སྐབས་བཞི་པ་རྣམ་རྫོགས་སྦྱོར་བའི་དཀའ་བའི་གནས་རྣམ་པར་བཤད་པ།
བླང་དོར་ཤེས་བྱའི་གནས་རྣམས་ལེགས་སྦྱངས་ནས། །ཀུན་མཁྱེན་གསུམ་གྱི་རྣམ་པ་མ་ལུས་ཀུན། །རྫོགས་པར་བསྒོམས་པས་མི་ལྡོག་རྟགས་ཐོབ་ཅིང་། །སྐུ་གསུམ་སྒྲུབ་པའི་རྒྱལ་ཡུམ་དེ་ལ་འདུད། །ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། ཞེས་པའི་སྐབས་སུ། བྱམས་མགོན་ཆོས་ཅན། མཁྱེན་གསུམ་བཤད་ཟིན་པའི་འོག་ཏུ། རྣམ་རྫོགས་སྦྱོར་བ་འཆད་པ་ལ་རྒྱུ་མཚན་ཡོད་དེ། མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་པའི་ཆེད་དུ་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྒོམ་དགོས་པའི་ཕྱིར། དེ་ལ་ཁ་ཅིག འབྲས་བུ་ཆོས་སྐུའི་འོག་ཏུ་རྣམ་རྫོགས་སྦྱོར་བ་འཆད་པ་ལ་རྒྱུ་མཚན་ཡོད་པར་ཐལ། འབྲས་བུ་ཆོས་སྐུའི་རྣམ་པ་ལ་དབང་ཐོབ་པའི་ཆེད་དུ་ཞེས་སོགས་ཀྱི་ཕྱིར། འདོད་ན། དེའི་འོག་ཏུ་བཤད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རྒྱན་གྱི་སྐབས་བརྒྱད་ཀྱི་གོ་རིམ་དེ་འཆོལ་བའི་སྐྱོན་ཅན་དུ་ཐལ་ལོ་ཞེས་ཟེར་ན། ཕྱི་མ་ལ་མ་ཁྱབ་སྟེ། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེའི་འོག་ཏུ་སྦྱོར་གཞི་བཤད་པའི་ཕྱིར་ཏེ། དེའི་འོག་ཏུ་མངོན་པར་རྟོགས་པ་དྲུག་གི་ལམ་རིམ་བཤད་པའི་ཕྱིར། འདིའི་སྐབས་སུ་རྣམ་རྫོགས་སྦྱོར་བའི་མཚན་ཉིད་ལ། ཁ་ཅིག མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་དང་། ཡང་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། །ཞེས་འཇོག་ཅིང་། ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ནས་རྒྱུན་མཐའི་བར་དུ་ཡོད་དོ་ཞེས་པ་དང་། མཁྱེན་གསུམ་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་ཞེས་ཟེར་རོ། །དང་པོ་ལ། ས་བརྒྱད་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། དེའི་རྣམ་པ་ལ་དབང་ཐོབ་ཟིན་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཐོབ་ཟིན་པའི་ཕྱིར། གཉིས་པ་ལ། ཐེག་ཆེན་གྱི་ཚོགས་ལམ་ཆུང་ངུ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པར་ཐལ། དེ་ཡིན་ན་མཚོན་བྱ་དེ་ཡིན་དགོས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། དེ་ཡིན་ན་མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་ཕབ་པ་སྔོན་སོང་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། མཁྱེན་གསུམ་ཐོས་བསམ་གྱིས་གཏན་ལ་མ་ཕབ་པར་ཐེག་ཆེན་གྱི་ཚོགས་ལམ་དུ་ཞུགས་པ་ཡོད་པའི་ཕྱིར་ཏེ། དེ་གཏན་ལ་མ་ཕབ་པར་འཇུག་པ་སེམས་བསྐྱེད་སྐྱེས་པ་ཡོད་པའི་ཕྱིར། གསུམ་པ་ལ། ཁ་ཅིག་ན་རེ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། མཁྱེན་གསུམ་བསྡུས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཁྱོད་ཀྱིས་མངོན་རྟོགས་བརྒྱད་ཀ་བསྡུས་པར་ཐལ། འདོད་པ་གང་ཞིག མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པའི་ཕྱིར་ཟེར་ན། ཁྱབ་པ་གཉིས་པ་ལ། བྱམས་མགོན་ཆོས་ཅན། ཁྱོད་ཀྱིས་ཡུམ་དོན་བསྡུས་པར་ཐལ། ཁྱོད་ཡུམ་དོན་བསྡུས་ནས་སྟོན་པའི་མཁས་པ་ཡིན་པའི་ཕྱིར། འདོད་ན། ཁྱོད་ཀྱིས་མངོན་རྟོགས་བརྒྱད་ཀ་བསྡུས་པར་ཐལ། འདོད་པ་གང་ཞིག ཡུམ་དོན་དེས་དེ་བསྡུས་པའི་ཕྱིར། རང་ལུགས་མཚན་ཉིད་ཕྱི་མ་དེ་ཉིད་ལེགས་སོ། །གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་པའི་སྐབས་སུ། བསྒོམ་བྱ་རྣམ་པའི་མཐའ་དཔྱད་པ་ལ། རྣམ་པ་ཡིན་ན་བསྒོམ་བྱ་རྣམ་པ་ཡིན་པས་ཁྱབ་མ་ཁྱབ་ལ་དཔྱད་པ། བསྒོམ་བྱ་རྣམ་པ་ཡིན་ན་བྱང་སེམས་ཀྱི་བསྒོམ་བྱ་རྣམ་པ་ཡིན་པས་ཁྱབ་མ་ཁྱབ་ལ་དཔྱད་པ། བསྒོམ་བྱ་རྣམ་པ་དེ་དོན་རྣམ་དང་ཤེས་རྣམ་གང་ཡིན་ལ་དཔྱད་པ་དང་། འདིར་བསྟན་གྱི་རྣམ་པ་དེ་ཤེས་རྣམ་དང་དོན་རྣམ་གང་ཡིན་ལ་དཔྱད་པ་བཞི་ལས། དང་པོ་ལ་ཁ་ཅིག དེ་ལ་ཁྱབ་པ་ཡོད་པར་ཐལ། གཞི་ཡིན་ན་ཐོས་བསམ་གྱིས་སྒྲོ་འདོགས་གཅད་པར་བྱ་བའི་གཞི་ཡིན་དགོས་པའི་ཕྱིར་ཞེ་ན། ཞེ་སྡང་ཆོས་ཅན། བསྒོམ་བྱ་རྣམ་པར་ཐལ། རྣམ་པ་ཡིན་པའི་ཕྱིར་ཏེ། རྣམ་རྟགས་མཚན་མས་བསྡུས་པའི་ནང་ཚན་དུ་གྱུར་པའི་རྣམ་པ་ཡིན་པའི་ཕྱིར་ཏེ། གཞི་གྲུབ་པའི་ཕྱིར་ཏེ། རྩ་བར་འདོད་ན། མི་ནུས་ཏེ། བསྒོམ་བྱ་མིན་པའི་ཕྱིར་ཏེ། རྒྱུན་གཅད་པར་བྱ་བ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། བསྒོམ་བྱ་ཡིན་པར་ཐལ། བདག་མེད་དུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཉམས་སུ་བླང་བྱ་ཡིན་པར་ཐལ། ཁྱོད་བདག་མེད་དུ་རྟོགས་པའི་བློ་དེ་ཉམས་སུ་བླང་བྱ་ཡིན་པའི་ཕྱིར། རང་ལུགས་ནི་རྣམ་པ་ལ་བསྒོམ་བྱ་རྣམ་པས་མ་ཁྱབ་སྟེ། སྤྱིར་རྣམ་པ་ལ་བླང་བྱའི་རྣམ་པ་དང་། དོར་བྱའི་རྣམ་པ་གཉིས་སུ་ཡོད་ཅིང་། དང་པོ་དེ་བསྒོམ་པར་བྱ་བ་ཡིན་ཀྱང་། ཕྱི་མ་དེ་དེ་མིན་པའི་ཕྱིར། གཉིས་པ་ནི། ཁ་ཅིག དེ་ལ་ཁྱབ་པ་ཡོད་པར་ཐལ། བྱང་སེམས་ཀྱིས་གདུལ་བྱ་རིགས་ཅན་གསུམ་རྗེས་སུ་གཟུང་བའི་ཆེད་དུ་རིགས་ཅན་གསུམ་གྱི་ལམ་མཐའ་དག་སྒོམ་དགོས་པའི་ཕྱིར་ཏེ། མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་ཞེས་སོགས་གསུངས་པའི་ཕྱིར། ཡང་དེ་ལ་ཁྱབ་པ་ཡོད་པར་ཐལ། བསླབ་པར་བྱ་བ་ཡིན་ན་བྱང་སེམས་ཀྱིས་བསླབ་པར་བྱ་བ་ཡིན་དགོས་པའི་ཕྱིར་ཏེ། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པའི་ཕྱིར་ཞེས་ཟེར་ན། དམ་བཅའ་དང་པོ་ལ། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་སེམས་བསྐྱེད་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ཐེག་དམན་གྱིས་བསྒོམ་པར་བྱ་བའི་རྣམ་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་མིན་པར་ཐལ། བྱང་སེམས་ཀྱི་རྒྱུད་ལ་ཁྱོད་སྒོམ་ན། དེའི་ཚུལ་ཁྲིམས་འཆལ་བར་འགྱུར་བའི་ཕྱིར་ཏེ། མདོ་སྡུད་པ་ལས། གལ་ཏེ་རང་རྒྱལ་དགྲ་བཅོམ་བྱང་ཆུབ་རེག་འདོད་ན། །ཚུལ་ཁྲིམས་འཆལ་ཞིང་མི་མཁས་དེ་ནི་སྤྱོད་པ་ཉམས། །ཞེས་གསུངས་པའི་ཕྱིར། གཉིས་པའི་སྒྲུབ་བྱེད་ཀྱི་ཁྱབ་པའང་མ་ངེས་ཏེ། ཉམས་སུ་བླང་བར་བྱ་བ་ཡིན་ན་བྱང་སེམས་ཀྱིས་ཉམས་སུ་བླང་བར་བྱ་བ་ཡིན་དགོས་པར་ཐལ། ཤེས་པར་བྱ་བ་ཡིན་ན་བྱང་སེམས་ཀྱིས་ཤེས་པར་བྱ་བ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཉན་ཐོས་ཀྱི་ཚོགས་ལམ་གྱིས་མ་ངེས་སོ། །གསུམ་པ་ལ་དགག་གཞག་གཉིས་ལས། དང་པོ་ལ། རེད་མདའ་བ་ན་རེ། བསྒོམ་བྱ་རྣམ་པ་ཡིན་ན་ཤེས་རྣམ་ཡིན་པས་ཁྱབ་ཅིང་། དོན་རྣམ་བསྒོམ་བྱ་རྣམ་པ་མ་ཡིན་ཏེ། རྣམ་པ་བསྒོམ་པའི་དགོས་པ་ནི་བསྒོམ་བྱའི་རྣམ་པ་ཕུལ་དུ་ཕྱིན་པར་བྱ་བའི་ཆེད་ཡིན་ལ། དོན་རྣམ་ཕུལ་དུ་ཕྱིན་པར་བྱར་མེད་པའི་ཕྱིར་ཡང་དོན་རྣམ་བསྒོམ་བྱ་རྣམ་པ་མིན་པར་ཐལ། དེའི་ཐ་སྙད་མདོ་བསྟན་བཅོས་གང་ལས་ཀྱང་མ་བཤད་པའི་ཕྱིར་ཞེས་གསུང་། འབྲེ་ཨར་ན་རེ། བྱང་སེམས་ཀྱི་བསྒོམ་བྱའི་རྣམ་པ་ལ་ཤེས་རྣམ་དང་དོན་རྣམ་གཉིས་ཡོད་པ་ལས། དོན་རྣམ་བསྒོམ་བྱའི་གཙོ་བོ་ཡིན་ཏེ། དེ་བསྒོམ་པས་ཤེས་རྣམ་བསྒོམ་པར་འགྱུར་བའི་ཕྱིར་ཏེ། དོན་རྣམ་ཡོད་ན་ཤེས་རྣམ་ཡོད་པས་ཁྱབ་པའི་ཕྱིར། ཤེས་རྣམ་བསྒོམ་བྱའི་གཙོ་བོ་མིན་ཏེ། དེ་བསྒོམས་པས་དོན་རྣམ་བསྒོམ་པར་མི་འགྱུར་བའི་ཕྱིར་ཏེ། དེ་ཡོད་ན་ཅིག་ཤོས་དེ་ཡོད་པས་མ་ཁྱབ་པའི་ཕྱིར་མ་གྲུབ་ན། ཟླ་གཉིས་ཡོད་པར་ཐལ། ཟླ་བ་གཉིས་སྣང་གི་དབང་ཤེས་ཡོད་པའི་ཕྱིར། ཁྱབ་པ་ཁས་ཞེས་གསུང་ངོ་། །ཡང་བོད་ཁ་ཅིག ཤེས་རྣམ་བསྒོམ་བྱའི་རྣམ་པ་མིན་ཏེ། དེས་སློབ་པའི་སྐབས་སུ་སྒོམ་བྱེད་ཀྱི་བློ་དང་། མི་སློབ་ལམ་གྱི་གནས་སྐབས་སུ་བསྒོམ་པའི་འབྲས་བུ་ཡིན་པའི་ཕྱིར་ཟེར་རོ། །དང་པོ་ལ། བྱང་སེམས་ཚོགས་ལམ་པས་ལམ་བསྒོམས་པས་རང་རྒྱུད་ཀྱི་བདེན་འཛིན་ལ་མི་གནོད་པར་ཐལ། དེས་བདག་མེད་མི་སྒོམ་པའི་ཕྱིར། རྟགས་ཁས། ཐེག་ཆེན་གྱི་མཐོང་ལམ་དུ་བདག་མེད་གཉིས་མངོན་སུམ་རྟོགས་པ་མེད་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་གྱི་གནས་སྐབས་སུ་བདག་མེད་གཉིས་དོན་སྤྱིའི་ཚུལ་གྱིས་སྒོམ་པ་མི་སྲིད་པའི་ཕྱིར། རྟགས་ཁས། དོན་རྣམ་གྱི་ཐ་སྙད་མདོ་དང་བསྟན་བཅོས་ལས་བསྟན་པར་ཐལ། མདོ་ལས། རབ་འབྱོར་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་དང་ཅེས་པའི་རྣམ་པའི་སྒྲས་ཆོས་ཐམས་ཅད་བསྡུས་པའི་ཕྱིར་དང་། རྒྱུད་བླར། གཟུགས་ཀྱི་རྣམ་པ་དམན་པ་དང་། །ཞེས་དང་། སྤྱོད་འཇུག་ལས། སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཡུལ་སྐྱེ་མེད་གསུམ་བསྒོམ་བྱའི་གཙོ་བོ་ཡིན་པ་དང་། ཡུལ་ཅན་མཁྱེན་གསུམ་གྱི་རྣམ་པ་དེ་བསྒོམ་བྱའི་གཙོ་བོ་མིན་པའི་ཁྱད་པར་འཐད་པར་ཐལ། དམ་བཅའ་དེའི་ཕྱིར། ཡང་མི་སྡུག་པའི་ཏིང་ངེ་འཛིན་གྱི་སྐབས་སུ་ཤེས་རྣམ་བསྒོམ་བྱའི་གཙོ་བོ་མིན་པ་དང་། དོན་རྣམ་དེ་ཡིན་པའི་ཁྱད་པར་འཐད་པར་ཐལ། དེའི་སྐབས་སུ་དོན་རྣམ་བསྒོམ་པས་ཅིག་ཤོས་དེ་བསྒོམ་པར་འགྱུར་བས་ཁྱབ་པ་གང་ཞིག དེའི་སྐབས་སུ་ཤེས་རྣམ་སྒོམ་ན་དོན་རྣམ་སྒོམ་པས་མ་ཁྱབ་པའི་ཕྱིར་ཏེ། དེའི་སྐབས་སུ་དེ་ཡོད་ན་དེ་ཡོད་པས་མ་ཁྱབ་པའི་ཕྱིར། མ་གྲུབ་ན། ས་གཞི་ཐམས་ཅད་ཀེང་རུས་ཡིན་པ་ཡོད་པར་ཐལ། དེའི་སྐབས་སུ་དེར་སྣང་བའི་ཤེས་པ་ཡོད་པའི་ཕྱིར། རིམ་བཞིན་ཁས་བླངས་སོ། །གསུམ་པ་ལ། ཐེག་ཆེན་གྱི་ཚོགས་ལམ་ན་མཁྱེན་གསུམ་གྱི་རྣམ་པ་སྒོམ་པ་མེད་པར་ཐལ། མཁྱེན་གསུམ་གྱི་དེ་བསྒོམ་བྱ་རྣམ་པ་མིན་པའི་ཕྱིར། རྟགས་ཁས། འདོད་ན། ཐམས་ཅད་མཁྱེན་པ་ཉིད་གསུམ་ཡོངས་སུ་ཤེས་པ་ནི། ཞེས་པའི་གཞུང་དང་འགལ་ལོ། །ཡང་བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། ཁྱོད་བསྒོམ་བྱ་མིན་པར་ཐལ། ཁྱོད་སྒོམ་བྱེད་ཀྱི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྦྱོར་བ་སྒོམ་པ་པོའི་གང་ཟག་མི་སྲིད་པར་ཐལ་ལོ། །གཞན་ཡང་། རྟོགས་བྱེད་ཀྱི་བློ་ཡིན་ན་རྟོགས་བྱ་མིན་དགོས་པར་ཐལ། སྒོམ་བྱེད་ཀྱི་བློ་ཡིན་ན་བསྒོམ་བྱ་མིན་དགོས་པའི་ཕྱིར། གཉིས་པ་ནི། བྱང་སེམས་ཀྱི་བསྒོམ་བྱ་རྣམ་པ་ཡིན་ན་ཤེས་རྣམ་ཡིན་པས་མ་ཁྱབ་སྟེ། ཡུལ་བདག་མེད་གཉིས་པོ་དེའང་དེའི་བསྒོམ་བྱ་རྣམ་པ་ཡིན་པའི་ཕྱིར་དང་། དེ་རྟོགས་པའི་བློའི་རྒྱུན་དེའང་དེ་ཡིན་པའི་ཕྱིར། བཞི་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། མཁྱེན་རབ་ཀྱི་དབང་ཕྱུག་གྲགས་པ་བཟང་པོ་ན་རེ། རྣམ་པ་སྟོན་པའི་མདོ་བསྟན་བཅོས་གཉིས་ཀ་ལས་དོན་རྣམ་དང་ཤེས་རྣམ་གཉིས་ཀ་དངོས་སུ་སྟོན་ཏེ། མདོ་ལས། ཡུམ་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པས་ཤེས་རྣམ་དངོས་སུ་བསྟན། བཀའ་སྩལ་པ། ནམ་མཁའ་དམིགས་སུ་མེད་པའི་ཕྱིར། །ཞེས་པས་དོན་རྣམ་དངོས་སུ་བསྟན། བསྟན་བཅོས་ལས། གཞི་ཤེས་པ་ཡི་བྱེ་བྲག་གིས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །བདེན་པ་བཞི་ཡི་བྱེ་བྲག་གིས། །དེ་ནི་རྣམ་པ་བཞི་རུ་འདོད། །ཅེས་པས་དོན་རྣམ་དངོས་སུ་བསྟན། ཤེས་པའི་བྱེ་བྲག་གིས། །རྣམ་པ་ཤེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་པས་ཤེས་རྣམ་དངོས་སུ་བསྟན་པའི་ཕྱིར་ཞེས་གསུངས་སོ། །འབྲེ་ཨར་ན་རེ། མདོར་བསྟན་གྱི་སྐབས་སུ་ཤེས་རྣམ་དངོས་སུ་བསྟན་ནས། དོན་རྣམ་ཤུགས་ལ་བསྟན། རྒྱས་བཤད་དུ་དེ་ལས་ལྡོག་སྟེ་བསྟན་གསུང་ངོ་། །དང་པོ་ལ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་པའི་སྐབས་སུ་ཐེག་ཆེན་གྱི་སེམས་བསྐྱེད་དང་། ཐེག་དམན་སེམས་བསྐྱེད་གཉིས་ཀ་དངོས་སུ་བསྟན་པར་ཐལ། གཞུང་དེ་ཉིད་ཀྱིས་ཐེག་ཆེན་སེམས་བསྐྱེད་དངོས་སུ་བསྟན་ཞིང་། སེམས་བསྐྱེད་པ་ནི་རང་དོན་ཕྱིར། །ཉི་ཚེ་བ་ཡི་བྱང་ཆུབ་འདོད། །ཅེས་པའི་གཞུང་གིས་ཐེག་དམན་སེམས་བསྐྱེད་དངོས་སུ་བསྟན་པའི་ཕྱིར། ཁྱབ་པ་ཁས། དེ་ལ་ཁོ་ན་རེ། འབྲེལ་མེད་དེ། དེ་འདྲའི་གཞུང་མེད་པའི་ཕྱིར་ཞེ་ན། འོ་ན། ཁྱེད་རང་གི་དེ་ལ་འབྲེལ་ཤིག་ཙམ་ཡང་མེད་པར་ཐལ། དེ་འདྲའི་གཞུང་མེད་པའི་ཕྱིར། དེ་བཞིན་དུ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །ཞེས་པའི་སྐབས་སུ། སྲིད་ཞི་ལ་མི་གནས་པའི་གཞི་ཤེས་དང་། དེ་ལ་གནས་པའི་གཞི་ཤེས་གཉིས་ཀ་དངོས་སུ་བསྟན་པར་ཐལ། གཞུང་དེས་སྲིད་ཞི་ལ་མི་གནས་པའི་གཞི་ཤེས་དངོས་སུ་བསྟན་པ་གང་ཞིག ཚུ་རོལ་ཕ་རོལ་མཐའ་ལ་ནི། །དེ་དག་བར་ན་གནས་པ་དེ། །དུས་རྣམ་མཉམ་ཉིད་མི་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་པས་སྲིད་ཞི་ལ་གནས་པའི་གཞི་ཤེས་དངོས་སུ་བསྟན་པའི་ཕྱིར། མདོར་ན་གཞུང་དེ་དག་དངོས་སུ་མེད་པས་དངོས་བསྟན་ལ་མི་འཐད་ཅིང་། དོན་ཐོབ་ལ་ཡོད་པ་ནི་ཐམས་ཅད་ལའང་མཚུངས་སོ། །གཉིས་པ་ལ། དམ་བཅའ་དེ་མི་འཐད་པར་ཐལ། རྣམ་པ་མདོར་བསྟན་གྱི་གཞུང་དང་། དེ་རྒྱས་བཤད་ཀྱི་གཞུང་གཉིས་བསྟན་ཚུལ་མཚུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སྐབས་ལྔ་པར་རྟོགས་པ་མདོར་བསྟན་གྱི་སྐབས་སུ་གདགས་ཆོས་གང་ཟག་ལ་རྫས་ཡོད་དང་བཏགས་ཡོད་དུ་འཛིན་པ་དེ་དངོས་སུ་བསྟན། གདགས་གཞི་ཆོས་ལ་རྫས་ཡོད་བཏགས་ཡོད་དུ་འཛིན་པ་ཤུགས་ལ་བསྟན། རྒྱས་བཤད་དུ་དེ་ལས་བཟློག་སྟེ་བསྟན་པ་མི་འཐད་པར་ཐལ། སྐབས་ལྔ་པའི་རྟོག་པ་མདོར་བསྟན་གྱི་གཞུང་དང་། རྒྱས་བཤད་ཀྱི་གཞུང་གཉིས་པོ་བསྟན་ཚུལ་མཚུངས་པའི་ཕྱིར། རྟགས་སྔ་མ་ལ་བསྒྲིགས་སོ་ཞེ་ན། སྐབས་བཞི་པའི་གཞུང་གཉིས་པོ་དེ་རྣམ་པའི་གཞི་བསྟན་ཚུལ་མི་མཚུངས་པར་ཐལ། སྐབས་ལྔ་པའི་གཞུང་གཉིས་པོ་དེ་རྟོག་པའི་ཡུལ་བསྟན་ཚུལ་མི་མཚུངས་པའི་ཕྱིར། ཁྱབ་རྟགས་སྒྲིག་མཚམས་ལ་ཁས། མ་གྲུབ་ན། དེར་ཐལ། སྐབས་ལྔ་པའི་རྟོག་པ་མདོར་བསྟན་དུ་རྟོག་པའི་ཡུལ་གང་ཟག་ཏུ་བསྟན་ཞིང་། རྒྱས་བཤད་དུ་དེའི་ཡུལ་ཆོས་སུ་བསྟན་པའི་ཕྱིར། རྩ་བར་འདོད་ན། མི་ནུས་ཏེ། རྣམ་པ་མདོར་བསྟན་གྱི་གཞི་དེ་གཞི་ཡིན་པར་བསྟན། རྒྱས་བཤད་ཀྱི་སྐབས་སུའང་མདོར་བསྟན་གྱི་རྣམ་པའི་གཞི་དེ་བདེན་བཞིར་བསྟན་པའི་ཕྱིར། གཞན་ཡང་། མེད་པའི་རྣམ་པ་ནས་གཟུང་སྟེ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་རྣམ་པ་ཉེར་བདུན་པོ་དེ་དོན་རྣམ་དང་ཤེས་རྣམ་གཉིས་ཀྱི་ནང་ནས་དོན་རྣམ་ཁོ་ན་ཡིན་པར་ཐལ། གཞུང་དེས་དེ་གཉིས་ཀྱི་ནང་ནས་དོན་རྣམ་ཁོ་ན་དངོས་སུ་བསྟན་པའི་ཕྱིར། འདོད་ན། དེའི་སྐབས་ནས་དངོས་བསྟན་གྱི་རྣམ་པ་ཉེར་བདུན་པོ་དེ་གཞི་ཤེས་ཀྱི་རྣམ་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་མེད་པར་ཐལ་ལོ། །ཡང་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་པོ་དོན་རྣམ་ཡིན་པ་དང་། མཁྱེན་གསུམ་གྱི་རྣམ་པ་ཤེས་རྣམ་ཡིན་པའི་ཁྱད་པར་འཐད་པར་ཐལ། རྣམ་པ་རྒྱས་བཤད་ཀྱི་དངོས་བསྟན་གྱི་རྣམ་པ་དོན་རྣམ་ཡིན་པ་དང་། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །ཞེས་པའི་སྐབས་ཀྱི་རྣམ་པ་ཤེས་རྣམ་ཡིན་པའི་ཁྱད་པར་འཐད་པའི་ཕྱིར། རྟགས་ཁས། གཉིས་པ་ནི། རྣམ་པ་མདོར་བསྟན་དང་རྒྱས་བཤད་ཀྱི་གཞུང་གཉིས་ཀས་ཤེས་རྣམ་དངོས་སུ་བསྟན་ཏེ། རྣམ་པ་མདོར་བསྟན་གྱི་སྐབས་སུ་གཞི་ཤེས་པའི་ཡེ་ཤེས་ཀྱི་བྱེ་བྲག་དེ་རྣམ་པའི་མཚན་ཉིད་དུ་བསྟན་ཞིང་། དེའི་དབྱེ་བ་ལ་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་དབྱེ་བ་གང་ཞིག རྒྱས་བཤད་ཀྱི་གཞུང་གསུམ་གྱིས་མཁྱེན་གསུམ་སོ་སོའི་རྣམ་པ་དེ་ཉིད་རྒྱས་པར་བཤད་པའི་ཕྱིར། གསུམ་པ་ལ། ཁ་ཅིག མེད་པའི་རྣམ་པ་ནས་གཟུང་སྟེ། །ཞེས་པའི་སྐབས་ནས་དོན་རྣམ་དངོས་སུ་བསྟན་པར་ཐལ། དེར་མེད་པའི་རྣམ་པ་དངོས་སུ་བསྟན་པའི་ཕྱིར། ཡང་དེར་ཐལ། ལམ་བདེན་གྱི་རྣམ་པ་འཆད་པའི་སྐབས་སུ་རྨི་ལམ་གྱི་རྣམ་པ་དངོས་སུ་བསྟན་པའི་ཕྱིར། ཡང་། དྲན་པ་ཉེར་གཞག་ནས་གཟུང་སྟེ། །ཞེས་པའི་སྐབས་སུ་དོན་རྣམ་དངོས་སུ་བསྟན་པར་ཐལ། དེར་དེ་བཞིན་ཉིད་ཀྱི་རྣམ་པ་དངོས་སུ་བསྟན་པའི་ཕྱིར། གལ་ཏེ་དེ་དག་དེ་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ལ་འདོད་ན། དོན་གྱི་རྣམ་པ་དེ་དོན་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པར་ཐལ། མེད་པའི་རྣམ་པ་དེ་སྡུག་བསྔལ་བདེན་པ་རྟག་པར་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར་དང་། རྨི་ལམ་གྱི་རྣམ་པ་དེ་གཟུང་བ་ཕྱི་རོལ་གྱི་དོན་རྨི་ལམ་ལྟར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར་དང་། དེ་བཞིན་ཉིད་ཀྱི་རྣམ་པ་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། ཡང་། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་སོགས་ཀྱི་སྐབས་སུ་དོན་རྣམ་དངོས་སུ་བསྟན་པར་ཐལ། དེར་བདེན་བཞི་དངོས་སུ་བསྟན་པའི་ཕྱིར། ཡང་བདེན་པ་བཞི་པོ་ཆོས་ཅན། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་རྣམ་པ་ཡིན་པར་ཐལ། དེའི་སྐབས་ནས་དངོས་སུ་བསྟན་པ་དང་རྣམ་པའི་གཞི་མཐུན་ཡིན་པའི་ཕྱིར། ཞེས་པ་དང་དྲུག་ལས། དང་པོ་ལ། འདིར་བསྟན་མེད་པའི་རྣམ་པ་དེ་སྡུག་བསྔལ་བདེན་པ་རྟག་པར་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་མིན་པར་ཐལ། ཐལ་བ་དང་པོ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། དེ་གཞི་ཤེས་ཀྱི་རྣམ་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མེད་པའི་རྣམ་པ་ནས་གཟུང་སྟེ། །ཞེས་སོགས་ཀྱི་གཞུང་དེས་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དངོས་སུ་མ་བསྟན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་དངོས་སུ་སྟོན་བྱེད་ཀྱི་རྒྱན་གཞུང་མེད་པར་ཐལ་ལོ། །གཉིས་པ་ལ། རྨི་ལམ་དང་ཞེས་པའི་སྐབས་ནས་བསྟན་པའི་རྨི་ལམ་གྱི་རྣམ་པ་དེ་རྨི་ལམ་ཉིད་ལ་བྱེད་རིགས་པར་ཐལ། ཐལ་བ་གཉིས་པ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། མིན་པར་ཐལ། དེ་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོའི་རིགས་སུ་གནས་པའི་རྟོགས་རིགས་ཡིན་པའི་ཕྱིར་ཏེ། ལམ་གཉིས་པའི་རྣམ་པ་མདོར་བསྟན་གྱི་སྐབས་སུ། དེའི་ཕྱིར་དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཞེས་དང་། རྒྱས་བཤད་དུ་སྤྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དག་ཡིན་ནོ་ཞེས་གསུངས་པའི་ཕྱིར། གསུམ་པ་ལ། སངས་རྒྱས་ཐམས་ཅད་ཀྱིས་བཤད་པའི་དེ་བཞིན་ཉིད་དང་། ཞེས་པའི་སྐབས་ནས་དངོས་བསྟན་གྱི་དེ་བཞིན་ཉིད་ཀྱི་རྣམ་པ་དེ་དེ་བཞིན་ཉིད་ཡིན་པར་ཐལ། ཐལ་བ་གསུམ་པ་ལ་ཁྱབ་པ་ཡོད་པའི་ཕྱིར། འདོད་ན། མིན་པར་ཐལ། ཐུན་མོང་མིན་པའི་ལམ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཤིན་ཏུ་ཕུལ་དུ་བྱུང་བའི་ཕྱིར། ཐུན་མོང་མིན་པའི་ལམ་གཅིག་པོ་ཁོ་ན་སྟེ་ཞེས་གསུངས་པའི་ཕྱིར། བཞི་པ་ལ། མཚན་ཉིད་མེད་པའི་ཆོས་འཁོར་དེ་ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པར་མངོན་སུམ་རྟོགས་པའི་ཆོས་འཁོར་ཡིན་པར་ཐལ། མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ་དེ་ཆོས་ཐམས་ཅད་བདེན་པའི་མཚན་ཉིད་མེད་པར་མངོན་སུམ་རྟོགས་པའི་སྐད་ཅིག་མའི་སྦྱོར་བ་ཡིན་པའི་ཕྱིར། རྣམ་པར་སྨིན་པའི་འབྲས་བུ་དེ་དུས་སྐད་ཅིག་མ་གཅིག་ལ་རྣམ་པར་སྨིན་པའི་ཟག་མེད་ཀྱི་ཆོས་ཐམས་ཅད་མངོན་དུ་བྱེད་ནུས་པའི་འབྲས་བུ་ཡིན་པར་ཐལ། རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ་དེ་དུས་སྐད་ཅིག་མ་གཅིག་ལ་དེ་མངོན་དུ་བྱེད་ནུས་པའི་སྐད་ཅིག་མའི་སྦྱོར་བ་ཡིན་པའི་ཕྱིར། འདི་འདྲའི་རིགས་ཀྱི་ཚིག་འདྲ་ཀུན། །དེ་འདྲའི་ཚིག་གིས་སུན་དབྱུང་ངོ་། །ཤིག་གསོད་པ་ལ་སཏྭ་གྲི་བཞིན། །དེ་འདྲའི་དགོས་པ་ཅི་ཞིག་ཡོད། །ལྔ་པ་ལ། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་པའི་སྐབས་སུ། ས་དང་གསེར་དང་ཟླ་བ་ཡིན་པར་གྱུར་པའི་སེམས་བསྐྱེད་གཅིག་དངོས་སུ་བསྟན་པར་ཐལ། དེར་ས་དང་གསེར་སོགས་དངོས་སུ་བསྟན་པའི་ཕྱིར། དྲུག་པ་ལ་ཤཱཀྱ་ཐུབ་པ་ཆོས་ཅན། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པའི་སྐབས་སུ་དངོས་སུ་བསྟན་པའི་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། དེའི་སྐབས་ནས་དངོས་སུ་བསྟན་པ་དང་དགེ་འདུན་དཀོན་མཆོག་གི་གཞི་མཐུན་ཡིན་པའི་ཕྱིར། ཁྱབ་པ་ཁས། མདོར་ན་རྣམ་པ་སྟོན་པའི་གཞུང་འདི་དག་གིས་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་དངོས་སུ་བསྟན་ཅིང་། དེ་དག་གང་རུང་ཡིན་ན་ཤེས་རྣམ་ཡིན་དགོས་པའི་གནད་ཀྱི་དོན་འདི་ཡིན་པས་དེ་ཤེས་པར་གྱིས་ལ། གཞན་ཅལ་ཅོལ་མ་སྨྲ་ཞིག རྣམ་པ་བརྒྱ་དང་བདུན་ཅུ་གསུམ། །ཤེས་རྣམ་ཡིན་པར་བྱམས་པ་བཞེད། །ཤེས་བྱ་ཀུན་རིག་གསུང་གིས་བསྟན། །བསོད་ནམས་སེང་གེས་དེ་ལྟར་གོ །ཨེ་མ་ཧོའི་ཚིགས་སུ་བཅས་པའོ། །ཉོན་མོངས་པའི་སྒྲིབ་པའི་གཉེན་པོའོ། །ཞེས་པའི་སྐབས་སུ་ལམ་གསུམ་ངོས་གཟུང་། ཟག་བཅས་ཟག་མེད་ཀྱི་དོན་ལ་དཔྱད། སྤང་བྱའི་སྒྲིབ་པ་ལ་དཔྱད་པ་དང་གསུམ་ལས། དང་པོ་ལ། དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག འདིར་བསྟན་ལམ་བདེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་རྣམ་པ་གསུམ་དུ་ཡོད་དེ། ཁྱོད་ལ་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད་གཅིག ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་སྒོམ་ལམ་ཟག་བཅས་གཅིག དེའི་གཉེན་པོར་གྱུར་པའི་ལམ་ཟག་མེད་གཅིག་རྣམས་སུ་ཡོད་པའི་ཕྱིར། ཞེས་བཀོད་ནས། ལམ་དང་པོ་ནི་ཐེག་དམན་གྱི་རྒྱུད་ཀྱི་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད་དང་། གཉིས་པ་ནི་རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་དང་། གསུམ་པ་ནི་རང་རྒྱལ་གྱི་མཐོང་ལམ་དང་སྒོམ་ལམ་མཉམ་གཞག་ལ་བྱེད་ཟེར་རོ། །འོ་ན་འདིར་བསྟན་ལམ་བདེན་གྱི་རྣམ་པ་བཅོ་ལྔ་པོ་གང་རུང་ཡིན་ན་ཐེག་དམན་གྱི་མཁྱེན་པ་ཡིན་དགོས་པར་ཐལ། དེ་ཡིན་ན་ཁྱེད་རང་གིས་ངོས་གཟུང་བ་གསུམ་པོ་གང་རུང་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། བྱང་སེམས་ཀྱི་རྒྱུད་ལ་འདིར་བསྟན་གྱི་ལམ་བདེན་གྱི་རྣམ་པ་བཅོ་ལྔ་པོ་གང་རུང་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེའི་རྒྱུད་ལ་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེའི་རྒྱུད་ལ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་མེད་པར་ཐལ་བ་དང་། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་མེད་པར་ཐལ་ལོ། །དེ་ལ་ཁོ་ན་རེ། འདིར་བསྟན་ལམ་བདེན་གྱི་རྣམ་པ་ཡིན་ན་ཐེག་དམན་གྱི་མཁྱེན་པ་ཡིན་དགོས་པར་ཐལ། འདིར་བསྟན་ལམ་གཉིས་པའི་མཁྱེན་པ་ཡིན་ན་རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཡིན་དགོས་པའི་ཕྱིར་ཏེ། མདོར་བསྟན་དུ། ཐམས་ཅད་ཤེས་པ་ཉིད་ཀྱི་རང་སངས་རྒྱས་རྣམས་ཀྱང་བསྡུས་པ་དེའི་ཕྱིར་དེ་དག་གི་ཤེས་བྱའི་སྒྲིབ་པའི་གཉེན་པོ་ཉིད་དུ་སྒོམ་པའི་ལམ་ཟག་པ་དང་བཅས་པ་དང་ཞེས་དང་། རྒྱས་བཤད་དུ་སྤྱིར་ཤེས་བྱའི་སྒྲིབ་པའི་གཉེན་པོར་གྱུར་པ་དག་ཅེས་གསུངས་པའི་ཕྱིར་ཟེར་རོ། །འོ་ན་དྲན་པ་ཉེར་གཞག་ནས་གཟུང་སྟེ། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་བྱང་ཕྱོགས་སོ་བདུན་པོ་གང་རུང་ཡིན་ན། ཉན་ཐོས་ཀྱི་མཁྱེན་པ་ཡིན་དགོས་པར་ཐལ། རྩ་བར། སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་དེ། །ཞེས་དང་། འགྲེལ་པར། སློབ་མ་རྣམས་ལ་ཀུན་ཤེས་པ་ཉིད་ཀྱི་ཤེས་སོགས་གསུངས་པའི་ཕྱིར། ཁོ་ན་རེ། མ་ཁྱབ་སྟེ། གཞུང་དེ་སངས་རྒྱས་ཀྱི་བྱང་ཕྱོགས་སོ་བདུན་གྱི་མཐུན་ཡུལ་དུ་གྱུར་པའི་བྱང་ཕྱོགས་སོ་བདུན་ཉིད་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པར་བསྟན་པ་ཙམ་ཡིན་པའི་ཕྱིར་ཞེ་ན། བདེན་མོད། འོ་ན་སྔ་མ་ལའང་མ་ཁྱབ་པར་ཐལ། གཞུང་དེས་བྱང་སེམས་ཀྱི་རྒྱུད་ཀྱི་ལམ་གཉིས་པའི་རྣམ་པ་ཐེག་པ་འབྲིང་པོའི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཡིན་པ་དེ་རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཡིན་པར་བསྟན་པ་ཙམ་ཡིན་པའི་ཕྱིར། དར་ཊཱིཀ་པ་ན་རེ། འདིར་བསྟན་གྱི་ལམ་དང་པོ་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས། བར་པ་ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ། ཐ་མ་དེའི་ཟག་མེད་སྒོམ་ལམ་ལ་འཇོག་ཟེར། ཁ་ཅིག ལམ་དང་པོ་ཉན་ཐོས་སློབ་པའི་རྒྱུད་ཀྱི་མཉམ་གཞག་ཡེ་ཤེས། བར་པ་རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས། ཐ་མ་དེའི་སྒོམ་ལམ་མཉམ་གཞག་ཡེ་ཤེས་ཡིན་ཟེར། ཁ་ཅིག ལམ་ཕྱི་མ་དེ་རང་རྒྱལ་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ལ་འཇོག་སྟེ། ཉི་ཁྲི་སྣང་བ་ལས། སྒོམ་ལམ་པའི་ཟག་པ་དང་བཅས་པ་དང་། མཐོང་བའི་ལམ་ཟག་པ་མེད་པ་གཉིས་ཡིན་པས་ལམ་རྣམ་པ་གསུམ་ཡིན་ནོ་ཞེས་གསུངས་པའི་ཕྱིར་ཞེས་ཟེར་རོ། །དང་པོ་ལ་འདིར་བསྟན་གྱི་ལམ་ཕྱི་མ་གཉིས་གང་རུང་ཡིན། རང་རྒྱལ་གྱི་སློབ་ལམ་ཡང་ཡིན་པའི་གཞི་མཐུན་མེད་པར་ཐལ། དེ་གཉིས་གང་རུང་ཡིན་ན་ཐེག་ཆེན་གྱི་སྒོམ་ལམ་ཡིན་དགོས་པའི་ཕྱིར། འདོད་ན། གཞི་ཤེས་ཀྱི་རྣམ་པའི་སྐབས་སུ་ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་བཅས་ཟག་མེད་འཆད་རིགས་པའི་སྒྲུབ་བྱེད་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་རང་སངས་རྒྱས་རྣམས་ཀྱང་བསྡུས་ཞེས་བཤད་པ་འབྲེལ་མེད་པར་ཐལ། འདོད་པ་དེའི་ཕྱིར། ཁོ་ན་རེ། སྐྱོན་མེད་དེ། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་རང་རྒྱལ་གྱི་ལམ་གྱི་རྟོགས་རིགས་དེ་ལ་འདིར་བསྟན་གྱི་ལམ་ཕྱི་མ་གཉིས་སུ་འཇོག་པའི་ཕྱིར་ཞེ་ན། བྱང་སེམས་ཚོགས་ལམ་པའི་རྒྱུད་ལ་འདིར་བསྟན་གྱི་ལམ་ཕྱི་མ་གཉིས་ཡོད་པར་ཐལ། དེའི་རྒྱུད་ལ་དེ་གཉིས་ཀྱི་རྟོགས་རིགས་ཡོད་པའི་ཕྱིར། འདོད་ན། ཁས་བླངས་འགལ་ལོ། །གྲུབ་མཐའ་གཉིས་པ་ལ། རང་རྒྱལ་གྱི་རིགས་ཅན་སློབ་པའི་རྒྱུད་ལ་ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ལམ་ཟག་མེད་མེད་པར་ཐལ། འདིར་བསྟན་ལམ་དང་པོ་དེ་ཡིན་ན་ཉན་ཐོས་ཀྱི་མཁྱེན་པ་ཡིན་དགོས་པའི་ཕྱིར། གཞན་ཡང་རང་རྒྱལ་གྱི་མཐོང་ལམ་དང་། ཤེས་སྒྲིབ་གཟུང་རྟོག་གི་གཉེན་པོར་གྱུར་པའི་ལམ་ཟག་མེད་ཀྱི་གཞི་མཐུན་མེད་པར་ཐལ། འདིར་བསྟན་གྱི་ལམ་གསུམ་པ་ཡིན་ན་རང་རྒྱལ་གྱི་སྒོམ་ལམ་མཉམ་གཞག་དེ་ཡིན་དགོས་པའི་ཕྱིར། གསུམ་པ་ལ། རང་རྒྱལ་གྱི་སྒོམ་ལམ་མཉམ་གཞག་དང་། ཀུན་ནས་ཉོན་མོངས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོགས་པའི་གཞི་མཐུན་མེད་པར་ཐལ། འདིར་བསྟན་གྱི་ལམ་ཕྱི་མ་དེ་ཡིན་ན་རང་རྒྱལ་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཡིན་དགོས་པའི་ཕྱིར། གཉིས་པ་ནི། སྐབས་འདིར་བསྟན་གྱི་བསྟན་བྱའི་གཙོ་བོར་གྱུར་པའི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་བྱང་སེམས་ཀྱི་མཁྱེན་པ་ཡིན་ཏེ། རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར། འོན་ཀྱང་དེ་བྱང་སེམས་རང་གི་རྟོགས་རིགས་མིན་པས་གང་གི་རྟོགས་རིགས་ཡིན་པའི་ཡུལ་ངོས་གཟུང་བའི་ཚེ། བདེན་པ་དང་པོ་གསུམ་གྱི་རྣམ་པར་བཅུ་གཉིས། ལམ་བདེན་གྱི་རྣམ་པ་ལ་ལམ་དང་པོའི་རྣམ་པ་བཞི་སྟེ། བཅུ་དྲུག་ནི་ཉན་ཐོས་ཀྱི་རྟོགས་རིགས་ཡིན་ལ། གཉིས་པ་དང་གསུམ་པའི་རྣམ་པ་བཅུ་གཅིག་ནི་རང་རྒྱལ་གྱི་རྟོགས་རིགས་ཡིན་ནོ། །དེས་ན་ཐེག་དམན་གྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དང་། བྱང་སེམས་ཀྱི་རྒྱུད་ཀྱི་རྣམ་པ་ཉེར་བདུན་གཉིས་ཀ་སྐབས་འདིར་བསྟན་པར་འདྲ་ཡང་། སྔ་མ་བསྟན་བྱའི་གཙོ་བོ་མིན་ཞིང་། ཕྱི་མ་དེ་ཡིན་ནོ། །གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ལ། འདིར་བསྟན་ཟག་བཅས་ཟག་མེད་ལ། །ཁ་ཅིག སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་མ་བཅས་ལ་བཞེད། གཞན་དག་ཉོན་སྒྲིབ་ཀྱི་ཟག་པ་དང་བཅས་མ་བཅས་ལ་བཞེད་དོ། །དང་པོ་ལ། གཟུང་བ་ཕྱི་རོལ་གྱི་དོན་བདེན་མེད་དུ་རྟོགས་པའི་རང་རྒྱལ་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་དེ་ཆོས་ཅན། སྒྲ་དོན་འདྲེས་འཛིན་གྱི་རྟོགས་པ་དང་བཅས་པ་ཡིན་པར་ཐལ། འདིར་བསྟན་ལམ་ཟག་བཅས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་ཏེ། འཕགས་རྒྱུད་ཀྱི་བདག་མེད་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། གཉིས་པ་ལ། ཉོན་སྒྲིབ་དང་བཅས་མ་བཅས་ཀྱི་དོན་དེ་དེ་སྤངས་མ་སྤངས་ལ་བྱེད་དམ། རང་གི་ངོ་བོ་ལ་ཉོན་སྒྲིབ་ཡོད་མེད་ལ་བྱེད། དང་པོ་ལྟར་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། འདིར་བསྟན་གྱི་ལམ་ཟག་མེད་མིན་པར་ཐལ། ཉོན་སྒྲིབ་མ་སྤངས་པའི་ཕྱིར། ཕྱི་མ་ལྟར་ན། རང་རྒྱལ་གྱི་སྒོམ་ལམ་སྔ་མའི་དེ་ཆོས་ཅན། རང་གི་ངོ་བོ་ལ་ཉོན་སྒྲིབ་ཡོད་པར་ཐལ། འདིར་བསྟན་ལམ་ཟག་བཅས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། གཉིས་པ་ནི། འཕགས་རྒྱུད་ཀྱི་མཉམ་གཞག་ལ་ཟག་མེད་དང་། དེའི་རྗེས་ཐོབ་ལ་ཟག་བཅས་སུ་འཇོག་དགོས་ཏེ། སློབ་དཔོན་གྱིས་སྐབས་གཉིས་པ་དང་། འདི་དང་འོག་གཞི་ཤེས་ཀྱི་རྣམ་པའི་དོན་བསྡུ་གསུམ་ཆར་གྱི་ཟག་བཅས་ཟག་མེད་ཀྱི་ཁྱད་པར་དོན་གཅིག་ཏུ་བཞེད་པའི་ཕྱིར། ལམ་ཤེས་དང་རྣམ་མཁྱེན་གྱི་རྣམ་པ་ལ་ནི་རྒྱུ་མཚན་དམིགས་གསལ་དུ་བཀོད་པ་འདི་དང་དོན་མི་གཅིག་སྟེ། གནད་གོ་དགོས་སོ། །དེས་ན་འདིའི་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ཡང་ཐེག་དམན་གྱི་རྒྱུད་ལ་ཡིན་གྱི། བྱང་སེམས་ཀྱི་རྒྱུད་ལ་ནི་དེའི་རྟོགས་རིགས་ཙམ་ལ་འཇོག་གོ །གསུམ་པ་ལ་དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག གང་ཟག་གི་བདག་འཛིན་གྱི་རྩ་བ་ཅན་གྱི་སྒྲིབ་པ་གང་ཞིག གཙོ་བོར་ཐར་པ་ཐོབ་པ་ལ་བར་དུ་གཅོད་བྱེད་དང་། ཆོས་ཀྱི་བདག་འཛིན་གྱི་རྩ་བ་ཅན་གྱི་སྒྲིབ་པ་གང་ཞིག གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་ཅེ་ན། ཁ་ཅིག ཉོན་སྒྲིབ་ཆོས་ཅན། ཤེས་སྒྲིབ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་མ་གྲུབ་ན། དེ་དེར་ཐལ། དེ་ཆོས་ཀྱི་བདག་འཛིན་གྱི་རྒྱུད་ལས་བྱུང་བའི་སྒྲིབ་པ་ཡིན་པའི་ཕྱིར་ཏེ། འཁོར་གསུམ་དུ་རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བའི་སྒྲིབ་པ་ཡིན་པའི་ཕྱིར། མ་གྲུབ་ན་དེ་དེར་ཐལ། རྩ་ཤེས་ལས། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་བཤད་པའི་ཕྱིར། རྟགས་ཟུར་ཕྱི་མ་དེར་ཐལ། དེ་ཐོབ་པ་ལ་ཁྱོད་གཙོ་བོར་སྤང་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཐོབ་པ་ལ་སྒྲིབ་པ་གཉིས་ཀ་གཙོ་བོར་སྤང་དགོས་པའི་ཕྱིར། གལ་ཏེ་དེ་ཆོས་ཅན། ཁྱོད་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གཙོ་བོར་བར་དུ་གཅོད་བྱེད་མིན་པར་ཐལ། ཁྱོད་ཟད་པར་སྤངས་པའི་གང་ཟག་གིས་ཐམས་ཅད་མཁྱེན་པ་མ་ཐོབ་པ་ཡོད་པའི་ཕྱིར་ཟེར་ན། མཐོང་སྤང་ཤེས་སྒྲིབ་ཀྱིས་མ་ངེས། ཡང་གང་ཟག་གི་དབང་དུ་བྱས་པའི་མཐོང་སྤང་རྫས་འཛིན་རྟོག་པ་ཆོས་ཅན། ཉོན་སྒྲིབ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དང་པོ་དེར་ཐལ། གང་ཟག་རྫས་ཡོད་ལ་དམིགས་ནས་བདེན་པར་ཞེན་པའི་བློ་དེ་ཕུང་པོ་ལ་དམིགས་ནས་གང་ཟག་ཏུ་འཛིན་པའི་བློ་ལས་བྱུང་བའི་ཕྱིར། ཕྱི་ཟུར་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཐེག་ཆེན་གྱི་ཐར་པ་ཐོབ་པ་ལ་གཙོ་བོར་བར་དུ་གཅོད་བྱེད་ཡིན་པའི་ཕྱིར་ཏེ། མཐོང་སྤང་རྟོག་པ་མངོན་གྱུར་པ་ཡིན་པའི་ཕྱིར་ཞེས་སྐྱོན་བརྗོད་པ་ཡང་ཡོད་མོད་ཀྱི། གོང་དུ་དྲངས་པའི་ལང་གཤེགས་ཀྱི་ལུང་དང་འགལ་བས་མི་འཐད་སྙམ་མོ། །ཡང་ཁ་ཅིག