གཉིས་ཀྱི་ནང་ནས་བདེན་པ་ཁོ་ན་དང་ཡང་དག་པར་ཡོད་མེད་གཉིས་ཀྱི་ནང་ནས་ཡང་དག་པར་ཡོད་པ་ཁོ་ན་སོགས་ཡིན་པའི་ཕྱིར། གལ་ཏེ་མཐའ་གཉིས་སུ་བྱས་པའི་མེད་མཐའ་ནི་ཀུན་རྫོབ་ཏུ་མེད་པ་ཡིན་པས་སྐྱོན་མེད་དོ་སྙམ་ན། འོ་ན་གནས་ལུགས་དཔྱོད་པའི་རིགས་པས་དཔྱད་པའི་ཚེ་སྣང་བའི་དངོས་པོ་རྣམས་ཀུན་རྫོབ་ཏུ་ཡོད་པར་འགྱུར་ཏེ་དེའི་ཚེ་མཐའ་བཞི་ཆར་བཀག་པས་སྣང་བའི་དངོས་པོ་ཀུན་རྫོབ་ཏུ་མེད་པའང་དགག་དགོས་པའི་ཕྱིར། ཁྱབ་པ་ནི་ཁྱེད་ཅག་ཨེ་དྲན། འདོད་ན་ཅི་ལྟར་འགྱུར་སོམས་ཤིག བློ་སྔ་མ་ཡུལ་གྱི་གནས་ལུགས་རྟོགས་པས་བློ་ཕྱི་མས་དེ་དགག་ཏུ་མི་རུང་ཞེས་པའང་གནད་མ་ཟིན་པའི་བློ་ངོར་འཐད་པར་སྣང་ཡང་གནད་ཟིན་ན་འདི་ལྟར་འགྱུར་ཏེ། རིགས་པས་བདེན་པ་བཀག་ནས་བདེན་མེད་དུ་མངོན་པར་ཞེན་པའི་བློ་དེ་བདེན་པ་བཀག་པའི་ཆ་ནས་ཡུལ་གྱི་གནས་ལུགས་རྟོགས་པ་ཡིན་ཀྱང་བདེན་མེད་དུ་མངོན་པར་ཞེན་པའི་ཆ་ནས་ཕྱིན་ཅི་ལོག་ཡིན་པས་བློ་ཕྱི་མས་དགག་དགོས་ཏེ། རིགས་པས་དཔྱད་པའི་ཚེ་བདེན་འཛིན་གྱི་ཞེན་ཡུལ་བདེན་པ་མེད་པ་ལྟར་བདེན་མེད་དུ་འཛིན་པའི་ཞེན་ཡུལ་བདེན་མེད་དེའང་མེད་པར་མཚུངས་པའི་ཕྱིར་རོ། །དཔེར་ན་བདེན་བཞིའི་སྟེང་དུ་རྟག་སོགས་བཅུ་དྲུག་བཀག་པའི་ཆ་ནས་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་བློ་ཡུལ་གྱི་གནས་ཚུལ་རྟོགས་པར་འཇོག་ཀྱང་ཞེན་ཡུལ་མི་རྟག་ལ་སོགས་བཅུ་དྲུག་པོ་རིགས་པས་དཔྱད་པའི་ཚེ་མ་གྲུབ་པས་དེར་ཞེན་པའི་བློ་ཕྱིན་ཅི་ལོག་ཡིན་པ་བཞིན་ནོ། །དེ་ཡང་མགོན་པོ་བྱམས་པས་མི་རྟག་ལ་སོགས་བཅུ་དྲུག་ལའང་མངོན་ཞེན་འགོག་པ་དང་། བདེན་བཞིའི་སྟེང་དུ་སྤྲོས་པ་སོ་གཉིས་བཀག་ནས་བསྒོམས་པས་མཐོང་ལམ་གྱི་སྐབས་སུ་སྤྲོས་པ་སོ་གཉིས་དང་བྲལ་པའི་སྤྲོས་བྲལ་མངོན་དུ་འགྱུར་བར་གསུངས་པ་དེ་ཉིད་འདི་ལ་ཚད་མ་ཡིན་ནོ། །དེ་བཞིན་དུ་འཁོར་གསུམ་དུ་མངོན་པར་ཞེན་པའི་སྒོ་ནས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་སོགས་སེར་སྣ་དང་འཆལ་ཚུལ་གྱི་གཉེན་པོ་ཡིན་ཡང་བློ་དེ་ཉིད་གནས་ཚུལ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཡིན་པས་འཁོར་གསུམ་མི་དམིགས་པའི་བློས་སྤོང་དགོས་པ་དང་། དེ་བཞིན་གཤེགས་པ་ལ་མཚན་འཛིན་དང་བཅས་ཏེ་ཕྱག་འཚལ་བ་མ་དད་པ་སོགས་ཀྱི་གཉེན་པོ་ཡིན་ཡང་གནས་ཚུལ་ལ་ལྟོས་ཏེ་ཕྱིན་ཅི་ལོག་ཡིན་པར་གསུངས་པ་སོགས་མཐའ་ཡས་པར་ཤེས་པར་བྱའོ། །གལ་ཏེ་དེ་དག་འདིར་ཁས་མི་ལེན་ནོ། །སྙམ་ན་མགོན་པོ་བྱམས་པས་ཡུམ་དོན་དབུ་མར་འགྲེལ་པའི་བསྟན་བཅོས་དབུ་མའི་སྐབས་སུ་ཁས་མི་ལེན་པ་ནི་ཧ་ཅང་མི་འཚམ་པའི་ལོག་རྟོག་ཡིན་པས་གཞན་དུ་བཀག་ཟིན་ཅིང་དབུ་མའི་གཞུང་ལུགས་འདིར་ཡང་། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པ་འོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །ཞེས་སོགས་རྟག་མི་རྟག་སོགས་ཕྱོགས་གཉིས་ཆར་ཕྱིན་ཅི་ལོག་ཡིན་པར་གསུངས་པ་དང་། ཁྱེད་རང་གིས་ཀྱང་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པས་གང་ཟག་གི་བདག་མེད་རྟོགས་པ་གང་ཟག་གི་བདག་མེད་མཚན་ཉིད་ཡོངས་སུ་རྫོགས་པར་མ་རྟོགས་པར་ཁས་བླངས་པ་དང་འགལ་ལོ། །བློ་སྔ་མ་གནོད་བཅས་དང་། ཕྱི་མ་ཐུག་མེད་དུ་འགྱུར་རོ་ཞེས་པའང་མ་དཔྱད་པ་སྟེ། ཇི་སྲིད་མཐའ་བཞིའི་སྤྲོས་པ་མ་ལུས་པར་མ་བཀག་གི་བར་དུ་དེར་འགྱུར་བ་ནི་འདོད་ཐོག་ཏུ་བབ་པས་གནོད་བྱེད་མ་ཡིན་ལ། མཐའ་བཞིའི་སྤྲོས་པ་བཀག་ཟིན་ནས་ནི་དེར་མི་འགྱུར་ཏེ་བློ་སྔ་མས་མཐའ་གང་དུའང་མ་བཟུང་བས་ཕྱི་མས་དགག་པར་བྱར་མེད་པའི་ཕྱིར་རོ། །ཡོད་མིན་མེད་མིན་གྱི་དོན་དོན་དམ་དུ་ཡོད་པ་མ་ཡིན། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་པ་ལ་འཆད་པ་ནི་བདེན་པ་གཉིས་ཆར་ལ་ལྟོས་ནས་རྟག་ཆད་སྤང་པའི་སྐབས་འགའ་ཞིག་ཏུ་དེ་ལྟར་འཆད་དགོས་པ་ཡོད་ཀྱང་། མཐའ་བཞིའི་སྤྲོས་བྲལ་གྱི་ཚེ་དེ་ལྟར་འཆད་དུ་མི་རུང་སྟེ། མཐའ་བཞིའི་སྤྲོས་བྲལ་མཚན་ཉིད་པ་ནི་འཕགས་པའི་མཉམ་གཞག་ཟག་པ་མེད་པའི་ཡེ་ཤེས་ཀྱི་གཟིགས་ངོ་ཡིན་ལ་རྗེས་མཐུན་པ་ནི་མཐར་ཐུག་དཔྱོད་པའི་རིགས་ཤེས་བློ་ངོར་རྟོགས་དགོས་ཤིང་དེའི་ཚེ་ཆོས་ཅན་བུམ་པ་ལྟ་བུ་ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་དགོས་པར་སྔར་བཤད་ཟིན་ཅིང་དེའང་ཁས་བླངས་ན་ཐལ་འགྱུར་བ་རྣམས་ཀྱིས་མྱུ་གུ་བདག་ལས་སྐྱེ་བ་མེད་པར་བསྒྲུབ་པ་ལ་རང་རྒྱུད་བྱ་མི་རིགས་པའི་ཤེས་བྱེད་དུ་དེའི་ཚེ་ཆོས་ཅན་མྱུ་གུ་ཚད་མས་གྲུབ་པ་མེད་པ་འདི་ཉིད་གཙོ་བོར་བཀོད་པ་ཚིག་གསལ་ལས་གསུངས་པ་དང་འགལ་ལོ། །ཡང་ཡོད་མིན་མེད་མིན་གྱི་དོན་ཡོད་པར་ཡང་བདེན་པར་མ་གྲུབ། མེད་པར་ཡང་བདེན་པར་མ་གྲུབ། ཅེས་སོགས་ལ་འཆད་པ་ནི་བྱིས་པ་བསླུ་བར་བྱེད་པའི་གཏམ་སྟེ། སྤྱིར་འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཅེས་པ་ལྟ་བུ་འདུས་བྱས་དང་འདུས་མ་བྱས་གཉིས་ཀ་དགག་གཞིར་བྱས་ནས་དེའི་སྟེང་དུ་བདེན་པ་བཀག་པའང་ཡོད་མོད་ཀྱི་ཆོས་ཅན་གཟུང་འཛིན་གཉིས་སྟོང་གི་རྣམ་ཤེས་ལྟ་བུའི་སྟེང་དུ་མཐའ་བཞིའི་སྤྲོས་པ་བཀག་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས་གསུངས་པས་དེའི་ཚེ་ཡོད་པ་དང་མེད་པ་སོགས་བཞི་པོ་ཆོས་ཅན་དུ་བྱས་ནས་དེའི་སྟེང་དུ་བདེན་པ་བཀག་པ་ལ་འབྲེལ་ཅི་ཡོད་སོམས་ཤིག གལ་ཏེ་དེའི་དོན་གཟུང་འཛིན་གཉིས་སྟོང་གི་རྣམ་པར་ཤེས་པ་དོན་དམ་དུ་ཡོད་པ་མ་ཡིན། ཀུན་རྫོབ་ཏུ་མེད་པ་མ་ཡིན་ཞེས་སོགས་ལ་སྦྱོར་བ་ཡིན་ནོ་སྙམ་ན། རྣམ་པར་ཤེས་པ་ཆོས་ཅན་དོན་དམ་དུ་ཡོད་པ་དང་། ཀུན་རྫོབ་ཏུ་མེད་པ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་མ་ཡིན་པ་མིན་པའི་ཕྱིར། རྟགས་འབྲུ་གནོན་གྱི་ཐོག་ཏུ་དངོས་འགལ། ཁྱབ་པ་དགག་པ་གཉིས་ཀྱི་རྣལ་མ་གོ་བ་ལ་དངོས་འགལ་ཡིན་པས་རྗེས་འབྲང་དག་ལེགས་པར་སོམས་ཤིག དབུ་མའི་ལྟ་བ་ལ་དཔྱོད་པའི་སྐབས་འདིར་དགག་པ་གཉིས་ཀྱི་རྣལ་མ་གོ་བ་འདི་ལ་འཕགས་མཆོག་ཀླུ་སྒྲུབ་ཀྱིས། ཡང་དག་ཇི་བཞིན་ཡོངས་ཤེས་པས། །མེད་དང་ཡོད་པར་མི་འདོད་པ། །དེ་ཕྱིར་མེད་པ་པར་འགྱུར་ན། །ཅི་ཕྱིར་ཡོད་པ་པར་མི་འགྱུར། །གལ་ཏེ་ཡོད་པ་སུན་ཕྱུང་བས། །དོན་གྱིས་འདི་ནི་མེད་པར་བསླན། །དེ་བཞིན་མེད་པར་སུན་ཕྱུང་བས། །ཡོད་པར་ཅི་ཡི་ཕྱིར་མི་བསླན། །ཞེས་ཆེད་དུ་གཏད་པའི་དགག་པའང་མཛད་ཅིང་། གཞན་ཡང་ཆད་མཐའ་བཀག་ན་རྟག་མཐར་འགྱུར་པ་དང་། རྟག་མཐའ་བཀག་ན་ཆད་མཐར་འགྱུར་པ་དང་། མི་རྟག་ལ་སོགས་བཅུ་དྲུག་བཀག་ན་རྟག་སོགས་བཅུ་དྲུག་ཏུ་འགྱུར་བ་དང་། རྟག་སོགས་བཅུ་དྲུག་བཀག་ན་མི་རྟག་ལ་སོགས་བཅུ་དྲུག་ཏུ་འགྱུར་བར་ཐལ་བ་སོགས་སྐྱོན་གཞལ་དུ་མེད་པ་འབབ་པས། མཐའ་གཉིས་སྤངས་པའི་དབུ་མ་དོན་དུ་གཉེར་བ་དག་གིས་བཞི་མདོའི་རྩྭ་བཞིན་དོར་བར་བྱའོ། །མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོར་སྤྲོས་པའི་མཐའ་བཞི་བཀག་པ་ལ་རྒྱ་ནག་ཧྭ་ཤང་གི་ལྟ་བ་ཡིན་ནོ་ཞེས་སྨྲ་བ་ནི་བརྟགས་དཔྱད་མ་བྱས་པའམ། ཐབས་ལ་བསླུ་བའི་བདུད་ཀྱིས་ཆེད་དུ་གཏད་ནས་སྨྲས་པ་སྟེ། རྒྱ་ནག་ཧྭ་ཤང་གིས་ནི་གནས་ལུགས་ཀྱི་དོན་ལ་བརྟགས་དཔྱད་མི་བྱེད་པར་རྟོགས་པ་རང་དགར་བཀག་ནས་ཅིའང་ཡིད་ལ་མི་བྱེད་པ་ཙམ་ལ་ལྟ་བ་མཐར་ཐུག་རྟོགས་པར་འདོད་པ་ཡིན་ཞིང་། དེ་ཉིད་མཁས་པ་ཀ་མ་ལ་ཤཱི་ལས་ལུང་དང་རིགས་པས་སུན་ཕྱུང་བ་ཡིན་ལ་འདིར་ནི་དབུ་མའི་གཞུང་ལུགས་ལས་བཤད་པའི་རིགས་པ་རྣམས་ཀྱིས་ཡུལ་གྱི་གནས་ལུགས་གཏན་ལ་ཕབ་ནས་མཐར་འཛིན་གྱི་ཞེན་ཡུལ་རེ་རེ་ནས་སུན་ཕྱུང་སྟེ་མཐར་ཡོད་མེད་ལ་སོགས་པའི་སྤྲོས་པ་གང་ཡང་མ་རྙེད་པ་ཙམ་ལ་དབུ་མའི་ལྟ་བ་རྟོགས་ཞེས་པའི་ཐ་སྙད་མཛད་པ་ཡིན་པའི་ཕྱིར་རོ། །བདག་འཛིན་གཉིས་མ་ཡིན་པའི་རྣམ་རྟོག་ཕུང་པོ་གསུམ་པ་དུ་མ་ཡོད་ཅེས་པའི་དོན་དེ་བདེན་འཛིན་གྱི་སྒྲོ་འདོགས་ཆོད་ནས་བཏགས་ཡོད་ཙམ་དུ་མངོན་པར་ཞེན་པའི་འཁོར་གསུམ་དུ་རྣམ་པར་རྟོག་པའི་བློའམ་དགག་བྱ་བཀག་པའི་བཀག་པ་ལ་མངོན་པར་ཞེན་པའི་བློ་ལ་ཆད་དགོས་ཏེ། དེ་ལས་གཞན་པ་མི་སྲིད་པའི་ཕྱིར་རོ། །དེའང་འདོད་ན་བློ་སྔ་མ་སྤང་བྱ་མ་ཡིན་པའམ་ཡང་ན་ཞེན་ཡུལ་སུན་མ་ཕྱུང་བར་ཞེན་བྱེད་ཀྱི་བློ་སྤོང་བ་ཡོད་པར་ཁས་ལེན་དགོས་པར་འགྱུར་རོ། །བློ་ཕྱི་མ་སྤང་བྱ་མ་ཡིན་པར་ཁས་ལེན་པར་སྣང་ཡང་བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་སོགས་དང་འགལ་བས་མི་འཐད་དོ། །རྣམ་རྟོག་གིས་གང་དུ་ཞེན་པའི་ཡུལ་ཐམས་ཅད་མཐར་ཐུག་དཔྱོད་པའི་རིགས་ངོར་དགག་བྱ་མ་ཡིན་པར་འདོད་པའང་མི་འཐད་དེ། རྣམ་རྟོག་གིས་གང་དུ་ཞེན་པའི་ཡུལ་ཐམས་ཅད་མཐར་ཐུག་དཔྱོད་པའི་རིགས་པས་དཔྱད་ནས་བདེན་མེད་དུ་གཏན་ལ་དབབ་དགོས་པའི་ཕྱིར་འོ་ན་ཀུན་རྫོབ་བདེན་པའང་མཐར་ཐུག་དཔྱོད་པའི་རིགས་ངོར་དགག་བྱར་འགྱུར་རོ་ཞེ་ན་ཤིན་ཏུའང་འདོད་དེ། མཐར་ཐུག་དཔྱོད་པའི་རིགས་པས་བཙལ་བའི་ཚེ་མི་རྙེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྣང་བའི་སྟེང་དུ་བདེན་པར་ཡོད་མེད་རྩོད་པའི་ཚེ་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་སྣང་བ་ཡོད་པར་འགྱུར་ཏེ། དེའི་ཚེ་སྣང་བའི་སྟེང་དུ་བདེན་པ་ཙམ་འགོག་གི སྣང་བ་མི་འགོག་པར་ཁས་བླངས་པའི་ཕྱིར་འདོད་ན་ཐལ་འགྱུར་བའི་ལུགས་ལས་ཉམས་སོ། །གཞན་ཡང་བདག་འཛིན་གཉིས་པོ་མ་ཡིན་པའི་རྟོགས་པ་ཕུང་པོ་གསུམ་པ་དེ་དག་སྤང་བྱ་ཡིན་ནམ་མ་ཡིན། མིན་ན་སངས་རྒྱས་ཀྱི་སར་རྟོག་པ་ཡོད་པར་འགྱུར་ཞིང་། ཡིན་ན་ཞེན་ཡུལ་སུན་མ་ཕྱུང་བར་ཞེན་བྱེད་ཀྱི་བློ་སྤོང་པ་ཡོད་པར་འགྱུར་ཏེ། དེའི་ཞེན་ཡུལ་སུན་དབྱུང་དུ་མེད་པར་ཁས་བླངས་པའི་ཕྱིར། གཞན་ཡང་མཚན་འཛིན་ཡིན་ན་བདེན་འཛིན་ཡིན་པས་ཁྱབ་པར་འགྱུར་ཏེ། དེ་ཡིན་ན་བདག་འཛིན་གཉིས་པོ་གང་རུང་ཡིན་པའི་ཁྱབ། དེ་གཉིས་གང་རུང་ཡིན་ན། བདེན་འཛིན་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པས་མཚན་འཛིན་མ་ལུས་པར་སྤངས་པར་ཐལ། འདོད་པ་གང་ཞིག བདེན་འཛིན་ཡིན་ན་ཉོན་སྒྲིབ་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། འདོད་ན་དེས་མཚན་མེད་ཚང་བར་རྟོགས་པར་ཁས་བླངས་དགོས་པས་ཡབ་སྲས་ཀྱི་གཞུང་ལས་མཚན་མེད་ཚང་བར་རྟོགས་པ་ཐེག་ཆེན་གྱི་ཁྱད་ཆོས་སུ་གསུང་པ་དང་འགལ་ལོ། །རྣམ་རྟོག་གིས་གང་དུ་ཞེན་པའི་ཡུལ་ཐམས་ཅད་དགག་བྱར་འདོད་པ་ལོག་རྟོག་ཡིན་ན་མདོ་ལས་གཟུགས་སྟོང་པ་དང་། མི་སྟོང་པར་སྤྱོད་པ་སོགས་གཉིས་འཛིན་ཐམས་ཅད་མཚན་མ་ལ་སྤྱོད་པར་གསུངས་པ་དང་། ཏིང་འཛིན་རྒྱལ་པོ་ལས། མཐའ་གཉིས་སྤངས་ནས་དབུས་ལའང་མི་གནས་པར་གསུངས་པ་དང་། མགོན་པོ་བྱམས་པས། རྣམ་པར་མངོན་ཞེན་ལ་སོགས་འགོག །ཅེས་དང་། གཟུགས་སོགས་ཕུང་པོ་སྟོང་ཉིད་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་དང་། གང་ཞིག་ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། །བརྟགས་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གི་རིག་ཞི་བ། །ཞེས་དང་། དེ་བཞིན་དུ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་རྣམས་ལས་སྔར་དྲངས་པ་ལྟར་མཐའ་བཞིའི་སྤྲོས་བྲལ་གསུངས་པ་ཐམས་ཅད་ལོག་རྟོག་ཏུ་འགྱུར་རོ། །དེ་བཞིན་དུ་ངེས་དོན་གྱི་མདོ་སྡེ་དང་འཕགས་ཡུལ་མཁས་གྲུབ་རྣམས་ཀྱི་བསྟན་བཅོས་རྣམ་དག་རྣམས་དང་། བོད་ཀྱི་སྐྱེས་ཆེན་མཁས་ཤིང་གྲུབ་པ་བརྙེས་པ་ཐམས་ཅད་མགྲིན་གཅིག་ཏུ་རྟོགས་པས་གང་དུ་ཞེན་པའི་ཡུལ་དེ་ཉིད་དགག་བྱར་གསུངས་པའི་ལོག་རྟོག་འདི་ཧ་ཅང་རྒྱ་མ་ཆེས་སམ་ལེགས་པར་དཔྱོད་ལ་སྨྲོས་ཤིག ད་ནི་གནད་ཀྱི་དོན་བསྡུས་ཏེ་བརྟན་པར་བྱ་སྟེ། སོ་སོ་སྐྱེ་བོས་གནས་ལུགས་ལ་དཔྱོད་པའི་ཚེ་ཐོག་མར་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་མཐའ་དང་པོ་བདེན་པ་བཀག་པའི་ཚེ་རིགས་ཤེས་དེའི་བྱེད་པ་ནི་བདེན་པ་བཀག་པ་དོན་ཡིན་པས་བདེན་མེད་དུ་མངོན་པར་ཞེན་པ་སྐྱོན་མ་ཡིན་ཏེ་རྟོག་པས་བདེན་པ་བཀག་པ་ལ་བདེན་མེད་དུ་མངོན་པར་ཞེན་པ་ལས་མ་འདས་པའི་ཕྱིར། བློ་ཕྱི་མ་ལ་ལྟོས་ནས་དེ་ཉིད་སྐྱོན་ཡིན་པས་ཞེན་ཡུལ་བདེན་མེད་ཉིད་མ་རྙེད་པའི་སྒོ་ནས་བདེན་མེད་དུ་ཞེན་པ་ཉིད་ཀྱང་དགག་དགོས་ཏེ། དེའི་ཚེ་བློ་དེའི་བྱེད་པ་ནི་བདེན་མེད་དུ་ཞེན་པ་བཀག་པ་ཡིན་པས་བདེན་མེད་མ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པ་སྐྱོན་མ་ཡིན་པ་ནི་སྔ་མ་དང་འདྲའོ། །དེའང་བློ་གསུམ་པ་ལ་ལྟོས་ནས་སྐྱོན་དུ་སོང་བས་གསུམ་པས་བདེན་མེད་མ་ཡིན་པར་མངོན་པར་ཞེན་པའང་བཀག་ལ། དེའང་བློ་བཞི་པ་ལ་ལྟོས་ནས་སྐྱོན་དུ་སོང་བས་བཞི་པས་དེའང་བཀག་སྟེ་མདོར་ན་མཐའ་བཞི་རིམ་པ་བཞིན་དུ་འགོག་པའོ། །བཞི་པ་ཕན་ཆད་ཀྱི་འཛིན་སྟངས་མི་སྲིད་པས་ཐུག་མེད་དུ་མི་འགྱུར་རོ། །རིགས་ཤེས་དེའི་རྒྱུན་གོམས་ནས་གནས་ལུགས་མངོན་སུམ་དུ་རྟོགས་པའི་ཚེ་མཐའ་བཞི་ཆར་གྱི་སྤྲོས་པ་མི་འབྱུང་བས་གཙོ་བོའི་སྒོ་ནས་དགག་དགོས་པ་ནི་མ་ཡིན་ནོ། །ས་བདུན་པ་མན་ཆད་ཀྱི་རྗེས་ཐོབ་ཏུ་ཞེན་པ་ནམ་བྱུང་བའི་ཚེ་དགག་དགོས་པ་ནི་སྔ་མ་དང་འདྲའོ། །གཉིས་པ་ནི་གཏན་ཚིགས་ཀྱི་སྒོ་ནས་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ལྔ་ནི་གང་ལ་དཔྱད་པར་བྱ་བའི་དགག་བྱའི་སྒོ་ནས་ངོ་བོ་ལ་དཔྱོད་པ་གཅིག་དང་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས་ཞེས་པའི་ཐ་སྙད་མཛད་ལ། གཏན་ཚིགས་ཀྱི་སྒོ་ནས་དང་པོ་བཞི་འབྲེལ་ཟླ་མ་དམིགས་པ་དང་། ཕྱི་མ་འགལ་ཟླ་དམིགས་པའི་གཏན་ཚིགས་ཞེས་པའི་ཐ་སྙད་སྔ་རབས་པ་རྣམས་མཛད་དོ། །འོན་ཀྱང་ཕྱི་མ་འདི་ལ་བདེན་པར་ཡོད་པ་འགོག་པ་ལ་སྦྱོར་བ་དང་། ཐ་སྙད་དུ་མེད་པ་འགོག་པ་ལ་སྦྱོར་བ་གཉིས་ཡོད་པས་དང་པོ་འགལ་ཟླ་དམིགས་པ་དང་། ཕྱི་མ་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །ལྔ་པོ་འདི་དག་དགག་བྱ་འགོག་ཚུལ་དང་། ཚུལ་གསུམ་སྒྲུབ་ཚུལ་རྒྱས་པར་ནི་འོག་ཆོས་ཀྱི་བདག་མེད་བསྒྲུབ་པའི་སྐབས་སུ་འཆད་པར་འགྱུར་ཞིང་། ཐལ་འགྱུར་བས་གཞན་ལ་གྲགས་ཀྱི་རྗེས་དཔག་དང་། རང་རྒྱུད་པས་རང་རྒྱུད་ཀྱི་རྟགས་སུ་འདོད་པའི་ཁྱད་པར་ནི་ཐལ་རང་གི་ཁྱད་པར་གྱི་སྐབས་སུ་འཆད་པར་འགྱུར་རོ། །འོ་ན་མཐའ་དང་པོ་འགོག་པའི་རིགས་པའི་འཐད་པའམ། སྒྲུབ་བྱེད་དམ། གཏན་ཚིགས་དེ་དག་ཐལ་བ་ཙམ་གྱིས་ཡིན་ནམ། རང་རྒྱུད་ཀྱི་ཡིན་སྙམ་ན་དེའི་ལན་དུ། གསུམ་པ་འགྲེལ་ཚུལ་གྱི་སྒོ་ནས་ཐལ་འགྱུར་དང་རང་རྒྱུད་ཀྱི་རིགས་པ་བཤད་པ་ལ་ལྔ་སྟེ། དཔྱད་གཞི་རྒྱ་གར་མཁས་པའི་གཞུང་ལས་བཤད་ཚུལ་འགོད། དེ་ལ་སྔོན་གྱི་མཁས་པ་རྣམས་དཔྱད་པ་ཇི་ལྟར་མཛད་པའི་ཚུལ། དེ་དག་འཐད་མི་འཐད་ཀྱི་ཆ་སོ་སོར་དབྱེ་བ། ཕྱིས་ཀྱི་རང་དགར་བཏགས་པའི་རྣམ་གཞག་ཞིབ་ཏུ་དགག་པ། རང་ལུགས་འཐད་པའི་ཕྱོགས་རྣམས་སྒྲུབ་བྱེད་དང་བཅས་ཏེ་བཤད་པའོ། །དང་པོ་ནི། རྩ་བ་ཤེས་རབ་ཀྱི་མཐའ་བཞིའི་སྐྱེ་བ་བཀག་པའི་དམ་བཅའ་བཞི་པོ་སྒྲུབ་པའི་རིགས་པ་ལ་ཐོགས་མར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་སོགས་ཐལ་བའི་རྣམ་གཞག་གསུངས་སོ། །དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང་། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུགས་པ་ཡོད་པར་འགྱུར་བའི་ཕྱིར་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་པའི་སྐྱོན་བརྗོད་ནས་རང་ལུགས་རང་རྒྱུད་ཀྱི་རིགས་པ་འབའ་ཞིག་གིས་བསྒྲུབ་པར་མཛད་དོ། །དེ་ལ་སློབ་དཔོན་ཟླ་བས་ཁྱོད་ཀྱིས་སྐྱོན་དེ་དག་རང་རྒྱུད་ཀྱི་གཏན་ཚིག་དང་དཔེ་མ་བརྗོད་པ་སོགས་ཀྱི་སྒོ་ནས་བརྗོད་ན་སངས་རྒྱས་བསྐྱངས་ཀྱི་ལུགས་དེ་མི་རིགས་པར་མི་འགྲུབ་སྟེ། ཐལ་བས་གཞན་གྱི་ལོག་རྟོག་བཟློག་པས་རང་རྒྱུད་དགོས་པ་མེད་པའི་ཕྱིར་དང་། གཞན་དུ་ན་རང་རྒྱུད་ཀྱིས་ཀྱང་མི་ཟློག་པས་རང་རྒྱུད་ལ་ནུས་པ་མེད་པའི་ཕྱིར་དང་། དེའི་ཚེ་ཆོས་ཅན་མཐུན་སྣང་དུ་གྲུབ་པའི་སྟེང་དུ་ཁྱད་ཆོས་ཁས་མ་བླངས་པས་རང་རྒྱུད་ཉིད་མི་འཐད་པའི་ཕྱིར། ཞེས་སོགས་ཀྱི་སྒོ་ནས་སུན་ཕྱུང་ནས་རང་ལུགས་ཐལ་བ་འབའ་ཞིག་གིས་བསྒྲུབ་པའི་གཞུང་ལུགས་འཛུགས་པར་མཛད་དེ། འདི་དག་ནི་འོག་རྡོ་རྗེ་གཟེགས་མའི་སྐབས་སུ་ཞིབ་པར་འཆད་པར་འགྱུར་བས་འདིར་མ་སྤྲོས་སོ། །འཇུག་པའི་འགྲེལ་བཤད་མཛད་པ་ཛ་ཡ་ཨ་ནནྟས་ཀྱང་འདིར་ཐལ་འགྱུར་གྱི་མཚན་ཉིད་ནི་གཞན་གྱིས་ཁས་བླངས་པའི་སྒོ་ནས་གཞན་ལ་མི་འདོད་པ་སྟོན་པ་གང་ཡིན་པ་སྟེ། དཔེར་ན་གཞན་གྱིས་དངོས་པོ་བདག་ལས་སྐྱེ་བའི་མཚན་ཉིད་ཅན་གྱི་དངོས་པོ་ཁས་ལེན་ན་མྱུ་གུ་ལ་སོགས་པ་རྣམས་མི་སྐྱེ་བར་འགྱུར་རོ། །ཞེས་མི་འདོད་པ་བརྗོད་པར་བྱེད་པ་གང་ཡིན་པ་ལྟ་བུའོ། །དེ་ལ་འགའ་ཞིག་ན་རེ། གལ་ཏེ་ཐལ་འགྱུར་གཏན་ཚིགས་སུ་འདོད་ན་ཚད་མས་གྲུབ་པ་ཡིན་ནམ། འོན་ཏེ་མ་གྲུབ་པ་ཡིན། དེ་ལ་ཕྱོགས་དང་པོ་ལྟར་ན་དེའི་ཚེ་གཉིས་ཀ་ལ་གྲུབ་པ་ཡིན་པས་གཞན་གྱིས་ཁས་བླངས་པ་ཞེས་ཇི་ལྟར་བརྗོད། ཕྱོགས་གཉིས་པ་ལྟར་ན་གཞན་གྱིས་ཁས་ལེན་པར་མི་འོས་པ་ཡིན་པས་གཞན་གྱིས་ཁས་བླངས་པ་ཞེས་ཇི་ལྟར་བརྗོད་ཅེ་ན་དེའི་ལན་ནི་ཚད་མས་གྲུབ་པ་གང་ཡིན་པ་དེ་གཉིས་ཀ་ལ་གྲུབ་པ་ཡིན་ནོ་ཞེས་པ་དེ་ཉིད་ཁོ་བོས་མི་ཤེས་ཏེ། འདི་ལྟར་རྒོལ་བས་སྒྲུབ་བྱེད་བཀོད་པའི་དུས་ན་གང་གཏན་ཚིགས་འགོད་པ་དེ་ལ་ཚད་མས་གྲུབ་པ་ཡིན་ནམ། གཞན་ལ་ཚད་མས་གྲུབ་པ་དེས་ཇི་ལྟར་ཤེས་ཏེ། གཞན་གྱི་སེམས་ཀྱི་ཁྱད་པར་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །རང་ཉིད་ལའང་ཚད་མས་གྲུབ་པར་ཇི་ལྟར་ཤེས་ཏེ་འཁྲུལ་པའི་རྒྱུ་མཚན་གྱིས་དུས་རིང་མོ་ནས་བཟུང་བའི་ཕྱིར་བསླུ་བ་སྲིད་པས་སོ། །དེའི་ཕྱིར་རྒོལ་བ་དང་། ཕྱི་རྒོལ་བ་དག་གིས་ཚད་མ་ཉིད་དུ་ཁས་བླངས་པའི་སྟོབས་ཀྱིས་དངོས་པོ་ཐམས་ཅད་ཀྱིས་རང་བཞིན་ཁས་ལེན་པ་ཡིན་ནོ། །དེས་ན་གཞན་གྱིས་ཁས་བླངས་པའི་སྒོ་ནས་གཞན་གྱི་ཕྱོགས་སུན་འབྱིན་པར་རིགས་པ་ཡིན་ནོ། །གཞན་ཡང་རང་རྒྱུད་ཀྱི་གཏན་ཚིགས་ཀྱི་ཕྱོགས་ལ་ཁྱབ་པ་ཚད་མས་གྲུབ་ན་འཐད་དུ་ཆུག་ཀྱང་ཁྱབ་པ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མས་མ་གྲུབ་པས། འཇིག་རྟེན་པ་ཁས་བླངས་པ་ཙམ་གྱི་སྒོ་ནས་ཁྱབ་པ་གྲུབ་པ་ཡིན་པས་ན་ཐལ་འགྱུར་གྱི་གཏན་ཚིགས་ཀྱིས་གཞན་གྱི་ཕྱོགས་སུན་འབྱིན་པ་ཅི་ལྟར་མི་རིགས་ཞེས་ཐལ་འགྱུར་གྱི་གཞུང་འཛུགས་པར་མཛད་དོ། །སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྗེས་སུ་དེ་ཁོ་ན་ཉིད་སྣང་བར། བསྒྲུབ་བྱའི་ཆོས་དང་རྗེས་མཐུན་པ། །རིགས་པ་ཤེས་པས་ཆོས་ཅན་དུ། །རྟག་ཏུ་བྱེད་པ་དེ་ཡི་ཕྱིར། །མཁས་པས་རང་གི་ཆོས་ཅན་སྨྲོས། །དངོས་པོ་མེད་པ་ཉིད་ཀྱི་ཆོས། །བསྒྲུབ་བྱའི་བདག་ཉིད་རྗེས་མཐུན་པའི། །དངོས་པོ་མེད་ཉིད་ཆོས་ཅན་ཡིན། །དེ་བས་འདི་མ་གྲུབ་པ་ཡིན། །ཞེས་དང་། བདེན་གཉིས་ལས། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །གང་གི་ཚེ་ན་གཞན་ན་མིན། །དེ་བས་རིགས་པ་སྨྲ་བ་རྣམས། །དེ་སྐད་སྨྲ་བ་སུ་ཞིག་འགོག །ཅེས་དང་། རྒྱན་ལས། གཞུང་གིས་བསྐྱེད་པའི་བྱེ་བྲག་གི །ཆོས་ཅན་སྤངས་ནས་མཁས་པ་དང་། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་སྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །དེ་ལྟ་མིན་ན་གཞི་མ་གྲུབ། །ལ་སོགས་ལན་ནི་ཇི་སྐད་གདབ། །ཅེས་དང་། དབུ་མ་སྣང་བར། ཁོ་བོ་ཅག་ཐལ་བར་འགྱུར་བ་འབའ་ཞིག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མི་བསྒྲུབ་ཀྱི་འོན་ཀྱང་ཡང་དག་པའི་ཚད་མའི་སྟོབས་ཀྱིས་བསྒྲུབ་བོ། །དེའང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཁོ་ན་ཡིན་པས། ཁོ་བོ་ཅག་ཁས་ལེན་པ་བྱེད་དོ་ཞེས་རང་རྒྱུད་ཀྱི་གཞུང་འཛུགས་པར་མཛད་དོ། །གཉིས་པ་ནི། སྔོན་གྱི་མཁས་པ་ཐལ་འགྱུར་བ་ཆེན་པོ་འགའ་ཞིག་གིས། རང་རྒྱུད་པ་ནི་རྟགས་ཀྱི་ཚུལ། རྒོལ་ཕྱི་རྒོལ་གཉིས་ཀ་ལ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་རྟགས་ཀྱིས། བསྒྲུབ་བྱ་དངོས་པོ་ལ་མཐའ་གཅིག་ཏུ་ངེས་པར་སྒྲུབ་པར་བྱེད་པ་ཡིན་ལ་ཐལ་འགྱུར་བ་ནི་ཕྱོགས་ཆོས་ཁྱབ་པ་བསལ་བ་གསུམ། ཕ་རོལ་པོས་ཁས་བླངས་པའི་རྟགས་ཀྱིས་ཕ་རོལ་པོའི་བློ་ངོར་བསྒྲུབ་བྱ་མི་བདེན་པར་ཐལ་བ་འཕེན་པ་ཡིན་ནོ། །དེ་གཉིས་གང་ཞིག་འཐད་ཅེ་ན་འདི་ལ་གཉིས་ཏེ། རང་རྒྱུད་ཀྱི་ལུགས་དགག་པ་དང་། ཐལ་འགྱུར་གྱི་ལུགས་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། འདི་ལྟར་དབུ་མ་པ་ལ་རང་གི་འདོད་པ་སྒྲུབ་པའི་རྟགས་རང་ལ་གྲུབ་པ་ཅན་གྱི་རང་རྒྱུད་མི་འཐད་དེ། རང་རྒྱུད་མི་དགོས་པ་དང་། མི་ནུས་པ་དང་། མི་འཐད་པའི་ཕྱིར་རོ། །དང་པོ་ནི། ཕ་རོལ་པོ་ཉིད་ཀྱིས་ཁས་བླངས་པའི་རྟགས་ལས་དེ་དང་བརྒྱུད་ནས་འགལ་པའི་ཕ་རོལ་པོའི་ལོག་རྟོག་སེལ་ནུས་པས་རང་རྒྱུད་མི་དགོས་སོ། །གཉིས་པ་ནི། ཁས་བླངས་དང་འགལ་བ་བསྟན་ཡང་ལོག་རྟོག་མི་འདོར་ན་རང་རྒྱུད་ཀྱིས་ཀྱང་སུན་འབྱིན་མི་ནུས་ཏེ། ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པའང་མ་ཡིན་ནོ། །གསུམ་པ་ནི་དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་རིགས་པ་མ་ཡིན་ཏེ། དེ་ལ་རྒྱུ་མཚན་གསུམ། རང་འདོད་ཀྱི་དམ་བཅའ་མེད་པ་དང་། དཔྱད་བཟོད་ཀྱི་ཚད་མ་མེད་པ་དང་། ཆོས་ཅན་ལ་མཐུན་སྣང་མེད་པའོ། །དང་པོ་ནི་འོག་ཏུ་འཆད། གཉིས་པ་ནི། གལ་ཏེ་ཁྱོད་ཀྱི་དོན་དེ་རྣམས། །ཚད་མ་ཉིད་ཀྱིས་རབ་བསྒྲུབས་ན། །ཁྱོད་ཀྱིས་ཚད་མ་དེ་རྣམས་ནི། །ཇི་ལྟར་རབ་ཏུ་གྲུབ་པ་སྨྲོས། །ཞེས་གསུངས་པ་ཡིན་ཏེ། འདིའང་འོག་ཏུ་ཡོད་ངེས་ཀྱི་སྒྲུབ་བྱེད་ཚད་མ་དགག་པའི་སྐབས་ལས་ཤེས་པར་བྱའོ། །གསུམ་པ་ནི་མིག་སོགས་ནང་གི་སྐྱེ་མཆེད་ལྟ་བུ་དོན་དམ་པ་རང་ལ་མ་གྲུབ་ཅིང་ཀུན་རྫོབ་པ་གཞན་ལ་མ་གྲུབ། ཙམ་པོ་ཐུན་མོང་དུ་མ་གྲུབ་པའི་ཕྱིར་རོ། །རྟགས་ཕྱི་མ་མ་གྲུབ་སྟེ། སྒྲ་རྟག་མི་རྟག་རྩོད་པའི་ཚེ་ནམ་མཁའི་ཡོན་ཏན་གྱི་སྒྲ་ནང་པ་སངས་རྒྱས་པ་ལ་མ་གྲུབ་འབྱུང་བ་ལས་གྱུར་པའི་སྒྲ་ཕྱི་རོལ་མུ་སྟེགས་བྱེད་ལ་མ་གྲུབ་ཀྱང་སྒྲ་ཙམ་མཐུན་སྣང་དུ་གྲུབ་པ་དེ་བཞིན་དུ་འདིར་ཡང་དོན་དམ་དང་ཀུན་རྫོབ་ཀྱི་ཁྱད་པར་དུ་བྱས་པ་མ་གྲུབ་ཀྱང་མིག་སོགས་ནང་གི་སྐྱེ་མཆེད་ཙམ་པོ་མཐུན་སྣང་དུ་གྲུབ་པའི་ཕྱིར་རོ། །ཞེ་ན་དངོས་པོར་སྨྲ་བ་རྣམས་སྒྲ་ལ་སོགས་པའི་ཆོས་ཅན། དངོས་པོ་བ་གྲུབ་པར་འདོད་པས་དེའི་ལུགས་ལ་དེ་ལྟར་མི་འགལ་ཡང་དབུ་མ་པས་ནི་དེ་ལྟ་བུའི་ཆོས་ཅན་དངོས་པོ་བ་གྲུབ་པར་མི་འདོད་པས་གཞི་ཆོས་ཅན་མི་འགྲུབ་པས་སོ། །དོན་འདི་ནི་སློབ་དཔོན་ལེགས་ལྡན་འབྱེད་ཉིད་ཀྱིས་ཞལ་གྱིས་བཞེས་པར་གསུངས་ཏེ། ཚིག་གསལ་ལས། གང་གི་ཚེ་སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་འགྱུར་བར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ། །ཞེས་གསུངས་པས་སོ། །དེས་ན་དབུ་མ་པ་ལ་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་གཏན་ཚིགས་ཀྱིས་བསྒྲུབ་བྱ་དངོས་པོ་ལ་མཐའ་གཅིག་ཏུ་ངེས་པ་སྒྲུབ་པའི་རང་རྒྱུད་ཀྱི་རྟགས་མི་འཐད་པར་གྲུབ་བོ། །གཉིས་པ་ཐལ་འགྱུར་པའི་ལུགས་བསྒྲུབ་པ་ནི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཚེ་རང་རྒྱུད་ཀྱི་རྟགས་མི་འཐད་པར་ཐལ་བ་ཙམ་འབའ་ཞིག་བྱ་བར་རིགས་ཏེ། དབུ་མ་པ་རང་ཉིད་ལ་ཞེ་འདོད་ཀྱི་ཁས་ལེན་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། དེའི་རྒྱུ་མཚན་ཡང་། གཟིགས་པ་དག་པའི་ཡེ་ཤེས་ཀྱི་གཟིགས་ངོའམ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་ངོར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་ཡོད་པའམ་མེད་པ། དགག་པའམ་སྒྲུབ་པ། བདེན་པའམ་མི་བདེན་པ་རང་བཞིན་པ་བདེན་པ་གཉིས་ཆར་དུའང་མ་གྲུབ་པ་སྟེ་མདོ་ལས། གཟུགས་རྟག་ཅེས་བྱ་བའམ་མི་རྟག་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་མི་སྤྱོད་ཞེས་སོགས་མང་དུ་གསུངས་པ་བཞིན་ནོ། །ཡང་ན་ཀུན་རྫོབ་རིགས་པས་མི་འགྲུབ་པ་དང་། །དོན་དམ་སྨྲ་བསམ་བརྗོད་ལས་འདས་པའི་ཕྱིར་ཏེ། །བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །དེ་དག་རྟག་པ་མ་ཡིན་ཆད་པ་མིན། །ཞེས་གསུངས་སོ། །དོན་དེ་ལ་དགོངས་ནས་ཀླུས་ཀྱང་། རྩོད་མེད་ཆེ་བའི་བདག་ཉིད་ཅན། །གང་རྣམས་ལ་ནི་ཕྱོགས་ཉིད་མེད། །གང་ལ་རང་ཕྱོགས་ཡོད་མིན་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང་། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །དེ་ཕྱིར་འགོག་པར་བྱེད་དོ་ཞེས། །སྐུར་བ་དེ་ནི་ཁྱོད་ཀྱིས་བཏབ། །ཅེས་གསུངས་ཤིང་། ལྷས་ཀྱང་། ཡོད་དང་མེད་དང་ཡོད་མེད་ཅེས། །ཕྱོགས་ནི་གང་ལ་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་དང་། གང་གི་ཕྱོགས་ལ་ཡོད་པ་དང་། །མེད་དང་ཡོད་མེད་མི་སྒྲུབ་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱར་མི་ནུས། །ཞེས་དང་ཟླ་བའི་ཞབས་ཀྱིས་ཀྱང་། དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བར་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་དང་། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་ཉིད་འབྲེལ་པ་ཡིན་གྱི་ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་རང་ལ་ཞེ་འདོད་ཀྱི་དམ་བཅའ་ཁས་ལེན་པ་མེད་པ་ལ་དེ་སྒྲུབ་པའི་རང་རྒྱུད་ཀྱི་རྟགས་ཤེས་བྱ་ལ་མི་འཐད་པ་ཡིན་ནོ། །དེས་ན་ཐལ་འགྱུར་གྱི་བྱེད་པས་ཀྱང་ཕ་རོལ་པོའི་ལོག་པར་རྟོག་པའི་དམ་བཅའ་འགོག་པ་ཙམ་ཡིན་གྱི། རང་གི་འདོད་པ་བསྒྲུབ་པ་ནི་མ་ཡིན་ཏེ། ཚིག་གསལ་ལས་ཐལ་བ་སྒྲུབ་པ་ནི་ཕ་རོལ་པོའི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཐལ་བ་ལས་ཟློག་པའི་དོན་ཅན་དུ་འགྱུར་བ་ཡོད་པ་མ་ཡིན་ཞེས་དང་། ཐལ་བ་སྒྲུབ་པ་ཁོ་ནའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་ཅེས་གསུངས་པས་སོ། །དེས་ན་དབུ་མ་པ་ལ་རང་འདོད་པའི་བསྒྲུབ་བྱ་མེད་པས་དང་། ཆོས་ཅན་ལ་མཐུན་སྣང་མེད་པས་རང་རྒྱུད་ཀྱི་རྟགས་མི་འཐད་ཅིང་གཞན་གྱི་འདོད་པ་འགོག་པ་ནི་ཕ་རོལ་པོ་ཉིད་ཀྱིས་ཁས་བླངས་པའི་རྟགས་ལས་དེ་དང་བརྒྱུད་ནས་འགལ་བའི་ཕ་རོལ་པོའི་འདོད་པ་འགོག་པ་ཐལ་འགྱུར་བའི་ལུགས་འདི་ཉིད་རིགས་པ་ཡིན་ནོ། །ཞེས་གསུངས་སོ། །སྔོན་གྱི་མཁས་པ་ཀླུ་མེས་ལ་སོགས་པའི་གསུང་ནས་དེ་ཐལ་འགྱུར་བའི་ལུགས་ཡིན་ཀྱང་རང་ལ་དམ་བཅའ་མེད་པ་དང་། ཆོས་ཅན་ལ་མཐུན་སྣང་མེད་པར་འདོད་པ་དེ་མི་རིགས་པ་ལས་དང་པོ་ནི་ཁྱེད་ས་ཕྱོགས་དག་པ་ན་བུམ་པ་མེད་པར་འདོད་དམ་མི་འདོད། མི་འདོད་ན་གཞན་གྱི་འདོད་པ་བཀག་པ་དག་ཀྱང་མེད་དོ། །དེ་འདོད་ན་གཞན་གྱིས་བཏགས་པའི་བདག་ལ་སོགས་མ་གྲུབ་པ་དགག་པའི་དམ་བཅའང་ཅི་སྟེ་མི་མཛད། དེ་ཁོ་ན་བདག་གིས་དབེན་པ་ལ་སོགས་པའི་བསྒྲུབ་བྱ་མེད་དེ། དེ་ཁོ་ན་དགག་བྱ་མེད་པས་བཀག་པའང་མེད་དོ་ཞེ་ན་དེ་ཁོ་ནར་དམ་བཅའ་བ་གཞན་སུ་འདོད། ཐ་སྙད་དུ་སྐྱེ་བ་མེད་པ་ལ་སོགས་པའི་དམ་བཅའ་ཡོད་པ་ཉིད་སློབ་དཔོན་གྱིས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་དང་། མ་རིག་ནས་བརྩམས་རྒ་ཤིའི་བར། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །རྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཅེས་གསུངས་སོ། །གཞན་ཡང་རང་བཞིན་གྱིས་དབེན་པའི་བསྒྲུབ་བྱ་ཡོད་ཀྱང་ཁས་མི་ལེན་ནམ། མེད་ནས་ཁས་མི་ལེན་གྲང་། སྔ་མ་ལྟར་ན་འགལ་བ་ཁས་ལེན་ཀྱང་གཞན་གྱི་འདོད་པའང་མི་འགོག་པར་མི་འགྱུར་རོ། །འགལ་བ་བསྟན་པས་གང་ཡང་རུང་བ་ཁས་ལེན་དུ་མི་བཏུབ་པར་གོ་ཞེ་ན་རང་བཞིན་མེད་པས་དེ་བཀག་པ་བསྒྲུབ་བྱར་གྲུབ་བོ། །དེ་ལྟ་བུའི་བསྒྲུབ་བྱ་མེད་ནས་ཁས་མི་ལེན་ན་འགལ་བ་གནས་པ་ཉིད་ཀྱང་མེད་དོ་ཚིག་ཏུ་བརྗོད་པས་གྲུབ་བོ་ཞེ་ན་རང་བཞིན་བཀག་པ་ཉིད་ལ་བསྒྲུབ་བྱའི་མཚན་ཉིད་གནས་པ་སྟེ། ཕྱིར་རྒོལ་བས་གྲུབ་པ་མི་སྣང་ཞིང་ལྡོག་པ་གྲུབ་པའི་བསལ་བའང་མེད་ལ་རྒོལ་བ་དབུ་མ་པས་དེ་ལྟར་གཞན་ལ་བསྒྲུབ་པར་འདོད་པ་བསལ་ལོ། །ཆོས་ཅན་དང་རྟགས་དབུ་མ་པ་ཉིད་ལ་གྲུབ་པ་མེད་ན་འགལ་བ་སྨྲ་བ་པོའི་གང་ཟག་འགལ་བ་གནས་པ་ཉིད་ཀྱང་དབུ་མ་པ་ལ་མ་གྲུབ་པས་གཞན་ལ་ཐལ་འགྱུར་མི་བརྗོད་པར་འགྱུར་རོ། །ཕ་རོལ་དངོས་པོར་སྨྲ་བ་ནི་འགལ་བ་སྨྲ་བ་པོ་ཡིན་ལ་དེ་དག་འབྲས་བུ་ཡེ་ནས་ཡོད་པ་སྐྱེ་བར་སྨྲ་བ་ཐོས་པས་གྲུབ་བོ་ཞེ་ན་གཟུགས་ལ་སོགས་པ་ཆོས་ཅན་ཡིན་ལ་དེ་ལ་བརྟེན་ནས་འབྱུང་བའི་རྟགས་ཉིད་ཀྱང་དབུ་མ་པ་ལ་ཅིའི་ཕྱིར་མ་གྲུབ། དེ་དག་འཁྲུལ་པའི་ངོར་གྲུབ་ཀྱི་དེ་ཙམ་གྲུབ་པས་དེ་ཁོ་ན་དཔྱོད་པའི་ཆོས་ཅན་མི་རུང་ཞེ་ན་འོ་ན་འགལ་བར་སྨྲ་བ་པོའང་འཁྲུལ་པའི་ངོར་གྲུབ་པ་ཉིད་དོ། །གཞན་ཡང་ཆོས་དངོས་པོ་བསྒྲུབ་པ་ལ་གཞི་དངོས་པོ་དགོས་ཀྱི་ཆོས་དངོས་པོ་བཀག་པ་ཙམ་བྱེད་པ་ལ་གཞི་དངོས་པོར་གྲུབ་པ་མི་དགོས་ཏེ་རྣམ་པར་བརྟགས་པས་ཀྱང་ཆོག་གོ །དེ་ལ་བདག་བཀག་པའི་ཆོས་རྟེན་ཅིང་སྒྲུབ་ནུས་པའི་ཕྱིར་ཏེ། རིགས་པའི་དབང་ཕྱུག་གིས། ཡོད་མེད་གཉིས་ཀ་ལ་བརྟེན་པའི། །སྒྲ་དོན་ཆོས་ནི་རྣམ་པ་གསུམ། །དེ་དངོས་ཉེར་ལེན་མེད་པ་ཅན། །སྒྲུབ་ལ་དེ་མི་དམིགས་པ་ནི། །དེ་ལྟར་གཏན་ཚིགས་དེ་ཉིད་ནི། །མེད་པ་མ་ཡིན་སྒྲ་སྦྱོར་ཕྱིར། །ཞེས་བཤད་དོ། །གཞན་ཡང་། དཔེར་ན་མཁའ་སོགས་གཞན་དག་གིས། །སྔོན་མེད་རང་བཞིན་བསྐྱེད་མེད་མིན། །གཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །ཞེས་བཤད་པ་ལ་སུན་འབྱིན་པ། དེ་བཞིན་མཁའ་སོགས་ཆོས་ཅན་གྱི། །ངོ་བོའང་དངོས་མེད་ཅེས་བརྗོད་བཞིན། །དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། །འདིས་ནི་གཉིས་ཀ་བསྒྲུབ་བྱ་ཉིད། །ཡིན་ན་ཆོས་ཅན་ལ་གནོད་གང་། །སྒྲུབ་པར་བྱ་བའི་ཆོས་འགོག་པས། །དེ་ལ་གནོད་ཅེས་བསྟན་པ་ཡིན། །ཞེས་བཤད་དེ། གཞི་དངོས་པོ་ཡིན་པར་དགག་པས་ཆོས་ཅན་འགོག་པར་འགྱུར་པའི་རྒོལ་བ་དང་། ཆོས་དགག་པ་ཙམ་སྒྲུབ་པ་ལ་གཞི་དངོས་པོར་མ་གྲུབ་པ་སྐྱོན་མེད་པའི་ཚུལ་བཤད་དོ། །དེས་ན་གྲགས་པའི་ཆོས་ཅན་ལ་རང་རྒྱུད་སྦྱོར་བ་ཡིན་ལ་གཙོ་བོ་ལ་སོགས་པ་མི་སྲིད་པའི་ཆོས་ཅན་ལ་ཐལ་འགྱུར་སྦྱོར་བ་ཡིན་ནོ། །དེ་ལྟར་ནའང་ཆོས་ཅན་ལ་མཐུན་པར་སྣང་བ་མེད་པས། དེ་ལ་ལྟ་བ་མི་འགྲུབ་སྟེ། གཞན་དག་གཟུགས་ལ་སོགས་པ་དངོས་པོར་གྱུར་པ་རང་བཞིན་པར་འདོད་ལ་དབུ་མ་པ་ནི་གཟུགས་ལ་སོགས་པ་སྒྱུ་མ་ལྟ་བུར་འདོད་དོ་ཞེ་ན། ཁོ་བོ་ཅག་ནི་རྟག་པ་དང་སྣང་བ་གཉིས་ཀ་ལ་མཐུན་སྣང་ཡོད་པར་མི་འདོད་ཀྱི་སྣང་བ་ཉིད་ལ་མཐུན་པར་སྣང་བ་ཡིན་ནོ། །གཟུགས་ལ་སོགས་པ་བརྟན་པར་གྱུར་པ་སྣང་བ་ནི་དངོས་པོར་སྨྲ་བ་ཉིད་ལའང་མི་འགྲུབ་པ་རང་གི་རློམ་པ་ཙམ་མོ། །དཔེར་ན་ཉེ་བར་ལེན་པའི་ཕུང་པོ་ལ་བདག་ཏུ་གཟུང་བའི་ཚེ་བདག་ནི་བདག་ཏུ་འཛིན་པ་པོ་ཉིད་ལའང་སྣང་བ་མེད་དོ། །གལ་ཏེ་ཡོད་ན་དགག་པར་མི་ནུས་ཏེ། སྣང་བའི་དངོས་པོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན་ཉིད། །ཉམས་སུ་མྱོང་བ་གང་ཉིད་པ། །དགག་པར་ནུས་པ་མ་ཡིན་ནོ། །ཞེས་བཤད་པས་སོ། །ཕྱི་རྒོལ་བས་སྒྲ་རྟག་པར་གཟུང་བས་དེ་ལྟར་མི་འདོད་པ་དང་། གཉིས་སུ་སྣང་བ་ཙམ་ལ་མཐུན་པར་སྣང་བ་མེད་དམ་ཅི། སྒྲ་ནམ་མཁའི་ཡོན་ཏན་དང་འབྱུང་བ་ལས་གྱུར་པར་འདོད་པས་སྒྲ་ཙམ་ལ་མཐུན་པར་སྣང་བ་མེད་དམ། རབ་རིབ་ཅན་གཉིས་ལ་ཟླ་བ་གཉིས་མཐུན་པར་སྣང་བ་ལྟ་བུར་གྲུབ་པས་དེ་ཁོ་ནར་དཔྱོད་པའི་ཆོས་ཅན་དུ་མི་འགྲུབ་བོ་ཞེ་ན་དེ་ལྟ་ཡིན་དུ་ཆུག་ཀྱང་ཆོས་དགག་པ་བསྒྲུབ་པ་ལ་གཞི་དངོས་པོར་མ་གྲུབ་ཅིང་རྟག་པ་ཡིན་ཀྱང་སྐྱོན་མ་ཡིན་པའི་ཚུལ་བཤད་ཟིན་ཏེ། དབུ་མ་པ་ལ་སྣང་བ་དེ་གཞན་དག་ལ་སྣང་བར་མི་འགྲུབ་སྟེ། རྒྱུ་མཚན་གང་གིས་གྲུབ་ཅེ་ན་ཁས་ལེན་པར་ཡང་ཅིས་གྲུབ། གཞན་དག་སྨྲ་བས་སོ་ཞེ་ན་གཞན་དག་ཀྱང་འོ་སྐོལ་ལ་སྣང་བ་དང་མཐུན་པའི་འཇུག་པ་དང་ལྡོག་པ་བྱེད་ལ་ཚིག་ཏུའང་བརྗོད་པས་སོ། །གཞན་ཡང་སློབ་དཔོན་རིགས་པའི་དབང་ཕྱུག་ཆ་པའི་ཞལ་སྔ་ནས་ཆོས་ཅན་དེ་ལྟ་བུ་ཁས་བླངས་ནས་རྣམ་པར་དཔྱོད་པ་མ་ཡིན་གྱི་རྣམ་པར་དཔྱད་ནས་ཁས་ལེན་པ་ཡིན་ནོ། །རྣམ་པར་དཔྱོད་ནས་བདེན་པ་ཞིག་ན་ཁས་ལེན་པ་ཡིན་པས། རྣམ་པར་དཔྱོད་པ་དེ་ཉིད་ཁས་ལེན་པའི་ཐབས་ཡིན་ནོ། །ཐབས་ལ་འཇུག་པའི་ཚེ་ཐབས་ལས་བྱུང་བ་ཁས་བླང་པར་ནི་མ་གྲུབ་བོ། །དེ་བས་རྣམ་པར་དཔྱོད་པའི་དུས་ན་དབུ་མའི་གྲུབ་མཐའ་ཁས་བླང་བ་མེད་དོ། །དཔྱད་ནས་དེའི་འོག་ཏུ་ཁས་ལེན་པ་ཡིན་པས་སོ། །དེ་བས་ན་སྒྱུ་མ་ལྟ་བུའི་ཆོས་ཅན་ཞེས་ཀྱང་གྲུབ་པ་མེད། གཞན་དག་དངོས་པོར་སྨྲ་བའི་ལུགས་ཀྱང་ཁས་བླང་བ་མེད་དེ། དེ་ལ་དཔྱོད་པ་ཡིན་པས་སོ། །དེས་ན་བདེན་པའི་གཟུགས་ལ་སོགས་པའང་གྲུབ་པ་མེད་དོ། །མཁས་པ་ནས་བ་ལང་རྫིའི་བར་ལ་གྲགས་པའི་གཟུགས་ལ་སོགས་པ་ཁྱད་པར་དུ་བརྟགས་པ་དང་བྲལ་བ་ཆོས་ཅན་དུ་འཇོག་ཏེ། དེ་སྐད་དུ་སློབ་དཔོན་ཡེ་ཤེས་སྙིང་པོས། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཞེས་སོགས་དང་། མཁན་ཆེན་ཞི་བ་འཚོས་ཀྱང་། གཞུང་གིས་བསྐྱེད་པའི་བྱེ་བྲག་གིས། །ཞེས་སོགས་དང་དེའི་འགྲེལ་པར་ཡང་། དེ་ལྟ་མིན་ན་དུ་བ་དང་ཡོད་པ་ལ་སོགས་པས་མེ་དང་མི་རྟག་པ་ལ་སོགས་པ་བསྒྲུབ་པར་འདོད་པ་ཐམས་ཅད་ཀྱང་གཏན་ཚིགས་གཞི་གྲུབ་པར་མི་འགྱུར་ཏེ། སྒྲུབ་པའི་ཆོས་ཡན་ལག་ཅན་དང་། ནམ་མཁའི་ཡོན་ཏན་ལ་སོགས་པ་ངོ་བོ་རྣམས་མ་གྲུབ་པའི་ཕྱིར་ཞེས་པ་བཤད་དོ། །གཞན་ཡང་གཟུགས་ལ་སོགས་པའི་ཆོས་ཅན་མཐུན་པར་གྲུབ་པ་མེད་ན། འགལ་བ་ཁས་ལེན་པ་ཉིད་ལའང་མཐུན་པར་གྲུབ་པ་མེད་དེ། ཕ་རོལ་པོས་ཀྱང་འགལ་བ་ཁས་བླངས་ན་འགོག་པ་པོས་ཀྱང་དེ་ལྟར་འགལ་བར་སྨྲ་བ་རྟོགས་ནས་ཐལ་བ་བརྗོད་པ་མ་ཡིན་ནམ། མི་སྙོན་པས་གྲུབ་བོ་ཞེས་ན། གཟུགས་ལ་སོགས་པའང་རང་གིས་མཐོང་བ་ཇི་ལྟ་བའི་འཇུག་ལྡོག་བྱེད་པར་གྲུབ་པའི་ཕྱིར་རོ། །མཐུན་པར་སྣང་བ་གཏན་མེད་ན་འཆད་པ་པོས་ཀྱང་ཉན་པ་པོ་ལ་བཤད་པ་དོན་མེད་དེ། རང་གི་བསམ་པ་ཉན་པ་པོས་གཏན་མི་རྟོག་པའི་ཕྱིར་རོ། །དེ་ལྟ་བས་ན་ཐ་སྙད་དུ་རང་ལ་དམ་བཅའ་མེད་པ་མིན་ལ་དེ་སྒྲུབ་པའི་རྟགས་ཀྱང་རང་ལ་གྲུབ་པ་ཡོད་པ་ཉིད་དེ། རང་ལ་གྲུབ་པ་མེད་པར་གཞན་གྱིས་ལོག་ཤེས་ཀྱིས་ཁས་བླངས་པས་རང་གི་འདོད་པ་མི་འགྲུབ་སྟེ། དོན་དང་འབྲེལ་པ་མེད་པས་སོ། །གཞན་གྱི་འདོད་པ། གཞན་ལ་དེ་ལྟར་མིན་པར་བརྗོད་པ་བཞིན་དུ་རང་ཉིད་ཀྱང་རྟེན་ནས་འབྱུང་བ་དང་། རང་བཞིན་འགལ་བ་ཅི་སྟེ་མི་འདོད། ཇི་ལྟར་ཁས་བླངས་འགལ་བ་ཡོད་པ་ལྟར་ཤེས་བྱ་འགལ་བ་ཡང་ཅི་སྟེ་མེད། ངེད་ཤེས་བྱ་ཉིད་ཀྱང་མི་འདོད་དོ་ཞེ་ན། ངེད་ཁས་བླངས་པ་ཉིད་ཀྱང་མི་འདོད་དོ། །དེས་ན་སློབ་དཔོན་གྱིས་དམ་བཅའ་མེད་པར་གསུངས་པ་ནི་དེ་ཁོ་ནར་ཡིན་གྱི་ཐ་སྙད་དུ་དགག་པའི་དམ་བཅའ་སེལ་བ་མ་ཡིན་ནོ། །དེས་ན་ཐལ་བ་ཙམ་གྱིས་དགོས་པར་སྒྲུབ་མི་ནུས་པས། རང་གི་འདོད་པ་བསྒྲུབ་པ་ལ་ནི་རང་རྒྱུད་ཡིན་ལ་གཞན་སུན་འབྱིན་པའི་ཐལ་བ་བཟློག་ནས་རང་རྒྱུད་འཕེན་པའང་ཡིན་ནོ། །གཞན་གྱི་འདོད་པ་འགོག་པ་ནི་ཐལ་འགྱུར་ཡང་ཡིན་ལ་གཞན་གྱི་འདོད་པ་དང་མི་མཐུན་པའི་གཞན་ལུགས་བསྟན་པས་རང་རྒྱུད་ཀྱིས་ཀྱང་འགོག་ཞེས་གསུངས་སོ། །སྔོན་གྱི་ཐལ་འགྱུར་བ་ཆེན་པོ་ཁུ་ལོ་ཙཱ་བ་མདོ་སྡེ་དཔལ་གྱིས་བཞེད་པ་ནི་དབུ་མ་པ་ལ་རང་འདོད་ཀྱི་དམ་བཅའ་མེད་ཅེས་པའང་དོན་དམ་བདེན་པ་ལས་བརྩམས་ཏེ་རང་བཞིན་མེད་པའམ་སྐྱེ་བ་མེད་པ་ལ་སོགས་པའི་དམ་བཅའ་ཅིར་ཡང་ཁས་མི་ལེན་པ་ཡིན་གྱི་སྤྱིར་རང་འདོད་གྱི་དམ་བཅའ་མེད་པ་མ་ཡིན་ཏེ། ཐ་སྙད་ཀྱི་དེ་ཁོ་ན་དཔྱོད་པའི་ཚེ་རང་འདོད་ཀྱི་དམ་བཅའ་ཡོད་པས་སོ། །དེ་བཞིན་དུ་རང་རྒྱུད་ཀྱི་རྟགས་ཀྱང་དོན་དམ་བདེན་པའི་གནས་ལུགས་སྒྲུབ་པའི་རང་རྒྱུད་ཀྱི་རྟགས་ཁས་མི་ལེན་པ་ཡིན་གྱི་ཐ་སྙད་ཀྱི་དེ་ཁོ་ན་དཔྱོད་པའི་རང་རྒྱུད་ཀྱི་རྟགས་ཀྱང་ཞལ་གྱིས་བཞེས་སོ། །དེའི་རྒྱུ་མཚན་ཡང་འདི་ལྟར་དོན་དམ་པའི་བདེན་པ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་མཐའ་བཞི་ལས་གྲོལ་བས་དེ་ལ་གཞལ་བྱའི་ཁྱབ་བྱེད་ཁེགས་པས་གཞལ་བྱ་དང་ཤེས་བྱ་ཙམ་མེད་པས་མངོན་གྱུར་དང་ལྐོག་གྱུར་གྱི་གཞལ་བྱར་ཡང་མ་གྲུབ་ལ་དེའི་ཕྱིར་དེ་ལ་མངོན་སུམ་དང་རྗེས་དཔག་གཉིས་འཇལ་བྱེད་དུ་མི་འཇུག་པའི་ཕྱིར་དང་། དེ་བཞིན་དུ་མཐའ་བཞི་ལས་གྲོལ་བས་ཡོད་མེད་སོགས་ཇི་ལྟར་ཡང་དམ་བཅས་པ་མེད་པས་ན་དོན་དམ་བདེན་པའི་གནས་ལུགས་སྒྲུབ་པའི་རང་རྒྱུད་ཀྱི་རྟགས་མི་འཐད་ཅིང་། ཡོད་མེད་སོགས་སུ་འཛིན་པའི་བློའང་གཞལ་བ་དང་བློའི་ཤེས་བྱ་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ཡིན་པས་རང་རྒྱུད་ཀྱི་རྟགས་ཀྱང་དེ་ཁོ་ན་ལ་འཇུག་པ་ཡིན་ནོ། །དོན་དམ་པའི་བདེན་པ་ལ་ཅི་ཡང་ཁས་བླངས་པར་བྱར་མེད་བཞིན་དུ་དངོས་པོར་སྨྲ་བ་དག་ཁས་ལེན་པར་བྱེད་པས་དེ་འགོག་པ་ནི་རང་རྒྱུད་ཀྱིས་མི་འགོག་ཅིང་། རང་གི་ཁས་བླངས་ལ་བརྟེན་ཏེ་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་འགོག་པ་ཡིན་ཏེ། དཔེར་ན་རྣམ་པ་མེད་པར་སྨྲ་བ་ལ་སྣང་བ་བདེན་པར་མེད་པས་ཤེས་པ་དང་མ་འབྲེལ་བའི་ཕྱིར་སྣང་བ་ངེས་པར་མི་འཐད་ཅེས་བརྗོད་པས་སྣང་བ་ངེས་པ་འགོག་ལ། སྣང་བ་ངེས་པས་ཤེས་པ་དང་འབྲེལ་ཕྱིར་སྒྲོ་བཏགས་པར་མི་འཐད་ཅེས་པས་སྒྲོ་བཏགས་པ་འགོག་ཅིང་། རྣམ་པ་དང་བཅས་པར་སྨྲ་བ་ལ་རྣམ་པ་དུ་མ་དང་འབྲེལ་བའི་རྟགས་ཀྱིས་ཤེས་པ་ཆ་མེད་འགོག་ལ་ཆ་མེད་པའི་རྟགས་ཀྱིས་རྣམ་པ་དུ་མ་དང་འབྲེལ་བ་འགོག་པ་དང་། སྡེ་བ་དག་ལ་རགས་པ་རྩོམ་པའི་རྟགས་ཀྱིས། རྡུལ་ཆ་མེད་པ་འགོག་ལ་ཆ་མེད་པའི་རྟགས་ཀྱིས་རགས་པ་རྩོམ་པ་འགོག་པ་དང་། མུ་སྟེགས་བྱེད་ལའང་རྟག་པའི་རྟགས་ལས་དོན་བྱེད་པ་འགོག་ལ་དོན་བྱེད་པའི་རྟགས་ལས་རྟག་པ་འགོག་པ་ལྟ་བུ། ཕྱོགས་ཆོས་ཕ་རོལ་པོས་ཁས་བླངས་ལ་ཁྱབ་པའང་འཇིག་རྟེན་ལ་གྲགས་པ་ཙམ་ཡིན་པས་ཧ་ཅང་ཐལ་བས་ཁས་བླངས་པ་འགོག་གོ །ཞེས་གསུངས་སོ། །རིགས་པའི་དབང་ཕྱུག་ཆ་པའི་ཞལ་ནས་དབུ་མ་པ་དག་དོན་དམ་བདེན་པ་ལས་བརྩམས་ཏེ། དམ་བཅའ་བ་མེད་པས་རྟགས་མི་སྦྱོར་ཞེས་བྱ་བ་དེ་ཀུན་རྫོབ་ཀྱི་བདེན་པའི་ཟླར་གྱུར་པའི་དོན་དམ་འགའ་ཞིག་མི་སྲིད་པས་དེ་ལ་ཆོས་གང་ཡང་མི་བརྟེན་པས་དེ་ལ་དམ་བཅའ་དང་རྟགས་མི་སྦྱོར་ཞེས་བརྗོད་དམ། སྲིད་ཀྱང་དེ་ཡོད་པ་ལ་སོགས་པའི་ཆོས་སུ་མི་གནས་པས་དམ་བཅའ་དང་རྟགས་མི་སྦྱོར་ཞེས་བརྗོད། དང་པོ་ལྟར་ན་དེ་རྩོད་གཞི་ཆོས་ཅན་དུ་བྱས་པའི་རང་རྒྱུད་ཀྱི་རྟགས་མི་སྦྱོར་ཀྱང་རྟག་པའི་དངོས་པོ་འགོག་པའི་རྟགས་སྦྱོར་བ་ལྟར། ཤེས་བྱ་འགའ་ཞིག་གཞིར་གྱུར་པ་ལ་དེ་དགག་བྱར་བྱེད་པའི་རྟགས་སྦྱར་བས་དོན་དམ་པ་ཁེགས་པ་ན་དེའི་བྱེ་བྲག་མཐའ་བཞིའང་ཁེགས་པར་རང་རྒྱུད་ལས་གྲུབ་པས་ཐལ་བ་དོན་མེད་པར་འགྱུར་རོ། །གཉིས་པ་ཀུན་རྫོབ་པའི་ཟླར་གྱུར་བའི་དོན་དམ་སྲིད་ཀྱང་དངོས་པོ་དངོས་མེད་ལ་སོགས་པ་མཐའ་ཐམས་ཅད་དང་བྲལ་བས་ཅིར་ཡང་དམ་བཅའ་མེད་པས་རྟགས་མི་སྦྱོར་བར་འདོད་ན། འོ་ན་གཅིག་དང་དུ་མ་དང་བྲལ་བ་དང་མཐའ་བཞིའི་སྐྱེ་བ་ལ་སོགས་པ་དང་བྲལ་བས་ཡང་དག་པའི་དངོས་པོ་དགག་མི་ནུས་པར་འགྱུར་ཏེ། དོན་དམ་པ་ཡོད་ཀྱང་གཅིག་དང་དུ་མའམ་དངོས་པོ་ཡོད་མེད་ལ་སོགས་པ་གང་དུའང་ཁས་མི་ལེན་པའི་ཕྱིར་རོ། །གཞན་ཡང་དངོས་པོར་སྨྲ་བས་དམ་བཅས་པ་ལ་ཐལ་བ་སྦྱོར་རམ། མ་བཅས་པ་ལ་སྦྱོར། ཕྱི་མ་ལྟར་ན་རང་ཉིད་ལའང་ཐལ་བ་སྦྱོར་བར་འགྱུར་ལ། དང་པོ་ལྟར་ན་དོན་དམ་པའི་དངོས་པོ་ཡོད་པ་དངོས་སྨྲ་བས་དམ་བཅས་པ་ལྟར་དེ་མེད་པའང་དམ་བཅར་འགྱུར་ཏེ། འདོད་པ་ཁྱད་པར་མེད་པའི་ཕྱིར་རོ། །ཡོད་པ་དགག་པར་འདོད་ཀྱི་མེད་པ་སྒྲུབ་པར་མི་འདོད་དོ་ཞེ་ན། མེད་པ་དགག་པར་འདོད་ཀྱི་ཡོད་པ་སྒྲུབ་པར་མི་འདོད་ཅེས་ཀྱང་མཚུངས་སོ། །དོན་དམ་མེད་པ་བཀག་པ་ཉིད་ཡོད་པ་སྒྲུབ་པ་ཡིན་ནོ་ཞེ་ན། ཡོད་པ་བཀག་པའང་མེད་པ་སྒྲུབ་པ་ཡིན་ནོ་ཞེས་མཚུངས་སོ། །དེས་ན་དམ་བཅའ་བ་མེད་པར་མི་འཐད། གཞན་གྱི་འདོད་པ་འགོག་པའང་རང་རྒྱུད་ཀྱིས་དགག་དགོས་ཀྱི་ཐལ་བ་ཙམ་གྱིས་དགག་མི་ནུས་ཏེ། དེའི་ཕྱིར་རྣམ་པ་དུ་མ་དང་འབྲེལ་པ་ལ་སོགས་པའི་རྟགས་ཁས་བླངས་ཙམ་ཡིན་པའང་མི་འཐད་དོ། །ཁས་བླངས་པའི་རྟགས་དེས་དགག་བྱ་དགག་ནས་མི་སྲིད་པའི་ཕྱིར་ངེས་སམ། དགག་བྱ་ཤེས་བྱ་ལ་མི་སྲིད་པར་སྟོན་པར་བྱེད་པས་གེགས་བྱེད་པ་ཙམ་ཞིག་ཡིན། དང་པོ་ལྟར་ན་མི་འཐད་དེ། གཞན་དུ་ན་མུ་སྟེགས་བྱེད་དག་དངོས་པོ་ཐམས་ཅད་རྟག་པར་ཁས་ལེན་པས་ཀུན་རྫོབ་ཙམ་དུའང་དོན་བྱེད་མེད་པར་འགྱུར་ཏེ། རྟག་པ་དང་དོན་བྱེད་ནུས་པ་འགལ་བའི་ཕྱིར། རྟག་ཅེས་པའི་སྒྲ་དང་ནི། ཀུན་རྫོབ་པའི་དོན་བྱེད་པ་མི་འགལ་ལ་སྒྲ་དོན་ལ་འབྲེལ་པས་རྟག་པའི་དོན་མི་འགྲུབ་སྟེ་གྲུབ་ན་རང་གི་རྒྱུད་ཀྱིས་གྲུབ་པ་ཉིད་དུ་འགྱུར་རོ། །ཀུན་རྫོབ་པའི་དོན་བྱེད་པ་ཁེགས་ནའང་སུན་འབྱིན་པའི་ཚིག་གི་ཀྱང་ཕ་རོལ་པོའི་ལོག་རྟོག་ཇི་ལྟར་སེལ་བར་བྱེད། འོན་ཏེ་རྣམ་པ་དུ་མ་དང་འབྲེལ་བའི་ཚིག་གིས་ཤེས་པ་ཆ་མེད་འདོད་པ་ལ་གེགས་བྱེད་པ་ཡིན་ན། རང་གི་མ་ལ་མོ་གཤམ་དུ་ཁས་བླངས་པའི་བུ་སྐྱེད་པའི་ནུས་པ་མི་སྲིད་པར་བསྟན་ཀྱང་དངོས་པོ་ལ་ནུས་པ་དང་། དེ་དཔག་ཏུ་རུང་བ་དེ་མི་ལྡོག་པ་ལྟར། རྣམ་པ་དུ་མ་དང་འབྲེལ་ཞེས་པས་ཆ་མེད་མི་སྲིད་པར་བསྟན་ཀྱང་སྲིད་པར་དོགས་པ་མི་ལྡོག་པས་ཟློག་པ་ཇི་ཡང་ཁས་མི་ལེན་པ་ལ་སྦྱོར་བར་ཇི་ལྟར་ནུས། འདིར་སྨྲས་པ། མི་སྲིད་པ་ཡང་རྟགས་ལས་ཡིན། །སྲིད་ན་དམ་བཅའ་མེད་མ་ཡིན། །གནོད་བྱེད་མ་ཡིན་གེགས་བྱེད་མིན། །ཚིག་ཙམ་དགག་དང་སྒྲུབ་བྱེད་མིན། །སེམས་སོགས་བདེན་དང་སྟོང་ཉིད་ལ། །རྩོད་པའི་མཐུན་སྣང་མེད་ན་ནི། །རྟག་དང་མི་རྟག་རྩོད་པ་ན། །སྒྲ་ལའང་མཐུན་སྣང་མེད་པར་འགྱུར། །དྲན་པའི་ཤེས་ལ་སྣང་བ་ལྟར། །དངོས་ཙམ་མྱོང་བ་ཉིད་ལ་སྣང་། །དེ་ལྟ་མིན་ན་རྩོད་བྱེད་དེ། །བརྩད་པའི་སྐྱེས་བུ་ཇི་ལྟར་སྣང་། །ཐ་སྙད་རང་རྒྱུད་མེད་ན་ནི། །ཀུན་རྫོབ་གཞལ་བྱ་ཇི་ལྟར་བརྗོད། །ཀུན་རྫོབ་བརྫུན་པར་སྨྲ་བས་ཀྱང་། །རྟགས་ལས་བདེན་སོགས་འགོག་པར་གྲུབ། །རྟགས་དང་རྗེས་དཔག་མི་འདོད་ན། །དགག་པའི་བློ་ནི་གང་ཡིན་སྨྲོས། །ཡིད་དཔྱོད་ཡིན་ན་རྒྱུ་མཚན་དག །སེལ་ལ་འབྲས་བུ་ཅི་ཞིག་ཡོད། །ལོག་བློར་འདོད་ན་བདེན་དངོས་གྲུབ། །གཞན་གྱི་ཕྱོགས་ནི་འཕེལ་བར་འགྱུར། །ཚད་མ་འཇུག་པ་མེད་པ་ལ། །དཔྱད་པའི་ཡུལ་ཅན་ཇི་ལྟར་འཇུག །ཡོད་མེད་ཐེ་ཚོམ་ཟ་ན་ཡང་། །གལ་ཏེ་ཅི་ཡང་མི་སྨྲ་ཞིང་། །གལ་ཏེ་བདེན་དངོས་འདོད་པས་ན། །དབུ་མའི་ལམ་ལས་རྒྱང་རིང་འགྱུར། །ཞེས་བྱའོ། །དེའི་ཕྱིར་དོན་དམ་པའི་དངོས་པོ་འགོག་པར་བྱེད་པ་ན་ཕྱོགས་ཆོས་དང་ཁྱབ་པ་ཚད་མས་གྲུབ་པའི་རང་རྒྱུད་ཀྱི་རྟགས་ཁོ་ན་ལ་བརྟེན་ནས་དགག་རིགས་ཏེ། གཅིག་དང་དུ་བྲལ་སོགས་མེད་དགག་རྟགས་སུ་བཀོད་པ་རྣམས་ནི་ཁྱབ་བྱེད་མ་དམིགས་པ་ཡིན་ལ། རྟེན་འབྲེལ་ལ་སོགས་པ་སྒྲུབ་པ་རྟགས་སུ་བཀོད་པ་རྣམས་ནི་རང་བཞིན་འགལ་བས་ཁྱབ་པའི་རྟགས་ཏེ། དེ་ལྟ་བུའི་རང་རྒྱུད་ཀྱི་རྟགས་ལས་བདེན་དངོས་དགག་པར་རིགས་ཀྱི་ཧ་ཅང་ཐལ་བ་ཙམ་གྱིས་ནི་བདེན་པའི་སྤྲོས་པ་འགོག་མི་ནུས་སོ། །གལ་ཏེ་དེ་ཁོ་ན་ལ་གཞལ་བྱ་གྲུབ་ན་སྤྲོས་པ་དང་བཅས་པར་འགྱུར་རོ། །ཞེ་ན། འོ་ན་ཁྱོད་ལ་སྒྲ་ཉིད་གཞལ་བྱ་ཡིན་པའི་ཕྱིར། རྟག་པའི་དངོས་པོར་ཐལ་ལོ་ཞེས་བརྗོད་ན་ལན་ཅི་ཡོད། གཞལ་བྱ་ལ་རྟག་པའི་དངོས་པོས་སྟོང་པས་ཁྱབ་པའི་ཕྱིར། ཁྱབ་པ་ཚད་མས་གྲུབ་པའང་མེད་ལ། ཁས་ཀྱང་མ་བླངས་པས་ཁྱབ་པ་མེད་དོ་ཞེ་ན། འདིར་ཡང་དེ་བཞིན་ཏེ། གཞལ་བྱ་ལ་དོན་དམ་པའི་དངོས་པོས་སྟོང་པས་ཁྱབ་པའི་ཕྱིར་ན། ཁྱབ་པ་ཚད་མས་གྲུབ་པའང་མེད་ལ། ཁས་ཀྱང་བླངས་པ་མེད་དོ། །ཞེས་གསུངས་སོ། །དགེ་བའི་བཤེས་གཉེན་གཙང་ནག་པའི་ཞལ་ནས་དེ་ལྟར་གཞན་གྱིས་བརྟགས་པའི་མཐའ་འགོག་ཅིང་། ཤེས་བྱའི་ལུས་དང་། ཐུབ་པས་བསྟན་པའི་དོན་ངེས་པར་བྱེད་པའི་བློ་ནི་ཐམས་ཅད་དུ་ཡིད་ཆེས་པའི་ཚད་མ་ཡིན་ཏེ་དེའང་དོན་རང་གི་ངོ་བོ་རང་གི་སྣང་བའི་སྒོ་ནས་རྟོགས་པ་མངོན་སུམ་དང་། ཁྱབ་བྱ་མཐོང་བ་ལས་ལྐོག་གྱུར་རྟོགས་པ་རྗེས་དཔག་དང་། ཡིད་ཆེས་གཞན་གྱི་ཚིག་ལས་དོན་ངེས་པ་ལུང་གི་ཚད་མའོ། །དེ་ལྟར་རིགས་པའི་དངོས་པོ་གསུམ་པོ་དེ་ཉིད་འཇུག་པའི་ཚུལ་གྱིས་སློབ་དཔོན་གྱི་གཞུང་ལས་དཔྱད་གཞི་འཛིན་པའི་ཚད་མ་དང་། བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་དང་། འགལ་འབྲེལ་ལ་བརྟེན་པའི་དགག་པ་གསུམ་སྣང་སྟེ། དེ་དག་ཀྱང་རིམ་པ་བཞིན་གཉིས་ཀའི་རྟེན་དང་མི་འདོད་པ་བཟློག་པ་དང་། གཞན་གྱི་འདོད་པ་འགོག་པའི་བྱེད་པ་ཅན་ཡིན་པས་ལུས་དང་གོ་ཆ་དང་མཚོན་ཆ་ལྟ་བུའི་རིགས་པར་ལྟའོ། །རིགས་པ་ཕྱི་མ་དེའང་རང་གི་མཚན་ཉིད་རྣམ་པར་བརྟགས་ནས་འགོག་པ་དང་། གཞན་དང་ཁྱད་པར་རྣམ་པར་བརྟགས་ནས་འགོག་པ་དང་། ཐལ་བའི་རྟགས་ཀྱི་སྒོ་ནས་དགག་པ་དང་། རང་རྒྱུད་ཀྱི་རྟགས་ཀྱི་སྒོ་ནས་དགག་པའོ། །དེ་དག་ཀྱང་ཅི་རིགས་པར་ཁས་བླང་དང་དངོས་པོའི་རིགས་པ་སྟེ་བྱེད་པ་གཉིས། སྒྲུབ་པ་དང་འགོག་པ་སྟེ་ལས་གཉིས། དངོས་སུ་བརྟག་པ་དང་སྲིད་པའི་མཐའ་འགོག་པ་སྟེ་དགག་ཚུལ་གཉིས། མཚན་ཉིད་རང་ལྡོག་ནས་འགོག་པ་དང་། ཁྱབ་བྱེད་སྤྱི་ལྡོག་ནས་འགོག་པ་བྱ་བ་གཉིས་ཏེ། དེ་ལྟར་ན་རིགས་པའི་དངོས་པོ་གསུམ་དང་། འཇུག་པའི་ཚུལ་བཞི་དང་། བྱ་བྱེད་ཀྱི་མཐའ་བརྒྱད་ཡིན་ནོ། །དེ་ལྟ་བས་ན་ཁོ་བོ་ནི་སྟོན་པ་དང་སློབ་དཔོན་གྱི་ལུང་དང་རིགས་པའི་སྒྲོན་མ་དག་གིས་ཤེས་བྱའི་ལུས་དབུ་མ་ཞེས་བྱ་བ་ཇི་སྐད་བརྗོད་པའི་ཕུན་སུམ་ཚོགས་པ་གསུམ་དང་ལྡན་པ་ཞིག་ཏུ་མཐོང་བས་ཆོས་དང་སྟོན་པ་ལ་དད་པ་དང་འགྲོ་བ་ལ་སྙིང་རྗེ་བ་དང་། རྒོལ་བ་ལ་མི་འཇིགས་པའི་གདེང་ཐོབ་སྟེ། དེ་རྒྱལ་མཚན་གྱི་ནོར་བུ་ལྟ་བུར་རང་ཉིད་གང་གིས་མཐོང་བའི་རིགས་པས་རྟོག་གེའི་ཚོགས་སུ་ལྷག་པར་ངོམས་ཤིང་བསྟན་པའི་སྒོ་ནས་སྒྲོགས་པར་བྱེད་དོ། །ཞེས་གསུངས་པའི་འཇུག་ཚུལ་བཞི་པ་རང་རྒྱུད་ཀྱི་རྟགས་ནི་གཅིག་དུ་བྲལ་དང་། རྡོ་རྗེ་གཟེགས་མ་དང་། ཡོད་མེད་སྐྱེ་འགོག་དང་། རྟེན་འབྲེལ་གྱི་གཏན་ཚིགས་དང་བཞི་ལ་བཞེད་པར་སྣང་བས་དོན་དམ་དཔྱོད་པའི་ཚེའང་རང་རྒྱུད་བཞེད་པར་སྣང་ངོ་། །རྨ་བྱ་ཆེན་པོའི་ཞལ་ནས་སྔ་རབས་པ་དག་དབུ་མ་པ་ལ་དབུ་མའི་ལྟ་བ་དང་། དགག་བྱ་དང་། འགོག་བྱེད་དང་། བསྒྲུབ་བྱ་དང་། སྒྲུབ་བྱེད་ཅི་ཡང་ཁས་ལེན་པ་མེད་དོ་ཞེས་སྨྲ་བ་ནི་ཤིན་ཏུ་མི་འཐད་དེ། ཐ་སྙད་དབུ་མའི་དོན་རྟེན་ནས་འབྱུང་བ་ཡིན་པས་ཁས་བླང་བྱའི་དབུ་མ་ཡོད་དགོས་པའི་ཕྱིར་ཏེ། རྟེན་འབྱུང་དེ་ཉིད་སྣང་ལ་རང་བཞིན་མེད་པའམ། རྒྱུ་འབྲས་དེ་ཉིད་དང་གཞན་ཉིད་དུ་མེད་པ་ཁས་བླངས་དགོས་པའི་ཕྱིར་རོ། །འོ་ན་མཁས་པས་དབུས་ལ་གནས་པར་ཡང་མི་བྱེད། ཅེས་གསུངས་པ་མ་ཡིན་ནམ་སྙམ་ན་དོན་དམ་པར་དེ་ལྟར་ཡིན་མོད། ཐ་སྙད་དུ་དབུ་མའི་ལྟ་བ་མེད་ན་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་ལྟ་བ་གང་དང་ལྡན་པས་དབུ་མ་པར་བཞག