དཔལ་ཀྱེ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོའི་རྣམ་བཤད་བདེ་ཆེན་རྒྱ་མཚོ།
དཔལ་ཀྱེ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོའི་རྣམ་བཤད་བདེ་ཆེན་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ།། དཔལ་ཀྱེ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོའི་རྣམ་པར་བཤད་པ་བདེ་ཆེན་རྒྱ་མཚོ་ཞེས་བྱ་བ། བླ་མ་དང་དཔལ་ཀྱེ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཀྱིལ་འཁོར་བཞི་ལ་དབང་བཞིའི་ཆར་གྱིས་གཏམས། །ལམ་བཟང་བཞི་ཡིས་འགྲོས་བཞི་ཐིམ་བྱས་ནས། །སྐུ་བཞིའི་ལོ་ཏོག་རྒྱས་མཛད་དྲིན་ཆེན་རྗེ། །ཀུན་དགའི་མཚན་ཅན་འདྲེན་མཆོག་བཟང་པོ་རྒྱལ། །དབང་གི་ཏིང་འཛིན་ལ་གནས་གླུ་སྙན་དང་། །ཤིས་བརྗོད་ཚིག་དང་སྣ་ཚོགས་མཆོད་པ་དང་། །ཧཱུྃ་ཕཊ་སྒྲ་ཡིས་བགེགས་ཀུན་མཐར་བྱེད་པའི། །གདན་གསུམ་ཚང་བའི་ལྷ་ཚོགས་ལ་ཕྱག་འཚལ། །ཟབ་མོ་རྒྱུད་སྡེ་ཀུན་གྱི་བཅུད་བསྡུས་ནས། །མཚུངས་བྲལ་གྲུབ་པའི་དབང་ཕྱུག་ལས་བརྒྱུད་པའི། །རྣམ་དག་ཆོ་གས་སློབ་མ་དབང་བསྐུར་བ། །རྡོ་རྗེ་ཐེག་པའི་ལམ་གྱི་ཐོག་མ་ཡིན། །འདི་ན་ལ་ལ་མཁས་པར་མ་སྦྱངས་ཤིང་། །འཁོར་དང་ལོངས་སྤྱོད་སྡུད་པའི་སྲེད་པ་ཡིས། །མ་འབྲེལ་ཉམས་པའི་ཆོ་གའི་གཟུགས་བརྙན་ལ། །དབང་བསྐུར་ཡིན་ཞེས་ངོ་མཚར་འཛིན་པ་མང་། །དེ་དག་བསལ་ནས་གཟུར་གནས་དོན་གཉེར་ལ། །ཕན་གདགས་འདོད་པས་སྙན་བརྒྱུད་གདམས་པའི་སྲོལ། །རྗེ་བཙུན་མཆོག་གིས་ཕྱེ་བའི་རྗེས་འབྲང་ནས། །སྨིན་བྱེད་དབང་གི་རྣམ་བཤད་འབྲི་བར་སྤྲོ། །འདིར་སྨིན་བྱེད་དབང་གི་ཆོ་གའི་རྣམ་གཞག་རྒྱུད་སྡེ་སོ་སོའི་དགོངས་པ་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ཚུལ་ནང་གསེས་ཅུང་ཟད་མི་འདྲ་བ་དུ་མ་ཡོད་པ་ལས། ཐུན་མོང་བ་རྣམས་མི་འགལ་ཞིང་། ཐུན་མོང་མ་ཡིན་པ་རྣམས་མ་འདྲེས་པའི་སྒོ་ནས་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་གི་ཆུ་བོའི་རྣམ་པར་བཤད་པ་འབྲི་བ་ལ་དོན་ལྔ་སྟེ། དབང་བསྐུར་བ་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གཞིར་བསྟན་པ། དབང་མ་བསྐུར་བའི་ཉེས་དམིགས། དབང་བསྐུར་བའི་ཕན་ཡོན། བསྐུར་བྱའི་དབང་སྤྱིའི་རྣམ་བཞག ཆོ་གའི་ངོ་བོའོ། །དང་པོ་ནི། དབང་བསྐུར་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གཞི་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། སྨིན་པ་དང་ནི་གྲོལ་བའི་ལམ། །སངས་རྒྱས་བྱང་ཆུབ་བསྟན་པའི་མཆོག །ཅེས་རྡོ་རྗེ་ཐེག་པའི་ལམ་ཐ་དག་སྨིན་གྲོལ་གཉིས་སུ་འདུས་པར་གསུངས་པའི་ཕྱིར་རོ། །འོ་ན་སྨིན་གྲོལ་གཉིས་ཀ་ལམ་གྱི་དངོས་གཞིར་རིགས་ཀྱི་སྨིན་བྱེད་ཉིད་ལམ་གྱི་དངོས་གཞིར་མི་རིགས་སོ་སྙམ་ན། འདི་ལ་སྨིན་བྱེད་ཀྱི་དབང་ཐོབ་ནས། གྲོལ་བྱེད་ཀྱི་ལམ་བསྒོམ་པ་ལ་མ་ལྟོས་པར་དམ་ཚིག་བསྲུང་བ་ཉིད་ཀྱིས་ལམ་མཐའ་དག་བགྲོད་པའི་ཚུལ་དང་། དབང་བསྐུར་ཐོབ་པ་ཉིད་ཀྱིས་སྐྱེ་བ་དུ་མར་བསྲུང་བ་ལ་མ་ལྟོས་པར་ལམ་མཐའ་དག་བགྲོད་པའི་ཚུལ་དང་། སྨིན་བྱེད་ཀྱི་དབང་ཐོབ་ནས་གྲོལ་བྱེད་ཀྱི་ལམ་བསྒོམ་པ་ལ་ལྟོས་ཏེ་ལམ་མཐའ་དག་བགྲོད་པའི་ཚུལ་གསུམ་ལས། དང་པོ་ནི། གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ན་ནི། །མ་བསྒོམས་པར་ཡང་སངས་རྒྱས་འགྱུར། །ཞེས་དང་། ཚོགས་འཁོར་དམ་ཚིག་ལྔ་པ་ལས། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ནས་འགྲུབ། །ཅེས་སྨིན་བྱེད་ཀྱི་དབང་ཐོབ་ནས་རྩ་བའི་ལྟུང་བས་མ་གོས་ན། དབང་བསྐུར་དེ་ཉིད་གོང་ནས་གོང་དུ་འཕེལ་ཏེ། སྐྱེ་བ་བདུན་ནམ་བཅུ་དྲུག་ནས་འབྲས་བུ་མཆོག་འགྲུབ་ཅེས་པ་འདིས་དབང་བསྐུར་བ་ལམ་གྱི་དངོས་གཞི་ཡིན་པར་གྲུབ་བོ། །གཉིས་པ་ནི། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལྟ་བུ་གསང་བ་འདུས་པའི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ཀྱིས། དབང་གི་ཡེ་ཤེས་ལ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་སྐྱེས་པར་གསུངས་པ་འདིས་ཀྱང་དབང་བསྐུར་བ་ལམ་གྱི་དངོས་གཞིར་གྲུབ་བོ། །གསུམ་པ་ནི། དབང་གིས་གྲོལ་བར་མ་ནུས་པའི་གང་ཟག་གཞན་གྱིས་རིམ་གཉིས་བསྒོམ་དགོས་ཀྱང་། དབང་ལས་ལོགས་སུ་གྱུར་པའི་ལམ་བསྒོམ་རྒྱུ་ཡོད་པ་མ་ཡིན་ཏེ། བུམ་དབང་གི་གནས་སྐབས་སུ་ཐ་མལ་གྱི་རྣམ་རྟོག་སྡོམ་པའི་སྡོམ་པ་ཐོབ་པ་དེ་ཉིད་བསྒོམ་པ་ལ་བསྐྱེད་རིམ་བསྒོམ་པ་དང་། དབང་གོང་མ་གསུམ་གྱི་སྐབས་སུ་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་སྡོམ་པའི་སྡོམ་པ་ཐོབ་པ་དེ་ཉིད་བསྒོམ་པ་ལ་རྫོགས་རིམ་བསྒོམ་པར་འཇོག་པ་ཡིན་པས། འདིས་ཀྱང་དབང་བསྐུར་བ་ལམ་གྱི་དངོས་གཞིར་གྲུབ་བོ། །གཉིས་པ་ནི། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བརྩིར་ཡང་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་པ་འདིས་དབང་བསྐུར་མེད་པར་རྒྱུད་ཀྱི་ལུང་ལ་བལྟས་ཏེ། ཤེས་པར་འདུག་སྙམ་པའི་ང་རྒྱལ་གྱིས་རྒྱུད་འཆད་པའི་ཉེས་དམིགས་བསྟན་ནོ། །དམ་པ་དང་པོ་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང་། །ཟབ་མོའི་དེ་ཉིད་སྒོམ་བྱེད་པ། །དེ་དོན་ལེགས་པར་ཤེས་ན་ཡང་། །དམྱལ་བར་འགྱུར་གྱིས་གྲོལ་བར་མིན། །ཞེས་པ་འདིས་དབང་བསྐུར་མེད་པར་གཞན་ལ་རྒྱུད་འཆད་པ་དང་རང་གིས་བསྒོམ་པ་གཉིས་ཀའི་ཉེས་དམིགས་བསྟན་ནོ། །བདེ་མཆོག་རྩ་རྒྱུད་ལས། སྔགས་པ་དཀྱིལ་འཁོར་མ་མཐོང་བར། །གང་ཞིག་རྣལ་འབྱོར་པ་རུ་འདོད། །མཁའ་ལ་ཁུ་ཚུར་གྱིས་བརྡེག་བཞིན། །སྨིག་རྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་དང་སངས་རྒྱས་ཐོད་པའི་ལེའུ་གསུམ་པ་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝང་སྦྱོར་ཀུན་ཚོགས། རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་པར་འགྲོ། །ཞེས་གསུངས་ཤིང་། དེའི་དཀའ་འགྲེལ་ཡེ་ཤེས་ལྡན་ལས། བུ་ནི་མིག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ལུས་ནི་ཁྱིམ་སྟེ། དེས་སྟོང་པ་ཁོང་དུ་ཆུད་པར་བྱའོ། །ཤི་མ་ཐག་ཏུ་སྟོང་པའོ། །ཞེས་པ་ནི། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་བྱིན་གྱིས་མ་བརླབས་པ་ནི། ཤི་ནས་རྣལ་འབྱོར་པ་དེ་ཁྱད་པར་ཅན་དུ་འགྲོ་བར་མི་འགྱུར་རོ། །དེ་བཞིན་དབང་དང་བྲལ་ན་ནི། །ཞེས་པ་ནི་དབང་མེད་ནའོ། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་པ་ནི། ཡེ་ཤེས་ཀུན་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ། །དེ་རྣམས་ཀྱིས་བྱིན་གྱིས་མ་བརླབས་པ་ནི། ཐེག་པ་ཆེན་པོ་ཡོངས་སུ་ཤེས་པས་སྟོང་པའོ། །འདིས་ཅི་ཞིག་སྟོན་ཅེ་ན། མིག་ལ་སོགས་པ་བྱིན་གྱིས་བརླབས་པར་བྱས་ནས། ཡེ་ཤེས་ལྔ་ཡི་བདག་ཉིད་བྱང་ཆུབ་སེམས་དཔཾའ་སློབ་མ་ལ་སྦྱིན་པར་བྱའོ། །ཞེས་དང་། པི་ཝཾ་གི་སྒྲས་ནི་ཨ་ཝ་ངྷཱུ་ཏཱིའོ། །དེའི་སྦྱོར་བ་ཀུན་ཚོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་སྦྱོར་བ་འདུས་པ་ནི་བདེ་བ་ཆེན་པོའི་བསམ་གཏན་དུ་འགྱུར་རོ། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །ཞེས་པ་ནི། རྒྱུད་དང་ལྡན་པའི་ཕྱིར་ན་རྒྱུད་ཅན་ནོ། །བྱང་ཆུབ་སེམས་ཀྱི་རྒྱུ་བ་དང་བྲལ་ན། བདེ་བ་ཆེན་པོ་མྱོང་བར་མི་རུང་བ་ནི་བརྡུང་དུ་མི་རུང་བའོ། །དེ་བཞིན་དབང་དང་བྲལ་ན་ནི། །ཞེས་པ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་དང་བྲལ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་པའོ། །ཞེས་དང་། སངས་རྒྱས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པའི་རྨོངས་པ་དབང་མེད་པར་སློབ་མ་རྣམས་སྡུད་པར་བྱེད་པའི་སེམས་ཅན་དེ་རྣམས་དམྱལ་བར་འགྲོ་བར་འགྱུར་རོ། །ཞེས་གསུངས་པས་ཚིགས་བཅད་གསུམ་པོ་འདིས་དངོས་སུ་དབང་གོང་མ་གསུམ་མ་བསྐུར་བའི་ཉེས་དམིགས། ཤུགས་ལ་དབང་གོང་མ་གསུམ་བསྟན་ནོ། །ཚིགས་བཅད་དེ་གསུམ་གྱི་ཐོག་མར། བརྩེ་དང་ལྡན་པའི་དྲག་ཆེན་མོ། །འཁོར་བའི་འདམ་དུ་བྱིང་བ་བདག །དབང་བསྐུར་བ་ཡིས་བདག་གྲོལ་ཕྱིར། །རྡོ་རྗེ་རྣལ་འབྱོར་མས་ཁྲུས་ཤིག །ཅེས་གསུངས་པ་འདི་འགྲེལ་པར། བུམ་དབང་ལ་དངོས་སུ་སྦྱར་བར་མེད་ཀྱང་ཚིགས་བཅད་འོག་མ་གསུམ་གྱི་འགྲོས་དང་། བསྐྱེད་རིམ་གྱི་དབང་གི་གསོལ་གདབ་ཀྱི་སྐབས་ཡིན་པས། བུམ་དབང་ལ་སྦྱར་བ་དོན་གྱིས་ཐོབ་ལ། ཚིགས་བཅད་བཞི་པོ་དེའི་འཇུག་ཏུ། དེ་ལྟར་ཤེས་བྱས་རྣལ་འབྱོར་མ། །སླར་ཡང་བདག་ལ་དབང་བསྐུར་ཅིག །ཅེས་བསྐྱེད་རིམ་གྱི་དབང་གི་གསོལ་གདབ་ལ། དབང་བཞི་ཆར་གྱི་གསོལ་གདབ་བྱས་པས་བསྐྱེད་རིམ་གྱི་དབང་ལ་དབང་བཞི་ཆར་ལེན་པར་གྲུབ་བོ། །ཕྱི་མ་ཁ་ཅིག་བསྐྱེད་རིམ་གྱི་དབང་གི་སྐབས་སུ། དབང་གི་ཆུ་རྒྱུན་གཅིག་ལ་དབང་བཞི་ལེན་པ་འགོག་པ་ནི་རྒྱུད་འདིའི་དོན་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་དབང་ཐམས་ཅད་ཐོབ་ཅེས་པ་དབང་བཞི་ཆར་ལ་འཇུག་པར་བཞེད་པའི་དོན་ཙམ་ལའང་བློ་ཁ་མ་ཕྱོགས་ཤིང་། གྲུབ་ཆེན་མཚོ་སྐྱེས་ཀྱིས་དབང་བཞི་ལེན་པར་གསུངས་པ་དང་ཡང་འགལ་ལོ། །གསུམ་པ་ནི། སྔར་གྱི་སྐྱེ་བ་བདུན་ནམ་བཅུ་དྲུག་ན་འགྲུབ་པར་གསུངས་པ་དང་ལམ་བསྒོམས་ན་ཚེ་འདིའམ་བར་དོ་སོགས་སུ་སངས་རྒྱ་བར་གསུངས་པ་ནི་ཕན་ཡོན་གྱི་གཙོ་བོ་ཡིན་ལ། གཞན་ཡང་སྟ་གོན་གི་སྤྲོ་བ་བསྐྱེད་པའི་སྐབས་དང་། འཇུག་པའི་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའི་སྐབས་དང་། དབང་བསྐུར་བ་ཐོབ་པས་ལྷ་མཆོད་པ་དང་། སེམས་ཅན་གྱི་དོན་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཕྲིན་ལས་རྣམས་བསྒྲུབ་པ་ལ་དབང་ངོ་ཞེས་རྗེས་གནང་གི་སྐབས་རྣམས་དང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་ཀྱི་སྐབས་ནས་གསུངས་པ་རྣམས་ཀྱང་དབང་བསྐུར་བའི་ཕན་ཡོན་ནོ། །བཞི་པ་ལ་བཞི་སྟེ། གང་གིས་བསྐུར་བའི་སློབ་དཔོན། གང་ལ་བསྐུར་བའི་སློབ་མ། གང་ལས་བསྐུར་བའི་དཀྱིལ་འཁོར། ཇི་ལྟར་བསྐུར་བའི་དབང་ཉིད་གཏན་ལ་དབབ་པའོ།། །།དང་པོ་ནི། བདེ་མཆོག་སྡོམ་འབྱུང་ལས། དེ་ནས་རྡོ་རྗེ་སློབ་དཔོན་གྱི། །ཆོ་ག་འདི་ལས་ཡང་དག་བཤད། །དལ་བ་ཞི་བའི་ཆ་ལུགས་ཅན། །སེམས་ཅན་ཀུན་རབ་མི་འཇིགས་སྟེར། །སྔགས་དང་རྒྱུད་ཀྱི་རབ་སྦྱོར་ཤེས། །བསྟན་བཅོས་རིག་ཅིང་སྙིང་རྗེར་ལྡན། །སྙན་པའི་ངག་སྨྲ་ཐམས་ཅད་ལ། །སེམས་ཅན་ཀུན་ལ་བུ་བཞིན་དུ། །རྟག་ཏུ་སྦྱིན་པ་ལ་སོགས་དགའ། །རྣལ་འབྱོར་བསམ་གཏན་མངོན་པར་བརྩོན། །བདེན་པར་སྨྲ་ཞིང་འཚེ་བ་མེད། །སྙིང་རྗེ་དང་ནི་ཕན་སེམས་ལྡན། །སེམས་ནི་མཉམ་ཉིད་ཕྱག་རྒྱར་ལྡན། །སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །སེམས་ཅན་བསམ་པའི་ཁྱད་པར་ཤེས། །མགོན་དང་བྲལ་བ་རྣམས་ཀྱི་གཉེན། །དབང་པོ་ཡོངས་སུ་རྫོགས་པའི་ལུས། །བལྟ་ན་སྡུག་པའི་གཟུགས་དང་ལྡན། །དབང་བསྐུར་དོན་གྱི་དེ་ཉིད་རིག །ཚིག་གསལ་ཡོན་ཏན་རྒྱ་མཚོ་སྟེ། །རྟག་པར་རྒྱུན་དུ་གནས་བསྟན་པ། །དེ་ནི་སློབ་དཔོན་ཡིན་ཞེས་བྱ། །ཞེས་གསུངས་པ་ནི། མཚན་ཉིད་རྒྱས་པའི་དབང་དུ་བྱས་པ་ཡིན་ལ། མདོར་བསྡུ་ན་རྗེ་བཙུན་རིན་པོ་ཆེས། བླ་མ་བརྒྱུད་པ་དད་ལྡན་རྒྱུད་དོན་རིག །དམ་ཚིག་མཆོག་བསྲུང་མན་ངག་དུ་མས་བརྒྱན། །སྙིང་རྗེས་རྒྱུད་བརླན་བསྟན་བཅོས་མང་དུ་ཤེས། །དེ་ཡི་ཞབས་བསྟེན་གསོལ་བ་ལན་མང་གདབ། །ཅེས་གསུངས་པའི་མཚན་ཉིད་དང་ལྡན་པ་ངེས་པར་དགོས་སོ། །གཉིས་པ་ལ་གསུམ་སྟེ། རང་བཞིན་རྒྱུད་ཀྱི་ཁྱད་པར། ཐོས་བསམ་གྱིས་རྒྱུད་སྦྱངས་མ་སྦྱངས་ཀྱི་ཁྱད་པར། བསླབ་པས་རྒྱུད་སྦྱངས་མ་སྦྱངས་ཀྱི་ཁྱད་པར་རོ། །དང་པོ་ནི། བདེ་མཆོག་སྡོམ་འབྱུང་ལས། སློབ་དཔོན་གྱིས་ནི་ཆོས་ལ་སྤྲོ། །རིགས་ལྡན་སློབ་མ་ཡང་དག་བསྡུ། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་དང་མ་བསྡོམས་རྣམ་གཡེངས་ཅན། །མ་རུངས་རྨོངས་པ་སྙོམ་ལས་ཅན། །གཞན་གྱི་སྲོག་ལ་བརྩེ་བ་བྲལ། །ཕ་རོལ་རྫས་ལ་མངོན་པར་ཞེན། །བླ་མས་རྟག་ཏུ་སྤང་བར་བྱ། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །མི་དགེ་བཅུ་ནི་ཡོངས་སུ་སྤངས། །སེམས་ཅན་རྣམས་ཀྱིས་བལྟ་ན་སྡུག །འབར་བའི་མེ་དང་དུག་སོགས་བཞིན། །ཕ་རོལ་རྫས་ལ་རེག་མི་བྱ། །རྟག་པར་རྒྱུན་དུ་བླ་མ་མཆོད། །དམ་ཆོས་ལྟ་བ་ལ་སྤྲོ་ཞིང་། །རྟག་ཏུ་སྦྱིན་ལ་སོགས་ལ་དགའ། །འཇིག་རྟེན་ཕ་རོལ་མངོན་འདོད་པ། །རབ་བསྔགས་སློབ་མ་དེ་རྣམས་ལ། །སྦྱིན་བྱ་དཀྱིལ་འཁོར་དམ་པའོ། །ཞེས་གསུངས་པའི་ཚིག་རྐང་དང་པོ་གཉིས་ཀྱིས་མདོར་བསྟན། དེ་ནས་དྲུག་གིས་སྤང་བྱའི་མཚན་ཉིད་དོ། །དེ་ནས་ཚིག་བཅད་གསུམ་གྱིས་བླང་བྱའི་མཚན་ཉིད་བསྟན་ནོ། །གཉིས་པ་ནི། ཇི་སྐད་བཤད་པའི་སྤང་བྱའི་མཚན་ཉིད་དང་ལྡན་པ་དེ་དག་རྣམ་པ་ཐམས་ཅད་དུ་སྤང་བར་བྱ་བ་ཡིན་ནམ་སྙམ་ན། རྒྱུད་སྦྱང་བར་མ་བྱས་ན་སྤང་བར་བྱ་བ་ཡིན་ཀྱང་ཐོས་བསམ་དང་། བསླབ་པས་རིམ་གྱིས་རྒྱུད་སྦྱངས་ནས་སྣོད་དུ་གྱུར་པ་ན་བླང་བར་བྱ་བ་ཁོ་ན་ཡིན་ཏེ། བརྟག་གཉིས་ལས། མཚམས་མེད་ལྔ་ནི་བྱེད་པ་དང་། །སྲོག་ཆགས་གསོད་ལ་དགའ་བ་དང་། །གཞན་ཡང་སྐྱེ་བ་དམན་གང་དང་། །རྨོངས་དང་མ་རུངས་ལས་བྱེད་དང་། །གཟུགས་ངན་ཡན་ལག་མ་ཚང་བ། །བསམས་པས་དེ་རྣམས་འགྲུབ་པར་འགྱུར། །ཞེས་གསུངས་ཤིང་རྒྱུད་སྦྱང་བ་མ་བྱས་ཀྱང་འགྲུབ་ན་གཞུང་སྔ་མས་སྤང་བར་བྱ་བ་གསུངས་པ་དང་འགལ་ལ་རྒྱུད་སྦྱང་བ་བྱས་ཀྱང་མི་འགྲུབ་ན་གཞུང་ཕྱི་མ་དང་འགལ་བའི་ཕྱིར་རོ། །ཐོས་བསམ་གྱིས་རྒྱུད་ཇི་ལྟར་སྦྱང་སྙམ་ན། རྩ་རྒྱུད་ཕྱི་མའི་བརྒྱད་པ་ལས། དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་གསུངས་པ་ལྟར། གྲུབ་མཐའ་བཞི་དང་། རྒྱུད་སྡེ་བཞི་ལ་རིམ་གྱིས་བསླབ་པའམ། དེ་ཙམ་མ་ནུས་ན་ཡང་ཐོས་བསམ་ཅི་རིགས་པས་སྒྲོ་འདོགས་བཅད་པའོ། །སྔར་བཤད་པའི་བླང་བྱའི་མཚན་ཉིད་དང་ལྡན་པ་དེ་དག་ནི་དང་པོ་ཉིད་ནས་བླང་བར་བྱ་བ་ཡིན་ཏེ། བརྟག་གཉིས་ལས། དགེ་བ་བཅུ་ལ་གོམས་པ་དང་། །བླ་མ་ལ་གུས་དབང་པོ་ཐུལ། །ང་རྒྱལ་ཁྲོ་ལས་རྣམ་པར་གྲོལ། །དེས་ནི་རེ་ཞིག་ངེས་འགྲུབ་འགྱུར། །ཞེས་གསུངས་པ་ནི། རྒྱུད་སྦྱང་བ་མ་བྱས་ཀྱང་དང་པོ་ནས་སྣོད་དུ་གྱུར་པའི་དབང་དུ་བྱས་པའི་ཕྱིར་རོ། །དེས་ན་རང་བཞིན་རྒྱུད་ཀྱི་ཁྱད་པར་གཉིས་ཀའང་དངོས་སམ། བརྒྱུད་པའི་སྒོ་ནས་གཉིས་ཀའང་རུང་བར་ཤེས་པར་བྱའོ། །གསུམ་པ་ལ་གསུམ་སྟེ། བསླབ་པ་འོག་མ་གཉིས་ཀྱིས་རིམ་གྱིས་རྒྱུད་སྦྱངས་པ་དང་། བསླབ་པ་འོག་མ་གཉིས་གང་རུང་གིས་རྒྱུད་སྦྱངས་པ་དང་། དེ་ལའང་མ་ལྟོས་པ་དང་པོ་ཉིད་ནས་དབང་བསྐུར་བར་བྱ་བའོ། །དང་པོ་ནི། དཀྱིལ་ཆོག་རྣམས་ལས། རང་གི་བསླབ་ལྡན་འཁོར་བཞི་པོ། །ཐེག་ཆེན་བློ་ཅན་རྣམས་ལ་ནི། །དེ་བཞིན་གཤེགས་པས་གསུངས་པ་ཡི། །ཡང་དག་ཆོ་ག་རྗེས་སུ་གནང་། །ཞེས་གསུངས་པའི་འཁོར་བཞི་ནི་དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་ཏེ་བཞི་ཡིན་ལ། དགེ་ཚུལ་ཕ་མ་དང་། དགེ་སློབ་མ་ནི་དགེ་སློང་ཕ་མའི་ཉེ་གནས་སམ་འཁོར་ཡིན་པས་ཤུགས་ལ་བསྟན་ཏེ། དེ་དག་རང་རང་གི་བསླབ་པ་དང་ལྡན་པའི་དོན། སོ་སོར་ཐར་པ་གཏན་ཁྲིམས་བདུན་པོ་གང་རུང་གི་བསླབ་པ་དང་ལྡན་པ་ཡིན་ལ། དེའི་སྟེང་དུ་ཐེག་ཆེན་བློ་ཅན་ཏེ། སྨོན་འཇུག་གི་སེམས་བསྐྱེད་བྱས་པ་ལ་དབང་བསྐུར་བར་གསུངས་པས། སྡོམ་པ་འོག་མ་གཉིས་ཀྱིས་རིམ་གྱིས་རྒྱུད་སྦྱངས་པར་གྲུབ་བོ། །གཉིས་པ་ནི། རྒྱུད་རྒྱས་པའི་ལུང་དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་གྲུབ་པ་ལས་དྲངས་པ། རྡོ་ཡི་རིགས་ཀྱི་བྱེ་བྲག་གིས། །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བ་ལྟར། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་བསླབ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རིག་པ་འཛིན་པ་ཞེས་བྱའོ། །ཞེས་རིགས་ཅན་གསུམ་པོ་གང་རུང་གི་བསླབ་པ་དང་ལྡན་པ་དཀྱིལ་འཁོར་ཆེན་པོར་ཞུགས་པར་གསུངས་པ་ལྟ་བུའོ། །འདི་ཡང་རིགས་ཅན་གསུམ་གྱི་བསླབ་པས་རིམ་གྱིས་རྒྱུད་སྦྱངས་པ་ལ་དགོངས་སོ་སྙམ་ན། དེ་ཡང་མ་ཡིན་ཏེ། དཔེ་དང་མི་འགྲིགས་པའི་ཕྱིར་རོ། །དེ་བཞིན་དུ་སྤྱོད་བསྡུས་སྒྲོན་མེ་ལས། དང་པོ་སངས་རྒྱས་པའི་ཐེག་པའི་བསམ་པ་ལ་བསླབ་པར་བྱའོ། །དེ་ནས་ཐེག་པ་གསར་པ་དྲན་པ་གཅིག་པའི་མངོན་རྟོགས་ལ་བསླབ་པར་བྱའོ། །ཞེས་གསུངས་པའང་སྔ་མ་དེ་ཉིད་དེ། སངས་རྒྱས་པའི་ཐེག་པའི་བསམ་པ་ནི། ཐེག་པ་གསུམ་པོ་རང་རང་གི་ངེས་འབྱུང་གི་བསམ་པ་ཙམ་ཡིན་གྱི། ཐེག་ཆེན་སེམས་བསྐྱེད་ཁོ་ན་མ་ཡིན་ཞིང་། ཐེག་པ་གསར་པ་ནི་རྒྱུད་འདིའི་ལུགས་ཀྱི་གསང་སྔགས་རྡོ་རྗེ་ཐེག་པ། འདས་པའི་སངས་རྒྱས་གསུམ་གྱིས་ཀྱང་མ་གསུངས་ཤིང་། མ་བྱོན་པའི་སངས་རྒྱས་བྱམས་པ་ལ་སོགས་པས་ཀྱང་མི་གསུང་བས། ཤཱཀྱ་ཐུབ་པ་འདིའི་བསྟན་པ་ལ་གསར་དུ་བྱུང་བར་བཞེད་པས། སྔགས་ལམ་གྱི་ཐོག་མར་དབང་བསྐུར་ཉིད་ལ་བཞེད་པའི་ཕྱིར་རོ། །བརྟག་གཉིས་ལས། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །ཅེས་པའི་སྤྱོད་པ་རིམ་པ་ཅན་ལ། བླ་མ་གོང་མས་དུས་ནམ་སྐྱེ་ངེས་པ་མེད་པའི་སེམས་བསྐྱེད་བསྣན་པར་མཛད་པས། བསླབ་པའི་གནས་བཅུའི་སྟེང་དུ་སེམས་བསྐྱེད་བྱས་ནས་དབང་བསྐུར་ན་དང་པོའི་ཁོངས་སུ་གཏོགས་ཤིང་། བསླབ་པའི་གནས་བཅུ་ལ་གནས་པ་ཉིད་ལ་དབང་བསྐུར་ན་གཉིས་པའི་ཁོངས་སུ་གཏོགས་པར་ཤེས་པར་བྱའོ། །གསུམ་པ་ནི། སྐྱེ་བ་མང་པོ་ནས་ཐེག་པ་ཆེན་པོའི་ལམ་ལ་སྦྱངས་པའི་སྐལ་ལྡན་ཅིག་ཅར་བ་སྟེ། སྔར་གྱི་དགེ་བ་བཅུ་ལ་གོམས་པ་དང་ཞེས་སོགས་ཀྱིས་ཀྱང་བསྟན་ཅིང་། སྐལ་མེད་སེམས་ཅན་གདུལ་དཀའ་བ། །ཞེས་སོགས་ཀྱི་ཤུགས་ལ། སྐལ་ལྡན་སེམས་ཅན་གདུལ་སླ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསོ་སྦྱོང་སྦྱིན་སོགས་མ་ལྟོས་པར། །དང་པོ་ཀྱེ་ཡི་རྡོ་རྗེ་བསྟན། །ཞེས་པ་ངེས་པར་ཐོབ་པའི་ཕྱིར་རོ། །མདོར་ན། ཉན་ཐོས་དང་ཐུན་མོང་བའི་ལམ་རིམ་གྱིས་སྦྱངས་པའམ། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་ལམ་རིམ་གྱིས་སྦྱངས་པའམ། དང་པོ་ཉིད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འདོད་པའི་ཅིག་ཅར་བ་གསུམ་ནི་དངོས་སུ་དབང་བསྐུར་བར་བྱ་བའི་སློབ་མའི་མཚན་ཉིད་ཚང་བའོ། །གསུམ་པ་གང་ལས་བསྐུར་བའི་དཀྱིལ་འཁོར་ལ་གཉིས་ཏེ། དབང་བསྐུར་བ་ལ་དཀྱིལ་འཁོར་སྔོན་དུ་འགྲོ་དགོས་པར་བསྟན་པ་དང་། དཀྱིལ་འཁོར་དེའི་རབ་ཏུ་དབྱེ་བའོ། །དང་པོ་ནི་རྒྱུ་སྡེ་རྣམས་ལས། དཀྱིལ་འཁོར་དང་བཅས་ཏེ་དབང་བསྐུར་བ་ཁོ་ན་གསུངས་ཀྱི། དཀྱིལ་འཁོར་མེད་པར་དབང་བསྐུར་བའི་ཚུལ་མ་གསུངས་པ་ལ་དགོངས་ནས། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་གསུངས་པ་སྟེ། །ཞེས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་། འདུས་པའི་སྒྲུབ་ཐབས་ཀྱི་འགྲོ་བ་དབང་བསྐུར་གྱི་སྐབས་སུ་འདི་ཉིད་རྒྱུ་མཚན་དུ་བྱས་ནས་འགྲོ་བ་དབང་བསྐུར་བ་ལ། དེའི་སྔོན་དུ་མངལ་དུ་དཀྱིལ་འཁོར་བསྒྲུབ་དགོས་པར་གསུངས་པ་ལས་ཤེས་སོ། །གཉིས་པ་ནི་སངས་རྒྱས་རྡོ་རྗེ་འཆང་གིས་རྒྱུད་གསུངས་པའི་ཚེ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ནས་ས་བཅུ་པའི་བྱང་སེམས་སོགས་ལ་དབང་བསྐུར་ནས་རྒྱུད་ཉན་པའི་སྣོད་རུང་དུ་བྱས་པ་དང་། རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུས་སྤྲུལ་པ་མཆོག་གི་དཀྱིལ་འཁོར་སྤྲུལ་ནས་གྲུབ་པའི་ས་ལ་ཉེ་བའམ། གྲུབ་པའི་ས་ལ་གནས་པ་རྣམས་ལ་དབང་བསྐུར་བའི་དཀྱིལ་འཁོར་གྱི་རྣམ་པར་བཞག་པ་ནི་སྔོན་གྱི་ཆོ་ག་འཕགས་པ་ཁོ་ནའི་སྤྱོད་ཡུལ་ཡིན་གྱི། སོ་སོ་སྐྱེ་བོའི་བློ་ལས་འདས་པས་རྣམ་གཞག་འདི་ཙམ་མོ་ཞེས་བྱ་བར་འཇོག་མི་ནུས་སོ། །དེང་སང་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་སྨིན་པར་བྱེད་པའི་དབང་དུ་བྱས་ནས་རྒྱུད་སྡེ་རྣམས་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་གཙོ་བོར་གསུངས་ཀྱང་། སྤྱིར་དཀྱིལ་འཁོར་གྱི་རྣམ་གཞག་ལ་དཀྱིལ་འཁོར་བརྒྱད་དུ་དབྱེ་བ། དྲུག་ཏུ་དབྱེ་བ། དེ་དག་བཞིར་བསྡུ་བ། གསུམ་དུ་བསྡུ་བ་དང་བཞི་ལས། དང་པོ་ནི། གྲུབ་ཆེན་ཀླུའི་བྱང་ཆུབ་ཀྱིས། སློབ་མའི་དོན་ཀུན་བསྒྲུབ་པའི་ཕྱིར། །འཁོར་ལོ་རྣམ་བརྒྱད་བྲི་བར་བྱ། །རིན་ཆེན་དེ་བཞིན་ས་བོན་དང་། །མེ་ཏོག་ཚོན་དང་དེ་བཞིན་དུ། །བྱེ་མ་གཡོ་དང་ཕྱེ་མ་དང་། །དེ་བཞིན་ཡིད་ཀྱི་དཀྱིལ་འཁོར་བདེན། །ཞེས་བརྒྱད་གསུངས་པའི་རིན་ཆེན་ནི་རྡུལ་ཚོན་གྱི་རྒྱུ་རིན་པོ་ཆེ་ལས་བྱས་པའོ། །ས་བོན་ནི་འབྲས་ལ་སོགས་པ་ཚོན་གྱིས་ཁ་བསྒྱུར་བ་སྟེ། འདི་གཉིས་ནི་རྩ་རྒྱུད་ལས། རྡུལ་ཚོན་དམ་པའི་ཚོན་དང་ནི། །ཡང་ན་འབྲིང་པོ་ཉིད་ཀྱིས་ཏེ། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པས་སོ། །ཞེས་གསུངས་པའི་དོན་ནོ། །མེ་ཏོག་ནི་རྟེན་གྱི་དཀྱིལ་འཁོར་ལྷའི་གདན་དང་བཅས་པ་བྲིས་ནས་ལྷའི་མཚན་མ་ལ་མེ་ཏོག་འགོད་པའོ། །ཚོན་ནི་རས་ལ་ཚོན་གྱིས་བྲིས་པའི་རས་རིས་ཀྱི་དཀྱིལ་འཁོར་རོ། །བྱེ་མ་ནི་ཁུང་ནས་བྱུང་བའི་བྱེ་མ་ལ་ཚོན་གྱིས་ཁ་བསྒྱུར་བའོ། །ཕྱེ་མ་ནི་རྡོ་ལ་སོགས་པའི་ཕྱེ་མ་ལ་ཚོན་གྱིས་ཁ་བསྒྱུར་བའོ། །ཡིད་ཀྱི་དཀྱིལ་འཁོར་ནི་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱིས་ལུས་ངག་གི་བྱ་བ་ཅུང་ཟད་ཀྱང་མེད་པར་ས་ཆོག་ནས་བརྩམས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་ཅི་ལྟ་བ་བཞིན་ཏིང་ངེ་འཛིན་གྱིས་སྤྲུལ་ནས་སློབ་མ་ལ་བསྟན་ནུས་པའི་ཚེ་དབང་བསྐུར་བ་ཡིན་ལ། འདི་ལ་ཡེ་ཤེས་ཞབས་ལུགས་པ་རྣམས་ཀྱིས་བསམ་གཏན་གྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཞེས་པའི་ཐ་སྙད་མཛད་ཅིང་། དེ་དག་གི་སྒྲུབ་མཆོད་ལའང་བསམ་གཏན་གྱི་སྒྲུབ་མཆོད་དང་། ཏིང་ངེ་འཛིན་གྱི་སྒྲུབ་མཆོད་ཅེས་གསུངས་སོ། །བདེན་ཞེས་པ་ནི་ལུས་དཀྱིལ་ཏེ། གྲུབ་ཆེན་དྲིལ་བུ་པས་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་དང་མ་བཅོས་པའི་དཀྱིལ་འཁོར་ཞེས་གསུངས་པ་དང་དོན་གཅིག་གོ །དེ་ལ་དང་པོ་གཉིས་དང་། ལྔ་པ་དང་། དྲུག་པ་ནི་རྡུལ་ཚོན་གྱི་རྒྱུའི་སྒོ་ནས་སོ་སོར་ཕྱེ་བ་ཡིན་ལ། གསུམ་པ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷའི་མཚན་མའི་རྒྱུའི་སྒོ་ནས་བཞག་པ་ཡིན་པས། ལྔ་ཆར་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འདུས་སོ། །གཉིས་པ་ནི། ཨ་བྷི་དྷ་ན་ལས། ཡི་གེའི་དཀྱིལ་འཁོར་དང་པོ་སྟེ། །གཉིས་པ་མཚན་མའི་དཀྱིལ་འཁོར་ཡིན། །ལག་པའི་ཕྱག་རྒྱ་གསུམ་པ་སྟེ། །གཟུགས་བརྙན་འགོད་པ་བཞི་པའོ། །མེ་ཏོག་དགྲམ་པ་ལྔ་པ་སྟེ། །དྲུག་པ་ཚོགས་ཀྱི་དཀྱིལ་འཁོར་རོ། །ཞེས་གསུངས་པའི་དང་པོ་བཞི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་གཞལ་ཡས་ཁང་གདན་བཅས་བྲིས་ཟིན་ནས་མཚན་མ་དགོད་ཚུལ་གྱི་སྒོ་ནས་དབྱེ་བ་ཡིན་ཏེ། དེ་ལ་ཡི་གེའི་དཀྱིལ་འཁོར་ནི་ཧཱུྃ་ལ་སོགས་པའི་ས་བོན་འགོད་པའོ། །མཚན་མའི་དཀྱིལ་འཁོར་ནི་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་འགོད་པའོ། །ལག་པའི་ཕྱག་རྒྱའི་དཀྱིལ་འཁོར་ནི་ཆོས་འཆད་ལ་སོགས་པའི་ཕྱག་རྒྱ་འགོད་པའོ། །གཟུགས་བརྙན་འགོད་པ་ནི། གཙོ་བོ་རི་མོ་ལུགས་མའང་རུང་། །རྡོ་རྗེ་ཅན་དང་ལྷན་ཅིག་གཞག །ཅེས་པ་ལྟར་རས་བྲིས་སམ། ལུགས་མའམ། ལྡེར་སྐུ་ཞལ་ཕྱག་ཡོངས་རྫོགས་འགོད་པའམ། རྡུལ་ཚོན་གྱིས་ལྷ་སྐུ་ཞལ་ཕྱག་ཡོངས་རྫོགས་བྲི་བའོ། །མེ་ཏོག་དགྲམ་པ་ནི་སྔར་བཤད་པ་ལྟར་ལྷའི་མཚན་མའི་རྒྱུའི་སྒོ་ནས་དབྱེ་བ་དང་དོན་གཅིག་གོ །དེ་ལྟར་ན་རྒྱུའི་སྒོ་ནས་དབྱེ་བ་ལྔ་པོ་རེ་རེ་ལའང་མཚན་མ་འགོད་ཚུལ་གི་སྒོ་ནས་དབྱེ་བ་བཞི་བཞི་ཡོད་པས་ཞིབ་ཏུ་ཕྱེ་ན་ཉི་ཤུར་ཡང་འགྱུར་རོ། །ཚོགས་ཀྱི་དཀྱིལ་འཁོར་ནི། ཚོགས་འཁོར་གྱི་དུས་སུ་ལྷ་གྲངས་དང་མཐུན་པའི་རྣལ་འབྱོར་པ་ལྷ་སོ་སོའི་ཆས་སུ་ཞུགས་ཏེ། ཚོགས་འཁོར་ཚུལ་བཞིན་དུ་བྱས་པ་ལས། དབང་གོང་མ་བསྐུར་བར་འདུས་པ་འཕགས་ལུགས་པས་གསུངས་པས་དེ་བསྟན་པ་འདྲའོ། །གསུམ་པ་ནི། དཀྱིལ་འཁོར་བརྒྱད་དུ་དབྱེ་བ་དང་། དྲུག་ཏུ་དབྱེ་བ་དེ་དག་བསྡུ་ན་བཞིར་འདུས་པ་ཡིན་ཏེ། ཀླུ་བྱང་གིས་གསུངས་པའི་རིན་ཆེན་སོགས་རྡུལ་ཚོན་གྱི་རྒྱུའི་སྒོ་ནས་དབྱེ་བ་བཞི་དང་། མཚན་མའི་རྒྱུའི་སྒོ་ནས་དབྱེ་བ་སྟེ་ལྔ་དང་། ཨ་བྷི་དྷ་ན་ལས་གསུངས་པའི་བཞི་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་འདུས་པས། དེ་དང་། རས་བྲིས་ཀྱི་དཀྱིལ་འཁོར་དང་། ཡིད་ཀྱི་དཀྱིལ་འཁོར་དང་། ལུས་ཀྱི་དཀྱིལ་འཁོར་ཏེ། རྒྱུད་སྨིན་བྱེད་དུ་རུང་བའི་དཀྱིལ་འཁོར་ནི་བཞི་པོ་འདི་ཁོ་ན་ཡིན་པར་ཤེས་པར་བྱའོ། །རས་བྲིས་ཀྱི་དཀྱིལ་འཁོར་སྨིན་བྱེད་དུ་རུང་བ་ནི། གྲུབ་ཆེན་དྲིལ་བུ་པས། རས་བྲིས་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གཉིས་བཅོས་མ་གཉིས་ཀྱི་ངོ་བོ་ཞེས་ཆ་མཉམ་དུ་གསུངས་པ་དང་། སློབ་དཔོན་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གྱིས། འདུས་པ་མི་བསྐྱོད་པའི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བར་གསུངས་པ་དང་། ཨ་བྷ་ཡས་ཕྲེང་བར་གསུངས་པའི་དཀྱིལ་འཁོར་རྣམས་ལ་རས་བྲིས་དང་། རྡུལ་ཚོན་གཉིས་གཉིས་སུ་གསུངས་པ་དང་། རྗེ་བཙུན་རྩེ་མོས་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་ལུགས་འདི་ནི་བདེ་མཆོག་ཨ་བྷི་དྷ་ན་ལས་གསུངས་པ་ལ་བརྟེན་ཏེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་དང་། སློབ་དཔོན་དགའ་རབ་རྡོ་རྗེ་ལ་སོགས་པས་གསུངས་ལ། དེང་སང་རྒྱ་གར་གྱི་ཡུལ་ནའང་ཆོ་ག་ཕལ་ཆེར་འདི་ལ་བྱེད་དོ། །བླ་མ་གོང་མ་རྣམས་ཀྱང་ཕལ་ཆེར་ཕྱག་ལེན་འདི་ལ་མཛད་པས་ལུགས་འདི་ནི་ཧ་ཅང་མི་ལེགས་པ་མ་ཡིན་ནོ་ཞེས་དང་། རྗེ་བཙུན་རིན་པོ་ཆེས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་བཅུ་གཉིས་དང་། རས་བྲིས་ཀྱི་དཀྱིལ་འཁོར་བཅུ་གཉིས། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བཅུ་གཉིས་སུ་ཕྱེ་བར་གསུངས་པ་རྣམས་ཀྱིས་ཤེས་སོ། །རས་བྲིས་ཀྱི་དཀྱིལ་འཁོར་ལ་ནི་ལྷ་ཞལ་ཕྱག་ཡོངས་སུ་རྫོགས་པ་འབྲི་དགོས་ཏེ། ཛ་ཡ་སེ་ནས། རྡུལ་ཚོན་བྲི་བར་མ་ནུས་ན། །དཀྱིལ་འཁོར་དང་མཉམ་རས་ལ་ནི། །ངེས་པར་བཅོམ་ལྡན་ཧེ་རུ་ཀ །ཕྱག་རྒྱའི་ཚོགས་དང་བཅས་པ་བྲི། །ཞེས་དང་། རྗེ་བཙུན་རྩེ་མོས། རས་བྲིས་ཀྱི་དཀྱིལ་འཁོར་ནི། ལྷ་ཞལ་ཕྱག་གི་རྣམ་པ་ཅན་མེད་ན་ཡིད་མི་ཆེས་པའི་དབང་རྟུལ་གྱི་དབང་དུ་བྱས་པར་གསུངས་པའི་ཕྱིར་རོ། །བཞི་པ་ནི། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པས། འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་དེ་ནི་བདག་གིས་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལས་ཚོན་དགྱེའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །བཅོས་མ་གཉིས་ཀྱི་ངོ་བོ་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་བསྒྲུབ་བྱ་དེ་མིན་ཏེ། །ཡང་དག་དོན་མཐོང་གྲོལ་ཕྱིར་རོ། །འཁོར་ལོ་གསུམ་གྱི་བདག་ཉིད་གྲུབ། །དཀྱིལ་འཁོར་ལྷ་རྣམས་གྲུབ་པའོ། །དེ་ཡི་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །ཅེས་གསུངས་པའི་ཚིག་རྐང་དང་པོ་དྲུག་གིས། སྤྱིར་དཀྱིལ་འཁོར་ལ་རས་བྲིས། རྡུལ་ཚོན། རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་གསུམ་དུ་ཡོད་པར་བསྟན། དེ་ནས་ཚིག་རྐང་གཉིས་ཀྱིས། དཀྱིལ་འཁོར་དང་པོ་གཉིས་བཅོས་མའི་དཀྱིལ་འཁོར་ཡིན་པས། ལྷ་ཞལ་ཕྱག་གི་རྣམ་པ་ཅན་མེད་ན་ཡིད་མི་ཆེས་པའི་གདུལ་བྱ་དབང་རྟུལ་དང་། དེ་མེད་ཀྱང་ཚོན་སྤུངས་ཙམ་གྱིས་ཡིད་ཆེས་པའི་གདུལ་བྱ་དབང་འབྲིང་གི་དབང་དུ་བྱས་པར་བསྟན། དེ་ནས་ཚིག་རྐང་གཉིས་ཀྱིས་བཅོས་མའི་དཀྱིལ་འཁོར་གཉིས་པོ་དེ་སྐབས་འདིའི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། སྐབས་འདིར་གདུལ་བྱ་མཁས་པའམ། དབང་རྣོན་གྱི་དབང་དུ་བྱས་པ་ཡིན་ལ། དེས་བསྒྲུབ་པར་བྱ་བ་ནི་ཡང་དག་པའི་དོན་མཐོང་བའི་ཚེ་གྲོལ་བར་འགྱུར་པ་ཅིག་དགོས་པ་ལས། བཅོས་མའི་དཀྱིལ་འཁོར་གཉིས་པོ་དེ་ཡང་དག་པའི་དོན་མཐོང་བའི་ཚེ་གྲོལ་བར་འགྱུར་བ་མ་ཡིན་པའི་ཕྱིར་ཏེ། ཆོ་ག་ཚར་ནས་ཕྱགས་ཏེ་ཆུ་བོར་དོར་བའམ། གནས་དབེན་པར་བཞག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནས་ཚིག་རྐང་གཉིས་ཀྱིས་སྐབས་འདིའི་བསྒྲུབ་པར་བྱ་བའི་དཀྱིལ་འཁོར་ནི་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་ཏེ། རྟེན་འཁོར་ལོ་གསུམ་གྱི་དཀྱིལ་འཁོར་ཡང་རང་བཞིན་གྱིས་གྲུབ། བརྟེན་པ་དེའི་ལྷ་རྣམས་ཀྱང་རང་བཞིན་གྱིས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་ནི་ཡང་དག་པའི་དོན་ཡིན་ལ། དེ་དག་རྟེན་དང་བརྟེན་པ་ནམ་མཐོང་བའི་ཚེ་གྲོལ་བར་འགྱུར་བའི་ཕྱིར་ཞེས་བསྟན་ཏོ། །ཚིག་རྐང་ཐ་མ་གཉིས་ཀྱིས་དེ་དག་རང་བཞིན་གྱིས་གྲུབ་ན། དབང་བསྐུར་བ་ལ་སོགས་པ་མི་དགོས་པར་འགྱུར་རོ་སྙམ་ན། དབང་བསྐུར་བ་ལ་སོགས་པ་ནི་རང་བཞིན་གྱིས་མ་གྲུབ་པ་བསྒྲུབ་པའི་ཕྱིར་མ་ཡིན་གྱི། ཀུན་རྫོབ་ཏུ་གདུལ་བྱའི་བློ་ངོར་མ་གྲུབ་པ་གྲུབ་པར་བྱ་བའི་ཕྱིར་ཡིན་ཞེས་བསྟན་ཏོ། །འདིར་རང་བཞིན་གྱིས་གྲུབ་པའི་དོན་ལ། གང་ལ་རང་བཞིན་གྱིས་གྲུབ་ན་རྡོ་རྗེའི་ལུས་སྐྱོན་མེད་ལའོ། །གང་རང་བཞིན་གྱིས་གྲུབ་ན་འཁོར་ལོ་གསུམ་གྱི་རྟེན་དང་བརྟེན་པའོ། །ཚུལ་ཇི་ལྟར་རང་བཞིན་གྱིས་གྲུབ་ན་ཚེ་འདི་ཉིད་ལ་མཆོག་ཐོབ་པའི་དབང་དུ་བྱས་ནས། འབྲས་དུས་ཀྱི་འཁོར་ལོ་གསུམ་གྱིས་རྟེན་དང་བརྟེན་པར་དངོས་སུ་འགྱུར་རུང་གི་ཚུལ་གྱིས་སོ། །དེས་ན་འདོད་འཇོ་མཁན་པོས། ལྷའི་སྒྲུབ་གཞི་ལུས་ཀྱི་རྩ་ཁམས་ལྷ་བཟོ་བ་སོགས་ཀྱིས་བྱེད་པ་ལ་མ་ལྟོས་པར་ཕ་མའི་ཁུ་ཁྲག་ལས་རང་བཞིན་གྱིས་གྲུབ་ཅེས་སྨྲ་བ་ནི་ཟབ་མོའི་དོན་མ་རྟོགས་ཤིང་། དེ་ལྟར་ན་བཅོས་མ་གཉིས་པོ་ཡང་ཕ་མའི་ཁུ་ཁྲག་སོགས་ལ་མ་ལྟོས་པར་ལྷ་བཟོ་བ་སོགས་ཀྱིས་བྲིས་ཟིན་པའི་ཚེ་རང་བཞིན་གྱིས་གྲུབ་པའི་དོན་ཚང་བར་ཐལ་བའི་སྐྱོན་རྣམ་པ་ཀུན་ཏུ་མཚུངས་ཏེ། རྒྱུ་རྐྱེན་གྱིས་བཅོས་མར་མཚུངས་ཤིང་རྒྱུ་རྐྱེན་ལས་གྲུབ་ཟིན་པའི་ཚེ་རྒྱུ་རྐྱེན་ལ་མི་ལྟོས་པར་ཡང་མཚུངས་པའི་ཕྱིར་རོ། །དེས་ན་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་འདི་སྐབས་འདིར་གདུལ་བྱ་གསུམ་དུ་ཕྱེ་བའི་དབང་རྣོན་ལ་སྨིན་བྱེད་ཀྱི་དཀྱིལ་འཁོར་དུ་རུང་ཡང་། གདུལ་བྱ་འོག་མ་གཉིས་ལ་བཅོས་མ་གཉིས་ཀྱི་དཀྱིལ་འཁོར་དུ་རྒྱུད་སྨིན་པ་སྔོན་དུ་འགྲོ་དགོས་པས། རྗེ་བཙུན་གྱིས་དེ་ལྟར་གསུངས་པ་ནི། དེང་སང་གི་གདུལ་བྱ་རབ་ཀྱང་། འདིའི་འབྲིང་ཙམ་ལས་མི་ཡོང་བ་ལ་དགོངས་ནས་གསུངས་པས། རྗེ་བཙུན་སྐུ་མཆེད་དོན་གྱི་དགོངས་པ་ཅིག་ཏུ་ཤེས་པར་བྱའོ། །བཞི་པ་ཇི་ལྟར་བསྐུར་བའི་དབང་ཉིད་གཏན་ལ་དབབ་པ་ལ་ལྔ་སྟེ། དབང་བསྐུར་བ་རང་གི་ངོ་བོ། དབང་བསྐུར་གྱི་སྒྲ་དོན། སྤྱིའི་གྲངས་ངེས། ནང་གསེས་ཀྱི་དབྱེ་བ། དབང་གི་གོ་རིམ་མོ། །དང་པོ་ནི། ཆོ་ག་ཁྱད་པར་ཅན་ལ་བརྟེན་ཏེ་ཕུང་ཁམས་སྐྱེ་མཆེད་ལ་སངས་རྒྱས་ཀྱི་ས་བོན་བཏབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པའི་ངོ་བོ་སྟེ། སྨིན་པའི་ཚད་ནི། མདོ་སྡེ་རྒྱན་ལས། ཇི་ལྟར་རྨ་དང་ཟས་ལ་དེ་དག་གིས། །གཟག་དང་སྤྱད་དུ་རུང་བ་སྨིན་འདོད་ལྟར། །དེ་བཞིན་རྟེན་འདིར་ཕྱོགས་གཉིས་ཞི་བ་དང་། །ཡོངས་སུ་སྤྱད་པ་ཉིད་དུ་སྨིན་པར་བསྟན། །ཞེས་ཕར་ཕྱིན་ཐེག་པར་རྟེན་དེ་ཉིད་ལ་སྤང་བྱ་མཐོང་སྤང་སྤོང་རུང་དང་། གཉེན་པོ་མཐོང་ལམ་སྐྱེ་རུང་ལ་སྨིན་པར་འཇོག་པ་ལྟར། རྡོ་རྗེ་ཐེག་པའི་སྐབས་འདིར་རྟེན་དེ་ཉིད་ལ་སྤང་བྱ་སྒྲིབ་གཉིས་སྤོང་རུང་དང་། ཐོབ་བྱ་མཆོག་གི་དངོས་གྲུབ་ཐོབ་རུང་དུ་འགྱུར་བ་ནི་སྨིན་པའི་ངོ་བོའོ། །དེ་ན་དབང་བསྐུར་བ་ཐོབ་པ་དང་། སྔགས་ཀྱི་དམ་ཚིག་ཐོབ་པ་དང་། སྔགས་ཀྱི་སྡོམ་པ་ཐོབ་པ་དང་། རྒྱུད་སྨིན་པར་བྱས་པ་རྣམས་དོན་གཅིག་ཡིན་ཅིང་། དབང་བསྐུར་དང་། སྔགས་ཀྱི་དམ་ཚིག་དང་། སྔགས་ཀྱི་སྡོམ་པ་དང་། རྒྱུད་སྨིན་པའི་ངོ་བོ་རྣམས་དོན་གཅིག་སྟེ། འདི་ལ་དགོངས་ནས། ས་སྐྱ་པཎྜི་ཏས། དེ་ཕྱིར་ཕ་རོལ་ཕྱིན་པ་ལ། །སེམས་བསྐྱེད་མིན་པའི་ཆོས་གཞན་མེད། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །དབང་བསྐུར་ལས་གཞན་ཆོས་མེད་དོ། །ཞེས་གསུངས་སོ། །འདི་ལ་དབྱེ་ན། རྒྱུ་དུས་ཀྱི་དབང་དང་། ལམ་དུས་ཀྱི་དབང་དང་། འབྲས་དུས་ཀྱི་དབང་གསུམ་ལས། དང་པོ་ནི། སྨིན་བྱེད་ཁོ་ན་ཡིན་ལ། ཕྱི་མ་གཉིས་གྲོལ་བྱེད་ཀྱི་ལམ་ཡིན་ནོ། །དེ་དག་སྒྲུབ་པར་བྱེད་པའི་ཐབས་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་ནི་དབང་བསྐུར་གྱི་ཆོ་ག་ཡིན་ཏེ། ཆོ་གའི་སྐད་དོད་ལ་ཀལ་པ་ཞེས་པ་ཡོད་ལ། དེ་བརྟགས་པ་དང་། རྟོག་པ་དང་། ཆོ་ག་དང་། བསྐལ་པ་རྣམས་ལ་འཇུག་པས། རྣམ་པར་རྟོག་པས་དོན་ལ་མེད་བཞིན་དུ་བརྟགས་པ་དང་། དེ་ལྟར་རྟོག་པར་བྱེད་པའི་རྟོག་པ་དང་། དོན་ལ་མེད་བཞིན་དུ་སྐད་ཅིག་སྔ་ཕྱི་མང་པོ་ལ་བློས་ཕྱོགས་གཅིག་ཏུ་བསྐལ་པར་སྒྲོ་བཏགས་པ་དང་འདྲ་བར་འདིར་ཡང་དོན་ལ་མེད་བཞིན་དུ་སྦྱོར་དངོས་རྗེས་གསུམ་གྱི་བྱ་བའི་ཆ་ཤས་སོ་སོ་ལ་བློས་ཕྱོགས་གཅིག་ཏུ་ཆོ་གར་སྒྲོ་བཏགས་པས་ཆོ་ག་ཞིབ་མོ་ཞེས་འཇོག་པའི་ཕྱིར་རོ། །གཉིས་པ་ནི། རྩ་རྒྱུད་ཕྱི་མའི་གསུམ་པར། གཏོར་དང་བླུགས་པ་ཞེས་བྱ་འདིས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་པའི་འགྲེལ་པ་དག་ལྡན་ལས། བུམ་དབང་གི་དུས་སུ་སྤྱི་བོ་ནས། གསང་དབང་གི་དུས་སུ་ལྕེ་ལ། ཤེས་རབ་ཡེ་ཤེས་ཀྱི་དུས་སུ་དབང་གི་གནས་སུ། བཞི་པ་ལ་རང་གི་སེམས་ལ་གཏོར་ཞིང་བླུགས་པ་སྟེ། ཨ་བྷི་ཥེ་ཀ་ཏ་ཞེས་པའི་དོན་ཏོ། །ཡང་ན་ཨ་བྷི་ཥིཉྩ་ནི་དབང་བར་བྱས་པས་དབང་སྟེ། དབང་བཞི་ཐོབ་པས་བསྐྱེད་རིམ་དང་། ཙཎྜ་ལཱི་དང་། དཀྱིལ་འཁོར་འཁོར་ལོ་དང་། བཞི་པའི་ལམ་བསྒོམ་པ་ལ་དབང་བར་བྱས་པའོ། །ཡང་ན་སྣ་ནན་ཏ་ནི་འཁྲུད་པར་བྱེད་པས་དབང་སྟེ། བུམ་དབང་གིས་ལུས་ཀྱི་དྲི་མ་འཁྲུད་ཅེས་བྱ་བ་ནས། དེ་བཞིན་དུ་ངག་དང་། ཡིད་དང་། ཀུན་གྱི་དྲི་མ་འཁྲུད་ཅེས་བྱ་བའོ། །ཡང་ན་པྲ་ཐེཀྵ་ཞེས་བྱས་ན་སྐལ་བ་དང་ལྡན་པ་སྟེ། བུམ་དབང་ཐོབ་པས་བསྐྱེད་རིམ་བསྒོམ་པའི་སྐལ་བ་དང་ལྡན་པར་བྱས་པ་ནས། བདག་བྱིན་བརླབས་དང་། དཀྱིལ་འཁོར་འཁོར་ལོ་དང་། དབང་བཞི་པའི་ལམ་བསྒོམ་པའི་སྐལ་བ་དང་ལྡན་པར་བྱས་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །གསུམ་པ་ནི། ཆོ་གའི་སྒོ་ནས་སྤྱིར་དབང་བསྐུར་ལ། རྒྱུད་སྡེ་བཞི་ལ་སྤྱིར་དབང་གི་བབས་མི་འདྲ་བ་བཞི་ཡོད་དེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་ཅོད་པཎ་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་དུ་ཡོངས་སུ་གྲགས། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་ཕྱེ། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་འདོད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་བྱ་རྒྱུད་ལ་ཆུ་དང་ཅོད་པཎ་གྱི་དབང་གཉིས། སྤྱོད་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་དྲིལ་བུ་མིང་གི་དབང་གསུམ། རྣལ་འབྱོར་རྒྱུད་ལ་དེ་ཐམས་ཅད་རྡོ་རྗེ་སློབ་མའི་དབང་དུ་བྱས་ནས། དེའི་སྟེང་དུ་ཕྱིར་མི་ལྡོག་པ་རྡོ་རྗེ་སློབ་དཔོན་གྱི་དབང་། བླ་མེད་ལ་དེ་ཐམས་ཅད་བུམ་དབང་དུ་བྱས་ནས། དེའི་སྟེང་དུ་གསང་དབང་། ཤེས་རབ་ཡེ་ཤེས། དབང་བཞི་པ་རྣམས་ཡོད་པར་གསུངས་པའི་ཕྱིར་རོ། །དབང་གི་དངོས་གཞིའི་ཆོ་ག་ལ། རྡོ་རྗེ་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་གཉིས་སུ་ཕྱེ་བའི་སློབ་དཔོན་གྱི་དབང་། རྣལ་འབྱོར་རྒྱུད་ཡན་ཆད་ལ་ཡོད་པ་ཡིན་གྱི། སྤྱིར་རྡོ་རྗེ་སློབ་དཔོན་གྱི་དབང་རྒྱུད་སྡེ་འོག་མ་གཉིས་ལའང་མེད་པ་མ་ཡིན་ཏེ། གསང་བ་སྤྱི་རྒྱུད་ལས། སློབ་དཔོན་གོ་འཕང་རབ་བསྒྲུབ་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། རྒྱུད་སྡེ་འོག་མ་གཉིས་ཀྱི་དབང་ཡོངས་སུ་རྫོགས་པར་ཐོབ་པའི་གང་ཟག་དེས། གཞན་ལ་དབང་བསྐུར་བ་དང་། རྒྱུད་འཆད་པ་སོགས་སློབ་དཔོན་གྱི་ཕྲིན་ལས་ལ་དབང་བའི་རིགས་པས་ཀྱང་ཤེས་སོ། །བླ་མེད་ཀྱི་དབང་ལ་རྣམ་པ་བཞིར་གྲངས་ངེས་པའི་རྒྱུ་མཚན་ནི། སྦྱང་གཞི་ཆོས་བཞིར་གྲངས་ངེས་པ་དང་། སྦྱང་བྱ་དྲི་མ་བཞིར་གྲངས་ངེས་པ་དང་། སྦྱོང་བྱེད་ཀྱི་ལམ་བཞིར་གྲངས་ངེས་པ་དང་། སྦྱངས་འབྲས་སྐུ་བཞིར་གྲངས་ངེས་པ་སོགས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །བཞི་པ་ནི། དབང་གི་ཆོ་གའི་ནང་གསེས་ལ། ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་འདུས་པ་མི་བསྐྱོད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་དབང་བཞི་ཆར་གྱི་ཆོ་ག་ཉི་ཤུར་མཛད་པ་དང་། ཀླུ་བྱང་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་དབང་བསྐུར་བའི་ཆོ་ག་ཉི་ཤུར་མཛད་པ་དང་། བདེ་མཆོག་ནག་པོའི་དཀྱིལ་ཆོག་ཏུ། སྔོན་དུ་བསྙེན་པ་དང་། དཀྱིལ་འཁོར་གྱི་སྤྱོད་པ་བདུན་དང་། བརྟུལ་ཞུགས་ཀྱི་རིམ་པ་བཅུ་བཞི་སྟེ། ཉི་ཤུ་རྩ་གཉིས་སུ་མཛད་པ་དང་། གྲུབ་ཆེན་དྲིལ་བུ་པས། སློབ་དཔོན་དབང་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེ་ཡང་བཅུ་བཞི་འོ། །ཞེས་རྩ་བའི་དབྱེ་བ་བཞི། ཡན་ལག་གི་དབྱེ་བ་བཅུ་བཞིར་གསུངས་པ་དང་། ཀྱེ་རྡོར་མན་ངག་ལུགས་ལ། ཞལ་དང་འདྲ་བའི་ཆོ་གའི་སྒོ་བརྒྱད། ཞབས་དང་འདྲ་བའི་ཆོ་གའི་ཆིངས་བཞི། ཕྱག་དང་འདྲ་བའི་ཆོ་གའི་ཡན་ལག་བཅུ་དྲུག མིག་དང་འདྲ་བའི་ཆོ་གའི་གཙོ་བོ་ཉེར་བཞི་ཞེས་གསུངས་པ་ལ་སོགས་པ་རྣམས་ནི་དཀྱིལ་འཁོར་གྱི་ཆོ་ག་སོ་སོའི་སྟེང་དུ་གྲུབ་ཆེན་སོ་སོས་རྣམ་གཞག་མཛད་པ་རྣམས་ནི་ཆོ་གའི་ནང་གསེས་ཀྱི་དབྱེ་བ་ཙམ་སྟེ། མ་འདྲེས་པར་ཤེས་པར་བྱའོ། །ལྔ་པ་ནི། བརྟག་གཉིས་ལས། དབང་ནི་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཤེས་བྱ། །ཞེས་དབང་གསུམ་པའི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་དགའ་བ་ལ་སོགས་པ་བཞི་པོ་སྔ་མ་སྔ་མ་མེད་ན་ཕྱི་མ་ཕྱི་མ་མི་འབྱུང་ཞིང་། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བ་དཔེར་བྱས་པ་དེ་ཉིད་ཀྱིས་སློབ་དཔོན་གྱིས་དབང་ལ་སོགས་པ་བཞི་པོའང་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་འབྱུང་བའི་གོ་རིམ་གྲུབ་པའོ། །འདི་མན་ཆད་ན་ཌོཾ་བི་དཀྱིལ་ཆོག་ཅེས་པ་བཟང་པོ་ཡོངས་གཟུང་དང་། རིན་ཆེན་འབར་བ་གཉིས་ལ་འཇུག ཌོཾ་བི་ལུགས་ཀྱི་དབང་ཆུ་ཞེས་དང་། མཚོ་སྐྱེས་ལུགས་ཀྱི་དབང་ཆུ་ཞེས་པ་རྗེ་བཙུན་རྩེ་མོས་མཛད་པ་གཉིས་ལ་འཇུག དབང་ཆུ་ཞེས་སྤྱིར་བཏང་བ་མན་ངག་ལུགས་དང་། ནག་པོ་དཀྱིལ་ཆོག་ཅེས་སྤྱིར་བཏང་བ་ནི་ནག་པོ་ཤཱནྟ་བྷ་དྲྭས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་གཞུང་འགྲེལ་ལ་འཇུག་པར་ཤེས་པར་བྱའོ། །ལྔ་པ་ཆོ་གའི་ངོ་བོ་ལ་ཞལ་དང་འདྲ་བའི་ཆོ་གའི་སྒོ་བརྒྱད་ཡོད་དེ། གཞན་དོན་དུ་སློབ་མ་ཡོངས་སུ་གཟུང་བའི་ཆོ་ག སྔོན་དུ་བསྙེན་པའི་ཆོ་ག སའི་ཆོ་ག སྟ་གོན་གྱི་ཆོ་ག དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པའི་ཆོ་ག སྒྲུབ་ཅིང་མཆོད་པའི་ཆོ་ག འཇུག་ཅིང་དབང་བསྐུར་བའི་ཆོ་ག དཀྱིལ་འཁོར་ཆེན་པོའི་མཇུག་གི་ཆོ་གའོ། །དང་པོ་ལ་བཞི་སྟེ། གང་ལས་གསུངས་པའི་ལུང་ཁུངས། གང་ལ་བྱ་བའི་སློབ་མ། ཇི་ལྟར་བྱ་བའི་ཆོ་ག དེ་ལྟར་བྱས་པའི་དགོས་པའོ། །དང་པོ་ནི། རྒྱུད་གསུམ་པོ་འདིར། སཾ་བུ་ཊའི་རྒྱུད་ཕྱི་མ་ལས། སློབ་མས་པུས་མོའི་ལྷ་ང་ནི། །ས་ལ་དད་པས་བཙུགས་ནས་ནི། །ཐལ་མོ་སྦྱར་ནས་འདི་སྐད་དུ། །སྟོན་པ་ལ་ནི་ཞུ་བར་བྱ། །ཞེས་པ་ཙམ་ལས་མ་གསུངས་ཀྱང་། གསང་བ་སྤྱི་རྒྱུད་ལས། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས། །དེ་ནས་སློབ་མ་ཡོངས་སུ་གཟུང་། །བུ་མོ་གཞོན་ནུས་བཀལ་བའི་སྐུད། །བླངས་ནས་བཞི་བཅུ་རྩ་དགུར་བཟླས། །སློབ་མ་རྣམས་ནི་མངོན་བསམས་ནས། །མཉམ་པར་བཞག་སྟེ་མདུད་པ་བོར། །ཞེས་པ་འདི་ས་ཆོག་དང་། སྟ་གོན་གྱི་བར་དུ་གསུངས་སོ། །ཌོཾ་བིའི་དཀྱིལ་ཆོག་གཉིས་དང་། ནས་གླིང་མ་གསུམ་ལས། སློབ་མས་གསོལ་བ་བཏབ་ནས། བླ་མས་བསྙེན་པའི་ཡོ་བྱད་བླང་བ་ཙམ་ལས། སློབ་མ་རྗེས་འཛིན་དངོས་སུ་གསུངས་པ་མི་སྣང་ཡང་། ཌོཾ་བི་ལུགས་ཀྱི་དབང་ཆུ་ལས་གཏོར་མ་འབུལ་བ་དང་། བསྲུང་བའི་གོ་རིམ་ཙམ་མ་གཏོགས་འདིའི་ཆོ་ག་མན་ངག་ལུགས་ཇི་ལྟ་བ་བཞིན་གསུངས་སོ། །ནག་པོ་དཀྱིལ་ཆོག་ལས། སློབ་མས་དཀྱིལ་འཁོར་བྲི་བའི་ཕྱིར། ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དེའི་སེམས་ལས་བྱུང་བའི་བགེགས་རང་གི་སྙིང་གའི་ས་བོན་གྱི་གཟི་བརྗིད་ཀྱི་བསྐྲད་ལ། རྩ་བའི་སྔགས་སམ། ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་བསྲུངས་ནས་ཞེས་གསུངས་ཤིང་། མན་ངག་ལུགས་ཀྱང་འདི་དང་ཆ་འདྲ་བར་སྣང་ངོ་། །གཉིས་པ་ནི་དབང་ཆུར། སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མས་ཞུ་བའི་ཕྱིར། ཁྱོད་ཞབས་པདྨོ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་བྱ་བའམ་ཡང་ན་འདི་སྐད་དུ། ཁྱོད་ལ་བདག་གིས་བླ་མར་གསོལ་བར་འདེབས་ཀྱིས། བདག་ལ་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བར་ཞུའོ། །ཞེས་དེ་སྐད་དུ་ལན་གཉིས་སམ་ལན་གསུམ་དུ་གསོལ་བ་འདེབས་ན། བླ་མས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སྐྱབས་གསུམ་སྔོན་དུ་སོང་བའི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་སྔར་བསྙེན་ཏམ། ད་བསྙེན་པར་སྤྲོའམ་ཞེས་འདྲི། སྔར་བསྙེན་ན་མི་དགོས། མ་བསྙེན་ན་སྐྱབས་འགྲོ་སེམས་བསྐྱེད་བྱ། དཔོན་སློབ་འབྲེལ་བརྟགས་ལ། སློབ་དཔོན་གྱིས་སློབ་མའི་བློའི་རིགས་བརྟགས་ཏེ་རྗེས་སུ་གཟུང་བར་བྱའོ། །དེ་ལ་གང་ཟག་གི་རིགས་བཞི་སྟེ། སྔར་གསང་སྔགས་ཀྱི་སྒོར་ཞུགས་པ་དང་། གསང་སྔགས་ལ་མ་ཞུགས་ཀྱང་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་དང་། ཐེག་པ་ཆེན་པོ་ལའང་མ་ཞུགས་ཀྱང་ཉན་ཐོས་ལ་སོགས་པའི་ལམ་ལ་ཅི་རིགས་པར་ཞུགས་པ་དང་། སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པའོ། །དེ་ལྟར་བཞིར་ཤེས་པར་བྱས་ལ། སློབ་དཔོན་གྱིས་དྲི་བར་བྱ་སྟེ། ཁྱོད་སྔར་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པ་ཡིན་ནམ། ཞུགས་པ་ཞིག་ཡིན། ཞུགས་པ་ཞིག་ཡིན་ན་གང་ལ་ཞུགས་པ་ཡིན་ཞེས་དྲི་བར་བྱའོ། །དེ་ལ་དང་པོ་གསང་སྔགས་ཀྱི་ལམ་ལ་སྔར་ཞུགས་ཟིན་པ་ཡིན་ནོ་ཞེས་སྨྲ་ན། དེས་གསང་སྔགས་ལ་ཇི་ལྟར་ཞུགས་པར་ཤེས་པར་བྱས་ལ་ཁས་བླངས། གལ་ཏེ་གསང་སྔགས་ཀྱི་ལམ་ལ་ནི་མ་ཞུགས་ཏེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱས་ཏེ། ཐེག་པ་ཆེན་པོ་ལ་ཞུགས་སོ་ཞེས་སྨྲ་ན་དེའང་འོས་སུ་གྱུར་པ་ཡིན་པས་སློབ་མར་ཁས་བླངས་ཏེ་སློབ་མར་རྗེས་སུ་བཟུང་བར་བྱའོ། །གལ་ཏེ་ཐེག་པ་ཆེན་པོ་ལའང་མ་ཞུགས་ཏེ། སོ་སོར་ཐར་པ་ལ་བསླབས་སོ་ཞེས་སྨྲ་ན། དེ་མ་ཐག་ཏུ་དབང་བསྐུར་བར་ཁས་མི་བླངས་ཏེ། སྙིང་རྗེ་ཆེན་པོ་སྔོན་ཏུ་འགྲོ་བས། བྱང་ཆུབ་ཏུ་སེམས་བསྐྱེད་ལ་དེའི་འོག་ཏུ་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་བྱའོ། །གལ་ཏེ་སྔར་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་སོ་ཞེས་སྨྲ་ན། དེ་ལ་ཁྱོད་ཅི་དོན་དུ་གཉེར་ནས་དབང་བསྐུར་བ་འདོད་ཅེས་དྲི་བར་བྱའོ། །དེ་ལའང་རིགས་གསུམ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་དོ་ཞེས་ཟེར་ན། དེ་ནི་སྐྱེ་བ་མང་པོ་ནས་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་པས་སློབ་མ་རྗེས་སུ་གཟུང་བའི་ཆོ་ག་བྱའོ། །གལ་ཏེ་བདག་ཉིད་གཅིག་པུ་འཁོར་བ་ལས་ཐར་ཏེ། ཞི་བ་དོན་དུ་གཉེར་བར་འདོད་དོ་ཞེས་སྨྲ་ན། དེ་ལའང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ལ་དཔོན་སློབ་ཕན་ཚུན་འབྲེལ་པ་བརྟགས་ལ་རྗེས་སུ་མཐུན་ན་གདོད་སློབ་མ་རྗེས་སུ་བཟུང་བའི་ཆོ་ག་བྱའོ། །གལ་ཏེ་ཚེ་འདིར་ཚེ་རིང་བ་དང་ནད་མེད་པ་ལ་སོགས་པའམ། སྐྱེ་བ་ཕ་རོལ་ཏུ་ལྷ་དང་མི་ལ་སོགས་པ་དོན་དུ་གཉེར་བར་འཚལ་ལོ་ཞེས་ཟེར་ན། དེ་ལ་དེ་མ་ཐག་ཏུ་རྗེས་སུ་བཟུང་བར་མི་བྱ་སྟེ། དཔལ་ཀྱཻ་རྡོ་རྗེའི་རྒྱུད་ལས་གསུངས་པ་ལྟར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབས་པའི་གནས་བཅུ་ཉིད། །ཅེས་བྱ་བ་ལ་སོགས་པ་དང་། རྣམ་སྣང་སྒྱུ་དྲྭ་དང་། དཔལ་མཆོག་བཞིན་འབྲེལ་པ་བརྟགས་པ་ལ་སོགས་པས་བློ་ལེགས་པར་སྦྱངས་ལ། བྱང་ཆུབ་ཀྱི་སེམས་སྐྱེས་པ་དང་། དེ་ནས་གདོད་རྗེས་སུ་བཟུང་བར་བྱའོ། །དེ་ལྟར་འབྲེལ་བརྟགས་ནས་མཚན་ཉིད་དང་ལྡན་པའི་སློབ་མ་གཅིག་ནས་ཉི་ཤུ་རྩ་ལྔའི་བར་གྲངས་ཁ་ཡར་བ་གཟུང་བར་བྱའི། ཁ་འཆམ་པ་དང་། དེ་བས་ལྷག་པ་དཀྱིལ་འཁོར་གཅིག་ཏུ་མི་བཟུང་སྟེ། དེ་སྐད་དུའང་གསང་བ་སྤྱི་རྒྱུད་ལས། མཁས་པས་སློབ་མ་གཅིག་གམ་གསུམ། །ལྔའམ་ཡང་ན་བདུན་དག་གམ། །ཉི་ཤུ་རྩ་ནི་ལྔ་ཡི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བར་མི་ཤིས་སོ། །ཞེས་གསུངས་པའོ། །དེའང་གཟའ་དང་། རྒྱུ་སྐར་བཟང་བ་དང་། ཡར་ངོ་ལ་བྱ་སྟེ། དེ་སྐད་དུའང་། དབང་བསྐུར་དང་ནི་རབ་གནས་ཉིད། །ཡར་གྱི་ངོ་ལ་བསྟན་པར་བྱ། །ཞེས་གསུངས་ལ། ཡང་། གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །ཅེས་ཀྱང་གསུངས་པས་སོ། །ཞེས་གསུངས་ཏེ། གང་ཟག་གི་རིགས་བཞིར་དབྱེ་བ་འདི་ནི་ཌོཾ་བི་ལུགས་ཀྱི་དབང་ཆུ་ལས་ཀྱང་འདི་ཁོ་ན་བཞིན་འབྱུང་བས། སྲོལ་གཉིས་ཆར་ལའང་། སྐལ་དམན་རིམ་འཇུག་པ་དང་། སྐལ་ལྡན་ཅིག་ཅར་བའི་དཀྲི་ཚུལ་གཉིས་ཀ་ཡོད་པར་ཤེས་པར་བྱའོ། །འདིར་གལ་ཏེ་ཐེག་པ་ཆེན་པོ་ལའང་མ་ཞུགས་ཏེ། སོ་སོར་ཐར་པ་ལ་བསླབས་སོ་ཞེས་སྨྲ་ན། དེ་མ་ཐག་ཏུ་དབང་བསྐུར་བ་ཁས་མི་བླང་སྟེ། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཞེས་གསུངས་པ་དང་། སྔར་རྒྱུད་རྒྱས་པའི་ལུང་། རིགས་ཅན་གསུམ་གྱི་བསླབ་པ་ཡང་། །ཞེས་གསུངས་པ་དང་འགལ་ལོ་སྙམ་ན་མི་འགལ་ཏེ། རིགས་ཅན་འོག་མ་གཉིས་ཀྱི་བསླབ་པ་ལ་གནས་པ་དེ་བསླབ་པ་ཐེག་པ་ཆེན་པོའི་བསླབ་པར་གནས་མ་གྱུར་ཡང་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དུ། སྔགས་ལམ་ལ་འཇུག་པར་འདོད་པའི་དབང་དུ་བྱས་ནས། རིགས་ཅན་གསུམ་གྱི་བསླབ་པ་ཡང་ཞེས་གསུངས་ལ། འདིར་ནི་རིགས་ཅན་འོག་མ་གཉིས་ཀྱི་བསླབ་པ་ལ་གནས་ནས་བསམ་པ་དེ་ཙམ་ཡང་མ་སྐྱེས་པའི་དབང་དུ་བྱས་པའི་ཕྱིར་རོ། །ལུགས་སྔ་མ་ལ་བསླབ་པ་གནས་མ་གྱུར་པ་དང་། ལུགས་ཕྱི་མ་ལ་བསམ་པ་དེ་ཙམ་ཡང་མ་སྐྱེས་པ་མི་འཐད་དོ་སྙམ་ན། དེའང་མ་ཡིན་ཏེ། ཉན་ཐོས་དགྲ་བཅོམ་པ་ཐེག་ཆེན་ལམ་དུ་འཇུག་ཁ་མའི་ཚེ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པའི་ཕྱིར་དུ། ཐེག་ཆེན་གྱི་ལམ་དུ་འཇུག་འདོད་ཡོད་ཀྱང་། བསླབ་པ་གནས་མ་གྱུར་པ་དང་། དེ་ལས་གཞན་པའི་དགྲ་བཅོམ་རྣམས་ལ་བསམ་པ་དེ་ཙམ་ཡང་མ་སྐྱེས་པ་འཐད་པའི་ཕྱིར་རོ། །གསུམ་པ་ནི། གནས་དབེན་པར་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། གཏོར་མ་བཤམས། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་རྣམས་ཀྱང་བཤམས་ལ། སློབ་མས་མཎྜལ་ཕུལ་ལ། ཐལ་མོ་སྦྱར་ཏེ། ཙོག་པུར་སྡོད་དུ་གཞུག་ནས། ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །ཐབས་དང་ཤེས་རབ་བདག་ཉིད་ཅན། །སྟོན་པའི་བསྟན་ལ་ལེགས་གནས་པ། །ཀྱེ་རྡོར་ཆོ་ག་བཤད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་གོ །དེ་ནས་སློབ་དཔོན་རང་དཔལ་ཀྱེ་རྡོ་རྗེའི་རྣལ་འབྱོར་གསལ་བར་དམིགས་ཏེ། སློབ་མ་རྣམས་ཞལ་ནས་བཅུག་ལ་སྙིང་གར་བཞག་སྟེ། རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སློབ་མའི་ལུས་ལ་ཞུགས་ཏེ། དེའི་ཐོག་མ་མེད་པ་ནས་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། བགེགས་ཐམས་ཅད་བསྲེགས་པར་བསམས་ཞིང་རྩ་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་གསང་གནས་ནས་ཕྱུང་སྟེ་གཞག་ལ། དེ་ནས་གཏོར་མའི་ཆོ་གས་ལྷ་དང་འབྱུང་པོ་ཐམས་ཅད་ལ་གཏོར་མ་བྱིན་ཏེ། ཁོ་བོས་ནི་ལྷ་མཉེས་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་བྱའོ། །ཁྱོད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པའི་ཡོ་བྱད་དང་། དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་པའི་ཡོ་བྱད་འདི་དང་འདི་དག་དགོས་པས་འཚོག་ཆས་གྱིས་ཤིག ལུས་དང་སྲོག་གི་བར་ཆད་དུ་འགྱུར་བ་ཡ་ང་བའི་གནས་འདི་དག་ཏུ་མ་འགྲོ་ཞིག དགེ་བའི་རྩ་བ་ལ་བརྩོན་པར་གྱིས་ཤིག་ཅེས་བསྒོ་ལ་བཏང་ངོ་། །དབང་ཆུའི་དཔེ་ལ་ལར། སློབ་མ་རྣམས་ཞལ་ནས་བཅུག་ལ། སྙིང་གར་བཞག་སྟེ་ཞེས་པ་དང་། དེ་ནས་གསང་གནས་ནས་ཕྱུང་སྟེ་བཞག་ལ། ཞེས་པའི་ཚིག་གཉིས་མེད་པ་འབྱུང་བ་ནི་མ་དག་པ་སྟེ། ནག་པོ་དཀྱིལ་ཆོག་གི་འཁྲུལ་གཞི་བྱས་ཏེ། ཚིག་དེ་གཉིས་བཅད་པར་སྣང་ཡང་། ལུགས་འདིའི་ཐུན་མོང་མ་ཡིན་པ་དཔེ་དག་པ་རྣམས་ལ་འདི་ལྟར་འབྱུང་བའི་ཕྱིར་རོ། །ཡང་དཔེ་ལ་ལར། སྔར་གྱི་སློབ་མ་བརྟགས་པ་ལ་སློབ་མ་རྗེས་འཛིན་དུ་བྱས་ནས་མཆོད་གཏོར་བཤམས་པ་ནས་འདིའི་བར་བསྙེན་པའི་ས་ཁོངས་སུ་བསྡུ་བ་ནི་ཌོཾ་བིའི་དཀྱིལ་ཆོག་གཉིས་དང་། བདེ་མཆོག་ནག་པོའི་དཀྱིལ་ཆོག་དང་། མཚོ་སྐྱེས་ལུགས་ཀྱི་དབང་ཆུ་རྣམས་སུ། སློབ་མ་རྗེས་འཛིན་མི་འབྱུང་བར་གསོལ་བ་བཏབ་པའི་རྗེས་སུ་བསྙེན་པའི་ཡོ་བྱད་ཕུལ་བར་བཤད་པས་འཁྲུལ་གཞི་བྱས་པ་ཡིན་པས་དཔེ་མ་དག་པ་སྟེ། མངོན་རྟོགས་ལྗོན་ཤིང་ལས། སཾ་བུ་ཊའི་རྒྱུད་ཕྱི་མའི་གསོལ་བ་བཏབ་པའི་ཚིག་དེས། སློབ་མ་རྗེས་འཛིན་སྟོན་པར་བཤད་པའི་ཕྱིར་དང་། སྤྱི་རྒྱུད་དང་། ནག་པོ་དཀྱིལ་ཆོག་དང་། ཌོམྦི་ལུགས་ཀྱི་དབང་ཆུ་ལས། བསྲུང་པའི་ཆོ་ག་ལ་སློབ་མ་རྗེས་འཛིན་དུ་བཤད་པའི་ཕྱིར་རོ། །བཞི་པ་ནི། སློབ་མ་ལ་དབང་བསྐུར་གྱི་ཆོ་ག་མ་རྫོགས་ཀྱི་བར་དུ་བགེགས་མི་འབྱུང་བར་བྱ་བའི་ཆེད་ཡིན་ཏེ། སྤྱི་རྒྱུད་ལས། དེ་ནས་སློབ་མ་ཡོངས་བཟུང་ནས། །ལས་ལ་བགེགས་ནི་མེད་པར་འགྱུར། །ཞེས་དང་། ནག་པོ་དཀྱིལ་ཆོག་ལས། དེ་ནས་དེའི་སེམས་ལས་བྱུང་བའི་བགེགས། རང་གི་སྙིང་གའི་ས་བོན་གྱི་གཟི་བརྗིད་ཀྱིས་བསྐྲད་ལ་ཞེས་གསུངས་པས་སོ། །གཉིས་པ་སྔོན་དུ་བསྙེན་པའི་ཆོ་ག་ནི། དེ་ནས་སློབ་དཔོན་ལ་བསྙེན་པའི་ཡོ་བྱད་ཕུལ་བ་དང་། སློབ་དཔོན་གྱིས་གནས་དབེན་པར་འདུག་སྟེ། ཐུན་བཞིའི་རིམ་པས། གཏོར་མ་དང་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས། སྒྲུབ་ཐབས་ཀྱི་རིམ་པ་ལྟར་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒོམ་པ་དང་། བཟླས་པས་བསྙེན་པ་བྱའོ། །སྔགས་རིམ་མཁན་པོས་འདིའི་མཆོད་གཏོར། ཕྱོགས་སྐྱོང་ལ་གཏོང་བའི་སྔོན་འགྲོ་གཏོར་མར་འདོད་པ་ནི་འཁྲུལ་ཏེ། རྒྱུད་རྒྱས་པའི་ལུང་རྡོ་རྗེའི་སྙིང་འགྲེལ་དུ་དྲངས་པ་ལས། ཐོ་རངས་དུས་སུ་སྔགས་པ་ཡིས། །བཤང་གཅི་དག་ནི་དོར་བ་དང་། །གཙང་སྦྲ་ལ་སོགས་བྱས་རྗེས་སུ། །འཇམ་པའི་སྟན་ལ་བདེར་འདུག་ནས། །རྫས་བཅུའི་རང་བཞིན་རིལ་བུ་ནི། །བྱས་ནས་རང་གི་ཁ་རུ་གཞུག །བདུད་རྩི་ལྔ་བྱས་བ་བྱུང་གིས། །མདུན་དུ་མཎྜལ་བྱས་ན་ནི། །དྲི་དང་མེ་ཏོག་ལ་སོགས་པ། །གཽ་རཱི་སོགས་ལ་རིམ་བཞིན་དབུལ། །ཞེས་དང་། རིན་ཆེན་འབར་བར་ལས། དངོས་དང་དངོས་བྲལ་ཀུན་ངོ་བོ། །ཀྱེ་ཡི་རྡོ་རྗེ་འཁོར་བཅས་ལ། །མཆོད་གཏོར་ལྡན་པ་ཐུན་བཞིར་བསྒོམ། །ཐུན་མཚམས་བཟླས་པ་འབུམ་ཁྲི་འམ། །ཡང་ན་མཚན་བཟང་མཐོང་བས་ཏེ། །ཞེས་གསུངས་པས་སོ། །དེ་ལའང་བསྙེན་པའི་ལུགས་གཉིས་ཡོད་དེ། བུམ་པ་ལ་མ་བརྟེན་པ་དང་། བརྟེན་པའོ། །དང་པོ་ནི། སྒྲུབ་ཐབས་ནས་འབྱུང་བ་ལྟར་བསྒོམས་ཏེ། བཟླས་པའི་དུས་སུ་རང་གི་བསྒོམས་པའི་ལྷ་ཐམས་ཅད་དང་། གཞན་ཡང་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་དཔག་ཏུ་མེད་པར་བསམས་ལ། རྩ་སྔགས་ཀྱི་འོད་ཕོག་པས། དབང་དུ་བྱེད་པའི་བཟླས་པ་དམར་པོར་བྱེད་པའམ། ཡང་ན་བདག་དང་སློབ་མའི་བསོད་ནམས་རྒྱས་པའི་བཟླས་པ་སེར་པོར་བྱེད་པ་གང་རུང་བྱའོ། །གཉིས་པ་ནི། རྣམ་རྒྱལ་བུམ་པ་གཅིག་པུ་བུམ་པ་སྟ་གོན་གྱི་ཆོ་ག་ཇི་ལྟ་བ་བཞིན་དུ་ལེགས་པར་བཅས། བུམ་པའི་སྟེང་དུ་དུང་ཆོས་ཀྱི་ནང་དུ་དྲི་ཞིམ་པོ་ལ་སོགས་པ་ལེགས་པར་བཅས་ཏེ། བདག་གི་ལྷའི་རྣལ་འབྱོར་དབང་བསྐུར་གྱི་བར་དུ་རྫོགས་པ་དང་། བུམ་པ་ལ་བགེགས་བསལ་ལ་སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་ཏེ། པྃ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ཡངས་ཤིང་མགྲིན་པ་ཕྲ་བ་བསྐྱེད་ལ། དེ་ནས་བུམ་པའི་ནང་དུ་སྲུང་འཁོར་དུར་ཁྲོད་བརྒྱད་གཞལ་ཡས་ཁང་སྐད་ཅིག་མས་བསྐྱེད་ལ། དེར་གཙོ་བོ་མངོན་བྱང་ལྔས་འཁོར་རྣམས་འབྱིན་པའི་ཚུལ་དུ་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱ། དེ་ལ་མཆོད་པ་དང་བསྟོད་པ་བྱའོ། །དེ་ནས་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཚུར་འཁོར་བའི་སྔགས་ཕྲེང་དམར་པོའམ། སེར་པོ་ལས་འོད་འཕྲོས་བུམ་ནང་གི་ལྷ་ལ་ཕོག་པས་ཐམས་ཅད་དམར་པོར་སོང་བས་ལྷ་ཐམས་ཅད་དབང་དུ་གྱུར་པར་དམིགས་པའམ། ཡང་ན་སེར་པོར་འཕྲོས་ནས། ལྷ་ཐམས་ཅད་སེར་ལམ་སོང་བས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱས་པར་དམིགས་ལ། བུམ་པའི་ནང་གི་ལྷ་ཐམས་ཅད་ཀྱི་བ་སྤུའི་བུ་ག་ནས་བདུད་རྩིའི་རྒྱུན་འཛག་པར་དམིགས་ལ་བཟླས་སོ། །བསྙེན་པ་རབ་འབྲིང་དགུ་གང་རུང་རྫོགས་ནས། བུམ་པའི་ལྷ་ལ་མཆོད་པ་དང་། བསྟོད་པ་ལ་སོགས་པ་བྱས་ནས་དུང་ཆོས་ཀྱི་ཆུ་བླུགས་པས་བུམ་པའི་ལྷ་རྣམས་འོད་དུ་ཞུ་བར་བྱའོ། །འདིར་ལྷ་བཞུ་བ་ལན་གཅིག་བྱ་བ་ནི་འདིའི་ཁྱད་ཆོས་སོ། །བསྙེན་པའི་གྲངས་ལ་རྩ་རྒྱུད་ལས། འཁོར་ལོའི་བདག་པོའི་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱི་དེ་བཞིན་ཁྲི། །ཞེས་གྲངས་ཀྱི་བསྙེན་པ་འབའ་ཞིག་གསུངས་ལ། བཟང་པོ་ཡོངས་བཟུང་ལས། འཁོར་ལོ་ཅན་གི་སྔགས་འབུམ་བཟླས། །རང་གི་ལྷག་པའི་ལྷ་ཡི་འབུམ། །གཞན་རྣམས་ཀྱི་ནི་ཁྲི་ཉིད་དེ། །དངོས་གྲུབ་མཚན་མ་མཆོག་ཐོབ་ནས། །ཞེས་གྲངས་དང་མཚན་མའི་བསྙེན་པ་གཉིས་གསུངས་ཤིང་། རིན་ཆེན་འབར་བ་ལས་ཀྱང་། ལྷག་པའི་ལྷའི་ཞེས་པ་མ་གཏོགས་དེ་བཞིན་དུ་གསུངས་སོ། །ལྷག་པའི་ལྷའི་བཟླས་པ་ནི། མེ་ཏོག་གང་ཕོག་གི་ལྷའི་ཡིན་པར་གྲུབ་བོ། །ནས་གླིང་མ་ལས། གཙོ་བོའི་འཛབ་ནི་འབུམ་དུ་བཟླས་པར་བྱའོ། །ལྷ་མོ་རྣམས་ཀྱི་འཛབ་ནི་སྟོང་དུ་བཟླས་པར་བྱའོ། །ཁ་ཅིག་གི་བཞེད་པས་ལྷ་མོ་རྣམས་ཀྱི་འཛབ་མི་དགོས་ཏེ། དཔའ་བོའི་ཡན་ལག་ཏུ་འདུས་པས་སོ། །ཞེས་རང་ལུགས་གཞན་ལུགས་གཉིས་གསུངས་ཞིང་། ཕྱི་མ་ནི་ནག་པོ་དཀྱིལ་ཆོག་ལས། འཁོར་ལོ་ཅན་གྱི་རྩ་བའི་སྔགས་དང་། བདག་མེད་མའི་སྔགས་འབུམ་ཕྲག་རེ་རེ་བཟླས་པས་བསྙེན་པ་བྱའོ། །ཞེས་གསུངས་པ་དང་མཐུན་པར་སྣང་ངོ་། །འདི་དག་ཐམས་ཅད་ལའང་སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླས་བྱ་གཅིག །གཉིས་འགྱུར་སུམ་ལྡན་ལ་བཟླས་བྱ། །གསུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། །རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་རྩོད་དུས་སུ་བཞི་འགྱུར་བཟླ་དགོས་པར་གསུངས་པ་དེ་ཉིད་སྦྱར་དགོས་པར་རྗེ་བཙུན་གོང་མ་བཞེད་དོ། །སྐབས་འདིར་ནི། བསྙེན་པ་རབ་འབྲིང་གསུམ་སྟེ། གྲངས་ཀྱི་བསྙེན་པ་དང་། དུས་ཀྱི་བསྙེན་པ་དང་། མཚན་མའི་བསྙེན་པའོ། །དེ་རེ་རེ་ལའང་གསུམ་གསུམ་སྟེ། རྫོགས་ལྡན་ལ་རབ་གཙོ་བོ་ལ་འབུམ། འཁོར་ལ་ཁྲི་ཕྲག་རེ། འབྲིང་གཙོ་བོ་ལ་ཁྲི། འཁོར་ལ་སྟོང་ཕྲག་རེ། ཐ་མ་གཙོ་བོ་ལ་སྟོང་། འཁོར་ལ་བརྒྱ་ཕྲག་རེ་བཟླས། དེའང་རྩོད་དུས་སུ་བཞི་འགྱུར་དུ་བཟླ་དགོས་སོ། །དུས་ཀྱི་བསྙེན་པ་རབ་ཟླ་བ་དྲུག འབྲིང་ཟླ་བ་གསུམ། ཐ་མ་ཞག་བདུན་དུ་ཐུན་བཞིའི་ངེས་པས་བྱ་བར་གསུངས་ཤིང་། ལམ་འབྲས་ཀྱི་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་མན་ངག་གི་གནད་ལས། རབ་ལོ་དྲུག འབྲིང་ཟླ་བ་དྲུག ཐ་མ་ཞག་བདུན་དུའང་གསུངས་སོ། །མཚན་མའི་བསྙེན་པ་རབ་ལྷས་དངོས་སུ་གནང་བ་བྱིན་པའམ། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་པ། འབྲིང་རྨི་ཉམས་སུ་གནང་བ་བྱིན་པ། ཐ་མ་རང་གི་ཉམས་སམ། བླ་མས་གནང་བ་བྱིན་པའོ། །ཞེས་གསུངས་ཤིང་། ལམ་འབྲས་ཀྱི་ཡིག་ཆར་རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་པ་འབྲིང་དང་། རྨི་ཉམས་ཐ་མར་བཤད་དོ། །མཚན་མའི་བསྙེན་པ་རབ་འབྲིང་གསུམ་དང་། དུས་དང་གྲངས་ཀྱི་བསྙེན་པ་རབ་གཉིས་སྟེ། ལྔ་པོས་ནི་གཞི་བསྙེན་གྱི་གོ་ཆོད་ལ། གཞན་བཞི་པོས་ནི་བསྙེན་པ་ཁ་གསོ་ལས་གཞི་དུས་ཀྱི་བསྙེན་པའི་གོ་ནི་མི་ཆོད་དོ། །ཞེས་གསུངས་སོ། །དེ་ལྟར་བསྙེན་པའི་དགོས་པ་ནི། བཟང་པོ་ཡོངས་གཟུང་ལས། བསྙེན་པས་བགེགས་ཀྱི་ཚོགས་བཅོམ་སྟེ། །ཞེས་དང་། རིན་ཆེན་འབར་བ་ལས། ཚོགས་འཕེལ་བགེགས་ཞི་དོན་གྲུབ་པའོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གསུམ་པ་སའི་ཆོ་ག་ནི། སྤྱིར་རྣམ་པར་བཞག་པ་དྲུག་སྟེ། སའི་ཕྱོགས་ལ་སོགས་པ་བརྟགས་པ་དང་། བློས་ཡོངས་སུ་གཟུང་བ་དང་། ས་བསླང་བ་དང་། ས་སྦྱང་བ་དང་། སྟངས་སྟབས་ཀྱི་བཀོད་པ་ལ་སོགས་པས་ས་གཟུང་བ་དང་། བགེགས་མི་འཇུག་པར་བྱ་བའི་ཕྱིར་ས་བསྲུང་བའོ། །དེ་ལ་གཙུག་ལག་ཁང་ལ་སོགས་པ་སྔར་སའི་ཆོ་ག་ལེགས་པར་བྱས་པའམ། སློབ་དཔོན་གཞན་གྱི་དཀྱིལ་འཁོར་གྱི་ཁང་པ་རྙིང་པའམ། རང་གི་དཀྱིལ་འཁོར་གྱི་ཁང་པ་རྙིང་པ་རྣམས་སུ་སའི་ཆོ་ག་གང་ཡང་བྱ་མི་དགོས་གསུངས། ནུས་ན་སྟངས་སྟབས་ཀྱི་བཀོད་པ་དང་། ས་བསྲུང་བ་དང་གཉིས་ཙམ་བྱས་ཀྱང་ལེགས་སོ། །གཞན་ཡང་། དྲང་སྲོང་གནས་དང་བ་གླང་སླས། །ཕུག་དང་རི་ཡི་རྩེ་མོ་དང་། །ས་གཞི་གང་ན་འཐས་པ་དང་། །ཁང་ཐོག་དང་ནི་རྡོ་ལེབ་དང་། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང་། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དང་། །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུག་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་དམན་ལ་སོགས་སྐྱོན་རྣམས་ནི། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་གསང་བ་སྤྱི་རྒྱུད་ལས་འབྱུང་བས། བརྟག་པ་དང་སྦྱང་བ་གཉིས་མི་དགོས་ཀྱི་ཆོ་ག་གཞན་རྣམས་བྱའོ། །དེ་ལྟ་བུ་མ་ཡིན་པའི་ས་ཕྱོགས་རྣམས་སུ་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ། །དེ་ལས་བརྟག་པའི་ཆོ་ག་ལ་དྲུག་སྟེ། ཕྱོགས་ཀྱི་སྒོ་ནས་བརྟག་པ། ས་སས་བརྟག་པ། ས་མཚན་མས་བརྟག་པ། ཟུག་རྔུ་ཡོད་མེད་ཀྱིས་བརྟག་པ། ཉེ་འཁོར་གྱི་འབྱོར་པས་བརྟག་པ། ཁ་དོག་གི་སྒོ་ནས་བརྟག་པའོ། །དང་པོ་ནི། གྲོང་ཁྱེར་གྱི་བྱང་ཤར་གྱི་ཕྱོགས་ཤར་དང་བྱང་གཞོལ་ཞིང་དབུས་མཐོ་བ་བསྔགས་ཏེ། སྤྱི་རྒྱུད་ལས། ཤར་དང་བྱང་དུ་གཞོལ་བ་ཡི། །ས་གཞི་ལས་རྣམས་ཀུན་ལ་ཤིས། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། ཤར་དང་བྱང་དུ་གཞོལ་བའི་ས། །ཟུར་ནི་བཞི་སྟེ་དཀར་འདྲ་བ། །ཞེས་དང་། རིན་ཆེན་འབར་བ་ལས། ཤར་དང་བྱང་དམའ་བ་དཀར་སོགས་གྲུ་བཞི་སོགས། ཞེས་དང་། ནས་གླིང་མར། ཤར་དང་བྱང་དུ་གཞོལ་ན་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་ཏུ་འགྱུར་རོ། །དབུས་མཐོ་ན་ཕྱག་རྒྱ་ཆེན་པོའི་རིགས་འཛིན་གྱི་ས་ཐོབ་པར་འགྱུར་རོ། །བྱང་མཐོ་ན་མཁའ་འགྲོ་མ་རྣམས་ཀྱི་རྗེས་སུ་འབྲང་བར་འགྱུར་རོ། །ཤར་མཐོ་ན་རིགས་བཞི་དང་ལྔ་ལ་སོགས་པ་རྟོགས་པ་ཟད་པར་བྱེད་པར་འགྱུར་རོ། །ས་གཞི་དབུས་དམའ་ན་སྔགས་པ་འཇིགས་པ་དང་བཅས་པར་འགྱུར་རོ། །ཞེས་སོ། །གཉིས་པ་ནི། ས་དེར་པུས་མོ་ནུབ་ཙམ་བརྐོས་ལ་ས་དེས་བཀང་ལ་ལྷག་པར་འགྱུར་ན་བཟང་ཞིང་། གཞན་དུ་སྤངས་བར་བྱ་བ་ཡིན་ཏེ། སྤྱི་རྒྱུད་ལས། དང་པོ་པུས་ནུབ་ཙམ་བརྐོས་ལ། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། དངོས་གྲུབ་དག་ནི་ཡོད་པར་འགྱུར། །དེ་ལས་ལྡོག་པར་གྱུར་ན་ནི། །སྒྲུབ་པ་པོས་ནི་ལས་མི་བརྩམས། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། བརྐོས་ནས་དེས་བཀང་ལྷག་གྱུར་པའོ། །ཞེས་དང་། རིན་ཆེན་འབར་བ་ལས། བརྐོས་ནས་སླར་བཀང་ལྷག་གྱུར་པ། །ཞེས་སོ། །གསུམ་པ་ནི། ཁྲུ་ཕྱེད་བརྐོས་ཏེ་འཐས་པར་བཅགས་ཏེ། ཆུས་བཀང་ནས་གོམ་པ་བརྒྱར་སོང་སྟེ་མྱུར་བར་འོངས་པའི་ཚེ་སྔར་གི་དེ་བཞིན་དུ་འདུག་ན་བཟང་སྟེ། སྤྱི་རྒྱུད་ལས། ཁྲུ་ཕྱེད་བརྐོས་ནས་ཆུ་ཡིས་བཀང་། །གོམ་པ་བརྒྱ་རུ་འགྲོ་བར་བྱ། །མྱུར་དུ་འོངས་ནས་བལྟ་བྱ་སྟེ། །དེ་བཞིན་འདུག་ན་ལྷག་པར་བསྔགས། །ཞེས་སོ། །བཞི་པ་ནི། རུས་པ་དང་ཐལ་བ་ལ་སོགས་པའི་ཟུག་རྔུ་མེད་པ་ནི་བསྔགས་ཏེ། སྤྱི་རྒྱུད་ལས། མཐོ་དམན་ཅན་དང་ཚེར་མ་ཅན། །གྱོ་མོ་དུམ་བུ་ཅན་དག་དང་། །ངམ་གྲོགས་རུས་པ་སྡོང་དུམ་ཁུང་། །གྲོགས་མཁར་ཐལ་བ་ཚ་སྒོ་ཅན། །གསེགས་མ་རྡུལ་དང་རྡོ་དང་སྐྲ། །སྲིན་འབུ་གྲོགས་སྦུར་ལ་སོགས་མང་། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤངས། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། རུས་པ་ཐལ་བ་ཟུག་རྔུ་རྡོ། །བཤང་བས་མ་དག་གཞན་དུ་བགྲོད། །ཨུ་དུམྦཱ་ར་ནྱ་གྲོ་ཨ་ཤྭཏྠ། །པ་ལ་ཤ་དང་བ་ཀུ་ཨརྫུ་ན། །ལྡན་པས་རུས་སྦལ་རྒྱབ་དང་འདྲ་བ་ཡི། །ས་ནི་དྲུག་པོ་རྣམ་པར་སྤང་བར་བྱ། །ཞེས་སོ། །དྲུག་པོ་ནི་སྔར་གྱི་བཞི། ཤིང་དང་ལྔ། རུས་པ་དང་དྲུག་ལ་འཆད་པ་ཡོད་ཀྱང་རིན་ཆེན་འབར་བའི་དགོངས་པ། ཤིང་དྲུག་པོ་གང་རུང་དང་ལྡན་པའི་རུས་སྦལ་གྱི་རྒྱབ་འདྲ་བ་དྲུག་ལ་བཞེད་པར་སྣང་སྟེ། ཨུ་དུམྦཱ་ར་ནྱ་གྲོ་དང་། །ཨ་ཤྭཏྠ་དང་པ་ལ་ཤ །བ་ཀུ་ལ་དང་ཨརྫུ་ནར། །བཅས་པ་རུས་སྦལ་རྒྱབ་འདྲ་སྤང་། །ཞེས་གསུངས་པས་སོ། །ལྔ་པ་ནི། ཉེ་འཁོར་དུ་ཆུ་དང་མེ་ཏོག་དང་འབྲས་བུ་ལོ་མར་ལྡན་པའི་ལྗོན་ཤིང་མོད་པ་དང་། ཆུ་བོ་གཡས་བསྐོར་དུ་འབབ་པ་བསྔགས་ཏེ། སྤྱི་རྒྱུད་ལས། དཀྱིལ་འཁོར་ས་ནི་གང་གང་གི །ཉེ་འཁོར་དག་ན་ཆུ་མོད་པ། །དེ་ནི་ཤིས་ཤིང་དངོས་གྲུབ་ཐོབ། །ཆུ་དཀོན་པ་ནི་མཁས་པས་སྨད། །ཁོ་ར་ཁོར་ཡུག་སྣ་ཚོགས་ཤིང་། །མེ་ཏོག་འབྲས་བུ་ལོ་མར་ལྡན། །འོ་མ་ཅན་གྱི་ཤིང་ཡོད་པར། །དཀྱིལ་འཁོར་དག་ལ་རབ་ཏུ་ཤིས། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། ཆུ་ནི་གཡས་སུ་འཁོར་བ་དང་། །ཞེས་དང་། རིན་ཆེན་འབར་བ་ལས་ཀྱང་དེ་ལྟར་གསུངས་སོ། །དྲུག་པ་ནི། སྤྱི་རྒྱུད་ལས། ཞི་བའི་ལས་ལ་ས་གཞི་ནི། །དཀར་པོ་དག་ལ་བརྟག་པར་བྱ། །རྒྱས་པའི་ཆེད་དུ་དམར་ལ་སེར། །དྲག་ཤུལ་སྤྱོད་ལ་ནག་པོ་ཤིས། །ཞེས་གསུངས་ལ། གཞུང་གཞན་རྣམས་ལས་ནི། ས་དཀར་ཞིང་སྣུམ་པ་ཞེས་པ་ཙམ་ལས་གཞན་གསལ་ཁ་མི་སྣང་ངོ་། །གཉིས་པ་བློས་ཡོངས་སུ་གཟུང་བ་ནི། སྤྱི་རྒྱུད་ལས། མདོར་ན་ས་གཞི་མཉམ་པ་དང་། །མདངས་སྣུམ་ཤར་དུ་གཞོལ་བར་བཞེད། །ཆུ་མང་ལྡན་པའི་གནས་དང་ནི། །ལྗོན་ཤིང་བཟང་པོས་བརྒྱན་པ་དང་། །བདག་གི་མིག་ཡིད་མགུ་བ་དང་། །འཚེ་མེད་ཟུག་རྔུ་སྤངས་པ་ནི། །དཀྱིལ་འཁོར་གནས་སུ་ཤིས་པ་སྟེ། །མི་ཡི་དངོས་གྲུབ་ཀུན་ཐོབ་བྱེད། །ཅེས་གསུངས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་ས་ཕྱོགས་མཐོང་ནས། ས་ཕྱོགས་འདིར་དཀྱིལ་འཁོར་བཞེངས་པར་བྱའོ་སྙམ་དུ་བློས་ཡོངས་སུ་གཟུང་བའོ། །གསུམ་པ་ས་བསླང་བ་ལ་གཉིས་ཏེ། སྣང་བ་ལས་སློང་བ་དང་། མི་སྣང་བ་ལས་སློང་བའོ། །དང་པོ་ནི། སའི་ཕྱོགས་དེར་རྒྱལ་པོའམ། བློན་པོ་ལ་སོགས་པས་དབང་དུ་བྱས་པ་ཡིན་ན་དེ་ལས་སློང་སྟེ། སའི་བདག་པོ་ཁྱོད་གསོན་ཅིག བདག་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་ལ། སློབ་མ་ཆེ་གེ་མོ་ཞེས་བྱ་བས་གསོལ་བ་བཏབ་ནས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་ཧེ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཞེངས་པས། ཁྱེད་ཀྱིས་གནང་བའི་སྐབས་བྱིན་ཅིག་ཅེས་བྱས་ལ་སློང་ངོ་། །ཡང་ཚིག་གཞན་གྱིས་ཀྱང་རུང་སྟེ། གནས་སྐབས་རང་དབང་བར་ཡོད་པར་བྱའོ། །གཉིས་པ་མི་སྣང་བའི་སའི་བདག་པོ་ལ་བསླང་བ་ནི། ས་ཕྱོགས་དེར་མཎྜལ་བྱས་ཏེ། དེའི་དབུས་སུ་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བྱ། དེའི་མཐར་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་འོག་ནས་འཆད་པ་ལྟར་བཤམས། ཤར་ཕྱོགས་སུ་བཟེད་ཞལ་གྱི་སྣོད་དང་། གཏོར་མ་གཉིས་ཀྱང་བཤམ་མོ། །དེ་ནས་རང་དཔའ་བོ་གཅིག་པའི་རྣལ་འབྱོར་རྫོགས་པར་བསྒོམ་ཞེས་གསུངས་པའི་དོན། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ། ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་སྔོན་དུ་སོང་ནས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མ་དང་། བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ། ཧཱུྃ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ། དེའི་གཡོན་དུ་ཨཾ་ལས་གྲི་གུག་སྔོ་ནག་གི་ཡུ་བ་ལ་ཨཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། ཀྱེ་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་བར་ཡབ་ཡུམ་གཉིས་གསལ་གདབ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས་ཏེ། ལྷ་མོ་བཞིས་དགུག་གཞུག་བྱ། ཡང་དབང་ལྷ་སྤྱན་དྲངས། དབང་བསྐུར་ནས་ཡབ་ཡུམ་གཉིས་ཀ་ལ་མི་བསྐྱོད་པས་རྒྱས་གདབ་སྟེ། རྩ་སྔགས་ཉི་ཤུ་རྩ་གཅིག་ཙམ་བཟླ་བ་ཕྱག་ལེན་ལ་མཛད་པ་ནི་ཤིན་ཏུ་ལེགས་ཏེ། རྒྱུད་གསུམ་ནས་གསུངས་པའི་དཔའ་བོ་གཅིག་པའི་རྣལ་འབྱོར་རྣམས་བསྐྱེད་ཆོག་འདི་ལྟ་བུ་དང་། ས་བོན་ལས་བསྐྱེད་པ་འདམ་ཁ་ཅན་དུ་གསུངས་པའི་ཕྱིར་རོ། །དེ་ནས་མདུན་གྱི་མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ཏེ། མཎྜལ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་བཾ་ལས་སའི་ལྷ་མོ་མདོག་སེར་མོ་ཞི་བའི་ཆ་ལུགས་དང་རྒྱན་གྱིས་བཀླུབས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་སྙིང་གར་བཟུང་བ་གཅིག་བསྐྱེད་དེ། སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པར་བྱ། དེ་ནས་རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་དེ་འདྲ་བ་ཞིག་སྤྱན་དྲངས་ཏེ། གཽ་རཱི་ལ་སོགས་པའི་ལྷ་མོ་བཞིས་དགུག་གཞུག་བཅིང་དབང་དུ་བྱ། དེ་ནས་དབང་བསྐུར་གྱི་ལྷ་སྤྱན་དྲངས་ལ་དབང་བསྐུར་བར་གསོལ་བ་བཏབ་པ་དང་། དབང་བསྐུར་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པར་བསམ། དེ་ལྟར་ཡན་ལག་བཞི་རྫོགས་པ་དང་། བཟེད་ཞལ་གཅིག་མདུན་དུ་བཞག་ལ། ཞབས་བསིལ་བླངས་ཏེ། ཨོཾ་པྲྀ་ཐཱི་ཝཱི་དེ་ཝཱི་ནི་རི་ཧཱུྃ་ཁཾ་ཞེས་བརྗོད་དེ་བཟེད་ཞལ་དུ་བླུགས་ཏེ། ལྷ་མོའི་ཞབས་བཀྲུས་པར་བསམ། དེ་བཞིན་དུ་ཞལ་བསིལ་བླངས་ཏེ། ཨོཾ་པྲྀ་ཐཱི་ཝཱི་དེ་ཝཱི་ནེ་ཝཱི་དྱེ་ཧཱུྃ། ཞེས་བྱ་བས་བཟེད་ཞལ་དུ་བླུགས་ཏེ་ཞལ་བསིལ་གྱིས་ལྷ་མོའི་ཞལ་བསིལ་བར་བསམ། ཡང་འཐོར་འཐུང་བླངས་ཏེ། ཨོཾ་པྲྀ་ཐཱི་ཝཱི་དེ་ཝཱི་སརྦ་སཾ་ཤོ་དྷ་ནི་ཧཱུྃ། ཞེས་བླུགས་ཏེ་ཕྱག་བསིལ་ནས་ལྷ་མོའི་ལུས་ལ་གཏོར་བར་བསམ། མཆོད་ཡོན་བླངས་ཏེ། ཨོཾ་པྲྀ་ཐཱི་ཝཱི་དེ་ཝཱི་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཞེས་བརྗོད་དེ་བཟེད་ཞལ་དུ་བླུགས་ཏེ་ལྷ་མོའི་ཕྱག་ཏུ་ཕུལ་བར་བསམ། དེ་བཞིན་དུ་མེ་ཏོག་ལ་སོགས་པ་རྣམས་ལའང་ཨོཾ་པྲྀ་ཐཱི་ཝཱི་དེ་ཝཱི་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་པས་མེ་ཏོག་དབུལ། དེ་བཞིན་དུ་བདུག་སྤོས་ལ་སོགས་པ་སོ་སོའི་སྔགས་ཀྱིས་རོལ་མོའི་བར་དུ་དབུལ་ལོ། །སྐབས་འདིར་ནང་མཆོད་འབུལ་བ་རྗེ་བཙུན་རྩེ་མོས་དབང་ཆུ་གསུམ་དང་། རྗེ་བཙུན་གྱིས་བདེ་མཆོག་ནག་པོ་དཀྱིལ་ཆོག་རྣམས་སུ་མ་གསུངས་པ་ནི་མཆོད་གཏོར་བསྡུས་པའི་སྐབས་ལ་དགོངས་པས་འདི་ཙམ་གྱིས་ཆོག་ལ། ཕྱག་ལེན་འགའ་ཞིག་ལ་ནང་མཆོད་འབུལ་བ་མཛད་པ་ནི། ཡུལ་གྱི་ངོས་ནས་མི་ཐོབ་པ་མ་ཡིན་པས་ལྷག་སྐྱོན་ཡང་མེད་པ་འདྲའོ། །དེ་ནས་གཏོར་མ་ལ་ཆང་དང་ཆུ་ལ་སོགས་པ་བླུགས་ཏེ། མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་པའམ། ཇི་སྐད་བཤད་པའི་དབང་ཆུ་རྣམས་ལས་ནི་འདི་ཙམ་ཞིག་གསུངས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་ཁ་དོག་དང་དྲི་དང་རོ་དང་ནུས་པའི་མཐུ་ཕུན་སུམ་ཚོགས་པ་དྭང་ཤིང་ཐོག་པ་མེད་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བདུད་རྩིའི་རང་བཞིན་དུ་བསམས་ལ། ལག་པ་གཡས་པ་མཆོག་སྦྱིན་དུ་བྱས་ཏེ་ཨོཾ་པྲྀ་ཐཱི་ཝཱི་དེ་ཝཱི་ཨ་ཀ་རོ་མུ་ཁ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏྤན་ན་ཏྭཏཿཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་གྱིས་ལྷ་མོའི་ལྗགས་ལས་འོད་ཟེར་བྱུང་སྟེ་གསོལ་བར་བསམས་ལ་སེ་གོལ་ལན་གསུམ་བྱ། དེ་ནས་རྡོ་རྗེ་དྲིལ་བུ་གསིལ་ཞིང་། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱེ་ཡི་རྡོ་རྗེ་ཁྲོས་མཆོད་པས། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་ལན་གསུམ་བརྗོད་ལ། བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་ལ་སློབ་མ་ཆེ་གེ་མོ་ཞེས་བྱ་བས་བསྐུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀྱིལ་འཁོར་ཆེན་པོ་འབྲི་ན་དེ་ལ་བདག་གིས་སྔོན་དུ་བསྙེན་པ་རྫོགས་ཀྱིས་དེ་ལ་བར་དུ་གཅོད་པ་ཐམས་ཅད་ལ་བསྙེན་པ་རྫོགས་པའི་དཔང་པོ་ལྷ་མོ་ཁྱོད་ཀྱིས་གྱིས་ལ། སའི་ཕྱོགས་འདིར་དཀྱིལ་འཁོར་འབྲི་བར་གནང་བ་བྱིན་ཅིག་ཅེས་བླངས་ལ། སའི་ལྷ་མོ་ནི་ཡིད་ཀྱིས་ནམ་མཁའ་ལ་བཏེགས་ཏེ། དཔང་པོར་བྱོན་པར་བསམ། དེ་ནས་གཏོར་མ་ཅིག་ཤོས་སྔར་ལྟར་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་བ་རྣམས་བཀུག་པར་བསམ་སྟེ། ལུས་ཀྱིས་ལྕགས་ཀྱུའི་ཕྱག་རྒྱ་དང་། འདོད་རྒྱལ་གྱི་ཕྱག་རྒྱ་གང་རུང་བཅའ། ངག་ཏུ་ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀརྵ་ཡ་ཛཿཞེས་པས་སྤྱན་དྲངས། དེ་ནས་ལག་པ་གཡས་པ་མཆོག་སྦྱིན་དུ་བྱས་ལ། ཨོཾ་ཤ་ད་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་ཞེས་སོགས་ལན་གསུམ་གྱིས་ཕུལ། དེ་ནས་གཏོར་མ་ལྷག་མ་ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་ལན་གསུམ་བརྗོད་པས་བགེགས་ལ་སྦྱིན། སྔར་གྱི་གསོལ་གདབ་ཀྱི་ཚིག་ལ་སའི་ལྷ་མོ་ཁྱོད་ཀྱིས་ཞེས་པའི་ཚབ་ཏུ། ཕྱོགས་སྐྱོང་བ་ཁྱེད་རྣམས་ཀྱིས་ཞེས་པ་སྦྱར་ཏེ་ས་སློང་། བགེགས་གདུག་པ་ཅན་སྔགས་དང་ཕྱག་རྒྱ་བལྟ་བར་མི་དབང་བ་རྣམས་ལ་གཡས་པས་བསྡིགས་མཛུབ་དང་བཅས་ཏེ། རྡོ་རྗེ་ནུ་མའི་ཐད་དུ་གཟུང་། གཡོན་པས་དྲིལ་བུ་བཅད་གཏུབས་སུ་དཀྲོལ་ཏེ། ས་ཕྱོགས་འདིར་ནི་སློབ་དཔོན་བདག །དཀྱིལ་འཁོར་རྒྱལ་པོ་ཀྱེ་རྡོ་རྗེ། །བཞེངས་ཀྱི་འདི་ན་གནས་པའི་བགེགས། །འདི་ནས་གཞན་དུ་འགྲོ་བར་གྱིས། །ཞེས་པ་ལན་གསུམ་གྱིས་བཀའ་བསྒོ་ཞིང་། ཁྲོ་བོའི་སྔགས་དང་། གུ་གུལ་གྱི་དུད་པ་དང་། ཡུངས་དཀར་གྱི་ཐུན་དང་། རོལ་མོའི་སྒྲ་དྲག་པོ་དང་བཅས་ཏེ་བསྐྲད་པར་བྱའོ། །བཞི་པ་ས་སྦྱང་བ་ལ་གཉིས་ཏེ། ལས་དང་བྱ་བས་སྐྱོན་སྦྱང་བ་དང་། ཏིང་ངེ་འཛིན་གྱིས་བགེགས་སྦྱང་བའོ། །དང་པོ་ལ་ཐོག་མར་ལྟོ་འཕྱེ་བརྟག་པ་ནི། བཟང་པོ་ཡོངས་གཟུང་ལས། དགུན་ཟླ་ར་བ་ལ་སོགས་ནས། །བརྩམས་ཏེ་ཟླ་བ་གསུམ་གསུམ་དུ། །ལྟོ་འཕྱེ་ལྷོ་དང་ནུབ་དང་བྱང་། །ཤར་དུ་དེ་ཡི་མགོ་བོ་སྟེ། །གཡོན་པའི་ཟུར་གྱིས་ཉལ་བ་ཡིན། །ཕྱི་ཡི་ལྟོ་བ་ཤེས་ནས་བརྐོ། །མགོ་དང་རྒྱབ་སོགས་ནས་བརྐོས་པའི། །སྐྱོན་ནི་རྒྱས་པ་ལས་ཤེས་བྱ། །ཞེས་པ་ཙམ་ལས་མ་གསུངས་ཀྱང་། ལེགས་གྲུབ་ཀྱི་རྒྱུད་ཆེན་པོའི་ལུང་། རཏྣ་རཀྵི་ཏ་དང་། ཞང་གྲུབ་པ་དཔལ་གྱིས་བསྒྱུར་བ་ལས། ལྷ་ཁང་མཆོད་རྟེན་ཁང་བཟང་ཁང་བརྩེགས་དང་། །རབ་གནས་དཀྱིལ་འཁོར་ལ་སོགས་བྱེད་འདོད་པས། །འདིར་ནི་ས་ཡི་ལྟོ་འཕྱེ་བརྟག་བྱ་སྟེ། །ས་གཞི་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། །དབང་ལྡན་ནས་ནི་མེ་ཡི་མཚམས་ཀྱི་བར། །ཤར་གྱི་ས་དེ་དགུ་བཅུར་རྣམ་པར་དབྱེ། །མེ་ནས་བདེན་བྲལ་མཚམས་ཀྱི་བར་དང་ནི། །བདེན་བྲལ་ནས་ནི་རླུང་གི་མཚམས་བར་དང་། །རླུང་ནས་འབྱུང་པོའི་བདག་པོའི་མཚམས་ཀྱི་བར། །དེ་བཞིན་ཁོ་ནར་དགུ་བཅུར་རྣམ་དབྱེར་བྱ། །སྟོན་ཟླ་ར་བ་འབྲིང་དང་ཐ་མའི་བར། །དབང་ལྡན་མཚམས་ལ་སོགས་པ་མགོ་བོ་ནས། །བདེན་བྲལ་མཚམས་སོགས་མཇུག་མའི་ཆ་རུ་གནས། །གསང་བའི་གནས་ནི་ས་ཡིས་དབུས་སུ་བཞག །ལྟེ་བ་མན་ཆད་ལྟོ་འཕྱེའི་ལུས་སུ་གནས། །སྟོད་ན་གདེངས་ཀ་དང་ལྡན་མི་ཡི་ལུས། །ལྷོར་བལྟས་ལག་པ་གཡོན་པ་རྣ་བར་བཞག །གཡས་པ་རིན་ཆེན་དང་བཅས་དཀུ་རུ་བཞག །ས་ཡི་ཆ་དགུ་ཁྱབ་པར་ཉལ་ནས་གནས། །ཀླུ་རྒྱལ་དེ་ཡི་ལུས་ཚད་མཐོ་བཅུའོ། །ཤར་དང་ནུབ་ལ་སོགས་པར་གནས་པ་ཡང་། །ས་ཡི་དུམ་བུ་དེ་ནི་གཞལ་བ་ལྟར། །ཉི་མའི་བགྲོད་པའི་ཆོས་གཅིག་ལ་སོགས་པར། །ཉིན་ཞག་རེ་རེ་ཞིང་ཡང་ཆ་རེ་རེར། །ཇི་ལྟར་རིགས་པས་ཤར་གྱི་ཆ་རུ་རྒྱུ། །ལྷོ་དང་ནུབ་དང་བྱང་དུའང་དེ་བཞིན་ནོ། །དགུན་ཟླ་ར་བ་འབྲིང་དང་ཐ་མ་ཡི། །དཀར་ཕྱོགས་ལ་སོགས་ནུབ་ཏུ་ཁ་མིག་བལྟ། །མེ་ཡི་མཚམས་སུ་ཡན་ལག་མཆོག་བསྟན་ཅིང་། །མཇུག་མ་རླུང་མཚམས་ལ་སོགས་དག་ཏུ་གནས། །དཔྱིད་ཟླ་ར་བ་འབྲིང་དང་ཐ་མ་དེའི། །གནོད་སྦྱིན་བདག་པོར་ཁ་མིག་བལྟ་བ་སྟེ། །བདེན་བྲལ་མཚམས་ལ་སོགས་པར་མགོ་བོ་གནས། །མཇུག་མ་དབང་ལྡན་ལ་སོགས་དག་ཏུ་གནས། །དབྱར་ཟླ་ར་བ་འབྲིང་དང་ཐ་མའི་བར། །དབང་པོའི་ཕྱོགས་སུ་ཁ་མིག་བལྟ་བ་སྟེ། །རླུང་གི་ཕྱོགས་སུ་ཡན་ལག་མཆོག་བསྟན་ཅིང་། །མེ་ཡི་མཚམས་ལ་སོགས་པར་མཇུག་མའི་ཆ། །ལོ་གཅིག་དུས་ལ་ས་གཞི་ཐ་དག་ཏུ། །འཁོར་གཅིག་གིས་ནི་འབད་པས་ཀུན་ཏུ་ཁྱབ། །ས་བདག་ལྟོ་འཕྱེ་རྒྱུ་བའི་དབྱེ་བས་ནི། །ཟླ་བ་རེ་རེའི་བྱེ་བྲག་ཤེས་ནས་སུ། །མཐའ་ཡས་ལ་སོགས་ཀླུ་ཡི་བདག་པོ་བརྒྱད། །མཇུག་མ་ལ་སོགས་རིམ་གྱིས་བསམ་ནས་ནི། །དེ་ཡི་ལུས་ལ་ཀླུ་ཡི་བདག་པོ་བརྒྱད། །འོ་མ་ལ་སོགས་ཉེར་སྤྱོད་རྣམས་ཀྱིས་མཆོད། །མཇུག་མའི་རྩེ་མོ་རིགས་ལྡན་ཤིན་ཏུ་སྔོ། །གསང་གནས་ཨུཏྤལ་ལྟར་ལྗང་སྟོབས་ཀྱི་རྒྱུ། །ལྟེ་བར་དུང་སྐྱོང་པདྨའི་རྩ་བ་བཞིན། །དཔུང་པར་པདྨ་ཆེན་པོ་གསེར་དང་མཚུངས། །ནོར་རྒྱས་སྙིང་གར་གནས་ལ་ལྗང་གུ་སྟེ། །འཇོག་པོ་ཞེས་བྱ་དམར་པོ་མགྲིན་པར་གནས། །པདྨ་དཀར་པོ་རྣ་བར་འོད་ཟེར་འཕྲོ། །སྤྱི་བོ་ཉིད་དུ་མཐའ་ཡས་སྔོན་པོ་གནས། །དེ་སྤྱོད་མི་ནི་བགེགས་མཐར་བྱེད་དུ་བསྒོམ། །དཔའ་བོའི་ལག་པ་རྟོག་རྩེ་རྡོ་རྗེས་མཚན། །ལག་པ་གཡོན་པ་འོག་ཏུ་བྱས་ལ་གཟུང་། །དེ་ཡིས་བདུད་ཀྱི་ཚོགས་རྣམས་བསྐྲད་ཅིང་བཟློག །ཤར་དང་བྱང་གི་ཕྱོགས་སུ་ཁ་བལྟས་པས། །ཏོག་རྩེ་ཁམ་བཞི་བརྒྱབས་ནས་བླངས་པའི་ས། །ཞི་བའི་སེམས་ཀྱིས་གཏོར་མའི་ནང་ཉིད་དུ། །བཞག་པའམ་ཕྱི་རོལ་མེ་ཡི་མཚམས་སུ་དོར། །འབད་པས་དེ་ཡི་ཁམ་ལྔ་བླངས་པའི་ས། །ས་ཡི་དབུས་སུ་ལེགས་པར་ཡིད་ཀྱིས་དགྲམ། །ཁམ་ལྔ་འདས་ནས་དེ་ལ་དུ་མ་ཡིས། །ཕྱོགས་དང་ཕྱོགས་མཚམས་ཀུན་ནས་བརྐོ་བར་བྱ། །ཤར་ནས་ཆ་ནི་ཉི་ཤུ་རྩ་བདུན་དོར། །བྱང་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་བར། །ཤར་ནུབ་ཆ་དགུ་ལྷོ་བྱང་ཕྱེད་དང་ལྔ། །འདི་ནི་མཆན་གྱི་མདུན་དུ་ཐོག་མར་བརྐོ། །དེ་ཡིས་ཆོས་ནོར་འདོད་དོན་འཕེལ་ཞིང་འགྲུབ། །གལ་ཏེ་ལྟོ་འཕྱེའི་རྒྱལ་པོ་གནས་པ་ཡི། །ཆ་དགུའི་ས་ལ་བརྐོས་པར་གྱུར་པ་ན། །ཕ་དང་མ་དང་བུ་དང་བུ་མོ་དང་། སྤུན་དང་ཆུང་མ་གནའ་མ་རང་གི་ནི། །མཛའ་བཤེས་ལ་སོགས་རིམ་པ་བཞིན་དུ་འཆི། །གལ་ཏེ་རྒྱབ་ཏུ་བརྐོས་ན་རང་ཉིད་འཆི། །ཡང་ན་གནས་ནས་འཕོ་འམ་ནོར་ཉམས་འགྱུར། །མཇུག་མ་ལ་བརྐོས་གླང་ཆེན་རྟ་དང་ནི། །མ་ཧེ་བ་ལང་འཆི་ཞིང་སྟོབས་ཉམས་འགྱུར། །གལ་ཏེ་ཁམ་ལྔའི་ནང་དུ་ཤིང་དང་ནི། །གྲོག་མཁར་སྐྲ་སེན་ཐལ་བས་གནོད་པ་འབྱུང་། །རྡོ་བས་རླུང་གིས་འཇིག་སྟེ་ཕུབ་མ་དང་། །མགལ་དུམ་གྱིས་ནི་རིམ་བསྐྱེད་རུས་པ་ཡིས། །ཟུག་གཟེར་འབྱུང་བས་དེ་ཕྱིར་སྤང་བར་བྱ། །ཞེས་པ་དང་། ཕྱོགས་རེ་རེ་རེའུ་མིག་དགུ་བཅུ་སྟེ། །རེ་མིག་དགུ་ལ་ས་བདག་གི །སོར་ནི་བཅུ་གཉིས་ཤེས་པར་བྱ། །ཞལ་གང་དག་གམ་མཐོ་གང་ངོ་། །གདེངས་ཀ་མགོ་དང་སྙིང་ག་དང་། །ལྟེ་བ་རྣམས་ནི་ཞལ་རེ་སྟེ། །མགྲིན་པ་ལྟོ་མཚམས་གསང་བ་གསུམ། །སོར་ནི་བཞི་བཞི་ཞལ་གང་སྟེ། །དེ་ལྟར་སྐུ་སྟོད་ཞལ་ལྔ་པ། །དེ་ཡི་ཚད་ཀྱིས་སྦྲུལ་མཇུག་ཡིན། །དེ་ཕྱིར་ལུས་ཚད་མཐོ་བཅུ་པ། །ས་གཞི་དེར་ཁྱབ་ལྟོ་འཕྱེའི་གཟུགས། །འགྱུར་བས་དགེ་དང་མི་དགེ་བསྐྱེད། །ཅེས་བྱ་བ་བླ་མ་པཎྜི་ཏའི་ཞལ་ནས་ཞང་གིས་ཐོས་སོ། །ས་བདག་ལྟོ་འཕྱེའི་རྒྱལ་པོ་ནི། །སྐར་མ་ཁྲུམས་ལ་ཉལ་བ་ལ། །སྟོན་ཟླ་ར་བར་རྩིས་པ་ཡིས། །བུ་མོའི་ཁྱིམ་ན་པདྨོའི་གཉེན། །གནས་པའི་ཟླ་བ་དེ་ལ་ནི། བྱང་ཤར་མཚམས་ནས་བཟུང་ནས་སུ། །ཞག་རེར་ཆ་རེ་གནས་པ་ཡིས། །ཞག་ནི་དགུ་བཅུ་འདས་པ་ན། །མེ་ཡི་མཚམས་སུ་ངེས་པར་གནས། །སྟོན་ཟླ་འབྲིང་དང་ཐ་མར་རོ། །དགུན་གསུམ་གཤིན་རྗེའི་ཕྱོགས་སུ་སྟེ། །དཔྱིད་གསུམ་ཆུ་བདག་ཕྱོགས་སུ་གནས། །དབྱར་གསུམ་ནོར་སྦྱིན་ཕྱོགས་སུའོ། །དེ་ལྟར་ཕྱོགས་རེར་དགུ་བཅུ་སྟེ། །ལོ་གཅིག་གིས་ནི་འཁོར་གཅིག་ཁྱབ། །དེ་ལྟའི་ངེས་པ་ཤེས་ནས་སུ། །ལྟོ་འཕྱེའི་རྒྱལ་པོའི་ལྟོ་བ་ལ། །དངོས་གྲུབ་འདོད་པས་ས་བླང་བྱ། །གཞན་དུ་དེ་ལས་བཟློག་པ་འབྱུང་། །ཞེས་ཞང་ཉིད་ཀྱིས་བྲིས་པ་སྟེ། འདིར་ཡང་ལྟོ་བ་ཞེས་དང་། བཟང་པོ་ཡོངས་གཟུང་དང་། རིན་ཆེན་འབར་བ་གཉིས་ལས་ཀྱང་ལྟོ་བ་ནས་བརྐོ་བར་གསུངས་པའི་དོན། ལྟོ་བའི་ཕྱོགས་ཞེས་པ་ལ་འབྲུ་མནན་དགོས་ཏེ། ལྟོ་འཕྱེ་ཉིད་ཀྱི་ལུས་ཆ་དགུ་ལ་བརྐོ་བའི་ཉེས་དམིགས་གསུངས་པའི་ཕྱིར་དང་། ལུས་བསྣད་དུ་མི་རུང་བ་ཀུན་མཐུན་པའི་ཕྱིར་རོ། །འདི་དག་ལག་ཏུ་བླང་བའི་རིམ་པ་ནི། ཆོས་རྗེ་ཤར་པའི་གུར་གྱི་ཡིག་ཆ་བཞིན་དུ་ཤེས་པར་བྱའོ། །གང་དག་ལྟོ་ཕྱེ་ནམ་མཁར་གནས་ནས་དེའི་གཟུགས་བརྙན་ས་གཞི་ལ་འཆར་བ་དང་། ལྟོ་འཕྱེའི་ལུས་ཟླུམ་བསྐོར་གྱི་ཤོག་ཁྲ་བྱེད་པ་སོགས་དོན་མེད་པའི་རྟོག་བརྟག་རྣམས་ནི་ཉམས་སུ་ལེན་པ་པོ་ལ་གནོད་པས་སྤང་བར་བྱའོ། །ཚད་ཇི་ཙམ་བརྐོ་ན་དངོས་གྲུབ་རབ་དང་། འབྲིང་དང་། ཐ་མའི་ཆེད་དུ་རྐེད་པ་དང་། ལྟེ་བ་དང་། པུས་མོ་ནུབ་ཙམ་དུ་བརྐོ་བར་བཤད་དེ། བཟང་པོ་ཡོངས་གཟུང་ལས། པུས་མོ་ལྟེ་བ་རྐེད་ཙམ་དུ། །དངོས་གྲུབ་རྗེས་མཐུན་བརྐོ་བར་བྱ། །ཞེས་དང་། རིན་ཆེན་འབར་བ་ལས། གཞན་འདྲ་བ་ལས། དངོས་གྲུབ་རྗེས་མཐུན་ལྟོ་ནས་བརྐོ། །ཞེས་གསུངས་པའི་ཕྱིར་རོ། །འདིའི་རྐེད་པའི་དོན་དབང་ཆུ་དང་། བཟང་པོ་ཡོངས་གཟུང་གི་མཆན་ལས་སྙིང་ག་ལ་བཤད་དོ། །ནས་གླིང་མར། དེ་ནས་ལྟོ་འཕྱེའི་རིམ་པ་ཤེས་པར་བྱས་ནས། དངོས་གྲུབ་རབ་འབྲིང་ཐ་གསུམ་གྱི་དོན་དུ། མགྲིན་པ་དང་། ལྟེ་བ་དང་། པུས་མོ་ཡན་ཆད་དུ་བརྐོ་བར་བྱའོ། །ཞེས་པ་ནི་སྔ་མ་དང་ཅུང་ཟད་མི་འདྲ་བར་སྣང་ཞིང་། ནག་པོ་དཀྱིལ་ཆོག་ལས། པུས་མོ་ནུབ་ཙམ་དུ་བརྐོ་བར་ཡང་གསུངས་སོ། །དེ་ལྟར་ལེགས་པར་བརྐོས་ནས་ཕུབ་མ་དང་། གྱོ་མོ་དང་། རྡོ་བ་དང་། གསེག་མ་དང་། རུས་པ་ལ་སོགས་པ་བསལ་ལ། རིན་པོ་ཆེ་ལྔ་ལ་སོགས་པའི་གཏེར་ཏེ་བུམ་གཏེར་བཅུག་སྟེ། ས་དཔལ་བཟང་པོ་གཞན་དང་བསྲེས། དྲི་ཞིམ་པོའི་ཆུས་ལེགས་པར་སྦྲུས་ལ་ལེགས་པར་བཀང་སྟེ། རིན་པོ་ཆེ་ལ་སོགས་པའང་བརྡར་ཏེ་བསྟར་ཞིང་འཐས་པར་བྱའོ། །གལ་ཏེ་སྐྱོན་དེ་དག་བསལ་གྱིས་མི་ལང་ཞིང་གཅོང་རོང་མང་བར་གྱུར་ན། རང་ལྷའི་ང་རྒྱལ་དང་ལྡན་པས་ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུྃ་ཕཊ་ཅེས་བརྒྱ་རྩ་བརྒྱད་བཟླའོ། །ཡང་ས་དེ་ནམ་མཁའི་རང་བཞིན་ལྟར་དག་པར་བསྒོམ་སྟེ། ཨོཾ་བྷཱུ་ཁཾ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །ཞེས་དབང་ཆུ་ལས་གསུངས་ལ། ལག་ལེན་པ་ཕྱི་མ་དག་སྔགས་སྔ་མས་ས་ཕྱོགས་རྡོ་རྗེའི་རང་བཞིན་དུ་བསམ་ཞིང་ཕྱི་མས་ནམ་མཁའི་རང་བཞིན་དུ་བསམ་ཞེས་འཆད་པ་ནི་མ་དག་པར་སྣང་སྟེ། རིན་ཆེན་འབར་བ་ལས། གལ་ཏེ་དེ་ལྟར་མ་ནུས་ན། །མཁར་བསམ་ལག་མནན་སྔགས་འདི་བཟླ། །ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་གསུངས་པའི་ཕྱིར་རོ། །དེ་ནས་སྔགས་ཕྱི་མ་ནི་རྡོ་རྗེ་གུར་ལས་ནམ་མཁར་བསམ་པའི་སྔགས་སུ་གསུངས་པས་གཉིས་ཀའང་ནམ་མཁར་བསམ་པའི་སྔགས་སུ་སྣང་ངོ་། །གཉིས་པ་ནི། ས་ཕྱོགས་དེ་བསང་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས། རྡོ་རྗེའི་ས་གཞི་དང་། རྭ་བ་དང་། གུར་དང་། བླ་བྲེ་རྣམས་བསམས་ལ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །དེར་ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོའང་བསྒོམ་པར་བྱའི་ཞེས་གསུངས་ཏེ། ཧཱུྃ་མཛད་དབུས་སུ་བྱས་པའམ། ཡང་ན་དབུས་ཀྱི་ཁྲོ་བོ་མེད་ཀྱང་རུང་སྟེ། མདུན་བསྐྱེད་ཀྱི་ཚུལ་དུ་བསྒོམས་ནས་ཡན་ལག་བཞི་རྫོགས་བྱའོ། །ལྔ་པ་སྟངས་སྟབས་ཀྱི་བཀོད་པས་ས་བཟུང་བ་ནི། དེ་ནས་དེར་དཀྱིལ་འཁོར་གྱི་ཁང་པ་ཇི་ལྟར་མཚམས་པ། ཇི་ལྟར་འབྱོར་བ་བརྩིགས་ལ་དེའི་དབུས་སུ་དཀྱིལ་འཁོར་གྱི་ས་སྟེགས་བྱས་ལ། ཉེ་འཁོར་ཀུན་ཏུ་བའི་ལྕི་བ་དང་། དྲི་ཞིམ་པོས་བྱུགས་པར་བྱའོ། །བླ་བྲེ་དང་། བ་དན་ལ་སོགས་པས་ཀྱང་བརྒྱན། བྲིས་སྐུ་དང་། ལུགས་སྐུ་ལ་སོགས་པ་རྣམས་ཇི་ལྟར་མཚམས་པའི་གནས་སུ་བཀྲམ་སྟེ་བཀྲ་ཤིས་ཤིང་མཛེས་པར་བྱས་ལ། སློབ་དཔོན་དཀྱིལ་འཁོར་གྱི་དབུས་སུ་སྟན་ནང་ཚངས་ཅན་ལ་འདུག ཕྱོགས་བཞིར་ཡང་གཽ་རཱི་ལ་སོགས་པའི་ང་རྒྱལ་འཛིན་པའི་སློབ་མ་བཞི་བཞག སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་བཞག ཕྱོགས་བཞིའི་སློབ་དཔོན་བཞིའི་མདུན་དུ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྒྲིང་ཚར་དང་། ནང་ངོས་སུ་རྡོ་རྗེ་དྲིལ་བུ་ནང་མཆོད་བཤམས་པ་ནི་དབང་ཆུར། མཆོད་པ་ཅི་མཛེས་སུ་བཤམ་སྟེ་ཞེས་པའི་དོན་ཏོ། །དེ་ནས་ཕྱོགས་བཞིའི་སློབ་དཔོན་གྱིས། དགའ་ཆེན་ཁྱོད་བདག་ལན་གསུམ་གྱིས་གཙོ་བོ་ལ་གསོལ་བ་བཏབ། དཔོན་སློབ་ཀུན་གྱིས་བདག་བསྐྱེད་ཡོངས་སུ་རྫོགས་པ་བཟླས་པ་དང་བཅས་པ་བྱ་སྟེ། ཕྱོགས་བཞིའི་སློབ་དཔོན་གྱིས་ལྷ་སྟ་གོན་ལ་མི་འཇུག་ན། དཀྱིལ་འཁོར་གྱིས་འཁོར་ལོ་བསྡུས། འཇུག་ན་འོག་ཏུ་གཙོ་བོ་དང་མཉམ་དུ་དཀྱིལ་འཁོར་ནམ་མཁར་འདེགས་པར་བྱ་བ་ཡིན་པས། མཆོད་པ་བྱིན་བརླབས་སྔོན་དུ་འགྲོ་བའི་ཕྱི་མཆོད་དང་ནང་མཆོད་ཀྱིས་མཆོད། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་སོགས་ཚིགས་བཅད་བཞིས་རིམ་པ་བཞིན་གསོལ་བ་གདབ། དེ་ནས་གཙོ་བོའམ་སློབ་དཔོན་ལྔ་ཆར་གྱིས་རྡོ་རྗེ་ཁུ་ཚུར་གྱིས་མཐེའུ་ཆུང་གཉིས་སྦྲེལ། མཛུབ་མོ་གཉིས་རྩེ་སྤྲད་པའི་ཕྱག་རྒྱ་སྤྱི་བོར་བཟློག་སྟེ། ཧཱུྃ་བཛྲ་ཨུཏྟིཥྛ། རང་གིས་བསྒོམས་པའི་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ནམ་མཁར་བཞུགས་ཏེ། རང་གཙོ་བོ་ལས་བྱེ་བའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་གྱུར། ཞེས་བརྗོད་ལ། རྣམ་ལྔ་འདོད་སྐོར་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་བཛྲ་ཧཱུྃ་ཞེས་པས་རྡོ་རྗེ་བླངས། ཨོཾ་བཛྲ་གྷཎྜེ་ཨཿཞེས་པས་དྲིལ་བུ་བླངས་ཏེ། པད་བསྐོར་བྱ་ཞིང་རྡོ་རྗེ་གསོར་ཏེ་སྐྱེལ་ཀྲུང་གཡས་པ་བཤིག པད་བསྐོར་བྱ་ཞིང་དྲིལ་བུ་གསིལ་ཏེ་སྐྱིལ་ཀྲུང་གཡོན་པ་བཤིག རྣམ་ལྔ་འདོད་སྐོར་གྱིས་ལངས་ཏེ། གཡས་སྔོན་འགྲོའི་གཞི་བཅའ་དང་། མཉམ་པའི་རྐང་སྟབས་ཀྱིས་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་བཟུང་སྟེ། རང་གི་མིག་གཡས་པ་མ་ལས་ཉི་མ། གཡོན་པ་ཊ་ལས་ཟླ་བའི་དཀྱིལ་འཁོར། མིག་འབྲས་གཉིས་ཧཱུྃ་གཉིས་ལས་བསྐལ་པའི་མེ་ལྟ་བུ། རྐང་པའི་མཐིལ་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་གདེངས་པ་རེ་རེ་བསྒོམས་ལ། ཁྲོ་བོའི་ལྟ་བས་གཡོན་ཕྱོགས་ནས་རྒྱབ་དྲང་པོར་བལྟས་ཏེ། གཡས་སུ་བསྐོར་བས་མིག་གཡས་པས་བགེགས་རྣམས་ཚར་བཅད་པར་བསམ། ཡང་གཡས་ཕྱོགས་ནས་རྒྱབ་དྲང་པོར་བལྟས་ཏེ། གཡོན་དུ་སྐོར་བས་གཡོན་པའི་ཟླ་བ་ལས་བདུད་རྩི་བབས་པས་སླར་གསོས་པར་བསམ་སྟེ། དེ་ཚེ་ཧཱུྃ་རིང་པོ་རེ་རེ་བརྗོད་པར་བྱའོ། །དབང་ཆུའི་དཔེ་ཁ་ཅིག་ལས། སྔ་མ་ལ་གཡོན་དུ་བསྐོར་བ་དང་ཕྱི་མ་ལ་གཡས་སུ་བསྐོར་བ་ཞེས་འབྱུང་བ་ནི་དཔེ་མ་དག་པ་སྟེ། དཔེ་དག་པ་རྣམས་ལས་སྔ་མ་ལ་གཡོན་ནས་གཡས་སུ་བསྐོར་བ་དང་། ཕྱི་མ་ལ་གཡས་ནས་གཡོན་དུ་བསྐོར་བ་ཞེས་འབྱུང་བའི་ཕྱིར་དང་། བཟང་པོ་ཡོངས་གཟུང་ལས། གཡས་དང་གཡོན་གྱི་མིག་དག་ལ། །མ་ལས་ཉི་མ་ཊ་ལས་ཟླ། །རྐང་འོག་རྡོ་རྗེ་སྤྲོ་བ་ཡི། །འོད་ཟེར་རྣམས་ཀྱིས་ཀླུ་སོགས་བསྐྲད། །ཞེས་དང་། རིན་ཆེན་འབར་བ་ལས། ཡི་གེ་མ་ཊས་ཉི་ཟླའི་མིག །ཕྱོགས་དུས་ཐམས་ཅད་སྤར་བ་དང་། བློ་ལྡན་འགྲོ་ལ་བལྟས་ནས་ནི། །འཁོར་ལོའི་ས་ནི་ཡོངས་སུ་སྐོར། །ཞེས་པ་ཙམ་ལས་གཡས་བསྐོར་གཡོན་བསྐོར་གྱི་གསལ་ཁ་མི་སྣང་ཡང་། ཌོམྦཱི་ལུགས་ཀྱི་དབང་ཆུར། རྡོ་རྗེའི་ལྟ་བས་གཡས་སུ་བལྟས་པས། བགེགས་ཐམས་ཅད་བསྐྲད་ལ། གཡོན་དུ་བལྟས་པས་གསོས་པར་བསམ་མོ། །ཞེས་གསུངས་པས་སོ། །མཚོ་སྐྱེས་ལུགས་ཀྱི་དབང་ཆུར། གཡས་ནས་གཡོན་དུ་བསྒྱུར་བས་ཉི་མ་ལས་འོད་ཟེར་མེ་ལྟ་བུ་བྱུང་སྟེ་དེས་བགེགས་ཐམས་ཅད་བསྲེགས་ནས་ཚར་བཅད། གཡོན་པས་གཡས་སུ་བསྒྱུར་བས་ཟླ་བ་ལས་འོད་ཟེར་བསིལ་བ་བདུད་རྩི་ལྟ་བུ་འཕྲོས་པས་གསོས་ཏེ། རྗེས་སུ་བཟུང་ལ་ཞེས་གསུངས་པ་ནི་དཀྱིལ་ཆོག་འདི། བདེ་མཆོག་ནག་པོ་དཀྱིལ་ཆོག་དང་ཚུལ་མཚུངས་པར་སྣང་བས། དེའི་སྐོར་ཚུལ་གྱི་དབང་དུ་བྱས་པ་སྟེ། དཔེར་ན་རྣམ་ལྔ་འདོད་སྐོར་གྱི་གོ་རིམ་བཞིན་ནོ། །དེ་ནས་སློབ་དཔོན་དགའ་བ་ཡོངས་འགྱུར་གྱིས་དབང་ལྡན་དུ་སོང་སྟེ། ཁ་ནང་དུ་ཕྱོགས་ནས་གར་སློང་བ་དང་། གར་གྱི་འགྱིངས་བཙལ་བ་དང་། གར་བསྡིགས་པ་ལན་གསུམ་གསུམ་བྱའོ། །དགའ་བ་ཡོངས་འགྱུར་ནི། ངག་ཏུ་ཨོཾ་ཞེས་དང་། རྐང་པ་གཡོན་པ་གཡས་པའི་མགོར་རྐང་མགོ་གཡས་སུ་བསྟན་ཏེ་བཞག ནཻ་ཞེས་དང་རྐང་པ་གཡས་པའི་མགོ་གཡོན་པའི་རྒྱབ་ཕྱོགས་སུ་བཞག་སུཾ་བྷ་ཞེས་དང་། གཡོན་པའི་དཀྱིལ་གཡས་པའི་རྟིང་པ་ལ་བཞག བཛྲ་ཞེས་དང་། གཡས་པ་གཡོན་པའི་མདུན་དུ་མགོ་གཡོན་དུ་བསྟན་ཏེ་གཞག ཧཱུྃ་ཞེས་དང་གཡོན་པའི་མགོ་གཡས་པའི་རྒྱབ་ཏུ་གཞག ཕཊ་ཅེས་དང་གཡས་པའི་དཀྱིལ་གཡོན་པའི་རྟིང་པར་བཞག་པའོ། །གར་སློང་བ་ནི། ལུས་གཡོ་བ་དང་བཅས་ཏེ། གར་སྐོར་གྱི་རྗེས་སུ་རྡོ་རྗེ་གསོར། དྲིལ་བུ་གསིལ་བའོ། །འགྱིང་བཙལ་བ་ནི་རྐང་པ་གཡས་པ་གཡོན་པའི་མདུན་ནས་བསྐོར་ཏེ་སྔར་ཤུལ་དུ་གཞག་པ་དང་། གར་བསྐོར་གྱི་རྗེས་སུ་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་དཀུར་གཞག་པའམ། ཁུ་ཚུར་གཉིས་ཁ་གྱེན་དུ་བསྟན་ནས་རྐེད་པར་འཇོག་པ་གང་རུང་བྱའོ། །བསྡིགས་པ་ནི་རྐང་པ་གཡས་པ་མདུན་ནས་བསྐོར་ཏེ་ས་ལ་བརྡབ་པ་དང་། གར་སྐོར་གྱི་རྗེས་སུ་ལག་གཡས་རྡོ་རྗེ་དང་བཅས་ཏེ་བསྣུན་པ་དུས་མཉམ་དུ་བྱའོ། །དེ་ནས་དབང་ཆུ་ལས། གཡས་བསྐོར་དུ་ཞི་བའི་འགྲོས་དང་། ཁྲོ་བོའི་འགྲོས་གཉིས་ཀྱིས་ཀུན་ཏུ་བཅགས་ཏེ། དེའི་དུས་སུ་རྐང་པའི་རྗེས་ཐམས་ཅད་རྡོ་རྗེའི་སར་མོས་པར་བྱ་ཞིང་། ངག་ཏུ་ཧཱུྃ་ཧཱུྃ་ཞེས་བརྗོད་པར་བྱའོ། །ཞེས་གསུངས་པའི་དོན་ལ་ལག་ལེན་པ་ཕྱི་མ་དག ཞི་འགྲོས་ནི་བཛྲ་ས་ཏྭ་བརྗོད་ཅིང་རྡོ་རྗེ་རྩེ་གཅིག་པའི་འགྲོས་དང་། ཁྲོ་འགྲོས་ནི་ཨ་མྲྀ་ཏ་བརྗོད་ཅིང་། རྡོ་རྗེ་རྩེ་གསུམ་པའི་འགྲོས་ལ་འཆད་པ་ནི་མི་འཐད་དེ། ཞི་འགྲོས་ཁྲོ་འགྲོས་དེ་འདྲ་བ་ལག་ལེན་གཞན་གྱི་ལུགས་འཁྱུགས་པ་ཡིན་གྱི། རྒྱུད་གསུམ་འདིར་མ་གསུངས་པའི་ཕྱིར་དང་། འདི་དང་ཌོམྦཱི་ལུགས་ཀྱི་དབང་ཆུ་གཉིས་ཆར་དུ། ངག་ཏུ་ཧཱུྃ་ཧཱུྃ་བརྗོད་པར་བྱའོ། །ཞེས་གསུངས་པ་དང་དངོས་སུ་འགལ་བའི་ཕྱིར་རོ། །དེ་ནས་ཞི་འགྲོས་ནི་གུར་ལས་གསུངས་པའི་རྒྱ་མཚོ་བསྐྱོད་པ་དང་། རི་བོ་འདེགས་པ་དང་། མཛེས་པའི་གོམ་པ་གསུམ་དང་། ཁྲོ་འགྲོས་ནི་ཁྲོ་བོའི་གོམ་པ་ཡིན་ཏེ། བཟང་པོ་ཡོངས་གཟུང་ལས། རྐང་སྟབས་བརྒྱད་དུ་ཆོ་ག་ཡིས། །རྡོ་རྗེ་གོམ་པར་གར་བྱའོ། །ཞེས་པའི་རྒྱས་བཤད་དུ། རྐང་སྟབས་བརྒྱད་བཤད་ཟིན་པའི་རྗེས་སུ། རྒྱ་མཚོ་བསྐྱོད་པ་དང་། རི་བོ་འདེགས་པ་དང་། མཛེས་པའི་གོམ་པ་དང་། ཁྲོ་བོའི་གོམ་པ་སྟེ་རྐང་སྟབས་ཀྱི་བཀོད་པའོ། །ཞེས་དང་། རིན་ཆེན་འབར་བ་ལས་ཀྱང་དེ་ཁོ་ན་ལྟར་གསུངས་པའི་ཕྱིར་རོ། །དེ་ལ་ཞི་འགྲོས་གསུམ། རྒྱ་མཚོ་བསྐྱོད་པ་ནི་ལག་པ་གར་བསྐོར་དང་། རྐང་པ་གཉིས་རེས་མོས་ཀྱིས་མདུན་ནས་བསྐོར་ཏེ་གཡབ་ཀྱིན་འགྲོ་བའོ། །རི་བོ་འདེགས་པ་ནི། གོམ་པ་གཡོན་པ་མདུན་དུ་གཡབ་ཀྱིན་སྤོ་བའི་ཚེ་ལག་པ་གར་བསྐོར་གྱི་རྗེས་སུ། གཡས་ཕྱོགས་སུ་རི་བོ་འདེགས་པའི་ཚུལ་བྱ་ཞིང་། གཡས་པ་སྤོ་བའི་ཚེ་གཡོན་ཕྱོགས་སུ་བྱ་བ་རེས་མོས་སུ་བྱའོ། །མཛེས་པའི་གོམ་པ་ནི། མདུན་དུ་སྤོ་བ་ངོས་མདུན་ནས་གཡབ་ཅིང་མི་སྤོ་བ་ངོས་ཀྱི་བརླ་ལ་བཙུགས་ནས་ཁྱིམ་བྱའི་གོམ་པ་ལྟར་བྱས་ཏེ་འགྲོ་བའོ། །ཁྲོ་བོའི་གོམ་པ་ནི་རྐང་པ་གཡོན་མདུན་དུ་བརྡབ་པའི་ཚེ་ལག་གཡས་རྡོ་རྗེ་དང་བཅས་ཏེ་བརྐྱངས་ནས་གཡོན་དྲིལ་བུ་སྙིང་གར་གསིལ། རྐང་པ་གཡས་པ་མདུན་དུ་བརྡབ་པའི་ཚེ་ལག་གཡས་རྡོ་རྗེ་སྙིང་གར་གཟུང་ཞིང་། གཡོན་དྲིལ་བུ་དང་བཅས་པ་བརྐྱང་སྟེ་གསིལ་བར་རེས་མོས་ཀྱིས་འགྲོ་བའོ། །གོམ་སྟབས་བཞི་པོ་འདི་དག་ལ་ཧུཾ་ཐུང་རེ་རེ་བརྗོད་པར་བྱའོ། །དེ་ནས་དབང་ཆུར། རྐང་སྟབས་ཀྱི་བཀོད་པ་རྣམས་བྱ་སྟེ། རྒྱས་པར་ནི་རྡོ་རྗེ་གུར་དང་། དཀྱིལ་འཁོར་གྱི་ཆོ་ག་དག་ལས་ཤེས་པར་བྱའོ། །ཞེས་གསུངས་པའི་དོན་ལ་སྤྱི་འགྲོ་ནི། དགའ་བ་ཡོངས་འགྱུར་གྱིས་འགྲོ། ཕྱོགས་རེ་རེ་ལ་གར་བཅའ་བ་གསུམ། བསྒྲུབ་པ་གསུམ། བསྡུ་བ་གསུམ་སྟེ་དགུ་དགུ་བྱ། རྐང་སྟབས་བརྒྱད་ལ་བསྒྲུབ་པའི་ཚེ་ཕྱག་རྒྱ་གཅིག་ལ་གནས་ནས་གཡས་གཡོན་དབུས་གསུམ་དུ་བལྟ། ཚུལ་དང་པོ་ལྔ་ལ་ཕྱག་རྒྱ་རེ་རེའང་བཅའ་ཐེབས་ལན་གསུམ་གསུམ་བྱ། དབུས་སུ་མདུང་གི་ཚུལ་ཡང་དེ་དང་འདྲ། ཕྱོགས་བཞིའི་ཚུལ་གསུམ་གསུམ་དང་། མཚམས་བཞིའི་མཆོད་པ་གསུམ་གསུམ་ནི་བསྒྲུབ་པའི་ཚེ་ཕྱག་རྒྱ་རེ་རེ་སོ་སོར་འཆའ་བའོ། །ཚུལ་བཅུ་དྲུག་མན་ཆད་ཀྱི་རྐང་སྟབས་ནི་དབུས་དང་མཚམས་བཞིར་མཉམ་པ་དང་། ཕྱོགས་བཞིར་གཡས་བརྐྱང་སོགས་རྩ་བའི་རྐང་སྟབས་བྱ། བཅའ་བའི་ཚེ་གང་སྔོན་དུ་འགྲོ་བའི་རྐང་པ་མདུན་ནས་སྐོར་ཅིག་བསྐོར་ཏེ། ཅིག་ཤོས་ཀྱི་མདུན་དུ། མགོ་ཕྱིར་བསྟན་ནས་གཞག དེ་ནས་ཅིག་ཤོས་མདུན་ནས་བསྐོར་ཏེ་རྐང་སྟབས་གང་ཡིན་པ་དེའི་ཚུལ་དུ་གཞག དེ་ནས་སྔ་མ་མདུན་ནས་བསྐོར་ཏེ་རྐང་སྟབས་དེ་ཉིད་ལ་གནས། དེ་ལྟ་བུའི་བཅའ་བ་གསུམ་དང་། བསྒྲུབ་པ་གསུམ་དང་། བསྡུ་བ་དང་པོ་གཉིས་ལ་ཧཱུྃ་ངར་སྒྲ་དང་བཅས་པ་རིང་བར་བརྗོད། བསྡུ་བ་ཕྱི་མ་ལ་ཧུཾ་ཐུང་བརྗོད། བསྡུ་བའི་ཚེ་སྔོན་ལ་གང་འགྲོ་དང་པོར་བསྡུས་ཏེ་སྔར་ཤུལ་དུ་བཞག དེ་ནས་ཅིག་ཤོས་མདུན་ནས་བསྐོར་ཏེ་སྔར་ཤུལ་དུ་གཞག སླར་ཡང་སྔ་མ་མདུན་ནས་བསྐོར་ཏེ་སྔར་ཤུལ་དུ་གཞག་པའོ། །ད་ནི་སོ་སོའི་ངོ་བོ་བཤད་པར་བྱ་སྟེ། གཡས་བརྐྱང་ནི་གཡས་སྔོན་འགྲོའི་མཐོ་ལྔ་རྣམ་པར་བརྒྱངས་པའི་གཡས་བརྐྱང་དང་། ལག་པ་གཉིས་རྒྱབ་སྦྱར་བའི་མཛུབ་མོ་གཉིས་དང་། མཐེའུ་ཆུང་གཉིས་སྦྲེལ་ནས་བཞིན་ཁྲོས་པའི་ཚུལ་ལོ། །གཡོན་བརྐྱངས་ནི་གཡོན་སྔོན་འགྲོའི་མཐོ་ལྔ་རྣམ་པར་བརྒྱངས་པའི་གཡོན་བརྐྱང་དང་། ཕྱག་རྒྱ་སྔར་གྱི་ལས་མཛུབ་མོ་སྒྲེང་བ་དང་བཞིན་ཁྲོས་པའོ། །ས་ག་ནི་གཡོན་སྔོན་འགྲོའི་རྐང་པ་གཉིས་ཅུང་ཟད་བགྲད་པའི་བར་ཁྲུ་གང་དང་། སོར་གཉིས་སུ་བྱས་ཏེ་པུས་མོ་དྲང་པོར་བསྲང་སྟེ། གཡས་རྡོ་རྗེ་སྙིང་ག་དང་། གཡོན་དྲིལ་བུ་དཀུར་གཟུང་ནས་བཞིན་ཞི་བའོ། །ཟླུམ་པོ་ནི་གཡས་སྔོན་འགྲོའི་རྐང་པ་བགྲད་པའི་པུས་མོ་གཉིས་ཀྱི་བར་ཁྲུ་དོར་བྱས་ཏེ་ངང་པའི་གཤོག་པ་ལྟ་བུ་དང་། ལག་པ་གཉིས་ཕྱོགས་མཚམས་ཐམས་ཅད་དུ་གར་བྱེད་ཅིང་བཞིན་སྐྲག་པའི་ཚུལ་ལོ། །རྡོ་རྗེ་ནི་གཡས་སྔོན་འགྲོའི་རྐང་པ་གཡས་ཀྱི་རྟིང་པ་གཡོན་གྱི་མཐིལ་དུ་བཙུགས་པ་དང་། ཕྱག་རྒྱ་ས་ག་དང་འདྲའོ། །མཉམ་པ་ནི་གཡས་སྔོན་འགྲོའི་རྐང་པ་གཉིས་གཤིབས་ཏེ་བསྲང་བ་དང་། ལག་གཉིས་རྡོ་རྗེ་དྲིལ་བུ་དཀུར་གཟུང་བའོ། །འདིར་ཌོཾམྦཱིའི་དཀྱིལ་ཆོག་གཉིས་དང་། ཤར་པ་རྡོ་རྗེ། འོད་ཟེར་གྱིས་མཉམ་པའི་རྐང་སྟབས་ཐོག་མར་འཆད་ཀྱང་། གུར་དང་། གུར་རྒྱན་ལས་རྡོ་རྗེའི་རྐང་སྟབས་ཐོག་མར་འབྱུང་བས་དེའི་དབང་དུ་བྱས་པའོ། །རུས་སྦལ་ནི་གཡས་སྔོན་འགྲོའི་རྐང་པ་གཡོན་པའི་བོལ་གོང་དུ་གཡས་པའི་མཐིལ་བཞག་ནས་ལག་གཉིས་དཔུང་པའི་ཐད་ཀར་བསྐུམ་མེ་བྱས་པའོ། །བུང་བ་ནི་གཡོན་སྔོན་འགྲོའི་བརླ་གཡོན་པར་གཡས་པའི་མཐིལ་གཏད་ནས། ལག་གཉིས་མཐིལ་གདེངས་པ་དང་སྒེག་པའི་བཞིན་ནོ། །རྡོ་རྗེ་ནི་ལག་གཡོན་སྙིང་གར་བསྡིགས་མཛུབ་དང་། གཡས་པས་རྡོ་རྗེ་འཕྱར་བའི་ཚུལ་ལོ། །འཁོར་ལོ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་ལ་བསྟན། མཐེའུ་ཆུང་དང་མཛུབ་མོ་གཉིས་ཕན་ཚུན་སྦྲེལ་བ་འཁོར་ལོ་བསྐོར་བ་ལྟར་བྱས་ནས་གཡས་ཕྱོགས་སུ་གྱེན་ལ་འཕྱར་བའི་ཚུལ་ལོ། །རིན་པོ་ཆེ་ནི་རིན་པོ་ཆེའི་ཕྱག་རྒྱ་ཁུ་ཚུར་གཉིས་སྦྱར་བའི་གུང་མོ་གཉིས་སྒྲེང་ནས་མཐེབ་མཛུབ་སྦྱར་ཏེ་དཔྲལ་བར་འཇོག་པའོ། །པདྨ་ནི་སྙིམ་པ་པདྨ་ཁ་ཕྱེ་བའི་ཚུལ་ལོ། །རལ་གྲི་ནི་གཡས་པའི་མཐེ་བོང་སྲིན་ལག་དང་མཐེའུ་ཆུང་གིས་མནན་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་ཤུབས་ནས་ཕྱུང་ནས་འཕྱར་བའོ། །མདུང་ནི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་སྒྲེང་ནས་གཡས་གཡོན་དབུས་གསུམ་དུ་བསྣུན་པའི་ཚུལ་ལོ། །གཞུ་ནི་གཞུ་འགེངས་པའི་ཚུལ་ལོ། །དབྱུགས་པ་ནི་གཡོན་བསྡིགས་མཛུབ། གཡས་པ་དབྱུག་པ་འཕྱར་བའི་ཚུལ་ལོ། །ཐོ་བ་ནི་ལག་པ་གཉིས་ཐོ་བ་འདེགས་པའི་ཚུལ་ལོ། །གཏུན་ཤིང་ནི་གཏུན་ཤིང་གིས་འབྲས་དྲུ་བའི་ཚུལ་ལོ། །རྡོ་རྗེ་རྩེ་གཅིག་པ་ནི་རྡོ་རྗེ་བསྡམས་པའི་གུང་མོ་གཉིས་སྒྲེང་བའོ། །ཁ་བཅུ་པ་ནི་སྙིམ་པའི་སོར་མོ་བཅུ་ཕྱོགས་བཅུར་གདེངས་ནས་བསྐྱོད་པའོ། །ཆུ་གྲི་ནི་གཡས་པས་ཆུ་གྲིས་གཅོད་པ་ལྟ་བུའོ། །སྣ་ཚོགས་དབྱིག་པ་ནི་ཕྱོགས་ཀུན་ཏུ་དབྱིག་པ་བསྐོར་ཏེ་བརྡེག་པའི་ཚུལ་ལོ། །མདུང་ཐུང་ནི་གཡོན་བསྡིགས་མཛུབ། གཡས་ཁུ་ཚུར་གྱིས་མདུང་ཐུང་གཡས་སུ་བསྣུན་པའི་ཚུལ་ལོ། །མཚོན་རྩེ་གཅིག་ནི་གསོར་མདུང་འཕེན་པའི་ཚུལ་ཏེ་ཚུལ་བཅུ་དྲུག་གོ །བ་དན་གཉིས་དང་གསུམ་ནི་གཡས་པའི་སོར་མོ་གཉིས་དང་གསུམ་སྟོན་པའོ། །མཆོད་པ་བཅུ་གཉིས་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁ་གྱེན་དུ་འཐོར་བ་དང་། ཐུར་དུ་སྦུབ་པ་དང་། མཐེ་བོང་གཉིས་སྒྲེང་བ་དང་བྱུག་པའི་ཚུལ་ལོ། །ཡང་རྡོ་རྗེ་ཁུ་ཚུར་གཉིས་དཀུར་གཞག་ནས་མགོ་གཡོན་དུ་འདུད་པ་དང་། ཕྲེང་བ་འབུལ་བ་དང་། ཁུ་ཚུར་གཉིས་སྦྱར་ནས་ཁ་ནས་འདྲེན་པ་དང་། སྤྱི་བོར་གར་བྱེད་པའི་ཚུལ་ལོ། །ཡང་ལག་པ་གཉིས་ཀྱིས་གླིང་བུ་བསྒྱུར་བ་དང་། པི་ཝཾ་སྒྲེང་བ་དང་། རྫ་རྔ་བརྡུང་བ་དང་། མུ་ཀུ་ཌ་བརྡུང་བའི་ཚུལ་ལོ། །ལུས་ཀྱི་འདུག་སྟངས་བཅུ་ནི། ངག་ཏུ་ཧཱུྃ་བརྗོད་ཅིང་སེམས་ཀྱིས་རྡོ་རྗེའི་ས་གཞིར་བསྒོམ་མོ། །རྡོ་རྗེ་སྐྱིལ་ཀྲུང་ནི་གཡས་པའི་བྱིན་པ་དང་། བརླ་སྦྱར་བའི་སྟེང་དུ་གཡོན་པའི་བོལ་བཞག་ནས་ཕྱི་ནས་གཡས་པ་གཡོན་གྱི་སྟེང་དུ་གཞག་ཅིང་ལག་པ་གཉིས་ཀ་ས་གནོན་གྱི་ཕྱག་རྒྱ་དང་། ཞི་བའི་བཞིན་ནོ། །སེམས་དཔའ་ནི་བརླ་གཡོན་གྱི་སྟེང་དུ་གཡས་ཀྱི་བོལ་བཞག་ནས། ཕྱི་ནས་གཡོན་གྱི་བྱིན་པ་རྐང་འོག་ཏུ་གཞག་ནས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། སྙིང་རྗེའི་བཞིན་ནོ། །པདྨ་ནི་ལོང་བུ་གཉིས་བསྣོལ་ནས་བོལ་གཉིས་མ་རེག་པར་མཐེ་བོང་གཉིས་རྩེ་སྤྲད་དེ། པུས་མོ་གཉིས་ས་ལ་སྦྱོར་བའམ། ཅུང་ཟད་བཏེག་ཅིང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་། སྙིང་རྗེའི་བཞིན་ནོ། །ཕྱེད་པ་ནི་གཡོན་གྱི་བརླ་ལ་གཡས་པའི་བོལ་གཞག་ནས་གཡོན་བརྐྱང་སྟེ་གཉིས་ཀ་མཆོག་སྦྱིན་གྱིས་ཕྱག་རྒྱ་དང་སྙིང་རྗེའི་བཞིན་ནོ། །བཟང་པོ་ནི་རྐང་པ་གཉིས་སྟན་མཐོ་བའི་སྟེང་ནས་བརྐྱངས་ཏེ། མཐིལ་ཕབ་ནས་གཉིས་ཀ་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་སྙིང་རྗེའི་བཞིན་ནོ། །བཀྲ་ཤིས་ནི་རྐང་པ་གཉིས་བར་མཐོ་གང་ཙམ་དུ་བྱ་སྟེ་ཙོག་པུ་བ་འཇོ་བའི་ཚུལ་དུ་འདུག་ནས་ལག་པ་གཉིས་པུས་མོ་སོ་སོའི་སྟེང་དུ་སྐྱལ་བ་དང་། རྨད་དུ་བྱུང་བའི་ཞལ་ལོ། །དཔའ་བོ་ནི་གཡས་པ་ས་ལ་བཙུགས་པའི་ལོང་བུ་ལ་གཡོན་པའི་མཐིལ་གཏད་དེ་ལག་པ་སོ་སོའི་སྟེང་དུ་གཞག་པ་དང་། དཔའ་བོའི་བཞིན་ནོ། །རོལ་པ་ནི་རྐང་པ་གཡས་ཕྱེད་སྐྱིལ་དུ་བྱས་ཏེ། གཡོན་ཅུང་ཟད་ཅིག་མདུན་དུ་བརྐྱངས་ནས་ལག་པ་གཡོན་པའི་མཐིལ་རྒྱབ་གཡོན་དུ་ས་ལ་བཙུགས་ཏེ། གཡས་པས་ཕྱག་མཚན་འཛིན་པའི་ཚུལ་དུ་པུས་མོ་གཡས་པའི་སྟེང་དུ་གཞག་པ་དང་རྨད་དུ་བྱུང་བའི་ཞལ་ལོ། །མདུན་དུ་བལྟ་བ་ནི་འདུག་སྟངས་དེ་ཉིད་ལ་གནས་པས་ལག་པ་གཉིས་བརླར་བཅས་ཏེ་མིག་མདུན་དུ་བལྟས་ཏེ། རྡོ་རྗེའི་ས་གཞིར་བསྒོམས་ཏེ་ཁྲོ་བོའི་བཞིན་ནོ། །ཕྱིར་བལྟས་ཡང་ལག་པ་གཉིས་བརླར་བཅས་ཏེ་གཞན་འདྲ་བ་ལས། མིག་གཡས་གཡོན་ནས་རྒྱབ་ཏུ་བལྟ་བའོ། །རྒྱུད་དང་སྐྱིལ་ཆོག་གཉིས་ལས་འདུག་སྟངས་དང་པོ་དྲུག་ལས་མ་གསུངས་ཀྱང་ཤར་པ་རྡོ་རྗེ་འོད་ཟེར་གྱིས་རྣམ་སྣང་སྒྱུ་དྲྭ་ནས་གསུངས་པའི་ཕྱི་མ་བཞི་ཁ་སྐོང་བ་ནི་རྗེ་བཙུན་རྩེ་མོས་གནད་ཀྱི་གསལ་བྱེད་དུ་བཞི་པོ་ཁ་སྐོང་བར་གསུངས་པས་ཤིན་དུ་ལེགས་པ་ཡིན་ནོ། །ཉམས་དགུ་ལ་སྒེག་པ་ནི་ཡ་སོས་མ་མཆུ་ཅུང་ཟད་མནན་ཅིང་འཛུམ་པའོ། །དཔའ་བོ་ནི་མིག་དཔངས་སྟོད་དེ་ཉམ་ང་བ་དང་བག་ཚ་བ་མེད་པའོ། །མི་སྡུག་པ་ནི་བཞིན་ཤིན་ཏུ་བསྡུས་པའོ། །དགོད་པ་ནི་ཁ་གདངས་ནས་ཧ་ཧའི་སྒྲ་སྒྲོགས་པའོ། །དྲག་ཤུལ་ནི་བརྡེག་པའམ་ཤིན་ཏུ་ཁྲོས་པའོ། །འཇིགས་སུ་རུང་བ་ནི་འཇིགས་པའི་རྣམ་པ་ཅན་ནོ། །སྙིང་རྗེ་དང་རྔམ་པ་ནི་བྱམས་པ་སྟེ་མིག་ཟིན་པ་དང་བཅས་པའོ། །ཞི་བ་ནི་བཞིན་དྲང་པོར་འཇོག་པའོ། །གླུའི་བཀོད་པ་རྣམས་ཀྱང་རང་རང་གི་ཉམས་ཇི་ལྟ་བ་བཞིན་བྱའོ། །དེ་ཙམ་མི་ནུས་པས་མདོར་བསྡུས་ན་ཤར་དུ་གཡས་བརྐྱང་། ལྷོར་གཡོན་བརྐྱང་། ནུབ་ཏུ་ས་ག བྱང་དུ་ཟླུམ་པོ་ཙམ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སམ་དབང་ལྡན་གྱི་ཕྱོགས་སུ་གནས་ནས་བགེགས་ལ་བཀའ་བསྒོ་སྟེ། ཧཱུྃ་ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས་ང་ལ་ཉོན། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་ལུས་འདི་ཡིས། །སྐུ་གསུམ་ལས་བྱུང་དགས་པར་བྱ། །གལ་ཏེ་བདག་ཚིག་ལས་འདས་ན། །ཞིག་འགྱུར་འདི་ནི་ཐེ་ཚོམ་མེད། །ཅེས་བྱ་བ་བརྗོད་ནས་སླར་ཡང་འདི་སྐད་དུ། རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོའི་ཡེ་ཤེས་ལས་བྱུང་བའི་ལས་བརྩམ་གྱི། གང་སུའང་རུང་བ་ལུས་སྲུལ་པོ་ལ་སོགས་པ་བགེགས་ཀྱི་ཚོགས་ཆེན་པོ་རྣམས་འདིར་མ་གནས་པར་དེངས་ཤིག གལ་ཏེ་མི་འགྲོ་བར་གྱུར་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་ཞིང་ཀུན་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་བྱ་བ་དང་། ཁྲོ་བོའི་སྔགས་དང་། ཡུངས་ཀར་གྱི་ཐུན་དང་། གུ་གུལ་གྱི་དུད་པ་དང་། རོལ་ཆེན་དྲག་ཏུ་བྱ་བ་རྣམས་ལན་གསུམ་བྱའོ། །འདི་དག་ནི་གཙོ་བོ་དཀྱིལ་འཁོར་གྱི་དབུས་སུ་གནས་ན་ཁ་ཤར་དུ་བལྟ། དབང་ལྡན་གྱི་མཚམས་སུ་གནས་ན་ཁ་ནང་དུ་བལྟས་ཏེ་བྱའོ། །དྲུག་པ་སླར་བགེགས་མི་འཇུག་པར་བྱ་བའི་ཕྱིར་ས་བསྲུང་བ་ནི། རང་གི་མདུན་དུ་སེང་ལྡེང་ལ་སོགས་པའི་ཕུར་བུ་བཅུ། མགུལ་དུ་ཡུངས་ཀར་གྱི་ཐུམ་བུ་དང་དར་དམར་པོའི་ཅོད་པཎ་གྱིས་བརྒྱན་པ་བཅུ་འདུས་བྱས། དཀྱིལ་འཁོར་གྱི་ཁང་པའི་ཤར་ལ་སོགས་པའི་ཕྱོགས་བཞི། དབང་ལྡན་ལ་སོགས་པའི་མཚམས་བཞི་ཤར་གྱི་གཡས། ནུབ་ཀྱི་གཡོན་རྣམས་སུ་ཕུར་ཁུང་བཀོད། དེ་ནས་དབང་ཆུར། རང་གི་སྙིང་གའི་ས་བོན་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ཞལ་གཅིག་ཕྱག་གཉིས་པ། སྐུ་སྨད་ཕུར་བུའི་གཟུགས་ཅན་བཅུ་ཕྱུང་ལ་ལག་ཏུ་གཏད་པར་བསམ། ཡང་སྙིང་གའི་ས་བོན་གྱི་འོད་ཀྱིས་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བཅུ་བཀུག་ལ། ཤར་ཕྱོགས་ནས་འོག་གི་མཐར་ཐུག་པར་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཕུར་བུ་གཟུང་ལ། གཡས་པ་རྡོ་རྗེ་ཐོ་བ་ཐོགས་པས་དེ་རྣམས་ཀྱི་སྙིང་གར་བཏབ་པར་བསམ་ལ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཅེས་པ་དང་། ཨོཾ་བཛྲ་མུད་ཀ་ར་བཛྲ་ཀཱི་ལ་ཡ། ཨ་ཀོ་ཊ་ཡ་ཧཱུྃ་ཕཊ། ཞེས་བརྗོད་ལ་གདབ་བོ། །ཁྱད་པར་དུ་སྟེང་གི་ཕུར་པ་ཤར་གྱི་གཡས། འོག་གི་ཕུར་པ་ནུབ་གྱི་གཡོན་དུའོ། །ཞེས་གསུངས་པ་འདི་ཙམ་གྱིས་ཆོག་པར་སྣང་ལ། དེའི་དོན་ཡང་རང་གི་སྙིང་ག་ནས་རྡོ་རྗེ་ཕུར་བུ་སྟོད་བདུད་རྩི་འཁྱིལ་པའི་རྣམ་པ་ཅན་སྨད་ཕུར་བུའི་གཟུགས་ཅན་བཅུ་སྤྲོས་ཏེ་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བཅུ་བཀུག་ནས་དེའི་སྤྱི་བོར་ཟུག་པར་བསམ་ཞིང་། དངོས་སུ་རང་གི་ལག་པ་གཡོན་པས་ཕུར་བུ་གཟུང་ནས་ཕུར་ཁུང་དུ་བཅུག