གང་ཟག་གི་བདག་འཛིན་ཆོས་ཅན། གང་ཟག་གི་བདག་ཏུ་འཛིན་པའི་རྩ་བ་ཅན་ཡིན་པར་ཐལ། ཉོན་སྒྲིབ་ཡིན་པའི་ཕྱིར། ཆོས་ཀྱི་བདག་འཛིན་ཆོས་ཅན། ཆོས་ཀྱི་བདག་ཏུ་འཛིན་པའི་རྩ་བ་ཅན་ཡིན་པར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། ཁྱོད་ཁྱོད་དུ་འཛིན་པའི་རྩ་བ་ཅན་མིན་པར་ཐལ། ཁྱོད་ཁྱོད་དང་ཐ་དད་མིན་པའི་ཕྱིར་ཟེར་རོ། །མ་རིག་པ་ཆོས་ཅན། འཁོར་བའི་ཆོས་མིན་པར་ཐལ། མ་རིག་པའི་རྩ་བ་ཅན་མིན་པའི་ཕྱིར། རྟགས་ཁས་བླངས་ཏེ། ཁྱོད་ཁྱོད་གྱི་རྩ་བ་ཅན་མིན་པའི་ཕྱིར་ཏེ། ཁྱོད་ཁྱོད་དང་ཐ་དད་མ་ཡིན་པའི་ཕྱིར། འཁོར་གསུམ། སྔར་གྱི་མཚན་ཉིད་ལ་རང་གིས་སྐྱོན་བརྗོད་ན། བྱང་འཕགས་ཀྱི་རྒྱུད་ཀྱི་ཉོན་མོངས་པའི་བག་ཆགས་ཆོས་ཅན། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་བྱེད་དུ་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། འདོད་ན། བྱང་འཕགས་ཀྱིས་ཆེད་དུ་གཉེར་ནས་སྤང་བར་བྱ་བ་ཡིན་པར་ཐལ། འདོད་པ་གང་ཞིག དེའི་རྒྱུད་ཀྱི་ཤེས་སྒྲིབ་ཡིན་པའི་ཕྱིར། ཁ་ཅིག སྒྲིབ་གཉིས་ཀྱི་ནང་ཚན་གང་ཞིག ཉན་ཐོས་ཀྱི་སྤང་བར་བྱ་བ་དང་། དེ་གང་ཞིག་ཐེག་ཆེན་གྱིས་སྤང་བར་བྱ་བའི་རིགས་སུ་གནས་པ་ཟེར་ན། གཟུང་བ་ཆོས་ཀྱི་བདག་འཛིན་ཆོས་ཅན། ཤེས་སྒྲིབ་ཀྱི་མཚན་ཉིད་ཕྱི་ཟུར་དེར་ཐལ། ཤེས་སྒྲིབ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་རྒྱལ་གྱིས་སྤང་བར་བྱ་བའི་རིགས་སུ་གནས་པའི་ཕྱིར། མ་ཁྱབ་ན། གང་ཟག་གི་བདག་འཛིན་དེའང་ཐེག་ཆེན་གྱི་སྤང་བྱའི་རིགས་གནས་སུ་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། དེ་ཤེས་སྒྲིབ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། རྟགས་ཁྱབ་ཁས། ཁ་ཅིག སྒྲིབ་པ་ལ་གཉིས་སུ་གྲངས་ངེས་སོ་ཞེ་ན། མི་འཐད་དེ། སྙོམས་འཇུག་གི་སྒྲིབ་པ་དེ་དེ་གཉིས་གང་རུང་མིན་པའི་ཕྱིར། དང་པོ་ཉོན་སྒྲིབ་མ་ཡིན་ཏེ། ཤེས་རབ་རྐྱང་པའི་ཆ་ལས་རྣམ་གྲོལ་གྱི་དགྲ་བཅོམ་པས་དེ་ཟད་པར་མ་སྤངས་པའི་ཕྱིར། ཤེས་སྒྲིབ་ཡིན་ནོ་ཞེ་ན། དེ་ཆོས་ཅན། ཁྱོད་ཀྱང་ཡིན། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པ་དེས་སྤངས་པ་ཡང་ཡིན་པའི་གཞི་མཐུན་མེད་པར་ཐལ། ཁས་བླངས་པ་དེའི་ཕྱིར། དེ་ལ་ཁོ་ན་རེ། སྒྲིབ་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་དེ་ལ་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་གཉིས་སུ་གྲངས་ངེས་མེད་པར་ཐལ་བ་དང་། ཐོབ་བྱ་ཐར་པ་དེ་ལ་ཐེག་ཆེན་གྱི་ཐར་པ་དང་། ཐེག་དམན་གྱི་ཐར་པ་གཉིས་སུ་མ་ངེས་པར་ཐལ་བ་དང་། སྒྲིབ་པའི་རྩ་བ་བདག་འཛིན་དེ་ལ་ཆོས་དང་གང་ཟག་གི་བདག་འཛིན་གཉིས་སུ་མེད་པར་ཐལ། སྒྲིབ་པ་ལ་གཉིས་སུ་མ་ངེས་པའི་ཕྱིར་ཞེ་ན། དང་པོ་ལ། སྒྲིབ་པའི་གཉེན་པོ་མཐོང་ལམ་དེ་ལ་ཐེག་ཆེན་གྱི་མཐོང་ལམ་དང་། ཐེག་དམན་གྱི་མཐོང་ལམ་གཉིས་སུ་མ་ངེས་པར་ཐལ། སྒྲིབ་པ་ལ་ཐེག་ཆེན་གྱི་མཐོང་སྤང་དང་། ཐེག་དམན་གྱི་མཐོང་སྤང་གཉིས་སུ་མ་ངེས་པའི་ཕྱིར། གཉིས་པ་ལ། ཐེག་དམན་གྱི་ཐོབ་བྱ་མི་སློབ་ལམ་དེ་ལ་གང་ཟག་གི་བདག་འཛིན་སྤངས་པའི་དང་། གཟུང་བ་ཆོས་ཀྱི་བདག་འཛིན་སྤངས་པའི་མི་སློབ་ལམ་གཉིས་སུ་མ་ངེས་པར་ཐལ། བདག་འཛིན་དེ་ལ་གང་ཟག་གི་བདག་འཛིན་དང་གཟུང་བ་ཆོས་ཀྱི་བདག་འཛིན་གཉིས་སུ་མ་ངེས་པའི་ཕྱིར། གསུམ་པ་ལ། མི་དགེ་བའི་རྩ་བའི་འདོད་ཆགས་དེ་ལ་སེམས་ཅན་ལ་ཆགས་པའི་འདོད་ཆགས་དང་། ཕྱི་རོལ་ཡོ་བྱད་ལ་ཆགས་པའི་འདོད་ཆགས་གཉིས་སུ་མ་ངེས་པར་ཐལ། མི་དགེ་བ་ལ་དེ་གཉིས་ཀྱིས་ཀུན་ནས་བསླངས་པའི་མི་དགེ་བ་གཉིས་སུ་མ་ངེས་པའི་ཕྱིར། དེ་གསུམ་གྱི་ཁྱབ་པ་འགྲོ་བའི་རྒྱུ་མཚན་ཡང་སྤྱིར་སྒྲིབ་པའི་གཉེན་པོ་དང་། ཐོབ་བྱ་དང་། སྒྲིབ་པའི་རྩ་བ་ལ་གཉིས་སུ་མ་ངེས་པར་ཐལ་བ་ལ་འདོད་ལན་འདེབས་པའོ། །གཉིས་པ་ནི། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། སྒྲིབ་གཉིས་ཀྱི་ནང་ཚན་གང་ཞིག ཉན་ཐོས་ཀྱི་སྤང་བྱའི་རིགས་སུ་གནས་པ་དང་། དེ་གང་ཞིག ཐེག་པ་གཉིས་པོ་གང་རུང་གི་སྤང་བྱའི་རིགས་སུ་གནས་པའོ། །རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་པའི་སྐབས་སུ། ཁ་ཅིག ལམ་གྱི་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་དེ་ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་ཡིན་ཞེས་ཟེར་རོ། །གཞིའི་གནས་ལུགས་རྟོགས་པའི་ཡེ་ཤེས་ཀྱི་བྱེ་བྲག་དེ་གཞི་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་དུ་ཐལ། ཁས་བླངས་པ་དེའི་ཕྱིར། འདོད་ན། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་པའི་གཞུང་གིས་གཞི་ཤེས་ཀྱི་ཤེས་རྣམ་ཁོ་ནའི་མཚན་ཉིད་བསྟན་པར་ཐལ་ལོ། །ཁ་ཅིག སྐབས་འདིར་བསྟན་གྱི་ལམ་ཤེས་ཀྱི་ཤེས་རྣམ་གྱི་མཚན་ཉིད་ཡིན་ཟེར། རྣམ་མཁྱེན་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉོན་མོངས་པ་ཤིན་ཏུ་མ་སྤངས་པའི་ཕྱིར། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཤེས་རྣམ་ཡིན་པར་ཐལ་ལོ། །འདོད་ན། བྱང་སེམས་ཀྱི་མཁྱེན་པར་ཐལ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རྣམ་པ་མིན་པར་ཐལ། འདོད་པ་དེའི་ཕྱིར། ཁ་ཅིག འདིར་ཐར་པ་དོན་གཉེར་གྱི་ཤེས་བྱའི་གཙོ་བོ་ལ་བདེན་པ་བཞིར་གྲངས་ངེས་པ་ཡིན་ཟེར། དེ་མ་ངེས་པར་ཐལ། གཟུགས་སྐུ་གཉིས་པོ་དེ་དེའི་ཤེས་བྱའི་གཙོ་བོ་གང་ཞིག དེ་བདེན་བཞི་གང་རུང་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེའི་དམིགས་ཡུལ་གྱི་གཙོ་བོ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། ལམ་བདེན་དུ་ཐལ་ལོ། །ཁ་ཅིག ཐར་པ་དོན་གཉེར་གྱི་བླང་དོར་བྱ་བའི་ཡུལ་གྱི་གཙོ་བོ་ལ་བདེན་པ་བཞིར་གྲངས་ངེས་པ་ཡིན་ཏེ། དེའི་དོར་བྱ་ཡིན་ན་སྡུག་ཀུན་གང་རུང་ཡིན་པས་ཁྱབ། དེའི་བླང་བྱ་ཡིན་ན་འགོག་ལམ་གང་རུང་ཡིན་པས་ཁྱབ་པའི་ཕྱིར་ཞེ་ན། རྟགས་དང་པོ་ལ། རྒྱུན་མཐའི་གནས་ངན་ལེན་གྱི་དྲི་མས་མ་ངེས་སོ། །ཕྱི་མ་ལ་སངས་རྒྱས་ཀྱི་མཚན་དཔེས་མ་ངེས་སོ། །དྲན་པ་ཉེར་གཞག་ནས་གཟུང་སྟེ། །ཞེས་པའི་སྐབས་སུ། རྣམ་མཁྱེན་གྱི་རྣམ་པ་ཆོས་ཅན། ཁྱོད་ལ་བརྒྱ་དང་བཅུར་ཡོད་དེ། ཁྱོད་ལ་གཞི་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བདུན། ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བཞི། ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་དགུ་རྣམས་སུ་ཡོད་པའི་ཕྱིར། དེ་ལ་ཁ་ཅིག རྣམ་མཁྱེན་གྱི་རྣམ་པ་ཡིན་ན་རྣམ་མཁྱེན་ཡིན་དགོས་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། བྱང་ཕྱོགས་སོ་བདུན་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན་དེར་ཐལ། དྲན་པ་ཉེར་གཞག་ནས་གཟུང་སྟེ། །སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། །ཞེས་པའི་གཞུང་དོན་གྲུབ་པའི་ཕྱིར། ཡང་བྱང་སེམས་ཚོགས་ལམ་པས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་པོ་དེ་མི་སྒོམ་པར་ཐལ་བ་དང་། ལམ་ཤེས་ཀྱི་རྣམ་པ་ཡིན་ན་ལམ་ཤེས་ཡིན་དགོས་པར་ཐལ་བ་དང་གཞི་ཤེས་ལ་རིགས་འགྲེ་བར་ཐལ། རྣམ་མཁྱེན་གྱི་རྣམ་པ་ཡིན་ན་དེའི་ཕྱིར་ཟེར་ན། དང་པོ་ལ། སློབ་མ་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་རྣམས་ལ་རིམ་བཞིན་དེ། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། ཉན་ཐོས་ཀྱི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་པོ་དེ་རྣམ་མཁྱེན་གྱི་རྣམ་པ་མིན་པའི་ཕྱིར། ཁྱབ་པ་ཁས། བྱང་སེམས་ཚོགས་ལམ་པས་སྟོབས་བཅུ་མི་སྒོམ་པར་ཐལ། དེ་ཡིན་ན་རྣམ་མཁྱེན་ཡིན་དགོས་པའི་ཕྱིར། ཕྱི་མ་གཉིས་ལ་བྱང་ཆུབ་སེམས་དཔའ་གཞན་དོན་སྒྲུབ་པའི་ཐབས་སུ་གྱུར་པའི་མཁྱེན་པ་ཡིན་ན་ལམ་ཤེས་ཡིན་དགོས་པར་ཐལ་བ་དང་། ཉན་ཐོས་ཉེར་ཞི་གཉིས་སུ་འཁྲིད་པར་བྱེད་པའི་མཁྱེན་པ་ཡིན་ན་གཞི་ཤེས་ཡིན་དགོས་པར་ཐལ། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་བདག་རྐྱེན་དུ་གྱུར་པའི་མཁྱེན་པ་ཡིན་ན་རྣམ་མཁྱེན་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་རང་གི་ཚོགས་སྦྱོར་གྱིས་མ་ངེས་སོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ལ། །ཞེས་པའི་སྐབས་སུ། དྲན་པ་ཉེར་གཞག་གི་མཚན་ཉིད་ལ་དཔྱད་པ་ལ། ཁ་ཅིག དམིགས་པ་ལུས་སོགས་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་སྒོམ་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་ཞེས་དང་། ཡང་དམིགས་པ་ལུས་སོགས་ལ་དམིགས་ནས་རྣམ་པ་རང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཡོངས་སུ་བརྟགས་ཏེ་དཔྱོད་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པའོ་ཞེ་ན། དང་པོ་ལ། ཤཱཀྱ་ཐུབ་པའི་རྒྱུད་ཀྱི་ལུས་དྲན་པ་ཉེར་གཞག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ལྟར་ཉམས་སུ་ལེན་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་ཡིན་པར་ཐལ་ལོ། །གཉིས་པ་ལ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་ལུས་དྲན་པ་ཉེར་གཞག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ལ་དམིགས་ནས་བདག་མེད་པར་བརྟགས་ཏེ་དཔྱོད་པར་བྱེད་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མིན་པར་ཐལ། དེ་ལ་དམིགས་ནས་བདག་མེད་པའི་རྣལ་འབྱོར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། དེ་ལ་ཁ་ཅིག དེ་ལྟ་བུའི་དྲན་པ་ཤེས་རབ་མཚུངས་ལྡན་རྒྱུད་ལྡན་གྱི་གང་ཟག་ཆོས་ཅན། དྲན་པ་ཉེར་གཞག་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་ལྟ་བུའི་དྲན་པ་ཤེས་རབ་མཚུངས་ལྡན་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེ་ཁྱོད་དང་བཅས་པ་ཡིན་པར་ཐལ། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར་ཞེས་ཟེར། དེ་ནི་ཤིན་ཏུ་མི་འཐད་དེ། སེམས་ཆོས་ཅན། ཁྱོད་རྒྱུད་ལྡན་གྱི་གང་ཟག་དེ་ཁྱོད་ཅན་ཡིན་པར་ཐལ། ཁྱོད་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སེམས་རྒྱུད་ལྡན་གྱི་གང་ཟག་ཆོས་ཅན། སེམས་ཅན་མིན་པར་ཐལ། ཁྱོད་དང་སངས་རྒྱས་འཕགས་པའི་གཞི་མཐུན་ཡོད་པའི་ཕྱིར། རང་ལུགས་ནི་མཚན་ཉིད་ཕྱི་མ་ལ་དེའི་རིགས་སུ་གནས་པའི་དྲན་པ་ཤེས་རབ་མཚུངས་ལྡན་དང་བཅས་པ་སྦྱོར། དེ་ཡི་འོག་ཏུ་ཞུགས་པ་ལ། །ཞེས་པའི་སྐབས་སུ། ཡང་དག་སྤོང་བའི་མཚན་ཉིད། དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་བརྩོན་འགྲུས་མཚུངས་ལྡན་བཅས་པ་གང་ཞིག ཚོགས་ལམ་འབྲིང་པོ་ཡན་ཆད་ཀྱི་མངོན་པར་རྟོགས་པས་བསྡུས་པ་ཞེས་དང་། ཡང་དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་བརྩོན་འགྲུས་གང་ཞིག་ཤེས་རབ་མཚུངས་ལྡན་དང་བཅས་པ་ཟེར་ན། དང་པོ་ལ་ཁ་ཅིག ཤཱཀྱ་ཐུབ་པའི་ཡང་དག་སྤོང་བ་ཆོས་ཅན། མཚན་ཉིད་ཀྱི་སྔ་ཟུར་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མི་དགེ་བ་འདོར་བར་བྱེད་པ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མིན་པར་ཐལ། དེ་ཟད་པར་སྤངས་ཟིན་པའི་ཕྱིར་ཞེ་ན། ཤཱཀྱ་ཐུབ་པའི་རྒྱུད་ཀྱི་མི་དགེ་བ་སྐྱེས་པ་ཡང་དག་པར་སྤོང་བའི་ཡང་དག་སྤོང་བ་ཆོས་ཅན། མི་དགེ་བ་སྐྱེས་པ་སྤོང་བར་བྱེད་པར་ཐལ། མི་དགེ་བ་སྐྱེས་པ་སྤོང་བའི་ཡང་དག་སྤོང་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མིན་པར་ཐལ། མི་དགེ་བ་སྤངས་ཟིན་པའི་ཕྱིར། ཁྱབ་པ་ཁས། མཚན་ཉིད་དེའང་མི་འཐད་དེ། ཚོགས་ལམ་འབྲིང་པོའི་རྒྱུད་ཀྱི་མི་དགེ་བ་སྐྱེས་པ་སྤོང་བའི་ཡང་དག་སྤོང་བ་ཆོས་ཅན། མཚན་ཉིད་ཀྱི་སྔ་ཟུར་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མི་དགེ་བ་སྐྱེས་པ་འདོར་བར་བྱེད་པ་ཡིན་ན་དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མི་དགེ་བ་སྐྱེས་པ་སྤོང་བའི་ཡང་དག་སྤོང་བ་ཡིན་ན་དེ་དང་དགེ་བ་མ་སྐྱེས་པ་སྐྱེད་པའི་ཡང་དག་སྤོང་བ་གཉིས་ཀ་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཚོགས་ལམ་འབྲིང་པོ་པའི་རྒྱུད་ཀྱི་ཡང་དག་སྤོང་བ་བཞི་མི་འགལ་བར་ཐལ། འདོད་པ་དེའི་ཕྱིར། མཚན་ཉིད་ཕྱི་མ་ལ། ཚོགས་ལམ་འབྲིང་པོ་པའི་རྒྱུད་ཀྱི་དགེ་སྡིག་ལ་བླང་དོར་ཚུལ་བཞིན་དུ་བྱེད་པའི་བརྩོན་འགྲུས་དང་མཚུངས་པར་ལྡན་པའི་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། རང་གི་གྲོགས་ཡང་དག་སྤོང་བའི་ངོ་བོར་གྱུར་པའི་བརྩོན་འགྲུས་དང་མཚུངས་པར་ལྡན་པའི་ཤེས་རབ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། སློབ་པའི་རྒྱུད་ཀྱི་ཤེས་རབ་ཡིན་པའི་ཕྱིར། བརྩོན་འགྲུས་དང་ལྡན་པ་ནི། ཞེས་པའི་སྐབས་སུ། རྫུ་འཕྲུལ་རྐང་པའི་མཚན་ཉིད་ལ། ཁ་ཅིག རྫུ་འཕྲུལ་གྱི་བྱ་བ་ལ་དམིགས་ནས་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་སྒོམ་པའི་སེམས་རྩེ་གཅིག་པ་མཚུངས་ལྡན་དང་བཅས་པ་ཞེས་དང་། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ལས་བྱུང་བའི་སེམས་གནས་པ་ལས་རུང་དུ་བྱེད་པའི་ཏིང་ངེ་འཛིན་གང་ཞིག ཤེས་རབ་དང་མཚུངས་པར་ལྡན་པ་ཞེས་དང་། ཡང་དེ་ལྟར་གྱུར་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག ཚོགས་ལམ་ཆེན་པོ་ཡན་ཆད་ཀྱི་མངོན་པར་རྟོགས་པའོ། །ཞེས་ཟེར་ན། དང་པོ་ལ། ཤཱཀྱ་ཐུབ་པའི་རྒྱུད་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། གཉིས་པ་ལ་ཚོགས་ལམ་ཆེན་པོའི་རྒྱུད་ཀྱི་རྫུ་འཕྲུལ་རྐང་པའི་ངོ་བོར་གྱུར་པའི་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པའི་ཤེས་རབ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། སློབ་པའི་རྒྱུད་ཀྱི་ཤེས་རབ་ཡིན་པའི་ཕྱིར། གསུམ་པ་ལ། ཉན་ཐོས་ཚོགས་ལམ་པའི་རྒྱུད་ཀྱི་རྫུ་འཕྲུལ་རྐང་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟན་པ་དེ་ཁྱོད་ཀྱི་རྒྱུར་ཐལ། འདོད་པ་དེའི་ཕྱིར། སྤྲུལ་པའི་ལམ་ལ་གཟུགས་ཀྱི་འདུ་ཤེས། །ཞེས་པའི་སྐབས་སུ། དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག སྤྲུལ་པའི་སྒྲིབ་པའི་གཉེན་པོ་བྱེད་པའི་ཤེས་རྣམ་དེ་སྤྲུལ་པའི་ལམ་གྱི་མཚན་ཉིད་ཡིན་ཟེར་ན། ཤཱཀྱ་ཐུབ་པའི་རྒྱུད་ཀྱི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། གཞན་ཡང་མཐར་གནས་ཀྱི་སྙོམས་འཇུག་དགུ་པོ་གང་རུང་ཡིན་ན་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོ་བྱེད་པའི་ཁྱབ་པར་ཐལ། མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། འདོད་ན། བསམ་གཏན་དང་པོའི་དངོས་གཞི་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་སྙོམས་འཇུག་གི་སྒྲིབ་པའི་གཉེན་པོའང་མི་བྱེད། དེ་ཡན་ཆད་ཀྱི་དེའི་གཉེན་པོའང་མི་བྱེད་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། བསམ་གཏན་དང་པོའི་དངོས་གཞི་ཐོབ་ཟིན་པའི་ཤེས་པ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། བསམ་གཏན་དང་པོའི་དངོས་གཞི་དེ་བསམ་གཏན་གྱི་ཉེར་བསྡོགས་ཡིན་པར་ཐལ་ལོ། །ཁ་ཅིག བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་ལྟ་བ་པོ་བདག་ཉིད་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་མ་བཤིག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་སྡུག་མི་སྡུག་སྣ་ཚོགས་སུ་མོས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ། གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་མཚན་ཉིད། ཡང་དེ་ལ་བརྟེན་ནས་ལྟ་བ་པོ་བདག་ཉིད་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པའི་སྒོ་ནས་ཕྱི་རོལ་གྱི་གཟུགས་རྣམས་སྡུག་མི་སྡུག་སྣ་ཚོགས་སུ་མོས་པར་བྱེད་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ་གཟུགས་ཅན་མིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་མཚན་ཉིད། བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་ནས་ལྟ་བ་པོ་བདག་ཉིད་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་ནས་ཕྱི་རོལ་གྱི་གཟུགས་རྣམས་སྡུག་པར་རོ་གཅིག་པར་མོས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་དེ་སྡུག་པའི་རྣམ་ཐར་གྱི་མཚན་ཉིད་ཡིན་ཞེས་གསུངས་སོ། །དང་པོ་ལ་ཤཱཀྱ་ཐུབ་པའི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ལྟ་བ་པོ་བདག་ཉིད་ལ་གཟུགས་སུ་འདུ་ཤེས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་འདུ་ཤེས་ཡོད་པར་ཐལ། ཆོས་ཅན་གང་ཞིག འདོད་པ་དེའི་ཕྱིར། འདོད་ན། ལོག་ཤེས་སུ་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་ཤེས། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་ཡི། །སྐྱེ་བོ་དེས་ནི་ང་མི་མཐོང་། །ཞེས་གསུངས་པའི་ཕྱིར། མཚན་ཉིད་གཉིས་པ་ལའང་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ལ་ཕྱི་རོལ་གྱི་གཟུགས་མི་སྡུག་པ་མི་སྣང་བའི་ཕྱིར་ཏེ། ཁྱོད་ལ་ཤེས་བྱ་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་སྣང་བའི་ཕྱིར། མཚན་ཉིད་གསུམ་པ་ལ། ཁ་ཅིག སྡུག་པའི་རྣམ་ཐར་ཆོས་ཅན། ཁྱོད་ལྟ་བ་པོ་བདག་ཉིད་ལ་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པ་མིན་པར་ཐལ། ཁྱོད་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་པ་གང་ཞིག དེ་ལ་བརྟེན་ནས་གཟུགས་ཀྱི་འདུ་ཤེས་རྣམ་པར་བཤིག་པ་མི་སྲིད་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ལ་བརྟེན་ནས་གཟུགས་ཀྱི་སྣང་བ་བཀག་པ་མི་སྲིད་པའི་ཕྱིར་ཏེ། དེ་དེའི་སྣང་བ་དང་བཅས་པའི་སྙོམས་འཇུག་ཡིན་པའི་ཕྱིར་ཞེ་ན། དེ་ལ་མ་ཁྱབ་སྟེ། སྲིད་རྩེའི་སེམས་ལ་བརྟེན་ནས་ཚོར་འདུ་རགས་པ་འགོག་པ་མི་སྲིད་པར་ཐལ། དེ་དེ་དང་བཅས་པའི་སྙོམས་འཇུག་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཟག་བཅས་ཀྱི་ཚོར་འདུ་དང་བཅས་པའི་སྙོམས་འཇུག་ཡིན་པའི་ཕྱིར། རྩ་བར་འདོད་ན། སྲིད་རྩེའི་སེམས་ལ་བརྟེན་ནས་འགོག་པ་ལ་སྙོམས་པར་འཇུག་པ་མི་སྲིད་པར་ཐལ་ལོ། །གཉིས་པ་ལ། ལུས་རྟེན། སེམས་རྟེན། ངོ་བོ་དང་གསུམ་ལས། དང་པོ་ནི། སའི་དངོས་གཞི་ལས། འདོད་པའི་རྟེན་ཅན་དུ་བཤད་ལ། མཛོད་ལས། དེའི་ནང་ནས་མིའི་རྟེན་ཅན་དུ་བཤད་དོ། །གཉིས་པ་ནི། མཛོད་ལས། རྣམ་ཐར་དང་པོ་འདོད་པའི་ཁ་དོག་གི་གཉེན་པོར་བསམ་གཏན་དང་པོའི་དངོས་གཞི་ལ་བརྟེན། གཉིས་པ་བསམ་གཏན་དང་པོའི་ཁ་དོག་གི་གཉེན་པོར་གཉིས་པའི་དངོས་གཞི་ལ་བརྟེན་པར་བཤད་དེ། མཛོད་ལས། རྣམ་པར་ཐར་བརྒྱད་དང་པོ་གཉིས། །མི་སྡུག་བསམ་གཏན་གཉིས་ན་ཡོད། །ཅེས་གསུང་ངོ་། །ཀུན་བཏུས་ལས། གསུམ་ཆར་ཡང་བཞི་པའི་དངོས་གཞི་ལ་བརྟེན་པར་བཤད་དེ། ཚད་མེད་པ་བཞི་དང་མངོན་ཤེས་དང་པོ་ལྔ་མ་རྟོགས་པའི་ཡོན་ཏན་གྱི་སྡེ་ཚན་ཐམས་ཅད་བསམ་གཏན་བཞི་པའི་དངོས་བཞི་ལ་བརྟེན་པར་བཤད་པའི་ཕྱིར། གསུམ་པ་སྤྲུལ་པའི་ལམ་གྱི་མཚན་ཉིད་ལ། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས། གཞན་དོན་དུ་སྤྲུལ་པ་སྣ་ཚོགས་སྤྲུལ་ནུས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །དབྱེ་ན། གཟུགས་ཅན་གཟུགས་ལ་ལྟ་བའི། གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི། སྡུག་པའི་རྣམ་ཐར་དང་གསུམ་གྱི་མཚན་ཉིད་རིམ་བཞིན། བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་སྤྲུལ་པ་སྟོན་པའི་ཡུལ་གྱི་ངོར་སྤྲུལ་པ་པོ་སྣང་ཞིང་སྤྲུལ་པ་སྣ་ཚོགས་སྤྲུལ་ནུས་པའི་ཏིང་ངེ་འཛིན་སོགས་དང་། དེ་ལ་བརྟེན་ནས་དེའི་ངོར་སྤྲུལ་པ་པོ་མི་སྣང་བར་སྤྲུལ་པ་སྣ་ཚོགས་སྤྲུལ་ནུས་པའི་ཏིང་ངེ་འཛིན་སོགས་དང་། དེ་ལ་བརྟེན་ནས་དེའི་ངོར་སྤྲུལ་པ་ཐམས་ཅད་སྡུག་པར་རོ་གཅིག་ཏུ་སྤྲུལ་ནུས་པའི་ཏིང་ངེ་འཛིན་སོགས་སོ། །མཛོད་ལྟར་ན། དང་པོ་གཉིས་ཀྱི་སེམས་རྟེན་བསམ་གཏན་དང་པོ་གཉིས་ལ་སྦྱོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པ་ནི་ཤིན་ཏུ། ཞེས་པའི་སྐབས་སུ། ཁ་ཅིག སྟོབས་བཅུ་ནས་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་སོར་དགུ་པོ་ཆོས་ཅན། ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་ཏེ། ས་བཅུ་པ་མན་ཆད་ལས་སྤངས་རྟོགས་ཤིན་ཏུ་ཕུལ་དུ་བྱུང་བའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར་ཞེ་ན། སངས་རྒྱས་སའི་བྱང་ཕྱོགས་སོ་བདུན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཤིང་། ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་མཁྱེན་པ་ཡིན་པའི་ཕྱིར། དེས་ན་གཞུང་དེའི་དོན་ནི། དམ་བཅའ་སྔ་མ་དེ་ཆོས་ཅན། དེ་ཡིན་ཏེ། ས་བཅུ་པ་མན་ཆད་ལས་སྤངས་རྟོགས་ཀྱི་རིགས་ཤིན་ཏུ་ཕུལ་དུ་བྱུང་བའི་མཐར་ཐུག་གི་མཁྱེན་པ་ཡིན་པའི་ཕྱིར་ཞེས་བཀོད་པ་ལ། ཁ་ཅིག སོ་སོ་ཡང་དག་རིག་པ་དེ་རྟགས་དེ་ཡིན་པར་ཐལ། ཆོས་ཅན་དེའི་ཕྱིར། རྟགས་ཁས། འདོད་ན། ས་དགུ་པའི་གནས་སྐབས་ན་སོ་སོ་ཡང་དག་རིག་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། རྒྱན་ལས། སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །ཞེས་གསུངས་པའི་ཕྱིར་ཞེ་ན། ས་བཅུ་པའི་རྗེས་ཐོབ་ལ་གནས་པའི་བྱང་སེམས་དེ་གཞན་དོན་བྱེད་ཚུལ་སངས་རྒྱས་དང་མཉམ་པར་ཐལ། རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་དེ་བཞིན་གཤེགས་རྣམས་ལ། །སེམས་ཅན་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་དུ་ནི་མཉམ་པ་ཉིད། །ཅེས་གསུངས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེས་རང་དོན་ཆོས་སྐུ་ལས་མ་གཡོས་བཞིན་དུ་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་བྱེད་ནུས་པར་ཐལ་ལོ། །ཁ་ཅིག སངས་རྒྱས་འཕགས་པའི་བྱང་ཕྱོགས་སོ་བདུན་པོ་ཆོས་ཅན། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་མིན་པར་ཐལ། ཁྱོད་དེ་ཡིན་ན་ཁྱོད་ཉན་ཐོས་དང་ཐུན་མོང་བ་ཡིན་དགོས་པར་ལས། ཁྱོད་དེ་དང་ཐུན་མོང་བ་མ་ཡིན་པའི་ཕྱིར་ཏེ། ཁྱོད་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ལ་མངའ་བའི་ཡོན་ཏན་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ཉན་ཐོས་དང་ཐུན་མོང་བ་མིན་པར་ཐལ། ཁྱོད་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་མི་སྲིད་པའི་ཕྱིར་ཏེ། ཁྱོད་རྣམ་མཁྱེན་ཡིན་པའི་ཕྱིར་ཞེ་ན། སྔ་མ་ལ་དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཆོས་ཅན། ཉན་ཐོས་ཀྱི་རྟོགས་རིགས་མིན་པར་ཐལ། ཁྱོད་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ལ་མངའ་བའི་རྟོགས་རིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེའི་རྒྱུད་ལ་ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཡོད་པའི་ཕྱིར་ཏེ། དེ་སྒོམ་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བརྒྱ་རྩ་བརྒྱད་སྤངས་པའི་སྐྱེས་བུ་ཡིན་པའི་ཕྱིར། ཕྱི་མ་ལ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ལམ་ཤེས་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཉན་ཐོས་ལ་བསྟན་པར་བྱ་བའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ལམ་མིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཁྱོད་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་ཤེས་བྱ་ཉན་ཐོས་ཀྱི་ལམ་མིན་པར་ཐལ་ལོ། །ཡང་སངས་རྒྱས་འཕགས་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་དེ་ལ་ཐུན་མོང་བའི་ཡོན་ཏན་དང་། ཐུན་མོང་མིན་པའི་ཡོན་ཏན་གཉིས་སུ་འབྱེད་མི་རིགས་པར་ཐལ། དེའི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་དང་། དེའི་རྒྱུད་ཀྱི་སྟོབས་བཅུ་པོ་དེ་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དང་། ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པའི་ཁྱད་པར་མི་འཐད་པའི་ཕྱིར། རྟགས་ཁས། འདོད་ན། འཕགས་པ་བཞི་ཆར་གྱི་རྒྱུད་ལ་ཚད་མེད་བཞི་ཡོད་པ་དང་། མི་འཇིགས་པ་བཞི་པོ་དེ་སངས་རྒྱས་འཕགས་པ་ཁོ་ནའི་རྒྱུད་ལ་ཡོད་པའི་ཁྱད་པར་མི་འཐད་པར་ཐལ་ལོ། །འདིར་རྣམ་མཁྱེན་གྱི་རྣམ་པ་གང་ཞིག རང་གི་རིགས་འདྲ་མཚན་ཉིད་པ་འཕགས་ཆུང་འོག་མའི་རྒྱུད་ལ་ཡོད་པ་དང་། དེ་གང་ཞིག དེ་མེད་པ་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དང་། ཐུན་མོང་མ་ཡིན་པའི་རྣམ་མཁྱེན་གྱི་རྣམ་པའི་མཚན་ཉིད་དུ་གཞག་པ་ལ། ཁ་ཅིག སངས་རྒྱས་འཕགས་པའི་སྟོབས་བཅུ་ཆོས་ཅན། ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། འཕགས་ཆུང་འོག་མའི་རྒྱུད་ལ་སྟོབས་མཚན་ཉིད་པ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་སྟོབས་ལྔ་མཚན་ཉིད་པ་ཡོད་པའི་ཕྱིར། ཡང་དེའི་རྒྱུད་ལ་དེའི་རིགས་འདྲ་མཚན་ཉིད་པ་ཡོད་པར་ཐལ། རྣམ་མཁྱེན་སྐད་ཅིག་དང་པོའི་གནས་སྐབས་ཀྱི་སྟོབས་བཅུ་པོ་དེ་རང་གི་རིགས་འདྲ་མཚན་ཉིད་པ་སྔོན་སོང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཤེས་པ་ཡིན་པའི་ཕྱིར་ཞེས་ཟེར་ན། དང་པོའི་རྟགས་སྒྲུབ་ཕྱི་མ་ལ་སྟོབས་རྒྱུད་ལྡན་གྱི་གང་ཟག་ཡིན་ན་སྟོབས་བཅུ་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པར་ཐལ། དེ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། ཕྱི་མ་ལ་ཉན་ཐོས་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། འཇིག་རྟེན་པའི་ཡེ་ཤེས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་གཉིས་པོ་རིགས་འདྲ་བར་ཐལ་ལོ། །གཞན་ཡང་མི་ནས་ཤི་འཕོས་ནས་ལྷར་སྐྱེས་མ་ཐག་པའི་ལྷ་ཆོས་ཅན། རང་གི་རིགས་འདྲ་འགྲོ་བ་སྔོན་དུ་སོང་མ་ཐག་པ་ཡིན་པར་ཐལ། འགྲོ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མིའི་འགྲོ་བ་དང་ལྷའི་འགྲོ་བ་གཉིས་འགྲོ་བ་རིགས་འདྲ་བ་ཡིན་པར་ཐལ་ལོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་། ཞེས་པའི་སྐབས་སུ། གཞུང་གསུམ་པོ་འདི་གང་གི་དོན་བསྡུ་ཡིན་དཔྱད་པ་དང་། ཟག་བཅས་ཟག་མེད་ཀྱི་དོན་ལ་དཔྱད་པ་གཉིས་ལས། དང་པོ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག གཞུང་དང་པོ་ནི་གཞི་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བདུན་གྱི་དོན་བསྡུ། གཉིས་པ་ནི་ལམ་ཤེས་དང་རྗེས་སུ་མཐུན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་བཞིའི་དོན་བསྡུ། གཞུང་ཕྱི་མ་ནི་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་སོ་དགུའི་དོན་བསྡུ་ཡིན་ཞེས་གསུང་ངོ་། །འོ་ན་དོན་བསྡུའི་སྐབས་ནས་བསྟན་པའི་གཞི་ཤེས་ཀྱི་རྣམ་པ་དང་། ལམ་ཤེས་ཀྱི་རྣམ་པ་དེ་ལ་ལམ་བདེན་གྱི་རྣམ་པ་ཁོ་ན་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། ཁྱབ་སྟེ། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་པོ་དེ་ལམ་བདེན་གྱི་རྣམ་པ་ཁོ་ན་ཡིན་པའི་ཕྱིར་ཏེ། ལམ་གྱི་བདེན་པའི་རྗེས་མཐུན་པར། །ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དོན་བསྡུའི་སྐབས་སུ་གཞི་ཤེས་ཀྱི་རྣམ་པ་དང་། ལམ་ཤེས་ཀྱི་རྣམ་པ་ལས་ལོགས་སུ་རྣམ་མཁྱེན་གྱི་རྣམ་པ་ལམ་བདེན་གྱི་རྣམ་པར་བསྟན་པ་ལ་དགོས་པ་མེད་པར་ཐལ་ལོ། །ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་ནི་ཞེས་པའི་སྐབས་ནས་བསྟན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་ན་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་ཡིན་དགོས་པར་ཐལ། གཞུང་དེ་ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པ་ཁོ་ནའི་དོན་བསྡུ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་བྱང་ཕྱོགས་སོ་བདུན་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་སྤངས་པའི་མཁྱེན་པ་ཡིན་པའི་ཕྱིར། མ་ཁྱབ་ན། གཞུང་ལ་ལྟོས་ཤིག་གོ །ཡང་ཁ་ཅིག གཞུང་གསུམ་པོ་དེ་རིམ་པ་ལྟར་དུ། གཞི་ཤེས་ཀྱི་རྣམ་པ་ཉེར་བདུན། ལམ་ཤེས་ཀྱི་རྣམ་པ་སོ་དྲུག རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུའི་དོན་བསྡུར་སྦྱར་ཞིང་། ཉན་ཐོས་ལ་སོགས་ཁོངས་མཛད་ནས་ཉན་ཐོས་ལ་སོགས་པའི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཟག་མེད་དུ་སྒྲུབ་པ་དང་། འདིར་བསྟན་ཟག་བཅས་ཟག་མེད་ཀྱི་དོན་མཉམ་གཞག་དང་རྗེས་ཐོབ་ལ་མཛད་པ་ནི་ཅུང་ཟད་འགལ་ཏེ། ཐེག་དམན་གྱི་རྒྱུད་ཀྱི་ལམ་གཉིས་པའི་རྣམ་པ་ལྔ་པོ་ཆོས་ཅན། མཉམ་གཞག་ཏུ་ཐལ། འདིར་བསྟན་ལམ་ཟག་མེད་ཡིན་པའི་ཕྱིར། རྟགས་ཁྱབ་དངོས། འདོད་ན། རྗེས་ཐོབ་ཏུ་ཐལ། ཐེག་དམན་གྱི་རྒྱུད་ཀྱི་ལམ་གཉིས་པའི་རྣམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། གོང་གི་ཟག་བཅས་ཟག་མེད་ཀྱི་དོན་མཉམ་གཞག་དང་རྗེས་ཐོབ་ལ་མཛད་པའི་ཕྱིར། ཡང་ཉན་ཐོས་ཀྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཆོས་ཅན་དུ་གཟུང་ནས་ཟག་མེད་དུ་སྒྲུབ་པ་ནི་ཅུང་ཟད་རྩིང་སྟེ། ཉན་ཐོས་སྦྱོར་ལམ་པའི་རྒྱུད་ཀྱི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་རྟོགས་པ་དེ་ཟག་མེད་དུ་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། དེ་མིན་པར་ཐལ། ཐེག་དམན་སོ་སྐྱེའི་མཁྱེན་པ་ཡིན་པའི་ཕྱིར། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དང་། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དེ་འདིར་བསྟན་གྱི་ཟག་བཅས་སུ་ཐལ། དམ་བཅའ་ཕྱི་མ་དེའི་ཕྱིར། འདོད་ན། རྗེས་ཐོབ་ཏུ་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། རྟོགས་རིགས་གཉིས་པོ་དེ་བྱང་སེམས་སྦྱོར་ལམ་པས་མཉམ་གཞག་ཏུ་ཆེད་དུ་གཉེར་ནས་སྒོམ་དགོས་པའི་ཕྱིར། སྒྲུབ་བྱེད་མང་དུ་བཀོད་ཟིན་ནོ། །གཉིས་པ་ནི། སློབ་དཔོན་གྱི་བཞེད་པ་ལ། རྣམ་པ་བདུན་ཅུ་རྩ་གསུམ་པོ་ཐམས་ཅད་ཟག་བཅས་ཟག་མེད་ཀྱི་ཁྱད་པར་འབྱེད་པར་བཞེད་ཅིང་། ཐེག་དམན་གྱི་རྒྱུད་ཀྱི་ལམ་བདེན་གྱི་རྣམ་པ་བཅོ་ལྔ་པོ་ལ་ཟག་བཅས་ཟག་མེད་ཀྱི་ཁྱད་པར་གོང་དུ་ཕྱེ་ཟིན་པས་ན། འདིར་ཐེག་དམན་གྱི་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་དང་། བྱང་འཕགས་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་གྱི་དང་། ལམ་ཤེས་དང་རྣམ་མཁྱེན་གྱི་རྣམ་པ་རྣམས་ཀྱི་ཟག་བཅས་ཟག་མེད་ཀྱི་ཁྱད་པར་རྣམས་འདིར་འབྱེད་པར་མཛད་པ་ཡིན་ནོ། །དེས་ན་འདིར་ཉན་ཐོས་དང་བྱང་སེམས་གཉིས་པོའང་འཕགས་པ་ལ་འཇོག་པ་སྐབས་ཀྱི་དོན་ཡིན་ཞིང་། བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་པོ་ཉན་ཐོས་ཀྱི་རྟོགས་རིགས་ཡིན་པས་ན། ཉན་ཐོས་འཕགས་པའི་རྒྱུད་ཀྱི་བདེན་པ་དང་པོ་གསུམ་གྱི་རྣམ་པ་བཅུ་གཉིས་ཟག་མེད་དང་། བྱང་འཕགས་ཀྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་ཟག་བཅས་སུ་སྒྲུབ་པ་ཡིན་གྱི། ཉན་ཐོས་ལ་སོགས་ཁོངས་སུ་མཛད་ནས་ཐེག་དམན་གྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་འདིར་ཟག་མེད་དུ་བསྟན་པ་ནི་མིན་ཏེ། དེའི་རྒྱུད་ཀྱི་ལམ་བདེན་གྱི་རྣམ་པ་བཅོ་ལྔའི་ཟག་བཅས་ཟག་མེད་ཀྱི་ཁྱད་པར་གོང་དུ་ཕྱེ་ཟིན་པས་འདིར་མི་དགོས་པའི་ཕྱིར་དང་། དེའི་རྒྱུད་ཀྱི་ལམ་གཉིས་པའི་རྣམ་པ་ལྔ་པོ་དེ་འདིའི་ཟག་མེད་དུ་འགལ་བའི་ཕྱིར། དེས་ན་གཞུང་ལས། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་བྱེ་བྲག་གིས། ཞེས་ཉན་ཐོས་ལ་སོགས་ཁོངས་སུ་མི་མཛད་པའི་གནས་ཀྱང་འདི་ཡིན་ནོ། །གངས་རིའི་ཁྲོད་འདིར་འདི་ཇི་ལྟ་བ་བཞིན་རྟོགས་པ་གཞན་མི་སྣང་ངོ་། །གསུམ་པ་ནི་ཁ་ཅིག