གལ་ཏེ་དེ་དག་རང་ཕྱོགས་ཅིའང་མི་འཇོག་ཅིང་གཞན་ཕྱོགས་ཐམས་ཅད་འགོག་པས་སོ་ཞེ་ན། དེ་ནི་སུན་ཅི་ཕྱིན་གྱི་རྒོལ་བ་ཡིན་པས་གཞུང་ལས་ཤིན་ཏུ་སྨད་དོ། །གཞན་ཡང་བདེན་གཉིས་ཀྱི་ཡུལ་ལ་དབུ་མའི་ངག་སྦྱར་བས་ཀྱང་དབུ་མའི་ལྟ་བ་ཁས་ལེན་དགོས་ཏེ། འདི་ལྟར་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ལོ། །ཞེས་པ་དང་། ཀུན་རྫོབ་ཏུ་ཆོས་རྣམས་སྒྱུ་མ་ལྟ་བུ་ཡིན་ནོ། །ཞེས་ངག་སྦྱོར་བས་ངག་གི་དོན་གྲུབ་བསལ་མེད་ལ་བསྟན་པར་འདོད་པའི་དམ་བཅའ་ཡོད་པར་ཇི་ལྟར་མི་འགྱུར། དེ་ནས་དབུ་མ་པས་ཀུན་རྫོབ་ཏུ་དགག་སྒྲུབ་ཀྱི་དམ་བཅའ་གཉིས་ཀའང་འདོད་ལ། བརྟགས་ཤིང་དཔྱད་པའི་ཤེས་ངོར་དོན་དམ་པར་དགག་སྒྲུབ་ཀྱི་དམ་བཅའ་མེད། དེ་ལ་ངག་སྦྱོར་བ་ཉིད་ཀྱང་མེད་དེ། ཇི་སྐད་དུ། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་གསུངས་པས་སོ། །ཐ་སྙད་དུ་དགག་སྒྲུབ་བྱེད་པའི་ཚད་མའང་ཡོད་དེ། ཚད་མ་ཡེ་མེད་པར་རྟོགས་ལྡན་ལ་གཞན་ཕྱོགས་འགོག་པར་འདོད་པ་ཉིད་མི་འབྱུང་བའི་ཕྱིར་ཏེ། གཞན་ཕྱོགས་བདེན་ན་དགག་པར་མི་ནུས་ཤིང་བརྫུན་ནའང་བརྫུན་པར་མ་ཤེས་ན་གཞན་གྱི་ལོག་རྟོག་ཟློག་པར་མི་ནུས། བརྫུན་པར་ཤེས་ན་བརྫུན་པ་ལ་བརྫུན་པར་ཤེས་པ་ཉིད་ཚད་མ་ཡིན་པས་ཚད་མ་མེད་པ་ཉིད་ཉམས་སོ། །དེས་ན་ཚུལ་གསུམ་ཚད་མས་གྲུབ་པའི་རྟགས་ལས་དགག་བྱ་དགག་པ་དང་བསྒྲུབ་བྱ་བསྒྲུབ་པའི་རྗེས་དཔག་ཡོད་པས་སྔར་གྱི་དེ་དག་ཐམས་ཅད་ཐ་སྙད་དུ་ཁས་ལེན་ནོ། །འོ་ན་རང་རྒྱུད་པར་ཅིའི་ཕྱིར་མི་འགྱུར་སྙམ་ན། རང་རྒྱུད་ཀྱི་དོན་ནི་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པའི་རྟགས་ལས་བསྒྲུབ་བྱ་བསྒྲུབ་པ་ཡིན་ལ་འདིར་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་གཏན་མེད་པས་དེས་བསྒྲུབ་བྱ་བསྒྲུབ་པ་ནི་དོན་དམ་དང་ཐ་སྙད་གང་གི་སྐབས་སུའང་ཁས་མི་ལེན་ཅིང་རྟགས་ཀྱི་ཚུལ་ཐམས་ཅད་ཀྱང་འཇིག་རྟེན་ན་གྲགས་པའི་ཚད་མ་ཙམ་གྱིས་གྲུབ་པ་ཡིན་པས་རང་རྒྱུད་པར་མི་འགྱུར་རོ། །འཇིག་རྟེན་ན་གྲགས་པའི་ཚད་མ་དེའང་ཚིག་གསལ་ལས་གསུངས་པ་ལྟར་གྱི་མངོན་གསུམ་ལ་སོགས་པའི་ཚད་མ་བཞི་ལ་ངོས་འཛིན་པའི་རྣམ་གཞག་མཛད་དོ། །གསུམ་པ་དེ་དག་ལ་འཐད་མི་འཐད་ཀྱི་ཆ་སོ་སོར་དབྱེ་བ་ནི་སྔ་རབས་པ་དག་དབུ་མ་པ་རང་ལ་ཞེ་འདོད་ཀྱི་དམ་བཅའ་མེད་པར་འདོད་པ་ནི་ཀླུ་མེས་ཀྱིས་བརྗོད་པའི་སྐྱོན་རྣམས་ཀྱང་གནས་ཤིང་གཞན་ཡང་དབུ་མ་པས་མཐའ་བཞིའི་སྐྱེ་བ་དགག་པའི་དམ་བཅའ་བཞི་གསུངས་པ་དེ་ཉིད་རང་ཉིད་ཞེ་ནས་མི་འདོད་བཞིན་དུ་དམ་བཅས་པ་ཡིན་ན་ནི་མཐའ་བཞིའི་སྐྱེ་བ་ཡོད་པའང་དམ་བཅའ་རིགས་པར་འགྱུར་ཏེ། ཞེ་ནས་མི་འདོད་པར་མཚུངས་པའི་ཕྱིར། ཞེ་ནས་འདོད་པ་ཙམ་གྱིས་བདེན་གྲུབ་ཞེ་ནས་འདོད་པར་འགྱུར་བ་ནི་མ་ཡིན་ཏེ། བདེན་པར་ཡོད་མེད་ཀྱི་ཞེ་འདོད་ཐ་དད་པ་གཉིས་ཡོད་པའི་ཕྱིར་རོ། །རྩོད་མེད་ཆེ་བའི་བདག་ཉིད་ཅན། །ཞེས་སོགས་ཀྱི་གཞུང་རང་ལ་ཞེ་འདོད་ཀྱི་ཁས་ལེན་ཅུང་ཟད་ཀྱང་མེད་པའི་ལུང་དུ་ཡང་མི་རུང་སྟེ། དེ་དག་ནི་དོན་དམ་ལ་དཔྱོད་པའི་ཚེ་རང་རྒྱུད་ཀྱི་དམ་བཅའ་མེད་པའི་ལུང་ཡིན་ལ། ཞེ་འདོད་ཀྱི་ཁས་ལེན་ལ་རང་རྒྱུད་ཀྱི་ཁས་ལེན་གྱིས་མ་ཁྱབ་པའི་ཕྱིར་རོ། །ཀླུ་མེས་ཀྱིས་ཆོས་ཅན་དང་རྟགས་དབུ་མ་ཉིད་ལ་གྲུབ་པ་མེད་ན་འགལ་བ་སྨྲ་བ་པོའི་གང་ཟག་དང་འགལ་བ་སྨྲས་པ་ཉིད་ཀྱང་དབུ་མ་པ་ལ་མ་གྲུབ་པར་མཚུངས་ཞེས་པའང་མི་འཐད་དེ། ཐལ་འགྱུར་བས་ནི་ནང་གི་འདུ་བྱེད་བདག་ལས་མི་སྐྱེ་བར་བསྒྲུབ་པ་ལ་ཡོད་པ་རྟགས་སུ་བཀོད་པའི་ཚེ་ཆོས་ཅན་དང་རྟགས་དབུ་མ་པ་ལ་མ་གྲུབ་པར་ཁས་བླངས་ཀྱི་དེའི་ཚེ་ནང་གི་འདུ་བྱེད་ཀྱི་གནས་ཚུལ་དཔྱོད་པ་ཡིན་གྱི་འགལ་བ་སྨྲ་བ་པོ་དང་། འགལ་བ་སྨྲས་པའི་གནས་ཚུལ་ལ་དཔྱོད་པའི་སྐབས་མ་ཡིན་པའི་ཕྱིར་དང་། དེའི་གནས་ཚུལ་ལ་དཔྱོད་པའི་ཚེ་ཁས་མི་ལེན་པ་ནི་སྔ་མ་དང་མཚུངས་སོ། །གྲགས་པའི་ཆོས་ཅན་ལ་རང་རྒྱུད་སྦྱོར་བ་ཡིན་ལ་གཙོ་བོ་ལ་སོགས་པ་མི་སྲིད་པའི་ཆོས་ཅན་ལ་ཐལ་འགྱུར་སྦྱོར་བ་ཡིན་ནོ་ཞེས་པའང་མ་བརྟགས་པ་སྟེ། སློབ་དཔོན་གྱིས། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ནི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པར་ནི་གང་ནའང་མེད། །ཅེས་སོགས་ཐལ་འགྱུར་ཕལ་ཆེར་གྲགས་པའི་ཆོས་ཅན་ལ་སྦྱོར་བར་སྣང་པའི་ཕྱིར་རོ། །སློབ་དཔོན་ཆ་པས་རང་རྒྱུད་ཀྱི་ཆོས་ཅན་ཁས་ལེན་པའི་ཤེས་བྱེད་དུ་ཆོས་ཅན་མྱུ་གུ་ལྟ་བུ་ལ་རྒོལ་ཕྱི་རྒོལ་གཉིས་དཔྱད་པ་མ་ཞུགས་པའི་ཚེ་བདེན་པར་ཡོད་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ཆོས་ཅན་མཐུན་སྣང་དུ་གྲུབ་པ་ཁས་ལེན་པ་ཡོད་ཅེས་བཀོད་པས་ནི་ཐལ་འགྱུར་བ་ལ་མི་གནོད་དེ། ཐལ་འགྱུར་བས་ཀྱང་དེའི་ཚེ་དེ་ལྟར་འདོད་པའི་ཕྱིར་རོ། །འདི་ནི་ཞིབ་པར་རང་ལུགས་ཀྱི་སྐབས་སུ་འབྱུང་ངོ་། །ཆོས་ཅན་མཐུན་པར་གྲུབ་པ་མེད་ན་འགལ་བ་ཁས་ལེན་པ་ཉིད་ལའང་མཐུན་པར་གྲུབ་པ་མེད་དོ་ཞེས་པའང་མི་འཐད་དེ། ཆོས་ཅན་དེའི་གནས་ཚུལ་ལ་དཔྱོད་པའི་སྐབས་ཡིན་གྱི་འགལ་བ་ཁས་ལེན་པའི་གནས་ཚུལ་ལ་དཔྱོད་པའི་སྐབས་མིན་པའི་ཕྱིར་རོ། །མཐུན་པར་སྣང་བ་གཏན་མེད་ན་འཆད་པ་པོས་ཉན་པ་པོ་ལ་བཤད་པ་དོན་མེད་དེ་ཞེས་སོགས་ཀྱི་སྐྱོན་བརྗོད་པ་ནི་ཕྱོགས་སྔ་དེ་སྨྲ་བ་པོ་ལ་སྐྱོན་དུ་འགྱུར་གྱི་ཐལ་འགྱུར་བས་ནི་དེ་ལྟར་ཁས་མ་བླངས་སོ། །སློབ་དཔོན་གྱིས་དམ་བཅའ་མེད་པར་གསུངས་པ་ནི་དེ་ཁོ་ནར་ཡིན་གྱི་ཐ་སྙད་དུ་དགག་པའི་དམ་བཅའ་སེལ་བ་མ་ཡིན་ནོ། །ཞེས་པ་འདིའང་དོན་མ་ཡིན་ཏེ། དམ་བཅའི་རང་ལྡོག་དོན་དམ་པར་མེད་པར་ཁས་བླངས་པ་ཙམ་གྱིས་དངོས་སྨྲ་བའི་སྐྱོན་ཟློག་པར་མི་ནུས་པའི་ཕྱིར་ཏེ། གལ་ཏེ་ནུས་ན་དངོས་པོ་བདེན་གྲུབ་པ་ཞིག་ཡོད་ཅེས་དམ་བཅས་ནས་དེ་ལྟ་བུའི་དམ་བཅའ་བདེན་པར་མེད་པར་ཁས་བླངས་པའི་ཚེ་ནའང་སྐྱོན་སྤོང་ནུས་པར་ཐལ་བའི་ཕྱིར་རོ། །ཁུ་ལོ་ཙཱ་བས། དོན་དམ་བདེན་པ་ལས་བརྩམས་ཏེ་རང་བཞིན་མེད་པའམ་སྐྱེ་བ་མེད་པ་ལ་སོགས་པའི་དམ་བཅའ་ཅི་ཡང་ཁས་མི་ལེན་པ་ཡིན་གྱི་སྤྱིར་ཐ་སྙད་ཀྱི་དེ་ཁོ་ན་ལ་དཔྱོད་པའི་ཚེ་རང་འདོད་ཀྱི་དམ་བཅའ་ཡོད་ཅེས་ཁྱད་པར་ཕྱེ་བའང་མི་འཐད་དེ། དེའི་དོན་དམ་བཅའི་རང་ལྡོག་དོན་དམ་བདེན་པ་ལས་བརྩམས་ཏེ་མེད་ཅེས་སྨྲ་ན་ནི་གཅིག་ཤོས་ལའང་མཚུངས་ཤིང་། མྱུ་གུ་ལྟ་བུ་སྐྱེ་མེད་དུ་བསྒྲུབ་པའི་ཚེ་ཞེ་འདོད་ཀྱི་དམ་བཅའ་མེད་པའི་དོན་ཡིན་ན་ནི་མཐའ་བཞིའི་སྐྱེ་བ་དགག་པའི་དམ་བཅའ་གསུངས་པ་དང་འགལ་བའི་ཕྱིར་རོ། །ཆ་པ་དང་གཙང་ནག་པས་དོན་དམ་གནས་ལུགས་ལ་དཔྱོད་པའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་དང་། ཆོས་ཅན་མཐུན་སྣང་དུ་གྲུབ་པ་ཡོད་པ་བཀོད་པ་དེ་དག་ཐམས་ཅད་རྒོལ་ཕྱིར་རྒོལ་དཔྱད་པ་མ་ཞུགས་པའི་གོང་དུ་ཆོས་ཅན་མཐུན་སྣང་དུ་གྲུབ་པ་ཡོད་ཀྱང་གཏན་ཚིགས་བཀོད་པ་མེད་ལ། གཏན་ཚིགས་བཀོད་པའི་ཚེ་སྔ་རྒོལ་གྱི་ཆོས་ཅན་དེའི་གནས་ལུགས་རྟོགས་ནས་ཕྱི་རྒོལ་ལ་སྟོན་པའི་སྐབས་ཡིན་པས་བློ་དེའི་ངོར་ཆོས་ཅན་མཐུན་སྣང་དུ་གྲུབ་པ་ཡོད་ན་བདེན་གྲུབ་ལས་མ་འདས་པའི་ཐལ་འགྱུར་བའི་གནད་ཆེན་པོ་མ་ཟིན་པར་སྣང་ངོ་། །རྨ་བྱས་རྣམ་པར་དཔྱད་པའི་ཚེ་དབུ་མའི་ལྟ་བ་ཁས་མི་ལེན་པ་ཡིན་གྱི་ཐ་སྙད་དུ་དབུ་མའི་ལྟ་བ་དང་། དགག་སྒྲུབ་དང་། དམ་བཅའ་དང་། གཏན་ཚིགས་ཐམས་ཅད་ཁས་ལེན་ཞེས་པ་འཐད་ཀྱང་གཞན་ལ་གྲགས་ཀྱི་རྗེས་དཔག་གི་སྐབས་སུ་ཚུལ་གསུམ་འཇིག་རྟེན་ན་གྲགས་པའི་ཚད་མས་གྲུབ་ཅེས་པ་འདི་ནི་ཤིན་ཏུ་འཁྲུལ་ཏེ། འཇིག་རྟེན་ན་གྲགས་པའི་ཚད་མ་ནི་ཚིག་གསལ་ལས་གསུངས་པའི་མངོན་སུམ་ལ་སོགས་པའི་ཚད་མ་བཞི་ཡིན་པར་རང་ཉིད་ཀྱི་ཀྱང་ཁས་བླངས་ཤིང་གཞུང་གི་དོན་ཡང་ཡིན་པས་དེའི་ཚེ་ཆོས་ཅན་འཇིག་རྟེན་ན་གྲགས་པའི་ཚད་མས་གྲུབ་པར་ཐལ་བའི་ཕྱིར་རོ། །དེའང་འདོད་ན། ཚིག་གསལ་ལས། ནང་གི་འདུ་བྱེད་བདག་ལས་སྐྱེ་བ་མེད་པར་བསྒྲུབ་པ་ལ་རང་རྒྱུད་མི་རིགས་པའི་ཤེས་བྱེད་དུ་རྩོད་ཟློག་ལས། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་པ་དྲངས་པ་དང་འགལ་ལོ། །གལ་ཏེ་དེའི་ཚེ་ཚུལ་གསུམ་ཕྱི་རྒོལ་གྱིས་འཇིག་རྟེན་ན་གྲགས་པའི་ཚད་མས་གྲུབ་པའི་དོན་ཡིན་ནོ་སྙམ་ན་དེ་ནི་ཤིན་ཏུ་མི་རིགས་ཏེ། ཕྱི་རྒོལ་གྱིས་ནི་ཚད་མ་བཞིས་གྲུབ་པ་མ་ཡིན་གྱི་འགལ་བ་ཁས་བླངས་པ་ཡིན་པའི་ཕྱིར་རོ། །རང་རྒྱུད་ཀྱི་གཏན་ཚིགས་ཡིན་ན། ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་པ་དགོས་ཞེས་པའང་མི་འཐད་དེ། རང་ཤ་སྟེར་ལ་གུས་པར་བྱས་པའི་རྟགས་ལས་ས་ཐོབ་པར་དཔོག་པ་དང་། དུ་བའི་རྟགས་ལས་མེར་བསྒྲུབ་པ་དང་། ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་གྱི་རྟགས་ལས་ཕྱིར་མི་ལྡོག་པར་བསྒྲུབ་པས་ཐ་སྙད་ཀྱི་རྣམ་གཞག་གི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་དུ་མ་ཞིག་གསུངས་ལ། དེའི་ཚེ་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་གྲུབ་ན་ཁས་བླངས་ནང་འགལ་བའི་ཕྱིར་རོ། །གལ་ཏེ་དེ་དག་རང་རྒྱུད་ཀྱི་གཏན་ཚིགས་མ་ཡིན་ནོ་སྙམ་ན། ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པས་རང་རྒྱུད་ཀྱི་གཏན་ཚིགས་མ་ཡིན་ན་ནི་གཏན་ཚིགས་དེ་དག་སྔ་རྒོལ་དབུ་མ་པ་ཞིག་གིས་ཕྱི་རྒོལ་དབུ་མ་པ་ཞིག་ལ་འགོད་པའི་ཚེ་ཕྱི་རྒོལ་གྱིས་ཁས་བླངས་ན་སྔ་རྒོལ་གྱིས་ཀྱང་ཁས་ལེན་པར་གྲུབ་ཅིང་ཕྱི་རྒོལ་གྱིས་ཁས་མ་བླངས་ན་ནི་གཞན་ལ་གྲགས་ཀྱི་རྗེས་དཔག་ཏུའང་མི་འགྱུར་བས་གཏན་ཚིགས་གང་ཞིག་ཡིན་པ་སྨྲོས་ཤིག དེ་ལས་གཞན་རང་རྒྱུད་ཀྱི་གཏན་ཚིགས་མ་ཡིན་པའི་རྒྱུ་མཚན་མེད་དོ། །མདོར་ན། གལ་ཏེ་མངོན་སུམ་ལ་སོགས་པའི། །ཞེས་པའི་གཞུང་དེས་ཆོས་ཅན་རྒོལ་ཕྱི་རྒོལ་གཉིས་ཀ་ལ་འཇིག་རྟེན་ན་གྲགས་པའི་ཚད་མ་བཞི་པོ་གང་རུང་གིས་གྲུབ་པ་མེད་པའི་ཚེ་དེ་ལ་སྒྲུབ་ཆོས་བསྒྲུབ་པའམ་དགག་ཆོས་དགག་པའི་རང་རྒྱུད་ཀྱི་གཏན་ཚིགས་མི་འཐད་ཅེས་པ་སློབ་དཔོན་ཟླ་བའི་དགོངས་པར་གྲུབ་ལ། ཤུགས་ཀྱིས་དེ་ལྟར་གྲུབ་པའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་འཐད་པར་བསྟན་པས་ཐལ་འགྱུར་བའི་ལུགས་ལའང་ཐ་སྙད་ལ་དཔྱོད་པའི་ཚེ་རང་རྒྱུད་ཀྱི་གཏན་ཚིགས་ཡོད་པར་ཞང་ཐང་སག་པ་ཆེན་པོས་ཀྱང་། དོན་དམ་དཔྱོད་པའི་སྐབས་མིན་པས། །རང་རྒྱུད་བྱས་ཀྱང་འགལ་བ་མེད། །ཅེས་གསུངས་པར་གྲགས་པ་དང་། རོང་སྟོན་ཆེན་པོས་ཀྱང་འདི་བཞིན་དུ་བཞེད་པ་རྣམས་འཐད་པར་སེམས་སོ། །དངོས་པོ་སྟོབས་ཞུགས་ཀྱི་ཚད་མའི་དོན། རྣམ་འགྲེལ་ལས། དངོས་གང་ཇི་ལྟ་བུར་གྱུར་པ། །དེ་འདྲ་དེ་ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟར་གྱི། །དངོས་ལས་དེ་བསྐྱེད་རྟགས་ཅན་བློ། །ཞེས་གསུངས་པ་ལྟར་སྒྲུབ་རྟགས་གཉིས་ལ་བརྟེན་པའི་རྗེས་དཔག་རྟགས་འཛིན་སེམས་ལས་སྐྱེ། དེ་གཏན་ཚིགས་ལས་སྐྱེ། གཏན་ཚིགས་འབྲས་རྟགས་ཀྱི་སྐབས་སུ་ཆོས་ལས་སྐྱེ། རང་བཞིན་རྟགས་ཀྱི་སྐབས་སུ་ཆོས་དང་རྫས་གཅིག་ཡིན་དེའང་ཆོས་དེ་ལ་རྟགས་དེ་བསྐྱེད་པའི་ནུས་པ་དོན་དམ་པར་ཡོད་པའི་ཆོས་དེ་དང་རྟགས་དེ་དོན་དམ་པར་གཅིག་ཡིན་པ་ལ་རག་ལས་པ་ལ་འཇོག་དགོས་པར་བསམས་ནས་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་དབུ་མ་པས་ཁས་མི་ལེན་པར་རྨ་བྱ་ཆེན་པོས་བཤད་ཀྱང་། ས་པཎ་གྱིས་དངོས་སྨྲ་བ་རྣམས་ཀྱིས་དེ་ལྟར་འདོད་ཀྱང་། དབུ་མ་པས་ཆོས་དེ་ལ་རྟགས་དེ་བསྐྱེད་པའི་ནུས་པ་ཐ་སྙད་དུ་ཡོད་པའམ། ཆོས་དེ་དང་རྟགས་དེ་ཐ་སྙད་དུ་གཅིག་ཡིན་པ་ཙམ་གྱིས་ཆོག་པ་ལ་དགོངས་ནས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་བཞེད་པར་བཤད་པ་ནི་ཤིན་ཏུ་ལེགས་སོ། །འོ་ན་མ་དམིགས་པའི་རྟགས་ལ་དངོས་པོ་སྟོབས་ཞུགས་ཇི་ལྟར་བྱ་སྙམ་ན། དེ་དག་གི་ཁྱབ་འབྲེལ་ཡང་སྒྲུབ་རྟགས་ཀྱི་འབྲེལ་པ་གཉིས་ལ་རག་ལས་པར་གསུངས་པ་ཤེས་དགོས་ཏེ་གཞན་དུ་རྟོགས་པར་བྱའོ། །སྔ་རབས་ཀྱི་སྐྱེས་ཆེན་དག་གི་བཤད་པར་འཐད་པའི་ཕྱོགས་རྣམས་ནི་རང་ལུགས་ཀྱི་སྐབས་སུ་འབྱུང་ངོ་། །བཞི་པ་ཕྱིས་ཀྱི་རང་དགར་བཏགས་པའི་རྣམ་གཞག་ཞིབ་ཏུ་དགག་པ་ལ་གཉིས་ཏེ། སྒྲོ་སྐུར་སྤངས་ཏེ་འདོད་པ་བརྗོད་པ། གཟུ་བོར་གནས་ཏེ་སུན་འབྱིན་བཤད་པའོ། །དང་པོ་ནི། ཆོས་རྗེ་ཙོང་ཁ་པའི་དྲང་ངེས་རྣམ་འབྱེད་དུ་ཐལ་འགྱུར་བ་ལ་བདག་མེད་རྟོགས་པ་དང་། བདག་འཛིན་ཕྲ་རགས་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། ཕྱི་དོན་འཇོག་ཅིང་ཀུན་གཞི་རང་རིག་ཁས་མི་ལེན་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་དང་། རང་རྒྱུད་ཁས་མི་ལེན་པའི་ཐུན་མོང་མ་ཡིན་པའི་ཁྱད་པར་གསུམ་དུ་བྱས་ནས་དང་པོའི་སྐབས་སུ་དེ་ལྟར་བདག་དང་ཆོས་རྣམས་ཀྱི་ཐ་སྙད་ཀྱི་དོན་བཙལ་བ་ན་གཅིག་དང་ཐ་དད་སོགས་ཅུང་ཟད་ཀྱང་མི་རྙེད་ལ། འོན་ཀྱང་མཆོད་སྦྱིན་ནོ། །མིག་གོ །ཞེས་སོགས་ཀྱི་ཐ་སྙད་ཀྱང་ངེས་པར་བྱ་དགོས་པས་ཐ་སྙད་ཀྱི་དབང་གིས་མ་བཞག་པའི་ངོ་བོ་མེད་པ་དང་། ཐ་སྙད་ཀྱི་དབང་གིས་ཡོད་པར་གཞག་པ་ལ་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་ཆེས་ཤིན་ཏུ་འཐད་པའི་བདེན་གཉིས་ཀྱི་རྣམ་གཞག་འདི་ནི་སངས་རྒྱས་བསྐྱངས་དང་ཟླ་བའི་ཞབས་ཀྱི་ཁྱད་ཆོས་བླ་ན་མེད་པའོ། །དབུ་མ་པས་ཐ་སྙད་དུ་འཇོག་ཚུལ་ནི་འཇིག་རྟེན་པའི་ཐ་སྙད་ནི་ས་བོན་ལས་མྱུ་གུ་སྐྱེ་བ་སོགས་ཀྱི་རྣམ་གཞག་བྱེད་ཀྱང་ཐ་སྙད་ཀྱི་དོན་དེ་ཇི་ལྟར་ཡིན་བཙལ་ནས་བདག་གམ་གཞན་ལས་སྐྱེ་བ་སོགས་ཀྱིས་བཤད་པ་མེད་པ་ཁོ་ནར་འཇོག་པ་ཡིན་ཞིང་། འཕགས་པས་ཀྱང་དེ་ཁོ་ན་ལྟར་བཤད་པའི་ཕྱིར་དང་། གང་ཟག་ཞེས་མིང་དུ་བཏགས་པའི་དོན་རིགས་པ་ལྔའམ་བདུན་གྱིས་བཙལ་བ་ན་མེད་པར་འཇོག་ལ། དེ་ལྟར་བཙལ་བའི་ཚེ་ན་མི་རྙེད་པ་ནི་ལུགས་འདིའི་ཐུན་མོང་མ་ཡིན་པའོ། །ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ནི་ང་ཞེས་འཛིན་པའི་གཞི་ཡིན་པས་ཀྱང་གཞན་རྒྱུད་ཀྱི་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་གང་ཟག་གི་བདག་འཛིན་ཡིན་ཡང་འཇིག་ལྟ་མ་ཡིན་ནོ། །ལུགས་འདིའི་ཤེས་སྒྲིབ་ནི་འཇུག་འབྲེལ་ལས་གསུངས་པ་ལྟར་ཉོན་མོངས་པའི་བག་ཆགས་འབའ་ཞིག་ཡིན་ལ། དེའི་འབྲས་བུ་གཉིས་སྣང་འཁྲུལ་པའི་ཆ་ཐམས་ཅད་ཀྱང་དེར་བསྡུའོ། །ཤེས་སྒྲིབ་འདི་སྤོང་བ་ལ་དེ་ཁོ་ན་ཉིད་རྟོགས་པའི་ལམ་སྔར་བཤད་པ་ལས་གཞན་པ་མེད་མོད་ཀྱང་། ཐབས་ཀྱི་ཡན་ལག་ཚང་མ་ཚང་དང་། དུས་རིང་པོར་གོམས་མ་གོམས་ལས་ཐེག་པ་ཆེ་ཆུང་གི་སྤངས་པའི་ཁྱད་པར་བྱུང་ངོ་། །གཉིས་པའི་སྐབས་སུ་ཕྱི་རོལ་གྱི་དོན་འདོད་པ་ཙམ་དུ་ལེགས་ལྡན་འབྱེད་དང་འདྲའང་འདོད་ཚུལ་མི་འདྲ་སྟེ། ལེགས་ལྡན་འབྱེད་ཀྱིས་རང་གི་མཚན་ཉིད་ཀྱི་གྲུབ་པར་འདོད་ཅིང་འདི་བས་ཕྱི་རོལ་གྱི་དོན་ཞེས་མིང་གི་བཏགས་པ་ཙམ་གྱིས་གྲུབ་པར་འདོད་པའོ། །ཐ་སྙད་དུ་ཀུན་གཞིའང་ཁས་མི་ལེན་ཏེ། འཇུག་པར། ལས་འབྲས་ཀྱི་རྟེན་ཀུན་གཞི་མེད་ཀྱང་ལས་འགགས་ནས་ཡུན་རིང་དུ་ལོན་པས་ཀྱང་འབྲས་བུ་བསྐྱེད་པའི་རྣམ་གཞག་གསུངས་པའི་ཕྱིར་རོ། །ཕྱི་རོལ་ཁས་ལེན་པའི་གནད་ཀྱིས་ཀྱང་ཀུན་གཞི་མི་འཇོག་པ་ཡིན་ཏེ། དེ་ཁས་ལེན་ན། དབུ་མཐའ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེ་བོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་གསུངས་པ་ལྟར་འདོད་དགོས་པའི་ཕྱིར་རོ། །རང་རིག་ཐ་སྙད་དུ་ཁས་མི་ལེན་པའི་ཚུལ་ཡང་འཇུག་པ་རྩ་འགྲེལ་ལས། གཞན་གྱི་དྲན་པའི་རྟགས་ཀྱིས་རང་རིག་བསྒྲུབ་པ་བཀག་ནས་རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་བའི་རྣམ་གཞག་གསུངས་པའི་ཕྱིར་རོ། །དེས་ན་རང་རིག་ཐ་སྙད་དུ་མི་བཞེད་པའང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་པ་འདིའི་མཐར་ཐུག་པ་ཡིན་ནོ། །མྱོང་བ་ལ་རང་གིས་དང་གཞན་གྱི་མྱོང་བ་གཉིས་སུ་ཁ་ཚོན་ཆོད་མ་ཆོད་གསལ་བར་མ་གསུངས་ཀྱང་མ་ཆོད་པ་དགོངས་པ་ཡིན་ཏེ། མར་མེས་རང་གིས་རང་གསལ་བར་བྱེད་པ་མི་བཞེད་ཅིང་གསལ་བར་ཡང་བཞེད་པས་རང་གིས་དང་གཞན་གྱིས་གསལ་བར་བྱེད་པ་གཉིས་སུ་ཁ་ཚོན་མ་ཆོད་པ་བཞིན་ནོ། །གསུམ་པའི་སྐབས་སུ་གསུང་རབ་ཀྱི་དོན་འདི་ལྟར་འགྲེལ་ན་རང་རྒྱུད་འདོད་དགོས་ལ། འདི་ལྟར་འགྲེལ་ན་དེ་འདོད་དུ་མི་རུང་ངོ་ཞེས་པའི་དོན་ངེས་པར་བྱ་དགོས་པས་རང་གི་ལུགས་ནི་དགོངས་འགྲེལ་ལས་གསུངས་པ་ལྟར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ན་ནི་ངེས་པར་རང་རྒྱུད་བྱ་དགོས་ཏེ། རང་སྡེ་དངོས་པོར་སྨྲ་བ་རྣམས་དང་། ལེགས་ལྡན་ལ་སོགས་པ་བཞིན་ནོ། །ཐ་སྙད་དུའང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་མི་འདོད་ན་ནི་རང་རྒྱུད་ཁས་མི་ལེན་པ་གདོན་མི་ཟ་བར་བྱ་དགོས་པས་འདིའང་དགག་བྱ་ཕྲ་མོ་ནས་འགོག་པ་འདི་ལ་ཐུག་གོ །ཚིག་གསལ་ལས། རང་རྒྱུད་བྱ་མི་རིགས་པའི་ཤེས་བྱེད་དུ་རྩོད་ཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད་ཞེས་སོགས་ཚིགས་སུ་བཅད་པ་གཅིག་གསུངས་པ་དྲངས་པ་ཡིན་ལ། དེའི་ཚིག་རྐང་དང་པོ་གཉིས་ཀྱི་དོན། འཇུག་པར་གང་ལ་ཕྱོགས་ཡོད་དེ་ལ་འགྱུར་གྱི་ཞེས་པའི་དོན་ཡིན་ལ། ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་པའི་དོན་ཡང་བདག་ལ་ཕྱོགས་འདི་ནི། ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན། །ཞེས་པའི་དོན་ཡིན་པས་དམ་བཅའ་དང་ཕྱོགས་མེད་པ་ནི་རང་མཚན་ནམ་རང་བཞིན་གྱིས་གྲུབ་པའི་ཁས་ལེན་མེད་པའི་དོན་དུ་འཇུག་འགྲེལ་གྱིས་བཤད་པ་ལྟར་རོ། །དེས་ན་ཤེས་རབ་སྒྲོན་མར་གཞན་གྱི་སྐྱོན་བརྗོད་ཀྱི་སྐབས་ཤིག་ཏུ་རང་དབང་དུ་བྱས་ནས་སམ། སུན་འབྱིན་པའི་དབང་དུ་བྱས་ནས་བརྗོད། ཅེས་རང་དབང་ཞེས་བསྒྱུར་བ་འདི་དང་། རང་རྒྱུད་གཉིས་དོན་གཅིག་པས་ཕྱི་རྒོལ་གྱི་ཁས་བླངས་ལ་མ་འཁྲིས་པར་ཚད་མས་དོན་གྱི་སྡོད་ལུགས་ནས་རང་དབང་དུ་ཆོས་ཅན་གཉིས་དང་། རྟགས་ཀྱི་ཚུལ་རྣམས་གྲུབ་ཚུལ་ངེས་པར་བྱས་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་བསྐྱེད་པ་ཞིག་རང་རྒྱུད་ཀྱི་དོན་ཡིན་ནོ། །དེ་ནི་ཡོད་པ་རྣམས་རང་གི་ངོ་བོས་ཡོད་པར་འདོད་པའི་ཕྱི་རྒོལ་ལ་བསྒྲུབ་བྱ་གྲུབ་མ་ཟིན་གྱི་གོང་དུ་རང་གི་ངོ་བོས་ཡོད་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ཚད་མས་གཞལ་བྱ་གྲུབ་ལུགས་འདི་འདྲ་ཞིག་ཡིན་ནོ། །ཞེས་ངེས་པར་བྱ་མི་ནུས་པས་རྟགས་དང་བསྒྲུབ་བྱ་འདོད་ཀྱང་རང་རྒྱུད་ཀྱི་རྟགས་དང་བསྒྲུབ་བྱ་མི་འདོད་པ་ཡིན་ནོ། །རྟེན་འབྱུང་གི་གཏན་ཚིགས་དང་གཟུགས་བརྙན་གྱི་དཔེ་ལ་བརྟེན་ནས་མྱུ་གུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་བསྒྲུབ་པའམ་གཞན་གྲགས་ཀྱི་རྗེས་དཔག་འགོད་པ་ལ། རང་ཉིད་མྱུ་གུ་རྟེན་འབྱུང་དང་བརྟེན་ནས་འབྱུང་བ་ལ་རང་བཞིན་མེད་པའི་ཁྱབ་པ་ཁས་མི་ལེན་པའི་རྒྱུ་མཚན་གྱིས་གཉིས་ཀ་ལ་མ་གྲུབ་པ་དང་གཞན་གྲགས་ཞེས་ཟེར་བ་མིན་གྱི་སྔར་ལྟར་ཕྱི་རྒོལ་ལ་ཚད་མས་རང་དབང་དུ་བསྒྲུབ་པར་མ་བྱུང་བས་དེ་ལྟར་དུ་ཚད་མས་རང་གཞན་གཉིས་ཀ་ལ་མ་གྲུབ་པའི་དོན་ནོ། །མྱུ་གུ་དང་དེ་རྟེན་འབྱུང་སོགས་ཐ་སྙད་པའི་ལྷན་སྐྱེས་ཀྱི་ཚད་མས་གྲུབ་པའང་རྒོལ་ཕྱི་རྒོལ་གཉིས་ཀའི་རྒྱུད་ལ་ཡོད་མོད་ཀྱི་དེ་དང་རང་གི་ངོ་བོས་ཡོད་པ་འཇལ་བའི་ཚད་མ་གཉིས་ཕྱི་རྒོལ་གྱི་ངོར་འདྲེས་ནས་ལྟ་བ་མ་སྐྱེས་བར་དུ་མི་ཕྱེད་པས། སྔ་རྒོལ་གྱིས་ཕྱེད་ཀྱང་དེའི་རིང་ལ་སྟོན་མི་ནུས་སོ། །ཐལ་འགྱུར་བ་ནང་ཕན་ཚུན་ལ་ཁས་བླངས་མ་འཁྲིས་པར་ཚད་མས་གྲུབ་ཚུལ་བསྟན་དུ་ཡོད་ཀྱང་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པའི་ཚད་མ་ཡིན་གྱིས་དངོས་པོའི་རང་གི་ངོ་བོའི་དབང་གིས་བཞག་པ་མིན་པས་རང་རྒྱུད་མི་རུང་ངོ་། །མྱུ་གུ་ལྟ་བུ་རང་གི་ངོ་བོས་ཡོད་པར་འཛིན་པ་དང་མེད་པར་འཛིན་པ་དང་། དེ་གཉིས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་འཛིན་པ་གསུམ་ཡོད་ལ་ལྟ་བ་སྐྱེས་པའི་རྒྱུད་ལ་གསུམ་ཀ་ཡོད་ཀྱང་ལྟ་བ་མ་རྙེད་པའི་རྒྱུད་ལ་དང་པོ་དང་ཐ་མ་གཉིས་ལས་མེད་པའི་ཁྱད་པར་རྣམས་ལེགས་པར་ཤེས་ན་རྟོག་པས་འདིའོ་སྙམ་དུ་གང་བཟུང་ཐམས་ཅད་རིགས་པས་མི་འགོག་པ་དང་། །ལྟ་བ་རྒྱུད་ལ་མ་སྐྱེས་གོང་གི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་སོགས་པ་ཐམས་ཅད་བདེན་འཛིན་ནམ། མཚན་འཛིན་དུ་འདུག་གོ་སྙམ་ནས་ལྟ་བ་རྒྱུད་ལ་སྐྱེས་པར་རློམ་པའི་འོག་ཏུ་སྤྱོད་ཕྱོགས་ཐམས་ཅད་ལ་ཞེ་རྩིས་མེད་པའི་ལོག་ལྟ་རྣམས་ལེགས་པར་ཁེགས་པར་འགྱུར་རོ། །དེས་ན་གཞན་གྲགས་ཀྱི་རྟགས་ཀྱིས་བསྒྲུབ་བྱ་བསྒྲུབ་པ་ལ་ཕ་རོལ་པོས་ཁས་བླངས་པ་ཙམ་གྱི་མི་ཆོག་གི་ཆོས་ཅན་གཉིས་དང་། རྟགས་ལ་སོགས་པ་རང་ངོས་ནས་གཞལ་ན་ཚད་མས་ཀྱང་གྲུབ་ལ། ཁོ་རང་ཡང་ངེས་པར་འདོད་དགོས་པའམ་འདོད་པ་ཅིག་དགོས་ཏེ། དེ་མེད་པར་ཞེན་ཡུལ་ལ་འཁྲུལ་ན་དེས་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་བསྐྱེད་པར་མི་ནུས་པའི་ཕྱིར་རོ། །ཞེས་པ་རྣམས་བྲིས་སོ། །ཡང་འཇུག་པའི་ཊཱི་ཀར། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། བདེན་པར་གྲུབ་པ་གསུམ་ནི་ཐལ་རང་གཉིས་ཆར་གྱི་ཐུན་མོང་གི་དགག་བྱ་ཡིན་ཞིང་། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ་གསུམ་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དགག་བྱ་ཡིན་གྱི་རང་རྒྱུད་པའི་དགག་བྱར་མི་བྱེད་དོ་ཞེས་བྱ་བ་བྲིས་སོ། །གཉིས་པ་ནི། ཐ་སྙད་ཀྱིས་བཞག་པའི་དོན་དམ། མིང་གི་བཏགས་པའི་དོན་བཙལ་བའི་ཚེ་མ་རྙེད་པ་ཐུན་མོང་མ་ཡིན་པའི་ཆོས་སུ་བྱེད་པ་རྣམས་སྔར་མཚན་གཞིའི་སྐབས་སུ་བཀག་ཟིན་ཅིང་། སླར་ཡང་ཁས་བླངས་ནང་འགལ་སྟོན་ན། ཐ་སྙད་པའི་ཚད་མས་བཙལ་བའི་ཚེ་མ་རྙེད་པ་ལ་བྱེད་ན་ནི་མིང་གིས་བཏགས་པ་ཙམ་གྱིས་བཞག་པའི་དོན་དེ་དག་ལ་རིགས་ཤེས་ཚད་མས་མི་གནོད་ཅིང་དེ་ལས་གཞན་པའི་ཚད་མས་ཀྱང་མི་གནོད་དེ། ཚད་མས་སྒྲུབ་པའི་ཕྱིར་རོ། །ཞེས་དྲང་ངེས་རྣམ་འབྱེད་ཉིད་དུ་བྲིས་པ་དང་འགལ་ལོ། །ཡང་དྲང་ངེས་རྣམ་འབྱེད་ལས། ཙམ་སྒྲས་ཐ་སྙད་ཀྱི་དབང་གིས་མ་བཞག་པ་གཅོད་པ་ཡིན་གྱི། ཐ་སྙད་པའི་ཚད་མས་གྲུབ་པ་ནི་མི་གཅོད་ཅེས་པ་འདི་དང་ཡང་འགལ་ཏེ། འདི་ནི་ལྷས་བྱིན་ཞེས་སོགས་གང་ཟག་གི་ཐ་སྙད་དང་། འདི་ནི་མིག་གོ་ཞེས་སོགས་ཆོས་ཀྱི་ཐ་སྙད་ཀྱི་དོན་རྣམས་ཐ་སྙད་ཀྱི་དབང་གིས་བཞག་པ་ལས་གཞན་པའི་འཇོག་བྱེད་ཡོད་པར་ཐལ། དེ་དག་ཐ་སྙད་པའི་ཚད་མས་གྲུབ་པའི་དབང་གིས་བཞག་པ་གང་ཞིག ཐ་སྙད་ནི་མིང་ཙམ་ལ་འདོད་པའི་ཕྱིར་རོ། །དེས་ན་ཐ་སྙད་ཀྱིས་བཏགས་པའི་དོན་ཚད་མས་གྲུབ་པར་འདོད་བཞིན་དུ་མིང་གིས་བཏགས་པ་ལས་གཞན་པའི་འཇོག་བྱེད་མེད་ཅེས་པ་འདི་ལ་དཔྱོད་ལྡན་སུ་ཞིག་ཡིད་ཆེས་པར་འགྱུར། གལ་ཏེ་བཏགས་པའི་དོན་དེ་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཙལ་བའི་ཚེ་མ་རྙེད་པའི་དོན་ཡིན་ན་ནི། དེ་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་བཙལ་བའི་ཚེ་མི་རྙེད་པ་ནི་རང་རྒྱུད་པ་རྣམས་ཀྱང་འདོད་པས་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་ཇི་ལྟར་འགྱུར། འཇིག་རྟེན་ན་ས་བོན་ལས་མྱུ་གུ་སྐྱེ་ཞེས་པའི་ཐ་སྙད་ཀྱི་དོན་བཙལ་བའི་ཚེ་མ་རྙེད་པ་ནི་མཐའ་བཞིར་དཔྱད་པའི་ཚེ་མ་རྙེད་པ་ལ་འཇོག་པ་དང་། ས་བོན་ལས་མྱུ་གུ་སྐྱེ་བ་ལ་རིགས་ཤེས་ཚད་མས་གནོད་པ་འགལ་ཏེ། དེ་ལྟར་དཔྱད་ནས་ས་བོན་ལས་མྱུ་གུ་སྐྱེ་བ་མ་རྙེད་པའི་ཚད་མ་ནི་རིགས་ཤེས་ཚད་མ་ཡིན་པའི་ཕྱིར་རོ། །ས་བོན་ལས་མྱུ་གུ་སྐྱེ་བ་མཐའ་བཞིར་དཔྱད་པའི་ཚེ་མ་རྙེད་པ་དང་། གང་ཟག་རིགས་པ་ལྔའམ་བདུན་གྱིས་བཙལ་བའི་ཚེ་མ་རྙེད་པ་བཏགས་དོན་བཙལ་བའི་ཚེ་མ་རྙེད་པའི་དོན་དུ་བྱེད་པ་ནི་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྒྲུབ་པར་འདོད་ཀྱང་ངོས་གཟུང་མེད་པ་ཞིག་བྱེད་པར་སྣང་སྟེ། ལེགས་ལྡན་འབྱེད་ཀྱིས་ཀྱང་ཆོས་ཅན་ནང་གི་འདུ་བྱེད་ལ་རིགས་པས་དཔྱད་ནས་སྐྱེ་སོགས་འགོག་པའི་ཚེ་ཆོས་ཅན་མཐུན་སྣང་དུ་གྲུབ་པ་ཁས་བླངས་པ་དང་། དེའི་ཚེ་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོར་རྙེད་པ་ནི་ཉམས་པར་འགྱུར་བར་ལེགས་ལྡན་འབྱེད་རང་ཉིད་ཀྱིས་ཁས་བླངས་པ་གཉིས་ལ་སློབ་དཔོན་ཟླ་བས་ནང་འགལ་བསྟན་པས་ལེགས་ལྡན་འབྱེད་ཀྱིས་ཆོས་ཅན་ནང་གི་འདུ་བྱེད་སྐྱེ་སོགས་བཀག་པའི་ཚེ་མི་རྙེད་པར་ཁས་བླངས་པའི་ཕྱིར་རོ། །ཇི་སྐད་དུ། ཚིག་གསལ་ལས། ཇི་ལྟར་འདིར་ཆོས་དང་ཆོས་ཅན་སྤྱི་ཙམ་ཞིག་འཛིན་པ་དེ་བཞིན་དུ་འདིར་ཡང་ཁྱད་པར་དོར་བའི་ཆོས་ཅན་ཙམ་ཞིག་འཛིན་པར་འགྱུར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་འདིར་སྐྱེ་བ་བཀག་པ་བསྒྲུབ་པ་བྱ་བའི་ཆོས་སུ་འདོད་པ་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་འགྱུར་བར་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ། །ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ནི་ཐ་དད་པ་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ་ན་ནི་ཡོད་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་མ་ལོག་པས་ཡང་དག་པ་མ་ཡིན་པར་སྒྲོ་མི་འདོགས་པ་དེའི་ཚེ་ནའང་གང་གིས་ན་དེའི་ཚེ་ཀུན་རྫོབ་ཏུ་འགྱུར་བ་ཡོད་པ་མ་ཡིན་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པ་ག་ལ་ཡོད། ཅེས་དང་། གང་གི་ཕྱིར་དེ་ལྟར་ཕྱིན་ཅི་ལོག་པ་དང་ཕྱིན་ཅི་མ་ལོག་པ་དག་ཐ་དད་པ་དེའི་ཕྱིར་ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པའི་ཕྱིར་ན་གང་ཞིག་ཆོས་ཅན་ཉིད་དུ་འགྱུར་བ་ཞིག་ཀུན་རྫོབ་པ་ལྟ་ག་ལ་ཡོད་ཅེས་གསུང་པས་སོ། །འདི་དག་གིས་དོན་ལ་དྲང་ངེས་རྣམ་འབྱེད་ལས་དོན་དམ་པ་དང་ཀུན་རྫོབ་པ་ལ་ཁྱད་པར་དོར་ནས་མིག་སོགས་ཙམ་ཞིག་ཆོས་ཅན་དུ་འཛིན་པས་དེའི་ལན་དུ་མིག་སོགས་ཀྱི་ཆོས་ཅན་ཀྱི་རང་གི་ངོ་བོ་དེ་ཕྱིན་ཅི་ལོག་ཙམ་གྱིས་རྙེད་པ་མིན་པར་ལེགས་ལྡན་རང་ཉིད་ཀྱིས་ཁས་བླངས་ལ། ཕྱིན་ཅི་ལོག་མ་ལོག་ཐ་དད་པ་སྟེ་དངོས་འགལ་ཡིན་པ་ལ་སོགས་པའི་རིགས་པ་བསྟན་ནས་བཀག་གོ །དེ་དག་གི་དོན་ནི་མིག་སོགས་བདག་ལས་མི་སྐྱེ་བར་བསྒྲུབ་པའི་ཆོས་ཅན་དུ་བདེན་གཉིས་ཀྱི་ཁྱད་པར་དོར་བའི་མིག་སོགས་ཙམ་བཞག་ཏུ་མི་རུང་སྟེ་ཆོས་ཅན་དེ་འཇལ་བའི་ཚད་མ་ནི་ཕྱིན་ཅི་མ་ལོག་པའི་བློ་ཡིན་པས་དེའི་ཡུལ་ན་ཕྱིན་ཅི་ལོག་རང་མཚན་གྱིས་མེད་བཞིན་དུ་དེར་སྣང་བའི་བརྫུན་སྣང་མེད་པའི་ཕྱིར་རོ། །གཏན་ཚིགས་སྔ་མས་ཁས་བླངས་པ་ནི་ཡོད་པ་ཐམས་ཅད་རང་མཚན་གྱིས་ཡོད་པར་ཁས་བླངས་པའི་ཕྱིར་རོ། །ཞེས་འཆད་དོ། །འདི་ནི་ལེགས་ལྡན་འབྱེད་ཀྱིས་བདེན་གྲུབ་ཁས་བླངས་སོ་ཞེས་སྐུར་བ་འདེབས་པའི་ཆེད་དུ་ཟླ་བའི་འགྲེལ་པ་ཕྱིན་ཅི་ལོག་ཏུ་བཤད་པ་སྟེ། ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ནི་ཉམས་པར་འགྱུར་བར་འདིས་རང་ཉིད་ཀྱིས་ཁས་བླངས་ཞེས་པའི་དོན་ལེགས་ལྡན་གྱི་སྤྱིར་མིག་སོགས་ཆོས་ཅན་གྱི་ངོ་བོ་ཕྱིན་ཅི་ལོག་གིས་རྙེད་པ་མ་ཡིན་པར་ཕྱིན་ཅི་མ་ལོག་པས་རྙེད་པར་ཁས་བླངས་པའི་དོན་ཡིན་ན། འདིར་སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པའི་དེའི་ཚེ་དེ་ཁོ་ནར་དེའི་རྟེན་ཆོས་ཅན་ཞེས་སོགས་ཀྱི་དམིགས་བསལ་གསུངས་པ་དོན་མེད་དེ། སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་མ་བྱས་པའི་ཚེའང་དེ་ལྟར་འདོད་པའི་ཕྱིར། དེ་ཁོ་ན་དེའི་རྟེན་ཞེས་འདོད་པའང་མི་འཐད་པར་འགྱུར་ཏེ། མིག་སོགས་ལ་སྐྱེ་བ་བཀག་བའི་ཚེ་མིག་སོགས་དེ་ཁོ་ནར་གྲུབ་པར་ལེགས་ལྡན་གྱིས་ཁས་བླངས་ཞེས་པའི་གཞི་མེད་ཀྱི་སྐུར་བ་ཟླ་བས་མི་འདེབས་པའི་ཕྱིར་རོ། །མཇུག་ཏུ་ཕྱིན་ཅི་ལོག་མ་ལོག་འགལ་བས་ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཕྱིན་ཅི་ལོག་མེད་པ་རྒྱུ་མཚན་དུ་བྱས་ནས་ཆོས་ཅན་ཉིད་དུ་འགྱུར་བ་མིག་ཀུན་རྫོབ་པ་ག་ལ་ཡོད་ཅེས་པ་དང་ཡང་འགལ་ཏེ། ཁྱེད་ལྟར་ན་ལེགས་ལྡན་གྱི་ལུགས་ལ་མིག་སོགས་འཛིན་པའི་བློ་དེ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་རོ། །དེས་ན་འགྲེལ་པ་དེ་དག་གི་དོན་ནི་འདི་ཡིན་ཏེ། སློབ་དཔོན་ལེགས་ལྡན་གྱིས་ཀུན་རྫོབ་བདེན་པ་ཕྱིན་ཅི་ལོག་གི་བློས་བདག་གི་དངོས་པོ་རྙེད་པ་དང་། དོན་དམ་བདེན་པ་ཕྱིན་ཅི་མ་ལོག་པའི་བློས་བདག་གིས་དངོས་པོ་རྙེད་པ་ཡིན་པར་ཁས་བླངས་པས་དེ་ལྟར་ན་མིག་སོགས་ལ་སྐྱེ་བ་བཀག་པའི་ཚེ་ཆོས་ཅན་མིག་སོགས་ཙམ་གྲུབ་པར་འདོད་པ་དང་འགལ་ཏེ། མིག་སོགས་ལ་སྐྱེ་བ་བཀག་པའི་བློ་ནི་མིག་སོགས་ཀྱི་དོན་དམ་འཇལ་བའི་བློ་ཡིན་པས་དེའི་ཡུལ་ན་མིག་སོགས་མེད་དགོས་པའི་ཕྱིར་ཏེ། མིག་སོགས་འཇལ་བའི་བློ་ནི་ཕྱིན་ཅི་ལོག་ཡིན་པས་ཕྱིན་ཅི་མ་ལོག་པ་དང་། ཕྱིན་ཅི་ལོག་པ་འགལ་བའི་ཕྱིར། ཞེས་པའི་དོན་ཏེ། འདིས་ཀྱང་སློབ་དཔོན་ལེགས་ལྡན་གྱིས་མིག་སོགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བཞེད་པར་གསལ་ལོ། །གཞན་རྒྱུད་ཀྱི་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་གང་ཟག་གི་བདག་འཛིན་ཡིན་ཡང་འཇིག་ལྟ་མ་ཡིན་པར་འདོད་པའང་མི་འཐད་དེ། སྤྱིར་གང་ཟག་གི་བདག་འཛིན་དང་། འཇིག་ལྟ་རང་རྒྱུད་ལ་འཛིན་པ་གཙོ་ཆེ་བའམ། བདག་དང་ང་དང་གང་ཟག་དང་སྐྱེས་བུ་སོགས་རྣམ་གྲངས་ཡིན་པ་ལ་དགོངས་ནས་དམ་བཅའ་བདག་ཏུ་འཛིན་པ་ཞེས་གསུངས་ཀྱང་འཛིན་སྟངས་ཐམས་ཅད་དེར་མ་ངེས་པས་འཇིག་ཚོགས་ལ་བརྟེན་ནས་གང་ཟག་ཏུ་བདེན་པར་འཛིན་པའི་བློ་དེ་འཇིག་ལྟར་འདོད་དགོས་པའི་ཕྱིར་ཏེ། ཅི་ལྟར་ཡན་ལག་ཚོགས་རྣམས་ལ། །འཇིག་རྟེན་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པའི་སེམས་ཅན་ནི་རང་རྒྱུད་ཀྱིས་བསྡུས་པ་ཁོ་ན་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་གཞན་རྒྱུད་ཀྱི་ཕུང་པོ་ལ། གང་ཟག་རྣམ་པ་ལྔས་བཙལ་བའི་རིགས་པ་དེ་འཇིག་ལྟའི་ཞེན་ཡུལ་སུན་དབྱུང་པའི་རིགས་པ་མ་ཡིན་པར་འགྱུར་ཞིང་། དེའང་འདོད་ན་དེ། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་པའི་སྐབས་ཀྱི་བདག་འགོག་བྱེད་ཀྱི་རིགས་པ་མ་ཡིན་པར་འགྱུར་རོ། །སྒྲིབ་གཉིས་དང་དེའི་གཉེན་པོའི་ངོས་འཛིན་ཐུན་མོང་མ་ཡིན་པ་ནི་ལམ་དབུ་མའི་སྐབས་སུ་དཔྱད་པར་འགྱུར་རོ། །ཕྱི་རོལ་གྱི་དོན་ཁས་མི་ལེན་པའི་རྒྱུ་མཚན་དུ་ཕྱི་རོལ་གྱི་དོན་ཞེས་མིང་གིས་བཏགས་པ་ཙམ་གྱིས་བསྒྲུབ་པར་འདོད་པ་བཀོད་པ་ནི་སྔར་ཡང་ཡང་བཀག་ཟིན་ཏོ། །ཀླུ་སྒྲུབ་ཡབ་སྲས་ཀྱིས་ཀུན་གཞི་ཁས་མི་ལེན་ཞེས་པ་ལ་འདི་འདྲི་སྟེ། རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ཆེན་པོའི་སྡེ་སྣོད་ལས་ཀུན་གཞིའི་རྣམ་གཞག་མང་དུ་གསུངས་པ་ལ་དབུ་མ་པའི་འགྲེལ་ཚུལ་དང་། སེམས་ཙམ་པའི་འགྲེལ་ཚུལ་གཉིས་ཡོད་པའི་དང་པོ་ཁས་མི་ལེན་ཞེས་པ་ཡིན་ནམ། ཕྱི་མ་ཁས་མི་ལེན་ཞེས་པ་ཡིན་ནམ། སེམས་ཙམ་པའི་འགྲེལ་ཚུལ་ལས་འགྲེལ་ཚུལ་གཞན་མེད་ཅེས་པ་གང་ཡིན། དང་པོ་ལྟར་ན་དབུ་སེམས་ཀྱི་ནང་ནས་དབུ་མ་པའི་འགྲེལ་ཚུལ་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཁས་མི་ལེན་ཞེས་པ་ནི་ཤིན་ཏུ་ངོ་མཚར་རོ། །གཉིས་པ་ལྟར་ན། གཞི་བདེན་པ་གཉིས་དང་། ལམ་ཚོགས་གཉིས་དང་། འབྲས་བུ་སྐུ་གསུམ་གྱི་རྣམ་གཞག་ཐམས་ཅད་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཁས་མི་ལེན་པར་འགྱུར་ཏེ། དེ་དག་དབུ་སེམས་གཉིས་ཀྱི་ནང་ནས་སེམས་ཙམ་པས་ཇི་ལྟར་བཀྲལ་བ་ལྟར་ཁས་མི་ལེན་པའི་ཕྱིར་རོ། །གསུམ་པ་ལྟར་ན། ཉན་ཐོས་པ་བཀར་མི་འདོད་པའི་ཐེག་ཆེན་བཀར་སྒྲུབ་པའི་རིགས་པ་དབུ་སེམས་གཉིས་ཆར་གྱི་གཞུང་ལས་བྱུང་བས་བཀར་གྲུབ་ཟིན་པའི་ཐེག་ཆེན་ལ་འགྲེལ་ཚུལ་གཉིས་གཉིས་ཡོད་པར་གྲུབ་ཅིང་། ཁྱད་པར་ཀུན་གཞིའི་དོན་སེམས་ཙམ་པས་འགྲེལ་ཚུལ་དང་མི་འདྲ་བར་དབུ་མ་པ་རང་གི་ལུགས་གཞག་དགོས་པར་དགོངས་ནས། བྱང་ཆུབ་སེམས་འགྲེལ་ལས། ཀུན་གཞིའི་རྣམ་ཤེས་སྲིད་པ་གསུམ་པོ་ལེན་བྱེད་དུ་གསུངས་པ་དང་། དེའང་སྟོང་ཉིད་མ་ཡིན་པ་ལ་མི་རུང་བར་དགོངས་ནས། འཇུག་འགྲེལ་ལས། དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར། ཐ་སྙད་དུ་སྟོང་པ་ཉིད་ལ་ཀུན་གཞིའི་སྒྲས་གསུངས་ཏེ། ཞེས་གསུངས་པའི་རྣམ་གཞག་ཐམས་ཅད་དང་འགལ་བར་འགྱུར་རོ། །འཇུག་པར། ཀུན་གཞི་མེད་ཀྱང་ལས་འབྲས་ཀྱི་རྣམ་གཞག་འཐད་པར་གསུངས་པས། ཐ་སྙད་དུ་ཀུན་གཞི་ཁས་ལེན་པ་ལ་ཅུང་ཟད་ཀྱང་མི་གནོད་དེ། དེ་ནི་ལས་འགགས་ནས་མེད་པ་དང་། ལས་ཀྱི་འབྲས་བུ་མ་སྐྱེས་ནས་མེད་པའི་བར་གྱི་བར་སྟོང་སྦྲེལ་བྱེད་ཀྱི་ཀུན་གཞི་འགོག་པའི་སྐབས་ཡིན་པའི་ཕྱིར་རོ། །ཀུན་གཞི་དྲང་དོན་དུ་གསུངས་པས་ཐ་སྙད་དུ་མེད་པར་འདོད་པ་ནི་བདེན་པ་གཉིས་ཀྱི་སྒོ་ནས་དྲང་ངེས་ཕྱེ་བའི་རྣམ་གཞག་དང་འགལ་བའི་གནད་མ་རྟོགས་པར་བློ་གྲོས་རྩིང་པའི་རྣམ་འགྱུར་ཏེ། དེ་ལྟར་ན་ཀུན་རྫོབ་བདེན་པ་ཐ་སྙད་དུ་མེད་པར་ཐལ་བའི་ཕྱིར་རོ། །ཀུན་གཞི་ཁས་ལེན་ན། དོན་དང་སེམས་ཅན་བདག་རྣམ་རིག །ཅེས་པ་ལྟར། འདོད་དགོས་པས་ཕྱི་རོལ་གྱི་དོན་ཁས་ལེན་པའི་ཐབས་མེད་ཅེས་པའང་ཀུན་གཞི་ལ་འགྲེལ་ཚུལ་གཉིས་ཡོད་པ་མ་རྟོགས་པའི་སྐྱོན་ཏེ། གཞན་དུ་ན་རྣམ་ཤེས་ཁས་བླངས་ན། གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་ལྟར་འདོད་དགོས་པས། བདེན་མེད་ཁས་ལེན་ཐབས་མེད་ཅེས་རྣམ་པ་ཀུན་ཏུ་མཚུངས་སོ། །རང་རིག་ཐ་སྙད་དུ་མི་བཞེད་པའང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མི་བཞེད་པ་འདིའི་མཐར་ཐུག་པ་ཡིན་ནོ། །ཞེས་པའང་མི་འཐད་དེ། འཕགས་པའི་མཉམ་གཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཁས་བླངས་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་ཅན་ཁས་ལེན་མི་དགོས་པའི་ཕྱིར་དང་། རང་རྒྱུད་ཀྱི་ཤེས་པ་རང་རྒྱུད་ཀྱི་མངོན་སུམ་གཞན་གྱིས་རིག་ན་མངོན་སུམ་ཐུག་མེད་དུ་འགྱུར་བ་དང་། མངོན་སུམ་གྱིས་གཏན་མ་རིག་ན་རང་བློ་རང་ལ་ལྐོག་ཏུ་གྱུར་པ་དཔྱོད་པ་པའི་ལུགས་ལ་གནས་པར་ཐལ་བའི་ཕྱིར་རོ། །ཀུན་མཁྱེན་ཡེ་ཤེས་རང་གིས་རང་མ་རིག་ཅེས་པའི་དོན་ཀུན་མཁྱེན་ཡེ་ཤེས་རང་དོན་ཀུན་མཁྱེན་ཡེ་ཤེས་ཐ་སྙད་དུའང་མེད་པར་སོང་བ་ལ་བྱེད་དམ། ཐ་སྙད་དུ་ཡོད་ཀྱང་མ་རིག་པ་གང་ཡིན། དང་པོ་ལྟར་ན། ཀུན་མཁྱེན་ཡེ་ཤེས་མངོན་སུམ་དུ་རྟོགས་པའི་བློ་གཏན་མེད་པར་འགྱུར་ཞིང་། ཕྱི་མ་ལྟར་ན་ཀུན་མཁྱེན་ཡེ་ཤེས་དེས་ཤེས་བྱ་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་མ་རིག་པར་འགྱུར་རོ། །རྩ་ཤེར་དང་། རྩོད་ཟློག་དང་། ཚིག་གསལ་ལས། རིགས་པས་དཔྱད་བཟོད་ཀྱི་རང་རིག་འགོག་པའི་ལུང་རྣམས་ཤེས་བྱེད་དུ་བྱས་ནས་རང་རིག་ཐ་སྙད་པ་འགོག་པ་ལ་སྦྱར་བ་ནི་ནོར་ཏེ། རྩ་ཤེར་ལས། རང་རིག་གི་དཔེ་མར་མེ་བཀོད་པ་ལ་དཔྱད་ནས་འགོག་པའི་ཚེ་རང་གསལ་བ་བཀག་པ་བཞིན་དུ། མུན་པ་སེལ་བའང་བཀག་པས་ཐ་སྙད་དུ་མུན་པ་སེལ་བའང་མི་འཐད་པར་ཐལ་བའི་ཕྱིར་དང་། རྩོད་ཟློག་ལས། ཚད་མ་དེ་རང་གིས་གྲུབ་པ་བཀག་པའི་ཚེ་ཚད་མ་གཞན་གྱིས་གྲུབ་པའང་བཀག་པས། ཐ་སྙད་དུ་ཚད་མའི་ཡུལ་ཅན་གཏན་མེད་པར་ཐལ་བའི་ཕྱིར་དང་། ཚིག་གསལ་ལས། རང་རིག་མེད་པའི་ཤེས་བྱེད་དུ་མྱང་བར་བྱ་བའི་སེམས་མི་རྙེད་པའི་མདོ་དྲངས་པས་ཐ་སྙད་དུ་མྱང་བྱའི་སེམས་ཉིད་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་ལང་ཀར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་གི་སོ། །གཅོད་པར་མི་བྱེད་སོར་མོ་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པས་ཐ་སྙད་དུ་རང་རིག་ཡོད་ན། ཐ་སྙད་དུ་རལ་གྲིའི་སོས་རང་གིས་རང་གཅོད་པར་འགྱུར་རོ་སྙམ་ན་རིགས་པས་དཔྱད་པའི་གནས་སྐབས་ཀྱི་དཔེ་ལ་བརྟག་པ་མཐའ་བཟུང་མང་སྟེ། གཞན་དུ་ན་ཐ་སྙད་དུ་ནམ་མཁའི་པདྨ་ཡོད་པར་ཐལ། འཕགས་པ་ལྷས། རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་གསུངས་ཞིང་། ཐ་སྙད་དུ་གཅིག་དང་དུ་མ་ཡོད་པའི་ཕྱིར། འཇུག་པ་རྩ་འགྲེལ་ལས་ནི། གཞན་དབང་བདེན་པ་གྲུབ་པའི་སྒྲུབ་བྱེད། རང་རིག་བཀོད་པ་ན་རང་རིག་གི་སྒྲུབ་བྱེད་གང་ཡིན་ཞེས་དྲིས་ཏེ། དྲན་པ་བཀོད་པ་ན་དྲན་པ་བདེན་པ་བ་བཀོད་ན་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་ཤིང་། དྲན་པ་ཐ་སྙད་པ་བཀོད་ན་ཁྱབ་པ་མ་ངེས་ཏེ། ཡུལ་མྱོང་ལས་ཀྱང་དྲན་པ་སྐྱེ་བའི་ཕྱིར། ཞེས་བཤད་ཀྱིས། རང་རིག་ཐ་སྙད་དུའང་མེད་པར་གཏན་མ་བཤད་དོ། །གཞན་དུ་ན་འགྲེལ་པར། མྱོང་བས་མྱོང་བ་དེ་དྲན་པས་མ་མྱོང་བའང་མ་ཡིན། མྱོང་བས་བཅད་པ་དེ་དྲན་པས་མ་བཅད་པའང་མ་ཡིན་ཞེས་གསུངས་པས་དྲན་པས་རང་དྲན་པ་ཡོད་པར་གསུངས་ཤིང་། དེ་ལྟར་ན་མྱོང་བས་རང་བཅད་དམ་མ་བཅད། བཅད་ན་རང་རིག་མེད་པ་དང་འགལ་ཞིང་། མ་བཅད་ན་འགྲེལ་བའི་དོན་དང་དངོས་སུ་འགལ་ལོ། །རང་གི་མཚན་ཉིད་ཀྱིས་གྲུབ་པ་འདོད་ན་རང་རྒྱུད་བྱ་དགོས་པ་དང་། དེ་ལས་བཟློག་ན་རང་རྒྱུད་ཁས་མི་ལེན་པ་གདོན་མི་ཟ་བར་བྱ་དགོས་ཞེས་པ་མི་འཐད་དེ། སྤྱིར་ཐལ་རང་གི་ཁྱད་པར་མཐའ་བཞིའི་སྐྱེ་བ་བཀག་པའི་རིགས་པའི་སྐབས་སུ། བྱུང་ཞིང་སྐབས་དེར་སློབ་དཔོན་ལེགས་ལྡན་གྱིས་ནང་གིས་འདུ་བྱེད་བདག་ལས་སྐྱེ་བ་མེད་པར་བསྒྲུབ་པ་ལ་རང་རྒྱུད་བྱས་པ་ཡིན་པས་གཏན་ཚིགས་དེས་ཆོས་ཅན་ནང་གི་འདུ་བྱེད་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྒྲུབ་པ་ཡིན་ནམ་ཆོས་བདག་ལས་སྐྱེ་བ་མེད་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྒྲུབ་པ་ཡིན་ནམ། དེ་གཉིས་ཚོགས་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྒྲུབ་པ་ཡིན། དང་པོ་ལྟར་ན་ཤིན་ཏུ་མི་འཐད་དེ། དེ་རང་གི་མཚན་ཉིད་ཀྱིས་སྐྱེ་བ་མེད་པར་བསྒྲུབ་པའི་སྐབས་ཡིན་པའི་ཕྱིར། གལ་ཏེ་དེའི་ཚེ་ཆོས་ཅན་ཁས་བླངས་པ་ཉིད་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་པར་འཕུལ་ཐུབ་སྟེ། ཆོས་ཅན་དེའི་གནས་ཚུལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར་རོ་སྙམ་ན་དེ་ལྟར་ན་ཡང་དག་པར་གྲུབ་པ་སོགས་ཀྱང་འཕུལ་ཐུབ་པས་དགག་བྱའི་ཁྱད་པར་འབྱེད་པ་དང་འགལ་ཞིང་། རིགས་པས་ཕུལ་ནས་ཁས་ལེན་དགོས་པ་དང་། རང་ངོས་ནས་ཁས་ལེན་པའི་ཁྱད་པར་ཡང་མ་ཕྱེད་པའོ། །ཕྱི་མ་གཉིས་ལ་ནི་དགག་པའི་གཞིའང་མེད་པས་རང་རྒྱུད་ཀྱི་རྟགས་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་བསྒྲུབ་ཅེས་པ་ནི་དཔྱད་པ་མ་ཞུགས་པའམ་ཞུགས་ཀྱང་མ་རྙེད་པའོ། །གལ་ཏེ་ངས་དམ་བཅས་འགའ་ཡོད། །ཅེས་སོགས་ཀྱི་དོན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་བླངས་པའི་ཕྱོགས་མེད་པས་སྐྱོན་མེད་ཅེས་པ་ལ་འཆད་དགོས་པའི་སྐབས་ཡོད་ཀྱང་གཙོ་བོ་ནི་དེ་མ་ཡིན་ཏེ། ཚིག་གསལ་ལས། ཆོས་ཅན་དེའི་གནས་ཚུལ་ལ་དཔྱད་པའི་ཚེ་ཆོས་ཅན་མངོན་སུམ་ལ་སོགས་པའི་ཚད་མ་བཞིས་གྲུབ་པ་མེད་པས་དེ་ཁས་བླངས་པའི་སྟེང་དུ་དགག་སྒྲུབ་ཀྱི་ཁྱད་ཆོས་གང་ཡང་ཁས་བླངས་པ་མེད་པའི་དོན་དུ་བཤད་པའི་ཕྱིར་རོ། །འདིས་ཐ་སྙད་ཀྱི་རྣམ་གཞག་ལ་རང་རྒྱུད་མི་འདོད་པ་ལ་ལེགས་པར་གནོད་དེ། དུ་བའི་རྟགས་ཀྱིས་ལ་མེ་ལྡན་དུ་བསྒྲུབ་པ་དང་། ལུས་ངག་གི་མཚན་མའི་རྟགས་ཀྱིས་ཕ་རོལ་པོ་རིགས་སད་པའམ་ཕྱིར་མི་ལྡོག་པར་བསྒྲུབ་པའི་ཚེ་ཆོས་ཅན་དེ་དག་མངོན་སུམ་ལ་སོགས་པའི་ཚད་མ་བཞི་པོ་གང་རུང་གིས་གྲུབ་བམ་མ་གྲུབ། དང་པོ་ལྟར་ན་རང་རྒྱུད་མེད་པ་དང་འགལ་ཏེ། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའང་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་པའི་སྐབས་ཀྱི་བསྒྲུབ་པའམ་བཟློག་པ་དེ་རང་རྒྱུད་ཡིན་པ་གཞུང་གི་དོན་ཡིན་ཅིང་། རང་ཉིད་ཀྱང་ཁས་བླངས་པའི་ཕྱིར། མ་གྲུབ་ན་ཆོས་ཅན་དེ་དག་ཐ་སྙད་དུའང་མེད་པར་འགྱུར་ཏེ། ཐ་སྙད་འཇལ་བྱེད་ཀྱི་ཚད་མ་བཞི་པོ་གང་རུང་གིས་མ་གྲུབ་པའི་ཕྱིར། གཞན་ཡང་ཚིག་གསལ་ལས་བུམ་པ་ལ་སོགས་མངོན་སུམ་དུ་ཡོད་པ་རྣམས་མངོན་སུམ་ཚད་མས་གྲུབ་པར་གསུངས་པ་དང་། ཁྱེད་ཐ་སྙད་རྣམ་འཇོག་གི་ཚེ་ཆོས་ཅན་ཚད་མས་མ་གྲུབ་པར་འདོད་པ་འགལ་མི་འགལ་སོམས་ཤིག རང་དབང་དང་རང་རྒྱུད་དོན་གཅིག་ཅེས་པའི་རང་དབང་གི་དོན་ཕྱི་རྒོལ་གྱི་ཁས་བླངས་ལ་མ་འཁྲིས་པར་སྔ་རྒོལ་རང་གིས་ཐ་སྙད་པའི་ཚད་མ་བཞི་པོ་གང་རུང་གིས་གྲུབ་པ་ལ་བྱེད་ན་ནི། ལ་མེ་ལྡན་དུ་བསྒྲུབ་པའི་ཚེ་དུ་བ་རང་དབང་དང་རང་རྒྱུད་དུ་བསྙོན་མི་ནུས་པ་ཁས་ལེན་དགོས་ཤིང་། དེའི་དོན་དུ་མི་བྱེད་ན་སུན་འབྱིན་པའང་སྔར་རྒོལ་རང་གི་ཐ་སྙད་པའི་ཚད་མས་མ་གྲུབ་པར་གཞན་གྱི་ཁས་བླངས་ལ་འཁྲིས་པ་མ་ཡིན་པར་རྣམ་པ་ཀུན་ཏུ་མཚུངས་སོ། །དངོས་པོ་རང་གི་ངོ་བོས་གྲུབ་པར་འདོད་པའི་ཕྱིར་རྒོལ་ལ་བསྒྲུབ་བྱ་མ་གྲུབ་པའི་གོང་དུ་རང་རྒྱུད་ཀྱི་རྟགས་དང་བསྒྲུབ་བྱ་མི་འདོད་ཅེས་པ་ཤིན་ཏུ་མི་འཐད་དེ། དེའི་ངོར་རང་རྒྱུད་ཀྱི་རྟགས་དང་བསྒྲུབ་བྱ་འདོད་པའི་དུས་གཏན་མེད་པར་ཐལ་བའི་ཕྱིར་ཏེ། བསྒྲུབ་བྱ་གྲུབ་ཟིན་པའི་རྗེས་སུ་རང་རྒྱུད་ཀྱི་རྟགས་དང་བསྒྲུབ་བྱ་མི་འདོད་པའི་ཕྱིར་རོ། །རྟེན་འབྱུང་གི་རྟགས་ཀྱིས་མྱུ་གུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པར་བསྒྲུབ་པའི་ཚེ་མྱུ་གུ་རྟེན་འབྱུང་དུ་སྔ་རྒོལ་གྱིས་ཁས་ལེན་ཞེས་པ་ནི་མི་འཐད་དེ། དེ་ལྟར་ན་ཆོས་ཅན་མྱུ་གུ་དང་། དེའི་སྟེང་དུ་གཏན་ཚིགས་བརྟེན་འབྱུང་ཁས་བླངས་པས་རང་རྒྱུད་ཀྱི་རྟགས་སུ་ཐལ་བ་བཟློག་དུ་མེད་པའི་ཕྱིར་རོ། །ཐལ་འགྱུར་བ་ནང་ཕན་ཚུན་ལ་ཁས་བླངས་མ་འཁྲིས་པར་ཚད་མས་གྲུབ་ཚུལ་བསྟན་དུ་ཡོད་ཀྱང་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པའི་ཚད་མ་ཡིན་པས་རང་རྒྱུད་མི་རུང་ཞེས་པའི་དོན་ཚད་མ་དེ་ཚིག་གསལ་ལས་གསུངས་པ་ལྟར་གྱི་མངོན་སུམ་ལ་སོགས་པ་བཞི་པོ་གང་རུང་ཡིན་ན་ནི་རང་རྒྱུད་དུ་ཐལ་བ་བཟློག་ཏུ་མེད་ཅིང་། དེ་ལས་གཞན་པའི་ཐ་སྙད་འཇལ་བྱེད་ཀྱི་ཚད་མ་ནི་ཡབ་སྲས་གཉིས་ཀྱི་དབུ་མའི་གཞུང་ལས་མ་བཤད་དོ། །ལྟ་བ་མ་རྙེད་པའི་རྒྱུད་ལ་མྱུ་གུ་ལྟ་བུ་རང་གི་ངོ་བོས་ཡོད་མེད་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་འཛིན་པ་ཡོད་པའང་དབུ་མའི་གཞུང་དང་འགལ་ཏེ། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་འགྱུར་ཏེ། །ཞེས་པའི་དོན། ལྟ་བ་མ་རྙེད་པའི་རྒྱུད་ཀྱི་མྱུ་གུ་འཛིན་པའི་རྟོག་པ་ཡིན་ན། མྱུ་གུ་བདེན་པར་འཛིན་པའི་བློ་ཡིན་པས་ཁྱབ་པའི་དོན་ཡིན་པའི་ཕྱིར་རོ། །གཞན་ཡང་དེའི་རྒྱུད་ལ་མྱུ་གུ་རང་གི་ངོ་བོས་མེད་པར་འཛིན་པའི་འཛིན་པ་ཡོད་པར་ཐལ། དེའི་རྒྱུད་ལ་མྱུ་གུ་རྟེན་འབྱུང་དུ་ཐ་སྙད་པའི་ལྷན་སྐྱེས་ཀྱི་ཚད་མས་གྲུབ་པ་ཡོད་པའི་ཕྱིར། རྟགས་ཁས་བླངས་ཏེ། དེའི་རྒྱུད་ལ་དེ་དང་དངོས་པོ་རང་གི་ངོ་བོས་ཡོད་པ་འཇལ་བའི་ཚད་མ་གཉིས་འདྲེས་ནས་ཡོད་པའི་ཕྱིར། དེས་ན་དེ་གཉིས་ཕྱི་རྒོལ་གྱི་རྒྱུད་ལ་འདྲེས་ནས་མ་ཕྱེད་པར་ཡོད་ཅེས་པ་འདི་ཐུགས་རྩེ་གཏད་མཚམས་མེད་པར་རང་དགར་སྨྲས་པ་ཡིན་པ་འདྲ་སྟེ། སྒྲ་མི་རྟག་པར་བསྒྲུབ་པའི་ཕྱིར་རྒོལ་གྱི་རྒྱུད་ལ་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་དང་། སྒྲ་མི་རྟག་པར་རྟོགས་པའི་ཚད་མ་གཉིས་འདྲེས་ནས་མ་ཕྱེད་པར་ཡོད་པའི་ཚུལ་ནི་གཞན་སུས་ཀྱང་འཇོག་མི་ཤེས་པའི་ཕྱིར་རོ། །རྟོག་པས་འདིའོ་སྙམ་དུ་གང་གཟུང་ཐམས་ཅད་རིགས་པས་མི་འགོག་པ་ནི་སྔར་བཀག་ཟིན་ལ། ལྟ་བ་རྒྱུད་ལ་མ་སྐྱེས་གོང་གི་བྱང་ཆུབ་ཀྱི་སེམས་སྦྱོང་ལ་སོགས་པ་ཐམས་ཅད་བདེན་འཛིན་ནམ་མཚན་འཛིན་དུ་འདུག་སྙམ་དུ་གོ་བས་ལྟ་བ་རྒྱུད་ལ་སྐྱེས་པར་རློམ་པའི་འོག་ཏུ་སྤྱོད་ཕྱོགས་ཐམས་ཅད་ལ་ཞེ་རྩིས་མེད་པ་འབྱུང་བའང་མ་ངེས་ཏེ། དེའི་ཚེ་སྔར་གྱི་བདེན་འཛིན་གྱི་ཞེན་ཡུལ་དུ་གྱུར་པའི་བདེན་པ་བཀག་བྱར་གོ་བ་ཙམ་ཡིན་པའི་ཕྱིར་རོ། །གཞན་ལ་གྲགས་ཀྱི་རྟགས་ཀྱིས་བསྒྲུབ་བྱ་བསྒྲུབ་པ་ལ་ཕ་རོལ་པོས་ཁས་བླངས་པ་ཙམ་གྱིས་མི་ཆོག་པར་ཆོས་ཅན་གཉིས་དང་རྟགས་ལ་སོགས་པ་རང་ངོས་ནས་གཞལ་ན་ཚད་མས་གྲུབ་དགོས་པར་འདོད་པ་ནི། དཔལ་ལྡན་ཟླ་བས་ཚིག་གསལ་དུ། རང་རྒྱུད་བཀག་པའི་དགག་ཡུལ་མཐིལ་ཡིན་ཏེ། བདག་སྐྱེ་འགོག་པའི་སངས་རྒྱས་བསྐྱངས་ཀྱི་ལུགས་དེས་གཞན་ལ་གྲགས་ཀྱི་རྗེས་དཔག་བསྟན་པར་བཤད་པ་ན། མངོན་པར་མི་གསལ་བའི་བུམ་པ་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་ངོ་བོ་ཡོད་པའི་ཕྱིར། དཔེར་ན། མངོན་གསལ་གྱི་བུམ་པ་བཞིན་ཞེས་འགྱུར་བར་བཤད་པས། དེའི་ཚེ་ཆོས་ཅན་གཉིས་དང་། རྟགས་ལ་སོགས་པ་ཕ་རོལ་པོས་ཁས་བླངས་པ་ཙམ་མ་ཡིན་པར། རང་ངོས་ནས་ཚད་མས་གྲུབ་ན་གྲངས་ཅན་པའི་ལུགས་ཉིད་དུ་འགྱུར་པའི་ཕྱིར་རོ། །ལྟ་བའི་སྙིགས་མར་སོང་བས་འདི་འདྲའི་བཤད་པ་ལའང་རྗེས་འཇུག་རྣམས་ཡིད་ཆེས་སྐྱེ་བ་ཨ་རེ་མཚར་རོ། །ཆོས་ཅན་གཉིས་དང་རྟགས་ལ་སོགས་པ་སྔར་རྒོལ་རང་གི་ཚད་མས་མ་གྲུབ་ན་དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ་བསྐྱེད་པ་མི་ནུས་ཞེས་པའང་དགག་ཡུལ་མཐིལ་ཡིན་ཏེ། ཚིག་གསལ་ལས། ཆོས་ཅན་དང་རྟགས་སོགས་སྔར་རྒོལ་རང་གིས་ཁས་མ་བླངས་ཀྱང་ཕ་རོལ་པོ་ལ་ཁས་བླངས་ནང་འགལ་བསྟན་པས་བདག་སྐྱེ་མེད་པར་རྟོགས་པའི་ལྟ་བ་བསྐྱེད་ནུས་ཤིང་། དེས་མ་ནུས་ན་རང་རྒྱུད་ཀྱི་རྟགས་ཀྱིས་ཀྱང་མི་ནུས་པས་ཁོ་བོ་ཅག་སྨྱོན་པ་དང་མི་རྩོད་པར་གསལ་བར་གསུངས་པའི་ཕྱིར་རོ། །གཞན་ཡང་གཅིག་དུ་བྲལ་གྱི་རྟགས་ཀྱིས་རྣམ་ཤེས་དམ་པའི་དོན་དུ་མེད་པར་བསྒྲུབ་པ་ལ་ནམ་མཁའི་པདྨོ་དཔེར་བཀོད་པ་འཕགས་པ་ལྷས་གསུངས་པ་འདི་གཞན་ལ་གྲགས་པ་མ་ཡིན་ན། དབུ་མའི་གཞུང་ལས་བཤད་པའི་གཞན་ལ་གྲགས་ཀྱི་མཚན་གཞི་སྟོན་དགོས་ཤིང་། ཡིན་ན་དེའི་ཚེ་ཆོས་ཅན་གཉིས་ཚད་མས་ཇི་ལྟར་གྲུབ་སོམས་ལ་སྨྲོས་ཤིག རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་གསུམ་པོ་ཚད་མས་ཁས་ལེན་ཞེས་པའི་དོན། ཐལ་འགྱུར་བས་རིགས་པས་འཕུལ་བའི་ཚེ་ཁས་ལེན་དགོས་པ་ལ་བྱེད་དམ། རང་ངོས་ནས་ཁས་ལེན་པ་ལ་བྱེད། དང་པོ་ལྟར་ན་དེའི་ཚེ་ཡང་དག་པར་གྲུབ་པ་སོགས་གསུམ་པོའང་འཕུལ་ཐུབ་པར་མཚུངས་པས་དགག་བྱ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་འབྱེད་པ་དོན་མེད་དོ། །གཉིས་པ་ལྟར་ན། ཤིན་ཏུ་མི་འཐད་དེ་རང་རྒྱུད་པས་ཀྱང་རང་གི་མཚན་ཉིད་ཀྱི་སྟོང་གཞིའི་ཆོས་ཅན་སྟོང་ཚུལ་རང་རང་ངོ་བོས་སྟོང་པར་འདོད་པའི་ཕྱིར་དང་། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་འབའ་ཞིག་པ། །ཞེས་པའི་འགྲེལ་པར། ལེགས་ལྡན་འབྱེད་ཀྱིས། འབའ་ཞིག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དྲི་ཙམ་གྱིས་ཀྱང་མ་གོས་པའི་དོན་ནོ་ཞེས་གསུངས་པའི་ཕྱིར་དང་བདེན་གཉིས་དང་རྒྱན་སོགས་རང་རྒྱུད་པའི་གཞུང་རྣམས་ལས་གཟུགས་སོགས་ཀྱི་དངོས་པོ་མ་བརྟགས་གཅིག་པུར་ཉམས་དགའ་བ་དང་། མ་ལུས་པ་གཟུགས་བརྙན་ལྟ་བུར་གསུངས་པའི་ཕྱིར་རོ། །གལ་ཏེ་རང་གི་མཚན་ཉིད་དང་། རང་བཞིན་དང་། ངོ་བོ་ཉིད་ཁས་བླངས་པས་དེ་དག་ཁས་བླངས་སོ་སྙམ་ན། དེ་ལྟར་ན་ཐལ་འགྱུར་བས་ཀྱང་དེ་དག་ཁས་ལེན་པར་འགྱུར་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་རང་གི་མཚན་ཉིད་དང་། མེ་ཡི་རང་བཞིན་ཚ་བ་དང་། །བུ་རམ་རང་བཞིན་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་བཤད། །ཅེས་དང་། དངོས་པོའི་ངོ་བོ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་རྣམས་བཞེད་པའི་ཕྱིར་རོ། །གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །ཞེས་པའི་ཕྱོགས་སྔ་སྨྲ་བ་པོས་འཕགས་པའི་མཉམ་གཞག་གིས་སྟོང་ཉིད་རྟོགས་པར་ཁས་བླངས་པས་རང་རྒྱུད་པ་ལས་འོས་མེད་དེ། དངོས་སྨྲ་བས་དེ་ལྟར་ཁས་མི་ལེན་པའི་ཕྱིར་ཞེས་འཛེར་ན། འདི་ནི་གསུང་རབ་ཀྱི་དགོངས་པ་འཆད་ཚུལ་ལ་བློ་རྒྱ་ཤིན་ཏུ་ཆུང་བ་སྟེ། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་དང་། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་དང་། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེའི་ཡང་དེ་ཉིད་ཡིན། །ཞེས་དང་། སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །ཞེས་ཉན་ཐོས་སྡེ་པ་དང་སེམས་ཙམ་པ་ཀུན་གྱིས་འཕགས་པའི་མཉམ་གཞག་གིས་རྟོགས་བྱའི་གནས་ལུགས་ལ་སྟོང་པ་ཉིད་ཀྱི་ཐ་སྙད་མཛད་པའི་ཕྱིར་རོ། །དེས་ན་གྲུབ་མཐའ་སྨྲ་བ་བཞི་ཆར་འཕགས་པའི་མཉམ་གཞག་གིས་སྟོང་ཉིད་རྟོགས་པར་འདོད་པར་མཚུངས་པའི་ཕྱིར་ཏེ་ཉན་ཐོས་སྡེ་པས་ཕུང་པོ་རང་མཚན་བདེན་པར་གྲུབ་ཀྱང་དེའི་སྟེང་དུ་གང་ཟག་གི་བདག་གིས་སྟོང་པ་ལ་སྟོང་ཉིད་དུ་འདོད་པ་དང་། རྣམ་རིག་པས་གཞན་དབང་བདེན་གྲུབ་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ལ་སྟོང་ཉིད་དུ་འདོད་པ་དང་། དབུ་མ་ཆད་སྟོང་པ་འགའ་ཞིག་དང་། ཟུང་འཇུག་པ་དག་ཀྱང་མཐའ་དང་པོ་བཀག་པའི་ཚེ་བདེན་པས་སྟོང་པ་ལ་སྟོང་ཉིད་དུ་འདོད་པ་དང་མཐར་མཐའ་བཞི་ཆར་གྱི་སྤྲོས་པས་སྟོང་པ་ལ་སྟོང་ཉིད་དུ་འདོད་པས་སྟོང་གཞིའི་ཆོས་ཅན་དང་། སྟོང་ཚུལ་གྱི་འདོད་ཚུལ་ནི་མི་འདྲ་བ་དུ་མ་ཡོད་པར་ཤེས་པར་བྱའོ། །འོ་ན་དེའི་ཕྱོགས་སྔ་སྨྲ་བ་པོ་སུ་ཞིག་སྙམ་ན་སེམས་ཙམ་པ་སྟེ། འགྲེལ་པར། གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། འཕགས་པའི་མཉམ་གཞག་ལ་གཞན་དབང་མི་སྣང་བར་འདོད་པ་ལ་ཁས་བླངས་ནང་འགལ་བསྟན་པའི་ཕྱིར་དང་། དོན་དམ་པར་གཞན་སྐྱེ་འདོད་པ་ཞིག་ཡིན་པར་གཞུང་འོག་མའི་མཚམས་སྦྱར་ལས་ཀྱང་གསལ་བའི་ཕྱིར་རོ། །སྔར་གྱི་དགག་སྒྲུབ་དེ་དག་གི་དོན་བསྡུས་ཏེ་བསྟན་ན། འདི་གཉིས་ཀྱི་ཁྱད་པར་དོན་དམ་གྱི་ལྟ་བའི་སྒོ་ནས་འབྱེད་པ་མི་འཐད་དེ་གཉིས་ཀའང་མཐའ་བཞིའི་རིམ་པ་བཞིན་བཀག་ནས་མཐའ་བཞིའི་སྤྲོས་བྲལ་འདོད་པར་མཚུངས་པའི་ཕྱིར་རོ། །ཐ་སྙད་དུ་སྤྱིར་དམ་བཅའ་དང་། ཞེ་འདོད་ཀྱི་དམ་བཅའ་དང་། རང་རྒྱུད་ཀྱི་དམ་བཅའ་ཡོད་མེད་ཀྱི་སྒོ་ནས་འབྱེད་པའང་མི་འཐད་དེ། མཐའ་བཞིའི་སྐྱེ་བ་བཀག་པའི་དམ་བཅའ་སོགས་རྣམ་བཅད་དགག་པའི་དམ་བཅའ་རྣམས་དམ་བཅའ་དང་པོ་གཉིས་ཡིན་པ་ལ་འགལ་བ་མེད་ཅིང་རིགས་པས་གྲུབ་པའི་ཕྱིར་དང་། ཉན་རང་ཐུབ་དབང་ལས་སྐྱེས་པ་དང་། །སངས་རྒྱས་བྱང་སེམས་ལས་འཁྲུངས་པ་དང་། །ཆོས་གསུམ་བྱང་སེམས་ཀྱི་རྒྱུ་ཡིན་པ་དང་། །སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་སོགས་རྒྱུ་འབྲས་ཀྱི་དམ་བཅའ་དང་། སེམས་ཅན་ཀྱི་རྒྱུད་ལ་བདེར་གཤེགས་སྙིང་པོ་ཡོད་པ་དང་སྣོད་ཀྱི་འཇིག་རྟེན་ལ་བཅུད་ཀྱི་སེམས་ཅན་ཡོད་པ་སོགས་རྟེན་དང་བརྟེན་པའི་དམ་བཅའ་དང་། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །སོགས་དང་། འདུས་བྱས་ཐམས་ཅད་མི་རྟག །ཅེས་སོགས་རང་མཚན་དང་སྤྱི་མཚན་གྱི་དམ་བཅའ་དང་། སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་བྱང་སེམས་ཕྱིར་མི་ལྡོག་པར་དམ་བཅས་པ་སོགས་ཆོས་ཅན་ཐ་སྙད་པའི་ཚད་མ་བཞི་པོ་གང་རུང་གིས་གྲུབ་པའི་སྟེང་དུ་ཁྱད་ཆོས་རང་གིས་ངེས་ནས་གཞན་ལ་ངེས་པའི་ཆེད་དུ་སྟོན་པའི་དམ་བཅའ་རྣམས་རང་རྒྱུད་ཀྱི་དམ་བཅའ་ཡིན་པར་རྩོད་ཟློག་གི་ལུང་གིས་བསྙོན་མེད་དུ་འགྲུབ་པའི་ཕྱིར་རོ། །དེའི་ཚེ་རང་རྒྱུད་ཀྱི་རྟགས་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་པའང་མི་འཐད་དེ། རང་རྒྱུད་ཀྱི་དམ་བཅའ་ཡོད་པའི་ཚེ་དེ་སྒྲུབ་བྱེད་ཀྱི་གཏན་ཚིགས་རང་རྒྱུད་ལས་འོས་མེད་པའི་ཕྱིར་རོ། །ཀུན་གཞི་དང་། ཉོན་ཡིད་དང་རང་རིག་སོགས་ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་པའང་གོང་དུ་གསལ་བར་བཀག་ཟིན་ཅིང་ཐལ་འགྱུར་བས་ཀྱང་ཐ་སྙད་དུ་དེ་དག་ངེས་པར་ཁས་ལེན་དགོས་ཏེ་དེ་དག་ཚད་མ་བཞིའི་ནང་ནས་ལུང་ཚད་མས་གྲུབ་པའི་དོན་ཡིན་པའི་ཕྱིར་རོ། །ལྔ་པ་རང་ལུགས་འཐད་པའི་ཕྱོགས་རྣམས་སྒྲུབ་བྱེད་དང་བཅས་ཏེ་བསྟན་པ་ལ་གཉིས་ཏེ་གཙོ་བོ་གཞུང་འགྲེལ་ཚུལ་གྱི་སྒོ་ནས་འབྱེད་པ་དང་། ཞར་བྱུང་ཐ་སྙད་ཁས་ལེན་ཚུལ་གྱི་སྒོ་ནས་འབྱེད་པའོ། །དང་པོ་ལ་གཉིས་ཏེ། ཐ་སྙད་འཇོག་མཚམས་གཙོ་བོ་ངོས་གཟུང་བ་དང་། དེ་ཉིད་གཞུང་ཐམས་ཅད་ལ་སྦྱར་བའོ། །དང་པོ་ནི་རྩ་ཤེར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་ཚིགས་སུ་བཅད་པ་འདིས་མཐའ་བཞིའི་སྐྱེ་བ་བཀག་པའི་དམ་བཅའ་བཞི་སྟོན་པར་ཐལ་རང་གཉིས་ཆར་འདོད་ཀྱང་ཐལ་འགྱུར་བས་ཐལ་འགྱུར་གྱི་དམ་བཅའ་དང་། རང་རྒྱུད་པས་རང་རྒྱུད་ཀྱི་དམ་བཅར་འདོད་པ་ནི་ཁྱད་པར་རོ། །དམ་བཅའ་བཞི་པོ་དེ་སྒྲུབ་བྱེད་ཀྱི་རིགས་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐོག་མར་ཐལ་འགྱུར་གསུངས་ཤིང་། ལེགས་ལྡན་འབྱེད་ཀྱིས་དེ་བཀག་ནས་རང་རྒྱུད་མཛད། སློབ་དཔོན་ཟླ་བས་སྔ་མའི་སྐྱོན་སྤང་དང་། རང་རྒྱུད་ཀྱི་རིགས་པ་ཞིབ་ཏུ་བཀག་ནས་ཐལ་འགྱུར་གྱི་གཞུང་འཛུགས་པར་མཛད་པས་ཐལ་རང་གི་ཐ་སྙད་འབྱུང་བའི་གཞི་དང་། འབྱུང་བའི་མཚམས་དང་། འབྱུང་བའི་ཚུལ་ཐམས་ཅད་གཞུང་འདི་ཉིད་ཀྱི་སྟེང་དུ་ངེས་པར་བྱ་དགོས་པས་འདི་ལ་གཉིས་ཏེ། དམ་བཅའི་སྒོ་ནས་འབྱེད་པ་དང་། སྒྲུབ་བྱེད་ཀྱི་སྒོ་ནས་འབྱེད་པའོ། །དང་པོ་ནི་དངོས་པོ་གང་དག་ཅེས་པ་ནི་བརྟེན་པའི་ཚིག་སྟེ། མ་ལུས་པ་ཞེས་པའི་དོན་ཏོ། །གང་ན་ཡང་ཞེས་པ་ནི་རྟེན་གྱི་ཚིག་སྟེ་ཡུལ་དང་གྲུབ་མཐའ་གང་ན་ཡང་ཞེས་པའི་དོན་ཏོ། །ནམ་ཡང་ཞེས་པ་ནི་དུས་ཀྱི་ཚིག་སྟེ་དུས་ནམ་ཡང་ཞེས་པའི་དོན་ཏོ། །དེ་ལྟར་ན་ཕྱི་ནང་གི་དངོས་པོ་གང་དག་བདག་ལས་སྐྱེ་བ། ཡུལ་དང་གྲུབ་མཐའ་གང་ནའང་དུས་ནམ་ཡང་ཡོད་པ་མ་ཡིན་ཞེས་སྦྱར་ཞིང་དེ་བཞིན་དུ་དམ་བཅའ་བ་གཞན་གསུམ་ལའང་སྦྱར་བའོ། །འདི་ལའང་ཐལ་འགྱུར་བས་ནི་ཕྱི་རྒོལ་གྱིས་སྐྱེ་བར་འདོད་པའི་དངོས་པོ་མ་ལུས་པ་ཆོས་ཅན་དུ་འཛིན་ཞིང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མི་སྦྱོར་ལ་རང་རྒྱུད་པས་ནི་ནང་གི་འདུ་བྱེད་ཆོས་ཅན་དུ་གཟུང་ཞིང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་རོ། །ཅིའི་ཕྱིར་དམ་བཅའ་བཞིར་གྲངས་ངེས་ཤེ་ན། ལྷན་སྐྱེས་ཀྱི་བློས་སྐྱེ་བ་རང་བཞིན་གྱིས་ཡོད་པར་འཛིན་པ་ལྟར་དངོས་པོར་སྨྲ་བ་རྣམས་ཀུན་བརྟགས་ཀྱི་བློས་ཀྱང་འདོད་ལ་འདོད་ཚུལ་རྒྱང་འཕན་པ་དང་། གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བའི་གཅེར་བུ་པ་དང་། གྲངས་ཅན་པ་དང་། རང་གི་སྡེ་པ་དངོས་པོར་སྨྲ་བ་རྣམས་ཀྱིས་འདོད་ཚུལ་བཞི་པོ་འདི་ཁོ་ནར་ངེས་ཤིང་ལྔ་པ་མེད་པའམ། ལྷན་སྐྱེས་ཀྱི་ཞེན་ཡུལ་ཉིད་འགོག་པའི་ཚེ་སྐྱེ་བའི་དོགས་པ་ལ་མཐའ་བཞི་སྲིད་ཅིང་། ལྔ་པ་མི་སྲིད་པས་དོགས་པའི་མཐའ་དགག་པའི་དམ་བཅའ་བཞི་མཛད་པ་ཡིན་ཏེ། འདི་ལྟར་སྐྱེ་བ་རྒྱུ་ལ་ལྟོས་མི་ལྟོས་གཉིས་ལས་ཕྱི་མ་རྒྱུ་མེད་ཀྱི་ཕྱོགས་སུ་འདུས། དང་པོ་ལའང་རྒྱུ་དེ་འབྲས་བུ་ལས་ཐ་དད་མི་དད་གཉིས་སུ་ངེས་ལ། དེ་ལའང་ཐ་དད་པ་ཁོ་ན་ལས་སྐྱེ་ན་གཞན་སྐྱེའི་ཕྱོགས་སུ་འདུས། ཐ་མི་དད་པ་ཁོ་ན་ལས་སྐྱེ་ན་བདག་སྐྱེའི་ཁོངས་སུ་འདུས། གཉིས་ཀ་ལས་སྐྱེ་ན་གཉིས་ཀ་ལས་སྐྱེ་བའི་ཁོངས་སུ་འདུས་ཤིང་། དེ་ལས་གཞན་པའི་མཐའ་མི་སྲིད་པའི་ཕྱིར་རོ། །འདིས་དགག་པའི་དམ་བཅའ་བཞི་བསྟན་ན། གལ་ཏེ་ངས་དམ་བཅས་འགའ་ཡོད། །ཅེས་སོགས་དང་འགལ་ལོ་ཞེས་པའི་སྐྱོན་སྤང་ལའང་ཐལ་འགྱུར་བས་ནི། རང་རྒྱུད་ཀྱི་དམ་བཅའ་མ་ཡིན་པས་སྐྱོན་མེད་ཅེས་དང་། རང་རྒྱུད་པས་ནི་བདེན་གྲུབ་ཀྱི་ཆོས་དམ་བཅས་པ་མ་ཡིན་པས་སྐྱོན་མེད་ཅེས་པ་ནི་ཁྱད་པར་རོ། །གཉིས་པ་ལ་བཞི་ལས། དང་པོ་བདག་ལས་སྐྱེ་བ་དགག་པའི་འཐད་པ་སྦྱར་བ་ལའང་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། འགོག་བྱེད་ཀྱི་རིགས་པའི་ཁྱད་པར་བརྗོད་པའོ། །དང་པོ་ནི། གྲངས་ཅན་པ་དག་བདག་ལས་མ་ཡིན་ཞེས་པ་ནི་མི་རིགས་ཏེ་དངོས་པོ་རྣམས་རྒྱུ་སོ་སོར་ངེས་པ་དང་། མེད་པ་མི་སྐྱེ་བས་རང་གི་བདག་ཉིད་དུ་གྱུར་པ་ལས་སྐྱེ་བའི་ཕྱིར་རོ། །སྐྱེ་བ་དོན་མེད་པར་ཡང་མི་འགྱུར་ཏེ། མི་གསལ་བ་གསལ་བར་འབྱུང་བའི་ཕྱིར་རོ། །ཐུག་པ་མེད་པར་འགྱུར་བའང་མ་ཡིན་ཏེ། མངོན་པར་གསལ་བར་གྲུབ་ཟིན་པ་སླར་ཡང་གསལ་བར་མི་འབྱུང་བའི་ཕྱིར་རོ་ཞེས་སྨྲ་བར་བྱེད་དོ། །གཉིས་པ་ལ་ལྔ་སྟེ། ཐལ་འགྱུར་གྱི་འཐད་པར་སྦྱར་བ། དེ་ལ་རང་རྒྱུད་པས་སྐྱོན་བཀོད་པའི་ཚུལ། ཐལ་འགྱུར་བས་དེའི་ཉེས་པ་སྤང་བ། རང་རྒྱུད་ཀྱི་འཐད་པ་སྦྱོར་བ་དགག་པ། ཉེས་པ་དེ་རང་ལ་མཚུངས་པ་སྤང་བའོ། །དང་པོ་ལ་གཉིས་ཏེ། ཟླ་བས་འཐད་པར་སྦྱར་བའི་ཚུལ། སངས་རྒྱས་བསྐྱངས་ཀྱིས་འཐད་པ་སྦྱར་བའི་ཚུལ་ལོ། །དང་པོ་ལ་གཉིས་ལས། སྐྱེ་བ་དོན་མེད་པར་ནི་རྒྱུའི་བདག་ཉིད་དུ་ཡོད་པའི་འབྲས་བུ་དེ་སྐྱེ་བ་དོན་མེད་པར་འགྱུར་ཏེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། མངོན་གསལ་གྱི་བུམ་པ་བཞིན་ནོ། །གཉིས་པ་རིགས་པ་དང་འགལ་བ་ལ་མ་གྲགས་པའི་དོན་ཐོབ་པ་དང་། གྲགས་པའི་དོན་མི་རུང་བ་དང་། རྒྱུ་འབྲས་ངོ་བོ་འཆོལ་བར་འགྱུར་བ་དང་། རྒྱུ་འབྲས་རྟོགས་པ་མཚུངས་པར་འགྱུར་བ་བཞི་ལས། དང་པོ་ནི། འབྲས་བུ་མྱུ་གུ་སྔོན་པོར་བདག་ཉིད་ལས་བདག་ཉིད་དུ་འབྱུང་བ་ལྟར་རྒྱུ་ས་བོན་སྐྱ་བོའང་བདག་ཉིད་ལས་བདག་ཉིད་དུ་སྐྱེ་བར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ལྟར་ན་རྟག་ཏུ་ས་བོན་གྱི་ངོ་བོར་སྐྱེ་བར་འགྱུར་བས་མ་གྲགས་པའི་དོན་ཐོབ་པའོ། །གཉིས་པ་ནི། རྒྱུ་མཚན་དེ་ཉིད་ཀྱིས་ས་བོན་སྐྱ་བོའི་གནས་སྐབས་འགག་པར་མི་འཐད་པས་མྱུ་གུ་སྔོན་པོའི་གནས་སྐབས་འབྱུང་བར་མི་འཐད་དེ། འབྲས་བུ་འབྱུང་བ་ལ་རྒྱུ་འགགས་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །གལ་ཏེ་རྐྱེན་ཆུ་ལུད་ལ་སོགས་པས་ཕན་བཏགས་པའི་སྒོ་ནས་ས་བོན་གྱི་མྱུ་གུ་བསྐྱེད་པར་བྱེད་ལ་མྱུ་གུས་དེ་ཉིད་ཀྱི་ཚེ་ས་བོན་འགག་པར་བྱེད་པས་སྐྱོན་གང་ཡང་མེད་དོ་ཞེ་ན་མ་ཡིན་ཏེ། དེ་གཉིས་བདག་ཉིད་གཅིག་ཡིན་པས་རང་ལ་རང་གི་བྱ་བ་འགལ་བའི་ཕྱིར་རོ། །གསུམ་པ་ནི། ས་བོན་གྱི་ཆོས་ལྔ་མྱུ་གུ་ལ་དམིགས་ཤིང་མྱུ་གུའི་ཆོས་ལྔ་ས་བོན་ལ་དམིགས་པར་འགྱུར་ཏེ། དེ་གཉིས་བདག་ཉིད་གཅིག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ས་བོན་གྱི་དབྱིབས་ཟླུམ་པོ་དང་ཁ་དོག་སྐྱ་བོ་དང་། རོ་མངར་བ་དང་། ནུས་པ་མྱུ་གུ་བསྐྱེད་པ་དང་། སྨིན་པ་ཁ་བར་འགྱུར་བར་དམིགས་ཤིང་། མྱུ་གུ་ནི་དབྱིབས་རིང་པོ་དང་། ཁ་དོག་སྔོན་པོ་དང་། རོ་ཁ་བ་དང་། ནུས་པ་གྲིབ་མ་བསྐྱེད་པར་དང་། སྨིན་པ་མངར་བར་འགྱུར་བར་དམིགས་པའི་ཕྱིར་རོ། །བཞི་པ་ནི་མྱུ་གུ་དམིགས་པའི་ཚེ་མྱུ་གུ་ལྟར་དེ་དང་བདག་ཉིད་གཅིག་པའི་ས་བོན་ཡང་དམིགས་པར་འགྱུར་ཞིང་། ཡང་ན་ས་བོན་མི་དམིགས་པ་ལྟར་དེ་དང་བདག་ཉིད་གཅིག་པའི་མྱུ་གུ་ཉིད་ཀྱང་མི་དམིགས་པར་འགྱུར་རོ། །དེ་བཞིན་དུ་ས་བོན་དམིགས་པའི་ཚེ་ས་བོན་ལྟར་དེ་དང་བདག་ཉིད་གཅིག་པའི་མྱུ་གུའང་དམིགས་པར་འགྱུར་ཞིང་། ཡང་ན་མྱུ་གུ་མི་དམིགས་པ་ལྟར་དེ་དང་བདག་ཉིད་གཅིག་པའི་ས་བོན་ཉིད་ཀྱང་མི་དམིགས་པར་འགྱུར་ཏེ། དེ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར། འདི་དག་ནི་འཇུག་པ་ལས་གསུངས་པའི་རིགས་པ་ཡིན་ལ། གཞན་ཡང་བསྟན་བཅོས་རྩ་བར་ཁ་འཕངས་པ་ནི། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཅི་ལྟར་སྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ནི། །སྐྱེས་ན་ཅི་ཞིག་བསྐྱེད་དུ་ཡོད། །ཅེས་དང་། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་པ་ལ་སོགས་པའོ། །གཉིས་པ་སངས་རྒྱས་བསྐྱངས་ཀྱིས་འཐད་པ་སྦྱར་བའི་ཚུལ་ནི། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གིས་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །འདིའི་དོན་ཕ་རོལ་པོའི་བློ་ངོར་མཐའ་གཅིག་ཏུ་ངེས་པའི་དམ་བཅའ་བསྒྲུབ་པ་གཞན་ལ་གྲགས་པའི་རྗེས་དཔག་དུ་བཤད་པ་དང་། བཟློག་པ་དང་འབྲེལ་བའི་དམ་བཅའ་འཕེན་པ་འགལ་བར་བརྗོད་པའི་ཐལ་འགྱུར་དུ་བཤད་པ་གཉིས་ལས། དང་པོ་ནི། རྒྱུའི་བདག་ཉིད་དུ་ཡོད་པའི་འབྲས་བུ་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། བུམ་པ་བཞིན་ཞེས་པ་སྟེ། གཏན་ཚིགས་དེ་ནི་དཔེ་ལ་ཁྱབ་པ་བསྟན་པའི་ཤུགས་ལ་ཁྱབ་བྱ་རྩོད་གཞི་ལ་ཉེ་བར་སྦྱར་བ་ཐོབ་པས་ཤུགས་ལ་བསྟན་པ་ཡིན་ཏེ། འདི་ལྟར་དེ་དག་གི་ཞེས་པ་ལ་སོགས་པ་ནི་རང་གི་བདག་ཉིད་དུ་ཡོད་པ་སྐྱེ་ན་དོན་མེད་དང་ཐུག་མེད་དུ་འགྱུར་ཏེ། མངོན་གསལ་གྱི་བུམ་པ་བཞིན། ཞེས་བསྟན་ལ་དེ་སྐད་དུ་བསྟན་པས་ཀྱང་རང་གི་བདག་ཉིད་དུ་ཡོད་པ་ལ་བདག་ལས་སྐྱེ་བ་མེད་པས་ཁྱབ་པར་བསྟན་པའི་ཕྱིར་རོ། །གཉིས་པ་ལྟར་ན། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་པ་ནི་རྣལ་མ་ཡིན་ལ། དེ་ལྟ་མ་ཡིན་ན་གྲངས་ཅན་དེ་དག་གི་སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པར་འགྱུར་ཏེ། ཡོད་པ་སྐྱེ་བའི་ཕྱིར་ཞེས་པའོ། །དངོས་པོ་ཞེས་པ་ལ་སོགས་པས་ནི་དེའི་ཁྱབ་པ་སྟོན་ཏེ་གོ་སླའོ། །གཉིས་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་ནི་རིག་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། །ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང་། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང་། སྐྱེ་བ་ཐུག་པ་ཡོད་པར་འགྱུར་པའི་ཕྱིར་གྲུབ་པའི་མཐའ་དང་འགལ་བར་འགྱུར་རོ་ཞེས་སྐྱོན་སྨྲས་སོ། །འདིའི་དོན་སངས་རྒྱས་བསྐྱངས་ཀྱི་ངག་འདི་རང་རྒྱུད་ཡིན་ནམ་ཐལ་འགྱུར་ཡིན། དང་པོ་ལྟར་ན་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར་དཔེར་ན་ཤེས་རིག་སྐྱེས་བུ་བཞིན་ནོ། །ཞེས་བཀོད་པ་ལྟར་གཏན་ཚིགས་དང་དཔེ་བརྗོད་དགོས་པ་ལ། ཁྱོད་ཀྱིས་ཡོད་པའི་ཕྱིར་ཞེས་པའི་གཏན་ཚིགས་དང་ཤེས་རིག་སྐྱེས་བུ་བཞིན་ཞེས་པའི་དཔེ་མ་བརྗོད་པའི་ཕྱིར་ཡང་མི་རིགས་ལ། གཞན་ཡང་རང་རྒྱུད་ཀྱི་རྟགས་དང་བསྒྲུབ་བྱ་ལ་གཞན་གྲངས་ཅན་གྱིས་སྨྲས་པའི་གཏན་ཚིགས་འགལ་བ་དང་གྲུབ་པ་ལ་བསྒྲུབ་པའི་ཉེས་པ་མ་བསལ་བའི་ཕྱིར་ཡང་མི་རིགས་སོ། །གྲངས་ཅན་གྱིས་ཅི་ལྟར་སྨྲས་ན་འདི་སྐད་དུ་ཡོད་པའི་ཕྱིར་བདག་ལས་སྐྱེ་བ་མེད་དེ་ཞེས་པ་འདི་ཅི་འབྲས་བུ་མངོན་པར་གསལ་བའི་རང་བཞིན་དུ་ཡོད་པ་དེ་བདག་ལས་སྐྱེ་བ་མེད་ཅེས་བརྗོད་པ་ཡིན་ནམ་འོན་ཏེ་རྒྱུའི་བདག་ཉིད་དུ་ཡོད་པར་མངོན་པར་མི་གསལ་བའི་འབྲས་བུ་དེ་བདག་ལས་སྐྱེ་བ་མེད་ཅེས་པ་དེ་ཡིན་གྲང་། དང་པོ་ལྟར་ན་གྲུབ་པ་ལ་བསྒྲུབ་པ་ཡིན་ཞིང་། གཉིས་པ་ལྟར་ན་འགལ་བར་འགྱུར་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ཡིན་པས་རྒྱུའི་བདག་ཉིད་དུ་ཡོད་པ་ལ་བདག་ལས་མི་སྐྱེ་བ་ལས་བཟློག་པས་ཁྱབ་པའི་ཕྱིར་ཞེས་སྨྲས་པའོ། །གཉིས་པ་ཐལ་འགྱུར་ཡིན་ན། བཟློག་པ་དང་འབྲེལ་དགོས་པས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པའི་དམ་བཅའི་ཚིག་བཟློག་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་། གཏན་ཚིགས་སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །ཞེས་པའི་ངག་བཟློག་པས་སྐྱེ་བ་དོན་དང་བཅས་པ་དང་། ཐུག་པ་དང་བཅས་པར་འགྱུར་བས་ན་གྲུབ་པའི་མཐའ་གཞན་སྐྱེ་མེད་པ་དང་འགལ་བར་འགྱུར་རོ། །ཞེས་སྨྲས་པའོ། །གསུམ་པ་ལ་གཉིས་ཏེ། ཉེས་པ་དང་པོ་གཉིས་སྤང་བ་དང་། བཟློག་པ་དང་འབྲེལ་བའི་ཉེས་པ་སྤང་བའོ། །དང་པོ་ལ་གཉིས་ཏེ་རང་རྒྱུད་ཀྱི་དབང་དུ་བྱས་ནས་བརྗོད་ན་འགལ་བ་དང་། གཞན་ལ་གྲགས་ཀྱི་དབང་དུ་བྱས་ནས་བརྗོད་ན་མ་ངེས་པའོ། །དང་པོ་ལ་གསུམ་སྟེ་རྟགས་དང་པོ་འགལ་བ་དང་། གཉིས་པ་འགལ་བ་དང་། གཉིས་ཀ་འགལ་བའོ། །དང་པོ་ལ་གསུམ་སྟེ། རང་རྒྱུད་ཀྱི་རྟགས་དོན་མེད་པ་དང་། ནུས་པ་མེད་པ་དང་། རང་རྒྱུད་མི་རིག་པའོ། །དང་པོ་ནི། ཁྱོད་ཀྱིས་སངས་རྒྱས་བསྐྱངས་ཀྱི་ངག་ལ་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་བརྗོད་པ་འདི་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་པའི་དོན་ཡིན་ནམ། གཞན་ལ་གྲགས་ཀྱི་དབང་དུ་བྱས་ནས་བརྗོད། དང་པོ་ལྟར་ན་དེ་མ་བརྗོད་པའི་ཕྱིར་ན་མི་རིགས་ཞེས་པ་ནི་འགལ་ཏེ་གྲངས་ཅན་ལ་ཁྱོད་ཀྱི་དངོས་པོ་བདག་ལས་སྐྱེ་བར་འདོད་པའི་འབྲས་བུ་ཡོད་པ་ཉིད་རྒྱུ་དང་། དེ་ཉིད་སླར་ཡང་སྐྱེ་བོ་ཞེས་འདོད་པས་ཁས་བླངས་འགལ་ཏེ། རྒྱུའི་བདག་ཉིད་དུ་ཡོད་པའི་མངོན་པར་མི་གསལ་བའི་བུམ་པ་སོགས་ཀྱི་དངོས་པོ་ཆོས་ཅན། སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པར་ཐལ། རང་གི་ངོ་བོ་ཡོད་པ་ཉིད་སྐྱེ་བའི་ཕྱིར། ཡང་དེ་ཆོས་ཅན། བདག་ལས་སྐྱེ་བ་མེད་པར་ཐལ། སྐྱེ་བ་དོན་ཡོད་པ་དང་སྐྱེ་བ་ཐུག་པ་དང་བཅས་པ་ཡིན་པའི་ཕྱིར། ཞེས་ཁས་བླངས་འགལ་བ་བརྗོད་པའི་ཐལ་འགྱུར་གྱིས་བདག་ལས་སྐྱེ་བ་འདོད་པའི་ལོག་རྟོག་ཟློག་ནུས་ཤིང་། དེ་བཟློག་པས་རང་བཞིན་གྱི་སྐྱེ་བ་ཡོད་པར་འཛིན་པའང་ཟློག་པས་སྐབས་འདིར་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པ་ཉིད་རིགས་པས་གྲུབ་པའི་ཕྱིར་རོ། །འོ་ན་སངས་རྒྱས་བསྐྱངས་ཀྱི་ངག་དེས་ཁས་བླངས་འགལ་བ་བརྗོད་མོད། གྲངས་ཅན་པས་ཅི་ལྟར་ཁས་བླངས་སྙམ་ན། འབྲས་བུ་ཡོད་པ་རྒྱུ་ཉིད་དང་། དེ་ཉིད་སྐྱེ་བོ་ཞེས་པ་ནི་བདག་སྐྱེའི་དོན་ཡིན་པས་ཐལ་བ་དང་པོའི་གཏན་ཚིགས་དང་། གཉིས་པའི་བསལ་བ་སྨྲས་པ་ཡིན་ནོ། །ཡོད་པ་སྐྱེ་ན་དོན་མེད་དང་ཐུག་མེད་དུ་མི་འགྱུར་རམ་ཞེས་པའི་ལན་དུ་མི་གསལ་བ་གསལ་བར་འབྱུང་བས་དོན་དང་བཅས་ཤིང་། གསལ་བའང་གསལ་བར་འབྱུང་བར་མི་འདོད་པས་ཐུག་པ་དང་བཅས་པ་ཡིན་ནོ། །ཞེས་སྨྲས་པས། ཐལ་བ་དང་པོའི་བསལ་བ་དང་། གཉིས་པའི་གཏན་ཚིགས་ཁས་བླངས་སོ། །གསལ་བའང་གསལ་བར་སྐྱེ་ན་སྐྱོན་ཅི་ཡོད་ཅེས་པའི་ལན་དུ་མངོན་པར་གསལ་བར་ཡོད་པའང་བསལ་བར་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང་། ཐུག་པ་མེད་པར་ཡང་མཐོང་ངོ་ཞེས་སྨྲས་པས་ཐལ་བ་དང་པོའི་རྣལ་ཁྱབ་དང་། གཉིས་པའི་ལྡོག་ཁྱབ་ཁས་བླངས་པ་ཡིན་ནོ། །གཉིས་པ་ནི། འོན་ཏེ་ཕ་རོལ་པོ་རང་གིས་ཁས་བླངས་པ་དང་འགལ་བར་བརྩད་པས་ཀྱང་ལོག་རྟོག་མི་ཟློག་ན་དེའི་ཚེ་ངོ་ཚ་མེད་པ་ཉིད་ཡིན་པས་རང་རྒྱུད་ཀྱི་གཏན་ཚིགས་དང་། དཔེ་གཉིས་ཀྱིས་ཀྱང་མི་ཟློག་པས་རང་རྒྱུད་ལ་ནུས་པ་མེད་དོ། །གསུམ་པ་ནི་དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བ་རིགས་པ་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་ཏེ། འདིའི་དོན་དབུ་མ་པ་ཡིན་ན་ནི། ཞེས་པ། བདག་སྐྱེ་བཀག་པ་ལྟ་བུ་དོན་དམ་ལ་དཔྱོད་པའི་སྐབས་སུ་ཞེས་པའི་དོན་ནོ། །དེའི་ཚེ་དངོས་པོ་བདག་ལས་མི་སྐྱེ་བར་བསྒྲུབ་པའི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་བྱ་བར་མི་རིགས་ཏེ། རང་རྒྱུད་ཡིན་ན། ཆོས་ཅན་མངོན་སུམ་ལ་སོགས་པའི་ཐ་སྙད་པའི་ཚད་མ་བཞི་པོ་གང་རུང་གིས་རྒོལ་ཕྱི་རྒོལ་གཉིས་ཀ་ལ་མཐུན་སྣང་དུ་འགྲུབ་པའི་སྟེང་དུ་གཞན་ཕྱོགས་བདག་སྐྱེ་བཀག་ནས་རང་ཕྱོགས་བདག་སྐྱེ་མེད་པ་བསྒྲུབ་དགོས་པ་ལས་ཆོས་ཅན་དེ་ལྟར་མ་གྲུབ་པས་གཞན་ཕྱོགས་ལས་ཕྱོགས་གཞན་བདག་སྐྱེ་མེད་པ་ཉིད་ཀྱང་རང་རྒྱུད་དུ་ཁས་མ་བླངས་པའི་ཕྱིར་ཞེས་པ་སྟེ། འདིའི་ཤེས་བྱེད་དུ་འཕགས་པ་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །ཞེས་སོགས་ཚིགས་བཅད་གཅིག་དང་། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅའ་འགའ་ཡོད། །ཅེས་ཚིགས་བཅད་གཉིས་དྲངས་ཏེ། ཆོས་ཅན་ཐ་སྙད་པའི་ཚད་མས་གྲུབ་པ་ཁས་མ་བླངས་པ་ལ་ཐུག་པར་སྣང་ངོ་། །ཤུགས་ལ་ཐ་སྙད་རྣམ་འཇོག་གི་ཚེ་ཆོས་ཅན་ཐ་སྙད་ཚད་མས་གྲུབ་པ་ཡོད་པས་རང་རྒྱུད་ཡོད་པར་བསྟན་ཅིང་། རྨ་བྱས་ཆོས་ཅན་ཐ་སྙད་པའི་ཚད་མས་གྲུབ་ཀྱང་དངོས་པོ་སྟོབས་ཞུགས་ཀྱི་ཚད་མས་མ་གྲུབ་པས་རང་རྒྱུད་དུ་མི་འགྱུར་བར་བཤད་པའང་ངེས་པར་བསལ་བ་ཡིན་ནོ། །ཁ་ཅིག་འདིའི་དོན་བདག་སྐྱེ་བཀག་ནས་གཞན་སྐྱེ་བསྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་མི་རིགས་ཏེ། བདག་སྐྱེ་ལས་ཕྱོགས་གཞན་གཞན་སྐྱེའང་ཁས་མ་བླངས་པའི་ཕྱིར་ཞེས་པ་དང་། གཞན་དག་གིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བསྒྲུབ་པའི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་རིགས་ཏེ། ཕྱོགས་གཞན་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་བླངས་པ་མེད་པའི་ཕྱིར། ཞེས་པ་གཉིས་ཀའང་ཕྱོགས་སུ་མ་ཕྱིན་ཏེ། འདིར་བདག་སྐྱེ་འགོག་པའི་རང་རྒྱུད་རིགས་མི་རིགས་དཔྱོད་པའི་སྐབས་ཡིན་ལ། དེའི་ཚེ་བདག་སྐྱེ་བཀག་ནས་གཞན་སྐྱེ་བསྒྲུབ་པ་དང་། རང་གི་མཚན་ཉིད་ཀྱིས་སྒྲུབ་པའི་ཆོས་བསྒྲུབ་པའི་རང་རྒྱུད་སུས་ཀྱང་བྱས་པ་མེད་པའི་ཕྱིར་རོ། །གཉིས་པ་ནི། སྐབས་འདིར་གྲངས་ཅན་གྱིས་སྨྲས་པའི་གྲུབ་པ་ལ་བསྒྲུབ་པ་དང་། གཏན་ཚིགས་འགལ་བའི་སྐྱོན་མ་བསལ་བའི་ཕྱིར་མི་རིགས་ཞེས་པ་ནི་འགལ་ཏེ། སྐྱོན་དེ་གཉིས་ནི་ནང་གི་འདུ་བྱེད་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར་ཞེས་པ་ལྟ་བུར་རང་རྒྱུད་ཁས་བླངས་པ་ལ་བརྗོད་པ་ཡིན་ལ། འདིར་དེའི་གཞི་ཁས་མ་བླངས་པས་སྐྱོན་དེ་དག་བརྗོད་པ་ཉིད་ཀྱང་མེད་པའི་ཕྱིར་ཞེས་པའོ། །རང་རྒྱུད་ཁས་བླངས་པ་ལ་ཇི་ལྟར་བརྗོད་ན་ཡོད་པའི་ཕྱིར་བདག་ལས་སྐྱེ་བ་མེད་ཅེས་པའི་ཡོད་པ་འདི་རྒྱུའི་བདག་ཉིད་མངོན་པར་མི་གསལ་བར་ཡོད་པའམ། འབྲས་བུའི་བདག་ཉིད་མངོན་པར་གསལ་བར་ཡོད་པ་གང་ཡིན་ཞེས་པའི་སྒོ་ནས་སྔར་བརྗོད་པའོ། །གསུམ་པ་ནི་ཅི་སྟེ་དེའི་ཚེ་དབུ་མ་པ་ལ། རང་ལ་ཕྱོགས་དང་། གཏན་ཚིགས་དང་། དཔེ་མ་གྲུབ་པས་ཕྱོགས་ཆོས་དང་ཁྱབ་པ་ཐུན་མོང་དུ་གྲུབ་པའི་རྟགས་ཀྱིས་གཞན་གྱིས་དམ་བཅའ་བདག་ལས་སྐྱེ་བ་བསལ་བར་མ་གྱུར་མོད། འོན་ཀྱང་གཞན་གྱི་དམ་བཅའ་ལ་ཕྱོགས་ཆོས་ཁྱབ་པ་ཕ་རོལ་པོ་ལ་གྲུབ་པའི་རྟགས་ཀྱིས་འགལ་བ་བརྗོད་དགོས་ལ། ཕ་རོལ་པོའི་བློ་ངོར་རྟགས་ལ་འགལ་བ་ལ་སོགས་པ་དང་། དམ་བཅའ་ལ་གྲུབ་པ་ལ་བསྒྲུབ་པ་དང་། དཔེ་ལ་ཆོས་ཀྱི་སྟོང་པ་ལ་སོགས་པའི་སྐྱོན་དང་བྲལ་བར་བྱ་དགོས་པ་ལས་དེ་ལྟ་བུའི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་། དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར། མི་རིགས་པའི་ཉེས་པ་དེ་ཉིད་དུ་འགྱུར་རོ་ཞེ་ན། འདིའི་ལན་རྟགས་འདི་བརྗོད་པའི་ཚུལ་འོག་ནས་འབྱུང་བས་མ་བརྗོད་དུ་ཆུག་ཀྱང་མི་རིགས་པའི་སྐྱོན་མེད་དེ་བདག་སྐྱེ་འགོག་པའི་སྐབས་འདིར་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་མ་གྲུབ་པ་འདི་ཉིད་འདིའི་སུན་འབྱིན་པ་ཆེས་གསལ་པོ་ཡིན་པས་ཕ་རོལ་པོ་ལ་གྲུབ་པའི་རྗེས་སུ་དཔག་པ་བརྗོད་པ་ལ་དགོས་པ་མེད་པའི་ཕྱིར་རོ། །འོ་ན་གྲངས་ཅན་པས་བཀོད་པའི་སྒྲུབ་བྱེད་གང་ཡིན་པ་དེ་བསྒྲུབ་བྱ་དང་མཚུངས་པས་མ་གྲུབ་པའི་ཚུལ་ཇི་ལྟ་བུ་སྙམ་ན། ཡོད་པ་སྐྱེ་དགོས་པའི་སྒྲུབ་བྱེད་དུ་མེད་པ་མི་སྐྱེ་བའི་ཕྱིར་ཞེས་པའི་གཏན་ཚིགས་མི་འགྲུབ་ཅིང་། རྒྱུ་སོ་སོར་ངེས་པ་ལ་བདག་ལས་སྐྱེ་བའི་དཔེ་མེད་པས་ཁྱབ་པའང་མི་འགྲུབ་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གཞན་ཕྱིར་རྒོལ་ལ་གྲགས་པའི་གཏན་ཚིགས་དང་། དཔེ་མ་བརྗོད་པའི་ཕྱིར་དང་། དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་མི་འཐད་དོ་ཞེ་ན་འདིའི་ལན་ལ་གཏན་ཚིགས་དང་པོ་མ་གྲུབ་པ་དང་། གཉིས་པ་མ་གྲུབ་པ་གཉིས་ལས། དང་པོ་ནི། རྒྱུའི་བདག་ཉིད་དུ་ཡོད་པ་མངོན་པར་མི་གསལ་བའི་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ནི་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །གང་རང་གི་བདག་ཉིད་དུ་ཡོད་པ་དེ་ལ་ནི་བདག་ལས་སྐྱེ་བ་མེད་དེ། མངོན་པར་གསལ་བའི་བུམ་པ་བཞིན་ནོ། །རྒྱུའི་བདག་ཉིད་དུ་ཡོད་པའི་བུམ་པ་དེའང་རང་གི་བདག་ཉིད་དུ་ཡོད་པས་དེ་བས་ན་བདག་ལས་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོགས་པའི་གཏམ་རྒྱུད་སྣ་ཚོགས་པའི་སྦྱོར་བ་ཡན་ལག་ལྔ་པ་དེའང་སངས་རྒྱས་བསྐྱངས་ཀྱི་ངག་འདིས་དངོས་ཤུགས་ལ་བརྗོད་པ་ཉིད་ཡིན་པས་མ་བརྗོད་པའི་གཏན་ཚིགས་མ་གྲུབ་བོ་ཞེས་སྦྱར་རོ། །ཇི་ལྟར་བསྟན་ཅེ་ན། གཏན་ཚིགས་བསྒྲུབ་བྱའི་རྗེས་འགྲོ་བ། །བསྒྲུབ་བྱ་མེད་ན་མེད་པ་ཉིད། །ལྔ་པ་དེ་ནི་དཔེ་ཡིན་ཏེ། །གཏན་ཚིགས་ཉེ་བར་སྦྱོར་བ་ལ། །ཞེས་པའི་ཚུལ་གྱིས་དཔེ་ལ་ཁྱབ་པ་བསྟན་པའི་ཤུགས་ལ་ཁྱབ་བྱ་རྩོད་གཞི་ལ་སྦྱར་བ་དོན་གྱིས་ཐོབ་པ་ཡིན་པས་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང་རྒྱུའི་བདག་ཉིད་དུ་ཡོད་པར་མངོན་པར་མི་གསལ་བའི་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ནི་བདག་ལས་སྐྱེ་བ་མེད་དེ་ཞེས་དམ་བཅའ་བ་བསྟན་ལ་དེ་དག་གི་སྐྱེ་བ་དོན་མེད་པར་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བཤད་པ་ནི་ཡོད་པ་སྐྱེ་ན་དོན་དང་ཐུག་པ་མེད་པར་འགྱུར་བས་ཡོད་པ་ལ་བདག་ལས་སྐྱེ་བ་མེད་པའི་ཁྱབ་པ་བསྟན་པ་ཡིན། དེ་ཡོད་པ་ནི་མངོན་པར་གསལ་བའི་བུམ་པ་ལྟར་ཡང་སྐྱེ་བ་ལ་དགོས་པ་མེད་པར་འགྱུར་ཞིང་། ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་པ་ནི་ཡོད་པ་ལ་བདག་ལས་སྐྱེ་བ་མེད་པས་ཁྱབ་པ་དེ་ཉིད་དཔེ་མངོན་པར་གསལ་བའི་བུམ་པའི་སྟེང་དུ་བྱས་པར་བཤད་པ་ཡིན་པས་ན་དེའི་ཤུགས་ལ་མངོན་པར་མི་གསལ་བའི་བུམ་པ་ལ་སོགས་པ་དེ་དག་ཀྱང་རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་ཞེས་ཁྱབ་བྱ་རྩོད་གཞི་ལ་ཉེ་བར་སྦྱར་བ་ཐོབ་པ་ཡིན་ལ། ཉེ་བར་སྦྱར་བའི་ཤུགས་ལ་རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་རོ་ཞེས་པ་དང་པོའི་གཏན་ཚིགས་ཟིན་པ་ཡིན་ཏེ། ཕྱིས་རྩོད་གཞི་ལ་ཉེ་བར་སྦྱར་རྒྱུའི་ཁྱབ་བྱ་དེ་ཉིད་དང་པོ་གཏན་ཚིགས་སུ་སྟོན་པའི་ཕྱིར་རོ། །དེ་བས་ན་བདག་ལས་སྐྱེ་བ་མེད་དོ་ཞེས་པའི་མཇུག་བསྡུ་བ་ནི་དམ་བཅའ་བའི་ཤུགས་ལ་ཟིན་པ་ཡིན་ནོ། །དཔེར་ན་སྒྲ་མི་རྟག་སྟེ། བྱས་པ་མི་རྟག་པའི་ཕྱིར་གང་བྱས་པ་དེ་ནི་མི་རྟག་པར་མཐོང་སྟེ་དཔེར་ན་བུམ་པ་བཞིན་ནོ། །ཞེས་པ་འདི་ལ་དངོས་སུ་ཡན་ལག་ལྔ་པའི་གཏན་ཚིགས་བཀོད་པ་མེད་ཀྱང་ཁྱབ་པ་བསྟན་བཤད་གཉིས་ཀྱི་ཤུགས་ལ་སྒྲ་ཡང་བྱས་པའི་ཕྱིར་ཞེས་པའི་ཁྱབ་བྱ་རྩོད་གཞི་ལ་ཉེ་བར་སྦྱར་བ་ཐོབ་ཅིང་ཉེར་སྦྱར་གྱི་ཤུགས་ལ་བྱས་པའི་ཕྱིར་རོ་ཞེས་པའི་དང་པོའི་གཏན་ཚིགས་ཟིན་ལ། དེ་བས་ན་སྒྲ་མི་རྟག་གོ་ཞེས་པའི་མཇུག་སྡུད་དམ་བཅའི་ཤུགས་ལ་ཟིན་པས་ཡན་ལག་ལྔ་དོན་གྱིས་ཡོད་པ་ཡིན་ནོ་ཞེས་སྦྱར་རོ། །སྤྱིར་སྦྱོར་བ་རྣམས་ལ་ཁྱབ་པ་བསྟན་བཤད་གཉིས་མི་དགོས་མོད་ཀྱི་འོན་ཀྱང་འདིར་ནི་དོན་ལ་གཉིས་ཡོད་པས་དཔེ་ལའང་དེ་དང་འདྲ་བར་བཀོད་པ་ཡིན་ནོ། །གཏན་ཚིགས་གཉིས་པ་མ་གྲུབ་པ་ནི་རྒྱུའི་བདག་ཉིད་དུ་ཡོད་པ་མངོན་པར་མི་གསལ་བའི་བུམ་པ་ལ་སོགས་པ་བདག་ལས་སྐྱེ་བ་མེད་པ་བསྒྲུབ་བྱར་བྱེད་པ་ཡིན་པའི་ཕྱིར། གྲུབ་པ་ལ་བསྒྲུབ་པའི་སྐྱོན་དུ་མི་འགྱུར་ཞིང་ཕ་རོལ་པོ་ལ་དཔེ་མངོན་གསལ་གྱི་བུམ་པའི་སྟེང་དུ་རྗེས་འགྲོའི་ཁྱབ་པ་བསྟན་པས་འགལ་བའི་སྐྱོན་དུའང་མི་འགྱུར་བས་ཉེས་པ་བསལ་ཟིན་པ་ཡིན་ནོ། །གལ་ཏེ་རྗེས་འགྲོ་བསྟན་པས་འགལ་བར་མི་འགྱུར་མོད། བུམ་པ་ཁོ་ན་ཆོས་ཅན་དུ་བཀོད་པས་སྣམ་བུ་སོགས་ལ་བདག་སྐྱེ་མ་བཀག་པས་མི་མཐུན་ཕྱོགས་སུ་དོགས་ཤིང་དེ་ལ་ཡོད་པའི་རྟགས་འཇུག་པས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པར་འགྱུར་རོ་སྙམ་ན། མ་ཡིན་ཏེ། བུམ་པ་ལ་སོགས་པའི་ཞེས་པའི་སོགས་པའི་སྒྲས་གྲངས་ཅན་གྱིས་བདག་ལས་སྐྱེ་བར་འདོད་པའི་དངོས་པོ་མ་ལུས་པ་བསྡུ་བའི་ཕྱིར་རོ། །ཡང་ན་སངས་རྒྱས་བསྐྱངས་ཀྱི་སྦྱོར་བ་འདི་ནི་ཚུལ་གཞན་ཡིན་ཏེ། གྲངས་ཅན་པ་དག་གིས་ཤེས་བྱ་ལ་བེམ་རིག་གཉིས་སུ་སྨྲས་པའི་བེམ་པོ་ཉི་ཤུ་རྩ་གསུམ་པོ་རྣམས་ནི་གཙོ་བོའི་རང་བཞིན་དུ་ཡོད་པའི་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར་ཤེས་རིག་གི་སྐྱེས་བུ་བཞིན་ཞེས་བརྗོད་པ་ཡིན་པས་མ་ངེས་པའི་སྐྱོན་མེད་དོ། །གཉིས་པ་བཟློག་པ་དང་འབྲེལ་བའི་ཉེས་པ་སྤང་བ་ནི་སངས་རྒྱས་བསྐྱངས་ཀྱི་ངག་དེ་ཐལ་བའི་ངག་ཡིན་ཡང་བཟློག་པ་དང་འབྲེལ་པའི་ཉེས་པ་མེད་དེ། ཁྱབ་བསལ་ཚད་མས་གྲུབ་ཅིང་ཕྱོགས་ཆོས་ཁས་བླངས་ཀྱིས་གྲུབ་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་མི་བྱེད་པའི་ཕྱིར་ཏེ། དེའི་བྱེད་པ་དངོས་སུ་གཞན་ཕྱོགས་བཀག་ནས་ཤུགས་ལ་རང་རྒྱུད་བསྒྲུབ་པ་ཡིན་པ་ལས་སྐབས་འདི་རང་རྒྱུད་ཀྱི་དམ་བཅའ་མེད་པའི་ཕྱིར་རོ། །དེ་ལྟ་ནའང་ཕ་རོལ་པོའི་བློ་ངོར་བཟློག་པ་དང་འབྲེལ་བར་འགྱུར་རོ་སྙམ་ན་དེ་ནི་ཁོ་བོ་ཅག་འདོད་པ་ཡིན་ལ། རང་བཞིན་མེད་པར་སྨྲ་བ་ལ་དེ་ལྟར་མི་འགྱུར་ཏེ། སྒྲ་རྣམས་ནི་དབྱུག་པ་ཅན་དང་། ཞགས་པ་ཅན་གྱིས་སེམས་ཅན་འགའ་ཞིག་རང་དབང་མེད་པར་འཛིན་པ་ལྟར་སྨྲ་བ་པོ་རང་དབང་མེད་པར་བྱེད་པ་མ་ཡིན་གྱི་ནུས་པ་ཡོད་ན་བརྗོད་པར་འདོད་པའི་དོན་སྟོན་པ་ཙམ་ཞིག་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་གྱིས་ནམ་མཁའི་མཚན་ཉིད་སྔ་རོལ་ན་སོགས་དང་། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་སོགས་དང་། མྱ་ངན་འདས་པ་དངོས་པོ་མིན་སོགས་པས་ཕལ་ཆེར་ཐལ་བ་བསྒྲུབ་པ་ཁོ་ནའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་དོ། །གལ་ཏེ་སློབ་དཔོན་གྱི་ངག་རྣམས་ནི་དོན་གྱི་ངག་ཆེན་པོ་ཅན་ཡིན་པའི་ཕྱིར་རང་རྒྱུད་ཀྱི་སྦྱོར་བ་དུ་མ་ཡོད་དོ་ཞེས་རྟོགས་ན་འོ་ན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་ཀྱང་དེ་ལྟར་རྟོགས་རིགས་པས་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་ཞེས་བརྗོད་པ་དང་འགལ་ལོ། །འོན་ཏེ་རང་རྒྱུད་ཀྱི་སྦྱོར་བའི་ངག་རྒྱས་པར་བརྗོད་པར་བྱེད་པ་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན་དེའང་མ་ཡིན་ཏེ། རྩོད་པ་ཟློག་པའི་འགྲེལ་པ་མཛད་པ་ན་སློབ་དཔོན་གྱིས་ཀྱང་རང་རྒྱུད་ཀྱི་སྦྱོར་བའི་ངག་མ་གསུངས་པའི་ཕྱིར་རོ། །བཞི་པ་གཞན་ལུགས་རང་རྒྱུད་ཀྱི་འཐད་པ་སྦྱོར་བ་བཀག་པ་ནི་གཞན་ཡང་རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཁས་པ་ཙམ་ཞིག་བསྟན་པར་འདོད་པས་དབུ་མའི་ལྟ་བ་ཁས་ལེན་བཞིན་དུའང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ་ཞེས་སོགས་གསུངས་ཏེ། དབུ་མའི་ལྟ་བ་ཁས་ལེན་བཞིན་དུའང་ཞེས་པའི་དོན་ཆོས་རང་བཞིན་མེད་པར་བསྒྲུབ་པའི་སྐབས་སུ་ཞེས་པའི་དོན་ཡིན་པས། འདིས་ཀྱང་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་ཀྱི་རྣམ་གཞག་གི་ཚེ་རང་རྒྱུད་ཡོད་པར་བསྟན་ཏོ། །འོ་ན་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཞེ་ན་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་སྨྲས་པ་ཡིན་ནོ། །དེ་ལ་ཉེས་པ་དུ་མའི་ཚོགས་ཅི་ལྟར་ཡོད་ན་འདི་ལ་དྲུག་སྟེ། ཁྱད་པར་དོན་མེད་པ། ཆོས་ཅན་མ་གྲུབ་པ། ཉེས་པ་དེ་ཡོད་པའི་གཏན་ཚིགས་ལའང་མཚུངས་པ། དེ་རང་གིས་ཁས་བླངས་པ། སྒྲུབ་བྱེད་གཞན་ལ་སྦྱར་བ། ཡོད་པའི་གཏན་ཚིགས་མ་ངེས་པའོ། །དང་པོ་ནི། འདིར་དོན་དམ་པར་ཞེས་པའི་ཁྱད་པར་དེ། དགག་ཆོས་བདག་ལས་སྐྱེ་བའི་ཁྱད་པར་དུ་བཀོད་པ་ཡིན་ནམ། ཆོས་ཅན་ནང་གི་སྐྱེ་མཆེད་ཀྱི་ཁྱད་པར་དུ་བཀོད་པ་ཡིན། དང་པོ་ལྟར་ན་དགོས་པ་ཅིའི་ཕྱིར་བཀོད་ཅེས་འདྲི། གལ་ཏེ་ཀུན་རྫོབ་ཏུ་བདག་ལས་སྐྱེ་བ་བཀག་ན་ལུང་དང་འགལ་བའི་ཉེས་པ་ཡོད་པས་དེ་དང་མི་འགལ་བའི་ཕྱིར་བཀོད་དོ་ཞེ་ན། དེའང་མི་འཐད་དེ། བདག་ལས་སྐྱེ་བ་ནི་ཀུན་རྫོབ་ཏུའང་མདོ་དང་སློབ་དཔོན་གྱི་ལུང་ལས་ཁས་མ་བླངས་པའི་ཕྱིར་རོ། །གལ་ཏེ་གཞན་གྱིས་ཀུན་རྫོབ་ཏུ་བདག་སྐྱེ་འདོད་པ་དེ་དགག་པར་བྱ་བའི་ཕྱིར་ཁྱད་པར་བྱས་སོ་ཞེ་ན། དེའང་མ་ཡིན་ཏེ་གྲངས་ཅན་གྱི་རྣམ་གཞག་ནི་དབུ་མ་པས་ཀུན་རྫོབ་ཏུའང་ཁས་མ་བླངས་པའི་ཕྱིར་དང་། བདེན་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བ་ལས་ཉམས་པའི་མུ་སྟེགས་པའི་ལུགས་བདེན་པ་གཉིས་ཆར་དུ་འགོག་པ་དབུ་མའི་ཡོན་ཏན་ཡིན་པའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་པའི་བློ་ངོར་བདག་སྐྱེ་གྲུབ་པས་དེ་མི་དགག་པར་བྱ་བའི་ཕྱིར་ཁྱད་པར་དུ་བྱས་སོ་ཞེ་ན། དེའང་མ་ཡིན་ཏེ། འཇིག་རྟེན་པ་ནི་མཐའ་བཞིའི་དཔྱད་པ་མེད་པར་རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་ཁས་ལེན་པ་ཡིན་ལ་སློབ་དཔོན་ཡང་དེ་ལྟར་རྣམ་པར་གཞག་པར་མཛད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་ཆོས་ཅན་ནང་གི་སྐྱེ་མཆེད་ཀྱི་ཁྱད་པར་དུ་སྦྱོར་ཏེ། འདིར་ཀུན་རྫོབ་ཏུའང་བདག་སྐྱེ་བར་དགག་པར་འདོད་པའི་ཕྱིར་རོ་ཞེ་ན། འོ་ན་ལེགས་ལྡན་འབྱེད་རང་ཉིད་ལ་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་ཏེ། རང་གི་དོན་དམ་པར་མིག་ལ་སོགས་པའི་སྐྱེ་མཆེད་ཁས་མ་བླངས་པའི་ཕྱིར་རོ། །གལ་ཏེ་ཀུན་རྫོབ་ཏུ་ཆོས་ཅན་མིག་སོགས་ཡོད་པའི་ཕྱིར་གཞི་མ་གྲུབ་པའི་ཕྱོགས་དང་། གཏན་ཚིགས་ཀྱི་ཉེས་པ་མེད་དོ་ཞེ་ན། འོ་ན་དོན་དམ་པར་ཞེས་པའི་ཁྱད་པར་འདི་གང་གི་ཡིན། གལ་ཏེ་མིག་སོགས་ཀུན་རྫོབ་པ་རྣམས་དོན་དམ་པར་སྐྱེ་བ་འགོག་པས་དོན་དམ་པར་ཞེས་པ་སྐྱེ་བ་འགོག་པའི་ཁྱད་པར་ཡིན་ནོ་ཞེ་ན། དེའང་མ་ཡིན་ཏེ། དེ་ལྟར་དུ་སྨྲ་དགོས་པ་ལས་མ་སྨྲས་པའི་ཕྱིར་དང་། སྨྲས་ནའང་ཕ་རོལ་པོས་མིག་སོགས་ཀུན་རྫོབ་པ་ཁས་མ་བླངས་པས་དེ་ལ་སྔར་གྱི་སྐྱོན་གཉིས་པོ་དེར་འགྱུར་བའི་ཕྱིར་རོ། །གལ་ཏེ་རང་གི་སྡེ་པ་དག་གིས་གྲངས་ཅན་གྱི་ངོར་སྒྲ་མི་རྟག་པར་བསྒྲུབ་པ་ན་རྟག་མི་རྟག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སྒྲ་ཙམ་ཆོས་ཅན་དུ་འཛིན་པ་བཞིན་འདིར་ཡང་བདེན་བརྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་ནང་གི་སྐྱེ་མཆེད་ཙམ་ཆོས་ཅན་དུ་འཛིན་པས་སྔར་གྱི་ཉེས་པ་གཉིས་པོ་མེད་དོ་ཞེ་ན། འདི་ལ་དོན་མི་འཐད་པ་དང་། དཔེ་མ་གྲུབ་པ་གཉིས་ལས། དང་པོ་ནི། དེ་ལྟར་ན་ལེགས་ལྡན་འབྱེད་རང་ཉིད་ཀྱིས་སྐྱེ་བ་དགག་པ་བསྒྲུབ་བྱའི་ཆོས་སུ་བྱེད་པའི་ཚེ་སྐྱེ་མེད་དེ་རྟེན་ཆོས་ཅན་ནང་གི་སྐྱེ་མཆེད་ཙམ་པོ་ནི་ཉམས་ཤིང་མ་གྲུབ་པར་ཁས་བླངས་པ་དང་འགལ་ཏེ། སྐྱེ་མེད་ཡུལ་དུ་བྱེད་པའི་བློ་ནི་རིགས་ཤེས་ཕྱིན་ཅི་མ་ལོག་པའི་བློ་དང་། མིག་སོགས་ནང་གི་སྐྱེ་མཆེད་ནི་ཕྱིན་ཅི་ལོག་ཙམ་གྱིས་བདག་གི་དངོས་པོ་རྙེད་པ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །ཁྱབ་སྟེ་ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པའི་བློ་གཉིས་འཛིན་སྟངས་དངོས་སུ་འགལ་བ་ཡིན་པས་གཅིག་གིས་གྲུབ་པ་གཅིག་ཤོས་ཀྱིས་མི་འགྲུབ་པའི་ཕྱིར་རོ། །འདི་ལ་དྲང་ངེས་རྣམ་འབྱེད་ལས་བཤད་པ་ཕྱིན་ཅི་ལོག་ཏུ་བྱས་ཡོད་པ་ནི་སྔར་བཀག་ཟིན་ཏོ། །དཔེ་མ་གྲུབ་པ་ནི་དཔེ་དང་ཡང་མི་མཚུངས་ཏེ་སྒྲ་མི་རྟག་པར་བསྒྲུབ་པའི་ཚེ་རྟག་མི་རྟག་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སྒྲ་ཙམ་རྒོལ་བ་གཉིས་ཀྱི་མཐུན་སྣང་དུ་གྲུབ་པ་ཡིན་ཀྱང་། ནང་གི་སྐྱེ་མཆེད་སྤྱི་ཙམ་ནི་དེའི་ཚེ་རྒོལ་ཕྱིར་རྒོལ་གཉིས་ཀྱིས་ཀུན་རྫོབ་ཏུའང་ཁས་མ་བླངས། དོན་དམ་པར་ཡང་ཁས་མ་བླངས་པའི་ཕྱིར་རོ། །གསུམ་པ་ནི། ཇི་སྐད་བཤད་པའི་ཉེས་པ་དེ་དག་ཡོད་པའི་ཕྱིར་ཞེས་པའི་གཏན་ཚིགས་ལའང་མཚུངས་ཏེ། ཡོད་པ་ཀུན་རྫོབ་པ་གཞན་ལ་མ་གྲུབ། དོན་དམ་པ་རང་ལ་མ་གྲུབ། ཙམ་པོ་ཕྱིན་ཅི་མ་ལོག་པའི་བློ་ངོར་མ་གྲུབ་པའི་ཕྱིར་རོ། །བཞི་པ་ནི། ཇི་སྐད་བཤད་པའི་ཉེས་པ་འདི་དག་ལེགས་ལྡན་འབྱེད་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དེ་དངོས་སྨྲ་བས་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པའི་རྒྱུ་ལ་སོགས་པ་ནི། ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །ཞེས་བཀོད་པའི་སྒྲུབ་བྱེད་འདི་ལ་ལེགས་ལྡན་འབྱེད་ཀྱིས་ཁྱོད་ཀྱི་གཏན་ཚིགས་གྱི་དོན་དུ་འདོད་པ་གང་ཡིན། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་རམ། འོན་ཏེ་དོན་དམ་པ་གསུངས་པའི་ཕྱིར་ཞེས་འགོད། དང་པོ་ལྟར་ན་རང་ལ་མ་གྲུབ་ལ། གཉིས་པ་ལྟར་ན་དབུ་མ་པ་ལ་མ་གྲུབ་པས་གཏན་ཚིག་མ་གྲུབ་པའི་དོན་ཉིད་དང་། འགལ་བའི་དོན་ཉིད་དོ་ཞེས་སྐྱོན་སྨྲས་པ་ཡིན་པའི་ཕྱིར་རོ། །ལྔ་པ་ནི་ཁྱོད་ཀྱིས་གཞན་སྐྱེ་དགག་པ་ལ་སོགས་པའི་རང་རྒྱུད་ཀྱི་རྟགས་སུ་བཀོད་པ་ཐམས་ཅད་ལ་གཞི་དང་རྟགས་དོན་དམ་པར་རང་ལ་མ་གྲུབ་ཅིང་། ཀུན་རྫོབ་པ་གཞན་ལ་མ་གྲུབ་ཙམ་པོ་ཕྱིན་ཅི་མ་ལོག་པས་མ་གྲུབ་ཅེས་པའི་ཉེས་པ་དེ་མཚུངས་པས། ཕྱོགས་ཆོས་ཁྱབ་པ་ཐུན་མོང་དུ་ཚད་མས་གྲུབ་པའི་རང་རྒྱུད་ཀྱི་རྟགས་མི་སྲིད་པ་ཡིན་ནོ། །དཔེར་ན་ཁྱོད་ཀྱིས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ། །ཞེས་པའི་གཞི་དང་རྟགས་ལའང་སྔར་གྱི་དཔྱད་པ་ཐམས་ཅད་མཚུངས་པ་བཞིན་ནོ། །དྲུག་པ་ནི་ཁྱེད་ཅག་ལྟར་ན་ནང་གི་སྐྱེ་མཆེད་ཁོ་ནར་ཆོས་ཅན་དུ་བཀོད་པས་ཕྱིའི་སྐྱེ་མཆེད་བུམ་པ་ལ་སོགས་པ་བདག་ལས་སྐྱེ་བ་མེད་པར་མི་འགྲུབ་པས་མི་མཐུན་ཕྱོགས་སུ་དོགས་ཤིང་། དེ་ལ་ཡོད་པའི་རྟགས་འཇུག་པས་གཏན་ཚིགས་མ་ངེས་པར་འགྱུར་རོ། །ལྔ་པ་ཉེས་པ་དེ་རང་ལ་མཚུངས་པ་སྤང་བ་ནི་ཇི་སྐད་བཤད་པའི་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང་། གཏན་ཚིགས་ཀྱི་སྐྱོན་རྣམས་ཁྱེད་ལའང་མཚུངས་ཏེ། གཞི་དང་རྟགས་ཐུན་མོང་དུ་གྲུབ་པ་མེད་པར་ཁྱེད་རང་གིས་ཀྱང་ཁས་བླངས་པའི་ཕྱིར་རོ་སྙམ་ན་མི་མཚུངས་ཏེ། རང་རྒྱུད་ཀྱི་རྗེས་དཔག་སྨྲ་བ་ལ་གཞི་རྟགས་ཐུན་མོང་དུ་གྲུབ་པར་དགོས་པ་ཡིན་ཡང་། ཁོ་བོ་ཅག་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་སྦྱོར་བའི་ཕྱིར་ཏེ། སུན་འབྱིན་པའི་ཐལ་བའི་ངག་གིས་གཞན་གྱི་དམ་བཅའ་འགོག་པ་ཙམ་ཡིན་ལ། དེ་ལ་ནི་ཕྱོགས་ཆོས་དང་ཁྱབ་པ་ཕ་རོལ་པོས་ཁས་བླངས་པ་ཙམ་གྱིས་ཆོག་པའི་ཕྱིར་རོ། །དེའི་དཔེར་བརྗོད་ནི་གཞན་དག་མིག་ལ་རང་གི་བདག་ཉིད་མི་ལྟ་བའི་ཆོས་ཀྱང་འདོད་ལ། གཞན་ལ་ལྟ་བའི་ཆོས་མེད་ན་མི་འབྱུང་བ་ཉིད་དུའང་ཁས་བླངས་པ་ལ། གང་རང་གི་བདག་ཉིད་ལྟ་བ་མེད་པ་དེ་ལ་གཞན་ལ་ལྟ་བའང་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །མིག་ལའང་རང་གི་བདག་ཉིད་མི་ལྟ་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཞན་ལལྟ་བའང་འདི་ལ་མེད་དོ། །ཞེས་དེ་ལ་གྲུབ་པའི་རྗེས་སུ་དཔག་པས་སེལ་བར་བྱེད་པ་བཞིན། ཡང་རྒོལ་ཕྱིར་རྒོལ་གང་རུང་ལ་གྲུབ་པའི་རྗེས་སུ་དཔག་པའི་སྒོ་ནས་གནོད་པ་ཡོད་དམ་ཞེ་ན་དེའང་ཡོད་དེ། འཇིག་རྟེན་ན་རེས་འགའ་དཔང་པོ་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀྱིས་ཚད་མར་བྱས་པའི་ཚིག་གིས་རྒྱལ་བའམ་ཕམ་པར་འགྱུར་ལ། རེས་འགའ་ནི་རང་གི་ཚིག་ཁོ་ནས་འགྱུར་གྱི་གཞན་གྱི་ཚིག་གིས་རྒྱལ་བའམ་ཕམ་པར་འགྱུར་བ་མ་ཡིན་ཞིང་། འཇིག་རྟེན་ན་ཇི་ལྟར་ཡིན་པ་བཞིན་དུ་རིགས་པའི་བསྟན་བཅོས་སུའང་སྐབས་སུ་བབས་པའི་ཕྱིར་རོ། །དཔེར་ན་ལུང་གིས་གནོད་པའང་། གཉིས་ཀ་ལ་གྲུབ་པའི་ལུང་ངམ། རང་ལ་གྲུབ་པའི་ལུང་གིས་གནོད་པ་ཡིན་གྱི་གཞན་གྱི་ལུང་གིས་མི་གནོད་པ་བཞིན་ནོ། །བདག་ལས་སྐྱེ་བ་འགོག་པའི་ཐལ་རང་གི་ཁྱད་པར་བཤད་ཟིན་ཏོ། །གཉིས་པ་གཞན་ལས་སྐྱེ་བ་འགོག་པའི་འཐད་པ་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། འགོག་བྱེད་ཀྱི་རིགས་པའི་ཁྱད་པར་བཤད་པའོ། །དང་པོ་ནི། རང་གི་སྡེ་པ་དོན་སྨྲ་བ་དག་དོན་དམ་པ་གཟུང་འཛིན་གཉིས་དང་། རྣམ་རིག་པ་དག་གཉིས་མེད་ཀྱི་དངོས་པོ་གཞན་དུ་གྱུར་པའི་རྐྱེན་བཞི་ལས་སྐྱེའོ། །ཞེས་སྨྲ་ཞིང་རང་རྒྱུད་པ་དག་ཀྱང་ཐ་སྙད་དུ་གཞན་སྐྱེ་ཡོད་པར་སྨྲའོ། །གཉིས་པ་ལ་ལྔ་སྟེ། གཞུང་ལས་འཆད་འགྱུར་གྱི་རིགས་པ། ཟླ་བས་བཀོད་པའི་རིགས་པ། སངས་རྒྱས་བསྐྱངས་ཀྱིས་བཀོད་པའི་རིགས་པ། དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་པའི་ཚུལ། དེ་སྤང་བ་བཤད་ཟིན་དྲན་པ་ལ་སྦྱར་བའོ། །དང་པོ་ནི། དངོས་པོ་རྣམས་ནི་གཞན་ལས་སྐྱེ་བ་མེད་དེ། གཞན་མེད་པའི་ཕྱིར། འདིར་ཡང་། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །ཞེས་བྱ་བ་དེར་འཆད་པར་འགྱུར་རོ། །གཉིས་པ་ལ་གཉིས་ཏེ། རིགས་ངོར་གཞན་སྐྱེ་དགག་པ་དང་། ཐ་སྙད་དུ་གཞན་སྐྱེ་དགག་པའོ། །དང་པོ་ལ་གཉིས་ཏེ། ཧ་ཅང་ཐལ་བས་དགག་པ་དང་། རྣམ་པར་བརྟགས་ནས་དགག་པའོ། །དང་པོ་ལ་གཉིས་ཏེ། ཐལ་བ་བརྗོད་པ་དང་། དེའི་ལན་དགག་པའོ། །དང་པོ་ནི། འབྲས་བུ་མྱུ་གུ་འདི་གཞན་དུ་གྱུར་པའི་ས་བོན་ལས་སྐྱེ་བ་ལྟར། རྒྱུ་མ་ཡིན་པ་མེ་དང་སོལ་བ་ལས་ཀྱང་སྐྱེ་བར་འགྱུར་ཏེ། གཞན་ཉིད་དུ་མཚུངས་པའི་ཕྱིར་ཞེས་པའོ། །གཉིས་པ་ནི། གལ་ཏེ་གཞན་དུ་མཚུངས་ཀྱང་རྒྱུར་མ་གྱུར་པའི་གཞན་ལས་མི་འབྱུང་བས་སྐྱོན་མེད་དོ་སྙམ་ན། དེའི་ལན་ལ་རྒྱུ་མཚན་མཚུངས་པ་དང་། ལྡོག་པ་གཅིག་པའི་ཁྱབ་པ་གཞན་དང་མཚུངས་པ་གཉིས་ལས། དང་པོ་ལ་གསུམ་སྟེ། ཁྱད་པར་གྱི་རྒྱུ་མཚན་འདྲི་བ་དང་། བརྗོད་པའི་རྒྱུ་མཚན་དགག་པ་དང་། རང་གི་ཀུན་རྫོབ་ལ་མཚུངས་པར་སྤང་བའོ། །དང་པོ་ནི། མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་བྱོས། །ཞེས་པའི་ཚུལ་གྱིས་གཞན་དུ་མཚུངས་བཞིན་དུ་གཅིག་ལས་སྐྱེ་ལ་གཅིག་ལས་མི་སྐྱེ་བའི་ཁྱད་པར་གང་ཡིན་དཔྱད་པར་བྱའོ། །གཉིས་པ་ལ་སྣང་བ་དང་། ནུས་པ་དང་། ཆོས་ཉིད་ལན་དུ་མི་རུང་བ་གསུམ་ལས། དང་པོ་ནི། དེ་ལྟར་མངོན་སུམ་གྱིས་མཐོང་བའི་ཕྱིར་སྙམ་ན། མ་དཔྱད་པའི་བློ་འཁྲུལ་བས་དེ་ལྟར་མཐོང་མོད། དཔྱད་པའི་ཚེ་མཐོང་བ་ལན་དུ་མི་རུང་སྟེ། སྐྱེ་བར་སྣང་ཡང་དངོས་པོར་སྐྱེ་བར་མི་འགྲུབ་པར་ཁྱེད་ཅག་ཉིད་ལ་གྲུབ་པའི་རྨི་ལམ་སྒྱུ་མ་ལ་སོགས་པའི་བརྟགས་པ་མཚུངས་པའི་ཕྱིར་རོ། །གཉིས་པ་ནི་ནུས་པ་ཡོད་པ་དང་། མེད་པས་དེ་ལྟར་ངེས་པ་ཡིན་ནོ་སྙམ་ན། དེའང་མི་འཐད་དེ། རིགས་པས་དཔྱད་པའི་ཚེ་དུས་གསུམ་ལ་ནུས་པ་ཁེགས་པའི་ཕྱིར། གསུམ་པ་ནི་གཞན་དུ་མཚུངས་ཀྱང་སྐྱེ་མི་སྐྱེ་དངོས་པོའི་ཆོས་ཉིད་དམ། རྟེན་འབྲེལ་གྱི་ཆེ་བ་ཡིན་ནོ་ཞེ་ན། ཆོས་ཉིད་ཡིན་པ་ལ་གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡོད་པ་ཅིག་དགོས་པ་ལས། སྐྱེ་བ་དང་། མི་སྐྱེ་བར་མཐོང་བས། གནས་ཚུལ་ལ་སྐྱེ་བ་དང་མི་སྐྱེ་བ་ཆོས་ཉིད་དུ་མི་འགྲུབ་པ་སྔར་དང་མཚུངས་པས་སྒྲུབ་བྱེད་ཀྱི་ཚད་མ་ཅི་ཡང་མེད་དོ། །གསུམ་པ་ནི་དེ་ལྟ་ན་ལས་ཡིན་པར་མཚུངས་པ་ལ་རྣམ་པར་སྨིན་པ་ངེས་པ་ལ་སོགས་པ་ཁྱེད་ཉིད་འདོད་པའི་ཀུན་རྫོབ་ཀྱི་ངེས་པ་ཐམས་ཅད་ཀྱང་མི་འཐད་པར་འགྱུར་རོ་ཞེ་ན། ཁོ་བོ་ཅག་ལ་རིགས་པས་དཔྱད་ན་ཀུན་རྫོབ་ཏུའང་ངེས་པ་མེད་མོད་ཀྱི་མ་དཔྱད་པ་བློ་འཁྲུལ་པའི་ངོར། ལས་འབྲས་ལ་སོགས་པ་མ་འཆོལ་བར་སྣང་བ་ཙམ་ལ་ཀུན་རྫོབ་ཏུ་ལས་འབྲས་ལ་སོགས་པ་ངེས་པར་བརྗོད་པ་ཡིན་པས་སྐྱོན་མེད་དེ། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་ལྡོག་པ་གཅིག་པའི་ཁྱབ་པ་གཞན་དང་མཚུངས་པ་ནི་མྱུ་གུ་དེ་གཉིས་ཀ་ལས་གཞན་དུ་མཚུངས་ཀྱང་ས་བོན་ལས་སྐྱེ། མེ་དང་སོལ་བ་ལས་མི་སྐྱེ་བས་ཁྱབ་པ་མ་གྲུབ་པར་མཚུངས་ན། ཁྱོད་ལ་ཁྱབ་ལྡན་གྱི་རྟགས་མེད་ན་རང་རྒྱུད་ཀྱི་རྟགས་ནུབ་པར་འགྱུར་ཞིང་། ཡོད་ན་གང་ཡིན་ཞེས་འདྲི་བར་བྱའོ། །གལ་ཏེ་གང་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་དཔེར་ན་ཚང་མང་བཞིན། ལ་ལའང་དུ་ཙམ་ཡོད་དོ་ཞེས་པ་ལྟ་བུ་སྟེ། ཚང་མང་གི་དུ་ཙམ་ལ་མེས་ཁྱབ་པ་གྲུབ་པས་དེ་དང་དུ་ཙམ་དུ་ལྡོག་པ་གཅིག་པའི་ལའི་དུ་ཙམ་ལའང་མེས་ཁྱབ་པ་གྲུབ་པར་བརྗོད་ཅེ་ན། འདིར་ཡང་ས་བོན་གྱི་གཞན་ཙམ་ལས་མྱུ་གུ་སྐྱེ་བས་ཁྱབ་པས་དེ་དང་གཞན་ཙམ་དུ་ལྡོག་པ་གཅིག་པའི་མེ་དང་སོལ་བའི་གཞན་ཙམ་ལའང་མྱུ་གུ་སྐྱེ་བས་ཁྱབ་པར་མཚུངས་སོ། །དེ་ལྟར་ཡང་། རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་དང་། གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་། །ཞེས་གསུངས་པ་ཡིན་ནོ། །གལ་ཏེ་བ་ལང་གི་སྲོག་ཆགས་ཙམ་ལ་ནོག་སོགས་ཀྱིས་ཁྱབ་པས་དེ་དང་སྲོག་ཆགས་ཙམ་དུ་ལྡོག་པ་གཅིག་པའི་མིའི་སྲོག་ཆགས་ལའང་ནོག་སོགས་ཀྱིས་ཁྱབ་པར་ཁྱོད་ལའང་འགྱུར་བས་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་ཉམས་པར་འགྱུར་རོ་ཞེ་ན། འདིའི་ལན་དུ་སྔ་རབས་པ་དག ལྡོག་པ་གཅིག་ལ་ཁས་མི་ལེན་པས་སྐྱོན་མེད་ཅེས་སོགས་ཀྱིས་སྤྲོས་པ་བྱེད་པ་སྣང་ཡང་གནད་ཀྱི་དོན་ནི་རིགས་པས་དཔྱད་པའི་ཚེ་བ་ལང་གི་སྲོག་ཆགས་ཙམ་ལ་ནོག་སོགས་ཀྱིས་ཁྱབ་པར་ཁས་བླངས་ན་དེ་མཚུངས་པ་བདེན་ཡང་། དེའི་ཚེ་བ་ལང་ཉིད་མི་རྙེད་པས་དེའི་སྲོག་ཆགས་ཙམ་ལ་ནོག་སོགས་ཀྱིས་ཁྱབ་པ་ཁས་མི་ལན་ཞེས་པའི་དོན་ནོ། །གཉིས་པ་རྣམ་པར་བརྟགས་ནས་དགག་པ་ནི་རྒྱུ་གཞན་ལས་སྐྱེ་ན། རྒྱུ་འགགས་པ་ལས་སྐྱེའམ་མ་འགག་པ་ལས་སྐྱེ། དང་པོ་ལྟར་ན་རྒྱུ་མེད་དུ་འགྱུར་ལ་ཕྱི་མ་ལྟར་ན་རྒྱུ་འབྲས་དུས་མཉམ་པར་འགྱུར་རོ། །གལ་ཏེ་རྒྱུ་མ་འགག་པར་འབྲས་བུ་སྐྱེའོ་ཞེས་པ་ནི་མི་སྨྲ་ཡི། འོན་ཀྱང་རྒྱུ་མ་འགགས་པ་ལས་འབྲས་བུ་སྐྱེ་ལ་སྐྱེ་བའི་དུས་ན་འབྲས་བུ་མེད་པས་དུས་མཉམ་པར་ཡང་མི་འགྱུར་རོ་སྙམ་ན་མ་ཡིན་ཏེ། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན། །ཞེས་པའི་ཚུལ་གྱིས་རྒྱུ་མ་འགགས་པའི་དུས་སུ་འབྲས་བུ་མེད་ན་སྐྱེ་བའི་བྱ་བ་མེད་པས་འབྲས་བུ་སྐྱེ་བ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་གཞན་ལས་སྐྱེ་ན་ཕྲད་ནས་སྐྱེའམ་མ་ཕྲད་ནས་སྐྱེ། དང་པོ་ལྟར་ན་རྒྱུ་དང་འབྲས་བུ་དུས་མཉམ་པར་འགྱུར་ལ། ཕྱི་མ་ལྟར་ན་འབྲས་བུ་སྐྱེ་བའི་དུས་ན་རྒྱུ་མེད་པས་འབྲས་བུ་རྒྱུ་མེད་པ་ལས་སྐྱེ་བར་འགྱུར་རོ། །གཞན་ཡང་རྒྱུའི་དུས་ན་འབྲས་བུ་ཡོད་པ་སྐྱེའམ་མེད་པ་སྐྱེ་ཞེས་ཡོད་མེད་སྐྱེ་འགོག་དང་། རྒྱུ་དང་འབྲས་བུ་གཉིས་ཀ་ལ་གཅིག་དང་དུ་མ་དཔྱད་པའི་རིགས་པ་རྣམས་ཀྱང་སྦྱར་བར་བྱའོ། །གཉིས་པ་ཐ་སྙད་དུ་གཞན་སྐྱེ་དགག་པ་ནི་མ་དཔྱད་པ་འཇིག་རྟེན་པའི་ངོར་ཡང་གཞན་ལས་སྐྱེ་བ་མེད་དེ། འཇིག་རྟེན་གྱིས་རྒྱུ་ལས་འབྲས་བུ་སྐྱེ་བ་ཙམ་ཞིག་མཐོང་གི་རྒྱུ་འབྲས་རྫས་གཞན་དུ་མ་མཐོང་བའི་ཕྱིར་ཏེ། རྒྱུ་བུའི་ས་བོན་ཙམ་བཏབ་ནས་ཕྱིས་ཀྱི་བུ་ལ་དམིགས་ཏེ། འདི་བདག་གིས་བསྐྱེད་ཅེས་དང་། ཤིང་གི་ས་བོན་ཙམ་བཙུགས་ནས་ཕྱིས་ཀྱི་ཤིང་སྡོང་ལ་དམིགས་ཏེ། འདི་བདག་གིས་བཙུགས་སོ་སྙམ་དུ་རྟོག་པའི་ཕྱིར་རོ། །འོ་ན་འཇིག་རྟེན་གྱི་ཐ་སྙད་དུ་བདག་སྐྱེ་ཡོད་པར་འགྱུར་རོ་སྙམ་ན་དེར་མི་འགྱུར་ཏེ་སྔར་གྱི་རྒྱུ་དེ་ཉིད་ད་ལྟར་གྱི་འདི་ཡིན་ནམ་ཞེས་དྲིས་པའི་ཚེ་དེ་ནི་མ་ཡིན་གྱི་སྔར་བུའི་ས་བོན་བཏབ་པ་དང་། ཤིང་གི་ས་བོན་བཙུགས་པ་ལ་རྟེན་ནས་ད་ལྟར་གྱི་འདི་འབྱུང་ཞེས་པ་ཙམ་ཞིག་སྨྲ་ཞིང་རྟོག་པར་བྱེད་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཐ་སྙད་དུའང་རྒྱུ་འབྲས་དེ་ཉིད་དང་གཞན་ཉིད་དུ་མི་འཐད་པའི་ཟླ་བའི་རིགས་པ་ཕྲ་ཞིང་ཕྲ་བ་འདི་ནི་རྟོགས་པར་དཀའ་ཞིང་རྟོགས་ན་དོན་ཆེ་བར་ཞིག་ཏུ་སྣང་ངོ་། །ད་ནི་འདིར་དཔྱད་དུ་ཡོད་དེ། བསླབ་བཏུས་དང་། ཚིགས་གསལ་ལས། མདོ་དྲངས་པར་འཇིག་རྟེན་སྐྱེ་བའང་གཞན་ལ་འཆི་བའང་གཞན་ཞེས་དང་། སྤྱོད་འཇུག་ལས། འདི་ལྟར་འཆི་བའང་གཞན་ཉིད་ལ། །སྐྱེ་བ་ཡང་ནི་གཞན་ཉིད་ཡིན། །ཞེས་གསུངས་པ་ཐ་སྙད་དུ་རྒྱུ་འབྲས་གཞན་ཉིད་དུ་གྲུབ་བོ་སྙམ་ན། འདིར་གཞན་ཞེས་པ་ནི་གཅིག་མིན་པ་ལ་གཞན་མིང་བཏགས་པ་ཡིན་གྱི་མཐའ་བཞིའི་ནང་ཚན་དུ་གྱུར་པའི་གཞན་ཉིད་ནི་མ་ཡིན་ཏེ། འཕགས་མཆོག་ཀླུ་སྒྲུབ་ཀྱིས། མཐའ་བཞིའི་ནང་ཚན་གྱི་དེ་ཉིད་དང་གཞན་ཉིད་ཐ་སྙད་དུའང་མི་བཞེད་ཀྱང་ས་ལུ་ལྗང་པའི་མདོ་འགྲེལ་ལས། དེ་ལ་རྟག་པར་མ་ཡིན་པ་ནི་གང་གི་ཕྱིར་ས་བོན་ཡང་གཞན་ཉིད་ལ་མྱུ་གུའང་གཞན་ཉིད་དེ། ས་བོན་གང་ཡིན་པ་དེ་ཡང་མྱུ་གུ་མ་ཡིན། མྱུ་གུ་གང་ཡིན་པ་དེ་ཡང་ས་བོན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་དང་། ཚིག་གསལ་དུ་ས་ལུ་ལྗང་པའི་མདོ་དྲངས་པ་ལས། མ་རིག་པའང་གཞན་ཉིད་ལ། འདུ་བྱེད་ཀྱང་གཞན་ཉིད་དེ། མ་རིག་པ་གང་ཡིན་པ་དེའང་འདུ་བྱེད་མ་ཡིན། འདུ་བྱེད་གང་ཡིན་པ་དེའང་མ་རིག་པ་ཉིད་མ་ཡིན་ནོ་ཞེས་སོགས་རྒ་ཤིའི་བར་དུ་སྦྱར་ཏེ་གསུངས་པའི་ཕྱིར་རོ། །འདི་དག་གཅིག་མ་ཡིན་པ་ལ་གཞན་ཉིད་ཀྱི་མིང་གིས་བཏགས་པར་ཅིས་ཤེས་ཤེ་ན། ས་བོན་ཡང་གཞན་མྱུ་གུའང་གཞན་པའི་ཤེས་བྱེད་དུ་ས་བོན་གང་ཡིན་པ་དེ་མྱུ་གུ་མ་ཡིན། མྱུ་གུ་གང་ཡིན་པ་དེ་ས་བོན་མ་ཡིན་ཞེས་བཀོད་པ་ལས་ཤེས་ཏེ། རིགས་པ་དེ་ཉིད་ཀྱིས་གཞན་ཉིད་དུ་ཁས་ལེན་ན་ནམ་མཁའི་པདྨོ་དང་། མོ་གཤམ་གྱི་བུ་གཉིས་ཀྱང་གཞན་ཉིད་དུ་ཐལ་བའི་ཕྱིར་རོ། །དཔེར་ན་ས་ལུ་ལྗང་པའི་མདོ་འགྲེལ་ལས། རྒྱུ་ལྔ་དག་གིས་ཕྱི་རོལ་གྱིས། །རྟེན་ཅིང་འབྲེལ་བར་འབྱུང་བར་བཞེད། །ཅེས་པའི་རྒྱུ་ལྔ་ནི་རྟག་པར་མ་ཡིན། ཆད་པར་མ་ཡིན། འཕོ་བར་མ་ཡིན། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་མ་ཡིན། འདྲ་བའི་རྒྱུད་དུ་གཏོགས་པ་རྣམས་ལས་འཕོ་བར་མ་ཡིན་པའི་སྐབས་སུ་ས་བོན་དུ་མྱུ་གུ་རིགས་མི་འདྲ་ཞེས་དང་། འདྲ་བའི་རྒྱུད་དུ་གཏོགས་པ་ཞེས་པའི་སྐབས་སུ་འདྲ་བར་གསུངས་ཀྱང་རིགས་མི་འདྲ་བའི་དོན་ཁ་དོག་དང་དབྱིབས་ཐ་དད་དུ་ཡོད་པ་ལ་དགོངས་པས་མི་འགལ་བ་དང་། འཇུག་པར། གལ་ཏེ་ཁྱོད་ཀྱི་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། །ཞེས་པའི་དོན་ཡང་གཅིག་ཉིད་ལ་གཞན་མ་ཡིན་པའི་མིང་གིས་བཏགས་པ་བཞིན་ནོ། །གསུམ་པ་སངས་རྒྱས་བསྐྱངས་ཀྱིས་བཀོད་པའི་རིགས་པ་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཞེས་འཆད་དོ། །བཞི་པ་དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་པའི་ཚུལ་ནི་དེས་ན་དེ་ལ་ཐལ་བར་གྱུར་བའི་ངག་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་བཟློག་པར་བྱས་ན་དངོས་པོ་རྣམས་བདག་གམ་གཉིས་སམ། རྒྱུ་མེད་པ་ལས་སྐྱེ་བར་འགྱུར་བ་དང་། འགའ་ཞིག་གིས་འགའ་ཞིག་སྐྱེ་བར་འགྱུར་བའི་ཕྱིར། ཕྱོགས་གོང་མ་དང་འགལ་བར་འགྱུར་རོ། །གཞན་དུ་ན་ཡང་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཡང་འགྱུར་བའི་ཕྱིར་རོ། །དེ་བས་ན་དེ་ལ་སྒྲུབ་པ་དང་སུན་འབྱིན་པ་ཉིད་མེད་པའི་ཕྱིར། དེ་ནི་དོན་འབྲེལ་པ་མེད་པ་ཡིན་ཏེ། ཞེས་སུན་འབྱིན་པར་སྨྲའོ། །ལྔ་པ་དེ་སྤང་བ་བཤད་ཟིན་དྲན་པ་ལ་སྦྱར་བ་ནི་འདིའང་དོན་འབྲེལ་པ་མེད་པ་མ་ཡིན་ཏེ། གོང་ཁོ་ནར་བསྟན་ཟིན་པའི་ཕྱིར་དང་། གཞན་གྱིས་དམ་བཅས་པའི་དོན་སུན་འབྱིན་པར་བྱེད་པ་ཡིན་པའི་ཕྱིར་དང་། སུན་འབྱིན་པ་ཉིད་ཀྱང་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །དེས་ན་སླར་ཡང་འབད་པར་མི་བྱའོ། །གསུམ་པ་གཉིས་ཀ་ལས་སྐྱེ་བ་དགག་པའི་རིགས་པའི་ཁྱད་པར་ལ་གཉིས་ཏེ། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། གཙོ་བོ་དབང་ཕྱུག་དང་བཅས་པར་སྨྲ་བ་དག་འབྲས་བུའི་དངོས་པོ་རྣམས་གཙོ་བོས་བྱས་པས་རང་ལས་སྐྱེ་ཞིང་། དབང་ཕྱུག་གིས་བྱས་པས་གཞན་ལས་ཀྱང་སྐྱེ་ལ་དེ་ལ་སྔར་བཤད་པའི་ཉེས་པར་མི་འགྱུར་ཏེ་རང་ཁོ་ན་དང་། གཞན་ཁོ་ན་ལས་སྐྱེ་བར་ཁས་མ་བླངས་པའི་ཕྱིར་ཞེས་སྨྲའོ། །གཉིས་པ་ལ་གཉིས་ཏེ། སྔར་བཤད་པ་དང་། མ་བཤད་པའི་རིགས་པས་དགག་པའོ། །དང་པོ་ནི། རང་ལས་སྐྱེ་བའི་ཆ་ལ་བདག་སྐྱེ་ལ་བཀོད་པའི་སྐྱོན་དང་། གཞན་ལས་སྐྱེ་བའི་ཆ་ལ་གཞན་སྐྱེ་ལ་བཀོད་པའི་སྐྱོན་རྣམས་འབབ་པའོ། །གཉིས་པ་ནི། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །ཞེས་པའི་ཚུལ་གྱིས་རང་གཞན་རེ་རེ་ལ་བསྐྱེད་པའི་ནུས་པ་ཡོད་ན་གཉིས་ཀ་ཚོགས་པས་ཀྱང་བསྐྱེད་པར་འགྱུར་བ་ཞིག་ན་སྔར་བཤད་པའི་ཚུལ་གྱིས་རང་གཞན་རེ་རེ་ལ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། གཉིས་ཀ་ཚོགས་པས་ཀྱང་བསྐྱེད་པར་མི་འཐད་དེ། བྱེ་མ་དག་ལས་ཏིལ་མར་བཞིན་ནོ། །བཞི་པ་རྒྱུ་མེད་ལས་སྐྱེ་བ་འགོག་པའི་རིགས་པའི་ཁྱད་པར་ལ་གཉིས་ཏེ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཚུ་རོལ་མཛད་པ་བ་དག་ད་ལྟར་གྱི་རིགས་པ་ཙམ་དང་། བདེ་སྡུག་སྐྱེ་བ་སྔ་མའི་རིགས་པ་ཙམ་དང་། དགེ་མི་དགེའི་རྒྱུ་ལས་བྱུང་བ་མ་ཡིན་གྱི། འཇིག་རྟེན་འདིའི་འབྱུང་བ་འདུས་པ་དང་། མཐུན་རྐྱེན་གྱི་ཚོགས་པ་ཚང་བ་ཙམ་ལས་བྱུང་བ་ཡིན་ནོ་ཞེས་མ་མཐོང་བའི་རྒྱུ་མེད་པར་སྨྲ་ལ། དཔྱོད་པ་པ་དག ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་མདོག་དབྱིབས་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་རང་གི་ངང་གིས་བྱུང་། །ཞེས་མཐོང་བའི་རྒྱུའང་མེད་པར་སྨྲའོ། །གཉིས་པ་ལ་གསུམ་སྟེ། ཟླ་བས་བཀོད་པའི་རིགས་པ། སངས་རྒྱས་བསྐྱངས་ཀྱིས་བཀོད་པའི་རིགས་པ། ལེགས་ལྡན་གྱི་རྩོད་ལན་བཤད་ཟིན་དྲན་པ་ལ་སྦྱར་བའོ། །དང་པོ་ལ་གསུམ་སྟེ། རེས་འགའ་བ་མ་ཡིན་པར་ཐལ་བ་དང་། འབྲས་བུའི་ཆེད་དུ་རྒྱུ་ལ་འབད་པ་དོན་མེད་པར་ཐལ་བ་དང་། ཤེས་པའི་གཟུང་ཡུལ་དུ་མི་འགྱུར་བར་ཐལ་བའོ། །དང་པོ་ནི་དངོས་པོ་རྣམས་རྒྱུ་མེད་ཡིན་ན། ཡུལ་དུས་ཀྱི་ཁྱད་པར་ལ་སོགས་པ་གང་ལའང་ལྟོས་པ་མེད་པར་འགྱུར་བས་འགའ་ཞིག་འགའ་ཞིག་ཏུ་ལན་གཅིག་འབྱུང་བའམ། ཐམས་ཅད་ཐམས་ཅད་དུ་རྟག་ཏུ་འབྱུང་བར་ཐལ་ཏེ། ལྟོས་པ་མེད་པར་འབྱུང་བའི་ཕྱིར། གཉིས་པ་ནི་དངོས་པོ་རྣམས་རྒྱུ་མེད་ཡིན་ན། འབྲས་བུ་ལོ་ཏོག་ལ་སོགས་པའི་ཆེད་དུ་རྒྱུ་ཞིང་ལས་སོགས་ལ་འཇུག་པ་དོན་མེད་པར་འགྱུར་བ་ཞིག་ན་དོན་དང་བཅས་པར་མངོན་སུམ་དུ་དམིགས་པའི་ཕྱིར་དངོས་པོ་རྣམས་རྒྱུ་ལྡན་དུ་གྲུབ་བོ། །གསུམ་པ་ནི་དངོས་པོ་རྣམས་རྒྱུ་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར། ཁ་དོག་དང་། དབྱིབས་དང་། དྲི་ལ་སོགས་པ་ཤེས་པའི་གཟུང་ཡུལ་དུ་མི་སྣང་བར་འགྱུར་བ་ལས་དེ་དག་ཆེས་བཀྲ་བ་ཤེས་པའི་གཟུང་ཡུལ་དུ་གྱུར་པའི་ཕྱིར་ན། འཇིག་རྟེན་རྒྱུ་དང་ལྡན་པར་གྲུབ་སྟེ། རང་གི་བློ་བཞིན་ནོ། །གཉིས་པ་ནི་སློབ་དཔོན་སངས་རྒྱས་བསྐྱངས་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་འཆད་དོ། །གསུམ་པ་ནི་འདི་ལའང་སློབ་དཔོན་ལེགས་ལྡན་འབྱེད་དེ་ལའང་ཐལ་བར་འགྱུར་བའི་ངག་ཡིན་པའི་ཕྱིར། གལ་ཏེ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་བཟློག་པ་གསལ་བ་དག་གི་དོན་དུ་མངོན་པར་འདོད་ན། དེའི་ཚེ་འདི་སྐད་དུ་དངོས་པོ་རྣམས་རྒྱུ་ལས་སྐྱེ་བར་འགྱུར་བ་དང་། ལན་འགའ་ཁ་ཅིག་ལས་ཁ་ཅིག་སྐྱེ་བར་འགྱུར་བ་དང་། རྩོམ་པ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །ཞེས་བསྟན་པར་འགྱུར་ན། བཤད་པ་དེ་ནི་མི་རིགས་ཏེ། སྔར་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སུན་འབྱིན་སྨྲའོ། །གཞན་དག་ན་རེ། འདི་ནི་མི་རིགས་ཏེ། སྔར་ལན་བཏབ་ཟིན་པའི་ཕྱིར་རོ་ཞེའོ། །འདི་དག་ནི་ཐལ་རང་གི་ཁྱད་པར་བྱུང་ཚུལ་གྱི་རྩ་བའམ་གཙོ་བོ་ཡིན་པས་ཞིབ་ཏུ་བཤད་པ་ཡིན་ནོ། །གཉིས་པ་དེ་ཉིད་གཞུང་ཐམས་ཅད་ལ་སྦྱར་བ་ནི་ཇི་སྐད་བཤད་པའི་མཐའ་བཞིའི་སྐྱེ་བ་འགོག་ཚུལ་ལ་ཐལ་རང་གི་ཁྱད་པར་ཡོད་པ་དེ་བཞིན་དུ་མཆོད་བརྗོད་ཀྱི་སྐབས་ཀྱི་འགག་པ་མེད་པ་སོགས་ཀྱང་ཆོས་གཞན་བདུན་བསྒྲུབ་པ་དང་། བསྟན་བཅོས་ལུས་ཀྱི་རྐྱེན་དང་འགྲོ་འོང་སོགས་ནས་ལྟ་བའི་བར་ཉི་ཤུ་རྩ་བདུན་ལ་དཔྱད་ནས་འགོག་པའི་རིགས་པ་དང་། རབ་བྱེད་རེ་རེའི་ནང་ནས་བདེན་དངོས་འགོག་པའི་རིགས་པ་རེ་རེ་ལའང་ཁྱད་པར་དེ་བཞིན་དུ་ཡོད་པར་ཤེས་པར་བྱ་སྟེ། དཔེར་ན་ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཅི་ལྟར་ལྟ། །ཞེས་པ་ལྟ་བུ་ལ། ཐལ་འགྱུར་བས་རང་ལ་མི་ལྟ་བ་དང་། གཞན་ལ་ལྟ་བའི་ཆོས་གཉིས་ལ་འགལ་བ་བརྗོད་པའི་ཐལ་འགྱུར་དེ་ཉིད་ལ་ཡན་ལག་ལྔ་པའི་གཞན་ལ་གྲགས་ཀྱི་རྗེས་དཔག་བྱས་ནས་གཞན་ཕྱོགས་སེལ་བར་བྱེད་ལ། རང་རྒྱུད་པས་ནི་དོན་དམ་པར་བརྟེན་པ་དང་བཅས་པའི་མིག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། མིག་གི་དབང་པོ་ཡིན་པའི་ཕྱིར། དཔེར་ན་དེ་དང་མཚུངས་པ་བཞིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་མིག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། འབྱུང་བ་ལས་གྱུར་པ་ཉིད་ཀྱི་ཕྱིར། དཔེར་ན་གཟུགས་བཞིན་ནོ། །ཞེས་སོགས་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་བརྗོད་པ་བཞིན་ནོ། །གཉིས་པ་ཞར་བྱུང་ཐ་སྙད་ཁས་ལེན་ཚུལ་གྱི་སྒོ་ནས་འབྱེད་པ་ནི་རང་རྒྱུད་པ་ལ་མེད་པར་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཐ་སྙད་ནི་འདི་དག་སྟེ། ཐ་སྙད་དུ་འཇིག་རྟེན་ན་གྲགས་པའི་ཚད་མ་བཞི་ཁས་ལེན་པ་དང་།༡ དེ་དག་བདེན་གཉིས་འཇལ་བ་ལ་ལྟོས་ནས་རང་ལུགས་ལ་ཚད་མར་ཁས་ལེན་མི་ལེན་གྱི་ཁྱད་པར་དབྱེ་བ་དང་།༢ བདེན་དངོས་འགོག་པའི་ཚེ་རང་རྒྱུད་ཀྱི་རྟགས་དང་དམ་བཅའ་མེད་པ་དང་།༣ མཆོད་བརྗོད་ཀྱི་དགག་བྱ་སྐྱེ་སོགས་བརྒྱད་དང་། རབ་བྱེད་ཉི་ཤུ་རྩ་བདུན་གྱི་དགག་བྱ་རྐྱེན་ནས་ལྟ་བའི་བར་ཉི་ཤུ་རྩ་བདུན་པོ་རྣམས་དོན་དམ་དཔྱོད་པའི་རིགས་ངོར་དགག་བྱ་ཡིན་གྱི་ཐ་སྙད་དུ་ཡོད་མཉམ་ཡིན་པ་དང་།༤ མདོ་ལས་གསུངས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་དང་། ཀུན་གཞི་དང་། ཉོན་ཡིད། མཚན་ཉིད་གསུམ་དང་། བདེར་གཤེགས་སྙིང་པོ་རྣམས་ཐ་སྙད་དུ་ཁས་ལེན་པ་དང་།༥ ཀུན་རྫོབ་བདེན་པ་དང་། མི་བསླུ་བའི་གཞི་མཐུན་མེད་པ་དང་།༦ བདེན་པ་གཉིས་ཀྱི་སྐབས་སུ་ཡང་དག་མཐོང་བ་དང་། བརྫུན་པ་མཐོང་བ་གཉིས་སུ་ཕྱེ་བའི་བརྫུན་པ་མཐོང་བ་དང་ཚད་མའི་གཞི་མཐུན་པ་མེད་པ་དང་།༧ ཀུན་རྫོབ་བདེན་པ་ལ་ཡང་ལོག་གཉིས་སུ་ཕྱེའང་། རང་ལུགས་ལ་བདེན་བརྫུན་གྱི་ཁྱད་པར་མི་འདོད་པ་དང་།༨ ཡུལ་ལ་ཡང་ལོག་གཉིས་སུ་ཕྱེ་བའི་ཚེ་ཡུལ་ཅན་ལའང་དེ་ལྟར་ཕྱེ་བ་དང་།༩ ཐ་སྙད་དུའང་གཞན་སྐྱེ་མེད་པ་དང་།༡༠ རྒྱུ་འབྲས་ཕྲད་མ་ཕྲད་དཔྱད་པའི་ཚེ་ཕྲད་པ་ཁས་མི་ལེན་ཡང་སྤྱིར་རྒྱུ་འབྲས་ཕྲད་པ་ཁས་ལེན་པ་དང་།༡༡ རྒྱུ་འགག་པའམ་མ་འགགས་པ་ལས་འབྲས་བུ་སྐྱེ་ཞེས་དཔྱད་པའི་ཚེ་འགག་པ་ཁས་མི་ལེན་ཡང་སྤྱིར་རྒྱུ་འགག་པ་ཁས་ལེན་པ་དང་།༡༢ རྒྱུའི་དུས་ན་འབྲས་བུ་ཡོད་མེད་དང་། འབྲས་བུའི་དུས་ན་རྒྱུ་ཡོད་མེད་ཀྱི་མཐའ་གཉིས་པོ་གང་ཡང་ཁས་མི་ལེན་པ་དང་།༡༣ ཐེག་པ་ཆེ་ཆུང་བདག་མེད་གཉིས་རྟོགས་པ་མཚུངས་ཀྱང་ལྟ་བ་སྤྲོས་བྲལ་ལ་ཁྱད་པར་ཡོད་པ་དང་།༡༤ ཐེག་དམན་འཕགས་པའི་མཉམ་གཞག་ལ་སྐྱེ་འགག་མི་སྣང་བས་མི་རྟག་ལ་སོགས་བཅུ་དྲུག་མི་སྣང་ཡང་གང་ཟག་གི་བདག་མེད་རྟོགས་པའི་ཁྱད་པར་འཇོག་ཤེས་པ་དང་།༡༥ སངས་རྒྱས་ཀྱི་ས་ན་སྐྱེ་འགག་མི་སྣང་ཡང་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་མཁྱེན་པའི་རྣམ་གཞག་དང་། དེར་སེམས་སེམས་བྱུང་མེད་ཀྱང་ཡེ་ཤེས་ཡོད་པའི་རྣམ་༡༦ གཞག་ཏེ་རེ་ཞིག་བཅུ་དྲུག་པོ་དེ་དག་གོ །གཞན་རྣམས་ནི། སྔར་རྒྱས་བཤད་ཀྱི་སྐབས་སུ་བཤད་ཟིན་པ་ལས་རྟོགས་པར་བྱ་ཞིང་ཚད་མ་བཞིའི་རྣམ་གཞག་ལ་རྩོད་ཟློག་གི་འགྲེལ་པར་མངོན་སུམ་ལ་སོགས་པའི་ཚད་མ་བཞི་གསུངས་པ་ལ་བརྟེན་ནས་ཚིག་གསལ་ལས། ཚད་མ་བཞིས་འཇིག་རྟེན་ན་དོན་རྟོགས་པར་གསུངས་པའི་དོན་ལ། དོན་དམ་སྒྲུབ་བྱེད་ཀྱི་ཚད་མ་བཞི་དང་། ཀུན་རྫོབ་སྒྲུབ་བྱེད་ཀྱི་ཐ་སྙད་པའི་ཚད་མ་བཞི་སྟེ་བཞི་ཚན་གཉིས་ལས་ཕྱི་མ་ནི་སྔར་ཀུན་རྫོབ་བདེན་པ་སྒྲུབ་བྱེད་ཀྱི་སྐབས་སུ་བཤད་ཟིན་པ་ལྟར་ཡིན་ལ། དེ་དག་ནི་ཐ་སྙད་པའི་ཚད་མ། འཇིག་རྟེན་ན་གྲགས་པའི་ཚད་མ། འཇིག་རྟེན་གྱི་ངོར་ཚད་མ་ཡིན་གྱི་དབུ་མ་པ་རང་ལུགས་ལ་ཚད་མ་ནི་མ་ཡིན་ཏེ། ཡུལ་བརྫུན་པ་དང་ཡུལ་ཅན་ཚད་མ་འགལ་བའི་ཕྱིར་དང་། ཚད་མ་ཡིན་ན་ཡང་དག་ཤེས་པའམ་ཡང་དག་མཐོང་བ་ཡིན་དགོས་པ་ལས། འདི་དག་བརྫུན་པ་ཤེས་པའམ། བརྫུན་པ་མཐོང་བ་ཡིན་པའི་ཕྱིར། ཕྱིས་ཀྱི་དབུ་མ་པར་རློམ་པ་དག་ཟླ་བ་གཉིས་སྣང་གི་དབང་ཤེས་སོགས་ཐལ་འགྱུར་བའི་ལུགས་ལ་ཚད་མ་ཡིན་པར་ནན་གྱིས་བསྒྲུབ་པ་ནི་རང་ཉིད་རྡོས་བཅས་ཀྱི་དངོས་པོ་གཅིག་ལ་རིགས་དྲུག་གི་མིག་ཤེས་དྲུག་ཚད་མར་ཁས་བླངས་པའི་གྲུབ་མཐའ་ངན་པའི་འབྲས་བུ་ཡིན་གྱི་ཐལ་འགྱུར་བའི་གཞུང་ལུགས་ཚད་ལྡན་དང་འགལ་ཏེ། མཐོང་བ་བརྫུན་པ་ལ་གཉིས་སུ་ཕྱེ་བའི་དབང་པོ་སྐྱོན་ལྡན་གྱི་ཤེས་པ་རྣམས་འཇིག་རྟེན་ཉིད་ལ་ལྟོས་ནས་ཀྱང་ལོག་ཤེས་ཡིན་པར་གསུངས་པའི་ཕྱིར་རོ། །དོན་དམ་སྒྲུབ་བྱེད་ཀྱི་ཚད་མ་བཞི་ལ་མངོན་སུམ་ནི་འཕགས་པ་གསུམ་གྱི་མཉམ་གཞག་སྟེ། གཉིས་སྣང་ནུབ་པའི་ཚུལ་གྱིས་དོན་དམ་བདེན་པ་མཐོང་བའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་རོ། །སྔ་རབས་པ་དག་འདི་ཚུར་མཐོང་གི་མངོན་སུམ་ཚད་མ་སྣང་བ་ལ་ཆད་མཐའ་བཀག་པའི་ཆ་ནས་དོན་དམ་སྒྲུབ་བྱེད་ཀྱི་ཚད་མར་འདོད་པ་ནི། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །ཞེས་སོགས་ཀྱི་གནོད་པ་འབབ་ཉེན་ཡོད་དོ། །རྗེས་སུ་དཔག་པའི་ཚད་མ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པ་ལས་སྐྱེས་པའི་ཤེས་པ་ཞེས་གསུངས་པས་སྟོང་ཉིད་བསྒྲུབ་པའི་སྐབས་སུའང་སྦྱར་བ་ཚིག་གསལ་ལས་གསུངས་པ་ལྟར་ཏེ། རྟགས་དང་རིགས་པ་དང་། འཐད་པ་རྣམས་རྣམ་གྲངས་ཡིན་པས་འདི་ལ་བཞི་སྟེ། གཞན་ལ་གྲགས་ཀྱི་རྗེས་དཔག འགལ་བ་བརྗོད་པའི་ཐལ་འགྱུར། རྒྱུ་མཚན་མཚུངས་པའི་མགོ་སྙོམས། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པའོ། །དང་པོ་གཉིས་ལ་སྔ་རབས་པ་དག ཕྱོགས་ཆོས་ཁྱབ་པ་ཕ་རོལ་ལ་གྲུབ་པའི་རྟགས་ཀྱིས་ཕ་རོལ་གྱི་ངོར། མཐའ་གཅིག་ཏུ་ངེས་པའི་དམ་བཅའ་བསྒྲུབ་པ་གཞན་ལ་གྲགས་དང་། ཕྱོགས་ཆོས་ཁྱབ་པ་བསལ་བ་གསུམ་ཀ་ཕ་རོལ་ལ་གྲུབ་པས་ཕ་རོལ་གྱི་ངོར་བཟློག་པ་འཕངས་པ་འགལ་བ་བརྗོད་པའི་ཐལ་འགྱུར་ཡིན་ཞེས་བཞེད་པ་ནི་འཐད་པར་མ་གོ་སྟེ། ཚིག་གསལ་ལས། གཞན་ལ་གྲགས་ཀྱི་སྐབས་སུ་དངོས་པོ་བདག་གིས་བདག་ཉིད་དུ་ཡོད་པ་གཏན་ཚིགས་དང་། སྐྱེ་བ་དོན་མེད་པ་བསྒྲུབ་བྱའི་ཆོས་སུ་གསུངས་ཤིང་། འགལ་བ་བརྗོད་པའི་ཐལ་འགྱུར་ལའང་དེ་ཉིད་གཏན་ཚིགས་དང་། ཐལ་ཆོས་གསུངས་པས་ཕ་རོལ་པོའི་ངོར་སྐྱེ་བ་དོན་ཡོད་གྲུབ་ན་གཞན་ལ་གྲགས་ཀྱིས་མཐའ་གཅིག་ཏུ་ངེས་པའི་སྒྲུབ་བྱ་བསྒྲུབ་པ་དང་འགལ་ཞིང་། མ་གྲུབ་ན་འགལ་བ་བརྗོད་པས་བཟློག་པ་འཕངས་པ་དང་འགལ་བའི་ཕྱིར་དང་། ལོག་རྟོག་བཟློག་ནས་བདག་སྐྱེ་མེད་པར་ངེས་པ་ལ་ནི་གཉིས་ཀའང་མཚུངས་པའི་ཕྱིར་རོ། །འོ་ན་ཅི་ལྟར་ཞེ་ན་འགལ་བ་བརྗོད་པའི་ཐལ་འགྱུར་ཙམ་གྱིས་ཕ་རོལ་པོའི་ལོག་རྟོག་བཟློག་ནུས་ན་འགལ་བ་བརྗོད་པའི་ཐལ་འགྱུར་དང་། ཐལ་འགྱུར་གྱི་སྦྱོར་ངག་དེ་ཉིད་ལ་གཏམ་རྒྱུད་སྣ་ཚོགས་པའི་ངག་ཡན་ལག་ལྔ་པར་སྦྱོར་བའི་ཚེ་གཞན་ལ་གྲགས་ཀྱིས་རྗེས་དཔག་ཡིན་པར་ཚིག་གསལ་ལས་གསུངས་ཏེ། སྔར་བདག་སྐྱེ་འགོག་པའི་སྐབས་སུ་བཤད་ཟིན་ཏོ། །རྒྱུ་མཚན་མཚུངས་པའི་མགོ་སྙོམས་ནི་རྒྱུ་མཚན་མཚུངས་ཀྱང་རྒྱུ་མཚན་ཅན་མི་མཚུངས་པར་འདོད་པ་ལ་རྒྱུ་མཚན་ཅན་ཡང་མཚུངས་པར་མགོ་བསྒྲེ་བ་སྟེ། འདི་ལ་གཙང་ནག་པས་རྟོག་གེའི་མགོ་སྙོམས་དང་། ཐོད་རྒལ་གྱི་མགོ་སྙོམས་དང་། སྤྱི་ལྡོག་གཅིག་པ་ཡིན་པས་དགག་པ་དང་གསུམ་ལས། དང་པོ་ནི། ཐ་སྙད་ཀྱི་རྒྱུ་མཚན་ཡོད་པར་མཚུངས་པས་དགག་པ་སྟེ། མུ་སྟེགས་པ་དག དོན་དང་ཤེས་པ་ལ་རྟག་མི་རྟག་དང་། རྒྱུ་ཡོད་མེད་ཀྱི་ཁྱད་པར་ཁས་ལེན་པ་ལ་གནས་སྐབས་རེས་འགའ་བ་དང་། རྒྱུན་བརྟན་པས་རྒྱུ་མཚན་གསུམ་མཚུངས་པས་དགག་པ་དང་། ཉན་ཐོས་པ་དག་རྡུལ་དང་སྐད་ཅིག་བདེན། རགས་པ་དང་། རྒྱུན་མི་བདེན་པར་རྟོགས་པ་ལ་འགལ་བའི་ཆོས་ལྡན་དུ་མཚུངས་པས་དགག་པ་དང་། སེམས་ཙམ་པ་དོན་ཀུན་བརྟགས་དང་། ཤེས་པ་གཞན་དབང་དུ་རྟོག་པ་ལ་ཇི་ལྟར་སྣང་བའི་དོན་བྱེད་ཅིང་བརྟགས་ན་མི་རྙེད་པར་མཚུངས་པས་དགག་པའོ། །གཉིས་པ་ནི་ཡང་དག་པའི་རྒྱུན་མེད་པར་མཚུངས་པས་དགག་པ་སྟེ། གཅིག་ལ་བྱ་བྱེད་མི་རུང་བར་འགལ་བ་ལས་ཤེས་པའི་རང་རིག་པས་རང་མི་སྐྱེད་པ་དང་། མར་མེའི་རང་གསལ་བས་རང་མི་བསྲེག་པ་དང་། མུན་པས་གཞན་སྒྲིབ་པས་རང་མི་སྒྲིབ་པར་ངེས་པ་དང་། འབྱུང་བར་འདྲ་བ་ལས་འབྱུང་བའི་ནུས་པ་སོ་སོར་ངེས་པ་དང་། དབང་པོར་འདྲ་བ་ལས་དབང་པོའི་ནུས་པ་སོ་སོར་ངེས་པ་དང་། འབྲས་བུ་རྣམས་རྒྱུ་ལ་མེད་པར་འདྲ་བ་ལས་སྐྱེ་བ་དང་མི་སྐྱེ་བ་སོ་སོར་ངེས་པར་འདོད་པ་རྣམས་ལ་དེ་དག་གི་རྒྱུ་མཚན་རྟགས་ནས་དགག་པ་སྟེ། ཐ་མ་འདི་ལ་མཐོང་བ་ཉིད་ཀྱི་རྒྱུ་མཚན་རྟགས་པ་དང་། ཡང་དག་པར་མཐོང་བར་མ་གྲུབ་པ་དང་། འཁྲུལ་ངོར་མཐོང་ཡང་དེར་ངེས་པའི་རྒྱུ་མ་མཐོང་བས་དེ་ལྟར་མཐོང་ཞེས་པའི་ལན་དགག་པ་དང་། མཐོང་མ་མཐོང་གི་རྒྱུ་མཚན་བརྟགས་པས་ཆོས་ཉིད་ཡིན་ཞེས་པའི་ལན་དགག་པ་དང་། མེ་སོལ་ལྟ་བུ་གཞན་ལ་འབྲས་བུ་མྱུ་གུ་མ་མཐོང་བས་ནུས་པ་མི་ཁེགས་པས་ནུས་པ་ཡོད་མེད་ཀྱི་ལན་དགག་པ་སྟེ། དེ་དག་ཀྱང་སློབ་དཔོན་གྱི་གཞུང་ལས་འབྱུང་བ་ཡིན་ནོ། །གསུམ་པ་ནི། རྟོག་གེ་པ་དག་གིས་རྟགས་མི་འཁྲུལ་བའི་རྒྱུ་སྤྱི་ལྡོག་གཅིག་པའི་ཁྱབ་པ་འདོད་པ་ལ་མཐུན་ཕྱོགས་ལ་ལྡན་པ་དང་། མི་མཐུན་ཕྱོགས་ལ་བྲལ་བར་མཐོང་བའི་རྟགས། ལྡོག་པ་གཅིག་པའི་གཉའ་ཤིང་གིས་མནན་པ་སྟེ། ཇི་སྐད་དུ་གཞན་ཉིད་ཅེས་པའི། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །ཞེས་གསུངས་པ་ལྟར་རོ་ཞེས་བཞེད་དོ། །སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་མ་གྲུབ་པ་ནི་རྒོལ་བས་བསྒྲུབ་བྱ་བསྒྲུབ་པ་ལ་བདེན་པའི་ཆོས་འགའ་ཞིག་བཀོད་ན་ཕྱོགས་ཆོས་མི་འགྲུབ་པ་དང་། སྣང་བའི་ཆོས་འགའ་ཞིག་བཀོད་ན་ཁྱབ་པ་མི་འགྲུབ་པ་དང་། གཉིས་ཀ་ལ་ཚད་མས་གྲུབ་པའི་དཔེ་བསྟན་པར་མི་ནུས་པ་སྟེ། ཇི་སྐད་དུ། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་བཞིན་དུ་སུན་འབྱིན་བསྒྲུབ་བྱ་དང་མཚུངས་པ་ནི་དབུ་མ་པས་ཕུང་པོ་རང་བཞིན་མེད་པ་ཡིན་ཏེ། རྟེན་ནས་འབྱུང་བ་ཡིན་པའི་ཕྱིར་ཞེས་བཤད་པ་ལ་གཏན་ཚིགས་དེ་ཤེས་པའི་སྐད་ཅིག་མས་དངོས་སུ་མ་ངེས་པའི་སུན་འབྱིན་ཉིད་ཀྱང་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པའོ། །ལུང་ཚད་མ་ནི་ངེས་དོན་སྟོང་ཉིད་སྟོན་པའི་ལུང་ལ་བརྟེན་ནས་བརྗོད་བྱ་ངེས་པ་སྟེ། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལྟ་བ་ལྟ་བུའོ། །དཔེ་ཉེར་འཇལ་གྱི་ཚད་མ་ནི་སྒྱུ་མ་དང་སྨིག་རྒྱུ་སོགས་དཔེར་བྱས་ནས་སྣང་བའི་དངོས་པོ་ཐམས་ཅད་ཀྱང་སྣང་བ་ལྟར་མི་བདེན་པར་རྟོགས་པ་སྟེ། དེ་ལྟར་ཚད་མ་བཞི་ལས་དང་པོ་ནི་མཐོང་བ་ཡང་དག་པ་དངོས་ཡིན་ལ་ཕྱི་མ་གསུམ་ནི། དོན་དམ་བདེན་པར་ཐབས་བྱུང་གྱུར་པ་སྟེ། །ཞེས་དང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་པའི་སྐབས་ནས་བསྟན་པའི་བསྟན་པ་དོན་དམ་རྟོགས་པའི་བློ་ཡིན་པས་དེར་བསྡུ་བའོ། །རིགས་ངོར་ཆོས་ཅན་དང་མཐུན་དཔེ་མ་གྲུབ་པས་རང་རྒྱུད་ཀྱི་གཏན་ཚིགས་མེད་ཅེས་པ་འདི་ལའང་ཐོག་མར་དཔྱད་གཞི་འཛིན་པའི་ཐ་སྙད་པའི་ཚད་མ་དང་། བར་དུ་དེ་ལ་དཔྱོད་པར་བྱེད་པའི་ཚེ་སྔ་རྒོལ་གྱི་ཚད་མ་དང་། ཐ་མར་དཔྱད་པ་རྫོགས་ནས་ཕྱིར་རྒོལ་གྱི་རྒྱུད་ལ་ཚད་མ་སྐྱེས་པའི་སྐབས་དང་གསུམ་ལས། དང་པོའི་ཚེ་སྔ་རྒོལ་གྱིས་ཀྱང་ཆོས་ཅན་ཁས་ལེན་ཏེ། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །ཞེས་གསུངས་པའི་དོན་ནོ། །གཉིས་པའི་ཚེ་སྔར་རྒོལ་དབུ་མའི་ལྟ་བ་ལ་ཞུགས་ཟིན་པས་དེ་དག་ཁས་མི་ལེན་ཡང་ཕྱིར་རྒོལ་གྱིས་ཁས་ལེན་ཏེ། རྒྱུ་མཚན་སྔ་མ་ལྟར་རོ། །གསུམ་པའི་ཚེ་ཕྱིར་རྒོལ་གྱི་ངོར་ཡང་དེ་དག་ཁས་མི་ལེན་ཏེ། སྔར་རྒོལ་དང་ཁྱད་པར་མེད་པའི་ཕྱིར་རོ། །ལུགས་འདི་ལ་འདི་ཤིན་ཏུ་གནད་དུ་ཆེའོ། །བཞི་པ་བསྒྲུབ་བྱའི་སྒོ་ནས་བདག་མེད་གཉིས་སྒྲུབ་བྱེད་ཀྱི་རིགས་པ་ལ་ལྔ་སྟེ། ལུང་གི་སྒོ་ནས་ཐུན་མོང་དུ་བཤད། དགག་བྱའི་བདག་གཉིས་པོ་ངོས་བཟུང་། འགོག་བྱེད་ཀྱི་རིགས་པའི་རྣམ་གྲངས་བཤད། རིགས་པའི་གཙོ་བོ་གཉིས་སོ་སོར་བཤད། རིགས་པ་ཕན་ཚུན་མཚོན་པའི་ཚུལ་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས་ཉིད་ཀྱི་ལུང་ལས་ཀྱང་། དགག་གཞི་གང་ཟག་དང་ཆོས་ངོས་གཟུང་བ། དགག་བྱའི་བདག་ངོས་གཟུང་བ། དེ་མེད་པའི་རིགས་པ། བདག་མེད་རྟོགས་ནས་བསྒོམས་པའི་ཕན་ཡོན་རྣམས་གསལ་བར་གསུངས་ཏེ། རྒྱལ་པོ་འཆར་བྱེད་ལ་གདམས་པའི་མདོ་ལས། གང་ཟག་བདག་མེད་རྒྱལ་པོ་ཉན་པར་གྱིས། །གང་ཟག་ལྔ་ཕུང་རྒྱུན་ཡིན་ཅི་ཕྱིར་ན། །རྒྱུ་ནི་ལས་དང་ཉོན་མོངས་པས་གང་ནས། །འབྲས་བུ་ཕུང་པོ་ཟག་སྟེ་དེ་ཡི་བདག །བདག་ནི་སེམས་ཅན་སོ་སོའི་ལུས་འདི་ལ། །ང་དང་བདག་ཏུ་བཟུང་ནས་ཆགས་གྱུར་ཏེ། །བདག་ནི་ན་དང་ཤི་བཀྲེས་གྲང་གིས་དོགས། །བསྟོད་ན་དགའ་ཞིང་སྨད་ན་མི་དགའ་སྟེ། །དེ་ལ་དམིགས་ནས་མུ་སྟེགས་ལྟ་རྣམས་འཇུག །ངའམ་བདག་དེ་ཡོད་པ་མ་ཡིན་ཏེ། །ཕུང་པོ་འདི་ལ་བརྟགས་ནས་འཁྲུལ་པ་ཡིན། །མིང་ནི་བདག་མ་ཡིན་ཏེ་བཏགས་པ་ཙམ། །ལུས་ཀྱང་བདག་མ་ཡིན་ཏེ་ཤ་རུས་རྣམས། །འབྱུང་ཆེན་འདུས་པ་ཕྱི་རོལ་རྩིག་པ་འདྲ། །སེམས་ཀྱང་བདག་མ་ཡིན་ཏེ་དངོས་པོར་མེད། །ཆོས་ལ་བདག་མེད་རྒྱལ་པོ་ཉན་པར་གྱིས། །ཆོས་ནི་གཟུགས་སོགས་དངོས་པོ་ཐམས་ཅད་ཡིན། །བྱེད་པ་མེད་ལ་མཚན་ཉིད་འཛིན་ཕྱིར་རོ། །དེ་ལ་ལོག་རྟོག་མཚན་མར་བཅས་པ་དང་། །ལྟ་མི་མཐུན་པ་ཡིན་ཏེ་དེ་མེད་དོ། །དངོས་འདི་སྤངས་ནས་སྟོང་ཉིད་མི་བཙལ་ཏེ། །སྣང་བ་ཉིད་ན་སྟོང་པ་ཉིད་ཡིན་ཕྱིར། །གཞིག་བཅོམ་མི་རྟག་ཙམ་ལ་སྟོང་མི་གདགས། །སྣང་ལ་རང་བཞིན་མེད་པར་ཅིས་མངོན་ན། །ཡོད་མེད་དབུས་དང་གསུམ་དུ་མི་གནས་ཏེ། །ཡོད་པར་གྲགས་པ་འཁོར་བ་མྱ་ངན་འདས། །འཁོར་བའི་རང་བཞིན་ཡུལ་སེམས་རྣམ་གཉིས་ཏེ། །ཡུལ་འདི་དངོས་པོ་མེད་པ་འདི་ལྟར་བརྟག །རང་སྣང་རྡུལ་གཞིག་རྡུལ་ཡང་ཆས་གཞིག་མེད། །དངོས་སྣང་ཐམས་ཅད་སེམས་ཡིན་རྨི་ལམ་བཞིན། །སེམས་ཀྱང་ཁ་དོག་དབྱིབས་སོགས་རྣམས་དང་བྲལ། །དེས་ན་འཁོར་བ་སྟོང་ཞིང་བདག་མེད་དོ། །འཁོར་བ་མེད་པས་མྱ་ངན་འདས་པའང་མེད། །ཡོད་པ་མ་གྲུབ་པས་ན་མེད་པའང་མེད། །མཐའ་གཉིས་མེད་ཕྱིར་དབུས་ཀྱང་མེད་པ་ཡིན། །དེ་ལྟར་རྒྱལ་པོ་བདག་མེད་བསྒོམ་བྱས་ན། །བདག་འཛིན་འཁོར་བ་རྩད་ནས་ཆོད་པར་འགྱུར། །ཞེས་དེ་ལྟར་གསལ་བར་གསུངས་སོ། །གཉིས་པ་ལ་གསུམ་སྟེ། དགག་བྱ་མེད་པར་རྟོག་པ་དགག་པ་དང་། ཡོད་པའི་དགག་བྱའི་རྣམ་གྲངས་བསྟན་པ་དང་། སྐབས་ཀྱི་དགག་བྱ་བདག་གཉིས་ངོས་གཟུང་བའོ། །དང་པོ་ནི། ཁ་ཅིག་རྩོད་ཟློག་ལས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་གསུངས་པས་ན། དབུ་མ་པ་ལ་དགག་བྱ་ཅི་ཡང་ཡོད་པ་མ་ཡིན་ཏེ། ཡོད་ན་དགག་མི་ནུས་པའི་ཕྱིར་ཞེས་སྨྲའོ། །དེ་ནི་མི་རིགས་ཏེ། ལུང་གི་དགོངས་པ་ནི། རིགས་ངོར་དགོངས་པ་ཡིན་ལ། ཐ་སྙད་དུ་དགག་བྱ་དང་། འགོག་བྱེད་གཉིས་ཀ་སྒྱུ་མ་ཙམ་དུ་ཁས་ལེན་དགོས་ཏེ། ལུང་དེ་ཉིད་ལས། ཇི་ལྟར་སྤྲུལ་པས་སྤྲུལ་པ་དང་། །སྒྱུ་མའི་སྐྱེས་བུས་སྒྱུ་མ་ལ། །དགག་པར་བྱེད་པ་ཅི་འདྲ་བ། །དགག་པ་དེ་ཡང་དེ་འདྲར་འདོད། །ཅེས་གསུངས་པས་སོ། །དེས་ན་ལམ་གྱི་དགག་བྱ་ནི་བདེན་དངོས་སུ་ཞེན་པའམ། མཐའ་བཞིར་ཞེན་པའི་བློ་ཡིན་ཞིང་། རིགས་པའི་དགག་བྱ་ནི་གང་ལ་བདེན་འཛིན་ཞུགས་པའི་གཞི་ཐམས་ཅད་ཡིན་པས་དེ་དག་ཐ་སྙད་དུ་ཡོད་དེ། བུམ་པ་ལ་བདེན་འཛིན་ཞུགས་པ་ན་བུམ་པ་ཉིད་རང་གི་ཡན་ལག་རྣམས་ལ་རྣམ་པ་བདུན་གྱིས་བཙལ་ནས་དགག་དགོས་པ་བཞིན་ནོ། །བདེན་འཛིན་གྱི་འཛིན་སྟངས་ཀྱི་གཟུང་བྱ་བདེན་པར་གྲུབ་པ་ནི་ཐ་སྙད་དུའང་དགག་བྱ་ཡིན་ཏེ། ཇི་སྐད་དུ། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་དང་། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་ལམ་གྱིས་དགག་བྱ་དང་། རིགས་པའི་དགག་བྱ་གཉིས་ལས། དང་པོ་ནི། གང་དུ་བཟུང་བས་འཛིན་པ་པོ་འཁོར་བར་འཆིང་བའི་རྒྱུ་ཡོད་མེད་དུ་འཛིན་པའི་འཁྲུལ་པ་མཐའ་དག་ཡིན་ཏེ། འཁོར་བའི་ཉེས་པ་བསྐྱེད་པས་དགག་དགོས་པ་དང་། ཞེན་ཡུལ་ལ་ཚད་མས་གནོད་པས་དགག་ནུས་པ་དང་། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱ་འོ། །ཞེས་དགག་པར་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ཏེ། རྒྱུ་ཞེན་ཡུལ་ལ་འཁྲུལ་པའི་རྟོག་པ་ལོག་ཤེས་དང་། སྣང་ཡུལ་ལ་འཁྲུལ་པའི་རྟོག་མེད་ལོག་ཤེས་སོ། །དང་པོ་ནི། རྒྱུའི་དུས་ན་ལྟ་བ་རྟོགས་པས་དང་། གཉིས་པ་ནི། འབྲས་བུའི་དུས་ན་གཉེན་པོ་གོམས་པས་སྤངས་བྱ་ཡིན་པ་ལས་འདིར་རེ་ཞིག་དང་པོའོ། །དེ་འགོག་པ་ལའང་དེ་ལྟ་བུའི་རྟོག་པ་དེས་ཅི་ལྟར་བརྟགས་པའི་ཡུལ་མཐའ་གཉིས་བཀག་པའི་སྒོ་ནས་དེར་འཛིན་གྱི་ལོག་རྟོག་སེལ་བ་ཡིན་ཏེ། འཇིག་རྟེན་རྣམ་པར་རྟོག་ལས་བྱུང་། །རྣམ་རྟོག་སེམས་ལས་བྱུང་གྱུར་ཅིང་། །གང་ཕྱིར་ཡུལ་ལས་སེམས་བྱུང་བ། །དེ་ཕྱིར་ཡུལ་ལ་རྣམ་པར་དཔྱོད། །ཅེས་དང་། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དང་། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་པའི་ཚུལ་གྱིས་དགག་དགོས་པ་དང་། ནུས་པ་དང་། དགག་པར་གསུངས་པའི་ཕྱིར་རོ། །དགག་བྱའི་མཐའ་དེའང་དབུ་མའི་གཞུང་ལུགས་རྣམས་ལས། གཅིག་ཏུ་བསྡུ་བ་དང་། གཉིས་སུ་བསྟན་པ་དང་། གསུམ་དུ་རྣམ་པར་གཞག་པ་དང་། བཞིར་ཕྱེ་བ་དང་བཞི་ལས་དང་པོ་ནི། རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ནི་འདི་རུ་དགག་པར་བྱ། །ཞེས་རྟོགས་པས་གང་དུ་ཞེན་པའི་ཡུལ་གཅིག་ཏུ་བསྡུས་པ་སྟེ། མཐར་འཛིན་ཐམས་ཅད་འདིར་འདུས་པའོ། །ཡང་འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་བདེན་འཛིན་གཅིག་ཏུ་བསྡུས་པའང་ཡོད་དེ། སྲིད་པའི་རྩ་བ་ལ་དགོངས་སོ། །གཉིས་པ་ནི། རིན་ཆེན་ཕྲེང་བར། མེད་པ་བ་ནི་ངན་འགྲོར་འགྲོ། །ཡོད་པ་བ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །གཉིས་ལ་མི་བརྟེན་ཐར་པ་ལགས། །ཞེས་དང་། རྩ་བ་ལས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་མེད་མཐའ་དང་ཡོད་མཐའ་གཉིས་སུ་བསྡུས་པའང་ཡོད་དེ། འདི་ནི་ཐེག་པ་གསུམ་གྱི་ཐུན་མོང་གི་དགག་བྱ་ལ་དགོངས་ནས་ཐ་སྙད་དུ་མེད་པ་སྐུར་འདེབས་ཀྱི་མཐའ་དང་། དོན་དམ་དུ་ཡོད་པ་སྒྲོ་འདོགས་ཀྱི་མཐའ་གཉིས་སུ་བསྡུས་པའོ། །ཡང་ཆོས་དབྱིངས་བསྟོད་པར། བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། འཇུག་པར། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་ཆོས་དང་གང་ཟག་གི་བདག་གཉིས་སུ་བསྡུས་པའང་ཡོད་དེ། འདི་ནི་སྔར་སྲིད་པའི་རྒྱུ་དགག་བྱར་གསུངས་པ་དང་དོན་གཅིག་གོ །གསུམ་པ་ལ། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཕྱི་ནས་ལྟ་བ་ཀུན་བཟློག་པ། །ཞེས་གསུངས་པ་ལྟར། བསོད་ནམས་མ་ཡིན་པའི་རྒྱུ་ལས་འབྲས་མེད་པར་ལྟ་བའི་ཆད་ལྟའི་ཡུལ་དང་། སྲིད་པའི་རྩ་བ་བདག་འཛིན་གཉིས་ཀྱི་ཡུལ་བདག་གཉིས་དང་། ཐམས་ཅད་མཁྱེན་པའི་གེགས་མཚན་འཛིན་གྱི་ཡུལ་སྤྲོས་པ་ཙམ་དང་གསུམ་དུ་ཕྱེ་བའང་ཡོད་དེ། དང་པོ་གཉིས་ཐེག་པ་གསུམ་ཆར་གྱི་ཐུན་མོང་གི་དགག་བྱ་དང་། ཕྱི་མ་ཐེག་ཆེན་ཐུན་མོང་མ་ཡིན་པའི་དགག་བྱ་ཡིན་པས་དགག་བྱ་ཐམས་ཅད་འདིར་འདུས་པའོ། །ཡང་བྱང་ཆུབ་སེམས་འགྲེལ་ལས། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་དང་ཕུང་སོགས་རྣམ་རིག་གི །རྟོག་པ་རྣམས་ཀྱིས་མ་སྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་ཅན། །ཞེས་མུ་སྟེགས་པས་བརྟགས་པའི་བདག་གི་དངོས་པོ་དང་། ཉན་ཐོས་སྡེ་གཉིས་ཀྱིས་བརྟགས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་དངོས་པོ་དང་། རྣམ་རིག་པས་རྟགས་པའི་གཉིས་མེད་ཀྱི་རྣམ་པར་ཤེས་པའི་དངོས་པོ་གསུམ་དུ་བཞག་པའང་ཡོད་དེ། འདི་ནི་ཕྱི་ནང་གི་དངོས་པོར་སྨྲ་བ་རྣམས་ཀྱིས་བརྟགས་པའི་ཀུན་བརྟགས་ཀྱི་མཐའ་ལ་དགོངས་པའོ། །བཞི་པ་ནི། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་སོགས་མཐའ་བཞིའི་སྤྲོས་བྲལ་བསྟན་པའི་རིགས་པ་རྣམས་ཀྱི་དགག་བྱ་མཐའ་བཞིར་ཕྱེ་བ་སྟེ། འདི་ནི་ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་སྤྲོས་པ་མཐའ་དག་དགག་དགོས་པ་ལ་དགོངས་སོ། །དེ་ལྟར་གཞུང་ལས་རྣམ་གཞག་དུ་མ་ཡོད་ཀྱང་བསྡུ་ན། མེད་པ་སྐུར་འདེབས་ཀྱི་མཐའ་དང་། ཡོད་པ་སྒྲོ་འདོགས་ཀྱི་མཐའ་དང་། དགག་བྱ་བཀག་པའི་སྟོང་ཉིད་ལ་མངོན་པར་ཞེན་པའི་མཐའ་གསུམ་དུ་འདུས་པ་ལས། དང་པོ་ནི། མེད་པ་བ་ནི་ངན་འགྲོར་འགྲོ་ཞེས་པའི་ཚུལ་གྱིས་ཀུན་རྫོབ་རྟེན་འབྲེལ་ཅི་ལྟར་སྣང་བ་འདི་མེད་དོ་ཞེས་སྐུར་བ་འདེབས་པ་སྟེ། མདོར་ན་མེད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །དེ་ནི་ལོག་པར་ལྟ་ཞེས་བཤད། །ཅེས་སོ། །དེ་ལ་གསུམ་ལས། དང་པོ་ནི་ཚུ་རོལ་མཛེས་པ་བ་དག ལྷ་དང་དམྱལ་བ་ལ་སོགས་པ་མ་མཐོང་བའི་འགྲོ་བ་རྣམས་མེད་ཅེས་འགྲོ་བ་འགའ་ཞིག་གི་ངོ་བོ་ཉིད་ལ་སྐུར་བ་དང་། གཉིས་པ་ནི། འགྲོ་བ་རྣམས་ནི་འཇིག་རྟེན་འདིའི་འབྱུང་བའི་རྐྱེན་ཙམ་ཞིག་ཚོགས་པའམ། རྒྱུ་མེད་པ་ལས་གློ་བུར་དུ་འབྱུང་བའོ། །ཞེས་རྒྱུ་ལ་སྐུར་བ་དང་། གསུམ་པ་ནི། ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་ལམ་བདག་མེད་གཉིས་བསྒོམས་པས་འབྲས་བུ་ཅིའང་མི་འབྱུང་ངོ་ཞེས་འབྲས་བུ་ལ་སྐུར་བ་གསུམ་ཡིན་ལ། འདི་དག་གི་ཡུལ་ཅན་ལྟ་བ་ནི་ལམ་གྱི་དགག་བྱ་དང་། དེ་ལའང་ཞེན་ཡུལ་དགག་དགོས་པས་ཡུལ་ནི་རིགས་པའི་དགག་བྱ་སྟེ། འོག་མ་རྣམས་ལའང་དེ་བཞིན་ནོ། །དེས་ན་དེ་ལྟ་བུའི་ངོ་བོ་རྒྱུ་འབྲས་ཐ་སྙད་དུའང་མེད་པ་ནི་འདིར་དགག་བྱ་ཡིན་ཏེ། བདེ་བར་གཤེགས་པའི་གསུང་རབ་དང་འགལ་ཞིང་། བདེ་ལེགས་དང་མི་མཐུན་པས་དགག་དགོས་པ་དང་། འཇིག་རྟེན་པའི་ཚད་མས་ཁེགས་ཤིང་བཀག་པ་ལ་གནོད་པ་མེད་པས་དགག་ནུས་པ་དང་། མེད་པ་བ་ནི་ངན་འགྲོར་འགྲོ་ཞེས་པའི་ཚུལ་གྱིས་དགག་པར་གསུངས་པའི་ཕྱིར་རོ། །གཉིས་པ་བདེན་དངོས་ཡོད་པ་སྒྲོ་འདོགས་ཀྱི་མཐའ་ནི། ཡོད་པ་བ་ནི་བདེ་འགྲོར་འགྲོ་ཞེས་པའི་ཚུལ་གྱིས་ཆོས་དང་གང་ཟག་ལ་སོགས་པ་རང་བཞིན་གྱིས་མེད་བཞིན་དུ་ཡོད་དོ་ཞེས་སྒྲོ་འདོགས་པས་ལས་འབྲས་ལ་བླང་དོར་བྱེད་པས་བདེ་འགྲོའི་རྒྱུ་ཙམ་དུ་འགྱུར་ཡང་འཁོར་བར་འཕྱན་པར་འགྱུར་ཏེ། མདོར་ན་ཡོད་པར་ལྟ་བ་ཉིད། །ལས་ཀྱི་འབྲས་བུ་ཡོད་ཅེས་པ། །བསོད་ནམས་བདེ་འགྲོ་རྒྱུ་མཐུན་པ། །ཡང་དག་ལྟ་བ་ཞེས་བཤད་དོ། །ཞེས་སོ། །དེ་ལ་གསུམ་སྟེ། འདུས་མ་བྱས་རྟག་པ་གཅིག་པུའི་དངོས་པོ་དང་། འདུས་བྱས་མི་རྟག་པ་དུ་མའི་དངོས་པོ་དང་། དེ་དག་གི་སྟོང་པའི་སྟོང་ཉིད་བདེན་པར་བརྟགས་པའོ། །དང་པོ་ནི། ཕྱི་རོལ་པ་རྣམས་ཀྱིས་གང་ཟག་གི་བདག་ཅེས་བྱ་བ་ཕུང་པོ་ལས་དོན་གཞན་པ། ཟ་བ་པོ་དང་། རྟག་དངོས་དང་། བྱེད་པ་པོ་མ་ཡིན་པ་དང་། ཡོན་ཏན་མེད་པ་དང་། བྱ་བ་མེད་པ་སྟེ་ཁྱད་པར་ལྔ་ལྡན་དང་། འགའ་ཞིག་བྱེད་པ་པོ་དང་བྱ་བ་ཡོད་པར་རྟོག་པ་དང་། འགའ་ཞིག་ལུས་ཀྱི་ཚད་ཙམ་དུ་རྟོག་པ་སོགས་སོ། །གཉིས་པ་ནི་བྱེ་བྲག་ཏུ་སྨྲ་བས། ཤེས་བྱ་བཞི་ལྔ་བདེན་པར་བརྟགས་པ་དང་། མདོ་སྡེ་པས། དོན་ཤེས་གཉིས་བདེན་པར་བརྟགས་པ་དང་། རྣམ་རིག་པས་གཉིས་མེད་ཀྱི་ཤེས་པ་བདེན་པར་བརྟགས་པ་ལ་སོགས་པའོ། །གསུམ་པ་ནི་དགག་བྱ་གཟུང་འཛིན་གཉིས་ཀྱི་སྟོང་པའི་སྟོང་ཉིད་བདེན་པར་བརྟགས་པ་སྟེ། འདིའང་རྣམ་རིག་པའི་ལྟ་བའི་ཁོངས་སུ་གཏོགས་སོ། །གསུམ་པ་སྟོང་ཉིད་ལ་མངོན་པར་ཞེན་པའི་མཐའ་ནི། དབུ་མ་པར་རློམ་པ། ཁ་ཅིག་དགག་བྱ་བདེན་པར་བཀག་ནས་བདེན་པས་སྟོང་པའི་སྟོང་ཉིད་ཡུལ་གྱི་གནས་ལུགས་མཐར་ཐུག་ཡིན་པས་དེར་མངོན་པར་ཞེན་པ་འགོག་ཏུ་མི་རུང་ཞེས་པ་སྟེ་སྔར་བཤད་ཟིན་ཏོ། །དེ་དག་ལས་ཕྱི་རོལ་པ་འདོད་པའི་བདག་རྟག་པའི་དངོས་པོ་ནི་ཐ་སྙད་དུའང་དགག་པར་བྱ་བ་ཡིན་ལ་འདུས་བྱས་མི་རྟག་པ་དུ་མའི་དངོས་པོ་དང་། སྟོང་ཉིད་ཙམ་ནི་ཐ་སྙད་དུ་དགག་པར་བྱ་བ་མ་ཡིན་ཡང་དེ་དག་བདེན་པར་བརྟགས་པ་ནི་དགག་པར་བྱ་བ་ཡིན་ཏེ། དེ་ལ་ཞེན་ནས་འཆིང་བར་འགྱུར་བས་དགག་དགོས་པ་དང་། མཐར་ཐུག་དཔྱོད་པའི་རིགས་པས་གནོད་པས་དགག་ནུས་པ་དང་། འདིར་ནི་སྡུག་བསྔལ་རྒྱུ་གྱུར་པའི། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་དགག་པར་གསུངས་པའི་ཕྱིར་རོ། །གསུམ་པ་སྐབས་ཀྱི་དགག་བྱ་བདག་གཉིས་ངོས་གཟུང་བ་ལ་གསུམ་སྟེ། ཁྱད་གཞི་དང་མ་སྦྱར་བའི་བདག་ཐ་སྙད་དུ་མེད་པ་དགག ཁྱད་གཞི་དང་སྦྱར་བའི་བདག་ཐ་སྙད་དུ་ཡོད་པ་དགག ལྷན་སྐྱེས་དང་ཀུན་བརྟགས་ཀྱིས་གཟུང་ཚུལ་བསྟན་པའི་སྒོ་ནས་འཁྲུལ་མེད་ཀྱི་གནད་བཤད་པའོ། །དང་པོ་ནི། ཁ་ཅིག་བདག་ཡོད་པར་འདོད་པ་ཕྱི་རོལ་པ་དང་། བདག་མེད་པར་འདོད་པ་ནང་པ་ཡིན་ཞེས་པའི་ཕལ་ཚིག་ཙམ་དང་། བདག་མེད་རྟོགས་པའི་ཤེས་རབ་ཡུལ་གྱི་གནས་ཚུལ་ལ་ཞུགས་ཞེས་པའི་རིགས་པ་ལྟར་སྣང་ལ་བརྟེན་ནས་ཐ་སྙད་དུའང་བདག་མེད་ཅིང་གང་ཟག་ཡོད་ཅེས་སྨྲའོ། །འདི་ནི་མདོ་ལས། ཇི་ལྟར་ཡན་ལག་རྣམས་བརྟེན་ནས། །ཀུན་རྫོབ་ཤིང་རྟར་འདོགས་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱ་འོ། །ཞེས་དང་། རྒྱལ་པོ་ཆེན་པོ། སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པ་ཅན་ནོ། །ཞེས་གསུངས་པའི་སེམས་ཅན་དང་། གང་ཟག་དང་སྐྱེས་བུ་རྣམས་འཇུག་པ་རྩ་འགྲེལ་དུ། བདག་གི་མིང་གི་རྣམ་གྲངས་སུ་བྱས་ནས་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་པ་དང་། ཕུང་པོ་ལ་བརྟེན་ནས་བདག་ཏུ་འདོགས་པ་དང་། ཁམས་དྲུག་ལ་བརྟེན་ནས་བདག་ཏུ་འདོགས་པ། དཔེ་དོན་དུ་སྦྱར་བའི་བཤད་ཚུལ་ལ་བློ་ཁ་མ་ཕྱོགས་པར་རང་དགར་སྨྲས་པའོ། །གཞན་ཡང་བདག་དང་ཕུང་པོ་གཉིས་ཀྱིས་ཟླས་ཕྱེ་བའི་བདག་དེ་གང་ཟག་ལ་འཇོག་སྟེ། ཕུང་པོ་ལ་བརྟེན་ནས་བཏགས་པ་དང་། ཕུང་པོ་ཉེ་བར་ལེན་པ་པོ་ཡིན་པར་གསུངས་པའི་ཕྱིར་ཏེ། འཇུག་པར། འདི་ནི་ཕུང་པོ་རྣམས་བརྟེན་འགྲུབ་པར་འགྱུར། །ཞེས་དང་། བདག་ཉིད་ལེགས་པར་སྡོམ་པ་དང་ཞེས་པའི་འགྲེལ་པར། དེ་ལ་བདག་ཏུ་ང་རྒྱལ་བ་འདི་ལ་བཞག་ཅིང་བསྐྱེད་པས་བདག་ཉིད་དེ་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་བདག་ཅེས་བྱའོ། །ཞེས་དང་། མེ་དང་ཤིང་གི་བདག་དང་ནི། །ཞེས་པའི་འགྲེལ་པར་དེ་ལ་ཉེ་བར་བླང་བར་བྱ་བས་ན་ཉེ་བར་ལེན་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་དག་ལ་ཉེ་བར་བརྟེན་ནས་བཏགས་པ་ཉེ་བར་ལེན་པ་པོ། འཛིན་པ་པོ། སྒྲུབ་པ་པོ་གང་ཡིན་པ་དེ་ནི་བདག་ཏུ་འཛིན་པའི་ཡུལ་ཡིན་པའི་ཕྱིར་འདི་ལ་བདག་ཏུ་ང་རྒྱལ་བ་བཞག་ཅིང་བསྐྱེད་པས་ན་བདག་ཅེས་བྱའོ། །ཞེས་གསུངས་པས་སོ། །གཉིས་པ་ནི། ཁ་ཅིག་གང་ཟག་དང་ཆོས་ཐ་སྙད་དུ་ཡོད་པ་བཞིན་དུ། གང་ཟག་གི་བདག་དང་ཆོས་ཀྱི་བདག་ཀྱང་ཐ་སྙད་དུ་ཡོད་དེ། འཇུག་པར། གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པའི་གཙོ་བོ་གང་ཟག་ཉིད་ཕུང་པོ་ལ་རིགས་པ་རྣམ་བདུན་གྱིས་བཙལ་བའི་ཚེ་མི་རྙེད་པ་ལ་བྱས་པས་གང་ཟག་དང་གང་ཟག་གི་བདག་དོན་གཅིག་ཏུ་གྲུབ་པའི་ཕྱིར་ཞེས་སྨྲའོ། །འདི་ནི་ཞིབ་མོའི་བློ་གྲོས་ཀྱིས་དབེན་པ་སྟེ། རིགས་པ་དེས་གང་ཟག་ཕུང་པོ་ལ་རིགས་པ་བདུན་གྱིས་བཙལ་བའི་ཚེ་རྙེད་ན་དེ་དང་གང་ཟག་གི་བདག་དོན་གཅིག་ཡིན་པར་གྲུབ་ཀྱི་རྣམ་བདུན་གྱིས་དཔྱད་པ་མ་བྱས་པར་བརྟེན་ནས་བཏགས་པའི་གང་ཟག་དང་། གང་ཟག་གི་བདག་དོན་གཅིག་པར་མི་འགྲུབ་པའི་ཕྱིར་རོ། །གཞན་དུ་ན་ས་བོན་ལས་མྱུ་གུ་སྐྱེ་བ་དང་། དོན་དམ་པར་ས་བོན་ལས་མྱུ་གུ་སྐྱེ་བ་གཉིས་དོན་གཅིག་ཡིན་པར་ཐལ། དོན་དམ་པར་ས་བོན་ལས་མྱུ་གུ་སྐྱེ་བ་མེད་པའི་དོན་ས་བོན་ལས་མྱུ་གུ་སྐྱེ་བ་ཉིད་མཐའ་བཞིར་དཔྱད་ན་མི་རྙེད་པ་ལ་བྱས་འདུག་པའི་ཕྱིར། དེ་བཞིན་དུ་ཤིང་རྟ་དང་ཤིང་རྟ་དོན་དམ་པར་གྲུབ་པ་གཉིས་དོན་གཅིག་པར་ཐལ། ཤིང་རྟ་དོན་དམ་པར་མེད་པའི་དོན་ཤིང་རྟ་ཉིད་རང་གི་ཡན་ལག་ལ་རྣམ་པ་བདུན་གྱིས་བཙལ་ན་མི་རྙེད་པ་ལ་བྱས་འདུག་པའི་ཕྱིར་རོ། །ཞེས་སོགས་དབུ་མའི་རིགས་པ་ཐམས་ཅད་ལ་སྦྱར་བའོ། །དེས་ན་འདི་དག་ནི། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ཅེས་པའི་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་ང་ཙམ་དེ་ཉིད་བདག་དང་། གང་ཟག་ལ་སོགས་པའི་བྱེད་པའི་སྐྱེས་བུ་བཅུ་གཉིས་ཀྱི་མིང་གི་རྣམ་གྲངས་ཀྱིས་བསྟན་པས་གང་ཟག་ཙམ་ཡིན་ཅིང་དེ་ཉིད་བློ་དེས་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་གཟུང་བའི་རྫས་ཡོད་ལ་གང་ཟག་གི་བདག་དང་། དེ་བཞིན་དུ་ཆོས་དང་ཆོས་ཀྱི་བདག་གི་ཁྱད་པར་གསུངས་པའི་གནད་མ་རྟོགས་པར་རང་དགར་སྨྲས་པ་སྟེ། སངས་རྒྱས་བསྐྱངས་ཀྱིས་ཆོས་ཐམས་ཅད་བདག་མེད་དོ། །ཞེས་གསུངས་པ་ལ་བདག་མེད་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་དོན་ཏེ། བདག་ཅེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱིས་ཚིག་ཡིན་པའི་ཕྱིར་རོ། །ཞེས་དང་། བཞི་བརྒྱ་པའི་འགྲེལ་པ་ལས་ཀྱང་དེ་ལ་བདག་ཅེས་བྱ་བ་ནི་གང་ཞིག་དངོས་པོ་རྣམས་ཀྱི་གཞན་ལ་རག་མ་ལས་པའི་ངོ་བོ་རང་བཞིན་ཏེ་དེ་མེད་པ་ནི་བདག་མེད་པའོ། །དེ་ནི་ཆོས་དང་གང་ཟག་གི་དབྱེ་བས་གཉིས་སུ་རྟོགས་ཏེ། ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པ་དང་། ཞེས་གསུངས་པས་སོ། །དེས་ན་དེ་གཉིས་ཀྱི་ཚིག་ཟུར་གྱི་བདག་གཉིས་དང་། ཆོས་ཀྱི་སྡོམ་བཞིའི་ནང་ནས་ཆོས་ཐམས་ཅད་བདག་མེད་ཅེས་པའི་ཚིག་ཟུར་གྱི་བདག་དོན་གཅིག་པས་ངོ་བོ་ཉིད་ཀྱིས་གྲུབ་པ་ལ་འཇོག་པ་དང་། བདག་དང་ཕུང་པོ་ཞེས་བྱ་བའི་བདག་ནི་ཁྱད་གཞི་གང་ཟག་ཙམ་ལ་འཇོག་པའི་གནད་དམ་པ་ཤེས་པར་གྱིས་ཤིག གསུམ་པ་ནི་ལྷན་སྐྱེས་ཀྱིས་གཟུང་བའི་ཆོས་དང་གང་ཟག་གཉིས་དང་། དེ་གཉིས་ཀྱི་བདག་ཉིད་ཀྱི་ཁྱད་པར་གང་སྙམ་ན། ཐོག་མ་མེད་པ་ནས་ཕུང་པོ་དམིགས་ཡུལ་དུ་བྱས་པའི་བློ་སྐད་ཅིག་རེ་རེས་གཞི་མེད་ལ་ངའོ་སྙམ་དུ་འཛིན་པའི་བློ་སྐད་ཅིག་རེ་རེ་སྐྱེས་པའི་དམིགས་ཡུལ་དུ་གྱུར་པའི་ཕུང་པོ་ཙམ་དང་། ང་ཙམ་ནི་ཆོས་དང་གང་ཟག་ཡིན་པས་ཐ་སྙད་དུ་ཡོད་དེ། ཉེ་བར་བླང་བྱ་དང་ལེན་པ་པོ་དང་། ཆ་ཤས་དང་ཆ་ཤས་ཅན་དང་། ཡན་ལག་དང་ཡན་ལག་ཅན་ལ་སོགས་པའི་ཐ་སྙད་དུ་མས་གསུངས་ཤིང་དེ་དག་ཕན་ཚུན་ལྟོས་ནས་གྲུབ་པར་ཡང་གསུངས་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་དང་གང་ཟག་གཉིས་ཐ་སྙད་དུ་ཡོད་པ་དགག་བྱ་མ་ཡིན་ཡང་རིགས་པས་དཔྱད་པའི་ཚེ་རང་གི་ཡན་ལག་རྣམས་ལ་ལྟོས་ནས་འགོག་པ་ནི་བདག་མེད་གཉིས་སྒྲུབ་པའི་རིགས་པ་དང་གནད་གཅིག་གོ །འོན་ཀྱང་བློ་དེ་ཉིད་ཀྱིས་ཇི་སྲིད་དབུ་མའི་ལྟ་བ་མ་བསྐྱེད་ཀྱི་བར་དུ་རང་གིས་གང་དུ་གཟུང་བའི་ཡུལ་དེ་ཉིད་བདེན་པར་འཛིན་པ་ཡིན་ཏེ། བཞི་བརྒྱ་པར། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ནི། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་དང་། འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་གསུངས་པས་སོ། །དེས་ན་དེའི་འཛིན་སྟངས་ཀྱི་གཟུང་བྱ་ཆོས་དང་གང་ཟག་གཉིས་བདེན་པར་གྲུབ་པ་ནི་ཐ་སྙད་དུའང་དགག་པར་བྱ་བ་ཡིན་ལ་རིགས་པ་ནི་སྔ་མ་དང་དོན་གཅིག་པས་གང་ཟག་གི་བདག་དང་ཆོས་ཀྱི་བདག་འགོག་པའི་ཚེ་གང་ཟག་དང་ཆོས་གཉིས་རང་གི་ཡན་ལག་ལ་དཔྱད་ནས་འགོག་པའི་གནད་ཀྱང་འདི་ཉིད་ཡིན་ནོ། །ཀུན་བརྟགས་ཀྱི་གཟུང་ཡུལ་ནི་སྔར་གྱི་བདག་འཛིན་གཉིས་ཀྱི་ཡུལ་བདེན་པར་གྲུབ་པ་དེ་ཉིད་དགག་བྱར་མི་བྱེད་པར་བསྒྲུབས་བྱ་བྱས་ཏེ། ཕྱི་རོལ་པ་དང་། རང་སྡེ་གནས་མ་བུ་པའི་སྡེ་པས་གང་ཟག་རྫས་སུ་ཡོད་པའི་སྒྲུབ་བྱེད་མང་དུ་བཀོད་ཀྱང་རྣམ་པ་ལྔར་འདུས་ཤིང་། དེ་དག་ཀྱང་ཕུང་པོ་དང་དེ་ཉིད་དང་གཞན་ཉིད་གཉིས་སུ་འདུས་སོ། །གཞན་སྡེ་དང་རང་སྡེ་དངོས་པོར་སྨྲ་བ་གསུམ་གྱིས་ཆོས་བདེན་པར་ཡོད་པའི་སྒྲུབ་བྱེད་མང་དུ་བཀོད་ཀྱང་མཐའ་བཞིའི་སྐྱེ་བ་བཞིར་འདུས་སོ། །མདོར་ན་ལྷན་སྐྱེས་ཀྱིས་གཟུང་བའི་ཆོས་དང་གང་ཟག་གཉིས་དཔྱད་པ་མེད་པར་བག་ཆགས་ལ་བརྟེན་ནས་བདེན་པར་གཟུང་བའི་ཡུལ་ནི་ལྷན་སྐྱེས་ཀྱི་བདག་གཉིས་ཡིན་ལ། དེ་ཉིད་ལ་རིགས་པ་ལྟར་སྣང་གི་སྒྲུབ་བྱེད་དང་བཅས་པའི་སྒོ་ནས་བདེན་པར་གཟུང་བའི་ཡུལ་ནི་ཀུན་བརྟགས་ཀྱི་བདག་གཉིས་ཏེ། དགག་བྱར་བྱེད་པ་ལ་ནི་ཁྱད་པར་མེད་དོ། །གསུམ་པ་ལ། མེད་པ་བསྐུར་འདེབས་ཀྱི་མཐའ་འགོག་པའི་རིགས་པ་དང་། ཡོད་པ་སྒྲོ་འདོགས་ཀྱི་མཐའ་འགོག་པའི་རིགས་པ་དང་། སྤྲོས་པའི་མཐའ་ཐམས་ཅད་འགོག་པའི་རིགས་པ་དང་གསུམ་ལས་དང་པོ་ནི་རྨོངས་པ་རྣམས་ཀྱི་ཚབས་ཆེ་བ་དང་། ལྟ་བ་རྣམས་ཀྱི་ནང་ནས་མ་རུངས་པ་ཡིན་པ་དང་། གྲུབ་མཐའ་རྣམས་ཀྱི་ནང་ནས་ཐ་ཆད་ཡིན་པས་ཐོག་མ་ཉིད་དུ་དགག་པར་རིགས་པས། རིགས་པ་དྲུག་ཅུ་པར། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང་། །དགག་པར་འགྱུར་བ་མཉན་པར་གྱིས། །ཞེས་གསུངས་པ་ལྟར་དགག་སླ་བ་དང་། ཕལ་ཆེར་དངོས་པོར་སྨྲ་བ་རྣམས་ཀྱིས་བཀག་ཟིན་པ་ལ་དགོངས་ནས་དེ་ཉིད་འགོག་པའི་རིགས་པ་གཞུང་ལས་མང་དུ་མ་གསུངས་མོད་ཀྱི། འོན་ཀྱང་རིགས་པ་དེ་དང་དེ་དག་གིས་འགོག་པའི་ཚུལ་ཕྱོགས་ཙམ་ཞིག་བརྗོད་པ་བྱ་སྟེ། དེ་ལ་རེ་ཞིག་ཚུ་རོལ་མཛེས་པ་བ་དག་འགྲོ་བའི་རིགས་ལ་མི་དང་དུད་འགྲོ་ལ་སོགས་པ་མཐོང་བ་འདི་ཙམ་ཞིག་ཡོད་ཀྱི་ལྷ་དང་དམྱལ་བ་ལ་སོགས་པ་འགྲོ་བ་གཞན་ནི་མེད་དེ་མ་མཐོང་བའི་ཕྱིར། སྐྱེ་བོ་རྣམས་ཀྱི་སེམས་ཀྱང་ལུས་ཀྱི་སྔ་ཕྱིར་ཡོད་པ་མ་ཡིན་ཏེ། ཆང་དང་མྱོས་པའི་ནུས་པ་ལྟར་ལུས་སེམས་རྫས་གཅིག་པའི་ཕྱིར། དེས་ན་སྐྱེ་བ་སྔ་ཕྱིའང་མེད་དོ་ཞེས་དོན་གྱི་ངོ་བོ་ལ་སྐུར་བ་འདེབས་པ་དེའང་མི་རིགས་ཏེ། འགྲོ་བ་གཞན་ཡོད་ཀྱང་བལྟར་མི་རུང་བས་དེ་འགོག་པའི་རྟགས་མ་ངེས་པའི་ཕྱིར་དང་། ལུས་སེམས་འགལ་བའི་ཆོས་དང་ལྡན་པས་སྐྱེ་བ་སྔ་ཕྱི་འགོག་པའི་རྟགས་མ་གྲུབ་པའི་ཕྱིར་ན་སྒྲུབ་བྱེད་མེད་ལ། ད་ལྟར་གྱི་སེམས་ཕྱི་མ་རྣམས་སྔ་མ་ཙམ་ལས་འབྱུང་བར་འཛིན་པའི་མངོན་སུམ་གྱིས་གནོད་པའི་ཡང་ཕྱིར་རོ། །ཡང་དཔྱོད་པ་བ་དག་འགྲོ་བ་རྣམས་རྒྱུ་མེད་པ་ཡིན་ཏེ། དངོས་པོ་ཉིད་ཡིན་པའི་ཕྱིར། ཚེར་མའི་རྣོ་བ་བཞིན་ནོ། །ཞེས་རྒྱུ་ལ་སྐུར་བ་འདེབས་པའང་མི་རིགས་ཏེ། རྟགས་ཀྱི་དཔེ་བསྒྲུབ་བྱ་དང་མཚུངས་པས་ཁྱབ་པ་མ་གྲུབ་པའི་ཕྱིར་སྒྲུབ་བྱེད་མེད་ལ། མར་མེ་ལྟར་ཡུལ་དུས་རྣམ་པ་རེས་འགའ་བར་མཐོང་བའི་རྟགས་དང་། འབྲས་བུའི་དོན་དུ་འབད་པ་མི་བྱེད་པར་ཐལ་བས་གནོད་པའི་ཡང་ཕྱིར་རོ། །ཡང་ཉེས་པ་དང་། ལེགས་པར་སྤྱད་པའི་འབྲས་བུ་ལ་སྐུར་བ་འདེབས་པ་ཁ་ཅིག་ལམ་བསྒོམས་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པ་མི་ཐོབ་སྟེ་དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་སོལ་བའི་ནག་པོ་ལྟར་སྦྱོང་དུ་མི་རུང་བའི་ཕྱིར་དང་། རུང་ཡང་ཆུའི་ཚ་བ་ལྟར་བརྟན་མི་བརྟན་པས་འབྱོངས་པའི་དུས་མེད་པ་དང་། འབད་པ་ལ་ལྟོས་པས་འབྱོངས་པ་ལྟར་སྦྱངས་ཀྱང་ཕུལ་དུ་མི་འགྲོ་བའི་ཕྱིར་ཞེས་འབྲས་བུ་ལ་སྐུར་བ་འདེབས་པ་དེ་ཡང་མི་རིགས་ཏེ། རྟགས་དང་པོ་གཉིས་མ་གྲུབ་པ་དང་། གསུམ་པ་མ་ངེས་པས་སྒྲུབ་བྱེད་མེད་ལ་སྐྱོན་ཡོན་ཐམས་ཅད་གོམས་པ་ལས་ཁྱད་པར་དུ་འགྱུར་བ་མཐོང་བས་གནོད་པའི་ཕྱིར་རོ། །གཉིས་པ་ཡོད་པ་སྒྲོ་འདོགས་ཀྱི་མཐའ་དགག་པ་ནི་སྤྱིར་གང་ཟག་དེ་ལ་དཔྱད་གཞིའི་བློ་ཅན་དང་། དགག་བྱའི་བློ་ཅན་དང་། བཀག་པའི་བློ་ཅན་གསུམ་ལས། དང་པོ་ནི། འཇིག་རྟེན་གྲུབ་མཐའ་ལ་མ་ཞུགས་པའམ། ཞུགས་ཀྱང་། གྲུབ་མཐའ་མ་དཔྱད་པར་རང་དགར་གནས་པའི་ཚེ། འདི་ནི་ལྷས་བྱིན་ནོ། །འདི་ནི་མཆོད་སྦྱིན་ནོ། །ཞེས་སོགས་ཕུང་པོ་ལ་བརྟེན་ནས་གང་ཟག་ཙམ་དུ་འཛིན་པ་དང་། འདི་ནི་ཤིང་རྟའོ། །འདི་ནི་བུམ་པའོ། །ཞེས་སོགས་ཡན་ལག་དང་ཆ་ཤས་ལ་བརྟེན་ནས་ཆོས་ཙམ་དུ་འཛིན་པའོ། །གཉིས་པ་ནི། རྟོག་གེ་པ་ཆོས་དང་གང་ཟག་དེ་དག་ལ་རིགས་པའི་འཐད་པ་བཅུག་ནས་བདེན་པར་ཁས་ལེན་པའོ། །གསུམ་པ་ནི་དབུ་མ་པ་རིགས་པས་རྣམ་པར་དཔྱད་ནས་མཐར་གང་ཡང་ཁས་མི་ལེན་པའོ། །དེ་ལྟར་གསུམ་ལས། དང་པོས་གཟུང་བའི་ཆོས་དང་གང་ཟག་ཙམ་ནི་ཐ་སྙད་དུ་དགག་པར་བྱ་བ་མ་ཡིན་ཏེ། མདོ་ལས། འཇིག་རྟེན་ང་དང་རྩོད་ཀྱི་ང་ནི་འཇིག་རྟེན་དང་མི་རྩོད་དེ། འཇིག་རྟེན་ན་གང་ཡོད་པ་དེ་ང་ཡང་ཡོད་ཅེས་སྨྲའོ། །གང་མེད་པ་དེ་ང་ཡང་མེད་ཅེས་སྨྲའོ། །ཞེས་གསུངས་པ་ལྟར་ཡོད་མེད་དང་། ཡིན་མིན་དང་འགྲོ་འོང་ལ་སོགས་པའི་ཐ་སྙད་ཐམས་ཅད་ཀུན་རྫོབ་རྣམ་གཞག་གི་ཚེ་འཇིག་རྟེན་ན་གྲགས་པ་ལྟར་ཁས་ལེན་དགོས་པའི་ཕྱིར་དང་། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་པ་ལྟར་དོན་དམ་པ་ལ་དཔྱོད་པར་འདོད་པ་ནའང་ཐོག་མར་ཐབས་སུ་ཁས་ལེན་དགོས་པའི་ཕྱིར་རོ། །རིགས་པས་རྣམ་པར་དཔྱད་པའི་ཚེ་དགག་དགོས་ཏེ། རྣམ་པར་དཔྱད་ན་ཐ་སྙད་བདེན་པ་ལས་གཞན་དུ་སོང་བའི་ཕྱིར་ཏེ། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་ཅེས་གསུངས་པའི་ཕྱིར་དང་། དེའི་ཚེ་མ་རྙེད་པ་ནི་དོན་དམ་བདེན་པ་ཐབས་བྱུང་འགྱུར་པ་སྟེ། ཞེས་པའི་སྐབས་ཀྱི་ཐབས་བྱུང་དེ་ཉིད་ཡིན་པའི་ཕྱིར་རོ། །གང་དག་རིགས་པས་དཔྱད་པའི་ཚེ་སྣང་བ་མི་འགོག་བདེན་པ་འགོག་ཅེས་འདོད་པ་ནི་ཤིང་རྟ་ཉིད་ཤིང་རྟའི་ཡན་ལག་ལ་དཔྱད་པའི་ཚེ་མ་རྙེད་པ་ཉིད་ལ་ཤིང་རྟ་བདེན་པ་འགོག་པར་བཞག་པའི་དོན་མ་རྟོགས་པའོ། །འོ་ན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་པ་དང་འགལ་ལོ་སྙམ་ན། དེ་ནི་ཐ་སྙད་རྣམ་གཞག་གི་ཚེ་རིགས་པའི་དཔྱད་པ་མི་འཇུག་སྟེ། བཅུག་ན་ཐ་སྙད་བདེན་པ་མི་རྙེད་པར་འགྱུར་བ་གང་ཞིག འདིར་ཐ་སྙད་བདེན་པ་རྣམ་པར་འཇོག་པའི་སྐབས་ཡིན་པའི་ཕྱིར། ཞེས་པའི་དོན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ལས་འབྲས་དཔྱད་པར་འདོད་པ་མེད། །ཅེས་དང་། འཇུག་པར། ལས་འབྲས་རྣམས་ལ་སེམས་པའང་དགག་པར་མཛད། །ཅེས་གསུངས་པ་དང་དོན་གཅིག་གོ །དེ་ལྟར་ལྷན་སྐྱེས་ཀྱིས་གཟུང་བའི་བདག་གཉིས་འགོག་པའི་རིགས་པ་ནི། རིན་ཆེན་ཕྲེང་བར། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་དོན་སྐྱེས་བུ་གང་། །སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཅི་ལྟ་བར། །དེ་བཞིན་ཁམས་ནི་རེ་རེ་ལའང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །ཞེས་སྐྱེས་བུ་ཁམས་དྲུག་ལ་བཙལ་བའི་ཚེ་མ་རྙེད་པས། གང་ཟག་གི་བདག་མེད་པ་དང་ཁམས་དྲུག་རེ་རེའང་རང་གི་ཆ་ཤས་ལ་བཙལ་བའི་ཚེ་མ་རྙེད་པས་ཆོས་ཀྱི་བདག་མེད་པར་ངེས་པའོ། །སྤྱོད་འཇུག་ལས་ཀྱང་། བདག་ནི་རུས་པ་ཁྲག་མ་ཡིན། །ཞེས་སོགས་བདག་ལུས་ཀྱི་ཆ་ཤས་རྣམས་ལ་བཙལ་ནས་མ་རྙེད་པ་དང་། ལུས་ནི་རྐང་པ་བྱིན་པ་མིན། །ཞེས་སོགས་ལུས་ཉིད་ཀྱང་རང་གི་ཆ་ཤས་རྣམས་ལ་བཙལ་ནས་མ་རྙེད་པ་དང་། དེ་ཡང་ཚིགས་ཀྱི་ཚོགས་ཡིན་ཕྱིར། །ཚིགས་ཀྱང་རང་གི་ཆ་ཕྱེ་བས། །ཆ་ཡང་རྡུལ་དུ་ཕྱེ་བས་ཏེ། །རྡུལ་དེའང་ཕྱོགས་ཆའི་དབྱེ་བ་ཡིས། །ཕྱོགས་དབྱེའང་ཆ་ཤས་དང་བྲལ་ཕྱིར། །མཁའ་བཞིན་དེས་ན་རྡུལ་ཡང་མེད། །ཅེས་ཆ་ཤས་རྣམས་ཀྱང་མཐར་ནམ་མཁའ་བཞིན་དུ་མི་རྙེད་པར་གསུངས་པའི་རིགས་པ་རྣམས་བདག་གཉིས་མེད་པར་སྒྲུབ་པའི་རིགས་པའོ། །ལྷན་སྐྱེས་ཀྱི་བདག་འགོག་པའི་རིགས་པ་འདི་དག་ནི་སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། ཞེས་པ་ལྟར་རིགས་སད་ནས་དབུ་མའི་ལྟ་བ་ཉན་པར་འདོད་པའི་ཚེ་བསྟན་པར་བྱ་བ་ཡིན་ལ་དེའི་ཚེའང་མཐའ་བཞིའི་སྐྱེ་བ་འགོག་པ་དང་། གང་ཟག་རིགས་པ་བདུན་གྱི་བཙལ་བའི་ཚུལ་རྣམས་སྟོན་ན་མཐའ་གཞན་འགོག་པའི་རིགས་པའི་སྒོ་ནས་སྟོན་པ་ཡིན་གྱི་རྩོད་ལན་གྱི་ཚུལ་གྱིས་ནི་མ་ཡིན་ནོ། །གཞུང་དུ་བཤད་པ་ནི་ཀུན་བརྟགས་ཀྱི་བདག་འགོག་པའི་ཚུལ་གྱིས་བསྟན་པ་ཡིན་ལ། དེའི་ཚེ་ཀུན་བརྟགས་ཀྱི་བདག་ཁེགས་པས་ལྷན་སྐྱེས་ཀྱི་བདག་ཀྱང་ཁེགས་པར་འགྱུར་ཏེ། སྒྲུབ་བྱེད་ལ་གནོད་པ་མཐོང་བས་བསྒྲུབ་བྱ་འཛིན་པའི་བློ་ལྡོག་པ་རིགས་པ་ཁས་ལེན་པ་རྣམས་ཀྱི་ལུགས་ཡིན་པའི་ཕྱིར། ཞེས་རོང་སྟོན་དམ་པ་གསུངས་པ་ནི་རྨད་དུ་བྱུང་བའི་ལུགས་སོ། །གཉིས་པ་རྟོགས་གེས་འཐད་པ་བཅུག་ནས་ཀུན་བརྟགས་ཀྱི་བདག་འགོག་པ་ལ་ཡོད་ངེས་པའི་རྒྱུ་སྒྲུབ་བྱེད་ཀྱི་ཚད་མ་དགག་པ་དང་། མེད་ངེས་པའི་རྒྱུ་གནོད་བྱེད་ཀྱི་རིགས་པ་བརྗོད་པ་གཉིས་ལས། དང་པོ་ནི་འདི་ལྟར་རྟོག་གེ་པ་དག་ཚད་མ་ཞེས་བྱ་བ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡང་དག་པའི་དོན་ལ་མི་འཁྲུལ་བ་ཞིག་རང་དང་གཞན་གྱི་རྒྱུད་ལ་བསྐྱེད་པའི་འདོད་པའི་དོན་འགྲུབ་པར་སྨྲའོ། །དེ་དགག་པ་ལ་གསུམ་སྟེ་ཡང་དག་པའི་ཚད་མ་ཉིད་མ་གྲུབ་པ་དང་། གྲུབ་ཀྱང་རྒྱུད་ལ་བསྐྱེད་པར་མི་ནུས་པ་དང་། ནུས་ཀྱང་འདོད་པའི་དོན་མི་འགྲུབ་པའོ། །དང་པོ་ནི། སློབ་དཔོན་གྱིས་རྩོད་ཟློག་ལས། གལ་ཏེ་ཁྱོད་ཀྱི་དོན་དེ་རྣམས། །ཚད་མ་ཉིད་ཀྱིས་རབ་བསྒྲུབས་ན། །ཁྱོད་ཀྱི་ཚད་མ་དེ་ཉིད་ཀྱང་། །ཇི་ལྟར་རབ་ཏུ་གྲུབ་པ་སྨྲོས། །ཞེས་གསུངས་པ་ལྟར་དངོས་པོ་བདེན་པར་ཡོད་པའི་སྒྲུབ་བྱེད་ཚད་མ་དགག་པ་ལ་གཉིས་ཏེ། སྤྱིར་དགག་པ་དང་། བྱེ་བྲག་ཏུ་དགག་པའོ། །དང་པོ་ལ་གསུམ་སྟེ། མཚོན་བྱའི་སྒྲ་དོན་དགག་པ་དང་། མཚན་ཉིད་དང་། དེའི་ངེས་བྱེད་དགག་པའོ། །དང་པོ་ནི་ཚད་མའི་སྐད་དོད་ལ། པྲ་མཱ་ཎ་ཞེས་འབྱུང་ལ་དེ་བོད་སྐད་དུ་བསྒྱུར་ན། དང་པོར་འཇལ་བྱེད་ཅེས་པར་འགྱུར་ཏེ། དེ་རིགས་པས་དཔྱད་ན་ཀུན་རྫོབ་ཙམ་དུ་མི་འགྲུབ་སྟེ། དེ་ལ་པྲའི་དོན་དང་པོར་འཇལ་བ་མི་འཐད་པ་དང་། མཱ་ཎའི་དོན་འཇལ་བ་མི་འཐད་པའོ། །དང་པོ་ནི། དང་པོ་འཇལ་ཞེས་པའི་དོན་མི་འཐད་དེ། འདི་ལྟར་བློའི་སྐད་ཅིག་དང་པོས་ཡུལ་གྱི་སྐད་ཅིག་དང་པོ་ངེས་པར་བྱ་མི་ནུས་ལ། དེས་ན་བློའི་སྐད་ཅིག་དང་པོ་ཚད་མ་མ་ཡིན་པར་ཐལ་ཏེ། དེས་སྒྲོ་འདོགས་གཅོད་མི་ནུས་པའི་ཕྱིར་དང་། སྣང་ལ་མ་ངེས་པ་ཡིན་པས་སོ། །ཕྱི་མ་རྣམས་ཀྱིས་ངེས་ཀྱང་དང་པོར་འཇལ་བྱེད་མ་ཡིན་པས་ཚད་མ་མིན་པར་ཐལ་བར་འགྱུར་རོ། །གཞན་ཡང་དང་པོར་འཇལ་ཞེས་པ་དེ་རྫས་སྔར་མ་རྟོགས་པའི་དང་པོ་འཇལ་ལམ་རིགས་སྔར་མ་རྟོགས་པའི་དང་པོ་འཇལ། དང་པོ་ལྟར་ན་རྫས་ལ་བཅད་ཤེས་མི་འཐད་པར་འགྱུར་ཏེ། རྫས་འཇལ་གྱི་བློ་ཐམས་ཅད་རྫས་སྔར་མ་རྟོགས་ཁོ་ན་ལ་འཇུག་པའི་ཕྱིར་ཏེ། དངོས་པོ་ཐམས་ཅད་སྐད་ཅིག་མ་ཡིན་པས་སོ། །གཉིས་པ་ལྟར་ནའང་མི་འཐད་དེ། རིགས་ཙམ་སྔར་མ་རྟོགས་པ་མིན་པས་སྐྱོན་གང་ཡང་མེད་དོ། །ཞེས་སྲིད་པའི་ཕྱིར་དང་། འགའ་ཞིག་སྲིད་དུ་ཆུག་ནའང་སྔོ་སེར་དང་བདེ་སྡུག་ལ་སོགས་པ་འཇལ་བའི་བློ་རྣམས་ནི་ཚད་མ་གཏན་མ་ཡིན་པར་འགྱུར་ཏེ། དེ་དག་གི་རིགས་རྟོགས་ཟིན་ཁོ་ན་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་ཡུལ་དུས་རྣམ་པ་སོ་སོར་ངེས་པའི་རིགས་སྔར་མ་རྟོགས་པ་རྟོགས་པ་ཡིན་པས་སྐྱོན་གང་ཡང་མེད་དེ། ཞེས་ཀྱང་བརྗོད་མི་ནུས་ཏེ། དེ་ནི་རྫས་ཀྱི་མཐར་ཐུག་ཡིན་པས་སྔར་བཤད་པའི་སྐྱོན་ལས་མི་འདའ་བའི་ཕྱིར་དང་། ཡང་ཚད་མ་བདེན་པའི་དོན་ཅན་མ་ཡིན་པར་ཐལ་ཏེ། ལྡོག་པ་བརྫུན་པ་ལ་འཇུག་པའི་ཕྱིར་རོ། །གཉིས་པ་མཱ་ཎའི་དོན་འཇལ་བའང་མི་འཐད་དེ། བྱ་བྱེད་གཅིག་དང་ཐ་དད་བརྟགས་ན་མི་འཐད་པའི་ཕྱིར་དང་། བྱ་བ་དང་། བྱེད་པ་པོ་ལ་རྣམ་གྲངས་གསུམ་དུ་བརྟགས་ན་མི་འཐད་པའི་ཕྱིར་རོ། །དང་པོ་ནི། བྱ་བ་ཐམས་ཅད་ལས་དང་བྱེད་པ་པོ་ལ་ལྟོས་དགོས་པས་འཇལ་བ་ལ་གཞལ་བྱ་དང་། འཇལ་བྱེད་ཀྱིས་ཁྱབ་ལ། དེ་ལ་གཞལ་བྱ་འཇལ་བྱེད་གཉིས་རྫས་གཅིག་ན་བྱ་བྱེད་དང་འགལ་ལ། ཐ་དད་དུས་མཚུངས་ལ་འབྲེལ་བ་མེད་ཅིང་། མི་མཚུངས་ན་གང་རུང་གཅིག་ཡོད་པའི་ཚེ་གཅིག་མེད་པས་འཇལ་བར་མི་ནུས་སོ། །གཉིས་པ་ནི། འཇལ་བའི་བྱ་བའང་སྔར་གཞལ་བ་དང་། མ་གཞལ་བ་དང་། གཞལ་བཞིན་པ་གང་ཞིག་འཇལ་བ་བརྟགས་ན་མི་འཐད་པའི་ཕྱིར་རོ། །གསུམ་པ་ནི་འཇལ་བ་པོ་དང་། དེ་མིན་པ་དང་། དེ་གཉིས་ལས་མ་གཏོགས་པའི་གང་ཟག་གང་གིས་འཇལ་བརྟགས་ན་མི་འཐད་པའི་ཕྱིར་རོ། །ཅི་སྟེ་དཔྱད་ན་མི་འཐད་པས་དོན་དམ་པར་མེད་མོད། ཐ་སྙད་དུ་སྔར་མ་རྟོགས་པའི་འཇུག་ཡུལ་འཇལ་བའི་ཚད་མ་གཅིག་ཡོད་པས་དེ་རིགས་པས་ཇི་ལྟར་དགག་ནུས་ཞེ་ན། ཐ་སྙད་དུ་གཞལ་བྱ་འཇལ་བྱེད་དུ་སྣང་བ་ཙམ་ཞིག་གྲུབ་པ་ལ་རག་མོད། ཀུན་རྫོབ་བརྫུན་པ་ལ་བདེན་པར་ཞེན་པ་ཁྱོད་རྟོག་པ་ལྟ་བུའི་རང་གི་མཚན་ཉིད་དུ་བདེན་པ་ནི། དཔྱད་ན་ཐ་སྙད་དུའང་གྲུབ་པ་མ་ཡིན་ནོ། །གཉིས་པ་ཚད་མའི་མཚན་ཉིད་དགག་པ་ལ་གཉིས་ཏེ། འདོད་པ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། རིགས་པའི་དབང་ཕྱུག་རྣམ་པ་གཉིས་ཀྱི་གཞུང་ལུགས་ལས་ཚད་མའི་མཚན་ཉིད་སྟོན་པ་ཚད་མ་བསླུ་མེད་ཅན་ཤེས་པ། ཞེས་དང་། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་པ་དང་། འདི་དག་གིས་དོན་ཡོངས་སུ་བཅད་ནས་འཇུག་པ་ན་དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་འབྱུང་བ་ལ། ཊཱི་ཀ་བྱེད་པ་རྣམས་ཀྱིས་དཔྱད་ནས་མི་མཐུན་པ་དུ་མར་སྨྲའོ། །དེ་ལ་དང་པོ་སློབ་དཔོན་ཆོས་མཆོག་ནི། མི་སླུ་བ་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་དུ་བཞེད་དེ། ཆོས་གསུམ་ནི་ངོ་བོ་དང་། ཡུལ་དང་། བྱེད་པའི་ཁྱད་པར་རོ། །དང་པོ་ངོ་བོའི་ཁྱད་པར་ནི་དོན་ཐོབ་པར་བྱེད་པའི་ནུས་པའོ། །གཉིས་པ་ཡུལ་གྱི་ཁྱད་པར་ནི་ཡོངས་སུ་བཅད་པའི་དོན་ཐོབ་པའི་ནུས་པ་སྟེ། དེ་ཡང་མ་བཟུང་བའི་དོན་ཐོབ་པ་ལ་བྱས་ན། དུང་སེར་འཛིན་ལ་སོགས་པ་ལོག་པ་ལའང་ཁྱབ་ཆེས་པར་འགྱུར་ཞིང་། བཟུང་བའི་དོན་ཐོབ་པ་ལ་བྱས་ན་མངོན་སུམ་གྱི་གཟུང་ཡུལ་སྐད་ཅིག་མ་ཡིན་པས་ཐོབ་མི་ནུས། རྗེས་དཔག་གི་གཟུང་ཡུལ་དངོས་མེད་ཡིན་པས་ཐོབ་རྒྱུ་མེད་པའི་ཕྱིར་ཏེ། གཟུང་བའམ་མ་བཟུང་བའི་དོན་ཐོབ་བྱེད་ལ་མི་བྱེད་ལ་ཡོངས་སུ་བཅད་པའི་མཐར་ཐུག་པའི་འཇུག་ཡུལ་ཐོབ་པའི་ནུས་པ་ལ་འཇོག་པས་སྐྱོན་གང་ཡང་མེད་དོ། །གསུམ་པ་བྱེད་པའི་ཁྱད་པར་ནི་དོན་ཡོངས་སུ་གཅོད་པར་བྱེད་པ་སྟེ། འདིའང་དབང་པོ་དང་རྐང་ལག་ལ་སོགས་པ་ལ་ཡོད་པའི་དོན་ཐོབ་པའི་ནུས་པ་བཅད་ནས་དོན་རྟོགས་པའི་བྱ་བས་ཐོབ་པའི་ནུས་པ་ཡིན་པར་སྟོན་པའོ། །ཞེས་གསུངས་སོ། །བྲམ་ཟེ་ཆེན་པོ་ལ་སོགས་པ་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཚད་མའི་མཚན་ཉིད་དུ་བཞེད། ཆོས་གསུམ་ནི་ངོ་བོ་དང་། ཡུལ་དང་འཛིན་སྟངས་ཀྱི་ཁྱད་པར་རོ། །དེ་ལ་ཤེས་བྱ་བདེན་པ་ནི་རིགས་པས་དཔྱད་བཟོད་དུ་བདེན་པ་མ་ཡིན་ཏེ། ཡིན་ན་ཀུན་རྫོབ་འཇལ་བའི་ཚད་མ་ལ་མ་ཁྱབ་པར་འགྱུར་བས་སོ། །དངོས་པོར་བདེན་པའང་མ་ཡིན་ཏེ། དངོས་མེད་འཇལ་བ་ལ་མ་ཁྱབ་པར་འགྱུར་བས་སོ། །སྒྲོ་མ་བཏགས་སུ་བདེན་པའང་མ་ཡིན་ཏེ། སྒྲོ་བཏགས་འཇལ་བ་ལ་མ་ཁྱབ་པར་འགྱུར་བས་སོ། །དེས་ན་ཤེས་པ་རང་གིས་སྒྲོ་མ་བཏགས་པར་དངོས་པོ་ལ་ཇི་ལྟར་གནས་པའོ། །དེ་རྟོགས་པའི་བློའང་ཆོས་གསུམ་དང་ལྡན་པ་སྟེ། ངོ་བོའི་ཁྱད་པར་སྒྲོ་འདོགས་སེལ་བ། ཡུལ་གྱི་ཁྱད་པར་སྔར་མ་རྟོགས་པའི་ཡུལ་རྟོགས་པ། འཛིན་སྟངས་ཀྱི་ཁྱད་པར་དོན་ལ་མི་འཁྲུལ་པའོ། །རྒྱན་མཁན་པོས་ནི་ཚད་མ་ནི་རྣམ་པ་གཉིས་ཏེ། དོན་དམ་རྟོགས་པའི་ཚད་མ་ནི་དུས་ཀྱི་ཁྱད་པར་ས་དང་པོ་ཡན་ཆད་ན་ཡོད་པ། གང་ཟག་འཕགས་པའི་རྒྱུད་ཀྱིས་བསྡུས་པ་གཞལ་བྱ་ཕྱི་རོལ་གྱི་དོན་མི་འཇལ་བར་ཤེས་པ་འཇལ་བ། དེའང་ཤེས་པའི་རྒྱུན་མི་འཇལ་བར་སྐད་ཅིག་ཆ་མེད་ཀྱི་དངོས་པོ་རེ་རེ་སྔར་མ་རྟོགས་པ་གསར་དུ་རྟོགས་པའི་དོན་གྱིས་མ་རྟོགས་དོན་གྱི་གསལ་བྱེད་ཡིན་གྱི་མི་བསླུ་བ་མ་ཡིན་ཏེ། སྔ་ཕྱི་གཅིག་ཏུ་འཛིན་པ་མེད་པས་བཅད་དོན་ཐོབ་པ་མེད་པའི་ཕྱིར་རོ། །ཐ་སྙད་པའི་ཚད་མ་ནི་དུས་ཀྱི་ཁྱད་པར་འཇིག་རྟེན་ཆོས་མཆོག་མན་ཆད་ན་ཡོད་པ་གང་ཟག་སོ་སྐྱེའི་རྒྱུད་ཀྱིས་བསྡུས་པ། གཞལ་བྱ་ཕྱི་རོལ་གྱི་དོན་འཇལ་བ་སྟེ་དེའི་མཚན་ཉིད་ནི་མ་རྟོགས་དོན་གྱི་གསལ་བྱེད་དང་མི་བསླུ་བ་གཉིས་ཀ་ཚོགས་པ་ཡིན་ཏེ། བཅད་པའི་དོན་ཐོབ་པ་ཡོད་པའི་ཕྱིར་ཞེས་བཞེད་དོ། །གཉིས་པ་དེ་དག་རིམ་པ་བཞིན་དགག་པ་ལ་དང་པོ་སློབ་དཔོན་ཆོས་མཆོག་གི་བཞེད་པ་བཅད་པའི་དོན་ཐོབ་པ་མི་བསླུ་བ་ཡང་མི་འཐད་དེ། དངོས་པོ་རྣམས་སྐད་ཅིག་མ་ཡིན་པ་ཉིད་ཀྱིས་ན་བཅད་པའི་དོན་མ་ཐོབ་ཅིང་དོན་མ་བཅད་པའི་ཕྱིར་རོ། །དངོས་པོ་ཙམ་གྱི་རྒྱུན་དང་ལྡོག་པ་ལ་ལྟོས་ནས་བཅད་དོན་ཐོབ་པ་ཡོད་པས་སྐྱོན་མེད་ཅེས་སྨྲ་བའང་མི་རིགས་ཏེ། རྒྱུན་དང་ལྡོག་པའང་རྫས་གཅིག་དང་ཐ་དད་བརྟགས་ན་མི་འཐད་པའི་ཕྱིར་རོ། །གཉིས་པ་བྲམ་ཟེ་ཆེན་པོའི་བདེན་པའི་དོན་རྟོགས་ཆོས་གསུམ་ལྡན་ཡང་དཔྱད་ན་ཐ་སྙད་དུའང་རིགས་པ་མ་ཡིན་ཏེ། དེ་ལ་ཡུལ་གྱི་ཁྱད་པར་སྔ་མ་རྟོགས་པའི་ཡུལ་ལ་འཇུག་པའང་རྫས་དང་རིགས་ལ་བརྟགས་ནས་མ་ཁྱབ་པ་དང་ཁྱབ་ཆེས་པར་འགྱུར་བའི་ཕྱིར་རོ། །ངོ་བོའི་ཁྱད་པར་སྒྲོ་འདོགས་སེལ་བའང་དཔྱད་ན་མི་འཐད་དེ་འདི་ལྟར་བསལ་བྱ་སྒྲོ་འདོགས་དང་། སེལ་བྱེད་ཚད་མ་གཉིས་ངོ་བོ་གཅིག་ན་རང་ལ་བྱ་བྱེད་འགལ་ཞིང་བཅད་བྱ་གཅོད་བྱེད་ལ་སོགས་པའང་གཅིག་ཏུ་འགྱུར་བ་དང་། ངོ་བོ་མི་གཅིག་ན་རྒྱུད་གཞན་གྱི་སྒྲོ་འདོགས་ཀྱང་སེལ་བར་འགྱུར་ཏེ་ངོ་བོ་མི་གཅིག་པར་མཚུངས་པའི་ཕྱིར་རོ། །གལ་ཏེ་ངོ་བོ་མི་གཅིག་པར་མཚུངས་ཀྱང་རྒྱུད་གཅིག་ཏུ་གཏོགས་པའི་སྒྲོ་འདོགས་སེལ་གྱི་རྒྱུད་གཞན་དུ་གཏོགས་པའི་སྒྲོ་འདོགས་མི་སེལ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། རྒྱུད་ཐ་དད་ལ་རྫས་གཅིག་པ་ཉིད་མི་འཐད་པའི་ཕྱིར་རོ། །འཛིན་སྟངས་ཀྱི་ཁྱད་པར་རང་རང་གིས་སྒྲོ་མ་བཏགས་པའི་དོན་ལ་མི་འཁྲུལ་བའང་མི་འཐད་དེ། རྣམ་པར་དཔྱད་ན་བློ་ཐམས་ཅད་རང་རང་གིས་སྒྲོ་བཏགས་པའི་ཡུལ་འཛིན་པར་མཚུངས་པའི་ཕྱིར་རོ། །བྱེ་བྲག་ཏུ་མངོན་སུམ་འཛིན་སྟངས་མི་འཁྲུལ་པའི་རྒྱུ་མཚན་སྣང་བ་དངོས་པོར་མི་འཐད་ཅིང་། དངོས་པོ་ཡང་སྣང་བར་མི་འཐད་པ་གཉིས་ལས། དང་པོ་ནི་སྣང་བ་དངོས་པོ་ཡིན་ན། རྟོག་མེད་ཀྱི་བློ་ལ་སྣང་བས་སམ། རྟོག་བཅས་ཀྱི་བློ་དངོས་པོར་ཞེན་པས་སམ། གཉིས་ཀ་ཚོགས་པས་སྣང་བ་དངོས་པོར་བདེན་པར་གྲུབ། དང་པོ་ལྟར་ན། རྟོག་མེད་འཁྲུལ་བའི་དམིགས་པ་ཟླ་བ་གཉིས་དང་། དུང་སེར་པོ་སོགས་ཀྱི་དངོས་པོར་སྣང་བས་དངོས་པོར་བདེན་པར་འགྱུར་རོ། །གཉིས་པ་ལྟར་ན་ཐག་པ་ལ་སྦྲུལ་དང་། སྒྲ་རྟག་པ་ལ་སོགས་པ་ལའང་རྟོག་བཅས་ཀྱི་བློས་བདེན་པར་ཞེན་པ་ཡོད་པས་བདེན་པའི་དངོས་པོར་འགྱུར་རོ། །གསུམ་པ་ལྟར་ན། རྨི་ལམ་གྱི་བློའི་ཡུལ་འགའ་ཞིག་ལའང་སྣང་ཞེན་གཉིས་ཀ་ཡོད་པས་བདེན་པའི་དངོས་པོར་འགྱུར་རོ། །དེ་ལྟར་ན་སྣང་བར་དངོས་པོར་མི་འཐད་ཅིང་། དུས་གསུམ་གྱི་དངོས་པོ་སྣང་བ་མི་འཐད་པས། དངོས་པོ་ཡང་སྣང་བར་མི་རུང་སྟེ་སྔ་ཕྱིའི་ཆ་མེད་ན་རྒྱུན་ཡང་མི་རུང་ཞིང་། ཆ་བཅས་ལ་ད་ལྟར་བ་མ་རྙེད་ལ་འདས་མ་འོངས་མངོན་སུམ་ལ་མི་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་ཐོག་མ་དབུས་དང་ཐ་མ་ཡང་། །སྐད་ཅིག་བཞིན་དུ་བསམ་བྱས་ན། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་དང་། ཞིག་ནས་འགྲོ་མེད་འོང་མེད་ཅིང་། །སྐད་ཅིག་ཀྱང་ནི་མི་གནས་པ། །ཞེས་གསུངས་སོ། །ཡང་རྗེས་དཔག་འཛིན་སྟངས་མི་འཁྲུལ་བའི་རྒྱུ་མཚན། དོན་སྣང་མེད་ན་མི་འབྱུང་བའི་རྟགས་ཀྱི་རྗེས་སུ་འབྲང་བའང་མི་འཐད་དེ། རྗེས་དཔག་གི་རྟེན་རྟགས་ཀྱི་ཚུལ་གསུམ་མཐར་མངོན་སུམ་གྱིས་གྲུབ་དགོས་ན། སྔར་ཇི་སྐད་བཤད་པའི་རིགས་པས་མངོན་སུམ་འཛིན་སྟངས་འཁྲུལ་པར་གྲུབ་པས་སོ། །གཞན་ཡང་རྗེས་དཔག་རྟགས་ཀྱི་བསྒྲུབ་བྱ་འཇལ་བས། རྟགས་ཀྱི་གཞལ་བྱ་ལ་མི་འཁྲུལ་བ་དེ་རྟགས་བསྒྲུབ་བྱ་ལ་མི་འཁྲུལ་བ་ལ་རག་ལས་ཤིང་། དེའང་རྩ་བ་འབྲེལ་བ་ལ་རག་ལས། འབྲེལ་བའང་བདག་གཅིག་པ་དང་དེ་ལས་འབྱུང་བ་ལས་གཞན་ཡོད་པ་མ་ཡིན་ལ་དཔྱད་ན་འབྲེལ་བར་གཉིས་ཀྱང་འཐད་པ་མ་ཡིན་ཏེ། བདག་ཉིད་གཅིག་ལ་འབྲེལ་ཡུལ་འབྲེལ་ཆོས་གཉིས་མེད་པའི་ཕྱིར་དང་། ཐ་དད་ལ་གྲུབ་མ་གྲུབ་ལྟོས་པ་མེད་པས་འབྲེལ་བ་མི་འཐད་པའི་ཕྱིར་རོ། །རྒྱན་མཁན་པོས་ཐ་སྙད་པ་དང་དོན་དམ་པའི་ཚད་མ་གཉིས་སོ་སོར་ཕྱེ་ནས་འཇོག་པའང་མི་འཐད་དེ། དོན་དམ་པའི་ཚད་མའི་མཚན་ཉིད་ཁྱབ་ཆེས་ཤིང་། ཐ་སྙད་པའི་ཚད་མ་ལའང་དཔྱད་ན་མི་བསླུ་བ་མེད་པ་སྔར་བཤད་ཟིན་པའི་ཕྱིར་རོ། །ཚད་མའི་མཚན་ཉིད། ངེས་བྱེད་ཀྱང་འཐད་པ་མ་ཡིན་ཏེ། རང་ལ་ངེས་བྱ་ངེས་བྱེད་གཉིས་མེད་པས་རང་གིས་མི་ངེས་པའི་ཕྱིར་དང་། ངེས་བྱེད་ཐུག་མེད་དུ་ཐལ་བས་གཞན་གྱིས་ངེས་པར་ཡང་མི་འཐད་པའི་ཕྱིར་རོ། །དེ་དག་གིས་ཚད་མ་སྤྱིར་དགག་པ་བསྟན་ཟིན་ཏོ། །གཉིས་པ་བྱེ་བྲག་ཏུ་དགག་པ་ལ་བཞི་སྟེ། མངོན་སུམ་ཚད་མ་དགག་པ་དང་། རྗེས་དཔག་ཚད་མ་དང་། ལུང་གི་ཚད་མ་དང་། དཔེ་ཉེར་འཇལ་གྱི་ཚད་མ་བྱེ་བྲག་ཏུ་དགག་པའོ། །དེ་དག་ཀྱང་རིམ་པ་བཞིན་གཟུང་བ་དངོས་པོར་མེད་པས་གཟུང་ཡུལ་ལ་མི་འཁྲུལ་བའི་མངོན་སུམ་སྲིད་པ་མ་ཡིན་ཅིང་། རྩ་བ་འབྲེལ་བ་མེད་པས་མི་འཁྲུལ་བའི་རྟགས་ལས་རྟོགས་པའི་རྗེས་དཔག་སྲིད་པ་མ་ཡིན་ནོ། །འབྲེལ་མེད་ཕྱིར་ན་ཚིག་ལས་དོན་རྟོགས་པའི་ལུང་གི་ཚད་མ་ཉིད་ཀྱང་མི་འཐད་དོ། །ཀུན་གྱིས་འདྲ་བ་དང་ཕྱོགས་རིས་མི་འདྲ་བ་མེད་པས་དཔེ་ཉེར་འཇལ་ཚད་མའང་དཔེ་དང་གང་གིས་འདྲ་བ་ཚད་མར་འགྱུར་ཞེས་པའོ། །གཉིས་པ་དེ་ལྟ་བུའི་ཚད་མ་ཞིག་སྲིད་དུ་ཆུག་ནའང་དེ་རང་གི་རྒྱུད་ལ་སྐྱེ་བར་མ་ངེས་ཏེ། རྒྱུ་ཚོགས་མ་ཚང་བ་སྲིད་པའི་ཕྱིར་རོ། །ལན་ཅིག་ཡིད་ཆེས་པས་ཀྱང་མི་བསླུ་བར་མ་ངེས་ཏེ། རང་གཞན་གྱི་བློ་ཕྱི་མས་སུན་ཕྱུང་བར་མཐོང་བའི་ཕྱིར་རོ། །དེས་གཞན་ལ་ངེས་པ་བསྐྱེད་པར་ཡང་མི་ནུས་ཏེ། རང་གི་ཚད་མ་སྤོ་བའམ། དེའི་རྒྱུ་ཚོགས་པ་བསྒྲུབ་པར་མི་ནུས་ཤིང་གྲུབ་པར་ཁས་ལེན་པ་ཙམ་གྲུབ་པ་མ་ཡིན་པའི་ཕྱིར་རོ། །གསུམ་པ་སྤྱིར་ཡོད་ཅིང་རྒྱུད་ལ་བསྐྱེད་ནུས་ཀྱང་། འདིར་འདོད་པའི་དོན་མི་འགྲུབ་པ་ནི་རེ་ཞིག་མངོན་སུམ་གྱིས་ནི་དོན་དམ་པའི་དངོས་པོ་འགྲུབ་པར་མི་རུང་སྟེ། དེ་དག་དང་འགལ་བས་ཁྱབ་པ་ཆ་བཅས་ཉིད་སྣང་བའི་ཕྱིར་དང་། སྐྱེ་བོ་ཐམས་ཅད་བདེན་པ་མཐོང་ན་འཕགས་པར་འགྱུར་བས་ན་ཁས་ཀྱང་མི་ལེན་པའི་ཕྱིར་རོ། །ལུང་ལས་ཀྱང་། གལ་ཏེ་ཇི་ལྟར་མཐོང་དེ་བདེན། །ཐམས་ཅད་དེ་ཉིད་མཐོང་བར་འགྱུར། །ཞེས་དང་། གལ་ཏེ་དཔང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་གསུངས་སོ། །རྗེས་དཔག་གིས་ཀྱང་བདེན་པའི་དངོས་པོ་མི་འགྲུབ་སྟེ། བདག་དང་གཙོ་བོ་དང་རྡུལ་ཕྲན་དང་། གཉིས་མེད་དོན་དམ་ལ་སོགས་པ་དཔེ་འགའ་ཡང་མཐོང་བ་མེད་པས་དེ་སྒྲུབ་ཀྱི་རྟགས་ཀྱི་ཡན་ལག་བསྒྲུབ་བྱ་ཉིད་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །གཉིས་ལ་གནོད་པ་ཡོད་ཅིང་གསལ་བར་མྱོང་བའི་རྟགས་ཀྱིས་བསྒྲུབ་པའང་བདེན་པ་གཉིས་སུ་མ་གྲུབ་པ་དང་འཁྲུལ་བའི་ཕྱིར་ཏེ། རྟགས་དེ་ཀུན་རྫོབ་ཏུ་འགོད་ན་གཉིས་ལ་གནོད་པར་མ་གྲུབ་ཅིང་། དོན་དམ་པར་འགོད་ན་གསལ་བར་མྱོང་བ་མ་གྲུབ་ལ། ཆ་གཉིས་སུ་འགོད་ན་བསྒྲུབ་བྱ་གཉིས་མེད་དོན་དམ་གྱིས་བདེན་གཉིས་ལ་མ་ཁྱབ་པའི་ཕྱིར་རོ། །ལུང་ལས་ཀྱང་། ཉི་མ་དམུས་ལོང་ཡུལ་མིན་ལྟར། །དེ་ཉིད་དང་ནི་དོན་དམ་དེ། །རྟོག་གེ་པ་ཡི་ཡུལ་མ་ཡིན། །ཞེས་དང་། དོན་དམ་པའི་བདེན་པ་ནི་རྟོག་གེའི་ཡུལ་མ་ཡིན་ནོ་ཞེས་གསུངས་སོ། །ལུང་ཚད་མས་ཀྱང་དེ་མི་འགྲུབ་སྟེ། གཞན་གྱི་ལུང་ཁས་མི་ལེན་ཅིང་བདེ་བར་གཤེགས་པའི་ལུང་ལས་བསྟན་པ་མེད་པའི་ཕྱིར་ཏེ། ཇི་སྐད་དུ། ངས་ནི་ཆོས་རྣམས་ལ་བདེན་པའི་རང་བཞིན་ཅུང་ཟད་ཀྱང་བསྟན་པ་མེད་དོ་ཞེས་གསུངས་པ་ཡིན། གཉིས་ཀ་ལ་མཐུན་སྣང་དུ་གྲུབ་པའི་དཔེ་མེད་པའི་ཕྱིར། དཔེ་ཉེར་འཇལ་གྱི་ཚད་མས་ཀྱང་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་ན་སྐྱེས་བུ་རྣམས་ཀྱིས་ཤེས་བྱ་ལ་བདེན་པར་གྲུབ་པའི་ཆོས་ཅུང་ཟད་ཀྱང་ཡོད་ངེས་པའི་ཐ་སྙད་མི་བྱ་སྟེ། དེར་འཛིན་གྱི་ཚད་མ་མེད་པའི་ཕྱིར། ས་ཕྱོགས་སུ་ཤ་ཟ་བཞིན་ནོ། །ཞེས་ངེས་པར་བྱའོ། །དེ་ལ་ཁ་ཅིག་འདི་སྙམ་དུ་སྔར་དབུ་མའི་སྒྲུབ་བྱེད་ཚད་མ་ཉིད་ཡིན་པར་བརྗོད་ནས་ཡང་འདིར་ཚད་མ་དགག་པ་དང་། འགོག་བྱེད་ཀྱི་ཚད་མ་ཉིད་འདོད་པ་ནི་སྔ་ཕྱི་དང་དངོས་ཤུགས་ཀྱི་དོན་ཇི་ལྟར་མི་འགལ་ཞེ་ན། དེ་ལྟར་མོད་ཀྱི་འདིར་ཇི་ལྟར་བཀག་པའི་བདེན་པའི་ཡུལ་ཅན་གྱི་ཚད་མ་དཔྱད་ཀྱང་འཐད་པ་ཞིག་རྒྱུད་ལ་ངེས་པར་སྐྱེ་བ་ནི་སྔར་བརྗོད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཚད་མ་བཤད་པ་དང་འགལ་བའི་སྐྱོན་ཡང་མེད་དེ། སློབ་དཔོན་ནི་དཔྱད་ན་འཐད་པའི་ཚད་མ་མི་བཞེད་ཀྱི། འཇིག་རྟེན་ལ་གྲགས་པའི་ཚད་མའི་རྣམ་གཞག་གསུངས་པ་ཙམ་ཡིན་པས་སོ། །གཞན་ཡང་ཚད་མ་དང་གཞལ་བྱ་ལ་སོགས་ཐམས་ཅད་ཐ་སྙད་ཀུན་རྫོབ་པ་ཉིད་དུ་ཟད་པས་ཤེས་པ་དང་ཤེས་བྱ་དང་རྟག་པ་དང་མི་རྟག་པ་ལ་སོགས་པ་དོན་དམ་པར་བདེན་པའི་དངོས་པོ་སྒྲུབ་པར་བྱེད་པའི་མངོན་སུམ་ལ་སོགས་པ་ནི་གང་ཡང་མི་རྙེད་པའོ། །འདི་ལྟར་རབ་རིབ་ཅན་གྱི་ཤེས་པ་ལྟར་བདེན་པར་སྣང་བ་ཙམ་གྱིས་ནི་བདེན་པའི་དོན་ཅན་གྱི་ཚད་མར་མི་འགྲུབ་ལ། ཡུལ་བདེན་པར་གནས་པས་ཀྱང་དེ་སྒྲུབ་པར་མི་ནུས་ཏེ། ཤེས་པའི་མི་བསླུ་བ་ཉིད་བསྒྲུབ་བྱར་གྱུར་ན། དེའི་ཡུལ་བདེན་པར་ཤིན་ཏུ་མི་འགྲུབ་པས་ཕན་ཚུན་བརྟེན་པ་ཉིད་དུ་འགྱུར་བས་ན་འགྱེལ་བས་འགྱེལ་བ་ལ་བརྟེན་པ་ལྟར། གཉིས་ཀ་མི་འགྲུབ་པ་ཉིད་དུ་འགྱུར་རོ། །འབྲས་བུ་བྱེད་པ་ལ་སོགས་པ་གཞན་ལ་ལྟོས་ནས་གྲུབ་པར་འདོད་ན་ནི། དེའང་འབྲས་བུ་གཞན་ལ་ལྟོས་པ་ལ་སོགས་པས་ཐུག་པ་མེད་པར་འགྱུར་རོ། །དེས་ན་ཐ་སྙད་ཙམ་གྱི་རྒྱུ་ལས་ནི་འབྲས་བུ་སྐྱེ་ཞིང་དེའི་རྒྱུ་རྟོགས་པ་ལ་སོགས་པ་ཐམས་ཅད་སྣང་བ་ཙམ་ཉིད་འགའ་ཡང་དེ་ནི་དཔང་བྱས་རིགས་པས་མིན་ཏེ། འདི་ལྟར་དེ་ཁོ་ནའི་ཡུལ་རིགས་པ་དམ་པའི་སྤྱོད་ཡུལ་དོན་དམ་པར་གྲུབ་པ་ནི་ནམ་ཡང་གང་ན་མེད་པར་ངེས་པར་བྱའོ། །དེ་དག་གིས་ཡོད་ངེས་པའི་རྒྱུ་སྒྲུབ་བྱེད་ཀྱི་ཚད་མ་དགག་པ་བཤད་ཟིན་ཏོ། །གཉིས་པ་མེད་ངེས་པའི་རྒྱུ་གནོད་བྱེད་ཀྱི་རིགས་པ་ལ་ཀུན་བརྟགས་ཀྱི་བདག་གཙོ་བོར་དགག་པ་དང་། ཀུན་བརྟགས་དང་ལྷན་སྐྱེས་སོ་སོར་མ་ཕྱེ་བར་དཔྱད་གཞིའི་ཆོས་ཅན་གྱི་སྟེང་དུ་གཙོ་བོར་དགག་པ་གཉིས་ལས་དང་པོ་ལ། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པའི་ཚུལ་གྱིས་གྲུབ་མཐའ་གོང་མ་གོང་མའི་དགག་པས་དགག་པ་ནི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས་བཤད་པའི་རིགས་པ་ལྟ་བུ་སྟེ། ཕྱི་རོལ་པས་བརྟགས་པའི་གང་ཟག་གི་བདག་རྟག་པ་གཅིག་པུ་དང་། ཆོས་ཀྱི་བདག་གཙོ་བོ་དང་རྡུལ་ཕྲན་རྟག་པ་སོགས་བྱེ་བྲག་སྨྲ་བའི་རིགས་པས་བཀག དེས་བརྟགས་པའི་ལྡན་མིན་འདུ་བྱེད་དང་། འདུས་མ་བྱས་ཀྱི་གཞི་མདོ་སྡེ་པའི་རིགས་པས་བཀག དེས་བརྟགས་པའི་ཕྱི་རོལ་གྱི་དོན་བདེན་གྲུབ་རྣམ་རིག་པའི་རིགས་པས་བཀག དེས་བརྟགས་པའི་གཉིས་སྟོང་གི་ཤེས་པ་དང་སྟོང་ཉིད་བདེན་པར་གྲུབ་པར་དབུ་མ་པའི་རིགས་པས་བཀག་སྟེ། མཐའ་བཞིའི་སྤྲོས་བྲལ་ཉིད་ལ་སྦྱོར་བར་མཛད་པའོ། །ཀུན་བརྟགས་ཐམས་ཅད་དབུ་མ་ཉིད་ཀྱི་རིགས་པས་དགག་པ་ནི་བྱང་ཆུབ་སེམས་འགྲེལ་ལྟ་བུ་སྟེ་རང་གཞན་གྱི་སྡེ་པས་བརྟགས་པའི་བདེན་དངོས་ཐམས་ཅད་གང་ཟག་གི་བདག་རྟག་པ་གཅིག་པུ་དང་། གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་བདེན་པ་དང་། གཉིས་སྟོང་གི་རྣམ་རིག་དང་། སྟོང་ཉིད་བདེན་པ་བཞིར་བསྡུས་ནས་དབུ་མ་ཉིད་ཀྱི་རིགས་པས་བཀག་སྟེ་མཐར་སྤྲོས་བྲལ་ལ་སྦྱོར་བ་མཛད་པའོ། །གཉིས་པ་ནི་རིགས་ཚོགས་ནས་གསུངས་པའི་རིགས་པ་རྣམས་ཏེ། དབུ་མ་རྩ་བར། རྐྱེན་དང་འགྲོ་འོང་སོགས་དཔྱད་གཞི་འཇིག་རྟེན་ན་གྲགས་པའི་ཐ་སྙད་བདེན་པ་ཉི་ཤུ་རྩ་བདུན་དུ་བསྡུས་ནས་དེ་དག་ལ་བདེན་པར་འཛིན་པའི་ཞེན་ཡུལ་འགོག་པ་སྟེ། རྐྱེན་དང་ཕུང་ཁམས་སྐྱེ་མཆེད་སོགས་འགའ་ཞིག་ལ་ཀུན་བརྟགས་ཀྱི་བདག་དགག་པ་གཙོ་ཆེ་ཞིང་དེས་ལྷན་སྐྱེས་ཀྱི་ཡུལ་ཡང་ཁེགས་ལ། འགྲོ་འོང་དང་། ལས་དང་། བྱེད་པ་པོ་སོགས་འགའ་ཞིག་ལ་ལྷན་སྐྱེས་ཀྱི་བདག་དགག་པ་གཙོ་ཆེ་ཞིང་དེས་ཀུན་བརྟགས་ཀྱི་བདག་ཀྱང་ཁེགས་པ་ལྟ་བུའོ། །དེ་དག་གི་དོན་བསྡུ་ན་ཆོས་ཀྱི་བདག་འགོག་པའི་རིགས་པའི་རྣམ་གྲངས་དང་། གང་ཟག་གི་བདག་འགོག་པའི་རིགས་པའི་རྣམ་གྲངས་གཉིས་ལས། དང་པོ་ནི་འགལ་འབྲེལ་ལ་བརྟེན་པའི་རིགས་པའི་འཇུག་པ་བཞི་སྟེ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་རྣམ་པར་བརྟགས་ནས་འགོག་པ་དང་གཞན་དང་ཁྱད་པར་རྣམ་པར་བརྟགས་ནས་འགོག་པ་དང་། ཐལ་བའི་སྒོ་ནས་དགག་པ་དང་། གཏན་ཚིགས་ཀྱི་སྒོ་ནས་དགག་པའོ། །དང་པོ་ལའང་བྱ་བ་བྱེད་པའི་དང་། ཡུལ་དང་ཡུལ་ཅན་གྱི་དང་། རྟེན་དང་བརྟེན་པའི་དང་། ལུས་དང་ཡན་ལག་གི་དང་། ཕན་ཚུན་ལྟོས་པའི་ཐ་སྙད་ཀྱི་དོན་དགག་པ་ལྔ་ལས། དང་པོ་ནི་འགྲོ་བ་དང་། འོང་བ་དང་། སྨྲ་བ་དང་། ལྟ་བ་ལ་སོགས་པ་འགའ་ཞིག་བྱེད་པའི་ཐ་སྙད་རྣམས་ཡིན་ལ། དེ་ནི་རྣམ་པར་བརྟགས་ན་རུང་བ་མ་ཡིན་ཏེ། འདི་ལྟར་བུམ་པ་ལ་སོགས་པ་འགའ་ཞིག་བྱེད་པ་ལ་ཐ་སྙད་དུ་ཆོས་བཞིས་ཁྱབ་པར་མཐོང་སྟེ། རྫ་མཁན་དང་བདག་པོ་ལ་སོགས་པ་དང་དངོས་དང་བརྒྱུད་པའི་བྱེད་པ་པོ་དང་། འཇིམ་པ་དང་བུམ་པ་ལ་སོགས་པ་གང་དུ་བྱ་བའི་ལས་དང་། ལག་པ་དང་། འཁོར་ལོ་ལ་སོགས་པ་དངོས་དང་བརྒྱུད་པའི་བྱེད་པ་དང་། སྐྱེ་བ་དང་འཁོར་བ་ལ་སོགས་པ་ལས་དང་བྱེད་པ་འཇུག་པའི་གཞིའི་བྱ་བའོ། །དེ་དག་ལས་འདིར་བྱེད་པ་ནི་བྱེད་པ་པོ་ཉིད་དུ་བསྡུས་ཏེ་འགྲོ་བྱ་འགྲོ་བྱེད་འགྲོ་བ་ལ་སོགས་པ་ལས་དང་བྱེད་པོ་བྱ་བ་གསུམ་གྱིས་ཁྱབ་པ་དང་། གཉིས་པོ་ལའང་རྟེན་དང་འབྲས་བུའི་ཚུལ་གྱིས་བྱ་བས་ཁྱབ་པར་བརྗོད་པར་བྱ་བ་བཀག་པ་ཉིད་ཀྱིས་ཐམས་ཅད་ཁེགས་པར་འགྱུར་རོ། །དེ་དགག་པ་ནི་གསུམ་གྱིས་ཏེ། བྱས་མ་བྱས་ཀྱི་ལས་ལ་འགག་པ་དང་མ་ཐོབ་པས་མེད་པ་དང་། གྱུར་མ་གྱུར་གྱི་བྱེད་པ་པོ་ལ་ཟློས་པ་དང་འགལ་བས་མེད་པ་དང་། བྱ་བ་དང་བྱེད་པ་པོ་གཅིག་ཉིད་དམ་ཐ་དད་མི་དད་པའི་སྒོ་ནས་སོ། །རིགས་པ་འདིས་ནི་དངོས་སུ་གང་ཅུང་ཟད་བྱེད་པའི་རང་ལྡོག་ཐམས་ཅད་ཁེགས་ལ་ཁྱབ་པའི་སྒོ་ནས་ནི་ཆོས་ཐམས་ཅད་ཁེགས་པར་འགྱུར་ཏེ། བྱ་བ་དང་མ་འབྲེལ་བའི་ཆོས་འགའ་ཡང་མེད་པའི་ཕྱིར། སྐྱེ་བ་བཀག་པའི་དངོས་པོ་བཞིན་ནོ། །རིགས་པ་འདི་ནི་རྩ་བ་ལས། འགྲོ་འོང་བཀག་པའི་རབ་བྱེད་དུ་གཙོ་བོར་འབྱུང་ངོ་། །གཉིས་པ་ནི་བློས་དོན་རིག་པ་ལ་སོགས་པའི་ཐ་སྙད་ཡིན་ལ། འདིའང་བརྟགས་ན་མི་རུང་སྟེ་དོན་རྣམས་ལ་སྔ་ཕྱིའི་དབུས་ན་འདུག་པས་ཁྱབ་ཅིང་སྣང་བ་ལ་ད་ལྟར་བས་ཁྱབ་ལ། ཡང་སྔ་ཕྱིའི་དབུས་ཡོད་པ་ལ་སྔ་ཕྱི་ཡོད་པས་ཁྱབ་ཅིང་ད་ལྟར་བ་ལ་སྔ་ཕྱི་མེད་པས་ཁྱབ་པས་དོན་བློའི་གཟུང་ཡུལ་དུ་མི་རུང་བ་དང་། འདས་པ་དང་མ་འོངས་པ་མེད་པ་ཉིད་ཀྱིས་བློ་ད་ལྟར་བའི་ཞེན་ཡུལ་དུའང་མི་རུང་སྟེ། བློ་འདས་མ་འོངས་ཀྱིས་ད་ལྟར་བའི་དོན་མི་ཤེས་པ་བཞིན་ནོ། །དེ་བཞིན་དུ་སྒྲས་དོན་བརྗོད་པ་དང་། ལག་གིས་བུམ་པ་གཟུང་བ་ལ་སོགས་པ་ལའང་དུས་གསུམ་དུ་དཔྱད་ན་མི་འཐད་པར་བལྟའོ། །འདིའང་རིན་ཆེན་ཕྲེང་བ་ལས། ཡུལ་ནི་འདས་དང་མ་འོངས་རྣམས། །དབང་པོ་དང་བཅས་དོན་མེད་ལ། །ཞེས་སོགས་འབྱུང་བ་ཡིན་ནོ། །གསུམ་པ་ནི་མཚན་གཞི་དང་། མཚན་ཉིད་ལ་སོགས་པ་རྟེན་དང་བརྟེན་པ་རྣམས་ཡིན་ལ། དེའང་བརྟགས་ན་མི་རུང་སྟེ། རྫས་གཅིག་ལ་བྱ་བྱེད་འགལ་བ་དང་། ཐ་དད་དུས་མཉམ་དུ་གྲུབ་པ་མི་ལྟོས་པ་དང་། སྔ་ཕྱི་མི་ཕྲད་པ་དང་། ཆོས་ཡོད་མེད་ཀྱི་གཞི་ལ་ཟློས་པ་དང་འགལ་བས་འཇུག་ཚུལ་མི་འཐད་པའི་ཕྱིར་རོ། །འདིའང་རྩ་བ་ལས་འདུས་བྱས་བརྟག་པའི་རབ་བྱེད་ཀྱི་སྐབས་སུ་གཙོ་བོར་འབྱུང་བ་ཡིན་ནོ། །བཞི་པ་ནི་ཤིང་རྟ་དང་། དམག་དང་ཕྲེང་བ་ལ་སོགས་པ་ཚོགས་པའི་ཐ་སྙད་ཡིན་ལ། དེའང་བརྟགས་ན་མི་རུང་སྟེ། འདི་ལྟར་ཁོག་པ་དང་། འཁོར་ལོ་ལ་སོགས་པ་ཡན་ལག་འདུས་པ་ལ་ཤིང་རྟ་གཅིག་གི་ཐ་སྙད་བརྗོད་པ་ན་ཐ་སྙད་དེ་འཁོར་ལོ་ལ་སོགས་པའི་ཡན་ལག་ལས་ལོགས་སུ་མ་སྨྲོས་ཤིང་མི་ལྟོས་པར་འགྱུར་བས་གཞན་དུ་མི་འཐད་པ་དང་། ཡན་ལག་དེ་ཉིད་ཀྱིས་ཤིང་རྟར་འགྱུར་བ་དང་། ཆོས་འགལ་བ་གཅིག་ཏུ་མི་རུང་བས་དེ་ཉིད་དུ་མི་འཐད་པས་ཁེགས་ལ། དེ་བཞིན་དུ་འཁོར་ལོ་ལ་སོགས་པའི་ཡན་ལག་ཉིད་ཀྱང་ལྟེ་བ་དང་རྩིབས་ལ་སོགས་པའི་ཚོགས་པའི་ཐ་སྙད་ཡིན་པ་ནི། རང་གི་ཡན་ལག་ལས་དེ་ཉིད་དང་གཞན་དུ་མེད་པའི་རིགས་པས་ཁེགས་པར་འགྱུར་ཏེ། ཚུལ་འདི་ཉིད་ཀྱི། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང་། །ཞེས་པའི་ཆོས་ཐམས་ཅད་ལ་སྦྱར་བས་ལུས་ཐམས་ཅད་བཏགས་ཙམ་ལས་རྫས་སུ་མེད་པར་གྲུབ་ལ། ཁྱབ་པའི་སྒོ་ནས་ནི་དངོས་པོ་ཙམ་ཡང་རང་བཞིན་མེད་པར་གྲུབ་སྟེ། ཚོགས་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །ཇི་སྐད་དུ་ལུང་ལས། ཚོགས་པ་མ་གཏོགས་པའི་དངོས་པོ་ཕྲ་བའང་མེད་ཅེས་དང་། གང་ཕྱིར་འདུས་ལས་མ་གཏོགས་པའི། །དངོས་པོ་བློ་ཡིས་མི་ཟིན་པ། །ཞེས་གསུངས་པས་སོ། །ལྔ་པ་ནི་ཕན་ཚུན་ལྟོས་པ་སྔ་ཕྱི་ལ་སོགས་པའི་དུས་དང་། ཤར་ལ་སོགས་པའི་ཕྱོགས་དང་། ཆེ་ཆུང་། རིང་ཐུང་། རྒན་གཞོན། མཆོག་དམན་ལ་སོགས་པའི་ཐ་སྙད་ཡིན་ལ། དེའང་བརྟགས་ན་མི་རུང་བ་ཉིད་དེ། འདི་ལྟར་རེ་ཞིག་དེ་དག་གི་ཐ་སྙད་སྔོན་པོ་ཉིད་ལ་སོགས་པ་ལྟར་ཟླ་བོ་གཞན་ལ་མ་ལྟོས་པ་ཉིད་དུ་བརྗོད་པར་མི་ནུས་ཏེ། སྔ་ཕྱི་སོགས་དེ་དག་གནས་སྐབས་ཐམས་ཅད་དུ་དེ་ཉིད་ཡིན་པར་ཐལ་བ་དང་། རྒན་གཞོན་སོགས་ཕན་ཚུན་ལྟོས་ནས་འདོགས་པ་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཡིན་པ་དང་། སྔ་མའི་ཐ་སྙད་ཅིག་ཤོས་ཕྱི་བ་ལ་ལྟོས་ཤིང་དེའི་ཐ་སྙད་ཀྱང་རིགས་སྔ་མ་ལ་ལྟོས་ཏེ་ཕན་ཚུན་བརྟེན་པས་མི་འགྲུབ་པ་དང་། བརྒྱུད་ནས་རང་ལ་རང་ལྟོས་སུ་འགྱུར་བས་གྲུབ་མ་གྲུབ་ལྟོས་པར་མི་རུང་བའི་ཕྱིར་རོ། །འདིས་ནི་དངོས་སུ་ཆེ་ཆུང་བཟང་ངན། སྡུག་མི་སྡུག་བདེ་སྡུག་གཅིག་དང་ཐ་དད། མཆོག་དམན་གྱི་ཐ་སྙད་རང་བཞིན་གྱིས་གྲུབ་པ་ཁེགས་ལ། ཁྱབ་པའི་སྒོ་ནས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཁེགས་པར་འགྱུར་ཏེ། རྟེན་འབྱུང་མ་ཡིན་པའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ། །འདིའང་ལུང་ལས། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་གྲུབ་ན། །ཞེས་སོགས་གསུངས་པ་ཡིན་ནོ། །གཉིས་པ་གཞན་དང་ཁྱད་པར་བརྟགས་ཏེ་དགག་པ་ནི་གཞན་དག་ཇི་ལྟར་སྣང་བའི་ཆོས་དག་ལ། རྣམ་པར་བརྟགས་ནས་འགའ་ཞིག་ཁོ་ན་བདེན་པ་དང་མི་བདེན་པར་ཁས་ལེན་པ་ལ། འདིའམ་དེའོ་ཞེས་གང་དུ། །རྣམ་པར་དཔྱད་ན་མི་དམིགས་ན། །ཞེས་པའི་དོན་རྒྱུ་མཚན་མཚུངས་པའི་མགོ་སྙོམས་པར་ཡིན་ཏེ། དེའང་ཐ་སྙད་ཀྱི་རྒྱུ་མཚན་ཡོད་པར་མཚུངས་པ་དང་། ཡང་དག་པའི་རྒྱུ་མཚན་མེད་པར་མཚུངས་པ་དང་། སྤྱི་ལྡོག་གཅིག་པར་ཡིན་པས་དགག་པ་སྟེ་གསུམ་བཤད་ཟིན་ཏོ། །གསུམ་པ་ཐལ་བའི་སྒོ་ནས་དགག་པ་ནི། ཁས་བླངས་པའི་རྟགས་ཀྱིས་མི་འདོད་པ་ཐལ་བར་འཕེན་པ་སྟེ། ལུང་ལས། རང་བཞིན་ཡོད་ན་འགྲོ་བ་རྣམས། །མ་སྐྱེས་པ་དང་མ་འགགས་དང་། །ཞེས་དང་། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པ་དེ་མཁྱེན་འགྱུར། །ཞེས་དང་། གལ་ཏེ་གཟུགས་དངོས་པོ་ཡོད་ཅིང་མེད་པ་མ་ཡིན་ན་ནི་ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་མི་འགྱུར་ཏེ། ཞེས་པའི་ཚུལ་གྱིས་ཐལ་བའི་སྦྱོར་ངག་མདོ་ལས་ཀྱང་གསུངས་ཤིང་སློབ་དཔོན་གྱི་རིགས་པ་ཕལ་ཆེར་འདི་ལྟར་གནས་པ་ནི་སྔར་ཐལ་རང་གི་སྐབས་སུ་བཤད་ཟིན་ཏོ། །བཞི་པ་གཏན་ཚིགས་ཀྱི་སྒོ་ནས་དགག་པ་ནི། མདོ་ལས། སྲིད་པ་རྣམས་ནི་ཡོང་ཡེ་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱིས། །ཞེས་པའི་ཚུལ་གྱིས་གང་ཞིག་མ་ཁེགས་ན་དབུ་མ་པར་མི་འགྱུར་བའི་དགག་བྱ་ལ་སྤྱི་ལྡོག་ནས་ཁྱབ་བྱེད་དགག་པ་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ཏེ། ཞིབ་པར་འོག་ཏུ་འཆད་པར་འགྱུར་ཞིང་། རང་རྒྱུད་དུ་འདོད་མི་འདོད་ཀྱི་ཁྱད་པར་ནི་བཤད་ཟིན་ཏོ། །གཉིས་པ་གང་ཟག་གི་བདག་དགག་པའི་རིགས་པའི་རྣམ་གྲངས་ལ། བདུན་དུ་དཔྱད་ནས་དགག་པ་དང་། དེ་ཉིད་ལྔར་བསྡུ་བ་དང་། དེ་ཉིད་བཞིར་བསྡུ་བ་དང་། དེའང་གཉིས་སུ་བསྡུ་བ་སྟེ་བཞི་ལས། དང་པོ་ནི་འཇུག་པར། ཕུང་པོ་དང་། དེ་ཉིད་དང་། གཞན་ཉིད་དང་། རྟེན་དང་། བརྟེན་པ་དང་། ལྡན་པ་དང་ལྔའི་སྟེང་དུ་ཕུང་པོའི་ཚོགས་ཙམ་དང་། ཕུང་པོའི་བཀོད་པ་དབྱིབས་ཏེ། རྣམ་པ་བདུན་དུ་དཔྱད་ནས་དགག་པར་མཛད་པའོ། །གཉིས་པ་ནི་རྩ་བར། མེ་དང་བུད་ཤིང་བརྟག་པའི་སྐབས་སུ། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཞེས་རྣམ་པ་ལྔའི་སྒོ་ནས་དཔྱད་ཅིང་། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་ཤེས་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །ཅེས་ཆོས་དང་གང་ཟག་ཐམས་ཅད་ལ་སྦྱར་བར་གསུངས་པ་དང་། དེ་བཞིན་གཤེགས་པ་བརྟག་པའི་སྐབས་སུ། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེ་དེར་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་རྣམ་པ་ལྔའི་སྒོ་ནས་དགག་པར་གསུངས་སོ། །གསུམ་པ་ལ་གཉིས་ལས། འཇིག་ལྟ་ཉི་ཤུ་འགོག་པའི་སྐབས་སུ། བདག་ཕུང་གཞན་དུ་ལྟ་བའི་ཕྱོགས་ལྔ་པ། བདག་འཇིག་ཚོགས་ལ་མ་ལྟོས་པར་གཟུང་བས་འཇིག་ལྟའི་གྲངས་སུ་མི་བགྲངས་པར་འཇུག་འགྲེལ་ལས་གསུངས་པས་ཕུང་པོ་རེ་རེའི་སྟེང་དུའང་དེ་ཉིད་དང་རྟེན་དང་བརྟེན་པ་ལྡན་པ་བཞི་བཞིར་དཔྱད་དེར་དགག་པར་གསུངས། ཡང་བྱང་ཆུབ་སེམས་འགྲེལ་ལས། ཕུང་རྣམས་ཡོད་དེ་དེ་རྟག་མིན། །དེ་ཡང་བདག་གི་ངོ་བོ་མིན། །གང་ཡང་རྟག་དང་མི་རྟག་གཉིས། །རྟེན་དང་བརྟེན་པའི་དངོས་པོར་མེད། །ཅེས་ལྡན་པའི་ཕྱོགས། །གཞན་ན་གནག་ལྡན་གཞན་མིན་གཟུགས་ལྡན་ན། །ཞེས་པའི་ཚུལ་གྱིས་དེ་ཉིད་དང་གཞན་ཉིད་གང་རུང་དུ་འདུས་པ་ལ་དགོངས་ནས་དེ་ཉིད་དང་གཞན་ཉིད་དང་། རྟེན་དང་བརྟེན་པ་རྣམ་པ་བཞིར་དཔྱད་ནས་དགག་པ་མཛད་དོ། །བཞི་པ་ནི་བདག་བརྟག་པའི་སྐབས་སུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་དེ་ཉིད་དང་གཞན་ཉིད་དུ་དཔྱད་པ་གཉིས་སུ་རྟགས་ནས་དགག་པར་མཛད་དེ། དེའི་འགྲེལ་པར། ཡང་གཞན་དེ་བཞིན་གཤེགས་པ་བརྟག་པ་དང་། མེ་དང་བུད་ཤིང་བརྟག་པར་ཕྱོགས་ལྔ་ཉེ་བར་བཀོད་ལ་འདིར་ནི་ཕྱོགས་གཉིས་ཉིད་ཡིན་པའི་ཅིའི་ཕྱིར་ཞེ་ན་བརྗོད་པར་བྱ་སྟེ། གང་ཕྱིར་དེ་དག་ཏུ་ཕྱོགས་ལྔ་བསྟན་པ་དེ་ཉིད་ཀྱི་ཕྱིར་གཞན་དུ་བསྟན་པས་ཡང་འདིར་མ་བསྟན་ཏེ། མདོར་བསྡུས་ནས་ཕྱོགས་གཉིས་ཤིག་ཉེ་བར་བཀོད་དོ། །ཞེས་དང་། ཕུང་མིན་ཕུང་པོ་ལས་གཞན་མིན། །ཞེས་པའི་འགྲེལ་པར། རྟེན་བརྟེན་པ་དང་ལྡན་པ་གསུམ་ཀ་གཞན་ཉིད་ཀྱི་ཁོངས་སུ་འདུས་པར་གསུངས་ཏེ། ལྡན་པའི་དཔེར་ལྷས་བྱིན་ནོར་དང་ལྡན་པ་ཞེས་གསུངས་ཏེ། འདི་ནི་ཕྱོགས་གཅིག་པའི་དབང་དུ་བྱས་སོ། །གལ་ཏེ་སངས་རྒྱས་ཕུང་པོ་ལ་ཞེས་པའི་སྔ་འགྲེལ་དུ། བདག་ལ་ཕུང་པོ་བརྟེན་པའི་དཔེར། རི་གངས་ཅན་ལ་ནགས་ཚལ་གནས་པ་དང་། ཕུང་པོ་ལ་བདག་བརྟེན་པའི་དཔེར་ནགས་ཁྲོད་དུ་སེང་གེ་གནས་པ་དང་། བདག་ཕུང་པོ་དང་ལྡན་པའི་དཔེར་འཁོར་ལོ་སྒྱུར་བའི་རྒྱལ་པོ་མཚན་དང་ལྡན་པ་སྨྲོས་པས་རྟེན་བརྟེན་པ་གཉིས་ནི་གཞན་ཉིད་ཀྱི་ཕྱོགས་སུ་འདུས་ཤིང་། ལྡན་པ་གཉིས་ཀར་འདུས་པ་གཞུང་གོང་འོག་ཀུན་གྱི་དགོངས་པའོ། །ཡོད་པ་སྒྲོ་འདོགས་ཀྱི་མཐའ་དགག་པའི་རིགས་པའི་རྣམ་གྲངས་བཤད་ཟིན་ཏོ། །གསུམ་པ་མཐར་སྤྲོས་པའི་མཐའ་ཐམས་ཅད་འགོག་པའི་རིགས་པ་ནི་ལུང་ལས། ཡོད་པ་མེད་པའི་ཟླས་དྲངས་ཏེ། །མེད་པའང་ཡོད་པའི་ཟླས་དྲངས་ཏེ། །ཞེས་དང་། སློབ་དཔོན་གྱིས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་དང་། བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་བཀག་མེད་གསལ། །ཞེས་སོགས་ཀྱི་དབུ་མའི་གཞུང་ལུགས་རྣམས་ལས་ཡོད་མེད་གང་རུང་གཅིག་དགག་བྱར་བྱེད་པའི་ཚེ་ན། གཅིག་ཤོས་ཡང་དགག་བྱར་བྱེད་དགོས་པར་གསུངས་པས་མཐར་ཡོད་མེད་སོགས་སྤྲོས་པའི་མཐའ་གང་དུའང་གཟུང་དུ་མེད་པར་གྲུབ་བོ། །བཞི་པ་རིགས་པའི་གཙོ་བོ་སོ་སོར་བཤད་པ་ལ་བཞི་སྟེ། ཆོས་ཀྱི་བདག་དགག་པའི་རིགས་པའི་གཙོ་བོར་བཤད་པ་དང་། གང་ཟག་གི་བདག་དགག་པའི་རིགས་པའི་གཙོ་བོར་བཤད་པ་དང་། དེ་ལྟར་བཀག་པས་གྲུབ་པའི་དོན་དང་། དགག་པའི་གོ་རིམ་བསྟན་པའོ། །དང་པོ་ལ་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས་དང་ལྔ་ལས། དང་པོ་ལའང་གསུམ་སྟེ། རྟགས་འགོད་པ། ཚུལ་བསྒྲུབ་པ། གྲུབ་པའི་རྟགས་ལུང་དང་སྦྱར་བའོ། །དང་པོ་ནི། སྣང་བ་འདི་དག་ནི་རང་བཞིན་དུ་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར། གཟུགས་བརྙན་བཞིན་ཞེས་པའོ། །གཉིས་པ་ལ་ཆོས་ཅན། བསྒྲུབ་བྱ། གཏན་ཚིགས་ཀྱི་དོན་གསུམ་ངེས་པར་བྱ་བ་ལས། དང་པོ་ནི། འདིའི་ཆོས་ཅན་དུ་སྣང་བ་ཐམས་ཅད་ཚོགས་པའི་སྤྱི་འགོད་ན་མི་འགྲུབ་ཅིང་། བྱེ་བྲག་འགའ་ཞིག་འགོད་ན་གཞན་ལ་བདེན་པར་ཡོད་པའི་སྒྲོ་འདོགས་མི་ཆོད་པས་ཁྱབ་པའི་སྟོང་ཉིད་མི་འགྲུབ་བོ། །ཞེས་རྟོགས་ན་དེ་ནི་མ་ཡིན་ཏེ། སྣང་བ་ཙམ་གྱི་སྤྱི་འགོད་པས་དེ་བྱེ་བྲག་སོ་སོའི་སྟེང་དུ་ཐ་སྙད་པའི་མངོན་སུམ་གྱིས་གྲུབ་པ་ལ། དེ་ལ་བདེན་པར་ཡོད་པའི་སྒྲོ་འདོགས་དངོས་སུ་ཁེགས་པས་བྱེ་བྲག་ཐམས་ཅད་ལའང་བདེན་པར་ཡོད་པའི་སྒྲོ་འདོགས་ཤུགས་ལ་ཁེགས་པས། ཉི་ཚེ་བའི་སྟོང་པར་ཡང་མི་འགྱུར་རོ། །ཡང་སྐབས་ཁ་ཅིག་ཏུ་ནི་ཕ་རོལ་པོ་གང་ལ་ལོག་རྟོག་ཞུགས་པའི་གཞི་ཆོས་ཅན་དུ་གཟུང་བའང་ཡོད་དེ། རྣམ་རིག་པའི་ངོར་གཉིས་མེད་ཀྱི་རྣམ་ཤེས་ཆོས་ཅན་དུ་གཟུང་བ་ལྟ་བུའོ། །འདི་ལའང་སྔར་རྒོལ་དཔྱད་པ་མ་ཞུགས་པའི་གོང་དུ་ཆོས་ཅན་ཁས་ལེན་ཅིང་། ཕྱིར་རྒོལ་དཔྱད་པ་ཞུགས་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་མ་སྐྱེས་ཀྱི་བར་དུ་ཆོས་ཅན་ཁས་ལེན་པ་ཐ་སྙད་བདེན་པ་ཐབས་སུ་གྱུར་པའི་དོན་ཡིན་པ་སྔར་བཤད་ཟིན་ལ། འཆད་པར་འགྱུར་བའི་གཏན་ཚིགས་ཐམས་ཅད་ལ་དེ་བཞིན་དུ་སྦྱར་བར་བྱའོ། །རང་རྒྱུད་པ་ནི་སྔར་རྒོལ་དཔྱད་པ་ཞུགས་པ་དང་། ཕྱི་རྒོལ་ལ་རྗེས་དཔག་སྐྱེས་པའི་ཚེ་ཆོས་ཅན་ཁས་ལེན་པ་ནི་རང་རྒྱུད་ཀྱི་ཁྱད་པར་རོ། །གཉིས་པ་རང་བཞིན་མེད་པའི་སྣང་བ་མ་ཡིན་དགག་གམ། རང་བཞིན་མེད་པ་མེད་དགག་བསྒྲུབ་བྱ་ཡིན། དང་པོ་ལྟར་ན་མ་ཡིན་དགག་དོན་དམ་དུ་འགྱུར་ལ། གཉིས་པ་ལྟར་ན་རིགས་ཤེས་ཆོས་དང་ཆོས་ཅན་ཚོགས་པའི་སྤྱི་མི་འཇལ་བས་རྗེས་དཔག་མ་ཡིན་པར་འགྱུར་རོ། །ཞེ་ན། འདི་ལ་ཁ་ཅིག་མ་ཡིན་དགག་བསྒྲུབ་བྱར་བྱེད་པ་ནི་མི་རིགས་ཏེ། སྣང་བ་རིགས་ངོར་མ་གྲུབ་པས་དེ་དང་ཚོགས་པའི་མ་ཡིན་དགག་རིགས་ངོར་མ་གྲུབ་པའི་ཕྱིར་རོ། །རྒྱ་སྟོན་ན་རེ་དོན་དམ་པར་སྣང་བ་དང་ཚོགས་པ་མེད་ཀྱང་རང་བཞིན་མེད་པ་དེ་ཉིད་མ་ཡིན་དགག་ཏུ་གྲུབ་བོ་ཞེས་ཟེར་བའང་མི་འཐད་དེ། གལ་ཏེ་མི་སྟོད་ཅུང་ཟད་ཡོད་ཅེས་སོགས་ཀྱི་རིགས་པས་དེ་ཉིད་ཀྱང་མི་དགོས་པར་གྲུབ་པའི་ཕྱིར། འོ་ན་ཅི་ཞེ་ན་དོན་དམ་རང་བཞིན་མེད་པ་ཙམ་དུའང་མ་གྲུབ་པའི་མེད་དགག་བསྒྲུབ་བྱར་བྱེད་པ་ཡིན་ཏེ། རིགས་ཤེས་ཀྱི་དོན་སྣང་བ་དེ་ཉིད་མ་དམིགས་པར་བྱ་དགོས་པའི་ཕྱིར། དེས་སྣང་བ་ལ་སྐུར་བ་བཏབ་པར་ཡང་མི་འགྱུར་ཏེ། ཐ་སྙད་ཀྱི་རྣམ་གཞག་གི་ཚེ་ཁས་ལེན་པའི་ཕྱིར། གསུམ་པ་ལ་ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པ་གཉིས་ལས། དང་པོ་ལ་གསུམ་སྟེ། དགག་བྱ་གཅིག་དང་དུ་མ་ངོས་གཟུང་བ་དང་། དེ་སྣང་བ་ལ་ཇི་ལྟར་དགག་པ་དང་། བཀག་པ་ལ་སྐྱོན་སྤང་བའོ། །དང་པོ་ལ་བརྫུན་པའི་གཅིག་དང་དུ་མ་ནི་ཆ་ཤས་དང་བཅས་པའི་གཅིག་དང་དུ་མ་ཡིན་ཞིང་། བདེན་པའི་གཅིག་དང་དུ་མ་ནི་ཆ་ཤས་མེད་པའི་གཅིག་དང་དུ་མ་སྟེ། ཆ་ཤས་དང་བཅས་པའི་གཅིག་ནི་ཟླ་བཅས་སུ་འགྱུར་བས་དཔྱད་ན་གཅིག་གི་དོན་མེད་པའི་ཕྱིར་དང་། བརྫུན་པའི་གཅིག་སོགས་དེ་བདེན་པའི་དུ་མར་འགལ་བའི་ཕྱིར་རོ། །འདིར་ཐ་སྙད་དུ་གཅིག་དང་དུ་མ་ཙམ་ནི་དགག་བྱ་མ་ཡིན་ཏེ། ཡང་དག་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གཅིག་དང་དུ་མའི་ཐ་སྙད་མང་དུ་ཡོད་པའི་ཕྱིར་རོ། །དེས་ན་རིགས་པས་དཔྱད་པའི་ཚེ་གཅིག་དང་དུ་མར་གྲུབ་པ་ནི་དགག་བྱའོ། །གཉིས་པ་ལ་བདེན་པའི་གཅིག་དགག་པ་དང་། དེས་བདེན་པའི་དུ་མ་ཁེགས་པར་བསྟན་པ་གཉིས་ལས། དང་པོ་ལའང་གཉིས་ཏེ། རགས་པ་ཡན་ལག་ཅན་གཅིག་དགག་པ་དང་། དེ་རྩོམ་བྱེད་ཕྲ་མོ་ཡན་ལག་གཅིག་ཡོད་པ་དགག་པའོ། །དང་པོ་ནི། གཞན་གྱི་སྡེ་པ་དག་སྐྱེས་བུའི་ལུས་ལྟ་བུ་ཡན་ལག་ཐམས་ཅད་ལ་ཁྱབ་པ་དང་། དེ་ཉིད་ཀྱིས་ན་གཅིག་ཡིན་པ་དང་། དེ་ཉིད་ཀྱིས་ན་རྟག་པ་ཡིན་པ་སྟེ། ཆོས་གསུམ་དང་ལྡན་པའི་རགས་པ་ཡན་ལག་ཅན་གཅིག་ཏུ་སྨྲའོ། །དེ་ནི་མི་རུང་སྟེ། ཡན་ལག་ཅན་གྱི་ལུས་ནི་དོན་དམ་པར་ཡན་ལག་དུ་མ་དང་། དབྱེར་མེད་ཡིན་པའི་ཕྱིར་ན་དུ་མར་འགྱུར་པའི་ཕྱིར། སྣོད་ཐ་དད་ཀྱི་རྒྱ་ཤུགས་བཞིན་ནོ། །གཉིས་པ་ལ་རང་གི་སྡེ་པ་ཁ་ཅིག རགས་པ་ཡན་ལག་ཅན་གཅིག་ཡིན་པ་མ་གྲུབ་མོད། དེ་རྩོམ་བྱེད་ཀྱི་རྡུལ་ཕྲ་རབ་ཆ་མེད་ཀྱི་དངོས་པོ་དང་། སེམས་ཀྱི་རྒྱུན་རྩོམ་བྱེད་ཤེས་པ་སྐད་ཅིག་ཆ་མེད་ཀྱི་དངོས་པོ་བདེན་པའི་གཅིག་ཏུ་ཡོད་པར་སྨྲའོ། །འདི་ལ་དང་པོ་ཡུལ་གྱི་ཆ་ཤས་དཔྱད་པས་དགག་པ་དང་། གཉིས་པ་དུས་ཀྱི་ཆ་ཤས་དཔྱད་པས་དགག་པ་གཉིས་ལས། དང་པོ་ལའང་གསུམ་སྟེ། ཕྲད་མ་ཕྲད་དང་། ལྟས་མ་བལྟས་དང་། རིང་ཐུང་བརྟག་པས་དགག་པའོ། །དང་པོ་ནི། རགས་པ་རྩོམ་པའི་ཚེ་དབུས་ཀྱི་རྡུལ་ཕྱོགས་ཀྱི་རྡུལ་དང་ཕྲད་དམ་མ་ཕྲད། དང་པོ་ལྟར་ན། བདག་ཉིད་ཀུན་གྱིས་ཕྲད་ན་ཕྱོགས་ཀྱི་རྡུལ་དབུས་ཀྱི་གོ་སར་ཐིམ་པར་འགྱུར་བས་ན་ཕྱོགས་དྲུག་ནས་རྡུལ་ཅི་ཙམ་སྦྱར་ཡང་ཆེར་མི་འགྱུར་བར་ཐལ་ལོ། །ཕྱོགས་གཅིག་གིས་ཕྲད་ན་དབུས་ཀྱི་རྡུལ་ཕྱོགས་དྲུག་གི་རྡུལ་ལ་ཕྲད་པའི་ཆ་དྲུག་ཏུ་འགྱུར་བས་ཆ་མེད་གཅིག་ཡིན་པ་ཉམས་སོ། །གཉིས་པ་ལྟར་ན་རྡུལ་རྣམས་ཕན་ཚུན་མ་ཕྲད་པའི་ཕྱིར། རགས་པ་རྩོམ་པར་མི་རིགས་ཏེ། བར་དུ་ཆོད་པའི་རྡུལ་བཞིན། དེ་ལྟར་ཡང་ཉི་ཤུ་པ་ལས། དྲུག་གིས་གཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི་དབུས་ཀྱི་རྡུལ་ཕྱོགས་བཅུའི་དབུས་ན་གནས་པ་ཉིད་ཀྱིས་ཤར་ལ་ལྟ་བའི་ངོས་དེ་ཉིད་ཀྱིས་ལྷག་མ་དགུའི་རྡུལ་ལ་ལྟའམ། ཕྱོགས་གཞན་དང་གཞན་གྱིས་ལྟ། དང་པོ་ལྟར་ན་ཕྱོགས་གཞན་གྱི་རྡུལ་རྣམས་ཀྱང་ཤར་ཕྱོགས་དེ་ཉིད་ལ་གནས་པར་འགྱུར་ཏེ། དབུས་རྡུལ་ཤར་ལ་ལྟ་བའི་ལྟ་ས་ཡིན་པའི་ཕྱིར། གཉིས་པ་ལྟར་ན་ཕྱོགས་བཅུའི་རྡུལ་ལ་ལྟ་བའི་ཆ་ཤས་བཅུ་ཡོད་པས་ཆ་ཤས་མེད་པའི་གཅིག་ཡིན་པ་ཉམས་སོ། །གསུམ་པ་ནི་རྡུལ་ཕྲན་གཉིས་མཐུད་པའི་བར་སྟེང་དུ་རྡུལ་ཕྲན་གཅིག་གནས་པ་ལ་རིང་ཐུང་ཡོད་དམ་མེད། ཡོད་ན་ཆ་ཤས་མེད་པ་ཉམས་ལ། མེད་ན་ཅི་ཙམ་མཐུད་ཀྱང་རྡུལ་གཅིག་ལས་རིང་བར་མི་འགྱུར་བས་རགས་པ་རྩོམ་པར་མི་འཐད་དོ། །གཉིས་པ་ནི་དེ་བཞིན་དུ་ཤེས་པའི་སྐད་ཅིག་ཀྱང་དབུས་ཀྱི་སྐད་ཅིག་དེ་སྔ་ཕྱི་དང་མ་ཕྲད་ན་རགས་པ་རྩོམ་པར་འགལ་ལ། ཕྲད་ན་བདག་ཉིད་ཀུན་གྱིས་ཕྲད་དམ། ཆ་འགའ་ཞིག་གིས་ཕྲད་པའི་བརྟགས་པའང་སྔ་མ་བཞིན་དུ་མཚུངས་ཤིང་། དེ་བཞིན་དུ་སྔ་ཕྱི་གཉིས་ཀྱི་དབུས་ན་གནས་པས་སྔ་ཕྱི་གཉིས་ལ་ཉེ་བའི་ཆ་དུ་མ་ཡོད་དགོས་པ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། ཐོག་མ་དབུས་དང་ཐ་མ་ཡང་། །སྐད་ཅིག་བཞིན་དུ་བསམ་བྱས་ན། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །གཉིས་པ་དེས་བདེན་པའི་དུ་མ་ཁེགས་པར་བསྟན་པ་ནི། ཕྱི་ནང་གི་དངོས་པོ་རྣམས་ལ་བདེན་པའི་གཅིག་མེད་ཕྱིར་བདེན་པའི་དུ་མའང་མི་འགྲུབ་པར་འགྱུར་ཏེ། གསོག་བྱེད་མེད་པས་བསགས་པ་མི་འགྲུབ་པས་སོ། །གསུམ་པ་བཀག་པ་ལ་སྐྱོན་སྤང་བ་ནི། གལ་ཏེ་དེ་ལྟར་ན་ཆ་དུ་མ་བསྒྲུབས་ནས་གཅིག་བཀག་ལ་གཅིག་བཀག་པས་དུ་མ་བཀག་པ་ཡིན་ན། གཅིག་དང་དུ་མ་འགལ་ལམ་འབྲེལ། དང་པོ་ལྟར་ན་གཅིག་བཀག་ནས་དུ་མ་འགོག་པ་མི་འཐད་ལ། གཉིས་པ་ལྟར་ན་དུ་མ་བསྒྲུབས་ནས་གཅིག་འགོག་པ་མི་འཐད་དོ་ཞེ་ན། འདི་ལ་ཁ་ཅིག་གཅིག་ཡིན་དང་དུ་མ་ཡིན་པ་འགལ་ཞིང་། ཡོད་པ་འབྲེལ་བས་ཕྱོགས་གཉིས་ཀ་ལ་སྐྱོན་མེད་ཅེས་འཆད་ཀྱང་། རྨ་བྱས་ནི་དེ་ལྟར་ན་དུ་མ་བསྒྲུབ་པས་གཅིག་ཡིན་པ་ཁེགས་ཀྱང་ཡོད་པའི་མི་ཁེགས་པས་སྐབས་དོན་ལས་ཉམས་པར་འགྱུར་རོ། །དེས་ན་ཆ་ཤས་དང་བཅས་པའི་དུ་མ་དང་། ཆ་ཤས་མེད་པའི་གཅིག་འགལ་བས་རྣམ་གཞག་དང་པོ་འཐད་ལ། ཆ་ཤས་མེད་པའི་དུ་མ་ཡིན་ན་ཆ་ཤས་མེད་པའི་གཅིག་དང་འབྲེལ་དགོས་པས་རྣམ་གཞག་ཕྱི་མ་འཐད་པ་ཡིན་ནོ་ཞེས་བཞེད་དོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི་བདེན་པའི་དངོས་པོ་ཡོད་ན་བདེན་པའི་གཅིག་དང་དུ་མ་གང་རུང་དུ་འགྱུར་དགོས་ཏེ། གཞི་གཅིག་གི་སྟེང་དུ་ཟླ་བོ་ཡོད་མེད་དངོས་འགལ་ཡིན་པའི་ཕྱིར་རོ། །དེ་ན་གཏན་ཚིགས་འདི་ཐ་སྙད་བསྒྲུབ་ཡིན་ཏེ། བདེན་པའི་གཅིག་དང་དུ་མ་ཁེགས་པ་ན་བདེན་དངོས་ཀྱི་དོན་ཁེགས་ཟིན་པའི་ཕྱིར་རོ། །གསུམ་པ་གྲུབ་པའི་རྟགས་ལུང་དང་སྦྱར་བ་ནི། རྒྱན་ལས། བདག་དང་གཞན་སྨྲའི་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་དང་། འཕགས་པ་ལྷས། རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨོ་བཞིན། །ཞེས་གསུངས་སོ། །གཉིས་པ་རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་ནི་སྔར་ཐལ་རང་གི་སྐབས་སུ་རྒྱས་པར་བཤད་ཟིན་ཏོ། །གསུམ་པ་འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་ལའང་གསུམ་སྟེ། རྟགས་འགོད་པ། སྦྱོར་བའི་ཚུལ་བསྒྲུབ་པ། གྲུབ་པའི་དོན་ལུང་དང་སྦྱར་བའོ། །དང་པོ་ནི། སྣང་བ་འདི་དག་རང་བཞིན་གྱིས་མེད་དེ། འབྲས་བུ་ཡོད་མེད་སྐྱེ་བ་དང་བྲལ་བའི་ཕྱིར། གཟུགས་བརྙན་ལ་སོགས་པ་བཞིན། །ཞེས་པའོ། །གཉིས་པ་ལ་ཆོས་ཅན་དང་བསྒྲུབ་བྱའི་དོན་ནི་སྔར་བཤད་ཟིན་ཅིང་། གཏན་ཚིགས་ཀྱི་དོན་ལ་ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པ་གཉིས་ལས། དང་པོ་ལའང་གཉིས་ཏེ། འབྲས་བུ་སྔར་ཡོད་པ་སྐྱེ་བ་དགག་པ་དང་། མེད་པ་སྐྱེ་བ་དགག་པའོ། །དང་པོ་ནི། གྲངས་ཅན་པ་དག་འབྲས་བུ་རྒྱུའི་བདག་ཉིད་དུ་མི་གསལ་བར་ཡོད་པ་གསལ་བར་སྐྱེ་བར་སྨྲའོ། །དེ་ནི་མི་འཐད་དེ། འབྲས་བུ་ནི་རྒྱུ་དེ་དག་ལ་ལྟ་རུང་མ་དམིགས་པའི་ཕྱིར། ཇི་སྐད་དུ། རྩ་བ་ལས། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །ཅེས་གསུངས་སོ། །ཡང་བྱེ་བྲག་ཏུ་སྨྲ་བས་འབྲས་བུ་མ་འོངས་པ་ན་ཡོད་པ་ད་ལྟ་བར་སྐྱེ་བར་སྨྲ་བའང་མི་འཐད་དེ། མ་འོངས་པ་ནི་བདག་ཉིད་ཀྱི་དངོས་པོ་མ་ཐོབ་ཅིང་མེད་པས་ཡོད་པར་འགལ་བའི་ཕྱིར་རོ། །དེ་ལྟར་ཡང་། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་མེད། །མེད་ན་གང་ཞིག་སྐྱེ་བར་འགྱུར། །ཞེས་གསུངས་སོ། །གཉིས་ཀ་ལ་ཐུན་མོང་དུ་ཡོད་པ་ནི་སྐྱེ་བར་མི་འགྱུར་ཏེ། སྐྱེ་བ་ནི་དངོས་པོ་གྲུབ་པའི་དོན་དུ་ཡིན་ལ། དངོས་པོ་ཉིད་གྲུབ་ཟིན་པའི་ཕྱིར་རོ། །ཇི་སྐད་དུ། ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །ཞེས་གསུངས་སོ། །གཉིས་པ་ནི་མདོ་སྡེ་པ་དང་། རྣམ་རིག་པ་དག འབྲས་བུ་སྔར་མེད་གསར་དུ་སྐྱེར་བར་འདོད་དོ། །འདི་དགག་པ་ལ་བཞི་སྟེ། རྟེན་མེད་པས་བྱ་བ་འགལ་བ་དང་། འབྲས་བུ་མེད་པས་རྣམ་འཇོག་གི་རྒྱུ་མི་འགྲུབ་པ་དང་། རྒྱུ་མཚན་མ་མཚུངས་པས་ཧ་ཅང་ཐལ་བ་དང་། མེད་པའི་རང་བཞིན་དོར་མ་དོར་ལ་བརྟགས་ནས་དགག་པའོ། །དང་པོ་ནི་ཆོས་གཞན་ལ་སྐྱེ་བའི་བྱ་བ་བརྟེན་པས་ཆོས་གཞན་སྐྱེ་བ་མི་རུང་བས་ན་འབྲས་བུ་དེ་ཉིད་ལ་བརྟེན་དགོས་ལ། འབྲས་བུ་དེ་མེད་ན་བརྟེན་པས་སྐྱེ་བའི་བྱ་བ་མེད་པས་ཅི་ལྟར་སྐྱེ་བར་འགྱུར། དེས་ན་སྐྱེ་བའི་བྱ་བ་དང་། རྟེན་འབྲས་བུའི་དངོས་པོ་ཕན་ཚུན་བརྟེན་པས་མཐར་གང་ཡང་མི་འགྲུབ་པ་ཉིད་དེ། རྩ་བ་ལས། གང་ཚེ་སྐྱེ་བ་ཡོད་པ་ན། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཅི་ལྟར་སྐྱེ་ལ་བརྟེན་ནས་ནི། །སྐྱེ་བཞིན་ཞེས་ནི་བརྗོད་པར་བྱ། །ཞེས་སོ། །གཉིས་པ་ནི། འདི་ནི་འདིའི་རྒྱུ་ཡིན་ལ། །འདི་ནི་འདིའི་འབྲས་བུ་ཡིན་ནོ། །ཞེས་རྒྱུ་འབྲས་ཀྱི་ཐ་སྙད་ཕན་ཚུན་ལྟོས་ནས་འཇོག་པས་ན་འབྲས་བུ་དེ་མེད་ན་གང་གི་རྒྱུར་བཏགས་ཏེ་རྒྱུའི་རྣམ་འཇོག་གི་རྒྱུ་མེད་པའི་ཕྱིར་ཏེ། ལུང་ལས། འབྲས་བུ་ཡོད་པ་མ་ཡིན་པར། །རྒྱུ་ཡི་རྒྱུ་ཉིད་ཡོད་མིན་པས། །དེ་ཡི་ཕྱིར་ན་འབྲས་བུ་ཀུན། །རྒྱུ་ཉིད་དུ་ནི་ཐལ་བར་འགྱུར། །ཞེས་གསུངས་སོ། །གསུམ་པ་ནི་འབྲས་བུའི་ངོ་བོ་སྔར་མེད་པའམ་རྐྱེན་ལ་མེད་ཀྱང་སྐྱེ་ན་ནི། རི་བོང་གི་རྭ་ལ་སོགས་པའི་རྐྱེན་མ་ཡིན་པ་ལས་ཀྱང་སྐྱེ་བར་འགྱུར་ཏེ། མེད་པར་ཁྱད་པར་མེད་པའི་ཕྱིར་རོ། །ཇི་སྐད་དུ་རྩ་བ་ལས། ཅི་སྟེ་དེ་ནི་མེད་པར་ཡང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང་། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཞེས་སོ། །བཞི་པ་ནི་སྔར་གྱི་དངོས་པོ་མེད་པའི་རང་བཞིན་དོར་ནས་སམ། མ་དོར་བ་དངོས་པོ་འགྱུར་གྲང་། ཕྱི་མ་ལྟར་ན་ཕན་ཚུན་འགལ་ཞིང་སྔ་མ་ལྟར་ན་དོན་མེད་པ་དང་། ཕན་ཚུན་བརྟེན་པར་འགྱུར་ཏེ། ཇི་སྐད་དུ། སྤྱོད་འཇུག་ལས། གནས་སྐབས་དེ་དངོས་ཇི་ལྟར་ཡིན། །དངོས་གྱུར་གཞན་ཡང་གང་ཞིག་ཡིན། །མེད་ཚེ་དངོས་ཡོད་སྲིད་མིན་ན། །དངོས་པོ་ཡོད་པར་ནམ་ཞིག་འགྱུར། །དངོས་པོ་སྐྱེས་པར་མ་གྱུར་པ། །དངོས་མེད་དང་ནི་འབྲལ་མི་འགྱུར། །དངོས་མེད་དང་ནི་མ་བྲལ་ན། །དངོས་པོ་ཡོད་པའི་སྐབས་མི་སྲིད། །ཅེས་གསུངས་སོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ནི། སྐྱེ་བ་ལ་འབྲས་བུ་སྔར་ཡོད་མེད་དངོས་འགལ་ཡིན་པས་བར་དུ་ཕུང་པོ་གསུམ་པ་གཞན་མི་སྲིད་ལ། མ་སྐྱེས་པའི་དངོས་པོ་གཞན་མི་སྲིད་པ་ནི་བཤད་ཟིན་ཏོ། །གསུམ་པ་ནི་རྩ་བ་ལས། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་པ་དང་། སྤྱོད་འཇུག་ལས། དངོས་པོ་ཡོད་པར་གྱུར་པ་ལ། །རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད། །འོན་ཏེ་དེ་ནི་མེད་ན་ཡང་། །རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད། །བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་། །དངོས་པོ་མེད་པ་བསྒྱུར་དུ་མེད། །ཅེས་དང་། བརྒྱ་པ་ལས། འབྲས་བུ་ཡོད་པར་གང་འདོད་དང་། །འབྲས་བུ་མེད་པར་གང་འདོད་ལ། །ཁྱིམ་གྱི་དོན་དུ་ཀ་བ་ལ། །སོགས་པའི་རྒྱན་ནི་དོན་མེད་འགྱུར། །ཞེས་གསུངས་སོ། །བཞི་པ་རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་ལའང་གསུམ་སྟེ། རྟགས་འགོད་པ་དང་། སྦྱོར་བའི་ཚུལ་གསུམ་ངེས་པར་བྱ་བ། གྲུབ་པའི་དོན་ལུང་དང་སྦྱར་བའོ། །དང་པོ་ནི་སྣང་བ་འདི་དག་རང་བཞིན་གྱིས་མེད་དེ། རྒྱུ་གཅིག་གིས་འབྲས་བུ་གཅིག་དང་དུ་མ་མི་བསྐྱེད། རྒྱུ་དུ་མས་འབྲས་བུ་གཅིག་དང་དུ་མ་མི་བསྐྱེད་པའི་ཕྱིར་ཞེས་པའོ། །གཉིས་པ་ལ་ཆོས་ཅན་དང་། བསྒྲུབ་བྱའི་དོན་ནི་སྔར་དང་འདྲ་ལ། གཏན་ཚིགས་ཀྱི་དོན་ལ་ཕྱོགས་ཆོས་བསྒྲུབ་པ་དང་། ཁྱབ་པ་བསྒྲུབ་པ་གཉིས་ལས། དང་པོ་ནི། འདི་ལྟར་རྒྱུ་གཅིག་གིས་འབྲས་བུ་གཅིག་བྱེད་པ་ནི་མེད་དེ། རྒྱུ་དང་འབྲས་བུ་ནི་ཐ་ན་རྡུལ་ཕྲ་མོ་ལྟ་བུ་ལ་སོགས་པའི་ཆ་དུ་མ་ཉིད་དུ་མཐོང་བས་གཅིག་ཏུ་གྲུབ་པ་མེད་པའི་ཕྱིར་དང་། མིག་ལ་སོགས་པ་ལས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྱུང་བ་ཉིད་དུ་མཐོང་བས་ན་མིག་ལ་སོགས་པའི་རྒྱུ་ནི་ཕྱི་མ་མི་འབྱུང་བར་འགྱུར་ན་འབྱུང་བ་ཡང་མཐོང་བའི་ཕྱིར་རོ། །རྒྱུ་གཅིག་གིས་འབྲས་བུ་དུ་མ་བྱེད་པའང་མ་ཡིན་ཏེ། དབང་ཕྱུག་དང་གཙོ་བོ་ལ་སོགས་པ་རྟག་པ་གཅིག་པུ་ནི་རྒྱུ་ཡིན་པ་བཀག་ཟིན་པའི་ཕྱིར་དང་། རྒྱུ་གཅིག་ལས་ཀྱང་འབྲས་བུ་དུ་མ་འབྱུང་ན་འབྲས་བུ་ཐ་དད་པའི་ཆོས་རྣམས་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་ལ་མི་འདྲ་བའི་ཁྱད་པར་མེད་པའི་ཕྱིར་རོ། །རྒྱུ་དུ་མས་འབྲས་བུ་གཅིག་བསྐྱེད་པའང་མིན་ཏེ། རྒྱུ་མི་འདྲ་བས་འབྲས་བུ་མི་འདྲ་བར་བྱེད་པར་མི་འགྱུར་བ་དེ་ལྟ་ནའང་མི་འདྲ་བ་སྣ་ཚོགས་རྒྱུ་མེད་པར་འགྱུར་བའི་ཕྱིར་རོ། །རྒྱུ་དུ་མས་འབྲས་བུ་དུ་མ་བྱེད་པའང་མ་ཡིན་ཏེ། དེའང་རྒྱུ་ཐམས་ཅད་ཀྱིས་འབྲས་བུ་ཐམས་ཅད་བྱེད་པ་ལ་འདོད་ན་དེ་མི་སྲིད་པའི་ཕྱིར་དང་། སྲིད་ཀྱང་དུ་མས་གཅིག་བྱེད་པའི་ནང་དུ་འདུས་ལ་དེ་ལའང་ཉེས་པ་བརྗོད་ཟིན་ཏོ། །རྒྱུ་རེ་རེས་འབྲས་བུ་རེ་རེ་བྱེད་པ་ལ་འདོད་ན་དེ་ནི་གཅིག་གིས་གཅིག་བྱེད་པ་ཡིན་ལ། དེ་ལའང་ཉེས་པ་བརྗོད་ཟིན་པའི་ཕྱིར་རོ། །གཉིས་པ་ནི་སྐྱེ་བ་མུ་བཞི་པོ་དེ་ལས་མི་སྲིད་ལ་མུ་བཞིའང་ཁེགས་པའི་ཕྱིར་སྐྱེ་བ་མེད་དེ་ནམ་མཁའ་ལ་སོགས་པ་བཞིན་ནོ། །གསུམ་པ་གྲུབ་པའི་དོན་ལུང་དང་སྦྱར་བ་ནི་བདེན་གཉིས་ལས། དུ་མས་དངོས་པོ་གཅིག་མི་བྱེད། །དུ་མས་དུ་མ་བྱེད་མ་ཡིན། །གཅིག་གིས་དུ་མའི་དངོས་མི་བྱེད། །གཅིག་གིས་གཅིག་བྱེད་པའང་མིན། །ཞེས་གསུངས་སོ། །ལྔ་པ་ཐམས་ཅད་ལ་དཔྱོད་པ་རྟེན་འབྲེལ་གྱི་གཏན་ཚིགས་ལའང་གསུམ་སྟེ། དང་པོ་རྟགས་འགོད་པ་ནི། སྣང་བ་འདི་དག་རང་བཞིན་མེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་བཞིན་ཞེས་པའོ། །གཉིས་པ་སྦྱོར་བའི་དོན་ངོས་གཟུང་བ་ནི་ཆོས་ཅན་གྱི་དོན་ནི་སྔར་བཤད་པ་ལྟར་སྣང་བ་ཙམ་ཡིན་ལ། འདི་ལ་གཙང་ནག་པས་འཁྲུལ་པའི་གཟུང་ཡུལ་དངོས་མེད་ལ་རྟེན་ནས་འབྱུང་བའི་རྟགས་མ་གྲུབ་པས་ཆོས་ཅན་གྱི་ཕྱོགས་གཅིག་ལ་མ་གྲུབ་པར་འགྱུར་རོ། །ཞེས་གསུངས་པ་ལ། རྨ་བྱས་དེ་ནི་སློབ་དཔོན་གྱི་དགོངས་པར་ནི་མ་མངོན་ཏེ། དེ་ལ་རང་གི་མཚན་ཉིད་དུ་གྲུབ་པའི་རྟེན་ནས་འབྱུང་བ་མེད་ཀྱང་། དེ་ནི་རྟེན་འབྲེལ་གྱི་དོན་མ་ཡིན་ཞིང་རྟེན་འབྱུང་དུ་སྣང་བ་ཙམ་རྟེན་འབྲེལ་གྱི་དོན་ཡིན་ལ། དེ་ནི་འཁྲུལ་པའི་གཟུང་ཡུལ་ཟླ་གཉིས་ཀྱི་རྣམ་པ་དང་། དོན་སྤྱི་སོགས་ལའང་ཡོད་པའི་ཕྱིར་ཏེ། བློ་དེ་ཉིད་ཀྱི་ངོར་ཡུལ་ཤེས་གཉིས་ཀ་སྐྱེ་བར་མཚུངས་ཤིང་བློ་གཞན་གྱི་ངོར་ནི་ཡུལ་ཤེས་གཉིས་ཀ་སྐྱེ་མེད་དུ་མཚུངས་པའི་ཕྱིར་ཏེ། འཇུག་པ་ལས། དབང་པོ་རབ་རིབ་བཅས་པ་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉིས་ཀའང་བརྫུན་པ་ཡིན། །ཞེས་དང་། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཞེས་དང་། རྩ་བ་ལས། གང་ཞིག་རྟེན་འབྱུང་མ་ཡིན་པའི། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་སོ། །ཞེས་པའི་སྐྱོན་བརྗོད་མཛད་པ་ནི་ཤིན་ཏུ་འཐད་པར་སྣང་སྟེ། གཞན་དུ་ན་སྒྱུ་མ་དང་ཆུ་ཟླ་དཔེར་བརྗོད་པའི་ཚེ་གཏན་ཚིགས་ཀྱིས་སྟོང་པར་ཐལ་བའི་ཕྱིར་རོ། །བསྒྲུབ་བྱའི་དོན་ནི་སྔར་བཤད་པ་བཞིན་ནོ། །གཏན་ཚིགས་ཀྱི་དོན་ལ་གཉིས་ཏེ། ཕྱོགས་ཆོས་བསྒྲུབ་པ་དང་ཁྱབ་པ་བསྒྲུབ་པའོ། །དང་པོ་ལ་གཉིས་ཏེ། རྟེན་འབྲེལ་གྱི་དོན་ངོས་གཟུང་བ་དང་། དེ་སྣང་བ་ལ་ཇི་ལྟར་བསྒྲུབ་པའོ། །དང་པོ་ནི། ཆོས་འགའ་ཞིག་ལ་བརྟེན་ནས་འབྱུང་བ་ཡིན་པས། ཡེ་མ་བྱུང་བ་དང་། རྒྱུ་མེད་དུ་བྱུང་བ་དང་། རྒྱུ་ངེས་མེད་ལས་འབྱུང་བ་རྣམས་སེལ་བར་བྱེད་དོ། །དེ་ལ་ངོ་བོ་ལྟོས་པ་དང་། རྣམ་འཇོག་ལྟོས་པ་གཉིས་ལས། དང་པོ་ནི། ཆོས་འགའ་ཞིག་ལས་འགའ་ཞིག་གི་ངོ་བོ་གྲུབ་པ་མར་མེ་ལ་ལྟོས་ནས་འོད་འབྱུང་བ་ལྟ་བུ་སྟེ། རིན་ཆེན་ཕྲེང་བར། འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་སྐྱེས་པས་འོད་བཞིན་ནོ། །ཞེས་སོ། །གཉིས་པ་ནི་ཆོས་འགའ་ཞིག་ལས། འདི་ནི་འདིའོ་ཞེས་བྱ་བའི་ཐ་སྙད་གྲུབ་པ་སྟེ། དེ་ཉིད་ལས། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་པོ་ཡོད་པས་ཐུང་ངུ་བཞིན། །ཞེས་སོ། །གཉིས་པ་ནི། སྣང་བའི་ཆོས་རྣམས་ཐ་སྙད་དུ་རྐྱེན་ལ་ལྟོས་པ་ནི་སྔར་རྒྱུ་མེད་བཀག་པའི་སྐབས་སུ་བཤད་ཟིན་ཏོ། །རྒྱུ་འབྲས་ལ་སོགས་པའི་ཐ་སྙད་ཀྱང་ཕན་ཚུན་ལྟོས་པ་ཉིད་དེ། འདིའི་འབྲས་བུའོ་ཞེས་རྒྱུ་ལ་ལྟོས་པ་མ་ཡིན་ན་འབྲས་བུའི་འཇོག་བྱེད་མེད་ཅིང་། འདིའི་རྒྱུའོ་ཞེས་འབྲས་བུ་ལ་ལྟོས་པ་མ་ཡིན་ན། རྒྱུའི་འཇོག་བྱེད་མེད་པའི་ཕྱིར་ཏེ། ལུང་ལས། འབྲས་བུ་ཡོད་པ་མ་ཡིན་པར། །རྒྱུ་ཡི་རྒྱུ་ཉིད་ཡོད་མིན་པས། །དེ་ཡི་ཕྱིར་ན་འབྲས་བུ་ཀུན། །རྒྱུ་ཉིད་དུ་ནི་ཐལ་བར་འགྱུར། །ཞེས་གསུངས་སོ། །འདི་ཉིད་ཀྱིས་མཚན་ཉིད་དང་མཚོན་བྱ། གཏན་ཚིགས་དང་བསྒྲུབ་བྱ། ཤེས་པ་དང་ཤེས་བྱེད། ཡན་ལག་དང་ཡན་ལག་ཅན། དགག་བྱ་དང་བཀག་ཆོས། རིང་པོ་དང་ཐུང་ངུ་། སྔ་མ་དང་ཕྱི་མ། ཕ་རོལ་དང་ཚུ་རོལ་ལ་སོགས་པ་ཐམས་ཅད་ཕན་ཚུན་ལྟོས་བར་འགྲུབ་བོ། །དེའི་ཕྱིར་སྣང་བའི་ཆོས་འདི་ཉིད་ཀྱི་སྟེང་དུ་ངོ་བོའམ་ཐ་སྙད་ལ་མ་ལྟོས་པའི་ཆོས་ཅུང་ཟད་ཀྱང་མེད་པར་གྲུབ་པས་ཆོས་ཅན་སྣང་བ་ལ་རྟེན་འབྲེལ་གྱི་གཏན་ཚིགས་གྲུབ་བོ། །གཉིས་པ་ཁྱབ་པ་བསྒྲུབ་པ་ལ་གཉིས་ཏེ། རང་བཞིན་གཞིར་བྱས་ལ་རྟེན་འབྱུང་དགག་པ་དང་། རྟེན་འབྱུང་གཞིར་བྱས་ལ་རང་བཞིན་དགག་པའོ། །དང་པོ་ནི། འཇིག་རྟེན་ན་རང་བཞིན་ཆོས་རྣམས་ཀྱི་ངོ་བོའམ། གཤིས་ལ་བརྗོད་པས་མེའི་ཚ་བའམ་ཆུའི་གཤེར་བ་ལྟར་ཡུལ་དུས་རྣམ་པ་གང་དུའང་མི་འཁྲུལ་ཞིང་དེར་གནས་པའི་ངོ་བོ་ལ་གྲགས་པ་ཡིན་ནོ། །དེས་ན་རང་བཞིན་ལ་ཆུའི་ཚ་བ་བཞིན་ངོ་བོ་རྐྱེན་གྱིས་བསྐྱེད་པ་མ་ཡིན་པ་དང་། རིང་ཐུང་དང་སྔ་ཕྱི་བཞིན། རྣམ་འཇོག་གཞན་ལ་ལྟོས་པ་མ་ཡིན་པ་དང་། གར་མཁན་གྱི་ཆ་ལུགས་བཞིན་གཞན་དུ་འགྱུར་པ་མ་ཡིན་པ་ཞེས་བྱ་བའི་ཆོས་སུམ་ལྡན་དགོས་པ་ཡིན་ཏེ། གཞན་དུ་ན་རང་བཞིན་དུ་མི་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་ཆོས་གསུམ་ལྡན་གྱི་རང་བཞིན་ལ་གཏན་ཚིགས་བརྟེན་ནས་འབྱུང་བ་མེད་པ་ནི་རྟེན་འབྱུང་ལ་ངོ་བོ་ལྟོས་པ་དང་། རྣམ་འཇོག་ལྟོས་པ་ངེས་པ་ཉིད་ཀྱིས་གྲུབ་བོ། །གཉིས་པ་ལ་གསུམ་སྟེ། རྣམ་འཇོག་ལྟོས་པ་ཕན་ཚུན་བརྟེན་པས་དང་། ངོ་བོ་ལྟོས་པ་གྲུབ་མ་གྲུབ་བརྟགས་པས་དང་། དེ་གཉིས་ཀ་དུས་མཉམ་མི་མཉམ་བརྟགས་པས་རང་བཞིན་དགག་པའོ། །དང་པོ་ནི། རིང་ཐུང་ངམ་རྒྱུ་འབྲས་རྣམ་འཇོག་ལྟོས་པ་ཕན་ཚུན་ལྟོས་པར་འགྱུར་བས་མཐའ་གཉིས་ལ་ལྟོས་ནས་དེར་འཇོག་དགོས་ལ་དེ་ལ་རང་གྲུབ་ན་ལྟོས་མི་དགོས་ཤིང་མ་གྲུབ་ན་དེ་ལ་ལྟོས་པའི་ལྟོས་པ་ཉིད་མི་གྲུབ་པས། རང་བཞིན་གྱིས་གྲུབ་པ་འགལ་བས། ཇི་སྐད་དུ། རྩ་བ་ལས། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་གྲུབ་ན། །གང་ལ་ལྟོས་ནས་གང་ཞིག་གྲུབ། །ཅེས་གསུངས་པས་སོ། །གཉིས་པ་ནི་ངོ་བོ་གྲུབ་པའམ། མ་གྲུབ་པ་ཉིད་ལྟོས་གྲང་། དང་པོ་ལྟར་ན་ལྟོས་པ་དོན་མེད་དུ་འགྱུར་ལ། གཉིས་པ་ལྟར་ན་བོང་བུའི་རྭ་ལྟར་ལྟོས་པ་པོ་མེད་པས་གང་ཞིག་ལྟོས་པར་འགྱུར་ཏེ། རྩ་བ་ལས། དངོས་པོ་ལྟོས་སྒྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཞེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་གསུངས་པས་སོ། །གསུམ་པ་ནི། དུས་མཉམ་པ་ལ་ཕན་གདགས་བྱ་འདོགས་བྱེད་མེད་ལ། དུས་མི་མཉམ་པ་ལ་ལྟོས་ས་ཡོད་པའི་ཚེ་ལྟོས་ཆོས་མེད་ཅིང་། ལྟོས་ཆོས་ཡོད་པའི་ཚེ་ལྟོས་ས་མེད་པས་གང་ཞིག་གང་ལ་ལྟོས་པར་འགྱུར་ཏེ། རྩ་བ་ལས། འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་གསུངས་པས་སོ། །དེའི་ཕྱིར་རྟེན་འབྲེལ་ནི་དཔྱད་ན་རང་བཞིན་མེད་པར་གྲུབ་ལ། སྔར་ཆོས་རྣམས་རྟེན་འབྲེལ་དུ་བསྒྲུབ་པ་དང་འགལ་བར་ཡང་མི་འགྱུར་ཏེ། དཔྱད་ན་རང་བཞིན་མེད་པ་དེ་ཉིད་རྟེན་འབྲེལ་གྱི་དོན་ཡིན་པའི་ཕྱིར་རོ། །གསུམ་པ་རིགས་པས་དཔྱད་པའི་རྟགས་ལུང་དང་སྦྱར་བ་ནི། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་ཏེ་བག་ཡོད་ཡིན། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། དེ་དང་དེ་རྟེན་གང་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་གང་མ་སྐྱེས། །དེ་ལ་སྐྱེས་ཞེས་ཇི་སྐད་བྱ། །ཞེས་དང་། རྩ་བ་ལས། རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་སོ། །དེ་དག་གིས་ནི་ཆོས་ཀྱི་བདག་དགག་པའི་རིགས་པའི་གཙོ་བོ་བསྟན་ཟིན་ཏོ། །གཉིས་པ་གང་ཟག་གི་བདག་དགག་པའི་རིགས་པའི་གཙོ་བོ་བསྟན་པ་ལ་གསུམ་སྟེ། འགོག་དགོས་པའི་རྒྱུ་མཚན་དང་། ཅི་ལྟར་འགོག་པའི་ཚུལ་དང་། བཀག་པས་གྲུབ་པའི་དོན་ནོ། །དང་པོ་ནི་འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡི་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་དང་། གཞུང་གཞན་ལས་ཀྱང་། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །ཞེས་དང་། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བའི་འཇིག་ཚོགས་ལྟ་བ་དག །རྩ་བ་ཉིད་ནས་དབྱུང་བར་གྱིས། །ཞེས་སོ། །དེ་དབྱུང་བ་ལ་དེའི་ཞེན་ཡུལ་སུན་དབྱུང་དགོས་ཏེ། འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དང་། འཕགས་པ་ལྷས་ཀྱང་། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་ལྡོག་པར་འགྱུར། །ཞེས་གསུངས་པས་སོ། །འཇིག་ལྟའི་ངོ་བོ་ནི། འཇུག་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། ང་དང་ངའི་སྙམ་པ་དེ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་པ་ཅན་ནོ། །ཞེས་གསུངས་པས། ཕུང་པོ་ལ་བརྟེན་ནས་ངར་འཛིན་པ་འཇིག་ཚོགས་ལ་ལྟ་བ་ཡིན་པར་མ་ཟད་ངའི་གཟུགས་ཕུང་ངོ་སྙམ་པ་ལྟ་བུ་ངས་ཁྱད་པར་དུ་བྱས་ནས་ཕུང་པོར་འཛིན་པའང་འཇིག་ཚོགས་ལ་ལྟ་བ་ཡིན་པར་གསུངས་སོ། །དེ་ཉིད་ཆོས་ཀྱི་བདག་འཛིན་མ་ཡིན་ནམ་སྙམ་ན། ངས་ཁྱད་པར་དུ་མ་བྱས་པར་སྤྱིར་ཕུང་པོ་ཙམ་དུ་འཛིན་པར་ཆོས་ཀྱི་བདག་འཛིན་དུ་འཇོག་པས་ཁྱད་པར་ཤིན་ཏུ་ཆེ་བ་སྟེ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་པའི་སྐབས་ཀྱི་ཕུང་པོའི་དངོས་པོ་ལ་ཆགས་པའི་བློ་དང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་པའི་སྐབས་ཀྱི་ཕུང་པོར་འཛིན་པའི་བློའི་ཁྱད་པར་ལྟ་བུའོ། །གཉིས་པ་ལ་གཉིས་ཏེ། གང་ཟག་རྣམ་པ་བདུན་དུ་གྲུབ་པ་དགག བརྗོད་དུ་མེད་པའི་གང་ཟག་དགག་པའོ། །དང་པོ་ལ་ལྔ་སྟེ། ཕུང་པོ་ལས་གཞན་དུ་གྲུབ་པ་དགག ཕུང་པོ་དང་གཅིག་ཏུ་གྲུབ་པ་དགག རྟེན་དང་བརྟེན་པའི་ཕྱོགས་གཉིས་དགག ལྡན་པའི་ཕྱོགས་དགག ཚོགས་པ་དང་དབྱིབས་དགག་པའོ། །དང་པོ་ནི། གཞན་དུ་འདོད་པ་ནི་ཕྱི་རོལ་པ་སྟེ། གྲངས་ཅན་པས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །ཞེས་པ་ལྟར་ཁྱད་པར་ལྔ་ལྡན་དུ་འདོད་ལ། བྱེ་བྲག་པས་གཞན་གསུམ་འདྲ་བ་ལས་བྱེད་པ་པོ་ཡིན་པ་དང་། ཡོན་ཏན་དགུ་དང་ལྡན་པས་ཡོན་ཏན་དང་བཅས་པར་འདོད་དོ། །རིག་བྱེད་དུ་སྨྲ་བ་དག་ནི་བུམ་པ་ལ་སོགས་པའི་ནམ་མཁའ་ལྟར་ལུས་ཐ་དད་པས་བདག་གཅིག་སྣ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པར་འདོད་དོ། །གསང་མཐའ་པས་ནི་གཟུང་འཛིན་གཉིས་སྟོང་གི་རྟག་གཅིག་ཆ་མེད་ཤེས་རིག་སྟེ་ཁྱད་པར་ལྔ་ལྡན་དུ་འདོད་དོ། །གཅེར་བུ་པ་ནི་ལུས་ཀྱི་ཚད་ཙམ་དུ་གནས་པས་ཞུམ་པ་དང་རྒྱས་པར་འདོད་དོ། །ཐམས་ཅད་ཀྱང་ཕུང་པོ་ལས་དོན་གཞན་པ་དང་། རྟག་དངོས་སུ་འདོད་པ་ནི་འདྲའོ། །དེ་དག་འགོག་པའི་རིག་པ་ལ། མུ་སྟེགས་རང་ལ་གྲགས་པའི་གཏན་ཚིགས་དང་། འགལ་འབྲེལ་ལ་བརྟེན་པའི་རིགས་པས་དགག་པ་གཉིས་ལས། དང་པོ་ནི། དེ་ལྟ་བུའི་བདག་ནི་དོན་དམ་དུ་ཡོད་པ་དང་། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཡིན་པ་དང་། ཀུན་རྫོབ་ཏུ་ཡོད་པ་གསུམ་ཆར་ཡང་མི་འཐད་དེ་མ་སྐྱེས་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན། ཞེས་པའི་རང་ལ་གྲགས་ཀྱི་གཏན་ཚིགས་ཀྱིས་གནོད་ཅིང་། དེ་བཞིན་དུ་ཟ་བ་པོ་སོགས་ཀྱི་ཁྱད་པར་ཀུན་ལའང་གཏན་ཚིགས་དེ་ཉིད་ཀྱིས་གནོད་པའོ། །གཉིས་པ་ནི། ཕུང་པོ་ལས་དོན་གཞན་དུ་མེད་དེར་སྣང་རུང་མ་དམིགས་པའི་ཕྱིར་ཞེས་པའི་གཏན་ཚིགས་དང་། ངར་འཛིན་ལྷན་སྐྱེས་ཀྱི་བློའི་རྟེན་དུ་མི་འཐད་དེ། དེ་ལྟ་བུའི་ཁྱད་པར་རིག་པ་མེད་པར་ཡང་ངར་འཛིན་ལྷན་སྐྱེས་སྐྱེ་བ་ཡོད་པའི་ཕྱིར་ཞེས་པའི་གཏན་ཚིགས་གཉིས་ཀྱིས་གནོད་པའོ། །གཉིས་པ་ནི་གཅིག་ཏུ་འདོད་པ་རང་སྡེ་མང་པོས་བཀུར་བའི་སྡེ་པ་སྟེ། དེ་དག་གིས་བདག་ཕུང་པོ་ལས་དོན་གཞན་དུ་ཡོད་པ་ལ་རིགས་པས་གནོད་ཅིང་རྫས་སུ་ནི་ཡོད་པས་ཕུང་པོ་ཉིད་བདག་ལྟའི་དམིགས་པ་ཡིན་ནོ། །དེ་ལའང་ཁ་ཅིག་ཕུང་པོ་ལྔ་ཆར་བདག་ཏུ་འདོད་དེ། ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་གཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་གསུངས་པ་ལྟ་བུའོ། །དེས་ན་ལུང་འདི་འཇིག་ཚོགས་ལ་ལྟ་བ་ཕུང་པོ་ལ་དམིགས་ནས་བདག་དང་བདག་གི་བའི་རྣམ་པར་ཞུགས་པ་བསལ་བའི་ཆེད་དུ་གསུངས་པ་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་སེམས་ཁོ་ནར་བདག་ཏུ་འདོད་དེ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པས་སོ། །འདིས་སེམས་ལ་བདག་ཏུ་གསུངས་པར་ཅིས་ཤེས་ན། ཕུང་པོ་ལས་ཐ་དད་པའི་བདག་མེད་པའི་ཕྱིར་དང་། མདོ་གཞན་ལས་སེམས་འདུལ་བར་གསུངས་པའི་ཕྱིར་ཏེ། སེམས་འདུལ་བ་ནི་ལེགས་པར་སྟེ། །སེམས་ཐུལ་བས་ནི་བདེ་བ་འདྲེན། །ཞེས་གསུངས་པ་དེ་ལས་སོ་ཞེས་འདོད་དོ། །འདིར་ཙོང་ཁ་པས། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡིད་ཀྱི་རྣམ་ཤེས་བདག་གི་མཚན་གཞིར་འདོད་སེམས་ཙམ་པས་ཀུན་གཞིའི་རྣམ་ཤེས་བདག་གི་མཚན་གཞིར་འདོད་པས་དེ་དག་ཀྱང་བདག་ཕུང་གཅིག་ཏུ་འདོད་དོ། །ཞེས་སྨྲ་བ་ནི་མ་དཔྱད་པ་སྟེ། དེ་དག་ནི་ཕུང་པོ་བདག་གི་གདགས་གཞིར་འདོད་ཀྱི་མཚན་གཞིར་མི་འདོད་པའི་ཕྱིར། ཕུང་པོ་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་ན། བདག་ཏུ་ཁས་ལེན་དགོས་སོ་ཞེས་ཐལ་འགྱུར་བས་འཕུལ་བ་ཡིན་གྱི་རང་ངོས་ནས་བདག་ཕུང་གཅིག་ཏུ་འདོད་པའང་མ་ཡིན་ཏེ། ཁ་ཆེ་བྱེ་བྲག་སྨྲ་བ་ཡན་ཆད་ལ་བདག་ཕུང་གཅིག་ཏུ་འདོད་པ་མེད་པའི་ཕྱིར་རོ། །དེ་ལྟར་མང་བཀུར་བས་བདག་ཕུང་གཅིག་ཏུ་འདོད་པ་འགོག་པ་ལ། སློབ་དཔོན་ཟླ་བའི་རིགས་པས་གནོད་པ་དང་། ལུང་གི་དོན་དུ་མི་འཐད་པ་གཉིས། དང་པོ་ལ། རིགས་པ་བདུན་ཡོད་པའི་དང་པོ་ནི། གང་ཟག་གཅིག་གི་བདག་དུ་མར་ཐལ། ཕུང་པོ་དུ་མ་ཡིན་པའི་ཕྱིར་སེམས་ཁོ་ན་བདག་ཏུ་འདོད་པ་ལའང་། མིག་གི་རྣམ་ཤེས་སོགས་སམ། སྐད་ཅིག་སྔ་ཕྱིའི་དབྱེ་བས་དུ་མ་ཡོད་པའི་ཕྱིར། འདོད་ན། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་ཅིག་སྐྱེའོ་ཞེས་བྱ་བའི་ལུང་ལས་ན་བདག་མང་པོ་དག་ཏུ་འདོད་པའང་མ་ཡིན་ནོ། །གཉིས་པ་ནི། བདག་རྫས་སུ་འགྱུར་ཏེ། ཕུང་པོ་རྫས་སུ་འདོད་པའི་ཕྱིར་ཏེ། འདོད་ན། དགེ་སློང་དག་ལྔ་པོ་འདི་དག་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་སྟེ་གང་འདི་ལྟ་སྟེ། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ནམ་མཁའ་དང་། མྱ་ངན་ལས་འདས་པ་དང་། གང་ཟག་གོ །ཞེས་བྱ་བའི་ལུང་དང་འགལ་ལོ། །གསུམ་པ་ནི་འཇིག་ཚོགས་ལ་ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་བར་ཐལ། སྔོ་སེར་ལ་སོགས་པའི་ཤེས་པ་ལྟར་རྫས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། འདོད་ན་དེ་སྤང་བར་མི་འགྱུར་བའམ། དེ་ལ་དམིགས་པའི་འདུན་པའི་འདོད་ཆགས་སྤངས་པ་ཁོ་ནས་སྤོང་བར་འགྱུར་རོ། །བཞི་པ་ནི། ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་ཚེ་བདག་ཆད་པར་ཐལ། དེར་ཕུང་པོ་རྒྱུན་ཆད་པའི་ཕྱིར། འདོད་ན། ཆད་པའི་མཐར་འཛིན་པས་མཐར་འཛིན་པར་ལྟ་བ་ཐལ་བར་འགྱུར་རོ། །ལྔ་པ་ནི་མྱ་ངན་ལས་འདས་པའི་སྔ་རོལ་དུ་བདག་སྐད་ཅིག་གིས་སྐྱེ་འཇིག་བྱེད་པར་ཐལ། དེར་ཕུང་པོ་སྐད་ཅིག་གིས་སྐྱེ་འཇིག་བྱེད་པའི་ཕྱིར། འདོད་ན། ཇི་ལྟར་ངའི་ལུས་འདི་བྱུང་བར་གྱུར་ཏོ་ཞེས་བྱ་བ། དེའི་ཚེ་དེའི་དུས་ན་ང་རྒྱལ་པོ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །ཞེས་བྱ་བ་འདིའང་གསུང་བར་མི་འགྱུར་ཏེ། དེའི་ཚེ་བདག་ཀྱང་ལུས་ལྟར་ཞིག་པའི་ཕྱིར་དང་། འདིར་གཞན་ཉིད་སྐྱེ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ལས་བྱེད་པའི་ཚེ་རྣམ་སྨིན་མྱོང་བ་པོ་མེད་ཅིང་རྣམ་སྨིན་མྱོང་བའི་ཚེ་ལས་བྱེད་པ་པོ་མེད་པར་འགྱུར་ཏེ། བདག་སྐད་ཅིག་གིས་སྐྱེས་འཇིག་བྱེད་པས་དེ་གཉིས་གཞན་དུ་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་སྐད་ཅིག་སྔ་མ་རྣམས་སུ་བྱས་པའི་འབྲས་བུ་ཕྱི་མར་སྤྱོད་པ་སྐྱོན་མེད་ནའང་། ལས་བྱས་པ་ཆུད་ཟོས་པ་དང་མ་བྱས་པ་དང་ཕྲད་པར་འགྱུར་ཏེ། གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རྒྱུད་གཅིག་ཏུ་གཏོགས་པས་སྐྱོན་མེད་དོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། རང་གི་མཚན་ཉིད་ཀྱིས་གཞན་ཡིན་པ་ལ་རྒྱུད་གཅིག་པ་མི་འཐད་པའི་ཕྱིར་རོ། །དྲུག་པ་ནི་འཇིག་རྟེན་མཐའ་དང་ལྡན་པ་དང་། མི་ལྡན་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་སྟེ་མུ་བཞི་དང་། འཇིག་རྟེན་རྟག་སོགས་མུ་བཞི་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་མུ་བཞི་པོ་རྣམས་ལ་ནི་ལུང་དུ་མ་བསྟན་པའི་དངོས་པོར་གཞག་པ་མི་འཐད་པར་ཐལ། བདག་ཕུང་གཅིག་ཡིན་ན་སྐབས་འདིའི་འཇིག་རྟེན་གྱི་སྒྲས་ཕུང་པོ་འཛིན་དགོས་པས་འཇིག་རྟེན་མཐའ་དང་ལྡན་པ་དང་། མི་རྟག་པ་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་མི་འབྱུང་བར་ཁས་ལེན་དགོས་པའི་ཕྱིར། འདིར་སློབ་དཔོན་ཟླ་བས་ལུང་མ་བསྟན་གྱི་ལྟ་བ་དང་པོ་བརྒྱད་ལ་བདག་དང་འཇིག་རྟེན་ཞེས་པའི་ཚིགས་གཉིས་ཀ་མི་སྨྲོས་པར་འཇིག་རྟེན་ཁོ་ན་སྨྲོས་པར་བཞེད་ཅིང་། དེའི་ཚེ་འཇིག་རྟེན་གྱི་སྒྲས་བདག་བསྟན་པར་བཞེད་པར་སྣང་སྟེ། འཇིག་རྟེན་ཕུང་པོར་རབ་གྲགས་པ། །དེ་ལ་འཇིག་རྟེན་ངེས་པར་བརྟེན། །ཞེས་པའི་ལུང་ལ་བརྟེན་ནས་འཇིག་རྟེན་ཀུན་རྫོབ་ཞེས་པའི་སྐབས་ཀྱི་འཇིག་རྟེན་གང་ཟག་ལ་འཇུག་པར་ཚིགས་གསལ་ལས་གསུངས་པ་དང་དོན་གཅིག་ཏུ་སྣང་ངོ་། །བདུན་པ་ནི་རྣལ་འབྱོར་མངོན་སུམ་གྱིས་བདག་མེད་པར་མཐོང་བའི་ཚེ་ཕུང་པོ་མེད་པར་མཐོང་བར་འགྱུར་ཏེ། བདག་ཕུང་གཅིག་ཡིན་པའི་ཕྱིར། གལ་ཏེ་ལས་དང་འབྲས་བུ་འབྲེལ་བའི་དུས་སུ་བདག་གི་སྒྲ་ཕུང་པོ་ལ་འཇུག་ལ། རྣལ་འབྱོར་པས་བདག་མེད་མཐོང་བའི་ཚེ་གཞན་གྱིས་ཀུན་བརྟགས་པའི་ནང་གི་བྱེད་པའི་སྐྱེས་བུ་ལ་འཇུག་པས་དེ་མེད་པར་མཐོང་བའི་ཕྱིར་སྐྱོན་མེད་དོ་སྙམ་ན། དེའང་མི་འཐད་དེ་ཕུང་པོ་རྣམས་བདག་ཡིན་ན་ཆོས་ཐམས་ཅད་བདག་མེད་ཅེས་པའི་ཚེའང་ཕུང་པོ་བདག་ཏུ་འདོད་དགོས་པའི་ཕྱིར་ཏེ། གཞན་དུ་ན་འདོད་དགུར་སྤྱོད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྣལ་འབྱོར་པས་བདག་མེད་མཐོང་བའི་ཚེ་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་བར་ཐལ། དེའི་ཚེ་བདག་གི་སྒྲ་གཟུགས་སོགས་ལས་དོན་གཞན་དུ་གྱུར་པའི་གཞན་གྱི་ཀུན་བརྟགས་པའི་བདག་ཁོ་ན་ལ་འཇུག་པའི་ཕྱིར་རོ། །འདོད་ན། བདག་མེད་མངོན་སུམ་དུ་མཐོང་བའི་ཚེའང་གཟུགས་ལ་སོགས་པ་དམིགས་ནས་ཆགས་སྡང་སོགས་སྐྱེ་བས་གྲོལ་བ་མི་འཐད་པར་འགྱུར་རོ། །གཉིས་པ་ལུང་གི་དོན་དུ་མི་འཐད་པ་ནི། ལུང་ལས། ཕུང་པོ་རྣམ་བདག་ཡིན་ཞེས་གསུངས་པའི་དོན་ཕུང་པོ་བདག་ཏུ་སྟོན་ན། ཕུང་པོའི་ཚོགས་པ་བདག་ཏུ་ཁས་བླངས་དགོས་ཀྱི་ཕུང་པོ་རེ་རེ་བདག་ཏུ་ཁས་བླངས་པ་མི་འཐད་དེ། ཤིང་རྣམས་ནགས་ཚལ་ཡིན་ཞེས་པས་ཤིང་གི་ཚོགས་པ་ནགས་ཚལ་དུ་སྟོན་པ་བཞིན་ནོ། །དེ་ལྟར་ན་ཚོགས་པ་ནི་རྫས་སུ་ཅི་ཡང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་མགོན་ཉིད་དང་། འདུལ་བ་དང་། དབང་པོ་ཉིད་དུ་རིགས་པ་ནི་མ་ཡིན་ནོ། །ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟར་འགྱུར་ཏེ། ཕུང་པོ་ཚོགས་ཙམ་བདག་ཡིན་པ་གང་ཞིག མདོ་ལས། བདག་དང་ཤིང་རྟ་འཇོག་ཚུལ་མཚུངས་པར་གསུངས་པའི་ཕྱིར་ཏེ། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་གསུངས་པས་སོ། །གཞན་ཡང་མདོའི་དོན། ཕུང་པོ་འདུས་ཙམ་བདག་མ་ཡིན་ཏེ། ཕུང་པོ་ལ་བརྟེན་ནས་བདག་བཏགས་པར་གསུངས་པའི་ཕྱིར། དཔེར་ན་འབྱུང་བ་ལས་གྱུར་པ་བཞིན་ནོ། །མདོ་ལས་ཕུང་པོ་བདག་གོ་ཞེས་གསུངས་པ་ཙམ་གྱིས་ཕུང་པོ་བདག་ཏུ་འདོད་པའང་མི་འཐད་དེ། མདོ་གཞན་ལས་གཟུགས་བདག་མ་ཡིན་ཚོར་བ་བདག་མ་ཡིན་ཞེས་སོགས་གསུངས་པའི་ཕྱིར་རོ། །ཁྱད་པར་དུ་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཕུང་པོ་ཡིན་པ་ཉིད་མི་འཐད་དེ། མདོ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་དེ་དག་ནི་ཁམས་དྲུག་དང་། རིག་པའི་སྐྱེ་མཆེད་དྲུག་དང་། ཡིད་ཉེ་བར་རྒྱུ་བ་བཅོ་བརྒྱད་དོ་ཞེས་ཆོས་དེ་རྣམས་ཉེ་བར་བཟུང་ནས་བདག་ཏུ་བཏགས་པར་གསུངས་པའི་ཕྱིར་རོ། །རིགས་པས་ཀྱང་གནོད་དེ། ཕུང་པོ་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་ངར་འཛིན་འཇུག་པར་ཐལ། ཕུང་པོ་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ཡིན་པའི་ཕྱིར། འདོད་ན། བདག་མེད་མངོན་སུམ་དུ་རྟོགས་པའི་ཚེ་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་སུན་དབྱུང་མི་ནུས་པར་ཐལ། དེའི་ཚེ་རྟག་པའི་བདག་སྤོང་བ་ཙམ་ཡིན་གྱི་ཕུང་པོ་མ་སྤངས་པའི་ཕྱིར་རོ། །དཔེར་ན་རང་གི་ཁྱིམ་ན་སྦྲུལ་ཡོད་བཞིན་དུ་གླང་པོ་ཆེ་མ་མཐོང་བས་སྦྲུལ་གྱི་འཇིགས་པ་སྤོང་མི་ནུས་པ་བཞིན་ནོ། །འདི་ནི་འདི་ལྟར་ཡིན་གྱི་གཞན་དག་ཀུན་བརྟགས་ཀྱི་བདག་བཀག་པས་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་མི་ཁེགས་པར་ཐལ། དེ་དེར་མ་ཡིན་པའི་ཕྱིར་ཞེས་སྨྲ་བ་ལ་མཁས་པ་གཞན་དག་མཐའ་བཞིའི་སྐྱེ་བ་བཀག་པས་བདེན་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་མི་ཁེགས་པར་ཐལ། དེ་དེར་མ་ཡིན་པའི་ཕྱིར་ཞེས་གསུངས་པ་ནི་སུས་ཀྱང་བཟློག་པར་མི་ནུས་སོ། །གསུམ་པ་རྟེན་དང་བརྟེན་པའི་ཕྱོགས་གཉིས་དགག་པར་ནི་ཕུང་པོ་ལ་བདག་བརྟེན་པའི་ཚུལ་དུ་ཡོད་པའང་མ་ཡིན། བདག་ལ་ཕུང་པོ་བརྟེན་པའི་ཚུལ་དུ་ཡོད་པའང་མ་ཡིན་ཏེ། གཞན་ཉིད་དུ་ཡོད་ན་འཁར་གཞོང་ན་ཞོ་ཡོད་ཅེས་པ་ལྟར་རྟེན་དང་བརྟེན་པར་འཐད་ཀྱང་གཞན་ཉིད་བཀག་ཟིན་པའི་ཕྱིར་རོ། །བཞི་པ་ལྡན་པའི་ཕྱོགས་དགག་པ་ནི་བདག་ནི་གཟུགས་སོགས་ཕུང་པོ་དང་ལྡན་པར་ཡང་མི་འདོད་དེ། ལྷས་བྱིན་གཟུགས་དང་ལྡན་ཞེས་པ་ལྟ་བུ་ཐ་དད་མ་ཡིན་པའི་ལྡན་པ་དང་། ལྷས་བྱིན་བ་ལང་དང་ལྡན་ཞེས་པ་ལྟ་བུ་ཐ་དད་པའི་ལྡན་པ་གཉིས་ཀའང་མི་འཐད་པའི་ཕྱིར་ཏེ། དེ་ཉིད་དང་གཞན་ཉིད་བཀག་ཟིན་པའི་ཕྱིར་རོ། །ལྔ་པ་ཚོགས་པ་དང་དབྱིབས་དགག་པ་ནི། ཕུང་པོ་ཚོགས་ཙམ་བདག་ཏུ་མི་འཐད་དེ། བདག་དང་ཤིང་རྟའི་འཇོག་ཚུལ་མཚུངས་པ་གང་ཞིག ཤིང་རྟའི་ཡན་ལག་ཚོགས་ཙམ་ཤིང་རྟ་ཡིན་ན་ཡན་ལག་སིལ་བུར་གནས་པ་ལའང་ཤིང་རྟ་ཡོད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་ཚོགས་ཙམ་ཤིང་རྟ་མ་ཡིན་ཡང་ཡན་ལག་གི་བཀོད་པ་ཁྱད་པར་ཅན་གྱི་དབྱིབས་ཤིང་རྟ་ཡིན་ནོ་ཞེ་ན་དེའང་མི་འཐད་དེ། ཡན་ལག་ཅན་མེད་པའི་ཡན་ལག་མེད་པའི་ཕྱིར་རོ། །གཞན་ཡང་དབྱིབས་ཤིང་རྟར་འདོད་ན་ཡན་ལག་རེ་རེའི་དབྱིབས་སམ། ཚོགས་པའི་དབྱིབས་ཡིན་གྲང་། དེ་ལྟར་ན་སྔར་གྱི་དབྱིབས་ཀྱི་ཁྱད་པར་མ་བཏང་བ་ཡིན་ནམ་བཏང་བ་ཡིན། མ་བཏང་བ་ཡིན་ན་ཡན་ལག་ཅེས་བྱ་བ་ལ་ཤིང་རྟ་མེད་པ་ལྟར། ཤིང་རྟ་ཉིད་ཀྱི་དུས་སུའང་ཤིང་རྟ་མེད་པར་འགྱུར་ཏེ། སྔར་གྱི་ཡན་ལག་རེ་རེའི་དབྱིབས་ཀྱི་ཁྱད་པར་མ་བཏང་བའི་ཕྱིར། བཏང་བ་ཡིན་ན་དེའང་མི་འཐད་དེ། ཤིང་རྟ་ཉིད་ཀྱི་དུས་སུ་སྔར་མེད་པའི་དབྱིབས་ཀྱི་ཁྱད་པར་ཡོད་ན་བཟུང་དུ་རིགས་པ་ལས་མ་བཟུང་བའི་ཕྱིར་རོ། །གལ་ཏེ་ཕྱོགས་གཉིས་པ་ལྟར་ཡན་ལག་ཚོགས་པའི་དབྱིབས་ཤིང་རྟ་ཡིན་ནོ་ཞེ་ན། དེའང་མི་རིགས་ཏེ། ཚོགས་པ་ནི་ཁྱོད་ཀྱི་རྫས་སུ་མི་འདོད་པས་དེ་ལ་བཏགས་པའི་དབྱིབས་མི་འཐད་པའི་ཕྱིར་ཏེ། ཁྱོད་བཏགས་པ་ལ་གདགས་གཞི་རྫས་སུ་ཡོད་པར་འདོད་དགོས་པའི་ཕྱིར་རོ། །དེ་ལྟར་ཤིང་རྟ་ལ་དཔྱད་པའི་རིགས་པ་དེ་དག་བདག་དང་ཕུང་པོ་ལ་སྦྱར་བར་བྱ་ཞིང་ཁྱད་པར་ཕུང་པོའི་དབྱིབས་བདག་ཡིན་ན་སེམས་བདག་མ་ཡིན་པར་གཟུགས་ཁོ་ན་བདག་ཏུ་འདོད་དགོས་པར་འགྱུར་ཏེ། དབྱིབས་དེ་གཟུགས་ཅན་ཁོ་ན་ལ་ཡོད་པའི་ཕྱིར་རོ། །གཉིས་པ་བརྗོད་དུ་མེད་པའི་གང་ཟག་དགག་པ་ནི། རང་སྡེ་མང་པོས་བཀུར་བའི་ནང་ཚན་གནས་མ་བུའི་སྡེ་པ་ཁ་ཅིག་ན་རེ་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བའི་རྟེན་ཡིན་པས་བདག་རྫས་སུ་ཡོད་དགོས་ཤིང་ཕུང་པོ་དང་དེ་ཉིད་དང་། གཞན་ཉིད་དང་། རྟག་པ་དང་མི་རྟག་པ་གང་དུའང་བརྗོད་དུ་མེད་པས་བརྗོད་དུ་མེད་པའི་གང་ཟག་ཅེས་བྱ་བ་རྫས་སུ་ཡོད་དོ་ཞེ་ན་དེའང་མི་འཐད་དེ། བདག་རྫས་སུ་ཡོད་ན་ཕུང་པོ་དང་། དེ་ཉིད་དང་གཞན་ཉིད་དུ་མེད་པར་འགལ་བའི་ཕྱིར་ཏེ། དཔེར་ན་སེམས་རྫས་སུ་ཡོད་པར་འདོད་པས་གཟུགས་ལས་རྫས་གཞན་དང་སེམས་དང་རྫས་གཅིག་ཏུ་འདོད་པ་བཞིན་ནོ། །དེས་ན་ཁྱོད་ཀྱི་འདོད་པ་འདིས་བདག་རྫས་སུ་མ་གྲུབ་པར་བཏགས་ཡོད་དུ་འདོད་པར་རིགས་ཏེ། དེ་ཉིད་དང་གཞན་ཉིད་དུ་མ་གྲུབ་པས་ཀྱང་བཏགས་ཡོད་དུ་འདོད་པའི་ཕྱིར་རོ། །གསུམ་པ་དེས་གྲུབ་པའི་དོན་ནི། དེ་ལྟར་རྣམ་པ་བདུན་དང་། བརྗོད་དུ་མེད་པའི་བདག་དགག་པའི་རིགས་པ་དེ་དག་གིས་བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ཉིད་ཀྱང་རང་བཞིན་མེད་པར་གྲུབ་སྟེ། ཚུལ་དེ་ལྟར་དཔྱད་ན་ནང་ཉེར་ལེན་གྱི་ཕུང་པོ་དང་། ཕྱི་རོལ་བུམ་སྣམ་སོགས་གང་ཡང་མི་རྙེད་པའི་ཕྱིར་ཏེ། འཇུག་པར། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང་། །ཞེས་པ་ནས། དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང་། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་དང་། སྤྱོད་འཇུག་དང་རིན་ཆེན་ཕྲེང་བར་གསུངས་པའི་རིགས་པ་སྔར་བཤད་པ་ལྟ་བུའོ། །གང་ཟག་གི་བདག་དགག་པའི་རིགས་པའི་གཙོ་བོ་བསྟན་ཟིན་ཏོ། །གསུམ་པ་དེ་ལྟར་བཀག་པའི་གྲུབ་པའི་དོན་ལ་གཉིས་ཏེ། ཆོས་ཀྱི་བདག་བཀག་པས་ཐ་སྙད་དུ་ཆོས་བཏགས་ཡོད་དུ་གྲུབ་པ་དང་། གང་ཟག་གི་བདག་བཀག་པས་ཐ་སྙད་དུ་གང་ཟག་བཏགས་ཡོད་དུ་གྲུབ་པའོ། །དང་པོ་ནི། འཇིག་རྟེན་གྱིས་ཐ་སྙད་དུ་ས་བོན་ལས་མྱུ་གུ་སྐྱེ་བ་བདེན་ཞེས་པའི་དོན་སྐྱེ་ཚུལ་མཐའ་བཞིར་རྣམ་པར་དཔྱད་པ་ན་མ་རྙེད་པའི་ཚེ་ས་བོན་ལས་མྱུ་གུ་སྐྱེ་བ་དེའང་མ་དཔྱད་པའི་ངོར་བདེན་པར་སྣང་བ་ཙམ་ཡིན་གྱི་དཔྱད་ན་བདེན་པར་མེད་པའི་ཚོགས་པ་ཡིན་པས་སྒྱུ་མ་ལ་སོགས་པ་བཞིན་དུ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་སྟེ། འཇུག་པར། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི །རྒྱུ་ལ་སོགས་དང་བདག་གཞན་གཉིས་ཀ་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །ཀུན་རྫོབ་ཀྱི་འཇོག་ཚུལ་འདི་ནི་དངོས་པོར་སྨྲ་བ་རྣམས་ཀྱི་ལུགས་ལས་ཁྱད་པར་དུ་གྱུར་པ་དབུ་མ་པ་རང་ལུགས་ཀྱི་ཀུན་རྫོབ་བདེན་པ་ཡིན་ཏེ། འཇུག་འགྲེལ་ལས། ཇི་ལྟ་དབུ་མའི་བསྟན་ཆོས་མ་གཏོགས་པར་བསྟན་བཅོས་གཞན་ལས་སྟོང་པ་ཉིད་ཅེས་བྱ་བའི་ཆོས་འདི་ཕྱིན་ཅི་མ་ལོག་པར་མི་བརྗོད་པ་དེ་བཞིན་དུ་ཁོ་བོ་ཅག་གིས་འདིར་ལུགས་གང་ཞིག་བརྒལ་ལན་དང་བཅས་པར་བསྙད་པའི་ལུགས་འདི་ནས་འབྱུང་བ་དེ་ཡང་སྟོང་པ་ཉིད་ཀྱི་ཆོས་ལྟར་བསྟན་བཅོས་གཞན་ན་མེད་དོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ། ཞེས་གསུངས་པས་སོ། །འདིའི་དོན་དངོས་སྨྲ་བའི་གཞུང་ལས་འདིར་བཤད་པའི་སྟོང་པ་ཉིད་ཀྱི་དོན་མེད་པ་ལྟར་རང་རྒྱུད་པའི་གཞུང་ལའང་མེད་ཅེས་པའི་དོན་དུ་འཆད་པའང་ནོར་ཏེ། ལུང་དེ་ཉིད་ཀྱི་མཇུག་ཏུ། དེའི་ཕྱིར་ཁ་ཅིག་གིས་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ཉིད་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་འདོད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །ཡང་གང་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱིས་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དོན་གྱི་དེ་ཉིད་ཡོངས་སུ་མ་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་མཚུངས་པར་མི་རིགས་པའི་ཕྱིར་ཏེ། ལུགས་འདི་ནི་ཐུན་མོང་མ་ཡིན་པའོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །ཞེས་གསུངས་པ་དང་མ་འབྲེལ་པའི་ཕྱིར་རོ། །ཅི་ལྟར་མ་འབྲེལ་ན་གཞུང་སྔ་མས་བསྟན་བཅོས་གཞན་ན་མེད་ཅེས་པའི་སྒྲུབ་བྱེད་དུ་གཞུང་ཕྱི་མས་ཉན་ཐོས་སྡེ་གཉིས་ཀྱི་དོན་དམ་དང་ཀུན་རྫོབ་གང་ཡང་དབུ་མ་པའི་ཀུན་རྫོབ་བདེན་པར་མི་རུང་བས་ལུགས་ཐུན་མོང་མ་ཡིན་པ་ཡིན་ཞེས་བསྟན་གྱི་རང་རྒྱུད་པ་ལ་ཟུར་ཟ་བ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་རོ། །དངོས་པོ་སྨྲ་བ་རྣམས་ཀྱང་ཀུན་རྫོབ་བཏགས་ཡོད་དུ་འདོད་པ་མ་ཡིན་ནམ་སྙམ་ན་རང་ངོས་ནས་བཏགས་ཡོད་ཙམ་དུ་འདོད་ཀྱང་དེའི་གདགས་གཞི་ལ་རྫས་ཡོད་དགོས་པར་འདོད་པས་བཏགས་ཡོད་ཉིད་ཀྱང་མི་གྲུབ་སྟེ། འཇུག་འགྲེལ་ལས། ཤེས་རབ་མེད་པས་རྫས་ཙམ་ལ་ཆགས་པའི་སྒོ་ནས་གཞན་གྱི་དབང་གི་བུམ་པ་སོ་མ་བཏང་བར་ཆུ་དང་འདྲ་བ་བླུགས་ནས་རང་གི་བློ་གྲོས་ཀྱི་ཚུལ་ངན་པའི་ཕྱིར། འཇིག་རྟེན་པའི་རྣམ་པར་གཞག་པ་འཇིག་རྟེན་ཁོ་ན་ལས་གྲུབ་པ་འདུག་ཤིག་སོང་ཤིག་བྱོས་ཤིག་ཚོས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དང་། དེ་བཞིན་དུ་གཟུགས་དང་། ཚོར་བ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་འཇིགས་པར་རྟོགས་ཏེ། དེའི་ཕྱིར་འདི་ལ་རྒུད་པ་འབའ་ཞིག་སྲིད་པར་འགྱུར་གྱི་མངོན་པར་མཐོ་བ་ནི་མ་ཡིན་ནོ། །ཞེས་གསུངས་པས་སོ། །གཉིས་པ་ནི། འཇིག་རྟེན་གྱི་ཐ་སྙད་དུ་ངའོ་བདག་གོ །ཞེས་གང་ཟག་བདེན་པའི་ཐ་སྙད་བྱེད་པའི་དོན་ལ་རིགས་པ་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མ་རྙེད་པས་ང་དང་། བདག་དང་སྐྱེས་བུ་སོགས་བརྟེན་ནས་བཏགས་པ་ཙམ་གྱིས་ཀུན་རྫོབ་ཏུ་གྲུབ་སྟེ། འཇུག་པར། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་གྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་ཤིང་རྟ་རྣམ་པ་བདུན་གྱིས་བཙལ་ན་མ་རྙེད་ཀྱང་མ་དཔྱད་པའི་ངོར་རང་གི་ཡན་ལག་ལ་བརྟེན་པའི་ཤིང་རྟ་འདོགས་ཚུལ་དང་། བདག་ཕུང་པོ་ལ་བརྟེན་ནས་འདོགས་ཚུལ་མཚུངས་པར་གསུངས་པའི་ཕྱིར། བདག་བརྟེན་ནས་བཏགས་པ་འདིའང་དབུ་མ་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཀུན་རྫོབ་བདེན་པ་ཡིན་ཏེ། འཇུག་པར། འདི་ནི་ཕུང་པོ་རྣམ་བརྟེན་འགྲུབ་པར་འགྱུར། །ཞེས་པའི་འགྲེལ་པར། ཇི་ལྟར་འདི་ལ་བརྟེན་ནས་འདི་འབྱུང་ཞེས་བྱ་བ་འདི་ཙམ་ཞིག་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་གཞག་པ་མ་ཆད་པར་བྱ་བའི་ཕྱིར། ཁས་ལེན་གྱི་རྒྱུ་མེད་པ་ལ་སོགས་པ་དག་ལས་སྐྱེ་བ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་བརྟེན་ནས་གདགས་པ་ལ་ཡང་དག་པར་བརྟེན་པ་ན་ཇི་སྐད་བཤད་པའི་སྐྱོན་དང་ལྡན་པའི་རྣམ་པ་བསལ་ནས་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པ་ཞེས་བྱ་བ་འདི་ཙམ་ཞིག་འཇིག་རྟེན་གྱི་ཐ་སྙད་རྣམ་པར་གནས་པར་བྱ་བའི་ཕྱིར་ཁས་བླངས་པར་བྱ་སྟེ། བདག་དུ་ཐ་སྙད་བཏགས་པ་མཐོང་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །འདིར་ཡང་རང་སྡེ་དངོས་པོར་སྨྲ་བ་དང་། དབུ་མ་པ་གཉིས་གང་ཟག་བཏགས་ཡོད་དུ་འདོད་པར་འདྲ་ཡང་། གདགས་གཞི་རྫས་ཡོད་དགོས་པ་དང་མི་དགོས་པའི་ཁྱད་པར་གྱིས་བཏགས་ཡོད་ཉིད་མི་འགྲུབ་པ་དང་། འགྲུབ་པའི་ཁྱད་པར་སྔ་མ་བཞིན་ཤེས་པར་བྱའོ། །བཞི་པ་བཀག་པའི་གོ་རིམ་བསྟན་པ་ནི་བྱང་ཆུབ་སེམས་འགྲེལ་དང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སོགས་ནས་ཕྱི་རོལ་པས་བཏགས་པའི་བདག་རྟག་པ་ནས་སེམས་ཙམ་པ་འདོད་པའི་གཉིས་མེད་ཀྱི་རྣམ་ཤེས་ཀྱི་བར་རིམ་པ་བཞིན་འགོག་ཚུལ་གསུངས་པ་ནི་གྲུབ་མཐའི་རིམ་པ་དང་སྦྱར་ནས་བཤད་བདེ་བའི་དབང་དུ་བྱས་པ་ཡིན་གྱི་གདུལ་བྱ་སོ་སོའི་ངོར་རིམ་པ་དེ་ལྟར་དགོས་པ་མ་ཡིན་ཏེ། མང་བཀུར་བ་མ་གཏོགས་བྱེ་བྲག་སྨྲ་བའི་ངོར་གང་ཟག་གི་བདག་འགོག་མི་དགོས་པའི་ཕྱིར་དང་། མདོ་སྡེ་པའི་ངོར་ལྡན་མིན་འདུ་བྱེད་དང་། འདུས་མ་བྱས་རྫས་གྲུབ་འགོག་མི་དགོས་པའི་ཕྱིར་དང་། སེམས་ཙམ་པའི་ངོར་གཟུགས་རྫས་ཡོད་འགོག་མི་དགོས་པའི་ཕྱིར་རོ། །འོ་ན་གྲུབ་མཐའ་ལ་མ་ཞུགས་པ་དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་རུང་བའི་རིམ་པ་ཇི་ལྟར་སྙམ་ན། འདི་ལའང་ངེས་པ་མེད་དེ། འཇུག་པ་ཉིད་ལས། དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་དང་། དེ་ཉིད་དེ་ལས་འབྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག ཅེས་སོགས་གདུལ་བྱ་སྣོད་ལྡན་ལ་ཐོག་མར་ཕྱི་ནང་གི་དངོས་པོ་རྣམས་ལ་མཐའ་བཞིའི་སྐྱེ་བ་བཀག་པའི་ཆོས་ཀྱི་བདག་མེད་བསྟན་པའང་ཡོད། ཡང་། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །ཞེས་དང་། དེའི་འགྲེལ་པར། ཉེ་བར་རྟོགས་པའི་རྣལ་འབྱོར་པ་ལ་གལ་ཏེ་ཤིང་རྟ་ཞེས་བྱ་བའི་དངོས་པོ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་པར་འགྱུར་ན་ནི་ཐེ་ཚོམ་མེད་པར་དེ་རྣམ་པ་བདུན་ལས་རྣམ་པ་གང་ཡང་རུང་བ་ཞིག་གི་བདག་ཉིད་ཡོད་པ་རྙེད་པར་འགྱུར་བ་ཞིག་ན་རྙེད་པའང་མ་ཡིན་ནོ། །དེའི་ཕྱིར་ཤིང་རྟ་ཞེས་བྱ་བ་ནི་མ་རིག་པའི་ལིང་ཏོག་གིས་ཉམས་པར་བྱས་པ་དག་ཁོ་ན་བཏགས་པ་ཡིན་གྱིས། རང་བཞིན་གྱིས་གྲུབ་པ་ནི་ཡོད་པ་མ་ཡིན་ནོ་སྙམ་དུ་དེ་ལྟར་ངེས་པ་སྐྱེ་བར་འགྱུར་ཞིང་། དེ་ཁོ་ན་ཉིད་ལའང་རྣལ་འབྱོར་པ་བདེ་བླག་ཏུ་འཇུག་པར་འགྱུར་རོ་ཞེས་གསུངས་པ་ལྟར། ཐོག་མར་གང་ཟག་ཕུང་པོ་ལ་རྣམ་པ་བདུན་གྱིས་བཙལ་བའི་ཚེ་མ་རྙེད་པར་བྱས་ནས། དེའི་འོག་ཏུ་ཕུང་པོ་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་པར་གསུངས་པའང་ཡོད་པའི་ཕྱིར་རོ། །དེ་ལྟར་རིམ་པ་གཉིས་ལས། དང་པོའི་ཕྱོགས་ལ་ནི་གང་ཟག་རྣམ་པ་བདུན་གྱིས་བཙལ་བའི་རིགས་པ་དགོས་པ་མ་ཡིན་ཏེ། ཕུང་པོ་མི་བདེན་པར་རྟོགས་པའི་ཚེ་དེ་ལ་བརྟེན་ནས་བཏགས་པའི་གང་ཟག་ཀྱང་མི་བདེན་པ་ཉིད་དུ་རྟོགས་པར་འགྱུར་བའི་ཕྱིར་ཏེ། རིན་ཆེན་ཕྲེང་བར། ཕུང་པོ་དེ་ལྟར་མི་བདེན་པར། །ཤེས་ནས་ངར་འཛིན་སྤོང་བར་འགྱུར། །ངར་འཛིན་པ་དག་སྤངས་ནས་ནི། །ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར། །ཞེས་གསུངས་པས་སོ། །ཕྱི་མའི་ཕྱོགས་ལ་གང་ཟག་བཏགས་ཡོད་དུ་རྟོགས་པ་ཙམ་གྱིས་དབང་པོ་རྣོན་པོའི་ཕྱོགས་ལ་རིགས་པ་དེ་ཉིད་ཀྱིས་ཕུང་པོ་མི་བདེན་པར་རྟོགས་པར་འགྱུར་ཡང་། དབང་བརྟུལ་རྣམས་ལ་ད་དུང་ཕུང་པོ་བདེན་མེད་དུ་སྒྲུབ་པའི་རིགས་པ་དགོས་པས། སྤྱོད་འཇུག་ལས་གསུངས་པ་ལྟར་སྔར་གྱི་རིགས་པ་དེ་ཉིད་སྦྱར་ནས་རྡུལ་ཕྲ་རབ་གྱི་བར་དུ་མི་རྙེད་པར་བྱ་བའམ། ཆོས་ཀྱི་བདག་མེད་བསྒྲུབ་པའི་སྐབས་ནས་བཤད་པ་ལྟར་རྡོ་རྗེ་གཟེགས་མ་ལ་སོགས་པའི་རིགས་པས་བདེན་མེད་དུ་བསྒྲུབ་པ་གང་ཡང་རུང་བ་ངེས་པར་དགོས་ཏེ། གཞན་དུ་ན་གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས་ཞེས་གསུངས་པ་ལྟར་ཕུང་པོ་ལ་བདེན་འཛིན་ཡོད་ན་གང་ཟག་གི་བདག་འཛིན་སླར་ཡང་སྐྱེ་བའི་ཕྱིར་རོ། །མདོར་ན། གྲུབ་མཐའ་ལ་ཞུགས་པ་རྣམས་ལ་ནི། གྲུབ་མཐའ་འོག་མའི་ཀུན་བརྟགས་གྲུབ་མཐའ་དེ་ཉིད་ཀྱིས་བཀག་ཟིན་པས་དེ་ཉིད་ཀྱི་ཀུན་བརྟགས་དགག་པ་ནས་བརྩམས་དགོས་ལ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ལ་ནི་རྡོ་རྗེ་གཟེགས་མ་དང་། རྣམ་པ་བདུན་གྱིས་བཙལ་བའི་རིགས་པ་གཉིས། ཐོག་མར་གང་བསྟན་ཀྱང་འདྲ་བ་ནི་གནད་ཀྱི་དོན་དུ་ཤེས་པར་བྱའོ། །ལྔ་པ་རིགས་པ་ཕན་ཚུན་མཚོན་པའི་ཚུལ་ནི། དེ་ལྟར་བདག་གཉིས་འགོག་པའི་རིགས་པ་གཉིས། ཆོས་དང་གང་ཟག་གི་བདག་འགོག་པ་ལ་ངེས་པར་སོ་སོར་སྦྱར་དགོས་སམ་སྙམ་ན་སྡུག་བསྔལ་བདག་གིས་བྱས་པ་དང་། གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པར་ནི་རྟོག་གེ་འདོད། །ཅེས་དང་། ཕྱི་རོལ་པས་བདག་ཕུང་གཞན་དང་། མང་བཀུར་བ་ཁ་གཅིག་བདག་ཕུང་གཅིག་ཏུ་འདོད་པར་གསུངས་པ་ལྟར་རང་གཞན་གྱི་སྡེ་པ་རྣམས་མཐའ་བཞིའི་སྐྱེ་བ་ཆོས་ཀྱི་སྟེང་དུ་འདོད་པ་དང་། རྣམ་པ་ལྔའམ་བདུན་གྱིས་གྲུབ་ཚུལ་གང་ཟག་གི་སྟེང་དུ་འདོད་པ་གཙོ་ཆེ་བས་གཞུང་རྣམས་ལས་སོ་སོར་བཤད་པ་ཙམ་ཡིན་གྱི་གཉིས་ཀས་ཀྱང་གཉིས་ཀ་དགག་ནུས་ཏེ། འཇིག་རྟེན་སྐྱེ་བ་ན་གང་ཟག་ཉག་ཅིག་སྐྱེའོ་ཞེས་པ་ལ་བརྟེན་ནས་གང་ཟག་ལ་བདེན་སྐྱེ་འདོད་པ་འགོག་པ་ན། རྡོ་རྗེ་གཟེགས་མའི་རིགས་པ་སོགས་ཀྱིས་འགོག་དགོས་ཤིང་། བུམ་སྣམ་སོགས་ཀྱི་ཡན་ལག་ལ་བརྟེན་ནས་ཡན་ལག་ཅན་དུ་བདེན་པར་འཛིན་པ་འགོག་པ་ན་རྣམ་པ་བདུན་གྱིས་བཙལ་བའི་རིགས་པས་དགག་དགོས་པའི་ཕྱིར་ཏེ། གང་ཟག་གི་བདག་བཀག་པའི་རིགས་པ་བུམ་སྣམ་སོགས་ལའང་སྦྱར་བར་བྱང་ཆུབ་སེམས་འགྲེལ་དུ་གསུངས་པ་ལ་བརྟེན་ནས། འཇུག་པར། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང་། །ཁང་ཁྱིམ་ཤིང་རྟ་ཕྲན་དང་མགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང་། །ཞེས་སོགས་དངོས་པོ་ཀུན་ལ་སྦྱར་བར་གསུངས་པའི་ཕྱིར་རོ། །མདོར་ན། ཐ་སྙད་བདེན་པར་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་པ་ལྟར་ཆོས་དང་གང་ཟག་ཐ་སྙད་བདེན་པས་བསྡུས་པ་འདི་རྣམས་ལ་ཇི་སྐད་བཤད་པའི་རིགས་པ་གཉིས་ཀྱིས་བཙལ་བ་ན་བདེན་པའི་དངོས་པོ་གང་ཡང་མ་རྙེད་པ་འདི་ནི་ཆོས་ཀྱི་བདག་མེད་རགས་པར་རྟོགས་པ་ཞེས་བྱ་བར་འཇོག་སྟེ། སྤྲོས་པའི་མཐའ་བཞིའི་ནང་ནས་ཐོག་མར་བདེན་པ་བཀག་པའི་རིགས་པ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་བདེན་པར་མེད་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་སྟེ། སྤྲོས་པའི་མཐའ་ཕྱི་མ་རྣམས་འགོག་པའི་རིགས་པས་སྤྲོས་པའི་མཐའ་གང་ཡང་མ་རྙེད་པ་ནི་ཆོས་ཀྱི་བདག་མེད་ཕྲ་བར་རྟོགས་པ་ཞེས་བྱ་བར་འཇོག་སྟེ། མགོན་པོ་བྱམས་པས། བདེན་པ་བཀག་ནས་བཏགས་ཡོད་ཀྱི་དངོས་པོ་ལ་མངོན་པར་ཞེན་པ་ལ་ཆགས་པ་ཕྲ་མོར་གསུངས་པ་ལས་ཤེས་སོ། །བདེན་པ་ཙམ་དུ་མངོན་པར་ཞེན་པ་ཉན་རང་གི་དགག་བྱ་མ་ཡིན་ཡང་ཐེག་པ་ཆེན་པོར་ནི། སློབ་དཔོན་ཟླ་བས་ཆོས་ཀྱི་བདག་མེད་གསལ་བ་དང་། རྒྱས་པ་དང་། ཚང་བར་རྟོགས་དགོས་པར་གསུངས་པ་ནི་སྤྲོས་པའི་མཐའ་ཕྱི་མ་མཐའ་དག་བཀག་པ་ལ་དགོངས་ཏེ། གཞན་དུ་ན་ཉན་རང་གིས་རྟོགས་པའི་ཆོས་ཀྱི་བདག་མེད་དང་། ཐེག་པ་ཆེན་པོས་རྟོགས་པའི་ཆོས་ཀྱི་བདག་མེད་ལ་གསལ་མི་གསལ་དང་། ཚང་མ་ཚང་གི་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །དེའང་འདོད་ན། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་པའི་འགྲེལ་པའི་ཐད་དུ་ཆོས་ཀྱི་བདག་མེད་གསལ་བ་དང་རྒྱས་པ་དང་། ཚང་བར་རྟོགས་པའི་སྒོ་ནས་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པར་གསུངས་པ་དང་། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར། །ཞེས་པའི་འགྲེལ་པར། ཉན་རང་ལ་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་གྱི་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ཀྱི་ཆོས་ཀྱི་བདག་མེད་མཐའ་དག་རྟོགས་པ་མེད་ཅིང་། བྱང་ཆུབ་སེམས་དཔའ་ལ་ཆོས་ཀྱི་བདག་མེད་མཐའ་དག་རྟོགས་པ་ཡོད་པར་གསུངས་པ་དང་འགལ་ལོ། །དེ་ནས་ཉན་རང་གི་བྱང་ཆུབ་འདོད་པས་གང་ཟག་གི་བདག་མེད་ཚང་བར་རྟོགས་དགོས་ཤིང་། དེ་ལ་གང་ཟག་ཏུ་གདགས་པའི་རྒྱུ་ཕུང་པོ་བདེན་མེད་དུ་རྟོགས་དགོས་པས། དེ་ལྟ་བུའི་བདག་མེད་གཉིས་ཀ་རྟོགས་པའི་མཉམ་གཞག་གི་ལྟ་བ་དང་། དེས་དྲངས་པའི་རྗེས་ཐོབ་ཀྱི་ཆོས་དང་གང་ཟག་བཏགས་ཡོད་ཙམ་དུ་ཤེས་པའི་སྒོ་ནས་རང་རང་གི་ཚོགས་ལ་འབད་པ་དང་བྱང་ཆུབ་སེམས་དཔས་ནི་བློས་འདིའོ་སྙམ་དུ་མངོན་པར་ཞེན་པའི་ཡུལ་དུ་གྱུར་པའི་སྤྲོས་པ་མ་ལུས་པ་བཀག་པའི་མཉམ་གཞག་གི་ལྟ་བ་དང་། དེས་དྲངས་པའི་རྗེས་ཐོབ་ཀྱི་ཆོས་ཅན་ཇི་སྙེད་པའི་དངོས་པོ་ཐམས་ཅད་བཏགས་ཡོད་དུ་ཤེས་པའི་སྒོ་ནས་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་ལ་འབད་དགོས་པས་ན་ཐེག་པ་གསུམ་ཆར་གྱི་བྱང་ཆུབ་འདོད་པས་ངེས་པའི་དོན་གྱི་བཀའ་དང་བསྟན་བཅོས་ནས་གསུངས་པའི་དབུ་མའི་ལྟ་བ་འདི་ཉིད་བློ་ཡུལ་དུ་ངེས་པར་བྱ་དགོས་པ་ནི་གནད་ཀྱི་གདམས་པའོ། །གཞི་དབུ་མ་བདེན་གཉིས་ཟུང་འཇུག་ལེགས་པར་བཤད་ཟིན་ཏོ།། ༈ །།དེ་ལྟར་ཆོས་རྣམས་ཀྱི་རང་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བཞིན་གྱི་མྱ་ངན་ལས་འདས་པ་ཐོས་བསམ་གྱི་གཏན་ལ་ཕབ་ནས་ངེས་པའི་ཤེས་པ་སྐྱེས་ཀྱང་བསྒོམས་པས་ཉམས་སུ་མ་བླངས་ན་དེ་མངོན་དུ་མི་འགྱུར་བས་དེ་མངོན་དུ་འགྱུར་བའི་ཐབས་ལམ་དབུ་མ་བཤད་པར་བྱའོ། །འདི་ལ་གསུམ་སྟེ། གཞན་གྱིས་བརྟགས་པའི་ལམ་དགག་པ་རང་གི་ལམ་ངོས་གཟུང་བ། དེའི་ཉམས་ལེན་ཞིབ་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། ལམ་ལོག་པ་དགག་པ། ལམ་ཐ་དད་པ་དགག་པ། ལམ་མ་ཚང་བ་དགག་པའོ། །དང་པོ་ནི། འདིར་ལམ་ཞེས་བྱ་བ་འཁོར་བའི་རྒྱུ་འཁྲུལ་པ་མཐའ་དག་སྤངས་ནས་མྱ་ངན་ལས་འདས་པའི་སར་བགྲོད་པར་བྱེད་པ་ཞིག་ལ་འཇོག་པས་ཕྱི་རོལ་པས་ཀུན་ཏུ་བརྟགས་པའི་དེ་ཉིད་ཉི་ཤུ་རྩ་ལྔ་ཤེས་པ་དང་། འཇུག་ངོགས་ཀྱི་ཁྲུས་དང་། དབང་ཕྱུག་གི་དབང་བསྐུར་དང་། ཁྱི་དང་བ་ལང་གི་བརྟུལ་ཞུགས་དང་། མེ་ལྔ་བསྟེན་པ་དང་། གཅེར་བུར་གནས་པ་ལ་སོགས་པའི་དཀའ་ཐུབ་དང་། དབང་སོགས་སྡུག་བསྔལ་དུ་བསྒོམ་པ་ལ་སོགས་པ་ཐམས་ཅད་ནི་ཐར་བའི་ལམ་ཉིད་མ་ཡིན་ཏེ། འཁོར་བའི་རྒྱུ་དང་མི་འགལ་བའི་ཕྱིར་དང་། ལོག་ལྟས་ཀུན་ནས་བསླངས་པའི་ཕྱིར་བདག་ཏུ་ལྟ་བ་བཞིན། ལུང་ལས་ཀྱང་། ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་སོ། །གཉིས་པ་ནི། རང་གི་སྡེ་པ་དངོས་པོར་སྨྲ་བ་དག་རང་རང་གི་བློས་རྣམ་པར་བརྟགས་པའི་གྲུབ་པའི་མཐའ་དེ་ཉིད་ལ་བྱང་ཆུབ་གསུམ་འཐོབ་པར་བྱེད་པའི་ལམ་ཡོངས་སུ་རྫོགས་པ་གནས་པར་འདོད་དོ། །འདི་ཡང་ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་པར་ཐམས་ཅད་ལ་སྣང་བའི་མདོ་ལས་གསུངས་པ་ལྟར། དབུ་མའི་ལྟ་བ་ལ་བློ་སྦྱོང་བའི་ཐབས་སུ་འདོད་ན་ཐམས་ཅད་ཀྱང་ལམ་དུ་འགལ་བ་མེད་དེ་རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་བློ་དང་འཚམ་པར་བསྟན་པའི་ཕྱིར་རོ། །ངེས་པའི་དོན་དུ་འདོད་ན་ནི་མི་འཐད་དེ་ཉེར་ལེན་གྱི་ཕུང་པོ་བདེན་པའི་སྐྱེ་མེད་དུ་གཏན་ལ་ཕབ་པའི་དོན་སྒོམ་པ་མེད་པས་གང་ཟག་གི་བདག་མེད་རྟོགས་པར་མི་འགྱུར་ལ། དེ་མ་རྟོགས་པར་འཁོར་བའི་རྩ་བ་སྤོང་མི་ནུས་པའི་ཕྱིར་རོ། །ཉན་ཐོས་སྡེ་གཉིས་ཀྱི་གྲུབ་པའི་མཐའ་ལས་ནི་སྡེ་པ་རང་གི་ལུགས་ཀྱི་ཐེག་ཆེན་སེམས་བསྐྱེད་སོགས་བཤད་ཀྱང་རྫོགས་པའི་སངས་རྒྱས་སྒྲུབ་ནུས་ཀྱི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་། སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་ཡོངས་སུ་བསྔོ་བ་ཁྱད་པར་ཅན་མ་བཤད་པས་སྤྱོད་པའི་སྒོ་ནས་ཀྱང་རྫོགས་པའི་སངས་རྒྱས་སྒྲུབ་པར་མི་ནུས་ཏེ། ཀླུ་སྒྲུབ་ཀྱིས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སེམས་བསྐྱེད་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །ཐེག་པ་ཆེན་པོ་ག་ལ་འགྱུར། །ཞེས་གསུངས་པ་ལྟར་རོ། །སེམས་ཙམ་པའི་གཞུང་ལས་བཤད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། དབུ་མའི་ལྟ་བ་སྦྱར་ནས་ཉམས་སུ་བླངས་ན་རྫོགས་པའི་སངས་རྒྱས་སྒྲུབ་ནུས་པར་དམ་པ་དག་བཞེད་དེ། ས་པཎ་གྱི་ཞལ་ནས། ཕལ་ཆེར་ལྟ་བ་དབུ་མའི་ཚུལ། །འཕགས་པ་ཀླུ་སྒྲུབ་ལུགས་རྗེས་འབྲང་། །སྤྱོད་པ་སེམས་ཙམ་སྨྲ་བའི་གཞུང་། །ཐོགས་མེད་བཞེད་པའི་སེམས་བསྐྱེད་མཛད། །འདི་ནི་ལྟ་སྤྱོད་མ་འཁྲུལ་ཅིང་། །ཕན་ཚུན་ཐུན་ཚགས་མ་ཡིན་པ། །ཇི་སྐད་བཤད་བཞིན་ཉམས་ལེན་པ། །རྫོགས་པའི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་སོ། །འདིས་ཀྱང་དབུ་མའི་ལྟ་བ་མེད་ན་བྱང་ཆུབ་གསུམ་པོ་སྒྲུབ་མི་ནུས་པ་ནི་སྔར་བཤད་པ་ལྟར་རོ། །གསུམ་པ་ནི། གངས་རིའི་ཁྲོད་འདིར་ཐེག་པ་ཆེན་པོར་རློམ་པ་དག དཀར་པོ་ཆིག་ཐུབ་ཅེས་བྱ་བ་སྟོང་ཉིད་ཁོ་ནར་བསྒོམས་པས་ཐམས་ཅད་མཁྱེན་པ་སྒྲུབ་པར་འདོད་པ་ལ་ནི་མཁས་པ་ཀ་མ་ལ་ཤཱི་ལ་དང་། དཔལ་ལྡན་ས་སྐྱ་པཎྜི་ཏ་ལ་སོགས་པ་དོན་མ་འཁྲུལ་བར་གཟིགས་པ་རྣམས་ཀྱིས་ཐབས་ཀྱི་ཆ་མ་ཚང་བས་རྫོགས་པའི་སངས་རྒྱས་སྒྲུབ་པར་མི་ནུས་སོ། །ཞེས་ལུང་དང་རིགས་པ་དུ་མའི་སྒོ་ནས་སུན་ཕྱུང་ཟིན་པས་འདིར་འབད་པ་མ་བྱས་སོ། །གཞན་ཡང་ཆོས་དབྱིངས་བདེན་གྲུབ་ཏུ་ལྟ་བ་སེམས་ཙམ་པ་དང་ཚུལ་མཚུངས་པ་དང་། སྟོང་ཉིད་མེད་དགག་ལ་མངོན་པར་ཞེན་པ་ལྟ་བའི་གཙོ་བོར་འདོད་པ་དང་། དབང་དང་རིམ་གཉིས་ལས་མ་བྱུང་བའི་ཕྱག་ཆེན་འདོད་པ་སོགས་མང་དུ་སྣང་མོད་ཀྱི། སྔར་གཞི་དབུ་མའི་སྐབས་སུའང་དཔྱད་ཟིན་ཅིང་འགའ་ཞིག་ནི་སྡོམ་གསུམ་ཁ་སྐོང་དུའང་དགག་པར་བཤད་ཟིན་ཏོ། །གཉིས་པ་རང་གི་ལམ་ངོས་གཟུང་བ་ནི་མགོན་པོ་བྱམས་པས་མངོན་པར་རྟོགས་པའི་རྒྱན་ལས། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་སྦྱོར་བཞིས་ཉམས་སུ་བླངས་པ་ལས་འབྲས་བུ་ཆོས་སྐུ་སྐུ་གསུམ་གྱིས་བསྡུས་པ་འབྱུང་བའི་ལམ་གྱི་རྣམ་གཞག་གསུངས་པ་དང་། མདོ་སྡེ་རྒྱན་དུ། རིགས་དང་ཆོས་ལ་མོས་པ་དང་། །དེ་བཞིན་སེམས་ནི་བསྐྱེད་པ་དང་། །སྦྱིན་ལ་སོགས་པ་བསྒྲུབ་པ་དང་། །སྐྱོན་མེད་པ་ལ་འཇུག་ཉིད་དང་། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང་། །ཞིང་ནི་རྣམ་པར་སྦྱོང་བ་དང་། །མི་གནས་མྱ་ངན་འདས་པ་དང་། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་ལམ་དང་འབྲས་བུའི་རྣམ་གཞག་བཅུ་གསུངས་ཤིང་། དེ་ཉིད་དབུས་མཐར། མ་ཚང་མེད་དང་མི་སྤོང་དང་། །ཞེས་སོགས་ཀྱི་སྟོན་པ་དང་། ཡང་གཞུང་དེ་ཉིད་ལས། སྒྲུབ་པ་བླ་ན་མེད་པ་དང་། དམིགས་པ་བླ་ན་མེད་པ་དང་། ཡང་དག་འགྲུབ་པ་བླ་ན་མེད་པ་གསུམ་གྱི་ཐེག་པ་ཆེན་པོའི་ལམ་མཐའ་དག་བསྡུས་པར་གསུངས་པ་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་དུ་དམིགས་པ་ཆོས་ཐམས་ཅད་དང་། གསུང་རབ་ཡན་ལག་བཅུ་གཉིས་གཏན་ལ་ཕབ་ནས་ངེས་པར་འབྱེད་པ་དང་། རེག་པ་དང་། རྗེས་སུ་དྲན་པ་དང་། དེའི་བདག་ཉིད་དུ་སོན་པའི་ལམ་བགྲོད་ཚུལ་གསུངས་པ་དང་། རྒྱུད་བླར་ཐེག་ཆེན་གྱི་ཆོས་ལ་མོས་པ་དང་། བདག་མེད་རྟོགས་པའི་ཤེས་རབ་དང་། བསམ་གཏན་དང་། སྙིང་རྗེ་དང་བཞི་ཉམས་སུ་བླངས་པས་ས་དང་པོའི་རྒྱལ་བའི་སྲས་འབྱུང་བའི་ལམ་གསུངས་པ་རྣམས་ནི་བྱམས་ཆོས་ནས་འབྱུང་བའི་ལམ་གྱི་རྣམ་བཞག་གོ །previous hit མགོནཔོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། གང་ཞིག་བདག་དང་གཞན་རྣམས་ནི། །བླ་མེད་བྱང next hit་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་ཆོས་གསུམ་གྱི་ཐེག་པ་ཆེན་པོའི་ཉམས་ལེན་ཐམས་ཅད་བསྡུས་པར་གསུངས་ཤིང་། དེ་ཉིད་དཔལ་ལྡན་ཟླ་བས། སོ་སྐྱེའི་གནས་སྐབས་སུ་ཆོས་གསུམ་ཉམས་སུ་བླངས་པས་ས་དང་པོར་བྱང་ཆུབ་སེམས་དཔའི་གནས་སྐབས་ཐོབ་ལ། དེ་ནས་ས་བཅུའི་མཉམ་གཞག་ངོ་བོ་ལ་ཁྱད་པར་མེད་ཀྱང་སྤང་བྱ་སྤོང་བའི་ནུས་པ་སོགས་དང་། རྗེས་ཐོབ་ཏུ་ཕར་ཕྱིན་ལ་གཙོ་བོར་སྤྱོད་པའི་ཁྱད་པར་གྱིས་འཕགས་པའི་ལམ་ཐམས་ཅད་བགྲོད་པར་བྱས་ནས་སངས་རྒྱས་ཀྱི་གནས་སྐབས་ཐོབ་པའི་རྣམ་གཞག་གསུངས་སོ། །ཆོས་གསུམ་ཉམས་སུ་ལེན་པའི་གོ་རིམ་ལ། དབུ་མ་རྒྱན་ལས། དབང་པོ་རྣོ་རྟུལ་གྱི་འཇུག་ཚུལ་གཉིས་གསུངས་པ་དང་མཐུན་པར་ཐོག་མར་གཉིས་སུ་མེད་པའི་ཡེ་ཤེས་གཏན་ལ་ཕབ་ནས་དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་དེ། དེའི་འོག་ཏུ་སེམས་བསྐྱེད་པ་ལ་འཇུག་པའི་ཚུལ་དང་། ཡང་ཐོག་མར་སེམས་ཅན་ཐམས་ཅད་མར་ཤེས་ནས་ཕན་པར་སྒྲུབ་པར་འདོད་པའི་བྱམས་པས་ཀུན་ནས་སློང་བའི་སྙིང་རྗེ་བསྐྱེད་དེ། སེམས་བསྐྱེད་ནས་དེའི་འོག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་གཏན་ལ་ཕབ་པའི་ཚུལ་གཉིས་ཡོད་པར་དམ་པ་གོང་མ་དག་བཞེད་པ་ལྟར་དོན་ལའང་གནས་སོ། །རྨ་བྱས་འདི་གཉིས་ལ་མཁས་པ་པཎྜི་ཏའི་འཇུག་ཚུལ་དང་། རྣལ་འབྱོར་ཀུ་ས་ལི་པའི་འཇུག་ཚུལ་ཞེས་པའི་ཐ་སྙད་ཀྱང་མཛད་དོ། །ཡང་རིན་ཆེན་ཕྲེང་བར། ཐེག་པ་ཆེན་པོ་འདི་ལ་ནི། །སྙིང་རྗེ་སྔོན་བཏང་སྤྱོད་པ་དང་། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་གསུངས་པའང་སྔ་མའི་དོན་ཡིན་ཞིང་། དེ་ཉིད་སྤྱོད་འཇུག་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པར་གསུངས་པ་དང་ཡང་གནད་འདྲའོ། །མདོར་བསྡུས་ན། རིགས་པ་དྲུག་ཅུ་པར། བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །ཞེས་ཚོགས་གཉིས་སུ་འདུས་པར་གསུངས་པ་ནི་ལམ་དབུ་མའི་ངོ་བོའོ། །གསུམ་པ་དེའི་ཉམས་ལེན་ཞིབ་ཏུ་བཤད་པ་ནི་དམ་པ་གོང་མ་དག་ལ་བརྒྱུད་པའི་བཀའ་སྲོལ་མང་དུ་སྣང་ཡང་འདིར་ཉམས་ལེན་གདམས་པའི་བཀའ་བབས་པ་ཇོ་བོ་རྗེ་ལྷ་གཅིག་གིས་བཞེད་པ་ལྟར་བཤད་པ་ལ་གསུམ་སྟེ། རྟེན་ལ་སྐྱབས་སུ་འགྲོ་བ་དང་། ལམ་རྗེས་སུ་བསྒྲུབ་པ་དང་། ལམ་དེས་ངེས་པར་འབྱུང་བའི་ཚུལ་ལོ། །དང་པོ་ལའང་གང་གིས་གང་ལ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་གསུམ་ལས། གང་ཟག་གང་གིས་སྐྱབས་སུ་འགྲོ་བ་ནི་ཐེག་པ་ཆེན་པོའི་རིགས་སད་པའི་གང་ཟག་གིས་སོ། །རྒྱུ་མཚན་གང་གིས་སྐྱབས་སུ་འགྲོ་བ་ནི། གཞན་དོན་དུ་སངས་རྒྱ་བའི་ཐབས་ཚོལ་བའི་བསམ་པ་སྟེ། བདག་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་ནས་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་དེ་དག་ལས་བསྒྲལ་བར་བྱ་དགོས་ལ། དེ་ལྟར་ནུས་པའང་རྫོགས་པའི་སངས་རྒྱས་ལས་གཞན་མེད་པས་དེ་ལ་སྐྱབས་འཆའ་སྙམ་པ་དང་། དེའི་དོན་ཡང་དེའི་གོ་འཕང་ཐོབ་པ་ཡིན་པར་ཤེས་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ། འདི་ནི་དེ་དངོས་འདོད་པས་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་འབྱུང་བ་ལྟར་རོ། །རྒྱུ་དེས་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི་ཐོབ་བྱ་འབྲས་བུའི་སྐྱབས་འགྲོ། ཡུལ་བདག་གཞན་གྱི་དོན་ཡོངས་སུ་རྫོགས་པ་མཐར་ཐུག་གི་དཀོན་མཆོག་གསུམ་རང་རྒྱུད་ལ་འབྱུང་བ་དང་། བརྟེན་པ་རྒྱུའི་སྐྱབས་འགྲོ་ཡུལ་སངས་རྒྱས་གཞན་རྒྱུད་ལ་གྲུབ་ཟིན་པ་དང་། ཐེག་པ་ཆེན་པོའི་ཆོས་འགོག་ལམ་གྱིས་བསྡུས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་བརྟེན་པའོ། །རྒྱུ་དེས་ཡུལ་གང་ལ་ཚུལ་ཇི་ལྟར་སྐྱབས་སུ་འགྲོ་བ་ནི་སྦྱོར་དངོས་རྗེས་གསུམ་གྱི་ཆོ་གའི་སྒོ་ནས་བྱང་ཆུབ་སྙིང་པོའི་བར་དུ་གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་ལ་ལམ་སྟོན་པ་དང་། ལམ་དངོས་དང་། ལམ་སྒྲུབ་པའི་ཟླ་གྲོགས་ཞུས་ནས། རང་རྒྱུད་ལ་འབྱུང་བའི་དཀོན་མཆོག་གསུམ་སྒྲུབ་པར་ཁས་བླངས་པའོ། །དེ་དག་གི་བསླབ་བྱ་ལ་ཐུན་མོང་གི་བསླབ་བྱ་ཅི་ཟ་བའི་ཕུད་ཀྱིས་མཆོད་པ་ལ་བརྩོན་པ་དང་། ཡོན་ཏན་དྲན་པས་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བ་དང་། བྱ་དགའ་དང་སྲོག་གི་ཕྱིར་ཡང་སྐྱབས་འགྲོ་མི་གཏོང་བ་གསུམ་དང་། སོ་སོའི་བསླབ་བྱ་ལྷ་གཞན་ལ་ཕྱག་མི་འཚལ་བ་དང་། སེམས་ཅན་ལ་འཚེ་བ་མི་བྱ་བ་དང་། གྲོགས་མུ་སྟེགས་ཅན་མི་བསྟེན་པ་གསུམ་དང་། སངས་རྒྱས་པ་ཙམ་གྱི་བསླབ་བྱ་དོ་གལ་ཅི་བྱུང་ཡང་ཐབས་གཞན་མི་བཙལ་བ་དང་། ཕྱོགས་གང་དུ་འགྲོ་བའི་སངས་རྒྱས་ལ་ཕྱག་འཚལ་བ་སྟེ། དེ་ལྟར་བརྒྱད་ལ་བསླབ་ཅེས་གསུངས་སོ། །དེ་ལྟར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་ནས་སྤྱི་དོན་གཉིས་པ་ཐེག་པ་ཆེན་པོའི་ལམ་རྗེས་སུ་བསྒྲུབ་པ་ལ་གཉིས་ཏེ། རྫོགས་པའི་སངས་རྒྱས་ཀྱི་རྒྱུ་ཉིད་ངོས་གཟུང་བ་དང་། དེ་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་ལ་གསུམ་སྟེ། མཚན་ཉིད་ངོས་གཟུང་བ་དང་། དེའི་རང་བཞིན་བཤད་པ་དང་། དེའི་རྣམ་གྲངས་བསྟན་པའོ། །དང་པོ་ནི་བདེན་པ་གཉིས་ཀྱི་ཆོས་དང་། སེམས་ཅན་དང་སངས་རྒྱས་ལ་དམིགས་པའི་བསམ་པ་དང་། སྦྱོར་བ་དང་ཡོངས་སུ་བསྔོ་བ་གསུམ་ཡིན་ནོ། །གཉིས་པ་ལ་གསུམ་ལས། བསམ་པ་ནི་འདིར་དམིགས་པ་མེད་པའི་སྙིང་རྗེས་ཀུན་ནས་བསླངས་པའི་འབྲས་བུ་ལ་སྨོན་པའི་བྱང་ཆུབ་ཀྱི་སེམས་ཡིན་པས་དེའང་ངོ་བོ་དང་། རྒྱུ་དང་། འབྲས་བུ་གསུམ་གྱིས་ཤེས་པར་བྱའོ། །ངོ་བོ་ངོས་གཟུང་བ་ལའང་། མཚན་ཉིད་ནི་previous hit མགོནཔོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང next hit་ཆུབ་འདོད། །ཅེས་པ་ལྟར་ཁྱད་པར་གསུམ་ལྡན་ནོ། །དེའི་དབྱེ་བ་ལ་ངོ་བོའི་སྒོ་ནས་སྨོན་འཇུག་གཉིས། ཡུལ་གྱི་སྒོ་ནས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་ཕྲ་རགས་ཀྱི་སྒོ་ནས་བརྡ་ལས་བྱུང་བ་དང་། ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་གཉིས། ས་མཚམས་ཀྱི་སྒོ་ནས་མོས་པ་དང་། ལྷག་བསམ་རྣམ་པར་དག་པ་དང་། རྣམ་པར་སྨིན་པ་དང་། སྒྲིབ་པ་སྤངས་པའི་སེམས་བསྐྱེད་བཞི། ཆེ་བ་དཔེའི་སྒོ་ནས་ས་དང་གསེར་ལྟ་བུ་ལ་སོགས་པའི་ཉི་ཤུ་རྩ་གཉིས་ཡིན་ནོ། །གཉིས་པ་དེའི་རྒྱུ་ལ་འཐོབ་པའི་རྒྱུ་ནི་ཆགས་པའི་རྟེན་དང་། སྐྱེ་བའི་རྒྱུ་གཉིས་ཡིན་ནོ། །དང་པོ་ལ་ལུས་རྟེན་ནི་དབུ་མ་པ་ལྟར་ན་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་དང་། ཆོས་ཟབ་མོ་ཐོབ་པའི་སྟོབས་ཀྱིས་ལྷ་དང་ཀླུ་ལ་སོགས་པ་ལའང་སྐྱེ་བར་བཞེད་ལ། བསམ་པའི་རྟེན་ནི་སྐྱབས་འགྲོ་ཁྱད་པར་ཅན་ནོ། །གཉིས་པ་སྐྱེ་བའི་རྒྱུ་ནི་ཆོས་བཅུ་པའི་མདོ་ལས། དགེ་བའི་བཤེས་གཉེན་གྱིས་བསྐུལ་བ་དང་། སེམས་ཅན་སྡུག་བསྔལ་བར་མཐོང་བ་དང་། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་མཐོང་བ་དང་། སེམས་བསྐྱེད་ཀྱི་ཕན་ཡོན་མཐོང་བ་སྟེ་བཞི་ཡིན་པར་གསུངས་པ་དང་། དཀོན་མཆོག་སྒྲོན་མེའི་མདོ་ལས། རྒྱུ་དུ་མ་གསུངས་པ་ཐམས་ཅད་སློབ་དཔོན་ཐོགས་མེད་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ནས་རིགས་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་གྱིས་བསྐུལ་བ་དང་། སྙིང་རྗེ་ཆེ་བ་དང་། འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་སྟེ་རྒྱུ་བཞི་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་ལ་མོས་པ་དང་། ཐེག་པ་ཆེན་པོའི་སྡེ་སྣོད་ཐོས་པ་དང་། བྱང་ཆུབ་སེམས་དཔའི་ཆོས་ནུབ་ཏུ་ཉེ་བར་མཐོང་བ་དང་། སེམས་ཅན་ཉོན་མོངས་པ་མཐོང་བ་སྟེ། རྐྱེན་བཞི་དང་། རང་དང་གཞན་གྱིས་བསམ་པ་དང་སྦྱོར་བའི་སྟོབས་བཞི་སྟེ་བཅུ་གཉིས་སུ་གསུངས་ལ། ཇོ་བོ་ནི་རྒྱུ་ཁ་ཡར་བ་དང་བརྒྱུད་པའི་རྒྱུ་ཙམ་ནི་མཐའ་ཡས་ལ་ཚོགས་པ་ཚང་བ་དངོས་ཀྱི་རྒྱུ་ནི། ཆོས་བཅུ་པའི་མདོ་ལས་གསུངས་པའི་བཞི་པོ་ཁོ་ན་ལ་མཛད་གསུང་ངོ་། །གསུམ་པ་འབྲས་བུ་བསྟན་པ་ལ་གཉིས་ལས་ཐོབ་པ་ཕན་ཡོན་གྱི་འབྲས་བུ་ནི་གསུམ་དུ་འདུས་པ་ཡིན་ཏེ། མིང་དང་དོན་འཕོ་བས་རྟེན་ཁྱད་པར་དུ་འགྱུར་བ་དང་། དམ་པ་རྣམས་ཀྱིས་བསྟོད་པ་དང་། བསོད་ནམས་རྒྱ་ཆེན་པོ་ཐོབ་པའི་སྒོ་ནས་སྐྱེས་ཐོབ་ཀྱི་འབྲས་བུ་ངོ་མཚར་བ་དང་། འགྲོ་བའི་བཤེས་སུ་འགྱུར་བ་དང་། སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ་དང་། བདག་གི་དོན་ཐམས་ཅད་འགྲུབ་པའི་ཚུལ་གྱིས་གནས་སྐབས་ཀྱི་འབྲས་བུ་རྒྱ་ཆེ་བ་དང་། འབྲས་བུ་ལ་འདུན་པ་ཉིད་དང་། བསམ་པས་སྦྱོར་བ་ལ་འཇུག་པ་དང་། བསམ་སྦྱོར་གྱིས་ཚོགས་རྒྱ་ཆེན་པོ་གསོག་པའི་སྒོ་ནས་མཐར་ཐུག་གི་འབྲས་བུ་མྱུར་དུ་ཐོབ་པ་སྟེ། འབྲས་བུ་དེ་ཉིད་ལ་གཞུང་ལས་ཡིད་བཞིན་གྱི་ནོར་བུ་དང་། དུས་མཐའི་མེ་ལ་སོགས་པའི་དཔེའི་རྣམ་གྲངས་དུ་མས་བསྟན་པ་ཡིན་ནོ། །གཉིས་པ་ཉམས་པ་ཉེས་དམིགས་ཀྱི་འབྲས་བུའང་གསུམ་སྟེ། བསམ་པའི་སྟོབས་མེད་པས་སྦྱོར་བའི་བསོད་ནམས་རྒྱ་ཆེན་པོ་ལས་ཉམས་པ་དང་། ཐམས་ཅད་བསྒྲལ་བར་ཁས་བླངས་པ་ཉམས་པས་དམ་པ་རྣམས་ཀྱིས་སྨད་པ་དང་། ཉེས་པ་ལྕི་བས་ངན་འགྲོར་ལྟུང་བར་གསུངས་པའོ། །དེ་ལྟར་ངོ་བོ་དང་། རྒྱུ་དང་། འབྲས་བུ་གསུམ་གྱིས་བསམ་པ་བཤད་ཟིན་ཏོ། །གཉིས་པ་སྦྱོར་བ་ལ་ཁྱད་པར་ཅན་ནི་ཕ་རོལ་ཕྱིན་པ་དྲུག་སྟེ། འདི་ལ་ངོ་བོ་ངོས་གཟུང་བ་དང་། དེའི་ངེས་པར་བསམ་པ། འབྲས་བུ་བསྟན་པ་དང་གསུམ་གྱིས་ཤེས་པར་བྱའོ། །དང་པོ་ལ་སྦྱིན་པ་ནི། གཏོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་སྟེ། དབྱེ་ན་ཟང་ཟིང་དང་མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པ་གསུམ་མོ། །ཚུལ་ཁྲིམས་ནི་ཁ་ན་མ་ཐོ་བ་སྤོང་བའི་སེམས་པ་སྟེ། དབྱེ་ན་ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་མོ། །བཟོད་པ་ནི་སྲན་ཐུབ་པའི་སེམས་པ་སྟེ། དབྱེ་ན་གནོད་བྱེད་ཀྱིས་མི་འབྱེད་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་གསུམ་མོ། །བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའི་སེམས་པ་སྟེ། དབྱེ་ན་གོ་ཆ། སྦྱོར་བ། ཆོག་པར་མི་འཛིན་པའི་བརྩོན་འགྲུས་གསུམ་མོ། །བསམ་གཏན་ནི་དམིགས་པ་རྩེ་གཅིག་པ་སྟེ། དབྱེ་ན་མཐོང་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་མངོན་པར་བསྒྲུབ་པ་དང་། གཞན་གྱི་དོན་བྱེད་པའི་བསམ་གཏན་གསུམ་མོ། །ཤེས་རབ་ནི་དོན་དམ་ཤེས་པ་སྟེ། དབྱེ་ན་རྣམ་པར་མི་རྟོག་པའི་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པའི་ཤེས་རབ་གསུམ་མོ། །འདི་དག་ཀྱང་མི་མཐུན་ཕྱོགས་ཉམས་པ་སོགས་ཆོས་བཞི་དང་ལྡན་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་བར་མདོ་སྡེ་རྒྱན་ལས་གསུངས་སོ། །ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེ་ན། པཱ་ར་མི་ཏ་ཞེས་པ་དམ་པ་དང་། རབ་དང་། མཆོག་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་འཇུག་པས་དགེ་བའི་ཆོས་དམ་པ་དང་། རབ་དང་། མཆོག་ཀྱང་ཡིན་ལ། བགྲོད་པར་བྱེད་པའམ་བགྲོད་བྱ་མཐར་ཐུག་པས་ན་ཕྱིན་པ་ཞེས་བྱའོ། །དེ་ལ་དམ་པར་འཇོག་པ་ནི་ཀུན་བཏུས་ཀྱི་འགྲེལ་པ་ངོ་བོ་ཉིད་དང་། ཐབས་དང་། འབྲས་བུ་དམ་པ་གསུམ་དང་ལྡན་པར་བཤད་པ་དང་། དགོངས་འགྲེལ་ལས། མ་ཆགས་པ་དང་མི་ལྟ་བ་དང་། ཁ་ན་མ་ཐོ་བ་མེད་པ་དང་མི་རྟོག་པ་དང་། བསྔོ་བ་དམ་པ་སྟེ་ལྔ་དང་ལྡན་པར་བཤད་པ་དང་། ཐེག་བསྡུས་ལས། གནས་དང་དངོས་པོ་དང་ཆེད་དུ་བྱ་བ་དང་ཐབས་ལ་མཁས་པ་དང་། ཡོངས་སུ་བསྔོ་བ་རྣམ་པར་དག་པ་དམ་པ་སྟེ་དམ་པ་དྲུག་དང་ལྡན་པར་བཤད་པ་དང་། དབུས་མཐའ་ལས། རྒྱ་ཆེ་བ་དང་ཡུན་རིང་དང་། །ཆེད་དུ་བྱ་དང་མི་ཟད་དང་། །རྒྱུན་མི་ཆད་དང་ཚེགས་མེད་དང་། །དབང་འབྱོར་བ་དང་ཡོངས་གཟུང་དང་། །རྩོམ་དང་འཐོབ་དང་རྒྱུ་མཐུན་དང་། །འགྲུབ་པ་དམ་པར་འདོད་པ་ཡིན། །ཞེས་དམ་པ་བཅུ་གཉིས་དང་ལྡན་པར་བཤད་པ་དང་། གཞན་ཡང་གསེར་འོད་དམ་པའི་མདོ་ལས། དམ་པ་ཉི་ཤུ་དང་ལྡན་པ་སོགས་ཀྱང་བཤད་དོ། །གཉིས་པ་དེ་དག་གི་ངེས་པ་ལ་གྲངས་ངེས་པ་དང་། གོ་རིམ་ངེས་པ་དང་། ཕན་ཚུན་ངེས་པ་གསུམ་ལས། དང་པོ་ནི། རྒྱུད་བླར་སངས་རྒྱས་བསྒྲུབ་པ་ལ་རི་མོ་མཁན་གྱིས་དཔེས་ངེས་པའི་ཚུལ་བཤད་པ་དང་། མདོ་སྡེ་རྒྱན་དུ། མངོན་མཐོ་དང་ངེས་ལེགས་བསྒྲུབ་པ་ལ་དྲུག་ཏུ་ངེས་པ་སོགས་ཚུལ་ལྔ་བཤད་དེ་དེ་དག་ཏུ་བལྟ་བར་བྱའོ། །གཉིས་པ་ནི། སྔ་མ་ལས་ཕྱི་མ་འབྱུང་བ་རྒྱུ་འབྲས་དོན་གྱི་རིམ་པ་དང་། རྟོགས་སླ་བ་དང་དཀའ་བ་རགས་པ་དང་ཕྲ་བའི་རིམ་པ་དང་། དམན་པ་དང་མཆོག་གི་རིམ་པ་གསུམ་མོ། །གསུམ་པ་ནི་འདི་དག་རེ་རེའི་ནང་དུ་དྲུག་དྲུག་ཚང་བ་ངོ་བོ་ཉིད་ཀྱིས་ངེས་པ་དང་། རེ་རེ་བྱེད་པ་ལ་དྲུག་ཅར་ཚང་བས་སྦྱོར་བ་ལ་ངེས་པ་དང་། རེ་རེ་བྱས་པས་དྲུག་ཅར་སྐྱེ་བས་རྒྱུ་མཚན་གྱིས་ངེས་པ་ཡིན་ནོ། །གསུམ་པ་འབྲས་བུ་ལ་སོ་སོའི་འབྲས་བུ་དང་། ཐུན་མོང་གི་འབྲས་བུ་གཉིས་ལས། དང་པོ་ལ་རེ་རེ་ལའང་འབྲས་བུ་ལྔ་ལྔ་སྟེ། སྐྱེས་བུ་བྱེད་པའི་འབྲས་བུ་བདག་གཞན་ལ་ཕན་པ་དང་། བདག་པོའི་འབྲས་བུ་བསོད་ནམས་འབྱུང་བ་དང་། བྲལ་བའི་འབྲས་བུ་སེར་སྣ་ལ་སོགས་པའི་མི་མཐུན་པའི་ཕྱོགས་སྤོང་པ་དང་། རྣམ་སྨིན་གྱི་འབྲས་བུ་ལོངས་སྤྱོད་སོགས། རྒྱུ་མཐུན་གྱི་འབྲས་བུ་གཏོང་བ་སོགས་སྔོན་གྱི་ལས་དེ་བྱེད་པར་འགྱུར་བའོ། །ཐུན་མོང་གི་འབྲས་བུ་ནི་ཐམས་ཅད་ཀྱང་ཡོངས་སུ་བསྔོ་བས་བསྒྱུར་ན་རྒྱ་མཚོ་ཆེན་པོའི་ཆུ་ལྟར་རྫོགས་པའི་བྱང་ཆུབ་ཉིད་དུ་རོ་གཅིག་ཏུ་འགྱུར་བའོ། །གསུམ་པ་ཡོངས་སུ་བསྔོ་བ་ནི་བསགས་པའི་དགེ་བ་འདོད་པའི་དོན་དུ་བསྒྱུར་བ་སྟེ། དེ་ལའང་བཞི་ལས། བསྔོ་བྱའི་དངོས་པོ་ནི་ཚོགས་གཉིས་ཀྱིས་བསྡུས་པའི་དགེ་བ་སྔར་བྱས་པ་ཐམས་ཅད་དང་། ད་ལྟ་བྱེད་བཞིན་པ་དང་། མ་འོངས་པ་ན་བྱ་བར་བསམ་པ་ཐམས་ཅད་བློས་བསྡུས་ནས་སོ། །བསྔོ་བྱེད་ཀྱི་བློ་ནི་བསྔོ་བའི་གནས་ཇི་ལྟ་བ་ཤེས་པའི་ཤེས་རབ་དང་སེམས་པ་དང་འདུན་པ་མཚུངས་ལྡན་དང་བཅས་པའོ། །གང་དུ་བསྔོ་བའི་གནས་ནི་སེམས་ཅན་ཐམས་ཅད་བསྒྲལ་བའི་ཆེད་དུ་རང་གཞན་གྱི་དོན་ཡོངས་སུ་རྫོགས་པ་རྫོགས་པའི་སངས་རྒྱས་ཀྱི་སའོ། །ཇི་ལྟར་བསྔོ་བའི་ཚུལ་ནི། དཀོན་མཆོག་གི་རྟེན་དངོས་སུ་བཞུགས་པའམ་ཡིད་ཀྱིས་བསམ་པའི་དྲུང་དུ་ཕྱག་དང་མཆོད་པ་སོགས་ཡན་ལག་དང་པོ་དྲུག་སྔོན་དུ་བཏང་ནས་སྨོན་ལམ་ཆེན་པོ་འབུམ་ཕྲག་གྲངས་མེད་བཅུ་འདུས་པ་བཟང་པོ་སྤྱོད་པའི་སྨོན་ལམ། དེ་ཐམས་ཅད་འདུས་པ་སྨོན་ལམ་ཆེན་པོ་བཅུའམ། གཞན་ཡང་བཀའ་དང་བསྟན་བཅོས་ཀྱི་ཚིག་དྲི་མ་མེད་པ་བརྗོད་པའི་སྒོ་ནས་བསྔོ་བར་བྱའོ། །དེའང་དགེ་བ་བྱེད་པ་ཉིད་ནས་སྣང་ལ་རང་བཞིན་མེད་པར་ཤེས་པ་རྨི་ལམ་ལྟ་བུའི་བློས་ཟིན་པའམ། བསྔོས་ཟིན་པའི་རྗེས་སུ་ཡང་བསྔོ་བྱ་བསྔོ་བྱེད་སོགས་ཐམས་ཅད་མི་དམིགས་པ་ནམ་མཁའ་ལྟ་བུར་ཤེས་པའི་བློས་ཟིན་ན་བསྔོ་བ་རྣམ་དག་ཏུ་འགྱུར་བ་ཡིན་ནོ། །གསུམ་པ་དེའི་རྣམ་གྲངས་བསྟན་པ་ནི་དེ་ལྟར་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་སྦྱོར་བ་ཕ་རོལ་ཕྱིན་པ་དྲུག་ལྡན་དང་། རྗེས་ཡོངས་སུ་བསྔོ་བ་གསུམ་གྱིས་ཐེག་པ་ཆེན་པོའི་ལམ་མཐའ་དག་བསྡུས་པར་ཇོ་བོ་རྗེས་བཞེད་ལ། དེ་ཉིད་གཞུང་དག་ལས་དགོས་པའི་དབང་གིས་ལྡོག་པ་ཐ་དད་པའི་ཚུལ་གྱིས་རྣམ་གྲངས་གཞན་གྱིས་བསྟན་པ་ནི། རྣམ་བཤད་རིགས་པར་ཚངས་པར་སྤྱོད་པ་ཞེས་པའི་ཚངས་པ་ནི་མྱ་ངན་ལས་འདས་པ་དང་། དེའི་ཆེད་དུ་སྤྱོད་པ་ནི་ལྷག་པའི་ཚུལ་ཁྲིམས་དང་སེམས་དང་། ཤེས་རབ་ཀྱི་བསླབ་པ་གསུམ་ཡིན་པར་གསུངས་པ་ལས་འདིར་ནི་ཐེག་པ་ཆེན་པོའི་བསླབ་པ་གསུམ་མོ། །ཡང་རྣམ་གྲངས་ཀྱིས་ཐབས་དང་ཤེས་རབ་གཉིས་སུའང་བསྟན་ཏེ། མདོ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་མདོར་བསྡུས་པ་ནི་གཉིས་ཡིན་ཏེ་ཐབས་དང་ཤེས་རབ་བོ་ཞེས་འབྱུང་བས་སོ། །དེ་དག་གི་ངོ་བོ་ཡང་མདོ་ལས། སྙིང་རྗེས་སེམས་ཅན་དོན་བྱེད་པ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །འཁོར་གསུམ་རྣམ་པར་མི་རྟོག་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །ཞེས་གསུངས་པས་སོ། །ཡང་བསླབ་བཏུས་ལས། རྣམ་གྲངས་གཞན་གྱིས་ཆོས་བཅུ་གཉིས་སུའང་བསྟན་ཏེ། གཞི་བདག་གི་ལུས་དང་ལོངས་སྤྱོད་དང་དགེ་བ་གསུམ་ལ་གཏོང་བ་དང་། བསྲུང་བ་དང་དག་པ་དང་སྤེལ་བའི་བྱ་བ་བཞི་བཞི་སྦྱར་ནས་བསྟན་པའི་ཕྱིར་རོ། །བྱམས་པ་སེང་གེ་སྒྲའི་མདོ་ལས། རྫོགས་པའི་བྱང་ཆུབ་མྱུར་དུ་བསྒྲུབ་པ་ལ་གཞན་གྱི་དྲིང་མི་འཇོག་པའི་ཆོས་རྣམ་པ་བརྒྱད་ཀྱི་སྒོ་ནས་བསྟན་ཏེ། བསམ་པ་དང་སྦྱོར་བ་དང་སྦྱིན་པ་དང་བསྔོ་བ་དང་བྱམས་པ་དང་སྙིང་རྗེ་དང་ཐབས་དང་ཤེས་རབ་བོ་ཞེས་པས་སོ། །མདོ་སྡེ་ཐམས་ཅད་ཀྱི་དགོངས་པ་ལམ་དང་འཇུག་པ་བདེ་བས་སངས་རྒྱས་པའི་ཆོས་བདུན་གྱི་སྒོ་ནས་བསྟན་ཏེ། ཕྱག་དང་མཆོད་པ་དང་སྡིག་པ་བཤགས་པ་དང་དགེ་བ་ལ་ཡི་རང་བ་དང་བསྐུལ་བ་དང་གསོལ་བ་གདབ་པ་དང་སྨོན་ལམ་བདུན་དུ་གསུངས་པས་སོ། །གཞན་ཡང་ཡེ་ཤེས་ཕྱག་རྒྱའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོག་ཏུ་སྤྱི་བོར་ཕྱིན་པའི་ཆོས་བཞི་ལ་སོགས་པ་རྣམ་གྲངས་མང་པོའི་སྒོ་ནས་གསུངས་པར་ཤེས་པར་བྱའོ། །གཉིས་པ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ལམ་དེ་ཇི་ལྟར་བསྒྲུབ་པའི་ཚུལ་ལ་གསུམ་སྟེ། ཐེག་པ་ཆེན་པོའི་བསམ་པ་སྦྱོང་བ་དང་། སྦྱོར་བ་ཚོགས་བསགས་པ་དང་། བསམ་པ་དང་སྦྱོར་བའི་གེགས་བསལ་བའོ། །དང་པོ་ལ་གསུམ་སྟེ། བསམ་པ་དེ་ཡང་དག་པར་བླང་བ་དང་། བླངས་ནས་བསླབ་པར་བྱ་བ་དང་། ཉེས་པ་ཕྱིར་བཅོས་པའི་ཐབས་སོ། །དང་པོ་ལ་གསུམ་སྟེ། བླང་བའི་འདུན་པ་བསྐྱེད་པ་དང་། སྐྱེ་བའི་རྒྱུ་སྦྱོང་བ་དང་། ཆོ་གས་བསྐྱེད་པའོ། །དང་པོ་ནི་དེ་ལྟར་སྐྱབས་འགྲོ་ཁྱད་པར་ཅན་བྱས་ནས་རྫོགས་པའི་བྱང་ཆུབ་སྒྲུབ་པར་འདོད་པ་དེས་ཐོག་མར་སེམས་བསྐྱེད་བྱ་བའི་འདུན་པ་བསྐྱེད་པར་བྱ་བ་སྟེ། དེའང་འདི་སྙམ་དུ་དེ་མ་བྱས་ན་ལམ་གང་གིས་བསྒྲུབ་ཀྱང་བྱང་ཆུབ་ཀྱི་ལམ་དུ་མི་འགྱུར་བས་ངེས་པར་བྱ་དགོས་པ་དང་། སྤྱིར་རྟོགས་ལྡན་རྣམས་ཀྱིས་བྱ་བ་ཐམས་ཅད་ཐོག་མར་འབྲས་བུ་ལ་སྨོན་ནས་རྒྱུ་ལ་འཇུག་པ་ཡིན་ཞིང་། ཁྱད་པར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཡང་ཡིན་པས་ན་ལམ་གྱི་ཐོག་མ་ཉིད་དུ་བྱ་དགོས་པ་དང་ཐེག་པ་ཆེན་པོའི་ལམ་དུ་མ་ཆུད་པར་ཤི་སྲིད་པས་མྱུར་དུ་བྱ་དགོས་པ་དང་། བྱས་ན་སྔར་ཇི་སྐད་བཤད་པའི་ཕན་ཡོན་རྣམས་འབྱུང་བར་བསམ་སྟེ་འདུན་པ་བསྐྱེད་དོ། །གཉིས་པ་ནི་དེ་ལྟར་འདུན་པ་བསྐྱེད་པས་ཀྱང་དེའི་རྒྱུ་སྤྱད་པར་བྱ་སྟེ། དེ་ལའང་སྔར་བསྟན་པའི་བསོད་ནམས་ཀྱི་སྟོབས་དང་སེམས་ཅན་ལ་སྙིང་རྗེ་དང་། སངས་རྒྱས་ལ་དད་པ་གསུམ་ཡིན་པ་ལས། དང་པོ་ནི། མཆོད་པ་དང་སྦྱིན་པ་ལ་སོགས་པའི་བསོད་ནམས་ཅི་ནུས་པ་བསགས་པའོ། །གཉིས་པ་ལ་བསྐྱེད་པའི་ཐབས་དང་། བསྒོམ་པའི་ཚུལ་དང་། གོམས་པའི་ཕན་ཡོན་གསུམ་ལས། དང་པོ་ནི་སློབ་དཔོན་ཀ་མ་ལ་ཤཱི་ལས་བཏང་སྙོམས་ཀྱི་ཞིང་བྱམས་པའི་ཆུས་བཅུས་པའི་སྙིང་རྗེའི་མྱུ་གུ་ལས་དགའ་བའི་ལོ་ཐོག་རྒྱས་པས་བྱང་ཆུབ་ཀྱི་སེམས་སྐྱེ་བར་བཤད་མོད་ཀྱི། ཇོ་བོས་ནི་བཏང་སྙོམས་དང་དགའ་བ་ལོགས་སུ་བསྒོམ་མི་དགོས་པས། བྱམས་པའི་ཆུ་བས་སྙིང་རྗེ་བསྐྱེད་པར་རྒྱན་ལས་གསུངས་པ་ལྟར་བྱམས་པ་ལས་སྐྱེ་བར་གསུངས་སོ། །འདི་བསྒོམ་པ་ལ་གང་གིས་བསྒོམ་པའི་རྒྱུ། ཅི་ལྟར་བསྒོམ་པའི་ཚུལ། གོམས་པར་བྱས་པའི་ཕན་ཡོན་དང་གསུམ་ལས། དང་པོ་ནི་ལས་དང་པོ་པ་རྣམས་ནི་རྒྱུ་མཚན་གྱི་སྒོ་ནས་བསྒོམ་དགོས་པས་བདག་ཉིད་ལ་ཕན་པ་དང་། སངས་རྒྱས་ཀྱིས་བཟུང་བ་དང་། སེམས་ཅན་ཉིད་ཀྱི་ཡོན་ཏན་ཏེ། རྒྱུ་མཚན་གསུམ་གྱིས་བསྒོམ་པར་བྱའོ། །དེ་ལ་བདག་ཉིད་ལ་ཕན་པ་ནི་འདི་ལྟར་ཚེ་འདིའི་མས། བདག་ལྟོར་ཞུགས་ནས་མ་བརླག་མ་སྨྲས་པར་བཟུང་བ་དང་། བཙས་ནས་སྲིན་བུའི་ཆུ་བུར་ལྟར་རེག་མི་བཟོད་པ་བགས་ཀྱིས་བསྐྱངས། ཁ་ཟས་སྙོད་ཅིང་མི་གཙང་བ་ལག་པས་ཕྱགས་བརྩེ་གདུང་ཚད་མེད་པར་བྱས། བྱམས་པའི་མིག་གིས་བལྟས། སྙན་པའི་ཚིག་གིས་བྲིད། འཚམ་པའི་འཚོ་བ་བྱིན། ཡ་ང་བའི་འཇིགས་པ་ཐམས་ཅད་ལས་བསྲུངས། འཇིག་རྟེན་པའི་བརྡ་དང་ཐ་སྙད་ཐམས་ཅད་བསླབས། ནོར་གྱི་སྙིང་པོ་བྱིན་པའི་བུའི་དོན་དུ་ཚེ་འདིར་ལྟོགས་འཁྱགས་ངལ་དུབ་དང་ལུས་སྲོག་འདོར་བའི་དཀའ་བ་སྤྱད། མི་དགེ་བ་བཅུ་ཆར་བསྐྱེད་པས་ཕྱི་མར་ངན་སོང་དུ་ལྷུང་བའི་ལས་བྱས་ཏེ། མདོར་ན་བུའི་ཉེས་པ་སྐྱོབ་ཅིང་ཅི་བཟང་བྱས་པས་ཤིན་ཏུ་དྲིན་ཆེ་བར་བསམ་པས་དེ་སྡུག་ཅིང་ཕན་གདགས་བྱར་འཛིན་པ་འབྱུང་ལ། དེ་བཞིན་དུ། སེམས་ཅན་དག་ནི་རེ་རེས་ཀྱང་། །ཡང་ནས་ཡང་དུ་མ་བྱས་ཏེ། །ཞེས་པའི་ཚུལ་གྱི་སེམས་ཅན་ཐམས་ཅད་ཀྱི་དྲིན་བསམ་པས་དེ་སྙིང་དུ་སྡུག་ཅིང་ཕན་གདགས་བྱར་འཛིན་པ་འབྱུང་ངོ་། །གཉིས་པ་སངས་རྒྱས་ཀྱིས་བཟུང་བ་ནི་སེམས་ཅན་རྣམས་ནི་བུ་གཅིག་པ་ལྟར་དེ་བཟུང་བས་དེ་ལ་གནོད་པ་བྱས་ན་ང་ལ་གནོད་བྱས་ཤིང་། སེམས་ཅན་ཕན་པ་བྱས་ན་ང་ལ་མཆོད་པའི་མཆོག །ཅེས་པའི་ཚུལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བུ་གཅིག་པ་ལྟར་གཅེས་པར་མཛད་པས་ཀྱང་བླ་མའི་བུ་ལྟར་སྡུག་ཅིང་ཕན་གདགས་པར་བསམ་པའོ། །གསུམ་པ་སེམས་ཅན་ཉིད་ཀྱི་ཡོན་ཏན་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས་ཀྱང་རྒྱལ་པོའི་བུ་དང་། ནོར་བུའི་ཟ་མ་ཏོག་དང་། དར་ཡུག་གི་རྡུལ་བཞིན་སྡུག་ཅིང་ཕན་གདགས་བྱར་བསམ་པའོ། །གཉིས་པ་རྒྱུ་མཚན་དེས་ཇི་ལྟར་བསྒོམ་པའི་ཚུལ་ནི་ཐོག་མར་ཚེ་འདིའི་མ་ལ་བྱམས་པ་རང་གི་ཚད་དུ་བསྒོམ་པར་བྱ། དེ་ནས་མ་དེའི་ཚད་ཀྱིས་ཉེ་འབྲེལ་ནས། ཡུལ་མི་ནས་འཛམ་བུའི་གླིང་ནས་གླིང་བཞི་ནས། སྟོང་གསུམ་ནས་ནམ་མཁའི་མཐར་ཐུག་བར་བསྒོམས་ཏེ་བྱམས་པ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཤིན་ཏུ་ཡངས་པ་ཚད་མེད་པ་ཞེས་པར་འགྱུར་རོ། །གསུམ་པ་གོམས་པར་བྱས་པའི་ཕན་ཡོན་ནི། སེམས་ཅན་རྣམས་ལ་རྗེ་བོ་གཙོས་སུམ་བརྒྱའི་ཁ་ཟས་དུས་གསུམ་རྟག་ཏུ་བྱིན་པ་དང་། སངས་རྒྱས་ལ་ལོངས་སྤྱོད་ཐམས་ཅད་ཀྱིས་རྟག་ཏུ་མཆོད་པ་བས་བསོད་ནམས་ཆེ་བ་དང་། བྱམས་ཆོས་ཡོན་ཏན་བརྒྱད་ལྡན་ཐོབ་པ་དང་། འདིར་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྐྱེ་བའོ། །དེ་དག་གིས་སྙིང་རྗེ་སྐྱེ་བའི་ཐབས་བྱམས་པ་བསྒོམ་པའི་ཚུལ་བསྟན་ཟིན་ཏོ། །གཉིས་པ་སྙིང་རྗེ་ཇི་ལྟར་བསྒོམ་པའི་ཚུལ་ཡང་བྱམས་པ་ལྟར་རྩ་བའི་མ་ནས་ནམ་མཁའི་མཐར་ཐུག་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པའི་སེམས་རྒྱ་ཆེན་པོ་ཡངས་པ་བུ་གཅིག་པ་མེའི་དོང་དུ་ལྷུང་བ་མཐོང་བའམ་དྲན་ན་མཆི་མ་འབྱུང་བའི་ཚད་དུ་བསྒོམ་པར་བྱའོ། །གསུམ་པ་དེ་ལྟར་བསྒོམ་པའི་ཕན་ཡོན་ནི། མདོ་ལས། བྱང་ཆུབ་སེམས་དཔས་ཆོས་གཅིག་ཉིད་ལ་བསླབ་པར་བྱ་སྟེ་སྙིང་རྗེ་ཆེན་པོའོ། །ཞེས་པའི་ཚུལ་གྱིས་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་འདུ་བ་དང་། འདིར་བྱང་ཆུབ་ཀྱི་སེམས་བདེ་བླག་ཏུ་སྐྱེ་བའོ། །གསུམ་པ་སངས་རྒྱས་ལ་དད་པ་ནི་དེ་ལྟར་སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་ཅན་དེ་དག་སྒྲོལ་བའི་ཐབས་བསམ་པས་མི་འདོད་ཅིང་སྦྱོར་བའི་མཐུ་མེད་པའི་སྒོ་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཉན་རང་གིས་ཀྱང་མི་ནུས་པ་དང་། ཡེ་ཤེས་དང་ཐུགས་རྗེ་དང་ཕྲིན་ལས་ཕུན་སུམ་ཚོགས་པའི་སྒོ་ནས་སངས་རྒྱས་ཀྱིས་ནུས་པ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་སྒོ་ནས་སངས་རྒྱས་དེ་ཡང་བདག་གིས་བསྒྲུབ་རུང་དུ་ཡིད་ཆེས་པའི་དང་བ་ཡང་ཡང་སྒོམ་པར་བྱའོ། །དེ་ལྟར་སྐྱེ་བའི་རྒྱུ་ཚོགས་གསུམ་པོ་སྦྱངས་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས། གསུམ་པ་བསྐྱེད་པའི་ཆོ་ག་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་དང་། ཐོགས་མེད་ཀྱི་ལུགས་གཉིས་ཡོད་པ། གཉིས་ཀ་ལའང་བླ་མ་ཡོད་མེད་དང་། ཕལ་པ་དང་རླབས་པོ་ཆེའི་ལུགས་གཉིས་གཉིས་ཡོད་པར་མཐུན་པ་ལས་སྦྱོར་དངོས་རྗེས་གསུམ་གྱི་ཆོ་ག་མི་འདྲ་སྟེ། དང་པོས་སོ་ཐར་གྱི་སྡོམ་པས་རྒྱུད་མ་བསྡམས་པ་ལའང་སྐྱེ་བས་རང་བཞིན་གྱི་ཉེས་པ་ཚབ་པོ་ཆེ་སྦྱོང་བའི་དབང་དུ་བྱས་ནས་སྦྱོར་བ་ཡན་ལག་བདུན་ཀ་བྱེད། དངོས་གཞི་བརྗོད་པ་ཉུང་སྟེ། སྤྱོད་འཇུག་དང་ཡིད་དམ་བླང་བ་ནས་འབྱུང་བ་ལྟར་བྱེད། མཇུག་བསླབ་བྱ་དང་གཏང་རག་མེད་པར་རང་གཞན་དགའ་བ་བསྒོམ་པར་བྱེད་དོ། །གཉིས་པས་སོ་སོ་ཐར་བའི་སྡོམ་པ་སྔོན་དུ་སོང་ནས་རྒྱུད་དག་པ་ལ་སྐྱེ་བའི་དབང་དུ་བྱས་ནས་སྦྱོར་བ་ཕྱག་དང་མཆོད་པ་དང་། སྐྱབས་འགྲོ་ཙམ་བྱེད། དངོས་གཞི་བྱང་སའི་ཚུལ་ཁྲིམས་ལེའུ་འམ་ཇོ་བོའི་སེམས་བསྐྱེད་ཀྱི་ཆོ་ག་ལྟར་བྱེད། མཇུག་བསླབ་བྱ་བརྗོད་པ་དང་གཏང་རག་བྱའོ། །འདི་དག་གི་ཁྱད་པར་ཞིབ་ཏུ་ས་པཎ་གྱིས་མཛད་པའི་སེམས་བསྐྱེད་ཀྱི་ཆོ་གའམ། ཁོ་བོས་བྱས་པའི་སྡོམ་གསུམ་གྱི་སྤྱི་དོན་དུ་བལྟ་བར་བྱའོ། །དེ་ལྟར་ལུགས་གཉིས་པོ་གང་རུང་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པར་བྱས་ནས། གཉིས་པ་བླངས་ནས་བསླབ་པར་བྱ་བ་ནི་སྤྱན་རས་གཟིགས་ཀྱི་མདོ་ལས། དབང་པོ་གཉིས་སྦྱོར་བའི་འདོད་པ་མི་བསྟེན་པ་དང་མི་དགེ་བའི་བཤེས་གཉེན་མི་བསྟེན་པ་དང་། ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མི་བྱ་བ་དང་། ཐབས་དང་ཤེས་རབ་ལ་མཁས་པར་བྱ་བ་དང་། སྟོང་པ་ཉིད་ཀྱི་རྣམ་ཐར་བརྟན་པར་བྱ་བ་དང་། འཁོར་བ་ལ་ཞེན་པ་མེད་ཅིང་ཀུན་དུ་རྟོག་པ་ཞི་བར་བྱ་བ་དང་། རྒྱུ་འབྲས་ལ་སྐུར་བ་མི་གདབ་པའོ། །ཞེས་པའི་ཆོས་བདུན་ལ་བསླབ་པར་གསུངས་པའི་དོན་ལེགས་པར་བཤད་པ་ལ་གསུམ་སྟེ། བསླབ་པ་ཉེ་བར་སྟོན་པའི་རྒྱུ་བསྟན་པ་དང་། བསམ་པ་བྱང་ཆུབ་ཀྱི་སེམས་ཉིད་སྦྱོང་བ་ལ་བསླབ་པ་དང་། སྦྱོར་བ་རྗེས་སུ་བསྒྲུབ་པ་ལ་བསླབ་པའོ། །དང་པོ་ནི། དབང་རྟུལ་གྱི་བྱང་ཆུབ་སེམས་དཔའི་བསླབ་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་ལ་རག་ལས་པས་ན་ནོར་བཟང་གི་རྣམ་ཐར་ལྟར། དེ་མི་ཉམས་ཤིང་འཕེལ་བའི་ཐབས་སྟོན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པ་དང་དབང་རྣོན་གྱིས་ཐེག་པ་ཆེན་པོའི་མདོ་སྡེའི་དོན་ཚུལ་བཞིན་དུ་དཔྱད་པ་ལས་ཀྱང་རྟོགས་པར་ནུས་པས་ཕྱིའི་རྐྱེན་དེ་དག་བསྟེན་ཅིང་ནང་གི་རྐྱེན་རང་ཉིད་ཀྱིས་དྲན་པ་དང་ཤེས་བཞིན་དང་། བག་ཡོད་བསྟེན་པར་གསུངས་པ་ཡིན་ནོ། །གཉིས་པ་ལྟ་བ་གང་ལ་བརྟེན་པ་དང་ཐབས་གང་གིས་དང་། ཚུལ་ཇི་ལྟར་དང་། དེ་ལྟར་སྦྱངས་པའི་ཕན་ཡོན་དང་བཞི་ལས། དང་པོ་ནི། འོ་ན་བདག་བྱང་ཆུབ་ཀྱི་སེམས་སྦྱོང་བའི་ཚེ་བདག་དང་། སེམས་ཅན་དང་། སངས་རྒྱས་གསུམ་གང་ཟག་རྫས་ཡོད་དམ། སྐྱེས་བུ་བཏགས་ཡོད་དམ། སྒྱུ་མའི་སྐྱེས་བུ་ལྟར་བརྫུན་པར་ཤེས་པས་སྦྱོང་ཞེ་ན། འདིར་གསུམ་ཀ་ལ་སྐྱེ་ཞིང་སྦྱོང་དུ་རུང་སྟེ། དང་པོ་ནི་ཕྱི་རོལ་པའི་ལྟ་བ་སྟེ་གང་ཟག་གསུམ་པོ་རྫས་ཡོད་དུ་འཛིན་པས་ཀྱང་བྱས་པ་གཟོ་བས་སེམས་ཅན་ལ་དམིགས་པའི་བྱམས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྐྱེའོ། །ཇོ་བོས་གསེར་གླིང་པ་ནས་བརྒྱུད་པའི་བློ་སྦྱོང་འདི་ལྟ་བ་མུ་སྟེགས་པ་དང་མཐུན། ཞེས་གསུངས་པའི་དོན་ཡང་འདི་ཉིད་ཡིན་ཅིང་། མདོ་དང་རྒྱན་གྱི་དགོངས་པ་སྦྱོར་ལམ་བཟོད་པའི་གནས་སྐབས་སུ་ལམ་གྱི་ངོ་བོར་གྱུར་པའི་གང་ཟག་རྫས་ཡོད་ཀྱི་འཛིན་པ་ཡོད་པར་གསུངས་པའང་འདི་ལ་དགོངས་སོ། །གཉིས་པ་ནི་ཉན་ཐོས་དང་། སེམས་ཙམ་པའི་ལྟ་བ་སྟེ། དེ་ལ་བརྟེན་ནས་གང་ཟག་གི་དབེན་པའི་ཆོས་རྫས་ཡོད་ལ་དམིགས་པའི་བྱམས་སྙིང་རྗེའི་སོགས་སྐྱེའོ། །བྱམས་པའི་རྣལ་འབྱོར་པ་ནས་བརྒྱུད་པའི་བློ་སྦྱོང་འདི་ལྟ་བ་བྱེ་བྲག་ཏུ་སྨྲ་བ་དང་མཐུན་ཞེས་གསུངས་པའི་དོན་ཡང་འདི་ཡིན་ནོ། །གསུམ་པ་ནི་དབུ་མའི་ལྟ་བ་སྟེ་དེ་ལ་བརྟེན་ནས་དམིགས་པ་མེད་པའི་བྱམས་སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྐྱེའོ། །གཉིས་པ་ཐབས་གང་གིས་སྦྱོང་བ་ནི་འདིར་སྦྱོང་ཞེས་པའི་དོན་སྡིག་པ་ལྟར་ཟད་པར་བྱེད་པ་མ་ཡིན་གྱི། གསེར་ལྟར་བཟང་བར་བྱེད་པ་ཡིན་ལ་དེའི་ཐབས་གསུམ་ལས། དང་པོ་ནི་རྩལ་སྦྱོང་བ་ལྟར་རང་གི་ངོ་བོའི་སྒོ་ནས་སྦྱོང་སྟེ། དབུལ་པོས་ནོར་བུ་རྙེད་པ་ལྟར་གཅེས་པའི་མཆོག་ཏུ་བཟུང་ནས་མི་བརྗེད་པར་སྐྱབས་འགྲོ་དང་བཅས་པའི་ཚིག་གིས་ཉིན་མཚན་དུས་དྲུག་ཏུ་སྦྱོང་བའོ། །གཉིས་པ་ནི་ལྷ་ཁང་ལྟར་རྒྱུ་ཚོགས་ཀྱིས་སྦྱོང་བ་སྟེ། གང་ལ་སེམས་དེ་སྐྱེ་ཞིང་འཕེལ་བར་འགྱུར་བའི་རྒྱུ་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་དང་། སངས་རྒྱས་ཀྱི་ཡོན་ཏན་ལ་དད་པ་དང་། སེམས་དེ་ཉིད་ཀྱི་ཕན་ཡོན་ཡང་ཡང་བསམ་པའོ། །གསུམ་པ་ནི། ནོར་བུའི་དྲི་མ་སྦྱོང་བ་ལྟར་མི་མཐུན་ཕྱོགས་བསལ་བའི་སྒོ་ནས་སྦྱོང་བ་སྟེ། གང་གིས་བྱང་ཆུབ་ཀྱི་སེམས་དེ་སྐྱེ་གནས་འཕེལ་བའི་གེགས་སུ་གྱུར་པའི་གྲོགས་པོ་དང་། བསམ་པ་དང་སྦྱོར་བ་དམན་པ་གསུམ་སྦྱོང་བའོ། །གསུམ་པ་ཚུལ་ཇི་ལྟར་སྦྱོང་བ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་སྣ་ཚོགས་འབྱུང་ཡང་བྱང་ཆུབ་ཀྱི་སེམས་དེ་ལ་མི་མཐུན་པ་མེད་པས་ངེས་པར་སྦྱོང་བ་དང་། སྐད་ཅིག་ཀྱང་འབྲལ་དུ་མི་རུང་བས་རྟག་པར་སྦྱོང་བ་དང་། བྱེད་པ་ཆེ་བའི་སྒོ་ནས་དགེ་བ་གཞན་ཐམས་ཅད་ལས་གཙོ་བོར་སྦྱོང་བ་སྟེ། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་གྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་དང་། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །ཞེས་དང་། སེམས་ནི་ནམ་ཡང་ཉམས་མི་བྱ། །ཞེས་གསུངས་པ་ལྟར་རོ། །བཞི་པ་དེ་ལྟར་སྦྱངས་པའི་ཕན་ཡོན་ལའང་གསུམ་སྟེ། གོམས་པས་མི་བརྗེད་པ་བུ་གཅིག་པའི་མྱ་ངན་ལྟ་བུ་དང་། བརྟན་པས་མི་ལྡོག་པ་རི་རབ་ལྟ་བུ་དང་། སྦྱོར་བ་ལ་འཇུག་པ་བུ་མེ་དོང་ན་མཐོང་བ་ལྟ་བུའོ། །དང་པོ་ནི་གོམས་པ་རབ་འབྲིང་ཐ་མས་དུས་རྒྱུན་དུ་དང་། བྱ་བ་ལ་འཇུག་པའི་ཚེ་དང་། ཐུན་ཚོད་དྲུག་ལས་མི་རིང་བ་རྗེས་སུ་དྲན་པ་དང་། གཉིས་པ་ནི། རྐྱེན་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་གིས་མི་ལྡོག་པ་སྟེ། བརྟན་པ་གྲོགས་ངན་སྡུག་བསྔལ་དང་། །ཟབ་མོ་ཐོས་པས་མི་གཡོས་སོ། །ཞེས་པ་ལྟར་རོ། །གསུམ་པ་ནི། གཞན་དོན་མཐོང་ན་རང་གི་བདེ་སྡུག་ཁྱད་དུ་བསད་ནས་དེ་ལ་འཇུག་པ་སྟེ། དེ་ལྟར་རྒྱུད་ནི་གོམས་པ་ན། །གཞན་གྱི་སྡུག་བསྔལ་ཞི་དགའ་བས། །པད་མའི་མཚོ་རུ་ངང་པ་ལྟར། །མནར་མེད་པར་ཡང་འཇུག་པར་འགྱུར། །ཞེས་པ་ལྟར་རོ། །གསུམ་པ་ཉེས་པ་ཕྱིར་བཅོས་པའི་ཐབས་ནི་བྱང་ཆུབ་སེམས་དཔའ་ལ་ཉོན་མོངས་པ་འགའ་ཞིག་གིས་བྱང་ཆུབ་ཀྱི་སེམས་གཏོང་བའི་རྒྱུ་དེ་དག་ལས་གང་ཡང་རུང་བ་ཞིག་བྱུང་བ་ལ་ཐུན་ཚད་ལས་མ་འདས་པར་འགྱོད་པས་སླེབས་ན་བྱང་ཆུབ་སེམས་དཔའ་གཅིག་གིས་མདུན་དུ་ཕྱག་འཚལ་ཏེ། བྱང་ཆུབ་སེམས་དཔའ་དགོངས་སུ་གསོལ་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསླབ་བྱ་དང་འགལ་བ་བླ་མ་དང་མཆོད་འོས་བསླུ་བའི་ཉེས་པ་གཅིག་བྱུང་སྟེ་ཞེས་སོགས་གང་བྱུང་བའི་མིང་ནས་བརྗོད་ཅིང་བཤགས་སྡོམ་བྱའོ། །ཐུན་ཚོད་ལས་འདས་པར་ཀུན་དཀྲིས་དྲག་པོས་ཕམ་པ་ལྟ་བུའི་ཆོས་བཞིའམ་བཅུ་བཞི་བྱུང་ན་སྡོམ་པ་གཏོང་བས་སླར་ཡང་ལེན་པ་དང་། ཁྱད་པར་དབུ་མ་ལུགས་ལ་བྱང་ཆུབ་སེམས་དཔའ་སྐྱ་རེངས་ལ་གསོལ་བ་བཏབ་ནས་ནམ་མཁའི་སྙིང་པོ་རྨི་ལམ་དུ་བྱོན་པ་ལ་བཤགས་པའི་ཚུལ་གསུངས་ཤིང་། སེམས་ཙམ་ལུགས་ལ། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་པའི་ཚུལ་གྱིས་ཀྱང་བཤགས་པར་བྱའོ། །གཉིས་པ་སྦྱོར་བ་ཚོགས་བསགས་ལ་གསུམ་སྟེ། བསགས་བྱའི་ཚོགས་གཉིས་ངོས་གཟུང་བ་དང་། དེ་གང་གིས་གསོག་པའི་རྒྱུ་དང་། དེས་ཇི་ལྟར་བསག་པའི་ཚུལ་ལོ། །དང་པོ་ལ་ཚོགས་ཀྱི་ངོ་བོ་ནི་སཾ་བྷ་ར་ཞེས་པའི་སཾ་སནྟ་ནི་རྒྱུན་དུ། བྷ་བྷ་བ་ནི་བསྒོམ་པ་ཐོབ་པ། ར་ར་ཏི་ནི་ཡང་ནས་ཡང་དུ་སྒྲུབ་པ་སྟེ། རྒྱན་ལས། རྒྱུན་དུ་སྒོམ་པ་ཐོབ་ནས་ནི། །དགེ་ལ་ཡང་དག་ཡང་དུ་སྒྲུབ། །ཞེས་སོ། །དེའང་ཕར་ཕྱིན་དྲུག་གི་དགེ་བར་སྒྲུབ་པ་སྟེ། ཕར་ཕྱིན་དང་པོ་གཉིས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས་དང་། གཞན་གཉིས་ཀའི་ཚོགས་ཡིན་པའི་ཚུལ་དང་། ཡང་ཕར་ཕྱིན་དང་པོ་ལྔ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཟིན་ན་ཡེ་ཤེས་ཀྱི་ཚོགས་དང་། ཤེས་རབ་ཀྱང་ཐབས་ཀྱིས་ཟིན་ན་བསོད་ནམས་ཀྱི་ཚོགས་ཡིན་པའི་ཚུལ་གཉིས་གསུངས་སོ། །དེ་ལྟར་གཉིས་སུ་ངེས་པའང་འབྲས་བུ་སྐུ་གཉིས་དང་། ཡུལ་བདེན་པ་གཉིས་དང་། ངོ་བོ་མཚན་མ་དང་བཅས་པ་དང་མཚན་མ་མེད་པས་ངེས་པ་ཡིན་ནོ། །གཉིས་པ་ནི་སྒྲུབ་པ་སྟོབས་དང་ལྡན་པའི་ཁྱད་པར་ལྔས་གསོག་པ་ཡིན་ཏེ། རྟེན་གྱི་ཁྱད་པར་སྟོབས་ཆེ་བ་དགེ་སློང་། རྟེན་དེའི་བསམ་པའི་ཁྱད་པར་སྟོབས་ཆེ་བ་རང་དགེ་བ་གང་བྱེད་པ་ལ་གཞན་ཡང་བསྐུལ་བ་དང་དེའི་བསྔགས་པ་བརྗོད་པ་དང་། གཞན་བྱེད་པ་རྗེས་སུ་བསྟོད་པ་སྟེ་སྒོ་བཞི་ལྡན། སྦྱོར་བ་དེའི་བྱེད་པ་སྟོབས་ཆེ་བ་ནི་བརྩོན་འགྲུས་བརྩམ་པ་དེའི་མཁས་པ་སྟོབས་ཆེ་བ་ནི་བྱ་བ་ཐམས་ཅད་ལ་རྟོག་པ་སྔོན་དུ་གཏོང་བ་དང་། ལས་དང་བྱེད་པའི་ཚོད་རིག་པ་དང་། འཇུག་ལྡོག་ལ་བག་ཡོད་པ་ཡིན་པར་གསུངས་སོ། །གསུམ་པ་རྒྱུ་དེས་ཚོགས་ཇི་ལྟར་བསགས་པ་ནི། ཀླུ་སྒྲུབ་ཀྱིས། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །ཞེས་དང་། འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །ཅེས་དང་། ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་གསུངས་པ་ལྟར་སྐྱེ་བའི་རིམ་པ་དང་པོར་ཀུན་རྫོབ་ལ་དམིགས་པའི་ཐབས་ཀྱིས་བསོད་ནམས་གཙོ་བོར་བསགས་པ་དང་། དེ་ནས་དོན་དམ་ལ་དམིགས་པའི་ཤེས་རབ་ཀྱིས་ཡེ་ཤེས་གཙོ་བོར་བསག་པ་དང་། ཚོགས་གཉིས་སྒྲུབ་པའི་ཀུན་ཏུ་སྤྱོད་པའོ། །དང་པོ་ལ་གསུམ་སྟེ། སྨོན་པའི་བསླབ་བྱར་བྱས་སྟེ་བསག་པ་དང་། འཇུག་པའི་བསླབ་བྱར་བྱས་སྟེ་བསག་པ་དང་། བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གོ །དང་པོ་ལ་གསུམ་སྟེ། རྫོགས་པའི་སངས་རྒྱས་ཀྱི་གེགས་སྡིག་སྒྲིབ་སྦྱོང་བ་དང་། རྗེས་སུ་ཐུན་པའི་དགེ་ཚོགས་བསྒྲུབ་པ་དང་། སེམས་ཅན་སྨིན་པར་བྱ་བའོ། །དང་པོ་ནི། བསམ་པ་ངོ་ཚ་དང་འཇིགས་པ་དང་། འགྱོད་པས་སྔར་བསག་པའི་སྡིག་པ་རྟེན་གྱི་སྟོབས་དང་། གཉེན་པོའི་སྟོབས་ཀྱི་བཤགས་པ་དང་། བསགས་པའི་ཉེས་སྤྱོད་དགེ་སློང་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཡན་ལག་དྲུག་ལྡན་གྱི་ཚུལ་ཁྲིམས་ཀྱིས་སྡོམ་པ་དང་། དེ་དག་གི་རྒྱུ་མཐོང་སྤང་དུ་གྱུར་པའི་ཉོན་མོངས་པ་རྣམས་བརྩོན་པ་དྲག་པོའི་སྒོ་ནས་སྤོང་དགོས་ཏེ། ཉོན་མོངས་དང་དེས་ཀུན་ནས་བསླངས་པའི་ཉེས་སྤྱོད་ཀྱིས་བདག་རྨས་ན་འགྲོ་བ་མང་པོའི་དོན་ཉམས་པར་འགྱུར་བའི་ཕྱིར་འཇིག་རྟེན་པའི་ཚོང་དཔོན་བཞིན་ནོ། །གཉིས་པ་རྗེས་སུ་མཐུན་པའི་དགེ་ཚོགས་བསྒྲུབ་པ་ནི་འདིར་གཙོ་བོར་བརྩོན་འགྲུས་གྲོགས་སུ་ལྡན་པའི་ཕར་ཕྱིན་དང་པོ་གསུམ་ཡིན་པ་ལས། དང་པོ་སྦྱིན་པའི་དགེ་བར་སྒྲུབ་པ་ལ་གསུམ་སྟེ། ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔས་ལུས་དང་ལོངས་སྤྱོད་དག །གཞན་ལ་མི་སྦྱིན་པ་ནི་ཡོངས་མེད་དེ། །ཞེས་པའི་ཚུལ་གྱིས་སྤྱིར་བདག་ཉིད་དབང་བའི་ཕྱི་ནང་གི་དངོས་པོ་ཐམས་ཅད་སྦྱིན་པ་ཡིན་པ་ལས་བྱེ་བྲག་ཏུ་ཕྱིའི་དངོས་པོ་ལ་ཕ་མ་མི་སྦྱིན། དགེ་སྦྱོང་གི་ཆོས་གོས་གསུམ་མི་སྦྱིན། དུག་དང་མཚོན་ལ་སོགས་པ་གཞན་ལ་གནོད་པ་མི་སྦྱིན་པ་སྟེ། མདོར་ན་བདག་ལ་རུང་བ་གཞན་ལ་ཚེ་འདིར་བདེ་བའི་རྐྱེན་དང་ཕྱི་མར་ཕན་པའི་རྐྱེན་དུ་འགྱུར་པ་རྣམས་སྦྱིན་ནོ། །གང་ལ་གཏོང་བའི་ཡུལ་ནི། རྟེན་མེད་པ་དང་། ཉེས་པར་སྤྱོད་པ་དང་། སྡུག་ཕོངས་དང་། ཕན་འདོགས་པ་དང་། ཡོན་ཏན་ཅན་དང་ལྔ་ལས་སྔ་མ་སྔ་མ་མེད་ན་ཕྱི་མ་ཕྱི་མ་ལ་སྦྱིན་པར་གསུངས་སོ། །ཅི་ལྟར་གཏོང་བའི་ཚུལ་ནི་བསམ་པ་ལན་དང་རྣམ་སྨིན་ལ་མི་རེ་བར། སྦྱོར་བ་རང་བྱེད་པ་དང་གཞན་བྱེད་དུ་འཇུག་པ་དང་། གཞན་རང་དགར་སྦྱིན་པའི་བསྔགས་པ་བརྗོད་པའོ། །གཉིས་པ་མི་འཇིགས་པའི་སྦྱིན་པ་ནི། ཚེ་འདིར་གཞན་དག་མེ་ཆུ་དང་། གཅན་གཟན་དང་། ཆོམ་རྐུན་ལ་སོགས་པའི་འཇིགས་པ་ལས་སྐྱོབ་ཅིང་དེའི་དགེ་བས་ཕྱི་མར་སེམས་ཅན་འཁོར་བའི་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བསྔོ་བའོ། །ཆོས་ཀྱི་སྦྱིན་པ་ནི། གཞན་སྙིང་ཐག་པ་ནས་སྒྲུབ་པར་འདོད་པ་ལ་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་ཀྱི་ཚིག་དོན། ཀུན་སློང་ཟང་ཟིང་མེད་པར་ཚིག་དོན་ཕྱིན་ཅི་མ་ལོག་པར་འཆད་པ་སྟེ། ཆོས་སྦྱིན་ཉོན་མོངས་ཅན་མིན་པས། །མདོ་སོགས་ཡང་དག་ཇི་བཞིན་སྟོན། །ཞེས་ཏེ། དེའི་རྒྱུ་གླེགས་བམ་དང་། ཤོག་བུ་དང་སྣག་ཚ་ལ་སོགས་པ་རྣམས་ཀྱང་སྦྱིན་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ཀྱི་དགེ་བར་སྒྲུབ་པ་ནི། འཇུག་པའི་སྡོམ་པ་བླངས་ན་ཚུལ་ཁྲིམས་ཐམས་ཅད་འཇུག་པའི་བསླབ་བྱར་འགྱུར་བ་ཡིན་མོད་ཀྱི་མ་བླངས་ན་འདིར་སྔར་བཤད་པ་ལྟར་གྱི་བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ཆོས་དྲུག་ལྡན་བསམ་པ་བྱང་ཆུབ་ཀྱི་སེམས་དང་། སྦྱོར་བ་མ་ཆད་པ་དང་གུས་པ་དང་མཁས་པས་སྐྱེད་པ་དང་བསྐུལ་བ་དང་བསྔགས་པ་གསུམ་དུ་བྱས་ཤིང་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡིན་ནོ། །གསུམ་པ་བཟོད་པ་ནི་བསམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་བསླངས་པས་སྦྱོར་བ་བཟོད་པ་གསུམ་ལས། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་བསྒོམ་པ་ནི་དོན་མེད་པའི་སྡུག་བསྔལ་བདག་ཉིད་ཀྱིས་སྔོན་ཇི་སྙེད་གཅིག་སྤྱད་པ་དང་ད་ལྟར་གཞན་དག་འདི་དང་འདི་ལྟ་བུ་སྤྱོད་ན་བདག་གིས་བདག་ཉིད་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤོང་བ་དང་། བླ་ན་མེད་པའི་བདེ་བ་ཐོབ་པར་བྱེད་པས་རང་དོན་ཆེ་བ་དང་། སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་པས་གཞན་དོན་ཆེ་བའི་སངས་རྒྱས་བསྒྲུབ་པའི་ཕྱིར་ཅིའི་ཕྱིར་མི་ནུས་སྙམ་དུ་དགའ་བར་བསམ་པའོ། །གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་བསྒོམ་པ་ནི་ཁོང་ཁྲོའི་ཉེས་དམིགས་སྡུག་བསྔལ་འབའ་ཞིག་བསྐྱེད་པ་དང་། སྡིག་ཆེར་གསོག་པ་དང་། ཐོབ་མ་ཐོབ་ཀྱི་དགེ་བ་ཉམས་པར་འགྱུར་བ་བསམ་པ་དང་། གནོད་བྱེད་བྱང་ཆུབ་སྒྲུབ་པའི་གྲོགས་སུ་མཐོང་ནས་བསྒོམ་པར་བྱའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་བསྒོམ་པ་ནི་གནོད་བྱ་བདག་དང་། གནོད་བྱེད་དང་། གནོད་པར་བྱ་བའི་ཚུལ་གསུམ་ལ་རིགས་པས་བརྟགས་ན་མི་འཐད་པས་ཡང་དག་པར་ན་གནོད་པ་ཉིད་མི་འགྲུབ་པས་བཟོད་པ་བྱར་མེད་པ་ཤེས་ནས་བསྒོམ་པ་སྟེ། སའམ་ཡང་ན་ཆུའམ་མེ། །རླུང་གི་ཁམས་ལྟར་མི་གནས་ཤིང་། །ཞེས་པ་ལྟར་རོ། །ཡང་བྱང་ཆུབ་སེམས་དཔས་བསྒྲུབ་པའི་བྱ་བ་ཐམས་ཅད་ལ་བརྩོན་འགྲུས་བརྩམ་པར་བྱ་སྟེ། དེ་ཡང་བརྩོན་འགྲུས་བརྩམ་དགོས་པ་དང་། རྩོམ་ནུས་པ་དང་། དགོས་ཤིང་ནུས་པ་ལ་ཅི་ལྟར་བརྩམ་པའི་ཚུལ་གསུམ་ལས། དང་པོ་ནི་སྤྱིར་རྟོགས་ལྡན་རྣམས་ནི་དགོས་ཤིང་ནུས་པའི་བྱ་བ་ལ་བརྩོན་པ་ཡིན་ན། བདག་ཀྱང་དེ་ལྟ་བུའི་དགེ་བ་ལ་ཅིའི་ཕྱིར་མི་བརྩོན་སྙམ་དུ་བསམ་པའོ། །གཉིས་པ་ནི་བསྒྲུབ་པ་ལ་སྒྱིད་ལུག་པའི་ལེ་ལོ་བསལ་བའི་སྒོ་ནས་ཏེ། དེའང་འབྲས་བུ་ལ་རེ་ཐག་ཆད་པ་དང་། ལམ་ལ་སྒྱིད་ལུག་པ་བསལ་བ་གཉིས་ལས། དང་པོ་ནི། སྤྱིར་ཉོན་མོངས་པའི་རང་བཞིན་ཡིན་པས། སེམས་ཅན་ཐམས་ཅད་དང་བྱེ་བྲག་བདག་ལྟ་བུ་ལ་སངས་རྒྱས་ཀྱི་སྐལ་བ་མེད་པས་སངས་རྒྱས་ཐོབ་མི་ནུས་སོ་སྙམ་དུ་སྒྱིད་ལུག་པ་ལ་དྲི་མ་གློ་བུར་བ་ཡིན་པའི་རིགས་པ་དང་། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པའི་ལུང་གིས་བསལ་བར་བྱའོ། །གཉིས་པ་ལ་སྤྱིར་སྡིག་པ་སྦྱང་བ་དང་། ཚོགས་བསགས་པ་དཀའ་བས་མི་ནུས་སོ་སྙམ་པ་ལ་རྩ་བ་མེད་ཅིང་ངོ་བོ་དམན་པ་ཡིན་པས་སྤང་བྱ་སྟོབས་ཆུང་བ་དང་། རྩ་བ་བདེན་པ་དང་བྱིན་རླབས་ཡོད་པས་དགེ་བ་སྟོབས་ཆེ་བར་བསྟན་པ་དང་། དགེ་ཚོགས་བསྒྲུབ་པ་དེའང་སྔར་བཤད་པ་ལྟར་སྟོབས་ཆེ་བ་ལྔས་བྱེད་པ་ཚད་མེད་པའི་རིགས་པས་བསལ་ཏེ་བརྩོན་འགྲུས་ཉིད་ལ་སྦྱར་བར་བྱའོ། །གསུམ་པ་སེམས་ཅན་སྨིན་པར་བྱ་བ་ལ་བསླབ་པ་ནི་བྱང་ཆུབ་སེམས་དཔས་ཐོག་མར་གཞན་དོན་མི་འགྲུབ་པས་རྒྱུ་འཇིག་རྟེན་མ་དད་པའི་སྤྱོད་པ་སྤང་བར་བྱ་སྟེ། ཕ་རོལ་མ་དད་ན་མི་ཉན་པས་དེའི་དོན་མི་འགྲུབ་ཅིང་རང་ལ་སྨོད་པས་ཕ་རོལ་ཉམས་པའི་དོན་མ་ཡིན་པ་ཐོབ་པའི་ཕྱིར་ཏེ། ཇི་སྐད་དུ། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་སྟེ་སྤང་བར་བྱ། །ཞེས་སོ། །དེ་ནས་ཅི་སྲིད་དངོས་སུ་མ་ནུས་པའི་སྐབས་སུ་བྱ་བ་འོས་པའི་བསམ་པ་སྦྱངས་ལ། བསམ་པས་བྱ་བ་ལ་དོན་གྱིས་འཇུག་པར་ཡང་འགྱུར་ཏེ། གང་ལ་དེ་ཡི་སེམས་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་སོ། །སྦྱོར་བས་ཀྱང་ཡི་དྭགས་དང་ལྷ་ཀླུ་ཀུན་ལ་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་བྱ་ཞིང་ནུས་ན་མི་རྣམས་ལའང་ཟས་གོས་ལ་སོགས་པའི་སྦྱིན་པ་དང་བསླབ་བྱ་སྟོན་པའི་སྙན་པར་སྨྲ་བ་དང་། དོན་ལེན་དུ་འཇུག་པའི་དོན་སྤྱོད་པ་དང་། དེ་ལ་བདག་ཉིད་འཇུག་པའི་དོན་མཐུན་པ་ཞེས་བྱ་བ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་སྨིན་པ་ལ་བསླབ་པར་བྱའོ། །གཉིས་པ་འཇུག་པའི་བསླབ་བྱར་བྱ་སྟེ་ཚོགས་བསགས་པ་ལ་གསུམ་སྟེ། གང་བླང་བྱ་སྡོམ་པའི་རང་བཞིན་ངོས་གཟུང་། དེ་ཡང་དག་པར་བླང་བའི་ཚུལ། བླངས་ནས་བསླབ་པར་བྱ་བའོ། །དང་པོ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ལ། འདིའི་མཚན་ཉིད་སྔོན་གྱི་དགེ་བའི་བཤེས་གཉེན་ཁ་ཅིག སྨོན་པའི་སེམས་དང་འཇུག་པའི་ཆོ་གས་བླངས་པ་སེམས་པ་དགེ་བའི་ས་བོན་རྒྱུན་ཆགས་པ་གྲོགས་བྱང་ཆུབ་ཀྱི་སེམས་དང་ལྡན་པ་སྟེ། སྡོམ་པར་མ་གཏོགས་པ་དང་། སོ་སོར་ཐར་པ་དང་། རིག་པ་འཛིན་པ་གསུམ་གཅོད་པའོ། །ཞེས་གསུངས་པ་ནི་མི་འཐད་དེ། བྱང་སར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་གྱི་ནང་མཚན་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སོ་ཐར་རིགས་བདུན་ཉིད་ལ་མཛད་པའི་ཕྱིར་དང་། རིགས་ལྔ་སྤྱིའི་དམ་ཚིག་གི་ནང་དུ་སོ་སོའི་དམ་ཚིག་རྣམས་འདུས་པས་རིག་པ་འཛིན་པའི་བསླབ་པ་ཐམས་ཅད་བྱང་སེམས་ཀྱི་སྡོམ་པར་འདུས་པའི་ཕྱིར་རོ། །དེས་ན་ས་པཎ་གྱིས་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་མི་མཐུན་ཕྱོགས་སྤོང་བའི་སེམས་པ་རྒྱུན་ཆགས་པ་ཞེས་གསུངས་པ་འདི་ཉིད་ལེགས་ཏེ་མཐར་ཐུག་ཐེག་པ་གཅིག་པའི་ལུགས་ལ་ཐེག་པ་གསུམ་གྱི་སྒྲུབ་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཡིན་མོད་ཀྱི་ཐེག་པ་འོག་མ་གཉིས་ཀྱི་སྒྲུབ་པ་ལས་དམིགས་པ་སོགས་བདུན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པ་ནི་ཐེག་ཆེན་གྱི་སྒྲུབ་པ་ཡིན་ལ། དེ་ལ་མི་མཐུན་པའི་ཕྱོགས་སྤོང་བའི་སེམས་པ་ཡོད་ན་སྡོམ་པར་འགྱུར་བར་གསུངས་པའི་ཕྱིར་རོ། །གཉིས་པ་དེ་ཡང་དག་པར་བླང་བའི་ཚུལ་ལ་གསུམ་སྟེ། བླང་བའི་ཡུལ་ལེན་པའི་ཆོ་ག ཇི་ལྟར་བླང་བའི་ཚུལ་ལོ། །དང་པོ་གཉིས་ནི་སྔར་བཤད་ཟིན་ཏོ། །ལེན་པའི་ཚུལ་ལ་སེམས་ཙམ་ལུགས་ཀྱིས་ངེས་པ་ལྔ་བྲལ་དགོས་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླང་བའི་ཚུལ་ཁོ་ན་གསུངས་ཤིང་དབུ་མ་ལུགས་ལ་དུས་ཉིན་ཞག་གཅིག་དང་། ཟླ་བ་དང་ལོ་དང་ཇི་སྲིད་འཚོའི་བར་དང་། བྱང་ཆུབ་མ་ཐོབ་ཀྱི་བར་རང་ཇི་ཙམ་ནུས་པ་དང་བསླབ་བྱའང་ཇི་ཙམ་སློབ་ནུས་པ་སློབ་པའི་ཚུལ་སྔར་བླ་མ་གོང་མ་རྣམས་གསུངས་སོ། །གསུམ་པ་བླངས་ནས་བསླབ་པར་བྱ་བ་ལ་གསུམ་སྟེ། སྤྱིར་བྱང་ཆུབ་སེམས་དཔའི་ལས་མཐའི་དབྱེ་བ་བསམ་པ། དེ་ལ་ཚུལ་ཁྲིམས་གསུམ་གྱིས་ཇི་ལྟར་བསླབ་པའི་ཚུལ་བྱ་བ་ཐམས་ཅད་ཐེག་པ་ཆེན་པོའི་ཕྱག་རྒྱ་ལས་མི་འདའ་བའོ། །དང་པོ་ལ་གསུམ་སྟེ། འདོད་པ་དང་མི་འདོད་པའི་དོན་ངོས་གཟུང་བ། བདག་དང་གཞན་གྱི་རྒྱུད་ངོས་གཟུང་བ། དེ་དག་ལ་ལས་མཐའི་དབྱེ་བའོ། །དང་པོ་ལ་འདོད་པ་ནི་འཕྲལ་གྱི་བདེ་བ་དང་ཡུན་གྱི་ཕན་པ་སྟེ་ཚེ་འདི་ཉིད་ཀྱི་འཕྲལ་ཕུགས་དང་། འདི་དང་ཕྱི་མའི་དང་མཐོ་རིས་དང་ཐར་པའི་དོན་ཡིན་ལ་མི་འདོད་པ་ནི་བཟློག་པ་སྟེ་འཕྲལ་དུ་སྡུག་པ་དང་ཡུན་དུ་གནོད་པ་ཡིན་ནོ། །གཉིས་པ་ནི། བདག་དང་གཞན་ཞེས་པ་ནི་འདིར་སེམས་བསྐྱེད་རྒྱུད་གཅིག་གིས་བསྡུས་པ་དང་། རྒྱུད་ཐ་དད་ཀྱིས་བསྡུས་པའོ། །གསུམ་པ་ལ་དབྱེ་སྒོ་གསུམ་སྟེ། དོན་གྱི་དབྱེ་བ་ལ་བདེ་བ་དང་ཕན་པ་དང་གཉིས་ཀ་བ་གསུམ་དང་སྡུག་པ་དང་གནོད་པ་དང་གཉིས་ཀ་བ་གསུམ་དང་། སྡུག་ལ་ཕན་པ་དང་བདེ་ལ་གནོད་པ་གཉིས་ཏེ་བརྒྱད་དང་། རྒྱུད་ཀྱི་དབྱེ་བ་ལ་བདག་གཞན་གཉིས་ཀའི་འདོད་པ་གསུམ་དང་། བདག་གཞན་གཉིས་ཀའི་མི་འདོད་པ་གསུམ་དང་། གཞན་འདོད་ལ་བདག་མི་འདོད་པ་དང་། བདག་འདོད་ལ་གཞན་མི་འདོད་པ་གཉིས་ཏེ་བརྒྱད། དོན་རྒྱུད་གཉིས་ཀ་བསྣོལ་བའི་དབྱེ་བ་བདག་སྡུག་ཅིང་གཞན་ལ་ཕན་པ་དང་། བདག་བདེ་ཞིང་གཞན་ལ་གནོད་པ་དང་། བདག་ལ་ཕན་ཞིང་གཞན་ལ་སྡུག་པ་དང་། བདག་ལ་གནོད་ཅིང་གཞན་བདེ་བ་བཞི་དང་། དེ་ལྟར་ན་ཉི་ཤུ་ཐམ་པ་སྟེ། བྱང་ཆུབ་སེམས་དཔའི་འཇུག་ལྡོག་གི་ལས་མཐའ་ནི་འདི་དག་ཙམ་དུ་ཟད་དོ། །གཉིས་པ་དེ་ལ་ཚུལ་ཁྲིམས་གསུམ་གྱིས་ཇི་ལྟར་བསླབ་པ་ལ་གསུམ་སྟེ། དོན་རྒྱུད་མ་བསྣོལ་བ་ཚུལ་ཁྲིམས་གསུམ་གྱི་བྱ་བ་སྤྱིར་བསྟན་པ། དོན་བསྣོལ་བ་དང་རྒྱུད་མ་བསྣོལ་བ་ལ་རིགས་ཀྱི་དམིགས་བསལ་གྱི་བྱ་བ། གཉིས་ཀ་བསྣོལ་བ་ལ་རིགས་དང་། སྟོབས་ཀྱི་དམིགས་བསལ་བ་དང་ཡང་བསལ་བྱ་བའོ། །དང་པོ་ནི་བདག་ཉིད་ཀྱི་དོན་མེད་པའི་སྡུག་གནོད་གཉིས་ཀ་བ་གསུམ་སྤོང་བ་ནི་སྡོམ་པའི་ཚུལ་ཁྲིམས་ཡིན་ཏེ། དེའང་སྔར་སྨོན་པའི་བསླབ་བྱ་བཤད་པ་བས་ཁྱད་པར་དུ་ཆེས་ཆེར་སློབ་པའོ། །བདག་ཉིད་ཀྱི་ཉེས་མེད་ཀྱི་བདེ་ཕན་གཉིས་ཀ་བ་གསུམ་བྱེད་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན་ཏེ། དེའང་སྔར་བསྟན་པའི་ཕ་རོལ་ཏུ་ཕྱིན་པའི་དགེ་ཚོགས་སྒྲུབ་པར་ཁས་བླངས་པ་ཉིད་ལས་ཉམས་ན་ཕྱིར་བཅོས་པ་དང་བཅས་ཏེ་ཆེས་ཆེར་སློབ་པའོ། །གཞན་གྱི་ཉེས་མེད་ཀྱི་བདེ་ཕན་གཉིས་ཀ་བ་གསུམ་དུ་བྱེད་ཅིང་། སྡུག་གནོད་གཉིས་ཀ་བ་གསུམ་སྤོང་བ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ཡིན་ཏེ། དེའང་སྔར་བསྟན་པའི་བྱ་བར་ཁས་བླངས་པ་ལས་ཉམས་ན་ཕྱིར་བཅོས་པ་དང་བཅས་པས་ཆེས་ཆེར་སློབ་པའོ། །གཉིས་པ་ལ་རྒྱུད་གཅིག་ལ་དོན་བསྣོལ་བའི་སྡུག་ཀྱང་ཕན་པ་དང་། བདེ་ཡང་གནོད་པ་སྟེ། དེ་དག་ལ་རིགས་ཀྱིས་དམིགས་བསལ་བྱ་སྟེ། སྨན་དཔྱད་དང་དཀའ་ཐུབ་ལ་སོགས་པ་བདག་གམ་གཞན་ལ་ཡུན་དུ་ཕན་ན་འཕྲལ་དུ་སྡུག་ཀྱང་བྱ་ཞིང་། འདོད་ལོག་ལ་སོགས་པ་འཕྲལ་དུ་བདེ་ཡང་ཡུན་དུ་གནོད་པའི་ལས་མི་བྱའོ། །དོན་གཅིག་གི་རྒྱུད་བསྣོལ་བ་ནི་གཞན་འདོད་ལ་བདག་མི་འདོད་པ་དང་། བདག་འདོད་ལ་གཞན་མི་འདོད་པ་གཉིས་དམིགས་བསལ་བྱ་སྟེ། ལམ་དང་ཁ་ཟས་ལ་སོགས་པ་གཞན་འདོད་ན་བདག་མི་འདོད་ཀྱང་བྱ་ཞིང་གཞན་མི་འདོད་ན་བདག་འདོད་ཀྱང་མི་བྱའོ། །གསུམ་པ་གཉིས་ཀ་བསྣོལ་བ་ལ། བྱ་བའི་གཙོ་བོ་མཐུན་པ་དང་མི་མཐུན་པ་གཉིས་ལས། མཐུན་པ་ནི་བདག་སྡུག་ཀྱང་གཞན་ལ་ཕན་པ་དང་། བདག་བདེ་ཡང་གཞན་ལ་གནོད་པ་གཉིས་ཏེ། དོན་རྒྱུད་གཉིས་ཀའི་རིགས་ཀྱི་དམིགས་བསལ་གྱིས་དང་པོ་བྱ་ཞིང་གཉིས་པ་མི་བྱའོ། །མི་མཐུན་པ་ནི་བདག་ལ་ཕན་ཡང་གཞན་སྡུག་པ་དང་། བདག་ལ་གནོད་ཅིང་གཞན་ལ་བདེ་བ་སྟེ་འདི་གཉིས་བྱང་ཆུབ་སེམས་དཔའ་དད་པས་འཇུག་པའི་དོན་གཙོ་བོར་བྱེད་པས་རྒྱུད་ཀྱི་དམིགས་བསལ་ལ་དོན་གྱི་རིགས་ཀྱིས་ཡང་བསལ་བྱ་སྟེ། དང་པོ་བྱེད་ཅིང་གཉིས་པ་མི་བྱེད་དོ། །བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་རྒྱུད་གཙོ་བོར་བྱས་ཏེ་དོན་གྱི་དམིགས་བསལ་ལ་རྒྱུད་ཀྱིས་ཡང་བསལ་བྱས་ནས་གཉིས་པ་བྱེད་ཅིང་དང་པོ་མི་བྱེད་དོ། །དེས་ན་དེ་ལ་ཡང་བསལ་བཞིར་འགྱུར་རོ། །དེ་བཞིན་དུ་སྔར་གྱི་དོན་གྱི་དམིགས་བསལ་གཉིས་ལའང་ཕན་གནོད་པས་བདེ་སྡུག་ཆེ་ན་སྟོབས་ཀྱིས་ཡང་བསལ་བྱ་བ་གཉིས་དང་། རྒྱུད་ཀྱི་དམིགས་བསལ་གཉིས་ལའང་གཞན་གྱི་བས་རང་གི་འདོད་མི་འདོད་ཆེ་ན་སྟོབས་ཀྱིས་ཡང་བསལ་བྱ་བ་གཉིས་དང་། དོན་རྒྱུད་གཉིས་ཀའི་དམིགས་བསལ་གཉིས་ལའང་གཞན་གྱི་ཕན་གནོད་པས་བདག་གི་བདེ་སྡུག་སྟོབས་ཆེ་ན་སྟོབས་ཀྱིས་ཡང་བསལ་ཡང་དཔྱད་པར་བྱའོ། །དེ་ལྟར་ན་དོན་རྒྱུད་མཐུན་པ་སྤྱིར་བསྟན་པའི་བྱ་བ་བཅུ་གཉིས་དང་། དོན་དང་རྒྱུད་གཉིས་ཀའི་སྒོ་ནས་དམིགས་བསལ་གྱི་བྱ་བ་དྲུག་དང་། རིགས་དང་སྟོབས་ཀྱི་སྒོ་ནས་ཡང་བསལ་གྱི་བྱ་བ་བཅུ་སྟེ། བྱང་ཆུབ་སེམས་དཔའི་འཇུག་ལྡོག་གི་བྱ་བ་ནི་ཉི་ཤུ་རྩ་བརྒྱད་ཁོ་ནའོ། །དེ་ལྟར་སྤྱིར་བསྟན་པ་དང་། དམིགས་བསལ་དང་ཡང་བསལ་གྱི་སྤྱོད་པ་དེ་དག་ནི་རིམ་པ་བཞིན་ཚུལ་ཁྲིམས་གསུམ་གྱི་ཡུལ་ཆེ་བས་རྒྱ་ཆེ་བའི་དང་འཕྲལ་གྱི་བདེ་སྡུག་བས་ཕུགས་ཀྱི་ཕན་གནོད་ལ་རྟོགས་པས་རླབས་པོ་ཆེའི་དང་། དད་པ་དང་སྙིང་རྗེའི་རྗེས་སུ་འབྲང་བས་སྐྱེས་བུ་དམ་པའི་དང་། དོན་རྒྱུད་ཀྱི་ཡུལ་སྟོབས་ཀྱིས་བླང་དོར་གཞན་གྱིས་རྟོགས་དཀའ་བས་ཟབ་པའི་སྤྱོད་པ་ཞེས་བྱ་བར་འགྱུར་རོ། །གསུམ་པ་དེ་ལྟར་སྤྱོད་པ་ཐམས་ཅད་ཐེག་པ་ཆེན་པོའི་ཕྱག་རྒྱ་ལས་མི་འདའ་བ་ནི་བྱང་ཆུབ་སེམས་དཔས་གང་ཅི་སྤྱད་པ་ཐམས་ཅད་ཀུན་སློང་བྱང་ཆུབ་ཀྱི་སེམས་དང་ཆེད་དུ་བྱ་བ་སེམས་ཅན་གྱི་དོན་དང་། ལྟ་བ་ཐམས་ཅད་སྟོང་པ་ཉིད་དང་བྱ་བ་ཐམས་ཅད་དོན་ཆེ་བ་ལ་འཇུག་པ་སྟེ། དེ་དག་ལས་གཅིག་མ་ཚང་ཡང་ཐེག་པ་ཆེན་པོའི་ལྟུང་བར་འགྱུར་ཞིང་ལམ་དུ་མི་ཚུད་པའི་ཕྱིར་རོ། །གསུམ་པ་དེ་ལྟར་སྨོན་འཇུག་གི་བསམ་པ་དང་། སྦྱོར་བའི་བསླབ་པ་དེ་དག་ཕུན་སུམ་ཚོགས་པའི་ཡན་ལག་གསུམ་སྟེ། རྗེས་སུ་མཐུན་པའི་གྲོགས། མཁས་པར་བྱ་བ་ལ་མཁས་པ། བླང་དོར་ལ་བག་ཡོད་པའོ། །དང་པོ་ནི་ལྟ་སྤྱོད་མཐུན་པ། ཡོན་ཏན་གྱིས་མཐོ་བ། ཆོས་ལ་གཞོལ་བ། འགྲོགས་ན་ཡོན་ཏན་གྱི་ཁྱད་པར་ཐོབ་པའི་གྲོགས་དང་འགྲོགས་ན་མི་ཉམས་པ་དང་འཕེལ་བའི་རྐྱེན་བྱེད་པ་ཡིན་ཏེ། དམ་པའི་གྲོགས་ཀྱིས་ཁྱོད་བསྐོར་ན། །ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི་རང་གི་བྱ་བ་ལས་ཉེས་པ་སྤོང་བ་དང་། དགེ་བར་སྒྲུབ་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་མཁས་པ་གསུམ་ལས། དང་པོ་ནི་ཁ་ན་མ་ཐོ་བ་ཤིན་ཏུ་ཕྲ་བ་ལའང་འཇིགས་པ་བསྐྱེད་པ་དང་། ངོ་ཚ་ཁྲེལ་ཡོད་ཀྱིས་འཛེམ་བཞིན་དུ་སྤྱོད་པ་དང་། ཆེན་པོ་སྤང་བའི་ཕྱིར་ཆུང་ངུ་སྤྱོད་པ་དང་། དུས་དྲན་གྱི་སྒོ་ནས་ཉོན་མོངས་ཉེས་སྤྱོད་རྣམས་དང་པོ་ནས་མི་འབྱུང་བའི་ཐབས་དང་། སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་གསུམ་གྱི་བཅས་པ་དང་། རང་བཞིན་གྱི་སྡིག་པ་བྱས་པ་རྣམས་བྱིན་རླབས་ཀྱིས་མི་འཕེལ་བ་དང་། ཡང་ཡང་ཉམས་པ་རྣམས་སོ་སོའི་ཆོ་གས་ཕྱིར་བཅོས་པ་དང་། རབ་བྱུང་གི་རྩ་ལྟུང་བྱུང་ནའང་རྟེན་དེ་ཉིད་ཀྱིས་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྡོམ་པ་ལ་བརྟེན་ནས་ལས་སྒྲིབ་བཤགས་པའི་སྒོ་ནས་བྱུང་བ་ཕྱིར་བཅོས་ལ་མཁས་པའོ། །གཉིས་པ་ལ་གཉིས་ཏེ། དགེ་བ་མངོན་པར་བསྒྲུབ་པ་ལ་མཁས་པ་དང་། སྤེལ་བ་ལ་མཁས་པའོ། །དང་པོ་ལ་གསུམ་སྟེ། དགེ་བ་ཅི་ལྟར་བྱ་བའི་རིམ་པ་ལ་མཁས་པ་དང་། དགེ་བ་རྒྱ་བསྐྱེད་པ་དང་། ཐམས་ཅད་ཚོགས་སུ་བསྒྱུར་བའོ། །དང་པོ་ནི་རྟོག་པ་སྔོན་དུ་གཏོང་བས་དགེ་བ་གང་བྱེད་པ་དེའི་བྱ་བའི་གོ་རིམ་མ་ནོར་བ་དང་། ཆུང་རིམ་ནས་མི་སུན་པར་བསླབ་པའོ། །གཉིས་པ་ནི་སྦྱིན་པ་ལ་སོགས་པའི་དངོས་པོ་ཉིད་རྒྱ་བསྐྱེད་པ་དང་། བསམ་པ་རྒྱ་བསྐྱེད་པ་ཀུན་སློང་བྱང་ཆུབ་ཀྱི་སེམས་དང་། ཕྱག་དང་མཆོད་པ་ལ་སོགས་པ་བྱེད་པ་པོ་དང་། ཞིང་དང་བྱ་བ་བློས་སྤྲུལ་པ་དང་། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་བྱ་བ་དང་། སྦྱོར་བ་རྒྱ་བསྐྱེད་པ་སྦྱོར་བ་ཅི་བྱེད་ཐམས་ཅད་གཞན་ཡང་བྱེད་དུ་འཇུག་ཅིང་བྱེད་པའི་བསྔགས་པའང་བརྗོད་པའོ། །གསུམ་པ་ལ་གསུམ་སྟེ། བྱེད་སྣང་ཐམས་ཅད་དགེ་བའི་ཚོགས་སུ་བསྒྱུར་བ་དང་། ལུས་སེམས་ཀྱི་མྱོང་བ་ཐམས་ཅད་ཚོགས་སུ་བསྒྱུར་བ་དང་། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་ལམ་དུ་བྱ་བའོ། །དང་པོ་ནི་བདག་གི་སྒོ་གསུམ་གྱིས་ཅི་བྱེད་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་རོ། །ཞེས་འཕེན་པས་བྱ་བྱེད་ཐམས་ཅད་ཚོགས་སུ་བསྒྱུར་བ་དང་། དངོས་སུ་ཆོས་བྱེད་པ་དང་། དེའི་མཐུན་རྐྱེན་བསྒྲུབ་པ་དང་། འགལ་རྐྱེན་བསལ་བའི་སྒོ་ནས་བྱེད་པ་ཚོགས་སུ་བསྒྱུར་བ་དང་། བྱ་བ་ཐམས་ཅད་ལ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་བཞིན་དུ་སྨོན་ལམ་གྱི་འདུན་པས་བྱ་བ་ཐམས་ཅད་ཚོགས་སུ་བསྒྱུར་བའོ། །གཉིས་པ་ནི་བདག་གི་གནས་སྐབས་ལུས་སེམས་ལ་མི་འདོད་པའི་སྡུག་བསྔལ་བྱུང་བའི་ཚེ་འདི་ནི་བདག་ཉིད་ཀྱིས་མི་དགེ་བ་བྱས་པའི་འབྲས་བུ་ཡིན་ངེས་སོ་ཞེས་ཡིད་ཆེས་པའི་དད་པ་དང་ཕྱིན་ཆད་འདི་འདྲ་བ་འབྱུང་བའི་ལས་མི་བྱའོ་ཞེས་སྡིག་པ་ལས་བཟློག་པ་དང་། བདག་གི་སྡུག་བསྔལ་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཟད་པར་གྱུར་ཅིག ཅེས་མི་འདོད་པ་ལ་བརྟེན་ནས་དགེ་བའི་སེམས་གསུམ་བསྐྱེད་པ་དང་བདག་ལ་བདེ་བ་དང་སྐྱིད་པ་བྱུང་བའི་ཚེ་འདི་ནི་སྔོན་ཆད་དགེ་བ་བྱས་པའི་འབྲས་བུ་ཡིན་ནོ་ཞེས་དང་། ད་དུང་དགེ་བ་བྱའོ་ཞེས་དང་། སེམས་ཅན་རྣམས་ཀྱིས་ཀྱང་འདི་འདྲ་བའི་བདེ་སྐྱིད་ཐོབ་པར་གྱུར་ཅིག་ཅེས་འདོད་པ་ལ་བརྟེན་ནས་དགེ་བའི་སེམས་གསུམ་བསྐྱེད་པར་བྱའོ། །གསུམ་པ་ལ་སེམས་ཅན་གྱི་གནས་སྐབས་ལམ་དུ་བྱ་བ་ནི་སེམས་ཅན་འབྲས་བུ་འབྱོར་པར་ལྡན་པ་དང་། རྒྱུ་ལེགས་པ་སྤྱོད་པའི་མཆོག་རྣམས་ལ་རྗེས་སུ་ཡི་རང་བར་བྱ་བ་དང་། འབྲས་བུ་རྒུད་པ་དང་། རྒྱུ་ཉེས་སྤྱོད་ལ་ཞུགས་པའི་དམན་པ་རྣམས་ལ་སྙིང་རྗེ་བསྒོམ་པའོ། །བྱེ་བྲག་ཏུ་བདག་ལ་ཕན་བྱེད་རྣམས་ལ་བྱས་པ་ཤེས་པ་དང་། ཆགས་པ་སྤོང་བ་དང་། ཆོས་ཀྱི་དྲིན་ལན་བསབ་པའི་དགེ་བ་དང་། གནོད་བྱེད་རྣམས་ལ་ཕན་འདོགས་བྱེད་དང་། འཁྲུལ་པར་བསམ་ཏེ་བྱམས་སྙིང་རྗེ་བསྒོམས་པས་ལམ་དུ་བྱ་བའོ། །སྣོད་ཀྱི་འཇིག་རྟེན་ཡང་སེམས་ཅན་རྣམས་ཀྱི་ལས་ཀྱི་འབྲས་བུ་ལྟ་སྟེ་བཟང་བ་མཐོང་ན་དེ་ལ་ལྟོས་པའི་ལས་བསགས་པ་དང་། ངན་པ་སྙིང་རྗེ་དང་བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་བསྒྲུབ་པའི་དམིགས་རྐྱེན་དུ་བྱ་བའོ། །གསུམ་པ་དགེ་བ་སྤེལ་བ་ལ་མཁས་པ་ནི། དགེ་བའང་འཛད་པའི་རྒྱུ་འགྱོད་པ་དང་། བཀྱོྃན་པ་དང་རྩ་བའི་ལྟུང་བ་དང་། ཡུལ་ཁྱད་པར་ཅན་ལ་ལོག་པར་བསྒྲུབ་པ་ལ་སོགས་པ་ལ་བག་བྱ་བ་དང་། རང་གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་བྱ་བ་དང་། དགེ་བའི་སྦྱིན་པ་གོང་ནས་གོང་དུ་རྣམ་པར་སྤེལ་བའོ། །གསུམ་པ་སེམས་ཅན་གྱི་དོན་བྱ་བ་ལ་མཁས་པ་ནི་བསམ་འབྱོར་གཉིས་ཀ་འཛོམས་པས་གདུལ་བྱ་རྗེས་སུ་བཟུང་བ་ལ་མཁས་པ་དང་། བསམ་པ་འཇམ་ཞིང་སྦྱོར་བ་རྩུབ་པས་ཚར་གཅོད་པ་ལ་མཁས་པར་བྱ་བའོ། །གསུམ་པ་བླང་དོར་ལ་བག་ཡོད་པར་བྱ་བ་ནི། ཁས་བླངས་པའི་བསླབ་བྱ་དེ་དག་ལས་དྲན་པ་དང་། ཤེས་བཞིན་དང་ངོ་ཚ་ཁྲེལ་ཡོད་སྔོན་དུ་འགྲོ་བས་ལྡོག་པ་དང་འཇུག་པའི་བག་ཡོད་པས་ཁས་བླངས་པའི་བསླབ་བྱ་དང་། ཐོབ་པའི་གནས་མི་ཉམས་པར་བྱ་བའི་ཕྱིར་བསླབ་དགོས་ཏེ། ལུང་དག་ལས། དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །ཞེས་སོགས་མང་དུ་གསུངས་སོ། །དེ་དག་གིས་ནི་སྟོང་པ་ཉིད་ལ་མོས་པ་ཙམ་བྱ་སྟེ། ཀུན་རྫོབ་ལ་དམིགས་པའི་ཐབས་ཀྱིས་བསོད་ནམས་ཀྱི་ཚོགས་གཙོ་བོར་གསོག་པ་བསྟན་ཟིན་ནས། ད་ནི་གཉིས་པ་དོན་དམ་ལ་དམིགས་པའི་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གསོག་པ་ལ་གསུམ་སྟེ། ཤེས་རབ་ཀྱི་བྱེད་པ་ཞི་གནས་ལ་ལྟོས་པ། དེས་ན་ཐོག་མར་ཞི་གནས་བསྐྱེད་པ། ཞི་གནས་གྲུབ་ནས་ཤེས་རབ་བསྒོམ་པའོ། །དང་པོ་ནི། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །ཞེས་གསུངས་པའི་ཚུལ་གྱིས་ཏིང་ངེ་འཛིན་མེད་ན་ལུས་སེམས་རྒུད་པས་བཟླས་བརྗོད་ལ་སོགས་པའི་དགེ་བའང་མཐུ་ཆུང་བ་དང་། ཐོས་བསམ་གྱི་ཤེས་རབ་ཙམ་གྱིས་སྟོང་པ་ཉིད་ཀྱི་རོ་མི་མྱོང་ཞིང་ཉོན་མོངས་མི་སྤོང་བས་རང་དོན་གྱི་མཐུ་ཆུང་ལ། མངོན་ཤེས་མེད་པས་གཞན་དོན་ཡང་མི་ནུས་པས་ཐོག་མ་སེམས་ལས་སུ་རུང་བའི་ཞི་གནས་བཙལ་བར་བྱ་སྟེ། འདི་ལ་དགོངས་ནས་བསླབ་པ་ཕྱི་མ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་ཕྱི་མ་གཉིས་ཀྱི་གོ་རིམ་ཡང་དེ་ལྟར་གསུངས་སོ། །གཉིས་པ་ལ་གསུམ་སྟེ། ཞི་གནས་ཀྱི་ཚོགས་ལ་གནས་པ། དེས་ཉེར་བསྡོགས་བསྐྱེད་པ། དེས་བསམ་གཏན་གྱི་དངོས་གཞི་བསྐྱེད་པའོ། །དང་པོ་ལ་གང་དུ་བསྒྲུབ་པའི་གནས་དང་། གང་དང་སྒྲུབ་པའི་གྲོགས་དང་། དེ་བྱ་བའི་རིམ་པ་དང་གསུམ་ལས། དང་པོ་ནི། གནས་བྱིན་གྱིས་བརླབས་པའི་བཀྲ་ཤིས་པ་ཡིད་དང་མཐུན་པ། འདུ་འཛི་དང་འཚེ་བས་དབེན་པར་གྲོགས་ཏིང་ངེ་འཛིན་གྱི་ཉམས་ཅན་བླ་མ་ཉིད་དམ་རྗེས་སུ་མཐུན་པ་ལ་བརྟེན། དེར་བྱ་བའི་རིམ་པ་ནི། འཇིག་རྟེན་གྱི་བྱ་བ་དང་། འདོད་པ་དང་གནོད་སེམས་ལ་སོགས་པ་སྤྲོས་པའི་རྣམ་རྟོགས་ཐམས་ཅད་དོར་བ་དང་། རྟེན་ཁྱད་པར་ཅན་བཞུགས་པ་ལ་མཆོད་པ་དང་། ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་དང་། གསོལ་བ་གདབ་པ་དང་བཟླས་བརྗོད་ལ་སོགས་པས་བར་གཅོད་ཟློག་པ་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་པས་སྡིག་སྒྲིབ་སྦྱོང་བའི་སྒོ་ནས་སྐྱེ་བའི་གེགས་བསལ་བ་དང་ལུས་ངག་ཡིད་གསུམ་དམ་པའི་སྤྱོད་ལམ་དང་། ཟས་ལ་སོགས་པ་འཚམ་པའི་འཚོ་བ་དང་མཚན་མོ་སྟོད་སྨད་ཀྱི་རྣལ་འབྱོར་གྱིས་མཐུན་པའི་རྒྱུ་བསྟན་པ་དང་། གནས་སྐབས་ཐམས་ཅད་དུ་དྲན་ཤེས་བག་ཡོད་དང་ལྡན་པས་གཞི་ཚུལ་ཁྲིམས་ལ་སོགས་པའི་ཐབས་ལམ་མ་ཉམས་པར་བྱ་བའོ། །གཉིས་པ་ལ་གསུམ་སྟེ། དམིགས་པའི་ཁྱད་པར་ངོས་གཟུང་། དེ་ལ་སེམས་གཞག་པའི་ཐབས། ལེགས་པར་ཟིན་པའི་རྟགས་སོ། །དང་པོ་ནི། སྤྱིར་དམིགས་པ་གང་ཡང་རུང་བ་གཅིག་ལ་ཞེས་འབྱུང་སྟེ། མེ་ཏོག་སྔོན་པོ་ལ་སོགས་པའི་རྟེན་མཛེས་པ་ཉེ་རིང་རན་པ་མི་གཡོ་བ་ཞིག་ལ་དམིགས་པས་ཀྱང་སྐྱེ་མོད་ཀྱི། འོན་ཀྱང་གཞུང་ནས་བསྔགས་པ་བྱིན་རླབས་འབྱུང་བས་སྤྱིར་ཁ་ཕྱིར་ལྟ་ལྷ་སྐུ་དང་། ཟད་པར་ཟིན་གནོན་དང་བྱམས་སྙིང་རྗེ་ལ་དམིགས་པ་དང་། ནང་ལྟ་རང་གི་ལུས་ཀྱི་ཀེང་རུས་དང་ལུས་ལ་བརྟེན་པའི་རྩ་རླུང་ལ་སོགས་པ་ལ་དམིགས་པའི་ཚུལ་གཉིས་བཤད་པ་ལས་འདིར་ནི་མདོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི། །ཞེས་འབྱུང་བས་ལྷའི་སྐུ་ལ་བསླབ་པར་བྱའོ། །གཉིས་པ་ལ་མཉམ་རྗེས་གཉིས་ལས། དང་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་པས་དཀོན་མཆོག་དང་བླ་མ་ལ་ཕྱག་དང་མཆོད་པ་ལ་སོགས་པའི་ཡན་ལག་བདུན་པ་བྱས་ནས་གསོལ་བ་དྲག་ཏུ་བཏབ་སྟེ་སྟོན་པ་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་སྤྱོད་ལམ་གྱིས་འདུག་པར་བྱའོ། །དེ་ནས་དངོས་གཞི་ནི། ཏིང་ངེ་འཛིན་གྱི་ཕན་ཡོན་ལ་སྤྲོ་བས་དམིགས་རྟེན་བརྟན་པར་བྱས་ཏེ། དེ་ལ་སེམས་རྩེ་གཅིག་ཏུ་གཞག་པའི་ཐབས་དགོས་ཏེ་མདོ་ལས་སེམས་འཇོག་ཀུན་ཏུ་འཇོག