གཡས་པས་རྡོ་རྗེ་ཐོ་བས་སྤྱི་བོ་ནས་བརྡུང་ཏེ་སྔགས་གཉིས་པོ་སྦྲེལ་བ་བརྗོད་ཅིང་རོལ་མོའི་སྒྲ་བྱའོ། །དེས་ན་ཕུར་བུ་བཙུགས་པ་དམིགས་པའི་རྟེན་ཙམ་ཡིན་གྱི། དམིགས་པ་རང་གི་ངོ་བོ་སྙིང་ག་ནས་སྤྲོས་པའི་ཕུར་བུ་བཙུགས་པ་ཡིན་པས། ཕུར་བུ་ལ་ཡན་ལག་བཞི་རྫོགས་ཀྱི་བསྐྱེད་ཆོག་བྱེད་པ་ནི་མ་དག་པ་ཡིན་ནོ། །དེའི་ཚེ་རྡོ་རྗེའི་འགྲོས་ཀྱིས་ཕུར་ཁུང་སོ་སོའི་མདུན་དུ་འགྲོ་ཞིང་། གདབ་པའི་ཚེ་རྐང་པ་གཡས་པའི་མཐིལ་དང་། གཡོན་པའི་པུས་མོ་ས་ལ་བཙུགས་པའི་ཀུན་སྤྱོད་བྱའོ། །སྔགས་དང་པོ་ཕུར་བུ་བསྒྲིལ་སྔགས་དང་། ཕྱི་མ་གདབ་སྔགས་སུ་བྱེད་པ་ནི། སྒྲུབ་དཀྱིལ་གཞན་རྣམས་ལས་འབྱུང་ཡང་། འདིར་གཉིས་ཀ་གདབ་སྔགས་སུ་བྱེད་པའི་ལུགས་ཏེ། བཟང་པོ་ཡོངས་གཟུང་ལས། སྔགས་དང་པོ་ལ་ཚན་པ་གསུམ་དུ་གཅད་པ་དང་། ཕྱི་མ་དང་བཞི་མཚམས་ཀྱི་ཕུར་བུ་བཞི་བརྡུང་བའི་སྔགས་སུ་སོ་སོར་བྱས་པ་དེ་ཉིད་འདིར་ཕྱོགས་གཅིག་ཏུ་བསྡུས་ནས་བརྡུང་སྔགས་སུ་བྱེད་པའི་ལུགས་ཡིན་པའི་ཕྱིར་རོ། །དེ་ནས་ཕུར་བུ་དང་། བགེགས་ཀྱི་རོ་ལས་འོད་བྱུང་བའི་ཚུལ་གྱིས་སྐད་ཅིག་གིས་རྡོ་རྗེའི་རྭ་བ་ལ་སོགས་པའི་ཐུན་མོང་བའི་སྲུང་འཁོར་དང་། དེའི་ནང་དུ་ཁྲོ་བོ་བཅུའི་སྲུང་འཁོར་ཡང་ཡན་ལག་བཞི་རྫོགས་སུ་བསྒོམས་ནས། རཀྵ་ལ་སོགས་པའི་སྔགས་ཀྱིས་བརྟན་པར་བྱའོ། །འདིར་ཡང་ཕྱོགས་བཅུར་ཁྲོ་བོ་བཅུས་བསྲུང་ཞིང་། དབུས་སུ་དཀྱིལ་འཁོར་བཞེངས་པའི་དབང་དུ་བྱས་པས། དབུས་ཀྱི་ཁྲོ་བོ་བསྒོམ་མི་དགོས་སོ། །དེ་དག་གིས་ནི་སའི་ཆོ་ག་བསྟན་ཟིན་ཏོ། །བཞི་པ་སྟ་གོན་དུ་གནས་པའི་ཆོ་ག་ལ་གཉིས་ཏེ། ས་ཆོག་དང་སྦྲེལ་ནས་བྱ་བའི་ལུགས་དང་། དཀྱིལ་འཁོར་གྱི་ཁང་པ་རྙིང་པར་བྱ་བའི་ལུགས་སོ། །དང་པོ་ནི། དེ་ལྟར་སྔ་དྲོ་ས་ཆོག་བྱས་མ་ཐག་སྟ་གོན་བྱེད་ན། གང་དུ་བྱ་བའི་གནས་དེར་ཐིག་ཆེན་བརྒྱད་ཙམ་བཏབ་ནས། འོག་ནས་འཆད་པར་འགྱུར་བའི་མཆོད་གཏོར་རྒྱས་པར་བཤམ། བདག་གི་རྣལ་འབྱོར་དྲན་པ་ཙམ་གྱིས་གསལ་བཏབ་པས་ཆོག་གི་བདག་བསྐྱེད་རྒྱས་པར་བསྒོམས་ནི་མི་དགོས་སོ། །ལུགས་འདི་ལ་སྔར་དཔོན་སློབ་རྣམས་ཀྱིས་བདག་བསྐྱེད་བསྒོམ་པའི་སྔོན་དུ། སྔོན་འགྲོ་གཏོར་མ་དང་། གནས་ཡོ་བྱིན་གྱིས་བརླབ་པ་དགོས་ཤིང་། དགའ་ཆེན་ཁྱོད་བདག་གིས་གསོལ་བ་བཏབ་པ་ཡོད་པས། མཎྜལ་ཞུ་འབུལ་ནི་མི་དགོས་སོ། །དེ་ལྟར་བདག་བསྐྱེད་གསལ་གདབ་ནས། དཀྱིལ་འཁོར་གྱི་དབུས་སུ་དྲིའི་ཐིག་ལེ་ལ་མེ་ཏོག་གི་ཚོམ་བུ་བཀོད་པ་ལ། སའི་ལྷ་མོ་ནམ་མཁའ་ནས་ཕབ་སྟེ། ཞལ་ཕྱག་གསལ་གདབ། མཆོད་པ་དང་། གཏོར་མ་དང་། མཁྱེན་པར་གསོལ་བ་རྣམས་སྔར་ས་ཆོག་གི་སྐབས་བཞིན་དུ་བྱས་ལ། ཨོཾ་པྲི་ཐཱི་ཝཱི་དེ་ཝཱི་བཛྲ་མུཿ ཞེས་པས་སའི་ལྷ་མོ་ས་དེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ནས་སའི་ལྷ་མོའི་ཚོམ་བུ་དང་། མཆོད་གཏོར་དམན་པ་རྣམས་བསལ་ནས། ལྷ་དགུའི་གནས་སུ་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བཀོད་པ་ལ་སྔར་ས་ཆོག་གི་སྐབས་སུ་ནམ་མཁར་བཏེག་པའི་དཀྱིལ་འཁོར་ཕབ་ནས་རྟེན་དང་བརྟེན་པར་བཅས་པ་གསལ་བཏབ་སྟེ། མཆོད་པ་ནས་སྙན་གསན་དབབ་པའི་བར་ལྷ་སྟ་གོན་དང་། བུམ་པ་སྟ་གོན་དང་། སློབ་མ་སྟ་གོན་རྣམས་འོག་ནས་འཆད་པ་ལྟར་ཡོངས་སུ་རྫོགས་པར་བྱའོ། །གཉིས་པ་ལ་གཉིས་ཏེ། སྤྱིའི་རྣམ་པར་གཞག་པ་དང་། ལག་ལེན་གྱི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དབང་ཆུར་སྟ་གོན་ཞེས་བྱ་བ་འོག་ཏུ་དགོས་པའི་ཡོ་བྱད་ལ་སོགས་པ་གོང་དུ་འཚོག་ཆས་བྱེད་པ་ཡིན་པས་ཞེས་གསུངས་པའང་དངོས་གཞིའི་སྐབས་སུ་དཀྱིལ་འཁོར་འབྲི་བ་ལ་སོགས་པ་ས་ལ་ལོངས་སྤྱོད་དགོས་པས་དེ་འཚོག་ཆས་བྱེད་པ་སའི་ལྷ་མོ་སྟ་གོན། དངོས་གཞིའི་སྐབས་སུ་དཀྱིལ་འཁོར་སྒྲུབ་པའི་ཚེ་སྙན་གསན་ཕབ་པའི་ཡེ་ཤེས་པ་དགོས་པས། དེ་འཚོག་ཆས་བྱེད་པ་སྟ་གོན། དངོས་གཞིའི་སྐབས་སུ་ཚུལ་བཞིན་བསྒྲུབས་པའི་བུམ་ཆུ་དགོས་པས་དེ་འཚོག་ཆས་བྱེད་པ་བུམ་པ་སྟ་གོན། །དངོས་གཞིའི་སྐབས་སུ་དཀྱིལ་འཁོར་དུ་འཇུག་ཏུ་རུང་བའི་སློབ་མ་དགོས་པས་དེ་འཚོག་ཆས་བྱེད་པ་སློབ་མ་སྟ་གོན་ནོ། །འདི་དག་གི་གོ་རིམ་ཡང་དང་པོ་གཉིས་ནི་ས་ལ་དབང་བར་བྱེད་པ་དང་། དབང་བའི་ས་ལ་ལོངས་སྤྱོད་པ་ཡིན་པས་གོ་རིམ་དེ་ལྟར་ངེས་ལ། ཌོཾ་བི་ལུགས་ཀྱི་དབང་ཆུར་ནི་བདག་བསྐྱེད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མ་བསྒོམས་པའི་སྔོན་དུ་སའི་ལྷ་མོ་སྟ་གོན་བྱ་བར་ཡང་བཤད་དོ། །ཕྱི་མ་གཉིས་ཀྱི་གོ་རིམ་ནི་དཀྱིལ་ཆོག་ཕལ་ཆེར་ལས་བུམ་པ་སྟ་གོན་སྔོན་ལ་བཤད་ཅིང་། མཚོ་སྐྱེས་ལུགས་ཀྱི་དཀྱིལ་ཆོག་དང་། བདེ་མཆོག་ནག་པོ་དཀྱིལ་ཆོག་ལས། སློབ་མ་སྟ་གོན་སྔོན་ལ་བཤད་པས། གོ་རིམ་ངེས་པ་མི་སྣང་ལ། སྒྲུབ་མཆོད་ཞག་མང་པོར་སྦྲེལ་བའི་ཚེ། དངོས་གཞི་གཉིས་པ་མན་ཆད་ཀྱི་བུམ་བསྐྱེད་གང་དུ་བྱ་བ་ནི་འོག་ཏུ་འཆད་དོ། །གཉིས་པ་ལ་ལྔ་སྟེ། སྟ་གོན་གྱི་ཡོ་བྱད་འཚོག་ཆས་བྱ་བ། སྔོན་འགྲོ་རྣམ་གསུམ་བྱ་བ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ། སྟ་གོན་གྱི་ཆོ་ག་དངོས། སྟ་གོན་གྱི་མཇུག་གི་ཆོ་གའོ། །དང་པོ་ནི། ཕལ་ཆེར་དུ་ནི་གཉུག་མར་གནས་པའི་ས་ཡིན་པས། སའི་ཆོ་ག་དེ་དག་མི་དགོས་པས། སྟ་གོན་ལ་གནས་པའི་ཆོ་ག་ཉིད་ནས་བརྩམས་ཏེ་ཕྱག་ལེན་མཛད་དོ། །སྟ་གོན་དེ་ཉིད་ལའང་འོག་ཏུ་དགོས་པ་རྣམས་གོང་དུ་འཚོག་ཆས་བྱ་དགོས་པས། དེའི་ཆོ་ག་ནི་ཇི་ལྟར་འོས་པའི་དཀྱིལ་འཁོར་གྱི་ཁང་པ་ཕྱག་དར་དང་སྐྱང་ནུལ་བྱ། བླ་རེ་ལ་སོགས་པའི་རྒྱན་གྱིས་མཛེས་པར་བྱ། བྲིས་སྐུ་དང་ལུགས་སྐུ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྟེན་རྣམས་ཀྱང་ཇི་ལྟར་འཚམས་པའི་གནས་སུ་བཞུགས་སུ་གཞུག དཀྱིལ་འཁོར་ལའང་ཐིག་ཆེན་བརྒྱད་སྐྱ་ཐིག་ཏུ་བཏབ་ལ། པཉྩ་རེ་ཁཱའི་རྩིག་པའི་ནང་ཕན་ཆད་སྟོང་པར་གཞག་པའམ། སྟ་གོན་ཟིན་མ་ཐག་ཐིག་ཚོན་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་འབྲི་བ་དང་བསྟུན་ན། སྐབས་འདིར་སྐྱ་ཐིག་རྫོགས་པར་བཏབ་པ་བདེ་བས། ཕྱག་ལེན་ལ་ནི་འདི་ཉིད་མཛད་དོ། །མཆོད་པ་བཤམ་པའི་ཚུལ་ལ་དབང་ཆུར། དེའི་ཕྱི་རོལ་ནས་མཆོད་པའི་ཡོ་བྱད་ཐམས་ཅད་ཁོ་ར་ཁོར་ཡུག་ཏུ་བཤམ་མོ། །མཆོད་པའང་རྒྱ་ཆེར་འབྱོར་པ་ལ་ནི་ཚད་མེད་ལ། འབྱོར་པ་ཆུང་བས་ཀྱང་ཞབས་བསིལ་དང་། ཞལ་བསིལ་དང་། འཐོར་འཐུང་དང་། མཆོད་ཡོན་དང་། མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོས་སོ། །དེ་རྣམས་བཅུ་གཅིག་བཅུ་གཅིག་པས་མི་ཉུང་བར་བཤམ་སྟེ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་ཇི་ལྟར་མཛེས་པར་བཤམ་མོ། །ཞེས་གསུངས་པའི་དོན་མན་ངག་གི་བཤམ་ཚུལ་ཏེ། བཅུ་གཅིག་ནི་སྤྱི་མཆོད་དང་། ལྷ་བཅུའི་སྒོས་མཆོད་ཡིན་ལ། དེ་དག་ཚད་མར་བཤམ་ནའང་སྤྱི་མཆོད་ནི་ཕྱི་རོལ་དུ་དབང་ལྡན་དུ་མཚམས་འཛིན་གྱི་མེ་ཏོག ཤར་དྲང་པོར་ཞབས་བསིལ་དྲི་བཟང་པོའི་ཆུ་དང་། ཞལ་བསིལ་ཆུ་ལ་འོ་མའམ་མར་བླུགས་པ་གཉིས། མེར་འཐོར་འཐུང་ཆུ་གཙང་མ། ལྷོར་མཆོད་ཡོན་ཆུ་གཙང་མ་ལ་མེ་ཏོག་དཀར་པོ་བཏབ་པ། སྲིན་པོར་མེ་ཏོག ནུབ་ཏུ་བདུག་སྤོས་དང་། མར་མེ་གཉིས། རླུང་དུ་དྲི་ཆབ། བྱང་དུ་ཞལ་ཟས་རྣམས་བཤམ། སྒོས་མཆོད་རྣམས་དེའི་ནང་དུ་རང་རང་གི་མདུན་གྱི་ཕྱོགས་མཚམས་རྣམས་སུ་བཤམ་མོ། །འདི་ལའང་སྒོས་མཆོད་ཀྱི་ཆུ་གསུམ་ནི་སྤྱི་མཆོད་ཀྱི་ཆུ་གསུམ་གྱི་བཟེད་ཞལ་གྱི་ནང་དུ་བླུགས་པས་འགྲུབ། འཐོར་འཐུང་དང་དྲི་ཆབ་ཀྱང་སྤྱི་མཆོད་ཀྱི་དེ་ཉིད་འཐོར་གཡབ་ཀྱིས་འཐོར་བས་འགྲུབ། མེ་ཏོག་ཀྱང་སྤྱི་མཆོད་ཀྱི་དེ་ཉིད་འཐོར་བས་འགྲུབ་པ་ལ་དགོངས་ནས། སྒོས་མཆོད་ལ་སྤོས། མར་མེ། ལྷ་བཤོས་ཚན་པ་གསུམ་ལྷ་གྲངས་དང་མཉམ་པ། འདོད་སྣམ་གྱི་སྟེང་གི་ཕྱོགས་མཚམས་བརྒྱད་དང་། ཤར་ནུབ་ཀྱི་ནང་ངོས་སུ་གཙོ་བོ་ཡབ་ཡུམ་གྱི་མཆོད་པ་གཉིས་ཏེ་བཅུ་བཤམ་མོ། །ཡང་སཾ་བུ་ཊ་ལས། གཡས་པ་དག་ཏུ་ཆུ་ཡི་སྣོད། །གཡོན་དུ་ཉེ་བར་དགོས་པ་རྣམས། །ཞེས་མདུན་བསྐྱེད་ཀྱི་དབང་དུ་བྱས་པ་དང་། བཟང་པོ་ཡོངས་གཟུང་ལས། མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཡི་དུང་ཆོས་གཡས་སུ་གཞག །གཡོན་དུ་སྔགས་ཀྱི་མཆོད་ཡོན་སྣོད། །མདུན་དུ་ཡང་ནི་སྣོད་གཞག་བྱ། །ཞེས་བདག་བསྐྱེད་ཀྱི་དབང་དུ་བྱས་ནས་གསུང་པ་ལྟར་ན། རང་གི་གཡོན་མདུན་བསྐྱེད་ཀྱི་གཡས་ཕྱོགས་སུ་ཆུ་བཞི་རིམ་པ་བཞིན་མདུན་ནས་རྒྱབ་ཏུ་བསྒྲིག རང་གི་གཡས་མདུན་བསྐྱེད་ཀྱི་གཡོན་གྱི་ཕྱོགས་སུ་ཉེར་སྤྱོད་ལྔ་མདུན་ནས་རྒྱབ་ཏུ་རིམ་པ་བཞིན་བསྒྲིག མདུན་ཕྱོགས་སུ་བཟེད་ཞལ་གྱི་སྣོད་གསུམ་མེ་ཏོག་ཅུང་ཟད་དང་བཅས་པ་བཤམ་སྟེ། བཟང་པོ་ཡོངས་གཟུང་ལས། ཞབས་བསིལ་ཞལ་བསིལ་བཟེད་ཞལ་ནི། །ཆོལ་ཟངས་སམ་ནི་ལྕགས་ཀྱི་སྣོད། །གསེར་དང་དངུལ་སོགས་རྫས་གཞན་ལས། །བྱས་པའི་སྣོད་ནི་མཉྫིར་གཞག །ཅེས་གསུངས་པས་སོ། །སྤྱི་མཆོད་ཀྱི་ནང་དུ་སྒོས་མཆོད་བཤམ་པའི་ཚུལ་སྔ་མ་དང་འདྲ་སྟེ། འདི་དག་རྒྱུད་ཀྱི་དངོས་བསྟན་ཡིན་ཅིང་། རྗེ་བཙུན་རྩེ་མོས་མཆོད་གཏོར་གྱི་རྣལ་འབྱོར་གྱི་སྐབས་དང་། ཕྱི་རོལ་མཆོད་པའི་སྐབས་སུའང་འདི་བཞིན་དུ་གསུངས་པས། ལུགས་གཉིས་ཆར་གྱི་ཐུན་མོང་བ་ཡིན་གྱི། འགྲེལ་པ་ལུགས་ཁོ་ནའི་ཁྱད་ཆོས་སུ་མི་གཟུང་ངོ་། །ཆུ་བཞི་ཆར་ཡང་མཆོད་ཡོན་གྱི་ཡན་ལག་ཡིན་པའི་ཕྱིར། མཆོད་ཡོན་གྱི་སྒྲས་བཤད་པའང་ཡོད་དེ། བཟང་པོ་ཡོངས་གཟུང་ལས། ཞབས་བསིལ་ཞལ་བསིལ་བསང་གཏོར་སོགས། །རིམ་པ་བཞིན་དུ་དབུལ་བར་བྱ། །འདི་ཀུན་མཆོད་ཡོན་ཡན་ལག་ཕྱིར། །མཆོད་ཡོན་སྒྲ་རུ་བཤད་པ་ཡིན། །ཞེས་དང་། ཆོས་རྗེ་ས་པཎ་གྱིས་ཚོགས་འཁོར་རྩོད་སྤོང་ལས་ཀྱང་དེ་ལྟར་གསུངས་སོ། །གཞན་ཡང་དཀྱིལ་འཁོར་ལ་བྱུག་པའི་རྫས་བའི་རྣམ་པ་ལྔ་དང་། དྲི་ཞིམ་པོའི་ལྡེ་གུའང་བཤམ། ལས་ཐམས་ཅད་པའི་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོས་ཀྱང་བཤམ་པར་བྱའོ། །ཞེས་གསུངས་པའི་དོན་ཁ་ཅིག་ཡེ་ཤེས་པ་དང་། དབང་ལྷའི་མཆོད་པ་ཡིན་ནོ་ཞེས་འདོད་པ་ནི་མི་འཐད་དེ། དེ་དག་ལ་མཆོད་པ་ལོགས་སུ་བཤམ་པའི་ལུགས་མེད་པའི་ཕྱིར་དང་། ཌོཾ་བི་དཀྱིལ་ཆོག་ཏུ། ཡེ་ཤེས་པ་ལ་ཆུ་བཞི་ཕུལ་ནས་མཆོད་པ་དངོས་གཞིའི་སྐབས་སུ་མེ་ཏོག་ནས་བརྩམས་ཏེ་འབུལ་བར་བཤད་པས་ཀྱང་ལོགས་སུ་བཤམ་མི་དགོས་པར་འགྲུབ་པའི་ཕྱིར་རོ། །དབང་ཆུར་སའི་ལྷ་མོ་ལ་སྒོས་མཆོད་དངོས་སུ་མ་བཤད་པས། དེ་ཉིད་ཡིན་ནམ་སྙམ་ན་དེའང་མ་ཡིན་ཏེ། དམན་མ་བསྡུ་བའི་སྐབས་སུ། དེ་ནས་གཏོར་མ་ས་གཙང་སར་བསྐྱལ། མེ་ཏོག་ཚོམ་བུ་བསལ་ལ། ཞེས་གསུངས་པས་སྒོས་མཆོད་བསྡུ་བ་ཉིད་ཀྱང་མ་གསུངས་པས་བཤམ་མི་དགོས་པར་གྲུབ་པའི་ཕྱིར་རོ། །སློབ་མ་སྟ་གོན་གྱི་མཆོད་པའང་མ་ཡིན་ཏེ། བཤམ་ཚུལ་ལོགས་སུ་གསུངས་པའི་ཕྱིར་རོ། །ཁ་ཅིག་ལས་བུམ་གྱི་མཆོད་པར་འདོད་པ་དང་། གཞན་དག་ཐིག་ཚོན་གྱི་ལྷ་ལ་འབུལ་བར་འདོད་པའང་མི་འཐད་དེ། དངོས་གཞིའི་དཀྱིལ་འཁོར་བྲིས་ཟིན་ནས་མཆོད་པ་བཤམ་པའི་སྐབས་སུ་འདི་ཉིད་བཤམ་པར་གསུངས་པའི་ཕྱིར་རོ། །འོ་ན་ཇི་ལྟར་སྙམ་ན། སྟ་གོན་དང་དངོས་གཞིའི་བར་དུ་ཚོགས་འཁོར་བྱེད་པར་དབང་ཆུ་ཉིད་ལས་གསུངས་པས། དེའི་ཚེ་ལས་ཀྱི་རྡོ་རྗེས་གསོལ་གདབ་ཀྱི་གོང་དུ་ཉེར་སྤྱོད་རོལ་མོ་དང་བཅས་པ་འབུལ་དགོས་པས་དེ་ཉིད་འདིར་བཤམ་པ་ཡིན་ཏེ། ཌོཾ་བི་བའི་ཚོགས་འཁོར་གྱི་གཞུང་ལས། རྡོ་རྗེས་ཀུན་ལ་མཆོད་པའི་ཚོགས། །ཡོངས་སུ་དག་པ་ཀུན་ཏུ་གཞག །མེ་ཏོག་ཐོགས་པ་མདུན་འདུག་ནས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ། །རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །ཞེས་སོགས་གསུངས་ཤིང་། ཕྱག་ལེན་ལ་ནི་ཆུ་བཞིའང་བསྣན་པར་མཛད་དོ། །བུམ་པ་སྟ་གོན་གྱི་བུམ་པ་རྣམས་ཀྱང་འདིར་བཤམ་དགོས་པས་འདི་ལ་གཉིས་ཏེ། བུམ་པའི་མཚན་ཉིད་དང་། དེ་ཇི་ལྟར་བཤམ་པའི་ཚུལ་ལོ། །དང་པོ་ནི། བཟང་པོ་ཡོངས་གཟུང་ལས། བུམ་པ་རྩ་བ་ནག་པོ་སོགས། །སྤངས་པ་མདུན་དུ་དགོད་པར་བྱ། །མགྲིན་པ་རིང་བ་ལྟོ་ཆེ་བ། །ཡལ་ག་བཟང་པོས་ཁ་རྣམས་མཛེས། །འོ་མ་དྲི་ཆུ་ལ་སོགས་པས། གང་བ་མགུལ་པར་རས་ཀྱིས་དཀྲིས། །རྗེས་སུ་མཐུན་པའི་སྟན་བྱས་ཏེ། །དཀྱིལ་འཁོར་ཁང་པར་གཞག་པར་བྱ། །ཞེས་གསུངས་ཏེ། རྩ་བ་སྤངས་པ་ནི་ཟུང་འཇུག་གསལ་བ་ལས། རྩ་བ་དོར་ཞིང་མ་འབྱར་བ་ཞེས་གསུངས་པ་ལྟར་འོག་གཞིར་འཇོག་པའི་ཚེ་དགོས་པ་ཡིན་གྱི། འདིར་ལེན་པའི་ཚེ་མ་འབྱར་བའོ། །ནག་པོ་སོགས་སྤངས་པ་ནི། ནག་པོ་ར་རི་མེད་པ་སྟེ། དཀྱིལ་ཆོག་གཉིས་ཆར་ལས། རྡོ་རྒྱུས་བཏག་པའི་ཆུས་བྱུག་པར་བྱའོ། །མགྲིན་པ་རིང་བ་ནི་འདིར་ཚད་བཤད་པ་མི་སྣང་ཞིང་། ཟུང་འཇུག་གསལ་བ་ལས། ལྟོ་བའི་སྟེང་ནས་སོར་བརྒྱད་རིང་བ་སྟེ། དེའི་སྟེང་དུ་ཕྱི་རོལ་དུ་ཁ་ཡོད་པ་དང་། དེའི་ཕྱི་རོལ་མཆུ་འཕྱང་བའོ། །ལྟོ་བ་ཆེ་བ་ནི་གཤིན་རྗེའི་གཤེད་ཀྱི་དཀྱིལ་ཆོག་ལས། བྲེ་ཚད་པ་ཞེས་གསུངས་ཤིང་། ཟུང་འཇུག་གསལ་བར། ལྟོ་བའི་རྒྱར་ནི་མཐོ་ལྔ་པ། །ཞེས་བཤད་པའང་ཡོད་དོ། །ལྷག་མ་རྣམས་ནི་ཁ་རྒྱན་སོགས་ཏེ་འོག་ཏུ་འཆད་དོ། །མདོར་ན་བུམ་པའི་རྒྱུ་ཚད། ཁྱད་པར་གྱི་ཆོས་རྣམས་ཟུང་འཇུག་གསལ་བ་ལས། དེ་ལ་གསེར་རམ་ཡང་ན་དངུལ། །ཟངས་སམ་འཇིམ་པའི་ངོ་བོའང་རུང་། །ཇི་ལྟར་རྙེད་པའི་བུམ་པ་ཞིག །བླངས་ཏེ་བརྟུལ་ཞུགས་ཅན་གྱིས་གཞག །བུམ་པ་དེ་དག་ནང་ནས་ནི། །རྣམ་རྒྱལ་མཚན་ཉིད་ལྡན་པར་བྱ། །སོར་མོ་བརྒྱད་ཀྱི་ཚད་ཀྱིས་ནི། །མགྲིན་པ་མཐོ་ཞིང་རྣམ་པར་མཛེས། །སོར་མོ་གཉིས་ཀྱི་མཆུ་འཕྱང་བ། །ལྟོ་བའི་རྒྱར་ནི་མཐོ་ལྔ་པའོ། །གལ་ཏེ་དེ་ལས་ཚད་གཞན་ན། །ཡོན་བདག་དགེ་བར་འགྱུར་མ་ཡིན། །ནག་པོ་རྣམ་པར་སྤངས་པ་དང་། །རྩ་བ་དོར་ཞིང་མ་འབྱར་བ། །བུ་ག་རྣམ་པར་སྤངས་པ་དང་། །དེ་བཞིན་གས་པ་མེད་པ་གཟུང་། །ཞེས་གསུངས་པ་འདི་ཉིད་གསལ་བར་སྣང་ངོ་། །གཉིས་པ་ནི། མཚན་ཉིད་དེ་དང་ལྡན་པའི་བུམ་པ་བཅུ་ལེགས་པར་བཀྲུས་ལ། རྣམ་པར་རྒྱལ་བའི་བུམ་པ་ལ་པདྨའི་སྟེང་དུ་ཐོད་པ་ལ་སྣ་ཚོགས་རྡོ་རྗེས་མཚན་པ་དང་། གྲི་གུག་བྲི། ལྷ་མོ་རྣམས་ཀྱི་བུམ་པ་ལ་རང་རང་གི་ཕྱག་མཚན་གཡས་པ་བྲི། ལས་ཐམས་ཅད་པ་ལ་སྣ་ཚོགས་རྡོ་རྗེ་བྲི་བར་དབང་ཆུར་གསུངས་ལ། བཟང་པོ་ཡོངས་གཟུང་ལས། རིགས་ཀྱི་མཚན་མས་མཚན་པ་སྟེ། །རྒྱལ་བ་བཞི་ཡི་མཚན་མ་ཡིས། །ལྟོ་བའི་ལོགས་བཞི་ལྡན་བྱས་ལ། །རྣམ་པར་རྒྱལ་བའི་བུམ་པར་བྱ། །གཞན་ཡང་དེ་འདྲ་འོན་ཀྱང་ཆུང་། །རིགས་ཀྱི་མཚན་མ་རེ་རེ་ཡིན། །ཞེས་གསུངས་སོ། །དེ་ནས་ལྷའི་ཁ་དོག་དང་མཐུན་པའི་རས་སམ་དར་དཀར་པོ་ཁ་ཚར་མ་ཉམས་པས་མགུལ་ཆིངས་པྲོག་ལྔ་པའམ། གསུམ་པའམ། བདུན་པ་བྱས་ལ། བདུད་རྩི་འཁྱིལ་པའི་སྔགས་བཟླས་ཏེ། གུ་གུལ་ནག་པོའི་དུད་པས་བདུག ཡུངས་ཀར་གྱིས་བརྡེག་ཅིང་བུམ་པའི་བགེགས་བསལ། དེ་ནས་བུམ་པའི་ནང་དུ་བཅུད་གཞུག་སྟེ། ནས་དང་། གྲོ་དང་། སྲན་མ་དང་། འབྲས་སོ་བ་དང་། ཏིལ་ཏེ་འབྲུ་ལྔ་དང་། གསེར་དང་། དངུལ་དང་། བྱེ་རུ་དང་། མུ་ཏིག་དང་། དུང་སྟེ་རིན་པོ་ཆེ་ལྔ་དང་། བྲི་ཧ་སྟི་དང་། ཀཎྜ་ཀ་རི་དང་། ཨ་པ་ར་ཙི་ཏ་དཀར་པོ་སྟེ་ཤུ་དག་དང་། ཧ་ས་སྟེ་རྒྱ་མཚོ་ལྦུ་བ་དང་། ཧ་ས་དེ་ཝ་དབང་པོ་ལག་པ་སྟེ་སྨན་ལྔ་དང་། ལན་ཚྭ་དང་། བུ་རམ་དང་། འོ་མ་དང་། མར་དང་། སྦྲང་རྩི་སྟེ་སྙིང་པོ་ལྔ་དང་། ཙནྡན་དཀར་པོ་དང་། དམར་པོ་དང་། གུར་གུམ་དང་། ག་བུར་དང་། ཛཱ་ཏི་སྟེ་དྲི་ལྔ་དང་། ཤ་ལྔ་དང་། བདུད་རྩི་ལྔ་ནི་བདུད་རྩི་རིལ་བུ་ལ་ཚང་བས། རྫས་སུམ་ཅུ་སོ་ལྔ་པོ་ཐམས་ཅད་ཇི་ལྟར་འབྱོར་པ་ཧྲོམ་བརྡུང་བྱ་སྟེ། བླུག་པའམ། རིལ་བུར་བྱ་སྟེ་གཞུག་པ་གང་རུང་བྱའོ། །ལུ་མ་དང་འབབ་ཆུ་ལ་སོགས་པ་དྲི་ཞིམ་པོའི་ཆུས་ཅི་རིགས་པར་བཀང་སྟེ། བཟང་པོ་ཡོངས་གཟུང་ལས། དངོས་གྲུབ་བརྒྱད་དུ་འདོད་བྱེད་ཕྱིར། །ལན་བདུན་བར་དུ་བཟླ་བ་ཡིན། །ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། གདྒཱའི་ཆུ་འགུགས་པའི་སྔགས་སོ། །ཞེས་གསུངས་པ་ལྟར། སྙིང་ག་ནས་ལྷ་མོ་སྤྲོས་ནས་ཆུ་བོ་གདྒཱ་ནས་ཆུ་བླུགས་པར་བསམ་སྟེ། སྔགས་ལན་བདུན་བཟླ་བར་བཤད་དོ། །ཤིང་ལོ་རློན་པའམ། དེ་མིན་ན་ཀུ་ཤ་རློན་པས་ཁ་བརྒྱན་ཏེ། བཟང་པོ་ཡོངས་གཟུང་ལས། ཨོཾ་ཧཱུྃ་སྭཱ་ཧཱ། ཞེས་པས་ཁ་རྒྱན་འཇོག་པར་བཤད། ཟུང་འཇུག་གསལ་བ་ལས། ཨ་མྲ་ཨུ་དུམྦཱ་ར་དང་། །མྱ་ངན་འཚེ་དང་ཨ་ཤྭཏྠ། །དེ་ནི་ལྷོ་སྐྱེས་ལོ་འདབ་ལྔ། །བུམ་པ་རྣམས་ཀྱི་ཁ་མཛེས་པའོ། །ཞེས་བཤད་དོ། །དེ་རྣམས་དཀྱིལ་འཁོར་གྱི་ཕྱི་རོལ་ལོགས་གཅིག་ཏུ་གནས་མཛེས་པ་ཞིག་ཏུ། རས་སམ། དར་རམ། སྣམ་བུ་ལ་སོགས་པའི་གདན་ལ་ལྷའི་བཀོད་པ་ཇི་ལྟ་བ་བཞིན་དུ་བཀོད་ལ་གཞག ལས་ཐམས་ཅད་པའི་བུམ་པ་བྱང་ཤར་གྱི་པུཀྐ་སཱིའི་བུམ་པའི་དྲུང་དུ་བཞག་པར་དབང་ཆུར་གསུངས་ལ། བཟང་པོ་ཡོངས་གཟུང་ལས། འཁོར་ལོ་ཡི་ནི་སྒོ་བཞི་རུ། །ཤར་ཕྱོགས་སྒོ་ནས་བརྩམས་བྱས་ཏེ། །བུམ་པ་རྣམས་ནི་དགོད་པར་བྱ། །རྒྱལ་བ་དང་ནི་བཀྲ་ཤིས་ཞེས། །བྱ་བ་ཤར་སྒོའི་ལོགས་གཉིས་ལ། །ལྷོ་རུ་དངོས་གྲུབ་བསྲུང་བར་བཤད། །ནུབ་ཏུ་རྒྱལ་དང་ཞི་བ་སྟེ། །བྱང་དུ་དངོས་གྲུབ་རྫུ་འཕྲུལ་ཏེ། །དངོས་གྲུབ་རིན་ཆེན་བུམ་པའོ། །ཞེས་གསུངས་པའི་དོན། རྗེ་བཙུན་རྩེ་མོས་རིགས་བསྡུས་པ་ལ་ཕྱོགས་བཞིར་རིགས་རེ་རེ་དང་། དེའི་ཡུམ་རེ་རེ་སྟེ་གཉིས་གཉིས་བཀོད་པ་ཡིན་ལ། རིགས་རྐྱང་ལ་སྔར་གྱི་འགོད་ཚུལ་དེ་ཉིད་ཀྱིས་ཆོག་པར་བཤད་དོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་ཐོད་པའམ། དུང་ཆོས་ཀྱི་ནང་དུ་དྲི་ཞིམ་པོའི་ཆུ་དང་། འོ་མ་དང་བདུད་རྩི་རིལ་བུ་སྦྱར་བས་བཀང་ལ། དེའི་སྟེང་དུ་རྡོ་རྗེ་ལ་གཟུངས་ཐག་བཏགས་ལ་གཞག་གོ །ཞེས་པ་ཙམ་ཞིག་དབང་ཆུར་གསུངས་ཤིང་། བཟང་པོ་ཡོངས་གཟུང་ལས། ཧཱུྃ་བདུན་བཟླས་པའི་སྲད་བུ་དཀར། །མེ་ཏོག་ཕྲེང་བ་ལྷག་པར་བཅིངས། །ཙནྡན་དཀར་པོའི་དྲི་ཆུར་བཅུག །ཕྲེང་བའི་མགོ་བོ་ལག་གཟུང་ནས། །རྡོ་རྗེའི་དབུས་བཅིངས་སྟེང་གཞག་ལ། །ཞེས་གསུངས་ཏེ། དེང་སང་སྐུད་པ་སྣ་ལྔ་བསྒྲིལ་བ་ལ་གཟུངས་ཐག་བྱེད་པ་ནི་མེ་ཏོག་ཕྲེང་བའི་དོད་ཡིན་ཞེས་བླ་མ་རྣམས་གསུང་ངོ་། །དེ་འདྲ་བའི་གཟུངས་ཐག་དེ་རྣམ་རྒྱལ་བུམ་པའི་སྟེང་ནས་བུམ་པ་དུ་ཡོད་ཀྱི་ཁ་ལ་གཡས་སྐོར་དུ་བསྐོར་བ། སྣ་གཅིག་རང་གི་ལག་ཏུ་འོང་བའི་ཚད་ཙམ་དུ་གཞག་གོ །གཞན་ཡང་སློབ་མ་སྟ་གོན་ལ་ཉེ་བར་མཁོ་བའི་ཡོ་བྱད་སློབ་མ་གྲངས་དུ་ཡོད་པ་ལ་མཆོད་པ་ལྔ་དགོས་ཏེ། མེ་ཏོག་དང་བདུག་སྤོས་འབུལ་པའི་དུས་སུ་སོ་སོར་ཕུལ་བས་སྣོད་རེ་རེས་ཆོག དྲིའི་འདེ་གུ་ལས་ཐམས་ཅད་པ་འདི་ཉིད་ཀྱིས་འབུལ་བས་ན་སྣོད་གཅིག་གིས་ཆོག མར་མེའི་སྣོད་དང་། ལྷ་བཤོས་ཀྱི་སྣོད་སོ་སོར་བཤམས་ཏེ། མཚོ་སྐྱེས་ལུགས་ཀྱི་དབང་ཆུར། མར་མེ་ཉེར་ལྔ་དང་། ལྷ་བཤོས་ཉེར་ལྔ་དགོས་པར་གསུངས་པ་ལྟ་བུའོ། །སོ་ཤིང་སོར་བཅུ་གཉིས་པའི་ཚད་ཅང་མ་ལ་སོགས་པའི་ཤིང་འཇམ་པ་དྲང་བ། རྩི་མ་ཉམས་པར་བྱས་པ་རྩེ་མོར་མེ་ཏོག་གིས་བཅིངས་པ་སློབ་མའི་གྲངས་དང་མཉམ་པ་དང་། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་ཀྱང་སློབ་མའི་གྲངས་དང་མཉམ་པ་དགོས། སྲུང་སྐུད་དམར་པོའི་བེའུ་སློབ་མའི་ལུས་ཚད་བས་མཐོ་རེ་ཙམ་གྱིས་ལྷག་པ་སུམ་སྒྲིལ་དུ་བྱས་པ་སློབ་མའི་གྲངས་དང་མཉམ་པ་དང་། ཁ་བཤལ་བའི་ཆུ་དྲི་ཞིམ་པོའང་སྟ་གོན་བྱའོ། །གཞན་ཡང་དང་པོར་འཇིག་རྟེན་ལས་འདས་པ་ལ་འབུལ་བའི་གཏོར་མ་ཕུད་ལས་ཆུང་བར་གཞག འབྱུང་པོ་བརྒྱད་གསུམ་ཉེར་བཞི་དང་། ཆོས་སྐྱོང་ལ་འབུལ་པའི་གཏོར་མ་ལྷག་མ་ལས་ཆེ་བར་བྱ། སའི་ལྷ་མོའི་གཏོར་མ་དང་། སྔོན་འགྲོའི་གཏོར་མ་སྟེ་བཞི་པོའང་བཤམ། ཞེས་གསུངས་པས་དཀྱིལ་འཁོར་གྱི་མདུན་དུ་གཏོར་མ་གཉིས་བཤམས་ནས། དང་པོ་འདས་གཏོར་ཡིན་པས་རྒྱུ་ཕུད་ལས་བྱ་ཞིང་མཆོད་པ་གཙོ་བོ་ཡིན་གྱི་གཏོར་མ་གཙོ་བོ་མ་ཡིན་པས་ངོ་བོ་ཆུང་བར་བྱ། གཉིས་པ་འཇིག་རྟེན་པའི་གཏོར་མ་ཡིན་པས་རྒྱུ་ལྷག་མ་ལས་བྱ་ཞིང་། གཏོར་མ་གཙོ་བོ་ཡིན་པས་ངོ་བོ་ཆེ་བར་བྱ། གཉིས་པོ་འདི་ཙམ་གྱིས་ཆོག་པར་སྣང་སྟེ། ཕྱི་མ་འདི་ཉིད་ཆོས་སྐྱོང་ལའང་འབུལ་བར་བཤད་པས་སོ། །ཕྱག་ལེན་ལ་འདས་གཏོར་དང་། མགོན་པོ་ལྕམ་དྲལ་དང་། གདོང་བཞི་པ་དང་ལས་མགོན་གྱི་གཏོར་མ་དང་། མཁའ་འགྲོ་སྤྱི་གཏོར་ཏེ་ལྔ་མཛད་ཅིང་། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གཡས་སྐོར་དུ་བཤམ་པ་ཉིད་མཛད་དོ། །བདེ་མཆོག་ལ་གཡོན་གྱི་ཀུན་སྤྱོད་གཙོ་བོ་ཡིན་པས་གཡོན་སྐོར་དུ་བཤམ་པ་མ་གཏོགས་གཞན་རྣམས་ལ་མཆོད་གཏོར་གཉིས་ཀའང་ལས་འཇམ་པོ་གསུམ་ལ་གཡས་སྐོར་དང་། དྲག་པོ་ལ་གཡོན་སྐོར་དུ་བཤམ་པ་ཞབས་ཀྱི་སྟངས་སྟབས་དང་། འཁོར་ལོའི་སྐོར་ཚུལ་དང་། སྦྱིན་སྲེག་གི་མཆོད་རྫས་བཤམ་ཚུལ་གྱིས་གྲུབ་པས་སོ། །དེས་ན་ལག་ལེན་པ་འགའ་ཞིག་མཆོད་འགོ་གཡས་ལ་གཏོར་འགོ་གཡོན། །ཞེས་པ་ནི་རང་དགའི་ཚིག་ཡིན་པར་ཤེས་པར་བྱའོ། །གཏོར་མའི་སྣོད་ཀྱང་ལྕགས་མ་ཡིན་པ་གསེར་ལ་སོགས་པ་ལ་པདྨའི་རྣམ་པ་ཅན་ནོ། །གཏོར་མའི་གཟུགས་བརྙན་ལ། རིན་པོ་ཆེ་བུ་སྟོན་པས། རྒྱུད་དང་རྒྱ་གཞུང་ནས་འདི་བྱེད་མ་བཤད་པས་ངེས་པ་མེད་དོ། །ཞེས་གསུངས་ཡང་། རྡོ་རྗེ་མཆུའི་དམ་ཚིག་གི་གཟུངས་ལས། རྒྱུ་ནི་ནས་ཟན་དང་། འབྲས་ཟན་དང་། སྦྲང་རྩི་དང་། བུ་རམ་དང་། ཀ་ར་ལ་སོགས་པ་བཟའ་བའི་བྱེ་བྲག་ཁ་ན་མ་ཐོ་བ་མེད་པ་རྣམས་སོ། །གཏོར་རྒྱན་སོགས་སྔགས་པས་དཀོན་མཆོག་ལ་འབུལ་བ་དང་། རང་ལོངས་སྤྱོད་པའི་ཤ་ནི་ཤི་ཤ་ཁོ་ནར་སྒྲོན་གསལ་དང་། དུས་འཁོར་དུ་གསལ་བར་བཤད་པས་དེ་བཞིན་བྱའི། བསད་ཤ་ལ་ནི་མི་བྱའོ། །བརྟག་གཉིས་ལས། རྒྱལ་མཚན་དང་ནི་མཚོན་བསྣུན་དང་། །ལན་བདུན་པ་ཡང་བཟའ་བར་བྱ། །ཐམས་ཅད་གདུག་པ་གཞུག་པ་སྟེ། །ཞེས་པ་ནི་སྤྱོད་པའི་གནས་སྐབས་ཀྱི་ཚོགས་རྫས་སུ་བཤད་ཀྱིས་ལས་དང་པོ་པའི་ཁ་ཟས་དང་། དཀོན་མཆོག་གི་མཆོད་པར་མ་བཤད་ལ། སྤྱོད་པའི་གནས་སྐབས་སུའང་ཤའི་ཆེད་དུ་བསད་པ་ནི་མ་ཡིན་ནོ། །ནས་ཀྱི་ཟན་ལ་གཏོར་མ་པདྨའི་དབྱིབས་ཅན་བྱས་ཏེ་འབུལ་བར་བཤད་པས། སྙིང་པོ་ཟླུམ་པོ་རྩེ་མོ་ཅུང་ཟད་རྣོ་བའི་མཐའ་མ་མཐེབ་ཀྱུས་བསྐོར་བ་ལ། པདྨའི་རྣམ་པ་ཡོད་པས་དེ་ལྟར་བྱའོ། །གྲུ་གསུམ་ལ་སོགས་པ་བྱེད་པ་ནི་མ་དག་པ་ཡིན་ནོ། །དེ་ལ་གཏོར་དར་ཡང་བཙུགས་པས་རུང་སྟེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། གཏོར་མ་གདུགས་དང་། བ་དན་དང་། རྔ་ཡབ་ལ་སོགས་པས་བརྒྱན་པར་བཤད་པའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་གྲལ་ཇི་ལྟར་མཛེས་པའི་གནས་སུ་གདན་བཤམ། སྦྱིན་སྲེག་བྱེད་ན་སྦྱིན་སྲེག་གི་ཡོ་བྱད་ཀྱང་བཤམ། ཡང་ནང་གི་སྦྱིན་སྲེག་གི་ཡོ་བྱད་ཀྱང་བཤམ། དེ་ལ་སོགས་པ་གང་དགོས་པ་བཤམ་སྟེ། འདི་དག་ནི་སྟ་གོན་གྱི་གནས་སྐབས་སུ་ཉེ་བར་མཁོ་བའི་ཡོ་བྱད་འཚོག་ཆས་བྱེད་པ་ཡིན་པས་སྟ་གོན་གྱི་སྦྱོར་བ་ཡིན་ལ། ས་ཆོག་མ་བྱས་ན་ས་ཆོག་གི་དོད་ཀྱང་ཡིན་ཞེས་གསུངས་སོ། །གཉིས་པ་སྔོན་འགྲོ་རྣམ་གསུམ་བྱ་བ་ལ། ཌོཾ་བི་ལུགས་ཀྱི་དབང་ཆུར་ཐོག་མར་མཎྜལ་ཞུ་འབུལ། དེ་ནས་སྔོན་འགྲོ་གཏོར་མ། མཆོད་པ་བྱིན་དབབ་པ་རྣམས་གསུངས་ལ། འདིར་ནི་མཎྜལ་ཞུ་འབུལ་ཐ་མར་གསུངས་པའི་ལུགས་དང་པོ་ནི། ཐོག་མར་ལྷའི་རྣལ་འབྱོར་ལ་གནས་པར་ཁས་བླངས་ནས་ཆོ་ག་ལ་འཇུག་པའི་དབང་དུ་བྱས་ལ། ཕྱི་མ་ནི་གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། །ཅེས་པའི་ཏིང་ངེ་འཛིན་དེའང་བསྐྱེད་རྫོགས་ཉིད་ཡིན་པས་དེ་དང་སྦྲེལ་བའི་དབང་དུ་བྱས་པའོ། །འདིར་ཕྱི་མ་ལྟར་བཤད་ན་དབང་ཆུར་དང་པོར་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱ་བའི་ཕྱིར་སྔོན་དུ་འགྲོ་བའི་གཏོར་མ་བཏང་སྟེ། དེའི་ཆོ་ག་ནི་འབྱུང་པོ་སྤྱིའི་གཏོར་མའམ། མཁའ་འགྲོ་སྤྱི་གཏོར་གྱིས་གཏོང་ཞེས་གསུངས་པའི་འབྱུང་པོ་སྤྱིའི་གཏོར་མ་ནི། སྟེགས་ཀྱི་སྟེང་དུ་གཏོར་མ་བཤམ་སྟེ། ཆུ་དང་ཆང་གིས་བྲན། རྡོ་རྗེའི་རྩེས་ནང་མཆོད་ནས་གཏོར་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། ལག་པ་གཡས་དང་། གཡོན་དང་། གཉིས་ཀ་བསྟན་ཏེ། ཨོཾ་ཨཱཿཧཱུྃ་ཞེས་དང་། བྱ་ཁྱུང་གི་ཕྱག་རྒྱ་བཅས་ཏེ་ཧོ་ཞེས་དང་། སླར་ཡང་ཧ་ཧོ་ཧྲཱིཿལན་གསུམ་བརྗོད་དེ་བདུད་རྩིའི་རང་བཞིན་དུ་བསམ། ལུས་ཀྱིས་ལྕགས་ཀྱུའི་ཕྱག་རྒྱའམ། འདོད་རྒྱལ་གྱི་ཕྱག་རྒྱ་གང་རུང་བཅས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འབྱུང་པོ་ཉེར་བཞི་སྤྱན་དྲངས་པར་བསམ་སྟེ། ཨོཾ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿཞེས་བརྗོད། ཨོཾ་ཨིནྡ་སོགས་ལན་གསུམ་མམ། ལྔའམ། བདུན་གྱིས་ཕུལ། ཆུ་བཞི་དང་ཉེར་སྤྱོད་ལྔས་མཆོད། ཨོཾ་མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་ཞེས་པས་ནང་མཆོད་ཕུལ། དྲིལ་བུ་སུམ་བརྡུང་དང་། དཀར་མོ་རི་དྭགས་སོགས་བརྗོད་ལ། ཐམས་ཅད་རིགས་ལྔའི་རང་བཞིན་དུ་མོས་ནས། མི་བསྐྱོད་རྡོ་རྗེ་སོགས་ཀྱིས་བསྟོད། དྲིལ་བུ་ཆིག་བརྡུང་དང་། ལྷ་ཡི་ཚོགས་རྣམས་ནས་ཀུན་འགྲུབ་ཤོག་གི་བར་བརྗོད། སླར་ཡང་སུམ་བརྡུང་དང་། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་ཆེན་མཆོག་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་སྙིང་པོ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བར་འཚལ་ན་ཞེས་པའམ། སློབ་མ་གཞུག་ཅིང་དབང་བསྐུར་བར་འཚལ་ན་ཞེས་སྐབས་ཐོབ་དང་སྦྱར་ཏེ། སྲུང་མའི་དབང་པོ་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ། བར་དུ་གཅོད་པ་ཐམས་ཅད་ལས་བསྲུང་དུ་གསོལ། དེ་ནས་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་དུ་གསོལ། ཞེས་བརྗོད་དེ་གཏོར་མ་ཕྱི་རོལ་དུ་བསྐྱལ། རྡོ་རྗེ་གསོར། དྲིལ་བུ་དྲག་ཏུ་དཀྲོལ་ཏེ། གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བ། གསང་སྤྱོད་བལྟ་བར་མི་དབང་བའི་འབྱུང་པོ་དེ་དག་འདིར་མ་གནས་པར་གཞན་དུ་སོང་ཤིག ཅེས་བརྗོད་དེ་ལས་ཐམས་ཅད་པའི་སྔགས་དང་། རྩ་སྔགས་དྲག་ཏུ་བརྗོད་དོ། །ཁ་ཅིག་འདིར་གཏོར་མགྲོན་བསྐྲད་པར་འདོད་པ་དང་། གཞན་དག་གཏོར་མགྲོན་ཡེ་ཤེས་པ་ཡིན་པས། འདིར་མི་དགོས་པར་སྨྲ་བ་གཉིས་ཀས་ནི། གཏོར་མགྲོན་འཇིག་རྟེན་པའི་ཚུལ་སྟོན་པའི་རྗེས་སུ། འཇིག་རྟེན་རང་རྒྱུད་པ་འོང་བས་དེ་བསྐྲད་དགོས་པའི་དོན་མ་རྟོགས་པའོ། །གཉིས་པ་མཆོད་པ་བྱིན་དབབ་པ་ནི་འདིར་དེ་ནས་མཆོད་པའི་ཡོ་བྱད་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་མཐའ་དང་མཉམ་པར་བྱིན་གྱིས་བརླབས་ཏེ། དྲིལ་བུ་ལ་སོགས་པ་རོལ་མོའི་ཡོ་བྱད་ཐམས་ཅད་འབུད་དཀྲོལ་བྱ་ཞིང་། ཨོཾ་བཛྲ་གྷཎྜེ་ར་ཎི་ལ་སོགས་པའི་སྔགས་ལན་གསུམ་བརྗོད་དེ། མཆོད་པ་བྱིན་དབབ་བོ་ཞེས་གསུངས་ཤིང་། ཌོཾ་བི་ལུགས་ཀྱི་དབང་ཆུ་དང་། བདེ་མཆོག་ནག་པོ་དཀྱིལ་ཆོག་ལས་ཀྱང་འདི་དང་འདྲ་བར། མཆོད་པ་བྱིན་དབབ་པ་ཙམ་མ་གཏོགས། གནས་ཁང་བྱིན་རླབས་གསུང་བ་མི་སྣང་ཡང་། བླ་ཆེན་འཕགས་པས་གནས་དང་ཡོ་བྱད་གཉིས་ཀ་བྱིན་རླབས་མཛད་པ་ནི། བཟང་པོ་ཡོངས་གཟུང་ལས། རྫས་ལྔ་སྟ་གོན་གྱི་སྐབས་སུ། ཐོག་མར་གནས་ཁང་མི་དམིགས་ཏེ། སྟོང་པའི་ངང་ལས་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ། རྣམ་སྣང་ཡབ་ཡུམ་སྙོམས་པར་ཞུགས་ཏེ་ཞུ་བ་འདྲེས་པས་རྐྱེན་བྱས་ནས། གནས་ཁང་གཞལ་ཡས་ཁང་བྱིན་གྱིས་བརླབས། དེ་ནས་རྫས་ལྔ་སྟ་གོན་སོགས་སྟ་གོན་དང་དངོས་གཞིའི་བྱ་བ་ཐམས་ཅད་བྱེད་པར་བཤད་པ་དེ། ཆོ་ག་ཐམས་ཅད་ལ་མདོར་བསྡུས་པའི་ཚུལ་གྱིས་སྦྱར་བར་སྣང་བས་ཤིན་ཏུ་ལེགས་པའོ། །རྗེ་བཙུན་གོང་མས་སྐབས་འདིར་དངོས་སུ་མ་གསུངས་པ་ནི། ལྡང་བའི་རྣལ་འབྱོར་གྱི་སྐབས་སུ་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་ལྟ་བའི་རྒྱུན་ཡོད་བཞིན་པའི་དབང་དུ་བྱས་ལ། དྲན་པ་གསོ་བའི་ཆེད་དུ་འདིར་བརྗོད་པ་ནི་ལེགས་པའོ། །ཇི་ལྟར་བྱ་བའི་ཆོ་ག་ནི། གནས་དང་མཆོད་པའི་ཡོ་བྱད་རྣམས་ལ་བདུད་རྩི་གཏོར་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ་སྒོ་བཞི་པ། རྟ་བབས་བཞི་དང་ལྡན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞལ་བསིལ། འཐོར་འཐུང་། མཆོད་ཡོན། མེ་ཏོག བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་པའི་ཡོ་བྱད་རྣམས་དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་མཐའ་ཀླས་པར་གྱུར་ཞེས་པའམ། སྤྲོ་ན་དྭངས་ཤིང་ཐོགས་པ་མེད་པ། ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པར་གྱུར་ཅེས་པའམ། ཡང་སྤྲོ་ན། དྭངས་ཤིང་ཐོགས་པ་མེད་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་གྲུབ་པ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་གྱུར་ཅེས་པ་གསུམ་པོ་གང་རུང་བརྗོད་ནས། གྷཎྜེ་ར་ཎི་ལན་གསུམ་དང་། རོལ་མོའི་ཡོ་བྱད་ཐམས་ཅད་འབུད་དཀྲོལ་གྱིས་བྱིན་དབབ་བོ། །གྷཎྜེ་ར་ཎི་ལན་གསུམ་གྱི་དང་པོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། གཉིས་པས་དེ་དག་གིས་གནས་ཁང་གཞལ་ཡས་ཁང་དུ་རང་གི་བྱིན་གྱིས་བརླབས་པ་ལྟར་དུ་བྱིན་གྱིས་བརླབས། གསུམ་པས་མཆོད་རྫས་རང་གིས་བྱིན་གྱིས་བརླབས་པ་ལྟར་བྱིན་གྱིས་བརླབས་པར་བསམ་གསུང་ངོ་། །དཀྱིལ་ཆོག་གཞན་ལ་སྦྱར་ནའང་། ཆུའི་གྲངས་འདོན་པ་བསྒྱུར་བ་མ་གཏོགས་པ་གཞན་འདྲའོ། །གསུམ་པ་མཎྜལ་ཞུ་འབུལ་ནི་དབང་ཆུ་གཉིས་ལས། དེ་ནས་ལས་ཀྱི་རྡོ་རྗེས་སྤྱིར་མཎྜལ་ཕུལ། སོ་སོར་མེ་ཏོག་ཕུལ་ཏེ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ཅེས་པ་ཙམ་ལས་མ་གསུངས་ཀྱང་། རྗེ་བཙུན་དང་། ས་པཎ་གྱི་ཚོགས་འཁོར་གྱི་གཞུང་གཉིས་ལས་དེའི་རྗེས་སུ་སོ་སོའི་མེ་ཏོག་བསྡུས་ཏེ། ཐུན་མོང་དུ་གཙོ་བོ་ལ་མཎྜལ་དབུལ། གཙོ་བོས་ཀྱང་མཎྜལ་ཡིད་ཀྱིས་བླ་མ་ལ་འབུལ་བར་གསུངས་པའི་ཕྱག་ལེན་གྱི་རིམ་པ་ནི། ལས་ཀྱི་རྡོ་རྗེས་ཐོག་མར་ཕྱག་ལན་གསུམ་འཚལ་ཏེ། མཎྜལ་ཚོམ་བུ་བཤམས་ནས། དཔལ་ལྡན་བླ་མ་དམ་པ་དང་། འདིར་འདུས་པའི་རིག་པ་འཛིན་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཞེས་སོགས་བརྗོད། ཡང་ཕྱག་གསུམ་དང་། གཙོ་བོའི་མདུན་དུ་ཏིང་ཕོར་མེ་ཏོག་གིས་བཀང་བ་སྤོས་རེང་དང་བཅས་པ་བཞག གཞན་རྣམས་ལ་སོ་སོར་མེ་ཏོག་བཀྲམ། ཡང་ཕྱག་གསུམ་དང་། འགྲེང་སྟེ་འདུད་པ་དང་བཅས་པའམ། པུས་མོ་བཙུགས་པ་གང་རུང་གིས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་བཟུང་ནས། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང་། །ཡོན་བདག་བགེགས་ཞི་ཚོགས་གཉིས་རྫོགས་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་མཛོད། །ཞེས་བརྗོད་ནས་མེ་ཏོག་དོར་བ་ལན་གསུམ་བྱའོ། །ཡང་ཕྱག་གསུམ་དང་། གཙོ་བོ་མ་གཏོགས་པའི་མེ་ཏོག་རྣམས་མཐའ་ནས་རིམ་གྱིས་བསྡུའོ། །ཡང་ཕྱག་གསུམ་དང་། ཐམས་ཅད་ཀྱིས་ཐུན་མོང་དུ་གཙོ་བོ་ལ་ཚོགས་ཀྱི་སློབ་དཔོན་ཞུ་བའི་ཆེད་དུ་མཎྜལ་དབུལ་ནས། མཎྜལ་ཚོམ་བུ་དང་བཅས་པ་གཙོ་བོའི་དྲུང་དུ་བཞག གཙོ་བོས་ཀྱང་སྔར་གྱི་མེ་ཏོག་ཚོམ་བུ་བསྣན་ནས། མ་ཚང་བ་མེད་པ་འདི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཞེས་སོགས་བརྗོད་ལ། ལས་ཀྱི་རྡོ་རྗེས་མཎྜལ་རྟེན་གྱི་དྲུང་དུ་བཞག་གོ །ཡང་ཕྱག་གསུམ་བྱས་ནས་རང་ཉིད་གྲལ་དུ་འདུག་སྟེ། ལག་ལེན་པ་དག་འདི་ལ། ཕྱག་གསུམ་འཚལ་ནས་མཎྜལ་བཤམ། །ཕྱག་གསུམ་འཚལ་ནས་མེ་ཏོག་བཀྲམ། །ཕྱག་གསུམ་འཚལ་ནས་ཞུ་འབུལ་བྱེད། །ཕྱག་གསུམ་འཚལ་ནས་མེ་ཏོག་བསྡུ། །ཕྱག་གསུམ་འཚལ་ནས་མཎྜལ་དབུལ། །ཕྱག་གསུམ་འཚལ་ནས་གྲལ་དུ་འདུག །ཅེས་པའི་བསྡུ་བའི་ཚིགས་བཅད་ཀྱང་མཛད་དོ། །གསུམ་པ་སྔོན་འགྲོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ནི། དབང་ཆུར། དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར། །ཡི་གེ་བརྒྱ་པ་ཅི་ནུས་བཟླས། །བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར། སྲུང་བའི་འཁོར་ལོའི་བསྒོམ་བཟླས་ཅུང་ཟད་བྱས་ལ། ཐམས་ཅད་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རྣལ་འབྱོར་སྒྲུབ་ཐབས་འབྲིང་པོ་ཡན་ལག་དྲུག་པ་ཡོངས་སུ་རྫོགས་པར་བསྒོམ་པ་དང་། བཟླས་པ་ཅུང་ཟད་བྱས་ཏེ། མཆོད་པའི་ཡོ་བྱད་ཐམས་ཅད་བསང་ཞིང་བྱིན་གྱིས་བརླབས་ལ་གཞག་གོ །དེ་ནས་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ནམ་མཁར་བཏེག་པའམ། ཡང་ན་རང་གི་སྙིང་གར་བསྡུས་ཏེ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ལངས་ལ་སྟ་གོན་དུ་གནས་པའི་ཆོ་ག་རྣམས་བྱའོ། །ཞེས་དང་། ཡང་དབང་ཆུའི་དཔེ་ཁ་ཅིག་ལས། གཞན་རྣམས་འདྲ་བ་ལས། མཆོད་པའི་ཡོ་བྱད་ཐམས་ཅད་བསང་ཞིང་བྱིན་གྱིས་བརླབས་ལ་བདག་གིས་བསྒོམས་པའི་དཀྱིལ་འཁོར་ལ་ཕྱི་དང་། ནང་དང་། ཡིད་ལས་བྱུང་བ་དང་། བསྟོད་པའི་མཆོད་པ་རྣམས་བྱའོ། །དེ་ནས་རང་གི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཞེས་སོགས་གསུངས་པའི་དཔེ་གཉིས་སྣང་བ་ལས། སྔ་མ་ནི་བར་སྐབས་ཀྱི་ཚིག་འབྲུ་དེ་དག་ཆད་ནས་བཞག་གོ་ཞེས་པའི་ཚིག་བསྣན་པར་སྣང་བས། མ་དག་པ་ཡིན་ཏེ། འདིར་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་དེ་བདག་བསྐྱེད་ཀྱི་ཡིན་ནམ་མདུན་བསྐྱེད་ཀྱི་ཡིན། དང་པོ་ལྟར་ན་བདག་བསྐྱེད་ལ་འབུལ་བ་མེད་པ་དང་འགལ་ལ། ཕྱི་མ་ལྟར་ན་ཡན་ལག་བཞི་རྫོགས་སུ་བསྐྱེད་ཟིན་པའི་རྗེས་སུ་བྱིན་རླབས་བཤད་པ་དང་ཟློས་པའི་སྐྱོན་ཡོད་པའི་ཕྱིར་རོ། །གལ་ཏེ་སྐབས་དེར་བྱིན་རླབས་སྔར་བྱས་ཟིན་པ་དེའི་དུས་སུའང་བསང་བ་དང་སྦྱང་བ་དང་། སྐད་ཅིག་ཙམ་གྱིས་བྱིན་གྱིས་བརླབས་ལ་ཞེས་གསུངས་པའི་སྔར་བྱས་ཟིན་པ་འདི་ཉིད་ལ་སྙེག་གོ་སྙམ་ན་དེ་ནི་མ་ཡིན་ཏེ། སྔར་བྱས་ཟིན་པའི་དོན་སྔོན་འགྲོའི་སྐབས་སུ་བྱས་ཟིན་པ་ལ་དགོངས་པ་ཡིན་གྱི་ལན་གསུམ་བྱེད་པའི་དོན་མ་ཡིན་པའི་ཕྱིར་རོ། །དེ་ནས་ཕྱི་མ་ལྟར་དག་སྟེ། འདིར་དཔེ་དག་པ་ལས་དེ་བཞིན་དུ་འབྱུང་བའི་ཕྱིར་དང་། ཌོཾ་བི་ལུགས་ཀྱི་དབང་ཆུར་ཡང་། བདག་བསྐྱེད་མཆོད་བསྟོད་ཀྱི་བར་བྱས་ནས། དཀྱིལ་འཁོར་བསྡུ་བར་གསུངས་པའང་འདི་དང་མཐུན་པའི་ཕྱིར་དང་། རྗེ་བཙུན་གྱིས་ལས་བཞིའི་སྦྱིན་སྲེག་ལས་ཀྱང་། བཟླས་པའི་རྗེས་སུ་མཆོད་པ་ཅི་ནུས་བྱས་ལ། དཀྱིལ་འཁོར་བསྡུ་བར་གསུངས་པའི་ཕྱིར་དང་། བདེ་མཆོག་ནག་པོ་པའི་སྒྲུབ་ཐབས་ནར་མ་ལ། ས་ཆེན་གྱིས། ཕྱི་དང་། ནང་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་གསུམ་ལས་མ་གསུངས་ཀྱང་། ནག་པོ་དཀྱིལ་ཆོག་ལས། མདུན་བསྐྱེད་དང་འབྲེལ་བའི་ཚེ་བདག་བསྐྱེད་ལའང་མཆོད་པ་དྲུག་ཆར་བྱེད་པར་གསུངས་པའང་འདི་དང་མཐུན་པའི་ཕྱིར་རོ། །དེས་ན་སྒྲུབ་ཐབས་ཡན་ལག་བཞི་དྲུག་གཉིས་ལས། ཐོ་རངས་ཀྱི་ཐུན་ནས་བསྒོམ་པའི་དབང་དུ་བྱས་ནས་ཡི་གེ་བརྒྱ་པའི་བཟླས་པ་མ་གསུངས་ཀྱང་། འདིར་ཕྱི་མ་རེད་དམ། སྲོད་ཀྱི་དུས་སུ་བསྒོམ་པའི་དབང་དུ་བྱས་ནས། སྐྱབས་འགྲོ་སེམས་བསྐྱེད་ཡི་གེ་བརྒྱ་པའི་བསྒོམ་བཟླས་ཀྱང་སྦྱར། སྒྲུབ་ཐབས་གཉིས་ལས། ཐུན་མོང་མ་ཡིན་པའི་སྲུང་འཁོར་གྱི་བསྒོམ་བཟླས་མ་གསུངས་ཀྱང་། འདིར་དེའང་སྦྱར་ཏེ། སྒྲུབ་ཐབས་ཡན་ལག་དྲུག་པ་རྫོགས་པར་བསྒོམས་ནས། བཟླས་པ་ཅུང་ཟད་བྱས་ལ། མདུན་གྱི་མཆོད་པ་རྣམས་བསང་སྦྱང་བྱིན་གྱིས་བརླབས་ཏེ། མཚན་སྔགས་སྔོན་དུ་འགྲོ་བའི་སྔགས་ཙམ་གྱིས་ཆུ་བཞི་ཉེར་སྤྱོད་རོལ་མོ་དང་བཅས་པ་དབུལ། ལྷ་དགུའི་ས་བོན་ཙམ་གྱིས་ནང་མཆོད་དང་ཡིད་བྱུང་དང་། བསྟོད་ཐུང་རྣམས་ཀྱིས་ཀྱང་བདག་བསྐྱེད་ལ་མཆོད་པ་ནི་མདུན་བསྐྱེད་དང་འབྲེལ་བའི་ཚེ་བདག་བསྐྱེད་ལའང་མཆོད་བསྟོད་རྒྱུན་དུ་བྱ་བའི་དོན་ཏེ། འདིའི་རིགས་ཞིབ་ཏུ་དཔྱད་ན་མང་པོ་ཞིག་ཡོད་དོ། །མཆོད་བསྟོད་འདི་ལ་རོལ་མོ་དངོས་སུ་བྱས་ཀྱང་འགལ་བ་མི་སྣང་སྟེ། རྗེ་བཙུན་གྱི་ཚོགས་འཁོར་གྱི་གཞུང་ལས་བདག་བསྐྱེད་ཀྱི་དཀྱིལ་འཁོར་མཆོད་པ་ལའང་ཐུན་མཚམས་ཀྱི་སྐབས་སུ་བཤད་པ་བཞིན་རྒྱས་པར་བྱ་བར་གསུངས་པའི་ཕྱིར་དང་། བདག་བསྐྱེད་ལ་རོལ་མོ་མི་བྱེད་པར་བཤད་པ་ནི་བཟླས་པ་མ་ཚར་གྱི་བར་ལ་དགོངས་པའི་ཕྱིར་རོ། །དེ་ལྟར་མཆོད་བསྟོད་ཟིན་ནས་དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ། ཕྱག་གཉིས་པའི་ང་རྒྱལ་གྱིས་སྟ་གོན་གྱི་བྱ་བ་རྣམས་བྱའོ། །བཞི་པ་སྟ་གོན་གྱི་ཆོ་ག་དངོས་ལ་བཞི་ལས། དང་པོ་སའི་ལྷ་མོ་སྟ་གོན་ནི། སྔར་གྱི་མཎྜལ་གྱི་གནས་བསྲུང་བསལ་ནས། དྲི་བཟང་གི་ཐིག་ལེ་བྱས་ལ། མེ་ཏོག་གི་ཚོམ་བུ་བཀོད་དེ་དེར་ལྷ་མོ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་སོགས་ས་ཆོག་གི་སྐབས་སུ་བཤད་པ་བཞིན་བྱ་བ་ལས། མཁྱེན་པར་གསོལ་བའི་སྐབས་སུ་སྔར་གྱི་ཚིགས་བཅད་ཀྱི་རྗེས་སུ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་སོགས་ཚིགས་བཅད་གཅིག་སྦྱར་བར་བྱའོ། །སའི་ལྷ་མོ་སྟ་གོན་ལ་སྤྱིར་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་དང་། རང་གི་ལག་པ་གཡས་པའི་མཐིལ་དུ་ཧཱུྃ་ཡིག་འབར་བ་བསྒོམས་ནས། སོར་མོ་དབུས་མ་གསུམ་ས་ལ་བརྡབས་པས་སའི་ལྷ་མོ་བྱོན་པར་བསམས་པ་དང་། རང་གི་ལག་པ་གཡས་པའམ། གཡོན་པའི་སྲིན་ལག་གི་རྩ་བར་ཧཱུྃ་ཡིག་བསྒོམས་ནས་སྔ་མ་བཞིན་བསམས་པ་དང་། རང་གི་སྙིང་གར་བསྐྱེད་ནས་མདུན་དུ་བྱོན་པར་བསམ་པ་རྣམས་སུ་ཡོད་པ་ལས། འདིར་ནི་དང་པོའི་དབང་དུ་བྱས་པའོ། །མཁྱེན་གསོལ་བྱེད་པའི་ཚེ། འགའ་ཞིག་སའི་ལྷ་མོ་ལ་པུས་མོ་མི་འཛུགས་ཟེར་ཀྱང་། རྣམ་སྣང་མངོན་བྱང་ལས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། རྡོ་རྗེ་དྲིལ་བུ་སྤོས་དང་བཅས་པ་བཟུང་སྟེ། སྐྱོབ་བ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་སོགས་བྱེད་པར་གསུངས་པས་དེ་བཞིན་དུ་བྱའོ། །མཁྱེན་གསོལ་བྱས་པའི་རྗེས་སུ། རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་པའི་གནང་བ་བྱིན་ནས་ཡེ་ཤེས་པ་དེ་ཉིད་ལ་ཐིམ་པར་བྱའོ། །དེ་ནས་སའི་ལྷ་མོའི་གཏོར་མ་ས་གཙང་སར་བསྐྱལ། མེ་ཏོག་གི་ཚོམ་བུ་བསལ་བར་བྱའོ། །གཉིས་པ་ལྷ་སྟ་གོན་ལ་བཞི་སྟེ། རྟེན་བསྐྱེད་པ། བརྟེན་པ་བསྐྱེད་པ། མཆོད་བསྟོད་བྱ་བ། སྙན་གསན་དབབ་པའོ། །དང་པོ་ནི། དབང་ཆུར། བའི་རྣམ་ལྔ་དང་། བདུད་རྩི་ལྔ་དང་། དྲི་ལྔ་སྦྱར་བ་དབང་ལྡན་གྱི་མཚམས་སུ་བླུགས་ལ། དབང་ལྡན་གྱི་མཚམས་དེ་ཉིད་ནས་ལག་པ་གཡས་པས་གཡས་སྐོར་དུ་བྱུགས་ཏེ། ཨོཾ་མེ་དཱི་ནི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། པཉྩ་རེ་ཁཱའི་རྩིག་པའི་ནང་ཕན་ཆད་དུ་བྱུགས་པས། འོག་ཐམས་ཅད་རྡོ་རྗེའི་ས་གཞིར་བསམ་མོ། །ཡང་མཐའ་མ་ལེགས་པར་བསྐོར་ནས་བྱུགས་ཤིང་། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་པས་སྲུང་བའི་འཁོར་ལོ། རྡོ་རྗེའི་རྭ་བ་དང་། གུར་དང་། བླ་བྲེ་དང་། དྲྭ་བ་ལ་སོགས་པ་དང་། དུར་ཁྲོད་བརྒྱད་ཀྱང་གསལ་བར་བསམ། བྱུགས་པ་རྫོགས་ཟིན་པ་དང་། ལག་པ་མ་བཏེགས་པར་དེར་མེ་ཏོག་བསྐྱུར་ཏེ། དེར་དཀྱིལ་འཁོར་གྱི་འཁོར་ལོ་གཞལ་ཡས་ཁང་གདན་དང་བཅས་པ་སྐད་ཅིག་གིས་བསམ་མོ། །ཡང་ན་སྲུང་བའི་འཁོར་ལོ་དང་གཞལ་ཡས་ཁང་གི་བར་འབྲིང་གི་མངོན་རྟོགས་བཞིན་དུ་བསྒོམ་པར་བྱ་སྟེ། གཙོ་བོར་འདི་མཛད་དོ། །ཞེས་གསུངས་ཏེ། ཕྱག་ལེན་ལ་ཐོག་མར་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམས་ནས། ཧཱུྃ་ལས་འོད་འཕྲོས་པའི་ཚུལ་གྱིས་སྔ་མ་ལྟར་སྲུང་བའི་འཁོར་ལོ་བསྒོམ་པར་མཛད་པ་ནི་ལེགས་ཏེ། ས་ཆེན་གྱིས་སྣང་བའི་དངོས་པོ་རེ་ཞིག་མ་བསལ་ན་ལྷ་བསྐྱེད་མི་རུང་བར་གསུངས་པས། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱང་དགོས། དེའི་སྔོན་དུ་བུམ་བསྐྱེད་ཀྱི་སྐབས་སུ་གསུངས་པ་ལྟར་བགེགས་བསལ་དགོས་པའི་ཕྱིར་དང་། སྲུང་འཁོར་གང་ལས་སྤྲོ་བའི་གཞི་སྣ་ཚོགས་རྡོ་རྗེའང་ངེས་པར་དགོས་པའི་ཕྱིར། སྲུང་འཁོར་གྱི་ནང་དུ་ཤར་དུ་གཏུམ་དྲག་གི་དུར་ཁྲོད། ཅེས་སོགས་དུར་ཁྲོད་སྐད་ཅིག་གིས་བསྐྱེད་ཅིང་ངག་ཏུ་གསལ་བཏབ། དེའི་ནང་དུ་ཆོས་འབྱུང་བདག་བསྐྱེད་ལྟར་བསྐྱེད་ནས། དེར་གཞལ་ཡས་ཁང་སྐད་ཅིག་གིས་བསྐྱེད་པ་དང་། འབྲིང་པོ་ཡན་ལག་དྲུག་པ་ལྟར་བསྐྱེད་པ་གང་རུང་བྱ་བར་གསུངས་པ་ལས། གཙོ་བོར་འདི་མཛད་ཅེས་གསུངས་པའི་དོན་ནི། རྩ་རྒྱུད་ཕྱི་མའི་ལྔ་པ་ལས། གཞལ་ཡས་ཁང་སྐད་ཅིག་གིས་བསྐྱེད་པར་གསུངས་པ་དེ། མངོན་རྟོགས་ཚུལ་བཅུ་བཞིའི་ས་བོན་ལས་བསྐྱེད་པ་དང་། སྐད་ཅིག་གིས་བསྐྱེད་པ་གཉིས་ལ་སྦྱར་བ་ལྟར་མདུན་བསྐྱེད་ལའང་རུང་བ་དང་། དང་པོའི་བརྒྱད་པ་ལས། འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་བར་དོ་འདྲེས་པ་ལས་གཞལ་ཡས་ཁང་བསྐྱེད་པར་གསུངས་པ་དེ། ཚུལ་བཅུ་བཞིའི་ཡན་ལག་དྲུག་པའི་ཕྱོགས་ཀྱི་མངོན་རྟོགས་དྲུག་ལ་སྦྱར་བ་ལྟར་མདུན་བསྐྱེད་ལའང་རུང་བ་ལས། འདིར་བདག་བསྐྱེད་ལ་ཡན་ལག་དྲུག་པ་བསྒོམ་པའི་སྐབས་ཡིན་པས། མདུན་བསྐྱེད་ལའང་གཞལ་ཡས་ཁང་ཡན་ལག་དྲུག་པ་ལྟར་བསྒོམ་པ་གཙོ་བོར་མཛད་ཅེས་པའི་དོན་ཏོ། །འདིར་ལག་ལེན་པ་ཁ་ཅིག་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་ལ་བར་དོ་བསྲེ་བ་མི་རིགས་ཏེ། མདུན་བསྐྱེད་ཀྱི་གཞལ་ཡས་ཁང་ཡིན་པའི་ཕྱིར་ཞེས་སྨྲའོ། །དེ་ནི་ཤིན་ཏུ་མི་འཐད་དེ། སྤྱིར་གཞལ་ཡས་ཁང་ཡིན་པ་ཙམ་གྱིས་བར་དོ་བསྲེ་བར་མི་རིགས་ན། གཞན་ལུགས་ཀྱི་བླ་མ་ཁ་ཅིག་དེ་ལྟར་སྨྲ་བ་ལ། གནད་ཀྱི་ཟླ་ཟེར་ལས། ཇི་ལྟར་སྒོམ་པ་པོ་འབྱུང་བའང་། །ཞེས་པའི་དོན་བར་སྲིད་བསྲེ་བ་ལ་མི་འདོད་པའི་རྒྱ་གར་བ་སུའང་མེད་པའི་ལུང་དང་། གཟུགས་ཀྱི་རྣམ་པ་གཞལ་ཡས་ཁང་ཡིན་ཀྱང་ངོ་བོ་རྣམ་སྣང་ཡིན་པས། བར་སྲིད་བསྲེ་བ་མི་འགལ་བའི་རིགས་པ་གསུངས་པ་དེ་ཁས་ལེན་ན་དེ་ཇི་ལྟར་འཆད། ཁས་མི་ལེན་ན་ལན་ཇི་ལྟར་འདེབས། དབང་ཆུར། གཞལ་ཡས་ཁང་འབྲིང་པོ་ཡན་ལག་དྲུག་པ་ལྟར་བསྐྱེད་པར་གསུངས་པའང་གཞི་དང་། རྒྱུ་དང་། རྐྱེན་དང་། གནས་ཐབས་ཀྱི་ཡན་ལག་བཞི་པོ་ཡན་ལག་དྲུག་པ་ལྟར་ཚང་དགོས་པར་གསུངས་པའི་དོན་ཡིན་པས། བར་དོ་མི་བསྲེ་ན་རྐྱེན་གྱི་ཡན་ལག་ཆད་པས་ཆོ་གའི་གཙོ་བོ་ཆད་པར་མི་འགྱུར་རམ། གལ་ཏེ་མདུན་བསྐྱེད་ཡིན་པས་བར་དོ་བསྲེ་བར་མི་རུང་ན། སྟ་གོན་གྱི་སྐབས་སུ་བདག་བསྐྱེད་ཀྱི་དཀྱིལ་འཁོར་ནམ་མཁར་བཏེག་པའི་ཚེ་དེ་ཉིད་མདུན་བསྐྱེད་ལ་བསྲེ་དགོས་པས། བར་དོ་གཤེགས་གསོལ་བྱས་ནས་བསྲེ་དགོས་པར་འགྱུར་ཞིང་། སྤྱིར་མདུན་བསྐྱེད་ལ་བར་དོའི་སྦྱོང་བྱེད་མེད་ན། མདུན་སྐྱེད་འགའ་ཞིག་མངོན་བྱང་ལས་བསྐྱེད་པའི་ཚེ་མངོན་བྱང་གསུམ་པ་བར་དོའི་སྦྱོང་བྱེད་མིན་པར་འགྱུར་ལ། བར་དོའི་སྦྱོང་བྱེད་ཡིན་ན་ནི། རྟེན་གཞལ་ཡས་ཁང་ལའང་ཇི་ལྟར་འགལ་ལེགས་པར་སོམས་ཤིག གལ་ཏེ་ཇི་ལྟར་སྒོམ་པ་པོ་འབྱུང་བའང་། ཞེས་པ་བདག་བསྐྱེད་ཀྱི་ཁྱད་ཆོས་ཡིན་པས་མདུན་བསྐྱེད་ལ་མི་འཇུག་གོ་སྙམ་ན། ཌོཾ་བི་ལུགས་ཀྱི་དབང་ཆུར་དངོས་གཞིའི་སྐབས་སུ། འཁོར་ལོ་ས་དང་ཆུ་ནི་སྔོན། །ཅི་ལྟར་རིགས་པས་བྱིན་ཟ་དང་། །ལྷ་རྣམས་ཀྱིས་ནི་རླུང་ཆེན་དང་། །ཇི་ལྟར་སྒོམ་པ་པོ་འབྱུང་བའང་། །ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། །གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་དྲངས་པའི་ཚེ་ཇི་ལྟར་སྒོམ་པ་པོ་འབྱུང་བའང་། ཞེས་པའི་ཚིག་དྲངས་པར་མི་རུང་བར་འགྱུར་ཏེ། འདིར་ཡབ་ཀྱི་སྐབས་ཡིན་པས། འཕར་མ་གཉིས་དག་སྐྱོན་མེད་པ། །ཞེས་པ་མ་དྲངས་པར། དེའི་ཚབ་ཏུ། གྲུ་བཞི་པ་ལ་སྒོ་བཞི་པ། །ཞེས་གསུངས་པ་བཞིན་ནོ། །བདག་མདུན་ཐ་མི་དད་དུ་བསྒྲུབ་པའི་ཚེ་བདག་བསྐྱེད་ཀྱི་གཞལ་ཡས་ཁང་མདུན་བསྐྱེད་ལ་བསྲེས་པའི་ཚེ། དེ་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་མ་ཡིན་པར་འགྱུར་ཏེ། བར་དོ་བསྲེས་པའི་གཞལ་ཡས་ཁང་ཡིན་པའི་ཕྱིར། གཞན་ཡང་ས་ཆོག་གིས་སྐབས་སུ་གཙོ་བོས་གཞལ་ཡས་ཁང་ནམ་མཁར་བཏེག་པ། ལྷ་སྟ་གོན་གྱི་ཚེ་ཕབ་པ་དེའང་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་མ་ཡིན་པར་འགྱུར་ཏེ། བར་དོ་བསྲེས་པའི་ཕྱིར། དེས་ན་མདུན་བསྐྱེད་ལ་བར་དོ་མི་བསྲེ་བར་འདོད་པ་ན་ི་ལུང་རིགས་མན་ངག་གང་ཡང་མེད་མོད་ཀྱི་སྐྱེ་འཆི་བར་དོ་གསུམ་མམ། སྐྱེ་གནས་བཞི་འམ། ཐ་མལ་པའི་སྣང་བ་ཐམས་ཅད་སྦྱང་གཞིར་བྱས་ནས་སྦྱོང་བྱེད་བདག་བསྐྱེད་དང་མདུན་བསྐྱེད་གང་བསྒོམ་ཀྱང་སྦྱང་གཞི་སྦྱོང་བ་ལ་ཁྱད་མེད་པའི་གནད་མ་རྟོགས་པའི་བརླབ་ཆོལ་ཡིན་ནོ། །མདོར་ན་རྗེ་བཙུན་རྩེ་མོའི་དབང་ཆུ་གཉིས་ལས། མདུན་བསྐྱེད་ལ་བར་དོ་བསྲེ་བར་དངོས་སུ་གསུངས་པ་དེ་ཉིད་ཚད་མར་མཛོད་ལ། ལག་ལེན་གྱི་གཙོ་བོ་མི་གཅོད་པར་ཞུ་ཞེས་ལག་ལེན་པ་རྣམས་ལ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་སོ། །དེས་ན་སྲུང་འཁོར་དུར་ཁྲོད་དང་བཅས་པ་བསྒོམས་པའི་རྗེས་སུ། གཞལ་ཡས་ཁང་ཡན་ལག་བཞི་ལྡན་དུ་བསྐྱེད་ནས། རྒྱན་དུ་མས་བརྒྱན་པའི་གཞལ་ཡས་ཁང་གི་ནང་གི་ལྷ་སྣམ་ཤར་དཀར་ཞེས་སོགས་ནས། གདན་བསྒོམ་པ་ལ་འཇུག་པའམ། སྲུང་འཁོར་གྱི་ནང་དུ་གཞལ་ཡས་ཁང་ཡན་ལག་བཞི་ལྡན་དུ་བསྐྱེད་ནས། ལྷ་སྣམ་གྱི་གོང་དུ་དུར་ཁྲོད་བརྒྱད་བསྐྱེད་པ་བདག་བསྐྱེད་ལྟར་ཡང་རུང་སྟེ། གང་ལྟར་ཡང་དུར་ཁྲོད་ནི་སྐད་ཅིག་གིས་བསྐྱེད་པའོ། །བསྒོམ་པའི་གནས་ནི་རྡོ་རྗེ་མཁའ་འགྲོའི་དགོངས་པ་ལྟར་རྡོ་རྗེ་རྭ་བའི་ཕྱི་རོལ་དུ་བསྒོམ་པ་དང་། སྡོམ་འབྱུང་གི་དགོངས་པ་རྡོ་རྗེ་རྭ་བའི་ནང་དུ་བསྒོམ་པ་གཉིས་ཡོད་པ་ལས། རྗེ་བཙུན་གྱིས་རྒ་སྟོན་སྤྲིང་ཡིག་ལས། འཁོར་འདས་དབྱེར་མེད་ཡིན་པས་དེ་གཉིས་ཁྱད་པར་མེད་པར་གསུངས་སོ། །གཉིས་པ་ནི། དེ་ནས་ལག་པ་བཀྲུས་ཏེ། དབུས་སུ་དྲིའི་ཐིག་ལེ་གྲུ་བཞི་པ་བྱས་པའི་སྟེང་དུ་མེ་ཏོག་ཚོམ་བུ་གཅིག་བཞག་སྟེ། ཧཱུྃ་ཤྲཱི་ཧེ་བཛྲ་ཡ་ན་མཿཞེས་བརྗོད་པ་ཙམ་གྱིས་དཔལ་ཀྱེ་རྡོ་རྗེ་སྐད་ཅིག་གིས་བསྐྱེད། ཡང་དེ་ཉིད་དུ་མེ་ཏོག་ཚོམ་བུ་གཅིག་བཞག་སྟེ། ནྃ་ནཻ་རཱཏྨ་ན་མཿཞེས་བརྗོད་པས་ཡུམ་རྡོ་རྗེ་བདག་མེད་མ་སྐད་ཅིག་གིས་བསྐྱེད་དེ། ཡབ་ཡུམ་གཉིས་ཀ་གསལ་གདབ། དེ་བཞིན་དུ་ཤར་ལ་སོགས་པར་དྲིའི་ཐིག་ལེ་ཟླུམ་པོ་རེ་རེའི་སྟེང་དུ། གྃ་གཽ་རཱི་ན་མཿཞེས་བྱ་བ་ལ་སོགས་པ་བརྗོད་ཅིང་མེ་ཏོག་ཚོམ་བུ་རེ་བཞག་ལ་ལྷ་མོ་བརྒྱད་པོའང་སྙིང་པོ་ཚིག་ཙམ་གྱིས་བསྐྱེད་དེ་གསལ་གདབ་པ་ནི་དམ་ཚིག་སེམས་དཔའ་བསྐྱེད་པ་ཡན་ལག་དང་པོ་བསྙེན་པའོ། །འདིར་གཙོ་བོ་ལ་དྲིའི་ཐིག་ལེ་གྲུ་བཞི་དང་། འཁོར་རྣམས་ཟླུམ་པོར་གསུངས་པའི་དོན་ལ་ཁ་ཅིག་གཙོ་བོ་ཆོས་དབྱིངས་ཡེ་ཤེས་ལ་དམིགས་པའི་གྲུ་བཞི་བྱེད་པ་ཡིན་ཞེས་སྨྲ་བ་ནི་མི་འཐད་དེ། ཆོས་དབྱིངས་ཡེ་ཤེས་ལ་དམིགས་མ་དམིགས་པའི་ཁྱད་པར་མེད་པའི་ཕྱིར་དང་། གྲུ་བཞི་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་མཚོན་དོན་བཤད་དུའང་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་སྙམ་ན། སྤྱིར་གཙོ་འཁོར་ཀུན་ལ་དྲིའི་ཐིག་ལེ་ཟླུམ་པོས་ཆོག་ཀྱང་གཙོ་བོ་ལ་གྲུ་བཞིར་བྱེད་པ་ནི་ཕྱོགས་མི་འཛོལ་བའི་ཆེད་ཡིན་ཞེས་གསུང་ངོ་། །མེ་ཏོག་གི་ཚོམ་བུ་བཞག་ནས། དབུས་སུ་ཧཱུྃ་ཤྲཱི་ཧེ་བཛྲ་ཡ་ན་མཿདཔལ་ཀྱེ་རྡོ་རྗེ་ཞེས་སོགས་ཕྱོགས་སྔོན་ལ་བརྗོད་པ་དང་། སྔགས་ཐོག་མར་བརྗོད་ནས་དབུས་སུ་དཔལ་ཀྱེ་རྡོ་རྗེ་ཞེས་སོགས་ཕྱོགས་རྗེས་ལ་བརྗོད་པའི་ངག་འདོན་གཉིས་ལ་ཁྱད་པར་གང་ཡང་མེད་དེ། སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པ་ཞེས་བྱ་བ་སྔགས་བརྗོད་པ་ཙམ་གྱིས་ལྷ་སྐད་ཅིག་གིས་བསྐྱེད་པ་ཡིན་གྱི། སྔགས་དེ་ཡོངས་སུ་གྱུར་པ་ལས་ལྷ་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །སམྦཱུ་ཊའི་ཊཱི་ཀར་སྙིང་པོ་ཚིག་ཙམ་ལས་བསྐྱེད་པ་ཞེས་གསུངས་པ་རྣམས་ནི་ས་བོན་ལས་བསྐྱེད་པའི་མིང་གི་རྣམ་གྲངས་སུ་སྣང་བས། སྙིང་པོ་ཚིག་ཙམ་གྱིས་བསྐྱེད་པ་དང་དོན་མི་གཅིག་གོ །ཡན་ལག་གཉིས་པ་ཉེ་བར་སྒྲུབ་པ་ནི་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །ཡན་ལག་གསུམ་པ་སྒྲུབ་པ་ནི་སྔར་གྱི་ནམ་མཁའ་ལ་བཏེག་པ་དེ་དགུག་པའོ་ཞེས་གསུངས་པ་ནི་འདི་ཉིད་ཀྱི་བདག་བསྐྱེད་ཀྱི་སྐབས་སུ་ལུགས་གཉིས་གསུངས་པའི་དང་པོ་དེ་ཉིད་ཡིན་གྱི། ས་ཆོག་གི་སྐབས་ཀྱི་ནམ་མཁའ་ལ་འདེགས་པ་ལ་དགོངས་པ་ནི་མ་ཡིན་ཏེ། དེ་ཡོད་ན་དེ་ཉིད་ཕབ་ནས་གསལ་བཏབ་པས་ཆོག་གི སྐབས་འདིར་ཡན་ལག་བཞི་རྫོགས་མི་དགོས་པའི་ཕྱིར་རོ། །སྔར་ནམ་མཁའ་ལ་བཏེག་པ་མེད་ན། རང་གི་སྙིང་གའི་ཧཱུྃ་གི་འོད་ཀྱིས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ལ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །ཡན་ལག་བཞི་པ་སྒྲུབ་པ་ཆེན་པོ་ནི་དབང་བསྐུར་གི་ལྷ་སྤྱན་དྲངས་ལ་དབང་བསྐུར་བར་གསོལ་བ་བཏབ་སྟེ། དབང་བསྐུར་ནས་རིགས་ཀྱི་བདག་པོས་དབུར་བརྒྱན་པར་བྱ་བའོ། །འདི་དང་འོག་དངོས་གཞིའི་ཡེ་ཤེས་པ་དང་། དབང་ལྷ་ལ་མཆོད་པ་གསལ་བར་མ་གསུངས་ཀྱང་། ཡེ་ཤེས་པ་གཉིས་ལ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། ཡིད་བྱུང་དང་། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱིས་བསྟོད་པ་མཛད་ཅིང་། དབང་ལྷ་གཉིས་ལ་མཆོད་པ་གཉིས་འདྲ་བ་ལས། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །སོགས་ཀྱིས་བསྟོད་པ་མཛད་པ་ནི་ཆོ་ག་རྒྱས་པའི་སྐབས་ཡིན་པས་མཆོད་བསྟོད་རྒྱས་པར་བྱ་བ་ཉིད་ཤིན་ཏུ་ལེགས་པ་ཡིན་ནོ། །གསུམ་པ་ནི། དེ་ལྟར་ཡན་ལག་བཞི་རྫོགས་བྱས་ལ། དེ་ནས་མཆོད་པ་བྱ་སྟེ། འདིར་ལག་ལེན་པ་ཁ་ཅིག མཆོད་ཡུལ་ཁྱད་པར་བ་སྤྱན་འདྲེན་པར་བྱེད་པ་ནི། རྗེ་བཙུན་རྩེ་མོས། ཐུན་མཚམས་ཀྱི་བྱ་བའི་སྐབས་སུ། དཀྱིལ་འཁོར་གྱི་གཙོ་བོ་དེ་ཉིད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ངོ་བོར་མོས་ལ། ཕྱག་དང་མཆོད་པ་སོགས་བྱ་བར་གསུངས་པ་དང་འགལ་བས་འདིའི་ལུགས་མ་ཡིན་ནོ། །དེ་ནས་མར་མེ་ལ་སོགས་པ་ཐམས་ཅད་ལེགས་པར་སྦར་བ་ལ་སོགས་པ་བྱས་ལ། བྱིན་རླབས་སྔར་སྔོན་འགྲོའི་སྐབས་སུ་བྱས་ཟིན་པ་དེ་ཉིད་དྲན་པའི་ཆེད་དུ། སྐབས་འདིར་ཡང་བསང་སྦྱང་བྱིན་རླབས་བྱས་ཏེ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོའི་བར་ཚིགས་བཅད་དང་སྔགས་སྔར་ལས་དང་པོ་པའི་བྱ་བའི་སྐབས་སུ་བཤད་ཟིན་པ་ལྟར་བྱའོ། །ཁྱད་པར་དུ་སྐབས་འདིར་ན་བཟའི་མཆོད་པ་བྱ་སྟེ། འབྱོར་པ་ཡོད་ན་ལྷ་རེ་རེ་ལ་ན་བཟའ་ཟུང་དུ་སྦྱར་བ་རེ་དབུལ། མ་འབྱོར་ན་ཐམས་ཅད་ཀྱི་སྤྱིར་ན་བཟའ་གཅིག་བཞག་ལ། དེ་ལ་བདུད་རྩིས་བསང་སྦྱངས་སྔོན་དུ་འགྲོ་བའི་བྱིན་རླབས་བྱས་ལ། སྲབ་འཇམ་ཡང་བ་ལྷ་ཡི་གོས། །ཞེས་སོགས་ཀྱི་ཚིགས་བཅད་སྔགས་དང་བཅས་པས་དབུལ་ལོ། །འདི་ནི་ནག་པོ་དཀྱིལ་ཆོག་དང་མཐུན་པར་སྣང་ལ། ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་རྣམས་ལས། ན་བཟའི་མཆོད་པ་འདི་ཐོག་མར་འབྱུང་སྟེ། བཟང་པོ་ཡོངས་གཟུང་ལས། ཡན་ལག་བཞི་རྫོགས་སུ་བྱས་པའི་དེ་མ་ཐག་ཏུ། དེ་ནས་གོས་ཟུང་དང་བཅས་པའི། །སྣོད་རྣམས་ཇི་བཞིན་གནས་པ་ལ། །གོས་འབུལ་བ་ཡི་སྔགས་ཀྱིས་ནི། །སོ་སོར་ལྷ་ལ་དབུལ་བར་བྱ། །ཨོཾ་བཛྲ་ཝསཏྲ་ཡེ་ཧཱུྃ་སྭཱ་ཧཱ། སྔར་བསང་བྱས་པ་གཙང་མ་ཡི། །མཆོད་ཡོན་ལ་སོགས་མཆོད་པར་བྱ། །དེ་ནས་བསྟོད་པ་ངེས་བརྗོད་དེ། །ཞེས་དང་། རིན་ཆེན་འབར་བ་ལས་ཀྱང་དེ་བཞིན་གསུང་པའི་དོན། རྗེ་བཙུན་རྩེ་མོས། གོས་ཟུང་གི་མཆོད་པ་ཐོག་མར་གསུངས་པའི་ཕྱིར་རོ། །དེ་ནས་ནང་བདུད་རྩིའི་མཆོད་པ་དང་། ཡིད་བྱུང་དང་། བསྟོད་ཐུང་དང་། བསྟོད་རིང་རྣམས་ནི་ལས་དང་པོ་པས་བྱ་བའི་སྐབས་སུ་བཤད་པ་བཞིན་བྱའོ། །ནག་པོའི་དཀྱིལ་ཆོག་ལས། བསྟོད་པ་ལ་དེ་ཉིད་ལྔ་པ་མཛད་ལ། ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་ལས་ནི། དེ་ཝ་དྷ་ཏུའི་བསྟོད་པ་ཁོ་ན་མཛད་པར་སྣང་ངོ་། །བཞི་པ་ནི་ལག་པ་གཡས་པས་རྡོ་རྗེ་དང་བཅས་པས་སྤོས་རེང་བཟུང་། གཡོན་པས་དྲིལ་བུ་གཅད་གཏུབས་སུ་དཀྲོལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཧཱུྃ་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །ཞེས་སོགས་ཀྱིས་ལྷ་ལ་སྙན་གསན་དབབ་སྟེ། ཚིགས་འདི་དག་གསང་བ་སྤྱི་རྒྱུད་ལས། ཤཱཀྱ་ཐུབ་པ་བཅོམ་ལྡན་འདས། །རིག་པའི་རྒྱལ་པོར་ཕྱག་འཚལ་བསྟོད། །ཞེས་སོགས་འབྱུང་བ་དཀྱིལ་འཁོར་སོ་སོ་ལ་འདོན་པ་ཁ་སྤོ་བ་ཡིན་ཅིང་། བཟང་པོ་ཡོངས་གཟུང་ལས། རྡོ་རྗེ་འཆང་ཆེན་བདག་མིང་འདི། །ཞེས་སོགས་ཚིགས་བཅད་གཉིས་ཀྱིས་སྙན་གསན་དབབ་པར་གསུངས་ཀྱང་། རིན་ཆེན་འབར་བ་དང་། ནག་པོ་པའི་དཀྱིལ་ཆོག་གཉིས་ཆར་ལས་ཚིག་འདི་ཁོ་ན་བཞིན་འབྱུང་བའི་དོན་བཤད་ན། ཚིག་རྐང་དང་པོ་གཉིས་ཀྱིས་དཀྱིལ་འཁོར་གྱི་གཙོ་བོ་ལ་ཕྱག་འཚལ་ནས་ལྷག་མ་རྣམས་ཀྱིས་བཀའ་དྲིན་ཞུ་བ་སྟོན་ཏེ། འདི་ལ་བསམ་པའི་སྒོ་ནས་བཀའ་དྲིན་ཞུ་བ་དང་། སྦྱོར་བའི་སྒོ་ནས་བཀའ་དྲིན་ཞུ་བ་གཉིས་ལས། དང་པོ་ལ། དངོས་ཀྱི་བསམ་པ། ཆེད་དུ་བྱ་བའི་བསམ་པ། དེས་ན་བཀའ་དྲིན་གནང་བར་རིགས་པ་གསུམ་ནི། དཀྱིལ་འཁོར་ཐུགས་རྗེའི་བདག་ཉིད་ཅན། །ཞེས་སོགས་ཚིག་རྐང་གཉིས་དང་། གསུམ་དང་། གཅིག་གིས་སྟོན་ནོ། །གཉིས་པ་ལ་གང་ལ་བཀའ་དྲིན་ཞུ་བའི་ཡུལ་དང་། གང་གི་ཆེད་དུ་བཀའ་དྲིན་ཞུ་བའི་སྦྱོར་བ་དང་། བཀའ་དྲིན་རང་གི་ངོ་བོ་དང་གསུམ་ལས། དང་པོ་ནི། འགྲོ་བ་འཁོར་ལོས་དོན་མཛད་པའི། །ཞེས་སོགས་ཚིག་རྐང་དགུ་སྟེ། དང་པོ་གཉིས་ཀྱིས་ནི་དངོས་སུ་བསྐྱེད་པའི་དཀྱིལ་འཁོར་སྟོན་ཏེ། དེ་ཉིད་བདག་ལ་དགོངས་སུ་གསོལ། །ཞེས་པའོ། །གཞུང་གཞན་ལས། སངས་རྒྱས་འགྲོ་འཁོར་བྱ་དོན་རྩོལ། །ཞེས་འབྱུང་བ་དང་དོན་གཅིག་སྟེ། དཀྱིལ་འཁོར་གྱི་འཁོར་ལོའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཞེས་པའི་དོན་ཡིན་གྱི། འཁོར་ལོ་འགྲོ་བའི་ཁྱད་ཆོས་སུ་སྦྱར་བར་བྱ་བ་ནི་མ་ཡིན་ནོ། །འབྲས་གནས་བྱང་ཆུབ་སེམས་དཔའ་ནི་རྫོགས་པའི་སངས་རྒྱས་ས་དང་པོ་རབ་ཏུ་དགའ་བ་སོགས་ལ་གནས་པའི་ཚུལ་སྟོན་པའོ། །སྔགས་ཀྱི་ལྷ་གཞན་ནི་དཀྱིལ་འཁོར་འདི་མ་ཡིན་པའི་རྒྱུད་སྡེའི་ལྷ་གཞན་ནོ། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་ནི་རྫོགས་པའི་སངས་རྒྱས་དབང་པོ་ལ་སོགས་པའི་ཚུལ་སྟོན་པའོ། །འབྱུང་པོ་མཐུ་ཆེན་ནི་རྫོགས་པའི་སངས་རྒྱས་དབང་ཕྱུག་དང་། ཁྱབ་འཇུག་ལ་སོགས་པའི་ཚུལ་སྟོན་པའོ། །སེམས་ཅན་བསྟན་ལ་དགའ་བ་ནི་རྫོགས་པའི་སངས་རྒྱས་བསྟན་པ་ལ་དགའ་བའི་ལྷ་ལ་སོགས་པའི་ཚུལ་སྟོན་པའོ། །རྡོ་རྗེ་འཛིན་པ་ནི་རྫོགས་པའི་སངས་རྒྱས་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་གྱི་ཚུལ་སྟོན་པའོ། །ཡང་ཚིག་རྐང་འདི་གཉིས་ལ། རིན་ཆེན་འབར་བ་ལས། གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །ཞེས་འབྱུང་བ་ལྟར་ན། བསྟན་པ་ལ་དགའ་བའི་ལྷའི་ཁྱད་ཆོས་སུ་སྦྱར་རོ། །ཇི་སྐད་བཤད་པ་འདི་དག་ཀྱང་རྫོགས་པའི་སངས་རྒྱས་དེ་དང་དེའི་ཚུལ་སྟོན་པ་ཁོ་ནར་བཟུང་གི་རང་རྒྱུད་པར་ནི་མི་བཟུང་སྟེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒྲུབ་པ་དང་། རབ་ཏུ་གནས་པ་དོན་གཅིག་པས། འབྱུང་པོ་རང་རྒྱུད་པ་དེར་སྟིམ་དུ་མི་རུང་བའི་ཕྱིར་རོ། །འོག་དངོས་གཞིའི་སྐབས་སུ། སྟ་གོན་གྱི་ལྷ་གཞུག་པའི་ཚེ། ཡེ་ཤེས་པའི་ཕྱི་འབྲང་གི་བགེགས་བསྐྲད་དགོས་པའི་གནད་ཀྱང་འདི་ཉིད་ཡིན་ཏེ། རྫོགས་པའི་སངས་རྒྱས་འཇིག་རྟེན་པའི་ཚུལ་སྟོན་པའི་དགོས་པའང་། འཇིག་རྟེན་རང་རྒྱུད་པའི་འཁོར་དངོས་སུ་འདུལ་བའི་ཆེད་ཡིན་པས། དེ་དག་གང་དུ་གཤེགས་པའི་སར་འཇིག་རྟེན་པའི་འཁོར་རྫུ་འཕྲུལ་ཐོབ་པ་རྣམས་ཀྱང་འོང་བས་དེ་དག་བསྐྲད་དགོས་པའི་ཕྱིར་རོ། །དངོས་གཞི་དཀྱིལ་འཁོར་བསྒྲུབ་པའི་ཚེ་ཚུལ་སྟོན་པ་དེ་དག་ཀྱང་བསྟིམ་དགོས་པའི་རྒྱུ་མཚན་ཅི་སྙམ་ན། སངས་རྒྱས་ཐམས་ཅད་དཀྱིལ་འཁོར་དེའི་ངོ་བོར་བསྒྲུབ་དགོས་པར་སཾ་བུ་ཊའི་རྒྱུད་ལས་བཤད་ལ། དེ་ལའང་དོན་དམ་ཆོས་སྐུ་ལ་ནི་བསྟིམ་བྱ་སྟིམ་བྱེད་དང་། བསྒྲུབ་བྱ་སྒྲུབ་བྱེད་སོགས་ཀྱི་སྤྲོས་པ་མེད་པས། ཀུན་རྫོབ་གཟུགས་སྐུས་བསྡུས་པ་ཐམས་ཅད་སྒྲུབ་དགོས། དེ་ལ་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ལས། ཕྱི་མ་ལ་མཆོག་གི་སྤྲུལ་སྐུ་ནས། རིགས་དྲུག་གི་གཟུགས་སུ་སྟོན་པའི་བར་གང་ལ་གང་འདུལ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་ཡོད་པས། དེ་ཐམས་ཅད་བསྟིམ་དགོས་པའི་དོན་ཏེ། རབ་གནས་ཀྱི་རྒྱུད་ལས། སངས་རྒྱས་ཀུན་ན་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །ཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟགས། །དམ་པའི་དོན་དུ་དཔྱད་པ་ན། །གང་ཞིག་གང་གིས་རབ་ཏུ་བརྟག །གཟོད་མ་ནས་ཞི་སྐྱེ་མེད་ལ། །ཅི་འདྲས་ཅི་ལྟར་རབ་ཏུ་གནས། །དང་པོའི་ལས་ཅན་སེམས་ཅན་རྣམས། །རྟོགས་པའི་རྒྱུ་རུ་མཛད་པར་ཟད། །ཅེས་དང་། རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །རབ་གནས་མཚན་ཉིད་བཟང་པོ་ཉིད། །ཅེས་གསུངས་པས་སོ། །གཉིས་པ་ནི། བདག་མིང་འདི་ཞེས་བགྱི་བ་ཡིས། །ཞེས་སོགས་ཚིགས་བཅད་གཅིག་སྟེ། སང་དངོས་གཞིའི་སྐབས་སུ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་བསྒྲུབ་པའི་ཆེད་དུ་ཞེས་པའི་དོན་ཏོ། །གསུམ་པ་ནི། བདག་དང་སློབ་མར་བཅས་པ་ལ། །ཞེས་སོགས་ཚིགས་བཅད་གཅིག་སྟེ། རྡོ་རྗེ་སློབ་དཔོན་བདག་དང་སློབ་མར་བཅས་པ་རྣམས་ལ་འདི་ལྟ་བུའི་བསམ་པ་དང་། སྦྱོར་བ་ཡོད་པར་ཐུགས་རྗེས་དགོངས་པར་མཛད་ནས་དཀྱིལ་འཁོར་པ་དངོས་སུ་བསྐྱེད་པའི་སྟ་གོན་གྱི་ལྷ་དང་། དེར་བཅས་པ་འབྲས་གནས་བྱང་ཆུབ་སེམས་དཔའི་ཚུལ་སྟོན་པ་སོགས་རྣམས་ཀྱིས་ཐུགས་རྗེས་དགོངས་ནས་སང་དཀྱིལ་འཁོར་བསྒྲུབ་པའི་ཚེ་ཉེ་བར་མཛད་དུ་གསོལ་ཅེས་པའོ། །ཡང་རིན་ཆེན་འབར་བར། དཀྱིལ་འཁོར་དུ་ནི་ཚོགས་པ་ཀུན། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །ཞེས་འབྱུང་བ་ལྟར་ན། དཀྱིལ་འཁོར་ནི་གང་བསྟིམ་པའི་གཞི་ལ་འཆད་དགོས་པར་སྣང་ངོ་། །སྙན་གསན་དབབ་པའི་དོན་དཀྱིལ་ཆོག་སོ་སོ་རྣམས་ན་ཚིག་མང་ཉུང་དང་། འགྱུར་མི་གཅིག་པ་ཇི་སྙེད་འབྱུང་ཡང་དོན་གྱི་གོ་བ་འདི་བཞིན་དུ་ཤེས་དགོས་ལ། གཏོར་མགྲོན་གྱི་སྐབས་སུ་འཇིག་རྟེན་པ་ཐམས་ཅད་རྣམ་དག་གི་ཚུལ་གྱིས་ལྷའི་ངོ་བོར་བསྒོམས་ནས་གཏོར་མ་འབུལ་བ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། རབ་གནས་ཀྱི་ཚེ་སངས་རྒྱས་གཟུགས་སྐུས་བསྡུས་པ་ཁོ་ན་བསྟིམ་དགོས་པའི་ཁྱད་པར་ཕྱེད་པ་གལ་ཆེའོ། །གསུམ་པ་བུམ་པ་སྟ་གོན་ནི། བུམ་པའི་གདན་པདྨ་དང་ཟླ་བ་ཀུན་མཐུན་ལ། ས་བོན་ནི་ཨ་བྷྱ་ལ་སོགས་པས་བྃ་ལས་བསྐྱེད་པ་དང་། པཎྜི་ཏ་ཉི་མ་སྦས་པས་སྒྲོལ་མ་ལྷ་བཅུ་གསུམ་མའི་དཀྱིལ་ཆོག་ཏུ་བྷྲཱུྃ་ལས་བསྐྱེད་པར་བཤད་ལ། དང་པོ་བཅུད་དང་། གཉིས་པ་སྣོད་ཀྱིས་ས་བོན་དུ་སྣང་ཞེས་བླ་མ་དག་བཞེད་དོ། །ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་གཉིས་ལས། ས་བོན་བཤད་པ་མི་སྣང་ཡང་། འདིར་ནི་བྷྲཱུྃ་ལས་བསྐྱེད་པར་གསུངས་སོ། །བསྐྱེད་ཚུལ་ཡང་ཨ་བྷྱ་རྗེས་འབྲང་དང་བཅས་པས་དང་པོར་བུམ་པ་བསྐྱེད་ནས། བུམ་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད། ཁ་ཅིག་ཕྱི་བུམ་པའི་རྣམ་པ་ལ། ནང་གཞལ་ཡས་ཁང་གི་རྣམ་པ་ཅན་ཞེས་ཟེར་བ་ནི་མི་འཐད་དེ། དེ་དག་གི་དོན་བུམ་པའི་ནང་དུ་གཞལ་ཡས་ཁང་བསྐྱེད་པ་ཡིན་ན། བུམ་པ་བསྐྱེད་ནས་དེའི་ནང་དུ་གཞལ་ཡས་ཁང་པ་ཞེས་པས་ཆོག་པ་ཡིན་པས། གོང་གི་ཚིག་དེ་རྣམས་དོན་མེད་ལ། ཡང་ཚྭ་ཚྭའི་རྐོས་ཕོར་ལྟ་བུ་ལ་བློ་རྩེ་གཏོད་ན། དེ་ལྟ་བུའི་བཤད་པ་གང་ནའང་མེད་པས་མི་འཐད་དོ། །བུམ་པའི་ནང་དུ་ལྷ་ཁོ་ན་བསྐྱེད་པའི་ལུགས་ལའང་། བདག་འཇུག་དཔལ་འབྱུང་མ་ལྟར་ན། བུམ་པ་བསྐྱེད་ནས་དེའི་ནང་དུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་དང་། འདབ་མ་བརྒྱད་ལ་ཉི་མའི་དཀྱིལ་འཁོར་གྱི་གདན་དང་བཅས་པ། སྟེང་དུ་ཨཱ་ལི་ལས་ཟླ་བ་དང་། ཀཱ་ལི་ལས་ཉི་མ། དབུས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཧཱུྃ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པའི་དཔྲལ་བར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ། དེའི་གཡོན་དུ་ཨཾ་ལས་གྲི་གུག་སྔོ་ནག་ཡུ་བར་ཨཾ་གིས་མཚན་པ། ཟླ་ཉི་ཕྱག་མཚན་རོ་གཅིག་ཏུ་འདྲེས་པ་ལས། གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། འཁོར་རྣམས་ཡུམ་གྱི་མཁའ་ནས་ཐིག་ལེ་འགྲོས་ཀྱི་ཚུལ་གྱིས་འབྱིན་ནས། སོ་སོའི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སོང་། དེ་ལས་ས་བོན་ཕྱག་མཚན་ས་བོན་སོགས་སྒྲུབ་ཐབས་བཞིན་དུ་བསྐྱེད་པ་ཡིན་ལ། ཇིམ་གི་མ་ལྟར་ན་གཙོ་འཁོར་ཐམས་ཅད་མངོན་བྱང་ལས་བསྐྱེད་པ་ཡིན་ནོ། །དེ་ལ་ཁ་ཅིག་དཔལ་འབྱུང་མ་ཡན་ལག་དྲུག་པ་དང་མཐུན། ཇིམ་གི་མ་ཡན་ལག་བཞི་པ་དང་མཐུན་ཟེར་བ་ནི་མི་འཐད་དེ། ཡན་ལག་དྲུག་པ་ལ་འཁོར་ལ་མངོན་བྱང་མེད་པའི་ཕྱིར་དང་། ཡན་ལག་བཞི་པར་འཁོར་ལ་མངོན་བྱང་ཡོད་ཀྱང་གཙོ་འཁོར་ཐམས་ཅད་ཀྱི་མངོན་བྱང་ལྔ་ཀར་དུས་ཉམས་དུ་མེད་པའི་ཕྱིར་རོ། །དེས་ན་དཔལ་འབྱུང་མ་མངོན་རྟོགས་ཡིད་བཞིན་ནོར་བུ་དང་མཐུན་ལ། ཇིམ་གི་མ་ནི་རྗེ་བཙུན་ཡབ་ཀྱི་ཕྱོགས་ལ་རྒྱུ་རྡོ་རྗེ་འཆང་གི་དཀྱིལ་འཁོར་དང་མཐུན་ཅིང་། ཡུམ་གྱི་ཕྱོགས་དང་མཐུན་པ་ཙམ་ཡིན་ནོ། །རང་ལུགས་དབང་ཆུ་ཆེན་མོའི་དགོངས་པ་ལྟར་ན། བུམ་པ་ལ་བརྟེན་པའི་བསྙེན་པའི་སྐབས་ཀྱི་བསྐྱེད་ཚུལ་དང་། བུམ་པ་སྟ་གོན་གྱི་བསྐྱེད་ཚུལ་གཉིས་ལས། དང་པོ་ལ་བུམ་པའི་ནང་དུ་སྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་སྐད་ཅིག་མས་བསྐྱེད་ནས། དེར་གཙོ་བོ་མངོན་བྱང་ལྔ་ལས་བསྐྱེད། འཁོར་རྣམས་འབྱིན་པའི་ཚུལ་དུ་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱས་ཏེ་མཆོད་བསྟོད་བྱས་ནས་སྔགས་བཟླ་བའོ། །གཉིས་པ་ནི་དབང་ཆུར་རང་ལྷའི་ང་རྒྱལ་དང་ལྡན་པས་བདུད་རྩི་འཁྱིལ་པའི་སྔགས་བརྗོད་ཅིང་ལཾས་ཀྱི་ཾརྡོ་རྗེའམ། ཀུ་ཤའི་ཆུན་པོས་བདུད་རྩིའམ། བསང་ཆུས་བུམ་པ་རྣམས་ལ་གཏོར་ཏེ་བགེགས་བསལ། སྭཱ་བྷཱ་ཝའི་སྔགས་བརྗོད་དེ་སྟོང་པར་བསམས་ལ་ཞེས་གསུངས་པ་ནི། སྟ་གོན་དང་པོ་གཉིས་ལ་སོགས་པ་བསང་སྦྱང་དངོས་སུ་མ་གསུངས་པ་རྣམས་ལའང་འདིས་མཚོན་ནས་ཤེས་པར་བྱའོ། །དེ་ནས་སྟོང་པའི་ངང་ལས་པྃ་བཅུ་ལས་པདྨ་བཅུའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བཅུ། དེ་རྣམས་ཀྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་དང་ལྡན་པ་བསྐྱེད་དེ། དེ་ནས་རྣམ་རྒྱལ་བུམ་པའི་ནང་དུ་མངོན་པར་བྱང་ཆུབ་པ་ལྔས་གཙོ་བོ་ཡབ་ཡུམ་བསྐྱེད། མཁའ་གསང་བྱིན་གྱིས་བརླབ་པ་ནས་བཟུང་སྟེ། མངལ་དུ་ལྷ་མོ་བརྒྱད་ཁྲོ་བོ་བདུད་རྩི་འཁྱིལ་པ་དང་དགུ་ས་བོན་ལས་བསྐྱེད་དེ། ཕྱིར་སྤྲོས་ཏེ་སོ་སོའི་བུམ་པའི་ནང་དུ་གཞག་པར་བྱའོ། །ཁ་ཅིག་འདི་ལའང་རྣམ་རྒྱལ་བུམ་པའི་ནང་དུའང་ལྷ་མོ་བརྒྱད་དང་། སོ་སོའི་བུམ་པའི་ནང་དུའང་ལྷ་མོ་བརྒྱད་དེ་ཚན་པ་གཉིས་བསྐྱེད་པ་ལུང་གཞན་གྱིས་བསྒྲུབ་པ་ནི། རྗེ་བཙུན་བསོད་ནམས་རྩེ་མོའི་གསུང་དང་མི་མཐུན་ལ། བུམ་པ་གཉིས་སུ་བསྡུ་ན། རྣམ་རྒྱལ་བུམ་པའི་ནང་དུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཉི་མ་དང་། འདབ་མ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར། དེ་རྣམས་ཀྱི་སྟེང་དུ་བདུད་བཞི་ལ་སོགས་པའི་གདན་སྒྲུབ་ཐབས་བཞིན་དང་། ལས་བུམ་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་བསམས་ལ། རྣམ་རྒྱལ་བུམ་པའི་དབུས་ཀྱི་གདན་གྱི་སྟེང་དུ་གཙོ་བོ་ཡབ་ཡུམ་མངོན་བྱང་ལྔས་བསྐྱེད་ནས། འཁོར་རྣམས་དང་བདུད་རྩི་འཁྱིལ་པ་ཡུམ་གྱི་མཁའ་ནས་འབྱིན་པའི་ཚུལ་གྱིས་བསྐྱེད་པ་ནི་བསྙེན་པའོ། །དེ་ནས་ཡན་ལག་ལྷག་པ་གསུམ་ཚང་བར་བྱས་ཏེ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་དང་། ས་བོན་ཙམ་གྱིས་ནང་བདུད་རྩི་དང་། ཡིད་བྱུང་དང་། བསྟོད་ཐུང་རྣམས་ཀྱིས་བསྟོད་ནས། པད་སྐོར་དང་བཅས་པས་གཟུངས་ཐག་བླངས་ཏེ། སྔགས་རྣམས་བཟླ། མཇུག་ཏུའང་མཆོད་བསྟོད་སྔ་མ་བཞིན་བྱ་སྟེ། འདིར་མ་བཤད་ཀྱང་བདེ་མཆོག་ནག་པོ་དཀྱིལ་ཆོག་ལས། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱིས་ནོངས་པ་བཟོད་པར་གསོལ་བར་བཤད་པ་ལྟར་བྱས་ལ། དུང་ཆོས་ཀྱི་ཆུ་བུམ་པ་རྣམས་སུ་ཐིགས་རེ་བླུགས་ནས། བུམ་པའི་ལྷ་རྣམས་འོད་དུ་ཞུ་བར་བསམ། སྔགས་བཟླ་བའི་ཚེ་ཁ་ཅིག རྣམ་རྒྱལ་བུམ་པའི་སྔགས་བཟླས་ཚར་ནས་ལས་བུམ་གྱི་སྔགས་བཟླས་པའི་ཚེ། རྣམ་རྒྱལ་བུམ་པའི་སྟེང་གི་དུང་ཆོས་དང་མེ་ཏོག་གི་ཕྲེང་བ་ལས་བུམ་གྱི་སྟེང་དུ་སྤོ་བའང་ཡོད་དེ། དེ་ལ་སྤྱིར་ཨ་བྷ་ཡ་ལ་སོགས་པས་དུང་ཆོས་དང་། མེ་ཏོག་གི་ཕྲེང་བ་སྤོ་བའི་ལག་ལེན་ཡོད་མོད། འོན་ཀྱང་དེ་ནི་དང་པོ་རྣམ་རྒྱལ་བུམ་པ་གཅིག་པུ་བསྐྱེད་ནས། དེའི་བཟླས་པ་ཚར་བ་དང་། དེ་ནས་ལས་བུམ་དུ་དུང་ཆོས་སྤོས་ནས། ལས་བུམ་བསྐྱེད་པ་བུམ་པ་རེ་རེ་ནས་བསྐྱེད་བཟླས་སོགས་རྐྱང་འདོན་བྱེད་པའི་ལུགས་ཡིན་ལ། འདིར་རྣམ་རྒྱལ་དང་ལས་བུམ་དུས་གཅིག་ལ་བསྐྱེད་པ་ཡིན་པས་དུང་ཆོས་སོགས་སྤོ་མི་དགོས་པའི་དོན་མ་རྟོགས་པ་ཡིན་ནོ།།་་་་་སྒྲུབ་མཆོད་ཞག་གྲངས་མང་པོར་སྦྲེལ་ནས་བྱེད་ན། དངོས་གཞིའི་ཉི་མ་གཉིས་པ་ཕན་ཆད་དུ་ནི་ཕྱི་རོལ་པའི་གཏོར་མའི་རྗེས་སུ། དཀྱིལ་འཁོར་ལ་བཟོད་གསོལ་ཚར་ནས་བྱ་བ་ཡིན་གྱི། ཕྱི་རོལ་པའི་གཏོར་མའི་གོང་དུ་བྱ་བར་ནི་མི་རིགས་ཏེ། བཟོད་གསོལ་མ་ཚར་བར་མདུན་བསྐྱེད་སྒྲུབ་མཆོད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་རོ། །ཀྱེ་རྡོ་ལ་སོགས་པ་དཀྱིལ་འཁོར་ཕལ་ཆེར་ལ། ཕྱི་རོལ་པའི་གཏོར་མ་དང་། ནོངས་པ་བཟོད་པར་གསོལ་ཚར་ནས་བདག་འཇུག་མ་བླངས་པའི་གོང་དུ་བྱ་བ་ཡིན་ཏེ། ནོངས་པ་བཟོད་པར་གསོལ་བ་ཡན་མདུན་བསྐྱེད་སྒྲུབ་མཆོད་ཀྱི་ཁོངས་སུ་གཏོགས་པས། དེ་དག་གི་བར་སྐབས་སུ་ཆོ་ག་རིགས་མི་མཐུན་གྱིས་གཅད་པ་མི་འཐད་པའི་ཕྱིར་རོ། །གསང་འདུས་འཕགས་ལུགས་ལ་ནི་ཕྱི་རོལ་པའི་གཏོར་མ་ཚར་ནས། དཀྱིལ་འཁོར་ལ་བསྐོར་བ་དང་། སྒོ་དབྱེ་བ་མ་བྱས་པའི་སྐབས་དེར་བྱས་ན་ལེགས་པར་སྣང་སྟེ། ཕྱི་རོལ་པའི་གཏོར་མ་ནི་ཆོ་ག་བཅུ་གཅིག་པ་ལྷ་རྣམས་སྤྱན་དྲང་བའི་ཁོངས་སུ་གཏོགས་ལ། དཀྱིལ་འཁོར་ལ་བསྐོར་བ་དང་། སྒོ་དབྱེ་བ་ནས་བརྩམས་ཏེ་སློབ་དཔོན་བདག་འཇུག་དང་། སློབ་མ་ཡོལ་བའི་ཕྱི་འཇུག་མན་ཆད་ཆོ་ག་བཅུ་གཉིས་པ་སློབ་མ་གཞུག་པའི་ཁོངས་སུ་གཏོགས་པས། དེ་དག་གི་བར་སྐབས་སུ་ཆོ་ག་རིགས་མི་མཐུན་གྱིས་གཅད་པ་མི་འཐད་པའི་ཕྱིར་རོ། །གལ་ཏེ་ཕྱི་རོལ་པའི་གཏོར་མ་དང་། དཀྱིལ་འཁོར་ལ་བསྐོར་བ་སྦྲེལ་བར་འདོད་ན། ཕྱི་རོལ་པའི་གཏོར་མའི་གོང་ལ་སྒོ་ཕྱེས་ཟིན་པའི་རྗེས་སུ་བྱེད་པ་ལ་ནི་ཁྱད་པར་མེད་དོ། །གོང་གི་རྟགས་ནས་འདིའི་བར་མཆན། དེ་ལྟར་བུམ་པ་སྟ་གོན་ཟིན་པའི་རྗེས་སུ་སྔར་གཏོར་མ་མ་བཏང་ན་སྐབས་འདིར་གཏོར་མ་གཉིས་པོ་གཏང་། རྣལ་འབྱོར་པ་རྣམས་མཉེས་པར་བྱ་བའི་ཕྱིར་ཚོགས་ཀྱི་བཟའ་བ་དང་བཏུང་བ་བླངས་ལ་བྱིན་གྱིས་བརླབས་ལ། ཕུད་དབུལ་བ་ལ་སོགས་པ་ནས་ལྷག་མ་གཏང་བའི་བར་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཞིན་བྱ། སློབ་མ་སྟ་གོན་དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་བྱེད་ན་བྲིས་སྐུ་ལ་སོགས་པ་ཞལ་དགབ། ལྷ་སྟ་གོན་གྱི་མེ་ཏོག་གི་ཚོམ་བུ་ལ་སོགས་པ་ལ་མེ་ཏོག་གཏོར་ཏེ་མི་མཐོང་བར་བྱ། ཡང་ན་དར་ལ་སོགས་པས་དགབ། བུམ་པ་རྣམས་ཀྱང་ཞལ་བཀབ་ལ་མི་མཐོང་བར་བྱའོ། །འཇིག་རྟེན་པའི་གཏོར་མའང་གཏང་། འདས་པའི་གཏོར་མ་བར་ཆད་ཞི་བར་བྱ་བའི་ཕྱིར་གཞག་གོ །བཞི་པ་སློབ་མ་སྟ་གོན་ལ་དོན་བཞི་སྟེ། གང་ལ་བྱ་བའི་སློབ་མ། ཇི་ལྟར་བྱ་བའི་ཆོ་ག དེ་ལས་སྡོམ་པ་ཇི་ཙམ་ཐོབ་པ། དེ་ཉིད་སྟ་གོན་དུ་འགྲོ་བའི་ཚུལ་ལོ། །དང་པོ་ནི། གསང་བ་སྤྱི་རྒྱུད་ལས། གཅིག་ནས་ཉི་ཤུ་རྩ་ལྔའི་བར། །ཟུང་དུ་མ་གྱུར་སློབ་མ་གཟུང་། །དེ་བས་ལྷག་པའི་སློབ་མ་ནི། །ཡོངས་སུ་གཟུང་བར་མི་ཤེས་སོ། །ཞེས་གསུངས་པ་ལྟར་སྔར་སློབ་མ་རྗེས་འཛིན་བྱས་པའི་སློབ་མ་དེ་དག་གོ །དེ་དག་ལས་གང་རུང་གཅིག་ཤི་ནས་ཟུང་དུ་གྱུར་པའི་ཚེ་ཇི་ལྟར་བྱ་སྙམ་ན། དེ་ཉིད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །སྟ་གོན་གནས་ཚེ་མེད་ན་ནི། །དེ་ཡི་གཟུགས་བརྙན་བྲིས་ནས་ནི། །ཇི་སྐད་བཤད་པ་ཐམས་ཅད་བྱ། །ཞེས་གསུངས་པ་ལྟར་དེའི་གཟུགས་བརྙན་བྲིས་ནས་རྟེན་བསྐྱེད་པ་དང་། རྣམ་ཤེས་བཀུག་པ་བྱས་ནས་དེ་ཉིད་གྲལ་དུ་བཞག་སྟེ་དེ་དང་བཅས་པ་ལ་དབང་བསྐུར་རོ། །འདི་ལ་དགོས་པ་ཁྱད་པར་ཅན་གཉིས་ཡོད་དེ། དེ་ཉིད་ལ་སྡིག་སྦྱོང་གི་སྒོ་ཁྱད་པར་ཅན་དུ་འགྱུར་བ་དང་། གཞན་རྣམས་ལ་ཟུང་དུ་གྱུར་པའི་སྐྱོན་སྤོང་བའོ། །གལ་ཏེ་སློབ་མ་གང་རུང་གཅིག་རྐྱེན་འགའ་ཞིག་གིས་སྟ་གོན་གྱི་གནས་དེར་འོངས་པར་མ་གྱུར་ན་ཅི་ལྟར་བྱ་སྙམ་ན། དེ་ཉིད་ལས། སློབ་མ་ཡོངས་སུ་བཟུང་བ་གང་། །གལ་ཏེ་རྐྱེན་འགའ་ཞིག་གིས་ནི། །དེར་ནི་འོངས་པར་མ་གྱུར་ན། །གཞན་དག་དེ་ཡི་སྐྱིན་པར་གཞུག །ཅེས་གསུངས་པ་ལྟར། གཞན་གང་རུང་ཅིག་དེའི་ཚབ་ཏུ་འཇུག་སྟེ། འདིས་སློབ་མ་རྗེས་འཛིན་མ་བྱས་པ་ལའང་སྟ་གོན་བྱེད་དུ་རུང་བའི་དམིགས་བསལ་བསྟན་ནོ། །འདི་ལའང་དགོས་པ་ཁྱད་པར་ཅན་གཉིས་ཡོད་དེ། དེ་ཉིད་ཀྱིས་དབང་བསྐུར་ཐོབ་པ་དང་། གཞན་རྣམས་ཟུང་དུ་གྱུར་པའི་སྐྱོན་སྤོང་བའོ། །གང་དག་ལུང་འདི་དག་གི་སྟ་གོན་མ་བྱས་ཀྱང་དངོས་གཞི་རུང་བའི་དོན་དུ་འཆད་པ་ནི། སྟ་གོན་གནས་ཚེ་མེད་ན་ནི། །ཞེས་པའི་ཚིག་ཙམ་ཡང་བློ་ཡུལ་དུ་མ་ཤར་ཞིང་། ཇི་སྐད་བཤད་པ་ཐམས་ཅད་བྱ། །ཞེས་པའི་དོན་སྟ་གོན་དང་དངོས་གཞི་གཉིས་ཀ་ལ་འཇུག་པའི་དོན་ཡང་གཞལ་བྱར་མ་བྱས་པའོ། །གཉིས་པ་ནི། རྗེ་བཙུན་རིན་པོ་ཆེས། བྱ་རྒྱུད་ཀྱི་སྟ་གོན་འགའ་ཞིག་ཏུ། ལུས་དང་སེམས་ཀྱི་བྱ་བ་དང་། ལུས་དང་ངག་གི་བྱ་བ་དང་། དངོས་གྲུབ་ཀྱི་མཚན་ལྟས་བརྟག་པ་དང་གསུམ་དུ་མཛད་ཅིང་། བླ་མེད་ཀྱི་ཆོ་ག་ལ་དོན་ཚན་བཅུ་བཞིར་མཛད་པ་དང་། བཅུ་གསུམ་དུ་མཛད་པ་དང་། བཅུ་གཉིས་སུ་མཛད་པ་སོགས་དུ་མ་ཡོད་པ་ལས། འདིར་བཅུ་བཞིར་མཛད་པའི་དང་པོ་ལུས་ཀྱི་བྱ་བ་ནི་དམ་པའི་ཆོས་ལ་མ་གུས་པ་སྤོང་ཞིང་། གུས་པ་བསྐྱེད་པའི་ཆེད་དུ་སློབ་མ་རྣམས་ཁྲུས་བྱས། ཡོན་དང་མཎྜལ་ཕུལ། སྤྱོད་ལམ་གུས་པ་དང་བཅས་པས་འདུག་པའོ། །ལྷག་མ་བཅུ་གསུམ་བསྡུ་ན་གསུམ་དུ་འདུས་ཏེ། ཁྱད་པར་ཅན་གྱི་བསམ་པ་བསྐྱེད་པ་དང་། ཁྱད་པར་གྱི་དོན་ཞུ་བ་དང་། དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའོ། །དང་པོ་ལ་དོན་དུ་གཉེར་བྱའི་འབྲས་བུ་ངོས་གཟུང་། དེའི་མི་མཐུན་ཕྱོགས་ངོས་གཟུང་། དེ་སྤངས་ནས་དོན་དུ་གཉེར་བྱའི་འབྲས་བུ་ལ་སེམས་གཞོལ་བར་གདམས་པ་དང་གསུམ་ལས། དང་པོ་ལའང་གཉིས་ཏེ། རབ་སྔགས་ཀྱི་དངོས་གྲུབ་དང་། དེ་མ་བྱུང་ན་འཇིག་རྟེན་ཕ་རོལ་ལ་ཡང་རུང་བར་བསྟན་པའོ། །དང་པོ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །ཞེས་པ་སྟེ་སྔགས་ཀྱི་སྐད་དོད་མནྟྲ་ཞེས་པའི་མ་ནོ་ཡིད་དང་ཏ་ར་སྐྱོབ་པ་ལ་འཇུག གང་ལས་སྐྱོབ་པའི་མི་མཐུན་ཕྱོགས་དང་བཅས་ཏེ་བརྗོད་ན། ཡིད་མཚན་རྟོག་ལས་སྐྱོབ་པ་སྟེ། འདིའང་རྒྱུད་གསུམ་ལ་འཇུག་པ་ལས། རྒྱུ་རྒྱུད་ནི་ཡིད་མཚན་རྟོག་ལས་རང་བཞིན་གྱིས་སྐྱོབ་པས་ན་སྔགས། ཐབས་རྒྱུད་ནི་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་ཐབས་ཡིན་པས་ན་སྔགས། འབྲས་བུའི་རྒྱུད་ནི་ཡིད་མཚན་རྟོག་མ་ལུས་པ་ལས་བསྐྱབས་ཟིན་པས་ན་སྔགས་ཀྱི་སྒྲ་འཇུག་གོ །འདིར་ནི་དངོས་གྲུབ་ཅེས་པའི་ཚིག་དང་འབྲེལ་བའི་ཚེ་ཕྱི་མ་ཉིད་ལ་འཇུག་པས་སེམས་ཅན་གྱི་དོན་དུ་ཕྱག་ཆེན་མཆོག་གི་དངོས་གྲུབ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པར་འདོད་པའི་བློ་བསྐྱེད་པའོ། །གཉིས་པ་ནི། བསོད་ནམས་འདོད་པས་དེ་ལས་གཞན། །ཞེས་སོགས་ཚིག་རྐང་ལྔ་སྟེ། བསམ་པ་དེ་ཙམ་མ་བྱུང་ནའང་འཁོར་བ་སྤངས་ནས་མྱང་འདས་ཐོབ་པའི་བློ་ཡོད་ན། དཀྱིལ་འཁོར་དུ་གཞུག་པར་བྱ་ཞེས་པ་སྟེ། འདིར་འཇིག་རྟེན་ཕ་རོལ་ནི་སྐྱེ་བ་ཕྱི་མ་ལྷ་མིའི་གོ་འཕང་འདོད་པ་སོགས་མ་ཡིན་གྱི། མྱ་ངན་ལས་འདས་པ་ཙམ་གྱི་བློའོ། །གཉིས་པ་ནི། འདི་ཡི་འབྲས་བུ་གཉེར་མི་བྱ། །ཞེས་སོགས་ཚིག་རྐང་གསུམ་སྟེ། འདིའི་འབྲས་བུ་ནི་སྔར་གྱི་འཇིག་རྟེན་ཕ་རོལ་གྱི་ཟླས་དྲངས་པ་སྟེ། འདི་དང་ཕྱི་མར་འཁོར་བའི་བདེ་འབྲས་འདོད་པའོ། །དེ་ལྟར་ཡང་དབང་ཆུར། མདོར་བསྡུ་ན་ཚེ་འདི་ཞེས་བྱ་བ་ནི་ཚེ་འདིར་ཚེ་རིང་བ་དང་། ནད་མེད་པ་ལ་སོགས་པ་དང་། སྐྱེ་བ་ཕྱི་མར་ལྷ་དང་མི་ལ་སོགས་པའི་བདེ་བ་འཐོབ་པར་འདོད་པ་མ་ཡིན་གྱི་ཞེས་གསུངས་པས་སོ། །ཡང་ན་ཚིག་རྐང་དང་པོ་གཉིས་ཀྱི་དོན་ཚེ་འདིར་ཕྱག་ཆེན་མཆོག་གི་དངོས་གྲུབ་འདོད་པ་དང་། བསོད་ནམས་འདོད་པ་དེ་ལས་གཞན། །ཞེས་པ་མན་ཆད་ཀྱིས་སྐྱེ་བ་ཕྱི་མ་ཕན་ཆད་དུ་ཕྱག་ཆེན་མཆོག་གི་དངོས་གྲུབ་འདོད་པ་ལ་སྦྱར་ནས་འཇིག་རྟེན་ཕ་རོལ་དང་། སྔགས་ཀྱི་དངོས་གྲུབ་དོན་གཅིག་ཏུ་བཤད་པ་གང་རུང་བྱ་སྟེ། གཞན་དུ་ན། དེ་ལས་གཞན་ཞེས་པའི་ཚིག་བཤད་དུ་མི་རུང་ངོ་། །གསུམ་པ་ནི། འཇིག་རྟེན་ཕ་རོལ་ལ་དམིགས་ན། །ཞེས་སོགས་ཚིག་རྐང་གཉིས་ཏེ། དབང་ཆུར། སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་བྱ་བ་དེ་འདོད་པར་བྱ་དགོས་ཏེ། དེ་དོན་དུ་གཉེར་ན་ཚེ་འདིར་དང་སྐྱེ་བ་གཞན་གྱི་ཕུན་སུམ་ཚོགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བའང་འབད་པ་མེད་པར་འཐོབ་སྟེ། དཔེར་ན་འབྲས་ཀྱི་ལོ་ལེགས་ན་ཕུབ་མ་ལ་སོགས་པ་ཞོར་ལ་འབྱུང་བ་དང་འདྲའོ། །ཞེས་རྒྱས་པར་བཤད་པར་བྱའོ་ཞེས་གསུངས་ཏེ། ཚུལ་འདི་ལྟར་ན་སྔར་གྱི་བཤད་པ་ཕྱི་མ་གཉིས་དགོས་པར་སྣང་ངོ་། །གཉིས་པ་ལ་ལྔ་སྟེ། ཁྱད་པར་ཅན་གྱི་དོན་ཞུ་བ་པོར་བསྒྲུབ་པ། ཁྱད་པར་ཅན་གྱི་དོན་ལ་གསོལ་བ་གདབ་པ། ཁྱད་པར་ཅན་གྱི་དོན་ལ་སྤྲོ་བ་བསྐྱེད་པ། ཁྱད་པར་ཅན་གྱི་དོན་ཉིད་བསྒྲུབ་པ། དེ་ཉིད་བསྲུངས་ནས་མཆོད་པ་བྱའོ། །དང་པོ་ནི། ནང་གི་དབང་བསྐུར་བ་སྟེ། བུ་ཚུར་ཐེག་པ་ཆེན་པོ་ལ། །ཞེས་དང་། བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་པའི་བུར་སྒྲུབ་པའི་ཆོ་ག་ལ་འདི་དགོས་པར་དཀྱིལ་ཆོག་འགའ་ཞིག་ལས་གསུངས་ཤིང་། ཌོམྦི་ལུགས་ཀྱི་དཀྱིལ་ཆོག་གཉིས་ལ་སོགས་པ་དཀྱིལ་ཆོག་མང་པོར་འདི་མེད་པའང་སྣང་སྟེ། ཐེག་པ་ཆེན་པོའི་རིགས་སུ་སྐྱེས་པ་ཙམ་གྱིས་བུར་གྲུབ་པའི་དབང་དུ་བྱས་པའོ། །གཉིས་པ་ནི། བདག་མེད་མ་ཡིས་མགྲིན་འཁྱུད་པའི། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ཏེ། ཚིག་རྐང་དང་པོ་ནི་ནང་དབང་བསྐུར་བ་སྔོན་དུ་སོང་བས་དྲིན་དྲན་པའི་ཚུལ་གྱིས་བསྣན་པ་སྟེ། གཞན་དུ་ན། མཱ་མ་ཀཱི་དང་ལྷན་ཅིག་སྦྱོར། །ཞེས་འབྱུང་བ་དང་དོན་གཅིག་གོ །ཚིག་ལྷག་མ་རྣམས་ནི་གསང་བ་སྤྱི་རྒྱུད་ལས་འབྱུང་བ་དཀྱིལ་ཆོག་ཕལ་ཆེར་ལ་སྦྱར་བར་སྣང་ཞིང་། ཌོམྦི་ལུགས་ཀྱི་དཀྱིལ་ཆོག་གཉིས་ལའང་། བཟང་པོ་ཡོངས་གཟུང་ལས། སྐྱེ་རྒ་ན་དང་འཆི་བ་ཡི། །ཆུ་སྲིན་ལ་སོགས་འཇིགས་བཅས་པ། །སྲིད་པའི་རྒྱ་མཚོར་བྱིང་བ་ལས། །འདོན་པར་མཛད་པ་ཁྱོད་འབའ་ཞིག །དགའ་ཆེན་ཁྱོད་བདག་སྟོན་པ་བས། །ཞེས་སོགས་གསུངས་པ་ནི་སྡོམ་འབྱུང་གི་ཚིག་ཏུ་སྣང་ངོ་། །རིན་ཆེན་འབར་བ་ལས་ནི་སྤྱི་རྒྱུད་དང་མཐུན་པར་གསུངས་སོ། །དེ་དག་གི་དོན་འཆད་པ་ཚིགས་བཅད་དང་པོས་ནི་དགོངས་སུ་གསོལ་བ་དང་། དོན་དུ་གཉེར་བྱའི་འབྲས་བུ་མཆོག་སྨོས་ནས། དེ་འཐོབ་པར་བྱེད་པའི་ཐབས། དམ་ཚིག་དེ་ཉིད་བདག་ལ་རྩོལ། །ཞེས་པ་ནི་ཁྱད་པར་ཅན་གྱི་དོན་གྱི་གཙོ་བོ་སྔགས་ཀྱི་དམ་ཚིག་སྟེ། རྒྱུད་སྡེ་གང་ལ་སྦྱར་ཡང་དབང་གི་ཆོ་ག་ལས་ཐོབ་པའི་སྔགས་ཀྱི་དམ་ཚིག་གོ །དེའི་རྟེན་དུ་བྱང་སེམས་ཀྱི་སྡོམ་པ་དགོས་པས། བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །ཞེས་པ་དང་། དེའི་རྟེན་དུ་སོ་ཐར་གྱི་སྡོམ་པ་དགོས་པས། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཞེས་པ་སྟེ་འདི་གཉིས་ནི་རྒྱུན་བཤགས་ཀྱི་སྐབས་སུ་འཐོབ་པར་འགྱུར་བའི་བྱང་སེམས་དང་སོ་ཐར་ཁོ་ན་ཡིན་གྱི། སྔར་ཆོ་ག་ཐུན་མོང་བས་ཐོབ་ཟིན་པ་ནི་མ་ཡིན་ནོ། །དེ་ལྟར་སྡོམ་པ་གསུམ་སྩོལ་བའི་སྒོ་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པ་ནི་ཁྱད་པར་ཅན་གྱི་དོན་ཡིན་པས། དེའི་ཆེད་དུ་གསོལ་བ་གདབ་པའོ། །གསུམ་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། །ཞེས་སོགས་ཏེ། ཐེག་པ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་གཉིས་ཀ་ལ་འཇུག་པའི་སྤྱི་ཡིན་ལ། དེའི་ནང་ནས་གསང་སྔགས་ཁྱོད་ལ་བསྟན་པར་བྱའོ། །གསང་སྔགས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་ཡིན་ཞིང་། བྱེ་བྲག་ཏུ་སྟོན་པ་འདིས་ཀྱང་གསང་སྔགས་ཀྱི་ཐེག་པ་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་སྤྲོ་བ་མ་སྐྱེས་པ་རྣམས་བསྐྱེད་ཅིང་། སྐྱེས་པ་རྣམས་དེ་ལས་བློ་གཞན་དུ་མི་འགྱུར་བར་བྱེད་པའོ། །སྟོན་པ་འདིས་གསང་སྔགས་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་གང་ཡིན་སྙམ་ན། དེའི་དུས་ནི་སུས་ཀྱང་གཟུང་བར་མི་ནུས་ཏེ། དབུ་མ་འཇུག་པ་ལས། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཞིང་དག་ན། །ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་སྐལ་བའང་དེ་སྙེད་དེ། །འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱིས་མ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །འོ་ན་དེ་ཉིད་གདུལ་བྱ་སྤྲོ་བ་སྐྱེད་པའི་རྒྱུར་མི་རུང་ངོ་སྙམ་ན། དེ་རུང་བའི་ཆེད་དུ་དྲང་དོན་དུ་སྔགས་ལ་བརྟེན་ནས་སངས་རྒྱས་པའི་ཚུལ་སྟོན་པ་ནི། ཆུ་བོ་ནཻ་རཉྫ་རའི་འགྲམ་དུ་དཀའ་བ་སྤྱད་པ་ན། རྣམ་སྨིན་གྱི་ལུས་དེར་བཞག་ནས་ཡིད་ཀྱི་ལུས་འོག་མིན་དུ་སངས་རྒྱས་པ་སྟེ། དེ་ཉིད་བསྡུས་པའི་རྒྱུད་ལས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་འདི་དཔེར་ན་ཏིལ་གྱི་གོང་བུ་བཞིན་དུ་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བྱང་ཆུབ་པའི་སྙིང་པོར་ཞུགས་པ་གང་ན་བ་དེར་གཤེགས་ཏེ། བྱང་ཆུབ་སེམས་དཔའ་དེ་ལ་ཆེད་དུ་ལོངས་སྤྱོད་རྫོགས་པའི་སྐུ་བསྟན་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་དཀའ་བ་སྤྱད་པ་ཐམས་ཅད་ལ་སྤྲོ་བ་སྐྱེད་ཅིང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐུལ་བས་མི་གཡོ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་ཁོ་ན་ཉིད་ནི་ཇི་ལྟ་བུ་ལགས། ཇི་ལྟར་ན་བསྒྲུབ་པར་བགྱི། བཀའ་སྩལ་བར་གསོལ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་གཅིག་ཏུ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་ཞོག་ལ། རང་བཞིན་གྱིས་གྲུབ་པའི་སྔགས་འདི་ཅི་དགར་བཟླས་ཤིང་བསྒྲུབ་པར་གྱིས་ཤིག ཨོཾ་ཙིཏྟ་པྲ་ཏི་ཞེས་སོགས་མངོན་པར་བྱང་ཆུབ་པ་ལྔ་གསུངས་སོ། །ཞེས་གསུངས་པའི་དོན་ཡོ་ག་བ་ཤཱཀྱ་བཤེས་གཉེན་གྱིས་རང་རྒྱུད་པར་འཆད་པ། གྲུབ་ཆེན་ཀུན་དགའ་སྙིང་པོས་ལུང་དང་རིགས་པས་བཀག་ནས། ཚུལ་སྟོན་པ་འབའ་ཞིག་ཏུ་འཆད་དོ། །དེ་བཞིན་དུ་ཀླུ་སྒྲུབ་ཡབ་སྲས་དང་། ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པ་དང་། ས་སྐྱ་པའི་རྗེ་བཙུན་གོང་མ་རྣམས་ཀྱིས་ཀྱང་། ཚུལ་སྟོན་པ་འབའ་ཞིག་ཏུ་འཆད་པ་ནི་རྡོ་རྗེ་ཐེག་པའི་རྒྱུད་སྡེའི་དགོངས་པ་ཡིན་པས། གདུལ་བྱ་གསང་སྔགས་ལ་སྤྲོ་བ་སྐྱེད་པའི་ཆེད་དུ་ཡིན་ནོ། །མདོར་ན་ཉན་ཐོས་སྡེ་པས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་པ་རང་རྒྱུད་པར་འཆད་པ་དང་། ཤཱཀྱ་བཤེས་གཉེན་གྱི་ནཻ་རན་ཛ་རའི་འགྲམ་གྱི་དྲུང་དུ་སངས་རྒྱས་པ་རང་རྒྱུད་པར་འཆད་པ་གཉིས་མ་གཏོགས། ཐེག་པ་ཆེན་པོ་བ་མཐའ་དག་རྒྱལ་བུ་དོན་འགྲུབ་ཀྱི་རྟེན་ལ་སངས་རྒྱས་པ་ནི་ཚུལ་སྟོན་པར་འཆད་ཅིང་། ཚུལ་སྟོན་པ་ལ་སྔ་ཕྱི་གང་དུ་སངས་རྒྱས་ཀྱང་འགལ་བ་མེད་དེ། ཚུལ་སྟོན་པ་ཡིན་པའི་ཕྱིར་རོ། །བཞི་པ་ལ་ཁྱད་པར་ཅན་གྱི་དོན་གྱི་རྟེན་བསྐྱེད་པ་དང་། དེ་ཉིད་བསྲུང་ཞིང་ཁྱད་པར་གྱི་དོན་གྱི་ས་བོན་བཏབ་པ་གཉིས་ལས། དང་པོ་ནི། རྒྱུན་བཤགས་བྱ་བ་སྟེ། འདི་ལ་བཟང་པོ་ཡོངས་གཟུང་ལས། དེ་ལྟར་སློབ་མ་ལ་གདམས་ནས། །བཤགས་དང་ཡི་རང་སོགས་བྱ་ཞིང་། །དང་པོར་གསུམ་ལ་སྐྱབས་སུ་གཏང་། །དེ་ནས་བྱང་ཆུབ་སེམས་བསྐྱེད་བྱ། །ཞེས་པ་ཙམ་ལས་མ་གསུངས་ཀྱང་། རྗེ་བཙུན་རྩེ་མོས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོ་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་རྣམ་སྣང་སྒྱུ་དྲྭ་ནས་འབྱུང་བའི་བསྡུས་པ་བྱ་བའམ། རྒྱས་པར་སྤྲོ་ན། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བའི་རྩ་བ་བསྔོ་བ། གསུམ་ལ་སྐྱབས་སུ་འགྲོ་བ། སྨོན་འཇུག་གི་སེམས་བསྐྱེད་གཟུང་བ་རྣམས་བྱ་བར་གསུང་ཤིང་། དབང་ཆུ་འདིར་ནི། གུར་ནས་འབྱུང་བའི་རྒྱུན་བཤགས་མཛད་ལ། རིན་ཆེན་འབར་བ་ལས། གུར་དང་མཐུན་པའི་ཚིགས་བཅད་ལོགས་སུ་མཛད་ཅིང་གང་ལྟར་ཡང་ཡན་ལག་གཞན་གྱི་རྒྱས་བསྡུས་མ་གཏོགས་པ་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད་ངེས་པར་དགོས་པ་ཡིན་ལ། རྒྱུད་སྡེ་བཞི་ཆར་གྱི་རྒྱུན་བཤགས་འདྲ་བར་སྣང་ངོ་། །དེ་ན་ཀླུའི་བློས་དཀྱིལ་ཆོག་ཉི་ཤུ་པ་དང་། ནག་པོ་པའི་གཞུང་འགྲེལ་ལས། རྣམ་སྣང་སྒྱུ་དྲྭ་ནས་གསུངས་པའི་ཚིགས་བཅད་གཅིག་པོ་དེ་ཉིད་འབྱུང་བ་ལའང་། སང་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པའི་ཚིག་དེས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་། སྨོན་འཇུག་གི་སེམས་བསྐྱེད་བསྟན་དགོས་པར་སྣང་ངོ་། །གཉིས་པ་ནི། གནས་གསུམ་དུ་དྲི་བཟང་གི་ཆུས་ཐིག་ལེ་བྱས་ནས། ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པར་བསམ་པ་སྟེ། འདི་ལ་དབང་ཆུར་ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པའམ། དེ་དག་ལས་སྐུ་རྡོ་རྗེ་སོགས་བསམ་པ་གསུམཾ་གདམ་ཁ་ཅན་དུ་གསུངས་ཤིང་། ཐོག་མར་ཡས་རིམ། དེ་ནས་མས་རིམ། སླར་ཡང་ཡས་རིམ་དུ་རེག་པས་སྔ་མ་དེ་ཉིད་གསལ་གདབ་པར་གསུང་ལ། ལག་ལེན་པ་དག་དང་པོས་ས་བོན། གཉིས་པས་ཕྱག་མཚན། གསུམ་པས་ས་བོན་གྱིས་མཚན་པར་བསྒོམ་གསུངས་པ་ནི་དཀྱིལ་ཆོག་རྣམས་ན་གསལ་ཁ་མི་སྣང་ཞིང་། ཐུགས་རྡོ་རྗེ་སོགས་སྒོམ་པའི་ཚེ་ན་ལན་བཞིར་ཡང་རེག་པར་འགྱུར་རོ། །འདི་ནི་སྔར་གྱི་བྱང་ཆུབ་ཀྱི་སེམས་དེ་ཉིད་བསྲུང་བ་གཙོ་བོ་ཡིན་ཏེ། དབང་ཆུར། དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྔགས་ཀྱིས་བསྲུང་ཞིང་ལྷར་བསྐྱེད་ཅིང་བྱིན་གྱིས་བརླབ་པ་ནི་ཞེས་དང་། བདེ་མཆོག་ནག་པོ་དཀྱིལ་ཆོག་ལས། དེ་ནས་བྱང་ཆུབ་ཀྱི་སེམས་དེ་ཉིད་བསྲུང་བའི་ཕྱིར་ཞེས་དང་། རིན་ཆེན་འབར་བ་ལས། དེ་ནས་བླ་མས་བྱང་ཆུབ་སེམས། །མ་སྐྱེས་པ་ནི་བསྐྱེད་པར་བྱ། །སྐྱེས་པ་སླར་ཡང་དྲན་དུ་གཞུག །ལས་ཀུན་བྱེད་པས་བསྲུངས་ནས་ནི། །ཞེས་གསུངས་པས་སོ། །འདི་ལ་བཟང་པོ་ཡོངས་གཟུང་ལས། སྙིང་གར་རྡོ་རྗེ་རྩེ་ལྔ་པ་དང་། སྤྱི་བོར་སྣ་ཚོགས་རྡོ་རྗེ་དང་། མགྲིན་པར་པདྨ་བསམ་པ་ཙམ་ཞིག་གསུངས་ཤིང་། ས་བོན་ལས་བསྐྱེད་པ་དང་། ས་བོན་གྱིས་མཚན་པ་གཉིས་ནི་མི་སྣང་ལ། རིན་ཆེན་འབར་བ་ལས། སྙིང་ག་ལྐོག་མ་སྤྱི་བོ་རུ། །རྡོ་རྗེ་པདྨ་འཁོར་ལོ་རྣམས། །ཧཱུྃ་ཨཱཿཨོཾ་ལས་དེ་དག་དགོད། །སྤོས་ཆུ་རྡོ་རྗེ་ཁུ་ཚུར་དག །སྙིང་ག་ལྐོག་མ་སྤྱི་བོར་གཏུག །དེ་བཞིན་ཧཱུྃ་ཨཱཿཨོཾ་བརྗོད་བྱ། །ཞེས་ས་བོན་ལས་བསྐྱེད་པ་དང་། མས་རིམ་ནས་རེག་པ་ཁོ་ནར་གསུངས་སོ། །ནག་པོ་པའི་གཞུང་ལས། ཨོཾ་ཨཱཿཧཱུྃ་ཞེས་པས་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་རྣམས་སུ་ས་སྤྱོད་མ་དང་། མཁའ་སྤྱོད་མ་དང་། བདག་མེད་མ་རྣམས་བལྟས་ལ། རེག་པའི་ཚེ་མས་རིམ་ནས་རེག་པ་ཁོ་ནར་གསུངས་སོ། །འདི་དག་ནི་སྔར་གྱི་བྱང་ཆུབ་ཀྱི་སེམས་བསྲུང་ཞིང་། རྡོ་རྗེ་གསུམ་གྱི་ས་བོན་བཏབ་པས་ཁྱད་པར་ཅན་གྱི་དོན་སྔགས་ཀྱི་དམ་ཚིག་གི་ས་བོན་བཏབ་པ་ཡིན་ལ། དེ་ལ་མཆོད་པ་བྱ་བ་ནི། དཀྱིལ་ཆོག་བཟང་པོ་ཡོངས་གཟུང་ལས། དེ་ནས་མེ་ཏོག་སྤོས་སོགས་ཀྱིས། །མཆོད་པ་བྱས་ནས་འདུག་ཏུ་གཞུག །ཅེས་པ་ཙམ་ལས་མ་གསུངས་ཀྱང་། རིན་ཆེན་འབར་བ་དང་། ནག་པོ་པའི་གཞུང་འགྲེལ་གཉིས་ལས། སྤྱི་བོར་མེ་ཏོག་མདུན་དུ་སྤོས། །མར་མེ་དྲི་ནི་སྙིང་ག་རུ། །ཀུན་བྱེད་བཟླས་ནས་གུས་པ་ཡིས། །སློབ་མ་རྣམས་ལ་སྦྱིན་པར་བྱ། །ཞེས་མཆོད་པའི་རྣམ་གྲངས་བཞི་གསུངས་པའི་སྟེང་དུ། རྗེ་བཙུན་རྩེ་མོས་དབང་ཆུ་གཉིས་ཆར་ལས་ཞལ་ཟས་འབུལ་བར་གསུང་། གྲུབ་ཆེན་ས་ར་ཧས་སངས་རྒྱས་ཐོད་པའི་དཀྱིལ་ཆོག་ཏུ་དེའི་སྟེང་དུ་རོལ་མོ་འབུལ་བར་ཡང་བཤད་དོ། །གསུམ་པ་དངོས་གྲུབ་ཀྱི་མཚན་ལྟས་བརྟག་པ་ལ་གཉིས་ཏེ། སོ་ཤིང་གི་སྒོ་ནས་བརྟག་པ་དང་། རྨི་ལམ་གྱི་སྒོ་ནས་བརྟག་པའོ། །དང་པོ་ལ་བཞི་སྟེ། གང་དུ་དོར་བའི་གཞི། གང་དོར་བའི་དངོས་པོ། ཇི་ལྟར་དོར་བའི་ཚུལ། དེ་ལས་མཚན་མ་བརྟག་པའི་ཚུལ་ལོ། །དང་པོ་ནི། བཟང་པོ་ཡོངས་གཟུང་ལས། བ་ལང་པགས་པའི་ཚད་ཙམ་གྱི། །ས་ཡི་ཕྱོགས་སུ་རབ་ཏུ་དོར། །ཞེས་དང་། རིན་ཆེན་འབར་བ་ལས། བ་ཀོ་ཙམ་དུ་བྱུགས་པར་དོར། །ཞི་བ་ལ་སོགས་དངོས་གྲུབ་བསྟན། །ཞེས་དང་། ནག་པོ་པས་བ་ལང་གི་ཀོ་བ་ཙམ་གྱིས་མཎྜལ་བྱུགས་ལ། ཁ་ཤར་དུ་བལྟས་ཏེ་དྲང་པོར་དོར་རོ་ཞེས་སོགས་དཀྱིལ་ཆོག་མང་པོར་བ་ལང་གི་ཀོ་བའི་ཚད་ཙམ་གསུངས་པའི་དོན་བུ་སྟོན་གྱིས། རྒྱ་ཁྱོན་ལ་འཆད་པ་དང་། སྔ་རབས་པ་དག་རྔམས་དང་རྒྱ་ཁྱོན་གཉིས་ཀ་ལ་འཆད་པ་ཡོད་ཀྱང་། དབང་ཆུར་ནི། རྒྱར་ཁྲུ་གང་གྲུ་བཞི་དང་། རྔམས་སུ་དྲི་བཟང་གི་ཆུ་བ་བྱུང་ལྔ་དང་བསྲེས་པས་བྱུགས་པ་ལ་འཆད་པ་ཉིད་གཞུང་གི་དགོངས་པར་སྣང་སྟེ། ནག་པོ་པས་མཎྜལ་ལ་བྱུགས་པར་བཤད་པ་དང་མཐུན་ནོ། །དེར་མེ་ཏོག་གི་ཚོམ་བུ་གཅིག་དང་། ལྔ་དང་། དགུ་འགོད་པར་གསུངས་པ་རྣམས་ཕྱོགས་མི་འཁྲུལ་བའི་ཆེད་ཡིན་པས་གང་ལའང་འགལ་བ་མེད་དོ། །གཉིས་པ་ནི། རིན་ཆེན་འབར་བ་ལས། ཨ་ཤྭད་ཨུ་དུམ་ཝཱ་ར་ཡི། །སོ་ཤིང་སོར་ནི་བཅུ་གཉིས་པ། །མ་ཡོ་མ་གས་སྲོག་ཆགས་མེད། །རྩེ་མོ་མེ་ཏོག་བཅས་པ་སྦྱིན། །ཞེས་པ་ལྟར་རམ། རྒྱུ་དེ་ལྟ་བུ་མ་འབྱོར་ན། དབང་ཆུར་ལྕང་མ་ལ་སོགས་པའི་ཤིང་འཇམ་པ། དྲང་བ། རྩི་མ་ཉམས་པར་བྱས་པ་ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི་ནག་པོ་པས། ཁ་ཤར་དུ་བལྟས་ཏེ་དོར་བར་གསུངས་ལ། བཟང་པོ་ཡོངས་གཟུང་ལས། བྱང་དུ་བལྟས་པར་གསུངས་ཀྱང་། རིན་ཆེན་འབར་བར། ཤར་རམ་བྱང་དུ་ཁ་བལྟས་བཞག །ཅེས་པ་ལྟར། དབང་ཆུ་གཉིས་ལས་ཀྱང་དེ་ལྟར་གསུངས་སོ། །དེའང་སློབ་མ་ལ་གཏད་པའི་ཚེ་སློབ་དཔོན་གྱིས་རྩ་བའི་སྔགས་ཀྱིས་མངོན་པར་བསྔགས་ནས། ཨོཾ་ཨཱཿཛི་ཧ་བཛྲ་སཾ་བ་ར་ཏ་ན་ནི་ཧཱུྃ་ཞེས་པས་སློབ་མའི་ཐལ་མོ་སྦྱར་བའི་བར་དུ་འཛིན་དུ་བཅུག་ལ། འདི་རིན་པོ་ཆེ་གསེར་རམ་དངུལ་ལས་བྱས་པར་མོས་ཤིག དེ་སོ་ཡིས་ནེམ་ནེམ་བཅའ་བ་དང་། བྲུད་པ་བཞིན་གྱིས་ཤིག སྨན་པ་མཁས་པས་སྐྱུག་སྨན་བཏང་བ་བཞིན་དུ་བདག་ཉིད་ཀྱི་སྡིག་སྒྲིབ་ཐམས་ཅད་ཕྱིར་ཕྱུང་བར་བསྒོམ། དབུས་སུ་ཐལ་མོ་ཁ་ཕྱེ་ལ་དོར་ཅིག་ཅེས་བརྗོད་དོ། །ཞེས་པ་ལྟར་བྱའོ། །བཞི་པ་ནི། རིན་ཆེན་འབར་བར། ཞི་བ་ལ་སོགས་དངོས་གྲུབ་བསྟན། །ཞེས་པ་དང་། བཟང་པོ་ཡོངས་གཟུང་ལས། སྟེང་ཕྲེད་ཁ་ཚུར་བལྟས་ལྷུང་ན། །ཤིན་ཏུ་སྐལ་བ་བཟང་པོར་འགྱུར། །ཕྱི་རིམ་ཁ་ཕར་བལྟས་པ་རུ། །ལྷུང་ན་སྐལ་བ་མེད་པར་འགྱུར། །ཞེས་དང་། ནག་པོ་པས། བདག་ཉིད་ལ་རྩེ་མོ་བལྟས་ན་ནི་མཆོག་འགྲུབ་ལ། ཤར་དུ་བལྟས་ན་ནི་འབྲིང་འགྲུབ་བོ། །གཞན་དག་གིས་ནི་འཇིག་རྟེན་པའི་དངོས་གྲུབ་ཐོབ་ཅེས་གསུངས་ཀྱང་། དབང་ཆུར་ནི། བདག་ཉིད་ལ་རྩེ་མོ་བལྟས་ན་མཆོག་འགྲུབ། ཐུར་དུ་བལྟས་ན་ས་འོག སྟེང་དུ་བལྟས་ན་མཁའ་སྤྱོད་ལ་སོགས་པ་འབྲིང་འགྲུབ། གཞན་དག་གིས་ནི་དངོས་གྲུབ་ཕྲན་ཚེགས་གང་ཡང་རུང་བ་འགྲུབ་སྟེ། ཤར་དུ་ཞི་བ། ལྷོར་མངོན་སྤྱོད། ནུབ་ཏུ་དབང་། བྱང་དུ་རྒྱས་པ། མཚམས་རྣམས་སུ་དངོས་གྲུབ་གང་ཡང་རུང་བ་ཕྲན་ཚེགས་འགྲུབ་ཅེས་བསྟན་ནོ། །ཞེས་གསུངས་སོ། །གཉིས་པ་རྨི་ལམ་གྱི་སྒོ་ནས་བརྟག་པ་ལ་གསུམ་སྟེ། རྨི་ལམ་གྱི་སྔོན་དུ་འགྲོ་བ། བརྟག་པ་དངོས། ངན་ན་བསྲུང་བ་བྱ་བའོ། །དང་པོ་ལ་བཞི་སྟེ། རྨི་ལམ་གསལ་པོ་འབྱུང་བར་བྱ་བའི་ཕྱིར་ཁྱོར་ཆུ་བླུད་པ། རྨི་ལམ་མི་འཁྲུག་པར་བྱ་བའི་ཕྱིར་ཀུ་ཤ་སྦྱིན་པ། རྨི་ལམ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་སྐུད་བཅིང་བ། ཞག་གིས་ཆོད་པ་ན་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཆོས་ཟབ་མོ་བཤད་པའོ། །དང་པོ་ནི། སྤྱིར་ཁྱོར་ཆུ་དང་། ཀུ་ཤ་དང་། སྲུང་སྐུད་གསུམ་ལ། གོ་རིམ་ངེས་པ་མེད་ཀྱང་བརྗོད་པའི་གོ་རིམ་གྱི་དབང་དུ་བྱས་ནས། དང་པོར་ཁ་དག་པར་བྱ་བ་དང་། ངག་གི་སྒྲིབ་པ་སྦྱང་བ་དང་། སྔར་གྱི་དགོས་པ་དང་གསུམ་གྱི་ཆེད་དུ་ཁྱོར་ཆུ་སྦྱིན་པ་ནི་དྲི་ཞིམ་པོའི་ཆུ་ལ་ཨོཾ་ཧྲཱི་ཞེས་སོགས་གསང་བ་སྤྱི་རྒྱུད་ནས་འབྱུང་བའི་སྔགས་ཀྱིས་མངོན་པར་བསྔགས་ཏེ། གཡས་པའི་ཁྱོར་བར་ལན་གསུམ་འཐུང་དུ་གཞུག་གོ །སྔགས་དོན་ལ་ཨོཾ་ནི་སྔགས་ཀྱི་མགོ་འདྲེན་པ། ཧྲཱིཿནི་ངོ་ཚ་ཤེས་པ། བི་ཤུདྡྷེ་ནི་རྣམ་པར་དག་པ། སརྦ་དྷརྨ་ནི་ཆོས་ཐམས་ཅད། སརྦ་པཱ་པཾ་ནི་སྡིག་པ་ཐམས་ཅད། ནི་ནི་ངེས་པ། ཙ་ནི་འབྱེད་པ་སྟེ་དང་ཞེས་པའོ། །སཾ་ཤོ་དྷ་ནི་ཡང་དག་པར་སྦྱོང་བ། སརྦ་བི་ཀལྤ་ནི་རྣམ་པར་རྟོག་པ་ཐམས་ཅད། ཨ་པ་ན་ནི་བྲལ་བ་སྟེ། ངོ་ཚ་ཤེས་པའི་ཆུ་འདིས་ཆོས་ཐམས་ཅད་རྣམ་པར་དག་ཅིང་། ངེས་པའི་སྡིག་པ་ཐམས་ཅད་དང་། རྣམ་པར་རྟོག་པ་ཐམས་ཅད་བྲལ་བར་གྱིས་ཞེས་པའོ། །གཉིས་པ་ནི། བཟང་པོ་ཡོངས་གཟུང་དང་། རིན་ཆེན་འབར་བ་གཉིས་ལས། ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་ཀ་དྷཱིཿལས་བསྐྱེད་པར་གསུངས་ཤིང་སྟེར་བའི་སྔགས་མ་གསུངས་པ་ནི་ཟབ་མོའི་ཆོས་བཤད་པ་ཡན་ཆད་ཚར་ནས། སློབ་མ་དཀྱིལ་འཁོར་གྱི་ཁང་པ་དེར་ཉལ་དུ་གཞུག་པའི་ཚེ་སློབ་དཔོན་གྱིས་ཀུ་ཤ་སྔས་གདན་དུ་བཞག་པའི་དབང་དུ་བྱས་པ་ཡིན་ལ། དེང་སང་ཕྱག་ལེན་ནི་མན་ངག་ལུགས་ལྟར་མཛད་པར་སྣང་ངོ་། །ནག་པོ་པས། དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་ལག་པ་གཡས་དང་། ཧ་བཟླས་པའི་ཀུ་ཤ་ཆེ་བ་ལག་པ་གཡོན་དུ་སྟེར་བར་གསུངས་པ་ལྟར་དབང་ཆུར་ཡང་། ཡི་གེ་དྷཱིཿབཟླས་པའི་ཀུ་ཤ་ཆུང་བ་ལག་པ་གཡས་དང་སྔས་སུ་སྦྱིན་ཞིང་། ཡི་གེ་ཧ་བཟླས་པའི་ཆེ་བ་གཡོན་དང་གདན་དུ་གདིང་ངོ་ཞེས་གསུངས་པ་ནི། ཐོག་མར་ལག་པ་གཡས་གཡོན་དུ་སྦྱིན་ནས། སློབ་མ་རང་ཉིད་ཀྱིས་གདན་དང་སྔས་སུ་གདིང་བའི་དབང་དུ་བྱས་པ་སྟེ། འདི་ལ་བསྐྱེད་ཆོག་དངོས་སུ་མ་གསུངས་ཀྱང་ཕྱག་ལེན་ལ་བསང་སྦྱངས་སྟོང་པའི་ངང་ལས་ཧཱུྃ་ལས་བསྐྱེད་པར་མཛད་དོ། །གསུམ་པ་ནི། བཟང་པོ་ཡོངས་གཟུང་ལས། བསྲུང་བའི་དོན་དུ་སྲད་བུ་ལ། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བཟླ། །དེ་ནས་མདུད་པ་གསུམ་བྱ་སྟེ། །སློབ་མའི་དཔུང་པ་གཡས་པར་བཅིང་། །ཞེས་དང་། རིན་ཆེན་འབར་བ་ལས། བདུད་རྩི་འཁྱིལ་སྔགས་བཟླས་པ་ཡི། །སྲུང་སྐུད་དཔུང་པ་གཡས་པར་གདགས། །ཞེས་སྐྱེས་པ་དང་བུད་མེད་སོ་སོར་མ་ཕྱེ་བར་གཡས་པར་གདགས་པར་གསུངས་ཀྱང་། རྗེ་བཙུན་རྩེ་མོས། ཌོཾ་བི་ལུགས་ཀྱི་དབང་ཆུར་ནི་གཡོན་པར་གདགས་པར་གསུངས་སོ། །ནག་པོ་པས། ཡི་གེ་ཧཱུྃ་བཟླས་པའི་སྐུད་པ་མདུད་པ་གསུམ་དང་ལྡན་པ་དཔུང་པར་བཏགས་ལ་ཞེས་གཡས་གཡོན་མ་ཕྱེ་བར་གསུངས་པ་དང་། འདུས་པ་འཕགས་ལུགས་ཀྱི་དཀྱིལ་ཆོག་ལས། སྐྱེས་པའི་དཔུང་པ་གཡས་དང་བུད་མེད་ཀྱི་གཡོན་དུ་གདགས་པར་གསུངས་པ་དང་། མཚོ་སྐྱེས་དང་། མན་ངག་ལུགས་ཀྱི་དཀྱིལ་ཆོག་ལས་དེ་ལས་བཟློག་སྟེ་གསུངས་པ་དུ་མ་ཞིག་སྣང་ཡང་། འདི་དག་གི་དགོས་པ་ནི་ཁམས་ཀྱི་བར་ཆད་བསྲུང་བའི་ཆེད་ཡིན་ལ། སྐྱེས་པ་ལ་ཁམས་དཀར་པོའི་བར་ཆད་གཙོ་ཆེ་བས་གཡོན་དང་། བུད་མེད་ལ་ཁམས་དམར་པོའི་བར་ཆད་གཙོ་ཆེ་བས་གཡས་སུ་འཆིང་བ་མང་ཡང་། དེ་ལས་བཟློག་པའང་སྲིད་པས་བཟློག་སྟེ་འཆིང་བའང་གསུངས་སོ། །མདོར་ན་སྐྱེས་པ་དང་བུད་མེད་གང་ལའང་གཡས་དང་གཡོན་དུ་འཆིང་བ་གང་ལ་ཡང་འགལ་བ་མེད་པར་ཤེས་པར་བྱའོ། །སྲུང་སྐུད་ཀྱི་རྒྱུ་ནི་རས་བལ་སོགས་ལས་བྱས་པ། སློབ་མའི་ལུས་ཚད་ཙམ་དུ་གསུངས་པ་ནི་སློབ་མའི་ལུས་དང་མཉམ་པའི་དོན་ཡིན་པས་ཁྲུ་ཕྱེད་དང་བཞི་འབྱུང་ལ་འདིར་མཐོ་རེས་ལྷག་པར་གསུང་པ་ནི་ཁྲུ་བཞིར་འགྱུར་བས་ལུས་མི་མཉམ་པ་མེད་པ་གྲུ་བཞི་མཚོན་ནོ། །སུམ་སྒྲིལ་དུ་བྱེད་པ་ནི་སྦྱང་གཞི་སློབ་མའི་ལུས་ངག་ཡིད་གསུམ་གྱི་རྟེན་འབྲེལ་མཚོན་པའི་ཆེད་དང་རྡོ་རྗེའི་མདུད་པ་གསུམ་འདེབས་པ་ནི་ལུས་ངག་ཡིད་གསུམ་གྱི་བར་ཆད་གསུམ་བསྲུང་བ། ཁ་དོག་དམར་པོར་བྱེད་པ་ནི་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སློབ་མའི་དོན་ལ་རྗེས་སུ་ཆགས་པ། འཆིང་བའི་ཚེ་ཉིས་སྐོར་དུ་བྱེད་པ་ནི་ཉིན་མཚན་གཉིས་སམ། ཕྱི་ནང་གི་བར་ཆད་བསྲུང་བ་མཚོན། ལག་ལེན་པ་ཁ་ཅིག ཐོག་མར་སུམ་སྒྲིལ་དུ་བྱས་པའི་དྲུ་བུ་ལ་ཇི་ཙམ་རན་པ་བཅད་པ་ནི་མི་འཐད་དེ། ལུས་ངག་ཡིད་གསུམ་གྱི་རྟེན་འབྲེལ་ཉམས་པར་འགྱུར་བའི་ཕྱིར། འོ་ན་དབང་ཆུར་སྲུང་སྐུད་དམར་པོའི་བེའུ་སློབ་མའི་ལུས་ཚད་དང་ཉམས་པའམ་མཐོ་རེ་ཙམ་གྱིས་ལྷག་པའི་ཚད་སློབ་མའི་གྲངས་དང་མཉམ་པ་དྲུ་བུར་བྱེད་པ་དང་ཞེས་གསུངས་པ་དང་འགལ་ལོ་སྙམ་ན། མི་འགལ་བ་ནི་ཚིག་དེ་ཉིད་ལ་དཔྱད་པས་གསལ་ལོ། །སློབ་དཔོན་གྱིས་སྲུང་འཁོར་བཟླས་པའི་སྐབས་སུ་སྲུང་སྐུད་ལ་དབུས་དང་། གཡས་གཡོན་གཉིས་ཀྱི་དཀྱིལ་དུ་རྡོ་རྗེའི་མདུད་པ་རེ་གདབ། བདེ་མཆོག་སོགས་གཞན་ཡིན་ན་གཙོ་བོའི་སྔགས་བཟླས་པའི་ཚེ་གདབ་པའམ། གནས་སྐབས་གཞན་དུ་ན་ལྷའི་ང་རྒྱལ་དང་ལྡན་པས་ཧཱུྃ་ཟློས་ཤིང་གདབ་བོ། །སྟེར་བའི་ཚེ་ཐལ་མོའི་བར་དུ་བཅུག་ལ། མི་དམིགས་ཏེ་སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་སྐུད་པར་བསྐྱེད་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་སྟ་གོན་གྱི་ལྷ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྐུད་པ་བཀུག་སྟེ་བསྟིམས་ལ། རྩ་བའི་སྔགས་བཟླས་ཤིང་དེ་ལ་ལག་པ་གཉིས་འཇུས་ཏེ། གུར་ནས་འབྱུང་བའི་ཡི་གེ་བརྒྱ་པ་བརྗོད་པར་གསུངས་ལ། དཀྱིལ་ཆོག་གཉིས་ལས་ནི་ལས་ཐམས་ཅད་པའི་སྔགས་ཀྱིས་བཅིང་བར་བཤད་དོ། །བཞི་པ་ནི། རྣམ་སྣང་མངོན་བྱང་ལས་འབྱུང་བའི། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཅེས་སོགས་ཀྱི་དོན་བཤད་པ་སྟེ། འདི་ལ་དཔེའི་སྒོ་ནས་རྙེད་པར་དཀོན་པར་བསྟན་པ་དང་། དཀོན་ཡང་ཕན་ཡོན་ཆེ་བར་བསྟན་པ་དང་། དེས་ན་སྤྲོ་བ་བསྐྱེད་པར་གདམས་པ་དང་གསུམ་ལས། དང་པོ་ནི། ཚིགས་བཅད་ཕྱེད་དང་གཉིས་ཏེ། འདི་ལ་རྗེ་བཙུན་རྩེ་མོས། དེའི་དོན་ནི་འདི་ཡིན་ཏེ། ལོ་ཀ་ན་གང་དཀོན་ན་སངས་རྒྱས་འབྱུང་བ་དཀོན་ཏེ། དཔེར་ན་ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། དེའང་སངས་རྒྱས་གཅིག་ལོ་ཀ་ན་བྱོན་ན། ཨུ་དུམ་བཱ་རའི་མེ་ཏོག་གཅིག་འབྱུང་། དེའང་རྒྱལ་རིགས་ལ་སངས་རྒྱས་བྱོན་ན་དཀར་པོ། བྲམ་ཟེའི་རིགས་ལ་སངས་རྒྱས་བྱོན་ན་སེར་པོ་འབྱུང་ལ། དེ་ཡུམ་གྱི་ལྷུམས་སུ་འཇུག་ན་ཁ་འབུས། བལྟམས་ན་ཁ་བྱེ། གཞོན་ནུ་རོལ་རྩེད་མཛད་པ་ན་རྒྱས། དཀའ་ཐུབ་མཛད་པ་ན་རིད། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས། མྱ་ངན་ལས་འདས་པ་ན་དེ་བསྐམས་ནས་འགྲོའོ། །སངས་རྒྱས་པས་ཀྱང་གསང་སྔགས་དཀོན་ཏེ། གསང་བ་འདུས་པ་ལས། ཐུབ་པ་ཆེན་པོ་མར་མེ་མཛད་ནས་ཐུབ་པ་ཆེན་པོ་འོད་སྲུང་གི་བར་གྱིས་ཀྱང་གསང་སྔགས་མ་གསུངས། མ་བྱོན་པའི་སངས་རྒྱས་བྱམས་པ་ནས་མོས་པའི་བར་གྱིས་ཀྱང་མི་གསུང་། ཤཱཀྱ་ཐུབ་པ་འདི་ཁོ་ནས་སྨོན་ལམ་གྱི་སྟོབས་ཀྱིས་གསུངས་པ་ཡིན་པས་ཤིན་ཏུ་དཀོན་ནོ། །དཀོན་པས་ཅི་སྟོ། དཀོན་པ་དག་གི་རི་བོང་གི་རྭ་དང་། ནམ་མཁའི་མེ་ཏོག་ཀྱང་དཀོན་ཏེ། དེས་ཅི་བྱ་སྙམ་ན་འདི་ཕན་ཡོན་མེད་པ་མ་ཡིན་ཏེ། བསྐལ་པ་དཔག་ཏུ་མེད་པའི་སྡིག་པ་ཐམས་ཅད་ཟད་པར་བྱེད་པ་ཡིན། དཔེར་ན་བྲག་ཕུག་སྟོང་པ་ཁ་བྱང་བལྟས་སུ་སྔར་སྣང་བ་གཏན་འོང་མ་མྱོང་བ་ལོ་སྟོང་ཕྲག་མང་པོ་ལོན་པ་དེར། མར་མེ་གཅིག་བཏེག་པ་ན་མུན་པ་དེ་ན་རེ། དཔུངས་ཆེ་གྲངས་མང་བ་ལོ་མང་པོ་བསྡད་པ་ཡིན་པས། ཁྱོད་ཀྱིས་བསལ་བར་མི་ནུས་མི་ཟེར་བར། མར་མེ་ཆུང་ངུ་དེ་སྐྱེས་མ་ཐག་ཏུ་མུན་པ་མེད་པར་བྱེད་པ་ཆོས་ཉིད་ཡིན་ནོ། །དཔེ་དེ་བཞིན་དུ་བསྐལ་པ་དཔག་ཏུ་མེད་པར་སྡིག་པ་བྱས་པ་ཐམས་ཅད་སང་ནུབ་དཀྱིལ་འཁོར་ཆེན་པོ་མཐོང་མ་ཐག་ཏུ་ཟད་པར་བྱེད་པ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་ལ་བཞི་སྟེ། ཕན་ཡོན་སྤྱིར་བསྟན་པ། སྔགས་ཀྱི་སྤྱོད་པ་ལ་གནས་པའི་ཕན་ཡོན། གསང་སྔགས་བཟླས་པའི་ཕན་ཡོན། སྤྱོད་པ་ལས་མི་འགྱུར་བའི་ཕན་ཡོན་དང་བཞི་ལས། དང་པོ་ནི། གང་གིས་ཞེས་སོགས་ཚིག་རྐང་གཉིས་སོ། །གཉིས་པ་ནི། གྲགས་པ་མཐའ་ཡས་ཞེས་སོགས་གཉིས་སོ། །གསུམ་པ་ནི། སྐྱོབ་པའི་གསང་སྔགས་ཞེས་སོགས་གཉིས་སོ། །བཞི་པ་ནི། གང་གི་སྤྱོད་པ་ཞེས་སོགས་ཚིགས་བཅད་གཅིག་གོ །གསུམ་པ་ནི། བདག་ཉིད་ཆེན་པོ་ཞེས་སོགས་ཚིགས་བཅད་ཕྱེད་དང་བཞི་སྟེ། དེ་ལྟར་དཀྱིལ་འཁོར་ཆེན་པོ་མཐོང་བ་ལ་ཕན་ཡོན་དེ་ཙམ་ཡོད་ན། གསང་སྔགས་ཀྱི་ལམ་དུ་ཞུགས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྙེད་དཀའ་ལ་ཕན་ཡོན་ཆེ་བའི་གསང་སྔགས་ཁྱོད་ཀྱིས་དེ་རིང་ཐོག་མར་རྙེད་ཅིང་། སང་ཉིན་དེའི་རིགས་སུ་སྐྱེ་བར་འགྱུར་བས། ལམ་འདི་ཉམས་སུ་བླངས་ན་ཐམས་ཅད་མཁྱེན་པའི་གོ་འཕང་འགྲུབ་པས་ཁྱེད་དགའ་བར་གྱིས་ཤིག་ཅེས་པའོ། །བཟང་པོ་ཡོངས་གཟུང་དང་། ཆོ་ག་ཉི་ཤུ་པ་སོགས་དཀྱིལ་ཆོག་འགའ་ཞིག་ལས་འདིའི་མཇུག་ཏུ། ཡོད་དང་མེད་ལས་རྣམ་པར་འདས། །ཞེས་སོགས་ཚིགས་བཅད་འགའ་ཞིག་འབྱུང་བ་ནི་འཐོབ་པར་འགྱུར་བའི་གོ་འཕང་དེའང་ཟུང་འཇུག་ཡིན་པའི་དོན་རྒྱས་པར་བཤད་པའོ། །སྔར་སྤྲོ་བ་བསྐྱེད་པ་བཤད་ཟིན་ནས། འདིར་ཡང་བརྗོད་པ་ལ་དགོས་པ་ཅི་ཞིག་ཡོད་སྙམ་ན། སྤྲོ་བ་སྐྱེས་ཏེ་ཉལ་བ་ན་རྨི་ལམ་དུ་མཚན་མ་བཟང་པོ་འབྱུང་བའི་དགོས་པ་དང་། ཞག་གིས་ཆོད་པ་ན་སྡིག་གྲོགས་སོགས་ཀྱི་དབང་གིས་ཕྱིར་ལྡོག་པ་སྲེད་པས་དེ་དགག་པའི་ཆེད་ཡིན་ཏེ། བཟང་པོ་ཡོངས་གཟུང་ལས། དེ་ནི་ཕྱིར་མི་ལྡོག་བྱའི་ཕྱིར། །སློབ་མ་རྣམས་ལ་སྤྲོ་བ་བསྐྱེད། །ཐེག་པ་དམན་ལས་ལྡོག་བྱའི་ཕྱིར། །ཐེག་པ་ཆེན་པོའི་ཆེ་བ་བརྗོད། །ཅེས་སོ། །གཉིས་པ་རྨི་ལམ་བརྟག་པ་དངོས་ནི། སློབ་མ་རྣམས་ལ་ཁྱོད་དཀྱིལ་འཁོར་ཆེན་པོའི་དྲུང་ལ་སོགས་པ་ཅི་བདེ་བའི་གནས་སུ་སྔར་བསྟན་པའི་ཀུ་ཤ་ཆུང་བ་སྔས་སུ་ཆུག ཀུ་ཤ་ཆེ་བ་གདན་དུ་ཐིང་ལ་ཕན་ཚུན་གཅིག་ལ་གཅིག་མ་རེག་པར་གྱིས་ལ། སེང་གེའི་ཉལ་སྟབས་ཞེས་བྱ་བ་བློ་གཡས་པ་ཕོབ་ལ་ཉོལ་ཞིག བསམ་པའང་སང་ནུབ་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བུ་ཞིག་མཐོང་སྙམ་པ་དང་། ལྷ་དང་བླ་མ་ལ་གུས་པ་ཡིད་ལ་གྱིས་ལ་གཞན་འདོད་ཆགས་ལ་སོགས་པའི་སེམས་མ་བསྐྱེད་ཅིག རྨི་ལམ་མཐོང་བ་ང་ལ་སྨོས་ཤིག ཅེས་བསྒོས་ལ་གཏང་ངོ་། །སློབ་མས་སློབ་དཔོན་ལ་ཕྱག་འཚལ་ཏེ། ཇི་ལྟར་བདེ་བའི་གནས་སུ་སོང་ལ་སློབ་དཔོན་གྱིས་ཇི་ལྟར་བསྒོ་བ་བཞིན་ཉལ་བར་བྱའོ། །གསུམ་པ་ངན་ན་བསྲུང་བ་བྱ་བ་ནི། བཟང་པོ་ཡོངས་གཟུང་ལས། རྨི་ལམ་ཅི་མཐོང་འདྲི་བར་བྱ། །ཐོས་ནས་བཟང་ངམ་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། །དགེ་བས་དངོས་གྲུབ་རྣམ་གསུམ་འགྲུབ། །མི་དགེ་སྦྱིན་སྲེག་སོགས་ཞི་བྱ། །ཞེས་གསུངས་པ་ལྟར་དབང་ཆུར་ཡང་། དེ་ནས་སློབ་མ་རྣམས་གང་ཡང་རུང་བའམ། གནས་དེར་བོས་ལ་ཁྱོད་ཀྱིས་རྨི་ལམ་ཇི་ལྟ་བུ་མཐོང་ཞེས་འདྲི་བར་བྱའོ། །སློབ་མས་ཇི་ལྟ་བ་སྨྲ་བར་བྱས་པ་དང་། ཐོས་ནས་བཟང་དང་མི་བཟང་བ། །ཐེ་ཚོམ་མེད་པར་བཤད་པར་བྱ། །རྨི་ལམ་ཐམས་ཅད་བདེན་མིན་ཡང་། །དེ་ལ་མ་དད་རིགས་མ་ཡིན། །དེ་ལ་རྨི་ལམ་གྱི་ལྟས་བཟང་པོ་རྣམས་གསང་བ་སྤྱི་རྒྱུད་ལས་འབྱུང་བར། རྨི་ལམ་སངས་རྒྱས་མཐོང་ན་ནི། །ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན། །མཆོད་རྟེན་དང་ནི་སྐུ་གཟུགས་མཐོང་། །དེ་ལ་མཆོད་པར་རྩོམ་པ་དང་། །དགེ་སློང་དག་ལས་ཆོས་ཉན་ཏམ། ཡང་ན་མི་ཉན་ན་ཡང་རུང་། །ཆོས་ནི་རྣམ་པར་སྤྱོད་པ་དང་། །དེ་བཞིན་མདོ་སྡེ་ཀློག་པ་དང་། །རྨི་ལམ་དགེ་འདུན་མཐོང་བ་དང་། །ཡང་ན་དགེ་སློང་གཅིག་པུ་མཐོང་། །དེ་དང་འགྲོགས་ཤིང་གཏམ་ཟེར་དང་། །ཡང་ན་དགེ་སློང་དངོས་པོར་འགྱུར། །གཙུག་ལག་ཁང་དག་མཐོང་བ་དང་། །ཡང་ན་དགེ་སློང་མ་དག་མཐོང་། །རྒྱལ་བའི་སྲས་དག་མཐོང་བ་དང་། །དེ་བཞིན་ཕ་མ་བླ་མ་རྣམས། །མཛའ་བོ་རྣམ་པ་སྣ་ཚོགས་དག །རྨི་ལམ་དག་ཏུ་མཐོང་ན་ཤིས། །རིག་སྔགས་དང་ནི་དངོས་གྲུབ་ཐོབ། །དེ་བཞིན་སློབ་མ་འཛིན་པ་དང་། །ཀུན་དགའ་རྣམ་པ་སྣ་ཚོགས་དང་། །འབབ་ཆུ་རྣམས་དང་རྒྱ་མཚོ་དང་། །རི་དང་གླང་པོ་ཆེ་དག་དང་། །མཐོང་ན་ཡང་ནི་བཟང་པར་བསྒྲགས། །ཞེས་བྱ་བ་ལ་སོགས་པ་རྒྱལ་པོར་དབང་བསྐུར་བ་དང་། །བཞོན་པ་ལ་ཞོན་པ་དང་། ནོར་དང་། འབྲུ་དང་། ཟས་མཆོག་ཏུ་གྱུར་པ་ལ་སོགས་པ་རྣམ་པ་མང་པོ་ཤེས་པར་བྱའོ། །མི་དགེ་བའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེགས་པ་དང་། ཀ་ར་བི་རའི་མེ་ཏོག་རྒྱས་པ་འཐུ་བ་དང་། མཆོད་སྡོང་དང་། བྱེ་མའམ། ཐལ་ཕུང་ལ་འཛེགས་པ་དང་། བོང་བུ་ལ་ཞོན་ནས་ཁ་ལྷོར་བལྟས་ནས་སོང་སྟེ་མ་ལོག་པ་དང་། སྤྲེའུ་ལ་ཞོན་ནས་ལྷོའམ་ཤར་དུ་འགྲོ་བའམ། བུད་མེད་ནག་མོ་རབ་ཏུ་ཁྲོས་པའམ། བུད་མེད་ནག་མོ་གོས་ནག་ཅན་ལ་འདོད་པ་སྤྱོད་ཅིང་ཀ་ར་བི་རའི་མེ་ཏོག་གི་ཕྲེང་བ་བཅིངས་པ་དང་། གཡང་ས་དང་། གཅོང་རོང་དུ་འཇུག་པ་དང་། ཤིང་ལས་ལྟུང་བ་དང་། ལྗོན་ཤིང་འབྲས་བུ་མེད་པ་སྐམ་པོ་མཐོང་བ་དང་། ཁྱི་དང་། ཁྭ་དང་། སྲིན་པོ་ལ་སོགས་པས་ཟོས་པ་དང་། ཕག་དང་། རྔ་མོ་དང་། མ་ཧེ་ལ་ཞོན་པ་དང་། མི་ནག་པོ་ལྕགས་ཀྱི་དབྱུག་པ་ཐོགས་པས་བསྡིགས་པ་དང་། ལུས་ཏིལ་མར་གྱིས་བྱུགས་ནས་ཕྲེང་བ་དམར་པོས་བཅིངས་པ་དང་། སྐྲ་བྲེགས་ནས་ཕྲེང་བ་དམར་པོས་བཅིངས་པ་ལ་སོགས་པ་རྣམས་ནི་མི་དགེ་བའི་ལྟས་སོ། །དེ་ལྟར་དགེ་བའི་ལྟས་རྣམས་ལ་སྔགས་ཀྱི་དངོས་གྲུབ་རབ་འབྲིང་གསུམ་དུ་འགྲུབ་པར་བསྟན་ཏོ། །མི་དགེ་བའི་ལྟས་རྣམས་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་རང་བཞིན་དུ་བསྟན་ལ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་ཀྱིས་བསྲུངས་ལ། སངས་རྒྱས་སྤྱན་གྱིས་རྣལ་འབྱོར་མན་ངག་ཇི་ལྟ་བ་བཞིན་དུ་བྱིན་ལ། བསྲེག་བླུགས་བརྒྱ་རྩ་བརྒྱད་དུ་ཞི་བའི་སྦྱིན་སྲེག་བྱའོ། །སངས་རྒྱས་སྤྱན་གྱི་བསྒོམ་བཟླས་ནི། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་བསྒོམ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ལྃ་བསམ། དེ་ལས་འོད་བྱུང་བས་ཕྱི་ནང་གི་སྒྲིབ་པ་ཐམས་ཅད་བྱང་། དེ་ནས་བདག་རང་སངས་རྒྱས་སྤྱན་སྐུ་མདོག་དཀར་མོ་པད་ཟླའི་སྟེང་ན་བཞུགས་པ། གཡས་འཁོར་ལོའི་སྟེང་ན་མིག་གི་འབྲས་བུ་འཛིན་པ། གཡོན་པདྨའི་དབུས་ན་མིག་གི་འབྲས་བུ་འཛིན་པའི་སྐུར་བསྒོམ། ཐུགས་ཀར་ཟླ་བ་ཁ་སྦྱར་གྱི་བར་དུ་རང་གི་མིང་བསམ། དེ་རུ་རུ་སྥུ་རུའི་སྔགས་ཀྱིས་རྒྱ་གྲམ་དུ་དཀྲིས་པར་བསྒོམ། དེ་ནས་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛཿསིདྡྷི་ལོ་ཙ་ནི་སརྦ་ཨརྠ་སདྷ་ནི་སྭཱ་ཧཱ། ཞེས་བཟླས་ལ་མཐར་འཇོག་ཁར། སྤྱན་ནི་འཁོར་ལོ་མཛེས་མ་སྟེ། །འཆི་བ་སློང་བར་བྱེད་པའི་མཆོག །བདག་ཅག་སྡུག་བསྔལ་ཉེན་པ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ། རླུང་བུམ་པ་ཅན་ཅི་རིགས་པར་བསྒོམ། དབང་དུས་སུ་རྨི་ལམ་ངན་པ་བཟློག་པ་དང་། ཐུན་མོང་འཆི་བ་ཐུབ་པ་ཡང་ངོ་། །རྗེ་བཙུན་ས་སྐྱ་པའི་འོ། །ཞེས་གསུངས་པ་ལྟར་བྱའོ། །སློབ་མ་སྟ་གོན་འདི་དག་གི་རྗེས་སུ་དཀྱིལ་ཆོག་མང་པོར། སང་ནུབ་རྡོ་རྗེ་སློབ་མའི་དབང་ལས་མི་བསྐུར་ན། སྟ་གོན་དེ་ཙམ་གྱིས་ཆོག་ལ། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ན། མཎྜལ་ཕུལ་ནས་དབང་བསྐུར་བར་གསོལ་བ་གདབ་པ་དང་། ཁ་ཅིག་ལས། དེའི་སྟེང་དུ་རིགས་ལྔའི་སྡོམ་པ་གཟུང་བའང་བཤད་པ་ནི། སངས་རྒྱས་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པའི་ཕྱག་ལེན་དུ་སྣང་སྟེ། དཀྱིལ་ཆོག་བཞི་བརྒྱ་ལྔ་བཅུ་པ་ལས་དེ་ལྟར་བཤད་ཅིང་། དེའི་རྗེས་འབྲང་གྲུབ་ཆེན་དཔལ་འཛིན་གྱི་གཞུང་རྣམས་ལས་བཤད་པའི་ཕྱིར་རོ། །འདིའི་དགོངས་པའང་ཡོ་ག་དང་སྒོ་བསྟུན་པ་སྟེ། རྡོ་རྗེ་འབྱུང་བར། རྡོ་རྗེ་སློབ་མའི་དབང་གི་སྐབས་སུ། མེ་ཏོག་གང་ཕོག་གི་ལྷའི་རྟེན་ལ་རིག་པའི་དབང་ལྔ་བསྐུར་བ་ཡོད་ཀྱང་། དེར་རིགས་ལྔའི་སྡོམ་པ་འདི་དག་མི་ཐོབ་ལ། རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ། དཀྱིལ་འཁོར་གྱི་གཙོ་བོའི་རྟེན་ལ་རིག་པའི་དབང་ལྔ་བསྐུར་བ་ལས། རིགས་ལྔའི་སྡོམ་པ་འདི་དག་ཐོབ་པར་གསུངས་པ་ལྟར། ལུགས་འདིས་ཀྱང་རིགས་ལྔའི་སྡོམ་པ་ཐོབ་ཚུལ་དེ་ལྟར་བཞེད་པར་སྣང་ངོ་། །ཀྱེ་རྡོ་རྗེ་བིརྺ་པའི་ལུགས་གཉིས་དང་། བདེ་མཆོག་ནག་པོ་དཀྱིལ་ཆོག་རྣམས་ལས་རྡོ་རྗེ་སློབ་མའི་དབང་གི་སྐབས་སུ་ཡོ་གའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ་ཐོབ་པའི་སྡོམ་པ་དང་ན་མཉམས་པ་ངེས་པར་ཐོབ་པ་ལ་དགོངས་ནས་རྡོ་རྗེ་སློབ་མའི་དབང་ཙམ་ལས་མི་བསྐུར་ནའང་། སྟ་གོན་དང་འཇུག་པའི་སྐབས་སུ་རིགས་ལྔའི་སྡོམ་བཟུང་མཛད་པར་སྣང་བས་སྲོལ་ཆེན་པོ་གཉིས་སུ་ཤེས་པར་བྱའོ། །གསུམ་པ་དེ་ལས་སྡོམ་པ་ཇི་ཙམ་ཐོབ་པ་ནི་རྩ་ལྟུང་འཁྲུལ་སྤོང་ལས། སྔར་སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་མ་ཐོབ་པ་ཞིག་ཡིན་ན། སྟ་གོན་ནམ་འཇུག་པའི་སྐབས་སུ་དེ་གཉིས་ཐོབ་པར་གསུངས་པའི་དོན་ནི་རྒྱུན་བཤགས་ཀྱི་ཚེ་དེ་གཉིས་ཐོབ་ལ། དེའང་སྔགས་ཀྱི་ཆོ་ག་ལས་ཐོབ་པས་སྔགས་སྡོམ་གྱི་ངོ་བོར་སྐྱེ་བའོ། །སྔར་ཕ་རོལ་ཏུ་ཕྱིན་པ་རྐྱང་པས་དེ་གཉིས་ཐོབ་པ་ཡིན་ན། འདིར་སྔགས་སྡོམ་གྱི་ངོ་བོར་གནས་འགྱུར་བརྩི་དགོས་སོ། །སྡོམ་པ་གསུམ་གྱི་བཟླས་ཕྱེ་བའི་སྔགས་སྡོམ་ནི་གནས་གསུམ་བྱིན་གྱིས་བརླབས་པའི་ཚེ་རྡོ་རྗེ་གསུམ་གྱི་ས་བོན་ཐེབས་པ་ཙམ་ཞིག་ཐོབ་ལ། སོ་ཤིང་འདོར་བ་ལ་སོགས་པའི་ཆོ་ག་རྣམས་ལས་ཀྱང་། རང་རང་གི་ངོ་སྐལ་གྱི་སྔགས་སྡོམ་ཅུང་ཟད་རེ་ཐོབ་སྟེ། དབང་བསྐུར་གྱི་ཆོ་ག་ཡིན་པའི་ཕྱིར། བཞི་པ་དེ་ཉིད་སྟ་གོན་དུ་ཇི་ལྟར་འགྲོ་བའི་ཚུལ་ནི། སང་སློབ་མའི་རྒྱུད་ལ་དབང་བསྐུར་གྱི་དངོས་གཞི་བསྒྲུབ་པ་ལ་དོ་ནུབ་བསམ་པ་ཁྱད་པར་ཅན་མྱ་ངན་ལས་འདས་པའི་སེམས་བསྐྱེད་པ་དང་། སྡོམ་པ་འོག་མ་གཉིས་ལ་གནས་པ་དང་། རྡོ་རྗེ་གསུམ་གྱི་ས་བོན་ཐེབས་པ་དང་། དངོས་གྲུབ་ཀྱི་མཚན་ལྟས་བརྟག་པ་དང་། སྤྱིར་གསང་སྔགས་ལ་སྤྲོ་བ་བསྐྱེད་ཅིང་། ཁྱད་པར་ཞག་གིས་ཆོད་པ་ན་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར་ཟབ་མོའི་ཆོས་བཤད་པ་རྣམས་འཚོག་ཆས་བྱེད་པས་ན་སློབ་མའི་རྒྱུད་ཀྱི་སྟ་གོན་ཅེས་པའི་དོན་ཏོ། །ལྔ་པ་སྟ་གོན་གྱི་མཇུག་གི་ཆོ་ག་ནི། དབང་ཆུར། སློབ་མ་རྣམས་ཉལ་དུ་གཞུག་པའི་རྗེས་སུ་སློབ་དཔོན་ཉལ་པའི་རྣལ་འབྱོར་གྱིས་ཉལ་ནས་ཐོ་རངས་དག་པ་གསུམ་གྱི་སྔགས་བརྗོད་པའི་རྗེས་སུ་མཇུག་གི་ཆོ་ག་བྱས་ནས། སློབ་མ་རྣམས་བོས་ཏེ་རྨི་ལམ་དྲི་བར་གསུངས་ལ། སྟ་གོན་གྱི་རྗེས་ཐོག་དེ་མ་ཐག་ཏུ་དཀྱིལ་འཁོར་འབྲི་ན། སྐབས་འདིར་རྗེས་ཆོག་བྱས་ཀྱང་ཆོག་ལ། སློབ་མ་སྟ་གོན་གྱི་གོང་དུ་དཀྱིལ་འཁོར་འབྲི་ན་ལྷ་སྟ་གོན་གྱི་རྗེས་སུ་བྱས་ཀྱང་ཆོག་གོ །གང་ལྟར་ཡང་མཆོད་པ་རྙིང་པ་རྣམས་བསལ། གསར་པ་རྣམས་བཤམས་ཏེ། བྱིན་གྱིས་བརླབས་ནས་བུམ་པ་སྟ་གོན་གྱི་སྐབས་ལྟར་ཕྱི་མཆོད། ནང་མཆོད། ཡིད་བྱུང་། བསྟོད་ཐུང་རྣམས་བྱ་སྟེ། འདིར་སྣ་ཚོགས་རོལ་མོ་གཉིས། དེ་ནས་དངོས་གྲུབ་བླང་། ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ་ལ། ཧཱུྃ་བཛྲོད་ཏིཥྛ་ཞེས་ཕྱག་རྒྱ་དང་བཅས་པས་སྟ་གོན་གྱི་དཀྱིལ་འཁོར་ནམ་མཁར་བཏེག་ལ། སྔར་བཞིན་ཕྱི་མཆོད་ནས་བསྟོད་ཐུང་གི་བར་བྱ། འདིར་ཡང་སྣ་ཚོགས་རོལ་མོ་གཉིས་སོ། །སྔར་གྱི་འདེགས་པའི་སྔགས་ཀྱི་རྗེས་སུ་བཅོམ་ལྡན་འདས་འཁོར་དང་བཅས་པ་སང་དཀྱིལ་འཁོར་དུ་སྤྱན་མ་དྲངས་ཀྱི་བར་དུ། ནམ་མཁའི་ཁམས་འདིར་བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ་ཞེས་བརྗོད་དོ། །འདིར་ནི་སྟ་གོན་གྱི་ལྷ་ནམ་མཁར་འདེགས་པར་གསུངས་ལ། སྤྱིར་དཀྱིལ་ཆོག་རྣམས་ལས། ནམ་མཁར་འདེགས་པ་དང་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་བ་དང་། སྙིང་གར་བསྡུ་བའི་ཚུལ་གསུམ་གསུངས་པས། གང་དུ་བཤད་པ་དེ་ཉིད་དུ་ཉམས་སུ་བླང་བར་བྱའོ། །ལྔ་པ་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པ་ལ་གསུམ་སྟེ། ཐིག་གིས་བྲི་བ། ཚོན་གྱིས་བྲི་བ། རྒྱན་དགྲམ་པའོ། །དང་པོ་ལ་ལས་ཐིག་གིས་ཆ་བགོ་བ་དང་། ཡེ་ཐིག་གིས་བྱིན་གྱིས་བརླབ་པ་གཉིས་ལས། འདི་གཉིས་ཀྱི་གོ་རིམ་ལ་བཟང་པོ་ཡོངས་གཟུང་ལས། ཡེ་ཤེས་ཀྱི་ཐིག་གིས་བྱིན་གྱིས་བརླབས་ནས་བཏབ་པ་མ་གཏོགས། ལས་ཐིག་གིས་ཆ་བགོ་བ་གསལ་བར་མ་གསུངས་ལ། ཁ་ཅིག་ཐིག་སྐུད་གདབ་པའི་རིམ་པ་བཞིན། ཡེ་ཤེས་ཐིག་སྐུད་རབ་ཏུ་བརྐྱང་། །ཞེས་པའི་ཚིག་རྐང་དང་པོས་ལས་ཐིག་ཟིན་ནོ་ཞེས་གསུངས་ཡང་། དེ་ནི་གཡས་སྐོར་གྱི་རིམ་པ་བཞིན། ཡེ་ཐིག་གདབ་ཅེས་པའི་དོན་དུ་སྣང་ངོ་། །གཡས་ཀྱི་ཕྱོགས་སུ་བསྐོར་བ་ཡིས། །ཇི་ལྟར་གསུངས་པའི་ཐིག་བཏབ་པས། །དཀྱིལ་འཁོར་སྤྲུལ་པའི་ཐིག་ལ་ཡང་། །ཡེ་ཤེས་ཐིག་སྐུད་རབ་ཏུ་གདབ། །ཅེས་པའི་ཚིག་རྐང་གསུམ་པས་ལས་ཐིག་ཟིན་པ་འདྲའོ། །རིན་ཆེན་འབར་བ་དང་། ནག་པོ་པའི་གཞུང་འགྲེལ་དང་། བཞི་བརྒྱ་ལྔ་བཅུ་པ་དང་། དངོས་གྲུབ་འབྱུང་བའི་གཏེར་རྣམས་ལས། ཡེ་ཤེས་ཀྱི་ཐིག་སྐུད་བྱིན་གྱིས་བརླབས་ནས་ས་གཞི་དང་ནམ་མཁར་ཡེ་ཤེས་ཀྱི་ཐིག་གདབ་སྟེ། ཐིག་སྐུད་དེ་ཉིད་ཀྱིས་ཆ་བགོ་བ་མ་གཏོགས། ལས་ཐིག་ལོགས་སུ་གསུངས་པ་མི་སྣང་ངོ་། །བདེ་མཆོག་ནག་པོ་དཀྱིལ་ཆོག་ལས། དང་པོར་རྡོ་རྒྱུས་ཐིག་སོགས་པས། །ཐིག་རྣམས་ཐམས་ཅད་ངེས་པར་བྱ། །དེ་ཡི་སྟེང་དུ་ཡེ་ཤེས་ཐིག །ཀུན་ནས་ཡོངས་སུ་བརྐྱང་བར་བྱ། །ཞེས་ལས་ཐིག་དང་། ཡེ་ཐིག་གི་གོ་རིམ་གསུངས་ལ། དེང་སང་གི་ཕྱག་ལེན་ཕལ་ཆེར་འདིའི་དབང་དུ་བྱས་པ་ཡིན་ནོ། །འདི་དག་གི་དོན་བསྡུས་ནས། དབང་ཆུར། ཐིག་གཉིས་པོ་འདི་ལ་གོ་རིམ་ལ་ངེས་པ་མེད་དེ། དང་པོ་ཡེ་ཤེས་ཀྱི་ཐིག་བཏབ་ནས། དེ་ནས་ལས་ཀྱི་ཐིག་བཏབ་ཀྱང་ཆོག དང་པོ་ལས་ཐིག་བཏབ་སྟེ། དེ་ནས་ཡེ་ཤེས་ཀྱི་ཐིག་གིས་བྱིན་གྱིས་བརླབས་ཀྱང་བཏུབ་སྟེ་གང་བདེར་བྱའོ། །ཞེས་གསུངས་ཏེ། དེའི་རྒྱུ་མཚན་ཡང་ལས་ཐིག་ནི་དཀྱིལ་འཁོར་གྱི་ཆ་བགོ་བའི་ཆེད་ཡིན་ལ། ཡེ་ཤེས་ཀྱི་ཐིག་ནི་ས་གཞི་དང་། ནམ་མཁའ་ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན་གྱིས་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པའི་ཆེད་ཡིན་གྱི། ལས་ཐིག་ཁོ་ན་བྱིན་གྱིས་བརླབ་པའི་ཆེད་མ་ཡིན་པའི་ཕྱིར་རོ། །འདིར་ཕྱག་ལེན་དང་བཤད་པའི་གོ་རིམ་གཉིས་ཀ་ལ་ལས་ཐིག་དང་པོར་བཤད་པ་བདེ་བས་འདི་ལ་ལྔ་སྟེ། གང་དུ་གདབ་པའི་གཞི། གང་གི་ཚེ་གདབ་པའི་དུས། གང་གིས་འདེབས་པའི་ཐིག་སྐུད། ཇི་ཙམ་འདེབས་པའི་ཚད། ཇི་ལྟར་འདེབས་པའི་ཆ་བགོ་ཚུལ་ལོ། །དང་པོ་ནི། རིན་ཆེན་འབར་བར། མཁས་པས་མཉམ་ཞིང་ཡིད་འོང་ས། །བ་ཡི་ལྔ་དང་བདུད་རྩི་ལྔ། །དྲི་ཞིམ་ཆུ་ཡིས་ལེགས་བྱུགས་ལ། །ཞེས་གསུངས་པ་ལྟར། ས་ཆོག་མི་དགོས་པའི་སའམ། དགོས་ན་ལེགས་པར་བྱས་པའི་སར། བསྟར་ཞིང་མཉམ་པ་བྱས་ལ། བ་བྱུང་ལྔ་དང་། དྲི་ཞིམ་པོའི་ཆུས་གཙང་བར་བྱས་པའོ། །གཉིས་པ་ནི་བཟང་པོ་ཡོངས་གཟུང་ལས། དཀྱིལ་འཁོར་ཉི་མ་ལྔ་པར་བྱས་པའི་ཉི་མ་བཞི་པའི་ཞག་ལ་གཟའ་སྐར་དང་། ཚེས་གྲངས་བཟང་བ་ལ་ཐིག་གདབ་ཅིང་འབྲི་བར་གསུངས་ཏེ། དེ་ཉིད་ལས། ཉི་མ་བཞི་པའི་ཞག་ལ་ཡང་། །བླ་མས་སྦྱིན་སྲེག་བྱས་ནས་ནི། །སློབ་མར་བཅས་པས་དཀྱིལ་འཁོར་བརྩམ། །ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །རྒྱལ་བ་རབ་གནས་ལ་སོགས་བསྔགས། །དཔྱིད་འབྲིང་ཐ་དང་དབྱར་ཐའོ། །སྟོན་ཐ་དགུན་གྱི་འབྲིང་ཐ་མ། །གཟའ་ལྷག་ཕུར་བུ་པ་བ་སངས། །ཟླ་བའི་གཟའ་དང་འདི་དག་བཟང་། །ཚེས་གཉིས་དང་ནི་ཚེས་གསུམ་དང་། །ལྔ་དང་བདུན་དང་བཅུ་པ་དང་། །བཅུ་གསུམ་པ་དང་ཟླ་གང་བ། །ཞག་བདུན་པོ་ནི་བཟང་པོ་ཡིན། །རྒྱལ་དང་མེ་བཞི་ལྷ་མཚམས་དབོ། །སྣར་མ་བྱི་བཞིན་མགོ་དང་ལག །སྣྲོན་སྣྲུབས་ཆུ་སྟོད་ཆུ་སྨད་དང་། །ཁྲུམས་སྟོད་ཁྲུམས་སྨད་སྐར་མ་རྣམས། །སྐར་མ་དབོ་ལ་རབ་གནས་བྱ། །དེས་ནི་ཤེས་རབ་འཕེལ་བར་འགྱུར། །སེམས་ལ་གང་ཅི་བསམ་པ་ཡི། །དངོས་གྲུབ་མེ་བཞིས་འགྲུབ་པར་འགྱུར། །སྣྲུབས་དང་བྱི་བཞིན་དག་གིས་ནི། །བཀའ་རྣམས་ཡོངས་སུ་ཤེས་པར་འགྱུར། །ལག་པ་སྐལ་བ་བཟང་པོར་འགྱུར། །སྣར་མས་ནོར་རྣམས་འབྱུང་བར་འགྱུར། །མགོ་ལ་ཞི་བ་བརྗོད་པ་ཡིན། །ཆུ་སྟོད་ཆུ་སྨད་བུ་འཕེལ་འགྱུར། །ཁྲུམས་སྟོད་ཁྲུམས་སྨད་འཕེལ་བར་འགྱུར། །རྒྱལ་ལ་ཐམས་ཅད་དུ་ནི་རྒྱལ། །སྣྲོན་ལ་བདེ་བ་ཡང་དག་སྩོལ། །ལྷ་མཚམས་མཆོག་ནི་ཡང་དག་སྟེར། །དུས་དང་གཟའ་བཟང་ལ་བརྟེན་ནས། །བྱ་བ་འདི་ནི་ལྷག་གནས་ཡིན། །ཞེས་གསུངས་པས་སོ། །རབ་གནས་ཀྱི་རྒྱུད་ལས། གནམ་སྟོང་དང་ནི་དེ་བཞིན་དུ། །བཅུ་བཞི་ལ་ནི་བྱ་བ་མིན། །ཞེས་པའི་དོན་ཁ་ཅིག་ཉི་ཤུ་དགུ་དང་གནམ་སྟོང་ལ་རབ་གནས་ཀྱི་དངོས་གཞི་བྱ་བར་མི་རུང་བ་ཡིན་གྱི། དབང་བསྐུར་གྱི་དངོས་གཞི་མི་རུང་བ་མ་ཡིན་ནོ་ཞེས་སྨྲ་བ་ཡོད་ཀྱང་། དབང་བསྐུར་གྱི་དངོས་གཞིའང་མི་རུང་བར་གསལ་ཏེ། རབ་གནས་ཀྱི་རྒྱུད་ལས་གསུངས་པའི་ཚེས་གྲངས་རྣམས་འདིར་དཀྱིལ་འཁོར་བྲི་བ་དང་། དབང་བསྐུར་བའི་དུས་ལ་སྦྱར་འདུག་པའི་ཕྱིར་རོ། །གསུམ་པ་ནི། རྩ་རྒྱུད་ལས། རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །སར་པ་ལེགས་པར་བཀལ་བ་དང་། །ཤིན་ཏུ་ཚད་མ་མཛེས་པ་ཡི། །སྲད་བུས་ཤེས་རབ་ཅན་གྱིས་གདབ། །ཅེས་གསུངས་པའི་སར་པ་ནི་དཀྱིལ་འཁོར་གཞན་དུ་ལོངས་མ་སྤྱད་པའོ། །ལེགས་པར་བཀལ་བ་ནི་འཇུར་མདུད་སོགས་མེད་པའོ། །ཤིན་ཏུ་ཚད་མ་ནི་སྦོམས་སུ་སྒོའི་ཉི་ཤུའི་ཆ་དང་། དཀྱུས་སུ་དཀྱིལ་འཁོར་གྱི་ཉིས་འགྱུར་ཏེ། འདི་ལ་ཨ་བྷྱས་རྟ་བབས་སྒོ་ཚད་གསུམ་དཔངས་སུ་བྱས་པའི་ཚེ་དཀྱིལ་འཁོར་རྩ་ཐིག་ལ་འབྲུ་མནན་ན། དེ་ཉིས་འགྱུར་གྱིས་རྭ་རྩེ་མ་སྙོགས་པས་དཀྱིལ་འཁོར་མདའ་ཐིག་ལ་བྱས་ནས་དེ་ཉིས་འགྱུར་ཆ་ཕྲན་དགུ་བཅུ་གོ་དྲུག་ཏུ་འགྱུར་བས་དུར་ཁྲོད་མེད་པའི་དབང་དུ་བྱས་ནས། འོད་ཕྲེང་ཚུན་གྱི་ཚད་དུ་འདོད་པ་དང་། ཤྲདྡྷས་དཀྱིལ་འཁོར་རྩ་ཐིག་ལ་བྱས་ནས་རྟ་བབས་སུ་སྒོ་ཚད་གཅིག་མ་བྱས་ཏེ། རྭ་རྩེ་ཚུལ་གྱི་ཚད་དུ་འདོད་པ་གཉིས་ཡོད་པ་ལས། ཕྱི་མ་འདི་ཉིད་རྒྱུད་གཞུང་རྣམས་ཀྱི་དགོངས་པར་སྣང་སྟེ། ཟླུམ་ཐིག་བརྐྱང་པའི་ཐིག་ལ་མི་ལྟོས་པའི་ཕྱིར་དང་། གལ་ཏེ་ལྟོས་ན་དུར་ཁྲོད་ཡོད་པ་རྣམས་ལ་དེའི་ས་བསྐོར་དུ་མེད་པར་འགྱུར་བའི་ཕྱིར་དང་། སྡོམ་འབྱུང་ལས། ཐིག་གི་མཚན་མ་དྲུག་ཅུ་བཞི། །ཞེས་དང་། བདེ་མཆོག་ནག་པོའི་དཀྱིལ་ཆོག་ལས། མཚམས་ཀྱི་ཐིག་ནི་བསྐོར་བ་དག །རྟ་བབས་ཀྱི་ནི་གནས་སུ་བཤད། །ཅེས་པ་དག་གིས་ཀྱང་ལུགས་ཕྱི་མ་དེ་ཉིད་སྟོན་པའི་ཕྱིར་རོ། །མཛེས་པ་ནི་སྦོམ་ཕྲ་སོགས་མེད་པའོ། །ཐིག་གི་མཚན་ཉིད་བཞི་པོ་འདི་རྩ་རྒྱུད་ལས་ཀྱང་། ཐིག་གཉིས་པོ་གང་གི་ཡིན་མི་གསལ་ཞིང་། དཀྱིལ་ཆོག་རྣམས་ལས་ཀྱང་ཡེ་ཤེས་ཀྱི་ཐིག་གི་མཚན་ཉིད་དུ་བཤད་པའི་ཚེ་དེ་ཉིད་ཀྱི་ཆ་བགོ་བར་གསུངས་པས། གཉིས་ཀའི་མཚན་ཉིད་དུ་འགྲོ་དགོས་ཏེ། ཤིན་ཏུ་ཚད་མའི་དོན་ལས་ཐིག་ལ་གཙོ་བོར་མཁོ་བའི་ཕྱིར་དང་། ཁ་དོག་ལྔའམ་ཉི་ཤུ་རྩ་ལྔ་དགོས་མི་དགོས་ཀྱི་ཁྱད་པར་མ་གཏོགས། མཚན་ཉིད་གཞན་རྣམས་ཁྱད་པར་མེད་པའི་ཕྱིར་རོ། །ཡེ་ཐིག་གི་ཆ་བགོ་བའི་ཚེ་ཁ་དོག་གི་ཁྱད་པར་མེད་ཀྱང་དང་པོར་རྡོ་རྒྱུས་ཐིག་སོགས་པས། ཞེས་གསུངས་པ་ལྟར། ལས་ཐིག་ལོགས་སུ་བྱས་པའི་ཚེ་རྡོ་རྒྱུ་སོགས་ཀྱིས་དཀར་པོར་བྱས་པ་ཡིན་པས་ཁ་དོག་གི་ཁྱད་པར་ཡོད་དོ། །བཞི་པ་ལ་གསུམ་སྟེ། ཚད་ངེས་པའི་དོན། ཚད་ལས་ལྷག་པའི་དོན། ཚད་མ་ངེས་པའི་དོན་ནོ། །དང་པོ་ནི། གུར་ལེའུ་གཉིས་པ་ལས། རྡོ་རྗེ་ཅན་གྱི་ཁྲུ་གསུམ་སྟེ། །སངས་རྒྱས་དཀྱིལ་འཁོར་ཁྲུ་བཞི་པ། །སྣང་བྱེད་ལ་ནི་ཁྲུ་ལྔ་ཉིད། །པདྨ་གར་དབང་དྲུག་པ་སྟེ། །ལྕགས་ཀྱི་རྒྱལ་པོ་དེ་བཞིན་བདུན། །ཞེས་གསུངས་ཤིང་། དེའི་དོན་གུར་རྒྱན་ལས། དཀྱིལ་འཁོར་གྱི་ཚད་ནི་ནང་དོན་ལ་དགོངས་པ་སྟེ། མི་བསྐྱོད་པ་ཐུགས་ཡིན་པའི་ཕྱིར། ཡེ་ཤེས་ཞུ་བདེ་མི་རྟོག་པ་གསུམ་མཚོན་པ་དང་། རྣམ་སྣང་སྐུ་ཡིན་པས་ལུས་འདོམ་གང་གྲུ་བཞི་པ་དང་། རིན་འབྱུང་ཡོན་ཏན་ཡིན་ཏེ་བདུད་རྩི་ལྔའི་ཡོན་ཏན་ལས་འབྱུང་བ་དང་། འོད་དཔག་མེད་ནི་བདེ་བ་ཡིན་ཏེ་བདུད་རྩི་ལྔ་བདེ་བ་དང་དྲུག་ཡིན་ནོ། །དོན་ཡོད་གྲུབ་པའི་ཕྲིན་ལས་ནི་བདུད་རྩི་ལྔ་དགའ་བྲལ་ལྷན་སྐྱེས་ཏེ་བདུན་ཡིན་ནོ་ཞེས་གསུངས་སོ། །འདུས་པ་རྩ་བའི་རྒྱུད་ཀྱི་ལེའུ་བཞི་པར། ཐུགས་ཀྱི་དཀྱིལ་འཁོར་ལ་ཁྲུ་བཅུ་གཉིས་དང་། ལེའུ་བཅུ་དྲུག་པར་སྐུའི་དཀྱིལ་འཁོར་ལ་ཁྲུ་བཅུ་དྲུག་དང་། གསུང་གི་དཀྱིལ་འཁོར་ལ་ཁྲུ་ཉི་ཤུ་པར་གསུངས་པའི་དོན། སྒྲོན་གསལ་ལས། དེ་དག་ངོས་མ་ལུས་པའི་དབང་དུ་བྱས་པ་ཡིན་གྱི། ངོས་རེ་ལ་ཁྲུ་གསུམ་པ་སོགས་སུ་འགྱུར་བར་བཤད་པ་ཙམ་མ་གཏོགས་མཚོན་དོན་གསུངས་པ་མི་སྣང་ལ། སློབ་དཔོན་སྨན་པའི་ཞབས་ཀྱིས་དེ་ལ་ཁྲུ་བཅུ་གཉིས་ནི་སྒེག་སོགས་བཞི་དང་། བདུག་པ་མོ་སོགས་བཞི་དང་། ལྕགས་ཀྱུ་མ་སོགས་བཞི་སྟེ་ལྷ་མོ་བཅུ་གཉིས་རྣམ་པར་དག་པ་དང་། ཁྲུ་བཅུ་དྲུག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་བཅུ་དྲུག་རྣམ་པར་དག་པ་དང་། ཁྲུ་ཉི་ཤུ་ནི་དེའི་སྟེང་དུ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་སྟེ་ཉི་ཤུ་རྣམ་པར་དག་པའི་རང་བཞིན་ཡིན་ལ། དེ་རྣམས་ས་བཅུ་རྣམ་པར་དག་པ་སྟེ། ས་བཅུ་ནི་ཡེ་ཤེས་ལྔའི་རྟེན་ཏུ་གྱུར་པའི་ཕྱིར་རོ། །ཞེས་བཤད་དོ། །གཉིས་པ་ནི། རྩ་རྒྱུད་དང་པོའི་བཅུ་པར། དེ་ནས་དཀྱིལ་འཁོར་ཁྲུ་གསུམ་དང་། །མཐེ་བོང་གསུམ་ནི་ལྷག་པར་བྱ། །ཞེས་དང་། ཁ་སྦྱོར་གྱི་གཉིས་པའི་དང་པོར། །དཀྱིལ་འཁོར་ཁྲུ་གསུམ་བྱ་བ་དང་། །མཐེ་བོང་གསུམ་མམ་ལྷག་པར་བྱ། །ཞེས་མཐེ་བོང་གསུམ་ལྷག་པའི་དོན། ཕྱི་མ་དག་ཕལ་ཆེར་ཡབ་ཡུམ་གི་ཁྱད་པར་དུ་འདོད་པ་ནི་མི་འཐད་དེ། དེ་ལྟར་ན་རྩ་བའི་རྒྱུད་ཉིད་ལས། ཡུམ་གྱི་སྐབས་སུ། འཕར་མ་གཉིས་བཟང་རྣམས་བྲིས་ནས། །ཞེས་པ་ལ་ཕྱི་མའི་ལྔ་པར། འཕར་མ་གཅིག་དང་སྒོ་བཞི་པ། །ཞེས་མི་འདྲ་བའི་ཁྱད་པར་གསུངས་པ་ལྟར། འདི་ལའང་གསུང་རིགས་པ་ལས་མ་གསུངས་པའི་ཕྱིར་དང་། ཁ་སྦྱོར་གྱི་གཉིས་པའི་དང་པོ་ནི། གཙོ་བོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དབང་ཆོག་སྟོན་པའི་སྐབས་ཡིན་པའི་ཕྱིར་དང་། རིན་ཆེན་འབར་བར་ཡབ་ཀྱི་སྐབས་སུའང་། ཕྱི་ཡི་རྒྱ་ནི་ཁྲུ་བདུན་པ། །ནང་གི་ཁྲུ་གསུམ་མཐེ་བོང་གསུམ། །ཞེས་གསུངས་པས་སོ། །འོ་ན་ཇི་ལྟར་སྙམ་ན། བླ་མ་མངའ་རིས་པའི་ཚིག་འགྲེལ་ལས། མཐེ་བོང་གསུམ་ནི་ཡབ་ཀྱི་རྡོ་རྗེ་ནོར་བུའི་ཡུ་བ་ལ་མཐེབ་སོར་གསུམ་ཡོད་པ་མཚོན། ཞེས་གསུངས་པའི་དོན་ཉེ་རྒྱུའི་སྤྱོད་པའི་ཚེ་ལས་རྒྱ་བསྟེན་དགོས་པས་ཡབ་ཀྱི་རྡོ་རྗེ་དང་། ཡུམ་གྱི་པདྨ་གཉིས་ཀ་ངེས་པར་དགོས་ཞེས་པའི་དོན་ཏོ། །ཉེ་རྒྱུའི་སྤྱོད་པ་ཡུམ་ལ་ཇི་ལྟར་ཡོད་སྙམ་ན། ཡུམ་ཉིད་ཀྱི་བསྐྱེད་རིམ་ལ་བརྟེན་ནས་བུད་མེད་ཀྱི་རྟེན་ཅན་ས་བཅུ་པ་ཐོབ་པའི་ཚེ་རང་དང་རྟོགས་པ་མཉམ་པའི་ཐབས་རྙེད་ན་དེའི་ཉེ་རྒྱུའི་སྤྱོད་པའི་རྟེན་བྱས་པས་རྒྱུད་གཉིས་ཅིག་ཅར་དུ་གྲོལ་བར་འགྱུར་ལ། མ་རྙེད་ན་རང་ཉིད་སྐྱེས་པར་བསྒྱུར་ནས་ཉེ་རྒྱུད་སྤྱོད་དགོས་པས། དེའི་ཚེ་རྡོ་རྗེ་ནོར་བུའི་ཡུ་བ་སོར་གསུམ་པ་མཚོན་པའི་ཆེད་དུ་རྩ་རྒྱུད་ལས། ཡུམ་གྱི་སྐབས་སུ་དངོས་སུ་གསུངས་ཤིང་ཡབ་ལ་དོན་གྱིས་གོ་བ་ལ་དགོངས་ནས་ཚད་དེ་ཉིད་ལས་གཞན་མ་གསུངས་སོ། །སཾ་བུ་ཊའི་དོན་ནི། རྣལ་འབྱོར་དབང་ཕྱུག་གི་བཞེད་པས་རྒྱུད་གསུམ་མངོན་པར་རྟོགས་པ་གཅིག་ཏུ་བསྲེས་པའི་ཚེ། ཚེ་གཅིག་གི་སྟེང་དུ་ལས་དང་པོ་པ་ནས་ཉེ་རྒྱུའི་སྤྱོད་པའི་བར་གྱི་བསྐྱེད་རིམ་གྱི་གཙོ་བོ་ནི། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་པའི་སྐབས་ནས་བསྟན་པ་གཉིས་པོ་ཁོ་ན་ཡིན་པས། དེའི་ནང་དུ་འདུས་ཀྱང་ཁ་སྦྱོར་རང་ཉིད་རྒྱུད་གཞན་ལ་མ་ལྟོས་པར། ཚེ་གཅིག་ལ་ཕྱག་ཆེན་མཆོག་གི་དངོས་གྲུབ་བསྒྲུབ་པའི་མངོན་རྟོགས་རང་རྐང་ཚུགས་པར་སྦྱར་བའི་ཚེ། བསྐྱེད་རིམ་གྱི་གཙོ་བོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡིན་པས་དེ་ལ་མཐེ་བོང་གསུམ་གྱིས་ལྷག་པ་དགོས་པའི་མཚོན་དོན་སྒྲིག་ཚུལ་ནི་སྔ་མ་དང་འདྲ་ལ། འམ་ཞེས་པ་ནི་རྩ་བཤད་གཉིས་ཀ་ལའང་། འདི་ནི་མ་ཐ་ཡིན་གྱི་དེ་ལས་ལྷག་པ་ཇི་སྙེད་ཀྱི་བར་དུ་རུང་ཞེས་པའི་དོན་ཏོ། །དེ་ལྟར་བྱས་ན་རྩ་རྒྱུད་ཀྱིས་ཡབ་ཡུམ་གཉིས་དང་། སཾ་བུ་ཊིའི་རང་རྐང་ཚུགས་པ་ལྟར་ན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་གསུམ་ལ་མཐེ་བོང་གསུམ་གྱིས་ལྷག་པ་དགོས་ཤིང་། གཞན་རྣམས་ལ་མི་དགོས་པ་དང་། རིན་ཆེན་འབར་བར་ཡབ་ཀྱི་སྐབས་སུའང་མཐེ་བོང་གསུམ་གྱིས་ལྷག་པ་གསུངས་པ་དང་། མི་ཐུབ་ཟླ་བས་འབྲས་བུ་འབྱུང་བ་མེད་པའི་ཕྱིར་དང་། དཔལ་གྱི་འོས་མ་ཡིན་པའི་ཕྱིར་ན་རྣམ་པ་གཞན་ནི་བཀག་གོ་ཞེས་དང་། རྗེ་བཙུན་རྩེ་མོས། སློབ་དཔོན་མི་ཐུབ་ཟླ་བ་ནི་ཧེ་རུ་ཀ་གསུམ་ནི་ལས་དང་པོ་པའི་བསྒོམ་བྱ་ཙམ་དུ་བཞེད་དོ། །ཞེས་གསུངས་པ་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་འགྲིག་ཅིང་། མན་ངག་ཟབ་མོའི་གནད་རྣམས་ཀྱང་རྟོགས་པར་འགྱུར་རོ། །གསུམ་པ་ནི་བཞི་བརྒྱ་ལྔ་བཅུ་པ་ལས། སེམས་ཅན་བསམ་པ་ལ་བརྟེན་ནས། །ཚད་ལ་སོགས་པ་ངེས་མཛད་ཀྱི། །ཐབས་ཤེས་ལས་བྱུང་དངོས་གྲུབ་ལ། །ཚད་སོགས་ངེས་པ་ཅི་ཞིག་བྱ། །དེ་ནི་ཁྲུ་གཅིག་ནས་བརྩམས་ཏེ། །ཇི་སྲིད་ཁྲུ་སྟོང་བར་དུ་འོ། །ཞེས་དང་། དངོས་གྲུབ་འབྱུང་བའི་གཏེར་ལས། མདོར་ན་ཟབ་གསལ་གཉིས་མེད་ལས། །གྲུབ་པའི་ཁྱད་པར་འབྱུང་བས་ན། །རིགས་དང་ཚད་སོགས་ངེས་མེད་པས། །ཁྲུ་གང་ནས་བརྩམས་སྟོང་ཕྲག་བྱ། །ཞེས་གསུངས་ཏེ། ཐུགས་ཀྱི་དཀྱིལ་འཁོར་ཁྲུ་བཅུ་གཉིས་པ་ལ་སོགས་པ་ཚད་ངེས་པ་ཅན་གསུངས་པ་ནི་གདུལ་བྱའི་བསམ་པའི་བྱེ་བྲག་གིས། ཀུན་རྫོབ་ཏུ་མཚོན་བྱ་མཚོན་པའི་ཆེད་དུ་གསུངས་པ་ཡིན་ལ། ཡང་དག་པར་ན། ཟབ་གསལ་གཉིས་མེད་ལས་བྱུང་བའི་དངོས་གྲུབ་བསྒྲུབ་པ་ལ་མཚོན་དོན་མཐའ་གཅིག་ཏུ་ངེས་པ་མེད་པས། འབྱོར་བའི་བྱེ་བྲག་གིས་ཁྲུ་གང་ནས་ཁྲུ་སྟོང་གི་བར་ཇི་ལྟར་ནུས་པར་བྱ། ཞེས་པའི་དོན་ནོ། །ལྔ་པ་ནི་དབང་ཆུར་དེ་ལ་ལས་ཀྱི་ཐིག་འདེབས་པར་འདོད་ན་དེའི་ཚུལ་ནི་འདི་ཡིན་ཏེ། དཀྱིལ་འཁོར་བྱུགས་ལ་ལྷ་སྟ་གོན་གྱི་གནས་མི་འཁྲུགས་པར་ངོ་ཤེས་པར་བྱས་ལ་དང་པོ་ཚངས་ཐིག་གདབ་སྟེ། དེའི་དབུས་ངོ་ཤེས་པར་བྱ། དེ་ནས་ཤར་དང་ནུབ་ཏུ་པཉྩ་རེ་ཁཱའི་མཚམས་དེར་རི་མོ་རེ་བྱ། དེ་ནས་ཕྱིའི་མཚམས་གཉིས་ཀྱང་དེ་དང་མཉམ་པར་བྱ་སྟེ་མཉམ་པོ་བཞི་འགྱུར་དུ་བྱའོ། །དེ་ནས་པཉྩ་རེ་ཁཱའི་ནང་གཉིས་པོ་དཀྱིལ་འཁོར་གྱི་ཚད་དེ་གཉིས་སྡོམ་པའི་ཐ་གུ་པཉྩ་རེ་ཁཱའི་མཚམས་དེར་བཟུང་སྟེ་ལྷོ་བྱང་གཉིས་སུ་བྱ་རོག་རྗེས་བྱ། དེ་ལ་ཚངས་ཐིག་གཉིས་པ་གདབ། ཚད་དེ་ཉིད་ཀྱིས་ཚངས་ཐིག་གི་ཕྱོགས་བཞི་ཀ་མཉམ། མཉམ་པའི་ཚད་དེ་ཉིད་བཟུང་ཏེ་ཟུར་བཞིར་བྱ་རོག་རྗེས་བྱ། དེ་ཉིད་ལ་ཟུར་ཐིག་དང་ཕྱིའི་གྲུ་བཞི་བྱ། གྲུ་བཞི་གྲུ་ཆོད་དུ་བྱས་ལ་ཕྱི་ཕྱེད་ནང་ཕྱེད་དུ་བྱས་པ་ནི་རྩ་བའི་ཐིག་གོ །དེ་བཞིན་དུ་གྲུ་ཆོད་དུ་བྱས་ཤིང་ཕྱེད་ཕྱེད་དུ་གཤགས་ལ་ཆ་ཆེན་བཅུ་དྲུག་ཏུ་གཏང་ངོ་། །དེ་ལྟར་ཆ་ཆེན་བཅུ་དྲུག་ཏུ་ཐོངས་པ་དང་། དཀྱིལ་འཁོར་གྱི་ཆ་ཕྲ་མོ་བགོ་བར་བྱ་སྟེ། ཚངས་པའི་ཐིག་གི་དྲུང་ནས་ཆ་ཆེན་དང་པོ་ཞེས་བྱ་བ་ནས་བཟུང་སྟེ་གཡས་བརྒྱད་གཡོན་བརྒྱད་ཡིན་པས་བཅུ་དྲུག་ཡིན་ལ། དེའང་ཕྱོགས་གཅིག་གིས་ཤེས་པས་ཕྱོགས་བཞི་ཀ་དེས་འགྲེའོ། །དེ་ལ་ཕྱོགས་གཅིག་གི་དབང་དུ་བྱས་ན་ཆ་ཆེན་དང་པོ་ཕྱེད་དུ་གདབ། དེ་ནི་སྒོ་དང་ཉི་དཀྱིལ་འཁོར། །དེ་ཡི་ཕྱི་ཡང་ཕྱེད་དུ་གདབ། །དེ་ལ་སྒོ་ཁྱུད་པདྨའི་ལྟེ། །ཆ་ཆེན་གཉིས་པ་ཕྱེད་དུ་གདབ། །དེ་ཡི་ནང་མ་ཕྱེད་དུ་གདབ། །དེ་ལ་སྒོ་ལོགས་ནམ་མཁའ་དང་། །དཀྱིལ་འཁོར་ནང་དུ་པད་ཟེའུ་འབྲུ། །གཉིས་པའི་ཕྱི་མ་ཕྱེད་དུ་གདབ། །དེ་ལ་ཀ་བ་ཀ་ཞུ་འབྱུང་། །ཆ་ཆེན་གསུམ་པ་ཚུན་ཆོད་ལ། །པདྨ་དང་ནི་རྡོ་རྗེ་ཡི། །རྭ་བ་མེ་རི་བཅས་པ་འབྱུང་། །ཆ་ཆེན་བཞི་པ་ལྷ་སྣམ་འདོད། །ནང་གི་ཆ་ཡིས་དབྱེ་བ་འདི། །འཕར་མ་གཉིས་པའི་ལུགས་ཡིན་གྱི། །ཡང་ན་ཆ་གཉིས་ལྟེ་བ་སྟེ། ཆ་གཉིས་པདྨའི་འདབ་མ་ཡིན། །ཆ་ཆེན་ལྔ་པ་གང་ཡིན་པའི། །མཐའ་གཉིས་གདབ་ཅིང་དབུས་གཉིས་དོར། །ནང་མ་ངོས་ནི་རྩིག་རིང་སྟེ། །དབུས་མ་གཉིས་པོ་འདོད་ཡོན་ལ། །ཕྱི་མ་སྒོ་འགྲམ་རྩིག་པ་དང་། །དེ་བཞིན་རིན་ཆེན་ཕ་གུ་ཡིན། །ཆ་ཆེན་དྲུག་པ་ཕྱེད་བཏབ་ལ། །ནང་མ་དྲྭ་བ་དྲྭ་ཕྱེད་དེ། །དེ་ཡི་ཕྱི་ཡང་ཕྱེད་བཏབ་པའི། །ནང་མ་ཡ་ཕུབ་རྩིག་པ་དང་། །དེ་བཞིན་དུ་ནི་མདའ་ཡབ་བོ། །དེ་ཡི་ཕྱི་མ་ནམ་མཁའ་འོ། །ཆ་ཆེན་བདུན་པ་ཆ་བཞིར་བགོ །དེ་དག་རྟ་བབས་ཆ་བཞི་ཡིན། །བརྒྱད་པ་ལ་འང་ཆ་བཞི་ཡིན། །ནང་གི་ཆ་གཅིག་པདྨ་ལ། །དབུས་མ་གཉིས་པོ་འཁོར་ལོ་སྟེ། །ཆ་ཆུང་ཕྱི་མ་གདུགས་མཛེས་པ་འོ། །དེ་ལྟར་ཕྱོགས་བཞིར་ཐིག་བཏབ་ལ། །ཆ་ཆེན་ཕྱེད་ཕྱེད་རྡོ་རྭ་དང་མེ་རིས་བསྐོར། དེ་དག་གིས་ནི་ལས་ཀྱི་ཐིག་བཏབ་པ་བསྟན་ཏོ། །ཞེས་གསུངས་སོ། །འདིར་འཕར་མ་གཉིས་པ་དང་། གཅིག་པ་གཉིས་ཁ་ཅིག་ཡབ་ཀྱི་རྣམ་གྲངས་པར་འཆད་པ་ནི་མི་འཐད་དེ། རྒྱུད་ལས། དེ་གཉིས་ཡུམ་དང་ཡབ་ཀྱི་ཁྱད་པར་དུ་གསལ་བར་གསུངས་པས་སོ། །སྤྱིར་ལྷ་སྣམ་ཆ་ཆེན་གཅིག་བཞག་པ་ཙམ་གྱིས་འཕར་མ་གཉིས་པར་འགྲོ་བ་ནི་མ་ཡིན་ཏེ། རྣལ་འབྱོར་དབང་ཕྱུག་གི་ལུགས་གཉིས་ཀྱི་བཞེད་པས། འཁོར་གྱི་ལྷ་མོའི་གནས་རྡོ་རྭ་མེ་རིས་བསྐོར་བ་ཉིས་སྦྲགས་ལ་འཕར་མ་གཉིས་དང་། གཅིག་ལ་འཕར་མ་གཅིག་ཏུ་བཞེད་པའི་ཕྱིར་དང་། རིན་ཆེན་འབར་བར། ཡབ་ཀྱི་སྐབས་སུའང་ལྷ་སྣམ་བཞག་པར་གསུངས་པའི་ཕྱིར་རོ། །དེས་ན་འདིར་འཕར་མ་གཉིས་པར་གསུངས་པ་ནི་དཀྱིལ་ཆོག་འདི་ཡབ་ཡུམ་གཉིས་ཀའི་ཐུན་མོང་བ་ཡིན་པས་ཡུམ་ལ་དགོངས་ཏེ། དབུས་ཀྱི་ཆ་ཆེན་དྲུག་ལ་ནང་གི་རྣལ་འབྱོར་མ་ལྔ་པདྨ་དང་། རྡོ་རྭ་མེ་རིས་བསྐོར་བ་འཕར་མ་གཅིག་དང་། ལྷ་སྣམ་ལ་རྣལ་འབྱོར་མ་བཅུ་ལ་ཕྱིའི་རྡོ་རྭ་མེ་རིས་བསྐོར་བ་འཕར་མ་གཅིག་ཏུ་བཞེད་པའི་ཕྱིར་རོ། །ཡ་ཕུབ་དང་སྒོ་ལོགས་ཀྱི་རྩིག་པའི་ཕྱི་རོལ་ཆ་ཕྲན་གཅིག་གིས་བསྐོར་བ་ལ་འདིར་ནམ་མཁའ་ཞེས་པའི་ཐ་སྙད་མཛད་ཅིང་། ཤྲདྡྷའི་ཐིག་རྩ་རྩ་འགྲེལ་ལས་ཆ་ཆུང་གཅིག་བཞག་པར་གསུངས་པ་ཙམ་མ་གཏོགས་ཐ་སྙད་མི་སྣང་ལ། དེང་སང་མུན་སྣམ་ཞེས་པའི་ཐ་སྙད་བྱེད་པ་ནི། ཨ་བྷྱ་རྟ་བབས་སྣམ་བུ་བཅུ་གཅིག་མའི་ཚེ་མུན་པའི་སྣམ་བུ་དང་། ལོང་བའི་སྣམ་བུ་ཞེས་པའི་ཐ་སྙད་མཛད་པ་དེ་ཉིད་འདིར་སྦྱར་བར་སྣང་སྟེ། སྒོ་ཁང་གི་རྩིག་པ་དང་རྟ་བབས་ཀྱི་གདུང་གི་བར། བར་སྟོང་ཆ་ཕྲན་གཅིག་ཡོད་པ་དེ་ཉིད་མཚོན་པའི་ཕྱིར་རོ། །དེང་སང་སྒོ་ལོགས་ཀྱི་ཕྱི་མཐའ་དང་། ཀ་བའི་བར་སྟོང་དང་། མདུན་གྱི་རྟ་བབས་ཀྱི་འོག་གི་བར་སྟོང་མཚོན་པར་འདོད་པ་ནི་འདིའི་དོན་མ་ཡིན་པར་སྣང་སྟེ། གོང་འོག་བརྩེགས་པའི་བར་སྟོང་ལ། ནམ་མཁའ་དང་མུན་སྣམ་གྱི་ཐ་སྙད་ཐོབ་ཀྱི། གཡས་གཡོན་གྱི་བར་སྟོང་ལ་དེའི་ཐ་སྙད་གང་ལའང་མི་སྣང་བའི་ཕྱིར་རོ། །དབང་ཆུ་ནས་གསུངས་པ་འདི་ཉིད་ཤྲདྡྷའི་ཐིག་རྩ་དང་། རིན་ཆེན་འབར་བ་གཉིས་ཕལ་ཆེར་མཐུན་པས། དེ་གཉིས་ཀྱི་དབང་དུ་བྱས་ནས་བཤད་པར་སྣང་ཡང་། ཡ་ཕུབ་ཀྱི་ཐ་མ་ལ་ནམ་མཁའི་ཐིག་བྱེད་པ་ནི་ཤྲདྡྷའི་ལུགས་ཡིན་ཅིང་། རིན་ཆེན་འབར་བར། དེ་ལ་གདུང་ཐིག་མཛད་པར་སྣང་སྟེ། ཡ་ཕུབ་ཐ་མ་རྡོ་རྗེའི་གདུང་། །བདུན་པ་རྟ་བབས་དག་ཏུ་འགྱུར། །བརྒྱད་པ་པདྨ་འཁོར་ལོ་གདུག །ཞེས་གསུངས་པས་སོ། །དེས་ན་གདུང་ཐིག་རྟ་བབས་སྣམ་བུ་འོག་མ་དང་དཀྱུས་མཉམ་པར་བྱས་ནས། ཀ་བ་དང་ཀ་རྒྱན་གྱི་དཔངས་ལ་ཆ་ཕྲན་བཞི་ལས་མེད་ལ། སྒོ་ལོགས་ཀྱི་རྒྱབ་དང་། ཀ་བའི་བར་གྱི་ཆ་ཕྲན་གཅིག་ལ་ནི་མེ་ཏོག་གི་ཆུན་འཕྱང་འདྲི་བར་བཞེད་དེ། གཉིས་པ་ཕྱེད་ཕྱེད་དང་པོ་ལ། །ཆ་ལྔར་བྱས་ལ་ལོགས་ཞེས་བྱ། །དེ་རྒྱབ་མེ་ཏོག་ཆུན་འཕྱང་སྟེ། །དེ་རྒྱབ་རྟ་བབས་ཀ་བ་ཡིན། །ཞེས་གསུངས་པས་སོ། །ཤྲདྡྷ་དང་དབང་ཆུའི་ལུགས་ལ་ཀ་བ་དང་ཀ་རྒྱན་ཆ་ཕྲན་ལྔ་པར་བྱས་ནས། མགོ་བོ་རྟ་བབས་ཀྱི་སྣམ་བུ་འོག་མ་ལ་སྦྱར་བ་ནི་ནམ་མཁའི་ཐིག་འཁོར་མར་ཡོད་པའི་དབང་དུ་བྱས་པའོ། །རྟ་བབས་ཀྱི་རྒྱན་ནི་ཤྲདྡྷཱའི་ཐིག་རྩའི་འགྲེལ་བར། དེའང་ཇི་ལྟར་མཛེས་པ་དང་། ཡིད་དུ་འོང་བ་བཞིན་དུ་བྱ་སྟེ། སྐས་ལྟ་བུ་དང་། གླང་པོ་ཆེའི་རྒྱབ་ཅེས་བྱ་བ་དང་། གམྦི་རི་ཞེས་བྱ་བ་དང་། བ་ལ་བི་ཞེས་བྱ་བ་དང་། བྷཾ་ག་ར་དང་། སྲི་ད་ཀ་ཏྲ་དང་། མ་ཀ་ར་དང་། བྱ་ཏི་དང་། ད་ན་ཏི་དང་། ཕྲེང་བ་ཅན་དང་། གདུགས་ཅན་དང་། རྩེ་བྲན་ཅན་དང་། རིག་པ་འཛིན་པ་དང་བཅས་པ་དང་། ངང་པ་ལ་སོགས་པ་བྱ་རྣམས་ཀྱིས་མཚན་པ་སྟེ། དེ་དག་ལ་སོགས་པར་གང་ཡང་རུང་བས་བརྒྱན་པའི་རྟ་བབས་བྱའོ་ཞེས་གསུངས་སོ། །རྟ་བབས་ཀྱི་སྟེང་དུ་པདྨ་ཆ་ཆུང་གཅིག དེའི་སྟེང་དུ་ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའམ། བཅུ་གཉིས་པ་ཆ་ཆུང་གཉིས། དེའི་སྟེང་དུ་གདུགས་ཆ་ཆུང་གཅིག་པ་བྱ་ཞིང་། ཆོས་འཁོར་གྱི་གཡས་གཡོན་ཆ་ཆུང་རེ་རེ་དོར་བའི་སར། རི་དྭགས་ཀྲྀཥྞ་སཱ་ར་གཉིས་ཞེང་དུ་ཆ་ཆུང་གཉིས་པ། དཔངས་སུ་ཆ་ཆུང་གཅིག་པ། ཆོས་འཁོར་ལ་ཕྱོགས་པ་བྱའོ། །རི་དྭགས་ཀྱི་གཡས་གཡོན་ཆ་ཆུང་རེ་རེ་དོར་བའི་སར་རྡོ་རྗེ་དང་རིན་པོ་ཆེའི་ཡུ་བ་ཅན་ཞེས་བྱ་བ་ཡུ་བ་ལ་ཆ་ཆུང་གཅིག དེའི་སྟེང་དུ་རིན་པོ་ཆེ་ཆ་ཆུང་ཕྱེད། རྡོ་རྗེ་ཆ་ཆུང་ཕྱེད་པས་མཚན་པར་བྱའོ། །གཞན་ཡང་རྟ་བབས་ཀྱི་མཐའ་མ་ཀ་བའི་ལོགས་དང་ཉེ་བ་ལ་བ་དན་དྲིལ་བུ་དང་ལྡན་པ་གཉིས་གཉིས་ཏེ་བཞི། དྲྭ་ཕྱེད་ཀྱི་སྣམ་བུའི་ཕྱི་ལོགས་ངོས་གཉིས་ལས་ཀྱང་རེ་རེ་སྟེ་ཐམས་ཅད་བརྩིས་ན། བ་དན་ཉི་ཤུ་རྩ་བཞིར་བྱའོ། །བ་དན་ནི་མཚོན་པ་ཙམ་སྟེ། རྒྱལ་མཚན་དང་། དར་དང་། རིན་པོ་ཆེ་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་ཇི་ལྟར་འོས་པའི་ལྷའི་མཆོད་པའི་རྫས་སྣ་ཚོགས་བཟང་ཞིང་མཛེས་པ་རྣམས་ཀྱིས་ཀྱང་བརྒྱན་པར་བྱའོ། །ཞེས་སོ། །ཕྱི་རོལ་ཟླུམ་སྐོར་གྱི་ཐིག་ནི་དབང་ཆུར། དེ་ལྟར་ཕྱོགས་བཞིར་ཐིག་བཏབ་ལ། །ཆ་ཆེན་ཕྱེད་ཕྱེད་རྡོ་རྗེ་རྭ་བ་དང་། །མེ་རིས་བསྐོར་ཞེས་པ་ཙམ་ལས། དུར་ཁྲོད་ཀྱི་ཐིག་མ་གསུངས་པ་ནི། རིན་ཆེན་འབར་བ་དང་། ཤྲདྡྷའི་གཞུང་ལས་དུར་ཁྲོད་ཀྱི་ཐིག་མེད་པའི་དབང་དུ་བྱས་པར་སྣང་ལ། ཕྱག་ལེན་ལ་དུར་ཁྲོད་ཀྱི་ཐིག་ཆ་ཆེན་གཅིག་བསྐོར་བར་མཛད་པ་ནི་ཤིན་ཏུ་ལེགས་ཏེ། འབྲི་བའི་ཚེ་དུར་ཁྲོད་འབྲི་ཚུལ་དང་། དཀྱིལ་འཁོར་སྟོན་པའི་ཚེ་དུར་ཁྲོད་སྟོན་པར་དབང་ཆུ་ཉིད་ལས་གསལ་བར་གསུངས་པའི་ཕྱིར་དང་། བདག་མདུན་ཐ་མི་དད་དུ་བསྲེ་བའི་ཚེ་བསྲེ་གཞི་ངེས་པར་དགོས་པའི་ཕྱིར་རོ། །རིན་ཆེན་འབར་བར་དེ་རྒྱབ་ཉི་མའི་དཀྱིལ་འཁོར་རོ། །སྣ་ཚོགས་པདྨ་རྡོ་རྗེ་རྭ། །མེ་འོད་རིམ་བཞིན་བསྐོར་བར་བྱ། །ཞེས་གསུངས་པའི་ཉི་དཀྱིལ་ནི། ཟུར་རྩེ་ནས་ཟླུམ་པོར་བསྐོར་བའི་ཚེ་སྣ་ཚོགས་རྡོ་རྗེའི་རྩེ་མོ་དང་། ཟླུམ་ཐིག་བར་ཆ་ཆུང་གཅིག་ཙམ་འབྱུང་བ་དེ་ཉིད་ཡིན་གྱི། གཞན་མི་དགོས་ལ། པདྨ་དང་། རྡོ་རྭ་དང་། མེ་འོད་གསུམ་ནི་ནང་གི་རྒྱ་ཁྲུ་གསུམ་དང་། མཐེ་བོང་གསུམ་བྱས་པའི་ཚེ་མཐེ་བོང་རེ་ནི་སོར་མོ་ཕལ་པ་གཉིས་ཀྱི་ཚད་ཡིན་པས། རྭ་རྩེ་ནས་རྭ་རྩེའི་བར་ཁྲུ་ཕྱེད་དང་བདུན་ཐོབ་ལ། པདྨ་སོགས་གསུམ་ཕྱོགས་གཉིས་ཆར་བསྡོམས་པས་ཁྲུ་ཕྱེད་ཐོབ་པར་སྣང་ངོ་། །གཉིས་པ་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། དང་པོ་ཐིག་སྐུད་བྱིན་གྱིས་བརླབས་ལ་དེ་ནས་གདབ་བོ། །དེ་ལ་ཐིག་དང་ཚོན་བྱིན་གྱིས་བརླབ་པ་སོ་སོར་བྱ་བར་གསུངས་ཀྱང་ཆོ་ག་ཕལ་ཆེར་མཐུན་པས་ཕྱོགས་གཅིག་ཏུ་ཕྱག་ལེན་དུ་མཛད་དོ། །དེའི་ལག་ལེན་ནི། རིན་པོ་ཆེའི་སྣོད་ཀྱི་ནང་དུ་ཚོན་རྩི་ཁ་དོག་ལྔ་ལེགས་པར་འདུས་བྱས་ལ། དུར་ཁྲོད་ཀྱི་རུས་པས་སྦགས་ཏེ། དབུས་སུ་ཚོན་སྔོན་པོ་ལ་ཧཱུྃ་བྲིས་ལ་སྐུད་པ་སྔོན་པོ་བཞག ཤར་དུ་དཀར་པོ་ལ་བྷྲཱུྃ། ལྷོར་སེར་པོ་ལ་ཨཱྃ། ནུབ་ཏུ་དམར་པོ་ལ་ཛྲཱིཾ། བྱང་དུ་ལྗང་གུ་ལ་ཁྃ་བྲིས་ལ། དེ་དག་གི་ཁ་དོག་དང་མཐུན་པར་བསྒྱུར་བའི་སྐུད་པ་རྣམས་ཀྱང་བཞག་པ་སྐྱ་ཐིག་བཏབ་པའི་དཀྱིལ་འཁོར་གྱི་དབུས་སུ་བཤམ་པའམ། རང་གི་མདུན་དུ་སྟེགས་ཀྱི་སྟེང་དུ་བཤམས་ཀྱང་རུང་སྟེ། དེ་དག་གིས་མདུན་དུ་མཆོད་པ་ལྔ་དང་། གཏོར་མ་གཅིག་བྲེང་ཚར་དུ་བཤམ། རང་རྡོ་རྗེ་དྲིལ་བུ་བཟུང་ནས་ཤར་ཕྱོགས་སུ་འདུག་ལ། ལྷའི་རྣལ་འབྱོར་དྲན་པ་ཙམ་གྱིས་གསལ་བཏབ་ལ། ཨོཾ་སྭ་བྷཱ་ཝའི་སྔགས་བརྗོད་པས་ཐིག་ཚོན་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་ལྔའི་སྟེང་དུ་ཐིག་ཚོན་སྔོན་པོ་ཧཱུྃ་ལས་མི་བསྐྱོད་པ། དཀར་པོ་བྷྲཱུྃ་ལས་རྣམ་སྣང་། སེར་པོ་ཨཱྃ་ལས་རིན་འབྱུང་། དམར་པོ་ཛྲཱིཾ་ལས་འོད་དཔག་མེད། ལྗང་གུ་ཁྃ་ལས་དོན་ཡོད་གྲུབ་པར་བསྐྱེད་དེ། དེའང་ནུས་ན། རིག་པའི་དབང་ལྔའི་སྐབས་ལྟར་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་དང་བཅས་པ་བསྐྱེད། མི་ནུས་པས་ཀྱང་ཕྱག་གཉིས་པར་བསྐྱེད་པས་ཆོག སྐུ་གསུང་ཐུགས་བྱིན་གྱིས་བརླབ། དེ་ནས་རང་གི་མིག་གཡས་པ་མ་ལས་ཉི་མ་དང་། གཡོན་པ་ཊ་ལས་ཟླ་བ་འོད་འབར་བ། མིག་འབྲས་གཉིས་ཧཱུྃ་ལས་ཁྲོ་བོའི་རྡོ་རྗེར་བྱིན་གྱིས་བརླབས་ཏེ། མིག་གི་རྫི་མ་མྱུར་བར་བརྡབ་ཅིང་། གྱེན་དུ་བལྟ་བ་ནི་ཁྲོ་བོའི་ལྟ་བ་ཞེས་བྱ་བ་སྟེ། དེས་སྟ་གོན་གྱི་ལྷ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཚོན་དང་། སྐུད་པ་ཚོན་སྐུད་ཀྱི་རྣམ་པར་བྱོན་པའམ། ཡང་ན་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་བསྐྱེད་པ་ལ་བསྟིམ། ནམ་མཁའ་ནས་སངས་རྒྱས་རྣམས་ཀྱི་དབང་བསྐུར་བར་བསམ་སྟེ། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ་ཞེས་དབང་བསྐུར་བས་ཆུ་ལྷག་མ་ཡར་ལུད་པ་ལས་རིགས་ལྔ་སོ་སོའི་དབུར་བརྒྱན། དེ་ནས་རིགས་ལྔའི་ས་བོན་སྔོན་དུ་འགྲོ་བས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་བྱ་བ་ལ་སོགས་པ་སྔགས་ཙམ་གྱིས་མཆོད་པ་དབུལ། ཤབྡའི་སྐབས་སུ་དྲིལ་བུ་དཀྲོལ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །ཞེས་སོགས་ཚིགས་བཅད་ལྔས་བསྟོད། གཏོར་མའང་ཆུ་གཙང་གིས་སྦྱངས་ནས། མཁའ་འགྲོ་སྤྱི་གཏོར་ལྟར་བྱིན་གྱིས་བརླབས་ཏེ། རིགས་ལྔའི་ས་བོན་སྔོན་དུ་འགྲོ་བའི། ཨོཾ་ཨ་ཀཱ་རོ་ཞེས་སོགས་ལན་གསུམ་གྱིས་དབུལ་ལོ། །ཆུ་བཞི་དང་། ནང་མཆོད་དང་། རོལ་ཆེན་རྣམས་ནི་ཆོ་ག་བསྡུས་པའི་སྐབས་ཡིན་པས་མི་དགོས་སོ། །དེ་ནས་ཨོཾ་བཛྲ་ཙི་ཀྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་ཏེ་མཐེ་བོང་དང་སྲིན་ལག་གཉིས་ཀྱིས་ཚོན་རྣམས་ལ་རེག་སྟེ་མཉེས་པས་ལྷ་ཐམས་ཅད་འོད་དུ་ཞུ་སྟེ། དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་གྲུབ་པའི་ཚོན་དང་ཐིག་སྐུད་དུ་བསམ་མོ། །དེ་ནས་ཐིག་སྐུད་རྣམས་སློབ་དཔོན་གྱི་ལག་པ་གཡོན་པས་བཟུང་ལ། རང་དཔལ་ཀྱེ་རྡོ་རྗེའི་རྣལ་འབྱོར་ལ་གནས་ཏེ། སློབ་མ་གཽ་རཱིར་སྤྲུལ་ལ། ཐིག་སྐུད་ནག་པོ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་རྣམས་རིམ་གྱིས་བརྐྱངས་ལ། དེ་བཞིན་གཤེགས་པ་སོ་སོར་མོས་ཏེ། ཕན་ཚུན་རྗེས་སུ་རྟོག་པ་སྟེ། ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །ཆོས་རྣམས་ཐམས་ཅད་ཤིན་ཏུ་ཡང་། །ཀུན་ཏུ་འགྲོ་བར་ཆོས་ཀུན་བརྗོད། །ཞེས་པའམ། ཡང་ན་དེ་ཉིད་ཀྱི་རྒྱ་སྐད་བརྗོད་ཅིང་སྒྲིལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་མེད་པར་གྱུར་པར་བསམ་སྟེ། རྡོ་རྗེའི་ལྟེ་བ་ལ་དཀྲིས་ཏེ། བདུད་རྩི་ཅུང་ཟད་གཏོར་ཏེ་བཞག་གོ །དེ་ནས་ཚོན་དང་མཆོད་པ་ལ་སོགས་པ་གཞན་དུ་བསལ་ལ། ཡེ་ཤེས་ཀྱི་ཐིག་གིས་ས་གཞི་བྱིན་གྱིས་བརླབས་པའི་ཕྱིར་གདབ་པར་བྱ་སྟེ། རང་ནུབ་ནས་ཤར་དུ་ཁ་བལྟས་ལ་དཔལ་ཀྱེ་རྡོ་རྗེར་བསྐྱེད། སློབ་མ་ཤར་ནས་ནུབ་ཏུ་ཁ་བལྟས་ལ་གཽ་རཱིར་སྤྲུལ་ལ། རང་གི་ལག་པས་རྡོ་རྗེ་ལ་དཀྲིས་པའི་ཐིག་སྐུད་ལྟེ་བའི་ཐད་ཀར་བཟུང་ལ། གཡས་ཀྱིས་ཐིག་སྣ་ནས་བཟུང་ལ། ཛཿཛཿཛཿཞེས་བརྗོད་ཅིང་སློབ་མ་ལ་གཏད། སློབ་མས་ཀྱང་ཛཿཛཿཛཿཞེས་བརྗོད་ཅིང་སྣ་དྲངས་ལ་ལྟེ་བའི་ཐད་ཀར་བཟུང་སྟེ་བརྐྱངས་ལ་བཞག་པ་གཡས་པས་སྟེང་ནས་ཐིག་སྐུད་བཟུང་སྟེ་གཅུས་ཏེ་གྱེན་ལ་གདབ་བོ། །ངག་ཏུ་ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད། ཡང་ཐུར་ལའང་དེ་བཞིན་དུ་གདབ། དེའི་ཚེ་སེམས་ཀྱིས་ཐིག་སྐུད་ཀྱི་སྒྲ་དེས། ནམ་མཁའ་གང་བའི་དེ་བཞིན་གཤེགས། །འགྲོ་དོན་མཛད་དུས་འདི་ལགས་པས། །ཁྱེད་རྣམས་འདིར་ནི་གཤེགས་གསོལ་བར། །ཐིག་སྐུད་སྒྲས་ནི་བསྐུལ་མ་འདེབས། །ཞེས་སྒྲ་དེ་གྲགས་པས་དེ་བཞིན་གཤེགས་པ་ཐམས་ཅད་མདུན་གྱི་ནམ་མཁའ་གང་བར་བྱོན་པར་བསམ་ཞིང་ཚངས་ཐིག་དང་པོ་གདབ་བོ། །དེ་བཞིན་དུ་འོག་མ་རྣམས་འདེབས་པའི་ཚེ་ངག་ཏུ་བརྗོད་པ་དང་ཏིང་ངེ་འཛིན་ཡིད་ཀྱིས་བསམ་པར་བྱའོ། །དེ་ནས་གཡས་སྐོར་གྱི་རིམ་པས་སློབ་དཔོན་ལྷོར་འདུག་སྟེ་བྱང་དུ་བལྟ། སློབ་མ་བྱང་དུ་འདུག་པ་དང་ཚངས་ཐིག་གཉིས་པ་གདབ། དེ་བཞིན་དུ་གཡས་སྐོར་དུ་སོང་སྟེ། ཤར་ལྷོར་སློབ་དཔོན་འདུག་སྟེ། བྱང་ཤར་དུ་སློབ་མ་འདུག་པ་དང་ཤར་གྱི་ལོགས་ཐིག་གདབ། གཡས་སྐོར་གྱི་ནུབ་བྱང་ཕྱོགས་སུ་སློབ་དཔོན་འདུག་ལ། ལྷོ་ནུབ་མཚམས་སུ་འདུག་པའི་སློབ་མ་དང་། ནུབ་ཀྱི་ལོགས་ཐིག་གདབ། སློབ་དཔོན་དེ་ཉིད་དུ་འདུག་པ་ལ་སློབ་མ་བྱང་ཤར་དུ་སོང་སྟེ་བྱང་གི་ལོགས་ཐིག་གདབ། ཡང་གཡས་སྐོར་གྱིས་སློབ་དཔོན་ཤར་ལྷོར་སོང་སྟེ། སློབ་མ་ལྷོ་ནུབ་ཏུ་འདུག་པ་དང་། ལྷོའི་ལོགས་ཐིག་གདབ། སློབ་དཔོན་དེ་ཉིད་དུ་འདུག་པ་ལ་སློབ་མ་ནུབ་བྱང་དུ་གནས་པ་དང་མཚམས་ཐིག་དང་པོ་གདབ། སློབ་དཔོན་ལྷོ་ནུབ་ཏུ་སོང་ལ་སློབ་མ་བྱང་ཤར་དུ་སོང་སྟེ་མཚམས་ཐིག་གཉིས་པ་གདབ་བོ། །དེ་ལྟར་སྟེང་དང་འོག་ཏུ་ཐིག་ཆེན་བརྒྱད་པོ་བཏབ་པས་དཀྱིལ་འཁོར་ལམ་དུ་བྱུང་བར་བསམ། དེའི་དཔོན་སློབ་གཉིས་ཀ་འགྲོ་དགོས་པའི་ཚེ། སློབ་དཔོན་ཐོག་མར་འགྲོ་ནས་གནས་དེར་འདུག དེའི་རྗེས་སུ་སློབ་མ་འགྲོ་བ་ཡིན་ལ། དེའི་ཚེ་ཐིག་སྐུད་སྤྱི་བོར་ཁྱེར་ནས་རྒྱབ་སྤྲད་དེ་འགྲོ་དགོས་ཏེ། ནག་པོའི་དཀྱིལ་ཆོག་ལས། བློ་ལྡན་རྒྱབ་ཀྱིས་འགྲོ་བར་བྱ། །ཞེས་གསུངས་པས་སོ། །གང་རུང་ཅིག་འགྲོ་དགོས་པའི་ཚེ་ནའང་དེ་དང་འདྲ་ཞིང་། ཚངས་ཐིག་ཕྱི་མ་གཉིས་ལྟ་བུ་ལ་གཉིས་ཆར་ཅུང་ཟད་ནུར་བས་ཆོག་གི་རྒྱབ་ནས་འགྲོ་མི་དགོས་སོ། །དེ་ནས་ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོ་ཞེས་བརྗོད་ཅིང་ཡིད་ཀྱིས་ཡེ་ཤེས་ཀྱི་ཐིག་ནམ་མཁའ་ལ་བཏེག་ལ། ཕྱོགས་བཞིར་སྨིན་མ་གཅུས་ཏེ་ཁྲོ་བོའི་ལྟ་བས་བལྟ་ཞིང་། ཧི་ཧི་ཞེས་བརྗོད་པས་སྒོ་བཞི་དབྱེ་བར་བསམས་ལ། རྡོ་རྗེ་དྲིལ་བུ་དང་བཅས་ཏེ་གུང་མཛུབ་གཉིས་ཀྱིས་དྲི་བཟང་གི་ཆུས་སྒོ་བཞིའི་ཐད་ཀྱི་རྩ་ཐིག་ཕྱིས་ཏེ། ཐར་པའི་སྒོའི་གེགས་སུ་གྱུར་པའི་སྒྲིབ་པ་ཐམས་ཅད་དབྱི་བར་བྱའོ། །ཞེས་བརྗོད་དོ། །གཉིས་པ་ཚོན་གྱིས་བྲི་བ་ནི། དཀྱིལ་འཁོར་གྱི་རྡུལ་ལ་སོགས་པ་ཐམས་ཅད་ཕྱགས་ལ། སློབ་དཔོན་དབུས་སུ་འདུག་ལ་ཚོན་རྩི་རྣམས་བླངས་ཏེ། ལག་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་འདི་སྐད་ཅེས་བརྗོད་དོ། །ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་སྒྲོལ་བར་བྱེད། །ཀྱེ་ཡི་རྡོ་རྗེ་རྒྱལ་ཆེན་གྱིས། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཨོཾ་བཛྲ་ཙི་ཀྲ་ས་མ་ཡ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་དབང་ལྡན་མཚམས་ནས་བརྩམས་ཏེ་གཡས་སྐོར་དུ་ཆ་ཆེན་གཅིག་གི་བར་དུ་བྲི་བར་བྱའོ། །དེའི་རིམ་པ་ནི་ནང་ནས་ནག་པོ། ལྗང་གུ། དམར་པོ། སེར་པོ། ཕྱི་རོལ་དག་ཏུ་དཀར་པོ་བྲི་བའམ། ཡང་ན་ནག་པོའི་རྩ་བར་དཀར་པོ། དེ་ནས་སེར་པོ། དམར་པོ། ཕྱི་རོལ་དུ་ལྗང་གུ་བྲི་བ་གང་རུང་བྱ་བར་དབང་ཆུ་ལས་གསུངས་ལ། སྔ་མ་ནི་རྡོ་རྗེ་རྩེ་མོའི་དགོངས་པ་ཕྱོགས་ཀྱི་རིམ་པ་ཡིན་ལ། ཕྱི་མ་ནི་གདན་བཞིའི་དགོངས་པ་ཡེ་ཤེས་ཀྱི་རིམ་པ་ཡིན་ཞེས་གསུངས་སོ། །ཌོཾ་བི་ལུགས་ཀྱིས་སྔ་མ་བཞེད་དེ། རིན་ཆེན་འབར་བ་ལས། དཀར་པོ་རྡོ་རྗེ་རྩེ་རང་བཞིན། །གཉིས་པ་གསེར་ལས་བགྱིས་པ་སྟེ། །པདྨ་རཱ་གའི་རང་བཞིན་རྩེ། །དེ་བཞིན་གཞན་དག་མརྒད་ཡིན། །ནག་པོ་ནང་དུ་ཤེས་བྱས་ཏེ། །འདི་ནི་ཚོན་གྱི་རིམ་པར་བཤད། །ཅེས་སོ། །མཚོ་སྐྱེས་ཀྱིས་ནི་ཕྱི་མ་བཞེད་དེ། ནས་གླིང་མར། དེ་ནས་བྱང་ཤར་མཚམས་ནས་བླ་མས་རིམ་པ་བཞིན་དུ་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང་གུ་ལྔའི་རེ་ཁཱ་ལྔ་ལ་མཉམ་པར་མཐོ་གང་དུ་བྲིས་ཏེ་སྦས་ལ་རེ་ཁཱ་ལ་མཆོད་པ་དབུལ་ཞེས་གསུངས་པས་སོ། །རི་མོའི་ཚད། རིན་ཆེན་འབར་བར། རི་མོ་བར་ནས་ནས་གང་གིས། །མ་རེག་པར་ནི་བྲི་བར་བྱ། །ཞེས་དང་། བཞི་བརྒྱ་ལྔ་བཅུ་པར། རི་མོ་ཕན་ཚུན་ནས་གང་གིས། །མ་རེག་པར་ནི་བྲི་བར་བྱ། །ཞེས་སོགས་འདི་འདྲའི་རིགས་ཅན་མང་དུ་གསུངས་པའི་དོན། བུ་སྟོན་རིན་པོ་ཆེས། རི་མོ་ལྔ་ཆར་ལ་སྒོའི་བཞི་ཆ་གཅིག་ལས་མེད་ཅིང་། སྒོ་ཡི་ཉི་ཤུ་ཆ་རུ་ནི། །རི་མོ་མཉམ་པོར་དགྱེ་བར་བྱ། །ཞེས་མར་མེ་མཛད་བཟང་པོ་རང་ཉིད་ཀྱིས་གསུངས་པས། ནས་གང་གི་བར་སྟོང་བཞག་ས་མེད་པའི་ཕྱིར། གྲུབ་ཆེན་ཉིད་ལ་ནང་འགལ་ཡོད་དོ་ཞེས་གསུངས། རྩོང་ཁ་པས། དེ་ནི་རྩ་ཐིག་ཁྲུ་གང་གིས་དབང་དུ་བྱས་པ་ཡིན་པས། ཆ་ཆེན་གཅིག་ལ་ནས་ཉི་ཤུ་རྩ་གཅིག་ཐོབ་ལ། དེའི་ཚེ་ཆ་ཕྲན་གཅིག་ལ་ནས་ལྔ་དང་བཞི་ཆ་གཅིག་ཐོབ་པ་ལས། ནས་ལྔ་ནི་རི་མོ་ལྔའི་ཞེང་ཚད་སྟོན་ཅིང་། ལྷག་མ་བཞི་ཆ་གཅིག་ལུས་པ་བཏང་སྙོམས་སུ་བྱས་པ་ཡིན་པས། རང་ཉིད་མ་ངེས་བཞིན་དུ་གྲུབ་ཆེན་ལ་དགག་པ་བརྗོད་པ་མི་འཐད་ཅེས་སྨྲའོ། །འདི་ནི་ཤིན་ཏུ་མི་འཐད་དེ། དཀྱིལ་ཆོག་དེར་ཁྲུ་གང་ནས་ཁྲུ་སྟོང་གི་བར་དུ་བྱ་བར་གསུངས་པའི་ཚད་སྟོན་པ་ཡིན་གྱི། ཁྲུ་གང་ཁོ་ནའི་ཚད་སྟོན་པ་མ་ཡིན་པའི་ཕྱིར་དང་། དཀའ་འགྲེལ་པདྨ་ཅན་ལས་དཀྱིལ་འཁོར་ཁྲུ་གསུམ་དང་མཐེ་བོང་གསུམ་དུ་བྱ་བར་གསུངས་པའི་ཚེ་ན། ནས་གང་གི་ཚད་བྲི་བར་གསུངས་པས། ཁྱེད་ཀྱི་གྲུབ་མཐའ་རང་ཤུགས་ཀྱིས་ཞིག་པའི་ཕྱིར་དང་། གཞུང་སྔ་མ་ལས། སྒོའི་ཉི་ཤུ་ཆ་རུ་རི་མོ་བྲི་བར་གསུང་བཞིན་དུ་ཕྱི་མས་སླར་ཡང་ཞེང་ཚད་སྟོན་ན། ཟློས་སྐྱོན་ཡོད་པས་རང་ཉིད་མ་ངེས་བཞིན་དུ་གྲུབ་ཆེན་སྐྱོན་ཅན་དུ་བསྒྲུབ་པ་ཁྱེད་ཀྱིས་ཀྱང་བྱས་འདུག་པའི་ཕྱིར་རོ། །ལུགས་སྔ་མའང་མི་འཐད་དེ། བར་སྟོང་ནས་གང་བཞག་པ་གྲུབ་ཆེན་འདི་དག་གི་དགོངས་པ་ཡིན་ན། གྲུབ་ཆེན་རྣམས་མངོན་གསུམ་ལ་སྙོན་འདིངས་པར་ཐལ་བའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། འགྱུར་གྱི་ཁྱད་པར་གྱིས་གཞུང་དེ་ལྟར་བྱུང་ཡང་། རི་མོའི་བར་ནི་མ་རེག་པར་བྲི་བར་བྱའོ། །དཔངས་ཚད་ཇི་ཙམ་འབྲི་ན། ནས་གང་གིས་བྲི་བར་བྱ་ཞེས་པའི་དོན་ཏེ། དཀའ་འགྲེལ་པདྨ་ཅན་ལས། འོག་ཏུ་ནས་གང་ཙམ་གྱི་ཚད། །དེ་ལས་དཀྱིལ་འཁོར་བྲི་བར་བྱ། །ཞེས་གསུངས་པས་སོ། །འོ་ན་དཀྱིལ་ཆོག་ནས་གླིང་མར། མཐེའུ་ཆུང་དང་ནི་མཐེ་བོང་འཕངས། །གྲངས་ལ་མཐོ་བར་ཡང་དག་བྲི། །ཞེས་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་དེ་ཙམ་གྱིས་འཕངས་བྲིས་པས། རྩ་བའི་ཞིང་ཚད་ཕན་ཚུན་མི་རེག་པའི་དཀྱིལ་འཁོར་ཆེ་བའི་དབང་དུ་བྱས་པ་ཡིན་གྱི། གཞན་དུ་རྩ་ཐིག་ཁྲུ་གང་བ་ལ་དེ་ཙམ་གྱི་དཔངས་ཚད་བྲི་ན་རྩ་བ་འདྲེས་མ་འདྲེས་མངོན་སུམ་དུ་བལྟས་པས་གསལ་ལོ། །དེ་ལྟར་སློབ་དཔོན་གྱིས་ཆ་ཆེན་གཅིག་གི་བར་དུ་བྲིས་ནས་ཐོད་པས་ཁ་གཅོད་དེ་དེའི་སྟེང་དུ་རྡོ་རྗེ་བཞག་ལ། མཆོད་པ་ལྔས་མཆོད་དེ་བཞག འདི་ནི་སློབ་དཔོན་གྱིས་དང་པོར་དགྱེ་ཞེས་བྱ་བའི་དོན་ཡིན་ཏེ། སློབ་དཔོན་གྱི་ཁྱད་པར་གྱི་ལས་ཡིན་ནོ། །དེ་ནས་དབུས་ཀྱི་ཕུར་བུའི་བུ་གར་འོག་ཏུ་དཀར་པོ་ནས་བརྩམས་ཏེ། ཚོན་རྩི་ལྔ་པོ་རྣམས་ཀྱིས་རིམ་པ་བཞིན་བཀང་ལ། དེ་ནས་སློབ་མ་རྣམས་ཀྱིས་ཇི་ལྟར་བདེ་བར་དགྱེ་བར་བྱའོ། །དཀྱིལ་འཁོར་གྱི་སྟེང་དུ་འགྲོ་བ་དང་། ཕྱིར་འགྲོ་བའི་དུས་ཐམས་ཅད་དུ་ཨོཾ་བཛྲ་བེ་གཱ་ཀྲ་མ་ཧོ། ཞེས་བརྗོད་ཅིང་ཡེ་ཤེས་ཀྱི་ཐིག་དང་། ཚོན་ལ་སོགས་པ་བཏེག་ཅིང་འགྲོ་བར་བྱའོ། །དེ་ལ་སྙིང་པོའི་དཀྱིལ་འཁོར་ས་གཞི་ཐམས་ཅད་སྔོན་པོར་བྱ། དེའི་དབུས་ཀྱི་པདྨའི་ལྟེ་བ་ལ་ཉི་མ་དམར་པོ་བྱ། དེའི་ཕྱི་རོལ་ཏུ་ཆ་ཆུང་གཅིག་པདྨའི་ཟེའུ་འབྲུ་སྣ་ཚོགས་སུ་བྱ། དེའི་ཕྱི་རོལ་ཏུ་པདྨ་འདབ་བརྒྱད་ཀྱི་འདབ་མ་རྣམས་ལྷ་མོའི་ཁ་དོག་དང་མཐུན་པར་བྱ། ཡང་ན་ཕྱོགས་ཚོན་དུ་བྱ། འཕར་མ་གཉིས་པར་བྱེད་ན། དེའི་ཕྱི་རོལ་རྡོ་རྗེའི་རྭ་བ་སྔོན་པོ་མེ་རི་དམར་སེར་དུ་བྱ། དེ་ནས་ཤར་ཕྱོགས་ཀྱི་ལྷ་སྣམ་དང་སྒོ་དཀར་པོར་བྱ། ལྷོ་སེར་པོ། ནུབ་དམར་པོ། བྱང་གི་ལྗང་གུ་བྱ། འཕར་མ་གཅིག་པར་བྱེད་ན་པདྨ་ཆེན་པོ་གཅིག་གིས་སྒོའི་བར་དུ་ཁྱད་པར་བྱས་ལ་དེ་ལ་རྡོ་རྗེའི་རྭ་བ་དང་། མེ་རིས་བྱས་ཀྱང་བཏུབ་བོ། །དེའི་ཕྱི་རོལ་ཏུ་པཉྩ་རེ་ཁཱ་སྔར་བཞིན་བྱ། དེ་ནས་སྔར་གྱི་ཐོད་པ་ཁ་ཕྱེ་ལ་ཚོན་རྩིའི་ལྟས་བཟང་ངན་བརྟག ངན་ན་མཆོད་པ་དང་གཏོར་མ་བྱ། བདུད་རྩི་འཁྱིལ་པས་བསྲུང་བར་བྱའོ། །དེ་ནས་མཚན་མ་འགོད་པ་ནི། རྩ་རྒྱུད་ལས། དབུས་སུ་ཐོད་པ་དཀར་པོ་ཡང་། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །ཞེས་དང་། དབང་ཆུར། དེ་ལ་དབུས་ཀྱི་པདྨའི་ལྟེ་བ་ལ། པདྨ་ཉི་མ་མེ་རིའི་དབུས་སུ། ཐོད་པ་དཀར་པོ་སྣ་ཚོགས་རྡོ་རྗེས་མཚན་པ་དང་། གྲི་གུག་ནག་པོ་བྲི་ཞེས་གསུངས་པའི་དོན་གཡས་ཕྱོགས་སུ་ཐོད་པ་དཀར་པོ་ཆ་གསུམ་པའི་གདོང་ལ་སྣ་ཚོགས་རྡོ་རྗེས་མཚན་པ་དང་། དེའི་གཡོན་དུ་གྲི་གུག་བྲི་བ་ཡིན་ཏེ། མངོན་བྱང་གསུམ་པའི་སྒོམ་དོན་ལ་དེ་ལྟར་འབྱུང་བའི་ཕྱིར་དང་། རྩ་རྒྱུད་ཀྱི་ཀྱེ་རྡོར་འདི་གུར་ནས་འབྱུང་བའི་རིགས་ལྔ་ཆར་དབྱེ་བའི་གཞི་ཡིན་པ་མཚོན་པའི་ཆེད་དུ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ་གསུངས་པའི་དོན་འདིར་བྲི་བ་ཡིན་པའི་ཕྱིར། ལག་ལེན་བ་ཁ་ཅིག ཐོད་པའི་ནང་དུ་སྣ་ཚོགས་རྡོ་རྗེ་དང་། གྲི་གུག་གཉིས་བྲིས་ནས་སྣ་ཚོགས་རྡོ་རྗེ་ནི་ཐོད་པའི་ནང་གི་སྲོག་ཆགས་བཅུ་དྲུག་མཚོན་བྱེད་ཡིན་ནོ། །ཞེས་སྨྲ་བ་ནི་རང་བཟོ་མཁན་གྱིས་རང་གར་བྲིས་པ་ལ་རྟོག་དཔྱོད་མ་ཞུགས་པར་ཟད་དེ། དེ་ལྟར་ན་ཀྱེ་རྡོ་རྗེ་ལ་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པར་གསུངས་པ་དེའང་། ཐོད་པའི་ནང་གི་སྲོག་ཆགས་མཚོན་བྱེད་དུ་འགྱུར་རོ། །གྲི་གུག་བྲི་བའི་ཚུལ་ཡང་། རྡོ་རྗེ་ཕྱེད་པ་གདན་ལ་བཙུགས་ནས་སོ་གྱེན་དུ་བསྟན་པ་བྲི་དགོས་ཏེ། རྗེ་བཙུན་གྱིས་ནག་པོ་དཀྱིལ་ཆོག་ལས། སྒོ་མཚམས་མ་བརྒྱད་ཀྱི་གནས་སུ་གྲི་གུག་རྩེ་མོ་ཕྱིར་བསྟན་པ་བྲི་བར་གསུངས་པའི་ཕྱིར་རོ། །གལ་ཏེ་རྡོ་རྗེ་ཕྱེད་པ་དེ་ཉིད་རྩེ་མོ་ཡིན་ནོ་སྙམ་ན་མ་ཡིན་ཏེ། ཡུ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་པད་འདབ་རྣམས་ལ་ལྷ་མོ་རྣམས་ཀྱི་གནས་སུ་སྣ་ཚོགས་པདྨ་དང་། མེ་རིའི་རྒྱབ་ཡོལ་དང་ཟླ་བའི་དཀྱིལ་འཁོར་རེ་བྱས་པའི་སྟེང་དུ། ལྷ་མོ་སོ་སོའི་ཕྱག་མཚན་གཡས་པ་འགོད་པར་གསུངས་ཤིང་། བཀའ་སྲོལ་གཞན་རྣམས་ལས་ཀྱང་། ཕྱག་མཚན་འགོད་པའི་ཚུལ་ཁོ་ན་གསུངས་པ་ནི་རྩ་རྒྱུད་ལས། སྙིང་པོ་སྐྱེས་པའི་ཐོད་པ་ཉིད། །མདོག་དཀར་ཆ་གསུམ་པ་ནི་བྲི། །དབང་ལྡན་དུ་ནི་ཤ་ར་བྷ། །མེ་ཡི་མཚམས་སུ་དགེ་སློང་བྲི། །བདེན་བྲལ་དུ་ནི་འཁོར་ལོ་བྲི། །རླུང་དུ་རིགས་ཀྱི་བདག་པོ་བྲི། །ཤར་སྒོར་དེ་བཞིན་གྲི་གུག་ཉིད། །གཡས་སུ་ཅང་ཏེའུ་བྲི་བ་ཉིད། །ནུབ་ཏུ་རུས་སྦལ་བྲི་བ་ཉིད། །ལྟོ་འཕྱེ་བྱང་དུ་དེ་བཞིན་ནོ། །ལྷ་མོ་ཁ་དོག་དབྱེ་བ་ཡི། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །དབུས་སུ་ཐོད་པ་དཀར་པོ་ཡང་། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །ཞེས་གསུངས་པའི་དོན་དུ་མཛད་པར་སྣང་བས་འདི་གཙོ་བོ་ཡིན་ལ། ནུས་ན་ལེའུ་གཉིས་པར་གསུངས་པ་ལྟར་སྐུ་ཡོངས་རྫོགས་དང་། མ་ནུས་ན་ས་བོན་ཙམ་མམ། ཚོན་སྤུངས་ཙམ་བྲི་བས་ཀྱང་རུང་བ་ནི་སྤྱི་དང་མཐུན་ནོ། །རྩ་རྒྱུད་ལེའུ་ལྔ་པར། བདག་བསྐྱེད་ཀྱི་སྐབས་སུ། ཕྱོགས་ཀྱི་ལྷ་མོ་བཞི། ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་སོགས་སྒོ་བཞི་ལ་གནས་པར་གསུངས་པ་ལ་བརྟེན་ནས། ནག་པོ་པ་སོགས་རྒྱ་གར་གྱི་སློབ་དཔོན་མང་པོས་སྒོ་མཚམས་བརྒྱད་ལ་པདྨ་སོ་སོར་བྱས་ནས་འགོད་པར་མཛད་པ་ནི། སྲོལ་ཆེན་པོ་ཞིག་ཡིན་ལ། འདིར་འདབ་མ་བརྒྱད་ལ་འགོད་པར་གསུངས་པ་ནི། སྙིང་པོར་སྐྱེས་པའི་ཐོད་པ་ཉིད། །ཅེས་གསུངས་པའི་ཤུགས་ལ་འདབ་མ་བརྒྱད་ལ་གཞན་འགོད་རྒྱུ་ཡོད་པར་བསྟན་པའི་སྦས་དོན་ཐུན་མོང་མ་ཡིན་པ་ཡིན་པར་སྣང་ངོ་། །ལྷ་སྣམ་གྱི་སྒོའི་གཡས་གཡོན་དུ་བུམ་པ་རེ་རེ་སྟེ་བརྒྱད་འབྲི་དགོས་ཏེ། རྩ་རྒྱུད་ལས། དེ་ནས་བུམ་པ་བརྒྱད་པོ་བྲི། །ཞེས་གསུངས་སོ། །རྩིག་པའི་ཕྱི་རོལ་ཏུ་འདོད་ཡོན་གྱི་ས་དམར་པོ་བྱ། རིན་ཆེན་ཕ་གུ་སེར་པོར་བྱ། དྲྭ་བ་དྲྭ་ཕྱེད་གཞི་སྔོན་པོ་ལ་དཀར་པོའི་དྲྭ་བ་བྲིའོ། །མདའ་ཡབ་ཁྲ་བོ་བྲི། སྒོའི་ཕྱི་རོལ་ཏུ་ནམ་མཁའ་སྟོང་པ་ཆ་ཆུང་གཅིག་བྲི། དེའི་ཕྱི་རོལ་ཏུ་ཀ་བ་ཀ་ཞུ་དང་བཅས་པས་སྒོ་དང་ཀ་བའི་སྟེང་དུ་རྟ་བབས་ཆ་བཞི། རི་མོའི་ཁ་དོག་ཇི་ལྟར་མཛེས་པ། དེའི་སྟེང་དུ་པདྨ་དང་། འཁོར་ལོ་དང་། གདུགས་ཀྱི་བར་དུ་བྲི། རྟ་བབས་ཀྱི་གཡས་གཡོན་དུ་རྡོ་རྗེའི་རྭ་ཕྱོགས་ཀྱི་ཁ་དོག་དང་བསྟུན་པ་བྲི། གཞན་འོག་གཞི་ཁ་དོག་ཐམས་ཅད་རྡོ་རྗེའི་ས་གཞི་ཡིན་པས་སྔོན་པོར་བྱའོ། །ཡང་ན་ཉི་མའི་དཀྱིལ་འཁོར་ཡིན་པས་ལྗང་སེར་དུ་བྱའོ། །དེའི་ཕྱི་རོལ་ཏུ་རྡོ་རྗེའི་རྭ་བ་བྱ། དེའི་ནང་དུ་དུར་ཁྲོད་བརྒྱད་བྲི། ཕྱོགས་སྐྱོང་བརྒྱད་ཀྱི་མཚན་མ་དང་། ཀླུ་དང་། ཤིང་དང་། སྤྲིན་དང་། ཞིང་སྐྱོང་དང་། མཆོད་རྟེན་དང་། ཆུ་དང་། རྣལ་འབྱོར་མ་དང་། རོ་དང་། འདྲེ་ལ་སོགས་པ་སྒྲུབ་ཐབས་ནས་འབྱུང་བ་བཞིན་ཏེ་ཅི་ནུས་པ་བྲི། ཐ་མས་རོ་བརྒྱད་དང་། དེ་དག་གི་མཚན་མ་ཐིག་ལེ་ཙམ་བྲི། རྡོ་རྗེ་རྭ་བའི་ཕྱི་རོལ་ཏུ་མེ་རི་འབར་བར་གཡས་བསྐོར་དུ་བྲིའོ། །རྡོ་རྗེ་རྭ་བ་ནག་པོ་ལ་དཀར་པོས་བྲི། མེ་རི་སྣ་ཚོགས་སམ་དམར་སེར་དུ་བྲི། དེ་ལྟར་བྲི་བ་ཡོངས་སུ་རྫོགས་པ་དང་། ཚོན་གྱི་ལྷག་མ་དང་། ཡེ་ཤེས་ཀྱི་ཐིག་སྐུད་མདུན་དུ་བཞག་པའི་མདུན་དུ་མཆོད་པ་ལྔ་བཤམས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ཞེས་སོགས་ཉེར་སྤྱོད་ལྔ་རོལ་མོ་དང་བཅས་པ་ཕུལ་ཏེ། ཤབྡའི་སྐབས་སུ་དྲིལ་བུ་དཀྲོལ། ཨོཾ་ཨཱཿཧཱུྃ་བཛྲ་མུཿཐིག་ཚོན་གྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྡུ། དམན་པ་ཆུ་ལ་དོར་བའམ། གནས་དབེན་པར་བཞག་གོ །དེའི་རྗེས་ལ་དཀྱིལ་འཁོར་གྱི་ཉེ་འཁོར་ཀུན་ཏུ་བའི་རྣམ་ལྔ་དང་། དྲི་ཞིམ་པོས་ལེགས་པར་བྱུགས་ཏེ་མེ་ཏོག་སིལ་མ་དགྲམ། སྤོས་ཅི་འབྱོར་པ་འཐུལ་ཞིང་བཞག་གོ །གསུམ་པ་རྒྱན་དགྲམ་པ་ལ་ཐོག་མར་བུམ་པ་འབུལ་བ་ནི། བུམ་པ་ཀུན་ནས་ཆུ་བསྡུས་ལ་རྣམ་རྒྱལ་བུམ་པའི་ནང་དུ་བླུག་སྟེ། འོག་ཏུ་བུམ་པའི་དབང་བསྐུར་ཙ་ན་བུམ་པ་ཀུན་བླངས་ནས་སོ་སོར་བསྐུར་དགོས་པ་ལས། དེ་མི་དགོས་པར་ཟོར་ཡང་བའི་དོན་དུ་ཡིན་ཡང་། མནའ་ཆུ་ནི་ཐོད་པའི་བདུད་རྩི་ལ་བྱེད་པ་དང་། བུམ་ཆུས་བྱེད་པ་གཉིས་ལས། གཙོ་བོར་གོང་མ་གསལ་ལ། བུམ་ཆུས་བྱེད་ན་དེའི་དོན་དུ་བུམ་པ་ཀུན་ནས་བསྡུས་པའི་ཆུ་ཞིག་རྣམ་རྒྱལ་བུམ་པའི་སྟེང་དུ་གཞག་གོ །དེ་ནས་ལས་ཀྱི་རྡོ་རྗེས་སྤོས་ཕོར་གྱིས་སྣ་དྲངས། སློབ་དཔོན་གྱིས་ལག་པ་གཡས་པས་རྣམ་རྒྱལ་རྡོ་རྗེ་དང་བཅས་པ་གཟུང་། གཡོན་པས་དྲིལ་བུ་དཀྲོལ། དེ་བཞིན་དུ་གཞན་རྣམས་ཀྱིས་བུམ་པ་བརྒྱད་པོ་དང་། ལས་བུམ་རིམ་པ་བཞིན་དུ་བཟུང་སྟེ་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ། དེའི་ཚེ་སློབ་དཔོན་གྱིས་གཙོ་བོའི་སྔགས་དང་། གཞན་རྣམས་ཀྱིས་ལྷ་མོ་སོ་སོ་དང་། བདུད་རྩི་འཁྱིལ་པའི་སྔགས་བཟླ་ཞིང་སྣ་ཚོགས་རོལ་མོ་ཅི་འབྱོར་པ་བྱའོ། །དེ་ནས་དཀྱིལ་འཁོར་ཆེ་ཞིང་ཡངས་པར་ཡོད་ན་དཀྱིལ་འཁོར་གྱི་ནང་དུ་བུམ་པ་དབུལ་ཏེ། རྣམ་རྒྱལ་བུམ་པ་ནང་གི་པདྨའི་ཤར་གྱི་འདབ་མའི་སྟེང་དུ་གཞག གཞན་བུམ་པ་བརྒྱད་པོ་ནང་གི་བུམ་པ་བརྒྱད་ཀྱི་སྟེང་ངམ། ལྷ་མོ་ཉིད་ཀྱི་མཚན་མ་ནོན་ཙམ་དུ་གཞག ལས་ཐམས་ཅད་པ་སྒོའི་ཕྱི་རོལ་གཡས་ཕྱོགས་བྱང་ཤར་ལ་ཉེ་བར་གཞག་གོ །དཀྱིལ་འཁོར་ཆུང་བ་ཡིན་ན་ལན་རེ་ལྷའི་མཚན་མའི་སྟེང་དུ་ཕུལ་ལ། ཕྱི་རོལ་ཏེ་རྡོ་རྗེ་རྭ་བའི་ནང་ཙམ་ནས་གཽ་རཱིའི་ཤར་ལྷོ་དང་ཤར་གྱི་བར་དང་། གཞན་ལྷ་མོ་རྣམས་ཀྱི་རང་རང་གི་ཕྱོགས་སུ་གཞག་གོ །རྣམ་རྒྱལ་གྱི་བུམ་པ་ཤར་དུ་གཞག་གོ །དེའི་སྟེང་དུ་བུམ་པ་ཀུན་གྱི་ཆུ་བསྡུས་པའི་དུང་ཆོས་གཞག ལས་ཐམས་ཅད་པ་བྱང་ཤར་དང་ཤར་གྱི་བར་དེར་གཞག་གོ །བུམ་པ་གནས་དེ་དང་དེར་འབུལ་བའི་ཚེ་གཙོ་བོ་ཡབ་ཡུམ་གྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་སོགས་བརྗོད་པ་ནི་ཕྱག་ལེན་ཡིན་ལ། རྣམ་རྒྱལ་དང་ལས་བུམ་གཉིས་ལས་མེད་ན་རྣམ་རྒྱལ་འབུལ་ཐེབས་ལན་དགུར་བྱས་ནས་ཤར་ཕྱོགས་སུ་གཞག ཆོ་ག་གཞན་རྣམས་ནི་འདྲའོ། །བུམ་པ་འབུལ་བ་ནི་བཀའ་བབས་བཞི་ཆར་མཐུན་པར་སྣང་ཞིང་། ཆོ་ག་ནི་ནས་གླིང་མར། དེ་ནས་བུམ་པ་ཐོགས་ལ་སྤོས་ཀྱིས་སྣ་དྲངས་ལ་རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་པ་ཐོགས་ཏེ། དཀྱིལ་འཁོར་ལ་ལན་གསུམ་དུ་བསྐོར་ནས་ཚུལ་བཞིན་དུ་དགོད། ལས་ཐམས་ཅད་པ་བྱང་ཤར་དུ་དགོད། ཅེས་གསུངས་པ་འདི་ཉིད་གསལ་བར་སྣང་ངོ་། དེ་ནས་མཆོད་པ་བཤམ་པ་ནི། འབྱོར་པ་ཆེ་བས་ནི་ཚད་མེད་ལ། ཆུང་བས་ཀྱང་སྟ་གོན་གྱི་གནས་སྐབས་ལས་ཉུང་བ་མི་བཏུབ། བཤམ་ཚུལ་སྟ་གོན་གྱི་སྐབས་སུ་ཐིག་གི་སྟེང་དུ་བཤམས་པས་གྲུ་བཞིར་འབྱུང་ལ། འདིར་ནི་མེ་རིའི་ཕྱི་རོལ་ཏུ་སྤྱི་མཆོད་བཤམས་པའི་བར་སྐབས་རྣམས་སུ་སྒོས་མཆོད་བྲེང་ཚར་གཅིག་ཏུ་བཤམས་པས་ཟླུམ་པོར་འབྱུང་། གཞན་འདྲའོ། །དཀྱིལ་འཁོར་གྱི་མཐའི་གཏོར་མའང་སྟ་གོན་དང་འདྲ་ཞིང་། ཕྱི་རོལ་དུ་འབྱུང་པོའི་ཚོགས་ལ་གཏོར་མ་ཤིན་ཏུ་ཆེ་བར་བྱས་པ་དང་། སྔོན་དུ་འགྲོ་བའི་གཏོར་མ་བཤམ། གཏོར་མ་དེ་རྣམས་ལ་འཛུགས་པའི་མར་མེ་དང་། འོག་ཏུ་རིག་པའི་དབང་ལྔ། རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་གིས་དུས་སུ་འབུལ་བའི་མཆོད་པ་ལྔ་ཚན་དྲུག་དང་། ལས་ཐམས་ཅད་པའི་མཆོད་པ་ལྔའང་བཤམ་མོ། །གདུགས་དང་། རྒྱལ་མཚན་དང་། བླ་བྲེ་བྲེ་བ་ལ་སོགས་པ་ནི་སྔར་སྟ་གོན་གྱི་དུས་སུ་བཤད་ཟིན་པ་ལྟར་བྱའོ། །གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་སྟ་གོན་བྱ་སྟེ། སློབ་མ་རེ་རེ་ལའང་གདོང་གཡོགས་དང་། མེ་ཏོག་གི་ཕྲེང་བ་དང་། གུ་གུལ་ནག་པོའི་དུད་པ་དང་། ཡུངས་ཀར་དང་། སློབ་མ་རེ་རེ་ལ་དབུ་རྒྱན་དང་། རྡོ་རྗེ། དྲིལ་བུ། ཐུན་མོང་དུ་མེ་ལོང་དང་། མདའ་གཞུ་དང་། པུ་སྟི་དང་། འབུད་དུང་དང་། དབང་སྟེགས་ཀྱི་དཀྱིལ་འཁོར་འབྲི་བའང་རྒྱས་པར་འབྲི་ན་ནི་ཉིན་མོ་ཉིད་འབྲི་དགོས་ལ། བསྡུས་པ་འབྲི་ན་དེ་འབྲི་བའི་རྡུལ་ཚོན་དཀར་པོ་དང་། གཞིར་བྱུག་བའི་རྣམ་ལྔ་དང་། དྲི་སྦྱང་བ་དང་། གཞན་ཡང་ནང་གི་མཆོད་པའི་ཡོ་བྱད་དང་། རྣལ་འབྱོར་པ་རྣམས་མཉེས་པར་བྱ་བའི་ཡོ་བྱད་བཟའ་བ་དང་བཏུང་བ་ལ་སོགས་པ་ཐམས་ཅད་ལེགས་པར་སྟ་གོན་བྱའོ། །དེ་དག་གིས་ནི་དཀྱིལ་འཁོར་བྲི་ཞིང་རྒྱན་དགྲམ་པའི་ཆོ་ག་བསྟན་ཏོ། །དྲུག་པ་སྒྲུབ་ཅིང་མཆོད་པ་ལ་གཉིས་ཏེ། དངོས་དང་། ཞར་བྱུང་ངོ་། །དང་པོ་ལ་ལྔ་སྟེ། སྔོན་དུ་འགྲོ་བ། སྒྲུབ་པའི་ཚུལ། མཆོད་པ་དབུལ་བ། ཕྱི་རོལ་དུ་འབྱུང་པོའི་ཚོགས་ལ་གཏོར་མ་དབུལ་བ། ནང་དུ་འོངས་ནས་ལྷག་ཆད་ཁ་བསྐང་བའོ། །དང་པོ་ནི། ཕྱི་མ་རེད་དམ་སྲོད་ཀྱི་དུས་སུ་ཁྲུས་བྱ། འཁོར་ལོས་སྒྱུར་བའམ་ཧེ་རུ་ཀའི་ཆས་གང་རུང་གིས་བརྒྱན་ཏེ། སློབ་དཔོན་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྟན་ལ་འདུག རྣལ་འབྱོར་པ་གཞན་རྣམས་ཇི་ལྟར་བདེ་བའི་གནས་སུ་འདུག་ལ། མདུན་དུ་ནང་མཆོད། རྡོ་རྗེ་དྲིལ་བུ་དང་། རོལ་མོའི་ཆས་རྣམས་ཀྱང་ཅི་འབྱོར་པ་བཤམ་མོ། །དེ་ནས་སྔོན་འགྲོ་གཏོར་མ་སོགས་སྔོན་འགྲོ་གསུམ་དང་། ཡི་གེ་བརྒྱ་པས་ཉམས་ཆགས་བསྐང་བ། ཐུན་མོང་མ་ཡིན་པའི་སྲུང་འཁོར་བསྒོམ་པ་སྟ་གོན་གྱི་སྐབས་ཅི་ལྟ་བ་བཞིན་བྱའོ། །གཉིས་པ་ནི། སྔོན་གྱི་སྔགས་འཆང་དག་གསང་བ་འདུས་པ་ལུགས་གཉིས་ལྟ་བུ་ཐོག་མར་རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་ཞུགས་ནས་ཚོགས་ཞིང་སྤྱན་དྲང་བ་ནས་བརྩམས་ཏེ། དཀྱིལ་འཁོར་རྒྱལ་མཆོག་གི་བར་མདུན་བསྐྱེད་དང་བསྲེས་ནས་སྒྲུབ་པ་ལ་བདག་མདུན་ཐ་མི་དད་ཆེན་པོ་དང་། ཀྱེ་རྡོར་མན་ངག་ལུགས་ལྟ་བུ་བདག་བསྐྱེད་བཟླས་པ་དང་བཅས་པ་རྫོགས་པའི་རྗེས་སུ་འཁོར་གྱི་ལྷ་མོ་གཙོ་བོ་ལ་བསྡུས་ནས། རྟེན་སྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་དང་བརྟེན་པ་དཀྱིལ་འཁོར་གྱི་གཙོ་བོ་མདུན་བསྐྱེད་དང་བསྲེ་ཏེ། སླར་ཡང་རྟེན་དང་བརྟེན་པ་མངལ་འབྱིན་གྱི་ཚུལ་དུ་བསྲེ་བ་ལ་བདག་མདུན་ཐ་མི་དད་ཆུང་བ་དང་། གཞན་བདེ་མཆོག་དང་གཤིན་རྗེའི་གཤེད་སོགས་ཕལ་ཆེར་ལ་བདག་མདུན་ཐ་དད་ཀྱིས་ཐ་སྙད་མཛད་པ་ལྟར་ན། འདིར་ཀྱེ་རྡོ་རྗེའི་བཀའ་བབས་བཞི་ལའང་བདག་མདུན་ཐ་དད་ཀྱི་ཚུལ་དུ་གྲུབ་པ་དང་། ཐ་མི་དད་ཀྱི་ཚུལ་དུ་སྒྲུབ་པ་གཉིས་ལས། དང་པོ་ནི། ཌོམྦི་ལུགས་ཀྱི་དཀྱིལ་ཆོག་གཉིས་ཀྱི་དགོངས་པ་སྟེ། བཟང་པོ་ཡོངས་གཟུང་ལས། དེ་ནས་རང་གཙོའི་སྦྱོར་བདག་ཉིད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ །ཡེ་ཤེས་ཕྱག་རྒྱར་སྙོམས་ཞུགས་ཏེ། །ཏིང་ངེ་འཛིན་ལ་དམིགས་པ་བྱ། །ཏིང་ངེ་འཛིན་སྤྲོ་སངས་རྒྱས་རྣམས། །རང་རང་མཚན་མར་དགོད་པར་བྱ། །བྱིན་གྱིས་བརླབ་པ་ལ་སོགས་དང་། །དབང་བསྐུར་བར་དུ་ཡོངས་རྫོགས་བྱ། །ཞེས་དང་། རིན་ཆེན་འབར་བར། དེ་ནས་སློབ་དཔོན་རང་ལྷ་ཡི། །སྦྱོར་རྫོགས་གཙོ་བོའི་བདག་ཉིད་ཀྱི། །དཀྱིལ་འཁོར་སྤྲུལ་པ་རྡུལ་ཚོན་དང་། །གཉིས་མེད་མཁར་གནས་ཀྱང་དེར་གཞུག །བྱིན་གྱིས་བརླབ་དང་དབང་བསྐུར་གྱི། །བར་རྫོགས་བྱས་ལ་འཆད་པ་ཡི། །ཆོ་གས་དཀྱིལ་འཁོར་རབ་ཏུ་མཆོད། །ཅེས་གསུངས་པའི་དོན། རྗེ་བཙུན་རྩེ་མོས། བདག་མདུན་ཐ་དད་ཀྱི་སྒྲུབ་ཚུལ་ཁོ་ན་མཛད་ཅིང་། དེ་ལའང་ཐོག་མར་རྟེན་གཞལ་ཡས་ཁང་པའི་བསྐྱེད་ཆོག་མདུན་བསྐྱེད་ཀྱི་ཚུལ་དུ་བསྒྲུབས་ནས། རྟེན་པ་ལྷ་མངལ་འབྱིན་བྱས་ཏེ། རྡུལ་ཚོན་དང་བསྲེ་བར་མཛད་དོ། །གཉིས་པ་ལ་གསུམ་སྟེ། བདག་མདུན་ཐ་མི་དད་ཆེ་བ་དང་། བར་པ་དང་། ཆུང་བའོ། །དང་པོ་ནི། སློབ་དཔོན་ནག་པོ་པའི་ལུགས་ཏེ། དཀྱིལ་འཁོར་གྱི་ཆོ་ག་གཞུང་འགྲེལ་ལས། དཀྱིལ་འཁོར་གྱི་ཁང་པའི་སྒོའི་ནང་དུ་སློབ་དཔོན་སྟན་འཇམ་པ་ལ་འདུག་སྟེ། རིམ་པ་འདིས་དཀྱིལ་འཁོར་བསྒྲུབ་པ་བརྩམ་པར་བྱའོ། །ལོ་བཅུ་གཉིས་མའམ། ལོ་བཅུ་དྲུག་མའི་རང་གི་རིགས་ཀྱི་བུ་མོའམ། གཞན་ཡང་རུང་སྟེ་མ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་བཟུང་ལ་བསྒྲུབ་པའམ། མ་འབྱོར་ན་ཏིང་ངེ་འཛིན་གྱིས་ཀྱང་རུང་སྟེ། དབང་བསྐུར་བའི་བར་དུ་སྒྲུབ་ཐབས་ལས་འབྱུང་བ་བཞིན་བསྐྱེད་ནས་རྡོ་རྗེ་དང་། པདྨ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་ཤེས་རབ་དང་སྙོམས་པར་འཇུག་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ། རང་གི་ལུས་ལ་བཅུག་ནས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་ནམ་མཁའ་ཐམས་ཅད་ཁྱབ་པར་སྤྲོས་ཏེ། སླར་ཡང་བཀུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ཞལ་བརྒྱད་པའི་སྔགས་ཀྱིས་བགེགས་བསལ་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེ་ཏ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤྃ་ཀུ་རུ་ཧོ། ཞེས་བྱ་བའི་སྔགས་རྣམས་ཀྱིས་ལྕགས་ཀྱུ་ལ་སོགས་པ་ཐོགས་པའི་གཽ་རཱི་ལ་སོགས་པས་ནམ་མཁའ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་རང་གི་མཚན་མའི་ལྷ་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། ཡི་གེ་བརྒྱ་པས་བརྟན་པར་བྱའོ་ཞེས་གསུངས་ཏེ། ཐོག་མར་ཏིང་ངེ་འཛིན་གསུམ་པོ་མདུན་བསྐྱེད་དང་བསྲེས་ནས་བསྒྲུབས་ནས། སླར་ཡང་ཡེ་ཤེས་པ་མངལ་འབྱིན་གྱིས་ཚུལ་དུ་བསྒྲུབ་པ་སྔར་གྱི་དཀྱིལ་འཁོར་གྱི་ལྷ་ལ་དགུག་གཞུག་བྱེད་པ་གསང་འདུས་འཕགས་ལུགས་དང་ཆ་འདྲ་བར་གསུངས་སོ། །གལ་ཏེ་དབང་བསྐུར་བའི་བར་དུ་སྒྲུབ་ཐབས་ལས་འབྱུང་བ་བཞིན་བསྐྱེད་ནས་ཞེས་པ་ཡན་ཆད་ཀྱིས་བདག་བསྐྱེད་པ་དང་། རྡོ་རྗེ་དང་པདྨ་ཞེས་པ་མན་ཆད་ཀྱིས་མདུན་བསྐྱེད་བསྒྲུབ་ཚུལ་བསྟན་པས། བདག་མདུན་ཐ་དད་ཡིན་ནོ་སྙམ་ན་མ་ཡིན་ཏེ། རང་རང་གི་མཚན་མའི་ལྷ་ལ་ཞེས་གསུངས་པས་སོ། །གཉིས་པ་ནི། གྲུབ་ཆེན་མཚོ་སྐྱེས་ཀྱི་ལུགས་ཏེ། ནས་གླིང་མར། དེ་ནས་སྟན་བདེ་བ་ལ་འདུག་ལ། ཙཎྜ་ལཱི་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱ། མེད་ན་ཏིང་ངེ་འཛིན་གྱིས་བྱ། དེ་ནས་བླ་མ་ཡན་ལག་དྲུག་དང་ལྡན་པས། ལྷའི་འཁོར་ལོ་རྫོགས་པར་ཚུལ་བཞིན་དུ་བསྐྱེད་ལ། དེ་ནས་གཽ་རཱི་ལ་བཀའ་བསྒོ་ལ། ལྷ་རྣམས་སྤྱན་དྲངས། སྤྱན་དྲངས་པ་དེ་ལ་མཆོད་པ་རྣམས་དབུལ། དེ་ནས་གཞུག་པ་དང་། བཅིང་བ་དང་། དགེས་པ་བསྐྱེད་པ་རྣམས་བྱས་ལ་གཉིས་སུ་མེད་པར་བསྟིམ་ཞེས་གསུངས་པའི་དོན། རྗེ་བཙུན་རྩེ་མོས། ཚོགས་ཞིང་སྤྱན་དྲངས་པ་ནས་ཡེ་ཤེས་ཚོགས་བསག་གི་བར་བདག་བསྐྱེད་ལྟར་བྱས་ནས། སྲུང་འཁོར་ནས་བརྩམས་ཏེ། འཁོར་གྱི་ལྷ་མོ་རྣམས་རང་རང་གི་གདན་ལ་འཁོད་པའི་བར་བདག་མདུན་ཐ་མི་དད་དུ་བསྲེས་པ་ལ། ཡན་ལག་ལྷག་མ་གསུམ་རྫོགས་པར་བྱས་ནས། གཙོ་བོའི་ཐུགས་ཀ་ནས་བྱེ་སྟེ། མཆོད་བསྟོད་བྱ་བར་གསུངས་སོ། །གསུམ་པ་ནི་མན་ངག་ལུགས་ཏེ། འདི་ལ་བདག་འཇུག་གཉིས་ཀྱི་སྒྲུབ་ཚུལ་དང་། དབང་ཆུ་ཆེན་མོའི་སྒྲུབ་ཚུལ་དང་། དངོས་གཞི་ཞག་གྲངས་སྦྲེལ་བའི་ཚུལ་ལ་དོགས་པ་གཅད་པ་དང་གསུམ་ལས། དང་པོ་ལ། ཇིམ་གིན་མ་ལྟར་ན་ཐོག་མར་བདག་བསྐྱེད་བཟླས་པ་དང་བཅས་པ་བྱས་ནས། སྲུང་བའི་འཁོར་ལོ་ལ་བསྡུ་བ་ཙམ་བྱ། མཆོད་པ་རྣམས་བསང་སྦྱངས་ཤབྡའི་བར་གྱིས་བྱིན་གྱིས་བརླབ། དཀྱིལ་འཁོར་ལ་རྡོ་རྗེའི་རྩེས་ནང་མཆོད་གཏོར། ཨ་མྲྀ་ཏས་བསང་ནས་གདོང་གྱེན་དུ་ཕྱོགས་པའི་བར་གོང་ལྟར་བསྐྱེད། འདབ་དགུའི་སྟེང་དུ་མངོན་བྱང་ཚན་པ་དགུ་ལས་ལྷ་དགུ་བསྐྱེད་པ་བུམ་བསྐྱེད་ལྟར་བྱ། དེ་ནས་ཨོཾ་ཨཱཿཧཱུྃ། བདག་གིས་བསྒོམས་པའི་དཀྱིལ་འཁོར་དང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཉིས་ལྷ་དགུ་དང་། ལྷ་དགུ་གཉིས་གཉིས་སུ་མེད། གཞལ་ཡས་ཁང་དང་གཞལ་ཡས་ཁང་། དུར་ཁྲོད་བརྒྱད་དང་དུར་ཁྲོད་བརྒྱད། སྲུང་བའི་འཁོར་ལོ་དང་སྲུང་བའི་འཁོར་ལོ་གཉིས་སུ་མེད་པར་འགྱུར། རང་ཉིད་རས་བྲིས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོ་ཡབ་ཡུམ་དུ་གནས་པའི་ཡུམ་གྱི་མཁའ་ཞེས་པ་ནས། ཡུམ་གྱི་མཁར་བབས་པ་ལས། བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གྱུར། ཨོཾ་ཨཱཿཧཱུྃ་མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དང་། རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བཀོད། ཚུར་འདུས་རང་ཉིད་གཙོ་བོ་ཡབ་ཡུམ་དུ་གནས་པ་ལ་ཐིམ། མཁའ་ནང་གི་གཽ་རཱི་དཔག་ཏུ་མེད་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་དང་། གཟུགས་ཀྱི་ཕུང་པོ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། ཚུར་འདུས་གཽ་རཱི་ལ་ཐིམ་ཞེས་པ་ནས། གཡུང་མོའི་བར་འདྲ། མཁའ་ནང་གི་གཞལ་ཡས་ཁང་དཔག་ཏུ་མེད་པ་སྤྲོས། མ་དག་པའི་སྣོད་ཀྱི་འཇིག་རྟེན་སྦྱངས། ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྟོགས་པ་ལ་བཀོད། ཚུར་འདུས་སོགས། དུར་ཁྲོད་བརྒྱད་དཔག་ཏུ་མེད་པ་སྤྲོས། ལུས་ཀྱི་བུ་ག་དགུ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་རྟོག་སྦྱངས། སྒྱུ་མའི་དཔེ་བརྒྱད་ཀྱི་རྟོགས་པ་དང་། འཁོར་འདས་གཉིས་མེད་དུ་ཤེས་པ་ལ་བཀོད། ཚུར་འདུས་སོགས། མཁའ་ནང་གི་སྲུང་བའི་འཁོར་ལོ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ལ་བཀོད། ཚུར་འདུས་སོགས་སོ། །དཔལ་འབྱུང་མའི་ལུགས་ལྟར་ན། མངོན་བྱང་དང་པོ་གཉིས་སྔ་མ་དང་འདྲ་ལ། མངོན་བྱང་གསུམ་པའི་ཚེ་དབུས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་ཧཱུྃ་ལས་ཐོད་པ་དཀར་པོ་ཞེས་སོགས་ནས། གཙོ་བོ་ཡབ་ཡུམ་མདུན་བསྐྱེད་ཀྱི་དབུས་སུ་བསྐྱེད། མཁའ་གསང་བྱིན་གྱིས་བརླབས་པ་ནས་ཡུམ་གྱི་མཁར་ཐིག་ལེ་བརྒྱད་དུ་གྱུར་པ། ཕྱོགས་མཚམས་ཀྱི་ཉི་ཟླ་ཁ་སྦྱོར་གྱི་བར་དུ་སྤྲོས་པ་ལས། ས་བོན་ལས་ཕྱག་མཚན་ས་བོན་གྱིས་མཚན་པ་སོགས་མངོན་བྱང་ལྔ་ལས་ལྷ་མོ་བརྒྱད་བསྐྱེད། དེ་ནས་བདག་མདུན་བསྲེ་བ་ཇིམ་གིན་མའི་ལུགས་ལྟར་མཛད་དོ། །དེ་ལ་ལུགས་སྔ་མ་ནི། གཙོ་འཁོར་ཐམས་ཅད་མི་མཉམ་སྦྱོར་གྱི་མངོན་བྱང་ལས་དུས་གཅིག་ཏུ་བསྐྱེད་པ་བདག་མེད་མའི་བསྐྱེད་ཆོག་དང་སྒོ་བསྟུན་པ་ཡབ་ལ་སྦྱར་བར་སྣང་ཞིང་། ལུགས་ཕྱི་མ་ནི་མངོན་རྟོགས་ཡན་ལག་བཞི་པ་དང་སྒོ་བསྟུན་པར་སྣང་མོད། མདུན་བསྐྱེད་བསྒྲུབ་པ་ལ་ཚུལ་དེ་ལྟར་བྱེད་པ་གོང་མའི་གསུང་རབ་ལ་མི་གསལ་ཡང་། དབང་ཆུར་བདག་བསྐྱེད་ཡན་ལག་དྲུག་པ་བསྒོམ་པའི་དབང་དུ་བྱས་ནས། ལྷ་མོ་བརྒྱད་མདུན་བསྐྱེད་ཀྱི་གཙོ་བོའི་མངལ་འབྱིན་གྱིས་བྱེད་པའི་རིགས་འགྲོས་སྦྱར་བར་སྣང་ངོ་། །འོན་ཀྱང་འདི་ལ་གཞལ་ཡས་ཁང་དུར་ཁྲོད་སྲུང་འཁོར་རྣམས་བདག་མདུན་བསྲེས་པའི་རྗེས་ལ་རྟེན་དང་བརྟེན་པ་མངལ་འབྱིན་བྱས་ནས་བསྲེ་བ་ཡིན་ལ། བདག་འཇུག་གཉིས་ཀྱི་ལུགས་ལ་མངལ་འབྱིན་གྱི་རྗེས་སུ་བསྲེ་བར་སྣང་བས་གོ་རིམ་ཡང་མི་འདྲ་བར་སྣང་ལ། མཚོ་སྐྱེས་ལུགས་ལ་བདག་བསྐྱེད་ཡན་ལག་བཞི་པ་བསྒོམ་པའི་ཚེའང་མདུན་བསྐྱེད་མངལ་ནས་འབྱིན་པའི་ཚུལ། ཡན་ལག་དྲུག་པ་དང་འདྲ་བར་མཛད་པས། ལུགས་འདི་ལའང་བདག་བསྐྱེད་ཡན་ལག་བཞི་དྲུག་གང་བསྒོམས་ཀྱང་། མདུན་བསྐྱེད་བསྒྲུབ་པའི་ཚུལ་དབང་ཆུ་ལྟར་མཛད་པ་གོང་མའི་དགོངས་པར་སྣང་ངོ་། །གཉིས་པ་དབང་ཆུ་ཆེན་མོའི་བསྒྲུབ་ཚུལ་ལ་གསུམ་སྟེ། བསྲེ་བ་དང་བསྒྲུབ་པའི་ཚུལ་མདོར་བསྟན། དེ་ཉིད་རྒྱས་པར་བཤད། མཇུག་བརྟན་བྱེད་ཀྱི་སྔགས་བཟླ་བའི་ཚུལ་ལོ། །དང་པོ་ནི། དབང་ཆུར། དེ་ནས་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བས་ཡན་ལག་དྲུག་ཚང་བར་བསྒོམས་ཏེ། དེའི་རྗེས་ལ་སློབ་དཔོན་གྱིས་དཀྱིལ་འཁོར་བསྒྲུབ་པར་བྱ། སྒྲུབ་པའི་གྲོགས་གཞན་དཀྱིལ་འཁོར་སྒྲུབ་ཤེས་པ་རྣམས་ཀྱིས་དཀྱིལ་འཁོར་བསྒྲུབ་པའི་གྲོགས་བྱ། མི་ཤེས་པ་རྣམས་ཀྱིས་རང་རང་གི་རྣལ་འབྱོར་གང་ཡིན་པ་ལ་གནས་པར་བྱ་བ་ཡིན་པས་སློབ་དཔོན་གྱིས་སྒྲུབ་པའི་གྲོགས་རྣམས་ལའང་དེ་ལྟར་གྱིས་ཤིག་ཅེས་བསྒོ་ལ་རྣལ་འབྱོར་ལ་འཇུག་པར་བྱའོ། །དེ་ལ་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་ནི་འདི་ཡིན་ཏེ། དེ་ལྟར་བདག་གི་རྣལ་འབྱོར་ཚར་ནས་ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་བསྡུ། ཁྱད་པར་དུ་སྲུང་བའི་འཁོར་ལོ་དང་། དུར་ཁྲོད་བརྒྱད་གཞལ་ཡས་ཁང་པ་མི་བསྡུ་བར་བཞག ལྷ་མོ་བརྒྱད་ཞལ་བརྒྱད་ལ་བསྡུས་ལ། དེ་ནས་མདུན་བསྐྱེད་རྒྱས་པར་མི་བྱེད་ན། བདག་གིས་བསྒོམས་པའི་སྲུང་འཁོར་དང་། བྲིས་པའི་སྲུང་བའི་འཁོར་ལོ་ཐ་མི་དད་སྙམ་དུ་བསྲེས་ལ་སྲུང་བའི་འཁོར་ལོ་གསལ་གདབ། དེ་བཞིན་དུར་ཁྲོད་བརྒྱད་དང་། གཞལ་ཡས་ཁང་པའམ་ཐ་མི་དད་དུ་བསམས་ལ་གསལ་གདབ། རྒྱས་པར་བྱེད་ན་སྭ་བྷཱ་ཝས་རྡུལ་ཚོན་སྟོང་པར་བསྒོམས་ལ། བདག་གི་མངོན་པར་རྟོགས་པ་དང་མཐུན་པར་སྲུང་བའི་འཁོར་ལོ་དང་། དུར་ཁྲོད་བརྒྱད་དང་གཞལ་ཡས་ཁང་པ་བསྒོམས་ལ། བདག་གིས་བསྒོམས་པའི་སྲུང་འཁོར་དང་གཞལ་ཡས་ཁང་གི་བར་དུ་རྡུལ་ཚོན་གྱིས་བསྐྱེད་པ་དང་བསྲེས་ལ་གསལ་གདབ། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། མངལ་ནས་སྐྱེས་པ་གཉིས་བསྲེས་སྟ་གོན་གི་ལྷ་བསྐྱེད་པ་དེ་ལ་ཡེ་ཤེས་པ་བཀུག་ནས་བཅུག་པ་དང་གཉིས་དེ་ལ་བསྟིམས་པས་བཞི་བསྲེས་ལ་དེ་ལ་ཡེ་ཤེས་པ་གཅིག་སྤྱན་དྲངས་ནས་ལྔ་བསྲེས་སུ་བྱ། སྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་དང་བཅས་པ་ནི་བྲིས་པ་ལ་མདུན་དུ་བསྐྱེད་པ་དང་། སྔར་བདག་གི་བསྐྱེད་པ་དང་གཉིས་བསྲེས་པས་བདུན་བསྲེས་སུ་འགྲོའོ་ཞེས་གསུངས་ཏེ། འདི་དག་གི་དོན་མདུན་བསྐྱེད་རྒྱས་པར་མི་བྱེད་པ་ལ་རྟེན་དྲུག་བསྲེས་དང་། རྒྱས་པར་བྱེད་པ་ལ་བདུན་བསྲེས་སུ་འགྲོ་བ་དེ་གཉིས་ཀྱི་ཁྱད་པར་དུ་སྣང་སྟེ། སྔ་མ་ལ་རྡུལ་ཚོན་ལ་བདག་གིས་བསྒོམས་པ་བསྲེས་པས་གཉིས་བསྲེས། དེ་ལ་མངལ་འབྱིན་བསྲེས་པས་གསུམ་བསྲེས། དེ་ལ་སྟ་གོན་གྱི་དམ་ཚིག་པ་དང་། ཡེ་ཤེས་པ་གཉིས་བསྲེས་པས་ལྔ་བསྲེས། དེ་ལ་ཡེ་ཤེས་པ་གཅིག་བསྲེས་པས་དྲུག་བསྲེས་སུ་འགྲོའོ། །ཕྱི་མ་ལ་རྡུལ་ཚོན་ལ་གསར་དུ་བསྐྱེད་པ་བསྲེས་པས་གཉིས་བསྲེས། དེ་ལ་བདག་གིས་བསྒོམས་པ་བསྲེས་པས་གསུམ་བསྲེས། དེ་ལ་མངལ་འབྱིན་མན་ཆད་སྔ་མ་བཞིན་དུ་བརྩིས་པས་བདུན་བསྲེས་སུ་འགྲོའོ། །འདི་ལ་ཁ་ཅིག་བྲིས་པ་དང་། བསྐྱེད་པ་གཉིས་ལ་བསྲེ་བའི་དོན་མི་གནས་པས། དེ་གཉིས་གཅིག་ཏུ་བརྩིས་ནས་བདག་བསྐྱེད་ཀྱི་རྟེན་ལ་ཡེ་ཤེས་པ་དང་། དམ་ཚིག་པ་གཉིས་བསྲེས་པས་བདུན་བསྲེས་སུ་འགྲོ་ཞེས་པ་ནི་དོན་མ་རྟོགས་པ་སྟེ། བྲིས་པ་ལ་མདུན་དུ་བསྐྱེད་པ་དང་། སྔར་བདག་གིས་བསྐྱེད་པ་དང་། གཉིས་བསྲེས་པས་བདུན་བསྲེས་སུ་འགྲོ་ཞེས་པ་དང་དངོས་སུ་འགལ་བའི་ཕྱིར་དང་། མདུན་བསྐྱེད་རྒྱས་པར་མི་བྱེད་པའི་ལུགས་ལའང་ཁྱོད་ལྟར་ན་བདུན་བསྲེས་ཚང་དགོས་པས་རྒྱས་པར་བྱེད་མི་བྱེད་ཀྱི་ཁྱད་པར་མེད་པར་ཐལ་བའི་ཕྱིར་དང་། བློ་ངོར་རྡུལ་ཚོན་སྟོང་པར་སྦྱངས་ཟིན་པས་གསར་དུ་བསྐྱེད་པ་བསྲེ་བའི་གཞི་མེད་པར་འདོད་ན་ནི་ལྷ་མོ་བརྒྱད་ལའང་མཚུངས་པས་ལྔ་བསྲེས་མ་ཚང་བར་ཐལ་བའི་ཕྱིར་རོ། །འོ་ན་བྲིས་པ་དང་བསྐྱེད་པ་གཉིས་ལ་བསྲེ་བའི་དོན་ཇི་ལྟར་གནས་སྙམ་ན། སྔར་རྡུལ་ཚོན་སྟོང་པར་སྦྱངས་ནས་ཕྱིས་རྡུལ་ཚོན་དེ་གཉིས་གཞལ་ཡས་ཁང་གི་རྣམ་པར་བསྒོམ་པ་བསྲེ་བའི་དོན་ཡིན་ཏེ། ལྷ་མོ་བརྒྱད་ལའང་བྲིས་པ་སྟོང་པར་སྦྱངས་ནས་གདན་གྱི་སྟེང་དུ་མངལ་འབྱིན་གྱི་ལྷ་མོ་བཞག་པ་ཉིད་ལ་བྲིས་པ་དང་། མངལ་འབྱིན་བསྲེ་བའི་དོན་ཚང་བ་བཞིན་ནོ། །དེས་ན་རྗེ་བཙུན་རྩེ་མོ་ཉིད་ཀྱིས་དབང་ཆུ་འདི་དང་། མཚོ་སྐྱེས་ལུགས་ཀྱི་དབང་ཆུ་གཉིས་ཆར་དུ་གདན་གྱི་སྟེང་དུ་མངལ་འབྱིན་གྱི་ལྷ་མོ་བཞག་པ་ལ་ཁྱད་པར་མེད་པ་ལ། འདིར་ཤར་ཕྱོགས་ཀྱི་གདན་ཚངས་པའི་སྟེང་དུ་བཞག་ཅེས་པ་ནས། ཐགས་བཟངས་རིས་ཀྱི་སྟེང་དུ་བཞག་ཅེས་གསུངས་ལ། མཚོ་སྐྱེས་ལུགས་ཀྱི་དབང་ཆུར་ནི་ཤར་གྱི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ལས་གཽ་རཱི་ཞེས་སོགས་གསུངས་པས། སྔར་གྱི་རྡུལ་ཚོན་དེ་ཉིད་ལྷའམ་གཞལ་ཡས་ཁང་གི་ངོ་བོ་བསྒོམ་པ་ཉིད་ལ་བསྲེ་བའི་དོན་དུ་བཞེད་པར་གདོན་མི་ཟའོ། །དཔེ་ཁ་ཅིག་ལས། སྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་དང་བཅས་པ་ནི་བྲིས་པ་ལ་མདུན་དུ་བསྐྱེད་པ་ལ་ནི་སྔར་བདག་གིས་བསྐྱེད་པ་གཉིས་བསྲེས་པས། ཞེས་འབྱུང་བ་ནི་འབྲུ་མ་ནོན་པ་ཞིག་གིས་བཅོས་པར་སྣང་བས་མ་དག་པར་ཤེས་པར་བྱའོ། །འཁོར་གྱི་ལྷ་མོའི་ལྔ་བསྲེས་བརྩི་བ་ནི་གོ་སླ་ལ། གཙོ་བོ་ལ་བསྲེ་ཚུལ་གྱི་གྲངས་མ་གསུངས་པ་ནི་ཤར་ཕྱོགས་ཀྱི་སྒོ་ཁང་ན་གནས་ནས་བསྒྲུབ་པ་དང་། དཀྱིལ་འཁོར་གྱི་དབུས་སུ་གནས་ནས་བསྒྲུབ་པ་གཉིས་ཡོད་པ་ལས། དང་པོ་ལ་ལྔ་བསྲེས་དང་། ཕྱི་མ་ལ་དྲུག་བསྲེས་ཚང་བ་ཤུགས་ལ་གོ་བ་ལ་དགོངས་སོ། །སྟ་གོན་གཉིས་སུ་བགྲངས་ནས་བདག་བསྐྱེད་གཉིས་སུ་མི་བགྲངས་པ་ནི་མདུན་བསྐྱེད་ལ་ཆོ་ག་ཚར་ནས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ་བ་ཡོད་ལ། བདག་བསྐྱེད་ལ་དེ་མེད་པའི་གནད་ཀྱིས་སོ། །གཉིས་པ་ལ་བཞི་སྟེ། དམ་ཚིག་གི་དཀྱིལ་འཁོར་འབྱིན་པའི་ཚུལ་གྱིས་བསྒྲུབ་པ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚུལ་གྱིས་བསྒྲུབ་པ། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བའི་ཚུལ་གྱིས་བསྒྲུབ་པ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པའི་ཚུལ་གྱིས་བསྒྲུབ་པའོ། །དང་པོ་ལ་གསུམ་སྟེ། མངལ་དུ་དཀྱིལ་འཁོར་བསྐྱེད་པའི་ཚུལ། ཕྱིར་སྤྲོ་བའི་ཚུལ། མངལ་འབྱིན་གྱི་དགོས་པ་བསྟན་པའོ། །དང་པོ་ནི། བདག་བསྐྱེད་བཟླས་པ་དང་བཅས་པ་ཚར་ནས། ཁམས་གསུམ་སྣོད་བཅུད་སྲུང་བའི་འཁོར་ལོ་ལ་ཐིམ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ། ཞེས་བརྗོད་ལ། དེ་ནས་མདུན་གྱི་རྡུལ་ཚོན་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཐུན་མོང་བའི་སྲུང་འཁོར་ནས་གཞལ་ཡས་ཁང་དུར་ཁྲོད་གདན་དང་བཅས་པ་བདག་གི་མངོན་པར་རྟོགས་པ་དང་མཐུན་པར་བསྒོམ་མོ། །འདིར་ཡང་བར་དོ་བསྲེ་བ་ཆད་ན་བདག་གི་མངོན་པར་རྟོགས་པ་དང་མཐུན་པར་མི་འབྱུང་སྟེ། རྐྱེན་གྱི་ཡན་ལག་མ་ཚང་བའི་ཕྱིར་རོ། །དེ་ནས་བདག་གིས་བསྒོམས་པའི་སྲུང་བའི་འཁོར་ལོ་མདུན་བསྐྱེད་ཀྱི་སྲུང་བའི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། བདག་གིས་བསྒོམས་པའི་དུར་ཁྲོད་བརྒྱད་མདུན་བསྐྱེད་ཀྱི་དུར་ཁྲོད་བརྒྱད་དང་གཉིས་སུ་མེད་པར་གྱུར། བདག་གིས་བསྒོམས་པའི་གཞལ་ཡས་ཁང་གདན་དང་བཅས་པ་མདུན་བསྐྱེད་ཀྱི་གཞལ་ཡས་ཁང་གདན་དང་བཅས་པ་དང་གཉིས་སུ་མེད་པར་གྱུར། རང་ཉིད་དཀྱིལ་འཁོར་གྱི་དབུས་སུ་གཙོ་བོ་ཡབ་ཡུམ་གྱི་སྐུར་གསལ་བའི་ཡུམ་གྱི་མཁའ་ཨཱཿལས་པདྨ་ཞེས་པ་ནས། རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ཞེས་པའི་བར་བདག་བསྐྱེད་བཞིན་བྱས་ལ། ཐིག་ལེ་དེ་ཐིག་ལེ་ཆ་གཉིས་སུ་གྱུར། ཆ་གཅིག་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ་རྟ་བབས་བཞི་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ལྷའི་གདན་དང་བཅས་པ་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པར་གྱུར། ཆ་གཅིག་ཆ་དགུར་གྱུར་ནས་སོ་སོའི་གདན་གྱི་སྟེང་དུ་འཁོད་པ་ལས། དབུས་ཀྱི་ཐིག་ལེ་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་ཡབ་ཡུམ། ཤར་གྱི་ཐིག་ལེ་གཽ་རཱི་ཞེས་པ་ནས་ནུབ་བྱང་གི་ཐིག་ལེ་གཡུང་མོ་ཞེས་པའི་བར་མིང་ཙམ་བརྗོད་ཅིང་གསལ་གདབ་པ་ནི་ལས་དང་པོ་པར་རྣམ་པ་གསལ་བའི་ཆེད་དུ་ཡིན་ནོ་ཞེས་རྗེ་བླ་མའི་ཕྱག་ལེན་ཡིན་ནོ། །དབང་ཆུར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རྣམ་པ་ཡུམ་གྱི་བྷ་གར་ཕབ་སྟེ། དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ཡུམ་གྱི་མཁར་ཡོངས་སུ་རྫོགས་པར་བསྐྱེད་ཅེས་གསུངས་པས་སྔ་མ་ལྟར་རམ། ཡང་ན་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པས་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཅིག་ཅར་དུ་གྱུར་པ་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་བའི་གཞལ་ཡས་ཁང་པ་ཞེས་སོགས་སྔ་མ་ལྟར་དང་། དབུས་སུ་བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་ཡབ་ཡུམ་ཞེས་པ་ནས་ནུབ་བྱང་དུ་གཡུང་མོ་ཞེས་པའི་བར་མིང་ཙམ་གྱིས་གསལ་གདབ་པའང་རུང་བར་སྣང་ངོ་། །གཉིས་པ་ལ་གཉིས་ཏེ། ལྷ་རེ་རེ་ནས་རྐང་ཐོན་དུ་སྤྲོ་བ་དང་། དཀྱིལ་འཁོར་ཡོངས་སུ་རྫོགས་པ་བྱུང་རྫོགས་སུ་སྤྲོ་བའོ། །དང་པོ་ནི། མཁའ་ནང་གི་གཙོ་བོ་ཡབ་ཡུམ་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཞེ་སྡང་དང་། རྣམ་པར་ཤེས་པའི་ཕུང་པོ་སྦྱངས། ཆོས་དབྱིངས་ཡེ་ཤེས་ལ་བཀོད། སླར་འདུས་རང་ལ་ཐིམ་པ་ནི་རང་ཉིད་ཀྱེ་རྡོ་རྗེ་སྐུ་མདོག་སྔོན་པོ་ཞེས་པ་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་ཞལ་ཕྱག་རྒྱས་པར་གསལ་གདབ་དགོས་ཏེ། དང་པོར་བདག་བསྐྱེད་གསལ་གདབ་ཟིན་པ་ཡིན་ཡང་། སྐབས་འདིར་མདུན་བསྐྱེད་ཀྱི་གཙོ་བོ་གསལ་གདབ་དགོས་པའི་ཕྱིར་མཁའ་ནང་གི་གཽ་རཱི་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་ཀྱི་གཏི་མུག་དང་གཟུགས་ཀྱི་ཕུང་པོ་སྦྱངས། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བཀོད། སླར་འདུས་ཏེ་ཤར་དུ་ཚངས་པའི་གདན་ལ་འཁོད་པ་ནི་གཽ་རཱི་ནག་མོ་གཡས་གྲི་གུག གཡོན་ཉ་རོ་ཧི་ཏ་འཛིན་པ་ཞེས་སོགས་སོ། །ཡང་འདི་ལ་ཤར་གྱི་མཚན་མ་དང་རོ་གཅིག་ཏུ་འདྲེས་པ་ལས་གཽ་རཱི་ནག་མོ་ཞེས་སོགས་ཀྱང་རུང་སྟེ། རྒྱུ་མཚན་ནི་སྔར་བཤད་ཟིན་ཏོ། །དེ་བཞིན་དུ་ལྷ་མོ་གཞན་གསུམ་ལའང་ཉོན་མོངས་པ་དང་། ཕུང་པོ་དང་། ཡེ་ཤེས་ལྷག་མ་གསུམ་དང་སྦྱར་བ་ནི་རིགས་འགྲེའོ། །མཚམས་ཀྱི་ལྷ་མོ་བཞི་ལ་སྦྱངས་བཞི་འབྱུང་བ་བཞི་དང་། སྦྱོང་བྱེད་ཚད་མེད་བཞི་དང་སྦྱར་བའང་འགྲེའོ། །མཁའ་ནང་གི་གཞལ་ཡས་ཁང་དཔག་ཏུ་མེད་པ་སྤྲོས། མ་དག་པའི་སྣོད་ཀྱི་འཇིག་རྟེན་སྦྱངས། ལམ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱི་རྟོགས་པ་ལ་བཀོད། ཚུར་འདུས་སྔར་གྱི་གཞལ་ཡས་ཁང་ལ་ཐིམ། མཁའ་ནང་གི་དུར་ཁྲོད་བརྒྱད་དཔག་ཏུ་མེད་པ་སྤྲོས། ལུས་ཀྱི་བུ་ག་དགུ་དང་། འཇིག་རྟེན་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་སྦྱངས། སྒྱུ་མའི་དཔེ་བརྒྱད་ཀྱི་རྟོགས་པ་དང་། འཁོར་འདས་དབྱེར་མེད་ཀྱི་རྟོགས་པ་ལ་བཀོད། ཚུར་འདུས་སྔར་གྱི་དུར་ཁྲོད་བརྒྱད་ལ་ཐིམ། མཁའ་ནང་གི་སྲུང་བའི་འཁོར་ལོ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། ཚུར་འདུས་སྔར་གྱི་སྲུང་བའི་འཁོར་ལོ་ལ་ཐིམ་ཞེས་པ་ཙམ་གྱིས་ཀྱང་ཆོག་ལ། དེའི་ཚེ་གསལ་གདབ་པ་བྱུང་ནའང་ལས་དང་པོ་པ་ལ་རྣམ་པ་གསལ་བས་ཤིན་ཏུ་ལེགས་པའོ། །རྟེན་སྤྲོ་ཚུལ་འཕགས་པས་དེ་ལྟར་མཛད་པ་ནི་དབང་ཆུར། རྟེན་དཀྱིལ་འཁོར་དཔག་ཏུ་མེད་པ་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་འདུས་ཏེ་སྔར་བསྐྱེད་པའི་དཀྱིལ་འཁོར་ལ་བསྟིམས་པར་བྱའོ། །ཞེས་པ་ཙམ་ལས་མ་འབྱུང་ཡང་། དེའི་དོན་མན་ངག་གིས་སྦྱངས་གཞི་སྦྱོང་བྱེད་སྦྱར་བར་སྣང་བས་ཤིན་ཏུ་ལེགས་ཤིང་དེང་སང་གི་བར་དུ་ཕྱག་ལེན་ལ་ཡོད་པའོ། །གཉིས་པ་ནི། དབང་ཆུར་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྤྲོ་ན། ཡུམ་གྱི་བྷ་ག་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་ཚུར་འདུས་ཏེ། སྔར་བསྐྱེད་པའི་དཀྱིལ་འཁོར་ལ་བསྟིམ་པར་བྱའོ། །ཞེས་གསུངས་སྟེ། དེ་ལྟར་བསྟིམས་པའི་རྗེས་སུ་ལྷ་དགུ་ནི་མདུན་དུ་སྔར་གསལ་མ་བཏབ་པས་ངེས་པར་གསལ་གདབ་དགོས་ལ། རྟེན་ནི་སྔར་བསྐྱེད་ཟིན་ན། འདིར་གསལ་གདབ་མི་དགོས་ལ། བསྐྱེད་ཆོག་རྒྱས་པར་མི་བྱེད་པའི་ལུགས་ལ་ནི་འདིར་གསལ་གདབ་དགོས་སོ། །བྱུང་རྫོགས་སུ་སྤྲོ་བའི་ལུགས་འདི་ནི་གང་ཟག་དམིགས་པ་གསལ་བ་ལ་ནི་ཐམས་ཅད་དུ་རུང་ཞིང་། གཞན་ལའང་ལོང་སྐབས་མེད་པར་བསྡུ་དགོས་པའི་ཚེ་རུང་བར་སྣང་ངོ་། །གསུམ་པ་ནི། བདག་བསྐྱེད་ལ་ལྷ་མོ་བརྒྱད་མངལ་ནས་འབྱིན་པ་རྒྱུད་ལས་དངོས་སུ་གསུངས་པས་དགོས་ཀྱང་། མདུན་བསྐྱེད་ས་བོན་ནམ། རྡོ་རྗེ་ཆོ་ག་གསུམ་མམ། མངོན་བྱང་ལས་བསྐྱེད་ནས་མཆོད་པས་ཆོག་གི་མངལ་འབྱིན་ཅི་དགོས་སྙམ་ན། གདུལ་བྱ་འདོད་ཆགས་ཅན་རྗེས་སུ་གཟུང་བ་དང་། བདེ་ཆེན་གྱི་ཡེ་ཤེས་ལམ་དུ་བྱེད་པ་དང་། ཆོས་སྐུ་སྐྱེ་བ་མེད་པ་ལས་སྐྱེ་བའི་རྣམ་འཕྲུལ་བསྟན་པ་མཚོན་པའི་ཆེད་དུ་མངལ་འབྱིན་གྱིས་བསྒྲུབ་ཚུལ་འབྱུང་བ་ཡིན་ཏེ། རྩ་རྒྱུད་ཕྱི་མའི་ལྔ་པར། རྗེ་བཙུན་ཡབ་ཀྱི་སྐབས་སུ། བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། །རིག་མ་བདེ་ཆེན་བརྒྱད་པོ་ཉིད། །དོ་ཤལ་རྐང་གདུབ་ཀྱིས་བརྒྱན་ནས། །དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །ཅེས་གསུངས་པས་སོ། །དང་པོའི་བཅུ་པར། རྗེ་བཙུན་ཡུམ་གྱི་སྐབས་སུ། དེར་ནི་རིགས་ལྔ་ལས་བྱུང་བའི། །རིག་མ་བཟང་པོ་རྣམ་པར་གཞུག །ཡང་ན་ཇི་ལྟར་གང་རྙེད་དེ། །དེ་ལྟར་བཅུ་དྲུག་ལོན་པ་ཉིད། །ཅེས་གསུངས་པ་ནི། དབང་གི་རྟེན་ཡིན་གྱི། དཀྱིལ་འཁོར་བསྒྲུབ་པའི་རྟེན་ནི་མ་ཡིན་ཏེ། ལུང་དེ་ཉིད་ཀྱི་མཇུག་ཏུ། ཇི་སྲིད་ཁུ་བ་ལྡན་གྱུར་པ། །དེ་སྲིད་ཕྱག་རྒྱ་བསྟེན་པར་བྱ། །ཕྱག་རྒྱའི་གདོང་ཡང་བཅིང་བ་དང་། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །བསྟེན་པ་དེ་ལས་གང་བྱུང་བ། སློབ་མའི་ཁར་ནི་ལྟུང་བར་བྱ། །རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །ཞེས་གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྟེན་ཉིད་དུ་གསུངས་པའི་ཕྱིར་དང་། དབང་དུས་སུ་ལང་ཚོ་གཙོ་ཆེ་བས། ལོ་བཅུ་དྲུག་མ་ཁོ་ནར་གསུངས་པའང་འདི་ལ་དགོངས་པའི་ཕྱིར་རོ། །དེས་ན་འདི་ལ་དཀྱིལ་འཁོར་བསྒྲུབ་པའི་ཚུལ། ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྙིང་གར་དཀྱིལ་འཁོར་བསྒྲུབས་ནས་ཕྱིར་སྤྲོས་ཏེ། རྡུལ་ཚོན་དང་བསྲེ་བར་རྗེ་བཙུན་རྩེ་མོས་བཤད་དོ། །ཕྱི་མའི་ལྔ་པར། དམ་འཁྱུད་ཙུམྦྷ་ན་བྱེད་པས། །འདི་རྣམས་རྣལ་འབྱོར་པ་ཡིས་མཆོད། །དེ་ལས་ག་པུར་བཏུང་བ་ཉིད། །དེས་ནི་དཀྱིལ་འཁོར་བསང་གཏོར་བྱ། །དེ་རྣམས་རྣལ་འབྱོར་པས་བཏུང་བྱ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་སྙོམས་འཇུག་གི་རྫས་ཀྱིས་དཀྱིལ་འཁོར་ལ་བསང་གཏོར་དང་། རང་ཉིད་ཀྱི་ལྕེ་ལ་མྱང་བ་ལས་དགོས་པ་གཞན་མ་གསུངས་ཀྱང་། ལོ་ཉི་ཤུ་མ་དང་། བཅུ་དྲུག་མ་གཉིས་གསུངས་པས་དཀྱིལ་འཁོར་བསྒྲུབ་པའི་རྟེན་དང་། དབང་གི་རྟེན་གཉིས་ཀ་བསྟན་ཅིང་། རྗེ་བཙུན་ཡབ་ཀྱི་སྐབས་སུ་བདག་བསྐྱེད་མངལ་ནས་འབྱིན་པ་ཉིད་ཀྱིས་མདུན་བསྐྱེད་ལའང་མངལ་འབྱིན་ཡོད་པར་གྲུབ་བོ། །འོ་ན་མདུན་བསྐྱེད་ལ་རྒྱུ་རྡོ་རྗེ་འཆང་ཞུ་བ་ལ་གླུས་བསྐུལ་བ་དང་། དེ་ལས་འབྲས་བུ་རྡོ་རྗེ་འཆང་བཞེངས་པའང་ཡོད་པར་འགྱུར་རོ་སྙམ་ན། མཚོ་སྐྱེས་ལུགས་ལྟ་བུ་སྲུང་འཁོར་ནས་བརྩམས་ཏེ། བདག་མདུན་ཐ་མི་དད་དང་བསྲེ་བ་ལ་དེ་དག་ཡོད་ཀྱང་། འདིར་བདག་བསྐྱེད་བཟླས་པ་དང་བཅས་པ་ཟིན་པའི་རྗེས་སུ་བསྲེ་བ་ཡིན་པས་དཀྱིལ་འཁོར་གྱི་གཙོ་བོ་འབྲས་བུ་རྡོ་རྗེ་འཛིན་པ་ཉིད་དང་པོ་ནས་བསྐྱེད་པས་ཆོག་པ་ལ་དགོངས་ནས་དེ་དག་མ་མཛད་པའོ། །གཉིས་པ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཚུལ་གྱིས་བསྒྲུབ་པ་ནི་སྟ་གོན་གྱི་སྐབས་བཞིན་ནོ། །གསུམ་པ་ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་བྱ་བའི་ཚུལ་གྱིས་བསྒྲུབ་པ་ལ་གཉིས་ལས། དང་པོ་སྟ་གོན་གྱི་དུས་སུ་ནམ་མཁའ་ལ་བཏེག་པ་དེ་ཉིད་དགུག་གཞུག་བྱེད་པ་ནི་ཐོག་མར་ཡེ་ཤེས་སེམས་དཔའི་ཕྱི་ནས་འབྲངས་པའི་བགེགས་བསྐྲད་པར་བྱ་བའི་ཕྱིར་ལུས་ཀྱིས་རྡོ་རྗེ་གསོར་ཞིང་། སེམས་ཀྱི་སྙིང་གའི་ཧཱུྃ་གི་འོད་ཀྱི་གཟི་བརྗིད་ཀྱིས་བགེགས་བསྐྲད་ཅིང་། ངག་གིས་རྩ་བའི་སྔགས་ལན་གསུམ་མམ། ལྔ་འམ། བདུན་བཟླས་སོ། །དེ་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པ་དེ་ལ་དང་པོར་ཞབས་བཀྲུ་དབུལ་ཏེ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ནི་རཱི་ཏི་ཧཱུྃ་ཁྃ། ཞེས་བརྗོད་དེ། དངོས་སུ་ཞབས་བསིལ་བཟེད་ཞལ་དུ་བླུགས་ཅིང་ཞབས་བཀྲུས་པར་བསམ། ཡང་། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ནི་ཝཱི་ཏི་ཨཱཿཧཱུྃ། ཞེས་པས་ཞལ་བསིལ་གྱིས་ཞལ་བསིལ་བར་བསམ། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུྃ་ཞེས་བརྗོད་པས་འཐོར་འཐུང་གིས་གཏོར། ཡང་མཆོད་ཡོན་ལག་ཏུ་བཟུང་ལ་ལྷ་རྣམས་ཀྱི་ཕྱག་ཏུ་གཏད་པར་བསམ་ཞིང་། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿཁྃ་རྃ་ཞེས་བརྗོད་དོ། །དེའང་དངོས་སུ་འབུལ་བར་མི་ནུས་ན་སྔགས་དང་ཏིང་ངེ་འཛིན་ཙམ་གྱིས་དབུལ་བར་བྱའོ། །དེ་ནས་གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བཞི་སྤྲོས་ཏེ། ལུས་ཀྱིས་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་སྟེ་བཞིའི་ཕྱག་རྒྱ་བཅའ་ཞིང་། ངག་ཏུ་ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿ ཨོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུྃ། ཨོཾ་བཛྲ་བེ་ཏ་ལཱི་བནྡྷ་བཾ། ཨོཾ་བཛྲ་གྷསྨ་རཱི་ཝ་ཤྃ་ཀུ་རུ་ཧོཿཞེས་བརྗོད་ཅིང་སེམས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །གཉིས་པ་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ནས་དགུག་གཞུག་བྱ་བ་ནི་སྟ་གོན་གྱི་གནས་སྐབས་བཞིན་དུ་བྱའོ། །བཞི་པ་དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པའི་ཚུལ་གྱིས་བསྒྲུབ་པ་ནི་དབང་ལྷ་སྤྱན་དྲངས་པ་ནས་རྒྱས་གདབ་པའི་བར་སྟ་གོན་བཞིན་བྱའོ། །སྒྲུབ་པའི་ཚུལ་འདི་ལ་སྟ་གོན་གྱི་ལྷ་ནམ་མཁར་བཏེག་པ་ལ་ཆུ་བཞི་ཁོ་ནས་མཆོད་པ་ནི། འདི་དང་ཌོམྦི་ལུགས་ཀྱི་དཀྱིལ་ཆོག་གཉིས་ཆར་མཐུན་ལ། ཌོམྦི་ལུགས་ལ་ཆུ་བཞི་འདིར་ཕུལ་ཟིན་པ་ལ་དགོངས་ནས་མཆོད་པ་དངོས་གཞིའི་སྐབས་སུ་མེ་ཏོག་སོགས་ཀྱིས་མཆོད་པ་མཛད་ཅིང་། འདིར་ནི་དངོས་གི་ལའང་ཆུ་བཞི་ནས་བརྩམས་ཏེ་མཆོད་པ་ནི་ཁྱད་པར་རོ། །རྩ་སྔགས་བརྗོད་ཅིང་རྡོ་རྗེ་གསོར་བ་ཁ་ཅིག་རྭ་གུར་གྱི་སྦྱོར་བ་བཤིག་པ་ལ་འཆད་པ་ནི། ལ་ལི་ཏ་བཛྲས་མཛད་པའི་གཤིན་རྗེའི་གཤེད་འབྱུང་བ་ལས། དེ་ལྟར་བཤད་པ་མ་གཏོགས་གཞན་གང་ནས་ཀྱང་བཤད་པ་མེད་ཅིང་། འདིར་ཡེ་ཤེས་སེམས་དཔའི་ཕྱི་འབྲང་གི་བགེགས་བསྐྲད་པའི་ཆེད་ཡིན་པར་དངོས་སུ་གསུངས་པས་མི་འཐད་དོ། །གསུམ་པ་མཇུག་བརྟན་བྱེད་ཀྱི་སྔགས་བཟླ་བའི་ཚུལ་ནི་དབང་ཆུར། དེ་ནས་དེ་དག་བརྟན་པར་བྱ་བའི་ཕྱིར། ལྷ་རེ་རེ་ལ་དམིགས་པས་ཡི་གེ་བརྒྱ་པ་བཟླ་བར་བྱ་སྟེ། ཨོཾ་ཧཱུྃ་ཤྲཱི་ཧེ་བཛྲཱ་ཡ། བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ཚང་བར་བརྗོད། དེ་བཞིན་དུ་ཨོཾ་ནྃ་ནཻ་རཱཏྱཏྨབཛྲ་ཧེ་རུ་ཀ་ས་མ་ཡ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཨོཾ་གྃ་གཽ་རཱི་བཛྲ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་ཐམས་ཅད་ལ་ཤེས་པར་བྱ་སྟེ། ཌྃ་ཌོམྦི་ནཱི་བཛྲ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པའི་བར་དུ་བྱའོ། །ཞེས་དང་། ནག་པོ་པས་ཀྱང་ཡི་གེ་བརྒྱ་པས་བརྟན་པར་བྱའོ་ཞེས་བཤད་དོ། །འདི་དག་གི་དོན་བླ་ཆེན་འཕགས་པས་གོང་འོག་གི་ཧེ་རུ་ཀ་བཞིའི་ཚབ་ཏུ་ལྷ་སོ་སོའི་མཚན་བཅུག་ནས་བཞི་སྤེལ་ཞེས་པའི་ཐ་སྙད་མཛད་པ་དང་། ཡང་དང་པོ་ལ་མི་སྤེལ་བར་ཕྱི་མ་གསུམ་ལ་སྤེལ་ནས་གསུམ་སྤེལ་ཞེས་པའི་ཐ་སྙད་མཛད་པ་ནི་ཨ་བྷི་དྷ་ནར། ཧེ་རུ་ཀའི་ཡི་གེ་བརྒྱ་པ། ལྷ་སོ་སོའི་ཡི་གེ་བརྒྱ་པ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་གསུམ་གསུངས་པའི་བར་མའི་དབང་དུ་བྱས་པ་ཡིན་ན། དེ་ལྟར་བྱེད་དགོས་པར་སྣང་ཡང་། དབང་ཆུའི་དགོངས་པ་ནི་དང་པོའི་དབང་དུ་བྱས་པ་ཡིན་ཏེ། རྒྱུད་དེ་ཉིད་ལས། དམ་ཚིག་ཉམས་པ་བསྐང་བའི་ཕྱིར། །ཐོག་མ་བར་དང་ཐ་མར་ནི། །ཡི་གེ་བརྒྱ་པའི་གསང་སྔགས་བརྗོད། །དཔའ་བོ་དང་ནི་རྣལ་འབྱོར་མ། །ལྷ་རྣམས་ཐམས་ཅད་བརྟན་པར་བྱེད། །ཅེས་ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལ་དམ་ཚིག་ཉམས་པ་བསྐང་བ་དང་། དཀྱིལ་འཁོར་གྱི་ལྷ་བརྟན་པའི་དགོས་པ་གཉིས་གསུངས་པའི་ཕྱི་མ་དེ་ཉིད་འདིར་ཉམས་སུ་ལེན་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ལྷ་སོ་སོའི་ཡི་གེ་བརྒྱ་པ་ལ་དགོངས་སོ་སྙམ་ན་མ་ཡིན་ཏེ། དབང་ཆུ་ཉིད་ལས་ལྷ་སོ་སོ་ལ་དམིགས་པའི་ཡི་གེ་བརྒྱ་པ་ཚང་བར་བརྗོད་ཅེས་གསུངས་ཀྱི། སྤེལ་ཞེས་པའི་ཚིག་མི་སྣང་བའི་ཕྱིར་དང་། སྤེལ་བའི་དོགས་པ་བཅད་པའི་ཆེད་དུ། གཙོ་བོའི་སྐབས་སུ་ཧེ་རུ་ཀ་ཞེས་པ་དང་པོ་གཉིས་ཆར་ལ་མ་སྤེལ་བ་ཉིད་གསུངས་པ་དང་། ལྷ་མོ་རྣམས་ཀྱི་སྐབས་སུའང་བཛྲ་ཧེ་རུ་ཀ་ཞེས་པ་མན་ཆད་མ་སྤེལ་བ་ཉིད་གསུངས་པའི་ཕྱིར་རོ། །དེས་ན་གནད་ཀྱི་དོན་ནི་བདེ་མཆོག་གི་སྐབས་སུ་དབྱུག་པའི་རྩེ་མོར་རྡོ་རྗེ་བཏགས་པ་ལྷ་སོ་སོའི་མཚན་མའི་ཐད་དུ་བཟུང་ནས། ཨོཾ་ནས་བཟུང་སྟེ་ཡི་གེ་བརྒྱ་པ་ཚང་མར་བརྗོད་པས་བརྟན་པར་མཛད། འདིར་དེའི་ཚབ་ཏུ་ལྷ་སོ་སོའི་མཚན་བརྗོད་པ་སྔོན་དུ་འགྲོ་བས། ཨོཾ་ནས་བཟུང་སྟེ་ཡི་གེ་བརྒྱ་པ་ཚང་མར་བརྗོད་པས་བརྟན་པར་མཛད་པ་ནི་རྗེ་བཙུན་གོང་མའི་དགོངས་པ་དཔྱིས་ཕྱིན་པའོ། །དེས་ན་དབང་ཆུའི་དཔེ་ལ་ལར་སྔར་དྲངས་པ་ལྟར་ཨོཾ་མཚན་སྔགས་ཀྱི་མགོར་ཡོད་པ་དང་། ཁ་ཅིག་ཏུ་ཧཱུྃ་ཤྲཱི་ཧེ་བཛྲ་ཡ། ཨོཾ་བཛྲ་ཧེ་རུ་ཀ་ཞེས་སོགས་མཚན་སྔགས་ཀྱི་མཇུག་ཏུ་ཡོད་པ་དང་། ཕལ་ཆེར་ལས་ཧཱུྃ་ཤྲཱི་ཧེ་བཛྲ་ཡ་བཛྲ་ཧེ་རུ་ཀ་ཞེས་སོགས་ཨོཾ་གཏན་ནས་མེད་པ་གསུམ་འབྱུང་ཡང་། བར་མ་དེ་ཉིད་དག་པར་ཤེས་པར་བྱའོ། །འདིར་གསང་སྔགས་རང་བཟོར་བྱེད་པ་ཁ་ཅིག དཀྱིལ་འཁོར་བརྟན་བཞུགས་ལ། རང་གི་བཤད་རྒྱུད་གུར་ན་ཡོད་པའི་ཡིག་བརྒྱ་མི་བརྗོད་པར། ཨ་བྷི་དྷ་ནའི་ཡིག་བརྒྱ་བརྗོད་པ་ནི་ཡོད་པའི་སྒོ་བོར་ནས་མེད་པའི་སྲང་འཆག་པའོ། །ཞེས་སྨྲའོ། །དེས་ནི་ཨ་བྷི་དྷ་ནའི་ཡི་གེ་བརྒྱ་པ་དཀྱིལ་འཁོར་བརྟན་བྱེད་ཀྱི་སྔགས་སུ་གསུངས་པ་དང་། གུར་གྱི་ཡི་གེ་བརྒྱ་པ་གཏོར་མགྲོན་གཤེགས་གསོལ་གྱི་སྔགས་སུ་གསུངས་པ་གཉིས་མ་ཕྱེད་བཞིན་དུ་རང་དགར་སྨྲས་པའོ། །གསུམ་པ་དངོས་གཞི་ཞག་གྲངས་སྦྲེལ་བའི་ཚུལ་ལ་དོགས་པ་གཅོད་པ་ནི། དེ་དག་ནི་སྒྲུབ་མཆོད་ཚར་གཅིག་གི་དབང་དུ་བྱས་པའི་བསྒྲུབ་ཚུལ་ཡིན་ལ། དངོས་གཞི་ཞག་མང་པོར་སྦྲེལ་ནས་བྱེད་པའི་ཚེ་སྟ་གོན་གྱི་ལྷ་བསྟིམ་པའི་ཚུལ་ཇི་ལྟར་བྱ་སྙམ་ན། འདི་ལ་ནམ་མཁར་བཞག་ནས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བསྟིམ་པ་དང་། སྒྲུབ་མཆོད་སྔ་མའི་རྗེས་སུ་བཏེག་ནས་ཕྱི་མ་ལ་བསྟིམ་པ་དང་། ལན་གཅིག་བསྟིམས་ནས་ཕྱི་མ་རྣམས་ལ་ཡན་ལག་བཞི་རྫོགས་དཀྱུས་མ་བྱེད་པའི་ཚུལ་གསུམ་ལས། དང་པོ་ནི། འཕགས་པའི་དངོས་སློབ་སྲུ་ལུང་ཀུན་སྨོན་དང་། དགའ་ལྡན་པ་བཀྲ་ཤིས་དཔལ་ལ་སོགས་པ་བདུན་ཙམ་གྱི་ལུགས་ཏེ། ནུབ་དང་པོ་རྣམས་ལ་སྟ་གོན་གྱི་ལྷ་ནམ་མཁར་གནས་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བསྲེས། ནུབ་ཐ་མ་ལ་ཡོངས་སུ་རྫོགས་པར་བསྟིམ་པར་བཞེད་དོ། །བླ་ཆེན་འཕགས་པས་དེ་ལྟར་དངོས་སུ་གསུངས་པ་མེད་ཀྱང་། ཇིམ་གིན་མར། དེ་ནས་དཀྱིལ་འཁོར་གྱི་ལྷ་ནམ་མཁར་གནས་པ་རྣམས་ལ་མར་མེ་ལ་སོགས་པའི་མཆོད་པ་རྒྱུན་མ་ཆད་པར་བཤམ་མོ། །ཞེས་གསུངས་པས་ཐུགས་བཞེད་དང་། ཕྱག་ལེན་ཡིན་པར་གསལ་ལོ། །གཉིས་པ་ནི། རིན་པོ་ཆེ་བུ་སྟོན་གྱིས་སྐུ་ཚེའི་སྟོད་ལ། དཀྱིལ་འཁོར་ལ་རྟེན་བཞུགས་བྱས་ཚར་བའི་རྗེས་ལ་དཀྱིལ་འཁོར་བཏེག་ནས། འདི་ཞེས་བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་པ་ནས། ནངས་པར་དཀྱིལ་འཁོར་བསྒྲུབ་པར་འཚལ། །ཞེས་སྙན་གསན་འབེབས་པར་མཛད། ཕྱིས་རྟིང་བརྟན་བཞུགས་ཀྱི་དུས་སུ་དཀྱིལ་འཁོར་འདི་མ་བཤིག་གི་བར་དུ་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ་ཞེས་བརྗོད་ཟིན་པས། དེ་མ་ཐག་ཏུ་དཀྱིལ་འཁོར་བཏེག་ན་རྡུལ་ཚོན་གྱི་དཀྱིལ་འཁོར་བཤིག་ན་ནི་སང་ནས་སྒྲུབ་མཆོད་ནར་མར་བྱེད་པ་མི་ཡོང་། མ་བཤིག་ན་ནི་བརྟན་བཞུགས་ཀྱི་ཚིག་དང་འགལ་འགྲོ་བར་འདུག་སྙམ་དུ་དགོངས་ནས། བརྟན་བཞུགས་ཀྱི་དོད་དུ། ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་སྦྱར་ནས་དེ་མ་ཐག་ཏུ་དཀྱིལ་འཁོར་འདེགས་པར་མཛད། སྐུ་ཚེའི་སྨད་ལ་དཀྱིལ་འཁོར་བཏེག་ནས་ཞག་ཏུ་བཞག་ན་རྡུལ་ཚོན་གྱི་བཀྲག་འཚོར་བར་འདུག་ཟེར་ནས་དཀྱིལ་འཁོར་སྒྲུབ་པའི་གོང་དུ་སྔ་མ་བཏེག་སྟེ། འདི་ཞེས་བྱ་བའི་བཅོམ་ལྡན་འདས་ནས། ད་ལྟ་དཀྱིལ་འཁོར་བསྒྲུབ་པར་འཚལ། །ཞེས་པས་སྙན་གསན་ཕབ་སྟེ། མདུན་བསྐྱེད་བསྐྱེད་ཚར་བ་དང་། དཀྱིལ་འཁོར་བཏེག་པ་ཕབ་སྟེ་བསྲེ་བར་མཛད་དོ། །འདི་ནི་སྟ་གོན་དང་། དངོས་གཞི་ཉི་མ་གཅིག་ལ་སྦྲེལ་ནས་བྱེད་པའི་ལུགས་ལ། སྙན་གསན་དབབ་པའི་ཚིག་དེ་ལྟར་བྱེད་པ་འགལ་བ་མི་སྣང་ནའང་། དཀྱིལ་འཁོར་ལ་བཅུག་ཟིན་པའི་སྟ་གོན་བཏེག་ནས། དེ་འདྲའི་སྙན་གསན་དབབ་པ་ནི་གང་ནའང་མ་བཤད་པས་མི་འཐད་དོ། །དགོས་པའང་མེད་དེ། འཇིག་རྟེན་ན་དང་པོར་བསྙེན་བཀུར་བྱེད་པར་སྙན་གསན་ཕབ་ནས། ནང་དུ་བོས་ཏེ་བསྙེན་བཀུར་ལན་གཅིག་ལས་མི་བྱེད་ན། དེར་རྗེས་གཤེགས་སུ་གསོལ་ཞིང་ཞག་སྦྲེལ་ནས་བྱེད་ན། དང་པོར་སྙན་གསན་ལན་གཅིག་དབབ་པས་ཕྱིས་བསྙེན་བཀུར་ཡང་ཡང་བྱས་པས་ཆོག་གི ཞག་རེ་ལ་སྙན་གསན་རེ་རེ་དབབ་ནས་ཕྱིར་གཏོང་ཐེབས་རེ་རེ་མི་དགོས་པ་བཞིན། འདིར་ཡང་ཚུལ་མཚུངས་པའི་ཕྱིར་ཏེ། གསང་སྔགས་ཀྱི་ཆོ་ག་ཕལ་ཆེར་འཇིག་རྟེན་གྱི་རྒྱལ་པོའི་ལུགས་དང་བསྟུན་པར་བཤད་པའི་ཕྱིར་རོ། །ཁྱད་པར་དཀྱིལ་འཁོར་འདེགས་ཚུལ་དེ་ཉིད་རས་བྲིས་ལ་བརྟེན་པའི་ཚེ་རས་བྲིས་ཀྱི་རབ་གནས་བཤིག་པར་འགྱུར་བས་ཉེས་དམིགས་ཀྱང་ཆེ་ལ། ལྷ་སྟ་གོན་མི་བྱེད་བཞིན་དུ། སྙན་གསན་དབབ་པ་སྒྲུབ་མཆོད་ཚར་རེ་ལ་དགོས་ན། སའི་ལྷ་མོ་མཁྱེན་པར་གསོལ་བའང་ཚར་རེ་ལ་དགོས་པར་མཚུངས་པས་ལུགས་འདི་མི་འཐད་པ་ཁོ་ནའོ། །གསུམ་པ་ནི། རྒྱ་གར་གྱི་གཞུང་རྣམས་ལས་མི་གསལ་ཡང་། རྗེ་བཙུན་རྩེ་མོས་ཌོམྦི་ལུགས་ཀྱི་དབང་ཆུར། སྤྱིར་དཀྱིལ་འཁོར་ནུབ་ལྔ་པར་བྱེད་པའི་ཚེ། དངོས་གཞི་ལ་ནུབ་གཉིས་སུ་བྱས་པའི་ནུབ་དང་པོ་ལ་སྒྲུབ་མཆོད་རྫོགས་པར་བྱས་ནས། རབ་གནས་བྱེད་ན་དེའི་སྟ་གོན་ལ་འཇུག རབ་གནས་མི་བྱེད་ན་ཁང་པ་དེ་ཉིད་དམ་གཞན་དུའང་རུང་སྟེ། ནང་གི་སྦྱིན་སྲེག་བྱས་ལ། དེའི་མཚན་མོ་ཉལ་བའི་རྣལ་འབྱོར་གྱིས་ཉལ། ཕྱི་དེ་ཉིན་མོ་ནངས་པར་སྔ་བར་ལངས་ལ། ཕྱི་དང་ནང་གི་ཁྲུས་བྱས་ནས་རྒྱས་པའི་སྦྱིན་སྲེག་བྱ། དེ་ནས་སློབ་མ་དབང་བསྐུར་གྱི་ཡོ་བྱད་རྣམས་འཚོགས་པ་དང་། ཕྱི་དྲོའི་དུས་སུ་མཆོད་གཏོར་རྒྱས་པར་བཤམ། དཔོན་སློབ་ཐམས་ཅད་ཡན་ལག་དྲུག་ཡོངས་སུ་རྫོགས་པར་བྱས། རང་ལྷའི་རྣལ་འབྱོར་དང་ལྡན་པས། དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་ལྟ་བུར་དམིགས་ལ། ཕྱི་དང་ཡིད་ལས་བྱུང་བ་ལ་སོགས་པ་རབ་ཏུ་རྒྱ་ཆེ་བའི་མཆོད་པ་བྱ། དེའི་འོག་ཏུ་འབྱུང་པོ་རྣམས་ལ་གཏོར་མ་བྱིན་ནས། ནང་གི་སྦྱིན་སྲེག་བྱ་སྟེ། སློབ་དཔོན་བདག་ཉིད་འཇུག་པ་དང་། སློབ་མ་ལ་དབང་བསྐུར་བར་བྱ་བར་གསུངས་པ་འདི་ཉིད་གསལ་བར་སྣང་ངོ་། །དེས་ན་ལུགས་འདི་ལ་ནུབ་སྔ་མ་ལ་སྟ་གོན་གྱི་ལྷ་རྫོགས་པར་བསྲེས་ནས། ནུབ་ཕྱི་མ་རྣམས་ལ་བདག་བསྐྱེད་བཟླས་པ་དང་བཅས་པའི་རྗེས་སུ་མདུན་གྱི་དཀྱིལ་འཁོར་གསལ་བཏབ་པ་ཙམ་བྱས་ནས་མཆོད་པ་མན་ཆད་ལ་འཇུག་པ་ཡིན་ཞིང་མན་ངག་ལུགས་ཀྱི་དབང་ཆུར་ཡང་དངོས་གཞི་ནུབ་གཅིག་པར་བྱེད་པ་དང་། ནུབ་གཉིས་པར་བྱེད་པ་གཉིས་གསུངས་པའི་ཕྱི་མའང་འདི་ཉིད་དང་འདྲའོ། །རབ་གནས་དོན་གསལ་ལས། རབ་གནས་རྒྱས་པ་ནུབ་གསུམ་པར་བྱེད་པའི་ཚེ། སྡོམ་ཚིག་ལས། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །ཅེས་པའི་ཐད་དུ་འདི་ལ་དོན་བཅུ་གསུམ་སྟེ། བདག་བསྐྱེད་ལ་མཆོད་ནས་མདུན་གྱི་དཀྱིལ་འཁོར་ཡོད་ན་གསལ་གདབ་སྟེ་མཆོད་པ་དང་ཞེས་པའི་ས་བཅད་དང་དེའི་ཐད་དུ་དེ་ལ་དང་པོ་བདག་བསྐྱེད་པ་ནི། ཐོ་རངས་ཀྱི་ཆ་ལ་མཆོད་པ་དང་གཏོར་མ་རྒྱ་ཆེན་པོ་གསར་པ་སྔ་མ་བཞིན་དུ་བཤམས་ལ་བདག་གི་རྣལ་འབྱོར་རྡོ་རྗེ་སེམས་དཔའ་འམ། འབྱུང་བ་ལ་སོགས་པའི་རྣལ་འབྱོར་རྫོགས་པར་བྱས་ལ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཡོད་ན་གསལ་བཏབ་ལ་མཆོད་བསྟོད་བྱ། ཞེས་གསུངས་པའང་ནུབ་བར་པ་ལ་སྒྲུབ་མཆོད་རྫོགས་པར་བྱས་ཟིན་པའི་དབང་དུ་བྱས་པ་ཡིན་པས་ཐམས་ཅད་གནད་གཅིག་ཏུ་སྣང་ངོ་། །དེ་དག་གི་དོན་ཞག་མང་པོར་སྦྲེལ་ན་ནུབ་སྔ་མ་ལ་སྟ་གོན་གི་ལྷ་རྫོགས་པར་བསྲེ་བ་ཡིན་པར་གསལ་ཏེ། ནུབ་ཕྱི་མ་རྣམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་གསལ་བཏབ་ནས་མཆོད་པ་ཡིན་པར་གསུངས་པའི་ཕྱིར་རོ། །འོ་ན་ནུབ་ཕྱི་མ་རྣམས་ལ་བསྐྱེད་ཆོག་རྒྱས་པར་མི་རུང་ངམ་སྙམ་ན། དེ་ནི་ལོང་སྐབས་ཡོད་པ་དང་སྤྲོས་པ་ལ་དགའ་ན་རུང་ཞིང་མཆོག་ཏུ་གྱུར་པ་ཡིན་ཏེ། རས་བྲིས་ལ་བརྟེན་པའི་ཚེ་སྔར་རབ་གནས་བྱས་ཟིན་པ་དེ་ཉིད་བསང་སྦྱང་བྱས་ནས་བསྐྱེད་ཆོག་རྒྱས་པ་བྱེད་པ་དང་ཚུལ་མཚུངས་ཤིང་། ལས་དང་པོ་པ་ལ་བསྐྱེད་ཆོག་རྒྱས་པ་ཉིད་བློའི་རྣམ་པ་གསལ་བའི་ཕྱིར་རོ། །འདི་ལའང་སྟ་གོན་གྱི་བསྲེ་ཚུལ་ནི་སྔ་མ་དང་འདྲ་སྟེ། སྒྲུབ་མཆོད་དང་པོ་ལ་དགོས་པ་སྙན་གསན་དབབ་པ་ནི་བཀུར་སྟིའི་ཚུལ་ཡིན་ཞིང་། མར་མེ་གཅིག་ལས་གཉིས་ཆད་ལ་སྙན་གསན་དབབ་པ་མ་ཚང་། བཏེག་ནས་སྙན་གསན་དབབ་པ་ལ་དགོས་པ་ལྷག་པོ་མེད་པའི་ཕྱིར་རོ། །དེས་ན་སྒྲུབ་མཆོད་རྒྱུན་གཅིག་ལ་སའི་ལྷ་མོ་མཁྱེན་པར་གསོལ་བ་དང་། སྙན་གསན་དབབ་པའི་དགོས་པ་ཤེས་ན་གཅིག་ཉིད་ཀྱིས་ཆོག་པར་གྲུབ་ཅིང་། སློབ་མའི་རྒྱུན་གཅིག་ལ་དངོས་གཞི་སྦྲེལ་ནས་མང་དུ་བྱེད་པ་ལའང་། སློབ་མ་སྟ་གོན་གཅིག་ཉིད་ཀྱིས་ཆོག་པ་དང་འདྲའོ། །གསུམ་པ་མཆོད་པ་འབུལ་བ་ནི་མར་མེ་ལ་སོགས་པ་རྣམས་སྦར་ཏེ། སྔོན་འགྲོའི་སྐབས་སུ་མཆོད་པ་བྱིན་གྱིས་བརླབས་ཟིན་པ་དེ་དྲན་པའི་ཆེད་དུ། སྐབས་འདིར་མཆོད་པ་བསང་སྦྱང་བྱིན་བརླབ་བྱས་ཏེ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། ན་བཟའི་མཆོད་པ་དང་། ནང་གི་མཆོད་པ་དང་། ཡིད་ལས་བྱུང་བ་དང་། བསྟོད་པའི་མཆོད་པ་རྣམས་སྟ་གོན་གྱི་གནས་སྐབས་ཇི་ལྟ་བ་བཞིན་བྱའོ། །དེ་ནས་སྐབས་འདིར་རང་གི་ལྕེ་ལ་བདུད་རྩི་མྱོང་བས་སྙིང་གའི་ཧཱུྃ་ཡིག་ཡི་དམ་ཐམས་ཅད་འདུས་པའི་ངོ་བོར་བསམས་པ་མཉེས་པར་བྱ་དགོས་ཏེ། དབང་ཆུར། དེ་ལྟར་མཆོད་པའི་ཁྱད་པར་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པས་མཉེས་པར་བྱས་ལ། རང་གི་ལྕེ་ལ་བདུད་རྩི་མྱངས་ལ། རང་གི་སྙིང་གའི་དཀྱིལ་འཁོར་ཡང་མཉེས་པར་བྱའོ། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། དེ་བ་དྷཱ་ཏུའི་བསྟོད་པའི་རྗེས་སུ། རླུང་མེའི་དཀྱིལ་འཁོར་ལ་གནས་ལ། །ཨོཾ་གྱི་བྱིན་བརླབས་བདུད་རྩི་ལྔ། །རབ་སྦར་རྗེས་སུ་ཡེ་ཤེས་ཀྱི། །བདུད་རྩིར་བསམ་ཞིང་ཡིག་གསུམ་བཟླ། །ནང་བཞུགས་ཐུབ་དབང་དཔག་མེད་ལ། །ཧཱུྃ་བྱུང་རྡོ་རྗེར་བཅས་པའི་ལྕེས། །སྙིང་གའི་ཟླ་བར་རྒྱལ་བ་ཡི། །དཀྱིལ་འཁོར་མ་ལུས་ཚིམ་པར་བྱ། །ཞེས་དང་། རིན་ཆེན་འབར་བར། བྱིན་གྱིས་བརླབ་དང་དབང་བསྐུར་གྱི། །བར་རྫོགས་བྱས་ལ་མཆོད་པ་ཡི། །ཆོ་གས་དཀྱིལ་འཁོར་རབ་ཏུ་མཆོད། །རང་ལྕེ་རྡོ་རྗེ་བདུད་རྩི་མྱང་། །ཕྱི་རོལ་འབྱུང་པོའི་གཏོར་མ་སྦྱིན། །ཞེས་དང་། དེའི་དོན་ཌོམྦི་ལུགས་ཀྱི་དབང་ཆུར། དྲུག་པ་ནི། བདུད་རྩི་རིལ་བུ་ཆང་ལ་ལེགས་པར་སྦྱར་ལ་སྦྱང་བ་དང་། སྦར་བ་ལ་སོགས་པས་བྱིན་གྱིས་བརླབས་ལ། བདག་ཉིད་ཀྱི་ལྕེ་ལ་མྱང་བར་བྱའོ། །ཞེས་གསུངས་པ་རྣམས་དོན་གཅིག་ཏུ་སྣང་བས། སྐབས་འདིར་འདི་མ་ཆད་པ་གལ་ཆེ་བར་སྣང་ངོ་། །འོ་ན་སྔར་ནང་མཆོད་འབུལ་བའི་སྐབས་སུ་བདག་ཉིད་ཀྱི་ལྕེ་ལ་མྱོང་བ་ཡོད་པས། དེ་དང་ཁྱད་པར་ཅི་ཡོད་སྙམ་ན། སྔ་མ་ནི་ཕུང་ཁམས་སྐྱེ་མཆེད་ལྷར་གསལ་བ་དེ་ཉིད་མཆོད་པ་ཡིན་ལ། འདིར་ནི་སྙིང་གའི་ཧཱུྃ་ཡིག་དཀྱིལ་འཁོར་མ་ལུས་པའི་ངོ་བོར་བསྒོམས་ནས་མཆོད་པ་ཡིན་པ་སྔར་གྱི་གཞུང་རྣམས་ཀྱི་དོན་དུ་གསལ་བས་ཁྱད་པར་ཆེའོ། །བཞི་པ་ཕྱི་རོལ་ཏུ་འབྱུང་པོའི་ཚོགས་ལ་གཏོར་མ་འབུལ་བ་ལ་ལྔ་སྟེ། གང་ལ་འབུལ་བའི་ཡུལ། གང་དུ་འབུལ་བའི་གནས། གང་གི་ཚེ་འབུལ་བའི་དུས། ཇི་ལྟར་འབུལ་བའི་ཆོ་ག དེ་ལྟར་ཕུལ་བའི་དགོས་པའོ། །དང་པོ་ནི། རྡོ་རྗེ་གུར་ལེའུ་བཞི་པ་ལས། ནམ་མཁའི་ཁམས་ཀྱི་དབུས་གནས་པར། །པདྨ་འདབ་བརྒྱད་བསྒོམ་པར་བྱ། །དབང་པོ་ཤར་གྱི་འདབ་མར་བསམ། །མཐར་བྱེད་ལྷོར་ནི་དགོད་པར་བྱ། །ཆུ་བདག་ནུབ་ཀྱི་འདབ་མ་ལ། །བྱང་དུ་ནོར་སྦྱིན་དགོད་པར་བྱ། །མེར་ནི་བྱིན་ཟ་ཆེན་པོ་ཉིད། །བདེན་བྲལ་མཚམས་སྐྱོང་དེ་བཞིན་ནོ། །རླུང་དུ་གནས་མེད་བསམ་པར་བྱ། །དབང་ལྡན་དུ་ནི་འབྱུང་པོའི་གཙོ། །ཉི་ཟླ་ཚངས་པ་ལ་སོགས་དང་། །ཚངས་པའི་རིས་ནི་དམ་པ་དང་། །ཚངས་པ་མདུན་ན་འདོན་ཉིད་དང་། །དགའ་ལྡན་འཐབ་བྲལ་གནས་པ་དང་། །རྒྱལ་པོ་ཆེན་པོར་གྱུར་པ་དང་། །གཞན་འཕྲུལ་དབང་བྱེད་ཉིད་དང་ནི། །གང་ཞིག་འཕྲུལ་དགའི་ལྷ་རྣམས་དང་། །དགའ་བའི་གནས་སུ་གང་གནས་དང་། །བདེ་བ་ཅན་ན་འདུག་པ་དང་། །འོག་མིན་དུ་ནི་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་ཁམས། །སུམ་ཅུ་རྩ་གསུམ་གནས་པ་དང་། །དེ་ཀུན་སྟེང་དུ་བསམས་པར་བྱ། །ཆོས་འབྱུང་ནང་དུ་ས་བོན་ནི། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་བུ། །འཇོག་པོ་དང་ནི་རིགས་ལྡན་ཉིད། །པད་ཆེན་པདྨ་བཟང་པོ་ཅན། །ལྷ་མི་དམྱལ་བ་སེམས་ཅན་རྣམས། །ཆོས་ཀྱི་འབྱུང་གནས་འོག་ཏུ་འོ། །ཞེས་གསུངས་པའི་འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞི་ལའོ། །འདི་དག་ཀྱང་རྡོ་རྗེ་འཆང་གི་ཐུགས་ཡེ་ཤེས་ཀྱི་རྣམ་འཕྲུལ་འཇིག་རྟེན་པའི་ཚུལ་བཟུང་ནས་རྒྱུད་ཀྱི་སྲུང་མར་བསྐོས་པ་ཡིན་གྱི། འཇིག་རྟེན་པ་རང་རྒྱུད་པ་ལ་རྡོ་རྗེ་ཐེག་པའི་ཉམས་ལེན་གྱི་བར་ཆད་ཞི་བའི་ཕྲིན་ལས་བཅོལ་བའི་ལུགས་ནི་མེད་དོ། །འཇིག་རྟེན་པའི་ཚུལ་བཟུང་བ་ལའང་། མིང་གི་ཐ་སྙད་ལོ་ཀའི་ཚུལ་བཟུང་བ་དང་། རྣམ་པ་ལོ་ཀའི་ཚུལ་བཟུང་བ་གཉིས་ལས་འདིར་ནི་དང་པོའི་དབང་དུ་བྱས་པ་སྟེ། རྣམ་པ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དང་ཁྱད་པར་མེད་དོ། །གཉིས་པ་ནི། རྣལ་འབྱོར་པ་འགའ་ཞིག