འདིའི་གཞུང་དང་པོ་དེ་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་གྱི་དོན་བསྡུ་མིན་པར་ཐལ། ཐེག་དམན་གྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དེ་དེའི་སྐབས་ཀྱི་ལམ་ཟག་མེད་མིན་པའི་ཕྱིར་ཟེར་ན། འོ་ན་ཁྱེད་རང་ལ་ཡང་དེར་ཐལ། དེའི་ཕྱིར། མ་གྲུབ་ན། ཐེག་དམན་གྱི་ལམ་གཉིས་པའི་རྣམ་པ་ལྔ་པོ་དེ་འདིའི་སྐབས་ཀྱི་ཟག་མེད་དུ་ཐལ། དེས་ན་འདིར་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ཕྱེ་བའི་སྒོ་ནས་དོན་བསྡུ་བ་ཡིན་པས། སྔར་ཕྱེ་ཟིན་པ་རྣམས་ལ་འདིར་དོན་བསྡུ་བ་ལ་དགོས་པ་མེད་པས་དེ་དག་གི་དོན་བསྡུ་མིན་ལ། འོན་ཀྱང་ཉེར་བདུན་གྱི་དོན་བསྡུ་མིན་པའི་སྐྱོན་མེད་དེ། བྱང་འཕགས་ཀྱི་རྒྱུད་ཀྱི་ཉེར་བདུན་པོའི་དོན་བསྡུ་ཡིན་པའི་ཕྱིར། གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག ཉོན་མོངས་པའི་ཟག་པ་དང་བཅས་མ་བཅས་སོགས་ལ་འདོད་པ་དང་། ཡང་ཁ་ཅིག སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བཅས་མ་བཅས་སོགས་ལ་འདོད་པ་ནི་གོང་དུ་བཀག་ཟིན་པས་དྲན་པར་བྱའོ། །གཉིས་པ་ནི། སློབ་དཔོན་གྱིས་སྐབས་གཉིས་པར་བྱང་འཕགས་ཀྱི་རྗེས་ཐོབ་ལ་ཟག་བཅས་དང་མཉམ་གཞག་ལ་ཟག་མེད་དུ་གསུངས་པའི་རིགས་པས་སྒྲུབ་བྱེད་ཟུར་པ་མ་བཀོད་པས། ཟག་བཅས་ཟག་མེད་ཀྱི་ཁྱད་པར་རྣམས་དེ་ལྟར་དུ་རྗེས་ཐོབ་དང་མཉམ་གཞག་ལ་བྱེད་པར་གྲུབ་པས། འདིར་ཡང་དེ་ལྟར་དུ་འཐད་དོ། །འོན་ཀྱང་ཉན་ཐོས་ཙམ་དང་བྱང་སེམས་ཙམ་གྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་རྣམས་དེ་ལྟར་དུ་འབྱེད་ནུས་པ་ནི་མིན་ཏེ། བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་རྣམ་པ་ཉེར་བདུན་པོ་རྣམས་ཀྱང་། མཉམ་གཞག་ཏུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དེས་ན་ཉན་ཐོས་འཕགས་པ་དང་། བྱང་སེམས་འཕགས་པའི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་པོ་རྣམས་དེ་ལྟར་ཕྱེ་བ་ཡིན་ཏེ། སྔ་མ་ནི་རང་དོན་དུ་མཉམ་གཞག་ཏུ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་དང་། ཕྱི་མ་ནི་རྗེས་ཐོབ་ཏུ་གཞན་དོན་དུ་ཤེས་པར་བྱ་བ་ཙམ་ཡིན་པའི་ཕྱིར། ལམ་ཤེས་ཀྱི་རྣམ་པ་དང་རྣམ་མཁྱེན་གྱི་རྣམ་པ་རྣམས་ལ་ཟག་བཅས་ཟག་མེད་དུ་འཇོག་པ་ནི་གཞུང་ཉིད་ལས་སྒྲུབ་བྱེད་བཀོད་པའི་ཆ་ནས་དེ་ལྟར་འཇོག་པ་ཡིན་གྱི། སྔ་མ་ལྟར་ནི་མིན་ནོ། །དེས་ན་བྱང་འཕགས་ཀྱི་རྒྱུད་ཀྱི་གཞི་ཤེས་ཀྱི་རྣམ་པ་དང་། ལམ་ཤེས་ཀྱི་རྣམ་པ་ལ་ཟག་བཅས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། སྒྲུབ་བྱེད་གཉིས་པོ་དེའི་ཕྱིར་ཞེས་འགོད་པར་བྱ་བ་ཡིན་གྱི། ཟག་བཅས་མཚན་ཉིད་པ་ནི་མ་ཡིན་ནོ། །གསུམ་པ་ལ། ཁ་ཅིག བྱང་འཕགས་ཀྱི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ཆོས་ཅན། ཁྱོད་ལ་ཟག་བཅས་ཞེས་བརྗོད་པའི་རྒྱུ་མཚན་མེད་པར་ཐལ། ཁྱོད་ཟག་བཅས་མིན་པའི་ཕྱིར། ཡང་དེ་ཆོས་ཅན། ཁྱོད་ལ་ཟག་མེད་ཅེས་བརྗོད་པའི་རྒྱུ་མཚན་ཡོད་པར་ཐལ། ཁྱོད་རང་དོན་དུ་མཉམ་གཞག་ཏུ་བསྒོམ་པར་བྱ་བའི་མཁྱེན་པ་ཡིན་པའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ལ་ཟག་བཅས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཞེས་ཟེར་ན། དང་པོ་ལ། གཞུང་ཤེར་ཕྱིན་ཆོས་ཅན། ཁྱོད་ལ་ཤེར་ཕྱིན་ཞེས་བརྗོད་པའི་རྒྱུ་མཚན་མེད་པར་ཐལ། ཁྱོད་དེ་མ་ཡིན་པའི་ཕྱིར། གཉིས་པ་ལ་ཐེག་ཆེན་སེམས་བསྐྱེད་ཆོས་ཅན། ཁྱོད་ལ་སེམས་བྱུང་འདུན་པ་ཞེས་བརྗོད་པའི་རྒྱུ་མཚན་མེད་པར་ཐལ། ཁྱོད་ལ་གཙོ་བོ་སེམས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། བྲམ་ཟེའི་ཁྱེའུ་ཁ་ཆེ་སྣ་ཉག་ཆོས་ཅན། ཁྱོད་ལ་སེང་གེ་ཞེས་བརྗོད་པའི་རྒྱུ་མཚན་མེད་པར་ཐལ། ཁྱོད་ལ་མི་ཞེས་བརྗོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཁྱབ་པ་རྣམས་ཁས། སངས་རྒྱས་རྣམས་ལ་ལྷག་པར་བྱས། །ཞེས་པའི་སྐབས་སུ། ངག་དོན་ལ་དགག་གཞག་གཉིས་ལས། དང་པོ་ལ། ཁ་ཅིག སྦྱོར་བ་སྒོམ་པ་པོའི་རྟེན་གྱི་གང་ཟག་ཆོས་ཅན། ཁྱོད་ལ་རྣམ་པ་བཞིར་ཡོད་དེ། ཁྱོད་ལ་ཤེར་ཕྱིན་གྱི་ཚིག་ཉན་པའི། དེའི་ཚིག་བློ་ལ་འཛིན་པའི། དེའི་དོན་མི་བརྗེད་པར་འཛིན་པའི། དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྟེན་གྱི་གང་ཟག་རྣམས་སུ་ཡོད་པའི་ཕྱིར་ཟེར་ན། འོ་ན། གཞུང་ཤེར་ཕྱིན་ཉན་པ་པོའི་རྟེན་གྱི་གང་ཟག་ཡིན་ན་སྦྱོར་བ་སྒོམ་པ་པོའི་རྟེན་གྱི་གང་ཟག་ཡིན་དགོས་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། ཤེར་ཕྱིན་ལ་ཐོས་བསམ་བྱེད་པའི་རྟེན་གྱི་གང་ཟག་ཡིན་ན་དེ་སྒོམ་པ་པོའི་རྟེན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ལ་ཐོས་བསམ་སྒོམ་གསུམ་རིམ་བཞིན་དུ་བྱེད་པའི་གང་ཟག་མ་གྲུབ་པར་ཐལ་ལོ། །ཁོ་ན་རེ། ཤེར་ཕྱིན་ཉན་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། དེ་སྒོམ་པའི་གང་ཟག་ཡིན་པར་ཐལ། དེ་རྒྱུད་ལྡན་གྱི་རྟེན་གྱི་གང་ཟག་ཡིན་པའི་ཕྱིར་ཞེ་ན། ཤཱཀྱ་ཐུབ་པ་ཆོས་ཅན། ཆོས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་སྒོམ་པ་པོའི་གང་ཟག་ཡིན་པར་ཐལ། དེ་རྒྱུད་ལྡན་གྱི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། གཉིས་པ་ནི། ཐེག་ཆེན་གྱི་སྦྱོར་བ་སྒོམ་པ་པོའི་རྟེན་གྱི་གང་ཟག་དེ་ཆོས་ཅན། ཁྱོད་ལ་རྣམ་པ་བཞི་ཡོད་དེ། ཁྱོད་ལ་སྔར་གྱི་གཏན་ཚིགས་བཞི་པོ་དེར་ཡོད་པའི་ཕྱིར་ཞེས་འགོད་དོ། །གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་པའི་སྐབས་སུ། ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་དང་། ས་མཚམས་གཉིས་ལས། དང་པོ་ལ་དངོས་དང་རྩོད་པ་སྤང་བ་གཉིས། དང་པོ་ནི། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སེམས་ཀྱི་རྣལ་འབྱོར་རོ། །གཉིས་པ་ལ། ཁ་ཅིག་ན་རེ། ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་དང་ལྡན་པའི་སྦྱོར་བ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཆོས་རང་བཞིན་མེད་པ་ལ་མི་སྐྲག་པའི་སྦྱོར་བ་ཡིན་པར་ཐལ་ལོ། །འདོད་མི་ནུས་ཏེ། ཆོས་ཅན་དེའི་ཕྱིར་ཞེ་ན། འོ་ན་ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པའི་སྒྲུབ་པ་ཡིན་ན་ཤེར་ཕྱིན་ལ་སྐྲག་པའི་སྒྲུབ་པ་ཡིན་དགོས་པར་ཐལ། ཐལ་བ་ཕྱི་མ་ལ་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། གནས་སྐབས་ཐེག་དམན་དུ་ལྷུང་བར་ངེས་པའི་བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆོས་ཅན། གཞན་དོན་རྒྱ་ཆེན་པོ་ལ་སྐྲག་པའི་སྦྱོར་བ་ཡིན་པར་ཐལ། དེ་ལ་སྐྲག་པ་སྐྱེ་སྲིད་པའི་སྦྱོར་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་ཡིན་པའི་ཕྱིར། རྩ་བའི་གཏན་ཚིགས་གྲུབ་སྟེ། དེ་འདྲའི་བྱང་སེམས་གཞན་དོན་རྒྱ་ཆེན་པོས་སྐྲག་ནས་ཐེག་དམན་གྱི་ལམ་དུ་འཇུག་སྲིད་པའི་ཕྱིར། གཉིས་པ་ལ་ཁ་ཅིག་ན་རེ། ཐེག་ཆེན་གྱི་སྦྱོར་བ་ཡིན་ན་གནས་སྐབས་ཀྱི་སྦྱོར་བ་བཅོ་ལྔ་པོ་གང་རུང་ཡིན་དགོས་ཤིང་། ལུང་བསྟན་ཐོབ་པའི་སྦྱོར་བའི་མ་མཐའི་ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་ཡོད་ཅེ་ན། ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་སྦྱོར་བ་ཡིན་ན་ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ་ཡིན་དགོས་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་ན། བྱང་སེམས་ཚོགས་ལམ་པ་དབང་པོ་རྣོན་པོའི་སྦྱོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཤེར་ཕྱིན་ལ་སྐྲག་པ་སྐྱེ་སྲིད་པའི་སྦྱོར་བ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང་ཐེག་ཆེན་ཚོགས་ལམ་པ་དབང་རྣོན་དེ་གནས་སྐབས་ཐེག་པ་གཞན་གྱིས་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཐོབ་སླ་བ་དང་། དེ་དབང་རྟུལ་གྱི་དེས་དེ་ཐོབ་དཀའི་ཁྱད་པར་མི་འཐད་པར་ཐལ། དེ་གཉིས་ཀྱི་རྒྱུད་ཀྱི་སྦྱོར་ལམ་ཚེགས་ཆེན་ཡུན་རིང་རྟོགས་དཀའི་སྦྱོར་བ་ཡིན་མིན་གྱི་ཁྱད་པར་མེད་པའི་ཕྱིར། ཡང་ཁ་ཅིག ལུང་བསྟན་ཐོབ་པའི་སྦྱོར་བ། ཕྱིར་མི་ལྡོག་པའི་སྦྱོར་བ། ངེས་པར་འབྱུང་བའི་སྦྱོར་བ། བར་ཆད་མེད་པའི་སྦྱོར་བ་རྣམས་ཐེག་ཆེན་གྱི་སྦྱོར་ལམ་བཞི་ལ་རིམ་བཞིན་དུ་འཇོག བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ས་དང་པོ་དང་མྱུར་བར་བྱང་ཆུབ་པའི་སྦྱོར་བ་ས་གཉིས་པ་ནས་བདུན་པའི་བར་ལ་འཇོག་པ་དེ་དང་དེར་ངེས་པ་ཡིན་ནམ། མ་མཐའི་ས་མཚམས་ཡིན། དང་པོ་ལྟར་ན་བྱང་འཕགས་ཀྱི་རྒྱུད་ལ་ལུང་བསྟན་ཐོབ་པའི་སྦྱོར་བ་མེད་པར་ཐལ། དེ་དྲོད་ཁོ་ནར་ངེས་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཤེར་ཕྱིན་ལ་མི་སྐྲག་པའི་སྒྲུབ་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ལྟར་ན་ས་གཉིས་པའི་བྱང་སེམས་ཀྱི་རྒྱུད་ལ་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ཡོད་པར་ཐལ། དེའི་ས་མཚམས་ས་དང་པོར་གཞག་པ་དེ་མ་མཐའི་ས་མཚམས་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་རྒྱུད་ལ་ཟག་མེད་ཀྱི་ཆོས་གསར་དུ་སྐྱེ་བའི་སྒྲུབ་པ་ཡོད་པར་ཐལ་ལོ་ཞེ་ན། དང་པོའི་ཁྱབ་པ་ཕྱི་མ་ལ། བྱང་འཕགས་ཀྱི་རྒྱུད་ལ་རང་རྒྱུད་ཀྱི་བསོད་ནམས་རྣམ་པར་འཕེལ་བའི་རྩེ་སྦྱོར་མེད་པར་ཐལ། དེའི་རྒྱུད་ལ་རྩེ་མོའི་སྦྱོར་བ་མེད་པའི་ཕྱིར། བྱང་སེམས་ཚོགས་ལམ་པ་དབང་རྣོན་གྱི་རྒྱུད་ལ་ཤེར་ཕྱིན་ལ་མི་སྐྲག་པའི་སྒྲུབ་པ་མེད་པར་ཐལ། དེའི་རྒྱུད་ལ་ལུང་བསྟན་ཐོབ་པའི་སྦྱོར་བ་མེད་པའི་ཕྱིར། ཁྱབ་པ་གཉིས་ཁས། འདོད་ན། དེ་ཡོད་པར་ཐལ། དེའི་རྒྱུད་ལ་ཆོས་རང་བཞིན་མེད་པའི་དོན་ལ་ངེས་ཤེས་སྐྱེས་པའི་སྒྲུབ་པ་ཡོད་པའི་ཕྱིར། ཐལ་བ་གཉིས་པའི་ཁྱབ་པ་ཕྱི་མ་ལ། ཉན་ཐོས་མཐོང་ལམ་པའི་རྒྱུད་ལ་ཟག་མེད་ཀྱི་ཆོས་གསར་དུ་སྐྱེས་པའི་སྒྲུབ་པ་མེད་པར་ཐལ། དེའི་རྒྱུད་ལ་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ལ་ཟག་མེད་ཀྱི་ཆོས་གསར་དུ་སྐྱེས་པ་ཡོད་པའི་ཕྱིར། བདུད་ཀྱི་མཐུ་བཅོམ། ཞེས་པའི་སྐབས་སུ། ཐེག་ཆེན་གྱི་སྦྱོར་བའི་ཡོན་ཏན་གྱི་མཚན་ཉིད་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག་ན་རེ། ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱིས་ཐོབ་པའི་དགེ་ལེགས་ཞེས་ཟེར་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཐེག་ཆེན་གྱི་སྦྱོར་བ་ལ་མི་ལྡན་པའི་ཕྱིར། གཞན་ཡང་ཐེག་ཆེན་གྱི་མཐོང་ལམ་དེ་ཐེག་ཆེན་གྱི་སྦྱོར་ལམ་གྱི་ཡོན་ཏན་ཡིན་པར་ཐལ། རྩ་བར་འདོད་པ་དེའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་པའི་ཡོན་ཏན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཐེག་ཆེན་སོ་སྐྱེའི་ཡོན་ཏན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་སྦྱོར་བ་སྒོམ་སྟོབས་ཀྱི་ཐེག་ཆེན་སྦྱོར་བའི་གནས་སྐབས་སུ་ཐོབ་པའི་དགེ་ལེགས་སོ། །གསུམ་པ་ནི། ཁ་ཅིག ཟག་མེད་ཀྱི་ཆོས་ཐམས་ཅད་རྫོགས་པ་དེ་ཆོས་ཅན། ཐེག་ཆེན་སྦྱོར་བ་ལ་ལྡན་པར་ཐལ། དེའི་ཡོན་ཏན་ཡིན་པའི་ཕྱིར། འདོད་ན། དེ་ལ་མི་ལྡན་པར་ཐལ། ཐེག་ཆེན་གྱི་སྦྱོར་བ་ཡིན་ན་དེ་མ་རྫོགས་པ་ཞིག་དགོས་པའི་ཕྱིར་ཞེས་དང་། འབྲས་བུ་ཤེར་ཕྱིན་ངེས་པར་ཐོབ་པ་ཆོས་ཅན། ཐེག་ཆེན་སྦྱོར་བ་ལ་ལྡན་པར་ཐལ། དེའི་ཡོན་ཏན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་སྦྱོར་བ་ཡིན་ན་འབྲས་བུ་ཤེར་ཕྱིན་དང་མི་ལྡན་པ་ཞིག་དགོས་པའི་ཕྱིར་ཞེ་ན། དང་པོ་ལ། བག་ལ་ཉལ་ཀུན་འཇོམས་པ་དེ་ཐེག་ཆེན་སྦྱོར་ལམ་པ་དབང་རྣོན་ལ་ལྡན་པར་ཐལ། དེ་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་པའི་རྟགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ལ་དེ་མི་ལྡན་པར་ཐལ། དེ་ཡིན་ན་དེ་མ་ཐོབ་པས་ཁྱབ་པའི་ཕྱིར། ཕྱི་མ་ལ་འབྲས་བུ་ཤེར་ཕྱིན་ངེས་པར་འཐོབ་པ་དེ་དེ་ལ་ལྡན་པར་ཐལ། དེས་དེ་ངེས་པར་ཐོབ་པའི་ཕྱིར། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་ཞེས་པའི་སྐབས་སུ། ཐེག་ཆེན་གྱི་སྦྱོར་བའི་མཚན་ཉིད་ཀྱི་མཐའ་དཔྱད་པ་ལ། སྤྱིར་མཚན་མཚོན་འགལ་མི་འགལ་ལ་དཔྱད་པ། འདིར་བསྟན་གྱི་མཚོན་ཡུལ་ལ་དཔྱད་པ། མཚན་ཉིད་སོ་སོའི་ངོ་བོ་ལ་དཔྱད་པ། གཞུང་སོ་སོའི་དོན་ལ་དཔྱད་པ་དང་བཞི་ལས། དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག དེ་གཉིས་འགལ་ཏེ། མཚན་ཉིད་ཡིན་ན་མཚོན་པར་བྱེད་པ་ཡིན་དགོས། མཚོན་བྱ་ཡིན་ན་མཚོན་པར་བྱ་བ་ཡིན་དགོས་པའི་ཕྱིར། དང་པོ་དེར་ཐལ། གང་གིས་མཚོན་དེ་མཚན་ཉིད་དུ། །ཤེས་བྱ་ཅེས་བཤད་པའི་ཕྱིར། ཕྱི་མ་དེར་ཐལ། ལས་སུ་སྒྲུབ་པས་དེ་རྣམས་མཚོན་པར་བྱ་བ་ཡིན་པས་ཞེས་བཤད་པའི་ཕྱིར། ཡང་ངོ་བོ་ཉིད་མཚན་དེ་འདིར་བསྟན་གྱི་མཚན་ཉིད་དུ་ཐལ། དེ་གཉིས་མི་འགལ་བའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་བ་དེ་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། ངོ་བོ་ཉིད་མཚན་དེ་མཚོན་པར་བྱ་བ་ཐེག་ཆེན་གྱི་སྦྱོར་བ་རང་གི་ངོ་བོ་ཡིན་པའི་ཕྱིར། ཡང་ངོ་བོ་ཉིད་མཚན་དེ་ཆོས་ཅན། མཚན་ཉིད་མིན་པར་ཐལ། མཚན་ཉིད་གཞན་གྱིས་མཚོན་པར་བྱ་དགོས་པའི་ཆོས་ཡིན་པའི་ཕྱིར་ཟེར་རོ། །ལུང་ཁྱབ་དང་པོ་གཉིས་ལ་ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ན་མཚན་ཉིད་ཡིན་དགོས་པར་ཐལ། ལས་སུ་སྒྲུབ་པས་དེ་རྣམས་མཚོན་པར་བྱ་བ་ཡིན་པས་ངོ་བོ་ཉིད་ཀྱི་མཚན་ཉིད་དེ། ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཐེག་ཆེན་སྦྱོར་བ་དེ་ཐེག་ཆེན་སྦྱོར་བའི་མཚོན་བྱར་ཐལ། ངོ་བོ་ཉིད་མཚན་དེ་སྐབས་འདིར་བསྟན་གྱི་མཚོན་བྱ་ཡིན་པའི་ཕྱིར། ཁྱབ་པ་ཁས། གསུམ་པ་ལ། མཁྱེན་གསུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རྣམ་རྫོགས་སྦྱོར་བ་དེ་སྦྱོར་བ་མིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། མཚན་ཉིད་དེ་ཡི་སྦྱོར་བ་དང་། །ཞེས་བཤད་པའི་ཕྱིར། གཉིས་པ་ནི། སྐབས་འདིར་བསྟན་གྱི་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་ན་དེ་དང་ཐེག་ཆེན་སྦྱོར་བ་གཉིས་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་གཅོད་ནུས་པ་ཡིན་པས་མ་ཁྱབ་སྟེ། སྤྱིར་མཚན་ཉིད་ཀྱི་སྒྲ་བྱེད་སྒྲུབ་དང་། ལས་སྒྲུབ་གཉིས་ཀ་ལ་འཇུག་པ་ལས། ལས་སྒྲུབ་ཀྱི་དབང་དུ་བྱས་ན་མཚོན་བྱ་ཡང་མཚན་ཉིད་ཡིན་པའི་ཕྱིར་ཏེ། ངོ་བོ་ཉིད་གང་མཚོན་བྱ་ཡང་། །ཞེས་དང་། མཚན་ཉིད་བཞི་པར་བཞེད་པ་ཡིན། །ཞེས་གསུངས་པའི་ཕྱིར། མཚོན་སྦྱོར་བཀོད་པའི་ཚེ་ན་མཚན་མཚོན་གཉིས་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་གྱི་སྐྱོན་ཡོན་གཅོད་ནུས་པ་ཞིག་དགོས་ཏེ། དེའི་ཚེ་མཚན་གཞིའི་སྟེང་དུ་མཚན་ཉིད་དེས་མཚོན་བྱ་ཐུན་མོང་མ་ཡིན་པར་མཚོན་ནུས་པ་ཞིག་དགོས་པའི་ཕྱིར། དེའི་མཚན་མཚོན་གཞི་གསུམ་གྱི་ནང་ཚན་དུ་གྱུར་པའི་མཚན་མཚོན་གཉིས་པོ་དེ་འགལ་ཏེ། དེའི་གནས་སྐབས་ཀྱི་མཚན་ཉིད་དེ་ཡིན་ན་བྱེད་སྒྲུབ་ཡིན་དགོས། དེའི་གནས་སྐབས་ཀྱི་མཚོན་བྱ་དེ་ཡིན་ན་ལས་སྒྲུབ་ཡིན་དགོས་པའི་ཕྱིར། སྤྱིར་མཚན་མཚོན་མི་འགལ་ཡང་། མཚོན་བྱེད་དང་མཚོན་བྱ་འགལ་ཏེ། བྱེད་སྒྲུབ་དང་ལས་སྒྲུབ་འགལ་བའི་ཕྱིར། གསུམ་པ་ལ། ཁ་ཅིག མཚན་ཉིད་དང་མཚོན་བྱ་འགལ་བར་ཐལ། བྱེད་སྒྲུབ་དང་ལས་སྒྲུབ་འགལ་བའི་ཕྱིར། ཁྱབ་པ་བསྒྲིག་གོ་ཞེ་ན། མི་མཚུངས་ཏེ། མཚོན་བྱེད་ཡིན་ན་བྱེད་སྒྲུབ་ཡིན་དགོས་ཤིང་། མཚན་ཉིད་ཡིན་ན་བྱེད་སྒྲུབ་ཡིན་པས་མ་ཁྱབ་པའི་ཕྱིར་ཏེ། ངོ་བོ་ཉིད་མཚན་དེ་མཚན་ཉིད་ཡིན་པའི་ཕྱིར་ཏེ། མཚན་ཉིད་ནི་རྣམ་པ་བཞིར་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། མཚོན་བྱེད་ཡིན་ནའང་བྱེད་སྒྲུབ་ཡིན་མི་དགོས་པར་ཐལ། ངོ་བོ་ཉིད་མཚན་དེ་མཚོན་བྱེད་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གིས་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་མཚོན་པས་ན་ཞེས་བཤད་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ངོ་བོ་ཉིད་བཅུ་དྲུག་གིས་ཞེས་བྱེད་ཚིག་འབྱུང་བ་ནི་འགྱུར་མ་དག་པའི་ཕྱིར་ཏེ། འགྱུར་རྙིང་ལས་དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ཇི་ལྟ་བ་བཞིན་ཞེས་བཤད་པའི་ཕྱིར་དང་། རྩ་བ་ལས་ཀྱང་། ངོ་བོ་ཉིད་བཅུ་དྲུག་བདག་ཉིད། །མཚོན་བྱ་ལྟ་བུར་མཚོན་པས་ན། །ཞེས་བྱེད་ཚིག་མ་བཤད་པའི་ཕྱིར། ཡང་ཤེས་མཚན། ཁྱད་མཚན། བྱེད་མཚན་གསུམ་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་ཁས་བླངས་ཤིང་། གཞི་ཤེས་སྦྱོར་བས་ཡུམ་ལ་བརྟེན་ནས་དེ་པ་འབྱུང་བར་རྟོགས་པའི་རྟོགས་པ་དེ་གཞི་ཤེས་ཀྱི་སྦྱོར་བའི་ཤེས་མཚན་དུ་ཁས་བླངས་པ་ལ། ཁ་ཅིག ཐེག་ཆེན་སྦྱོར་བའི་བྱེད་མཚན་ཆོས་ཅན། ཐེག་ཆེན་སྦྱོར་བའི་ཤེས་མཚན་དུ་ཐལ། ཐེག་ཆེན་གྱི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་དངོས། གཞི་ཤེས་སྦྱོར་བས་འཇིག་རྟེན་འཇིག་པ་མེད་པར་རྟོགས་པའི་སྦྱོར་བའང་ཆོས་ཅན། གཞི་ཤེས་སྦྱོར་བས་ཡུམ་ལ་བརྟེན་ནས་དེ་པ་འབྱུང་བར་རྟོགས་པའི་རྟོགས་པ་ཡིན་པར་ཐལ། གཞི་ཤེས་སྦྱོར་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་པ་དངོས་ཞེས་ཟེར་ན། དེ་ནི་ཤེས་མཚན་གྱི་དོན་ཤེས་པའི་མཚན་ཉིད་ཀྱི་གཞི་མཐུན་ལ་འཇོག་པའི་ཚུལ་མ་ཤེས་པའི་ཕྱིར་ཏེ། བུམ་པ་རང་མཚན་ཡིན་ནམ་མིན། མིན་ན་ཧ་ཅང་ཐལ་ཞིང་། ཡིན་ན་ཀ་བ་ཆོས་ཅན། བུམ་པར་ཐལ། རང་ཡིན་པའི་ཕྱིར། ཁྱབ་པ་ཁྱོད་རང་ལྟར་ན་དངོས། ཁོ་ན་རེ། བུམ་པ་རང་མཚན་དུ་ཁས་བླངས་ཀྱི། རང་གི་མཚན་ཉིད་དུ་ཁས་མ་བླངས་སོ་སྙམ་ན། དེ་གཞི་ཤེས་སྦྱོར་བའི་ཤེས་མཚན་དུ་ཁས་བླངས་ཀྱི། དེ་དེའི་ཤེས་པའི་མཚན་ཉིད་དུ་ཁས་མ་བླངས་པའི་ཕྱིར། གཉིས་པ་ལ་དགག་གཞག་གཉིས་ལས། དང་པོ་ལ། རྒྱུས་འབྲས་བུ་མཚོན་པ་དགག འབྲས་བུས་རྒྱུ་མཚོན་པ་དགག་པ་གཉིས། དང་པོ་ལ་འབྲེ་ཆེན་པོ་ན་རེ། ཤེས་མཚན་ཞེས་པའི་ཤེས་པ་དེ་སངས་རྒྱས་སའི་མཁྱེན་གསུམ་གྱི་རྟོགས་པ་ཡིན་ལ། མཚན་ཉིད་ནི་དེ་སྐྱེས་པར་བྱེད་པའི་ཐེག་ཆེན་སྦྱོར་བའི་ནུས་པའོ། །དེའང་ཤེས་མཚན་གྱིས་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་མཚོན། ཁྱད་མཚན་གྱིས་ནི་གཞན་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་མཚོན། བྱེད་མཚན་གྱིས་ནི་སངས་རྒྱས་སའི་གཞན་དོན་ཕྲིན་ལས་ཕུན་སུམ་ཚོགས་པ་སྐྱེད་བྱེད་དུ་མཚོན། ངོ་བོ་ཉིད་མཚན་མཚོན་པར་བྱ་བ་ཐེག་ཆེན་སྦྱོར་བ་རང་གི་ངོ་བོ་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་ཚུལ་རིམ་བཞིན། རང་བཞིན་གྱི་སྦྱོར་བ་ལྔ་མཚན་གཞི་སངསརྒྱས་སྐྱེད་བྱེད་དུ་མཚོན། སངས་རྒྱས་སའི་མཁྱེན་གསུམ་གྱི་རྟོགས་པ་སྐྱེད་བྱེད་ཡིན་པ། ཡང་དེ་མཚན་གཞི། ཁྱོད་ཁོ་ན་སངས་རྒྱས་སྐྱེད་བྱེད་དུ་མཚོན། ཁྱོད་ཁོ་ན་སངས་རྒྱས་སའི་མཁྱེན་གསུམ་གྱི་རྟོགས་པ་སྐྱེད་བྱེད་ཡིན་པ། ཡང་དེ་མཚན་གཞི་སངས་རྒྱས་སའི་གཞན་དོན་ཕྲིན་ལས་ཕུན་སུམ་ཚོགས་པ་སྐྱེད་བྱེད་དུ་མཚོན། ད་ལྟ་ཐེག་ཆེན་གྱི་སྦྱོར་བ་རང་དང་མཐུན་པའི་རྟོགས་པ་ལ་གདུལ་བྱ་གཞན་འགོད་པའི་ནུས་པ་ཡིན་པ། གལ་ཏེ་ཤེས་པ་མཚན་ཉིད་དུ་བཤད་ཀྱི་སྐྱེ་བྱེད་མཚན་ཉིད་དུ་མ་བཤད་དོ་སྙམ་ན་སྐྱོན་མེད་དེ། སྐྱེད་བྱེད་ལ་ཤེས་པའི་མིང་གིས་བཏགས་པའི་ཕྱིར་ཞེས་གསུང་ངོ་། །འོ་ན་སངས་རྒྱས་སྐྱེད་བྱེད་དེ་སྐབས་འདིར་མཚོན་པར་བྱེད་པ་མིན་པར་ཐལ། སྐབས་འདིར་ཐེག་ཆེན་སྦྱོར་བ་མཚོན་པར་བྱེད་དགོས་པའི་ཕྱིར་ཏེ། འགྲེལ་པ་ལས། ཐམས་ཅད་ཤེས་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན། ལམ་ཤེས་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྦྱོར་བ་དག་མཚོན་པས་ན་ཞེས་བཤད་པའི་ཕྱིར། ཡང་སངས་རྒྱས་སྐྱེད་བྱེད་སངས་རྒྱས་སའི་མཁྱེན་གསུམ་གྱི་རྟོགས་པ་སྐྱེད་བྱེད་གཉིས་མཚན་མཚོན་དུ་སྦྱོར་བ་མི་འཐད་པར་ཐལ། དེ་གཉིས་ཀ་མཚོན་བྱ་ཡིན་པར་མཚུངས་པའི་ཕྱིར། སྐབས་འདིར་བསྟན་གྱི་ཤེས་པ་དང་མཚན་ཉིད་གཉིས་པོ་རྒྱུ་འབྲས་མིན་པར་ཐལ། སྐབས་འདིར་བསྟན་གྱི་ཤེས་པ་གཉིས་དོན་གཅིག་པའི་ཕྱིར་ཏེ། དེ་ལྟར་ན་ངོ་བོ་ཉིད་བཅུ་དྲུག་གི་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྦྱོར་བ་དག་ཇི་ལྟ་བ་བཞིན་དུ་མཚོན་པས་ན་ཞེས་བཤད་པའི་ཕྱིར། གཞན་ཡང་སྐབས་འདིར་བསྟན་གྱི་ངོ་བོ་ཉིད་བཅུ་དྲུག་པོ་དེ་ཐེག་ཆེན་སྦྱོར་བའི་ངོ་བོ་མིན་པར་ཐལ། སྐབས་འདིའི་ཤེས་པ་བཅུ་དྲུག་ཕྲག་གསུམ་པོ་དེ་ཐེག་ཆེན་སྦྱོར་བའི་རང་དོན་རྟོགས་པའི་ཆ་མིན། བྱེད་པ་བཅུ་གཅིག་པོ་དེ་གཞན་དོན་ཕྲིན་ལས་ཀྱི་ཆ་མིན་པའི་ཕྱིར། རྟགས་གསལ་ཁས། གཉིས་པ་ནི། བུ་ན་རེ། འདིར་བསྟན་གྱི་ཤེས་པ་བཅུ་དྲུག་ཕྲག་གསུམ་པོ་དེ་སངས་རྒྱས་ཀྱི་མངོན་རྟོགས་ཡིན་ཏེ། མདོ་ལས་ཐུབ་པའི་མངོན་རྟོགས་སུ་བཤད་པའི་ཕྱིར། དེ་ཉིད་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱང་ཡིན་ཏེ། བསྟན་བཅོས་ལས་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་བཤད་པའི་ཕྱིར། མཚོན་ཚུལ་ནི་འབྲས་བུ་བྱང་ཆུབ་ཀྱི་མངོན་རྟོགས་ཀྱི་རྒྱུ་ཐེག་ཆེན་སྦྱོར་བ་རང་སྐྱེད་བྱེད་དུ་མཚོན་པ་ཡིན་ཏེ། སངས་རྒྱས་སའི་མཁྱེན་གསུམ་གྱི་རྟོགས་པ་མཚན་གཞི་མཁྱེན་གསུམ་གྱི་སྦྱོར་བ་རང་སྐྱེད་བྱེད་དུ་མཚོན། རང་རྒྱུ་མཁྱེན་གསུམ་གྱི་སྦྱོར་བ་སྒོམ་པ་ལས་བྱུང་བའི་མཐར་ཐུག་གི་རྟོགས་པ་ཡིན་པ་དེའང་སོ་སོར་ཕྱེ་ནས། སངས་རྒྱས་ཀྱི་གཞི་ཤེས་ཀྱི་རྟོགས་པ་མཚན་གཞི་ཞེས་སོགས་སྦྱོར་རོ། །དེ་དང་ཆ་འདྲ་བར། མཁན་ཆེན་པ་ན་རེ། ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་གྱུར་པའི་ཤེས་ཁྱད་བྱེད་གསུམ་གྱི་རང་རྒྱུ་རྣམ་རྫོགས་སྦྱོར་བའི་འབྲས་བུར་གྱུར་པའི་ཤེས་ཁྱད་བྱེད་གསུམ་ཡིན་ལ། ས་མཚམས་ནི་ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་སའི་བར་ན་ཡོད། མཚོན་ཚུལ་ནི་རང་རྒྱུ་རྣམ་རྫོགས་སྦྱོར་བའི་འབྲས་བུར་གྱུར་པའི་ཤེས་ཁྱད་བྱེད་གསུམ་མཚན་གཞི། རང་རྒྱུད་རྣམ་རྫོགས་སྦྱོར་བའི་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དུ་མཚོན། རང་རྒྱུ་རྣམ་རྫོགས་སྦྱོར་བའི་ནུས་པ་མཚོན་པར་བྱེད་པའི་རྟོགས་པ་ཡིན་པ། སྐབས་འདིར་བསྟན་གྱི་ངོ་བོ་ཉིད་མཚན་བཅུ་དྲུག་ཆོས་ཅན། ལས་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་ཡིན་ཏེ། རྣམ་རྫོགས་སྦྱོར་བ་མཚོན་བྱ་ལྟ་བུར་མཚོན་པར་བྱེད་པའི་རྟོགས་པ་ཡིན་པའི་ཕྱིར་ཞེས་གསུང་། དང་པོར་བུ་གསོན་ཅིག ཤཱཀྱ་ཐུབ་པའི་རྒྱུད་ཀྱི་མཁྱེན་གསུམ་གྱི་རྟོགས་པ་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བ་རང་སྐྱེད་བྱེད་དུ་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། མཁྱེན་གསུམ་གྱི་སྦྱོར་བ་ཆོས་ཅན། དེ་སྐྱེད་བྱེད་མིན་པར་ཐལ། དེའི་རྗེས་སུ་བྱུང་བའི་སངས་རྒྱས་འཕགས་པའི་མཁྱེན་གསུམ་གྱི་རྟོགས་པ་སྐྱེད་བྱེད་ཡིན་པའི་ཕྱིར། མ་གྲུབ་ན། དེའི་རྒྱུད་ཀྱི་མཁྱེན་གསུམ་གྱི་རྟོགས་པ་ཆོས་ཅན། མཁྱེན་གསུམ་གྱི་སྦྱོར་བ་རང་སྐྱེད་བྱེད་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། གཟུགས་སྐུ་གཉིས་ཀྱང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། མཁྱེན་གསུམ་གྱི་སྦྱོར་བའི་རྣམ་སྨིན་མཐར་ཐུག་ཡིན་པའི་ཕྱིར། རང་རྒྱུ་མཁྱེན་གསུམ་གྱི་སྦྱོར་བ་སྒོམ་པ་ལས་བྱུང་བའི་མཐར་ཐུག་གི་རྟོགས་པ་ཆོས་ཅན། ཁྱོད་མཁྱེན་གསུམ་གྱི་སྦྱོར་བའི་མཚན་ཉིད་མིན་པར་ཐལ། ཁྱོད་དེ་དང་རྫས་གཞན་ཡིན་པའི་ཕྱིར། དེར་ཐལ། ཁྱོད་དེར་འབྲས་བུར་གྱུར་པའི་རྟོགས་པ་ཡིན་པའི་ཕྱིར། གཞན་ཡང་བྱང་ཆུབ་སེམས་དཔའ་དེ་དེ་ཡིན་པར་ཐལ། མདོ་སྡུད་པ་ལས། དེ་ལྟར་བཤད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔས་དེ་བཞིན་ཉིད་འདི་རྗེས་སུ་རྟོགས། །དེའི་ཕྱིར་དེ་བཞིན་གཤེགས་ཞེས་སངས་རྒྱས་མཚན་གསོལ་ཏོ། །ཞེས་གསུངས་པའི་ཕྱིར། ཆོས་རྗེ་གཡག་པ་གསོན་ཅིག རྣམ་རྫོགས་སྦྱོར་བའི་འབྲས་བུར་གྱུར་པའི་ཤེས་ཁྱད་བྱེད་གསུམ་ཆོས་ཅན། རང་རྒྱུ་རྣམ་རྫོགས་སྦྱོར་བའི་མཚན་ཉིད་མིན་པར་ཐལ། ཁྱོད་དང་དེ་གཉིས་མཚན་གཞི་གཅིག་གི་སྟེང་དུ་གཞི་མཐུན་དུ་འདུ་བ་མི་སྲིད་པའི་ཕྱིར། ཡང་དེ་ཆོས་ཅན། རང་རྒྱུ་རྣམ་རྫོགས་སྦྱོར་བའི་ནུས་པའི་མཚན་ཉིད་ཡིན་པར་ཐལ། དེ་མཚོན་བྱེད་ཡིན་པའི་ཕྱིར། རྟགས་ཁས། ཡང་རྣམ་རྫོགས་སྦྱོར་བ་རྒྱུད་ལྡན་ཡིན་ན་དེའི་མཚན་ཉིད་དུ་གྱུར་པའི་ཤེས་ཁྱད་བྱེད་གསུམ་པོ་རྒྱུད་ལྡན་ཡིན་དགོས་པར་ཐལ། རྣམ་རྫོགས་སྦྱོར་བའི་མཚན་ཉིད་དུ་གྱུར་པའི་ཤེས་ཁྱད་བྱེད་གསུམ་གྱི་ས་མཚམས་ཐེག་ཆེན་ཚོགས་ལམ་ནས་སངས་རྒྱས་སའི་བར་དུ་འཇོག་པ་འཐད་པའི་ཕྱིར། འདོད་ན། ཁས་བླངས་ཏེ། རྣམ་རྫོགས་སྦྱོར་བ་སྐད་ཅིག་མ་དང་པོ་ལ་གནས་པའི་བྱང་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དེའི་མཚན་ཉིད་དུ་གྱུར་པའི་ཤེས་ཁྱད་བྱེད་གསུམ་ཆོས་ཅན། རང་རྒྱུ་རྣམ་རྫོགས་སྦྱོར་བ་སྔོན་སོང་ཡིན་པར་ཐལ། དེའི་འབྲས་བུར་གྱུར་པའི་རྟོགས་པ་ཡིན་པའི་ཕྱིར། རྟགས་ཁས། གཉིས་པ་ལ། གཞུང་ལས་ཇི་ལྟར་བསྟན་པའི་ཚུལ། དེ་ལྟར་བསྟན་པའི་མཚོན་ཚུལ་གཉིས་ལས། དང་པོ་ནི། རྣམ་པ་སྦྱོར་བར་བཅས་རྣམས་དང་། །ཞེས་པའི་སྐབས་སུ། སྦྱོར་བ་དེ་མཁྱེན་གསུམ་ཐོས་བསམ་གྱི་གཏན་ལ་ཕབ་པའི་དོན་རྣམ་པར་བསྡུས་ནས་སྒོམ་པའི་སྦྱོར་བ་ཡིན་ཞེས་སྟོན་པ་ལ། བསྒོམ་བྱའི་རྣམ་པ་ནི་དུ། སྒོམ་པར་བྱེད་པའི་སྦྱོར་བ་དུ་ཡོད་ཅེ་ན། དང་པོ་ལ། བརྒྱ་བདུན་ཅུ་རྩ་གསུམ་དང་། ཕྱི་མ་ལ་ཉི་ཤུ་ཡོད་དོ་ཞེས་སྟོན་པ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །ཞེས་སོགས་རྣམ་པ་སྟོན་པར་བྱེད་པའི་གཞུང་རྣམས་དང་། གཟུགས་ལ་སོགས་ལ་མི་གནས་ཕྱིར། །ཞེས་སོགས་སྦྱོར་བ་སྟོན་པར་བྱེད་པའི་གཞུང་རྣམས་སོ། །འོ་ན་སྒོམ་བྱེད་སྦྱོར་བ་དེས་བསྒོམ་བྱ་རྣམ་པ་སྒོམ་པའི་གནས་སྐབས་སུ་ཐོབ་པའི་ཕན་ཡོན་ནི་གང་། དེ་སྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་སྐྱོན་ནི་གང་། སྦྱོར་བ་དེ་རྣམས་གཏན་ལ་འབེབས་པར་བྱེད་པའི་མཚན་ཉིད་གང་ཞེ་ན། དེ་རྣམས་རིམ་བཞིན་སྟོན་པ་ནི། ཡོན་ཏན་དང་། སྐྱོན་དང་། མཚན་ཉིད་ཀྱི་གཞུང་རྣམས་སོ། །འོ་ན་མཚན་ཉིད་སྟོན་པར་བྱེད་པའི་གཞུང་རྣམས་ཀྱིས་ཐེག་ཆེན་གྱི་སྦྱོར་བ་ཇི་ལྟར་གཏན་ལ་འབེབས་ཤེས་ན། སྤྱིར་ཐེག་ཆེན་གྱི་སྦྱོར་བ་ནི་ཐབས་ཤེས་ཟུང་འཇུག་ཡིན་པས། ཤེས་རབ་རྟོགས་པའི་ཆ་ནི་ཤེས་མཚན་གྱིས་སྟོན། ཐབས་ཕྲིན་ལས་ཀྱི་ཆ་བྱེད་མཚན་གྱི་སྟོན། མཚོན་བྱ་སྦྱོར་བ་རང་གི་ངོ་བོ་ནི་ངོ་བོ་ཉིད་མཚན་གྱིས་སྟོན། དེ་ལྟ་བུའི་སྦྱོར་བ་དེ་ཐེག་དམན་ལས་རྟོགས་རིགས་ཁྱད་པར་དུ་འཕགས་པ་ཡིན་པས་ཐེག་ཆེན་ཁོ་ན་ལ་ཡོད་དོ་ཞེས་པ་ནི་ཁྱད་མཚན་གྱིས་སྟོན། ཐེག་ཆེན་གྱི་སྦྱོར་བ་དེའང་སྔར་ཐོས་བསམ་གྱིས་གཏན་པ་ཕབ་པའི་ཚེ་ནའང་མཁྱེན་གསུམ་གཏན་ལ་ཕབ། དེ་རྣམ་པར་བསྡུ་བའི་ཚེ་ནའང་མཁྱེན་གསུམ་གྱི་རྣམ་པ་གསུམ་དུ་བསྡུས་པས། སྒོམ་བྱེད་ཀྱི་སྦྱོར་བ་ལའང་མཁྱེན་གསུམ་གྱི་རྣམ་པ་གསུམ་འབྱུང་བ་ནི་སྐབས་ཀྱི་དོན་ཡིན་ལ། དེ་རེ་རེ་ལའང་ཤེས་རབ་དང་། ཐབས་དང་། མཚོན་བྱ་སྦྱོར་བ་རང་གི་ངོ་བོ་གསུམ་གསུམ་དུ་གནས་པས་ཤེས་མཚན། བྱེད་མཚན། ངོ་བོ་ཉིད་མཚན་གསུམ་གྱི་སྐབས་སུ་མཁྱེན་པ་གསུམ་གསུམ་དུ་ས་མཚམས་སོ་སོར་བཅད་པའི་གནད་ཀྱང་འདི་ཡིན་ནོ། །ཁྱད་མཚན་གྱིས་ནི་ཐེག་དམན་ལས་ཁྱད་པར་དུ་འཕགས་པ་ཙམ་ཞིག་མཚོན་པར་བྱེད་པས་རྟོགས་རིགས་གཅིག་གིས་མཚོན་ནུས་པའི་ཕྱིར་ན། མཁྱེན་གསུམ་གྱི་སྦྱོར་བ་སོ་སོར་མ་བཅད་པའོ། །དེས་ན་ཤེས་མཚན་ཞེས་པའི་ཤེས་པ་དང་། མཚན་ཉིད་གཞི་མཐུན་བསྡུས་པ་ཡིན་གྱི། དེ་གཉིས་རྒྱུ་འབྲས་ཀྱང་མིན་ཞིང་། ཤེས་པ་མཚོན་བྱར་བྱས་ནས་དེའི་མཚན་ཉིད་ལ་ཤེས་མཚན་དུ་གཞག་པའང་མ་ཡིན་ནོ། །མདོར་ན་ཐེག་ཆེན་སྦྱོར་བའི་རྟོགས་པའི་ཆ་ལ་ཤེས་མཚན། ཐབས་ཀྱི་ཆ་ལ་བྱེད་མཚན་དུ་འཇོག་ཅིང་། དེ་གཉིས་ངོ་བོ་གཏན་ལ་འབེབས་པའི་མཚན་ཉིད་ཡིན་པས། སྔར་སྦྱོར་བ་ཉི་ཤུ་གསུངས་པ་དེ་རྣམས་ཀྱང་རང་བཞིན་གྱི་སྦྱོར་བ་ལྔར་འདུས། དེའང་ཟབ་པ་དང་། གཏིང་དཔག་དཀའ་བ་དང་། ཚད་མེད་པའི་སྦྱོར་བ་གསུམ་དུ་འདུས་པ་ནི་མཚན་གཞི་ཡིན་ལ། ཐེག་ཆེན་གྱི་སྦྱོར་བའི་བྱེ་བྲག་ཕྱེ་ན། གཞི་ཤེས་ཀྱི་སྦྱོར་བ་སོགས་གསུམ་ནི་མཚོན་བྱ་ཡིན་ཞིང་། དེ་ནི་ངོ་བོ་ཉིད་མཚན་གྱིས་སྟོན་ནོ། །ཐབས་ཤེས་ཟུང་འཇུག་གི་རྣལ་འབྱོར་གྱི་བྱེ་བྲག་ཕྱེ་ན། གཞིའི་གནས་ལུགས་རྟོགས་པའི་རྟོགས་པ་དང་། ཕན་བདེ་སྐྱོབ་པའི་བྱེད་པ་གསུམ་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ལ་སོགས་པ་གསུམ་ནི་དོན་ལྡོག་མཚན་ཉིད་ཡིན་ལ། དེ་ནི་ཤེས་མཚན་དང་བྱེད་མཚན་གྱི་གཞུང་རྣམས་ཀྱིས་སྟོན་ནོ། །ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ནི་ཐེག་དམན་ལས་ཁྱད་པར་དུ་འཕགས་པར་མཚོན་བྱེད་ཡིན་ལ། དེ་ནི་ཁྱད་མཚན་གྱི་གཞུང་རྣམས་ཀྱིས་སྟོན་ནོ། །གཉིས་པ་ནི། ཟབ་པ་དང་། གཏིང་དཔག་དཀའ་བ་དང་། ཚད་མེད་པའི་སྦྱོར་བ་གསུམ་མཚན་གཞི་ཐེག་ཆེན་གྱི་སྦྱོར་བ་ཡིན་པར་མཚོན། ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། སོ་སོར་ཕྱེ་ན། ཟབ་པའི་སྦྱོར་བ་མཚན་གཞི་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ཡིན་པར་མཚོན། ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་ལ་སོགས་པ་གཞིའི་གནས་ལུགས་རྟོགས་པའི་རྟོགས་པ་དང་ཕན་པ་ལ་སོགས་པའི་བྱེད་པ་གསུམ་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། གཏིང་དཔག་དཀའ་བའི་སྦྱོར་བ་མཚན་གཞི་ལམ་ཤེས་ཀྱི་སྦྱོར་བ་ཡིན་པར་མཚོན། རྣམ་ཐར་སྒོ་གསུམ་ལ་སོགས་པ་ལམ་གྱི་གནས་ལུགས་རྟོགས་པའི་རྟོགས་པ་དང་སྐྱབས་གནས་ལ་སོགས་པའི་བྱེད་པ་བདུན་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། ཚད་མེད་པའི་སྦྱོར་བ་མཚན་གཞི་རྣམ་མཁྱེན་གྱི་སྦྱོར་བ་ཡིན་པར་མཚོན། མཐོང་ཆོས་ལ་བདེ་གནས་སོགས་རྣམ་པའི་གནས་ལུགས་རྟོགས་པའི་རྟོགས་པ་དང་རྟེན་གྱི་མཛད་པ་གཅིག་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། མཁྱེན་གསུམ་གྱི་སྦྱོར་བ་མཚན་གཞི་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བ་ཡིན་པར་མཚོན། བསམ་གྱིས་མི་ཁྱབ་པ་སོགས་ཆོས་ཀྱི་བདག་མེད་རྟོགས་པའི་སེམས་དཔའི་རྣལ་འབྱོར་ཡིན་པ། གཞུང་འདི་དག་གི་དོན་འདི་བཞིན་དུ་བསྟན་ན་འབད་པ་ཆུང་ངུས་བདེ་བླག་ཏུ་རྟོགས་པར་འགྱུར་གྱི། ནོར་བུ་རྒྱ་མཚོར་ཡོད་པ་ལ་རི་སྐམ་གྱི་རྩེ་ལ་མ་ཚོལ་ཞིག གསུམ་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད་ལ་ཐེག་ཆེན་སྦྱོར་བའི་ནུས་པ་མཚོན་བྱར་བྱེད་པའི་རྟོགས་པ་ཞེས་དང་། ཡང་ཐེག་ཆེན་སྦྱོར་བའི་མཚན་གཞིའི་སྟེང་དུ་མིང་དང་མིང་ཅན་གྱི་འབྲེལ་བ་གྲུབ་ཟིན་དྲན་པར་བྱེད་པའི་ཐེག་ཆེན་སྦྱོར་བའི་ཁྱད་པར་བྱེད་ཆོས་ཟེར་རོ། །དང་པོ་ལ། ཐེག་ཆེན་སྦྱོར་བའི་ངོ་བོ་ཉིད་མཚན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་བའི་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དུ་ཐལ་ལོ། །གཉིས་པ་ལ་གཞི་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཐེག་ཆེན་སྦྱོར་བའི་ཤེས་མཚན་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་སྦྱོར་བའི་ཁྱད་པར་བྱེད་ཆོས་སུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཐེག་ཆེན་གྱི་སྦྱོར་བས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་དེའི་ཁྱད་ཆོས་སུ་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་མིན་པར་ཐལ། ཐེག་དམན་གྱི་སྦྱོར་བ་ལའང་རྟོགས་རིགས་དེ་ལྡན་པའི་ཕྱིར། ཁོ་ན་རེ། ཐེག་ཆེན་སྦྱོར་བས་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཆོས་ཅན། དེའི་ཁྱད་ཆོས་སུ་ཐལ། དེ་ཁོ་ན་ལ་ལྡན་པའི་རྟོགས་པ་ཡིན་པའི་ཕྱིར་ཞེ་ན། སངས་རྒྱས་སའི་དྲན་པ་ཉེར་གཞག་དེ་ཆོས་ཅན། ཐུན་མོང་མིན་པའི་རྣམ་མཁྱེན་གྱི་རྣམ་པར་ཐལ། དེ་ཁོ་ན་ལ་ལྡན་པའི་རྟོགས་པ་ཡིན་པའི་ཕྱིར། མཁན་ཆེན་པ་ན་རེ། ཐེག་ཆེན་སྦྱོར་བའི་ནུས་པ་མཚོན་པར་བྱེད་པའི་འབྲས་བུ་དེ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཀྱི་མཚན་ཉིད། དེ་ལྟར་བྱེད་པའི་རྟོགས་པ་དེ་དེའི་ཤེས་མཚན་གྱི་མཚན་ཉིད། དེ་ལྟར་བྱེད་པའི་ཐེག་ཆེན་སྦྱོར་བའི་ཁྱད་པར་འཕགས་ཆོས་དེ་དེའི་ཁྱད་མཚན་གྱི་མཚན་ཉིད། དེ་ལྟར་བྱེད་པའི་ཕྲིན་ལས་དེ་དེའི་བྱེད་མཚན་གྱི་མཚན་ཉིད། དེའི་མཚན་ཉིད་དུ་གྱུར་པའི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་གཞིར་གྱུར་པའི་བྱེད་ཆོས་དེ་ངོ་བོ་ཉིད་མཚན་གྱི་མཚན་ཉིད་ཡིན་ཞེས་གསུངས་སོ། །མཚན་ཉིད་དང་པོ་ལ། ཐེག་ཆེན་སློབ་པའི་རྒྱུད་ལ་ཐེག་ཆེན་སྦྱོར་བའི་མཚན་ཉིད་མེད་པར་ཐལ། དེའི་མཚན་ཉིད་ཡིན་ན་དེའི་འབྲས་བུ་ཡིན་དགོས་པའི་ཕྱིར། གཉིས་པ་ལ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་ལམ་ཤེས་སྦྱོར་བའི་ཤེས་མཚན་བཅུ་དྲུག་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་རྣམ་རྫོགས་སྦྱོར་བའི་ནུས་པ་མཚོན་པར་བྱེད་པའི་རྟོགས་པ་ཡིན་ན་རྣམ་རྫོགས་སྦྱོར་བའི་ནུས་པ་མཚོན་པར་བྱེད་པའི་རྟོགས་པ་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དེའི་ནུས་པ་མཚོན་པར་བྱེད་པའི་རྟོགས་པ་ཡིན་ན་དེའི་འབྲས་བུ་ཡིན་པས་ཁྱབ་པར་ཁས་བླངས་པའི་ཕྱིར། འདོད་ན། བྱང་སེམས་སྦྱོར་ལམ་པའི་རྣམ་རྫོགས་སྦྱོར་བའི་འབྲས་བུ་ཡིན་ན་རྣམ་རྫོགས་སྦྱོར་བའི་འབྲས་བུ་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་ཁས། འདོད་ན། བྱང་སེམས་ཀྱི་མཐོང་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། གསུམ་པ་ལ། རྣམ་རྫོགས་སྦྱོར་བའི་ནུས་པ་མཚོན་པར་བྱེད་པའི་ཐེག་ཆེན་སྦྱོར་བའི་ཁྱད་པར་འཕགས་ཆོས་ཡིན་ན་རྣམ་རྫོགས་སྦྱོར་བའི་འབྲས་བུ་ཡིན་དགོས་པར་ཐལ། རྣམ་རྫོགས་སྦྱོར་བའི་ཁྱད་མཚན་ཡིན་ན་དེ་ཡིན་དགོས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། ཐེག་ཆེན་སྦྱོར་བ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་པར་བྱེད་པའི་ཁྱད་པར་འཕགས་ཆོས་ཡིན་ན་ཐེག་ཆེན་སྦྱོར་བའི་འབྲས་བུ་ཡིན་དགོས་པར་ཐལ་ལོ། །འདོད་ན། ཐེག་ཆེན་སྦྱོར་བའི་ངོ་བོར་གྱུར་པའི་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། བཞི་པ་ལ་ཡང་སྔ་མ་ལ་དཔག་སྟེ་ཤེས་པར་བྱའོ། །ལྔ་པ་ལ། ངོ་བོ་ཉིད་མཚན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བྱེད་སྒྲུབ་ཏུ་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། མཚོན་བྱེད་ཡིན་ན་བྱེད་སྒྲུབ་ཡིན་དགོས་པའི་ཕྱིར། གཉིས་པ་ལ། ཐེག་ཆེན་སྦྱོར་བའི་མཚན་ཉིད་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཐེག་ཆེན་གྱི་སྦྱོར་བ་མཚོན་པའི་ཆེད་དུ་བཀོད་པའི་བྱེད་སྒྲུབ་དང་ལས་སྒྲུབ་གང་རུང་གིས་བསྡུས་པའོ། །གཉིས་པ་ལ་ཐེག་ཆེན་སྦྱོར་བའི་ཤེས་མཚན། དེའི་ཁྱད་མཚན། དེའི་བྱེད་མཚན། དེའི་ངོ་བོ་ཉིད་མཚན་དང་བཞི། དང་པོའི་མཚན་ཉིད། ཐེག་ཆེན་སྦྱོར་བས་གཞི་ལམ་རྣམ་གསུམ་གང་རུང་གི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་གཞི་ཤེས་ཀྱི། ལམ་ཤེས་ཀྱི། རྣམ་མཁྱེན་གྱི་སྦྱོར་བའི་ཤེས་མཚན་གསུམ། དང་པོའི་མཚན་ཉིད། གཞི་ཤེས་སྦྱོར་བས་གཞིའི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་གཞི་ཤེས་སྦྱོར་བའི་ཡུམ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་ལ་སོགས་པའི་ཤེས་པ་བཅུ་དྲུག གཉིས་པའི་མཚན་ཉིད། ལམ་ཤེས་སྦྱོར་བས་ལམ་གྱི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་ལམ་ཤེས་སྦྱོར་བས་རྣམ་ཐར་སྒོ་གསུམ་རྟོགས་པ་ལ་སོགས་པ་ཤེས་པ་བཅུ་དྲུག གསུམ་པའི་མཚན་ཉིད། རྣམ་མཁྱེན་སྦྱོར་བས་རྣམ་པའི་གནས་ལུགས་རྟོགས་པའི་ཁྱད་པར། དབྱེ་ན་རྣམ་མཁྱེན་སྦྱོར་བས་མཐོང་ཆོས་ལ་བདེར་གནས་ཤེས་པ་སོགས་ཤེས་པ་བཅུ་དྲུག ཁྱད་མཚན་གྱི་མཚན་ཉིད། རང་གང་ལ་ལྡན་པའི་ཐེག་ཆེན་སྦྱོར་བ་དེ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་ནུས་པའི་ཐེག་ཆེན་སྦྱོར་བའི་ཁྱད་པར་བྱེད་ཆོས། དབྱེ་ན་ཆོས་ཀྱི་བདག་མེད་རྟོགས་པའི་བློ་བསམ་དུ་མེད་པ་སོགས་ཁྱད་པར་བཅུ་དྲུག བྱེད་མཚན་གྱི་མཚན་ཉིད། ཐེག་ཆེན་སྦྱོར་བས་གཞན་དོན་སྒྲུབ་པའི་ཆར་གྱུར་པའི་མཛད་པ་ཕྲིན་ལས། དབྱེ་ན་གཞི་ཤེས། ལམ་ཤེས། རྣམ་མཁྱེན་སྦྱོར་བའི་བྱེད་མཚན་དང་གསུམ། མཚན་ཉིད་རིམ་བཞིན། དེ་དང་དེས་གཞན་དོན་སྒྲུབ་པའི་ཆར་གྱུར་པའི་མཛད་པ་ཕྲིན་ལས། དབྱེ་ན་དང་པོ་ལ་གཞི་ཤེས་སྦྱོར་བས་གདུལ་བྱ་ལ་ཕན་པ་སྒྲུབ་པ་སོགས་བྱེད་པ་གསུམ། གཉིས་པ་ལ་ལམ་ཤེས་སྦྱོར་བས་གདུལ་བྱའི་སྐྱབས་མཛད་པ་སོགས་བྱེད་པ་བདུན། གསུམ་པ་ལ་རྣམ་མཁྱེན་སྦྱོར་བས་རྟེན་གྱི་མཛད་པ་གཅིག་ཏུ་ངེས་སོ། །ངོ་བོ་ཉིད་མཚན་གྱི་མཚན་ཉིད། ཤེས་ཁྱད་བྱེད་གསུམ་གྱི་མཚོན་པར་བྱ་བའི་གཞིར་གྱུར་པའི་ཐེག་ཆེན་སྦྱོར་བའི་ལས་སྒྲུབ། དབྱེ་ན་གཞི་ཤེས། ལམ་ཤེས། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་མཚན་དང་གསུམ། མཚན་ཉིད་རིམ་བཞིན། དེ་དང་དེའི་ཤེས་ཁྱད་བྱེད་གསུམ་གྱིས་མཚོན་པར་བྱ་བའི་གཞིར་གྱུར་པའི་དེ་དང་དེའི་ལས་སྒྲུབ། དབྱེ་ན། དང་པོ་ལ་ཉོན་མོངས་པས་དབེན་པའི་ངོ་བོ་ཉིད་སོགས་བཞི། གཉིས་པ་ལ་བྱ་དཀའ་བའི་ངོ་བོ་ཉིད་སོགས་ལྔ། གསུམ་པ་ལ་དམིགས་པའི་ངོ་བོ་ཉིད་སོགས་བདུན་ཡོད་དོ། །གསུམ་པ་རྩོད་པ་སྤང་བ་ལ། ཁ་ཅིག ཤེས་མཚན་ཆོས་ཅན། བྱེད་སྒྲུབ་མིན་པར་ཐལ། ལས་སྒྲུབ་ཡིན་པའི་ཕྱིར། འདོད་ན། ཤེས་ཁྱད་བྱེད་གསུམ་པོ་བྱེད་སྒྲུབ་ཡིན་པར་བུད་ཟེར་ན། ཚུལ་གསུམ་པོ་དེ་བྱེད་སྒྲུབ་མིན་པར་ཐལ། ཕྱོགས་ཆོས་བྱེད་སྒྲུབ་མིན་པའི་ཕྱིར། ཁྱབ་པ་ཁས། ཡང་ཐེག་ཆེན་སྦྱོར་བའི་བྱེད་སྒྲུབ་ཀྱི་དབང་དུ་བྱས་པའི་མཚན་ཉིད་དེ་ལ་རྣམ་པ་གསུམ་དུ་མེད་པར་ཐལ། ཤེས་མཚན་བྱེད་སྒྲུབ་མིན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ཤེས་མཚན་གྱི་རང་ལྡོག་ལས་སྒྲུབ་ཡིན་ཞིང་། དོན་ལྡོག་བྱེད་སྒྲུབ་ཡིན་པའི་ཕྱིར། དེས་ཁྱད་མཚན་སོགས་ཀྱི་རྩོད་སྤང་ཡང་རྟོགས་པར་འགྱུར་རོ། །བཞི་པ་གཞུང་སོ་སོའི་དོན་ལ་དཔྱད་པ་ལ། དེ་བཞིན་གཤེགས་པ་འབྱུང་བ་དང་། །ཞེས་པའི་སྐབས་སུ། ཤེས་མཚན་མཚན་ཉིད་ཡིན་མིན་ལ་དཔྱད་པ་དང་། ཐེག་དམན་ལ་ཤེས་མཚན་ཡོད་མེད་ལ་དཔྱད་པ་གཉིས་ལས། དང་པོ་ལ། ཁ་ཅིག དེ་མཚན་ཉིད་མིན་ཏེ། དེའི་མཚན་ཉིད་ཡོད་པའི་ཕྱིར། ཡང་དེ་མཚན་ཉིད་ཡིན་ན། དེ་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་འགྱུར་ཞིང་། འདོད་ན། ངོ་བོ་ཉིད་མཚན་ཆོས་ཅན། ཤེས་མཚན་དུ་ཐལ། ཐེག་ཆེན་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་པ་དངོས་ཞེས་བཀག་ནས། རང་ལུགས་ལ། དེ་མཚོན་བྱ་ཁོ་ན་ཡིན་ཞིང་དེའི་མཚན་ཉིད་ནི་ཐེག་ཆེན་སྦྱོར་བ་རང་དོན་རྟོགས་པའི་ཡོན་ཏན་དང་ལྡན་པར་མཚོན་པར་བྱེད་པའི་རྟོགས་པ་ཞེས་ཟེར་རོ། །འོ་ན་ཁྱོད་རང་གིས་གཞག་པའི་མཚན་ཉིད་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རེ་ཞིག་སོང་། དེ་ཆོས་ཅན། ཐེག་ཆེན་སྦྱོར་བ་རང་དོན་རྟོགས་པའི་ཡོན་ཏན་དང་ལྡན་པར་མཚོན་པར་བྱེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། རི་རྭ་ཆོས་ཅན། ཐེག་ཆེན་སྦྱོར་བ་རང་དོན་རྟོགས་པའི་ཡོན་ཏན་དང་ལྡན་པར་མཚོན་པར་བྱེད་པའི་རྟོགས་པ་ཡིན་པར་ཐལ། ཐེག་ཆེན་སྦྱོར་བ་རང་དོན་རྟོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར། ཁྱབ་པ་ཁྱོད་རང་ལྟར་ན་དངོས་འགལ། ཡང་ཤེས་མཚན་དེ་ཐེག་ཆེན་སྦྱོར་བའི་མཚན་ཉིད་ཡིན་པར་ཐལ། ཐེག་ཆེན་སྦྱོར་བའི་ཤེས་པ་བཅུ་དྲུག་ཕྲག་གསུམ་པོ་དེ་ཤེས་མཚན་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཅིག ཐེག་དམན་ལ་ཤེས་མཚན་ཡོད་པར་ཐལ། དེ་ལ་གཞི་ཤེས་སྦྱོར་བའི་ཤེས་མཚན་ཡོད་པའི་ཕྱིར་ཏེ། དེ་ལ་གཞི་ཤེས་སྦྱོར་བ་ཡོད་པའི་ཕྱིར་ཏེ། དེ་ལ་གཞི་ཤེས་ཡོད་པའི་ཕྱིར་ཞེ་ན། ཐེག་དམན་ལ་གཞི་ཤེས་ཀྱི་རྣམ་པ་ཀུན་མངོན་པར་རྫོགས་པའི་སྦྱོར་བ་ཡོད་པར་ཐལ། དེ་ལ་གཞི་ཤེས་ཀྱི་སྦྱོར་བ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ལ་རྣམ་རྫོགས་སྦྱོར་བ་ཡོད་པར་ཐལ་ལོ། །བསམ་མི་ཁྱབ་སོགས་ཁྱད་པར་གྱིས། །ཞེས་པའི་སྐབས་སུ། གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་ཡོད་མེད་དཔྱད། ཁྱད་མཚན་མཐོང་ལམ་ཁོ་ན་ལ་སྦྱོར་བའི་རྒྱུ་མཚན་ལ་དཔྱད་པ་དང་གཉིས་ལས། དང་པོ་ལ། འཕགས་པ་ལྟར་ན། མཁྱེན་པ་གསུམ་ཀའི་སྦྱོར་བ་ལ་ཁྱད་མཚན་ཡོད་པར་བཞེད། སློབ་དཔོན་གྱིས་ལམ་ཤེས་སྦྱོར་བ་དང་། རྣམ་མཁྱེན་སྦྱོར་བ་ལ་ཡོད་ཀྱི། གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མེད་པར་གསུངས་སོ། །དེ་ལ་ཁ་ཅིག འཕགས་སེང་གཉིས་དགོངས་པ་མི་འགལ་ཏེ། གཉིས་ཀས་ཀྱང་ཐེག་དམན་གྱི་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མེད་པར་མཚུངས། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ལ་དེ་ཡོད་པར་འདོད་པར་མཚུངས་པའི་ཕྱིར་ཟེར་རོ། །མི་འཐད་དེ། སློབ་དཔོན་གྱི་ལུགས་ལ། ཤེས་མཚན་དང་ལྡན་པའི་སྦྱོར་བ་ཡིན་ན་ཁྱད་མཚན་དང་ལྡན་པའི་སྦྱོར་བ་ཡིན་དགོས་པར་ཐལ། དེའི་ལུགས་ལ་ཐེག་ཆེན་གྱི་སྦྱོར་བ་ཡིན་ན་ཁྱད་མཚན་དང་ལྡན་པས་ཁྱབ་པའི་ཕྱིར། འདོད་ན། དེའི་ལུགས་ལ། མཁྱེན་གསུམ་གྱི་སྦྱོར་བ་ལ་ཤེས་མཚན་ཡོད་མེད་ཀྱི་ཁྱད་པར་མེད་པ་དང་། ཁྱད་མཚན་ཡོད་མེད་ཀྱི་ཁྱད་པར་ཡོད་པ་དེ་མི་འཐད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། འགྲེལ་པ་ལས། དེ་ལྟར་བར་སྐབས་ཀྱི་ཚིགས་སུ་བཅད་པ་དགུས་ཤེས་པའི་མཚན་ཉིད་སྤྱིའི་ངོ་བོ་ཉིད་དུ་བརྗོད་ནས། ཤེས་པའི་རྣམ་པས་ཡོངས་སུ་དཔྱད་པ་རྣམས་ཀྱི་ཁྱད་པར་ཤེས་པར་བྱ་བ་ཡིན་པས་ཞེས་གསུངས་པ་དང་འགལ་ལོ། །ཁ་ཅིག དེ་གཉིས་དགོངས་པ་འགལ་ཡང་འཕགས་པའི་བཞེད་པ་ལྟར་སྦྱོར་བ་གསུམ་ཀ་ལ་ཁྱད་མཚན་ཡོད་པར་མཚུངས་ཏེ། སྦྱོར་བ་གསུམ་ཀ་ཐེག་ཆེན་གྱི་སྦྱོར་བའི་ངོ་བོ་གཅིག་ཉིད་ལ་ལྡོག་པའི་སྒོ་ནས་ཐ་དད་དུ་ཕྱེ་བ་ཡིན་པའི་ཕྱིར་ཞེས་གསུངས། ཅུང་ཟད་དཔྱད་དུ་ཡོད་དེ། འོ་ན་ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་དང་ལམ་ཤེས་སྦྱོར་བ་གཉིས་ཀ་ལ་རྣམ་ཐར་སྒོ་གསུམ་རྟོགས་པ་སོགས་ལམ་གྱི་གནས་ལུགས་རྟོགས་པའི་རྟོགས་རིགས་ཡོད་པར་ཐལ། དེ་གཉིས་ཀ་ཐེག་ཆེན་གྱི་སྦྱོར་བའི་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་ཐ་དད་དུ་ཕྱེ་བ་ཡིན་པའི་ཕྱིར། འདོད་ན། དེ་ལྟ་བུའི་རྟོགས་རིགས་དེ་སྦྱོར་བ་གཉིས་ཀའི་ཤེས་མཚན་དུ་ཐལ་ལོ། །སློབ་དཔོན་གྱི་དགོངས་པ་གཞིར་གཞག་པ་ལ། ཁ་ཅིག གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མ་བཤད་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ལམ་ཤེས་སྦྱོར་བར་འདུས་པ་གང་ཞིག ཐེག་དམན་གྱི་གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མེད་པའི་ཕྱིར་ཟེར་ན་འོ་ན་གཞི་ཤེས་སྦྱོར་བ་ལ་ཤེས་མཚན་བཤད་པའང་མི་འཐད་པར་ཐལ། གང་ཞིག ཐེག་དམན་གྱི་གཞི་ཤེས་སྦྱོར་བ་ལ་ཤེས་མཚན་མེད་པའི་ཕྱིར། གཞན་ཡང་། ལམ་ཤེས་སྦྱོར་བ་ལ་ཁྱད་མཚན་མ་བཤད་པ་ལ་རྒྱུ་མཚན་ཡོད་པར་ཐལ། ཐེག་ཆེན་གྱི་ལམ་ཤེས་སྦྱོར་བ་ནི་རྣམ་མཁྱེན་སྦྱོར་བར་འདུས། ཐེག་དམན་གྱི་ལམ་ཤེས་སྦྱོར་བ་ལ་ཁྱད་མཚན་མེད་པའི་ཕྱིར། ཁ་ཅིག དེ་མ་བཤད་པ་ལ་རྒྱུ་མཚན་ཡོད་དེ། ཐེག་དམན་ལ་གཞི་ཤེས་སྦྱོར་བ་ཡོད་པས། དེ་ལ་ཁྱད་མཚན་ཡོད་དམ་སྙམ་པའི་དོགས་པ་སྐྱེ་བར་འགྱུར་བའི་ཕྱིར་ཟེར། དེ་ལ་ཤེས་མཚན་གྱི་མཚུངས་པ་གཅིག་བྱའོ། །ཊཱི་ཀའི་དགོངས་པ་ནི། སྦྱོར་བ་ཕྱི་མ་གཉིས་ཁོ་ན་ལ་ཁྱད་མཚན་བཤད་པའི་རྒྱུ་མཚན་ཡོད་དེ། ཁྱད་མཚན་ནི་རང་གང་ལ་ལྡན་པའི་སྦྱོར་བ་དེ་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པར་མཚོན་པར་བྱེད་པ་གང་ཞིག དེ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བ་ཡིན་ན་ལམ་ཤེས་དང་རྣམ་མཁྱེན་གྱི་སྦྱོར་བ་གང་རུང་ཡིན་དགོས་སོ། །དེ་གཉིས་གང་རུང་ཡིན་ན་ཡང་དེ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་བ་ཡིན་དགོས་པའི་ཕྱིར། གཞི་ཤེས་སྦྱོར་བ་ལ་ཁྱད་མཚན་མ་བཤད་པའི་རྒྱུ་མཚན་ཡོད་དེ། སྔ་མ་གང་ཞིག གཞི་ཤེས་སྦྱོར་བ་ཡིན་ན་ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་དུ་འཕགས་པས་མ་ཁྱབ་པའི་ཕྱིར་རོ་ཞེས་པ་སྟེ། མི་ལྡན་རྣམ་གཅོད་ཀྱི་དོན་དང་། གཞན་ལྡན་རྣམ་གཅོད་ཀྱི་དོན་ཏོ། །ཁོ་བོའི་རྟོག་པ་ལ་ནི། ཁྱད་མཚན་བཅུ་དྲུག་ནི་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཡིན་ཅིང་། ཐེག་ཆེན་གྱི་གཞི་ཤེས་སྦྱོར་བ་ནི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཡིན་པས་རིགས་ཀྱི་ཆ་ནས་མ་བཤད་དམ་སྙམ་མོ། །གཉིས་པ་ནི། ཁ་ཅིག སྐབས་འདིར་ཐེག་ཆེན་གྱི་སྦྱོར་ལམ་གྱི་ཁྱད་མཚན་དངོས་སུ་མ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། དེའི་ཁྱད་མཚན་སྐབས་དང་པོར་བསྟན་ཟིན་པའི་ཕྱིར་དང་། འོག་ནས། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་པའི་སྐབས་སུའང་འཆད་པར་འགྱུར་བའི་ཕྱིར། ཐེག་ཆེན་གྱི་སྒོམ་ལམ་ཡང་དེར་མ་བཤད་པ་ལ་རྒྱུ་མཚན་ཡོད་དེ། དེ་འོག་ནས། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་དང་། སྐྱེ་བ་དང་ནི་འགག་པ་དང་། །ཞེས་སོགས་ཀྱི་སྐབས་སུ་འཆད་པར་འགྱུར་བའི་ཕྱིར་ཟེར་བ་མི་འཐད་དེ། མཐོང་ལམ་ལའང་མཚུངས་པའི་ཕྱིར། ཊཱི་ཀ་ལས། ཐེག་ཆེན་གྱི་མཐོང་ལམ་གྱི་ཁྱད་མཚན་དངོས་སུ་བསྟན་པས་ཐེག་ཆེན་གྱི་སྒོམ་ལམ་དང་། སྦྱོར་ལམ་གྱི་ཁྱད་མཚན་ཡང་དོན་གྱིས་གོ་བའི་ཆེད་ཡིན་ཏེ། འབྲས་བུ་ལ་ཁྱད་པར་ཡོད་ན་རྒྱུ་ལ་ཁྱད་པར་ཡོད་པ་རིགས་པའི་ཚུལ་ཡིན་པའི་ཕྱིར་དང་། རྒྱུ་ལ་ཁྱད་པར་ཡོད་ན་འབྲས་བུ་ལ་ཁྱད་པར་ཡོད་པ་རིགས་པའི་ཚུལ་ཡིན་པའི་ཕྱིར་ཞེས་གསུང་། འོ་ན་སྐབས་འདིར་ཐེག་ཆེན་གྱི་སྦྱོར་ལམ་གྱི་ཁྱད་མཚན་དངོས་སུ་བསྟན་རིགས་པར་ཐལ། རྒྱུ་ལ་ཁྱད་པར་ཡོད་ན་འབྲས་བུ་ལ་ཁྱད་པར་ཡོད་པ་རིགས་པའི་ཚུལ་ཡིན་པའི་ཕྱིར། དེས་ན་རང་ལུགས་མཐར་ཐུག་པ་ནི། སྐབས་འདིར་སྦྱོར་ལམ་དང་སྒོམ་ལམ་གཉིས་ཀྱི་ཁྱད་མཚན་དངོས་སུ་མ་བསྟན་པར་ཐེག་ཆེན་མཐོང་ལམ་གྱི་ཁྱད་མཚན་དངོས་སུ་བསྟན་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་སྦྱོར་ལམ་ནི་ཐེག་དམན་གྱི་སྦྱོར་ལམ་ལས་ཁྱད་པར་དུ་འཕགས་པར། དམིགས་པ་དང་ནི་རྣམ་པ་དང་། །ཞེས་པའི་སྐབས་སུ་བསྟན་ཅིང་། ཐེག་ཆེན་གྱི་སྒོམ་ལམ་ནི་དེ་ལས་ཁྱད་པར་དུ་འཕགས་པར། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་སོགས་སུ་དངོས་སུ་འཆད་པར་འགྱུར་བ་གང་ཞིག དེ་གཉིས་ཀྱི་བར་དུ་ཐེག་ཆེན་གྱི་མཐོང་ལམ་ཐེག་དམན་གྱི་མཐོང་ལམ་ལས་ཁྱད་པར་དུ་འཕགས་པར་གཞུང་འདིས་དངོས་སུ་བསྟན་པའི་ཕྱིར། གོང་དུ་གཞན་ལ་སྐྱོན་བརྗོད་པ་ནི་མི་མཚུངས་ཏེ། དེ་དག་ནི་སྤྱིར་སྦྱོར་ལམ་དང་སྒོམ་ལམ་གཉིས་པོ་བཤད་ཟིན་པ་དང་། འཆད་པར་འགྱུར་བ་ཙམ་རྒྱུ་མཚན་དུ་བྱས་པ་གང་ཞིག འདིར་ནི་ལམ་དེ་གསུམ་ཐེག་དམན་གྱི་ལམ་ལས་ཁྱད་པར་དུ་འཕགས་པར་དངོས་སུ་བསྟན་པའི་སྒོ་ནས་གཞག་པའི་ཕྱིར་ཏེ། ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་དང་། གང་གི་ལམ་ནི་གཞན་དག་ལས། །ཁྱད་དུ་འཕགས་པས་ཁྱད་པར་ལམ། །ཞེས་དང་། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་གསུང་ངོ་། །དེའང་གནད་ཀྱི་དོན་ནི་མངོན་པར་རྟོགས་པའི་རྒྱན་འདིར་ཐེག་ཆེན་གྱི་ལམ་ཐམས་ཅད་ཐེག་དམན་གྱི་ལམ་ལས་ཁྱད་པར་དུ་འཕགས་པར་བསྟན་དགོས་པ་ལས། ཐེག་ཆེན་གྱི་ཚོགས་ལམ་ཁྱད་པར་དུ་འཕགས་པར་དངོས་སུ་མ་བསྟན་པ་ནི་དེ་ལ་གནས་པའི་གང་ཟག་ཐེག་དམན་གྱི་ལམ་དུ་སྦྱོར་བའི་སྒོ་ནས་འཇུག་སྲིད་པ་ལ་དགོངས་ལ། ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ལ་ཁྱད་པར་འཕགས་ཆོས་རེ་རེ་དངོས་སུ་བསྟན་པའི་ཐེག་ཆེན་གྱི་མཐོང་ལམ་གྱི་ཁྱད་པར་འཕགས་ཆོས་རྟོགས་པའི་ཆེད་དུ་འདི་ལ་ཁྱད་མཚན་སྦྱར་བ་ཡིན་ནོ། །དོན་ལ་བརྟག་པའི་བློ་གྲོས་ཡོད་པ་དག་གིས་ཁོ་བོའི་རྗེས་སུ་འབྲང་བར་གྱིས་ཤིག ཕན་དང་བདེ་དང་སྐྱོབ་པ་དང་། །ཞེས་པའི་སྐབས་སུ། བྱེད་པ་བཅུ་གཅིག་པོ་འདི་སངས་རྒྱས་དང་བྱང་སེམས་གང་གི་བྱེད་པ་ཡིན་ཞེ་ན། ལེ་བརྒྱད་མ་དང་། བརྒྱད་སྟོང་པར་དང་པོ་གཉིས་བྱང་སེམས་ཀྱི་བྱེད་པ་དང་། ཕྱི་མ་དགུ་སངས་རྒྱས་ཀྱི་བྱེད་པར་བཤད། འབུམ་དང་ཉི་ཁྲི་ལེ་མང་ལས། དང་པོ་ལྔ་བྱང་སེམས་དང་། ཕྱི་མ་དྲུག་སངས་རྒྱས་ལ་སྦྱར། ཁྲི་བརྒྱད་སྟོང་པར་དང་པོ་དྲུག་སངས་རྒྱས་དང་། ཕྱི་མ་ལྔ་བྱང་སེམས་ལ་བཤད། ཤེས་རབ་ཁྲི་པར་ཐམས་ཅད་བྱང་སེམས་ལ་བཤད་དོ། །དེ་དག་གི་དགོངས་པ་ནི། སྤྱིར་ཤེས་པ་བཅུ་དྲུག་པོ་ཐམས་ཅད་ནི་སངས་རྒྱས་དང་བྱང་སེམས་གཉིས་ཀ་ལ་ཡོད་ཀྱང་ཐེག་ཆེན་སྦྱོར་བའི་མཚན་ཉིད་དུ་བཤད་པ་ནི་བྱང་སེམས་ཁོ་ན་ལའོ། །མཚན་མེད་རབ་ཏུ་སྦྱིན། ཞེས་པའི་སྐབས་སུ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད་ལ་དཔྱད། ལམ་མ་ཞུགས་ན་ཐར་པ་ཆ་མཐུན་ཡོད་མེད་དཔྱད། ཐར་པ་ཆ་མཐུན་དང་སྒོམ་བྱུང་གི་གཞི་མཐུན་ཡོད་མེད་དཔྱད་པ་དང་གསུམ་ལས། དང་པོ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ་ཁ་ཅིག ཐེག་ཆེན་གྱི་ཐར་པ་ཆ་མཐུན་གྱི་མཚན་ཉིད། ཐོས་བསམ་གཙོ་བོར་གྱུར་པའི་ཐེག་ཆེན་ལས་དང་པོ་པའི་མངོན་རྟོགས་ཞེས་དང་། ཆོས་ཀྱི་བདག་མེད་དོན་སྤྱིའི་ཚུལ་གྱི་རྟོགས་པའི་ཐེག་ཆེན་ལས་དང་པོ་པའི་མངོན་རྟོགས་ཞེས་དང་། སངས་རྒྱས་ལ་སོགས་པའི་ཡུལ་རྣམ་པ་ལྔ་ལ་མཁས་པའི་ཐེག་ཆེན་ལས་དང་པོ་པའི་མངོན་རྟོགས་ཞེས་དང་། དེ་ལྔ་གང་རུང་ལ་མཁས་པའི་སོགས་ཟེར་ན། དང་པོ་གཉིས་ལ། རྒྱུན་ཞུགས་འབྲས་གནས་ཀྱི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་མངོན་སུམ་རྟོགས་པའི་མཁྱེན་པ་ཆོས་ཅན། མཚན་ཉིད་གཉིས་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། རྩར་རྟགས་མ་གྲུབ་ན། དེར་ཐལ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་རྣམ་རྫོགས་སྦྱོར་བ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་སྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། ཆོས་ཀྱི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་ཡིན། གང་ཟག་གི་བདག་མེད་མངོན་སུམ་རྟོགས་པའི་མཁྱེན་པའང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། དེ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་པའི་ཕྱིར་ཞེ་ན། འོ་ན། ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཡང་ཡིན། གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་ཡང་ཡིན་པའི་གཞི་མཐུན་ཡོད་པར་ཐལ། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དེ་ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་པའི་ཕྱིར། ཁྱབ་པ་ཁས། གསུམ་པ་ལ། ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་དད་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། དེའི་རྒྱུད་ཀྱི་དད་སོགས་ལྔ་པོ་གང་རུང་ཡིན་པའི་ཕྱིར། རྩ་བར་འདོད་ན། དེའི་རྒྱུད་ཀྱི་ལུས་དྲན་པ་ཉེར་གཞག་དེས་ལུས་ཚོར་སེམས་ཆོས་བཞི་ལ་དམིགས་པར་ཐལ། འདོད་པ་དེའི་ཕྱིར། བཞི་པ་ལ། ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་དད་སོགས་ལྔ་ཀར་ཡང་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མིན་པར་ཐལ། སངས་རྒྱས་སོགས་ཀྱི་ཡུལ་རྣམ་པ་ལྔ་ལ་མཁས་པའང་མིན། སྦྱིན་སོགས་དང་བསམ་པ་ཕུན་སུམ་ཚོགས་པ་སེམས་བསྐྱེད་དང་། རྣམ་པར་མི་རྟོག་པ་ལ་ཆོས་རྣམས་རྣམ་པ་ཐམས་ཅད་དུ་ཤེས་པ་ལ་མཁས་པ་མིན་པའི་ཕྱིར། དང་པོ་མ་གྲུབ་ན། ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་དྲན་པ་དེ་སངས་རྒྱས་ལ་སོགས་པའི་ཡུལ་རྣམ་པ་ལྔ་ལ་མཁས་པ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་དད་སོགས་ལྔའི་མཁས་པར་བྱ་བའི་ཡུལ་ལ་ཁྱད་པར་མེད་པར་ཐལ་ལོ། །གཉིས་པ་ནི། ཐབས་ཤེས་ཁྱད་པར་ཅན་གྱི་ཟིན་པའི་སྒོ་ནས་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་སྒྲུབ་པར་བྱེད་པའི་ལམ་གང་ཞིག ཆོས་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་དྲོད་སྐད་ཅིག་དང་པོ་སྐྱེད་དགོས་པའོ། །གསུམ་པ་ནི། ཁ་ཅིག རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་སོང་གི་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་མངོན་སུམ་རྟོགས་པར་ཐལ། འདོད་པ་གང་ཞིག རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་ཟེར་ན། ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་ཆོས་ཅན། རྣམ་མཁྱེན་མངོན་སུམ་རྟོགས་པར་ཐལ། རྣམ་མཁྱེན་ཡིད་བྱེད་ཀྱི་ཟིན་པ་གང་ཞིག རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡང་ཁ་ཅིག གནས་སྐབས་ཐེག་དམན་དུ་ལྟུང་བར་ངེས་པའི་ཐེག་ཆེན་ཚོགས་ལམ་པ་དབང་རྟུལ་གྱི་རྒྱུད་ཀྱི་མཁྱེན་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ནང་གི་ཡོངས་འཛིན་ཐབས་མཁས་ཀྱི་ཟིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་འདྲའི་གང་ཟག་དེ་ཆོས་ཅན། ནང་གི་ཡོངས་འཛིན་ཐབས་མཁས་དེས་ཁྱོད་ཐེག་དམན་དུ་མི་ལྟུང་བར་ཡོངས་སུ་འཛིན་པར་ཐལ། ཁྱོད་དེས་ཟིན་པའི་བྱང་སེམས་ཡིན་པའི་ཕྱིར་ཞེ་ན་མཆོག་གི་སྤྲུལ་སྐུའི་དངོས་ཀྱི་འཁོར་ན་ཡོད་པའི་གནས་སྐབས་ཐེག་དམན་དུ་ལྟུང་བར་ངེས་པའི་བྱང་སེམས་ཚོགས་ལམ་པ་དབང་རྟུལ་དེ་ཆོས་ཅན། ཕྱིའི་ཡོངས་འཛིན་དགེ་བཤེས་དེ་ཁྱོད་ཐེག་དམན་དུ་མི་ལྟུང་བར་ཡོངས་སུ་འཛིན་པར་ཐལ། ཁྱོད་དེས་ཟིན་པའི་བྱང་སེམས་ཡིན་པའི་ཕྱིར། གཉིས་པ་ལ་ཁ་ཅིག ལམ་མ་ཞུགས་ན་ཐར་པ་ཆ་མཐུན་མཚན་ཉིད་པ་ཡོད་དེ། དེར་ཐར་པའི་རྒྱུར་གྱུར་པའི་དགེ་བ་མཚན་ཉིད་པ་ཡོད་པའི་ཕྱིར་ཟེར་ན། འོ་ན་ལམ་མ་ཞུགས་ན་ཚོགས་ལམ་མཚན་ཉིད་པ་ཡོད་པར་ཐལ། དེར་ཐར་པའི་རྒྱུར་གྱུར་པའི་ཚོགས་ལམ་མཚན་ཉིད་པ་ཡོད་པའི་ཕྱིར། ཡང་ཚོགས་ལམ་ན་ངེས་འབྱེད་ཆ་མཐུན་མཚན་ཉིད་པ་ཡོད་པར་ཐལ། དེར་ངེས་འབྱེད་ཀྱི་རྒྱུར་གྱུར་པའི་དགེ་བ་མཚན་ཉིད་པ་ཡོད་པའི་ཕྱིར་ཏེ། དེར་མཐོང་ལམ་གྱི་རྒྱུར་གྱུར་པའི་དགེ་བ་མཚན་ཉིད་པ་ཡོད་པའི་ཕྱིར། རང་ལུགས་ནི། དེ་ན་དེ་མེད་དོ། །གསུམ་པ་ལ་ཁ་ཅིག ཐར་པ་ཆ་མཐུན་དང་སྒོམ་བྱུང་གི་གཞི་མཐུན་མེད་དེ། ཐར་པ་ཆ་མཐུན་ཡིན་ན་ཐོས་བསམ་གཙོ་བོར་གྱུར་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར། ཡང་དེ་མེད་པར་ཐལ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་དང་དེའི་གཞི་མཐུན་མེད་པའི་ཕྱིར་ཏེ། དེ་ཡིན་ན་ཆོས་ཉིད་ལ་ཐོས་བསམ་གཙོ་བོར་གྱུར་པ་ཡིན་དགོས་པའི་ཕྱིར་ཏེ། ཐེག་ཆེན་གྱི་མཐོང་ལམ་ཡིན་ན་ཆོས་ཉིད་མངོན་སུམ་རྟོགས་དགོས་པའི་ཕྱིར་ཞེས་ཟེར། ཐེག་ཆེན་གྱི་སྦྱོར་ལམ་ཡིན་ན་སྒོམ་བྱུང་གཙོ་བོར་གྱུར་པའི་མཁྱེན་པ་ཡིན་དགོས་པར་ཐལ། སྔ་མའི་རྟགས་དེའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་པའི་རྒྱུད་ཀྱི་ཐོས་བསམ་གྱིས་བསྡུས་པའི་མཁྱེན་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། དེར་ཐལ། ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་ཐོས་བསམ་གྱིས་བསྡུས་པའི་མཁྱེན་པ་དེ་ཐེག་ཆེན་གྱི་ཚོགས་ལམ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། ཐོས་པ་དང་། བསམ་པ་དང་། སྒོམ་པ་ལས་བྱུང་བ་དག་ཀྱང་རུང་སྟེ་ཞེས་བཤད་པའི་ཕྱིར། ཡང་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་རྫུ་འཕྲུལ་གྱི་རྐང་པ་ཆོས་ཅན། ཐོས་བསམ་གཙོ་བོར་གྱུར་པའི་མཁྱེན་པ་ཡིན་པར་ཐལ། ཐེག་ཆེན་གྱི་ཐར་པ་ཆ་མཐུན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒོམ་བྱུང་གཙོ་བོར་གྱུར་པའི་མཁྱེན་པ་ཡིན་པའི་ཕྱིར་ཏེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྟེན་པ་ལས་བྱུང་བའི་སེམས་གནས་པ་ལས་རུང་དུ་བྱེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར། རང་ལུགས་ནི། ཚོགས་ལམ་གྱི་གནས་སྐབས་སུ་སྤྱིར་སྒོམ་བྱུང་གཙོ་བོར་གྱུར་པ་ནི་མེད་དོ། །རྫོགས་པའི་བྱང་ཆུབ། ཅེས་པའི་སྐབས་སུ། ངག་དོན་ལ་དཔྱད་པ་དང་། འདིར་བསྟན་རྣོ་རྟུལ་གྱི་མཚན་གཞི་ངོས་གཟུང་བ་གཉིས་ལས། དང་པོ་ལ་ཁ་ཅིག ཚོགས་ལམ་པའི་རྒྱུད་ཀྱི་དད་སོགས་ཡིན་ན་གནས་སྐབས་ཐེག་པ་གཞན་གྱིས་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཐོབ་པས་མ་ཁྱབ་སྟེ། དེའི་དད་སོགས་དབང་རྟུལ་གྱི་ཡང་ཡིན། གནས་སྐབས་ཐེག་ཆེན་པ་གཞན་གྱིས་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཐོབ་པར་མ་ངེས་པའང་ཡིན་པའི་གཞི་མཐུན་ཡོད་པའི་ཕྱིར་ཞེ་ན། རྟགས་དེ་མེད་པར་ཐལ། དེའི་རྒྱུད་ཀྱི་དད་སོགས་དབང་རྟུལ་མེད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་དད་སོགས་ཀྱི་དབང་པོ་མེད་པའི་ཕྱིར་ཏེ། དེའི་རྒྱུད་ཀྱི་དད་སོགས་ཡིན་ན་དབང་པོ་མིན་དགོས་པའི་ཕྱིར་ཏེ། འགྲེལ་པ་ལས། ཤེས་རབ་ཁྱད་པར་ཅན་དབང་པོའི་ངོ་བོ་ཉིད་མིན་པས་ཞེས་བཤད་པའི་ཕྱིར། དེ་ལ་ཁོ་ན་རེ། ཐེག་ཆེན་ཚོགས་ལམ་པའི་དབང་པོ་མེད་པར་ཐལ། དེའི་རྒྱུད་ཀྱི་དད་སོགས་དབང་རྣོན་མེད་པའི་ཕྱིར་ཞེ་ན། ལམ་མ་ཞུགས་ཀྱི་གང་ཟག་དབང་རྣོན་མེད་པར་ཐལ་ལོ། །གཉིས་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། འབྲེ་ཆེན་པོ་ན་རེ། ད་ལྟ་ཐེག་ཆེན་ཚོགས་ལམ་པ་ཡིན་པ་ལ་གནས་སྐབས་ཐེག་ཆེན་དུ་རིགས་ངེས་པ་དང་གཅིག གནས་སྐབས་ཐེག་དམན་དུ་རིགས་ངེས་པ་དང་། གང་དུའང་རིགས་མ་ངེས་པ་གཅིག་དང་གསུམ་ཡོད་པ་ལས། སྔ་མ་དབང་རྣོན། བར་མ་ལ་དབང་རྟུལ། ཐ་མ་ལ་དབང་འབྲིང་གི་སྒྲས་བསྟན་ཅིང་། རྩ་བར་རྣོ་རྟུལ་གཉིས་དངོས་སུ་བསྟན་ནས་དབང་འབྲིང་ཤུགས་ལ་བསྟན་ཞེས་གསུང་ངོ་། ཨར་ན་རེ། ད་ལྟ་ཐེག་ཆེན་ཚོགས་ལམ་པ་ཡིན་པ་ལ་གནས་སྐབས་ཐེག་ཆེན་དུ་རིགས་ངེས་པ་དང་། རང་རྒྱལ་དུ་རིགས་ངེས་པ་དང་། ཉན་ཐོས་སུ་རིགས་ངེས་པ་གཅིག་དང་གསུམ་ཡོད་དོ། །དང་པོ་ལ་དབང་རྣོན་གྱི་སྒྲས་བསྟན། ཕྱི་མ་གཉིས་ལ་དབང་རྟུལ་གྱི་སྒྲས་བསྟན་ཅིང་། རྩ་བར་རྫོགས་བྱང་ཐོབ་དཀའ་བར་དངོས་སུ་བསྟན་ནས། དེའི་ཤུགས་ལ་རང་རྒྱལ་དུ་རིགས་ངེས་པའི་ཐེག་ཆེན་ཚོགས་ལམ་པ། ཐེག་ཆེན་གྱི་ཚོགས་ལམ་ལས་ལོག་ནས་རང་རྒྱལ་གྱི་བྱང་ཆུབ་འཐོབ། ཉན་ཐོས་ཀྱི་རིགས་ཅན་དེ་ལས་ལོག་ནས་ཉན་ཐོས་ཀྱི་བྱང་ཆུབ་འཐོབ་པར་བསྟན་པ་ཡིན་ནོ་ཞེས་གསུངས་སོ། །འབྲེའི་བཞེད་པ་ལ། རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་སྐབས་ནས་དངོས་བསྟན་གྱི་ཐེག་ཆེན་ཚོགས་ལམ་པ་ཡིན་ན་གནས་སྐབས་ཐེག་པ་གཞན་གྱི་བར་མ་ཆོད་པར་བླ་མེད་བྱང་ཆུབ་མི་འཐོབ་པའི་ཁྱབ་པ་ཡོད་པར་ཐལ། གནས་སྐབས་ཐེག་དམན་དུ་རིགས་ངེས་པའི་ཐེག་ཆེན་ཚོགས་ལམ་པ་དབང་རྟུལ་ཡིན་ན་དེ་མི་འཐོབ་པས་ཁྱབ་པའི་ཕྱིར། འདོད་ན་ཐེག་ཆེན་སྦྱོར་ལམ་པ་དབང་རྟུལ་ཡིན་ན་དམན་ལམ་སྔོན་སོང་ཡིན་དགོས་པར་ཐལ། འདོད་པ་གང་ཞིག ཐེག་ཆེན་ཚོགས་ལམ་པ་དབང་རྣོན་དེ་དབང་རྟུལ་དུ་འགྱུར་བ་མི་སྲིད་པའི་ཕྱིར། གཞན་ཡང་རིགས་མ་ངེས་པའི་ཐེག་ཆེན་ཚོགས་ལམ་པའི་དད་སོགས་ཆོས་ཅན། རྫོགས་པའི་བྱང་ཆུབ་རྣོན་པོ་ཡིས། །རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་དད་སོགས་ཡིན་པར་ཐལ། སངས་རྒྱས་སོགས་དམིགས་དད་པ་དང་། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དད་སོགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟ་མོད་ཀྱི་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ནི་མིན་ཏེ་ཞེས་བཤད་པའི་ཕྱིར། ཨར་གྱི་བཞེད་པའང་མི་འཐད་དེ། ཤུགས་ཀྱིས་ན་འབྲིང་པོ་རྣམས་ཀྱི་ནི་ཞེས་དང་། ཆུང་ངུ་རྣམས་ཀྱི་ནི་ཞེས་པའི་སྐབས་ནས་དངོས་བསྟན་གྱི་དད་སོགས་འབྲིང་པོ་དང་ཆུང་ངུ་ཆོས་ཅན། རྟོགས་སླ་རྟུལ་པོས་རྟོགས་དཀར་བཞེད། །ཅེས་པའི་སྐབས་སུ་དངོས་སུ་བསྟན་པར་ཐལ། དེའི་སྐབས་ནས་དངོས་སུ་བསྟན་པའི་དད་སོགས་རྟུལ་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མིན་པར་ཐལ། དེའི་སྐབས་སུ་ཤུགས་ལ་བསྟན་པའི་ཕྱིར་ཏེ། ཐེག་དམན་གྱི་ཐར་པ་ཆ་མཐུན་ཡིན་པའི་ཕྱིར་དང་། ཤུགས་ཀྱིས་ན་འབྲིང་པོ་རྣམས་ཀྱི་ནི་ཞེས་གསུངས་པའི་ཕྱིར། ཡང་དེ་གཉིས་དེའི་སྐབས་ནས་དངོས་སུ་བསྟན་པའི་དད་སོགས་རྟུལ་པོ་མིན་པར་ཐལ། དེའི་སྐབས་ནས་དངོས་སུ་བསྟན་པའི་དད་སོགས་རྣོ་རྟུལ་གཉིས་ཀའང་དད་སོགས་ཆེན་པོ་ཡིན་པའི་ཕྱིར་ཏེ། འདི་ལྟར་དད་པ་ལ་སོགས་པ་ཆེན་པོ་རྣོན་པོས་ནི་ཞེས་དང་། དེ་དག་ཉིད་རྟུལ་པོས་ནི་ཞེས་གསུངས་པའི་ཕྱིར། ཁ་ཅིག སྐབས་འདིར་དངོས་བསྟན་གྱི་དད་སོགས་རྟུལ་པོ་ནི་ཐེག་དམན་ཚོགས་ལམ་ལ་བྱེད་པ་ཡིན་ཟེར། མི་འཐད་དེ། དེའི་དད་སོགས་ཆོས་ཅན། སྐབས་འདིའི་རྩ་ཚིག་གིས་དངོས་བསྟན་གྱི་དད་སོགས་མིན་པར་ཐལ། མཚན་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་སངས་རྒྱས་ལ་སོགས་ཀྱི་ཡུལ་ལྔ་ལ་མཁས་པའི་དད་སོགས་མིན་པའི་ཕྱིར། ཁྱབ་སྟེ། དེ་ལྟ་མོད་ཀྱི་ཞེས་སོགས་གསུངས་པའི་ཕྱིར། ཡང་སྐབས་འདིར་དངོས་བསྟན་གྱི་རྟུལ་པོ་དེ་ཐེག་ཆེན་ཚོགས་ལམ་པའང་ཡིན་ལ། ཐེག་པ་གཞན་གྱིས་བར་མ་ཆོད་པར་ཐེག་ཆེན་གྱི་སྦྱོར་ལམ་དུ་འཇུག་པ་ཡང་མི་སྲིད་དེ། དེ་ཡིན་ན་གནས་སྐབས་ཐེག་པ་གཞན་གྱིས་བར་མ་ཆོད་པར་བླ་མེད་བྱང་ཆུབ་མི་འཐོབ་པས་ཁྱབ་པ་གང་ཞིག ཐེག་ཆེན་སྦྱོར་ལམ་པ་ཡིན་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་ཅེས་ཟེར་རོ། །གོང་གི་དེ་ལ་ཁྱབ་པ་མེད་པར་ཐལ། ཐེག་ཆེན་ཚོགས་ལམ་པ་དབང་རྟུལ་དང་ཐེག་ཆེན་དུ་རིགས་ངེས་པའི་གཞི་མཐུན་ཡོད་པའི་ཕྱིར། རྟགས་ཕྱི་མ་ལ་ཁྱབ་པ་མེད་པར་ཐལ། ཕྱིར་མི་ལྡོག་པའི་རྟགས་ཀྱི་མ་མཐའི་ས་མཚམས་སྦྱོར་ལམ་མཐོང་ལམ་སྒོམ་ལམ་གསུམ་ལ་དབང་པོའི་རིམ་བཞིན་དུ་འཇོག་པ་འཐད་པའི་ཕྱིར། ཁ་ཅིག སྐབས་འདིར། དངོས་སུ་བསྟན་པའི་དབང་པོ་རྣོ་འབྲིང་རྟུལ་གསུམ་ཀའང་ཐེག་ཆེན་ཚོགས་ལམ་པ་ཡིན་ཏེ། དེ་གསུམ་ཀ་སངས་རྒྱས་སོགས་ཀྱི་ཡུལ་ལྔ་ལ་མཁས་པར་བཤད་པ་གང་ཞིག