ངེས་པར་འཇོག་ཉེ་བར་འཇོག་དུལ་བར་བྱེད་ཞི་བར་བྱེད་ཉེ་བར་ཞི་བར་བྱེད་རྒྱུད་གཅིག་ཏུ་བྱེད་མཉམ་པར་འཇོག་པར་བྱེད་ཅེས་སེམས་གནས་པའི་ཐབས་དགུས་གནས་པར་གསུངས་པའི་དང་པོ་སེམས་འཇོག་པ་ནི། དམིགས་པའི་རྟེན་དེ་ཉིད་ལ་ཉིན་པར་མིག་གི་ཤེས་པ་དང་ཡིད་ཤེས་གཉིས་རྩེ་གཅིག་ཏུ་གཏད་ཅིང་རྣམ་པ་གསལ་པོའི་སྒོ་ནས་བསྒོམས་ལ། མཚན་མོར་དམིགས་རྟེན་དྲན་པའི་སྒོ་ནས་རྩོལ་བ་བསྒྲིམས་ཏེ་རྩེ་གཅིག་ཏུ་བཞག་པའོ། །གཉིས་པ་ཀུན་ཏུ་འཇོག་པ་ནི་སྔར་གྱི་དམིགས་པའི་རྒྱུན་དེ་ཉིད་སྐྱོང་བའོ། །གསུམ་པ་ངེས་པར་འཇོག་པ་ནི་ཤེས་པ་ཕྱིར་འཕྲོ་ན་ངའི་ཤེས་པ་རྒོད་པར་སོང་སྙམ་དུ་ཤེས་པ་དྲན་པ་མྱུར་དུ་བླན་ཏེ། རིངས་པར་བླངས་ལ་བློ་འཇོག་པའོ། །བཞི་པ་ཉེ་བར་འཇོག་པ་ནི་དམིགས་པ་གཅིག་གིས་སེམས་སྐྱོ་ན་མེ་ཏོག་སེར་པོའམ་ལྷའི་གཙུག་ཏོར་ལྟ་བུ་ལ་ཐུན་རེ་རེ་ཙམ་བསྒོམས་པས་དབུགས་དབྱུང་ལ་ཡང་སྔར་གྱི་དེ་ཉིད་བསྒོམ་པར་བྱའོ། །ལྔ་པ་དུལ་བར་བྱེད་པ་ནི་ཏིང་ངེ་འཛིན་ལ་ཡོན་ཏན་དཔག་ཏུ་མེད་པ་ཡོད་པར་ཤེས་པར་བྱས་ལ་སྤྱོད་ལམ་ཐམས་ཅད་དུའང་དམིགས་པ་གསལ་བ་མེད་ཀྱང་དམིགས་རྐྱེན་གྱི་རྣམ་པ་རྟག་ཏུ་དྲན་པས་སེམས་འདུལ་བར་བྱའོ། །དྲུག་པ་ཞི་བར་བྱེད་པ་ནི་རྣམ་པར་རྟོག་པ་འཕྲོ་བ་ནའང་མི་དགའ་བར་གྱུར་པའི་ཚེ་དམིགས་སྟེང་དུ་སེམས་གློད་དེ་ཞི་བར་བྱའོ། །བདུན་པ་ཉེ་བར་ཞི་བར་བྱེད་པ་ནི་བརྣབ་སེམས་ལ་སོགས་པའི་མི་དགེ་བའི་སེམས་བསྐྱེད་པའི་ཚེ་དམིགས་པ་ལ་བརྟེན་ནས་ཞི་བར་བྱེད་པའོ། །བརྒྱད་པ་རྩེ་གཅིག་ཏུ་བྱེད་པ་ནི་སེམས་ཕྱིར་མི་འཕྲོ་བར་གནས་ན་དེ་ཉིད་ཀྱི་སྟེང་དུ་རྩེ་གཅིག་ཏུ་འཇོག་པར་བྱེད་པའོ། །དགུ་པ་ཤིན་ཏུ་མཉམ་པར་འཇོག་པར་བྱེད་པ་ནི་དམིགས་པ་དེ་དག་བརྟན་ནས་ཆེད་དུ་མ་བསྒྲུབས་པར་ཡང་ཏིང་ངེ་འཛིན་འབྱུང་བ་ཡིན་ནོ། །དེ་དག་ཀྱང་མདོ་སྡེ་རྒྱན་ལས། དམིགས་པ་ལ་ནི་སེམས་གཏད་ནས། །དེའི་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ཡང་བླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་འཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཅེས་གསུངས་སོ། །དེ་ལྟར་དེ་དག་ཀྱང་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བརྟེན་པའི་སྒོ་ནས་བསྒོམ་པར་ཡང་གསུངས་ཏེ། ལེ་ལོའི་གཉེན་པོར་དད་པ་དང་འདུན་པ་དང་བརྩོན་འགྲུས་དང་ཤིན་ཏུ་སྦྱངས་པ་དང་། གདམས་ངག་བརྗེད་པའི་གཉེན་པོར་དྲན་པ། བྱིང་རྒོད་ཀྱི་གཉེན་པོར་ཤེས་བཞིན། གཉེན་པོར་འདུ་མི་བྱེད་པའི་གཉེན་པོར་སེམས་མངོན་པར་འདུ་བྱེད་པའི་སེམས་པ། བྱིང་རྒོད་ཞི་བ་ན་ཧ་ཅང་རྩོལ་བའི་གཉེན་པོར་བཏང་སྙོམས་བསྟེན་ཏེ་བསྒོམ་པ་ན་དགུ་པ་མཉམ་པར་འཇོག་པའི་སྐབས་སུ་ཤིན་ཏུ་སྦྱངས་པའི་བདེ་བ་མ་ཐོབ་པའི་ཚེ་འདོད་སེམས་རྩེ་གཅིག་པ་ཡིན་ཅིང་དེ་ཐོབ་པའི་ཚེ་བསམ་གཏན་གྱི་ཉེར་བསྡོགས་ཀྱིས་བསྡུས་པའི་ཞི་གནས་ཡིན་པས་འདི་ལ་བརྟེན་ནས་ལྷག་མཐོང་བསྒོམས་ན་ཞི་ལྷག་ཟུང་འབྲེལ་དུ་འགྱུར་རོ། །བོད་དག་མེ་ཏོག་སྔོན་པོ་སོགས་ཀྱི་དམིགས་རྟེན་ལ་བརྟེན་ནས་ཞི་གནས་བསྒྲུབ་པ་ལ། ཞི་གནས་ཡིད་ཤེས་ཀྱི་སྟེང་དུ་བསྒྲུབ་པ་ལ་མིག་ཤེས་ཀྱིས་དམིགས་རྟེན་ལ་ལྟ་བ་དོན་མེད་ཅེས་དགག་པ་བྱེད་པ་ནི་ཐོས་པ་ཡིད་ཤེས་སྟེང་དུ་བསྒྲུབ་རྒྱུ་ཡིན་པ་ལ་ཉན་ཤེས་ཀྱིས་གསུངས་རབ་ཉན་པ་དགོས་པ་མེད་ཅེས་སྨྲ་བ་དང་མཚུངས་སོ། །རྗེས་ནི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །གཉིས་པ་རྗེས་ཐོབ་ཀྱི་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་ཚོགས་གཉིས་བསགས་པ་དང་། གནས་སྐབས་ཐམས་ཅད་དུ་འདོད་པའི་དམིགས་པ་མི་བླང་བ་དང་། ལུས་སེམས་ལ་གནོད་པའི་ལས་སྤོང་བ་དང་། སྤྱོད་ལམ་ཐམས་ཅད་དུ་དྲན་ཤེས་བཞིན་གྱིས་ཟིན་པར་བྱའོ། །གསུམ་པ་སེམས་ལེགས་པར་ཟིན་པའི་རྟགས་ནི་གང་བསྒོམས་པའི་དམིགས་པ་འབྱུང་ཞིང་མི་འདོད་པ་མི་འབྱུང་བ་དང་། ཇི་སྲིད་འདོད་བར་དུ་འབྱུང་བ་དང་ལུས་སེམས་ཤིན་ཏུ་སྦྱངས་པར་ལྡན་པའོ། །གཉིས་པ་དེས་བསམ་གཏན་གྱི་དངོས་གཞི་བསྐྱེད་པ་ནི། རྒྱན་ལས། ཞི་གནས་དེ་ཐོབ་པ་ན་ཡིད་བྱེད་བཅུ་གཅིག་ལ་བརྟེན་ནས་བསྒྲུབ་ཚུལ་བཤད་པ་ནི་ཞི་ལྷག་ཟུང་འབྲེལ་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་བསྒྲུབ་པའི་དབང་དུ་བྱས་ལ་བསམ་གཏན་གྱི་དངོས་གཞི་ཙམ་བསྒྲུབས་ན་ཡིད་བྱེད་དྲུག་གིས་འདོད་པའི་ཉོན་མོངས་ཆེ་འབྲིང་དགུ་སྤངས་ནས་བསམ་གཏན་གྱི་དངོས་གཞི་གྲུབ་ན་ཞི་གནས་སྔར་བས་ཆེས་ཕུལ་དུ་བྱུང་བར་འགྱུར་ཏེ། རྒྱུད་བདེ་བས་རྒྱས་པ་དང་། སྡིག་པ་དང་ཉོན་མོངས་པའི་ཉེས་པས་མ་གོས་ཞིང་བྱ་བ་སྒྲུབ་པའི་མཐུ་ཆེ་བའི་ཕྱིར་རོ། །དེ་ལྟར་ཞི་གནས་གྲུབ་ནས། གསུམ་པ་དེས་ཤེས་རབ་ལྷག་མཐོང་བསྒོམ་པ་ལ། བསྒོམ་པའི་ཚུལ་དང་གོམས་པའི་བྱེད་པ་གཉིས་ལས། དང་པོ་ལའང་གསུམ་སྟེ། གཅིག་ཅར་འཇུག་པ་དང་རིམ་གྱིས་འཇུག་པ་དང་མན་ངག་གི་གནད་བསྡུས་ཏེ་བསྒོམ་པའོ། །དང་པོ་ནི་གང་ཟག་གམ་ཆོས་གང་ཡང་རུང་བ་ཞིག་ལ་སྔར་བཤད་པའི་རིགས་པ་རྣམས་ཀྱིས་དཔྱད་ནས་མ་རྙེད་པར་བྱས་ལ་རིགས་པ་དེ་ཉིད་ཀྱིས་སྣང་བའི་དངོས་པོ་གཞན་ཐམས་ཅད་ལའང་དཔྱད་དེ་མ་རྙེད་པར་བྱས་ནས་དེའི་ངང་ལ་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ནས་བཞག་པ་ན་སྔར་གྱི་ཞི་གནས་ཀྱི་དབང་གིས་ཇི་སྲིད་འདོད་ཀྱི་བར་དུ་གནས་པར་འགྱུར་བ་ནི་ཞི་ལྷག་ཟུང་འབྲེལ་ལོ། །འདི་ལ་ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པ་གང་ཟག་ལ་སྦྱོར་བ་དང་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པ་ཆོས་ལ་བསྒྲེ་བའི་གནད་ཤེས་དགོས་ཏེ། སྔར་གཞི་དབུ་མའི་སྐབས་སུ་བཤད་ཟིན་ཏོ། །གངས་རིའི་ཁྲོད་འདིར་སྔོན་བྱུང་བ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ངེས་པ་མ་རྙེད་ཀྱང་། རྟོག་པ་ཁ་ཚོམ་ལ་སྒོམ་དུ་སྨྲ་བ་ཧྭ་ཤང་གི་ལྟ་བ་དང་། ཕྱིས་བྱུང་བ་ང་མེད་ང་མེད་ཅེས་པའི་རྟོག་པའི་ཕྲེང་བ་བགྲང་བ་ལ་སྒོམ་དུ་སྨྲ་བ་ནི་ལྟ་བའི་སྙིགས་མ་ཡིན་པས་གཞན་དུ་དགག་པ་བྱས་ཟིན་པ་དྲན་པར་བྱའོ། །གཉིས་པ་ནི། དང་པོར་གང་ཟག་གི་བདག་མེད་སྒྲུབ་པའི་རིགས་པས་གང་ཟག་གི་བདག་མ་རྙེད་པར་བྱས་ནས་དེའི་ངང་ལ་བཞག་པ་དང་། དེ་ནས་དྲུག་གི་གཅིག་ཅར་སྦྱར་བའི་རིགས་པས་ཕྱི་དོན་མ་རྙེད་པར་བྱས་ནས་དེའི་ངང་ལ་བཞག་པ་དང་། དེ་ནས་གཟུང་བ་མེད་ན་དེར་འཛིན་ཀྱང་མ་རྙེད་པས་དེའི་ངང་ལ་བཞག་པ་དང་། དེ་ནས་གཉིས་མེད་ཀྱི་རྣམ་ཤེས་དེ་ཡང་མཐའ་བཞིའི་སྤྲོས་པ་དང་བྲལ་བར་བྱས་ནས་དེའི་ངང་ལ་བཞག་པར་བྱའོ། །གསུམ་པ་ནི་རྨི་ལམ་གྱི་དཔེ་སྣང་བ་ཐམས་ཅད་སེམས་སུ་བསྒྱུར་བ་དང་། དེ་ནས་སྒྱུ་མའི་དཔེས་སྣང་བ་ཐམས་ཅད་སྒྱུ་མར་བསྟན་པ་དང་། དེ་ནས། ཁ་ཏོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ནི་མཁས་རྟོགས་བྱ། །ཞེས་པའི་དཔེས་སྒྱུ་མ་དེའང་རྟེན་འབྲེལ་དུ་བསྒྲུབས་ཏེ། རྟེན་འབྲེལ་དེ་ཡང་བརྗོད་པར་བྲལ་བར་ཤེས་པར་བྱས་ནས་དེའི་ངང་ལ་བློ་བཞག་པས་མཐོང་སྤང་གིས་བསྡུས་པའི་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་ཏེ། ཐོས་པའི་ཤེས་རབ་ཀྱིས་ཉོན་མོངས་པ་ལ་མི་མཐུན་པའི་བློ་སྐྱེས་པ་དང་། བསམ་པས་རྩེ་འཇིལ་བ་དང་འཇིག་རྟེན་པའི་སྒོམ་བྱུང་གིས་མགོ་གནོན་པ་དང་། འཇིག་རྟེན་ལས་འདས་པའི་སྒོམ་བྱུང་གིས་ས་བོན་རྩ་བ་ནས་སྤངས་པ་ནི་སྤང་བྱ་དང་གཉེན་པོའི་གོ་རིམ་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །གསུམ་པ་ཚོགས་གཉིས་སྒྲུབ་པའི་ཀུན་ཏུ་སྤྱོད་པ་ལ་བདུན་ཏེ་རྟེན་དགེ་སྦྱོང་གི་ཀུན་དུ་སྤྱོད་པ། གནས་དགོན་པའི་ཀུན་ཏུ་སྤྱོད་པ། འཚོ་བ་བསོད་སྙོམས་ཀྱི་ཀུན་ཏུ་སྤྱོད་པ། ལུས་གཙང་བའི་ཀུན་ཏུ་སྤྱོད་པ། ན་བའི་ཀུན་ཏུ་སྤྱོད་པ། འཆི་བའི་ཀུན་ཏུ་སྤྱོད་པ། དགེ་བའི་ཀུན་ཏུ་སྤྱོད་པའོ། །དང་པོ་ནི། ཚུལ་ཁྲིམས་ལ་སོགས་པ་ཕུན་སུམ་ཚོགས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། དགེ་སྦྱོང་གི་ཆོས་བསྲུང་བ་དང་། བསྲིང་པ་གཉིས་དང་ལྡན་པ་དང་། འཕགས་པའི་རིགས་ལ་གནས་པ་སྟེ་ལྔའོ། །གཉིས་པ་ནི་བདག་དགོན་པ་འདིར་ཅིར་འོངས་བསམ་པ་དང་། མ་འོངས་པའི་ཉེས་པ་ལུས་སེམས་ཀྱི་འདུ་འཛིན་མི་བྱེད་པ་དང་། འོངས་པའི་དོན་སྒྲུབ་ཕྱིར་རྣལ་འབྱོར་ལ་བརྩོན་པ་དང་། རྟག་ཏུ་ལྷ་རྣམས་ཀྱི་སྤྱན་སྔར་བསམ་ཏེ་ཉེས་སྤྱོད་ལ་འཛེམ་པ་དང་། མི་དང་མི་མ་ཡིན་གྱི་འཇིགས་པ་ལ་བག་མི་ཚ་བ་དང་ལྔའོ། །གསུམ་པ་ནི་མི་མཐུན་པའི་རྐྱེན་ལས་ལུས་བསྲུང་བ་དང་། བསོད་སྙོམས་ཀྱི་ཕྱིར་ཉོན་མོངས་ཉེས་སྤྱོད་ཀྱི་ལས་མི་བྱ་བ་དང་། ཆོག་ཤེས་ཤིང་མགུ་སླ་བ་དང་། ང་རྒྱལ་བཅོམ་ཞིང་ལོག་བསྒྲུབ་བཟོད་པ་དང་། དད་པས་བྱིན་པ་དོན་ཡོད་པར་སྤྱོད་པ་དང་ལྔའོ། །བཞི་པ་ནི། ཟས་དང་། གོས་དང་། གཉིད་དང་། ཉམས་ང་བསྲུང་བ་དང་། ཁམས་སྙོམས་པ་དང་ལྡན་པ་ལྔའོ། །ལྔ་པ་ནི་ལུས་ལྷར་བསྒོམ་པ་དང་། ངག་སྔགས་བཟླས་པ་དང་། སེམས་གནོད་བྱེད་ལ་བྱམས་སྙིང་རྗེ་དང་། ན་ཚ་ལས་ངན་གྱི་འབྲས་བུ་ཤེས་པ་དང་། དེ་ལ་བརྟེན་ནས་བདག་གཞན་བརྗེ་བ་བསྒོམ་པ་དང་ལྔའོ། །དྲུག་པ་ནི་ཐེག་ཆེན་འཕོ་བའི་མན་ངག་ནི། སྟོབས་ལྔ་ཉིད་ཡིན་སྤྱོད་ལམ་གཅེས། །ཞེས་པ་ལྟར་སྟོབས་ལྔའོ། །བདུན་པ་ལ་གསུམ་སྟེ། འཕེན་འཕངས་བསྡུས་པས་ཉིན་ཞག་གཅིག་གི་དང་། སྦྱོར་དངོས་རྗེས་གསུམ་གྱི་དགེ་བ་སྣ་གཅིག་གི་སྤྱོད་པ་ཇི་ལྟར་བྱ་བའི་སྤྱོད་པ་དང་། སྒོམ་པ་དང་བཟླས་པ་དང་། ཕུང་པོ་གསུམ་པ་དང་། བློ་སྤེལ་བ་དང་། ཟང་ཟིང་དང་། ཆོས་ཀྱི་སྦྱིན་པ་སྟེ་ལྔས་གང་བྱ་བའི་ཀུན་ཏུ་སྤྱོད་པ་དང་། ལོ་དང་ཟླ་བའི་དུས་བཟང་བཞི་དང་། ཉི་ཟླ་ཤི་བ་དང་། བླ་མ་འདས་པ་དང་། གནོད་པ་ཆེན་པོ་བྱུང་བའི་དུས་ལྔས་དུས་ཁྱད་པར་ཅན་དུ་བྱ་བའོ། །གསུམ་པ་དེའི་སྐབས་སུ་བསམ་སྦྱོར་གྱི་གེགས་བསལ་བ་ལ། བསམ་པ་ལྡོག་པའི་རྒྱུ་རྒྱུ་རྐྱེན་ལ་ཞུམ་པ་བསལ་བ་དང་། སྦྱོར་བ་ཆད་པའི་རྒྱུ་ལུས་སེམས་ཀྱི་གནོད་པ་བསལ་བ་དང་། བསམ་སྦྱོར་ཕྱིན་ཅི་ལོག་གི་རྒྱུ་བདུད་ཀྱི་ལས་སྤང་བ་དང་གསུམ་ཡིན་པ་ལས། བདུད་ཀྱི་ལས་སྤང་བ་འདི་ལའང་བདུད་རང་གི་ངོ་བོ་སྤྱིར་བཞི་ལས། བྱེ་བྲག་ལྷའི་བུའི་བདུད་དང་། བདུད་འཇུག་པའི་རྒྱུ་སྤྱིར་ཐེག་ཆེན་གྱི་དགེ་བ་ལ་བརྩོན་པ་དང་། བྱེ་བྲག་ཧ་ཅང་དད་པ་ཆེ་བ་སོགས་དང་། ཇི་ལྟར་འཇུག་པའི་ཚུལ་མེ་ཏོག་གི་མདའ་ལྔ་བཏང་བས། འདོད་ཡོན་ལ་ཞེན་པ་དང་། བླང་དོར་གྱི་གནས་ལ་ལོག་ཤེས་དང་ཐེ་ཚོམ་བསྐྱེད་པར་བྱེད་པ་དང་། ཞུགས་པའི་ལས་ཐོབ་མ་ཐོབ་ཀྱི་དགེ་བ་ལས་ཉམས་པར་བྱེད་པ་དང་། ཉེས་སྤྱོད་ལ་སྦྱོར་བ་དང་། སྡུག་བསྔལ་བསྐྱེད་པར་བྱེད་པ་རྣམས་ཤེས་པར་བྱས་ནས་སྤོང་བའི་ཐབས། བླ་མ་དང་། དཀོན་མཆོག་དང་། ཆོས་སྐྱོང་ལ་བདག་བདུད་ཀྱི་དབང་དུ་མི་འགྲོ་བར་གསོལ་བ་གདབ་པ་དང་། ལེགས་པར་བརྟགས་ཤིང་གང་གིས་ཡང་དག་སྤོང་བ་འཕེལ་བ་བྱ་བ་དང་། སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་བསྒོམ་པ་དང་། སྡུག་མི་སྡུག་གི་མཚན་མ་ཅི་བྱུང་རྨི་ལམ་ལྟར་ཞེན་པ་མེད་པར་བྱས་པའི་སྒོ་ནས་བདུད་ཀྱི་ལས་སྤངས་ཏེ་ཐེག་པ་ཆེན་པོའི་ལམ་མཐར་ཕྱིན་པར་བྱའོ། །གསུམ་པ་དེས་ངེས་པར་འབྱུང་བའི་ཚུལ་ནི། དེ་ལྟར་ལམ་དེ་དག་ཚོགས་སྦྱོར་གྱི་གནས་སྐབས་སུ་སེམས་ཅན་ཐམས་ཅད་འཁོར་བ་ལས་བརྒལ་བའི་ཕྱིར་སངས་རྒྱས་སྒྲུབ་པའི་སེམས་བསྐྱེད་ནས་བརྩོན་འགྲུས་མེ་འབར་བ་ལྟ་བུས་སྦྱོར་བ་རྒྱ་ཆེར་བ་དྲག་པ་ཡུན་རིང་བས་སྙིང་རྗེའི་སེམས་དང་། གཉིས་སུ་མེད་པའི་བློ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསུམ་ལ་བསླབ་པས། བསྐལ་པ་གྲངས་མེད་གཅིག་ནས་ཐེག་པ་ཆེན་པོའི་མཐོང་ལམ་ཐོབ་པར་འགྱུར་ཞིང་། དེ་ནས་ས་བཅུ་པོའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཕར་ཕྱིན་བཅུ་ལྡོག་པའི་སྒོ་ནས་ཚང་བ་ཁྱད་པར་མེད་ཀྱང་། རྗེས་ཐོབ་ཏུ་ས་བཅུ་སོ་སོ་ལ་ཕར་ཕྱིན་བཅུ་གཙོ་བོར་སྤྱོད་པའི་ཚོགས་གཉིས་ཟུང་འཇུག་དེས་བསྐལ་པ་གྲངས་མེད་གཉིས་ནས་སངས་རྒྱས་ཀྱི་སར་ངེས་པར་འབྱུང་བའོ། །ལམ་དབུ་མ་ཚོགས་གཉིས་ཟུང་འཇུག་ལེགས་པར་བཤད་ཟིན་ཏོ། །ཇི་ལྟར་བཤད་པའི་ལམ་དེ་ཉིད་ལ་གུས་སྦྱོར་དང་། རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་སྤངས་པ་དང་རྟོགས་པའི་དགེ་བའི་ཚོགས་ཡོངས་སུ་རྫོགས་པ་ན། ས་བཅུ་གཅིག་པ་འབྲས་བུ་དབུ་མ་འབྱུང་བས་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། འབྲས་བུ་སངས་རྒྱས་ཀྱི་སྤངས་རྟོགས་མི་འཐད་པ་སྤངས་བ། སངས་རྒྱས་པའི་ངོ་བོ་ལ་ལོག་རྟོག་དགག་པ། རང་ལུགས་འབྲས་བུའི་རྣམ་གཞག་བཤད་པའོ། །དང་པོ་ལ་ཕྱི་རོལ་བ་ཁ་ཅིག ཉོན་མོངས་པ་སེམས་ཀྱི་རང་བཞིན་ཡིན་པ་དང་། སྤོང་བའི་ཐབས་མི་ཤེས་པ་དང་། སྤངས་པ་མི་བརྟན་པས་སྤངས་པ་ཕུན་ཚོགས་མི་རུང་ལ། ཆུའི་ཚ་བ་ལྟར་རིག་པའི་རྟེན་མི་བརྟན་པ་དང་། མཆོངས་པ་གོམས་པ་ལྟར་འབད་པ་ལ་ལྟོས་པ་དང་། གསེར་གྱི་སྲ་བ་ལྟར་རྟོགས་པ་སླར་ལྡོག་པས་ཡེ་ཤེས་ཕུན་ཚོགས་ཀྱང་མི་རུང་ངོ་ཞེས་སྨྲའོ། །འདི་དགག་པ་ལ་སྤངས་པ་ཕུན་ཚོགས་མི་འཐད་པའི་སྐྱོན་གསུམ་མེད་དེ། སེམས་རང་བཞིན་གྱིས་རྣམ་པར་དག་པ་དང་ཉོན་མོངས་པ་གློ་བུར་བ་ཡིན་པས་སྤོང་ནུས་པའི་ཕྱིར་དང་། རྒྱུ་བདེན་ཞེན་དང་འགལ་བ་སྟོང་ཉིད་གོམས་པར་མཛད་པས་སྤོང་བའི་ཐབས་ཤེས་པའི་ཕྱིར་དང་། ཟག་མེད་ལམ་གྱིས་ས་བོན་དང་བག་ཆགས་སྤངས་པས་སྤངས་པ་བརྟན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོས་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དང་། རྒྱུ་ཡོད་ཕྱིར་དང་རྒྱུ་ཡི་ནི། །གཉེན་པོ་གོམས་པས་ཟད་ཕྱིར་དང་། །རྒྱུ་ཡི་རང་བཞིན་ཤེས་པ་ཡིས། །དེ་ཤེས་པ་ཡང་གྲུབ་པ་ཡིན། །ཞེས་དང་། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་བྱ་བའི་རིགས་པས་སོ། །ཡེ་ཤེས་ཕུན་ཚོགས་མི་འཐད་པའི་སྐྱོན་གསུམ་ཡང་མི་འཐད་དེ། རིག་པའི་རྒྱུན་བརྟན་པའི་ཕྱིར་དང་། བྱས་ཟིན་འབད་པ་ལ་མི་ལྟོས་པས་གོམས་པ་རང་གི་ངང་གིས་ཁྱད་པར་དུ་འགྱུར་བའི་ཕྱིར་དང་། སྒྲིབ་པའི་ས་བོན་བཅོམ་པས་རྟོགས་པ་བརྟན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཐ་མའི་སེམས་ནི་སེམས་གཞན་དང་། །མཚམས་སྦྱོར་བ་ལ་འགལ་ཅི་ཡོད། །ཅེས་དང་། སེམས་ལ་བརྩེ་སོགས་གོམས་སྐྱེ་བ། །རང་གིས་ངང་གིས་འཇུག་འགྱུར་ཏེ། །ཞེས་དང་། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་བྱ་བའི་རིགས་པས་སོ། །གཉིས་པ་ལ་གཉིས་ཏེ། ཉན་ཐོས་སྡེ་པའི་ལུགས་དགག་པ། ཐེག་ཆེན་བཀར་ཁས་ལེན་པའི་མདོ་སེམས་ཀྱི་ལུགས་དགག་པའོ། །དང་པོ་ནི། ཐེག་པ་ཆེན་པོ་བཀར་མི་འདོད་པའི་ཉན་ཐོས་པ་དག་ཚོགས་ལམ་གྱི་གནས་སྐབས་སུ་བསྐལ་པ་གྲངས་མེད་གསུམ་ཚོགས་བསགས་སྲིད་པ་ཐ་མ་པའི་རྟེན་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྟན་ཐོག་གཅིག་ལ་དྲོད་ནས་བཟུང་སྟེ་ཟད་མི་ཤེས་ཀྱི་བར་གྱི་རྟོགས་པ་ཐམས་ཅད་མངོན་དུ་བྱེད་པ་ཡིན་པས་ལོངས་སྐུ་མེད་ལ། རྣམ་པར་འགྲོལ་བའི་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་གཉིས་ཁོ་ན་ཡིན་ཅིང་། ཕྱི་མ་ནི། ཤཱཀྱ་ཐུབ་པ་ལྟ་བུ་རང་རྒྱུད་པ་འདི་ཁོ་ན་ཡིན་ནོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་མུན་པ་གཏན་བཅོམ་པའི་སྤངས་པ་ནི། འདུས་མ་བྱས་རྫས་སུ་གྲུབ་པ་ཡིན་ཅིང་། དེ་སངས་རྒྱས་ནི་མ་ཡིན་ཏེ། གང་གིས་སངས་རྒྱས་སུ་བྱེད་པའི་ཆོས་ཐེག་ཆེན་མི་སློབ་པའི་ལམ་བདེན་ཀྱང་མ་ཡིན། དེས་སངས་རྒྱས་སུ་བྱས་པའི་གཟུགས་ཀྱི་སྐུའང་མ་ཡིན་པའི་ཕྱིར། ཞེས་སྨྲའོ། །དེ་དག་ནི་མི་འཐད་དེ། མངོན་རྟོགས་རྒྱན་ལས། དབང་པོ་རྟུལ་དང་རྣོན་པོ་དག །ཞེས་སོགས་གསུངས་པས་ཉན་ཐོས་ལ་སློབ་པ་འཕགས་པའི་གནས་སྐབས་སུ་འཁོར་བར་སྐྱེ་བ་ལེན་ཚུལ་ཇི་ལྟར་ཡོད་པ་ལྟར་བྱང་འཕགས་ལའང་ཡོད་པའི་ཕྱིར་དང་། ཀླུ་སྒྲུབ་ཀྱིས། ཇི་ལྟར་ཉན་ཐོས་ཐེག་པ་ལ། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལ། །བྱང་ཆུབ་སེམས་དཔའི་ས་བཅུའོ། །ཞེས་གསུངས་པས། བྱང་སེམས་ལ་ས་བཅུའི་རྣམ་གཞག་ཀྱང་གྲུབ་པའི་ཕྱིར་རོ། །ལོངས་སྐུ་མི་འཐད་པ་དང་། ཤཱཀྱ་ཐུབ་པ་ལྟ་བུའི་གཟུགས་སྐུ་གསར་དུ་སངས་རྒྱས་པའི་རང་རྒྱུད་པར་འདོད་པའང་མི་འཐད་དེ། ལང་ཀར་གཤེགས་པ་ལས། གཙང་མའི་གནས་ནི་སྤངས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱ། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །སྤངས་པ་ཕུན་ཚོགས་སངས་རྒྱས་མ་ཡིན་པར་འདོད་པའང་མི་འཐད་དེ། དེ་ལྟར་ན་ཡེ་ཤེས་ཕུན་ཚོགས་ཀྱང་སངས་རྒྱས་མ་ཡིན་པར་ཐལ་བའི་ཕྱིར་རོ། །མྱ་ངན་ལས་འདས་པ་བདེན་དངོས་སུ་འདོད་པའང་མི་འཐད་དེ། མདོ་ལས། མྱ་ངན་ལས་འདས་པ་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་གཞན་ཞིག་ཡོད་ཀྱང་དེའང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་གསུངས་པའོ། །གལ་ཏེ་དེ་དག་ནི་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་ཀྱི་ལུང་ཡིན་ལ། ཁོ་བོ་ཐེག་ཆེན་བཀར་མི་འདོད་པས་དེ་དག་ལུང་དུ་མི་རུང་ངོ་སྙམ་ན། དེ་དགག་པ་ལ་མགོན་པོ་བྱམས་པས། མདོ་སྡེ་རྒྱན་དང་། ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་དང་། ཞི་བ་ལྷས་སྤྱོད་འཇུག་དང་། ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བ་རྣམས་སུ་ཐེག་ཆེན་བཀར་སྒྲུབ་གསུངས་པས་ཐེག་ཆེན་བཀར་གྲུབ་པ་ན་སྔར་གྱི་རྣམ་གཞག་དེ་དག་ཐམས་ཅད་འགྲུབ་པའོ། །གཉིས་པ་ནི། མདོ་སྡེ་པ་ལ་ཐེག་ཆེན་བཀར་འདོད་མི་འདོད་གཉིས་ཡོད་པའི་བཀར་འདོད་པ་རྣམ་འགྲེལ་ནས་གསུངས་པའི་མདོ་སྡེ་པ་དང་། སེམས་ཙམ་པ་རྣམས་ནི། བྱང་ཆུབ་སེམས་དཔའ་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པ་དང་། ས་བཅུའི་རྣམ་གཞག་དང་། སྐུ་གསུམ་གྱི་རྣམ་བཞག་རྣམས་ཐེག་པ་ཆེན་པོའི་མདོ་སྡེ་ལས་གསུངས་པས་ཁས་ལེན་ཀྱང་། སངས་རྒྱ་བའི་ཚུལ་ནི་གཞན་དབང་གིས་བསྡུས་པའི་དྲི་མ་བདེན་གྲུབ་གཉེན་པོ་བདེན་གྲུབ་ཀྱིས་བཅོམ་ནས་སངས་རྒྱ་བ་དང་། ཆོས་ཀྱི་སྐུ་ནི་དབྱིངས་བདེན་གྲུབ་གློ་བུར་གྱི་དྲི་མ་དག་ནས་དག་པ་གཉིས་ལྡན་དུ་སོང་བའི་ཆོས་དབྱིངས་འདུས་མ་བྱས་རྫས་གྲུབ་པ་དང་། གཞན་དབང་གིས་བསྡུས་པའི་སེམས་གློ་བུར་གྱི་དྲི་མ་དག་ནས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་འདུས་བྱས་བདེན་གྲུབ་ཀྱི་དངོས་པོ་ཡིན་པར་འདོད་དོ། །དེ་ལ་དྲི་མ་སྤང་ཚུལ་ནི། མགོན་པོ་བྱམས་པས། འགོག་པ་མེད་པའི་རང་བཞིན་ལ། །ཞེས་སོགས་དངོས་སྟོབས་ཀྱི་རིགས་པ་དང་། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། ཞེས་སོགས་ཁས་བླངས་འགལ་བས་དགག་པར་མཛད་དོ། །དབྱིངས་དང་ཡེ་ཤེས་བདེན་པར་གྲུབ་པ་ནི་སྔར་ལམ་དབུ་མའི་སྐབས་སུ་བཤད་པ་ལྟར། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལས་གསུངས་པའི་མཐའ་བཞིའི་སྤྲོས་བྲལ་སྒྲུབ་པའི་རིགས་པ་རྣམས་ཀྱིས་བཀག་ཟིན་ཏོ། །གསུམ་པ་ལ་གཉིས་ཏེ། ཁྱད་པར་གྱི་ཆོས་དུ་མ་དཔྱད་པས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོས་བཟུང་བ་དང་། ཁྱད་པར་གྱི་གཞི་རྣམ་པར་གཞག་པས་ཐུན་མོང་མ་ཡིན་པའི་རྣམ་པར་གཞག་པ་བཤད་པའོ། །དང་པོ་ལ་ལྔ་སྟེ། སངས་རྒྱས་ཀྱི་སར་བདེན་གཉིས་ཡོད་མེད་དཔྱད། སྣང་བ་ཡོད་མེད་དཔྱད། ཡེ་ཤེས་ཡོད་མེད་དཔྱད། སེམས་དང་སེམས་བྱུང་ཡོད་མེད་དཔྱད། སྐྱེ་འགག་ཡོད་མེད་དཔྱད་པའོ། །དང་པོ་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང་། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་པའི་སྐབས་ནས་བསྟན་པའི་ཀུན་རྫོབ་བདེན་པ་ནི་མེད་དེ། ཡུལ་ཅན་མཐོང་བ་བརྫུན་པ་མེད་པས། དེའི་ཡུལ་མེད་པའི་ཕྱིར་རོ། །བདེན་གཉིས་ཟུང་དུ་འཇུག་པའི་ཀུན་རྫོབ་བདེན་པ་ནི་ཡོད་དེ། ཟུང་འཇུག་ལ་ཡ་གྱལ་དགོས་པའི་ཕྱིར་རོ། །འདི་ནི་སངས་རྒྱས་རང་སྣང་གི་བདེན་པ་གཉིས་ཡིན་པས། གདུལ་བྱ་ལ་བསྟན་པའི་བདེན་པ་གཉིས་དང་དོན་མི་གཅིག་གོ །གཉིས་པ་ནི། སྔོན་གྱི་དབུ་མ་པ་ཁ་ཅིག སྣང་བ་ཡོད་ན་འཁྲུལ་སྣང་དང་བཅས་དགོས་པས། སྣང་བ་གཏན་མེད་པ་འདོད་དོ། །དེའང་མི་འཐད་དེ། ཤེས་བྱ་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་སྣང་བ་ཞེས་དང་། ཤེས་བྱ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་སྣང་བ་ཞེས་པ་དེ་སངས་རྒྱས་རང་གི་རང་སྣང་ཡིན་ནམ། གདུལ་བྱ་གཞན་ལ་སྣང་བའི་གཞན་སྣང་ཡིན། དང་པོ་ལྟར་ན། སངས་རྒྱས་ལ་སྣང་བ་མེད་པ་དང་འགལ་ལ། ཕྱི་མ་ལྟར་ན་གདུལ་བྱ་དེས་ཀྱང་དག་པ་མཐར་ཐུག་སྣང་བར་ཐལ་ལོ། །དེས་ན་སྐྱེ་འགག་ལ་སོགས་པ་གདུལ་བྱ་ལ་བསྟན་པའི་ཡ་གྱལ་གྱི་ཀུན་རྫོབ་བདེན་པའི་སྣང་བ་མེད་ཀྱང་དབྱིངས་རིག་དབྱེར་མེད་ཀྱི་དོན་དམ་པ་སྣང་བའི་སྣང་བ་ཡོད་དགོས་ཏེ། གཞན་དུ་ཆོས་དབྱིངས་གོམས་པ་མཐར་ཐུག་པའི་ཚེ་ཆོས་དབྱིངས་མི་སྣང་ན། ཆོས་དབྱིངས་སྣང་བའི་ཡེ་ཤེས་མཐར་ཐུག་མེད་པར་ཐལ་བའི་ཕྱིར་རོ། །དེར་མ་ཟད་མཚན་དང་དཔེ་བྱད་ལ་སོགས་པ་གཟུགས་སྐུ་སྣང་བའང་ཡོད་དེ། རྒྱུད་བླར། རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན། །སངས་རྒྱས་ཉིད་ཅེས་གང་བརྗོད་པ། །མཆོག་ཏུ་མྱ་ངན་འདས་བསམ་མེད། །དགྲ་བཅོམ་སོ་སོའི་བདག་གྱུར་པ། །དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཞེས་སྐུ་གསུམ་ཆར་རྫོགས་པའི་སངས་རྒྱས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པར་གསུངས་ལ། གདུལ་བྱ་ལ་དངོས་སུ་སྣང་བའི་གཟུགས་སྐུ་གཉིས་ནི་སོ་སོ་རང་གིས་རིག་པར་བྱ་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་ནའང་གཉིས་སྣང་དང་བཅས་པའི་སྣང་བ་ནི་མེད་དེ། འཁྲུལ་པའི་བག་ཆགས་མ་ལུས་པར་སྤངས་པའི་ཕྱིར་རོ། །གསུམ་པ་ནི། དགེ་བའི་བཤེས་གཉེན་གཙང་ནག་པ་སོགས་སྔོན་གྱི་དབུ་མ་པ་ཁ་ཅིག་སངས་རྒྱས་ལ་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་དེ། ཡོད་ན་ཤེས་བྱ་བརྫུན་པའི་ཡུལ་ཅན་གྱི་འཁྲུལ་པ་མངའ་བས་སྤངས་པ་ཕུན་ཚོགས་མི་རུང་བ་དང་། རྫོགས་པའི་སངས་རྒྱས་ཀྱིས་སྤྲུལ་པ་དུ་མ་སྤྲུལ་པ་ན་དེ་རྣམས་རྒྱུད་ཐ་དད་ན་རིགས་པ་དང་འགལ་ཞིང་། གཅིག་ཡེ་ཤེས་རྒྱུད་ལ་ལྡན་ཏེ། གཞན་རྣམས་ཡེ་ཤེས་དང་མི་ལྡན་པར་ཡང་བརྗོད་མི་ནུས་པས་ཡེ་ཤེས་ཕུན་ཚོགས་མི་འཐད་པ་དང་། འདས་མ་འོངས་སོགས་ཀྱི་དོན་མི་སྲིད་པས། དུས་གསུམ་མངོན་དུ་མཛད་པ་མི་རུང་བའི་ཕྱིར་ཞེས་སྨྲའོ། །དེའང་མི་འཐད་དེ། རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཤེས་བྱ་སྐྱེ་འགག རྟག་ཆད་ལ་སོགས་པའི་སྤྲོས་པའི་བུད་ཤིང་བསྲེགས་ནས་སྤྲོས་པ་མཐའ་དག་ཞི་བའི་ཆོས་དབྱིངས་དང་། སྔར་གྱི་རིག་པའི་རྒྱུན་དེའང་སྐྱེ་འགག་ལ་སོགས་པའི་སྤྲོས་པ་མཐའ་དག་ཞི་ནས་དེ་གཉིས་དབྱེར་མེད་དུ་གྱུར་པ་ལ་ཡེ་ཤེས་སུ་འཇོག་པའི་ཕྱིར་རོ། །ཀླུ་སྒྲུབ་ཀྱིས། དྲི་མ་མེད་པའི་ཆོས་སྐུ་ལ། །ཡེ་ཤེས་རྒྱ་མཚོ་རྣམ་པར་གནས། །ཞེས་དང་། འཇུག་འགྲེལ་ལས། དེར་མངོན་པར་རྫོགས་པར་འཚང་རྒྱ་བ་ན། བཅོམ་ལྡན་འདས་ཀྱིས་སྐད་ཅིག་སྐད་ཅིག་ཁོ་ན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་སོ། །ཞེས་དང་། མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གི་ནི་ཤེས་བྱ་ཐུགས་སུ་ཆུད། །ཞེས་དང་། དེའི་འགྲེལ་པར། བཅོམ་ལྡན་འདས་ཀྱིས་མཁྱེན་པའི་སྐད་ཅིག་གཅིག་ཁོ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་སོ། །ཞེས་གསུངས་པས་སོ། །བཞི་པ་ནི། སེམས་ཙམ་པ་དང་རང་རྒྱུད་པ་དག སངས་རྒྱས་ཀྱི་སར་སེམས་དང་སེམས་ལས་བྱུང་བ་ཡོད་པར་འདོད་ཀྱང་། དེའང་མི་འཐད་དེ། དབུས་མཐར། སེམས་དང་སེམས་བྱུང་ཁམས་གསུམ་པ། །དེ་ལ་དོན་མཐོང་རྣམ་པ་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་སེམས་སེམས་བྱུང་ནི་ཁམས་གསུམ་པའི་རྣམ་པ་ཅན་གྱི་གཉིས་སྣང་དང་བཅས་པ་དང་། དོན་གྱི་ངོ་བོ་དང་ཁྱད་པར་མཐོང་བའི་ཁྱད་པར་ཡོད་པ་དང་། དོན་གྱི་ཁྱད་པར་ལའང་མི་འདྲ་བ་དུ་མ་མཐོང་བའི་སྒོ་ནས་བཞག་པར་གསུངས་ལ། འདིར་ཤེས་བྱ་སྐྱེ་འགག་ལ་སོགས་པའི་སྤྲོས་པ་མཐའ་དག་དང་བྲལ་བའི་ཤེས་པ་དང་དབྱེར་མེད་པ་མངོན་དུ་གྱུར་པའི་ཚེ་གཉིས་སྣང་དང་འཛིན་སྟངས་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདི་ལ་དགོངས་ནས་འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པས་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་དང་། དེའི་འགྲེལ་པར། དེ་ལྟར་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན། སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་སྐུ་ཁོ་ནས་མངོན་སུམ་མཛད་པར་ཀུན་རྫོབ་དུ་རྣམ་པར་བཞག་གོ །ཞེས་པ་དང་། ཞི་སྐུ་ཞེས་པའི་འགྲེལ་པར། སྐུ་གང་གིས་དེ་ཁོ་ན་ཉིད་འདི་མངོན་སུམ་དུ་མཛད་པར་བཤད་པ་དེ་ནི་ཞི་བའི་རང་བཞིན་ཅན་དུ་འདོད་དེ། སེམས་དང་སེམས་ལས་བྱུང་བ་དང་བྲལ་བའི་ཕྱིར་རོ། །ཞེས་གསུངས་པས་སོ། །ལྔ་པ་ནི། བདེན་གཉིས་ལས། བརྟགས་པའི་ངོ་བོས་དབེན་པ་ཡི། །ཇི་ལྟར་སྣང་བ་འདི་ཁོ་ན། །བརྟེན་ཏེ་སྐྱེས་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་པས་མངོན་སུམ་གཟིགས། །ཞེས་ཡུལ་སྐྱེ་འགག་དང་བཅས་པའི་ཀུན་རྫོབ་སྣང་བས་ཡུལ་ཅན་ཡང་སྐྱེ་འགག་དང་བཅས་པ་འདོད་པ་དང་། སེམས་ཙམ་པས་སངས་རྒྱས་ཀྱི་ཡེ་ཤེས་འདུས་བྱས་ཡིན་ཞིང་། འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་པས་སྐྱེ་འགག་དང་བཅས་པར་འདོད་པ་གཉིས་ཀའང་མི་འཐད་དེ། འདུས་བྱས་ཡིན་ན། བརྫུན་པ་བསླུ་བའི་ཆོས་ཅན་ཡིན་དགོས་པའི་ཕྱིར་དང་། སྐྱེ་འགག་སྣང་ན་རྟེན་ཅིང་འབྲེལ་བར་འབྱུང་བ་སྐྱེ་མེད་ཀྱི་དོན་མངོན་དུ་མ་གྱུར་པར་ཀླུ་སྒྲུབ་ཀྱིས་གསུངས་པའི་ཕྱིར་ཏེ། རིགས་པ་དྲུག་ཅུ་པ་ལས། ཆོས་ཤེས་པ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་རྣམས་ལ། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་གསུངས་པས་སོ། །དེས་ན་སངས་རྒྱས་ཀྱི་ཡེ་ཤེས་དང་། དེའི་རང་སྣང་ལ་སྐྱེ་འགག་མེད་དེ། མདོ་ལས་འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཞེས་དང་། ཀླུ་སྒྲུབ་ཀྱིས། གང་གིས་སྐྱེ་དང་འཇིག་པ་དག །ཚུལ་འདི་ཡིས་ནི་སྤངས་གྱུར་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡིས། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། འཇུག་པར། དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །ཅེས་པའི་འགྲེལ་པར། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས་ཤེས་བྱ་སྐྱེ་བ་མེད་པས་སྐྱེ་བ་མེད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་རོ། །གདུལ་བྱའི་ངོར་སྐྱེ་འགག་ཏུ་སྣང་བ་ནི་གཞན་སྣང་ཡིན་གྱི་རང་སྣང་མ་ཡིན་ཏེ། རྒྱུད་བླར། དགེ་བ་སྐྱེ་དང་འཇིག་པས་ན། །སངས་རྒྱས་སྐུ་ནི་སྐྱེ་དང་འཇིག །བརྒྱ་བྱིན་བཞིན་དུ་ཐུབ་པ་ནི། །ཆོས་ཀྱི་སྐུ་ཡི་སྐྱེ་འཇིག་མེད། །ཅེས་བཻཌཱུརྻའི་ས་གཞི་ལ་ཤར་བའི་བརྒྱ་བྱིན་གྱི་གཟུགས་བརྙན་སའི་ཡོན་ཏན་དང་བྲལ་མ་བྲལ་གྱིས་སྐྱེ་འཇིག་ཏུ་སྣང་ཡང་དེ་ལྟ་བུའི་སྐྱེ་འཇིག་བརྒྱ་བྱིན་ལ་མེད་པ་དཔེར་བྱས་ནས། གདུལ་བྱའི་རྒྱུད་ཀྱི་དགེ་བ་ཡོད་མེད་ཀྱི་དབང་གིས་བློ་སྣང་གི་གཟུགས་སྐུ་ལ་སྐྱེ་འཇིག་ཏུ་སྣང་ཡང་སངས་རྒྱས་རང་ལ་སྐྱེ་འཇིག་མེད་པར་གསུངས་པའི་ཕྱིར་རོ། །སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་ཀུན་རྫོབ་མེད། །དེ་ལ་བདེན་གཉིས་ག་ལ་ཡོད། །དེ་ཡང་ཀུན་རྫོབ་གཞན་གྱིས་ན། །སེམས་ཅན་མྱང་ངན་ག་ལ་འདའ། །ཞེས་པའི་ལན་དུ། འདི་ནི་གཞན་སེམས་རྣམ་རྟོག་སྟེ། །དེ་ནི་རང་གི་ཀུན་རྫོབ་མིན། །ཕྱིས་དེ་ངེས་ན་དེ་ཡོད་དེ། །མིན་ན་ཀུན་རྫོབ་མེད་པ་ཉིད། །ཅེས་གསུངས་པའི་དོན་ཡང་འདི་ཉིད་ཡིན་ནོ། །མདོར་ན་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་ཀྱི་སྐབས་ཀྱི་སྐྱེ་འགག་ལ་སོགས་པ་བརྒྱད་དང་། རབ་བྱེད་ཉི་ཤུ་རྩ་བདུན་གྱིས་དཔྱད་པར་བྱ་བའི་རྐྱེན་ནས་ལྟ་བའི་བར་ཉི་ཤུ་རྩ་བདུན་དང་། དེས་མཚོན་ནས་ཀུན་རྫོབ་ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་སྤྲོས་པ་ཡིན་པས་དེ་དག་སངས་རྒྱས་ཀྱི་སར་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མངོན་དུ་གྱུར་པའི་ཚེ་སྤྲོས་པ་དེ་དག་མི་སྣང་ཡང་དེ་དག་རྟོགས་ཞེས་པའི་ཐ་སྙད་ནི་མི་འགལ་ཏེ་སྐྱེ་འགག་མེད་པ་ལ་སོགས་པའི་ཆོས་དབྱིངས་མངོན་དུ་གྱུར་པས་སྐྱེ་འགག་ལ་སོགས་པའི་ཆོས་ཅན་ལ་སྒྲོ་འདོགས་ཆོད་ནས་གདུལ་བྱ་ལ་ཇི་ལྟ་བ་བཞིན་སྟོན་ནུས་པ་ཙམ་ལ་རྟོགས་པའི་ཐ་སྙད་མཛད་པའི་ཕྱིར་རོ། །དཔེར་ན་ཐེག་ཆེན་གྱི་མཐོང་ལམ་སྤྲོས་པ་སོ་གཉིས་དང་བྲལ་བའི་ཆོས་དབྱིངས་མངོན་དུ་གྱུར་པས་མི་རྟག་ལ་སོགས་བཅུ་དྲུག་མི་སྣང་ཡང་རྗེས་ཐོབ་ཏུ་དེ་ལ་སྒྲོ་འདོགས་ཆོད་པའི་ངེས་ཤེས་འདྲེན་པས་དེ་རྟོགས་པར་བཞག་པ་བཞིན་ནོ། །གཉིས་པ་ལ་གསུམ་སྟེ། རྟེན་སྐུ་བཤད་པ། བརྟེན་པ་ཡེ་ཤེས་བཤད་པ། མཛད་པ་ཕྲིན་ལས་བཤད་པའོ། །དང་པོ་ནི། འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པའི་མདོ་ལས། སྐུ་གཅིག་ནས་ལྔའི་བར་གྱི་རྣམ་གཞག་བཤད་པ་ཡོད་ཀྱང་། བྱམས་མགོན་དང་ཀླུ་གྲུབ་ཀྱི་གཞུང་ལས། སྐུ་གཉིས་ཀྱི་རྣམ་གཞག་དང་། སྐུ་གསུམ་གྱི་རྣམ་གཞག་གསུངས་པ་ལས། དང་པོ་ནི་རྒྱུད་བླར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་དང་། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་ཐོབ་པར་ཤོག །ཞེས་དང་། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །དེ་བཞིན་ཆོས་ཀྱི་སྐུ་དག་ནི། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་རྣམས་ཀྱིས་སྟོན་ཏོ། །དེ་ལ་གཟུགས་སྐུ་གཞན་དོན་ཀུན་རྫོབ་པའི་སྐུ་ཡིན་པར་གསུངས་པ་ནི། འཇིག་རྟེན་མཐུན་འཇུག་ལྟར་ན། གདུལ་བྱའི་རྣམ་རིག་ལ། ལོངས་སྐུ་དང་སྤྲུལ་སྐུར་དངོས་སུ་སྣང་བ་ཉིད་ཡིན་ལ། ཐ་སྙད་དཔྱོད་པའི་རིགས་པ་ལྟར་ན། སངས་རྒྱས་རང་སྣང་གི་སྐུ་གཉིས་ཏེ། རྒྱུད་བླར། རང་བཞིན་གནས་རིགས་ཆོས་སྐུའི་རྒྱུ་དང་། རྒྱས་འགྱུར་གྱི་རིགས་གཟུགས་སྐུའི་རྒྱུར་གསུངས་ཤིང་། ཀླུ་སྒྲུབ་ཀྱི་གཞུང་ལས་ཚོགས་གཉིས་པོ་སྐུ་གཉིས་ཀྱི་རྒྱུར་གསུངས་པའི་དོན། སངས་རྒྱས་རང་གི་སྔོན་གྱི་རིགས་གཉིས་དང་། ཚོགས་གཉིས་ལ་འཇོག་དགོས་ལ། དེ་ནི་གདུལ་བྱའི་རྣམ་རིག་གི་རྒྱུར་མི་རུང་བའི་ཕྱིར་རོ། །གཉིས་པ་སྐུ་གསུམ་གྱི་རྣམ་གཞག་ནི། རྒྱུད་བླར། དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཞེས་དང་། རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡི་ནི་ཕྱི་མ་གཉིས། །ཞེས་དང་། ཀླུ་སྒྲུབ་ཀྱིས་སྐུ་གསུམ་ལ་བསྟོད་པ་ལས། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མིན་དངོས་པོ་མེད་པ་མ་ཡིན་མཁའ་ལྟར་རོ་གཅིག་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་མི་འགྱུར་ཞི་ལ་མི་མཉམ་པ་ལ་ཁྱབ་པ་ཅན་དེ་སྤྲོས་མེད་པ། །སོ་སོ་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །རང་གི་འབྱོར་པ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་སྤྱད་བརྒྱ་ཡི་འབྲས་བུ་ནི། །བློ་ཅན་རྣམས་ཀྱི་དགའ་བ་བསྐྱེད་ཕྱིར་འཁོར་གྱི་ནང་དུ་སྣ་ཚོགས་རྒྱས་པར་སྟོན་མཛད་ཅིང་། །རྟག་ཏུ་དམ་པའི་ཆོས་ཀྱི་སྒྲ་སྐད་རྒྱ་ཆེན་འཇིག་རྟེན་ཀུན་དུ་འཕྲོ་བར་མཛད་པ་པོ། །སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་སྲིད་གནས་པ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ནི་སྨིན་པར་མཛད་ཕྱིར་ལ་ལ་དག་ཏུ་མེ་འབར་བཞིན་དུ་གང་སྣང་ཞིང་། །ལ་ལར་ཡང་ནི་རྫོགས་པར་བྱང་ཆུབ་ཆོས་ཀྱི་འཁོར་ལོ་རབ་ཏུ་ཞི་བ་གང་སྣང་ལ། །སྣ་ཚོགས་ཐབས་ཚུལ་རྣམས་ཀྱིས་རྣམ་པ་དུ་མར་འཇུག་ཅིང་སྲིད་པ་གསུམ་གྱི་འཇིགས་སེལ་བ། །ཕྱོགས་བཅུར་ཆུབ་མཛད་ཐུབ་པ་རྣམས་ཀྱི་སྤྲུལ་སྐུ་དོན་ཆེན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །སེམས་ཅན་དོན་གཅིག་རྒྱུན་དུ་མཛད་ཅིང་བསོད་ནམས་ཡེ་ཤེས་ཆེན་པོ་དཔག་མེད་ལས་བྱུང་བའི། །བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུམ་ཡིད་དང་ཚིག་གི་ལམ་ལས་རབ་ཏུ་འདས་པ་ལ། །བདག་གིས་དད་པས་ཕྱག་བྱས་དགེ་བ་བྱང་ཆུབ་ས་བོན་བསགས་པར་གྱུར་པ་གང་ཡིན་དེས། །སྐུ་གསུམ་ཐོབ་ནས་འགྲོ་བ་མ་ལུས་པ་རྣམས་བྱང་ཆུབ་ལམ་ལ་ངེས་པར་འཛུད་པར་ཤོག །ཅེས་གསུངས་པ་ལྟར་རོ། །འཇུག་པར། ཆོས་སྐུ་དང་། ལོངས་སྐུ་དང་། དེའི་རྒྱུ་མཐུན་གྱི་སྐུ་ཞེས་པའི་ཐ་སྙད་མཛད་ནས། དང་པོ་ནི། སྔར་བཤད་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ཉིད་དོ། །གཉིས་པ་ནི། དེ་ཉིད་མངོན་སུམ་དུ་མཛད་པའི་སྐུ་འོག་མིན་གྱི་གནས་ན་བཞུགས་པའི་མཚན་དང་དཔེ་བྱད་ཀྱི་སྤྲས་པའོ། །གསུམ་པ་ནི། རང་ཉིད་ཀྱི་སྐུ་གཅིག་གམ་བ་སྤུའི་ཁུང་བུ་གཅིག་ལའང་རང་གཞན་གྱི་དུས་གསུམ་གྱི་སྤྱོད་པ་དང་འཁོར་འདས་ཀྱི་སྣང་བ་མ་ལུས་པ་སྟོན་པ་སྟེ། འདི་ལ་སྤྲུལ་པའི་སྐུ་ཞེས་པའི་ཐ་སྙད་ནི་མི་མཛད་པར་སྣང་ངོ་། །འདི་དག་ལ་སྐུ་གསུམ་ཞེས་པའི་ཐ་སྙད་མཛད་པ་ཡང་། །དག་པ་འདི་ནི་བཞེད་པ་འཇུག་པ་ཡིས། །ཞེས་པའི་སྔ་འགྲེལ་དུ། སྐུ་གསུམ་རྫོགས་པར་བརྗོད་ན་རྣམ་པར་རྟོག་པ་མི་མངའ་བར་ཟིན་ཀྱང་བཞེད་པ་ལ་མངའ་བསྒྱུར་བ་ཉིད་ཕུན་སུམ་ཚོགས་པར་བསྟན་པའི་ཕྱིར་བཤད་པ། ཞེས་པས་འགྲུབ་བོ། །འོ་ན་སྤྲུལ་སྐུའི་ཐ་སྙད་གཏན་མི་བཞེད་དམ་སྙམ་ན། དེ་ལྟ་བུའི་སྐུ་གསུམ་བརྙེས་ཟིན་ནས་གདུལ་བྱ་གང་ན་ཡོད་པའི་གནས་དེ་དང་དེར་མཛད་པ་བཅུ་གཉིས་ལ་སོགས་པའི་གང་ལ་ཅི་འདུལ་སྟོན་པ་ཉིད་སྤྲུལ་སྐུར་བཞེད་དེ། སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱི་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །ཞེས་དང་། དེའི་འགྲེལ་པར། བཅོམ་ལྡན་འདས་ནི་ཁམས་གསུམ་ལས་འདས་སུ་ཟིན་ཀྱང་སྤྲུལ་པའི་སྐུ་རྣམས་ཀྱིས་ཡབ་དང་ཡུམ་དང་སྲས་ལ་སོགས་པ་དང་འབྲེལ་པར་སྟོན་ཅིང་འཇིག་རྟེན་དང་རྗེས་སུ་མཐུན་ཏེ། ཞེས་གསུངས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། རྗེ་བཙུན་རྩེ་མོས། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སྐུ་གསུམ་དང་ཡེ་ཤེས་བཞི་ལས་མ་བཤད་ལ། སྐུ་བཞི་དང་ཡེ་ཤེས་ལྔ་ནི་རྡོ་རྗེ་ཐེག་པའི་ཁྱད་ཆོས་ཡིན་པར་གསུངས་པས། འདིར་ཡང་ཡེ་ཤེས་ནི་བཞི་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དང་པོ་ལ། རྒྱུ་དང་ངོ་བོ་གཉིས་ལས། རྒྱུ་ལ་ངོ་བོའི་རྒྱུ་དང་གནས་གྱུར་གྱི་རྒྱུ་གཉིས། དང་པོ་ནི། ཐོས་བསམ་གྱི་ཤེས་རབ་སྟེ། མདོ་སྡེ་རྒྱན་ལས། འཛིན་པའི་ཕྱིར་དང་ཞེས་སོ། །གཉིས་པ་ནི། ཀུན་གཞི་སྟེ། སངས་རྒྱས་ཀྱི་ས་ལས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་གྱུར། །ཞེས་སོ། །གཉིས་པ་ངོ་བོ་ནི། གཡོ་བྱེད་གཟུང་འཛིན་གཉིས་དང་བྲལ་བའི་ཆ་ནས་འཇོག་པའོ། །མཉམ་ཉིད་ཡེ་ཤེས་ལའང་གཉིས་ལས། རྒྱུ་ལ་ངོ་བོའི་རྒྱུ་ནི། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་བསྒོམ་པ་ལས་བྱུང་བ་ཡིན་ཏེ་སེམས་མཉམ་ཕྱིར་ཞེས་སོ། །གནས་གྱུར་གྱི་རྒྱུ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ངོ་བོའི་ཁྱད་པར་ནི་འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་ཆ་ནས་འཇོག་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ལ་གཉིས་ལས། རྒྱུ་ལ་ངོ་བོའི་རྒྱུ་ནི་གཞན་ལ་ཆོས་བསྟན་པ་ལས་བྱུང་བ་ཡིན་ཏེ། ཡང་དག་ཆོས་རབ་སྟོན་ཕྱིར་དང་། །ཞེས་སོ། །གནས་གྱུར་གྱི་རྒྱུ་ནི་ཡིད་ཀྱི་རྣམ་པར་ཤེས་པའོ། །ངོ་བོའི་ཁྱད་པར་ནི་ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཆ་ནས་འཇོག་པའོ། །བྱ་བ་གྲུབ་པའི་ཡེ་ཤེས་ལ་གཉིས་ལས། རྒྱུ་ལ་ངོ་བོའི་རྒྱུ་ནི་གཞན་གྱི་བྱ་བ་བསྒྲུབ་པ་ལ་བརྟེན་ནས་བྱུང་བ་ཡིན་ཏེ། བྱ་བ་སྒྲུབ་པ་ཉིད་ཀྱི་ཕྱིར། །ཞེས་སོ། །གནས་གྱུར་གྱི་རྒྱུ་ནི་སྒོ་ལྔའི་རྣམ་པར་ཤེས་པའོ། །ངོ་བོའི་ཁྱད་པར་ནི་སེམས་ཅན་གྱི་ཁམས་དང་། བག་ལ་ཉལ་མཁྱེན་པའི་སྒོ་ནས་འཇོག་པའོ། །དེ་ལྟར་ཡེ་ཤེས་བཞི་པོ་དེ་དག་སྤྲོས་པ་དང་བྲལ་བའི་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཉིད་ལ་རྒྱུ་དང་ཡོན་ཏན་གྱི་ལྡོག་པ་གཞན་སྣང་གི་བློས་རྣམ་པར་གཞག་པ་ཙམ་ཞིག་ནི་འགལ་བ་མེད་ལ། རང་སྣང་ལ་ནི་མི་འདྲ་བའི་དབྱེ་བ་མེད་དོ། །དེ་བཞིན་དུ་འཇུག་པར། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ནས། །ཞེས་པའི་ལྡོག་པ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་པའི་ཡོན་ཏན་གྱི་ལྡོག་པ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བཞག་སྟེ། དེ་གཉིས་ཐ་དད་དུ་སྣང་བ་གཞན་སྣང་དང་། རང་སྣང་ལ་དབྱེ་བ་མེད་པའི་ཚུལ་ནི་སྔ་མ་ལྟར་རོ། །གསུམ་པ་མཛད་པ་ཕྲིན་ལས་ལ་བཞི་སྟེ། དབྱེ་བ་དང་། རྣམ་པར་རྟོག་པ་མི་མངའ་བའི་ཚུལ་དང་། དེས་ལྷུན་གྱིས་གྲུབ་པར་བཞག་པའི་ཚུལ་དང་རྒྱུན་མི་འཆད་པའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ས་མཚམས་ཀྱི་སྒོ་ནས་དབྱེ་བ། རྣམ་པའི་སྒོ་ནས་དབྱེ་བའོ། །དང་པོ་ནི། མངོན་རྟོགས་རྒྱན་ལས། གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ་ནས་ལམ་གྱི་འབྲས་བུ་ལ་འགོད་པའི་བར་ཉི་ཤུ་རྩ་བདུན་གསུངས་སོ། །གཉིས་པ་ནི་མདོ་དག་ལས་གསུངས་པའི་ཚུལ་བསྡུ་ན། སྣ་ཚོགས་པ་དང་། ཁྱབ་བྱེད་པ་དང་། ལྷུན་གྱིས་གྲུབ་པ་དང་། གཅིག་ཏུ་ཕན་པ་དང་། དུས་ལས་མི་འདའ་བ་དང་། བར་མི་ཆད་པ་དང་། རྒྱུན་མི་ཆད་པ་དང་། འདྲེས་པ་ལས་སོ་ཞེས་གསུངས་པ་རྣམས་སོ། །གཉིས་པ་ནི། དེ་ལྟར་གདུལ་བྱ་གང་དང་གང་གིས་གདུལ་བ་ལ་ཇི་ལྟར་འཚམས་པ་ལྟར་དེ་དང་དེའི་རྣམ་པ་སྣ་ཚོགས་སྟོན་ཡང་འདི་བྱའོ་སྙམ་པའི་རྣམ་པར་རྟོག་པ་མི་མངའ་བ་སྟེ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། །དེ་བཞིན་གདུལ་བྱར་སྨོན་ལམ་གྱི། །དབང་གིས་རྒྱལ་བའི་སྐུར་སྣང་ངོ་། །དཔེར་ན་ནམ་མཁའ་ལྡིང་གི་ནི། །མཆོད་སྡོང་བསྒྲུབས་ནས་འདས་གྱུར་པ། །དེ་འདས་ཡུན་རིང་ལོན་ཡང་དེ། །དུག་ལ་སོགས་པ་ཞི་བྱེད་ལྟར། །བྱང་ཆུབ་སྤྱོད་པའི་རྗེས་མཐུན་པར། །རྒྱལ་བའི་མཆོད་སྡོང་བསྒྲུབས་པ་ཡང་། །བྱང་ཆུབ་སེམས་དཔའ་མྱ་ངན་ལས། །འདས་ཀྱང་དོན་རྣམས་ཐམས་ཅད་མཛད། །ཅེས་དང་། འཇུག་པ་ལས། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཡུན་རིང་ཆེས་འབད་པས་བསྐོར་འཁོར་ལོ་ནི། །དེའི་རྩོལ་ད་ལྟ་སྐྱེས་པ་མེད་བཞིན་དུའང་། །འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །འཇུག་པ་སྐྱེ་བོའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི། རྣམ་པར་རྟོག་པ་མི་མངའ་བར་ཕྲིན་ལས་སྣ་ཚོགས་འབྱུང་བས་ལྷུན་གྱིས་གྲུབ་པ་ཉིད་ཀྱི་དཔེ་ནི། རྒྱུད་བླར། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་དཔེ་དགུའི་སྒོ་ནས་བསྟན་ཏོ། །བཞི་པ་ནི། རྒྱུད་བླ་མ་ལས། རྒྱུད་མཐའ་ཡས་དང་སེམས་ཅན་ཟད་མེད་དང་། །བརྩེ་དང་འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་གཟུགས་སྐུ་རྟག་པའི་རྒྱུ་བདུན་དང་། ཆོས་སྐུ་རྟག་པའི་རྒྱུ་གསུམ་བཤད་དོ། །དེས་ན་བཅོམ་ལྡན་འདས་ནི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་བསྐྲུན་ནས། སྙིང་རྗེའི་མ་མ་ལ་གཏད་པས། འཇིག་རྟེན་མཐའ་དག་སངས་རྒྱས་ཉིད་དུ་འགྱུར་བ་མ་ཡིན་པ་དང་། ཇི་སྲིད་ནམ་མཁའ་འཇིག་པར་མི་འགྱུར་བ་དེ་སྲིད་ཀྱི་བར་དུ་ཕྲིན་ལས་རྒྱུན་མི་ཆད་པ་ཡིན་ཏེ། འཇུག་པ་ལས། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་གང་ལ་མངའ། །ཞེས་གསུངས་པས་སོ། །དེ་ལྟར་ན་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་ནི་སྣ་ཚོགས་པ་དང་། རྒྱུན་མི་ཆད་པ་དང་། ལྷུན་གྱིས་གྲུབ་པ་འབྱུང་བར་ཤེས་པར་བྱའོ། །ད་ནི་ཁྱད་པར་ཅན་གྱི་དབུ་མ་དེ་ཉིད་ལ་འཇུག་པ་གདམས་པར་བྱ་སྟེ། དེ་ལྟར་ཤེས་བྱ་སྟོང་པ་ཉིད་ལ། ལུང་དང་རིགས་པའི་སྒྲོན་མེས། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་གཞི་ལམ་འབྲས་བུ་ཁྱད་པར་འཕགས་པའི་དབུ་མ་གསལ་བར་བསྡུས་པ་འདི་ནི། སྐྱེ་བོ་རྟོགས་པ་དང་ལྡན་པ་དག་གིས་དབུ་མའི་ལུགས་དང་སྟོང་པ་ཉིད་ལེགས་པར་རྟོགས་པའང་དོན་ཆེ་བ་ཉིད་དང་། ཤིན་ཏུ་རྙེད་པར་དཀའ་བ་ཉིད་དང་། བར་ཆད་མང་བ་ཉིད་དུ་ཤེས་པར་བྱས་ནས། བདུད་ཀྱི་ལས་དང་། བསམ་པ་དང་སྦྱོར་བའི་དྲི་མ་སྤངས་ཏེ། དགའ་བ་དང་། དད་པ་དང་། གུས་པས་མཉན་པ་དང་། ཐོས་ནས་ཀྱང་ནམ་ཡང་ཆུད་མི་ཟ་བར་ཚུལ་བཞིན་དུ་བསམ་པས་ངེས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། གཞན་ལ་བསྟན་པའི་བྱ་བ་ལ་བརྩོན་པར་བྱའོ། །དེ་བས་གང་དག་འདིའི་དོན་ལ་རྟོག་དཔྱོད་མེད་པ་དག་གིས་ཀྱང་གཞུང་འདི་ཉིད་ལ་སྤྲོ་བས་བྲི་བ་དང་། ཀློག་པ་དང་། མཆོད་པར་བྱ་བ་དང་། དོན་རྟོགས་པ་ཉིད་དུ་སྨོན་ལམ་གདབ་པར་ཡང་བྱ་སྟེ། བསོད་ནམས་ཚད་མེད་པ་ཐོབ་པ་དང་། ནམ་ཞིག་རྟོགས་པར་ངེས་པ་དང་། དེ་ལ་བརྟེན་ནས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །གང་ཞིག་བསྟེན་པས་ཟབ་མོ་དབུ་མའི་གནད། །ཚུལ་བཞིན་དཔྱོད་པའི་སྐལ་བ་བཟང་ཐོབ་པ། །ཡོངས་འཛིན་དམ་པའི་ཚོགས་ཀྱི་ཞབས་པད་མོར། །བཀའ་དྲིན་དྲན་པས་སླར་ཡང་ཕྱག་བགྱི་འོ། །མི་སྡུག་ཆུ་ཡིས་འདོད་ཆགས་དྲི་མ་འཁྲུད་ཀྱང་སྡང་བའི་བྲག་རི་བཤིག་མི་ནུས། །བྱམས་པའི་མེ་ཡིས་ཞེ་སྡང་ཚང་ཚིང་བསྲེག་ཀྱང་ཆགས་པའི་དྲི་མ་འཁྲུད་པ་མིན། །སྟོང་དང་རྟེན་འབྱུང་གཅིག་པར་རྟོགས་པའི་ཡེ་ཤེས་མཚོན་གྱིས་སྐྱེ་བའི་འབྲས་བུ་ཅན། །ལས་དང་ཉོན་མོངས་ཡལ་འདབ་རྒྱས་པའི་བདག་ལྟའི་ལྗོན་ཤིང་རྩད་ནས་གཅོད་པར་བྱེད། །ཟབ་མོའི་བཅུད་འདི་སྐྱོབ་པ་ཉི་མ་ཡིས། །རྣམ་པར་ཕྱེ་བའི་གསུང་རབ་འདབ་བརྒྱའི་ཚལ། །ལ་ལར་དངོས་བསྟན་ལ་ལར་དྲང་ཕྱིར་དུ། །ཀུན་རྫོབ་སྤྲོས་པའི་ཚོགས་ཀྱི་སྟོན་པར་མཛད། །དེ་སླད་དྲང་སྲོང་གསུང་ཀུན་སྟོང་ཉིད་ལ། །གཅིག་ཏུ་འབབ་ཅིང་གཞོལ་བའི་གཏམ་གྱི་ཕུལ། །ཇི་བཞིན་སྨྲ་བ་ཀླུ་སྒྲུབ་སྙིང་པོའོ་ཞེས། །རྣམ་མང་མདོ་སྡེའི་ཚོགས་ལས་རབ་ཏུ་བསྔགས། །བསྔགས་འོས་དེ་ཡིས་དོན་དམ་ལ་དགོངས་ནས། །རིགས་པའི་ཚོགས་ལས་སྤྲོས་པ་མ་ལུས་བཀག །བསྟོད་ཚོགས་འགའ་ལས་སྐྱོན་ལྔ་སྤང་ཕྱིར་དུ། །ཆོས་དབྱིངས་སྒྲུབ་པའི་ཚུལ་གྱིས་ཡོད་པར་གསུངས། །འདི་དང་རྒྱལ་ཚབ་དམ་པའི་གཞུང་གཉིས་སུ། །ཇི་ལྟར་མཐོང་ཚེ་སྤྲོས་པ་ཉེར་ཞི་ཞིང་། །ཇི་སྙེད་མཐོང་ཚེ་འགྲོ་ཀུན་སངས་རྒྱས་ཀྱི། །སྙིང་པོ་ཅན་དུ་གཟིགས་པར་གསུངས་པ་མཐུན། །འདི་ལས་གཞན་དུ་སྨྲ་བ་ངན་པ་དག །ཆོས་དབྱིངས་བདེན་པར་ཡོད་ཅེས་སྒྲོགས་པ་དང་། །ལ་ལ་གཞན་སེམས་གནས་ལུགས་མཐར་ཐུག་ཏུ། །སྨྲ་བ་གཉིས་ཀ་རྟག་ཆད་གཡང་སར་ལྷུང་། །གནས་ལུགས་དཔྱོད་ཚེ་ཡོད་མེད་ཕྱོགས་བཤིག་ནས། །ཐ་སྙད་འཇོག་ཚེ་ཡོད་མེད་ཡིན་མིན་སོགས། །འཇིག་རྟེན་ལྷན་སྐྱེས་ཇི་ལྟར་ཁས་བླངས་བཞིན། །འཇོག་པ་ལུགས་འདིའི་ཆོས་སུ་ཟླ་བས་བཞེད། །དེ་སོགས་ཟབ་ཅིང་གཏིང་དཔག་དཀའ་བའི་དོན། །མང་དུ་ཐོས་པའི་རྣ་བས་མྱོང་བ་དང་། །བློ་གྲོས་གསལ་བའི་མིག་གིས་མཐོང་བ་བཞིན། །སྡེབ་ལེགས་མཆུ་སྒྲོས་མཛེས་པའི་ངག་གིས་བཤད། །དེ་ལྟ་ན་ཡང་དུས་ཤུགས་སྙིགས་མ་དང་། །སྙིགས་དུས་མི་རྣམས་བསོད་ནམས་དམན་པའི་མཐུས། །བློ་གྲོས་དམན་པའི་ཚིག་སྒྲོས་ངན་པ་རྣམས། །ཡིད་འོང་མཛེས་པའི་རྒྱན་དུ་རེ་བ་མཐོང་། །སྐལ་བཟང་སྐྱེ་བོ་རྣམ་མང་ཐོས་པ་ཡིས། །བློ་གྲོས་ལུས་བཟང་མཛེས་པ་འགའ་ཞིག་ནི། །དོན་བཟང་ཚིག་གི་ཕྲེང་བར་སྡེབ་ལེགས་པ། །འདི་འདྲའི་རྒྱན་བཟང་འཆང་བའང་ཡིད་ལ་རེ། །སྔོན་དུས་མཁས་མང་ལེགས་བཤད་ཉ་བ་ཅན། །ཟབ་དོན་གསལ་བའི་བཞིན་རས་མཛེས་པ་དག །སྐལ་ལྡན་སྐྱེ་བོ་གདུལ་བྱའི་ཚོགས་རྣམས་ལ། །ཇི་བཞིན་སྟོན་པ་ཇི་འདྲར་བདག་གིས་བཤད། །འདི་ལས་རབ་དཀར་དགེ་ཚོགས་ཟླ་དཀར་རྒྱས་པའི་འོད་དཀར་ལྟ་བུ་གང་ཐོབ་དེས། །བདེ་གཤེགས་གསུང་རབ་ཀུནྡའི་དཔལ་རབ་རྒྱས་པའི་ཚལ་རབ་འགྲོ་བས་མཐོང་གྱུར་ཏེ། །དམ་ཆོས་བསིལ་ཟེར་འཕྲོ་བའི་ཟླ་ཟེར་གཙུག་ནོར་འོད་ཟེར་དང་འདྲེས་བསྟེན་པའི་མཐུས། །སྲིད་ཞིའི་དཔལ་འབྱོར་མ་ལུས་ཀུན་འབྱུང་ཟུང་འཇུག་རྣལ་འབྱོར་སངས་རྒྱས་ཉིད་ཐོབ་ཤོག །རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ཞེས་བྱ་བ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཚོགས་གསུམ་དང་། དེའི་དགོངས་འགྲེལ་ཐལ་རང་གི་གཞུང་འགྲེལ་པ་འགྲེལ་བཤད་དང་བཅས་པ་དང་། འཇིག་རྟེན་མི་འབྱེད་རྔོག་ལོ་བརྒྱུད་པ་དང་བཅས་པའི་ལེགས་བཤད་འགའ་ཞིག་དང་། མཐའ་བྲལ་དབུ་མའི་སྲོལ་འཛིན་པ་ཚབ་བརྒྱུད་པ་དང་བཅས་པའི་ལེགས་བཤད་རྣམས་དང་། གསུང་རབ་རྒྱ་མཚོའི་དོན་ལ་འཁྲུལ་པའི་དྲི་མ་ཟད་པ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཀྱིས་ལེགས་པར་བཀྲལ་བའི་ལྟ་བའི་གཞུང་བཟང་རྣམས་ལ་བརྟེན་ནས་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་རྟ་ནག་རིན་ཆེན་རྩེ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ།། ༈ །།ཨོཾ་སྭསྟི་སིདྡྷཾ། བསྐལ་པ་གྲངས་མེད་ཚོགས་གཉིས་རབ་བསྒྲུབས་ཤིང་། །སྨོན་ལམ་རྒྱ་ཚོའི་མཐར་སོན་སྙིགས་དུས་ཀྱི། །སྐྱེ་རྒུའི་དཔལ་མགོན་ཤཱཀྱ་སེང་གེ་ཡི། །གསང་གསུམ་ཡོན་ཏན་བསམ་མི་ཁྱབ་དེར་བསྔགས། ༡ །རྒྱལ་བ་དེ་ཡིས་སྣ་ཚོགས་གདུལ་བྱའི་ངོར། །ཆོས་སྒོ་དུ་མར་གསུངས་ཀུན་དངོས་བརྒྱུད་ཀྱི། །མི་གནས་བྱང་ཆུབ་ཆེན་པོ་ལ་གཞོལ་ཞེས། །ཆུ་བོ་རྒྱ་མཚོར་འབབ་པའི་དཔེ་ཡིས་བསྟན། ༢ །གནས་སྐབས་རིགས་ཅན་རྣམ་གསུམ་བཀྲི་བའི་ཕྱིར། །ཐེག་གསུམ་ལམ་དང་མཐར་ཐུག་ཐེག་གཅིག་གཞུང་། །ཟབ་རྒྱས་མཁའ་དང་གཞལ་མེད་ཁང་བཞིན་དུ། །ཆེན་པོ་བདུན་ལྡན་ཐེག་མཆོག་དབུ་མ་ལ། ༣ །འཇུག་ཚུལ་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་ལས། །ཟབ་མོ་ལྟ་བའི་ལམ་སྟོན་ཀླུ་སྒྲུབ་ཀྱིས། །ཚོགས་གསུམ་སེང་གེའི་ང་རོས་དངོས་སྨྲའི་ཝ། །ཕམ་མཛད་བདེན་གཉིས་གཞི་ལམ་འབྲས་བུའི་ཚུལ། ༤ །ཆོས་ཅན་ཆོས་ཉིད་ཟུང་འཇུག་ལ་དགོངས་ནས། །སྟོང་དང་རྟེན་འབྱུང་དབྱེར་མེད་དབུ་མ་ཆེའི། །སྲོལ་བཏོད་འཕགས་པ་ལྷ་སོགས་སློབ་ཚོགས་ཀྱིས། །གྲུབ་མཐའི་རྩེར་གྱུར་དེ་ཉིད་རྒྱ་ཆེར་སྤེལ། ༥ །གཞུང་ལུགས་ཕྱི་མོའི་དབུ་མ་ཀུ་མུད་ཚལ། །ལེགས་བཤད་འདབ་བརྒྱར་གྲོལ་མཛད་ཟླ་བའི་ཞབས། །བཞེད་ཚུལ་ཐལ་འགྱུར་བདུད་རྩིའི་བསིལ་འོད་འབུམ། །ལོ་ཆེན་ཉི་མའི་གཟི་བྱིན་དང་འདྲེས་ནས། ༦ །ལྗོངས་འདིའི་སྐལ་བཟང་དཔལ་དུ་ཤར་བའི་མོད། །མཐའ་བཞིའི་སྤྲོས་པའི་རྨོངས་མུན་རབ་བཅོམ་ཞིང་། །གནས་ལུགས་རྟོགས་པའི་འབྲས་བཟང་སྨིན་པ་དང་། །ལྷན་ཅིག་ངེས་ལེགས་མཆོག་གི་འབྱོར་པ་བརྟས། ༧ །རྒྱུད་དང་སྡེ་སྣོད་གཙོར་གྱུར་ཤེས་བྱའི་གནས། །འཁྲུལ་བྲལ་ཇི་བཞིན་གཟིགས་པའི་སྤྱན་མངའ་བ། །ས་སྐྱའི་འཇམ་མགོན་རྣམས་དང་ཨེ་ཝཾ་པས། །འཕགས་པ་ཡབ་སྲས་ལུགས་བཟང་རྒྱས་པར་མཛད། ༨ །དེ་ཚེ་བློ་གསལ་རྒྱུ་སྐར་ཚོགས་འགའ་ཞིག །འཆད་རྩོད་རྩོམ་པའི་རང་འོད་ཆེར་སྤྲོས་ཀྱང་། །ཐུབ་བསྟན་སྙིང་པོའི་ལེགས་བཤད་མ་རྙེད་ཅིང་། །ལྟ་གྲུབ་རྣམ་དག་ལམ་བཟང་གསལ་མ་གྱུར། ༩ །ཕུལ་བྱུང་བློ་གྲོས་མིག་དབང་མ་ཐོབ་པས། །དམུས་ལོང་གཟུགས་ལ་དཔྱོད་བཞིན་དབུ་མའི་དོན། །ཡོད་མེད་ཕྱོགས་བཟུང་གསར་བྱུང་གྲུབ་མཐའ་ལ། །ཕལ་ཆེར་མོས་པ་སྙིགས་མའི་ཆོས་ཉིད་དོ། ༡༠ །ཐེག་པ་སྣ་ཚོགས་བསྟན་པའི་འཇུག་སྒོ་དུ། །དགོངས་དང་ལྡེམ་དགོངས་ཚུལ་གྱིས་གསུངས་པ་སྟེ། །ངེས་དོན་དབུ་མའི་ཐེག་པ་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་གཤེགས་པའི་ལམ་ཆེན་ཡིན། ༡༡ །དེ་སླད་གཞུང་འདིར་ཐོས་དང་རྟོགས་དཀའ་ཞིང་། །བདུད་ལས་ཀྱིས་འཚེ་མི་དགེའི་བཤེས་གཉེན་གྱིས། །ལྟ་སྒོམ་ལོག་པར་སྤྱོད་པས་ཡིད་ཅན་རྣམས། །ཕུང་འགྱུར་གསུང་རབ་ཉིད་ལས་གསལ་བར་བཤད། ༡༢ །དེ་ཕྱིར་རྣམ་དཔྱོད་ལྡན་པས་གྲུབ་པའི་མཐའ། །ཡང་དག་ལ་འཇུག་མཁས་པའི་གཞུང་ལུགས་བསྟེན། །དད་གུས་བརྩོན་འགྲུས་རྣམ་གསུམ་ཤེས་རབ་ཀྱིས། །རྣམ་དག་ལྟ་བར་རྟོགས་པའི་ཐབས་ལ་འབད། ༡༣ །སྡུག་བསྔལ་ཕྲག་བརྒྱའི་རྩ་བ་བདེན་འཛིན་ཚལ། །དམིགས་བྲལ་ལྟ་བའི་ཞུགས་ཀྱིས་རབ་བསྲེགས་པས། །ཐབས་ཤེས་ཟུང་འཇུག་ལམ་མཆོག་དབུ་མ་ནི། །མཐོང་འགྱུར་ཐབས་གཞན་རྒྱལ་བས་གསུངས་པ་མེད། ༡༤ །བརྗོད་བྱ་དོན་གྱི་དབུ་མ་གཞི་ལམ་འབྲས། །མཁའ་དང་ཤིང་རྟ་ནོར་བུ་རིན་ཆེན་བཞིན། །བདེན་གཉིས་ཚོགས་ཟུང་སྐུ་དང་ཡེ་ཤེས་རྣམས། །ཀུན་ལ་ཁྱབ་ཅིང་བདེན་བརྫུན་རང་བཞིན་མེད། ༡༥ །འཁོར་འདས་གོ་འབྱེད་སྲིད་ཞིར་མི་ལྷུང་བརྟན། །མྱ་ངན་ཚོགས་བྲལ་བདེ་ཞིང་འབྲས་ཐོབ་མྱུར། །འབྱུང་བ་དཀོན་ལ་ཕན་ཆེ་བླང་དོར་སོགས། །རྣམ་རྟོག་མི་མངའ་ཕྲིན་ལས་ལྷུན་གྱིས་གྲུབ། ༡༦ །རྗོད་བྱེད་དབུ་མ་བཀའ་དང་བསྟན་བཅོས་གཉིས། །ཤེར་ཕྱིན་འབུམ་པ་ལ་སོགས་དང་པོ་སྟེ། །རྩ་བ་ཤེས་རབ་ལ་སོགས་ཕྱི་མ་ཡིན། །དེ་དག་དགོངས་པ་འགྲེལ་བྱེད་རྣམས་མང་ཡང་། ༡༧ །མཐའ་བྲལ་དབུ་མའི་ཆོས་ཉིད་ཀུན་གསལ་ངོས། །ནོར་འཁྲུལ་མུན་པ་རིང་སྤངས་ལེགས་བཤད་ཀྱི། །སྣང་བ་འབུམ་འབྱེད་བསྟན་པའི་ཉི་མ་ནི། །ཀུན་མཁྱེན་གོ་རམས་ཆེན་པོ་ཞེས་སུ་གྲགས། ༡༨ །རྒྱལ་བའི་ཕྲིན་ལས་ཡུལ་དུས་གདུལ་བྱ་ལ། །དགོངས་ནས་གང་འདུལ་སྤྲུལ་པའི་ཟློས་གར་གྱིས། །ལོག་ལམ་འཕྱན་པའི་འགྲོ་རྣམས་དྲང་བ་དང་། །ངེས་དོན་ལུང་གི་དགོངས་པ་འགྲེལ་བའི་ཕྱིར། ༡༩ །བསོྃད་ནྃམས་ཡེ་ཤེས་ལུས་སྟོབས་ཆེར་རྒྱས་ཤིང་། །བདེ་གཤེགས་གསུང་རབ་སེངྃ་གེའིྃ་ང་རོ་ཡིས། །ཐུབ་བསྟན་གངས་རིར་སྐྱོང་ཞིང་རྒོལ་ངན་གྱི། །གཉིས་འཐུང་དྲེགས་པའི་ཀླད་འགེམས་དེ་ཉིད་ཀྱིས། ༢༠ །ཡིད་ཆེས་ལུང་དང་དམ་པའི་མན་ངག་དང་། །དངོས་སྟོབས་རིགས་པའི་རྣམ་དཔྱོད་ཀྱིས་བཀྲལ་བའི། །ཁྱད་པར་བཞི་ལྡན་ངེྃས་གསང་དབུ་མའི་དོྃན། །རྃབ་གསྃལ་ཡིད་བཞིན་ནོར་མཚུངས་གཞུང་བཟང་འདིར། ༢༡ །གཟུར་གནས་བློ་ལྡན་སྐྱེ་བོས་རྟོགས་པ་དང་། །ལྟ་གྲུབ་དག་དང་མ་དག་འབྱེད་པའི་ཕྱིར། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་རྩེ་མོ་རུ། །ངོ་མཚར་ཡི་གེའི་གཟུགས་ཀྱི་ཆོ་གས་བཀོད། ༢༢ །ཉི་ཟླའི་གཟི་བརྗིད་ནོར་བུའི་བྱིན་མཐུ་དང་། །རིགས་སྔགས་གྲུབ་དང་སྨན་གྱི་ནུས་པ་ལྟར། །བསྟན་བཅོས་མཆོག་འདིར་སྤར་དུ་ལེགས་བསྒྲུབས་པའི། །རྣམ་དཀར་གང་མཆིས་ཡོངས་སུ་བསྔོས་པའི་མཐུས། ༢༣ །བསླབ་གསུམ་ནོར་ལྡན་དགེ་འདུན་སྡེ་འཕེལ་ཞིང་། །ཐུབ་བསྟན་དྲི་མེད་ཕྱོགས་བརྒྱར་དར་བ་དང་། །རྨད་བྱུང་འཁོར་ལོ་གསུམ་གྱི་ཕྲིན་ལས་ཀྱིས། །ལུང་རྟོགས་བསྟན་པ་སྲིད་མཐར་སྤེལ་གྱུར་ཅིག ༢༤ །ཆོས་ཀྱི་དབྱིངས་གཤེགས་བླ་མ་དམ་པའི་ཚོགས། །ས་ལམ་མྱུར་བགྲོད་ཟག་མེད་ཐུགས་དགོས་རྫོགས། །ཕ་མས་ཐོག་དྲངས་དམིགས་ཡུལ་འབྲེལ་ཐོགས་རྣམས། །དོན་གཉིས་མཐར་ཕྱིན་སངས་རྒྱས་ཐོབ་གྱུར་ཅིག ༢༥ །བསྟན་དང་འགྲོ་ལ་འཚེ་བའི་ཡིད་སྲུབས་དཔུང་། །དགེ་བའི་སྣང་བྲལ་སྐྱེས་ངན་འབྱུང་པོའི་བྱ། །ཆོས་མིན་ལོག་པའི་མུན་ཁྲོད་གནས་བཅས་ཀུན། །ལེགས་བྱས་ཉིན་མོའི་སྣང་བར་མཐོང་གྱུར་ཅིག ༢༦ །ལྷར་བཅས་འགྲོ་རྣམས་རང་རང་ལས་མཐུན་པའི། །ལམ་སྟེགས་ལམ་དངོས་འགོད་སོགས་ཕྲིན་ལས་ཀྱིས། །ངན་སོང་འཁོར་བའི་ལས་ལམ་རྒྱུན་བཅད་ནས། །གཏན་བདེ་ཐར་པའི་དཔལ་ལ་འགོད་གྱུར་ཅིག ༢༧ །ཡང་དག་རྒྱུད་སྦྱངས་ཐེག་ཆེན་རིགས་ཅན་གྱིས། །ཟབ་མོའི་ལྟ་བས་དོན་དམ་གནས་ལུགས་རྟོགས། །རྒྱ་ཆེན་སྤྱོད་པས་རྫོགས་སྨིན་སྦྱོང་མཐར་ཕྱིན། །ཞིང་ཁམས་རྒྱ་མཚོའི་སྒྲོན་མེ་ཉིད་གྱུར་ཅིག ༢༨ །ཕན་བདེའི་འབྱུང་གནས་མཆོག་གསུམ་ཉི་ཟླའི་ཕུང་པོ་སྲིད་མཁར་རྟག་བརྟན་པས། །བསྐལ་ངན་རྒུད་པའི་སྨག་ཞི་འགྲོ་ཀུན་དགེ་བཅུའི་ཆོས་ལམ་རབ་ཞུགས་ཤིང་། །སྡེ་བཞིའི་འབྲས་སྨིན་ཕྱོགས་དུས་ཀུན་དུ་རྫོགས་ལྡན་གསར་བའི་དགེ་མཚན་གྱིས། །མཛེས་ཤིང་བཀྲ་ཤིས་དམ་པའི་སྣང་བ་དཀར་པོས་འཇིག་རྟེན་ཁྱབ་གྱུར་ཅིག ༢༩ །ཅེས་ཐུབ་པའི་བསྟན་པ་ལ་སྟོན་པ་གཉིས་པའི་ཕྲིན་ལས་ཅན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་བསོད་ནམས་སེང་གེའི་ཞལ་སྔ་ནས་མཛད་པའི་གསུང་རབ་ཟབ་མོ་ལྟ་བའི་རྣམ་གཞག་གསལ་བར་སྟོན་པ་འདི་ཉིད་བློ་གསལ་རྣམས་ཀྱིས་ཐོས་བསམ་བྱེད་པའི་གཞི་དང་། རང་གཞན་གྱི་རྒྱུད་ལ་ལྟ་བ་རྣམ་པར་དག་པ་བདེ་བླག་ཏུ་སྐྱེ་བའི་ཕྱིར། ལྷག་བསམ་དགེ་བའི་བློ་ཅན་སྤར་གཉེར་ངག་དབང་འཇིགས་མེད་ཀྱིས་མཐུན་རྐྱེན་བགྱིས་ཏེ་རབ་ཚེས་ས་སྤྲེལ་ལོར། གྲུབ་དབང་ཐང་སྟོང་རྒྱལ་པོའི་གདན་ས་སྡེ་དགེ་ལྷུན་གྲུབ་སྟེང་གི་སྤར་ཁང་ཆོས་མཛོད་བཀྲ་ཤིས་སྒོ་མང་དུ་སྤར་དུ་བསྒྲུབས་སྐབས་ཡོན་སྦྱོར་བ་པོ་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ཀྱིས་ཞུ་དག་དང་ཆབས་ཅིག་སྨྲས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག ཐུབ་པའི་རྒྱལ་ཚབ་འཇམ་དབྱངས་ས་སྐྱ་པའི། །ལྟ་གྲུབ་འཁྲུལ་མེད་སེང་གེའི་ང་རོ་ཡིས། །ཕས་རྒོལ་གླང་པོའི་ཀླད་འགེམས་གོ་རམས་ཆེའི། །རིང་ལུགས་ཕྱོགས་བརྒྱར་འབར་བའི་བཀྲ་ཤིས་ཤོག །སརྦ་མངྒ་ལཾ། དགེའོ།། །།


no previousཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ།next