འགྲེལ་པར་ཡང་དེ་ལྟར་བཤད་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། སྐབས་འདིར་རྣོ་རྟུལ་གཉིས་ལས་གཞན་དངོས་སུ་མ་བཤད་ཅིང་། འགྲེལ་པ་ལས་ཀྱང་རྩ་བའི་དངོས་བསྟན་དེ་གཉིས་ལས་གཞན་དངོས་སུ་མ་བཤད་པའི་ཕྱིར། གཉིས་པ་ནི། སྤྱིར་ཚོགས་ལམ་པའི་རྒྱུད་ཀྱི་དད་སོགས་ལ་ཆེ་འབྲིང་ཆུང་གསུམ་དུ་ཡོད་དེ། ཆེན་པོ་ནི་ཐེག་ཆེན་གྱི་ཚོགས་ལམ། འབྲིང་ནི་རང་རྒྱལ་གྱི་ཚོགས་ལམ། ཆུང་ངུ་ནི་ཉན་ཐོས་ཀྱི་ཚོགས་ལམ་ཡིན་ལ། ཆེན་པོ་དེ་ལའང་རྣོ་རྟུལ་གཉིས་ཡོད་ཅིང་། དེ་གཉིས་རྩ་བར་དངོས་སུ་བསྟན་ཏེ། རྩ་བར་དངོས་སུ་བསྟན་པའི་རྣོ་རྟུལ་གང་རུང་ཡིན་ན་ཐེག་ཆེན་གྱི་ཚོགས་ལམ་ཡིན་དགོས་པའི་ཕྱིར། དེའང་ཐེག་ཆེན་ཚོགས་ལམ་པའི་དད་སོགས་རྣོན་པོ་དེ་གནས་སྐབས་ཐེག་པ་གཞན་གྱིས་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཐོབ་སླ་བ་ཙམ་ཡིན་གྱི། དེ་ཡིན་ན་དེ་ལྟར་ཐོབ་པས་མ་ཁྱབ་སྟེ། དེ་ལའང་གནས་སྐབས་ཐེག་ཆེན་དུ་རིགས་ངེས་པ་དང་མ་ངེས་པ་གཉིས་སུ་ཡོད་པའི་ཕྱིར། ཐེག་ཆེན་ཚོགས་ལམ་པའི་དད་སོགས་རྟུལ་པོ་དེ་བར་མ་ཆོད་པར་དེ་ཐོབ་དཀའ་བ་ཙམ་ཡིན་གྱི། དེ་ཡིན་ན་དེ་མི་ཐོབ་པས་མ་ཁྱབ་སྟེ། དེ་ལའང་གནས་སྐབས་ཐེག་ཆེན་དུ་རིགས་ངེས་མ་ངེས་གཉིས་ཡོད་པའི་ཕྱིར། འབྲིང་པོ་རང་རྒྱལ་གྱི་ཚོགས་ལམ་དང་། ཆུང་ངུ་ཉན་ཐོས་ཀྱི་ཚོགས་ལམ་གཉིས་པོ་སྐབས་འདིར་ཤུགས་ལ་བསྟན་པ་ཡིན་ཏེ། གོང་དུ་ཐེག་ཆེན་གྱི་སྦྱོར་ལམ་དང་མཐོང་ལམ་དངོས་སུ་བསྟན་པའི་ཚེ། ཐེག་དམན་གྱི་མཐོང་ལམ་དང་སྦྱོར་ལམ་ཤུགས་ལ་བསྟན་པ་ལྟར། འདིར་ཡང་ཐེག་ཆེན་གྱི་ཐར་པ་ཆ་མཐུན་དངོས་སུ་བསྟན་ནས་ཐེག་དམན་གྱི་ཐར་པ་ཆ་མཐུན་ཤུགས་ལ་བསྟན་པར་སློབ་དཔོན་བཞེད་པའི་ཕྱིར། དེ་ལའང་སྤྱིར་མཐར་ཐུག་ལ་ལྟོས་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་མིན་པ་ནི་མི་འཐད་དེ། རང་བཞིན་གནས་རིགས་རྒྱུད་ལ་མི་ལྡན་པའི་སེམས་ཅན་མེད་པའི་ཕྱིར། གནས་སྐབས་ལ་ལྟོས་ནས་ལམ་མ་ཞུགས་པ་ལའང་རིགས་ངེས་པ་དང་མ་ངེས་པ་གཉིས་སུ་ཡོད་ཅིང་། རིགས་ངེས་པ་དེ་ལའང་ཐེག་པ་གསུམ་དུ་ཡོད་པས། རིགས་ངེས་པ་དེ་ནི་རྐྱེན་དབང་གིས་ཐེག་པ་གཞན་དུ་སྒྱུར་མི་ནུས་པར་རང་གང་དུ་རིགས་ངེས་པའི་ཐེག་པ་དེར་ཞུགས་ནས་ཐེག་པ་དེའི་བྱང་ཆུབ་ཐོབ་པར་ངེས་པའོ། །རིགས་མ་ངེས་པ་དེ་ནི་རྐྱེན་དབང་གིས་ཐེག་པ་གསུམ་གང་རུང་དུ་འཇུག་ཏུ་རུང་ཞིང་། ཞུགས་ནས་ཀྱང་རྐྱེན་དབང་གིས་ཐེག་པ་གཞན་དུ་བསྒྱུར་དུ་རུང་བ་སྟེ། དེ་ལ་དབྱེ་ན། རྐྱེན་དབང་གིས་ཉན་ཐོས་ཐེག་པར་ཞུགས་ནས་དེའི་བྱང་ཆུབ་ཐོབ་ངེས་པ་གཅིག དེའི་ལམ་ལས་ལོག་ནས་ཐེག་པ་གཞན་དུ་བསྒྱུར་དུ་རུང་བ་གཅིག་དང་གཉིས་ཡོད། དེ་བཞིན་དུ་རང་རྒྱལ་ལ་གཉིས། ཐེག་ཆེན་ལ་གཉིས་ཡོད་པར་ཤེས་པར་བྱའོ། །མདོར་ན་ལམ་མ་ཞུགས་ལ་རིགས་ངེས་པ་གསུམ་མ་ངེས་པ་ལ་དྲུག་སྟེ་དགུ་ཡོད་དོ། །ལམ་ཞུགས་ལ་ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་ལམ་ཞུགས་གསུམ་ཡོད་ཅིང་། དེ་རེ་རེ་ལའང་རང་རང་གི་ཐེག་པ་དེར་རིགས་ངེས་པ་དང་ཐེག་པ་གང་དུའང་རིགས་མ་ངེས་པ་གཉིས་གཉིས་སུ་ཡོད་ཅིང་། རང་གི་ཐེག་པར་ཞུགས་ནས་ཐེག་པ་གཞན་དུ་ནི་རིགས་ངེས་པ་ནི་མེད་དོ། །གསུམ་པ་ནི། ཁ་ཅིག ཉན་ཐོས་སུ་རིགས་ངེས་པའི་ཐེག་ཆེན་ཚོགས་ལམ་པ་ཡོད་པར་ཐལ། ཉན་ཐོས་ཀྱི་ལམ་དུ་ཞུགས་ནས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པར་ངེས་པའི་བྱང་སེམས་ཚོགས་ལམ་པ་ཡོད་པའི་ཕྱིར་ཞེས་ཟེར། འོ་ན། ཐེག་དམན་དུ་རིགས་ངེས་པའི་ལམ་མ་ཞུགས་ཀྱི་གང་ཟག་དེ་དང་པོ་ཉིད་ཐེག་ཆེན་ལམ་དུ་འཇུག་པར་ཡོད་པར་ཐལ། ཐེག་དམན་དུ་རིགས་ངེས་པའི་ཐེག་ཆེན་ཚོགས་ལམ་པ་ཡོད་པའི་ཕྱིར། འདོད་ན། ཐེག་དམན་དུ་རིགས་ངེས་པའི་ལམ་མ་ཞུགས་ཀྱི་གང་ཟག་ཆོས་ཅན། རྐྱེན་དབང་གིས་ཐེག་པ་གཞན་དུ་བསྒྱུར་རུང་བར་ཐལ། ཆོས་ཅན་དེ་གང་ཞིག ཁྱོད་དང་པོ་ཉིད་ནས་ཐེག་ཆེན་ལམ་དུ་འཇུག་པ་ཞིག་སྲིད་པའི་ཕྱིར། འདོད་ན། གནས་སྐབས་རིགས་ངེས་པའི་གང་ཟག་མིན་པར་ཐལ་ལོ། །གཞན་ཡང་རྐྱེན་དབང་གིས་ཉན་ཐོས་ཀྱི་ལམ་དུ་ཞུགས་ནས་དེའི་བྱང་ཆུབ་ཐོབ་པར་ངེས་པའི་རིགས་མ་ངེས་པའི་ལམ་མ་ཞུགས་ཀྱི་གང་ཟག་དེ་ཆོས་ཅན། ཉན་ཐོས་སུ་རིགས་ངེས་པའི་གང་ཟག་ཡིན་པར་ཐལ། ཉན་ཐོས་ཀྱི་ལམ་དུ་ཞུགས་ནས་དེའི་བྱང་ཆུབ་ཐོབ་པར་ངེས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་བསྒྲིག གནས་སྐབས་ཉན་ཐོས་སུ་འཇུག་པར་ངེས་པའི་བྱང་སེམས་ཚོགས་ལམ་པ་ཆོས་ཅན། ཁྱོད་ཀྱི་སེམས་ཀྱི་ཆོས་ཉིད་དེ་ཉན་ཐོས་ཀྱི་རིགས་སུ་ཐལ། ཁྱོད་གནས་སྐབས་ཉན་ཐོས་སུ་རིགས་ངེས་པའི་ལམ་ཞུགས་ཀྱི་གང་ཟག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེའི་སེམས་ཀྱི་ཆོས་ཉིད་དེ་ཆོས་ཅན། ཉན་ཐོས་ཀྱི་སྒྲུབ་པའི་རྟེན་གཞི་ཡིན་པར་ཐལ། འདོད་པ་གང་ཞིག སྒྲུབ་པའི་རྟེན་གཞི་ཡིན་པའི་ཕྱིར། འདོད་ན། དེ་ལྟ་བུའི་བྱང་སེམས་ཀྱི་རྒྱུད་ཀྱི་སྒྲུབ་པ་དེ་ཆོས་ཅན། ཉན་ཐོས་ཀྱི་སྒྲུབ་པ་ཡིན་པར་ཐལ་ལོ། །གནས་སྐབས་ཉན་ཐོས་སུ་རིགས་ངེས་པའི་བྱང་སེམས་ཚོགས་ལམ་པ་ཡོད་པར་འདོད་པའི་བོད་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་ལ་ཐལ་འགྱུར་འདི་ལ་ལན་གང་འདེབས་བཀའ་གྲོས་མཛོད་ཅིག རྣམ་པ་དང་། ལམ་དང་གཞི་ཐམས་ཅད་ཅེས་པའི་སྐབས་སུ་མཐའ་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་ལ། གཞུང་འདིའི་དོན་རྩ་བའི་དགོངས་པ་ཡིན་པ་དགག གཞུང་འདི་སློབ་དཔོན་གྱི་རང་གཞུང་ཡིན་པ་དགག གཞུང་གི་དོན་ཕྱིན་ཅི་ལོག་བཤད་པ་དགག་པ་གསུམ། དང་པོ་ལ། མཁས་པ་ཁ་ཅིག གཞུང་འདིས་སྦྱོར་བ་དང་པོ་གསུམ་གྱི་ལམ་གསུམ་བཏགས་པ་བར་བསྟན་ཞིང་། དེའང་ས་བརྒྱད་པ་དང་། དགུ་པ་དང་། བཅུ་པའི་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་གསུམ་ལ་དེ་དང་དེའི་ལམ་གསུམ་གྱི་མིང་གིས་བཏགས་པ་ཡིན་ལ། སྐབས་དང་པོ་གསུམ་གྱི་ལམ་གསུམ་ནི་ལམ་གསུམ་མཚན་ཉིད་པ་ཡིན་པར་བསྟན་ཅིང་། དེ་བསྟན་བཅོས་རྩ་བའི་དགོངས་པའང་ཡིན་ནོ་ཞེས་གསུང་ངོ་། །ཁ་ཅིག སློབ་དཔོན་གྱི་འགྲེལ་པའི་དགོངས་པ་ཡིན་ཀྱང་། རྩ་བའི་དགོངས་པ་མིན་ནོ་ཞེས་གསུང་ངོ་། །འབྲེ་ཆེན་པོ་ནི། སློབ་དཔོན་གྱི་འགྲེལ་པ་དང་རྩ་བ་གཉིས་ཆར་གྱི་དགོངས་པ་ཡིན་ནོ་ཞེས་གསུང་ངོ་། །འོ་ན་གསན་མཛོད་ཅིག ཐེག་ཆེན་སྦྱོར་ལམ་པ་དབང་རྣོན་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་གཅིག་རྒྱན་འདིར་མ་བསྟན་པར་ཐལ། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་པའི་སྐབས་ཀྱི་སྦྱོར་ལམ་དེ་ཐེག་ཆེན་གྱི་སྦྱོར་ལམ་མིན་པའི་ཕྱིར། མ་གྲུབ་ན། དེ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་ཡིན་པ་བུད། དེ་བཞིན་དུ་མཐོང་ལམ་པ་དང་སྒོམ་ལམ་པ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་ལའང་རིགས་འགྲེ། གཞན་ཡང་། མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཐར་པ་ཆ་མཐུན་དེ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་ངེས་འབྱེད་ཆ་མཐུན་གྱི་དངོས་རྒྱུ་མིན་པར་ཐལ། དེ་ལྟ་བུའི་ངེས་འབྱེད་ཆ་མཐུན་དེ་དག་སའི་ཡེ་ཤེས་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཐར་པའི་ཆ་དང་མཐུན་པ་སྐྱེས་པའི་སྤྲོ་བ་ཅན་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བས་ཞེས་གསུངས་པའི་ཕྱིར། གཞན་ཡང་སྐབས་ལྔ་པར་བསྟན་པའི་མཐོང་སྤང་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་དེས་མཐོང་སྤང་མིན་པར་ཐལ། དེར་བསྟན་པའི་མཐོང་ལམ་རྩེ་སྦྱོར་དེ་མཐོང་ལམ་མིན་པའི་ཕྱིར། རྟགས་ཁས། འདོད་ན། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་ཀྱི་སྤང་བྱར་གྱུར་པའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་བཞི་པོ་དེ་མཐོང་སྤང་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མཐོང་སྤང་གཉེན་པོའི་ཚོགས་སྒྲུབ་དེ་མཐོང་ལམ་མིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། སྐབས་དང་པོ་གསུམ་ནས་བསྟན་པའི་མཐོང་ལམ་དེ་མཐོང་ལམ་མཚན་ཉིད་པ་ཡིན་པ་དང་འགལ་ལོ། །ཡང་སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་ལམ་གསུམ་དེ་མཚན་ཉིད་པ་ཡིན་པ་ལ་དངོས་ལ་གནོད་བྱེད་ཅི་ཡོད་བྱས་པ་ལ། སྦྱོར་བ་དང་པོ་གསུམ་གྱི་ལམ་གསུམ་བསྟན་པ་ལ་ཟློས་སྐྱོན་ཡོད་པར་ཐལ། དེ་མཚན་ཉིད་པ་ཡིན་པའི་ཕྱིར། ཡང་ཐེག་ཆེན་གྱི་སྦྱོར་ལམ་གྱི་སྐབས་སུ་རང་ཉིད་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཡོད་པར་ཐལ་བ་དང་། རང་ཉིད་བྱང་སེམས་ཀྱི་སྐྱོན་མེད་པ་ལ་ཞུགས་པ་ཡོད་པར་ཐལ་བ་དང་། རང་ཉིད་རྣམ་མཁྱེན་གྱི་ཡེ་ཤེས་སྐྱེད་པ་ལ་གནས་པ་ཡོད་པར་ཐལ། དྲོ་བ་རྣམས་ཀྱི་དམིགས་པ་འདིར། །ཞེས་པའི་སྐབས་ནས་བསྟན་པའི་སྦྱོར་ལམ་དེ་དེ་མཚན་ཉིད་པ་ཡིན་པའི་ཕྱིར། ཡང་ཐེག་ཆེན་སྦྱོར་ལམ་གྱི་གནས་སྐབས་ན་སྒྲིབ་པའི་བག་ལ་ཉལ་འཇོམས་པ་ཡོད་པར་ཐལ་བ་དང་། མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་ཡོད་པར་ཐལ། བག་ལ་ཉལ་ཀུན་འཇོམས་པ་དང་། །ཞེས་དང་། ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱི། །ཡོངས་སུ་རྫོགས་བྱེད་དག །ཅེས་པའི་སྐབས་ཀྱི་སྦྱོར་ལམ་དེ་དེ་མཚན་ཉིད་པ་ཡིན་པའི་ཕྱིར། རྟགས་རྣམས་ཁས་ཞེས་ཟེར་རོ། །ཐལ་བ་དང་པོ་ལ་མཁྱེན་གསུམ་གྱི་སྐབས་སུ་ལམ་གསུམ་བསྟན་པ་ལ་ཟློས་སྐྱོན་ཡོད་པར་ཐལ། དེར་བསྟན་པའི་དེ་རྣམས་མཚན་ཉིད་པ་ཡིན་པའི་ཕྱིར། གལ་ཏེ་ཁྱབ་པ་མི་མཚུངས་ཏེ། དེར་བསྟན་པའི་ལམ་རྣམས་ཡུལ་རྣམ་པ་དང་ལམ་དང་གཞི་རྟོགས་པའི་སྒོ་ནས་མི་འདྲ་བའི་ཁྱད་པར་ཡོད་པའི་ཕྱིར་ཞེ་ན། འོ་ན་སྔ་མ་ལ་ཁྱབ་པ་མེད་པར་ཐལ། རྣམ་རྫོགས་སྦྱོར་བའི་སྐབས་སུ་ཕྱིར་མི་ལྡོག་པའི་རྟགས་ཀྱི་སྒོ་ནས་ལམ་གསུམ་བསྟན། རྩེ་སྦྱོར་དུ་རྩ་བར་སྦྱོར་ལམ་གྱི་ཐ་སྙད་མ་གསུངས་ཤིང་། མཐོང་ལམ་དང་སྒོམ་ལམ་གཉིས་ནི་མཐོང་སྤང་དང་སྒོམ་སྤང་གི་གཉེན་པོའི་ལྡོག་པ་ནས་བསྟན། མཐར་གྱིས་པའི་སྐབས་སུ་ལམ་གསུམ་གྱི་ཐ་སྙད་དངོས་སུ་མ་བསྟན་པའི་ཕྱིར། གཞན་ཡང་སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་སྒོམ་ལམ་དེ་སྒོམ་ལམ་མཚན་ཉིད་པ་ཡིན་ནམ་མིན། དང་པོ་ལྟར་ན། དེ་ལ་ཟློས་སྐྱོན་ཡོད་པར་ཐལ། དེའི་ཕྱིར། གཉིས་པ་ལྟར་ན། དེ་ཆོས་ཅན། དག་སའི་ཡེ་ཤེས་མིན་པར་ཐལ། སྒོམ་ལམ་མིན་པའི་ཕྱིར། གལ་ཏེ་ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་དངོས་མ་ཡིན་ཏེ། ཞེས་དངོས་ལ་གནོད་བྱེད་བརྗོད་པ་ཡིན་ཟེར་བ་མི་འཐད་དེ། དངོས་ལ་གནོད་བྱེད་ནི་དོན་ལ་དེ་མིན་ཡང་། དེའི་མིང་གིས་དངོས་སུ་གསུངས་པ་ལ་བརྗོད་དགོས་པ་གང་ཞིག སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་སྒོམ་ལམ་དེ་ས་བདུན་པ་མན་ཆད་ཀྱི་སྒོམ་ལམ་མིན་པའི་ཐ་སྙད་གང་ལས་ཀྱང་མ་བཤད་པའི་ཕྱིར། ཐལ་བ་ཕྱི་མ་རྣམས་ལ་ཐེག་ཆེན་གྱི་སྦྱོར་ལམ་གྱི་གནས་སྐབས་ན་རློམ་པ་ཟད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་ཡོད་པར་ཐལ། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་དང་། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་སྦྱོར་ལམ་དེ་སྦྱོར་ལམ་མཚན་ཉིད་པ་ཡིན་པའི་ཕྱིར། གལ་ཏེ་མ་ཁྱབ་སྟེ། དེ་གཉིས་ནི་མཉམ་གཞག་གི་གནས་སྐབས་སུ་རློམ་པ་མངོན་གྱུར་བ་མི་འབྱུང་བ་དང་། དེའི་སྐབས་སུ་གཟུང་འཛིན་གྱི་རྣམ་པར་རྟོག་པ་མངོན་གྱུར་བ་མི་འབྱུང་བ་ཙམ་ལ་དགོངས་པའི་ཕྱིར་ཞེས་ཟེར་ན། འོ་ན་ཁྱེད་རང་གིས་བརྗོད་པའི་ཐལ་བ་ལྔ་པོ་དེ་ལའང་ཁྱབ་པ་མེད་དེ། གཞུང་དེ་དག་གི་དོན་ནི། རང་ཉིད་ཀྱིས་རྒྱུན་ཞུགས་ཀྱི་རྟོགས་རིགས་སྐྱེད་པ་དང་། བྱང་སེམས་ཀྱི་སྐྱོན་མེད་པའི་རྟོགས་པ་སྐྱེད་པ་དང་། རྣམ་མཁྱེན་གྱི་ཡེ་ཤེས་རྒྱུད་ནས་སྐྱེད་པ་དང་། མཉམ་གཞག་གི་སྐབས་སུ་ཉོན་མོངས་པའི་བག་ལ་ཉལ་ལ་བརྟེན་ནས་ཉོན་མོངས་པ་མངོན་གྱུར་བ་མི་འབྱུང་བ་དང་། མཁྱེན་གསུམ་གྱི་ཆོས་ཡོངས་སུ་རྫོགས་པར་བསྔོ་བ་རྣམས་ལ་དགོངས་པའི་ཕྱིར། གཉིས་པ་ནི། སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་བཏགས་པ་བ་ཡིན་པར་སློབ་དཔོན་གྱིས་བཞེད་པའང་མི་འཐད་དེ། རྩེ་སྦྱོར་གྱི་སྐབས་སུ་ངེས་འབྱེད་ཆ་མཐུན་གྱི་ཐ་སྙད་དངོས་སུ་མ་གསུངས་ཀྱང་། རྟགས་ཀྱིས་མཚོན་པའི་རྩེ་སྦྱོར་སོགས་བཞི་པོ་དེ་ངེས་འབྱེད་ཆ་མཐུན་བཞིའི་ངོ་བོ་ཡིན་པར་དངོས་སུ་གསུངས་པའི་ཕྱིར། གསུམ་པ་ལ། འཆད་ཚུལ་གསུམ་ལས། དང་པོ་ལ། མཁྱེན་རབ་ཅན་གྱི་བླ་མ་ཁ་ཅིག གཞུང་འདི་སློབ་དཔོན་གྱི་རང་གཞུང་ཡིན་ཀྱང་། སློབ་དཔོན་གྱི་ལུགས་ལ་ལམ་གསུམ་མཚན་ཉིད་པ་ཡིན་པ་མི་འགལ་ཏེ། གཞུང་འདིས་ལམ་གསུམ་བཏགས་པ་བར་མ་བསྟན་པའི་ཕྱིར། འོ་ན་གཞུང་གི་དོན་གང་ཞེ་ན། སྐབས་དང་པོ་དྲུག་ཏུ་ལམ་གསུམ་མཚན་ཉིད་པ་ལན་དྲུག་བསྟན་པ་ལ་ཟློས་པའི་སྐྱོན་མེད་དེ། མཁྱེན་གསུམ་གྱི་སྐབས་སུ་ལམ་གསུམ་མཚན་ཉིད་པ་ལན་གསུམ་བསྟན་པ་ནི་ཡུལ་མི་འདྲ་བའི་སྒོ་ནས་བསྟན། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་དགོས་པ་མི་འདྲ་བའི་སྒོ་ནས་བསྟན་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། རྣམ་རྫོགས་སྦྱོར་བའི་སྐབས་སུ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་གསུམ་ཅིག་ཅར་དུ་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཕྱིར་དང་། རྩེ་སྦྱོར་གྱི་སྐབས་སུ་ས་དགུ་པའི་ཡེ་ཤེས་དང་། མཐར་གྱིས་པའི་སྐབས་སུ་ས་བཅུ་པའི་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་གསུམ་ཅིག་ཆར་དུ་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཆེད་དུ་ལམ་གསུམ་མཚན་ཉིད་པ་བསྟན་པའི་ཕྱིར། དེའང་ས་བརྒྱད་པའི་ཡེ་ཤེས་གསུམ་པོ་དེ་ལ་སྦྱོར་མཐོང་སྒོམ་གསུམ་གྱི་མིང་གིས་བཏགས་ནས་བསྟན་པ་ནི་མིན་ཏེ། གཞུང་འདིར་ལམ་གསུམ་གསུངས་པའི་དགོས་པ་ཙམ་ཞིག་བསྟན་གྱི། འདོགས་པའི་རྒྱུ་མཚན་དང་དངོས་ལ་གནོད་བྱེད་གང་ཡང་མ་གསུངས་པའི་ཕྱིར་དང་། སློབ་དཔོན་གྱིས་སྡུད་འགྲེལ་ལས་ཀྱང་ས་བརྒྱད་པ་མི་གཡོ་བ་དེའི་དབྱེ་བ་རྟོགས་པར་བྱ་བའི་ཕྱིར་རྣམ་པ་ཀུན་མངོན་པར་རྫོགས་པར་བསྟན་ཏོ་ཞེས་གསུངས་པའི་ཕྱིར། འཆད་ཚུལ་གཉིས་པ་ནི། ལྷ་སའི་ཉེ་ལོགས་ན་གནས་པ་འགའ་ཞིག་ན་རེ། སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་ཏུ་བསྟན་པ་ལ་ཟློས་སྐྱོན་མེད་དེ་སྐབས་དང་པོ་གསུམ་དུ་ལམ་གསུམ་ལན་གསུམ་བསྟན་པ་ནི་ཤེས་བྱ་གཏན་འབེབས་ཀྱི་སྒོ་ནས་བསྟན། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་ནི་སྦྱོར་བ་ཉམས་ལེན་གྱི་སྒོ་ནས་བསྟན་པའི་ཕྱིར། དེའང་རྣམ་ཀུན་ལ་རྣམ་ཀུན་ཙམ་དང་ཁྱད་པར་ཅན་གཉིས། དེ་བཞིན་དུ་རྩེ་སྦྱོར་དང་མཐར་གྱིས་པའི་སྦྱོར་བ་ལའང་གཉིས་གཉིས་སུ་ཕྱེ་བ་དེ་བཞིན་དུ་སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་སྦྱོར་ལམ་མཐོང་ལམ་སྒོམ་ལམ་གསུམ་གྱི་མིང་ཅན་གྱི་མངོན་པར་རྟོགས་པ་རེ་རེ་ལའང་ཙམ་པོ་དང་ཁྱད་པར་ཅན་གཉིས་གཉིས་སུ་ཡོད་པས། ཙམ་པོ་ནི་སྦྱོར་ལམ་ལ་སོགས་པ་དངོས་ཡིན། ཁྱད་པར་ཅན་ནི་དག་སའི་ཡེ་ཤེས་ཡིན་ནོ། །འོ་ན་དག་སའི་ཡེ་ཤེས་ལ་སྦྱོར་མཐོང་སྒོམ་གསུམ་གྱི་མིང་གིས་བསྟན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདོགས་པའི་རྒྱུ་མཚན་ལམ་གསུམ་དང་རིམ་གྱིས་སྐྱེ་བར་ཆོས་མཐུན་པའི་ཕྱིར་དང་། བཏགས་པའི་དགོས་པ་ནི་དག་སར་འབད་རྩོལ་ཞི་བས་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་རྣམས་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཕྱིར་ཡིན་ནོ། །དངོས་ལ་གནོད་བྱེད་ནི་འབད་རྩོལ་གྱི་མཚན་མ་དང་བཅས་པའི་སྦྱོར་མཐོང་སྒོམ་གསུམ་དངོས་མིན་ཏེ། དག་སའི་ཡེ་ཤེས་ཡིན་པའི་ཕྱིར། དེས་ན་གཞུང་འདི་སློབ་དཔོན་གྱི་རང་གཞུང་ཡིན་ཅིང་། གཞུང་འདིས་ལམ་གསུམ་བཏགས་པ་བར་བསྟན་ཀྱང་། སློབ་དཔོན་གྱི་ལུགས་ལ་སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་དེ་དེ་མཚན་ཉིད་པ་ཡིན་པ་ལ་འགལ་བ་མེད་ཅེས་ཟེར་རོ། །འཆད་ཚུལ་གསུམ་པ་ནི། གདན་འབྲི་གཉིས་ཀྱི་བར་ན་གནས་པ་ཁ་ཅིག སློབ་དཔོན་གྱི་གཞུང་འདི་རྣམས་ལམ་གསུམ་བཏགས་པ་བར་སྟོན་པའི་ཆེད་དུ་བཀོད་པའང་མིན། སྐབས་དང་པོ་དྲུག་ཏུ་ལམ་གསུམ་ལན་དྲུག་བསྟན་པ་ནི་ཟློས་སྐྱོན་སྤོང་བའི་ཆེད་དུ་བཀོད་པའང་མིན་ཏེ། མངོན་པར་རྟོགས་པ་རྐྱང་པར་སྨྲ་བའི་དོགས་པ་ཟློག་པའི་ཆེད་དུ་བཀོད་པ་ཡིན་པའི་ཕྱིར། འོ་ན་མངོན་པར་རྟོགས་པ་རྐྱང་པར་སྨྲ་བའི་དོགས་པ་ཇི་ལྟ་བུ། དེ་ཇི་ལྟར་དུ་འགོག་ཅེ་ན། དང་པོ་ནི། རྒྱན་གྱི་བརྗོད་བྱར་གྱུར་པའི་མངོན་པར་རྟོགས་པ་བརྒྱད་པོ་འདི་ཚོགས་ལམ་ནས་སངས་རྒྱས་སའི་བར་རིམ་བཞིན་སྒོམ་སྟེ་རྣམ་མཁྱེན་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་ཐམས་ཅད་ཚོགས་སྦྱོར་ཁོ་ན་དང་། ལམ་ཤེས་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་ཐམས་ཅད་ས་དང་པོ་ནས་དྲུག་པའི་བར་ཁོ་ན་དང་། གཞི་ཤེས་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་ཐམས་ཅད་ས་བདུན་པ་ཁོ་ན་དང་། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་དེ་ཐམས་ཅད་ས་བརྒྱད་པ་ཁོ་ན་དང་། རྩེ་སྦྱོར་གྱི་དེ་ཐམས་ཅད་ས་དགུ་པ་དང་བཅུ་པའི་དཀྱིལ་སྟོད་ཁོ་ན་དང་། མཐར་གྱིས་པའི་དེ་ཐམས་ཅད་ས་བཅུ་པའི་དཀྱིལ་སྨད་ཁོ་ན་དང་། སྐད་ཅིག་མི་སྦྱོར་བའི་དེ་ཐམས་ཅད་རྒྱུན་མཐའ་ཁོ་ནར་སྒོམ། འབྲས་བུ་ཆོས་སྐུའི་དེ་ཐམས་ཅད་སངས་རྒྱས་ཀྱི་སར་འབྱུང་བའི་ཕྱིར་ཞེས་པའོ། །གཉིས་པ་དེ་ལྟ་བུའི་དོགས་པ་འགོག་པའི་ཚུལ་ནི། རྣམ་མཁྱེན་གྱི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་རང་མིང་ནས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་མཁྱེན་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་ཐམས་ཅད་ཚོགས་སྦྱོར་ཁོ་ནར་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཆེད་ཡིན་པའི་ཕྱིར། དེ་ལྟར་དགག་ནུས་ཏེ། རྣམ་མཁྱེན་མཚོན་བྱེད་ཀྱི་སྐབས་སུ་རྣམ་པ་ཐམས་ཅད་དུ་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་པའི་ལམ་གྱིས་བསྡུས་པའི་ཡེ་ཤེས་རང་གི་ངོ་བོ་ལ་འདོད་ཆགས་ལ་སོགས་པའི་ཟག་པ་མེད་པ་ཆུང་ངུ་སྦྱོར་ལམ། འབྲིང་མཐོང་ལམ། ཆེན་པོ་སྒོམ་ལམ་གསུམ་རིམ་བཞིན་དུ་སྐྱེ་བ་ཡིན་པའི་ཕྱིར། དེས་གཞི་ཤེས་དང་ལམ་ཤེས་ལའང་རིགས་འགྲེ། རྣམ་རྫོགས་སྦྱོར་བའི་སྐབས་སུ་ལམ་གསུམ་རང་མིང་གིས་ཐ་སྙད་དུ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་རྣམས་ས་བརྒྱད་པ་ཁོ་ནར་ཅིག་ཆར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཆེད་ཡིན་པའི་ཕྱིར། དེ་ལྟར་དགག་ནུས་ཏེ། དེ་མཚོན་བྱེད་ཀྱི་སྐབས་སུ་རྣམ་པ་ཐམས་ཅད་དུ་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་པའི་ལམ་གྱིས་བསྡུས་པའི་ཞེས་སོགས་སྔ་མ་བཞིན་སྦྱར། དེས་རྩེ་སྦྱོར་དང་མཐར་གྱིས་བའི་སྦྱོར་བ་གཉིས་ལའང་འགྲེ། དེས་ན་འདིར་བསྟན་གྱི་ཁྱད་པར་གྱི་ལམ་ནི་དག་སའི་ཡེ་ཤེས་ལ་མི་བྱེད་པར་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་མཐོང་སྒོམ་གསུམ་ཙམ་ལ་བྱེད་པ་དང་། རང་གི་ངོ་བོ་ལ་ཟག་པ་མེད་པའང་འདོད་ཆགས་ལ་སོགས་པའི་ཟག་པ་མེད་པ་ཙམ་དང་། རིམ་གྱིས་སྐྱེ་བའང་སྦྱོར་མཐོང་སྒོམ་གསུམ་རིམ་གྱིས་སྐྱེ་བ་ལ་བྱེད་པ་དང་། ཆུང་འབྲིང་ཆེན་པོ་གསུམ་ཡང་དག་སའི་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་གསུམ་ལ་མི་བྱེད་པར་སྦྱོར་མཐོང་སྒོམ་གསུམ་ལ་བྱེད་ཅེས་ཟེར་རོ། །དེ་ལྟར་ལུགས་གསུམ་ལས། དང་པོ་ལ། འགྲེལ་ཆེན་ལས། སྐབས་ལྔ་པར་བསྟན་པའི་མཐོང་སྤང་རྟོགས་པ་རྣམས་ས་བཅུ་པ་དང་འབྲེལ་བའི་རྩེ་མོའི་མངོན་པར་རྟོགས་པས་སྤོང་བར་སྔོན་གྱི་སློབ་དཔོན་དག་བཞེད་དོ་ཞེས་པའི་གཞུང་འདི་སློབ་དཔོན་གྱི་རང་གཞུང་ཡིན་ནམ་མིན། མིན་ན་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་སོགས་པ་མངོན་པར་རྟོགས་པ་རྣམ་པ་གསུམ་ལ་ཞེས་སོགས་ཐད་ཀྱི་འགྲེལ་ཆེན་གྱི་གཞུང་རྣམས་ཀྱང་སློབ་དཔོན་གྱི་རང་གཞུང་མིན་པར་ཐལ། ཁས་བླངས་པ་དེའི་ཕྱིར། ཡིན་ན་སློབ་དཔོན་གྱི་ལུགས་ལ་སྐབས་ལྔ་པར་བཤད་པའི་མཐོང་ལམ་རྩེ་སྦྱོར་དེ་མཐོང་ལམ་རྩེ་སྦྱོར་མིན་པར་ཐལ། དེའི་ལུགས་ལ་དེར་བཤད་པའི་མཐོང་སྤང་རྟོགས་པ་དེ་མཐོང་སྤང་མ་ཡིན་པའི་ཕྱིར། བསལ་བ་དངོས། རྟགས་ཁས་བླངས། དེར་ཐལ། དེའི་ལུགས་ལ་དེ་སྒོམ་སྤང་ཡིན་པའི་ཕྱིར་ཏེ། གཞུང་དེ་དེའི་རང་གཞུང་རྣམ་དག་ཡིན་པའི་ཕྱིར། གཞན་ཡང་རྣམ་རྫོགས་སྦྱོར་བའི་སྐབས་སུ་ལམ་གསུམ་བསྟན་པས་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་གསུམ་ཅིག་ཆར་དུ་སྐྱེའམ་སྙམ་པའི་དོགས་པ་འགོག་ནུས། རྩེ་སྦྱོར་གྱི་སྐབས་སུ་དེ་བསྟན་པས་དེ་འགོག་མི་ནུས་པའི་ཁྱད་པར་མི་འཐད་པར་ཐལ། དེ་གཉིས་ཀྱི་སྐབས་ནས་བསྟན་པའི་ལམ་གསུམ་པོ་དེ་ལམ་གསུམ་མཚན་ཉིད་པར་མཚུངས་པ་གང་ཞིག ས་བརྒྱད་པའི་ཡེ་ཤེས་ཆུང་འབྲིང་ཆེན་པོ་གསུམ་ལ་ལམ་གསུམ་གྱི་བཏགས་ནས་བསྟན་པ་མིན་པར་མཚུངས་པའི་ཕྱིར། ལུགས་གཉིས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ། མངོན་པར་རྟོགས་པ་རྣམ་པ་གསུམ་ལ། ཞེས་སོགས་ཀྱི་གཞུང་དེས་སྐབས་དང་པོ་དྲུག་ཏུ་བསྟན་པའི་སྦྱོར་མཐོང་སྒོམ་གསུམ་རྣམས་ལ་ཟློས་སྐྱོན་སྤོང་མི་ནུས་པར་ཐལ། གཞུང་དེ་དེ་དྲུག་ཏུ་ལམ་གསུམ་ལན་དྲུག་བསྟན་པ་ཁོ་ནའི་ཟློས་སྐྱོན་སྤོང་ནུས་ཀྱང་། དེར་སྦྱོར་མཐོང་སྒོམ་གསུམ་ལན་དགུ་བསྟན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཏེ། མཁྱེན་གསུམ་གྱི་སྐབས་སུ་མཚན་ཉིད་པ་ལན་གསུམ་བསྟན། སྦྱོར་བ་དང་པོ་གསུམ་གྱི་སྐབས་སུ་མཚན་ཉིད་པ་ལན་གསུམ། བཏགས་པ་བ་ལན་གསུམ་བསྟན་པའི་ཕྱིར། གཞན་ཡང་མཐོང་ལམ་རྩེ་སྦྱོར་འཆད་པའི་སྐབས་ནས་བསྟན་པའི་མངོན་པར་རྟོགས་པ་ཁྱད་པར་ཅན་མཐོང་སྤང་གི་ས་བོན་གྱི་དངོས་གཉེན་མིན་པར་ཐལ། དེ་ས་དགུ་པའི་ཡེ་ཤེས་འབྲིང་པོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྒོམ་ལམ་རྩེ་སྦྱོར་འཆད་པའི་སྐབས་ནས་བསྟན་པའི་མངོན་པར་རྟོགས་པ་ཁྱད་པར་ཅན་དེ་སྒོམ་སྤང་གི་དངོས་གཉེན་མིན་པར་ཐལ་ལོ། །གཞན་ཡང་། སློབ་དཔོན་གྱི་ལུགས་ལ་སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་ལམ་གསུམ་དེ་དེ་བཏགས་པ་བ་ཡིན་པར་ཐལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཞེས་སོགས་ཀྱི་གཞུང་འདིས་དེས་བཏགས་པ་བར་བསྟན་པ་གང་ཞིག དེ་འདྲའི་གཞུང་དེ་སློབ་དཔོན་གྱི་རང་གཞུང་རྣམ་དག་ཡིན་པའི་ཕྱིར། རྟགས་གསལ་ཐམས་ཅད་ཁས་བླངས་སོ། །ལུགས་གསུམ་པ་ནི་ཧ་ཅང་མི་འཚམས་ཏེ། འདི་ལྟར་མངོན་པར་རྟོགས་པ་རྐྱང་པ་བར་སྨྲ་བའི་དོགས་པ་དེ་བྱམས་མགོན་གྱིས་རྒྱན་མ་བརྩམས་པའི་སྔ་རོལ་དུ་བྱུང་བར་ཐལ། བྱམས་མགོན་གྱིས་རྒྱན་གྱི་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པ་དེ་དགག་པའི་ཆེད་དུ་བསྟན་པ་ཙམ་ཡིན་པའི་ཕྱིར། རྟགས་ཁས། གཞན་ཡང་མངོན་པར་རྟོགས་པ་རྐྱང་པར་སྨྲ་བའི་དོགས་པ་དགག་པའི་ཆེད་དུ་སློབ་དཔོན་གྱིས་རྣམ་པ་དང་། ལམ་དང་ཞེས་སོགས་ཀྱི་གཞུང་འདི་དག་བཀོད་མི་དགོས་པར་ཐལ། དོགས་པ་དེ་རྒྱན་གྱི་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པ་དེས་འགོག་ནུས་པའི་ཕྱིར། རྟགས་ཁས་བླངས་ཏེ། དེར་ཐལ། རྣམ་མཁྱེན་མཚོན་བྱེད་ཀྱི་སྐབས་སུ་བསྟན་པའི་ལམ་གསུམ་རིམ་བཞིན་དུ་སྐྱེ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ལམ་ཤེས་ནས་མཐར་གྱིས་པའི་སྦྱོར་བའི་བར་ལ་རིགས་བསྒྲེས་ནས་འཁོར་གསུམ་དྲུག་བྱའོ། །གཞན་ཡང་། རིམ་གྱིས་སྐྱེ་བས་ཅིག་ཆར་སྐྱེ་བ་དགག་པའི་ཕྱིར་ཅེས་པའི་སྐབས་ཀྱི་རིམ་གྱིས་སྐྱེ་བའི་མངོན་པར་རྟོགས་པ་དེ་དང་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པའི་གཞིར་གྱུར་པའི་མངོན་པར་རྟོགས་པ་དེ་གཉིས་གཞི་གཅིག་མིན་པར་ཐལ། རིམ་གྱིས་སྐྱེ་བའི་གཞིར་གྱུར་པའི་མངོན་པར་རྟོགས་པ་དེ་ཡིན་ན་སྦྱོར་མཐོང་སྒོམ་གསུམ་གང་རུང་ཡིན་དགོས། ཕྱི་མ་དེ་ཡིན་ན་སྐབས་དང་པོ་དྲུག་གི་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་རྣམས་ཡིན་དགོས་པའི་ཕྱིར། རྟགས་ཁས། འདོད་ན། དེའི་སྐབས་ཀྱི་རིམ་གྱིས་སྐྱེ་བར་བསྟན་པ་དེས་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དེ་མི་ཁེགས་པར་ཐལ་ལོ། །གཞན་ཡང་རྣམ་མཁྱེན་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་རྣམས་བསྟན་པས་དེ་ཐམས་ཅད་ཚོགས་སྦྱོར་ཁོ་ནར་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་ཁེགས་སམ་མི་ཁེགས། ཁེགས་ན་དེ་རྣམས་བསྟན་པའི་རྗེས་སུ་དེའི་དོགས་པ་སྐྱེ་བ་མི་སྲིད་པར་ཐལ། དེས་དེ་ཁེགས་པའི་ཕྱིར། འདོད་ན། དེ་ལྟ་བུའི་དོགས་པ་དེ་རྒྱན་བརྩམས་རྗེས་སུ་བྱུང་བ་མིན་པར་ཐལ། འདོད་པ་དེའི་ཕྱིར། གལ་ཏེ་མི་ཁེགས་ན། རྣམ་མཁྱེན་མཚོན་བྱེད་ཀྱི་སྐབས་སུ་སྦྱོར་མཐོང་སྒོམ་གསུམ་བསྟན་པས་དེ་ལྟ་བུའི་དོགས་པ་མི་ཁེགས་པར་ཐལ། ཁས་བླངས་པ་དེའི་ཕྱིར། རྟགས་བསལ་དངོས། ཅི་སྙམ་དུ་སེམས། གཞན་ཡང་། སློབ་དཔོན་གྱི་སྡུད་འགྲེལ་ལས། འདིར་ཁྱད་པར་གྱི་ལམ་གྱི་རང་བཞིན་མིན་ནམ། ངེས་པར་འབྱེད་པ་ཆ་ལ་སོགས་པ་བསྟན་པ་ཇི་ལྟ་བུ་རིགས་ཞེ་ན། ཞེས་པའི་ཁྱད་པར་གྱི་ལམ་དེའང་རྣམ་པ་ཐམས་ཅད་དུ་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་པའི་སྦྱོར་མཐོང་སྒོམ་གསུམ་ཙམ་ལ་བྱེད་རིགས་པར་ཐལ། དོན་གསལ་ལས། རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཡེ་ཤེས་ཞེས་པའི་ཁྱད་པར་གྱི་ལམ་དེ་དེ་ལ་བྱེད་རིགས་པའི་ཕྱིར། འདོད་ན། སྡུད་འགྲེལ་ལས། སྔར་གྱི་དྲི་བའི་ལན་དུ། ས་བརྒྱད་པ་ལ་མཚན་མ་མེད་ཅིང་ལྷུན་གྱིས་གྲུབ་པས་དེ་དག་གི་དུས་སུ་སེམས་ཅན་གྱི་དོན་རྒྱུན་ཆད་པ་སྤངས་པའི་ཕྱིར་གང་སེམས་ཅན་སྙམ་པ་ལ་སོགས་པའི་རྣམ་པ་སྒྱུ་མ་ལྟ་བུ་དེས་སེམས་ཅན་ལ་དམིགས་པ་ལ་སོགས་པ་ཁྱད་པར་གྱི་ལམ་ཉིད་རྟུལ་པོ་ལ་སོགས་པ་རིམ་གྱིས་སྐྱེ་བ་ཡིན་གྱི། ཅིག་ཆར་ནི་མིན་ནོ་ཞེས་བསྟན་པའི་ཕྱིར། ངེས་པར་འབྱེད་པའི་ཆ་ལ་སོགས་པར་བཏགས་ནས་འདིར་བསྟན་པ་ཡིན་པར་གཟུང་བར་བྱའོ། །ཕྱི་མ་རྣམས་ལའང་ཇི་ལྟར་སྲིད་པ་བཞིན་རིགས་པར་བྱའོ་ཞེས་བྱ་བར་དགོངས་སོ་ཞེས་གསུངས་པ་དང་འགལ་མི་འགལ་སོམས་ཤིག གཞན་ཡང་རྣམ་མཁྱེན་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་ཐམས་ཅད་ཚོགས་སྦྱོར་ཁོ་ནར་ཅིག་ཆར་སྐྱེའམ་སྙམ་པའི་མངོན་པར་རྟོགས་པ་རྐྱང་པར་སྨྲ་བའི་དོགས་པ་མི་སྲིད་པར་ཐལ། ཚོགས་སྦྱོར་གཉིས་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་རྒོལ་བ་རྟོགས་ལྡན་ལ་སྐྱེ་བ་མི་སྲིད་པའི་ཕྱིར། དེ་བཞིན་དུ་ལམ་ཤེས་མཚོན་བྱེད་ཀྱི་མངོན་པར་རྟོགས་པ་ལའང་སྦྱོར་རོ། །རྣམ་དཔྱོད་ཉི་འོད་ལྷགས་པ་ཡིས། །ངེས་དོན་གསལ་བའི་རི་ངོས་སུ། །ལོགས་སྨྲའི་མུན་པ་འབྱུང་བ་ནི། །མི་སྲིད་སྲིད་པར་མི་འགྱུར་རོ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི། གཞུང་འདིའི་དོན་སྐབས་དང་པོ་དྲུག་ཏུ་སྦྱོར་མཐོང་སྒོམ་གསུམ་ལན་དྲུག་བསྟན་པ་ལ་ཟློས་སྐྱོན་མེད་དེ། མཁྱེན་གསུམ་གྱི་སྐབས་སུ་བསྟན་པ་དེ་གསུམ་ནི་དེ་གསུམ་མཚན་ཉིད་པ་ཡིན་ཞིང་། སྦྱོར་བ་དང་པོ་གསུམ་གྱི་སྐབས་ནས་བསྟན་པའི་དེ་གསུམ་ནི་དེ་གསུམ་བཏགས་པ་བ་ཡིན་པའི་ཕྱིར། དང་པོ་ལའང་ཟློས་སྐྱོན་མེད་དེ། རྣམ་པ་དང་། ལམ་དང་། གཞི་བདེན་པའི་སྐྱེ་མེད་དུ་རྟོགས་པའི་ལྡོག་པ་ནས་སོ་སོར་བསྟན་པའི་ཕྱིར་ཞེས་པ་ནི་རྣམ་པ་དང་། ལམ་དང་། གཞི་ཐམས་ཅད་རྣམ་པར་སྒོམ་པའི་དབྱེ་བས་ཞེས་སོགས་ཀྱིས་བསྟན་ནོ། །སྐབས་དང་པོ་གསུམ་གྱི་ལམ་གསུམ་མཚན་ཉིད་པ་ཡིན་པ་ནི་འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པ་སྔོན་དུ་འགྲོ་བས་ཞེས་སོགས་ཀྱིས་བསྟན་ནོ། །ཕྱི་མ་ལའང་ཟློས་སྐྱོན་མེད་དེ། ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་གསུམ་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཆེད་དུ་རྣམ་རྫོགས་སྦྱོར་བའི་སྐབས་སུ་ས་བརྒྱད་པའི་ཡེ་ཤེས་ཆུང་ངུ་། འབྲིང་། ཆེན་པོ་གསུམ་ལ་སྦྱོར་མཐོང་སྒོམ་གསུམ་གྱི་མིང་གིས་བཏགས་ནས་བསྟན། ས་དགུ་པའི་ཡེ་ཤེས་དེ་གསུམ་ཅིག་ཅར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཆེད་དུ་རྩེ་སྦྱོར་གྱི་སྐབས་སུ་དེ་ལྟར་བསྟན། ས་བཅུ་པའི་ཡེ་ཤེས་དེ་གསུམ་ཅིག་ཆར་སྐྱེའམ་སྙམ་པའི་དོགས་པ་དགག་པའི་ཆེད་དུ་མཐར་གྱིས་པའི་སྐབས་སུ་དེ་ལྟར་བསྟན་པའི་ཕྱིར་ཞེས་པ་ནི། རྣམ་པ་ཀུན་མངོན་པར་རྫོགས་པར་ཞེས་སོགས་ཀྱིས་བསྟན་ནོ། །སྦྱོར་བ་དང་པོ་གསུམ་གྱི་སྐབས་ཀྱི་ལམ་གསུམ་བཏགས་པ་བ་ཡིན་པ་ནི་ཟག་པ་མེད་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཞེས་དང་། ངེས་པར་འབྱེད་པའི་ཆ་ལ་སོགས་པ་ཞེས་སོགས་ཀྱིས་བསྟན་ནོ། །འདོགས་པའི་རྒྱུ་མཚན་ནི་རིམ་གྱིས་སྐྱེ་བས་ཞེས་སོགས་ཀྱིས་བསྟན་ཏོ། །བཏགས་པའི་དགོས་པ་ནི་ཅིག་ཆར་སྐྱེ་བ་དགག་པར་བྱ་བའི་ཕྱིར་ཞེས་སོགས་ཀྱིས་བསྟན་ཏོ། །དངོས་ལ་གནོད་བྱེད་ནི་རྣམ་པ་ཐམས་ཅད་དུ་ཁྱད་པར་གྱི་ལམ་གྱིས་བསྡུས་པའི་ཞེས་པས་བསྟན་ཏོ། གཞུང་འདི་དག་ཀྱང་སློབ་དཔོན་སྔ་མའི་བཞེད་པ་བཀོད་པ་ཙམ་ཡིན་གྱི། སློབ་དཔོན་གྱི་རང་གཞུང་མིན་ཏེ། འགྲེལ་ཆེན་ལས། གཞུང་འདི་རྣམས་ཀྱི་མཇུག་ཏུ་ཁ་ཅིག་གིའོ་ཞེས་པ་དང་། རྣམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་རྣམས་ནི་ཞེས་སོགས་ཀྱི་མཇུག་ཏུ་སྔོན་གྱི་སློབ་དཔོན་དག་བཞེད་དོ་ཞེས་གསུངས་པའི་ཕྱིར་དང་། སློབ་དཔོན་རང་ལུགས་ཀྱི་ལམ་གསུམ་གྱི་རྣམ་གཞག་ཐམས་ཅད་ལམ་གསུམ་མཚན་ཉིད་པ་ཁོ་ནར་བཤད་པའི་ཕྱིར་རོ། །གསུམ་པ་ནི། ཁ་ཅིག སྐབས་གཉིས་པར་བཤད་པའི་མཐོང་ལམ་རྩོད་སྤོང་གི་གཞུང་དེའང་སློབ་དཔོན་གྱི་རང་གཞུང་མིན་པར་ཐལ། དེའི་སྐབས་སུ་གཞན་དག་ན་རེ་ཞེས་འབྱུང་བའི་ཕྱིར། ཁྱབ་པ་སྒྲིག་ཟེར་ན་མི་མཚུངས་ཏེ། སློབ་དཔོན་རང་ལུགས་ལ་ལམ་གསུམ་མཚན་ཉིད་པར་མ་བཤད་པར་ཐལ། སློབ་དཔོན་རང་ལུགས་ལ་མཐོང་ལམ་ལ་རྣམ་པ་མེད་པར་མ་བསྟན་པའི་ཕྱིར། ཁྱབ་པ་ཁས། ཡང་ཁ་ཅིག རང་གིས་བརྩམས་པའི་བསྟན་བཅོས་ཀྱི་ནང་དུ་གཞན་གྱི་འདོད་པ་བརྗོད་ནས་དགག་སྒྲུབ་གང་ཡང་མི་བྱེད་པ་ནི་མི་མཁས་པ་ཡིན་པས། འདི་གཞན་གྱི་འདོད་པ་བརྗོད་པ་ཡིན་ན་སློབ་དཔོན་མི་མཁས་པ་ཡིན་པར་འགྱུར་རོ་ཞེས་ཟེར་རོ། །འོ་ན་སློབ་དཔོན་དབྱིག་གཉེན་དེ་ཡང་མི་མཁས་པ་ཡིན་པར་ཐལ། དེས་རང་གིས་བརྩམས་པའི་བསྟན་བཅོས་མངོན་པ་མཛོད་ཀྱི་ནང་དུ་ཁ་ཅིག་ཤིན་དུ་སྦྱངས་པ་བཏང་སྙོམས་པ་ཞེས་བརྗོད་ནས་དགག་སྒྲུབ་གང་ཡང་མ་མཛད་འདུག་པའི་ཕྱིར། དགག་སྒྲུབ་དོན་ལ་མ་བྱས་པར་ནི་མི་འགྲུབ་སྟེ། ལམ་གསུམ་མཚན་ཉིད་པར་བཤད་པའི་ཕྱིར། ངེས་འབྱེད་ཡན་ལག་ནས་གཟུང་སྟེ། །ཞེས་པའི་སྐབས་སུ་མཐའ་དཔྱད་པ་ལ། ཕྱིར་མི་ལྡོག་པའི་རྟགས་ཀྱིས་མཚོན་པའི་གང་ཟག་ངོས་གཟུང་བ། ཕྱིར་མི་ལྡོག་པའི་རྟགས་ཀྱི་རང་བཞིན་གཏན་ལ་དབབ་པ་དང་གཉིས་ལས། དང་པོ་ལ་དགག་གཞག་གཉིས་ལས། དང་པོ་ནི། ཁ་ཅིག ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་མ་མཐའི་ས་མཚམས་ཐེག་ཆེན་སྦྱོར་ལམ་ནས་འཇོག་པ་མི་འཐད་པར་ཐལ། ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་བྱང་ཐོབ་པར་ངེས་པའི་ཐེག་ཆེན་ཚོགས་ལམ་པ་དབང་རྣོན་དེས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཕྱིར་ཏེ། དེས་རིགས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་ཕྱིར། ཡང་ཐེག་ཆེན་ཚོགས་ལམ་གྱི་གནས་སྐབས་ན་གསེར་བཟང་པོ་ལྟ་བུའི་སེམས་བསྐྱེད་མེད་པར་ཐལ་བ་དང་། དེ་ན་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་བྱང་ཐོབ་པར་ངེས་པ་མེད་པར་ཐལ། དེ་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་མེད་པའི་ཕྱིར། གཞན་ཡང་བྱང་སེམས་སྦྱོར་ལམ་པ་དབང་རྟུལ་དང་དབང་འབྲིང་གིས་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པ་དེ་མི་འཐད་པར་ཐལ། བྱང་སེམས་སྦྱོར་ལམ་པ་ཡིན་ན་དེ་ཐོབ་པས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་ཕྱི་ནང་གི་ཡོངས་འཛིན་གཉིས་ཀྱིས་ཐེག་པ་གཞན་དུ་མི་ལྟུང་བར་ཡོངས་སུ་འཛིན་པས་ཁྱབ་པའི་ཕྱིར། ཡང་དེ་ཡིན་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་པར་ཐལ། དེ་ཡིན་ན་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་བྱང་ཐོབ་པས་ཁྱབ་པའི་ཕྱིར་ཟེར་རོ། །ཐལ་བ་དང་པོ་ལ། རིགས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པའི་བྱང་སེམས་ཡིན་ན་ཕྱིར་མི་ལྡོག་པའི་བྱང་སེམས་ཡིན་དགོས་པར་ཐལ། དེའི་རྟགས་ཐོབ་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། རིགས་ཀྱི་སྟོབས་ཀྱིས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་མ་མྱོང་བའི་ཕྱིར། དེ་ལ་ཁ་ཅིག་ན་རེ། དེ་ཆོས་ཅན། ཕྱིར་མི་ལྡོག་པའི་བྱང་སེམས་སུ་ཐལ། གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ངེས་པའང་ཡིན། བྱང་སེམས་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར་ཞེ་ན། བྱང་སེམས་ཀྱི་སྦྱོར་ལམ་ཆོས་ཅན། སྐད་ཅིག་མའི་སྦྱོར་བ་ཡིན་པར་ཐལ། སྐད་ཅིག་མའང་ཡིན། སྦྱོར་བའང་ཡིན་པའི་ཕྱིར། ཐལ་བ་གཉིས་པ་ལ། ཚོགས་ལམ་འབྲིང་པོ་ལ་གནས་པའི་བྱང་སེམས་ཡིན་ན་གསེར་བཟང་པོ་ལྟ་བུའི་སེམས་བསྐྱེད་ཐོབ་པས་མ་ཁྱབ་པར་ཐལ། དེ་ཡིན་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་མ་ཁྱབ་པའི་ཕྱིར། འདོད་ན། ཚོགས་ལམ་ཆུང་ངུ་ལ་གནས་པའི་བྱང་སེམས་ཡིན་ན་ས་ལྟ་བུའི་སེམས་བསྐྱེད་ཐོབ་པས་མ་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཡིན་ན་འདུན་ལྡན་སེམས་བསྐྱེད་ཐོབ་པས་མ་ཁྱབ་པར་ཐལ་ལོ། །ཐལ་བ་གསུམ་པ་ལ། ལམ་མ་ཞུགས་ན་ཐེག་པ་གཞན་གྱིས་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཐོབ་པར་ངེས་པའི་གང་ཟག་མེད་པར་ཐལ། དེ་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་མེད་པའི་ཕྱིར། འདོད་མི་ནུས་ཏེ། ཐེག་པ་གཞན་གྱིས་བར་མ་ཆོད་པར་བླ་མེད་བྱང་ཆུབ་ཐོབ་པར་ངེས་པའི་བྱང་སེམས་ཚོགས་ལམ་པའི་དངོས་རྒྱུར་གྱུར་པའི་ལམ་མ་ཞུགས་ཀྱི་གང་ཟག་ཡོད་པའི་ཕྱིར། ཐལ་བ་བཞི་པ་ལ། རྩེ་སྦྱོར་ཐོབ་ན་དེས་རྟགས་བཅུ་གཉིས་ཐོབ་པས་ཁྱབ་པར་ཐལ། དེ་ཐོབ་ན་མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཐོབ་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཐོབ་ན་རྨི་ལམ་གྱི་གནས་སྐབས་ནའང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་དགའ་བའི་སེམས་མི་སྐྱེད་པ་ཐོབ་པས་ཁྱབ་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་ཐོབ་ན་རང་དོན་ཡིད་བྱེད་ཀྱི་བསམ་པ་བསྐྱེད་མི་སྲིད་པས་ཁྱབ་པར་ཐལ་ལོ། །ཐལ་བ་ལྔ་པ་ལ། ཐེག་ཆེན་སྦྱོར་ལམ་པ་ཡིན་ན་བསོད་ནམས་རྣམ་པར་འཕེལ་བའི་རྩེ་སྦྱོར་ཐོབ་པས་ཁྱབ་པར་ཐལ། དེ་ཡིན་ན་རང་རྒྱུད་རྩེ་སྦྱོར་གྱིས་བསོད་ནམས་རྣམ་པར་འཕེལ་བས་ཁྱབ་པའི་ཕྱིར། ཡང་ཁ་ཅིག་གིས། ཐེག་ཆེན་སྦྱོར་ལམ་པ་ཡིན་ན་ཕྱིར་མི་ལྡོག་པའི་ཁྱད་པར་ཐོབ་པས་ཁྱབ་པར་ཁས་བླངས་པ་ལ། གཞན་དག་སྐྱོན་འདི་ལྟར་བརྗོད་དེ། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་པའི་གཞུང་འདིས་ཐེག་ཆེན་སྦྱོར་ལམ་པ་དབང་པོ་རྣོ་འབྲིང་རྟུལ་གསུམ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་བསྟན་པར་ཐལ། རྟགས་ཁས་བླངས། འདོད་ན། ཐེག་ཆེན་མཐོང་ལམ་པ་དང་སྒོམ་ལམ་པ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་ལོགས་སུ་བསྟན་པ་ལ་དགོས་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་སྟེ། སྔ་མ་དེ་ཐམས་ཅད་ཕྱིར་མི་ལྡོག་པར་ངེས་ན་ཕྱི་མ་གཉིས་པོ་དེའང་དེར་ངེས་དགོས་པའི་ཕྱིར། ཞེས་བཀག་ནས། རང་ལུགས་ལ། ཕྱིར་མི་ལྡོག་པའི་རྟགས་ཀྱི་མ་མཐའི་ས་མཚམས་དབང་པོའི་རིམ་པ་དང་མཐུན་པར་ལམ་གསུམ་ལ་རིམ་བཞིན་དུ་འཇོག་གོ་ཟེར་རོ། །འོ་ན་གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་སོགས་ཀྱི་གཞུང་དེས་བྱང་སེམས་སྦྱོར་ལམ་པ་དབང་པོ་རྣོན་པོ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་བསྟན་པར་ཐལ། བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཡིན་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་ཁྱབ་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རེ་ཞིག་སོང་། གཞུང་དེས་དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་བསྟན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། ཁས་བླངས་ཏེ། སྦྱོར་ལམ་རྩེ་སྦྱོར་དང་། བཟོད་པ་དང་། ཆོས་མཆོག་ལ་གནས་པའི་བྱང་སེམས་དབང་རྣོན་ཐམས་ཅད་ཀྱི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་ལོགས་སུ་བསྟན་པ་ལ་དགོས་པ་མེད་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་ཁས་བླངས་ཏེ། དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ཐམས་ཅད་ཕྱིར་མི་ལྡོག་པར་ངེས་ན། སྦྱོར་ལམ་ཕྱི་མ་གསུམ་ལ་གནས་པའི་གང་ཟག་དབང་རྣོན་རྣམས་ཀྱང་དེར་ངེས་དགོས་པའི་ཕྱིར། ཁ་ཅིག བྱང་སེམས་སྦྱོར་ལམ་པ་དབང་རྣོན་དེ་མཐོང་ལམ་པ་དབང་འབྲིང་། དེ་སྒོམ་ལམ་པ་དབང་པོ་རྟུལ་པོ་གསུམ་ལ་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་དང་མ་ཐོབ་པ་གཉིས་སུ་ཡོད་ཅིང་། ཐོབ་པ་དེ་རྣམས་འདིར་ཕྱིར་མི་ལྡོག་པའི་རྟགས་ཀྱིས་མཚོན་པའི་དགེ་འདུན་དུ་བསྒྲུབ་པར་བྱ་བ་ཡིན་ནོ་ཟེར་རོ། །འོ་ན་རིགས་མ་ངེས་པའི་བྱང་སེམས་སྦྱོར་ལམ་པ་དབང་པོ་རྣོན་པོ་དེས་ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པར་ཐལ། དེ་མ་ཐོབ་པའི་བྱང་སེམས་སྦྱོར་ལམ་པ་དབང་རྣོན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། འགྲེལ་ཆེན་ལས། ལ་ལར་རིགས་མ་ངེས་པ་ཡིན་ཀྱང་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པར་བྱའོ་ཞེས་གསུངས་པ་དང་འགལ་ལོ། །གཞན་ཡང་ཕྱིར་མི་ལྡོག་པའི་རྟགས་ཐོབ་པ་མི་སྲིད་པའི་བྱང་སེམས་ཤིག་ཡོད་པར་ཐལ། བྱང་སེམས་སྒོམ་ལམ་པ་ཡིན་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་པས་མ་ཁྱབ་པའི་ཕྱིར། འདོད་ན་ཕྱིར་མི་ལྡོག་པའི་རྟགས་ཐོབ་མ་མྱོང་བའི་སངས་རྒྱས་འཕགས་པ་ཡོད་པར་ཐལ་ལོ། །ཡང་ཁ་ཅིག སྐབས་འདིར་བསྟན་བྱའི་གཙོ་བོ་སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་དགེ་འདུན། མཐོང་ལམ་པ་ཕྱིར་མི་ལྡོག་པའི་དགེ་འདུན། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་པས། དེ་གསུམ་གྱི་མཚན་ཉིད་རིམ་བཞིན། རྟགས་གསུམ་ལ་ཚན་པ་བཞིར་བྱས་པའི་གང་རུང་གཅིག་རང་རྒྱུད་ལ་ཐོབ་ཅིང་ཐོབ་པ་ལྟར་ཡིད་ཆེས་པའི་ངེས་འབྱེད་ཆ་མཐུན་ལ་གནས་པའི་རྒྱལ་སྲས། གཟུགས་སོགས་འདུ་ཤེས་ལྡོག་པ་ལ་སོགས་པའི་གཏན་ཚིགས་བཅུ་དྲུག་གང་རུང་རང་རྒྱུད་ལ་ཐོབ་ཅིང་ཐོབ་པ་ལྟར་ཡིད་ཆེས་པའི་བདེན་པ་མངོན་རྟོགས་ལ་གནས་པའི་རྒྱལ་སྲས། མཉམ་གཞག་ཟབ་མོ་བརྒྱད་ཀྱིས་དྲངས་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་རྗེས་ལ་མངོན་རྟོགས་ལ་གནས་པའི་རྒྱལ་སྲས་ཟེར་རོ། །འོ་ན་དྲོད་ལ་གནས་པའི་སེམས་དཔའ་དབང་རྟུལ་དེ་ཆོས་ཅན། མཚན་ཉིད་སྔ་མ་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། བྱང་སེམས་སྦྱོར་ལམ་པ་ཡིན་པའི་ཕྱིར། སྡུག་བསྔལ་ཆོས་བཟོད་ལ་གནས་པའི་སེམས་པ་དབང་རྣོན་དེ་ཆོས་ཅན། མཚན་ཉིད་གཉིས་པ་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མཐོང་ལམ་སྐད་ཅིག་དང་པོ་ལ་གནས་པའི་གང་ཟག་མིན་པར་ཐལ། འདོད་པ་དེའི་ཕྱིར། རྒྱུན་མཐའི་བྱང་སེམས་དེ་ཆོས་ཅན། མཚན་ཉིད་ཕྱི་མ་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་གསལ་ཆོས་ཅན་གྱིས་གྲུབ་བོ། །གཉིས་པ་ནི། སྤྱིར་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཙམ་ནི་ཚོགས་ལམ་ནས་ཀྱང་ཡོད་ལ། དེ་ཕྱིར་མི་ལྡོག་པའི་དགེ་འདུན་དུ་ནི་མི་གཏོགས་ཏེ། དེར་གྱུར་པའི་མ་མཐའི་ས་མཚམས་སྦྱོར་ལམ་ནས་གསུངས་པའི་ཕྱིར་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་མི་སྲིད་པའི་ཕྱིར་ཏེ། དེ་ཐོབ་ན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་དམན་པའི་བྱང་ཆུབ་ཀྱི་ཆེད་དུ་མི་འཇུག་པས་ཁྱབ་པའི་ཕྱིར། ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ན་དེ་སྒྲུབ་ཀྱི་རྟགས་ཐོབ་པས་མ་ཁྱབ་སྟེ། ལམ་དེ་དང་དེ་ཐོབ་པ་ན། ལམ་དེ་དང་དེའི་རྟགས་ཐོབ་ན་ལམ་སྒོམ་པའི་བློའི་ནུས་པ་ལ་བཟང་ངན་གྱི་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །དེས་ན་ཕྱིར་མི་ལྡོག་པའི་དགེ་འདུན་ཐེག་ཆེན་གྱི་དྲོད་ཐོབ་པ་ཙམ་ནས་འཇོག་ཅིང་། དེའི་རྟགས་ཐོབ་པའི་མ་མཐའི་ས་མཚམས་དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ནས་འཇོག་གོ །གཉིས་པ་ལ་མི་འཐད་པའི་ཕྱོགས་ལུང་རིགས་ཀྱིས་དགག འཐད་པའི་ཕྱོགས་གཞུང་ལས་བསྟན། དེ་ལྟར་བསྟན་པའི་རྟགས་ཆོས་དོན་གསུམ་ལ་དཔྱད། གནད་ཀྱི་དོན་བསྡུས་ཏེ་བསྟན་པ་དང་བཞི་ལས། དང་པོ་ལ། ཁ་ཅིག སྐབས་འདིར་སེམས་དཔའ་གསུམ་པོ་གང་རུང་ཆོས་ཅན་དུ་བྱས་ནས། ཕྱིར་མི་ལྡོག་པ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེ་ལྟར་བྱས་ན་དགག་པ་རྟགས་སུ་འགྱུར་བ་ཡིན་པའི་ཕྱིར། སློབ་དཔོན་གྱི་སྐབས་འདིར་བསྟན་གྱི་གཏན་ཚིགས་ཐམས་ཅད་རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་སུ་གསུངས་པའི་ཕྱིར་ཏེ། འགྲེལ་ཆེན་ལས། གཟུང་བར་བྱའོ་ཞེས་པ་ནི། །ནུས་པའི་རྒྱུ་ཡིས་འབྲས་སྐྱེ་བར། །རྗེས་སུ་དཔག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་པའི་ཚུལ་རུང་བ་ཉིད་ཀྱི་རྗེས་སུ་དཔག་པའི་ངེས་པར་གཟུང་བར་བྱའོ་ཞེས་གསུངས་པའི་ཕྱིར། དེས་ན་སྐབས་འདིར་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ཡིན་ཏེ། རྩ་བ་ལས། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་དང་། འགྲེལ་པ་ལས། ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ནོ་ཞེས་གསུངས་པའི་ཕྱིར། དེ་ལྟར་ན་འགྲེལ་ཆེན་ལས་གསུངས་པའི་སྦྱོར་བའི་དོན་ནི། དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ། གཟུགས་ལ་བདེན་ཞེན་མངོན་གྱུར་བ་ལྡོག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། དེས་ལྷག་མ་རྣམས་ལ་རིགས་འགྲེ་ཟེར་རོ། །ཚིག་གི་སྙན་པས་དོན་ལ་སྙོགས་པར་འདོད་པ་ཁྱོད་ཉོན་ཅིག སེམས་ཀྱི་གནས་ལུགས་ནམ་མཁའི་ཆོས་ཉིད་ལ་མ་རིག་འཁྲུལ་པའི་དྲྭ་བ་ཁོ་བོས་བསལ་བར་བྱ་སྟེ། འདི་ལྟར་ངེད་ཀྱིས་དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། ཐེག་ཆེན་སློབ་པའི་གང་ཟག་ཡིན་ཏེ། ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། ཞེས་པ་འདི་འགྲེལ་ཆེན་གྱི་སྦྱོར་བའི་དོན་ཡིན་པར་ཁས་བླངས་ན་ཅིས་འགོག ཁོ་ན་རེ། དེ་དེའི་དོན་མིན་པར་ཐལ། སྦྱོར་བ་དེའི་རྟགས་ལ་རྒྱུ་ཚོགས་གྲངས་ཚང་གི་དོན་མ་ཚང་བའི་ཕྱིར་དང་། བསྒྲུབ་བྱའི་ཆོས་ལ་འབྲས་བུ་འབྱུང་རུང་གི་དོན་མ་ཚང་བའི་ཕྱིར་ཞེ་ན། ད་གཟོད་གོ་འདུག འདོད་ན། ཁྱོད་ཀྱི་དེའང་དེའི་དོན་མིན་པར་ཐལ། དེ་དང་དེ་ལ་དེ་ཉིད་མ་ཚང་བའི་ཕྱིར། སྐྱོན་སྤོང་བྱས་ཀྱང་རྣམ་པ་ཐམས་ཅད་དུ་མཚུངས་སོ། །ཡང་ཁོ་ན་རེ། ཁྱོད་ཀྱི་སྦྱོར་བ་དེ་དེ་ལས་གསུངས་པའི་སྦྱོར་བ་དེའི་དོན་མིན་པར་ཐལ། སྐབས་འདིར་ཐེག་ཆེན་སློབ་པའི་གང་ཟག་ཏུ་སྒྲུབ་པ་སྐབས་ཀྱི་དོན་མིན་པའི་ཕྱིར་ཟེར་ན། ཁྱེད་རང་ལའང་མཚུངས་ཏེ། སྐབས་འདིར་ཕྱིར་མི་ལྡོག་པའི་དགེ་འདུན་དུ་སྒྲུབ་པ་སྐབས་ཀྱི་དོན་མིན་པའི་ཕྱིར། གཞན་ཡང་། སློབ་དཔོན་གྱི་ལུགས་ལ་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་སྒྲུབ་པའི་གཏན་ཚིག་ཡིན་ན་གཅིག་དུ་བྲལ་གྱི་གཏན་ཚིགས་ཡིན་དགོས་པར་ཐལ། འགྲེལ་པ་ལས། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་གསུངས་པའི་ཕྱིར། མ་ཁྱབ་ན། སྔར་གྱི་འགྲེལ་ཆེན་གྱི་ལུང་དོན་གྲུབ་ན། འདིར་བསྟན་ཕྱིར་མི་ལྡོག་པའི་གཏན་ཚིག་ཐམས་ཅད་རྒྱུ་ཚོགས་གྲངས་ཚང་བའི་རྟགས་ལས་འབྲས་བུ་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་གཏན་ཚིག་ཡིན་པའི་ཁྱབ་པ་ཡོད་པར་བུད་དོ། །ཁོ་ན་རེ། དེ་མི་མཚུངས་ཏེ། ཁྱོད་ཀྱི་དེ་ལ་ཁྱབ་པ་མེད་པར་ཐལ། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཞེས་པའི་གཞུང་གི་དོན་ནི། གཅིག་དུ་བྲལ་གྱི་རྟགས་ལས་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་རྟོགས་པའི་ཚད་མས་གཞི་ལམ་རྣམ་གསུམ་བདེན་པའི་སྐྱེ་མེད་དུ་ཤེས་པར་བྱའོ་ཞེས་པའི་དོན་ཡིན་པའི་ཕྱིར་ཞེས་ཟེར་རོ། །འོ་ན་ཁྱེད་ཀྱི་དེའང་ཁྱབ་པ་མེད་པར་ཐལ། འགྲེལ་ཆེན་གྱི་ལུང་གི་དོན་ནི་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་བྱང་འབྱུང་རུང་གི་རྟགས་ལས་ཐེག་ཆེན་སྦྱོར་ལམ་པ་དབང་རྣོན་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་རྟོགས་པའི་ཚད་མས་དེ་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་པའི་དོན་ཡིན་པའི་ཕྱིར། གཞན་ཡང་སྐབས་འདིར་སེམས་དཔའ་གསུམ་པོ་གང་རུང་ཆོས་ཅན་དུ་གཟུང་ནས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་མིན་པར་ཕྱིར་མི་ལྡོག་པ་ཡིན་ཏེ། ཞེས་བསྒྲུབ་པར་བྱ་བ་ཡིན་པར་ཐལ། རྩ་བར། ངེས་འབྱེད་ཡན་ལག་ལ་གནས་པའི། །ཕྱིར་མི་ལྡོག་པའི་མཚན་ཉིད་འདི། །ཞེས་དང་། འགྲེལ་པར་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་གནས་པ་རྣམས་ཀྱི་ཕྱིར་མི་ལྡོག་པའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པའི་ཕྱིར། འཁོར་གསུམ་གཞན་ཡང་ལུས་རྣམ་གཞག་ཏུ་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་ཞེས་དང་། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་དང་། འགྲེལ་པར་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ་ཞེས་པ་ལ་བརྟེན་ནས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ཏེ་ཞེས་སྒྲུབ་དགོས་པར་འདོད་པ་ནི་གཞུང་གིས་བསྟན་ཚུལ་ཅུང་ཟད་ཀྱང་མ་རྟོགས་པ་ཡིན་ཏེ། ངེས་འབྱེད་ཡན་ལག་ནས་གཟུང་སྟེ། །ཞེས་པ་རྩ་འགྲེལ་འདིས། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་སློབ་པ་ཕྱིར་མི་ལྡོག་པའི་ཚོགས་དེ་ལམ་གྱི་ས་མཚམས་གང་ནས་འཇོག་གི་མཚན་གཞི་ཙམ་ཞིག་བསྟན་པ་ཡིན་གྱི། སྐབས་དེར་ཕྱིར་མི་ལྡོག་པའི་གཏན་ཚིགས་དངོས་སུ་མ་བསྟན་པའི་ཕྱིར། ཡང་ཁ་ཅིག དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ཆོས་ཅན། ཕྱིར་མི་ལྡོག་པའི་སྦྱོར་ལམ་པ་ཡིན་ཏེ། དོན་མངོན་རྟོགས་ལ་གནས་པའི་སེམས་དཔའ་ཡིན་པའི་ཕྱིར་ཞེས་འགོད་པའང་མི་འཐད་པར་ཐལ། སྐབས་འདིར་ཕྱིར་མི་ལྡོག་པ་ཙམ་ཞིག་སྒྲུབ་པ་ཡིན་གྱི། ཕྱིར་མི་ལྡོག་པའི་སྦྱོར་ལམ་པ་ཡིན་པར་སྒྲུབ་པ་ཡི་གེའི་དོན་མིན་པའི་ཕྱིར། གཉིས་པ་ནི། ལུས་རྣམ་གཞག་ཏུ་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་གི་ནང་དུ། སློབ་པ་ཕྱིར་མི་ལྡོག་པའི་ཚོགས། །ཞེས་ཕྱིར་མི་ལྡོག་པའི་དགེ་འདུན་གསུངས་པ་དེ་ཉིད་ལམ་གྱི་སྐབས་གང་ནས་འཇོག་ཅེ་ན། སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་སེམས་དཔའ་རྣམས་ལ་འཇོག་ཅེས་སྟོན་པ་ནི། ངེས་འབྱེད་ཡན་ལག་ནས་གཟུང་སྟེ། །ཞེས་སོགས་རྩ་འགྲེལ་གྱིས་བསྟན་ནོ། །དེས་ན་འདིར་ལུས་རྣམ་གཞག་གི་ཚོགས་ཞེས་པ་ངོས་གཟུང་བའི་སྐབས་ཡིན་པས། རྩ་བར་ཚོགས་ཞེས་དང་། འགྲེལ་པར་དགེ་འདུན་ཡིན་ནོ་ཞེས་འབྱུང་བའི་གནད་ཀྱང་འདི་ཡིན་ནོ། །འོ་ན་དེ་རྣམས་ཕྱིར་མི་ལྡོག་པའི་དགེ་འདུན་ཡིན་ན། ཕྱིར་མི་ལྡོག་པའི་གཏན་ཚིགས་གང་གིས་སྒྲུབ་ཅེ་ན། ཕྱིར་མི་ལྡོག་པ་ཙམ་གྱིས་དེའི་རྟགས་ཐོབ་པས་མ་ཁྱབ་ཅིང་། ཐོབ་པ་ལ་ནི་སྦྱོར་ལམ་པ་དབང་རྣོན་ཕྱིར་མི་ལྡོག་པར་གཏན་ཚིགས་ཉི་ཤུས་སྒྲུབ་པ་ནི། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །ཞེས་སོགས་མདོར་བསྟན་རྒྱས་བཤད་གཉིས་ཀྱིས་བསྟན་ཏོ། །མཐོང་ལམ་པ་དེར་གཏན་ཚིགས་བཅུ་དྲུག་གི་སྒོ་ནས་སྒྲུབ་པ་ནི། མཐོང་བའི་ལམ་ལ་བཟོད་པ་དང་། །ཞེས་སོགས་མདོར་བསྟན་རྒྱས་བཤད་གཉིས་ཀྱིས་བསྟན་ཏོ། །སྒོམ་ལམ་པ་དེར་གཏན་ཚིགས་རྣམ་པ་བརྒྱད་ཀྱི་སྒོ་ནས་སྒྲུབ་པ་ནི། སྐྱེ་བ་དང་ནི་འགག་པ་དང་། །ཞེས་སོགས་ཀྱིས་བསྟན་ཏོ། །འོ་ན་གང་ཟག་དེ་རྣམས་གཏན་ཚིགས་དེ་རྣམས་ཀྱིས་ཕྱིར་མི་ལྡོག་ཏུ་སྒྲུབ་ན། རྟགས་ཆོས་དོན་གསུམ་གཞུང་གང་དང་གང་གིས་བསྟན་ཞེ་ན། སྦྱོར་ལམ་པའི་དབང་དུ་བྱས་ནས། གཟུགས་ལ་སོགས་ལ་ལྡོག་སོགས་རྟགས། །རྣམ་པ་ཉི་ཤུར་བརྗོད་པ་ཡིས། །ཞེས་པས་གཏན་ཚིགས། ངེས་འབྱེད་ཡན་ལག་ལ་གནས་པའི། །ཞེས་པས་ཆོས་ཅན། ཕྱིར་མི་ལྡོག་ཅེས་པས་བསྒྲུབ་བྱའི་ཆོས། མཚན་ཉིད་འདི་ཞེས་པས་ཁྱབ་པ་བསྟན་པ་ཡིན་ནོ། །རྒྱས་བཤད་དུ། རྟགས་ནི་ཉི་ཤུ་དེ་དག་གི །ཞེས་པས་གཏན་ཚིགས། དྲོད་དང་རྩེ་མོ་བཟོད་བཅས་དང་། །ཆོས་མཆོག་རྣམས་ལ་གནས་པ་ནི། །ཞེས་པས་ཤེས་འདོད་ཆོས་ཅན་བསྟན། རྫོགས་པའི་བྱང་ཆུབ་ལས་མི་ལྡོག །ཅེས་པས་བསྒྲུབ་བྱའི་ཆོས་བསྟན། མཐོང་ལམ་པའི་དབང་དུ་བྱས་ནས་མདོར་བསྟན་དུ། མཐོང་བའི་ལམ་ལ་བཟོད་པ་དང་། །ཤེས་པའི་སྐད་ཅིག་བཅུ་དྲུག་ནི། །ཞེས་པས་གཏན་ཚིགས། བྱང་ཆུབ་སེམས་དཔའ་ཞེས་པས་ཆོས་ཅན་དང་། མི་ལྡོག་པའི་ཞེས་པས་བསྒྲུབ་བྱའི་ཆོས། མཚན་ཉིད་ཡིན་པར་ཤེས་པར་བྱ། །ཞེས་པས་ཁྱབ་པ་བསྟན་ཏོ། །རྒྱས་བཤད་དུ། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི། །ཞེས་པས་གཏན་ཚིགས། བློ་ལྡན་མཐོང་བའི་ལམ་གནས་ཀྱི། །ཞེས་པས་ཆོས་ཅན། ཕྱིར་མི་ལྡོག་པའི་ཞེས་པས་བསྒྲུབ་བྱའི་ཆོས། རྟགས་དག་ཡིན་ཞེས་པའི་ཁྱབ་པ་བསྟན་པ་ཡིན་ནོ། །སྒོམ་ལམ་པའི་དབང་དུ་བྱས་ནས། སྐྱེ་བ་དང་ནི་འགག་པ་དང་། །ཞེས་པའི་གཏན་ཚིགས། བློ་ལྡན་སྒོམ་པའི་ལམ་གནས་པའི། །ཕྱིར་མི་ལྡོག་པའི་རྟགས་དག་ཡིན། །ཞེས་པས་དངོས་སུ་བསྟན་པ་མེད་ཀྱང་དོན་གྱིས་ཐོབ་པས་ཆོས་ཅན་དང་། ཆོས་དང་། ཁྱབ་པ་གསུམ་ཀ་བསྟན་ཏོ། །འོ་ན་དངོས་སུ་མི་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྦྱོར་མཐོང་གཉིས་སྟོན་པའི་གཞུང་ལས་དཔགས་ཏེ་ཤེས་ནུས་པའི་ཕྱིར་དང་། ཚིགས་བཅད་མང་ཉུང་གི་ལྷག་ཆད་སྤང་བའི་ཆེད་ཡོད་པའི་ཕྱིར། དཔེར་ན། གཞི་ཤེས་དང་རྣམ་མཁྱེན་གྱི་རྣམ་པའི་སྐབས་སུ་རྣམ་པ་ཐོག་མཐའ་གཉིས་དངོས་སུ་བསྟན་ནས། ལམ་ཤེས་ཀྱི་རྣམ་པའི་སྐབས་སུ་དངོས་སུ་མ་བསྟན་པར། རྒྱུ་དང་ལམ་དང་སྡུག་བསྔལ་དང་། །ཞེས་སོགས་གསུངས་པ་བཞིན་ནོ། །དེས་ན་བསྟན་བཅོས་རྩ་བར། སེམས་དཔའ་གསུམ་གང་རུང་ཆོས་ཅན་དུ་གཟུང་ནས་ཕྱིར་མི་ལྡོག་པར་སྒྲུབ་པ་ལ། གཏན་ཚིགས་བཞི་བཅུ་རྩ་བཞི་གང་རུང་རྟགས་སུ་འགོད་པ་ཙམ་ཞིག་དངོས་སུ་བསྟན་ཞིང་། དེའི་དགོངས་པ་སློབ་དཔོན་གྱིས་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་གྱི་རྟགས་ལས་མཉམ་གཞག་གི་རྟོགས་པ་སྔོན་སོང་དཔོག་པར་བྱེད་པ་འབྲས་བུའི་གཏན་ཚིགས། མཉམ་གཞག་གི་རྟོགས་པ་ཚང་བའི་རྟགས་ལས་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་བྱང་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས། དེ་འབྱུང་རུང་གི་རྟགས་ལས་ཕྱིར་མི་ལྡོག་པར་སྒྲུབ་པ་མ་དམིགས་པའི་གཏན་ཚིགས་དང་གསུམ་གསུངས་པ་ལས། དང་པོ་ནི། དོན་གསལ་ལས། དེ་ལྟར་ན་བཟོད་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པ་འདི་རྣམས་ཡང་དག་པར་ཐོབ་པ་ན་ཞེས་པས་བསྟན་ཏོ། །གཉིས་པ་ནི། སྔར་དྲངས་པ་ལྟར། འགྲེལ་ཆེན་ལས་རྣམ་འགྲེལ་གྱི་ལུང་དྲངས་པ་དེ་ཉིད་ཀྱིས་བསྟན། གསུམ་པ་ནི། ལུང་དེ་ཉིད་ཀྱི་འཇུག་གི་རུང་བ་ཉིད་རྗེས་སུ་དཔག་པས་གཟུང་བར་བྱའོ་ཞེས་པས་བསྟན་ཏེ། རུང་བ་ཉིད་རྟགས་སུ་བྱས་ནས་ཕྱིར་མི་ལྡོག་པར་གཟུང་བར་བསྟན་པའི་ཕྱིར་ཏེ། གཟུང་བར་བྱའོ་ཞེས་པ་ནི། མདོ་ལས་རྣམ་པ་དང་། རྟགས་དང་། མཚན་མ་དེ་དག་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་གཟུང་བར་བྱའོ་ཞེས་པའི་འགྲེལ་པ་ཡིན་པའི་ཕྱིར། མགོན་པོ ་བྱམས་པ་དང་རྒྱས་སྲས་སེང་གེ་བཟང་པོ་གཉིས་ཐུགས་དགེས་པར་གྱུར་ཅིག གསུམ་པ་ལ། ཆོས་ཅན་གྱི་དོན། བསྒྲུབ་བྱའི་ཆོས་ཀྱི་དོན། གཏན་ཚིགས་ཀྱི་དོན་དང་གསུམ་ལས། དང་པོ་ལ་བྱང་སེམས་སྦྱོར་ལམ་པ་དབང་རྣོན་སོགས་གསུམ་སྟེ། གོང་དུ་བཤད་ཟིན། གཉིས་པ་ནི། གཏན་ཚིགས་བཞི་བཅུའི་མཐར་ཐུག་པའི་བསྒྲུབ་བྱའི་ཆོས་ནི་ཕྱིར་མི་ལྡོག་པ་ཡིན་པས། འདི་ལ་གང་གིས་ཕྱིར་མི་ལྡོག་པ། གང་ལས་ཕྱིར་མི་ལྡོག་པ། ཕྱིར་མི་ལྡོག་པ་དོན་བཤད་པ་དང་གསུམ་ལས། དང་པོ་ལ། ཁ་ཅིག སྤྱིར་ཕྱིར་མི་ལྡོག་པ་ལ་བསམ་པས་ཕྱིར་མི་ལྡོག་པ་དང་། སྦྱོར་བས་ཕྱིར་མི་ལྡོག་པ་གཉིས་ལས། འདིར་བསམ་པས་ཕྱིར་མི་ལྡོག་པ་ཡིན་ཏེ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་ནས་བསམ་པས་ཕྱིར་ལྡོག་པ་མི་སྲིད་དེ། དེ་ཐོབ་ནས་བསམ་པས་ཕྱིར་ལྡོག་ན་སྦྱོར་བས་ཀྱང་ཕྱིར་ལྡོག་དགོས་པའི་ཕྱིར། བསམ་པས་ཕྱིར་ལྡོག་ན་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་རང་རྒྱུད་ལ་ཡོད་པ་གཏང་དགོས་ཤིང་། དེ་བཏང་ན་ཕྱིན་དྲུག་གི་སྤྱོད་པའང་འདོར་དགོས་པའི་ཕྱིར་ཟེར་རོ། །འོ་ན་ཐེག་ཆེན་སྦྱོར་ལམ་པ་ཡིན་ན་རང་དོན་ཡིད་བྱེད་ཀྱི་བསམ་པ་སྐྱེ་མི་སྲིད་པས་ཁྱབ་པར་ཐལ། དེ་ཡིན་ན་བསམ་པའི་སྒོ་ནས་ཕྱིར་མི་ལྡོག་པས་ཁྱབ་པའི་ཕྱིར། འདོད་ན་ཉན་ཐོས་འཕགས་པའི་རྟོགས་པ་སྔོན་དུ་སོང་བའི་ཐེག་ཆེན་སྦྱོར་ལམ་པ་དང་། དང་པོ་ཉིད་ནས་ཐེག་ཆེན་གྱི་ལམ་དུ་ཞུགས་པའི་དེ་གཉིས་ལ་རང་དོན་ཡིད་བྱེད་ཀྱི་བསམ་པ་ཡང་དང་ཡང་དུ་སྐྱེ་མི་སྐྱེའི་ཁྱད་པར་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་གཉིས་ཐེག་ཆེན་གྱི་རྟོགས་པ་ཐོབ་པ་ལ་མྱུར་མི་མྱུར་གྱི་ཁྱད་པར་མེད་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་ཅིང་། འདོད་མི་ནུས་ཏེ། རྒྱན་ལས། དེ་གཉིས་ཡང་དང་ཡང་དུ་ནི། །ཞེས་གསུངས་པའི་ཕྱིར། གཞན་ཡང་མ་དག་ས་བདུན་ལ་གནས་པའི་བྱང་སེམས་དབང་རྟུལ་གྱི་རྒྱུད་ལ་རང་དོན་ཡིད་བྱེད་ཀྱི་བསམ་པ་སྐྱེ་མི་སྲིད་པར་ཐལ། ཁས་བླངས་དེའི་ཕྱིར། འདོད་མི་ནུས་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། རྒྱལ་བའི་སྲས་པོས་ས་ཐོབ་ཀྱང་། །བློ་བརྟན་པ་ཉིད་མ་ཡིན་ཏེ། །ཇི་སྲིད་ས་བརྒྱད་མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་གསུངས་པའི་ཕྱིར། གལ་ཏེ་ལུང་དེའི་དོན་ནི་མ་དག་ས་བདུན་གྱི་གནས་སྐབས་སུ་ཐེག་དམན་དུ་ལྟུང་བའི་འཇིགས་པ་ཡོད་པ་ལ་དགོངས་སོ་ཞེ་ན། དེའི་གནས་སྐབས་སུ་དེ་མེད་པར་ཐལ། དེའི་གནས་སྐབས་སུ་རང་དོན་ཡིད་བྱེད་ཀྱི་བསམ་པ་སྐྱེ་མི་སྲིད་པའི་ཕྱིར། རྟགས་བསལ་དངོས། དེས་ན་རང་ལུགས་ལ་སྤྱིར་ཕྱིར་མི་ལྡོག་པ་ལ་བསམ་པས་དང་སྦྱོར་བས་ཕྱིར་མི་ལྡོག་པར་བསྒྲུབ་པར་བྱ་བ་ལ་གཉིས་ལས། རྟགས་ཀྱིས་བསྒྲུབ་པར་བྱ་བ་ནི། བཀོད་ཚོད་ལ་བསམ་སྦྱོར་སོ་སོར་མ་ཕྱེ་བར་ཕྱིར་མི་ལྡོག་པ་ཙམ་བཀོད་ཅིང་། སོང་ཚོད་ལ་སྦྱོར་བའི་སྒོ་ནས་ཕྱིར་མི་ལྡོག་པར་སོང་སྟེ། གང་ཟག་འདི་རྣམས་གཏན་ཚིགས་དེ་རྣམས་ཀྱིས་གནས་སྐབས་ཐེག་དམན་ལམ་དུ་མི་འཇུག་པར་རྫོགས་བྱང་ཐོབ་པ་ཙམ་སྒྲུབ་པ་ཡིན་པའི་ཕྱིར། བསམ་པའི་སྟོབས་ཀྱིས་ཕྱིར་མི་ལྡོག་པ་ནི་འདིར་ཕྱིར་མི་ལྡོག་པའི་དོན་མིན་ཏེ། སྐབས་འདིར་མ་དག་སའི་བྱང་སེམས་དབང་རྟུལ་ཕྱིར་མི་ལྡོག་པར་བསྒྲུབ་པར་བྱ་བ་གང་ཞིག དེ་ཉིད་བསམ་པའི་སྟོབས་ཀྱིས་ཕྱིར་ལྡོག་པ་སྲིད་པའི་ཕྱིར། གཉིས་པ་ནི། སློབ་དཔོན་ཆོས་བཤེས་ཀྱིས། བྱང་ཆུབ་ཙམ་དང་། དེ་ཁྱད་པར་ཅན་དང་། འཇིག་རྟེན་ལས་འདས་པ་དང་། རྩོལ་མེད་ལས་ཕྱིར་མི་ལྡོག་པ་བཞི་གསུངས་ཀྱང་། སྐབས་འདིར་གཉིས་པ་དེ་གཟུང་བར་བྱ་བ་ཡིན་ནོ། །གསུམ་པ་ལ། དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག འདིར་བསྟན་ཕྱིར་མི་ལྡོག་པའི་དོན་ནི། ད་ལྟ་ཐེག་ཆེན་གྱི་བསམ་སྦྱོར་ཕུན་སུམ་ཚོགས་པ་ལ་གནས་བཞིན་པ་ཡིན་པ་ལ། ཐེག་དམན་གྱི་བསམ་སྦྱོར་སྐད་ཅིག་གིས་ཀྱང་བར་མ་ཆོད་པར་སངས་རྒྱ་བ་ཡིན་ཞིང་། དེའི་ལྡོག་ཕྱོགས་ལ། བསམ་པས་དང་། སྦྱོར་བས་ཕྱིར་ལྡོག་པ་གཉིས་ལས། སྔ་མ་ནི་ད་ལྟ་རང་ཉིད་ཐེག་ཆེན་གྱི་བསམ་པ་ཕུན་སུམ་ཚོགས་པ་ལ་གནས་བཞིན་པ་ཡིན་པ་ལ། ཐེག་དམན་གྱི་བསམ་པས་བར་དུ་ཆོད་པ་དང་། ད་ལྟ་རང་ཉིད་ཐེག་ཆེན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ལ་གནས་བཞིན་པ་ཡིན་པ་ལ། ཐེག་དམན་གྱི་ལམ་དུ་འཇུག་སྲིད་པ་ལྟ་བུའོ། །དེའང་སྐབས་འདིར་ནི་བསམ་པས་ཕྱིར་མི་ལྡོག་པར་སྒྲུབ་པ་ཡིན་གྱི། སྦྱོར་བའི་སྒོ་ནས་ནི་མིན་ཏེ། ཐེག་ཆེན་སྦྱོར་ལམ་པ་ཡིན་ན་སྦྱོར་བའི་སྒོ་ནས་ཕྱིར་མི་ལྡོག་པས་ཁྱབ་པ་གང་ཞིག འདིར་བསྟན་ནི་ཕྱིར་ལྡོག་པ་དེ་ས་བདུན་པ་མན་ཆད་དུ་འགྲོ་བའི་ཕྱིར་ཞེ་ན། རྟགས་ཕྱི་མ་དེ་མིན་པར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཐོབ་པའི་བྱང་སེམས་ཡིན་ན་འདིར་བསྟན་ཕྱིར་མི་ལྡོག་པ་དེ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་ཡིན་ན་ད་ལྟ་རང་ཉིད་ཐེག་ཆེན་གྱི་བསམ་སྦྱོར་ཕུན་སུམ་ཚོགས་པ་ལ་གནས་བཞིན་པ་ཡིན་པ་ལ། ཐེག་དམན་གྱི་བསམ་སྦྱོར་སྐད་ཅིག་གིས་ཀྱང་བར་མ་ཆོད་པར་སངས་རྒྱ་བས་ཁྱབ་པའི་ཕྱིར། ཁྱབ་པ་ཕྱིར་མི་ལྡོག་པའི་དོན་ངོས་འཛིན་ལ་སོང་། མ་གྲུབ་ན། དེར་ཐལ། དེ་ཡིན་ན་སྦྱོར་བའི་སྒོ་ནས་ཕྱིར་མི་ལྡོག་པས་ཁྱབ་པའི་ཕྱིར། དེ་ལ་ཁོ་ན་རེ། མ་ཁྱབ་སྟེ། དེ་ཐོབ་ནས་རང་དོན་ཡིད་བྱེད་ཀྱི་བསམ་པས་བར་དུ་ཆོད་པ་སྲིད་པའི་ཕྱིར་ཞེ་ན། ཐེག་ཆེན་སྦྱོར་ལམ་པ་ཡིན་ན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཕྱིར་མི་ལྡོག་པས་མ་ཁྱབ་པར་ཐལ། བསམ་པའི་སྟོབས་ཀྱིས་ཕྱིར་ལྡོག་པའི་བྱང་སེམས་སྦྱོར་ལམ་པ་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་པར་མི་ནུས་ཏེ། བསམ་སྦྱོར་གཉིས་ཀས་ཕྱིར་ལྡོག་པའི་བྱང་སེམས་སྦྱོར་ལམ་པ་མེད་པའི་ཕྱིར། གཉིས་པ་ནི། རྟགས་ཀྱིས་བསྒྲུབ་པར་བྱ་བ་མིན་པའམ་ཡིན་ཀྱང་རུང་སྟེ། དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་སྐབས་ཀྱི་ཕྱིར་མི་ལྡོག་པ་ནི་བསམ་སྦྱོར་གཉིས་ཀྱིས་དམན་པའི་བྱང་ཆུབ་ཀྱི་ཆེད་དུ་མི་འཇུག་པ་སྟེ། གཙོ་བོ་ནི་སྦྱོར་བས་ཕྱིར་མི་ལྡོག་པ་ཡིན་ནོ། །གསུམ་པ་རྟགས་ཀྱི་དོན་ལ་དཔྱད་པ་ལ། ཁ་ཅིག སྤྱིར་མཉམ་གཞག་དང་རྗེས་ཐོབ་གཉིས་ཡོད་པ་ལས། སྔ་མ་ཕྱིར་མི་ལྡོག་པའི་རྟགས་སུ་འགྱུར་བ་མི་སྲིད་དེ། དེ་ལྟ་མིན་ན་རྣལ་འབྱོར་པའི་རྒྱུད་ལ་སོ་སོ་རང་གི་རིག་པའི་སྐད་ཅིག་མ་རྣམས་ཇི་ལྟར་གཞན་ཡིད་ཆེས་པར་བྱེད་པའི་མཚན་ཉིད་དག་ཡིན་ཞེས་ཆེད་དུ་གཏད་པའི་དགག་པ་འབྱུང་བའི་ཕྱིར། རྗེས་ཐོབ་ཀྱི་མཁྱེན་པ་རྣམས་ཀྱང་གཞན་ངོར་གཏན་ཚིགས་སུ་འགྱུར་བ་མི་སྲིད་དེ། མཉམ་གཞག་གི་རྟོགས་པ་དང་རྒྱུ་མཚན་མཚུངས་པའི་ཕྱིར་ཏེ། ཐམས་ཅད་དུ་རྟོགས་པ་དང་། མཐུན་པ་ཁོ་ན་ཞེས་གསུངས་པའི་ཕྱིར། དེས་ན་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁོ་ན་གཏན་ཚིགས་སུ་འགྱུར་བ་ཡིན་ཏེ། དེ་མཉམ་གཞག་གི་རྟོགས་པ་ལ་མི་འཁྲུལ་དེ་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ལ་མི་འཁྲུལ་བ་ཡིན་པའི་ཕྱིར། འོ་ན་དྲོད་ཀྱི་རྟགས་བཅུ་གཅིག རྩེ་མོའི་རྟགས་དྲུག་ལ་སོགས་པ་རྣམས་ཕྱོགས་གཅིག་ཏུ་སྡོམ་པ་གཏན་ཚིགས་སུ་འགྱུར་བ་ཡིན་ནམ། རེ་རེ་བ་དེར་འགྱུར་བ་ཡིན་ཟེར་ན། སྔ་མ་ཡིན་གྱི་ཕྱི་མ་མིན་ཏེ། ཉན་ཐོས་དགྲ་བཅོམ་པ་ལའང་ཐེ་ཚོམ་ཟད་པ་དང་། མི་དལ་ཟད་པ་དང་། རྟག་ཏུ་ཚངས་པར་སྤྱོད་པ་དང་། འཚོ་བ་རྣམ་པར་དག་པ་སོགས་ཡོད་པའི་ཕྱིར་ཟེར་ན། འོ་ན་རྗེས་ཐོབ་ལུས་ངག་གི་སྤྱོད་པའི་རྟགས་ལས་མཉམ་གཞག་གི་རྟོགས་པ་དཔོག མཉམ་གཞག་གི་རྟོགས་པའི་རྟགས་ལས་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་དཔོག་པ་ཞིག་མེད་པར་ཐལ། མཉམ་གཞག་གཞན་ངོར་གཏན་ཚིགས་སུ་འགྱུར་བ་ཞིག་མེད་པའི་ཕྱིར། འདོད་མི་ནུས་ཏེ། བྱང་སེམས་མཐོང་ལམ་པས་རྗེས་ཐོབ་ལུས་ངག་གི་སྤྱོད་པའི་རྟགས་ལས་རང་ལས་རྟོགས་པ་དམའ་བའི་གང་ཟག་གིས་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་དཔོག་པ་ཡོད་པ་གང་ཞིག དེ་རང་ལས་རྟོགས་པ་དམའ་བའི་གང་ཟག་གི་རྒྱུད་ལ་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཏེ། དེའི་རྟགས་ལས་གང་ཟག་དེའི་རྒྱུད་ལ་ཐེག་ཆེན་མཐོང་ལམ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་རྟོགས་པ་ཡོད་དགོས་པའི་ཕྱིར། གཞན་ཡང་གཟུགས་སོགས་ཀྱི་འདུ་ཤེས་ལྡོག་པ་སོགས་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་ཐེག་ཆེན་མཐོང་ལམ་པ་རྫོགས་བྱང་ལས་ཕྱིར་མི་ལྡོག་པར་ངེས། མཉམ་གཞག་ལ་གནས་པའི་ཐེག་ཆེན་མཐོང་ལམ་པ་ཕྱིར་ལྡོག་མི་ལྡོག་ཐེ་ཚོམ་ཟ་བའི་གང་ཟག་ཅིག་སྲིད་པར་ཐལ། ཐེག་ཆེན་མཐོང་ལམ་པ་དབང་འབྲིང་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་ཡིན་ན་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཡིན་དགོས་པའི་ཕྱིར། རྟགས་ཁས། དྲོད་ཀྱི་རྟགས་བཅུ་གཅིག་པོ་ཕྱོགས་གཅིག་ཏུ་སྡོམ་པ་དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་རྫོགས་བྱང་ལས་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་མིན་པར་ཐལ། བྱང་སེམས་སྦྱོར་ལམ་པ་རང་ལས་རྟོགས་པ་དམའ་བའི་གང་ཟག་གིས་དྲོད་ཀྱི་རྟགས་བཅུ་གཅིག་པོ་དེ་ཅིག་ཅར་དུ་རྟོགས་པར་མི་སྲིད་པའི་ཕྱིར། རེ་རེ་བ་གཏན་ཚིགས་སུ་མི་འགྱུར་བའི་སྒྲུབ་བྱེད་ཀྱང་མ་ངེས་ཏེ། ཁྱེད་རང་ལྟར་རྗེས་ཐོབ་ལུས་ངག་གི་སྤྱོད་པ་དེ་དེ་ལྟར་སྒྲུབ་པའི་གཏན་ཚིགས་མིན་པར་ཐལ། ཉན་ཐོས་དགྲ་བཅོམ་པའི་ཡང་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཡོད་པའི་ཕྱིར། ཁོ་ན་རེ། འདོད་དེ། རྫོགས་བྱང་ལས་ཕྱིར་མི་ལྡོག་པར་སྒྲུབ་ནུས་ཀྱི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་གཏན་ཚིགས་སུ་དགོས་པའི་ཕྱིར་ཞེ་ན། འོ་ན་ཐེ་ཚོམ་ཟད་པ་སོགས་རེ་རེ་བ་གཏན་ཚིགས་མིན་པར་ཡང་འདོད་དེ། དེ་ལྟར་སྒྲུབ་ནུས་པའི་ཐེ་ཚོམ་ཟད་པ་དང་། མི་དལ་ཟད་པ་སོགས་ཀྱི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་རྟགས་སུ་འགོད་དགོས་པའི་ཕྱིར། གཞན་ཡང་སེན་མོ་སྣུམ་པ་དེ་ཐུབ་པའི་དཔེ་བྱད་བཟང་པོ་མིན་པར་ཐལ། སོ་སོ་སྐྱེ་བོ་ལའང་དེ་འདྲ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྔ་མ་ལ་ཡང་འདོད་བྱས་པས། ཁོ་ན་རེ། ཐེ་ཚོམ་ཟད་པ་དང་། མི་དལ་ཟད་པ་དེ་དེ་ལྟར་སྒྲུབ་པའི་གཏན་ཚིགས་ཡིན་པར་ཐལ། དྲོད་ཀྱི་རྟགས་བཅུ་གཅིག་པོ་རེ་རེ་བཞིན་དུ་དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པའི་ཕྱིར་ཟེར་ན། འོ་ན་དེའང་དེར་ཐལ། ཐུབ་པའི་དཔེ་བྱད་བཟང་པོ་རེ་རེ་བཞིན་དུ་ཐུབ་པའི་དཔེ་བྱད་བཟང་པོ་ཡིན་པའི་ཕྱིར་ཏེ། རང་ལུགས་ནི་ད་ལྟ་ཉིད་དུ་འབྱུང་ངོ་། །བཞི་པ་ནི། འདིར་རྟགས་བཞི་བཅུ་ཞེ་བཞི་པོ་ཐམས་ཅད་མཉམ་གཞག་དང་རྗེས་ཐོབ་ཀྱི་སྤྱོད་པ་གང་ཡིན། སྔར་གྱི་གཏན་ཚིགས་གསུམ་རྒྱུད་ལ་ཇི་ལྟར་འགོད་ཅེ་ན། རྩ་བའི་དངོས་བསྟན་གྱི་གཏན་ཚིགས་འགའ་ཞིག་མཉམ་གཞག་ཡིན་པའང་ཡོད་ལ། འགའ་ཞིག་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཡིན་པའང་ཡོད་དེ། གོས་ལ་སོགས་པ་གཙང་བ་དང་། །ཞེས་པ་ལྟ་བུའོ། །དེ་ལ་མཉམ་གཞག་དངོས་སུ་བསྟན་པ་རྣམས་ལ་རྗེས་ཐོབ་ཀྱི་སྤྱོད་པ་རེ་རེ་ཁ་སྐོང་ཞིང་། རྗེས་ཐོབ་ཀྱི་སྤྱོད་པ་དངོས་སུ་བསྟན་པ་རྣམས་ལ་སྙིང་རྗེ་ཆེན་པོས་ཟིན་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་རེ་རེ་ཁ་བསྐང་སྟེ། དེ་ལའང་རྗེས་ཐོབ་ལུས་ངག་གི་སྤྱོད་པའི་རྟགས་ལས། མཉམ་གཞག་གི་རྟོགས་པ་དཔོག་པའི་འབྲས་རྟགས་དང་། དེའི་རྟགས་ལས་རྫོགས་བྱང་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས། དེའི་རྟགས་ལས་ཕྱིར་མི་ལྡོག་པར་དཔོག་པའི་མ་དམིགས་པའི་གཏན་ཚིགས་གསུམ་གསུམ་དུ་འགྱུར་ཏེ། དེའང་དཔེར་མཚོན་ན། དྲོད་རྗེས་ཐོབ་ལ་གནས་པའི་བྱང་སེམས་དབང་རྣོན་ཆོས་ཅན། སྙིང་རྗེ་ཆེན་པོས་ཟིན་པའི་སྒོམ་བྱུང་གཙོ་བོར་གྱུར་པའི་སྒོ་ནས་གཟུགས་སོགས་ལ་ཞེན་སྤྱོད་མངོན་འགྱུར་བ་ལྡོག་པའི་མཉམ་གཞག་གི་རྟོགས་པ་སྔོན་དུ་སོང་བ་ཡིན་ཏེ། དེ་ལྟར་ལྡོག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར་ཞེས་པའི་འབྲས་རྟགས་བཀོད་ནས། དེ་གྲུབ་པའི་ཚེ། དེ་ཆོས་ཅན། ཐེག་པ་གཞན་གྱིས་བར་མ་ཆོད་པར་སངས་རྒྱས་ཀྱི་ཡེ་ཤེས་འབྱུང་རུང་ཡིན་ཏེ། དེ་ལྟ་བུའི་མཉམ་གཞག་ཚང་བའི་སེམས་དཔའ་ཡིན་པའི་ཕྱིར་ཞེས་པའི་རང་བཞིན་གྱི་གཏན་ཚིགས་བཀོད་ནས། དེ་གྲུབ་པའི་ཚེ། དེ་ཆོས་ཅན། གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། དེ་འབྱུང་རུང་གི་སེམས་དཔའ་ཡིན་པའི་ཕྱིར་ཞེས་མ་དམིགས་པའི་གཏན་ཚིགས་འགོད་དོ། །དེས་ན་གཏན་ཚིགས་བཞི་བཅུ་ཞེ་བཞི་ལ། འབྲས་རང་མ་དམིགས་པའི་རྟགས་གསུམ་གསུམ་ཡོད་པས་བསྒྲུབ་བྱ་མཐར་ཐུག་པ་ནི་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ལ། སྒྲུབ་བྱེད་མཐར་ཐུག་པ་ནི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཡིན་ཏེ། རང་ལས་རྟོགས་པ་དམའ་བའི་གང་ཟག་གཞན་གྱིས་ཕྱིར་མི་ལྡོག་པར་རྟོགས་དགོས་པའི་ཕྱིར། ཞེས་པ་འདི་ནི་གཞུང་གི་དགོངས་པ་བླ་ན་མེད་པའོ། །དབང་སོགས་བཅས་པ་ཡི། །ཞེས་པའི་སྐབས་སུ། ངག་དོན་ལ་དཔྱད་པ་དང་། ཞེན་པ་འགོག་ཚུལ་ལ་དཔྱད་པ་དང་གཉིས་ལས། དང་པོ་ལ། ཁ་ཅིག་ན་རེ། ཐེག་ཆེན་གྱི་མཐོང་ལམ་འགོག་པ་རྗེས་ཤེས་ལ་གནས་པའི་སེམས་དཔའ་དབང་འབྲིང་ཆོས་ཅན། གནས་སྐབས་བླ་མེད་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། སྤང་གཉེན་གྱི་གཡུལ་འགྱེད་པ་དང་། གྲོང་གི་སྒྲས་བསྟན་པའི་དབང་པོ་དང་། གྲོང་ཁྱེར་གྱི་སྒྲས་བསྟན་པའི་དབང་རྟེན་དང་། གྲོང་རྡལ་གྱི་སྒྲས་བསྟན་པའི་དབང་ཡུལ་དང་། བདག་གི་སྒྲས་བསྟན་པའི་རྣམ་པར་ཤེས་པ་རྣམས་ལ་སྦྱོར་བ་དང་། རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར་ཟེར་བ་མི་འཐད་དེ། དེ་ཆོས་ཅན། རྟགས་དེ་མིན་པར་ཐལ། མཉམ་གཞག་ལ་གནས་པའི་སློབ་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། ཐེག་ཆེན་གྱི་མཐོང་ལམ་འགོག་པ་རྗེས་ཤེས་ཡིན་ན་མཉམ་གཞག་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང་། ཐེག་ཆེན་གྱི་མཐོང་ལམ་ཤེས་པ་བརྒྱད་པོ་གང་རུང་གི་འབྲས་བུར་གྱུར་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་གང་རུང་ཅིག་དང་ལྡན་ན། དེ་བརྒྱད་ཆར་དང་ལྡན་པས་ཁྱབ་པར་ཐལ། དེ་ལྟ་བུའི་སེམས་དཔའ་དབང་འབྲིང་དེ་ཐེག་ཆེན་གྱི་མཐོང་ལམ་འགོག་པ་རྗེས་ཤེས་ཀྱི་འབྲས་བུར་གྱུར་པའི་རྗེས་ཐོབ་ལུས་ངག་གི་སྤྱོད་པ་དེ་དང་ལྡན་པ་གང་ཞིག དེ་ལྟ་བུའི་སེམས་དཔའ་དེ་ཐེག་ཆེན་གྱི་མཐོང་ལམ་ཤེས་པ་བརྒྱད་ཆར་ལ་གནས་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས་བླངས་ཏེ། ཤེས་པ་བརྒྱད་ཆར་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་ཕྱེ་བའི་ཕྱིར། གཉིས་པ་ལ། གང་ལ་ཞེན་པ་འགོག་པའི་ཡུལ་ངོས་གཟུང་བ་དང་། དེ་ལ་ཞེན་པ་ཇི་ལྟར་འགོག་པའི་ཚུལ་གཉིས། དང་པོ་ལ་ཡུལ་སྤྱིར་བསྟན་པ་དང་། དབང་པོ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ནི། འདིར་ཞེན་པ་འགོག་པའི་ཡུལ་ནི། མདོ་ལས། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་བདག་དང་བཞི་གསུང་ཤིང་། གྲོང་གི་སྒྲས་དབང་པོ་བསྟན་ཏེ། གྲོང་སྐྱེ་བོའི་རྟེན་ཡིན་པ་བཞིན་དུ་དབང་པོས་ཀྱང་དབང་ཤེས་ཀྱི་རྟེན་བྱེད་པའི་ཕྱིར། གྲོང་ཁྱེར་གྱི་སྒྲས་དབང་རྟེན་འབྱུང་བ་བསྟན་ཏེ། གྲོང་ཁྱེར་གྲོང་གི་རྟེན་ཡིན་པ་བཞིན་དུ་དེ་དག་ཀྱང་གྲོང་དང་འདྲ་བའི་དབང་པོའི་རྟེན་བྱེད་པའི་ཕྱིར། གྲོང་རྡལ་གྱི་སྒྲས་དབང་ཡུལ་བསྟན་ཏེ། ཚོང་འདུས་ཀྱི་གནས་ན་གྲོང་རྡལ་ཞེས་བརྗོད་ལ། དེར་སྐྱེས་བུའི་འཇུག་ལྡོག་བྱ་བ་ཡིན་པ་ལྟར་དུ་ཡུལ་རྣམས་ཀྱང་རྣམ་པར་ཤེས་པས་འཇུག་པར་བྱ་བ་ཡིན་པའི་ཕྱིར། བདག་གི་སྒྲས་རྣམ་པར་ཤེས་པ་བསྟན་ཏེ། ཡུལ་ལ་ལོངས་སྤྱོད་པ་པོ་ཡིན་པའི་ཕྱིར། གཉིས་པ་ལ་དབྱེ་བ། སྒྲ་དོན། གྲངས་ངེས། སོ་སོའི་ངོ་བོ་དང་བཞི་ལས། དང་པོ་ནི། དབང་པོ་ཉི་ཤུ་རྩ་གཉིས་ཡོད་དེ། ཀུན་ནས་ཉོན་མོངས་ཀྱི་དབང་པོ་ལ་མིག་སོགས་དབང་པོ་དྲུག ཕོ་མོའི་དབང་པོ་གཉིས། ཚོར་བ་སྡུག་བསྔལ་བདེ་བ་ཡིད་བདེ་མི་བདེ་བཏང་སྙོམས་ཏེ་ཚོར་བའི་དབང་པོ་ལྔ། སྲོག་གི་དབང་པོ་སྟེ་བཅུ་བཞིར་ཡོད། རྣམ་བྱང་གི་དབང་པོ་ལ་དད་སོགས་དབང་པོ་ལྔ། མི་ཤེས་པ་ཀུན་ནས་ཤེས་པར་བྱེད་པའི་དབང་པོ། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་སྟེ་བརྒྱད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། ལྷག་པར་དབང་བྱེད་པའི་དོན་གྱིས་ན་དབང་པོ་ཞེས་བྱ་སྟེ། གང་གིས་གང་ལ་དབང་བྱེད་ཅེ་ན། མིག་སོགས་དབང་པོ་ལྔ་ནི་གཟུགས་སོགས་རང་རང་གི་དོན་ལ་དམིགས་པར་དབང་བྱེད། ཡིད་ནི་དོན་སྤྱི་ལ་དམིགས་པར་དབང་བྱེད། ཕོའི་དབང་པོ་ནི་ང་རོ་གསང་མཐོ་བ་སོགས་ཕོའི་རང་བཞིན་ལ་དབང་བྱེད། མོའི་དབང་པོ་ནི་ང་རོ་གསང་དམའ་བ་སོགས་མོའི་རང་བཞིན་ལ་དབང་བྱེད། སྲོག་གི་དབང་པོས་ནི་རིས་མཐུན་དུ་གནས་པ་ལ་དབང་བྱེད། ཚོར་བའི་དབང་པོ་ལྔས་ནི་ཀུན་ནས་ཉོན་མོངས་ལ་དབང་བྱེད། དད་སོགས་དབང་པོ་ལྔས་ནི་རྣམ་པར་བྱང་བ་ལ་དབང་བྱེད། མི་ཤེས་པ་ཀུན་ཤེས་པའི་དབང་པོས་ནི་ཀུན་ཤེས་པའི་དབང་པོ་ཐོབ་པ་ལ་དབང་བྱེད། དེས་ཀུན་ཤེས་ལྡན་པའི་དབང་པོ་ཐོབ་པ་ལ་དབང་བྱེད། དེས་ནི་མྱང་འདས་ཐོབ་པ་ལ་དབང་བྱེད། དེས་ན་དབང་པོ་ཞེས་བྱའོ། །གསུམ་པ་ནི་ཅིའི་ཕྱིར་དབང་པོ་ཉེར་གཉིས་སུ་ངེས་ཤེས་ན། འཁོར་བར་འཇུག་པའི་ཕྱོགས་ལ་དང་པོ་བཅུ་བཞིར་ངེས་ཏེ། དེར་འཇུག་པའི་རྟེན་ལ་མིག་སོགས་དབང་པོ་དྲུག དེར་སྐྱེ་བར་བྱེད་པ་ལ་ཕོ་མོའི་དབང་པོ་གཉིས། སྐྱེས་ཟིན་ནས་གནས་པར་བྱེད་པ་ལ་སྲོག་གི་དབང་པོ། གནས་པ་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་ཚོར་བའི་དབང་པོ་ལྔར་ངེས་པའི་ཕྱིར། འཁོར་བ་ལས་ལོག་ནས་མྱང་འདས་ལ་འཇུག་པའི་ཕྱོགས་ལ་རྣམ་བྱང་གི་དབང་པོ་བརྒྱད་དུ་ངེས་ཏེ། དེ་ལ་འཇུག་པའི་རྟེན་གྱི་དབང་དུ་བྱས་ཏེ་དད་སོགས་དབང་པོ་ལྔ། དེར་སྐྱེ་བ་ལ་མི་ཤེས་པ་ཀུན་ཤེས་པའི་དབང་པོ། རྒྱུན་གནས་པར་བྱེད་པ་ལ་ཀུན་ཤེས་པའི་དབང་པོ། རྣམ་གྲོལ་གྱི་བདེ་བ་ལ་ཉེ་བར་ལོངས་སྤྱོད་པའི་དབང་དུ་བྱས་ནས་ཀུན་ཤེས་ལྡན་པའི་དབང་པོ་རྣམས་སུ་ངེས་པའི་ཕྱིར། བཞི་པ་ལ་དགག་གཞག་གཉིས་ལས། དང་པོ་ལ་ཁ་ཅིག རང་གི་བདག་འབྲས་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ནང་གིས་རྡུལ་ཕྲན་དྭངས་པ་དེ་མིག་དབང་གི་མཚན་ཉིད་ཡིན། དེས་ལུས་དབང་གི་བར་དུ་འགྲེ་ཞེ་ན། མིག་དབང་ཡིན་ན་རྟེན་བཅས་ཀྱི་མིག་དབང་ཡིན་དགོས་པར་ཐལ། དེ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། ཡིད་དབང་གི་སྐབས་སུ། ཁ་ཅིག ཀུན་གཞི་ཁས་མི་ལེན་པའི་དབང་དུ་བྱས་ནས་ཡིད་དང་གཙོ་བོ་སེམས་དང་རྣམ་པར་ཤེས་པ་རྣམས་དོན་གཅིག་སྟེ། མཛོད་ལས། སེམས་དང་ཡིད་དང་རྣམ་ཤེས་རྣམས་དོན་གཅིག །ཅེས་གསུངས་པའི་ཕྱིར་རོ། །དེས་ན་ཡིད་ཡིན་ན་ཡིད་དབང་ཡིན་པས་ཁྱབ་ཅིང་། ཡིད་དབང་གི་མཚན་ཉིད་འཇུག་པའི་རྣམ་པར་ཤེས་པ་གང་ཞིག རང་གི་བདག་འབྲས་སུ་གྱུར་པའི་རྣམ་པར་ཤེས་པ་སྐྱེད་བྱེད་ཟེར་རོ། །འོ་ན་རྟེན་བཅས་དང་མཚུངས་ལྡན་དོན་གཅིག་པར་ཐལ། མཛོད་ལས། རྟེན་དང་དམིགས་པ་རྣམ་བཅས་ཏེ། །མཚུངས་པར་ལྡན་པ་ཞེས་བཤད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རྟེན་བཅས་ཀྱི་མིག་དབང་གཟུགས་ཅན་པ་ཆོས་ཅན། མཚུངས་ལྡན་དུ་ཐལ། རྟེན་བཅས་ཡིན་པའི་ཕྱིར། ཁྱབ་པ་དངོས། གཞན་ཡང་། རང་གི་རྒྱུན་འགག་ཁ་མའི་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཅན། ཡིད་དབང་གི་མཚན་ཉིད་ཕྱི་ཟུར་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་ཁས་བླངས་ཏེ། ཡིད་ཡིན་པའི་ཕྱིར་ཏེ། གཙོ་བོ་སེམས་ཡིན་པའི་ཕྱིར་ཏེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེ་འདྲ་ཡོད་པའི་ཕྱིར་ཏེ། མཛོད་ལས། འདུ་ཤེས་མེད་པ་བ་འདུ་ཤེས། །མེད་པར་སེམས་དང་སེམས་བྱུང་རྣམས། །འགོག་པའོ། །ཞེས་བཤད་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག ཀུན་གཞིའི་རྣམ་ཤེས་ཁས་ལེན་པའི་དབང་དུ་བྱས་ནས་ཡིད་དབང་ལ་ཡིད་དབང་དོན་དམ་པ་དང་། དེ་ཀུན་རྫོབ་པ་གཉིས། སྔ་མ་ནི་ཉོན་ཡིད་དང་། ཕྱི་མ་ནི་འཇུག་ཤེས་དྲུག་དང་། ཀུན་གཞིའི་རྣམ་ཤེས་ཡིན་ནོ། །དེས་ན་ཡིད་ཡིན་ན་ཡིད་དབང་ཡིན་པས་མ་ཁྱབ་སྟེ། ཡིད་དབང་ཀུན་རྫོབ་པ་བདུན་པོ་དེ་ཡིད་ཡིན་ཀྱང་ཡིད་དབང་མིན་པའི་ཕྱིར། དེ་རྣམས་ཆོས་ཅན། ཡིད་ཡིན་ཏེ། ཡིད་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར་ཟེར་རོ། །འོ་ན་མིག་གི་སྐྱེ་མཆེད་ཡིན་ན་ཡིད་ཡིན་པས་ཁྱབ་པ་ཡོད་པར་ཐལ། ཡིད་ཀྱི་སྐྱེ་མཆེད་ཡིན་ན་ཡིད་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། ཡིད་ཀྱི་སྐྱེ་མཆེད་ཡིན་ན་ཡིད་དབང་ཡིན་པས་ཁྱབ་པར་ཐལ། མིག་གི་སྐྱེ་མཆེད་ཡིན་ན་མིག་དབང་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་བསྒྲིག འདོད་ན། འཇུག་ཤེས་དྲུག་དང་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། ཡང་འདོམས་ཀྱི་གནས་སྐབས་ན་ཡོད་པའི་ལུས་དབང་གི་ཕྱོགས་གཅིག་གང་ཞིག་ཕོའི་རང་བཞིན་ལ་དབང་བྱེད་པ་དང་། གང་ཞིག་མོའི་རང་བཞིན་ལ་དབང་བྱེད་པ་ཞེས་པ་རིམ་བཞིན་ཕོ་དབང་དང་མོ་དབང་གི་མཚན་ཉིད་ཡིན་ཟེར་ན། མ་ནིང་མཚན་གཉིས་པའི་ཕོ་དབང་ཆོས་ཅན། མཚན་ཉིད་ཀྱི་ཕྱི་ཟུར་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རང་རྒྱུད་ལ་ལྡན་པའི་རྟེན་གྱི་གང་ཟག་དེ་ཕོར་བྱེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེའི་མོ་དབང་དེ་ཆོས་ཅན། མོ་དབང་གི་མཚན་ཉིད་ཕྱི་ཟུར་དེར་ཐལ། མོ་དབང་ཡིན་པའི་ཕྱིར། འདོད་ན། རང་རྒྱུད་ལ་ལྡན་པའི་གང་ཟག་དེ་མོར་བྱེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། མ་ནིང་མཚན་གཉིས་པ་ཆོས་ཅན། ཕོ་མིན་པར་ཐལ། མོ་ཡིན་པའི་ཕྱིར། རྟགས་བསལ་ཁས། དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་པའི་ཚེ་དེ་སྲོག་དབང་གི་མཚན་ཉིད་ཡིན་ནོ་ཞེ་ན། གཟུགས་མེད་ཁམས་པའི་སྲོག་དབང་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ན་དྲོད་ཡོད་པར་ཐལ། འདོད་པ་དེའི་ཕྱིར། ཚོར་བ་སྡུག་བསྔལ། བདེ་བ། ཡིད་བདེ་བ། ཡིད་མི་བདེ་རྣམས་ཀྱི་མཚན་ཉིད་རིམ་བཞིན། དབང་ཤེས་ཀྱི་འཁོར་དུ་བྱུང་བའི་ཚོར་བ་གང་ཞིག་གདུང་བར་ཉམས་སུ་མྱོང་བ་དང་། དེ་གང་ཞིག་སིམ་པར་ཉམས་སུ་མྱོང་བ་དང་། ཡིད་ཤེས་འཁོར་གྱི་ཚོར་བ་གང་ཞིག་སིམ་པར་ཉམས་སུ་མྱོང་བ་དང་། དེ་གང་ཞིག་གདུང་བར་ཉམས་སུ་མྱོང་བ་ཞེ་ན། དབང་ཤེས་ཆོས་ཅན། ཁྱོད་གཙོ་སེམས་སུ་ཐལ། ཁྱོད་ཀྱི་འཁོར་དུ་བྱུང་བའི་ཚོར་བ་ཡོད་པའི་ཕྱིར། དེ་བཞིན་དུ་ཡིད་ཤེས་ལའང་འགྲེའོ། །དེ་གཅད་པའི་ཕྱིར་དུ་དབང་པོའི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཞེས་སོགས་སྦྱོར་ན། བསམ་གཏན་གསུམ་པའི་སས་བསྡུས་ཀྱི་སེམས་བདེ་ཆོས་ཅན། མཚན་ཉིད་སྔ་མ་དེར་ཐལ། བདེ་བ་ཡིན་པའི་ཕྱིར་ཏེ། དེའི་ཕན་ཡོན་གྱི་ཡན་ལག་ཏུ་གྱུར་པའི་ཚོར་བ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཚོར་བ་ཡིད་བདེའི་དབང་པོ་ཡིན་པར་ཐལ། དེའི་མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། བསམ་གཏན་གསུམ་པ་དེ་ཡིད་བདེ་ལ་འདོད་ཆགས་དང་བྲལ་ཟིན་པའི་ཕྱིར། ཡང་སིམ་གདུང་བར་མར་ཉམས་སུ་མྱོང་བར་བྱེད་པའི་ཚོར་བ་དེ་ཚོར་བ་བཏང་སྙོམས་ཀྱི་མཚན་ཉིད་ཡིན་ནོ་ཟེར་ན། བསམ་གཏན་བཞི་པའི་སས་བསྡུས་ཀྱི་ཚོར་བ་བཏང་སྙོམས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། བསམ་གཏན་བཞི་པ་ན་སིམ་གདུང་བར་མ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ན་ཚོར་བ་བདེ་སྡུག་མེད་པའི་ཕྱིར། ཡང་རང་སྟོབས་ཀྱིས་དགེ་བའི་དམིགས་པ་ལ་ཡིད་ཆེས་པའི་སེམས་བྱུང་དང་། དེ་ལ་སྤྲོ་བའི་དང་། དེའི་དམིགས་རྣམ་མི་བརྗེད་པའི་དང་། དེ་ལ་སེམས་རྩེ་གཅིག་པའི་རང་སྟོབས་ཀྱི་དེ་རྣམ་པར་འབྱེད་པའི་སེམས་བྱུང་ཞེས་པ་རྣམས་དད་སོགས་དབང་པོ་ལྔའི་མཚན་ཉིད་གཞག་པ་ལ། ཁ་ཅིག ཚོགས་ལམ་པའི་རྒྱུད་ཀྱི་དད་པ་ཆོས་ཅན། དད་པའི་དབང་པོར་ཐལ། དེའི་མཚན་ཉིད་དེའི་ཕྱིར། དེས་གཞན་བཞི་པོ་ལའང་འགྲེའོ། །དེ་རྣམས་ལ་འདོད་ན། དོན་གསལ་ལས། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཁྱད་པར་ཅན་དབང་པོའི་ངོ་བོ་ཉིད་མིན་པས་ཞེས་གསུངས་པ་དང་འགལ་ལོ། །ཞེས་ཟེར་རོ། །འོ་ན་དད་སོགས་དབང་པོ་ལྔ་པོ་གང་རུང་ཡིན་ན། བདེན་པ་མངོན་པར་རྟོགས་པ་ལ་དབང་བྱེད་པའི་དབང་པོ་ཡིན་དགོས་པར་ཐལ། དོན་གསལ་གྱི་ལུང་དོན་གྲུབ་ན། དེ་དེ་མིན་པའི་ཁྱབ་འབྲེལ་ཡོད་པའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་མཆོག་ཡིན་ན་འཇིག་རྟེན་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྦྱོར་ལམ་ཆོས་མཆོག་ཆུང་ངུ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིན་པར་ཐལ། ཁྱོད་ལས་མཆོག་ཏུ་གྱུར་པའི་དེ་ཡོད་པའི་ཕྱིར་ཏེ། དེ་འབྲིང་དང་ཆེན་པོ་གཉིས་པོ་དེ་ཁྱོད་ལས་མཆོག་ཏུ་གྱུར་པའི་དེ་ཡིན་པའི་ཕྱིར་རོ། །ཡང་མཐོང་ལམ་གྱི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་དགུ་དང་། སྒོམ་ལམ་གྱི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་དགུ་དང་། མི་སློབ་ལམ་གྱི་དེ་ན་ཡོད་པའི་དེ་དག་རིམ་བཞིན་དབང་པོ་ཐ་མ་གསུམ་གྱི་མཚན་ཉིད་ཡིན་ཞིང་། དགུ་ནི་དད་སོགས་དབང་པོ་ལྔ། ཚོར་བ་བདེ་བ་ཡིད་བདེ། བཏང་སྙོམས་གསུམ། ཡིད་དབང་དང་དགུའོ་ཟེར་རོ། །མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། མི་ཤེས་པ་ཀུན་ཤེས་པའི་དབང་པོའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། མཐོང་ལམ་གྱི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་དགུ་ཡིན་པ་མི་སྲིད་པའི་ཕྱིར་ཏེ། དེའི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་དགུ་པོ་གང་རུང་ཡིན་ན་ཅིག་ཤོས་རྣམས་མིན་དགོས་པའི་ཕྱིར། གཞན་ཡང་། སྦྱོར་ལམ་སྟན་གཅིག་པའི་གནས་སྐབས་སུ་མི་ཤེས་པ་ཀུན་ཤེས་པའི་དབང་པོ་མེད་པར་ཐལ། མི་ཤེས་པ་ཀུན་ཤེས་པའི་དབང་པོ་ཡིན་ན་མཚན་ཉིད་དེ་ཡིན་དགོས་པའི་ཕྱིར། འདོད་ན། ཀུན་བཏུས་ལས། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་གང་ཞེ་ན། སྦྱོར་བའི་ལམ་དང་མཐོང་བའི་ལམ་གྱི་སྐད་ཅིག་བཅོ་ལྔ་ལ་དབང་བྱེད་པའོ་ཞེས་གསུངས་པ་དང་འགལ་ལོ། །ཡང་གདགས་གཞི་མཐོང་ལམ་གྱི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་དགུ་ལ་བཏགས་ནས་བཞག་པའི་ཟག་མེད་ཀྱི་དབང་པོ་དང་། དེ་བཞིན་དུ་གདགས་གཞི་སྒོམ་ལམ་དང་མི་སློབ་ལམ་གྱི་ཚོགས་པ་ན་ཡོད་པའི་དད་སོགས་དབང་པོ་དགུ་ལ་བཏགས་ནས་བཞག་པའི་ཟག་མེད་ཀྱི་དབང་པོ་རྣམས་རིམ་བཞིན་དུ་དེ་གསུམ་གྱི་མཚན་ཉིད་ཡིན་ཞེ་ན། འོ་ན། བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་པའི་མཐོང་ལམ་བར་ཆད་མེད་ལམ་དེ་ཆོས་ཅན། དང་པོའི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ལ་བརྟེན་པའི་དེའི་ཚོགས་པ་ན་ཚོར་བ་བདེ་བ། ཡིད་བདེ་བའི་དབང་པོ་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། བསམ་གཏན་བཞི་པའི་སས་བསྡུས་ཀྱི་དེ་གཉིས་ཡོད་པར་ཐལ་ལོ། །གཉིས་པ་ལ། ངོ་བོ་ངོས་གཟུང་བ་དང་། ཁམས་གོང་ན་དེ་དུ་ཡོད་དཔྱད་པ་གཉིས། དང་པོ་ནི། རང་གི་བདག་འབྲས་སུ་གྱུར་པའི་མིག་གི་རྣམ་པར་ཤེས་པ་སྐྱེད་པའི་རིགས་སུ་གནས་པའི་ནང་གི་རྡུལ་ཕྲན་དྭངས་པ་དེ་མིག་གི་དབང་པོའི་མཚན་ཉིད། དེས་ལུས་དབང་གི་བར་དུ་འགྲེ། རང་གི་བདག་འབྲས་ཡིད་ཀྱི་རྣམ་པར་ཤེས་པ་དེ་མ་ཐག་ཏུ་སྐྱེད་པའི་གཙོ་བོ་རྣམ་རིག་དེ་ཡིད་དབང་གི་མཚན་ཉིད། ཚེ་གཅིག་གི་རིགས་མཐུན་གནས་པ་ལ་དབང་བྱེད་པའི་ལྡན་མིན་འདུ་བྱེད་དེ་སྲོག་གི་དབང་པོའི་མཚན་ཉིད། ལུས་དབང་གྱི་ཕྱོགས་གཅིག་གང་ཞིག མོ་དབང་དང་ཕྲད་ན་འཁྲིག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་པའི་རིགས་སུ་གནས་པ་དང་། དེས་ཅིག་ཤོས་ལ་རིགས་འགྲེ་བ་དེ་ཕོ་དབང་དང་མོ་དབང་གི་མཚན་ཉིད་རིམ་བཞིན་ཡིན་ནོ། །དབང་ཤེས་ཀྱིས་བསྡུས་པའི་གདུང་བར་ཉམས་སུ་མྱོང་བའི་སེམས་བྱུང་དང་། ཡིད་བདེ་མིན་པ་གང་ཞིག སིམ་པར་ཉམས་སུ་མྱོང་བའི་སེམས་བྱུང་དེ་རིམ་བཞིན་ཚོར་བ་སྡུག་བསྔལ་དང་བདེ་བའི་དབང་པོའི་མཚན་ཉིད། ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་སིམ་པར་ཉམས་སུ་མྱོང་བ་གང་ཞིག རང་གི་ནང་ཚན་དུ་གྱུར་པའི་བསམ་གཏན་གསུམ་པ་ཡིན་གྱི་སས་བསྡུས་མེད་པ་དེ་ཚོར་བ་ཡིད་བདེའི་མཚན་ཉིད། ཡང་དེའི་འཁོར་དུ་བྱུང་བའི་ཚོར་བ་གདུང་བར་ཉམས་སུ་མྱོང་བའི་ཚོར་བ་དེ་ཡིད་མི་བདེ་བའི་དབང་པོའི་མཚན་ཉིད། ཚོར་བ་གང་ཞིག་རང་གི་ནང་ཚན་དུ་གྱུར་པའི་སིམ་གདུང་གང་རུང་ཉམས་སུ་མྱོང་བ་མེད་པའི་ཚོར་བ་དེ་ཚོར་བ་བཏང་སྙོམས་ཀྱི་དབང་པོའི་མཚན་ཉིད། འདིར་བསྟན་གྱི་དད་སོགས་ལྔ་པོ་དེ་རྣམ་པར་བྱང་བ་ཙམ་ལ་དབང་བྱེད་པའི་ཆ་ནས་འཇོག་ན། ཚོགས་ལམ་ནས་ཡོད་པས་རང་སྟོབས་ཀྱིས་དགེ་བའི་དམིགས་པ་ལ་ཡིད་ཆེས་པའི་སེམས་བྱུང་ཞེས་སོགས་གོང་ལྟར་འཇོག་གོ །ཡང་དེ་བྱང་ཕྱོགས་སོ་བདུན་གྱི་ནང་ཚན་དུ་གྱུར་པའི་དབང་པོ་ལྔ་ལ་འཇོག་ན་འདི་ལྟར་གཞག་སྟེ། དྲོད་ཡན་ཆད་ཀྱི་དབང་པོ་གང་ཞིག་དགེ་བའི་དམིགས་པ་ལ་ཡིད་ཆེས་པའི་སེམས་བྱུང་དང་། དེ་གང་ཞིག་དེ་ལ་སྤྲོ་བའི་སེམས་བྱུང་དང་། གང་ཞིག་དེའི་དམིགས་རྣམ་མི་བརྗེད་པའི་དང་། གང་ཞིག་དེའི་དམིགས་པ་ལ་སེམས་རྩེ་གཅིག་པའི་དང་། གང་ཞིག་དེའི་དམིགས་པ་རྣམ་པར་འབྱེད་པའི་སེམས་བྱུང་རྣམས་རིམ་བཞིན་དད་སོགས་དབང་པོ་ལྔའི་མཚན་ཉིད། མཛོད་ལྟར་ན་མཐོང་ལམ་གྱི་ངོ་བོར་གྱུར་པའི་དབང་པོ་དད་སོགས་དགུ་པོ་ཅི་རིགས་པས་བསྡུས་པ་དང་། སྒོམ་ལམ་དང་མི་སློབ་ལམ་གྱི་ངོ་བོར་ཞེས་སོགས་རིགས་འགྲེས་པ་དབང་པོ་ཕྱི་མ་གསུམ་གྱི་མཚན་ཉིད་ཡིན་ནོ། །མཚན་གཞི་ནི་ལམ་དེ་དང་དེའི་ངོ་བོར་གྱུར་པའི་དད་སོགས་རེ་རེའང་མི་ཤེས་པ་ཀུན་ཤེས་པའི་དབང་པོ་སོགས་དེ་དང་དེའི་ངོ་བོར་འཇོག་པ་ཡིན་གྱི། དད་སོགས་དགུ་གདགས་གཞིར་བྱས་ནས་དེ་ལ་བཏགས་པའི་བཏགས་ཡོད་ལ་འཇོག་པ་ནི་ཆོས་མངོན་མཛོད་ཀྱི་དགོངས་པ་མིན་ཏེ། མཛོད་རྩ་བར། མཐོང་སྒོམ་མི་སློབ་ལམ་ལ་དགུ། །གསུམ་ཡིན་ཞེས་དང་། དེའི་འགྲེལ་པར། དབང་པོ་དགུ་པོ་དེ་དག་ནི། །ལམ་གསུམ་དག་ཏུ་དབང་པོ་གསུམ། །ཞེས་བྱས་ཏེ་ཞེས་གསུངས་པའི་ཕྱིར། དེའང་ཅི་རིགས་པའི་དབང་དུ་བྱས་ཀྱི་དབང་པོ་དགུ་པོ་དེ་དག་ཅིག་ཅར་དུ་ཚོགས་པ་ནི་མི་སྲིད་པའི་ཕྱིར་ཏེ། ཚོར་བའི་དབང་པོ་གསུམ་པོ་དེ་ཅིག་ཆར་དུ་ཚོགས་པ་མི་སྲིད་པའི་ཕྱིར་རོ། །ཀུན་བཏུས་དང་བསྡུ་བ་ལྟར་ན། སྦྱོར་ལམ་དང་མཐོང་ལམ་སྐད་ཅིག་དང་པོ་བཅོ་ལྔས་བསྡུས་པའི་རྣམ་བྱང་གི་དབང་པོ་རྣམས་ནི་མི་ཤེས་པ་ཀུན་ཤེས་པའི་དབང་པོ། བཅུ་དྲུག་པ་ནས་སྒོམ་ལམ་སྐད་ཅིག་ཐ་མའི་བར་གྱི་རྣམ་བྱང་གི་དབང་པོ་རྣམས་ནི་ཀུན་ཤེས་པའི་དབང་པོར་བཤད་དོ། །གཉིས་པ་ནི་མཛོད་ལས། དྲི་མེད་མ་གཏོགས་འདོད་པར་གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་གཏོགས་གཟུགས་ཅན་དང་། །བདེ་བའང་མ་གཏོགས་གཟུགས་མེད་གཏོགས། །ཞེས་གསུངས་ཏེ། འདོད་པའི་སས་བསྡུས་ལ་ཐ་མ་གསུམ་མ་གཏོགས་པའི་བཅུ་དགུ། གཟུགས་ཀྱི་སས་བསྡུས་ལ་དེ་གསུམ་དང་། ཕོ་མོའི་དབང་པོ་གཉིས་དང་། སྡུག་བསྔལ་དང་ཡིད་མི་བདེ་གཉིས་ཏེ་བདུན་མ་གཏོགས་པའི་བཅོ་ལྔ། གཟུགས་མེད་ཀྱི་སས་བསྡུས་ལ་བདུན་པོ་དེའི་སྟེང་དུ་མིག་གི་དབང་པོ་སོགས་ལྔ། བདེ་བ་ཡིད་བདེ་གཉིས་ཏེ་བཅུ་བཞི་མ་གཏོགས་པའི་བརྒྱད་ཡོད་དོ། །བསྡུ་བ་ལས། གཞན་འདྲ་བ་ལ། སྡུག་བསྔལ་གྱི་དབང་པོ་གཟུགས་ཀྱི་སས་བསྡུས་ལ་ཡོད་པས་གཟུགས་ཀྱི་སས་བསྡུས་ལ་བཅུ་དྲུག་གོ །གཉིས་པ་དེ་ལ་ཞེན་པ་ཇི་ལྟར་འགོག་པའི་ཚུལ་ལ་མདོ་ལས་གསུངས་ཚུལ། གཞུང་འགྲེལ་ལས་བཀྲལ་ཚུལ། དེའི་དོན་བཤད་པ་དང་གསུམ། དང་པོ་ལ། བརྒྱད་སྟོང་པ་ལས། འཐབ་མོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བདག་གི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས། བློན་པོ་དང་བློན་པོ་ཆེན་པོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་གསུངས་སོ། །གཉིས་པ་ནི། རྩ་བར་དབང་སོགས་བཅས་པ་ཡི། གཡུལ་འགྱེད་ལ་སྦྱོར་བ་དང་རྗེས་སུ་སྦྱོར་བ་ཡིས། གནས་པ་སོ་སོར་བཀག་པ་དང་། །ཞེས་དང་། དོན་གསལ་ལས། གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་དབང་པོ་དང་། རྟེན་གྲོང་ཁྱེར་ལ་སོགས་པའི་གཡུལ་འགྱེད་པ་ལ་སྔ་མ་བཞིན་དུ་སྦྱོར་བ་དང་རྗེས་སུ་སྦྱོར་བའི་གནས་པ་སོ་སོར་བཀག་པ་ཞེས་དང་། འགྲེལ་ཆེན་ལས། གཟུང་བ་དང་འཛིན་པ་དག་སྤང་བར་བྱ་བ་ཉིད་ཀྱིས་མི་མཐུན་པ་དང་གཉེན་པོའི་ཕྱོགས་གསད་པར་བྱ་བ་དང་། གསོད་པ་པོ་གཡུལ་འགྱེད་པའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་གནས་པ་བཀག་པས་འགོག་པ་ལ་རྗེས་སུ་ཤེས་པ་ཡིན་པ་ནི་འཐབ་མོའི་གཏམ་གྱི་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་གནས་སྐབས་སུ་རང་གི་ངང་ཉིད་ཀྱིས་རྣམ་པར་སྨིན་པ་འགོག་པ་རྣམ་པ་བཞིར་འགྱུར་བ་ནི། འདི་ལྟ་སྟེ། དབང་པོའི་གྲོང་འགོག་པ་ནི་དང་པོའོ། །དེ་བཞིན་དུ་དབང་པོའི་རྟེན་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་གྲོང་ཁྱེར་འགོག་པ་ནི་གཉིས་པའོ། །དེ་བཞིན་དུ་དབང་པོའི་ཡུལ་གྱི་གྲོང་རྡལ་འགོག་པ་ནི་གསུམ་པ་སྟེ། དེ་བཞིན་གྲོང་དང་ཞེས་པ་ལ་སོགས་གང་གསུངས་པ་ཡིན་ནོ། །ལྗོངས་ལ་སོགས་པ་ནི་གྲོང་ཁྱེར་གྱི་དབྱེ་བ་ཡིན་ནོ། །བདག་ཏུ་མངོན་པར་ཞེན་པ་འགོག་པ་སྟེ་བཞི་པ་ནི་བདག་གི་གཏམ་གྱི་ཞེས་བྱ་བ་ལ་སོགས་པ་སྨྲོས་པ་ཡིན་ནོ། །བདག་ཁོ་ན་ལ་བདག་གི་འབྲེལ་པས་རབ་ཏུ་དབྱེ་བའི་དོན་ནི། བློན་པོ་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ་ཞེས་གསུང་ངོ་། །གསུམ་པ་ནི། འདིར་སྤང་གཉེན་གཡུལ་འགྱེད་པའི་མིང་ཙམ་ལ་མངོན་པར་ཞེན་པ་ནི་འགོག་པར་བྱ་བའི་ཞེན་པ་ཡིན་ལ། དེ་འགོག་པ་རྗེས་ཤེས་ཀྱིས་བཀག་པའམ། དེས་དྲངས་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་དེའི་མིང་ཙམ་ཡང་མི་དམིགས་པའི་ངེས་པ་དྲངས་པ་ནི་ཞེན་པ་འགོག་པའི་ཚུལ་ཡིན་ལ། དེ་ནི་མདོ་ལས། འཐབ་མོའི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་བརྩོན་པར་མི་གནས་ཞེས་དང་། རྩ་བར། གཡུལ་འགྱེད་ལ་སྦྱོར་དང་ཞེས་གསུངས་པ་དང་། དོན་གསལ་ལས། གཡུལ་འགྱེད་པ་ལ་སྔ་མ་བཞིན་དུ་ཞེས་སོགས་དང་། འགྲེལ་ཆེན་ལས། གཟུང་བ་དང་འཛིན་པ་ཞེས་པ་ནས་གསུངས་པ་ཡིན་ནོ་ཞེས་པའི་བར་གྱི་བསྟན་པ་ཡིན་ནོ། །འོ་ན་སྤང་བྱ་ནི་གང་། གཉེན་པོ་གང་། གཡུལ་འགྱེད་པའི་ཚུལ་ཇི་ལྟར། མིང་སྨོས་པའི་དགོས་པ་གང་ཞེ་ན། མཐོང་སྤང་གི་རྣམ་སྨིན་དབང་སོགས་བཞི་མདོ་ལས་གྲོང་ལ་སོགས་པའི་སྒྲས་གསུངས་པ་ནི་སྤང་བྱ་ཡིན་ལ། འགོག་པ་རྗེས་ཤེས་ནི་གཉེན་པོ་ཡིན་ནོ། །དེའི་སྐབས་སུ་སྤང་བྱ་བཞི་དང་བྲལ་བའི་འགོག་པ་བཞི་ཐོབ་པ་ནི་སྤང་གཉེན་གཡུལ་འགྱེད་པའི་ཚུལ་ཡིན་ནོ་ཞེས་པ་ནི་མདོ་ལས་གྲོང་དང་ཞེས་སོགས་དང་། རྩ་བར། དབང་སོགས་བཅས་པ་ཡི་ཞེས་དང་། དོན་གསལ་ལས། དབང་པོ་དང་རྟེན་གྲོང་ཁྱེར་ལ་སོགས་པའི་ཞེས་དང་། འགྲེལ་ཆེན་ལས། དེ་ལྟ་བུའི་གནས་སྐབས་སུ་རང་གི་ངང་ཉིད་ཀྱིས་ཞེས་སོགས་ཀྱིས་བསྟན་ཏོ། །དེས་ན་མདོ་ལས། གཡུལ་འགྱེད་ཀྱི་དོན་འཐབ་མོ་ཐོག་མར་སྨོས་པ་ནི། དང་པོར་ཞེན་པ་འགོག་ཚུལ་བསྟན་ནས་དེའི་རྗེས་སུ་གཡུལ་འགྱེད་པར་བྱེད་པ་པོ་ངོས་འཛིན་པའི་དབང་དུ་བྱས་ལ། བསྟན་བཅོས་ལས་དེ་ལས་ལྡོག་སྟེ་གསུངས་པ་ནི། དང་པོར་གཡུལ་འགྱེད་པར་བྱེད་པ་པོ་ངོས་གཟུང་ནས་དེའི་འོག་ཏུ་དེའི་མིང་ལ་ཞེན་པ་དགག་བྱར་བྱེད་པའི་དོན་ནོ། །འགྲེལ་པ་ཆེ་ཆུང་གཉིས་ཀྱི་གོ་རིམ་དེ་ལྟར་ཡོད་པ་ནི་རིམ་པ་བཞིན་མདོ་དང་བསྟན་བཅོས་དངོས་སུ་འགྲེལ་བའི་དབང་དུ་བྱས་པའོ། །མིང་སྨོས་པའི་དགོས་པ་ནི། སྤང་གཉེན་དེ་གཡུལ་འགྱེད་པ་ལ་ཞེན་པ་ནི་སྡུག་ཀུན་ཤེས་པའི་དུས་སུ་བསལ་ཟིན་པས། འདིར་དེ་དག་གི་མིང་ཙམ་ལ་ཞེན་པ་འགོག་ཅེས་པ་སྟེ། འགྲེལ་ཆེན་ལས། གཏམ་སྨོས་པས་ནི་དངོས་པོའི་རྣམ་པར་རྟོག་པ་སྡུག་བསྔལ་དང་ཀུན་འབྱུང་གི་ཤེས་པའི་དུས་ཉིད་དུ་བསལ་ཟིན་པ་ཉིད་ཡིན་པའི་ཕྱིར། འགོག་པར་ཤེས་པ་ནི་གཏམ་ཙམ་གྱི་རྣམ་པར་རྟོག་པའི་གཉེན་པོའི་ཕྱོགས་ཡིན་པར་བསྟན་པ་ཡིན་ནོ་ཞེས་གསུང་ངོ་། །གནད་འདི་མ་རྟོགས་པ་ཁ་ཅིག སྤང་གཉེན་གཡུལ་འགྱེད་པ་དང་། གྲོང་གི་སྒྲས་བསྟན་པའི་དབང་པོ་དང་ཞེས་སོགས་དྲངས་ནས་གཡུལ་འགྱེད་ཐོག་མར་སྨོས་པ་ནི་ཉི་སྣང་དང་། འགྲེལ་ཆེན་དང་། ལེ་བརྒྱད་མ་ལྟར་བྱས་པའོ་ཞེས་པ་ནི་བློ་གྲོས་ཁབ་ཀྱི་རྩེ་མོ་ལ་ཉུངས་འབྲུ་སྦྱར་བ་སྟོན་པར་ཟད་དོ། །ཐམས་ཅད་རིག་པའི་གཞན་སྔ་ནས། མདོ་ལས་གཡུལ་འགྱེད་ཅེས་པ་ལ་སོགས་བཅད་པས་དང་ཞེས་འབྱེད་པའི་སྒྲ་ཐོབ་ཀྱི། ཡི་ཞེས་པའི་དྲུག་སྒྲ་འབྱུང་བ་མ་དག་པ་ཡིན་ནོ་ཞེས་གསུངས་ཀྱང་། རྩ་འགྲེལ་གཉིས་ཆར་ལས་དྲུག་སྒྲ་འབྱུང་ཞིང་། བརྗོད་བྱའི་གཙོ་བོ་ཡིན་ཚུལ་ནི་སྔར་བཤད་པ་ལྟར་ཡིན་པས་མ་དག་པ་མིན་ནོ། །འོན་ཀྱང་སློབ་དཔོན་གྱི་འགྲེལ་པ་གཉིས་ལས། གཡུལ་འགྱེད་ཀྱི་མིང་ལ་ཞེན་པ་འགོག་པ་ཙམ་བསྟན་ཞིང་། མདོ་དང་རྩ་བ་ལས་སྤང་གཉེན་གྱི་མིང་ལའང་ཞེན་པ་འགོག་པ་བསྟན་ཏེ། མདོ་ལས་གྲོང་དང་གྲོང་ཁྱེར་ལ་སོགས་པ་ལའང་ཞེན་པ་མི་བྱ་བར་གསུངས་ཤིང་། རྩ་བར། བཅས་པ་ཞེས་པའི་ཚིག་གི་ནུས་པ་བསྟན་ཏོ། །གངས་རིའི་ཁྲོད་འདིར་སྔོན་མ་བྱུང་བའི་ལེགས་བཤད་དོ། །སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཞེས་པའི་སྐབས་སུ། ཁ་ཅིག ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། ཐེག་དམན་གྱི་སྒོམ་ལམ་ལས་ཟབ་པ་ཡིན་ཏེ། ཟབ་མོ་སྟོང་པ་ཉིད་ངོ་བོར་ལྡན་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར་ཞེ་ན། ཐེག་ཆེན་གྱི་སྒོམ་ལམ་དེ་ཟབ་མོ་སྟོང་པ་ཉིད་ངོ་བོར་ལྡན་པའི་སྒོ་ནས་ཐེག་དམན་གྱི་སྒོམ་ལམ་ལས་ཟབ་པ་མིན་པར་ཐལ། ཐེག་དམན་གྱི་དེ་ལ་དེ་ལྟར་ལྡན་པའི་ཕྱིར་ཏེ། དེ་དོན་དམ་པར་བདེན་སྟོང་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ། ཐེག་ཆེན་གྱི་བསྒྲུབ་པ་དེ་རང་བཞིན་གནས་རིགས་ཁྱད་ཆོས་སུ་ལྡན་པའི་སྒོ་ནས། དེ་ལྟ་བུའི་རང་བཞིན་གནས་རིགས་དེ་ཐེག་ཆེན་གྱི་རིགས་སུ་འཇོག་པ་མིན་པར་ཐལ། ཐེག་དམན་ལ་ཡང་རང་བཞིན་གནས་རིགས་ཁྱད་ཆོས་སུ་ལྡན་པ་ཡོད་པའི་ཕྱིར་ཞེ་ན། མི་མཚུངས་ཏེ། རང་བཞིན་གནས་རིགས་དེ་ལ་ཐེག་ཆེན་སྒྲུབ་པའི་ཁྱད་ཆོས་སུ་ལྡན་མི་ལྡན་གཉིས་སུ་ཡོད་ཅིང་། སྒོམ་ལམ་ལ་ཟབ་མོ་སྟོང་པ་ཉིད་ངོ་བོར་ལྡན་མི་ལྡན་གཉིས་སུ་མེད་པའི་ཕྱིར། ཡང་ཁ་ཅིག དངོས་པོ་བརྗོད་དུ་མེད་པ་ལ་ཞེས་པའི་རྩོད་པ་དེ་སྒོམ་པའི་ལམ་ནི་ཟབ་པ་སྟེ། ཞེས་པའི་གཞུང་གི་དོན་ལ་རྩོད་པ་མིན་པར་ཐལ། གཞུང་དེས་ཐེག་ཆེན་གྱི་སྒོམ་ལམ་ཟབ་མོ་སྟོང་པ་ཉིད་ངོ་བོར་ལྡན་པའི་སྒོ་ནས་ཐེག་དམན་གྱི་སྒོམ་ལམ་ལས་ཟབ་པར་མ་བསྟན་པའི་ཕྱིར་ཞེ་ན། འོ་ན། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་པའི་རྩོད་པ་དེ། སྒྲུབ་པ་ཡི་ནི་རྟེན་གྱུར་པ། །ཞེས་པའི་གཞུང་དོན་ལ་རྩོད་པ་མིན་པར་ཐལ། གཞུང་དེས་ཆོས་དབྱིངས་རིགས་སུ་མ་བསྟན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། ཆོས་དབྱིངས་རིགས་སུ་ཐལ། མ་གྲུབ་པ་དེའི་ཕྱིར། རང་ལུགས་ནི་འོག་གི་རྩོད་པ་ནི། འདིའི་ཚིག་ཟིན་ལ་རྩོད་པ་ཡིན་ལ། བསྟན་བྱའི་གཙོ་བོ་ནི་ཟབ་མོ་རྟོགས་པའི་སྒོ་ནས་ཁྱད་པར་དུ་འཕགས་པ་ཡིན་ཏེ། རྒྱན་འདིར་ཐེག་ཆེན་གྱི་སྦྱོར་མཐོང་སྒོམ་གསུམ་ཐེག་དམན་གྱི་དེ་གསུམ་ལས་ཁྱད་པར་དུ་འཕགས་པ་བསྟན་པར་བཞེད་པ་ལ་དང་པོ་གཉིས་བསྟན་ཟིན་ནས་ཐ་མ་འདིར་བསྟན་པ་ཡིན་པའི་ཕྱིར། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་པའི་སྐབས་སུ། ཁ་ཅིག སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ་མཐོང་ཟིན་གྱི་དོན་ལ་སེམས་འཇལ་རྟོགས་གསུམ་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་རྣམ་རྫོགས་སྦྱོར་བ་འཆད་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད་ཡིན་ཟེར་རོ། །འོ་ན་སྐབས་འདིར་བསྟན་གྱི་སྒོམ་ལམ་དེ་ལ་ས་གཉིས་པ་ནས་བཅུ་པའི་བར་དགུར་གྲངས་ངེས་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རེ་ཞིག་སོང་། ས་དང་པོའི་རྗེས་ཐོབ་སྔ་མའི་གནས་སྐབས་སུ་མཐོང་ཟིན་གྱི་དོན་ལ་སེམས་འཇལ་རྟོགས་གསུམ་བྱེད་པའི་ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། གོང་དུ་འདོད་ལན་བཏབ་པ་དང་འགལ་ལོ། །མ་གྲུབ་ན། དེ་དེར་ཐལ། ས་དང་པོའི་རྗེས་ཐོབ་ཡེ་ཤེས་སྔ་མ་འདི་སྒོམ་ལམ་ཡིན་པའི་ཕྱིར་ཏེ། ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་སྒོམ་ལམ་ཡིན་པའི་ཕྱིར། རང་ལུགས་ནི། སྦྱོར་མཐོང་སྒོམ་གསུམ་གྱི་གནས་སྐབས་སུ་མཐོང་ཟིན་གྱི་དོན་ལ་སེམས་འཇལ་རྟོགས་གསུམ་བྱེད་པའི་ས་གཉིས་པ་ཡན་ཆད་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་རྣམ་རྫོགས་སྦྱོར་བ་འཆད་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད་ཡིན་ནོ། །དེ་ལ་ཁོ་ན་རེ། ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར་ཏེ། ཡང་དང་ཡང་དུ་སེམས་པ་དང་། །ཞེས་པའི་སྐབས་གནས་བསྟན་པའི་ཐེག་ཆེན་གྱི་སྒོམ་ལམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། གཞུང་དེས་དེ་ཐེག་ཆེན་གྱི་སྒོམ་ལམ་དུ་བསྟན་པའི་ཕྱིར་ཞེ་ན། རྒྱུན་ཞུགས་ཞུགས་པ་དེ། །དབང་པོ་རྟུལ་དང་རྣོན་པོ་དག །ཅེས་པའི་སྐབས་ནས་བསྟན་པའི་དགེ་འདུན་དཀོན་མཆོག་ཡིན་པར་ཐལ། གཞུང་དེས་དགེ་འདུན་དཀོན་མཆོག་ཡིན་པར་བསྟན་པའི་ཕྱིར་ཏེ། དེས་དེ་མཚོན་བྱེད་དཔེའི་དགེ་འདུན་ཡིན་པར་བསྟན་པའི་ཕྱིར། རྩ་བར་འདོད་ན། རྒྱུན་ཞུགས་ཞུགས་པ་ཆོས་ཅན། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པའི་སྐབས་ནས་བསྟན་པའི་དགེ་འདུན་དཀོན་མཆོག་མིན་པར་ཐལ། འདོད་པ་དེའི་ཕྱིར། གཞན་ཡང་ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་ཆོས་ཅན། དེ་ནི་རྒྱུན་ཞུགས་ཡིན་པའི་ཕྱིར་ཞེས་པའི་སྐབས་ནས་བསྟན་པའི་ཐེག་ཆེན་གྱི་སྒོམ་ལམ་ཡིན་པར་ཐལ། ངེས་འབྱེད་ཡན་ལག་དང་མཐོང་བའི། །ཞེས་པའི་སྐབས་ནས་བསྟན་པའི་དེ་ཡིན་པའི་ཕྱིར། དེས་ན་གཞུང་འདིས་ས་དང་པོའི་རྗེས་ཐོབ་ཡེ་ཤེས་སྒོམ་ལམ་དུ་བསྟན་ཏེ། འདིར་བསྟན་གྱི་མཚན་ཉིད་ལྡན་པའི་སྒོམ་ལམ་དེ་ནི། དེ་ནི་རྒྱུན་ཞུགས་ཡིན་པའི་ཕྱིར། །ཞེས་པའི་སྐབས་ནས་བསྟན་པའི་དབྱེ་གཞིའི་སྒོམ་ལམ་ཡིན་པས་ས་གཉིས་པ་ཡན་ཆད་ཀྱི་སྒོམ་ལམ་ཡིན་ལ། དེ་ལ་སྒོམ་ལམ་སྔོན་དུ་འགྲོ་དགོས་པར་བསྟན་པའི་ཕྱིར། འོན་ཀྱང་དེ་སྐབས་འདིར་བསྟན་གྱི་མིན་པའི་ཚུལ་ནི་བཤད་ཟིན་ཏོ། །གྲངས་མེད་ལ་སོགས་ཞེས་པའི་སྐབས་སུ། ཁ་ཅིག ཐེག་ཆེན་གྱི་སྒོམ་ལམ་ལ་དགུར་གྲངས་མ་ངེས་པར་ཐལ། དེ་དགུ་པོ་རེ་རེ་ལའང་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་དབུ་མ་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། དེས་ཁྱོད་ལ་དོན་དམ་དུ་རྟགས་མ་གྲུབ་པ་དང་། ཀུན་རྫོབ་ཏུ་ཁྱབ་པ་མ་ངེས་པའི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར་ཞེ་ན། རྟགས་དང་པོ་དེ་མིན་པར་ཐལ། དབུ་མ་པས་དོན་དམ་དུ་རྟགས་མ་གྲུབ་ཀྱི་ལན་དོན་མཐུན་དུ་ཐེབས་པ་མི་སྲིད་དེ། དབུ་མ་པས་དོན་དམ་དུ་རྩོད་པ་བྱེད་པ་མི་སྲིད་པའི་ཕྱིར། རང་ལུགས་ནི་ཐེག་དམན་གྱི་སྒོམ་ལམ་དེ་ལ་དགུར་གྲངས་མ་ངེས་པར་ཐལ། དོན་དམ་པར་དགུ་པོ་རེ་རེ་ལ་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་དབུ་མ་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། ཁྱོད་ལ་དབུ་མ་པས་རྟགས་མ་གྲུབ་ཀྱི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། ཡང་དེར་གྲངས་མ་ངེས་པར་ཐལ། ཀུན་རྫོབ་ཏུ་དགུ་པོ་རེ་རེ་ལ་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་དབུ་མ་པ་ལ་གནོད་བྱེད་ཀྱི་ཐལ་འགྱུར་ཡང་དག་མིན་པར་ཐལ། ཁྱོད་ལ་དེས་ཁྱབ་པ་མེད་པའི་ལན་དོན་མཐུན་དུ་ཐེབས་པའི་ཕྱིར། དེ་ལ་ཁོ་ན་རེ། དོན་དམ་པར་ཐེག་ཆེན་གྱི་སྒོམ་ལམ་དགུ་པོ་རེ་རེ་ལ་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་སོགས་མེད་པར་ཐལ། ཐལ་འགྱུར་སྔ་མའི་རྟགས་དེའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། གཞི་གྲུབ་ན་དེ་ཡིན་དགོས་པའི་ཕྱིར་ཞེ་ན། དོན་དམ་པར་བསྐལ་པ་གྲངས་མེད་གསུམ་ཡོད་པར་ཐལ། གཞི་གྲུབ་ན། དོན་དམ་པར་བསྐལ་པ་གྲངས་མེད་ཡིན་དགོས་པའི་ཕྱིར། བྱང་ཆུབ་ཇི་ལྟ་དེ་བཞིན་དུ། །ཞེས་པའི་སྐབས་སུ། ཐེག་ཆེན་གྱི་སྒོམ་ལམ་དེ་དོན་དམ་པར་བདེན་སྟོང་ཡིན་ཀྱང་ཀུན་རྫོབ་ཏུ་སྤང་བྱ་ཉམས་པ་དང་གཉེན་པོ་འཕེལ་བའི་བྱ་བ་བྱེད་པ་འཐད་དེ། སྐུ་གསུམ་པོ་དེ་དོན་དམ་པར་བདེན་སྟོང་ཡིན་ཀྱང་ཀུན་རྫོབ་ཏུ་གདུལ་བྱའི་དོན་བྱེད་པ་འཐད་པའི་ཕྱིར། དེ་ལ་ཁ་ཅིག རྟོགས་པ་ཡེ་ཤེས་ཆོས་སྐུ་ཆོས་ཅན། ཁྱོད་ཐེག་ཆེན་སྒོམ་ལམ་དོན་དམ་པར་བདེན་སྟོང་ཡིན་ཀྱང་ཀུན་རྫོབ་ཏུ་སྤང་གཉེན་ཉམས་འཕེལ་གྱི་བྱ་བ་བྱེད་པའི་མཐུན་དཔེ་ཡང་དག་མིན་པར་ཐལ། ཁྱོད་དང་དེ་གཉིས་བདེན་སྟོང་དུ་རྟོགས་དཀའ་བླའི་ཁྱད་པར་མེད་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། ཚད་མས་གྲུབ་པའི་ཆོས་གཅིག་བདེན་སྟོང་དུ་རྟོགས་ན། དེས་གྲུབ་པའི་ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་དགོས་པའི་ཕྱིར་ཏེ། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་སོགས་གསུངས་པའི་ཕྱིར། གཞན་ཡང་དངོས་པོ་བརྗོད་དུ་མེད་པ་ལ་ཞེས་པའི་ཕྱོགས་སྔ་སྨྲ་བ་པོ་དེས། སྐུ་གསུམ་པོ་དེ་དོན་དམ་པར་བདེན་སྟོང་ཡིན་པ་དང་། ཐེག་ཆེན་གྱི་སྒོམ་ལམ་དོན་དམ་པར་བདེན་སྟོང་མིན་པར་ཁས་ལེན་པར་ཐལ། སྦྱོར་བ་དེ་གཞུང་དེའི་དོན་སྦྱོར་ཡིན་པའི་ཕྱིར། འདོད་ན། དངོས་སྨྲ་བས་དེ་ལྟར་ཁས་ལེན་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ཡིན་ན་ཤེས་པ་བདེན་གྲུབ་ཏུ་ཁས་ལེན་པའི་ཁྱབ་པའི་ཕྱིར་ཞེས་ཟེར་རོ། །དང་པོ་ལ། གཟུགས་བརྙན་ཆོས་ཅན། ཁྱོད་གཅིག་དུ་བྲལ་གྱི་རྟགས་ལས་མྱུ་གུ་བདེན་མེད་དུ་སྒྲུབ་པའི་མཐུན་དཔེ་ཡང་དག་མིན་པར་ཐལ། ཁྱོད་དང་དེ་གཉིས་པོ་བདག་མེད་དུ་རྟོགས་དཀའ་སླའི་ཁྱད་པར་མེད་པའི་ཕྱིར། རྟགས་ཁས་བླངས་ཏེ། དེར་ཐལ། ཚད་མས་གྲུབ་པའི་ཆོས་གཅིག་བདེན་མེད་དུ་རྟོགས་ན། དེས་གྲུབ་པའི་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་དགོས་པའི་ཕྱིར། ཁོ་ན་རེ། ཁྱབ་པ་མི་མཚུངས་ཏེ། གཟུགས་དང་མྱུ་གུ་གཉིས་སྣང་བ་ལྟར་བདེན་མེད་དུ་རྟོགས་དཀའ་སླའི་ཁྱད་པར་ཡོད་པས། སྣང་བ་ལྟར་མི་བདེན་པ་དེ་ཉིད་མཐུན་དཔེར་གཟུང་བ་ཡིན་པའི་ཕྱིར་ཞེ་ན། འོ་ན་སྔ་མ་ཡང་དེའི་མཐུན་དཔེ་ཡང་དག་ཏུ་ཐལ། རྟོགས་ཡེ་ཆོས་སྐུ་དང་ཐེག་ཆེན་གྱི་སྒོམ་ལམ་གཉིས་གཟུང་འཛིན་གཉིས་ཀྱིས་སྟོང་པར་རྟོགས་དཀའ་སླའི་ཁྱད་པར་ཡོད་པས། དེས་སྟོང་ཡང་གདུལ་བྱའི་དོན་བྱེད་པ་མཐུན་དཔེར་གཟུང་བ་ཡིན་པའི་ཕྱིར། དེ་གཉིས་གཟུང་འཛིན་གཉིས་སྟོང་པར་རྟོགས་དཀའ་སླའི་ཁྱད་པར་ཡོད་དེ། སྔ་མ་ལ་གཟུང་འཛིན་གཉིས་སུ་སྣང་བ་མི་འཐད་ཅིང་། ཕྱི་མ་ལ་དེར་སྣང་བ་ཡོད་པའི་ཕྱིར། ཐལ་འགྱུར་ཕྱི་མ་ལ། སེམས་ནི་སྔ་མས་བྱང་ཆུབ་བར། །ཞེས་པའི་ཕྱོགས་སྔ་སྨྲ་བ་པོ་དེས། མེ་ལྕེ་སྔ་ཕྱི་ཕན་ཚུན་ལྟོས་ནས་རང་གི་བསྲེག་བྱར་གྱུར་པའི་སྡོང་བུ་སྣུམ་ལྡན་སྲེག་པ་དང་། ཐེག་ཆེན་གྱི་སེམས་བསྐྱེད་དེ་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་སངས་རྒྱས་ཀྱི་ཡེ་ཤེས་མི་སྐྱེད་པར་ཁས་ལེན་པར་ཐལ། ཐེག་ཆེན་སེམས་བསྐྱེད་དེ་ལྟར་ལྟོས་ནས་སངས་རྒྱས་ཀྱི་ཡེ་ཤེས་སྐྱེད་དེ། མར་མེའི་མེ་ལྕེ་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་དེ་ལྟར་སྲེག་པའི་ཕྱིར་ཞེས་པའི་སྦྱོར་བ་དེ། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཞེས་པའི་གཞུང་གི་དོན་སྦྱོར་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་རེ་རེ་ཁོ་ནས་སངས་རྒྱས་ཀྱི་ཡེ་ཤེས་མི་སྐྱེད་པར་ཁས་ལེན་པའི་གང་ཟག་ཡིན་ན་དེ་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྟོས་ནས་དེ་མི་སྐྱེད་པར་ཁས་ལེན་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དབུ་མ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། སེམས་ནི་སྔ་མས་བྱང་ཆུབ་པ། །ཞེས་པ་དང་། མར་མེའི་དཔེ་ཡི་ཚུལ་གྱིས་ནི། །ཞེས་པའི་སྐབས་སུ། ཁ་ཅིག ཐེག་ཆེན་སྒོམ་ལམ་པའི་སེམས་བསྐྱེད་ཆོས་ཅན། ཁྱོད་ཀྱིས་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད་པར་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་མས་ཀྱང་མི་སྐྱེད། ཁྱོད་ཀྱི་སྐད་ཅིག་ཕྱི་མས་ཀྱང་མི་སྐྱེད། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་ཕན་ཚུན་ལྷན་ཅིག་ཏུ་ཚོགས་པས་ཀྱང་མི་སྐྱེད་པའི་ཕྱིར་ཞེས་པའི་དོགས་པ་བཀོད་པ་མི་འཐད་དེ། འོ་ན་དེས་དེ་སྐྱེད་ཚུལ་ལ་དེའི་སྐད་ཅིག་སྔ་ཕྱིས་དེ་བསྐྱེད་པ་སོགས་གསུམ་པོ་དེར་ངེས་སམ་མ་ངེས། དང་པོ་ལྟར་ན། དེས་དེ་སྐྱེད་པ་མི་འཐད་པར་ཐལ། དེས་དེ་སྐྱེད་ཚུལ་ལ་དེར་ངེས་པ་གང་ཞིག དེ་གསུམ་གང་གིས་ཀྱང་བླ་ན་མེད་པའི་བྱང་ཆུབ་སྐྱེད་པར་སྒྲུབ་མི་ནུས་པའི་ཕྱིར། ཕྱི་མ་ལྟར་ན། སློབ་དཔོན་སེང་གེ་བཟང་པོ་ཆོས་ཅན། ཐེག་ཆེན་སེམས་བསྐྱེད་ཀྱིས་བླ་མེད་བྱང་ཆུབ་སྐྱེད་ཚུལ་གྱི་དོགས་པ་བསུ་བ་ལ་མཁས་པ་མིན་པར་ཐལ། དེས་དེ་སྐྱེད་པའི་མཐའ་མ་ཆོད་པའི་དོགས་པ་བཀོད་ནས་ལན་བཏབ་པའི་ཕྱིར། ཡང་ཁ་ཅིག ཐེག་ཆེན་སྒོམ་ལམ་པའི་རྒྱུད་ཀྱི་སེམས་བསྐྱེད་དེ་ཆོས་ཅན། ཁྱོད་ཀྱིས་བླ་མེད་བྱང་ཆུབ་མི་སྐྱེད་པར་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་རེ་རེས་ཀྱང་དེ་མི་སྐྱེད། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་ཅིག་ཆར་དུ་འབྱུང་བར་ལྷན་ཅིག་ཏུ་འབྱུང་བས་ཀྱང་དེ་མི་སྐྱེད། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་རིམ་གྱིས་འབྱུང་བ་ལྷན་ཅིག་ཏུ་ཚོགས་པས་ཀྱང་དེ་མི་སྐྱེད་པའི་ཕྱིར་ཞེས་སྨྲའོ། །དེ་ལ་རེད་མདའ་བ་ན་རེ། དེས་དེ་བསྐྱེད་ཚུལ་ལ་དེའི་སྐད་ཅིག་རེ་རེས་དེ་སྐྱེད་པ་སོགས་གསུམ་པོ་དེར་མཐའ་ཆོད་དམ་མ་ཆོད་ཅེས་དྲིས་ནས་སྔ་མ་བཞིན་བརྗོད་པར་མཛད་དོ། །གཞན་ཡང་དེ་ལ་སྐྱོན་འདི་ལྟར་གནས་ཏེ། ཐེག་ཆེན་སེམས་བསྐྱེད་སྐད་ཅིག་སྔ་ཕྱི་རིམ་གྱིས་འབྱུང་བ་ལྷན་ཅིག་ཏུ་ཚོགས་པས་བླ་མེད་བྱང་ཆུབ་སྐྱེད་ནུས་པ་ཆོས་ཅན། ཁྱོད་སློབ་དཔོན་གྱི་རང་ལུགས་སུ་ཁས་ལེན་པར་ཐལ། ཁྱོད་དེས་དེ་སྐྱེད་པའི་ཚུལ་ལ་མཐའ་གསུམ་དུ་བརྟགས་པའི་མཐའ་ཕྱི་མ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་ཆེན་ལས། སྔར་བཤད་པའི་ཕྱོགས་མངོན་པར་འདོད་པ་མིན་པའི་ཕྱིར། ཕྱོགས་ཕྱི་མ་ལ་རབ་ཏུ་གྲགས་པའི་དཔེའི་ཚུལ་གྱིས་ལན་བཏབ་པའི་ཕྱིར་ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། སློབ་དཔོན་གྱི་རང་ལུགས་སུ་ཁས་མི་ལེན་པར་ཐལ། མཐའ་གསུམ་དུ་བརྟགས་པའི་རྗེས་སུ། དོན་གསལ་ལས། དེ་ནི་ཡང་དག་པ་མིན་པས་ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། དེའི་དོན་ནི། མཐའ་གསུམ་དུ་བརྟགས་ནས་ཐེག་ཆེན་སེམས་བསྐྱེད་ཀྱིས་བླ་ན་མེད་པའི་བྱང་ཆུབ་མི་སྐྱེད་པ་ཡང་དག་པ་མ་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། དེས་ན་རང་ལུགས་ནི། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་སེམས་བསྐྱེད་དེ་ཆོས་ཅན། ཁྱོད་ཀྱིས་བླ་མེད་བྱང་ཆུབ་མི་སྐྱེད་པར་ཐལ། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་རེ་རེས་ཀྱང་དེ་མི་སྐྱེད། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་ཅིག་ཅར་དུ་འབྱུང་བ་ལྷན་ཅིག་ཏུ་ཚོགས་པས་ཀྱང་དེ་མི་སྐྱེད། ཁྱོད་ཀྱི་སྐད་ཅིག་སྔ་ཕྱི་རིམ་གྱིས་འབྱུང་བས་ཀྱང་དེ་མི་སྐྱེད་པའི་ཕྱིར་ཞེ་ན། མཐའ་ཕྱི་མ་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་ཤིང་། དེའི་སྒྲུབ་བྱེད་དུ་དེ་བྱུང་མ་ཐག་ཏུ་རྗེས་སུ་འགྲོ་བ་མེད་པ་ཉིད་འཇིགས་པའི་ཕྱིར་ཞེས་པ་ལ། མར་མེའི་དཔེའི་སྒོ་ནས་ཁྱབ་པ་མ་གྲུབ་པའི་ལན་འདེབས་པ་ནི་སྔར་གྱི་འགྲེལ་ཆེན་གྱི་དགོངས་པ་དཔྱིས་ཕྱིན་པའོ། །ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་པའི་སྐབས་སུ། སྦྱོར་བ་གསུམ་གྱི་ས་མཚམས་ལ་དཔྱད། དངོས་ཀྱི་དོན་ལ་དཔྱད། ཀླན་ཀ་སྤང་བའི་ཚུལ་དང་གསུམ་ལས། དང་པོ་ལ་དགག་གཞག་གཉིས། དང་པོ་ལ་ཁ་ཅིག སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ། ཞིང་དག་པའི་སྦྱོར་བ། ཐབས་ལ་མཁས་པའི་སྦྱོར་བ་གསུམ་གྱི་མ་མཐའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ན་ཡོད་དེ། དེ་ནས་ཆོས་སྐུ་དང་། ལོངས་སྐུ་དང་། ཕྲིན་ལས་ཀྱི་ཐུན་མོང་མིན་པའི་རྒྱུར་གྱུར་པའི་སྦྱོར་བ་རྣམས་ཡོད་པའི་ཕྱིར་ཟེར། ཁ་ཅིག དེ་གསུམ་གྱི་མ་མཐའ་ས་དང་པོ་ནས་ཡོད་དེ། དེར་སྲིད་ཞི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་སྦྱོར་བ་ཡོད་པའི་ཕྱིར་ཟེར། ཡང་ཁ་ཅིག དེ་གསུམ་མ་མཐའ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་ཡོད་དེ། དེར་སྲིད་ཞི་རང་བཞིན་མེད་པར་མཉམ་ཉིད་དུ་རྟོགས་པ་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་སྦྱོར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པའི་སྦྱོར་བ་དང་། ཐེག་ཆེན་སེམས་བསྐྱེད་ཀྱི་སྒོ་ནས་གཞན་དོན་ཕུན་སུམ་ཚོགས་པ་སྒྲུབ་པའི་སྦྱོར་བ་ཡོད་པའི་ཕྱིར་ཞེས་སྨྲའོ། །དེ་ལྟར་ལུགས་གསུམ་ལས། དང་པོ་ལ་ཆོས་སྐུའི་ཐུན་མོང་མིན་པའི་རྒྱུའི་དོན་དེ་ཐེག་ཆེན་གྱི་ཉམས་ལེན་རྣམས་ཀྱི་ནང་ནས་ཆོས་སྐུའི་ཐུན་མོང་མིན་པའི་རྒྱུ་ཡིན་པ་ལ་བྱེད་དམ། ཉན་རང་དང་ཐུན་མོང་མིན་པའི་ཆོས་སྐུའི་རྒྱུ་ཡིན་པ་ལ་བྱེད། དང་པོ་ལྟར་ན། ཐེག་ཆེན་གྱི་ཚོགས་ལམ་ན་དེ་འདྲ་ཡོད་པའི་གཏན་ཚིགས་མ་གྲུབ་སྟེ། དེར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་བ་མ་ཐོབ་པའི་ཕྱིར། ཕྱི་མ་ལྟར་ན། མ་ཁྱབ་སྟེ། ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལའང་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཡོད་པར་ཐལ། དེའི་རྒྱུད་ལ་བསྐལ་པ་གྲངས་མེད་གསུམ་ནས་འབྲས་ཡུམ་ཐོབ་པར་ངེས་པའི་གཞི་ཤེས་ཡོད་པའི་ཕྱིར། ཁྱབ་པ་ཁས། ལུགས་གསུམ་ཆར་ལ་ཐུན་མོང་དུ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་གནས་སྐབས་ན་ཕྱིར་མི་ལྡོག་པའི་སྦྱོར་བ་ཡོད་པར་ཐལ། དེའི་གནས་སྐབས་ན་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་སྦྱོར་བ་ཡོད་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེར་ཐལ། དྲོད་ལ་གནས་པའི་བྱང་སེམས་ཡིན་ན་གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པས་ཁྱབ་པའི་ཕྱིར། གཞན་ཡང་ཐེག་ཆེན་སྦྱོར་ལམ་ན་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་ཡོད་པར་ཐལ། ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་བསྐལ་པ་གྲངས་མེད་གསུམ་ནས་བྱང་ཆུབ་ཐོབ་པར་ངེས་པའི་སྦྱོར་བ་ཡིན་པའི་ཕྱིར། ཡང་ཐེག་ཆེན་དྲོད་ཀྱི་གནས་སྐབས་སུ་ཚོགས་སྒྲུབ་ཡོད་པར་ཐལ། དེར་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་སུ་གྱུར་པའི་སྒྲུབ་པ་ཡོད་པའི་ཕྱིར། གསུམ་ཆར་གྱི་ཁྱབ་པ་ཁས། གཞན་ཡང་ལུགས་དང་པོ་ལ། སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ་ཐོབ་པའི་གང་ཟག་ཡིན་ན་ཕྱིར་མི་ལྡོག་པའི་དགེ་འདུན་སྔོན་སོང་ཡིན་པས་མ་ཁྱབ་པར་ཐལ། དེའི་མ་མཐའི་ས་མཚམས་ཐེག་ཆེན་གྱི་ཚོགས་ལམ་ནས་འཇོག་པར་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སློབ་པའི་ཚོགས་ཀྱི་ཆོས་ཐོབ་པ། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག སྲིད་ཞི་མཉམ་ཉིད་ཀྱི་མ་མཐའི་ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་ནས་ཡོད་དེ། དེ་སྒོམ་པའི་རྟེན་གྱི་གང་ཟག་དེ་སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་གང་ཟག་ཏུ་བཤད་པའི་ཕྱིར་ཏེ། སློབ་པའི་ཚོགས་ཀྱི་ཆོས་ཐོབ་པའི་བྱང་ཆུབ་སེམས་དཔས་སྒོམ་པར་བཤད་པ་གང་ཞིག སྦྱོར་མཐོང་སྒོམ་གསུམ་ལ་གནས་པའི་སེམས་དཔས་སློབ་པའི་ཚོགས་ཀྱི་ཆོས་ཐོབ་པའི་ཕྱིར། སྔ་མ་དེར་ཐལ། སློབ་པའི་ཚོགས་ཀྱི་ཆོས་ཐོབ་པ་ཞེས་སོགས་གསུངས་པའི་ཕྱིར་ཟེར། འོ་ན་རྩེ་སྦྱོར་སྒོམ་པའི་རྟེན་གྱི་གང་ཟག་དེ་ཐེག་ཆེན་གྱི་སློབ་ལམ་བཞི་ཀ་ལ་གནས་པའི་གང་ཟག་ཏུ་བཤད་པར་ཐལ། རྣམ་རྫོགས་སྦྱོར་བ་ཐོབ་པའི་བྱང་ཆུབ་སེམས་དཔས་དེ་སྒོམ་པར་བཤད་པ་གང་ཞིག ཐེག་ཆེན་གྱི་སློབ་ལམ་བཞི་ཀ་ལ་གནས་པའི་བྱང་ཆུབ་སེམས་དཔས་རྣམ་རྫོགས་སྦྱོར་བ་ཐོབ་པའི་ཕྱིར། རྟགས་སྔ་མ་དེར་ཐལ། རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ཐོབ་པ་ལ་རབ་ཀྱི་མཐར་ཕྱིན་པའི་རྟོགས་པ་འབྱུང་བས་ཞེས་གསུངས་པའི་ཕྱིར། རིམ་བཞིན་ཁས་བླངས། རྩ་བར་འདོད་ན། ཐེག་ཆེན་གྱི་ཚོགས་ལམ་ན་རྩེ་སྦྱོར་ཡོད་པར་ཐལ་ལོ། །གཉིས་པ་ལ། སྦྱོར་བ་གསུམ་གྱི་མ་མཐའི་ས་མཚམས་ས་བརྒྱད་པ་ན་ཡོད་དེ། དག་སའི་བྱང་སེམས་ལ་མི་སློབ་པའི་དགེ་འདུན་གྱི་ཐ་སྙད་གསུངས་ཤིང་། སྦྱོར་བ་དེ་གསུམ་མི་སློབ་པའི་དགེ་འདུན་ཁོ་ནས་སྒོམ་པར་བཤད་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དེ་བས་ན་མི་སློབ་པའི་དགེ་འདུན་གྱི་མཚན་ཉིད་གསལ་བར་བསྟན་པའི་ཕྱིར། འཁོར་བ་དང་མྱང་འདས་མཉམ་པ་ཉིད་བཤད་པར་བྱ་བ་ཡིན་པས་ཞེས་གསུངས་པའི་ཕྱིར། འདི་དག་ས་ནས་འཇོག་པའི་རྒྱུ་མཚན་གཞན་ཡང་། རྫོགས་སྨིན་སྦྱང་གསུམ་མ་བྱས་པར་ཡང་དག་མཐའ་མངོན་དུ་མ་བྱེད་ཅིག་ཅེས་པའི་གདམས་པའང་དག་སའི་བྱང་སེམས་ལ་མཛད་པ་དང་། རྒྱལ་བ་རྣམས་ཀྱིས་འགོག་པ་ལས་སློང་བར་མཛད་པ་ཡང་དག་སའི་བྱང་སེམས་ལ་མཛད་པ་སོགས་གནད་དུ་མ་ཤེས་དགོས་ཏེ་འདིར་མ་སྤྲོས་སོ། །གཉིས་པ་ལ། ཡུལ་འཁོར་འདས་གཉིས་ངོས་གཟུང་བ་དང་། ཡུལ་ཅན་སྦྱོར་བའི་ངོ་བོ་གཉིས་ལས། དང་པོ་ལ་མཚན་གཞི་དང་མཚན་ཉིད་གཉིས་ལས། དང་པོ་ནི། སེམས་ཙམ་པའི་གཞུང་འགའ་ཞིག་ལས། ཀུན་བརྟགས་དང་། མ་དག་གཞན་དབང་འཁོར་བ་དང་། དག་པ་གཞན་དབང་དང་ཡོངས་གྲུབ་མྱང་འདས་སུ་བཤད་པ་ཡོད་ཀྱང་མི་འཐད་དེ། འཁོར་བ་ཡིན་ན་འདུས་བྱས་ཡིན་དགོས་པའི་ཕྱིར་དང་། ཀུན་བརྟགས་འདུས་བྱས་མིན་པའི་ཕྱིར། མྱང་འདས་ཡིན་ན་སོ་སོར་བརྟགས་འགོག་ཡིན་དགོས་ལ། དག་པ་གཞན་དབང་དེ་འཕགས་རྒྱུད་ཀྱི་མཉམ་གཞག་ཡིན་པའི་ཕྱིར། ཡང་ཁ་ཅིག སྡུག་ཀུན་གཉིས་འཁོར་བ་དང་། འགོག་ལམ་གཉིས་མྱང་འདས་ཀྱི་མཚན་གཞིར་འཇོག་པའང་མི་འཐད་དེ། དེ་ཡིན་ན་འཁོར་བ་ཡིན་པས་མ་ཁྱབ་སྟེ། མ་དག་པའི་སྣོད་ཀྱི་འཇིག་རྟེན་དེ་འཁོར་བ་མིན་པའི་ཕྱིར་དང་། ལམ་བདེན་མྱང་འདས་མིན་པའི་ཕྱིར། ཡང་ཁ་ཅིག མྱང་འདས་ལ་ལྷག་བཅས་མྱང་འདས་དང་། ལྷག་མེད་མྱང་འདས། མི་གནས་པའི་མྱང་འདས། རང་བཞིན་གྱི་མྱང་འདས་དང་བཞིར་བཞེད་པའང་མི་འཐད་དེ། རང་བཞིན་གྱི་མྱང་འདས་ཀྱིས་མྱང་འདས་ཀྱི་གོ་མི་ཆོད་པའི་ཕྱིར་ཏེ། འཁོར་བ་ཡིན་ན་རང་བཞིན་གྱི་མྱང་འདས་དང་ལྡན་པས་ཁྱབ་པའི་ཕྱིར། རང་ལུགས་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་འདི་འཁོར་བའི་མཚན་གཞི་ཡིན་ཏེ། ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་ཞིང་། །གཉིས་ལས་གཉིས་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་ནི། །དེ་ཉིད་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པས་སོ། །འཁོར་བའི་སྒྲ་དོན་ཡང་འདི་ཡིན་གྱི། འགའ་ཞིག་མནར་མེད་ནས་སྲིད་རྩེའི་བར་འཁོར་བ་ཞེས་འདོད་པ་བཞད་གད་ཀྱི་གནས་ཡིན་ནོ། །ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་དེ་མྱང་འདས་ཀྱི་མཚན་གཞི་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་གསུངས་པའི་ཕྱིར། གཉིས་པ་ལ། ཁ་ཅིག ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བའི་གང་ཟག་གི་རྒྱུད་ཀྱི་མ་དག་པའི་རྟེན་འབྲེལ་འཁོར་བའི་མཚན་ཉིད་དང་། བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ལས་ཉོན་གྱི་འཆིང་བ་སྤངས་པའི་སོ་སོར་བརྟགས་འགོག་དེ་མྱང་འདས་ཀྱི་མཚན་ཉིད་ཡིན་ཟེར། ལྷག་བཅས་མྱང་འདས་ལ་གནས་པའི་ཉན་ཐོས་དགྲ་བཅོམ་པའི་གཟུགས་ཕུང་ཆོས་ཅན། འཁོར་བ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། དེ་ལྟ་བུའི་དགྲ་བཅོམ་པ་དེས། འཁོར་བ་ཟད་པར་སྤངས་པའི་ཕྱིར། རྩ་རྟགས་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བའི་གང་ཟག་གི་རྒྱུད་ཀྱི་མ་དག་པའི་གཟུགས་ཕུང་ཡིན་པའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེ་ལྟ་བུའི་དགྲ་བཅོམ་པ་དེ་ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ལས་ཀྱི་འཆིང་བ་ལས་མ་གྲོལ་བའི་གང་ཟག་ཡིན་པའི་ཕྱིར། དེ་བཞིན་དུ་མྱང་འདས་ཀྱི་མཚན་ཉིད་ལའང་སྐྱོན་སྔ་མ་འཇུག་པར་ཤེས་པར་བྱའོ། །གཞན་ཡང་དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་མཐོང་ལམ་པའི་རྒྱུད་ཀྱི་ཉོན་སྒྲིབ་སྤངས་པའི་སྤངས་པ་ཆོས་ཅན། མྱང་འདས་ཀྱི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དམན་ལམ་སྔོན་དུ་མ་སོང་བའི་ཐེག་ཆེན་མཐོང་ལམ་པའི་རྒྱུད་ལ་ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་ཡོད་པར་ཐལ་ལོ། །རང་ལུགས་ནི། མཚན་ཉིད་རིམ་པ་བཞིན། ཉོན་མོངས་མ་སྤངས་པའི་གང་ཟག་གི་རྒྱུད་ཀྱི་མ་དག་པའི་རྟེན་འབྲེལ་དང་། འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཟད་པར་སྤངས་པའི་སོ་སོར་བརྟགས་འགོག གཉིས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་སྒྱུར་ཐོབ་པའི་སྒོ་ནས་སྲིད་ཞི་མཉམ་ཉིད་དུ་རྟོགས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ། །གསུམ་པ་ལ། རྩ་འགྲེལ་གཉིས་ལས་དངོས་སུ་སྟོན་པའི་ལས་མེད་པར་ཐལ་བའི་ཀླན་ཀ་སྤང་བ། སོགས་པའི་སྒྲས་བསྟན་པའི་ལན་ལ་མ་ངེས་པར་ཐལ་བའི་ཀླན་ཀ་སྤང་བ། ལུང་དང་འགལ་བའི་ཀླན་ཀ་སྤང་བ། ཧ་ཅང་ཐལ་བའི་ཀླན་ཀ་སྤང་བ་དང་བཞིའོ། །དང་པོ་ལ། ཀླན་ཀ་དང་ལན་གཉིས། དང་པོ་ནི། ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་པའི་སྐབས་སུ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཁས་བླངས་པ་ལ། དངོས་སྨྲ་བ་རྣམས་ན་རེ། ཉིན་བར་གྱི་གནས་སྐབས་སུ་དགེ་སྡིག་གི་ལས་སོགས་པ་མེད་པར་ཐལ། དེ་རང་བཞིན་གྱིས་མེད་པའི་ཕྱིར། དཔེར་ན་རྨི་ལམ་བཞིན་ནོ་ཞེས་པའོ། །གཉིས་པ་ནི། དངོས་སྨྲ་བ་རང་ལུགས་ལ་ཁྱབ་པ་མ་གྲུབ་པའི་ལན། དབུ་མ་པའི་ལུགས་ལ་ཁྱབ་པ་མ་གྲུབ་པའི་ལན། དངོས་སྨྲ་བའི་ལུགས་ལ་རྨི་ལམ་དགེ་སྡིག་གི་ལས་མེད་པའི་མཐུན་དཔེར་མ་གྲུབ་པའི་ལན། དབུ་མ་པའི་ལུགས་ལ་དེ་མ་གྲུབ་པའི་ལན་དང་བཞིའོ། །དང་པོ་ནི། དངོས་སྨྲ་བ་ཁྱེད་རང་གི་ལུགས་ལ་གོང་གི་ཐལ་བ་ལ་ཁྱབ་པ་མེད་དེ། ཁྱེད་རང་གི་གསད་བྱའི་སྲོག་སྐད་ཅིག་མ་ཡིན་པས་རྒྱུ་རྐྱེན་གཞན་ལ་ལྟོས་མེད་དུ་འཇིག་པའི་ཕྱིར་ན། དོན་དམ་པར་སྲོག་གཅོད་པའི་ལས་མེད་ཀྱང་། ཐ་སྙད་དུ་ཡོད་པར་ཁས་བླངས་པའི་ཕྱིར། གཉིས་པ་ནི། དབུ་མ་པའི་ལུགས་ལའང་དེ་ལ་ཁྱབ་པ་མེད་པར་ཐལ། དགེ་སྡིག་གི་ལས་རང་བཞིན་གྱིས་མེད་ཀྱང་། མངོན་ཞེན་གྱི་དབང་གིས་དགེ་སྡིག་གི་ལས་སོགས་པ་ཡོད་པའི་ཕྱིར། གསུམ་པ་དངོས་སྨྲ་བའི་ལུགས་ལའང་། དེ་དེའི་མཐུན་དཔེར་མ་གྲུབ་སྟེ། དེའི་ལུགས་ལ་རྨི་ལམ་ན་དགེ་སྡིག་གི་ལས་བཟང་པོ་མེད་ཀྱང་། དེ་དམན་པ་ཙམ་ཡོད་པར་ཁས་བླངས་པའི་ཕྱིར། བཞི་པ་དབུ་མ་པའི་ལུགས་ལ་ཡང་དེ་དེའི་མཐུན་དཔེར་མ་གྲུབ་སྟེ། དེའི་ལུགས་ལ་རྨི་ལམ་དུ་དགེ་སྡིག་གི་ལས་བྱས་པ་རྨིས་པ་དེ། རྗེས་ཀྱི་སེམས་ཀྱི་གསོས་བཏབ་ན། དགེ་སྡིག་གི་ལས་གསོག་པ་ཡོད་པར་འདོད་པའི་ཕྱིར། བཞི་པོ་དེ་རིམ་པ་བཞིན་དུ་འགྲེལ་པར། ཇི་ལྟར་ཕྱི་རོལ་ཞེས་སོགས་དང་། དངོས་པོ་རྨི་ལམ་ཞེས་སོགས་དང་། གཞན་ཡང་ཞེས་སོགས་དང་། དེ་བཞིན་དུ་རྨི་ལམ་ན་ཞེས་སོགས་ཀྱིས་བསྟན་ཏོ། །གཉིས་པ་ལ། ཀླན་ཀ་ནི། དངོས་སྨྲ་བ་ན་རེ། མངོན་ཞེན་ཡོད་ན་ལས་སོག་པ་ཡོད་པས་ཁྱབ་ན། དེ་བཞིན་གཤེགས་པ་ལ་ལས་སོགས་པ་ཡོད་པར་ཐལ། དེ་ལ་མངོན་ཞེན་ཡོད་པའི་ཕྱིར་ཏེ། ང་ནི་འཁོར་བའི་ཕུང་པོ་ཟད་པའོ་ཞེས་ངར་འཛིན་ཡོད་པར་བསྟན་པའི་ཕྱིར་ཞེས་པའོ། །གཉིས་པ་ལན་ནི། གཏན་ཚིགས་མ་གྲུབ་སྟེ། ངར་འཛིན་ཡོད་པར་བསྟན་པ་ནི་དྲང་བའི་དོན་ཅན་ཡིན་གྱི། དེ་བཞིན་གཤེགས་པ་ནི་རྣམ་པར་རྟོག་པའི་བག་ཆགས་ཟད་པར་སྤངས་པའི་ཕྱིར་ཞེས་པའོ། །གསུམ་པ་ལ། ཀླན་ཀ་ནི། དགེ་སྡིག་གི་ལས་སོགས་པ་ཡོད་ཅིང་འཕེལ་བ་ཡོད་ན། བཅོམ་ལྡན་འདས་ཀྱིས། ལས་དང་སེམས་པ་ཐམས་ཅད་ནི་དབེན་ནོ་ཞེས་གསུངས་པ་དང་འགལ་ལོ་ཞེས་པའོ། །གཉིས་པ་ལན་ནི་སྐྱོན་མེད་དེ། དེ་ལྟར་གསུངས་པ་ནི་དོན་དམ་ལ་དགོངས་ལ། དགེ་སྡིག་གི་ལས་སོགས་ཅིང་འཕེལ་བ་ཡོད་པ་ནི་ཀུན་རྫོབ་ལ་དགོངས་པའི་ཕྱིར་ཞེས་བཤད་པའོ། །བཞི་པ་ལ། ཀླན་ཀ་ནི་རྨི་ལམ་དུ་སྦྱིན་པ་སྦྱིན་པར་བྱེད་ཅིང་དེ་བླ་མེད་བྱང་ཆུབ་ཏུ་བསྔོས་ན། ཅིས་དེ་ཡོངས་སུ་བསྔོ་བ་ཞེས་བྱ་བའམ་ཞེས་སླར་ཡང་དྲིས་པའོ། །གཉིས་པ་ལན་ནི། རྗེས་ཀྱི་ཤེས་པས་གསོས་བཏབ་ན། བསྔོ་བར་འགྱུར་ཞེས་ལན་བཏབ་ཟིན་བཞིན་དུ་སླར་ཡང་དོགས་པ་བྱེད་ན། ཧ་ཅང་ཐལ་བར་འགྱུར་བའི་བསམ་པས། རབ་འབྱོར་རང་ཉིད་ཀྱི་ལན་མ་གསུངས་པར་བྱམས་པ་ལ་ཁ་འཕངས་པའོ། །དེ་ལྟར་དུ་ཤཱ་རིའི་བུས་བྱམས་པ་ལ་དྲིས་པ་ན། བྱམས་པས་ཀྱང་བྱམས་པ་ཞེས་བྱ་བའི་མིང་གང་ཡིན་པ་དེས་དོན་འདིའི་ལན་འདོན་ནམ། འོན་ཏེ་གཟུགས་ཀྱི་ལན་འདོན་ཞེས་པ་ནས་ཡང་དག་པར་རྗེས་སུ་མ་མཐོང་། ཞེས་གསུངས་ནས་ལན་དངོས་སུ་མ་གསུངས་སོ། །འོ་ན་ཅིའི་ཕྱིར་རབ་འབྱོར་གྱིས་བྱམས་པ་ལ་ཁ་འཕངས་ཤེ་ན། བསྟན་པ་འདིའི་གདུལ་བྱ་ཡིན་ན་སྔར་གྱི་དྲིས་ལན་རྣམས་ཀྱིས་ལོག་རྟོག་བསལ་ནུས་ཤིང་། མིན་ན་མ་འོངས་པའི་སངས་རྒྱས་བརྒྱུད་མར་འབྱུང་བས་ལོག་རྟོག་བསལ་དགོས་པའི་དོན་ནོ། །བྱམས་པས་ཀྱང་ལན་དངོས་སུ་མི་གསུང་བ་ནི་དེ་དང་འདྲའོ། །ཀླན་ཀ་བཞི་པོ་འདི་དག་ནི། །ཆོས་རྣམས་རྨི་ལམ་འདྲ་བའི་ཕྱིར། །ཞེས་པའི་ཐད་ཀྱི་མདོར་རྨི་ལམ་དང་ཉིན་པར་ནི་རྣམ་པར་མི་རྟོག་པའོ་ཞེས་གསུངས་ལ། མ་འོངས་པའི་དངོས་སྨྲ་བ་རྣམས་ཀྱི་དོགས་པ་བསུས་ནས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པ་ཡིན་ལ། ལན་རྣམས་ནི་དང་པོ་གསུམ་རབ་འབྱོར་གྱིས་དངོས་སུ་སྨྲས་ཤིང་། ཕྱི་མ་བྱམས་པ་ལ་ཁ་འཕངས་པ་སྟེ། འདི་དག་གི་མདོ་སྦྱོར་ནི་ཚིག་མང་གིས་དོགས་ནས་མ་སྤྲོས་སོ། །སེམས་ཅན་འཇིག་རྟེན་དེ་བཞིན་དུ། །ཞེས་པའི་སྐབས་སུ། ཞིང་དག་སྦྱོར་གྱི་མཚན་ཉིད་ལ། ཁ་ཅིག་མ་འོངས་པ་ན་སངས་རྒྱས་པའི་ཞིང་དེ་ཉེས་པ་མེད་ཅིང་། ཡོན་ཏན་དང་ལྡན་པའི་ཆེད་དུ་མཁྱེན་གསུམ་གྱི་རྣམ་པར་བསྡུས་ནས་སྒོམ་པའི་སེམས་དཔའི་རྣལ་འབྱོར་རོ་ཞེས་དང་། ལོངས་སྐུའི་ཆེད་དུ་སངས་རྒྱས་ཀྱི་ཞིང་སྦྱོང་བར་བྱེད་པའི་དག་སའི་རྣལ་འབྱོར་རོ་ཞེ་ན། དང་པོ་ལ། སྟོན་པ་ཤཱཀྱ་ཐུབ་པས་ཞིང་དག་པའི་སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་མ་ཐོབ་པར་ཐལ། དེ་སངས་རྒྱས་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་དེ་ཉེས་པ་མེད་ཅིང་ཡོན་ཏན་དང་ལྡན་པ་མིན་པའི་ཕྱིར། གཉིས་པ་ལ། བདེ་བ་ཅན་གྱི་ཞིང་སྒྲུབ་པའི་དག་སའི་རྣལ་འབྱོར་དེ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། མ་གྲུབ་ན། དེ་དེར་ཐལ། དེ་འདྲ་ཡོད་པ་གང་ཞིག བདེ་བ་ཅན་གྱི་ཞིང་དེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། བདེ་བ་ཅན་གྱི་ཞིང་དེ་ལ་ལོངས་སྐུའི་ཞིང་ཡིན་པར་ཐལ། རང་ལུགས་ནི། རང་སྣང་ལ་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་འབའ་ཞིག་ཏུ་འཆར་བའི་ཆེད་དུ་མ་དག་པའི་སྣོད་བཅུད་ཀྱི་ཞིང་སྦྱོང་བར་བྱེད་པའི་དག་སའི་རྣལ་འབྱོར་རོ། །ཡུལ་དང་སྦྱོར་བ་ཅན་འདི་ནི། །ཞེས་པའི་སྐབས་སུ། ཐབས་མཁས་སྦྱོར་བའི་མཚན་ཉིད་ལ། ཡུལ་ཐབས་མཁས་མངོན་དུ་བྱ་བའི་དུས་དང་དུས་མིན་པ་མངོན་དུ་ཤེས་ནས་དུས་ལ་མ་བབས་ན་མངོན་དུ་མི་བྱེད་ཅིང་འདྲིས་པར་བྱེད་པའི་དག་སའི་རྣལ་འབྱོར་རོ་ཟེར་ན། ས་བཅུ་རྒྱུན་མཐའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཡུལ་ཐབས་མཁས་བཅུ་ལ་འདྲིས་པར་བྱེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཀྱི་སྐད་ཅིག་ཕྱི་ལོགས་དེ་མ་ཐག་ཏུ་རྣམ་མཁྱེན་མངོན་དུ་འགྱུར་བའི་ཕྱིར། རང་ལུགས་ནི། ཡུལ་ཐབས་མཁས་བཅུ་པོ་མངོན་དུ་བྱ་བའི་དུས་དང་དུས་མིན་པ་ཤེས་ནས་དུས་ལ་མ་བབས་པར་མངོན་དུ་མི་བྱེད་ཅིང་། དུས་ལ་བབས་ན་མངོན་དུ་བྱེད་པའི་དག་སའི་རྣལ་འབྱོར་རོ། །དགྲ་རྣམས་ལས་ནི་འདས་པ་དང་། །ཞེས་པའི་སྐབས་སུ། བདུད་བཞིའི་ངོ་བོ་ལ་དཔྱད་པ་དང་། བཅོམ་པའི་ས་མཚམས་ལ་དཔྱད་པ་གཉིས། དང་པོ་ལ། དགག་གཞག་གཉིས་ལས། དང་པོ་ནི། ལྷའི་བུའི། ཉོན་མོངས་པའི། ཕུང་པོའི། འཆི་བདག་གི་བདུད་དང་བཞིའོ། །དེ་བཞིའི་མཚན་ཉིད་རིམ་བཞིན། ཁ་ཅིག བདུད་གཞན་གསུམ་ལས་འདའ་བྱེད་ཀྱི་དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་འདོད་ལྷའི་རིགས་སུ་གཏོགས་པ་དང་། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་མ་རིག་པ་བག་ཆགས་དང་བཅས་པ་དང་། སྤང་བར་བྱ་བའི་ཕུང་པོ་དང་། སྲོག་འགག་པར་བྱེད་པ་ཡིན་ལ། ཉོན་མོངས་པའི་བདུད་ལ་དབྱེ་ན། རགས་པ་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ་ལྟ་བུའོ། །ཕྲ་བ་ཉོན་སྒྲིབ་ཀྱི་བག་ཆགས་ལྟ་བུའོ། །ཕུང་པོའི་བདུད་ལ་དབྱེ་ན། རགས་པ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ། ཕྲ་བ་ཡིད་ཀྱི་རང་བཞིན་གྱི་ལུགས་གཉིས། འཆི་བདག་གི་བདུད་ལ་དབྱེ་ན། རགས་པ་རང་དབང་མེད་པར་སྲོག་འགག་པ་དང་། ཕྲ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལྟ་བུའོ་ཟེར་རོ། །འོ་ན་ཉོན་མོངས་པའི་བདུད་ཁོ་ན་ལས་འདའ་བའི་དགེ་བ་ལ་བར་དུ་གཅོད་པའི་ལྷའི་བུའི་བདུད་ཆོས་ཅན། ལྷའི་བུའི་བདུད་ཀྱི་མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། བྱང་སེམས་འཕགས་པའི་རྒྱུད་ཀྱི་ཉོན་སྒྲིབ་ཀྱི་བག་ཆགས་ཆོས་ཅན། ཉོན་མོངས་པའི་བདུད་ཡིན་པར་ཐལ། ཉོན་སྒྲིབ་ཀྱི་བག་ཆགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཤེས་སྒྲིབ་ཡིན་པའི་ཕྱིར། མ་དག་པའི་སྣོད་ཀྱི་འཇིག་རྟེན་ཆོས་ཅན། ཕུང་པོའི་བདུད་ཡིན་པར་ཐལ། སྤང་བར་བྱ་བའི་ཕུང་པོ་ཡིན་པའི་ཕྱིར་ཏེ། དེར་བྱ་བའི་འདུས་བྱས་ཡིན་པའི་ཕྱིར། ཡིད་ཀྱི་རང་བཞིན་གྱི་ལུས་ཆོས་ཅན། ཕུང་པོའི་བདུད་མིན་པར་ཐལ། ཁྱོད་རང་རྒྱུ་ཟག་མེད་ཀྱི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཁས། སེམས་ཅན་གཞན་གྱི་སྲོག་གཅོད་པའི་གཤེད་མ་ཆོས་ཅན། འཆི་བདག་གི་བདུད་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར་ཏེ། དེ་སྲོག་གཅོད་པར་བྱེད་པ་ཡིན་པའི་ཕྱིར། ཡང་དག་ས་ན་འཆི་བདག་གི་བདུད་ཡོད་པར་ཐལ། དེར་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཧ་ཅང་ཐལ་ལོ། །གཉིས་པ་ནི་རིམ་བཞིན། བདུད་གཞན་གསུམ་གང་རུང་ལས་འདའ་བའི་དགེ་བ་ལ་བར་དུ་གཅོད་པར་བྱེད་པའི་འདོད་ལྷའི་རིགས་སུ་གཏོགས་པ་དང་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པ་དང་། སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་ཟག་བཅས་ཀྱི་ཕུང་པོ་དང་། རང་དབང་མེད་པར་སྲོག་འགག་པར་བྱེད་པའི་ལས་སོ། །གཉིས་པ་ནི། རང་ལུགས་ལ། ཐེག་དམན་གྱི་དབང་དུ་བྱས་ནས་ལྷའི་བུའི་བདུད་མཐོང་ལམ་ནས་བཅོམ་སྟེ། དེར་བདེན་པ་མངོན་སུམ་མཐོང་བས་དཀོན་མཆོག་ལ་ཤེས་ནས་དད་པ་བརྟན་པོ་ཐོབ་པའི་ཕྱིར། ལྷག་བཅས་མྱང་འདས་ཐོབ་པ་ནས་ཉོན་མོངས་པའི་བདུད་བཅོམ་སྟེ། དེ་ནས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་ཟད་པར་སྤངས་པའི་ཕྱིར། ལྷག་མེད་མྱང་འདས་ཐོབ་ནས་ཕུང་པོའི་བདུད་བཅོམ་སྟེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་སྔ་མ་སྤངས་ཤིང་། ཕྱི་མ་མི་ལེན་པའི་ཕྱིར། ཕུང་པོའི་བདུད་མ་ལུས་པར་བཅོམ་པ་ནི་ཐེག་དམན་ལ་མེད་དོ། །བསམ་གཏན་བཞི་པའི་རབ་མཐའ་ཐོབ་ནས་འཆི་བདག་གི་བདུད་བཅོམ་སྟེ། དེ་ནས་ཚེ་འདོར་ལེན་ལ་དབང་ཐོབ་པའི་ཕྱིར། ཐེག་ཆེན་གྱི་དབང་དུ་བྱས་ནས་སྦྱོར་ལམ་ནས་ལྷའི་བུའི་བདུད་བཅོམ་སྟེ། ཤེས་ནས་དད་པ་ཐོབ་པའི་ཕྱིར། ས་དང་པོ་ནས་ཉོན་མོངས་པ་དང་འཆི་བདག་གི་བདུད་བཅོམ་སྟེ། ལས་ཉོན་གྱི་སྐྱེ་འཆི་ཟད་པར་སྤངས་པའི་ཕྱིར། ས་བརྒྱད་པ་ནས་ཕུང་པོའི་བདུད་བཅོམ་སྟེ། དེར་རྣམ་གྲོལ་གྱི་ཆོས་སྐུ་མངོན་དུ་བྱེད་པའི་ནུས་པ་ཐོབ་པའི་ཕྱིར། མ་དག་ས་བདུན་གྱི་གནས་སྐབས་སུ་ཕུང་པོའི་བདུད་ཡོད་པའི་དོན་ནི། གཟུང་འཛིན་གྱི་རྣམ་པར་རྟོག་པ་མངོན་གྱུར་པ་སྐྱེས་པའི་ཚེ། དེས་བསྡུས་པའི་གཙོ་སེམས་དང་། དེའི་འཁོར་དུ་བྱུང་བའི་ཕུང་པོ་གཞན་གསུམ་པོ་སྟེ། ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པས་བསྡུས་པའི་ཕུང་པོ་བཞིར་ཡོད་པ་ལ་དགོངས་སོ། །དག་སར་རྣམ་གྲོལ་གྱི་ཆོས་སྐུ་མངོན་དུ་བྱེད་པའི་ནུས་པ་ཡོད་པ་ནི། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པས། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་བློ་མཉམ་རྗེས་རྒྱུན་ཆད་མེད་པར་འབྱུང་བའོ། །གནད་འདི་ནི་ཁོ་བོའི་སྤྱོད་ཡུལ་ལོ། །ཡུམ་དོན་རབ་གསལ་ལས་སྐབས་བཞི་པའི་དཀའ་བའི་གནས་རྣམ་པར་བཤད་པའོ།། །།