དཀྱིལ་འཁོར་བསྲུང་བར་བྱ་བའི་ཕྱིར་རྩ་བའི་སྔགས་ཟློས་སུ་བཅུག་ལ། སྒྲུབ་གཡོག་གིས་གཏོར་མ་ཆེན་པོ་ལ་མར་མེ་སྦར་བ་དང་། དུང་དང་ཆ་ལང་ལ་སོགས་པ་ཁྱེར་ལ་སློབ་དཔོན་རང་རྡོ་རྗེ་དང་དྲིལ་བུ་ཟུང་བ་སྒོ་ལས་ཕྱི་རོལ་ཏུ་སོང་སྟེ་འདུག་པར་བྱའོ། །འདིའི་དགོས་པའང་ཁ་ཅིག་གསང་སྤྱོད་བལྟ་བར་མི་དབང་བས་ཕྱི་རོལ་ཏུ་གཏང་བ་ཡིན་ནོ། །ཞེས་སྨྲ་བ་ནི་འདི་དག་རྡོ་རྗེ་འཆང་གིས་རྒྱུད་ཀྱི་སྲུང་མར་བསྐོས་པ་ཡིན་པས། གསང་སྤྱོད་བལྟ་བར་མི་དབང་བ་འགལ་ལ། ཆོ་གའི་ཐོག་མཐར་གསང་སྤྱོད་བལྟ་བར་དབང་ནས། སྐབས་འདིར་གསང་སྤྱོད་བལྟ་བར་མི་དབང་བ་ལ་ནི་རྒྱུ་མཚན་ཅིའང་མེད་དོ། །དེས་ན་བར་ཆད་བསྲུང་བའི་བྱ་བ་ལ་ཁུར་ཆེ་བའི་ཆེད་དུ་གུས་པའི་ཚུལ་ཡིན་ཏེ། སྔོན་འགྲོ་གཏོར་མའི་སྐབས་སུ་ནང་དུ་གཏོར་མ་ཕུལ་ནས། དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་ཁང་པའི་ཕྱི་རོལ་ཏུ་བར་ཆད་སྲུང་གིན་བཞུགས་པ་ལ། སྐབས་འདིར་གོང་དུ་བཞུགས་པ་དེ་ཉིད་དུ་གཏོར་མ་འབུལ་བ་འཇིག་རྟེན་པའི་ཚུལ་ལུགས་དང་སྒོ་བསྟུན་པའོ། །ཁང་པའི་ཕྱི་རོལ་ཏུ་དམ་ཚིག་དང་མི་ལྡན་པའི་སྐྱེ་བོས་དབེན་པ་མེད་ན་ཁང་པའི་ནང་དུ་གཏོང་ཡང་འགལ་བ་མེད་དོ། །གསུམ་པ་ནི་དཀྱིལ་འཁོར་གྱི་བྱ་བའི་ཐོག་མཐའ་བར་གསུམ་དུ་གཏོར་མ་འབུལ་དགོས་པ་ལས་འདིར་ནི་བར་མའི་དབང་དུ་བྱས་པའོ། །བཞི་པ་ནི། རང་གི་མདུན་སྟེགས་ཀྱི་སྟེང་དུ་གཏོར་མ་ཆེན་པོ་བཞག དེའི་གཡས་རང་གི་གཡོན་ཕྱོགས་ནས་ཕར་ལ་ཞབས་བསིལ་ལ་སོགས་པའི་ཆུ་བཞི་རིམ་པ་བཞིན་བཤམ། དེའི་གཡོན་རང་གི་གཡས་ཕྱོགས་ནས་ཕར་ལ་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔ་བཤམ། མདུན་དུ་ནང་མཆོད་ཀྱི་བར་ཕུད་ཏིང་ཕོར་ལ་སོགས་པའི་ནང་དུ་བཤམ། དེ་ནས་གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ་ཐོག་མར་མཆོད་པ་བྱིན་རླབས་དང་། དེ་ནས་གཏོར་མ་བྱིན་རླབས་ཆོ་ག་བཞིན་བྱ། མགྲོན་བསྐྱེད་པ་ནི། ཆོས་འབྱུང་སུམ་བརྩེགས་ཀྱི་སྟེང་མ་ལ་ཨོཾ་དགུ་ལས་སྐུ་རྡོ་རྗེ་ལྷ་ཆེན་བརྒྱད་དང་བཅས་པ་བསྐྱེད། བར་མ་ལ་ཧཱུྃ་དགུ་ལས་ཐུགས་རྡོ་རྗེ་ཕྱོགས་སྐྱོང་བརྒྱད་དང་བཅས་པ་བསྐྱེད། འོག་མ་ལ་ཨཱཿདགུ་ལས་གསུང་རྡོ་རྗེ་ཀླུ་ཆེན་བརྒྱད་དང་བཅས་པ་བསྐྱེད་དེ་མགྲོན་དགུག་པ་དང་། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་དང་། དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པ་རྣམས་བྱ། དེ་ནས་སྔགས་ཙམ་གྱིས་ཆུ་བཞི་ཕུལ་ནས་གཏོར་སྔགས་ལ། ཨོཾ་བྷ་ག་ཝཱན་ནས། ཀཱ་ཡ་ཝཱ་ཀ་ཙིཏྟ་ཡན་ཆད་མི་དགོས། ཨིནྡྲ་མན་ཆད་ལན་གསུམ་མམ་ལྔས་ཕུལ། སྔགས་ཙམ་གྱིས་ཉེར་སྤྱོད་ལྔ་ཕུལ་ནས། མ་ཧཱ་བྷཱུ་ཏ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་ཞེས་པས་ནང་མཆོད་དང་། དཀར་མོ་རི་དྭགས་སོགས་ཀྱིས་ཡིད་ལས་བྱུང་བའི་མཆོད་པས་མཆོད། བསྟོད་པའང་ཁྱོད་ནི་རྣལ་འབྱོར་མ་ཚོགས་མི་དགོས་པར། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་ཕྲིན་ལས་བཅོལ་བའི་བར་དུ་ཡང་བྱས་ལ། ཁྱད་པར་དུ་ཕྱོགས་སྐྱོང་བ་ཁྱེད་རྣམས་ཀྱིས་བདག་ཅག་སློབ་དཔོན་ཆེ་གེ་མོ་ཞེས་བྱ་བ་ལ་སློབ་མ་ཆེ་གེ་མོ་ཞེས་བྱ་བས་གསོལ་བ་བཏབ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀྱིལ་འཁོར་ཆེན་པོ་བཞེངས་སུ་གསོལ་ཏེ། སློབ་མའི་ཚོགས་ཡོངས་སུ་སྨིན་པར་བྱེད་ཀྱི་དཀྱིལ་འཁོར་ཆེན་པོའི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བར་གཅོད་ཐམས་ཅད་བསྲུང་བར་གྱིས་ཤིག དེ་ནས་ཀྱང་བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་བ་དང་། སྟོངས་གྲོགས་མཛོད་ཅིག ཅེས་ཕྲིན་ལས་བཅོལ་ལ། རྡོ་རྗེའི་གླུ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་གསུམ་དང་། སྨོན་ལམ་ཚིགས་བཅད་གསུམ་བཏབ་སྟེ། མཆོད་ཡོན་གྱི་ཕྱག་རྒྱ་བཅས་ནས་ཨོཾ་ཧྲཱིཿབི་ཤུད་དྷ་ཞེས་སོགས་ཀྱིས་ཁ་བཤལ་ཆུ་བྱིན་ལ་གུར་ནས་འབྱུང་བའི་ཡི་གེ་བརྒྱ་པའི་མཐར་བཛྲ་མུཿཞེས་བརྗོད་པས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུས་ཏེ། བདག་དང་སྒྲུབ་པའི་གྲོགས་རྣམས་ཀྱི་སྤྱི་བོར་ཨོཾ་ཞེས་སོགས་གནས་གསུམ་བསྲུང་བ་བྱས་ལ་ཆ་ལང་དང་། དུང་ལ་སོགས་པས་སྣ་དྲངས་ཏེ། གཏོར་མ་འབབ་ཆུའམ་རྒྱ་མཚོ་ལ་སོགས་པ་ཡོད་ན་དེར་དོར། མེད་ན་ལམ་གྱི་བཞི་མདོ་ཆེན་པོར་དོར་བར་བྱའོ། །དེ་ནས་ཐམས་ཅད་རྩ་བའི་སྔགས་ཟློས་བཞིན་པས་དཀྱིལ་འཁོར་གྱི་ཁང་པའི་ནང་དུ་ལོག་སྟེ། ཆོ་ག་ལྷག་ཆད་དང་། ཡོ་བྱད་མ་འབྱོར་པ་ལ་སོགས་པ་ཐམས་ཅད་བཤགས་ཚུལ་འོག་ནས་འབྱུང་བ་ལྟར་བྱའོ། །འདིར་དབང་ཆུར་གཏོར་སྔགས་ལ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཡན་ཆད་མི་དགོས་ཞེས་པའི་དོན་ལ། མཁས་པ་ཁ་ཅིག སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་པོ། འབྱུང་པོ་བརྒྱད་གསུམ་ཉི་ཤུ་རྩ་བཞིའི་གཉའ་གནོན་གྱི་ཚུལ་དུ་བསྐྱེད་པ་ཡིན་གྱི། གཏོར་མ་མི་འབུལ་བར་བཞེད་པ་ཡོད་ཀྱང་། གནད་ཀྱི་གསལ་བྱེད་ལས། ཆོས་འབྱུང་གྲུ་གསུམ་གི་ནང་། དཀྱིལ་འཁོར་གྲུ་བཞི་པར་བྱས་ནས། དེ་ལ་ལེ་ཚེ་དགུར་བྱས་པའི་དབུས་མ་ལ་མཆོག་སྒྲུབ་པའི་དཀྱིལ་འཁོར་བཅུ་གཉིས་པོ་གང་བྱེད་ཀྱི་ཚོམ་བུ་དགོད། ལེ་ཚེ་བརྒྱད་ལ་ཞིང་སྐྱོང་ཆུང་མ་དང་བཅས་པ་བཞི་བཅུ་རྩ་བརྒྱད་ཀྱི་ཚོམ་བུ་བཀོད་ནས་གཏོར་མ་འབུལ་བའི་ཚེ་འཇིག་རྟེན་ལས་འདས་པ་ལ་ཕྱི་མཆོད། ནང་མཆོད། གཏོར་མའི་མཆོད་པ་གསུམ་ཚར་བའི་རྗེས་སུ་དེ་ལྟར་བདུད་རྩི་སྦྱར་བའི་ལྷག་མ་དེ་གཏོར་མ་ལ་བླུགས་ལ། གཏོར་མ་དེ་བདུད་རྩི་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་ལ། དེའི་ཕུད་ཀྱང་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཉིད་ལ་དབུལ་བར་བྱའོ། །དེ་ཡི་ལྷག་མས་མཆོད་པ་ཡིན་པས། ལྷག་མ་ལ་སོགས་ཞེས་བྱའོ། །ཞེས་དང་། དེ་ལ་ཞིང་སྐྱོང་བའི་གཙོ་བོ་བརྒྱད། མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་བཅས་པ་རྣམས་ཀྱི་མིང་ནི་དྲག་པོ་ནག་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འདི་རྣམས་ཀྱི་སྐུ་མདོག་ཕྱག་མཚན་བརྒྱ་བྱིན་ལ་སོགས་པ་དང་འདྲ་སྟེ། བརྒྱ་བྱིན་ལ་སོགས་པ་འདུལ་བར་བྱེད་པའམ། དེ་རྣམས་ཉིད་བཏུལ་བའི་རང་བཞིན་ཞིང་སྐྱོང་བ་ཡིན་གྱི། འདི་རྣམས་ནི་ལོ་ཀ་པ་ཉིད་ཁོ་ནར་བལྟ་བར་མི་བྱའོ། །དེ་བས་ན་འདི་རྣམས་མཆོད་པས་སྐྱོན་དུ་ག་ལ་འགྱུར། ཡང་འདི་རྣམས་འཇིག་རྟེན་པའི་ཚུལ་འཛིན་པ་ཉིད་ཀྱིས་ནི། ལྷག་མས་སྦྱིན་པར་བྱ་བའང་ཡིན་ནོ་ཞེས་གསུངས་པས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་ལའང་གཏོར་མའི་ཕུད་འབུལ་བར་གསལ་ཏེ། ཞིང་སྐྱོང་བཞི་བཅུ་རྩ་བརྒྱད་ཀྱི་གཏོར་སྔགས་ལ་ལེ་ཚེ་དབུས་མའི་གཏོར་སྔགས་མེད་ཀྱང་། ཕུད་ལེ་ཚེ་དབུས་མ་ལ་འབུལ་བར་གསུངས་པའི་ཕྱིར་རོ། །དེས་ན་རྩ་རྒྱུད་ཀྱི་སྐབས་འདིར་ལྷ་དང་འབྱུང་པོ་ཐ་མི་དད་ཀྱི་གཏོར་མའི་ཚེ་གཏོར་སྔགས་གཉིས་ཆར་དང་། འབྱུང་པོ་རྐྱང་པའི་གཏོར་མའི་ཚེ་འཇིག་རྟེན་པའི་གཏོར་སྔགས་ཁོ་ན་བརྗོད་ཀྱང་། ཕུད་འདས་པ་ལ་འབུལ་བ་རྗེ་བཙུན་རྩེ་མོའི་དགོངས་པར་སྣང་བས་ཚུལ་འདི་གཞན་ལའང་སྦྱར་བར་བྱའོ། །གནད་ཀྱི་གསལ་བྱེད་ཀྱི་ལུང་འདིས་འཇིག་རྟེན་པའི་ཚུལ་སྟོན་པའི་དགོས་པ་དང་། དེ་ལ་ཕྱག་མཆོད་དང་ལྷག་མས་སྦྱིན་པ་གཉིས་ཀ་མི་འགལ་བའི་ཚུལ་གསལ་བར་གསུངས་པ་འདིའང་དེང་སང་གི་རྡོ་རྗེ་འཛིན་པ་རྣམས་ཀྱིས་ངེས་པར་མཛད་དུ་གསོལ་ལོ། །ལྔ་པ་ནི། རྩ་རྒྱུད་ཕྱི་མའི་བཞི་པར། གལ་ཏེ་འདིས་གཏོར་མས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན། རྣལ་འབྱོར་པ་རྣམས་ལེགས་པར་འགྱུར་རོ། །དེ་རྣམས་ཀྱི་བདེ་བ་དྲི་མ་མེད་པ་དང་། ལྷ་མོ་རྣམས་དང་། འགྲོ་བ་རབ་ཏུ་འབྱོར་པ་རྣམས་དགའ་བར་འགྱུར་རོ། །གལ་ཏེ་འདིས་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མ་བྱིན་ན། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། གསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་ཏེ། རྣལ་འབྱོར་པ་རྣམས་ལེགས་པར་འགྱུར་རོ། །ཞེས་པ་ནི། ཕན་ཡོན་ཐམས་ཅད་ཀྱི་མདོར་བསྟན་ཡིན་པས། འདིར་ནི་དཀྱིལ་འཁོར་ལ་བརྟེན་པའི་ལས་གང་ཡིན་པ་མཐར་མ་ཕྱིན་གྱི་བར་དུ་བར་གཅོད་ཞི་བ་གཙོ་བོར་གཟུང་ངོ་། །ལྔ་པ་ནང་དུ་འོངས་ནས་ལྷག་ཆད་ཁ་བསྐང་བ་ནི། དེ་ལྟར་ཕྱི་རོལ་པའི་གཏོར་མ་བཏང་ཟིན་ནས། དཀྱིལ་འཁོར་གྱི་ཁང་པའི་ནང་དུ་ལོག་སྟེ། དངོས་སུ་དཀྱིལ་འཁོར་ལ་བསྐོར་བ་ཤོང་ན། རྡོ་རྗེ་དྲིལ་བུ་གསིལ་ཞིང་ལན་བདུན་བསྐོར་བ་བྱ། དངོས་སུ་མི་ཤོང་ན་ཡིད་ཀྱིས་འདོད་ཡོན་གྱི་ས་ནས་བསྐོར་བར་བྱེད་པར་བསམས་ལ། ཤར་ཕྱོགས་སུ་འགྲེང་སྟེ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། ངག་ཏུ་ཡི་གེ་བརྒྱ་པ་ཅི་ནུས་པ་བཟླས་པར་བྱ་སྟེ། ཕྱག་ལེན་ལ་ནི་རོལ་མོ་ཆེན་མོ་དང་བཅས་ཏེ་མཛད་དོ། །དེའི་རྗེས་སུ་རྡོ་རྗེ་དྲིལ་བུ་དང་བཅས་ཏེ་ཐལ་མོ་སྦྱར་ནས། བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་ཏུ་གྱུར་པས་ཏིང་ངེ་འཛིན་མི་གསལ་བ་དང་། བྱིང་བ་དང་རྒོད་པའི་དབང་དུ་གྱུར་པ་ཐམས་ཅད་དང་། ཆོ་ག་ལྷག་པ་དང་། མ་ཚང་བར་གྱུར་པ་དང་། མཆོད་པའི་ཡོ་བྱད་མ་འབྱོར་པ་དང་། ཉམས་པ་དང་། དཀྱིལ་འཁོར་འབྲི་བ་ལ་སོགས་པ་ལ་སྐྱོན་དུ་གྱུར་པ་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ། ལྷག་ཆད་ཁ་བསྐང་བར་མཛད་དུ་གསོལ། ཞེས་གསོལ་བ་གདབ་སྟེ། ཕྱག་འཚལ་ནས་གྲལ་ལ་འདུག་གོ །ཇི་སྐད་བཤད་པའི་ཕྱི་རོལ་པའི་གཏོར་མ་དང་། ལྷག་ཆད་ཁ་བསྐང་བ་འདི་གཉིས་ནི་ནག་པོ་ལུགས་ཀྱི་ཀྱེ་རྡོ་རྗེ་ལའང་འདྲ་ཞིང་། ཌོམྦི་དཀྱིལ་ཆོག་ཏུའང་ཡན་ལག་བར་པ་གཉིས་གོ་བསྣོར་བ་ཙམ་མ་གཏོགས་གཞན་ཆོ་ག་ཁྱད་པར་མེད་དོ། །མཚོ་སྐྱེས་ལུགས་ལ་ནི་གཉིས་ཀ་མ་བཤད་ཅིང་། དཀྱིལ་འཁོར་བྲིས་ཚར་བའི་རྗེས་སུ་ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་ཐོ་རྣམས་བཙུགས་ཏེ། ཕྱོགས་སྐྱོང་སོ་སོར་བསྐྱེད་ལ། དེ་ནས་སྤྱན་དྲངས་ལ་བསྟིམས་ལ་གཞག་ཅེས་པ་ནི་ཆོ་ག་མ་ཚར་གྱི་བར་དུ་བར་ཆད་ཞི་བའི་ཆེད་དུ་བསྐྱེད་ཆོག་བྱས་ནས་གཞག་པ་ཙམ་ཡིན་གྱི། ཕྱི་རོལ་པའི་གཏོར་མ་འབུལ་བའི་ཡུལ་ནི་མ་ཡིན་ནོ། །དེ་དག་གི་ནི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་དངོས་བསྟན་ཟིན་ཏོ། །གཉིས་པ་ཞར་ལས་བྱུང་བ་ལ་གསུམ་སྟེ། དངོས་གཞིའི་ཞག་གྲངས་ལ་དོགས་པ་གཅད་པ། དེ་དང་འབྲེལ་བའི་བུམ་བསྐྱེད་ལ་དོགས་པ་གཅད་པ། སློབ་མ་དབང་བསྐུར་ལ་དོགས་པ་གཅད་པའོ། །དང་པོ་ནི། དབང་ཆུར། འདིར་ས་ཆོག་ནུབ་གཅིག སྟ་གོན་ནུབ་གཅིག དངོས་གཞི་ནུབ་གཅིག་སྟེ་ནུབ་གསུམ་པར་བྱེད་པའི་ལུགས་གཅིག་དང་། ཡང་དངོས་གཞི་ནུབ་གཉིས་ཏེ་ནུབ་བཞི་པར་བྱེད་པའི་ལུགས་གཉིས་ལས། ཕྱི་མ་འདི་དང་ཌོམྦི་དཀྱིལ་ཆོག་ཏུ་ས་ཆོག་ནུབ་གཉིས་སུ་བྱས་པའི་ནུབ་ལྔ་པ་གཉིས་དོན་གཅིག་པས། འདི་གཉིས་ཆར་ལ་དངོས་གཞི་ནུབ་དང་པོའི་ལྷག་ཆད་ཁ་བསྐང་པའི་རྗེས་སུ། རྒྱས་པའི་སྦྱིན་སྲེག་བྱེད་པར་འདོད་ན་སྦྱིན་སྲེག་གི་ཆོ་ག་ལས་འབྱུང་བ་ལྟར་སྦྱིན་སྲེག་བྱ། གལ་ཏེ་རབ་ཏུ་གནས་པ་བྱེད་པ་ཡིན་ནའང་། དེའི་ཚེ་རབ་གནས་ཀྱི་སྟ་གོན་བྱ། ཕྱི་ཉིན་རབ་གནས་ཀྱི་དངོས་གཞི་དང་རྒྱས་པའི་སྦྱིན་སྲེག་བྱས་ལ། དེའི་ནུབ་མོ་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའི་བར་དུ་བྱའོ། །གལ་ཏེ་རྒྱས་པའི་སྦྱིན་སྲེག་དང་རབ་གནས་ཀྱང་མི་བྱེད་དངོས་གཞི་ནུབ་གཉིས་པའང་མི་བྱེད་ན། ལྷག་ཆད་ཁ་བསྐང་བའི་རྗེས་ཐོག་ཁོ་ནར། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའི་བར་དུ་བྱའོ། །གཉིས་པ་ནི། སློབ་མ་དབང་བསྐུར་ཞག་གྲངས་མང་པོར་སྦྲེལ་བའི་ཚེ། གཉིས་པ་མན་ཆད་ཀྱི་བུམ་བསྐྱེད་གནས་སྐབས་གང་དུ་བྱ་སྙམ་ན། འདི་ལ་གནས་སྐབས་བཞི་སྟེ། བདག་བསྐྱེད་ཀྱི་རྗེས་ཐོག་ཁོ་ནར་བྱ་བ་དང་། ཕྱི་རོལ་པའི་གཏོར་མའི་རྗེས་ཐོག་ཁོ་ནར་བྱ་བ་དང་། ལྷག་ཆད་ཁ་བསྐང་བའི་རྗེས་ཐོག་ཁོ་ནར་བྱ་བ་དང་། བདག་བསྐྱེད་དང་མདུན་བསྐྱེད་གང་གི་རྗེས་སུ་བྱས་ཀྱང་འགལ་བ་མེད་པ་དང་བཞིའོ། །དང་པོ་ནི། བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལྟ་བུ་སྟེ། བདག་འཇུག་གི་གོང་དུ་བུམ་བསྐྱེད་ཟིན་པ་དགོས་ཤིང་། ལུགས་འདིའི་བདག་འཇུག་གི་རྗེས་སུ་སླར་ཡང་བདག་མདུན་ཐ་མི་དད་དུ་བསྒྲུབ་པ་ནས། ཕྱི་རོལ་པའི་གཏོར་མ་མ་ཚར་གྱི་བར་དུ་མདུན་བསྐྱེད་ཀྱི་སྒྲུབ་མཆོད་མ་རྫོགས་པས། དེ་དག་གི་བར་སྐབས་སུ་ཆོ་ག་རིགས་མི་མཐུན་བུམ་བསྐྱེད་ཀྱིས་བཅད་པ་མི་རུང་བའི་ཕྱིར་རོ། །གཉིས་པ་ནི། ཀླུའི་བློས་མཛད་པའི་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་ལྟ་བུ་སྟེ། ལུགས་དེ་ལ་ཕྱི་རོལ་པའི་གཏོར་མ་ནི། ལྷ་རྣམས་སྤྱན་དྲངས་ཉིད་དང་ནི། །ཞེས་ཆོ་ག་བཅུ་གཅིག་པའི་ཁོངས་སུ་གཏོགས། གཙོ་བོ་ལ་མེ་ཏོག་ཕུལ་ནས་སྒོ་དབྱེ་བ་མན་ཆད་སློབ་མ་གཞུག་པ་ཞེས་པ་ཆོ་ག་བཅུ་གཉིས་པའི་ཁོངས་སུ་གཏོགས་ཤིང་། ཆོ་ག་བཅུ་གཅིག་པ་ཡན་ཆད་བདག་མདུན་ཐ་མི་དད་དུ་སྒྲུབ་ཅིང་མཆོད་པའི་ཆོ་ག་ཡིན་པས་ཆོ་ག་རིགས་མི་མཐུན་གྱིས་བར་དུ་བཅད་པ་མི་འཐད། སློབ་མ་གཞུག་པའི་ཆོ་ག་ལ་ནི་བུམ་བསྐྱེད་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །གསུམ་པ་ནི། ཀྱེ་རྡོ་རྗེ་མན་ངག་ལུགས་དང་། ནག་པོ་ལུགས་ལྟ་བུ་སྟེ། འདི་གཉིས་ལ་བདག་མདུན་ཐ་མི་དད་དུ་བསྒྲུབ་དགོས་པས་དེ་གཉིས་ཀྱི་བར་དུའང་མི་འཐད། ལྷག་ཆད་ཁ་བསྐང་བ་མ་ཚར་གྱི་བར་དུ་མདུན་བསྐྱེད་ཀྱི་སྒྲུབ་མཆོད་མ་རྫོགས་པས། འདི་དག་གི་བར་སྐབས་སུ་ཆོ་ག་རིགས་མི་མཐུན་གྱིས་བཅད་པའང་མི་འཐད་པའི་ཕྱིར་རོ། །བཞི་པ་ནི། བདེ་མཆོག་ལཱུ་ནག་གཉིས་དང་། ཀྱེ་རྡོར་འགྲེལ་པ་ལུགས་ལྟ་བུ་སྟེ། བདག་འཇུག་གི་གོང་དུ་བུམ་བསྐྱེད་ངེས་པར་དགོས་ཤིང་། བུམ་བསྐྱེད་ལ་བདག་བསྐྱེད་སྔོན་དུ་འགྲོ་དགོས་པ་ཙམ་ཡིན་གྱི། བདག་བསྐྱེད་ཀྱི་རྗེས་དང་། མདུན་བསྐྱེད་ཀྱི་རྗེས་གཉིས་གང་དུ་བྱས་ཀྱང་འགལ་བ་མེད་པའི་ཕྱིར་རོ། །གསུམ་པ་ནི། ཀྱེ་རྡོར་ལུགས་གཉིས་ཀྱི་དངོས་གཞི་ནུབ་གཉིས་པར་བྱེད་པའི་ཚེ་སློབ་མ་སྟ་གོན་དང་། སློབ་མ་དབང་བསྐུར་གཉིས་ཀྱི་བར་དུ་ཞག་གཉིས་ཀྱིས་ཆོད་པས་མི་རུང་ངོ་སྙམ་ན། དེ་ནི་མ་ཡིན་ཏེ། སློབ་མ་སྟ་གོན་ནི་དངོས་གཞིའི་ཆོ་གའི་འཚོག་ཆས་ཙམ་ཡིན་གྱི། ཞག་གྲངས་མང་ཉུང་ལ་རུང་མི་རུང་གི་བྱེ་བྲག་གི་རྒྱུ་མཚན་དང་། བཤད་པ་གང་ཡང་མེད་པའི་ཕྱིར་དང་། དཀྱིལ་ཆོག་གཉིས་དང་། དབང་ཆུ་གཉིས་ལས་རུང་བར་གསུངས་པའི་ཕྱིར་རོ། །དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་བསྟན་ཟིན་ཏོ། །བདུན་པ་འཇུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བ་དང་། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །དང་པོ་ནི། སཾ་བུ་ཊའི་གཉིས་པའི་དང་པོ་ལས། སྔགས་ཀྱི་ལམ་ནི་རྗེས་བཙལ་བས། །གང་ཚེ་མཁས་པས་དབང་བསྐུར་བས། །སངས་རྒྱས་ཀུན་གྱིས་མངོན་སུམ་དུ། །དཀྱིལ་འཁོར་བདེ་བར་གཤེགས་གནས་སུ། །འཇིག་རྟེན་ཁམས་ནི་མཐའ་ཡས་དག །བློ་དང་ལྡན་པས་དེ་བཞིན་བླང་། །རང་བྱིན་བརླབས་པའི་གནས་ཐོབ་ནས། །དམ་ཚིག་ཉམས་པས་འཇིགས་པ་ཡིས། །རྫོགས་སངས་རྒྱས་ཀྱི་དོན་དམ་ལས། །སྔགས་ཀྱི་ལམ་ནི་དེ་བཞིན་གསུངས། །ཞེས་གསུངས་པ་ལ་བརྟེན་ནས་སློབ་མ་དབང་བསྐུར་གྱི་སྔོན་དུ་སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བར་མཛད་པར་རྒྱ་བོད་ཀྱི་མཁས་གྲུབ་ཀུན་མཐུན་ནོ། །འདི་འཆད་པ་ལ་གསུམ་སྟེ། གཞུང་གི་འབྲུ་གཉེར་བ། ལག་ལེན་གྱི་རིམ་པ་ཅུང་ཟད་བཤད་པ། འཇུག་དམ་ཚིག་གསུམ་གྱི་གླུའི་སྒོ་ནས་བསྟོད་པའོ། །དང་པོ་ལ། གནས་སྐབས་གང་གི་ཚེ་བླང་བ། ཡུལ་གང་ལས་བླང་བ། གང་ཟག་གང་གིས་བླང་བ། ཆོ་ག་ཇི་ལྟར་བླང་བ། དགོས་པ་གང་གི་ཕྱིར་བླང་བ། དེ་ལྟར་བླང་བའི་འཐད་པ། དབང་གི་རིམ་པ་ངེས་པའི་འཐད་པ་དང་བདུན་ལས། དང་པོ་ནི། སྔགས་ཀྱི་ལམ་ནི། ཞེས་སོགས་ཚིག་རྐང་གཉིས་ཏེ། སྔགས་ཀྱི་ལམ་རྗེས་སུ་བཙལ་བ་ནི་རྗེས་སུ་འབྲང་བ་སྟེ། གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པར་འདོད་པའི་སློབ་མ་རྣམས་སོ། །དེ་ལ་གང་གི་ཚེ་མཁས་པས་དབང་བསྐུར་བའི་ཆོ་གས་ནི་སྔོན་དུ་སྨིན་པར་བྱ་དགོས་ལ། གནས་སྐབས་དེའི་ཚེ་ན་བདག་ཉིད་ཀྱིས་ཀྱང་བླང་དགོས་ཞེས་བྱ་བའི་དོན་ཏོ། །གཉིས་པ་ནི། སངས་རྒྱས་ཀུན་གྱི་ཞེས་སོགས་ཚིག་རྐང་པ་གསུམ་སྟེ། མདུན་དུ་བསྐྱེད་པའི་དཀྱིལ་འཁོར་བླ་མ་དང་ཐ་མི་དད་པ་ནི་བདེ་བར་གཤེགས་པ་སྟེ། དེའི་གནས་སུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན་བཞུགས་པའི་སངས་རྒྱས་ཀུན་གྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པ་དེར་རོ། །གསུམ་པ་ནི། བློ་དང་ལྡན་པས་ཞེས་ཏེ། སློབ་མ་ལ་དབང་བསྐུར་བའི་བློ་དང་ལྡན་པ་དེས་སོ། །ཡང་ན། འཇིག་རྟེན་ཁམས་ནི་མཐའ་ཡས་དག །ཅེས་པའང་འདིའི་ཁྱད་ཆོས་སུ་སྦྱར་ཏེ། རང་ཉིད་དབང་བླང་བའི་ཚེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་ཡོད་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་བླང་བར་མོས་པའོ། །བཞི་པ་ནི། དེ་བཞིན་བླང་ཞེས་པ་སྟེ། སློབ་མ་ལ་དབང་ཇི་ཙམ་བསྐུར་བ་དེ་བཞིན་དུ་སློབ་དཔོན་རང་གིས་ཀྱང་བླང་བའོ། །འདི་ལ་སློབ་དཔོན་ཨ་བྷ་ཡས་དཀྱིལ་འཁོར་དུ་འཇུག་པ་དོར་ཏེ། མེ་ཏོག་ཕྲེང་བའི་དབང་མན་ཆད་བདག་འཇུག་གི་ཚུལ་དུ་ལེན་པ་དང་། པཎྜི་ཏ་ཛ་ཡ་སེ་ནས་འཇུག་པ་ཡན་ཆད་དོར་ཏེ་དབང་བཞིའི་ངོ་བོ་ཙམ་བསྡུས་ཏེ་ལེན་པ་ལ་སོགས་ཅི་རིགས་པ་ཡོད་ཀྱང་། གཞན་རྒྱ་གར་བ་ཕལ་ཆེར་དང་། རྗེ་བཙུན་གོང་མའི་བཞེད་པས། སློབ་མ་ལ་དབང་ཇི་ལྟར་བསྐུར་བ་དེ་བཞིན་དུ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་གི་ངོ་བོ་གཉིས་ཀར་ལེན་པ་མཛད་དེ། གྲུབ་ཆེན་ས་ར་ཧས། སློབ་མ་གཞུག་པའི་ཆོ་ག་ཡིས། །དང་པོ་ཉིད་དུ་སློབ་དཔོན་འཇུག །ཅེས་དང་། བྷ་བ་བྷ་དྲས། སློབ་མ་གཞུག་པའི་ཆོ་གས་བདག་ཉིད་འཇུག་པ་དང་བཅས་པར་དཀྱིལ་འཁོར་དུ་ཞུགས་ཏེ། བཅོམ་ལྡན་འདས་ལ་ཆུའི་དབང་ལ་སོགས་པ་བླངས་ནས་གནང་བ་ནོས་ཏེ། སློབ་མ་གཞུག་པར་བྱའོ། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། ནང་ཞུགས་མཆོད་པ་ཆེར་བྱས་ནས། །འཁོར་བདག་དབང་བླང་བདེན་པ་བརྗོད། །ཅེས་དང་། རིན་ཆེན་འབར་བ་ལས། འཁོར་ལོ་མཆོད་དེ་བདག་ཉིད་ཀྱང་། །སློབ་མའི་རིམ་བཞིན་དབང་བླངས་ལ། །ཞེས་དང་། གྲུབ་ཆེན་མཚོ་སྐྱེས་ཀྱིས་སློབ་མ་གཞུག་པའི་རིམ་པ་བཞིན། སློབ་དཔོན་བདག་ཉིད་ཀྱང་འཇུག་པར་བྱའོ། །ཞེས་དང་། སློབ་དཔོན་ནག་པོ་པས། ནང་དུ་ཞུགས་ཏེ་དཀྱིལ་འཁོར་དུ་བཅུག་པ་ནས་རྗེས་སུ་གནང་བའི་བར་དུ་བློས་བླངས་ལ་ཞེས་དང་། རྗེ་བཙུན་རྩེ་མོས་དབང་ཆུ་གཉིས་དང་། རྗེ་བཙུན་གྱིས་ནག་པོ་དཀྱིལ་ཆོག་རྣམས་ལས་ཀྱང་འདི་ཁོ་ན་ལྟར་གསུངས་སོ། །ལྔ་པ་ནི། རང་བྱིན་བརླབས་པའི་གནས་ཐོབ་ནས། །ཞེས་ཏེ། རང་གིས་ལྷ་ལ་དབང་ཐོབ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་སྟེ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་བརླབས་པས་སོ། །དྲུག་པ་ནི། དམ་ཚིག་ཉམས་པས་འཇིགས་པ་ཡིས། །ཞེས་པ་སྟེ། སློབ་མ་ལ་དབང་མ་བསྐུར་ན་སློབ་མ་རྗེས་སུ་མ་བཟུང་བར་འགྲོ་ལ། སློབ་མ་ལ་དབང་བསྐུར་བ་ལ་བདག་ཉིད་དབང་ཡོངས་སུ་མ་རྫོགས་ན་རང་བཟོར་གྱུར་ནས་ལྟུང་བར་འགྱུར་བས་དེས་འཇིགས་པའོ། །བདུན་པ་ནི། རྫོགས་སངས་རྒྱས་ཀྱི་ཞེས་སོགས་ཚིག་རྐང་པ་གཉིས་ཏེ། ལམ་བསྒོམ་པ་ལ་དབང་དགོས་ལ་དབང་ལ་སློབ་དཔོན་བདག་ཉིད་ཕུན་སུམ་ཚོགས་པ་དགོས་པའི་སྔགས་ཀྱི་ལམ་གྱི་རིམ་པ་ནི་རྫོགས་པའི་སངས་རྒྱས་ཀྱི་དོན་དམ་ལས་ཏེ། ངེས་པའི་དོན་དུ་གསུངས་ཞེས་པའོ། །གཉིས་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་རང་ཉིད་ལ་དང་པོར་དབང་བསྐུར་བའི་བླ་མ་དང་ཐ་མི་དད་པར་བསྒོམས་ནས་དམིགས་པ་སྤོད་པ་རྣམས་ནི་དེས་མཛད་དེ། དབང་རྫས་འགྲིམ་པ་རྣམས་ནི་དེའི་ཐུགས་ཀ་ནས་བྱེ་བའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཞིག་གིས་མཛད་པར་བསམས་ལ། ཐོག་མར་ལས་བུམ་ནས་ཀུ་ཤའི་རྩེ་མོས་ཆུ་བླངས་པ་ལག་མཐིལ་དུ་བླུགས་པས། ཇི་ལྟར་བལྟམས་པ་ཞེས་སོགས་ཀྱིས་ཁྲུས་བྱ། ལྷག་མ་མཎྜལ་གྱི་སྟེང་དུ་བླུགས་ཏེ། མཎྜལ་ཚོམ་བུ་བདུན་པ་དངོས་སུ་དབུལ། དེ་ནས་གསོལ་བཏབ་ནས་བརྩམས་ཏེ། ལུས་ལོངས་སྤྱོད་འབུལ་བའི་བར་ཚིག་རྣམས་རང་གིས་བརྗོད། མེ་ཏོག་ཕྲེང་བའང་ལས་ཀྱི་རྡོ་རྗེས་གཏད་པར་བསམ་ནས་དངོས་སུ་བླང་། མིག་དར་ནི་རྗེ་བཙུན་གྱིས་བདག་འཇུག་གི་སྐབས་འདིར་ཡིད་ཀྱིས་བཅིང་ཞེས་གསུངས་པས་འཆིང་བའི་ཚུལ་བྱ། བུམ་ཆུས་བསང་གཏོར་དངོས་སུ་བྱ། རྡོ་རྗེ་སྙིང་ག་དང་སྤྱི་བོར་བཞག་དགོས་པ་རྣམས་དང་། དམ་ཚིག་གི་ཆུ་འཐུང་བ་རྣམས་ནི་དངོས་སུ་བྱ། ཡེ་ཤེས་དབབ་པའི་དམིགས་པ་ངག་འདོན་དང་། ཡིད་ཀྱིས་བསམ་པ་གཉིས་ཀ་བྱས་ནས་དྲིལ་བུ་དཀྲོལ་བ་ཙམ་བྱ། མིག་དར་ཕྱེ་བའི་ཚུལ་བྱས་ནས་དཀྱིལ་འཁོར་ལ་མིག་གིས་བལྟ་བ་ཙམ་བྱ་ཡི་སློབ་མ་དབང་བསྐུར་ལྟར་རྟེན་དང་བརྟེན་པའི་ངག་འདོན་ནི་མི་དགོས་སོ། །དངོས་གཞིའི་མཎྜལ་ཕུལ་ཞིང་གསོལ་བ་གདབ་པའི་རྗེས་སུ་རང་ཉིད་དབང་སྟེགས་ཀྱི་སྟེང་དུ་གནས་པར་བསམས་ནས་ཆུ་བཞིའི་སྦྱང་བ་རང་ཉིད་ཀྱིས་སྔགས་དང་ཕྱག་རྒྱ་ཙམ་བྱ། ཏིལ་དང་། ཆུས་སྦྱང་པའང་ཕྱག་རྒྱ་ཙམ་བྱ། བཀྲ་ཤིས་བརྗོད་པའི་ཚེ་ལག་པ་གཡས་རྡོ་རྗེ་དང་བཅས་ཏེ་རྣམ་རྒྱལ་བུམ་པ་བཟུང་། གཡོན་པས་དྲིལ་བུ་གཅད་གཏུབས་སུ་དཀྲོལ་ཏེ་ཚིག་རྣམས་བརྗོད། དངོས་གཞི་རིག་པའི་དབང་ལྔ་ལ་དབང་རྫས་བུམ་པ། དབུ་རྒྱན། རྡོ་རྗེ་དྲིལ་བུ་རྣམས་དངོས་སུ་བླང་། མིང་དབང་གི་སྐབས་སུ་དྲིལ་བུ་སྤྱི་བོར་དཀྲོལ། བརྟུལ་ཞུགས་དང་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ་རྡོ་རྗེ་དང་དྲིལ་བུ་ལེན་པ་དང་། གསོར་བ་དང་། དཀྲོལ་བ་དང་། ཐུགས་ཀར་སྣོལ་བ་རྣམས་དངོས་སུ་བྱ། ཆུ་དབང་བསྐུར་ནས་རིགས་བདག་གི་རྒྱས་གདབ་པའི་རྗེས་སུ་དབང་ལྷ་བསྟིམས་ནས་རང་གི་སྤྱི་བོར་མེ་ཏོག་བཞག་ཏེ་རབ་གནས་བྱ། དཀྱིལ་འཁོར་དང་། ལྷའི་དེ་ཉིད་དང་། རྗེས་གནང་གི་ཚིག་རྣམས་རང་གིས་བརྗོད། མིག་ཕྱེ་བའི་ཚེ་རྡོ་རྗེས་མིག་ཕྱེ་བའི་ཚུལ་ཙམ་མ་གཏོགས། གཞན་རྗེས་གནང་གི་རྫས་རྣམས་དངོས་སུ་མི་ལེན་པར། ལག་པས་ལེན་པའི་ཚུལ་ཙམ་བྱ། དབང་གོང་མ་རྣམས་མཎྜལ་དབུལ་ཞིང་གསོལ་བ་གདབ་པ་དང་། ཚིག་རྣམས་བརྗོད་ཅིང་དམིགས་པ་བྱ། གསང་དབང་གི་སྐབས་སུ་གསང་རྫས་ནང་མཆོད་ནས་བླངས་ཏེ་ལྕེ་ལ་བཞག ལུང་བསྟན་གྱི་སྐབས་སུ་རྡོ་རྗེ་དྲིལ་བུ་སྤྱི་བོར་དཀྲོལ་ནས་ཚིག་རྣམས་བརྗོད་པ་དང་། དབུགས་དབྱུང་དང་གཟེངས་བསྟོད་ལའང་ཚིག་རྣམས་བརྗོད། དབང་གི་དག་པ་རྣམས་ཀྱང་སློབ་མ་ལ་དབང་བསྐུར་བའི་སྐབས་བཞིན་བརྗོད། མཇུག་དམ་ཚིག་དང་སྡོམ་པ་མདོར་བསྡུས་ཏེ་བཟུང་ནས། མཎྜལ་ཚོམ་བུ་བདུན་པ་ཕུལ་ཏེ། ལུས་ལོངས་སྤྱོད་འབུལ་བའི་ཚིགས་བཅད་ལན་གསུམ་བརྗོད། བར་སྐབས་ཀྱི་མཎྜལ་རྣམས་མེ་ཏོག་སྤུངས་ནས་མཎྜལ་གླིང་བཞི་རི་རབ་ཉི་ཟླ་ཟུང་ཅིག་ལྷ་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་ལ་ཡེ་ཤེས་དབབ་པ་ཞུ་བའི་ཡོན་དུ་དབུལ་བར་བགྱིའོ། །ཞེས་སོགས་མདོར་བསྡུས་པ་ཙམ་གྱིས་དབུལ་བ་ཕྱག་ལེན་ལ་མཛད་དོ། །གསུམ་པ་མཇུག་དམ་ཚིག་གསུམ་གྱི་གླུའི་སྒོ་ནས་བསྟོད་པ་ལ་བཞི་སྟེ། དམ་ཚིག་གསུམ་གྱི་གླུ་ཡིས་མཆོད་པ། དེ་ཁོ་ན་ཉིད་བསྒྲག་པ། བདེན་པའི་སྟོབས་བསྒྲག་པ། བདག་འཇུག་རྐྱང་པ་ལ་འདི་དག་དགོས་མི་དགོས་དཔྱད་པའོ། །དང་པོ་ལ་གསུམ་སྟེ། དེ་ཁོ་ན་ཉིད་གསུམ་གྱི་གླུ། ཆོས་ཀྱི་གླུ། ཕྱག་རྒྱའི་གླུའོ། །དང་པོ་ལ་གསུམ་སྟེ། རང་བཞིན་གྱི་དེ་ཁོ་ན་ཉིད། འབྱོར་པའི་དེ་ཁོ་ན་ཉིད། རྣམ་པར་དག་པའི་དེ་ཁོ་ན་ཉིད་དོ། །དང་པོ་ནི། ནམ་མཁའ་སྐྱེ་བའི་ཞེས་སོགས་ཚིགས་བཅད་གཅིག་སྟེ། དེ་ཁོ་ན་ཉིད་གཙོ་བོར་གྱུར་ཅིང་། དེ་ཁོ་ན་ཉིད་དུ་རོ་གཅིག་པ། སྤྲོས་པ་མེད་ལ། རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་སེམས་ནི་གདུལ་བྱའི་རང་བཞིན་ཡིན་ལ། དེ་ཉིད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ས་རྣམས་ལ་གློ་བུར་གྱི་དྲི་མ་རིམ་གྱིས་དག་པས་མཐར་ཐུག་པར་རྟོགས་པར་འགྱུར་བ་ཡིན་པས་ན་སེམས་དཔའ་ཡིན་ལ། དེ་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཏེ། དེ་ལྟ་བུའི་རྡོ་རྗེ་སེམས་དཔར་བདག་གྲུབ་པར་མཛོད་ཅིག སེམས་ཅན་གྱི་སེམས་ལ་ནི་སྐྱེ་བ་ཡོད་པས་འཇིག་པའང་ཡོད་ལ། བཅོམ་ལྡན་འདས་ལ་ནི་ཐོག་མར་སྐྱེ་བ་མེད་པས་ཐ་མར་འཇིག་པའང་མེད་པས་མཆོག་གོ །གང་ཡང་སྒྲིབ་པ་དང་བྲལ་བར་གྱུར་ན་གསལ་བར་འགྱུར་བས་སྐྱེ་བའི་ཐ་སྙད་གདགས་སུ་རུང་སྟེ། དཔེར་ན་ནམ་མཁའི་རྩིག་པ་ལ་སོགས་པ་གསལ་བ་ན་ནམ་མཁའ་སྐྱེའོ་ཞེས་བྱ་བའི་ཐ་སྙད་གདགས་སུ་རུང་བ་དང་འདྲའོ་ཞེ་ན། དེ་ཙམ་གྱིས་ནམ་མཁའ་སྐྱེ་བར་འཇོག་པའི་མཚན་ཉིད་ཀྱི་སྐྱེ་བ་འདི་ལའང་ལྡན་པའི་ཕྱིར་ན་སྐྱེ་བ་མེད་ཀྱང་སྐྱེ་བ་ཉེ་བར་གདགས་སུ་རུང་ངོ་། །གཉིས་པ་ནི། ཀུན་མཆོག་ཅེས་སོགས་ཚིགས་བཅད་གཅིག་སྟེ། ཀུན་མཆོག་ཅེས་པ་ནི། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་ཡིན་ལ། སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པའི་ཆོས་ཐམས་ཅད་ལ་དབང་དུ་གྱུར་པས་ན་དབང་ཕྱུག་ཆེན་པོའོ། །འཇིག་རྟེན་པ་ཐམས་ཅད་ལས་ལྷག་པའི་ལྷ་ཉིད་ཡིན་པས་ན་ལྷག་པའི་ལྷ་སྐུ་གསུང་ཐུགས་རྡོ་རྗེ་བརྙེས་པས་རྡོ་རྗེ་འཛིན་པ་ཀུན། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་དེ་ལ་རག་ལས་པའི་ཕྱིར་རྒྱལ་པོ། རྟག་ཏུ་མི་འགྱུར་བ་ཡིན་པས་ན་མི་འགྱུར་མཆོག་སྟེ། ཆོས་སྐུ་སྐྱེ་བ་མེད་པ་དེའང་གཟུགས་སྐུའི་འབྱོར་པ་འདི་ལྟ་བུ་དང་ལྡན་ཞེས་པའོ། །གསུམ་པ་ནི། ཉེས་པ་མི་མངའ་ཞེས་སོགས་ཚིགས་བཅད་གཅིག་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པས་ན་ཉེས་པ་མི་མངའ་བ་དེ་ལྟར་ནའང་གནས་པ་དང་། ཕྲིན་ལས་དང་། དམིགས་པ་མེད་པའི་འདོད་ཆགས་དང་། མཚན་མ་མེད་པའི་ཆོས་ཀྱི་དགའ་བ་དང་ལྡན་པ་ཡིན་ནོ། །ཞེས་པ་ནི་རིམ་པ་བཞིན། རྟག་པ་དང་འདོད་ཆགས་ཀུན་གྱི་རྗེས་སུ་ཆགས་པ་དང་། འདོད་ཆགས་ཆེན་པོ་དང་། དགའ་བ་ཆེ་ཞེས་པ་རྣམས་ཀྱིས་བསྟན་ཏོ། །དེས་ན་བཅོམ་ལྡན་འདས་ཚིགས་བཅད་གསུམ་གྱི་བཤད་པ་དེ་ཉིད་ཀྱིས་བདག་ལ་གྲུབ་པར་མཛོད་ཅིག་པའོ། །གསུམ་པོ་འདི་དག་གིས་ནི་རྡོ་རྗེ་ཐུགས་ཀྱི་དམ་ཚིག་བསྟན་པར་སྣང་སྟེ་དེ་ཁོ་ན་ཉིད་ལས་ཤེས་སོ། །གཉིས་པ་ཆོས་ཀྱི་གླུ་ནི། ཤིན་ཏུ་དག་པ་ཞེས་སོགས་ཚིགས་བཅད་གཅིག་སྟེ། ཆོས་ཉིད་ཀྱི་སྐུ་ཐར་པ་ཆེན་པོའི་རང་བཞིན་ཅན་ནི་ཆོས་ཡིན་ལ། དེ་ཉིད་སླར་མི་ལྡོག་པའི་དག་པ་མངའ་བས་ཤིན་ཏུ་དག་པ། མྱ་ངན་ལས་འདས་པའི་མཆོག་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡིན་པས་ཀུན་གྱི་མཆོག་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་ན་གདོད་ནས་གྲོལ་བ། ཆོས་ཉིད་ཇི་ལྟར་གནས་པ་དེ་ལྟར་ཐུགས་སུ་ཆུད་ཅིང་གཤེགས་པས་ན་དེ་བཞིན་གཤེགས་པ། གདུལ་བྱ་མ་ལུས་པའི་རེ་བ་སྐོང་བས་ན་ཀུན་ཏུ་བཟང་པོ། ཐམས་ཅད་ཀྱི་མཚན་ཉིད་ཡིན་པས་ན་ཀུན་བདག་ཉིད། བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་དཔའ་སྟེ་དེ་བདག་ལ་གྲུབ་པར་མཛོད་ཅིག་ཅེས་པ་ནི་དྲིལ་བུ་གསུང་གི་དམ་ཚིག་གི་དོན་དུ་སྣང་ངོ་། །གསུམ་པ་ཕྱག་རྒྱའི་དམ་ཚིག་གི་གླུ་ནི། དངོས་གྲུབ་ཆེན་པོ་ཞེས་སོགས་ཚིགས་བཅད་གཅིག་སྟེ། དངོས་གྲུབ་ཆེན་པོ་དེ་དང་ཀུན་གྱི་མཆོག་དང་། དབང་ཕྱུག་ཆེན་པོ་ནི་བཤད་ཟིན་ལ། དེའི་ཕྱག་རྒྱ་ནི་ཡིད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་སྙེམས་མ་སྟེ། དེའི་བདག་པོ་བདག་ལ་གྲུབ་པར་མཛོད་ཅིག་པའོ། །ཇི་ལྟར་ན་འདི་བདག་པོ་ཡིན་ཞེ་ན། གྲུབ་པ་སྟེ་དང་པོའི་རྡོ་རྗེ་ཆེར་བསྟོད་ཅིང་། ཕྱག་གཡས་པས་གསོར་བའི་ཕྱིར་རོ། །འདི་ནི་ཕྱག་རྒྱ་སྐུའི་དམ་ཚིག་ཏུ་སྣང་ངོ་། །གཉིས་པ་དེ་ཁོ་ན་ཉིད་བསྒྲག་པ་ནི། སེམས་ཅན་ཀུན་གྱི་ཞེས་སོགས་ཚིགས་བཅད་གཅིག་སྟེ། སངས་རྒྱས་ནས་སོ་སྐྱེའི་བར་ནི་སེམས་ཅན་ཀུན་ཡིན་ལ། དེ་དག་གི་སྙིང་ལ་བདེ་བ་རབ་ཏུ་སྩོལ་བ་ཉིད་ཀྱིས་བཞུགས་ཤིང་། རྒྱུ་མཚན་དེས་ན་སེམས་ཅན་ཀུན་གྱི་ཡབ་ཏུ་གྱུར་པ་ཉིད་དོ། །ཡིད་ཁྱབ་པ་ཞེས་པའི་དོན་ནི་བདེ་བ་རབ་ཏུ་སྩོལ་བ་ལ་བཤད་དོ། །བདེ་བ་རབ་ཏུ་སྩོལ་བས་ན་འདོད་ཆགས་མཉམ་པ་སྟེ། དེས་ཕུལ་དུ་བྱུང་བས་ན་མཆོག་གོ །ཅི་ལྟར་ན་འདོད་ཆགས་རབ་ཏུ་མཉམ་ཅེ་ན། བཅོམ་ལྡན་འདས་འདི་ནི་འདོད་པའི་མཆོག་དང་། དམ་ཚིག་རྣམས་ཀྱི་མཆོག་སྟེ་ཡང་དག་པའི་ཡེ་ཤེས་ཡིན་ལ། དེས་སེམས་ཅན་ནས་སངས་རྒྱས་ཀྱི་བར་ལ་མཉམ་པའོ། །འདི་དག་གི་དོན་རྗེ་བཙུན་རྩེ་མོས། དེའང་སྒྲུབ་ཅིང་མཆོད་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་ཙམ། རྡོ་རྗེ་སློབ་དཔོན་བདག་ཉིད་ཀྱང་ཚུལ་འདི་ཉིད་དུ་བཞུགས་ཤིང་། དབང་བསྐུར་བྱའི་སློབ་མའང་ཚུལ་དེ་ལྟ་བུ་སྟེ། འཁོར་གསུམ་ག་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་སྐྱེ་མེད་བདེ་བ་ཆེན་པོའི་ངོ་བོ་ལས་མ་འདས་པ་ཡིན་ལ། ཁྱེད་ཀྱི་མཐུས་བདག་གིས་དེ་ལྟར་རྟོགས་པ་ཡིན་ལ། དཀྱིལ་འཁོར་གྱི་འཁོར་ལོ་ཁྱེད་ཀྱིས་མཁྱེན་ཅིང་སློབ་མ་རྣམས་ཀྱི་རྒྱུད་ལའང་སྐྱེ་བར་མཛོད་ཅིག་ཅེས་གདམས་པར་བྱ་ཞིང་། དེ་ལྟ་བུའི་གླུའི་ཚིག་གིས་མཆོད་པས། སློབ་མ་ལའང་དེ་ལྟ་བུའི་རྟོགས་པ་བསྐྱེད་ཅིག་ཅེས་གསོལ་བ་གདབ་པ་དྲན་པར་བྱས་ལ་ཞེས་གསུངས་པས། ཚིག་འདི་དག་བརྗོད་པའི་ཚེ་དོན་དེ་ལྟ་བུ་དྲན་པ་གནད་དུ་ཆེ་བར་སྣང་ངོ་། །གསུམ་པ་བདེན་པའི་སྟོབས་བསྒྲག་པ་ལ་གཉིས་ཏེ། ཐབས་ཤེས་ཟུང་འཇུག་གི་བདེན་སྟོབས། རྟེན་ཅིང་འབྲེལ་བར་འབྱུང་བའི་བདེ་སྟོབས་བརྗོད་པའོ། །དང་པོ་ནི། རབ་ཏུ་རྫོགས་པར་མཛོད་ཅིག་ཅེས་པ་བཤད་པའི་གཞིའོ། །གང་གི་སྟོབས་ཀྱིས་ན་དཀྱིལ་འཁོར་གྱི་འཁོར་ལོ་ཤེས་རབ་དང་ཐབས་ཟུང་དུ་འཇུག་པའི་བདག་ཉིད་ཡིན་པའི་བདེན་པའི་བྱིན་གྱིས་བརླབས་པ་གང་ཡིན་པ་བདེན་པ་དེ་ཡིས་སོ། །གང་ལ་ན་རྡོ་རྗེ་སློབ་དཔོན་བདག་ལའོ། །གང་ན་མགོན་པོ་ཁྱོད་ཀྱིས་འདོད་པའི་རེ་བ་སྟེ། བདག་གིས་དཀྱིལ་འཁོར་གྱི་འཁོར་ལོ་ཞལ་ཕྱག་གི་རྣམ་པ་ཅན་མཐོང་བ་ལྟར་སློབ་མ་རྣམས་ཀྱིས་ཀྱང་མཐོང་བའོ། །གཉིས་པ་ནི། རྒྱུའི་ཆོས་རྣམས་སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་ལྟ་བུ་སྟེ། ཉོན་སྒྲིབ་རང་བཞིན་གྱིས་མེད་པས་དག་ཅིང་། ཤེས་སྒྲིབ་མེད་པས་གསལ་ལ། སྙོམས་འཇུག་གི་སྒྲིབ་པ་མེད་པས་རྙོག་པ་མེད། རྟོག་པས་གཟུང་དུ་མེད་ཅིང་། སྒྲས་བརྗོད་དུ་མེད། ཀུན་རྫོབ་ཏུ་རྒྱུ་མ་རིགས་པ་དང་། ཟག་བཅས་ཀྱི་ལས་ལས་ཀུན་ཏུ་འབྱུང་བ། དེ་བཞིན་དུ་དོན་དམ་པར་དེ་བཞིན་ཉིད་ལས་ངེས་པར་འབྱུང་བའི་བདེན་པ་དེ་ཡིས་དཀྱིལ་འཁོར་གྱི་འཁོར་ལོ་ནི། སྐུ་ཙཀ་ལིའམ། ཚོན་སྤུངས་ལྟ་བུ་མ་ཡིན་པར་ཞལ་ཕྱག་གི་རྣམ་པའི་གཟུགས་བརྙན་དྲི་མ་མེད་པ་རྣམས་སློབ་མ་ཀུན་གྱིས་མཐོང་བར་ཤོག ཅེས་པ་ནི་རྒྱུའི་རྟེན་ཅིང་འབྲེལ་བར་འབྱུང་བའི་བདེན་སྟོབས་ཡིན་ལ། ལམ་ལ་སྦྱར་ན་དཀྱིལ་འཁོར་གྱི་འཁོར་ལོའི་ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ་ཞེས་སོགས་སྦྱར་ཞིང་། སྒྲིབ་པ་གསུམ་གྱིས་དག་པ་ནི་གློ་བུར་གྱི་དྲི་བྲལ་དང་། རྒྱུ་བླ་མའི་མན་ངག་གམ་ཆོས་ཀྱི་དབྱིངས་དང་། ལམ་བསྒོམས་པའི་ལས་ལས་ཀུན་ཏུ་འབྱུང་ཞེས་སྦྱར་ཞིང་། གཞན་རྣམས་ནི་འདྲའོ། །འདི་དག་གི་དོན་རྗེ་བཙུན་རྩེ་མོས། དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་བརྙན་གྱི་ཚུལ་གྱིས་སྣང་བའང་། ཆོས་ཀྱི་སྐུ་སྟོང་པ་དང་། སྙིང་རྗེ་གཉིས་སུ་མེད་པ་ལས་བྱུང་བའི་བདེན་པའི་བྱིན་རླབས་དང་། སློབ་དཔོན་བདག་ཉིད་ཀྱིས་ཀྱང་སྔོན་དུ་བསྙེན་པ་དང་ས་ཡོངས་སུ་བཟུང་བའི་དུས་དང་། སྟ་གོན་དང་། དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པའི་དུས་སུའང་དེ་བཞིན་དུ་རྟོགས་པའི་བདེན་པའི་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་སློབ་མ་རྣམས་ཀྱིས་རྡུལ་ཚོན་ནམ། མཚན་མའམ། སྐུ་ཙཀ་ལི་ལ་སོགས་པ་མཐོང་བ་མ་ཡིན་པར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་སྣང་ལ་རང་བཞིན་མེད་པའི་གཟུགས་ཀྱི་སྐུར་མཐོང་བར་ཤོག་ཅིག་ཅེས་དྲན་པར་བྱ་ཞེས་གསུངས་སོ། །བཞི་པ་ནི་འདི་དག་བདག་འཇུག་རྐྱང་པ་ལའང་བྱེད་པའི་ལུགས་དང་། སློབ་མ་དབང་བསྐུར་ཁོ་ན་ལ་བྱེད་པའི་ལུགས་གཉིས་སྣང་བ་ལས། བཟང་པོ་ཡོངས་གཟུང་ལས། བདག་འཇུག་བླངས་ཟིན་ནས་བདེན་པའི་སྟོབས་བརྗོད། ཅེས་པ་ཙམ་ལས་གསལ་ཁ་མི་སྣང་ཡང་། རིན་ཆེན་འབར་བར། གཟུགས་བརྙན་ལྟ་བུའི་འཁོར་ལོ་ལ། །སློབ་མ་གཞུག་ཕྱིར་བདེན་པ་བསྒྲག །ཅེས་པ་དང་། སློབ་དཔོན་ནག་པོ་པས། འཁོར་ལོ་དེ་ཉིད་གཟུགས་བརྙན་བཞིན། །རང་གིས་ཤེས་ནས་སློབ་མ་རྣམས། །གཞུག་ཕྱིར་གཙོ་ལ་གདབ་པར་མཛད། །ཅེས་གསུངས་པ་ལྟར་ན། སློབ་མ་གཞུག་པ་སློབ་མ་དབང་བསྐུར་ཁོ་ན་ལ་དགོས་པར་སྣང་ངོ་། །གལ་ཏེ་སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་པ་ལྟ་བུ་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་ཧེ་རུ་ཀས་གསོལ་བ་གདབ་པར་མོས་ཤིང་། སློབ་མ་ནི་བདག་འཇུག་ལེན་པ་པོ་རང་ཉིད་ལ་བྱར་རུང་ངོ་སྙམ་ན། དེ་ལྟར་ན་བདེ་མཆོག་ནག་པོ་དཀྱིལ་ཆོག་ལྟར་འཇུག་པའི་ཆོས་ཀྱི་ཐོག་མར་འབྱུང་བར་རིགས་ཏེ། བདེན་སྟོབས་ཀྱི་འབྲས་བུས་མིག་དར་ཕྱེ་ནས་རྡུལ་ཚོན་བལྟ་བའི་ཚེ་དགོས་པའི་ཕྱིར་རོ། །གནད་ཀྱི་དོན་ནི་བདེན་སྟོབས་བརྗོད་པའི་ཚིགས་བཅད་གསུམ་པོ་བདག་འཇུག་རྐྱང་པ་ལ་སྐབས་འདིར་བྱེད་པ་ནི་ལྷག་པ་ཡིན་ལ། དམ་ཚིག་གསུམ་གྱི་གླུའི་ཚིགས་བཅད་དྲུག་པོ་བདག་འཇུག་རྐྱང་པ་ལ་མ་བྱས་ཀྱང་ཆད་པའི་སྐྱོན་མེད་ཅིང་། བྱས་ནའང་ལྷག་པའི་སྐྱོན་དུ་མི་འགྱུར་ཏེ། ཚིག་གི་དོན་རྣམས་ཀྱང་འབྲས་བུ་བདག་གིས་འགྲུབ་པའི་གསོལ་གདབ་ཏུ་སྣང་བའི་ཕྱིར་དང་། རྗེ་བཙུན་རྩེ་མོས། ཁྱེད་ཀྱི་མཁྱེན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཞེས་པ་ཡན་ཆད་བདག་འཇུག་རྐྱང་པ་ལ་རུང་བའི་དོན་དུ་སྣང་བའི་ཕྱིར་རོ། །དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་གཉིས་པོ་ཆོ་ག་བཞིན་བཏང་ལ། ཚོགས་ཀྱི་ཡོ་བྱད་བཟའ་བ་དང་། བཏུང་བ་རྣམས་བླངས་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ནས་བརྩམས་ཏེ། དམ་ཚིག་དང་ལྡན་པའི་སྐྱེ་བོ་བཟའ་བ་དང་། བཏུང་བས་ཚིམ་པར་བྱས་ནས་ལྷག་མའི་གཏོར་མའི་བར་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་བཞིན་དུ་བྱའོ། །དེའི་རྗེས་ལ་ལོ་ཀའི་གཏོར་མའང་གཏང་སྟེ། འདས་པའི་གཏོར་མ་བར་ཆད་ཞི་བར་བྱ་བའི་དོན་དུ་བཞག་ལ། སློབ་མ་གཞུག་པའི་ཆོ་ག་བྱའོ། །གཉིས་པ་སློབ་མ་གཞུག་ཅིང་དབང་བསྐུར་བ་ལ་གཉིས་ཏེ། འཇུག་པ་དང་། དབང་གི་དངོས་གཞིའོ། །དང་པོ་ལ་གསུམ་སྟེ། དཀྱིལ་འཁོར་གྱི་ཁང་པའི་ཕྱི་ནས་ནང་དུ་འཇུག་པ་དང་། ནང་ནས་དཀྱིལ་འཁོར་ཉིད་ལ་འཇུག་པ། དེ་དག་གི་སྐབས་སུ་སྡོམ་པ་གང་ཐོབ་པའོ། །དང་པོ་ལ་ལྔ་སྟེ། ཡོན་དང་མཎྜལ་དབུལ་ཞིང་གསོལ་བ་གདབ་པ། སེམས་བསྐྱེད་ཅིང་སྡོམ་པ་གཟུང་བ། བྱིན་རླབས་ཀྱི་ཆོས་བཞི་བྱ་བ། འདོད་པ་དྲི་ཞིང་ལན་གདབ་པ། སེམས་བསྐྱེད་ལ་གསང་བར་གདམས་ཏེ་གཽ་རཱི་ལ་སོགས་པའི་སྦྱོར་བས་ནང་དུ་འོང་དུ་གཞུག་པའོ། །དང་པོ་ནི། དེ་ནས་རྡོ་རྗེ་དང་། ལས་ཐམས་ཅད་པའི་བུམ་པ་དང་། གདོང་གཡོགས་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་ཀུན་བཟུང་ལ། དཀྱིལ་འཁོར་གྱི་ཁང་པ་ཡོད་ན་དེའི་སྒོ་དྲུང་དུ་སོང་ལ་བྱ། དཀྱིལ་འཁོར་གྱི་ཁང་པ་མེད་ན་དཀྱིལ་འཁོར་དང་བར་དུ་ཡོལ་བས་བཅད་ལ་བྱའོ། །དེའང་སློབ་མ་རྣམས་ཁྲུས་བྱས་ཏེ། སྟ་གོན་གྱི་གྲལ་རིམ་བཞིན་འདུག་ཏུ་བཅུག་ལ། གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་སྟེ། མདོར་ན་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཇི་ཙམ་དབང་བའི་དཔལ་འབྱོར་རྣམས། དཀྱིལ་འཁོར་དུ་འཇུག་པའི་ཡོན་དུ་དབུལ་བར་མོས་ཤིང་། མཎྜལ་ཚོམ་བུ་བདུན་པ་དབུལ། དེ་ནས་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ་སྟེ། དོན་ནི་སྔར་སྟ་གོན་གྱི་སྐབས་སུ་བཤད་ཟིན་ཏོ། །དཀྱིལ་ཆོག་གཉིས་དང་། མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་སོགས་མང་པོར། དམ་ཚིག་དེ་ཉིད་བདག་ལ་སྩོལ། །ཞེས་པའི་མཇུག་ཏུ། སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་རོལ་མོ་ལས་བྱུང་བའི། །ཞེས་སོགས་འབྱུང་བའི། སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །ཞེས་པའི་ཚིག་གིས་བྱང་སེམས་དང་། སོ་ཐར་གྱི་སྡོམ་པ་གཙོ་བོར་གསོལ་བ་གདབ་པའི་ཚིག་ཡིན་ལ། ལྷག་མ་རྣམས་ཀྱིས་ནི་དམ་ཚིག་དེ་ཉིད་བདག་ལ་སྩོལ་གྱི་དོན་རྒྱས་པར་བཤད་པའོ། །གཉིས་པ་ལ་གཉིས་ཏེ། སྡོམ་པ་བསྒྲག་པའི་དོན་བཤད་པ་དང་། སྡོམ་པ་གཟུང་བའི་དོན་བཤད་པའོ། །དང་པོ་ནི། སྔར་སྟ་གོན་གྱི་སྐབས་སུ། སྡོམ་པ་གཟུང་བ་རྒྱས་པར་བྱས་ན་སྐབས་འདིར་རྒྱུན་བཤགས་ཙམ་གྱིས་ཆོག་ལ། མ་བྱས་ན་སྐབས་འདིར་སྡོམ་པ་གཟུང་བ་རྒྱས་པར་བྱ་དགོས་པས། དེའི་སྔོན་དུ་སྡོམ་པ་བསྒྲག་པ་དགོས་སོ། །བསྒྲག་པའི་ཚིག་ནི་རྡོ་རྗེ་རྩེ་མོ་ལས་བྱུང་བ། བླ་མེད་ཀྱི་དཀྱིལ་ཆོག་རྣམས་སུ་རྒྱ་གར་བའི་སློབ་དཔོན་ཕལ་ཆེར་གྱིས་བཤད་ཅིང་། དེ་དག་ལ་རིགས་ལྔ་སོ་སོའི་དམ་ཚིག་ཙམ་བསྒྲག་པ་དང་། ཚང་མར་བསྒྲག་པའི་ལུགས་ཅི་རིགས་པ་སྣང་བ་ལས། འདིར་ནི་རིན་ཆེན་འབར་བ་ལས་འབྱུང་བ་ལྟར། ཚང་བར་བསྒྲག་པའི་ལུགས་སོ། །འདི་ལ་གསོལ་བཏབ་ཀྱི་གོ་རིམ་དང་མཐུན་པར་སྔགས་ཀྱི་དམ་ཚིག་བསྒྲག་པ། བྱང་སེམས་ཀྱི་སྡོམ་པ་བསྒྲག་པ། སོ་ཐར་གྱི་སྡོམ་པ་བསྒྲག་པ་དང་གསུམ་དུའང་རུང་བར་སྣང་མོད་ཀྱི། བསྒྲག་གཟུང་གོ་རིམ་མི་མཐུན་པའི་ཁྱད་པར་རྟོགས་པའི་ཆེད་དུ་བཤད་ན་རིགས་ལྔ་སོ་སོའི་དམ་ཚིག་བསྒྲག་པ། སྤྱིའི་དམ་ཚིག་བསྒྲག་པ། སྡོམ་པ་མདོར་བསྡུས་ཏེ་བསྒྲག་པ་དང་གསུམ་ལས། དང་པོ་ལ། རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས་སོགས་ཏེ། སངས་རྒྱས་ལ་སོགས་པའི་དཀོན་མཆོག་གསུམ་གཟུང་བའོ། །དེའང་བརྡའི་དཀོན་མཆོག་གསུམ་ནི་གྲགས་པར་ཟད་དོ། །དོན་གྱི་དཀོན་མཆོག་གསུམ་ནི་རང་གི་སེམས་རང་བཞིན་གྱིས་སྒྲིབ་པ་ལས་གྲོལ་བས་སངས་རྒྱས་དང་། དེ་རྟོགས་པ་མེད་པས་རྟོགས་པར་བྱེད་པས་ཆོས་དང་། དེ་ཉིད་ཉམས་སུ་ལེན་པས་དགེ་འདུན་ཏེ་དེ་གཟུང་བར་གྱིས་ཞེས་པའོ། །འདི་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པོར་གྱུར་པ་འོ། །ཞེས་པ་ནི་འགྱུར་ཁ་ཅིག་ལས། རིགས་དགའ་བའི་ཞེས་འབྱུང་བ་དོན་གཅིག་ཅིང་། ཁ་ཅིག་ལ་རིགས་དག་པའི་ཞེས་པའང་འབྱུང་ངོ་། །མི་བསྐྱོད་པའི་དམ་ཚིག་ནི། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཞེས་སོགས་ཏེ་རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་དང་། དེ་དག་གི་དེ་ཁོ་ན་ཉིད་ཡང་དག་པར་སྟོན་པར་བྱེད་པའི་སློབ་དཔོན་རྣམས་གཟུང་བར་གྱིས་ཞེས་པ་སྟེ། རྡོ་རྗེ་དང་དྲིལ་བུ་ལ་བརྡ་དང་དོན་གཉིས་ལས། བརྡ་ནི་གྲགས་པར་ཟད་ལ། དོན་ནི། བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །ཞེས་པའོ། །ཕྱག་རྒྱ་ནི་ཡོ་གར་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱ་ལ་འཆད་དགོས་ཀྱང་འདིར་ནི་དེ་དང་། ལས་ཀྱི་ཕྱག་རྒྱ་གཉིས་ཀ་ལ་འཆད་དགོས་སོ། །སློབ་དཔོན་ནི་དབང་བསྐུར་བ་དང་། རྒྱུད་འཆད་པ་དང་། མན་ངག་སྟོན་པ་སྟེ། གང་ཡང་རུང་བ་གཅིག་ལྡན་ནམ། གཉིས་ལྡན་ནམ། སུམ་ལྡན་ནོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ནི། རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཞེས་སོགས་ཏེ། ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་དང་། བྱམས་པའི་སྦྱིན་པ་སྟེ། དངོས་སུ་བསྒྲུབ་ནུས་པ་རྣམས་དངོས་སུ་བསྒྲུབ་པ་དང་། དངོས་སུ་བསྒྲུབ་མི་ནུས་པ་རྣམས་སེམས་ཀྱི་འཕེན་པའི་སྒོ་ནས་བསྒྲུབ་པའོ། །པདྨའི་རིགས་ཀྱི་དམ་ཚིག་ནི། ཕྱི་དང་གསང་བ་ཐེག་པ་གསུམ། །ཞེས་སོགས་ཏེ། ཕྱི་ཡིས་བསྡུས་པའི་གསང་སྔགས་བྱ་བ་དང་སྤྱོད་པ། གསང་བས་བསྡུས་པའི་གསང་སྔགས་རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ། ཐེག་པ་གསུམ་པོ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་སྟེ། མདོར་ན་དམ་པའི་ཆོས་གཟུང་བར་གྱིས་ཞེས་པའོ། །སམྦུ་ཊ་དང་། རྡོ་རྗེ་མཁའ་འགྲོ་གཉིས་ཀ་ལས། ཕྱི་དང་གསང་བ་ཞེས་འབྱུང་ཞིང་། །གནད་ཀྱི་གསལ་བྱེད་དང་། བྷ་ཝ་བྷ་དྲའི་འགྲེལ་པ་གཉིས་ཀ་ལས་ངོས་འཛིན་འདི་ལྟར་འབྱུང་བས་དེང་སང་གི་ཟིན་བྲིས་ཁ་ཅིག་ལས། ཡོ་གའི་སྐབས་སུ་ཕྱི་དང་གསང་བ་ཞེས་དང་། བླ་མེད་ཀྱི་སྐབས་སུ་ཕྱི་ནང་གསང་བ་ཞེས་འདོན་དགོས་སོ། །ཞེས་བྲིས་པ་ལ་ནི་ཤེས་བྱེད་ཅིའང་མི་སྣང་ངོ་། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །ཞེས་སོགས་ཏེ། སྡོམ་པ་ཐམས་ཅད་གཟུང་བ་དང་། ཁྱད་པར་དུ་མཆོད་པའི་ལས་ཅི་ནུས་སུ་བྱ་བའོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་ནི་དཀོན་མཆོག་གསུམ་གཟུང་བ་གསུམ་དུ་ངེས་ཏེ། རྣམ་པར་སྣང་མཛད་ཀྱིས་སངས་རྒྱས་ཐམས་ཅད་བསྡུས་པ་ལྟར། དཀོན་མཆོག་གསུམ་གྱིས་ཆོས་ཐམས་ཅད་བསྡུས་པའི་ཕྱིར་རོ། །མི་བསྐྱོད་པའི་དམ་ཚིག་ནི་རྡོ་རྗེ་དྲིལ་བུ་གཟུང་བ་སོགས་བཞིར་ངེས་ཏེ། མི་བསྐྱོད་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །རིན་པོ་ཆེའི་རིགས་ཀྱི་དམ་ཚིག་ནི་སྦྱིན་པ་བཞིར་ངེས་ཏེ། རིན་ཆེན་འབྱུང་ལྡན་སྦྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །པདྨའི་རིགས་ཀྱི་དམ་ཚིག་ནི་དམ་པའི་ཆོས་གཟུང་བ་གཅིག་ཏུ་ངེས་ཏེ། འོད་དཔག་ཏུ་མེད་པ་ཤེས་རབ་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ལས་ཀྱི་རིགས་ཀྱི་དམ་ཚིག་ནི་སྡོམ་པ་ཐམས་ཅད་གཟུང་བ་སོགས་གཉིས་སུ་ངེས་ཏེ། དོན་ཡོད་གྲུབ་པ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཞེས་རྗེ་བཙུན་རྩེ་མོས་བཤད་དོ། །གཉིས་པ་ལ་གཉིས་ཏེ། ཚུལ་ཁྲིམས་གསུམ་པོ་སྤྱིའི་དམ་ཚིག་ཏུ་བཤད་པ་དང་། སོ་སོའི་དམ་ཚིག་ཏུ་བཤད་པའོ། །དང་པོ་ནི། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་སོགས་ཤླཽ་ཀ་གསུམ་སྟེ། འདི་ལ་མི་འཐད་པའི་ཆ་དགག་པ། དོན་ལ་གནས་པའི་ཕྱོགས་བཤད་ལ། དེའི་ཤེས་བྱེད་འགོད་པ་དང་གསུམ་ལས། དང་པོ་ནི། སྔོན་གྱི་ཡོ་ག་བ་ཁ་ཅིག སྐབས་འདིའི་ཕས་ཕམ་པ་བཅུ་བཞི་ནི། རིགས་ལྔ་སོ་སོའི་དམ་ཚིག་གི་ལོག་ཕྱོགས་དཀོན་མཆོག་གསུམ་མ་བཟུང་བ། རྡོ་རྗེ་དང་། དྲིལ་བུ་དང་། སློབ་དཔོན་མ་བཟུང་བ། སྦྱིན་པ་བཞི་མ་བཟུང་བ། ཐེག་པ་གསུམ་མ་བཟུང་བ། སྡོམ་པ་ཐམས་ཅད་དང་། མཆོད་པའི་ལས་མ་བཟུང་བ་གཅིག་ཏུ་བགྲངས་པ་རྣམས་ཡིན་ནོ། །ཞེས་འདོད་པ་ནི་མི་འཐད་དེ། གྲངས་བགྲང་བའི་ཚུལ་ཉིད་ཀྱང་མི་འཐད། མ་བཟུང་བ་ཙམ་ཕམ་པར་མི་འཐད། དེ་དག་སྤོང་བ་ལ་འདོད་ན། དེ་ལས་གཞན་ཡང་ཞེས་པའི་ཚིག་སྦྱོར་མི་འཐད་པའི་སྐྱོན་གསུམ་ཡོད་པའི་ཕྱིར་རོ། །དང་པོ་ནི། མི་བསྐྱོད་པའི་རིགས་ལ་ཕྱག་རྒྱ་མ་བཟུང་བ་མི་བགྲང་བ་མི་འཐད་དེ་གཞུང་ཉིད་ལས་དངོས་སུ་བཤད་པའི་ཕྱིར་རོ། །པདྨའི་རིགས་ལ་ཐེག་པ་གསུམ་སོ་སོར་བགྲངས་ན་ཕྱི་དང་གསང་བའང་སོ་སོར་བགྲང་དགོས་པས་ལྔར་འགྱུར་ལ། དམ་པའི་ཆོས་གཟུང་བ་གཅིག་ཏུ་བགྲངས་ན་ཆོས་ཐམས་ཅད་ཀྱང་དེར་འདུས་པས་ཐེག་པ་གསུམ་སོ་སོར་བགྲང་བ་མི་འཐད་ཅིང་། ལས་ཀྱི་རིགས་ལ་གཉིས་དངོས་སུ་ཡོད་པས་གཅིག་ཏུ་བགྲང་བ་མི་འཐད་དོ། །གཉིས་པ་ནི། དཀོན་མཆོག་གསུམ་ལ་སོགས་པ་མ་བཟུང་བའི་དོན། གཉེན་པོའི་སྟོབས་ཀྱིས་ཇི་ལྟ་བ་བཞིན་གཟུང་བར་མ་ནུས་པ་ལ་འདོད་ན་ཕས་ཕམ་པར་མི་འཐད་དེ། སྦྱིན་པ་རྣམ་བཞི་དངོས་སུ་གཏོང་བར་མ་ནུས་པ་ཙམ་ཕས་ཕམ་པ་ཡིན་ན་ཧ་ཅང་ཐལ་བའི་ཕྱིར་རོ། །གསུམ་པ་ནི། དེ་དག་ཡིད་ཀྱིས་དགོས་པ་མེད་པའི་བློས་སྤོང་བ་ལ་འདོད་པ་ཡིན་ན་ནི། དེ་ལས་གཞན་ཡང་ཞེས་པའི་ཚིག་དང་འགལ་ཏེ། སྤང་ཞིང་དོར་བར་མི་བྱ་སྟེ། །ཞེས་པ་དང་སྦྲེལ་བའི་ཚེ་སྔར་གྱི་དཀོན་མཆོག་གསུམ་ལ་སོགས་པ་ཡིད་ཀྱིས་སྤངས་ཤིང་། ལུས་ངག་གིས་དོར་ན་ཕས་ཕམ་པར་འགྱུར་བར་མ་ཟད། གཞན་ཡང་བཅུ་བཞི་སྤངས་ཤིང་དོར་ན་རྩ་བའི་ལྟུང་བར་བཤད་ཅེས་པའི་དོན་དུ་འཆད་དགོས་པའི་ཕྱིར་ཏེ། དཔལ་མཆོག་དུམ་བུ་གཉིས་པའི་འགྲེལ་ཆེན་ལས། བསམ་པ་ཙམ་གྱིས་འདི་དག་ཐམས་ཅད་འགྲུབ་པ་ཡིན་ཏེ། ཕྱག་རྒྱ་ལ་སོགས་པ་འདི་དག་གིས་ཅི་ཞིག་བྱ། ཞེས་བྱ་བས་འདི་ཡོངས་སུ་སྤངས་ན་ཕམ་པར་འགྱུར་རོ་ཞེས་དང་། ཡང་དེ་ཉིད་ལས། ཐེག་པ་གསུམ་གི་ཆོས་ཡོངས་སུ་སྤང་བར་མི་བྱའོ། །ཞེས་བྱ་བ་ཇི་ལྟར་ཤེས་པར་འགྱུར་ཞེ་ན། ཉན་ཐོས་ཀྱི་ཐེག་པ་ལས་གསུངས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལས་གསུངས་པའམ། ཐེག་པ་ཆེན་པོ་ལས་གསུངས་པའི་དམ་པའི་ཆོས་ལ་སུན་འབྱིན་པས་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་ཅིང་། ཕམ་པར་གྱུར་ཅིང་མནར་མེད་པ་ལ་སོགས་པ་ཡིན་ནོ། །ཞེས་འཕགས་པ་ནམ་མཁའ་སྙིང་པོའི་མདོ་ལས་གསུངས་པའི་ཕྱིར་རོ། །ཞེས་སྔར་གྱི་དམ་ཚིག་བཅུ་བཞི་པོ་སྤངས་ཤིང་དོར་བ་ཕས་ཕམ་པར་བཤད་ཅིང་། འདི་དེ་ལས་གཞན་སྤངས་ཤིང་དོར་བ་ལ་འཆད་དགོས་པའི་ཕྱིར་རོ། །ཕྱིས་ཀྱི་བླ་མ་ཁ་ཅིག སྡོམ་པ་བསྒྲག་པའི་ཚིག་འདི་དག་རྡོ་རྗེ་རྩེ་མོ་ལས་འབྱུང་བ་བཞིན། བླ་མེད་ཀྱི་དཀྱིལ་ཆོག་འགའ་ཞིག་ལས་ཀྱང་འབྱུང་ཞིང་། སྡོམ་པ་གཟུང་བའི་ཚིག་རྣམས་རྡོ་རྗེ་རྩེ་མོ་དང་། སམྦུ་ཊ་དང་། རྡོ་རྗེ་མཁའ་འགྲོ་གསུམ་ཆར་ལས་འབྱུང་བས་གཟུང་བྱའི་དམ་ཚིག་དང་སྡོམ་པ་རྣམས་ཀྱང་ཡོ་ག་དང་། རྣལ་འབྱོར་བླ་མེད་གཉིས་ཆར་གྱི་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར་སྐབས་འདིར་ཕས་ཕམ་པ་བཅུ་བཞི་ནི་བླ་མེད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་ཡིན་ནོ་ཞེས་སྨྲའོ། །འདི་ནི་རྣམ་པར་འཁྱམས་པ་སྟེ། སྔར་གྱི་སྒྲུབ་བྱེད་དེ་དག་གིས་ཡོ་གའི་སྐབས་སུ་ཇི་ཙམ་གཟུང་བའི་དམ་ཚིག་དང་། སྡོམ་པ་རྣམས་བླ་མེད་དང་ཐུན་མོང་བར་འགྲུབ་ཀྱང་། བླ་མེད་ཀྱི་དམ་ཚིག་དང་སྡོམ་པ་ཡོ་ག་དང་ཐུན་མོང་བར་མི་འགྲུབ་པའི་ཕྱིར་ཏེ། གལ་ཏེ་འགྲུབ་ན་གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བར་འགྲུབ་པར་འགྱུར་ཏེ། ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་པོ་གཟུང་བའི་ཚིག་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་ཀྱི་གཞུང་གཉིས་ཆར་ལས་བཤད་པར་མཚུངས་ཤིང་། གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་ཀྱང་གསུམ་པོ་དེས་མ་བསྡུས་པ་གང་ཡང་མེད་པའི་ཕྱིར་རོ། །བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་ཡོ་གའི་རྩ་ལྟུང་དུ་འཆད་པ་སྔར་རྒྱ་བོད་གང་དུའང་མ་བྱུང་ཞིང་། རྩ་ལྟུང་བརྒྱད་པ་དང་། བཅུ་གསུམ་པའི་བསྲུང་རྒྱུ་ཉིད་ཀྱང་ཡོ་ག་ལ་མེད་པས་རང་དགར་སྨྲ་བ་ཁོ་ནར་ཟད་དོ། །གལ་ཏེ་རྩ་ལྟུང་བཅུ་གསུམ་པའི་དོན་བླ་མེད་ཀྱི་སྐབས་སུ་ཚོགས་རྫས་སྤོང་བ་ལ་འཆད་ཅིང་། ཡོ་གར་རྡོ་རྗེ་དྲིལ་བུ་སྤོང་བ་ལ་འཆད་དོ་སྙམ་ན། དེའང་མ་བརྟགས་པ་སྟེ། རྡོ་རྗེ་དྲིལ་བུ་སྤོང་བ་ནི་རིགས་སོ་སོའི་དམ་ཚིག་སྤོང་བའི་ཁོངས་སུ་འདུས་པས། དེ་ཉིད་འདིར་འཆད་ན་གཞན་རྣམས་ཀྱང་འཆད་དགོས་པར་མཚུངས་པའི་ཕྱིར་རོ། །ཡང་ཡོ་ག་པ་ཁ་ཅིག འོག་ནས་འབྱུང་བའི་སྲོག་ཆགས་གསད་པ་སོགས་ལྔ། བྱ་བ་མ་ཡིན་པ་བྱེད་པ། དམ་པ་མི་བསྟེན་པ་དང་། རྣལ་འབྱོར་པ་བསྙེན་མི་བཀུར་བ་གཉིས་གཅིག་ཏུ་བགྲང་། དགེ་བ་བཅུ་མི་སྤྱོད་པ་གཅིག་ཏུ་བགྲང་། ཐེག་པ་དམན་ལ་འདོད་པ་སོགས་བཞི། ལྷ་སོགས་བརྙས་པ་ཕྱག་རྒྱ་སོགས་འགོམ་པ་རྣམས་ལ་འཆད་པའང་མི་འཐད་དེ། ཆང་འཐུང་བ་ཙམ་དང་། དམ་པ་ཉེ་བར་མི་བསྟེན་པ་དང་། རྣལ་འབྱོར་པ་བསྙེན་བཀུར་མི་བྱ་བ་དང་། ཕྱག་རྒྱ་དང་། བཞོན་པ་དང་། མཚོན་བྱ་འགོམ་པ་ཙམ་ལ་ཕས་ཕམ་པར་བྱེད་ན་ཧ་ཅང་ཐལ་བའི་ཕྱིར་དང་། ཕས་ཕམ་པ་ནི་རབ་ཏུ་བཤད། །ཅེས་པས་གཞུང་ལུགས་གཅིག་ཏུ་ཕས་ཕམ་པ་བཅུ་བཞིར་བཤད་པ་སྟོན་ལ། འདི་དག་གཞུང་ལུགས་གཅིག་ཏུ་ཕས་ཕམ་བཅུ་བཞིར་བཤད་པ་གང་ནའང་མེད་པའི་ཕྱིར་རོ། །གཉིས་པ་ནི། སྔགས་གྱི་དམ་ཚིག་བཅུ་བཞི་པོ་སྤོང་བ་དེ་ལས་གཞན་ཡང་བཅུ་བཞི་ནི་ཕས་ཕམ་པར་ནམ་མཁའི་སྙིང་པོའི་མདོ་ལས་རབ་ཏུ་བཤད་དེ། བྱང་ཆུབ་སེམས་དཔའ་རྒྱལ་པོ་ལ་འབྱུང་བ་ལྔ། བློན་པོ་ལ་འབྱུང་བ་ལྔ། ལས་དང་པོ་པ་ལ་འབྱུང་བ་བརྒྱད་དེ། རྟེན་སྒོ་ནས་བཅོ་བརྒྱད་དུ་ཕྱེའང་། ངོ་བོའི་སྒོ་ནས་རྒྱལ་པོའི་དང་པོ་བཞི་དང་། བློན་པོའི་དང་པོ་བཞི་ཁྱད་པར་མེད་པས་བཅུ་བཞིར་འདུས་པའི་ཕྱིར་རོ། །དེས་ན་དེ་དག་སྐབས་འདིར་བསྲུང་མི་དགོས་སོ། །ཞེས་པའི་སྒོ་ནས་དེ་དག་བསྲུང་བ་ཡིད་ཀྱིས་སྤོང་ཞིང་ལུས་ངག་གིས་དོར་བར་མི་བྱ་སྟེ། ཐེག་པ་ཆེན་པོའི་སྡེ་སྣོད་ལས། རྩ་བའི་ལྟུང་བར་བཤད་པའི་ཕྱིར་རོ། །ཞེས་པའོ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཞེས་སོགས་ནི་སྲུང་ཚུལ་སྟོན་ཏེ་གོ་སླའོ། །གསུམ་པ་ནི། དེ་ལྟར་ཡིན་པར་ཅིས་ཤེས་ན། སྡོམ་པ་བསྒྲག་པའི་སྐབས་སུ་འདི་ལྟར་བསྒྲག་པ་དེ། གཟུང་བའི་སྐབས་སུ། ཇི་ལྟར་དུས་གསུམ་ མགོན་པོ་རྣམས། །ཞེས་སོགས་ཚིགས་བཅད་གཉིས་ལས་གཞན་མེད་ཅིང་། བྱང ་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་གྱི་སྤང་བྱའང་སེམས་ཙམ་ལུགས་ཀྱི་རྩ་བའི་ལྟུང་བ་བཞིའམ། དབུ་མ་ལུགས་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་ཉིད་ལ་ངོས་གཟུང་དགོས་པའི་ཕྱིར། འདི་ཉིད་རྗེ་བཙུན་རྩེ་མོས། གནད་ཀྱི་གསལ་བྱེད་ལས། བསླབ་པ་ཐམས་ཅད་འདི་གསུམ་དུ་འདུས་པས་འཇུག་པའི་སེམས་བསྐྱེད་པའོ། །འདི་ལས་ཕྱེ་བས་རྡོ་རྗེ་རྩེ་མོ་ལས། ཕས་ཕམ་བཅུ་བཞི་ཞེས་བྱ་བར་ཡོད། །འདི་ལ་སྒྱུར་བྱེད་ཁ་ཅིག་གིས། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །ཞེས་བྱ་བ་ལ་སོགས་པས་རྣམ་སྣང་གི་དམ་ཚིག་ཏུ་བསྡུས་ཏེ་འཆད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས་སྡོམ་པ་བསྒྲག་པའི་སྐབས་སུ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པར་གྱུར་པ་འོ། །ཞེས་རྣམ་སྣང་ལ་འདི་ཙམ་ལས་མ་གསུངས་པའི་ཕྱིར་དང་། ཡང་། དེ་ལས་གཞན་ཡང་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །ཅེས་བྱ་བ་ལ་སོགས་པ་བསླབ་པ་གསུངས་པ་དེ་ལ་བསླབ་པ་འདི་གསུམ་མ་ཡིན་པའི་གཟུང་བ་གང་ཡང་མེད་དོ། །ཞེས་གསུངས་པའི་དགོངས་པ་དཔྱིས་ཕྱིན་པའོ། །དེ་ཉིད་གྲུབ་ཆེན་ཀུན་དགའ་སྙིང་པོའི་དགོངས་པའང་ཡིན་ཏེ། དེ་ཉིད་འདུས་པའི་དུམ་བུ་དང་པོའི་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ནི། ཇི་ལྟར་དུས་གསུམ་ མགོན་པོ་རྣམས། །བྱང ་ཆུབ་ཏུ་ནི་ངེས་མཛད་པ། །ཞེས་བྱ་བ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་ལས་ལྡོག་པའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པས་སོ། །གཉིས་པ་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་པོ་སོ་སོའི་དམ་ཚིག་ལ་གསུམ་ལས། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་སོགས་ཤླཽ་ཀ་གཉིས་ཏེ། བྱང་སའི་ཚུལ་ཁྲིམས་ལེའུར་ཉེས་སྤྱོད་སྤོང་བའི་ཚུལ་ཁྲིམས་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སོ་ཐར་རིས་བདུན་ལ་ངོས་འཛིན་པ་མཛད་པ་ལས། འདི་ནི་མ་མཐའ་དགེ་བསྙེན་གྱི་བསླབ་པའི་གཞི་ལྔའི་དབང་དུ་བྱས་པའོ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །ཞེས་སོགས་ཚིག་རྐང་གཉིས་ནི་སོ་ཐར་དེའང་ཐེག་ཆེན་གྱི་སོ་ཐར་ཡིན་པས། དགོས་པ་ཁྱད་པར་ཅན་ཡོད་ན་གནང་ཞིང་མེད་ན་ཉན་ཐོས་བཞིན་དུ་བསྲུང་དགོས་པའི་དོན་ཏོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དམ་པ་ཉེ་བར་བསྟེན་བྱ་ཞིང་། །ཞེས་སོགས་ཚིག་རྐང་དྲུག་སྟེ། དང་པོ་གཉིས་ཀྱིས་དགེ་བའི་ཆོས་སྡུད་པའི་རྒྱུ་དང་། ལྷག་མ་རྣམས་ཀྱིས་དགེ་བའི་ཆོས་རང་གི་ངོ་བོ་བསྟན་ཏེ། ཐེག་པ་ཆེན་པོའི་དགེ་བ་བཅུ་དང་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་དོན་གཅིག་པའི་ཕྱིར་རོ། །སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི། ཐེག་པ་དམན་ལ་འདོད་མི་བྱ། །ཞེས་སོགས་ཚིགས་བཅད་གཅིག་སྟེ། ཐེག་པ་དམན་ལ་འདོད་པ་སོགས་བཞི་ནི་སེམས་ཅན་གྱི་དོན་བྱེད་པའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །གསུམ་པ་སྡོམ་པ་མདོར་བསྡུས་ཏེ་བསྒྲག་པ་ནི། ལྷ་དང་ལྷ་མིན་གསང་བ་པ། །ཞེས་སོགས་ཏེ། མདོར་བསྡུ་ན། འོག་མའི་སྡོམ་པའི་ནང་དུ་གོང་མ་མ་འདུས་ཀྱང་། གོང་མའི་ནང་དུ་འོག་མ་འདུས་པ་རིགས་པའི་ཚུལ་ཡིན་པས། རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ཀྱི་སྡོམ་པ་གཟུང་བའི་ཚེ། རང་རང་གི་གཞུང་ནས་བཤད་པའི་ཐུན་མོང་མ་ཡིན་པའི་སྡོམ་པ་དང་། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པའི་སྡོམ་པ་གཟུང་བར་མ་ཟད། བྱ་སྤྱོད་གཉིས་ནས་བཤད་པའི་སྡོམ་པ་རྣམས་ཀྱང་གཟུང་དགོས་ཞེས་པའི་དོན་ཏེ། རྡོ་རྗེ་རྩེ་མོ་ལས། འཁོར་ལོ་རྡོ་རྗེ་པདྨ་སོགས། །མཚན་མའི་ཕྱག་རྒྱ་གང་ཡིན་པ། འགོམ་པ་ཉིད་དུ་མི་བྱ་ཞིང་། །བཟའ་བར་ཡང་ནི་མི་བྱའོ། །དེ་བཞིན་དམན་མ་ལྷ་ཡི་གྲིབ། །རྐང་པ་དག་གིས་བརྫི་མི་བྱ། །དེ་ཡི་སྟེང་དུ་འདུག་མི་བྱ། །སླར་ཡང་གཞག་པར་མི་བྱ་འོ། །ལྷ་ཡི་ཕྱག་མཚན་བཟང་པོ་དང་། །ལྷ་ཡི་བཞོན་པའི་མཚོན་ཆ་རྣམས། །འགོམ་ཞིང་བརྙས་པར་མི་བྱ་སྟེ། །སེམས་ཅན་ལ་ནི་གནོད་མི་བྱ། །ཞེས་གསུངས་པས་སོ། །རྗེས་མཐུན་སྡོམ་པ་རྒྱ་ཆེར་ནི། །ཞེས་སོགས་དོན་འདིར་མ་འདུས་པ་རྣམས་གསང་བ་སྤྱི་རྒྱུད་དུ་བལྟ་བར་བྱའོ་ཞེས་པའོ། །གཉིས་པ་སྡོམ་པ་གཟུང་བའི་དོན་བཤད་པ་ལ་གསུམ་སྟེ། རིགས་ལྔ་སྤྱིའི་སྡོམ་པ་གཟུང་བ། སོ་སོའི་སྡོམ་པ་གཟུང་བ། སྡོམ་པ་མདོར་བསྡུས་ཏེ་གཟུང་བའོ། །དང་པོ་ནི། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་ཚིགས་བཅད་གཉིས་ཏེ། སྐབས་འདིར་རིན་ཆེན་འབར་བ་དང་། མན་ངག་ལུགས་ཀྱི་དབང་ཆུ་གཉིས་ལས། གུར་ནས་འབྱུང་བའི་རྒྱུན་བཤགས་མཛད་པ་ལྟར་ན་རིགས་ལྔ་སྤྱིའི་དམ་ཚིག་སོ་ཐར་དང་། སྨོན་འཇུག་གི་སེམས་བསྐྱེད་གཟུང་བ་ཡིན་ལ། ཚིགས་བཅད་འདི་ཉིད་སླར་བརྗོད་པ་དང་། ཟློས་པའི་སྐྱོན་ཡང་མེད་དེ། རྒྱུན་བཤགས་ནི། དངོས་གཞི་སྔགས་སྡོམ་གྱི་ཉམས་ལེན་ལ། སོ་ཐར་དང་བྱང་སེམས་སྔོན་དུ་འགྲོ་དགོས་པའི་ལྡོག་པ་ནས་གཟུང་བ་ཡིན་ཅིང་སླར་ཚིགས་བཅད་གཉིས་བརྗོད་པ་ནི་བསྒྲག་པའི་ཚེ། རིགས་ལྔ་སྤྱིའི་དམ་ཚིག་དང་སོ་སོའི་དམ་ཚིག་གི་རྗེས་ལ་བསྒྲག་པ་དེ་ཉིད་འདིར་ཐོག་མར་གཟུང་བའི་དབང་དུ་བྱས་ལ། ཐེག་པ་ཆེན་པོའི་སྡོམ་པ་གཅིག་ཉིད་ཡང་ཡང་གཟུང་བ་ལ་ལམ་གོང་འཕེལ་དུ་འགྲོ་བའི་དགོས་པ་ཁྱད་པར་ཅན་ཡོད་པའི་ཕྱིར་རོ། །ཚིགས་བཅད་གཉིས་པོ་འདིའི་སྔོན་དུ་དཀྱིལ་ཆོག་ཁ་ཅིག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་འདི། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཞེས་པའི་ཚིག་སྦྱོར་བ་དང་། ཁ་ཅིག་ཏུ། ཚིག་རྐང་དང་པོ་གཉིས་པོ་ཁོ་ན་སྦྱར་བ་དང་། ལ་ལར་ཚིག་ལྷུག་པ་སྦྱར་བ་སོགས་མི་འདྲ་བ་དུ་མ་སྣང་ཡང་། འདིར་སྲས་བཅས་སངས་རྒྱས་ཐམས་ཅད་དང་། །ཞེས་སོགས་ཚིགས་རྐང་དྲུག་འབྱུང་བ་ནི། རིན་ཆེན་འབར་བ་ལས་འབྱུང་བ་ལྟར་མཛད་པའོ། །དེ་ལ་ཚིག་རྐང་དང་པོ་གསུམ་གྱིས་སྡོམ་པ་བླང་བའི་ཡུལ་བསྟན། དེ་ནས་གཅིག་གིས་ལེན་པ་པོ་བསྟན། ཕྱི་མ་གཉིས་ཀྱིས་དུས་བསྟན་ཏོ། །སྡོམ་པ་བསྒྲག་པའི་སྐབས་ཀྱི་རིགས་ལྔ་སྤྱིའི་དམ་ཚིག དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་པ་མན་ཆད་བཟུང་བའི་ཚིག་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་བཟུང་བའི་ཁོངས་སུ་འདུས་པའི་ཚུལ་ནི་བཤད་ཟིན་ཏོ། །གཉིས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །ཞེས་སོགས་ཚིགས་བཅད་ལྔ་སྟེ། རིགས་ལྔ་སོ་སོའི་དམ་ཚིག་བཅུ་བཞི་བཟུང་བའོ། །འདི་བླ་མེད་ལ་སྦྱར་བའི་ཚེ་བླ་མེད་ཀྱི་རྩ་ལྟུང་བཅུ་བཞི་བསྲུང་བའི་དམ་ཚིག་གཟུང་བའང་འདིའི་ཁོངས་སུ་འདུས་དགོས་ཏེ། འདིར་གཟུང་བའི་དོན་འོག་ཏུ་ཆོ་གས་ཐོབ་བའི་ཚེ། འདི་དག་སྲུང་བར་བྱའོ་ཞེས་ཁས་བླངས་པ་ཙམ་ཡིན་ལ། རྩ་ལྟུང་བཅུ་བཞི་བསྲུང་བའང་འོག་ཏུ་ཆོ་གས་འཐོབ་ཅིང་གཟུང་བའི་ཚིག་འདི་ལས་གཞན་མེད་པའི་ཕྱིར་རོ། །ཇི་ལྟར་འདུས་པའི་ཚུལ། རྩ་ལྟུང་འཁྲུལ་སྤོང་ལས་འབྱུང་མོད་ཀྱི། འདིར་ནི་ཡི་གེ་མང་གིས་དོགས་ནས་མ་བྲིས་སོ། །འོ་ན་ཡོ་ག་ལ་སྦྱར་བའི་ཚེ་ནའང་དེ་དང་གཟུང་བར་མཚུངས་སོ་སྙམ་ན་མི་མཚུངས་ཏེ། ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་པོ་གཟུང་བ་ཡོ་ག་དང་བླ་མེད་ལ་སྦྱར་བའི་ཚེ། གསང་སྔགས་ཀྱི་བསླབ་པ་བཟུང་བ་དེའི་ཁོངས་སུ་འདུས་ཀྱང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱར་བའི་ཚེ་མི་འདུས་པ་བཞིན་ནོ། །གསུམ་པ་ནི། བྱང་ཆུབ་སེམས་ནི་བླ་མེད་མཆོག །ཞེས་སོགས་ཚིགས་བཅད་གཉིས་ཏེ། འདིའི་དོན་རྗེ་བཙུན་རྩེ་མོས། དེ་ལྟར་རིགས་ལྔ་སོ་སོའི་སྡོམ་པ་བཟུང་ནས་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་གནས་ཏེ། གཞན་གྱི་དོན་བྱའོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར། བྱང་ཆུབ་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེའང་མ་བསྒྲལ་བ་དག་བསྒྲལ་བ་ལ་སོགས་པ་ནི་གོང་དུ་བརྗོད་པའི་རིགས་ལྔ་སོ་སོའི་སྡོམ་པ་དེ་དག་རེ་རེས་ཀྱང་རང་རང་གི་སྤང་བྱའི་ཆུ་བོ་ལས་སྒྲོལ་བ་ལ་སོགས་པ་རིམ་པ་བཞིས་དོན་བྱེད་པ་སྟེ། རྡོ་རྗེ་རིགས་ཀྱི་སྤང་བྱ་ནི་རྣམ་པར་རྟོག་པ། རིན་ཆེན་རིགས་ཀྱི་སྤང་བྱ་སེར་སྣ། པདྨའི་རིགས་ཀྱི་སྤང་བྱ་འདོད་ཆགས། ལས་ཀྱི་རིགས་ཀྱི་སྤང་བྱ་ལེ་ལོ་སྟེ། དེ་དག་ལ་གཉེན་པོ་བཞིའི་ཚུལ་གྱིས་འཇོམས་པའོ། །ཞེས་སློབ་དཔོན་ཀུན་དགའ་སྙིང་པོས་གསུངས་སོ། །ཞེས་བཤད་དོ། །བདག་འཇུག་རྐྱང་པ་ལ་སྡོམ་པ་བསྒྲག་གཟུང་གཉིས་ཀ་དགོས་སམ་སྙམ་ན། སྡོམ་པ་བསྒྲག་པའི་ཚིག་རྣམས་ཀྱང་བླ་མས་གསུང་བར་བསམས་ཏེ། བརྗོད་ན་ཤིན་ཏུ་ལེགས་པར་སྣང་སྟེ། འདི་འདྲའི་རིགས་ཅན་གོང་འོག་ཀུན་ཏུ་མང་དུ་ཡོད་པའི་ཕྱིར་རོ། །དེ་ལྟར་ནའང་འཕགས་པའི་བདག་འཇུག་གཉིས་དང་། ནུབ་པ་རིག་འཛིན་གྲགས་ཀྱི་བདག་འཇུག་ཏུའང་མ་བཤད་ཅིང་། གནས་སྐབས་གཞན་དུའང་སྡོམ་པ་གཟུང་བ་རྐྱང་པ་བྱེད་པ་མང་དུ་ཡོད་པས་མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་ནི་མེད་པ་འདྲའོ། །གསུམ་པ་བྱིན་རླབས་ཀྱི་ཆོས་བཞི་བྱ་བ་ནི། གདོང་བཅིང་བ་དང་། མེ་ཏོག་གི་ཕྲེང་བ་གཏད་པ་དང་། བདུད་རྩི་ལྕེ་ལ་གཞག་པ་དང་། བུམ་ཆུས་བསང་བ་དང་བཞི་ཡིན་ལ། གདོང་བཅིང་བ་ནི། ཨཱ་ཁྃ་ཝཱི་ར་ཧཱུྃ་ཞེས་པས་དར་དམར་པོས་སློབ་མའི་གདོང་བཅིངས་ཏེ། རྡུལ་ཚོན་གྱི་དཀྱིལ་འཁོར་མ་མཐོང་བའི་བརྡ་ཡིན་པས། མིག་གཉིས་བཅིང་དགོས་པ་ཡིན་ནོ། །འདི་ལ་གྲུབ་ཆེན་ལྭ་བ་པས། སློབ་མ་དབང་པོ་རབ་འབྲིང་ཐ་གསུམ་གྱི་རིམ་པས་གདོང་གཡོགས་སྲབ་མོ། འབྲིང་པོ། ཤིན་ཏུ་མཐུག་པོ་གསུམ་བཤད་པའི་རིགས་པས་ཀྱང་མིག་ཕྱེ་ནས་དཀྱིལ་འཁོར་མ་བསྟན་གྱི་བར། དཀྱིལ་འཁོར་བལྟ་བར་མི་རུང་བར་གྲུབ་བོ། །སྔར་དབང་བསྐུར་ཐོབ་པས་རུང་ངོ་སྙམ་ན། དེའང་མ་ཡིན་ཏེ། དེས་ཀྱང་གནས་སྐབས་དེའི་ཆོ་ག་ལས་འདའ་བར་མི་རུང་བའི་ཕྱིར་རོ། །ཡོ་གར་སྟོད་གཡོགས་དང་། སྨད་གཡོགས་དང་། ཁྱིམ་པ་ཡིན་ན་གཙུག་ཏོར་བཅིང་བར་བཤད་ཅིང་། དེ་ཉིད་སློབ་དཔོན་ཨ་བྷ་ཡས་ཕྲེང་བར་བླ་མེད་རྣམས་ལ་སྦྱར་ཡང་། བཟང་པོ་ཡོངས་བཟུང་ལས། གོས་དམར་གྱོན་ལ་རས་དམར་གྱིས། །མིག་དག་དགབ་པར་བྱས་ནས་ནི། །ཞེས་སྟོད་གཡོགས་དམར་པོ་དང་། མིག་དགབ་པར་གསུངས་ཀྱི། གཞན་བཤད་པ་མི་སྣང་ངོ་། །མེ་ཏོག་གི་ཕྲེང་བ་གཏད་པ་ནི། དེ་ཉིད་ལས། མེ་ཏོག་ཁ་དོག་སྣ་ཚོགས་པའི། །ཕྲེང་བ་ལག་པས་བཟུང་བ་ལ། །ཞེས་དང་། རིན་ཆེན་འབར་བ་ལས། མེ་ཏོག་གི་ཕྲེང་བ་གཟུང་ཞེས་པ་ཙམ་གསུངས་ཤིང་། དགྲ་ནག་གི་རྒྱུད་ལས། ཨུ་དུམྦཱ་ར་མནྡ་ར། །ཡོངས་འདུ་དང་ནི་མ་ལི་ཀ །ཀརྞི་ཀ་ཡི་ཕྲེང་བ་ནི། །ལེགས་པར་ལོངས་ལ་བུ་ཡིས་ཟུང་། །ཞེས་མེ་ཏོག་ལྔ་ཆར་རམ། གང་རུང་གི་ཕྲེང་བ་གཏད་པར་བཤད་དོ། །འདིའི་སྔགས་སྔ་མ་ཉིད་ཀྱིས་བྱེད་པར་རྣམ་སྣང་མངོན་བྱང་ལས་བཤད་ཅིང་། འདི་ལ་དཔའ་བོ་འབྲུ་ལྔ་ཞེས་པའི་ཐ་སྙད་ཀྱང་དེར་བཤད་དོ། །བདུད་རྩི་ལྕེ་ལ་བཞག་པ་ནི་སྐབས་འདིར་འབྲུ་གསུམ་བརྗོད་ཅིང་། སློབ་མའི་ལྕེ་ལ་བདུད་རྩི་བཞག་པ་ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་གཉིས་ལས་མ་གསུངས་པས། དབང་ཆུར་ཡང་དེའི་འགྲོས་ཀྱིས་མ་བཤད་ཀྱང་། མན་ངག་ལུགས་ལ་ངེས་པར་དགོས་པར་སྣང་སྟེ། ཨཱཥྚའི་གཞི་བཤད་དུ་བྱིན་རླབས་ཀྱི་ཆོས་བཞིའི་གསུམ་པར་བཤད་པའི་ཕྱིར་རོ། །དེ་ཉིད་བདེ་མཆོག་པའི་འགྲེས་ཤོར་བ་མ་ཡིན་གྱི། བདེ་མཆོག་ནག་པོ་དཀྱིལ་ཆོག་དང་། མན་ངག་ལུགས་ཀྱི་དབང་ཆུ་གཉིས་ཀྱི་ཁྱད་ཆོས་སུ་སྣང་བས་མ་ཆད་པ་གལ་ཆེའོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་ལས་བུམ་གྱི་ཆུས་བསང་བ་ནི་དཀྱིལ་ཆོག་ཀུན་མཐུན་པར་སྣང་ངོ་། །བཞི་པ་འདོད་པ་དྲི་ཞིང་ལན་གདབ་པ་ནི། བཟང་པོ་ཡོངས་གཟུང་ལས། ནང་དུ་གཞུག་པའི་རྗེས་སུ་བཤད་ཀྱང་། རིན་ཆེན་འབར་བ་ལས། སྐབས་འདིར། བུ་སྡུག་ཁྱོད་སུ་ཅི་ལ་དགའ། །སློབ་དཔོན་གྱིས་ནི་གཞུག་ཕྱིར་དྲི། །སྐལ་བཟང་བདེ་ཆེན་བདག་དགའ་འོ་ཞེས། །སློབ་མ་བློ་ཆེན་གྱིས་སྨྲའོ། །ཞེས་འབྱུང་བ་ལྟར། འདིར་ཡང་སྐབས་འདིར་མཛད་དོ། །དཀྱིལ་ཆོག་གཉིས་ཆར་ལས། དྲི་བ་དང་ལན་དང་པོ་ལས་མི་སྣང་ཡང་། འདིར་ནི་དེས་བུ་ལ་ཅི་ཞིག་བྱ། །ཞེས་པའི་དྲི་བ་དང་། སངས་རྒྱས་མཆོག་གི་དམ་ཚིག་གོ །ཅེས་པའི་ལན་ཏེ། དྲིས་ལན་གྱི་རིམ་པ་གཉིས་མཛད་དོ། །འདི་དག་གི་དོན། འཇུག་པའི་སྐབས་འདིར་རྒྱུན་བཤགས་ཀྱིས་ནི་སྔགས་སྡོམ་གྱི་ངོ་བོར་སྐྱེའང་སོ་ཐར་དང་། བྱང་སེམས་ཀྱི་ལྡོག་པ་ནས་བཟུང་བ་ཡིན་ལ། སྡོམ་པ་བསྒྲག་གཟུང་གི་སྐབས་སུ་ནི། བསྲུང་བ་ཁས་བླང་བ་ཙམ་ཡིན་གྱི། གནས་སྐབས་དེ་དང་དེའི་སྡོམ་པ་ཐོབ་པ་མ་ཡིན་པས། སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་སྔགས་སྡོམ་ཆོ་གས་བསྐྱེད་པའི་འགོ་བོ་འདི་ནས་བརྩམ་དགོས་སོ། །དེ་ལ་ཐོག་མར་བྱིན་རླབས་ཀྱི་ཆོས་བཞི་བྱས་ནས་ཆོ་གས་བསྐྱེད་པའི་སྔགས་སྡོམ་ཉིད་ཀྱི་འདོད་པ་དྲི་དགོས་པས། བུ་ཁྱོད་སུ་ཡིན་ཞེས་པ་ནི། སོ་ཐར་དང་བྱང་སེམས་ཙམ་གྱིས་མ་ཚིམས་པར། སྔགས་སྡོམ་འདོད་པའི་སྐལ་ལྡན་ཡིན་ནམ། ཞེས་པ་ཡིན་ལ། སྐལ་བཟང་བདག་ཅེས་པ་ནི་དེ་ཉིད་ཡིན་ཞེས་པའོ། །ཅི་ལ་དགའ་ཞེས་དྲིས་པའི་ལན་དུ། སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་སྔགས་སྡོམ་ལ་བདེ་བ་ཆེན་པོ་ཞེས་པའི་མིང་གིས་བཏགས་ནས་དེ་ལ་དགའ་ཞེས་པའོ། །དེས་བུ་ཁྱོད་ལ་ཅི་ཞིག་བྱ་ཞེས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ་ཅེས་པའི་དོན་ནི། འདི་ནས་བཟུང་སྟེ། འཇུག་པའི་ཆོས་ཙམ་མམ། དེའི་སྟེང་དུ་བུམ་དབང་ངམ། དེའི་སྟེང་དུ་དབང་གོང་མའི་སྐབས་སུ་གང་ཐོབ་པའི་སྡོམ་པ་ཐམས་ཅད་སངས་རྒྱས་མཆོག་གི་དམ་ཚིག་ཡིན་པས་དེ་ཉིད་བྱེད་ཅེས་པའོ། །དེས་ན་སཾ་བྷ་ར་ཞེས་པའི་དོན་སྡོམ་པ་དང་། བདེ་བའི་མཆོག་གཉིས་ཀ་ལ་འཇུག་པས། བདེ་བའི་མཆོག་གི་སྒྲ་དོན་སྡོམ་པ་གསུམ་ཆར་ལ་བཤད་དགོས་ཀྱང་། བདེ་བ་ཆེན་པོ་ཞེས་པ་དང་། སངས་རྒྱས་མཆོག་གི་དམ་ཚིག་ཅེས་པ་དང་། བླ་ན་མེད་པའི་བདེ་བ་ཞེས་པ་རྣམས་ནི་སྔགས་སྡོམ་ཁོ་ན་ལ་འཇུག་པས། འདི་ནས་བཟུང་སྟེ་དེ་ཉིད་ཆོ་གའི་སྒོ་ནས་བསྐྱེད་པ་དོན་དུ་གཉེར་ཞེས་པའི་དོན་ཏོ། །ལྔ་པ་སེམས་བསྐྱེད་ལ་གསང་བར་གདམས་ཏེ། གཽ་རཱི་ལ་སོགས་པའི་སྦྱོར་བས་ནང་དུ་འོང་དུ་གཞུག་པ་ལ་གསུམ་ལས། དང་པོ་སེམས་བསྐྱེད་པ་ལ། གང་བསྐྱེད་པར་བྱ་བའི་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་སའི་བདེན་གཉིས་ཟུང་དུ་འཇུག་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སོ། །ཇི་ལྟར་བསྐྱེད་པའི་ཚུལ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་མོས་པ་ཡིད་བྱེད་ཙམ་མ་ཡིན་གྱི། རྣམ་པ་ཟླ་བ་དང་། རྡོ་རྗེའི་གཟུགས་ཀྱི་སྒོ་ནས་བསྐྱེད་པའོ། །དེ་ལྟར་བསྐྱེད་པའི་དགོས་པའང་ལམ་བྱེད་བཞིའི་སྒོ་ནས་ཕ་རོལ་ཏུ་ཕྱིན་པའི་སྒོམ་ཚུལ་ལས་ཁྱད་པར་འཕགས་པ་སྟེ། རྣམ་པ་གཟུགས་ཀྱི་རྣམ་པར་བསྒོམས་པས་སྒོམ་སླ་བས་རྣམ་པ་ལམ་དུ་བྱེད་པ་ཞེས་བྱ། རྣམ་པ་དེ་ཉིད་ལ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་སུ་མོས་པས་མོས་པ་ལམ་དུ་བྱེད་པ་ཞེས་བྱ། དེ་ཉིད་སངས་རྒྱས་ཀྱི་སའི་འབྲས་བུ་དངོས་ཡིན་པར་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ། དེ་ལྟར་བསྒོམ་པས་སངས་རྒྱས་ཀྱི་སའི་བྱང་ཆུབ་ཀྱི་སེམས་གཉིས་ཀྱིས་ཟླ་བ་དང་རྡོ་རྗེ་གཉིས་ལ་བྱིན་གྱིས་བརླབས། དེས་རྣལ་འབྱོར་པའི་སེམས་རྒྱུད་བྱིན་གྱིས་བརླབས་པས་ན། བྱིན་རླབས་ལམ་དུ་བྱེད་པ་ཞེས་བྱའོ། །དེ་ཉིད་ལ་ཞེན་པས་འཇུག་ཅིང་འབྲེལ་བས་མི་བསླུ་བའི་ལམ་ཞེས་བྱ་སྟེ། འབྲས་བུ་དངོས་ལ་ཞེན་ཅིང་། རྣམ་པ་ཟླ་བ་དང་། རྡོ་རྗེ་གཉིས་ལ་འཇུག་པས་དེ་གཉིས་འབྲེལ་བའི་རྒྱུ་མཚན་གྱིས། ནམ་ཞིག་འབྲས་བུ་དངོས་གྲུབ་པ་ལ་མི་བསླུ་བའི་ཕྱིར་རོ། །ཇི་ལྟར་འབྲེལ་ན་ཆོས་ཉིད་དབྱེར་མེད་པ་དང་། སངས་རྒྱས་ཀྱི་སའི་ཀུན་རྫོབ་དང་། དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་གདུལ་བྱའི་ངོར་གཟུགས་སུ་སྟོན་པ་ན་ཟླ་བ་དང་། རྡོ་རྗེའི་རྣམ་པར་སྟོན་པའི་སྒོ་ནས་འབྲེལ་བ་ཡིན་ལ། འོག་ནས་འབྱུང་བའི་ཆོ་ག་ཐམས་ཅད་ལ་འདི་བཞིན་དུ་སྦྱར་བར་བྱའོ། །ཟབ་མོའི་གནད་འདི་དག་ལ་བུམ་འཛིན་རྟོག་པའི་གཟུང་རྣམ་ལ་ཕྱི་རོལ་བུམ་པར་འཁྲུལ་ནས་འཇུག་པ་དཔེར་བྱེད་པའི་སྨྲ་ངན་ལུགས་ངན་དེ་དག་ནི་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས་ཐོས་པར་གྱུར་ནའང་རྣ་བ་དགབ་པར་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་གཟུགས་ཀྱི་རྣམ་པར་བསྒོམས་ནས། ཨོཾ་སརྦ་ཞེས་སོགས་ཀྱི་རྗེས་ཟློས་བྱེད་པའི་སྒོ་ནས་བསྐྱེད་པ་སྟེ། སྔགས་དོན་ནི་སརྦ་ནི་ཐམས་ཅད། ཡོ་ག་ནི་རྣལ་འབྱོར། ཙིཏྟ་ནི་སེམས། ཨུཏྤ་ད་ཡ་ནི་བསྐྱེད་པ། མི་ནི་བདག་སྟེ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་བདེན་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་དུ་བདག་གིས་སེམས་བསྐྱེད་པར་བགྱིའོ། །ཞེས་པའོ། །དེ་ནས་དེ་བརྟན་པའི་ཕྱིར། བླ་མས་སློབ་མའི་སྙིང་གར་རྡོ་རྗེ་བཟུང་སྟེ་སུ་ར་ཏི་ཞེས་སོགས་བརྗོད། སྔགས་དོན་ལ་སུ་ར་ཏི་ནི་ཤིན་ཏུ་དགའ་བ། ས་མ་ཡ་ནི་དམ་ཚིག སྟཾ་ནི་ཁྱོད། ཧོ་ནི་ངོ་མཚར་བ། སིདྡྷི་གྲུབ་པ། བཛྲ་ནི་རྡོ་རྗེ། ཡཱ་ཐ་ནི་ཇི་ལྟ་བ་བཞིན། སུ་ཁ་ནི་བདེ་བ་སྟེ། ཤིན་ཏུ་དགའ་བའི་དམ་ཚིག་བསྐྱེད་པ་ཁྱོད་ངོ་མཚར་གྲུབ་པའི་རྡོ་རྗེ་ཇི་ལྟ་བ་བཞིན་བདེ་བ་ཡིན་ནོ་ཞེས་པ་སྟེ། ཕྲེང་བ་ཕྱི་མ་བ་རྣམས་ཀྱིས། ཤིན་ཏུ་དགའ་བའི་དམ་ཚིག་ཉིད། །དངོས་གྲུབ་རྡོ་རྗེ་ཇི་བཞིན་ཏེ། །ཞེས་བསྒྱུར་བ་དང་། ཡོ་ག་བ་རྣམས། ཤིན་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་ཉིད། ཐབས་ཇི་ལྟ་བ་བཞིན་དུ་བདེ་བ་དང་ལྡན་པས་བསྒྲུབ་པར་གྱིས་ཤིག་ཅེས་པ་ལྟར་རོ། །ལུགས་འདིས་ཧོ་ནི་ཐབས་སུ་བསྒྱུར་པར་སྣང་ངོ་། །གཉིས་པ་གསང་བར་གདམས་པ་ནི། སྤྱི་བོ་རྡོ་རྗེ་བཞག་ལ། དེང་ཁྱོད་ངས་དཀྱིལ་འཁོར་འདིར་བཅུག་ལ་དབང་བསྐུར་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་པར་འགྱུར་གྱིས། དཀྱིལ་འཁོར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་ཆེན་དམ་པ་ཡིན་ན། སོ་སོ་སྐྱེ་བོ་རྣམས་ཀྱི་གསང་བར་བྱ་བ་སྨོས་ཀྱང་ཅི་དགོས། ད་ཁྱོད་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་ལྡན་ཞིང་། སྔགས་ཀྱི་སྤྱོད་པ་དང་ལྡན་པར་ཁས་ལེན་གྱིན་འདུག་པས་ངས་དཀྱིལ་འཁོར་འདིར་འཇུག་པ་ཡིན་ནོ། །ཁྱོད་ཀྱིས་དཀྱིལ་འཁོར་འདི་འདྲ་ཞིག་གོ །དབང་བསྐུར་བ་དང་། སྔགས་ཀྱི་སྤྱོད་པ་འདི་འདྲ་ཞིག་གོ་ཅེས། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་དང་། ཞུགས་ཀྱང་རྩ་བའི་ལྟུང་བ་བྱུང་ནས་དམ་ཚིག་ཉམས་པ་དང་། མུ་སྟེགས་བྱེད་དང་། ཉན་ཐོས་ལ་སོགས་པ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག་ཅེས་པའོ། །དམ་གཞག་དང་འདི་ལ་ཁྱད་པར་ཅི་ཡོད་སྙམ་ན། བཟང་པོ་ཡོངས་གཟུང་དང་། ནས་གླིང་མ་གཉིས་ལས། དམ་གཞག་ལས་འདི་ལོགས་སུ་མི་མཛད་ཀྱང་། རིན་ཆེན་འབར་བ་དང་། ནག་པོའི་གཞུང་འགྲེལ་གཉིས་ལས། སྐབས་འདིར་མཛད་པ་ལྟར་དབང་ཆུར་ཡང་། དམ་གཞག་ལས་ལོགས་སུ་སྐབས་འདིར་མཛད་པར་སྣང་བའི་ཁྱད་པར་ནི་འདིར་ཕན་ཡོན་དང་ཉེས་དམིགས་སོགས་ཀྱི་རྒྱུ་མཚན་མ་བཀོད་པར་སྤྱིར་མ་སྨྲ་ཞིག ཅེས་བརྗོད་པ་ཙམ་ཡིན་ལ། དམ་གཞག་གི་སྐབས་སུ་ནི་སྨྲས་པའི་ཉེས་དམིགས་དང་། མ་སྨྲས་པའི་ཕན་ཡོན་བསྟན་པའི་སྒོ་ནས་དམ་ལ་གཞག་པའོ། །གསུམ་པ་གཽ་རཱི་ལ་སོགས་པའི་སྦྱོར་བས་ནང་དུ་འོང་དུ་གཞུག་པ་ནི། དཀྱིལ་འཁོར་ཁང་པ་ཉིས་རིམ་ཡོད་ན་མིག་དར་དང་བཅས་བཞིན་དུ་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུས་ནས། ཁང་པ་ནང་མའི་ནང་དུ་ཁྲིད་ནས་གྲལ་རིམ་བཞིན་དུ་བཀོད་པ་ཡིན་ལ། དེ་འདྲ་མེད་ན་ཡོལ་བ་བསལ་ནས་སློབ་དཔོན་གྱི་ལག་གི་རྡོ་རྗེ་ལ་འཇུ་བ་རེ་བྱས་ཏེ། ཧཱུྃ་ཛཿཧཱུྃ་ཞེས་བརྗོད། དེ་ལ་ཧཱུྃ་ནི་ཡི་དམ་ལྷའི་ས་བོན་ཡིན་ལ། ཛཿཧཱུྃ་ནི་དེ་གང་དུ་བཞུགས་པའི་དཀྱིལ་འཁོར་གྱི་སྒོ་དྲུང་དུ་གཞུག་པའི་དོན་ཏོ། །སྤྲོས་པ་ལ་དགའ་ན། ལྷ་མོ་བཞིའི་སྔགས་བརྗོད་དེ། སློབ་དཔོན་གྱིས་ཁྲིད་པ་བཞིན་དུ་ལྷ་མོ་བཞིས་ཀྱང་ཁྲིད་པར་བསམས་ཏེ། རིན་ཆེན་འབར་བ་ལས། གཽ་རཱི་ལ་སོགས་རང་སྔགས་ཀྱིས། །དམ་པས་དགུག་དང་གཞུག་པར་བྱ། །ཡི་གེ་ལྔ་ཡང་དེ་བཞིན་དུ། །བརྗོད་དེ་དམ་ཚིག་མཆོག་འཛིན་གཞུག །ཅེས་གསུངས་པ་དང་མཐུན་ནོ། །དཀྱིལ་ཆོག་འགའ་ཞིག་ཏུ། ཨཱ་ཁྃ་ཝཱི་ར་ཧཱུྃ་གི་སྔགས་བརྗོད་པར་བཤད་པའང་འདི་དང་མཐུན་པར་སྣང་ཞིང་། དཀྱིལ་ཆོག་འདི་ལྟར་ན། གཽ་རཱི་ལ་སོགས་པའི་སྔགས་དང་། འཇུག་སྔགས་གཉིས་ཀ་བརྗོད་དགོས་པར་སྣང་ངོ་། །གཉིས་པ་ཡོལ་བའི་ནང་ནས་དཀྱིལ་འཁོར་དུ་འཇུག་པ་ལ་བཞི་སྟེ། སྔོན་འགྲོ་དམ་ལ་གཞག་པ། དངོས་གཞི་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ། མེ་ཏོག་གི་ཕྲེང་བ་དབུལ་ཞིང་མགོ་ལ་བཅིང་བ། མིག་ཕྱེ་ནས་དཀྱིལ་འཁོར་བསྟན་པའོ། །དང་པོ་ལ་ཕན་ཡོན། ཉེས་དམིགས། གཉིས་ཀ བླ་མའི་བཀའ་གཉན་པའི་སྒོ་ནས་དམ་ལ་གཞག་པ་བཞི་ལས། དང་པོ་ནི། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ལ། ཡེ་ཤེས་གང་གིས་ཞེས་སོགས་བརྗོད། སློབ་མ་མང་པོ་ཡོད་ན་དེ་བཞིན་དུ་ནི་སློབ་མ་རེ་རེ་ཞིང་བྱ་སྟེ། དེའི་དོན་གོ་བར་བྱའོ། །བདག་མེད་མའི་བྱིན་རླབས་ཀྱི་སྐབས་སུ། དམ་གཞག་ཐུན་མོང་དུ་ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག་པ་སོགས་རེ་རེ་བྱེད། སྒོས་སུ་མི་རེ་རེ་ལ་ཚང་བར་མི་མཛད་ཅེས་གསུངས་པ་དང་། དབང་ཆུར་སྔ་མ་ལྟར་གསུངས་པའི་འགྲོས་ཀྱིས། རྒྱུ་དུས་སུ་མི་རེ་རེ་ལ་ཚར་རེ་མཛད་དགོས་པར་སྣང་ངོ་། །ངས་དཀྱིལ་འཁོར་འདིར་བཅུག་ཅིང་དབང་བསྐུར་ན། དབང་གི་ཡེ་ཤེས་སྐྱེས་པ་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དེ། ཕྱག་ཆེན་མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རལ་གྲི་དང་། ས་འོག་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ལྟ་སྨོས་ཀྱང་ཅི་དགོས་ཞེས་སོགས་སོ། །གཉིས་པ་ནི། སྙིང་གར་རྡོ་རྗེ་བཞག་ལ། ཧཱུྃ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །ཞེས་སོགས་བརྗོད། འདི་ལ་དགྲ་ནག་ཞང་ལུགས་པས། དབང་བསྐུར་བའི་དུས་སུ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི་སྙིང་གི་དཀྱིལ་ན་ཡང་དག་པར་ཞུགས་པར་གྱུར་པ་དེ། དམ་ཚིག་བསྲུངས་ན་སྙིང་གི་དཀྱིལ་དུ་བཞུགས་ལ། མ་བསྲུངས་ན་རྡོ་རྗེ་སེམས་དཔའ་དེ། ཁྲོ་བོ་རྡོ་རྗེ་མེ་དབལ་ཞེས་བྱ་བའི་གནོད་སྦྱིན་ཆེན་པོ་ཞིག་ཏུ་གྱུར་ཏེ། ཁྱོད་ཀྱི་སྙིང་དུམ་བུ་བཞིར་ཕྲལ་ཏེ་གཤེགས། ཞེས་འཆད་པ་དང་། ཡོ་གར་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྙིང་གར་གཏུགས་ཏེ། ཚིག་རྐང་དང་པོ་གཉིས་བརྗོད། ཚིག་རྐང་ཕྱི་མ་གཉིས་བརྗོད་པའི་ཚེ་ཕྱག་རྒྱ་བཀྲོལ་ཏེ། སེ་གོལ་གཏོགས་པའང་བཤད་པ་ནི་རྣམ་པ་འཆར་བའི་ཆེད་དུ་བྱེད་པར་སྣང་ངོ་། །སླར་ཡང་སྤྱི་བོར་རྡོ་རྗེ་བཟུང་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཞེས་སོགས་བརྗོད་དེ་དོན་ནི་གོ་སླའོ། །གསུམ་པ་ནི། ནང་མཆོད་དམ་བུམ་པ་ཀུན་གྱི་ཆུ་བསྡུས་པ་རྣམ་རྒྱལ་བུམ་པའི་སྟེང་དུ་བཞག་པ་ལ། བདུད་རྩི་ལྔ་བསྲེས་པའམ། ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་ལྟར་ན་ས་ཆོག་གི་སྐབས་སུ་བསྒྲུབས་པའི་བདུད་རྩིའི་ཆུ་སློབ་མའི་ཁྱོར་བ་གཡས་པར་བླུགས་སྟེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །ཞེས་སོགས་བརྗོད་དེ། ཚིག་རྐང་དང་པོ་གཉིས་ཀྱིས་མ་བསྲུངས་པའི་ཉེས་དམིགས་དང་། ཕྱི་མ་གཉིས་ཀྱིས་བསྲུངས་པའི་ཕན་ཡོན་བསྟན་ནོ། །སྔགས་དོན་ལ་པཉྩ་ཨ་མྲི་ཏ་བདུད་རྩི་ལྔ། ཨུ་ད་ཀ་ནི་ཆུ། ཋ་གསུམ་ནི་མནའ་དགག་པའི་ཚིག་སྟེ། བྷ་ཝ་བྷ་དྲས། རྡོ་རྗེ་མཁའ་འགྲོའི་འགྲེལ་པ་དང་། བི་བྷུ་ཏ་ཙནྡྲའི་དཀྱིལ་ཆོག་ལས་ཧཱུྃ་གསུམ་དུ་བསྒྱུར་བ་མ་གཏོགས། དཀྱིལ་ཆོག་གཞན་ཕལ་ཆེ་བ་དང་། བླ་མ་གོང་མ་རྣམས་ཀྱི་སྔ་མ་ལྟར་བཤད་དོ། །བཞི་པ་ནི། སློབ་མའི་སྤྱི་བོར་རྡོ་རྗེ་བཟུང་ལ་དེང་ཕྱིན་ཆད་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ཞེས་སོགས་བརྗོད། དེའང་དཀྱིལ་འཁོར་དུ་བཅུད་པ་དང་། དབང་བསྐུར་བར་བྱས་ཕྱིན་ཆད་བྱེད་པ་པོ་དེ་གང་ལ་བརྙས་ན་རྩ་བའི་ལྟུང་བ་འབྱུང་བ་དང་། ཚུལ་བཞིན་དུ་གསོལ་བ་བཏབ་ན་མཆོག་གི་དངོས་གྲུབ་འབྱུང་བའི་ཡུལ་ཡིན་པས། དེས་གང་བསྒོ་བ་ནི་འཕྲལ་གྱི་སྤྱོད་པ་ཕྲན་ཚེགས་ཚུན་ཆད་ཀྱང་ཡིན་མོད་ཀྱི། གཙོ་བོ་ནི་དགེ་མི་དགེའི་བླང་དོར་བསྟན་པའོ། །དེས་ན་ཡུལ་དེ་ལ་བརྙས་ན་རྩ་ལྟུང་དང་པོ་དང་། དེའི་བཀའ་ལས་འདས་ཏེ། སྡོམ་པ་འོག་མ་གཉིས་ཀྱི་རྩ་བ་དང་། ཡན་ལག་གི་ལྟུང་བ་སྦྱོང་ན། བདེ་གཤེགས་བཀའ་འདས་སམ། སྡོམ་པ་གཉིས་ཀྱི་བཅས་པ་ལ། དགོས་པ་མེད་པར་འདའ་བའི་ཡན་ལག་གི་ལྟུང་བ་འབྱུང་བའོ། །དེས་ན་འདི་ནི་དམ་གཞག་གི་གཙོ་བོ་ཡིན་ལ། སྔ་མ་གསུམ་ནི་ཕན་ཡོན་སོགས་བརྗོད་པས་ཡན་ལག་ཡིན་ནོ། །དམ་གཞག་དང་པོའི་རྡོ་རྗེ་ཡེ་ཤེས་དང་། གཉིས་པའི་ཧེ་རུ་ཀ་དཔལ་དང་། གསུམ་པའི་དམ་ཚིག་དང་། བཞི་པའི་གང་བསྒོ་བའི་གཙོ་བོ་རྣམས་ནི་འཇུག་པ་དང་། དབང་གི་དངོས་གཞི་ཇི་ཙམ་བསྐུར་བའི་སྐབས་སུ་ཐོབ་པའི་རྡོ་རྗེ་ཡེ་ཤེས་རྣམས་ལ་ངོས་གཟུང་བ་བྱ་ཡི། ཡེ་ཤེས་དབབ་པ་ཁོ་ནའི་དམ་གཞག་ཏུ་ནི་མི་བལྟའོ། །དམ་གཞག་དང་པོ་གསུམ་གྱི་སྐབས་སུ་རེ་རེ་ལའང་ཕན་ཡོན་དང་། ཉེས་དམིགས་གཉིས་ཀ་བརྗོད་པ་ཡོད་མོད་ཀྱི་གཙོ་ཆེ་བའི་སྒོ་ནས་དེ་དང་དེར་བཞག་པ་ཡིན་ལ། དཀྱིལ་ཆོག་འགའ་ཞིག་ཏུ་དང་པོ་ལ་ཕན་ཡོན་གྱི་སྒོ་ནས་དམ་ལ་གཞག་པ་དང་། གཉིས་པ་ལ་གཉིས་ཀའི་སྒོ་ནས་དམ་ལ་གཞག་པ་དང་། གསུམ་པ་ལ་མནའ་ཆུ་བླུད་བའི་སྒོ་ནས་དམ་ལ་གཞག་པ་ཞེས་པའི་ཐ་སྙད་མཛད་པར་རུང་བའི་གནད་ཀྱང་འདི་ཉིད་ཡིན་ནོ། །ཡོལ་བའི་ཕྱི་འཇུག་དང་། ནང་འཇུག་གི་སྐབས་འདི་དག་ལ། གསང་བར་གདམས་པ་དང་། དམ་གཞག་གཉིས་པོ་གཅིག་ཏུ་མཛད་པ་གྲུབ་ཆེན་དཔལ་འཛིན་གྱི་ལུགས་ལྟ་བུ་དང་། ཡོ་གར་བྱིན་གྱིས་རློབ་པའི་ཕྱག་རྒྱ་བཞི་བྱེད་པ་དང་། གདན་བཞིར་རྡོ་རྗེ་སློབ་དཔོན་ལ་ལུས་འབུལ་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་དང་། སློབ་དཔོན་གྱི་དྲིན་དྲན་པའི་ཆེད་དུ་ཕྱག་གསུམ་བྱེད་པར་བཤད་པ་དང་། ཕྲེང་བར་དཀྱིལ་འཁོར་ལྔ་པའི་ཕྱག་བྱེད་པར་བཤད་པ་ལས། རིན་པོ་ཆེ་བུ་སྟོན་གྱིས་དཀྱིལ་ཆོག་གཅིག་གི་སྟེང་དུ་ཐམས་ཅད་མཛད་ཀྱང་གང་བཤད་པ་དེར་བྱ་ཡི། མ་བཤད་པ་དེར་མི་བྱའོ་ཞེས་གསུང་ངོ་། །གཉིས་པ་དངོས་གཞི་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་ལ། གང་གིས་འབེབས་པའི་གང་ཟག ཇི་ལྟར་དབབ་པའི་ཆོ་ག མ་ཕེབས་ན་སྤོགས་པའི་ཆོ་ག བབ་པའི་ཡེ་ཤེས་ངོས་གཟུང་བ། མཇུག་བརྟན་པར་བྱ་བ་དང་ལྔ་ལས། དང་པོ་ནི། ཟུང་འཇུག་གསལ་བ་ལས། དེ་ནས་གལ་ཏེ་སློབ་དཔོན་གྱིས་ཡེ་ཤེས་འབེབས་པའི་ཆོ་གའི་ནུས་པ་ཐོབ་པར་གྱུར་ན། དེ་ལྟར་ན་གྲུབ་པའི་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་རྣམ་པར་སྤེལ་བའི་དཀྱིལ་འཁོར་གྱི་ཆོ་གས་དབབ་སྟེ། དེས་ན་འདིར་ནི་མ་སྨོས་སོ་ཞེས་བཤད་པ་དང་། ཨ་བྷ་ཡས་དངོས་གྲུབ་ལ་སོགས་པ་ངེས་པའི་དོན་དུ། སློབ་མ་དང་སྣོད་ལ་ལྷ་དབབ་པའི་བར་བྱའོ། །དེ་ལ་དང་པོར་རི་ལ་སོགས་པའི་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། སྔོན་དུ་བསྙེན་པ་བྱས་ཤིང་སེམས་བརྟན་པས་རྡོ་རྗེ་སེམས་དཔའ་རྣལ་འབྱོར་ཤིན་ཏུ་བརྟན་པར་དམིགས་ནས། དབབ་པའི་ནུས་པ་ཐོབ་པ་ཡིས། མཚན་ཉིད་ཐམས་ཅད་དང་ལྡན་པའི་སློབ་མ་ལ་ལྷ་དབབ་པར་བྱ་ཞེས་བཤད་པས། སློབ་དཔོན་གྱིས་ཡེ་ཤེས་འབེབས་པའི་ནུས་པ་ཐོབ་ན་འབེབས། མ་ཐོབ་ན་མི་དབབ་པར་བཤད་པ་ལྟ་བུར་སྣང་ངོ་། །དེ་བཞིན་དུ་དུས་འཁོར་བ་རྣམས་ལ་ཡེ་ཤེས་འབེབས་པའི་བསྙེན་པའི་སྲོལ་ཡོད་ཅིང་། གྲུབ་ཆེན་དྷ་རི་ཀ་པས། བདེ་མཆོག་གི་དཀྱིལ་ཆོག་ཏུ་ཡེ་ཤེས་འབེབས་པའི་བསྙེན་པ་བྱེད་ཟེར་བའི་བཤད་པ་ཡོད་ཀྱང་། འདི་ལྟར་བྱེད་ཀྱི་གསལ་ཁ་མི་སྣང་ངོ་། །དགྲ་ནག་ཞང་ལུགས་པ་རྣམས་དང་པོར་གཞིའི་བསྙེན་པ་ཁ་བསྐང་དང་བཅས་པ་སོང་ནས། གང་ཟག་དེ་རྡོ་རྗེ་སློབ་དཔོན་བྱེད་པའི་ཁུར་དང་ལྡན་པ་ཡིན་ན། ཡེ་ཤེས་འབེབས་པའི་བསྙེན་པ་བྱེད་དེ། དེའང་རང་ཉིད་འདོད་ཆགས་གཤིན་རྗེའི་གཤེད་དུ་བསྒོམས་པའི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམ་པ་སོགས་ཡེ་ཤེས་འབེབས་པའི་དམིགས་པ་རྣམས་བྱས་ལ། ཧྲཱིཿཥྚིའི་རྗེས་སུ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་བཏགས་པ་འབུམ་ཕྲག་གཅིག་ཁ་བསྐང་གི་སྦྱིན་སྲེག་དང་བཅས་པ་བྱས་ན་དེས་ཡེ་ཤེས་ཕབ་པའི་ཚེ། སློབ་མ་རྣམས་དང་། ཡུལ་དེ་ན་ཡོད་པའི་དུད་འགྲོ་རྣམས་ལའང་ཡེ་ཤེས་བབས་པ་ཡོད་པར་སྣང་ངོ་། །ལུགས་དེ་གཞན་ལ་སྦྱར་ནའང་རིགས་པར་སྣང་སྟེ། གཞི་བསྙེན་སྔོན་དུ་སོང་ནས་སྐྱབས་འགྲོ་སེམས་བསྐྱེད་དང་། ཚོགས་གཉིས་བསགས་པའི་རྗེས་སུ་རང་ཉིད་འོད་དཔག་མེད་ཀྱི་རིགས་ཀྱི་ལྷ་གང་ཡིན་པར་བསྐྱེད་པའམ། ཀྱེ་རྡོར་དང་བདེ་མཆོག་ལྟ་བུ་དཀྱིལ་འཁོར་གྱི་གཙོ་བོ་བསྒོམས་ནས། ཡེ་ཤེས་འབེབས་པ་ཡོད་པ་རྣམས་ལ་ནི་དེ་ཉིད་ཀ་བསྒོམས་ཏེ། རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་པ་ལ་སོགས་ཡེ་ཤེས་འབེབས་པའི་དམིགས་པ་རྣམས་བསྒོམས་ནས། ཡི་དམ་ལྷའི་སྙིང་པོའི་མཇུག་ཏུ་ཡེ་ཤེས་དབབ་པའི་སྔགས་བཏགས་ལ་བསྙེན་པ་བྱས་ན་ཤིན་ཏུ་ལེགས་པར་སྣང་ངོ་། །འོ་ན་ཡེ་ཤེས་འབེབས་པའི་བསྙེན་པ་མ་བྱས་པའམ། ནུས་པ་མ་ཐོབ་པས་ཡེ་ཤེས་ཕབ་པའི་ཆོ་ག་མི་རུང་ངམ་སྙམ་ན། དེ་ནི་མ་ཡིན་ཏེ། དེ་ལྟར་ན་ནང་འཇུག་གི་དངོས་གཞིའི་ཆོ་ག་ཆད་པར་འགྱུར་བའི་ཕྱིར་དང་། བསྙེན་པ་མ་སོང་ཡང་ཆོ་ག་མཚན་ཉིད་དང་ལྡན་པ་བྱས་ནས་སློབ་མ་ལ་ཡེ་ཤེས་བབས་པའི་རྟགས་རྣམས་འབྱུང་བར་ད་ལྟའང་སྣང་བའི་ཕྱིར་རོ། །གཉིས་པ་ནི། ཐོག་མར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་སོགས་དཀྱིལ་འཁོར་གྱི་གཙོ་བོ་སོ་སོའི་འདོན་པ་བསྒྱུར་བའི་གསོལ་བ་གདབ་པ་ནི། དཀྱིལ་ཆོག་ཀུན་ཏུ་འབྱུང་ལ། སྐབས་འདིར་མཎྜལ་འབུལ་བ་ནི། ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་གཉིས་དང་། ནག་པོ་པ་དང་། མཚོ་སྐྱེས་ཀྱི་དཀྱིལ་ཆོག་དང་། དབང་ཆུ་གཉིས་དང་། རྗེ་བཙུན་གྱི་ནག་པོའི་དཀྱིལ་ཆོག་རྣམས་ལས་མི་འབྱུང་ཡང་། ཕྱག་ལེན་ལ་མཛད་པར་སྣང་བ་ནི། རྗེ་བཙུན་རྩེ་མོས་དྲིལ་བུ་པའི་དཀྱིལ་ཆོག་ཏུ་དམ་གཞག་གི་སྔོན་དུ་མཎྜལ་འབུལ་བར་བཤད་པས་དེ་ལ་བརྟེན་པར་སྣང་ངོ་། །དེ་ནས་དམིགས་པ་ནི། བཟང་པོ་ཡོངས་གཟུང་ལས། སེམས་ནི་རབ་ཏུ་དགའ་བྱའི་ཕྱིར། །གལ་ཏེ་འབེབས་པར་བྱེད་ན་ནི། །སྙིང་གར་རླུང་གི་དཀྱིལ་འཁོར་ལ། །རླུང་གི་ས་བོན་རྣམ་པར་བསྒོམ། །རྐང་པའི་མཐིལ་ནས་རླུང་གིས་བཏེག །དེ་ཡིས་སྙིང་གར་བསྐུལ་བར་བྱ། །ཞེས་པ་ཙམ་ལས་མ་གསུངས་ཤིང་། སྤྱོད་པའི་རྡོ་རྗེས། བདེ་མཆོག་དཀྱིལ་ཆོག་དང་། ནས་གླིང་མར་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ནས། དཀྱིལ་འཁོར་གྱི་ལྷ་ཚོགས་དབབ་པ་ལས་གཞན་མ་གསུངས་སོ། །ནག་པོ་པའི་གཞུང་འགྲེལ་དང་རིན་ཆེན་འབར་བ་ལས། དབང་ཆུ་གཉིས་ལས་འབྱུང་བ་ལྟར་གྱི་དམིགས་པ་གསལ་བར་གསུངས་པ་ལས། དེ་དག་གི་ལྟར་ན་སློབ་དཔོན་གྱིས་སློབ་མ་ལ་འདི་ལྟར་བསྒོ་སྟེ། ཁྱོད་དངོས་པོ་གང་ལའང་སྙིང་པོ་མེད་པར་སོམས་ལ། གང་ལའང་ཡིད་མ་བཞག་ཅིག རྡོ་རྗེ་སློབ་དཔོན་ལ་དཔལ་རྡོ་རྗེ་སེམས་དཔའ་ཡིན་སྙམ་པའི་འདུ་ཤེས་བསྐྱེད་ལ། མོས་གུས་དྲག་ཏུ་བསྐྱེད་པ་གྱིས་ཤིག ལུས་ཀྱི་སྤྱོད་ལམ་ཡང་ཙོག་པུར་ཕན་ཚུན་གཅིག་ལ་གཅིག་མ་རེག་པར་འདུག་ལ་གང་ལའང་མ་སྙེས་པར་སྡོད་ཅིག་སེམས་ཀྱིས་རང་ཉིད་ལངས་ནས་ཡོད་པར་བསྒོམས་ལ་རྐང་པ་གཉིས་བགྲད་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་གཞུ་བདུངས་པ་ལྟ་བུ་ཁ་དོག་སྔོན་པོ་ཆང་གཟུང་ཐུར་དུ་བསྟན་པ། དེའི་མཆོག་མ་གཉིས་ཀྱི་སྟེང་དུ་རྐང་པ་བགྲད་ནས་འདུག་པའི་བར་དེར་མེའི་དཀྱིལ་འཁོར་རབ་ཏུ་འབར་བ། རྐང་མཐིལ་དུ་ཡི་གེ་ཛྷྱཻཾ་ཞེས་བྱ་བ་ལྗང་གུ་བསམ། སྙིང་གར་ལྃ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་ཟུར་བརྒྱད་ལ་རྡོ་རྗེ་རྩེ་གསུམ་པས་རྒྱ་གྲམ་གྱིས་མཚན་པའི་ལྟེ་བ་ལ་ཧཱུྃ་བསམ། མགྲིན་པར་བྃ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པས་མཚན་པ་ལ་ཨ་བསམ། སྤྱི་བོར་ཐོད་པ་ལ་ཡྃ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དུ་བ་འཁྲིགས་པ་ལྟ་བུའི་དབུས་སུ་ཧས་མཚན་པར་བསམ། དེ་ནས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྐང་འོག་གི་རླུང་གི་བ་དན་ལ་ཕོབ། རླུང་འགུལ་བས་སུམ་མདོའི་མེ་སྦར་བས། མེ་དེས་ཛྷྱཻཾ་མེར་གྱུར་པ་དེ་ལོང་བུའི་རྩ་ནང་ནས་ཡར་ཞུགས་ཏེ། ལྟེ་བའི་འོག་སུམ་མདོའི་གནས་སུ་འཛོམ་སྟེ་འབར་བས། དེའི་སྟོབས་ཀྱིས་སྙིང་གའི་སའང་ཚ་ལམ་གྱིས་བསྲོས་པས། མགྲིན་པའི་ཆུ་བསྐོལ་ཏེ། རྐང་པའི་རླུང་གིས་གྱེན་ལ་འདེགས། སྤྱི་བོའི་རླུང་གིས་ཐུར་ལ་གནོན་པར་བསམས་ལ། དེའི་དུས་སུ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ཏེ། ཁ་བ་ཆེན་པོ་བབས་པ་བཞིན་བ་སྤུའི་བུ་ག་ནས་ལུས་ལ་སིབ་སིབ་ཞུགས་པར་སྒོམས་ཤིག་ཅེས་བསྒོ་ལ། སློབ་མས་ཀྱང་དེ་ལྟར་བསྒོམ། སློབ་དཔོན་གྱིས་སློབ་མ་རེ་རེ་ནས་ཧཱུྃ་ཨ་ཧ་ཛྷྱཻཾ་ཞེས་བརྗོད་དེ་སློབ་མ་རེ་རེ་ནས་སྙིང་གའི་ཧཱུྃ་དང་། མགྲིན་པའི་ཨ་དང་། སྤྱི་བོའི་ཧ་དང་། ལོང་བུའི་ཛྷྱཻཾ་རྣམས་གསལ་བཏབ་ལ། བྱི་ལའི་བྲུན། འདོམས་དཀྲིས་ཀྱི་རས་ཟླ་མཚན་དང་ལྡན་པ་གུ་གུལ་དང་བསྲེས་པའམ། དེ་མེད་ནའང་གུ་གུལ་གྱི་དུད་པས་བདུག་ཅིང་། རྡོ་རྗེ་གསོར་དྲིལ་བུ་གསིལ་ཏེ། ཨཱ་བེ་ཤ་ཡ་སཏྭཾ་བྷ་ཡ། ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ། ཧཱུྃ་ཨ་ཧ་ཛྷྱཻཾ་ཞེས་བརྗོད་ཅིང་དམིགས་པ་མ་ཡེངས་པར་བྱས་ན་བབས་པར་འགྱུར་རོ། །སྔགས་འདི་གསང་བ་འདུས་པའི་རྒྱུད་ལས་གསུངས་པ་ཡིན་ལ། ཨཱ་བེ་ཤ་ཡ་ནི་ཕོབ་ཅིག་སཏྭཾ་བྷ་ཡ་ནི་རེངས་པ་ལ་འཇུག་ལ། སྒྲོན་གསལ་གྱི་རྩ་ཚིག་འགའ་ཞིག་ལས། སྟོ་པ་ཡ་སྟོ་པ་ཡ་ཞེས་འབྱུང་བ་ལྟར་ན་ལུས་གཏོད་པར་གྱིས་གཏོད་པར་གྱིས། ར་ར་ར་ར་ནི་ངག་སྒྲ་སྒྲོགས་པར་གྱིས་གཉིས། ཙཱ་ལ་ཡ་ཙཱ་ལ་ཡ་ནི་སེམས་བསྐྱོད་པར་གྱིས་གཉིས། ཧཱུྃ་སོགས་ནི་སྔ་མ་བཞིན་ནོ། །ཌོཾ་བི་དཀྱིལ་ཆོག་ལས། གདན་བཞི་ནས་འབྱུང་བའི་ཨོཾ་ལོ་ལི་ལོ་ལི་ཧཱུྃ་ཨ་ཞེས་པས་དབབ་པར་གསུངས་སོ། །འདི་དག་གི་དམིགས་པའི་ཁྱད་པར་ལ་སྙིང་གའི་ས་བསྲོས་པའི་ཚེ་ལུས་དྲོད་ཀྱི་རང་བཞིན་དང་། མགྲིན་པའི་ཆུ་ཁོལ་ཏེ་སའི་དཀྱིལ་འཁོར་ལ་འཛག་པས་ལུས་བདེ་བའི་རང་བཞིན་དུ་གྱུར་ཏེ། བདེ་དྲོད་གཉིས་པོ་དེའི་རྐྱེན་གྱིས་རང་སེམས་དང་ཡུལ་སྣང་ཐམས་ཅད་བདེ་སྟོང་གི་ངང་དུ་ཐིམ་པར་ཅི་ནུས་སུ་བསམ། དེའི་ངང་ལས་སྔར་གྱི་དམིགས་པ་བྱ་བར་གསུངས་སོ། །གསུམ་པ་ནི། དེ་ལྟར་བྱས་ཀྱང་མ་ཕེབས་ན། ལུགས་འདི་ལ་ནི་སྔར་གྱི་དམིགས་པ་བསྐྱར་ནས། སྔར་གྱི་སྔགས་བདུན་ནམ་ཉེར་གཅིག་བཟླ། དེས་ཀྱང་མ་ཕེབས་ན་སྔགས་བརྒྱ་རྩ་བརྒྱད་མ་སོང་གིས་བར་དུ་བསྐྱར་གྱིན་དབབ། དེས་ཀྱང་མ་ཕེབས་ན། བླ་མ་ལ་མི་གུས་པའམ། བགེགས་ཀྱིས་བརླབས་པ་ཡིན་པས་སློབ་མའི་སྤྱི་བོར་བླ་མ་མཉམ་གཞག་གི་ཕྱག་རྒྱ་དང་། སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྒོམས་ལ། རྩ་བའི་སྔགས་དྲག་ཏུ་ཉེར་གཅིག་གི་བར་དུ་བཟླས་པས་འབབ་པར་གསུངས། པཎྜི་ཏ་ཛ་ཡ་སེ་ནས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་ཏུ་སྤོགས་ཆོག་ཚན་པ་བདུན་ཙམ་བཤད་ཅིང་། ཀླུ་བྱང་གིས་དང་པོར་རོལ་མོ་མི་བྱེད་པར་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་སྙིང་གར་གཏུགས་ཏེ་ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ་ཞེས་བརྗོད་ཅིང་དབབ། མ་ཕེབས་ན་སྤོགས་པའི་ཆོ་ག་རོལ་མོ་དང་བཅས་ཏེ་སྔར་གྱི་སྔགས་ཀྱི་སྟེང་དུ་སཏྭཾ་བྷ་ཡ་སོགས་བརྗོད་ཅིང་དབབ་པར་བཤད་དོ། །བཞི་པ་ནི། དེ་ལྟར་བབས་པའི་ཡེ་ཤེས་དེ་གཞན་རྒྱུད་ལ་གྲུབ་ཟིན་པ་ཞིག་བབས་པ་ཡིན་ནམ། རང་རྒྱུད་ཀྱི་ཡེ་ཤེས་གསར་དུ་སྐྱེས་པ་ཡིན། དབང་གི་ཡེ་ཤེས་མཚན་ཉིད་པ་ཡིན་ནམ། བཏགས་པ་བ་ཡིན་སྙམ་ན། གཞན་རྒྱུད་ལ་གྲུབ་ཟིན་པའི་ཡེ་ཤེས་གཟུགས་ཀྱི་རྣམ་པ་ལྷ་ཞལ་ཕྱག་ཅན་ནམ། ཡི་གེ་ཨཱ་ལི་ཀཱ་ལིའི་རྣམ་པས་རང་གི་ལུས་ལ་ཐིམ་པའི་དམིགས་པ་བྱས་པས། རང་གི་སེམས་རྒྱུད་ལ་མྱོང་བ་ཁྱད་པར་ཅན་སྐྱེ་བས་ན། རང་རྒྱུད་ཀྱི་ཡེ་ཤེས་གསར་དུ་སྐྱེས་པ་ཡིན་ནོ། །འོ་ན་ཡེ་ཤེས་ཕབ་པའམ་དབབ་པ་ཞེས་པའི་ཐ་སྙད་མི་འཐད་པར་འགྱུར་རོ་སྙམ་ན། དེ་ནི་དམིགས་པའི་གཙོ་བོ་དེ་ལྟར་བསྒོམས་པའི་ཆ་ནས་མིང་དུ་བཏགས་པ་ཡིན་པས་སྐྱོན་མེད་དོ། །རང་རྒྱུད་ཀྱི་ཡེ་ཤེས་དེའང་དང་པོ་ནས་ཡོད་པ་ཞིག་ཡིན་ནམ། འབྲས་བུ་མཐར་ཐུག་པའི་ཚེ་འབྱུང་བར་འགྱུར་བ་དེ་ཉིད་ཡིན་ནམ། ཞེས་རྒྱུ་འབྲས་སོ་སོར་ཕྱེ་བའི་དཔྱད་པ་ནི་མི་བྱ་སྟེ། དེ་ལྟར་དཔྱད་ན་དེ་ཁོ་ན་ཉིད་ལ་དཔྱོད་པར་སོང་བས་ཐ་སྙད་ཀྱི་རྣམ་གཞག་མི་རྙེད་པར་འགྱུར་བའི་ཕྱིར་ཏེ། དཔལ་ལྡན་ཟླ་བས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་གསུངས་པས་སོ། །ཡེ་ཤེས་དེ་ཉིད་དབང་གི་ཡེ་ཤེས་མཚན་ཉིད་པ་ཡིན་ཞེས་བརྗོད་པ་ལ་ནི་འགལ་བ་མེད་དེ། དབང་གི་ཡེ་ཤེས་ལ་འཇུག་པའི་སྐབས་སུ་སྐྱེས་པ་དང་། དངོས་གཞིའི་སྐབས་སུ་སྐྱེས་པ་གཉིས་ཡོད་ཅིང་། དེ་ཉིད་རྒྱུ་མཚན་དུ་བྱས་ནས་ཕ་རོལ་ཏུ་ཕྱིན་པ་དང་། གསང་སྔགས་གཉིས་རྟོགས་བྱའི་ལྟ་བ་ལ་ཁྱད་པར་མེད་ཀྱང་། ཡེ་ཤེས་ཕབ་པའི་དུས་ཀྱི་མྱོང་བ་ཁྱད་པར་ཅན་དང་། དབང་གསུམ་པའི་ཡེ་ཤེས་ཀྱི་རྟོག་པ་དང་བྲལ་བའི་ཚུལ་གྱིས་རྟོགས་པ་ཡོད་པས། རྟོགས་ཚུལ་གྱི་སྒོ་ནས་གསང་སྔགས་ཁྱད་པར་དུ་འཕགས་པར་གསུངས་པའི་ཕྱིར་རོ། །བཞི་པ་ནི། སློབ་དཔོན་གྱིས་སློབ་མའི་མགོར་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བཞག་ནས། ཏིཥྛ་བཛྲ་ཞེས་བརྗོད། འདིར་བཟང་པོ་ཡོངས་གཟུང་ལས། ཨོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་བ་ལེ་ཏ་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་སྭཱ་ཧཱ། ཡེ་ཤེས་ཕབ་པ་ལས་བསྐྱེད་པའི་སྔགས་སོ། །ཞེས་གསུངས་ཤིང་། རིན་ཆེན་འབར་བ་ལས། བབས་པ་དེ་ནི་བརྟན་བྱ་བ། །དེ་ལ་ཏིཥྛ་བཛྲ་བརྗོད། །ཅེས་བརྟན་སྔགས་སུ་གསུངས་སོ། །དེ་དག་གི་དོན་རྗེ་བཙུན་རྩེ་མོས། བརྟན་པར་བྱ་བའི་ཕྱིར་སྤྱི་བོར་རྡོ་རྗེ་བཞག་ལ། སྔགས་འདི་བརྗོད་དེ་དམིགས་པ་གཏོང་དུ་གཞུག་གོ །ཅེས་ཡེ་ཤེས་བརྟན་པ་དང་། དམིགས་པ་གཏོང་བ་གཉིས་ཀའི་སྔགས་སུ་གསུངས་སོ། །གསུམ་པ་མེ་ཏོག་གི་ཕྲེང་བ་དབུལ་ཞིང་མགོ་ལ་བཅིང་བ་ནི། ཐོག་མར་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་མདུན་དུ་ལངས་ཏེ། གཡས་རྡོ་རྗེ་དང་བཅས་པས་ཐལ་མོ་དང་། གཡོན་དྲིལ་བུ་བཅད་གཏུབས་སུ་དཀྲོལ་ཏེ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་སོགས་ལན་གསུམ་བརྗོད་དོ། །དེ་ལ་ཚིགས་བཅད་དང་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཧེ་རུ་ཀའི་རྣམ་པས་བཞུགས་པའི་དཀྱིལ་འཁོར་འདིར་བདག་གིས་སློབ་མ་གཞུག་པར་བྱའོ་ཞེས་གསོལ་བ་བཏབ་པ་ཡིན་ལ། ལྷ་ཡི་རིགས་ཀྱི་རིམ་པ་དང་། །ཞེས་པ་མན་ཆད་ཀྱི་ནི་རིགས་དང་མཐུན་པའི་ལྷ་ལ་མེ་ཏོག་བབས་པ་དང་། དེ་ལ་བརྟེན་པའི་བསོད་ནམས་ཡང་དཀྱིལ་འཁོར་འདིར་ཐོབ་པར་ཤོག་ཅིག ཅེས་བདེན་པའི་སྟོབས་བརྗོད་པའོ། །དེ་ནས་སློབ་མ་དཀྱིལ་འཁོར་གྱི་ཤར་སྒོའི་དྲུང་དུ་ཁྲིད་དེ། དེར་ལངས་ལ་མགོ་བོ་ཅུང་ཟད་རྒུ་བར་བྱ་སྟེ། མིག་ལམ་ན་ཁྲུ་གང་ཚུན་ཆད་ཀྱི་ནམ་མཁའི་ཁ་དོག་དྲི་བར་བྱས་ནས། ཁ་དོག་དང་མཐུན་པའི་ལས་འགྲུབ་པར་ལུང་བསྟན། སླར་ཡང་སློབ་དཔོན་གྱིས། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །ཅེས་སོགས་བརྗོད་པར་དབང་ཆུར་གསུངས་ལ། དཀྱིལ་ཆོག་འགའ་ཞིག་ལས། མེ་ཏོག་འབུལ་བའི་ཚེ་ཐོག་མར་མིག་དར་དང་བཅས་བཞིན་དུ་ནམ་མཁའི་ཁ་དོག་བརྟག དེ་ནས་མེ་ཏོག་དོར་ནས་མིག་ཕྱེ་བ་སློབ་མ་རེ་རེ་བཞིན་བྱ་བར་གསུངས་ཀྱང་། དེང་སང་གྲལ་ན་གནས་པ་ལ་ཁ་དོག་དྲིས་ནས་དེ་དང་མཐུན་པའི་ལས་འགྲུབ་པར་ལུང་བསྟན། དེ་ནས་འདིར་ནི་གཡས་རྡོ་རྗེ་ཐུགས་ཀ་དང་། གཡོན་དྲིལ་བུ་སུམ་བརྡུང་དུ་བྱས་ཏེ། ཞེ་སྡང་རྡོ་རྗེར་སོགས་བརྗོད། དེ་དག་མེད་པ་རྣམས་ལ་མེ་ཏོག་འབུལ་དུ་གཞུག་པ་ནི། ལས་སླའི་དབང་དུ་བྱས་པར་སྣང་ངོ་། །གང་ལྟར་ཡང་མེ་ཏོག་འབུལ་བའི་ཚེ་སྔར་གྱི་མེ་ཏོག་གི་ཕྲེང་བ་སློབ་མའི་ཐལ་མོའི་དབུས་སུ་འཛིན་དུ་བཅུག་པའི་ཐལ་མོ་སྦྱར་བ་བསྐྱོད་དུ་བཅུག་ལ། འདི་སྐད་ཅེས་བསྒོ་སྟེ། འདི་ན་དཀྱིལ་འཁོར་གྱི་འཁོར་ལོ་ལྷ་དགུ་བཞུགས་ཏེ། འདི་རྣམས་ལ་བཟང་ངན་ནམ་ཁྱད་པར་དུ་གྱུར་པ་གང་ཡང་མེད་དེ། སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་དག་པ་ཞིག་གི་སྣང་བ་ཡིན། དེ་བས་ན་བསྒྲུབ་ན་གེགས་མེད་ལ། དངོས་གྲུབ་མྱུར་དུ་འབྱུང་ཞིང་འགྲུབ་སླ་བའི་ལས་བསགས་པའི་ལྷ་ཞིག་དང་འཕྲད་པར་ཤོག་ཅིག་སྙམ་པའི་བློས། ཨོཾ་པྲ་ཏཱིཙྪ་བཛྲ་ཧོ་ཞེས་བརྗོད་ལ། ལྟོས་པ་མེད་པར་མེ་ཏོག་གི་ཕྲེང་བ་དོར་ཞིག་ཅེས་བརྗོད་དེ། སློབ་མས་ཀྱང་སྔགས་དེ་བརྗོད་ལ་དོར་བར་བྱའོ། །དེ་ནས་ལྷ་གང་ལ་བབས་པ་དེའི་རིགས་སུ་ཤེས་པར་བྱ་ཞིང་། གཉིས་ཀྱི་བར་དུ་ལྷུང་ན་གང་ལ་ཉེ་བ་དེའི་རིགས་སུ་ཤེས་པར་བྱ། ཉེ་རིང་མེད་ན་བསྐྱར་ཏེ་དོར་དུ་གཞུག རྩིག་པའི་ཕྱི་རོལ་ཏུ་ལྟུང་ནའང་བསྐྱར་ཏེ་དོར་དུ་གཞུག ལན་གསུམ་པ་ལའང་ཕྱི་རོལ་ཏུ་ིལྷུང་ན་མིག་རས་མ་བསལ་བར་ཕྱི་རོལ་ཏུ་ཁྲིད་ལ། རེ་ཞིག་ཡི་དམ་དང་མཇལ་བའི་སྐལ་བ་མི་འདུག་པས། སྡིག་པ་འདག་པའི་ཐབས་ལ་འབད་པར་གྱིས་ཤིག་ཅེས་བསྒོ། བཟང་པོ་ཡོངས་གཟུང་དང་། རིན་ཆེན་འབར་བ་ལས། གལ་ཏེ་བཟང་པོར་མ་ལྷུང་ན། །ལན་གཉིས་བར་དུ་དོར་བར་བྱ། །ཞེས་གསུངས་པ་ནི། དང་པོའི་རྗེས་སུ་ལན་གཉིས་དོར་བ་ཡིན་པས་དོན་འདི་ཉིད་ཡིན་ནོ། །དེ་ནས་བླ་མས་མེ་ཏོག་དེ་བླངས་ཏེ། ཁྱིམ་པ་ཡིན་ན་མགོ་ལ་དཀྲིས་པའི་གཙུག་ཏོར་རམ་གཙུག་ཕུད་ལ་གཟེར། རབ་བྱུང་ཡིན་ན་རྣ་བ་གཡས་པའི་སྟེང་དུ་གཟེར་ལ། ཨོཾ་པྲ་ཏི་གྲྀཧྞ་ཞེས་སོགས་བརྗོད། འདིའི་དོན་བླ་མ་ཕྱི་མ་དག སྔགས་འདི་རྡོ་རྗེ་སློབ་དཔོན་གྱིས། སློབ་མའི་མགོ་ནས་བཟུང་ནས་ཡི་དམ་གྱི་ལྷ་ལ། སེམས་དཔའ་ཆེན་པོ་སྟོབས་པོ་ཆེ། །ཞེས་བོས་ལ། འདི་ཟུང་ཞེས་འབུལ་བའི་སྔགས་ཡིན་པས། འདི་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་གྱི་ལྷས་རྗེས་སུ་འཛིན་པའི་གདམས་ངག་ཟབ་མོ་ཞིག་སྣང་ངོ་ཞེས་ཟེར་བ་ནི་མི་འཐད་དེ། ཁྱེད་རང་གིས་ཚད་མར་བྱེད་པའི་སློབ་དཔོན་ཨ་བྷ་ཡས། ཕྲེང་བར། དེ་ནས་མེ་ཏོག་བཟུང་ནས། ཕྲེང་བ་བཅིངས་ཏེ། ཨོཾ་པྲ་ཏི་གྲྀཧྞ་སཏྭྃ། ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ་ཞེས་བརྗོད་ཅིང་སློབ་མ་ལ་མགོ་བོར་བཅིང་ངོ་། །ཞེས་དང་། ཟུང་འཇུག་གསལ་བར། དེ་ནས་དེའི་མགོ་ལ་ཕྲེང་བ་སྔགས་འདིས་བཅིང་བར་བྱ་སྟེ། པྲ་ཏི་གྲྀཧྞ་མ་ཧཱ་བཱ་ལ། འདི་ནི་ཕྲེང་བའི་དབང་བསྐུར་བའོ། །དེ་སྐད་དུའང་གྲུབ་པའི་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས། མཁས་པས་རིགས་ཀྱི་བྱེ་བྲག་དང་། །མེ་ཏོག་དོར་བས་ཤེས་པར་བྱ། །སྔགས་དང་བཅས་པས་ཕྲེང་བ་ཡི། །དབང་བསྐུར་བ་ནི་སྤྱི་བོར་སྦྱིན། །ཞེས་དང་། བཟང་པོ་ཡོངས་གཟུང་ལས། དེ་ནས་དེ་ཡི་མགོར་བཅིངས་ཏེ། །ཕྲེང་བའི་སྦྱོར་བ་སྦྱིན་པར་བྱ། །ཞེས་དང་། རིན་ཆེན་འབར་བ་ལས། དེ་ནི་སྤྱི་བོར་བཅིང་བར་བྱ། །པྲ་ཏི་གྲིཧྞ་སོགས་གསུངས་པ་རྣམས་ཀྱིས་མེ་ཏོག་མགོ་ལ་བཅིངས་ནས་ཕྲེང་བའི་དབང་བསྐུར་བའི་སྔགས་སུ་གསུངས་པས། སེམས་དཔའ་ཆེན་པོ་སྟོབས་པོ་ཆེ། །ཞེས་པ་ནི་སློབ་མ་ལ་འབོད་པ་དང་། འདི་ནི་ཞེས་པ་མེ་ཏོག་གི་ཕྲེང་བ་དང་། སོ་སོར་གཟུང་ཞེས་པ་ནི་སློབ་མ་རྣམས་ཀྱིས་སོ་སོར་གཟུང་བ་ལ་འཆད་དགོས་པར་སྣང་ངོ་། །བཞི་པ་མིག་ཕྱེ་ནས་དཀྱིལ་འཁོར་བསྟན་པ་ནི། དེ་ནས་སློབ་དཔོན་གྱིས་སློབ་མའི་མིག་དར་ཕྱེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་ཏེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པཱ་ཤྱ་ཞེས་བརྗོད། འདི་ལ་འཁོར་ཆེན་པ་དག མ་ཧཱ་ཙཀྲ་པཱ་ཤྱ་ཞེས་དང་། བདག་མེད་མའི་དཀྱིལ་ཆོག་གི་མཆན་ཁ་ཅིག་ལས། ནི་རཱཏྨ་པཱ་ཤྱ་ཞེས་འདོན་པ་བསྒྱུར་བ་ཡོད་ཀྱང་ཧེ་ཞེས་པ་ཀྱེ་ཞེས་བོས་ནས། བཛྲ་པཱ་ཤྱ་ནི་རྡོ་རྗེ་ལྟོས་ཤིག་ཅེས་པ་ཡིན་པས་སོ་སོར་བསྒྱུར་མི་དགོས་སོ། །འདིར་དཀྱིལ་ཆོག་མང་པོར། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ། དཔྲལ་བར་རྃ། མིག་གཉིས་སུ་ཨྃ་ཡིག་འབར་བ་རེ་རེ་བསྒོམས་ནས། མིག་འབྱེད་པར་བཤད་པའི་དོན་ནི། ཧཱུྃ་གིས་རྃ་བསྐུལ། རྃ་གྱིས་ཨྃ་གཉིས་མིག་དར་དང་ལྷན་ཅིག་བསྲེགས་པའི་དོན་ཡིན་པར་གསུངས་ཀྱང་། འདིར་དབང་ཆུ་དང་བཟང་པོ་ཡོངས་གཟུང་ལས་གསལ་ཁ་མ་གསུངས་ཀྱང་། རིན་ཆེན་འབར་བ་ལས། མིག་ཏུ་འབར་བཅས་ཨོཾ་བསམས་ལ། །ཞེས་གསུངས་པའི་དོན། ཌོཾ་བི་ལུགས་ཀྱི་དབང་ཆུར། སློབ་མའི་མིག་གཉིས་སུ་ཨོཾ་རབ་ཏུ་འབར་བ་རེ་བསྒོམས་པར་གསུངས་སོ། །དེ་ལྟར་མིག་ཕྱེ་མ་ཐག་ཐུན་མོང་དུ་འདི་སྐད་བརྗོད་དེ། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ཅེས་པ་ནས། སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་པའི་བར་བརྗོད་དེ། དེ་ལྟར་བཅུག་ལ། ཁྱོད་ཀྱིས་མེ་ཏོག་ཕོག་པའི་ལྷ་འདི་ཡིན་ནོ་ཞེས་ལྷ་དེ་དང་དེའི་མིང་ཙམ་འཛིན་དུ་བཅུག་སྟེ། འདི་ནི་འོག་ཏུ་མིང་དབང་གི་སྐབས་སུ་དེའི་རིགས་ཀྱི་མིང་བཏགས་པའི་ཆེད་དང་། རྡོ་རྗེ་སློབ་མའི་དབང་ཙམ་ལས་མི་བསྐུར་བ་ལ། མེ་ཏོག་གང་ཕོག་གི་ལྷའི་བསྒོམ་བཟླས་སྦྱིན་དགོས་པས། དེའི་ཚེ་རང་རང་གི་ལྷ་ངོས་ཟིན་པའི་ཆེད་ཡིན་ནོ། །དེ་བཞིན་དུ་སློབ་མ་རྣམས་རིམ་གྱིས་བཙུད་ལ། བླ་མའི་ཞབས་ལ་ཕྱག་འཚལ་ནས་འདི་སྐད་དུ་བརྗོད་དུ་བཅུག་སྟེ། ཨོཾ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་ཞུགས་སོ། །ཨོཾ་རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དེ་རིང་བདག་གིས་མཐོང་། །ཨོཾ་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི། །དཀྱིལ་འཁོར་དུ་ནི་བདག་དབང་བསྐུར། །ས་མ་ཡ་ཧོ་ཧོ་ཧོ་ཞེས་བརྗོད་ལ་དཀྱིལ་འཁོར་བསྟན་ནོ། །འདིར་ཌོཾ་བའི་དཀྱིལ་ཆོག་ལས། ཨོཾ་རྡོ་རྗེའི་སོགས་ཚིག་རྐང་དྲུག་པོ་ལན་གསུམ་བརྗོད་པས་སྤྲོ་བ་བསྐྱེད་པ་དང་། དེ་ལྟ་བུའི་དཀྱིལ་འཁོར་གྱི་དམ་ཚིག་མ་ལུས་པ་བཟུང་བར་མོས་པ་བྱས་ལ། ས་མ་ཡ་ཧོ་ཧོ་ཧོ། ཞེས་བརྗོད་པར་གསུངས་པ་ནི་དཀྱིལ་ཆོག་གཞན་ལས་ཀྱང་། རྡུལ་ཚོན་མཐོང་བའི་ཚེ་དཀྱིལ་འཁོར་གྱི་དམ་ཚིག་རྒྱུད་ལ་སྐྱེས་པར་བསམ་པ་ཡོད་པ་དང་མཐུན་ནོ། །དེ་ནས་སློབ་མ་ལ་དཀྱིལ་འཁོར་སྟོན་པའི་ཚུལ་ལ་རྒྱས་པར་བསྟན་པ་དང་། བསྡུས་ཏེ་བསྟན་པ་གཉིས་ལས། དང་པོ་ནི། ཡོ་ག་བ་དག དཀྱིལ་འཁོར་ཕྱི་ནས་བསྟན་པ་དང་། ལྷ་ངོ་ནང་ནས་བསྟན་པ་ཡིན་ཞེས་ཟེར་ཞིང་། ལག་ལེན་པ་ཕལ་ཆེར་འདིའི་རྗེས་སུ་འབྲང་མོད། བརྗོད་བདེ་བ་ཙམ་མ་གཏོགས་ཤེས་བྱེད་གཞན་མི་སྣང་ངོ་། །དེས་ན་འདི་ལ་མེ་རིའམ་དུར་ཁྲོད་ནས་གཙོ་བོའི་བར་ཕྱི་ནས་རིམ་པ་བཞིན་བསྟན་པ་དང་། གཙོ་བོ་ནས་མེ་རིའི་བར་ནང་ནས་རིམ་པ་བཞིན་བསྟན་པ་གཉིས་ལས། རྗེ་བཙུན་གོང་མས། དབང་ཆུ་གཉིས་སུ་སྔ་མ་གསུངས་ལ། བདེ་མཆོག་ནག་པོ་དཀྱིལ་ཆོག་ཏུ་ཕྱི་མ་གསུངས་པས་གང་ལྟར་ཡང་འགལ་བ་མེད་དོ། །མཚོན་དོན་གྱི་ཁྱད་པར་ནི་ཐོག་མར་དུར་ཁྲོད་བསྟན་པ་ནི་རྒྱུ་རྒྱུད་འཁོར་བ། དེ་ནས་གཞལ་ཡས་ཁང་ནི་ལམ་བྱང་ཕྱོགས་སོ་བདུན། དེ་ནས་དཀྱིལ་འཁོར་གི་ལྷ་བསྟན་པ་ནི་འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཏེ། རྒྱུ་ལ་ལམ་དང་། ལམ་ལ་འབྲས་བུས་རྒྱས་གདབ་པ་མཚོན། བསྟན་ཚུལ་ཕྱི་མ་ལྟར་ན། དེའི་རིགས་པས་འབྲས་བུ་ལ་ལམ་དང་། ལམ་ལ་རྒྱུས་རྒྱས་གདབ་པ་མཚོན་པས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་དབྱེར་མེད་པ་མཚོན་ཏེ། ཐམས་ཅད་གསང་བ་ལས། རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །འབྲས་བུ་ལ་ཡང་རྒྱུས་རྒྱས་གདབ། །གཞན་དུ་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ཡང་འགྲུབ་མི་འགྱུར། །ཞེས་གསུངས་སོ། །དེ་ལ་ཕྱི་ནས་བསྟན་ན། དེའང་དཀྱིལ་འཁོར་གྱི་མཐའ་སྐོར་དུ། རྡོ་རྗེའི་རྭ་བ་དང་། མེ་རིས་བསྐོར་བ་གནས་སོ། །དེའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་གནས་ཏེ། ཤར་ཕྱོགས་ན་འཇིག་སྡེའི་དུར་ཁྲོད་ཅེས་བྱ་བ་ན། ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་གནས་སོ། །དེ་ན་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་མཐའ་ཡས་ཞེས་བྱ་བ་གནས་སོ། །ཤི་རི་ཤའི་ཤིང་ལ་ཞིང་སྐྱོང་བ་ཨ་ཌ་ཧ་ས་ཞེས་བྱ་བ་དང་། ཆར་སྤྲིན་གརྫ་ན་ཞེས་བྱ་བ་གནས། དེ་བཞིན་དུ་གཞན་བདུན་པོའང་བཤད་ལ། དེ་ལྟ་བུའི་དུར་ཁྲོད་ཆེན་པོ་བརྒྱད་ན་ཕྱོགས་སྐྱོང་བ་དང་། ཀླུ་དང་། ཤིང་དང་། ཤིང་གི་ལྷ་དང་། ཆར་སྤྲིན་དང་། མཆོད་རྟེན་དང་། ཆུ་དང་། མེ་དང་། རྣལ་འབྱོར་པ་དང་། རོ་དང་། འདྲེ་དང་། མཁའ་འགྲོ་མ་དང་། འབྱུང་པོའི་ཚོགས་དུ་མས་གང་བ་དང་། ཅེ་སྤྱང་ལ་སོགས་པའི་སྒྲ་རབ་ཏུ་སྒྲོགས་པ་འཇིགས་སུ་རུང་བས་གང་བ་བཞུགས་པའོ། །དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཐར་པ་ཆེན་པོའི་གྲོང་ཁྱེར་ཞེས་བྱ་བ་གནས་ཏེ། གྲུ་བཞི་སྒོ་བཞི་པ་ཞེས་པ་ནས་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེས་བརྒྱན་པ་བཞུགས་སོ། །ཞེས་པའི་བར་མཐའ་ནས་རིམ་པ་བཞིན་གཞལ་ཡས་ཁང་གི་ཆ་ཤས་རྣམས་ཞིབ་ཏུ་བརྗོད་པར་བྱའོ། །དེའི་ནང་ན་ལྷ་དགུའི་དཀྱིལ་འཁོར་བཞུགས་ཏེ། ཤར་གྱི་སྒོ་ཁང་ན་ལྷ་མོ་གཽ་རཱི་ནག་མོ་ཞེས་པ་ནས། དབུས་སུ་བཅོམ་ལྡན་འདས་དཔལ་ཀྱེ་རྡོ་རྗེ་འདི་ལྟར་བཞུགས་སོ། །ཞེས་བྱ་བའི་བར་སྐུ་མདོག་ལ་སོགས་པ་སྒྲུབ་ཐབས་ནས་འབྱུང་བ་བཞིན་རྒྱས་པར་བསྟན་པར་བྱའོ། །གཉིས་པ་ནི། ཌོམྦི་ལུགས་ཀྱི་དབང་ཆུར། དེ་ནས་དཀྱིལ་འཁོར་བསྟན་པ་ནི། ཕྱི་རོལ་གྱི་རྡོ་རྗེའི་རྭ་བ་དང་། དུར་ཁྲོད་ནས་གཞལ་ཡས་ཁང་པ་དང་། ཤར་ཕྱོགས་ཀྱི་སྒོ་སྲུང་ནས་བརྩམས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་བར་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་མིང་རྒྱས་པར་བརྗོད་པས་བསྟན་པར་བྱའོ། །ཞེས་གསུངས་པ་ལྟར་མིང་ཙམ་གྱི་སྒོ་ནས་བསྟན་པའོ། །བཟང་པོ་ཡོངས་གཟུང་ལས། དེ་ནས་དཀྱིལ་འཁོར་འཁོར་ལོ་བསྟན། །རིགས་རྒྱལ་ལྷ་མོའི་མཚན་མ་དང་། །འདབ་ལྡན་པདྨར་བཅས་པ་དང་། །ལྷ་ཡི་གནས་རྣམས་བསྟན་པར་བྱ། །ཞེས་དང་། རིན་ཆེན་འབར་བ་ལས། དེ་ནས་གཙོ་བོ་ནས་བརྩམས་ཏེ། དཀྱིལ་འཁོར་མཐའ་ཡི་བར་དུ་བསྟན། །ཞེས་གཙོ་བོ་ནས་རིམ་པ་བཞིན་བསྟན་པར་གསུངས་པ་ནི་སྔར་བཤད་པ་ལྟར་གོ་རིམ་ལ་ཁྱད་པར་མེད་པའི་དོན་དུ། རྗེ་བཙུན་སྐུ་མཆེད་ཀྱིས་འགྲེལ་པའོ། །སློབ་དཔོན་ནག་པོ་པས་དཀྱིལ་འཁོར་ལྟར་གཞུག་སྟེ། སྒོའི་སྲུང་མ་ནས་བརྩམས་ནས་གཙོ་བོའི་བར་དུ་མིང་བརྗོད་པ་སྔོན་དུ་འགྲོ་བས་བསྟན་པར་བྱ་སྟེ། ཞེས་གསུངས་པའང་ཚུལ་དེ་བཞིན་ནོ། །རྗེ་བཙུན་རྩེ་མོས། མན་ངག་ལུགས་ཀྱི་དབང་ཆུར་འདི་དག་ནི་མིང་བརྗོད་པ་ཙམ་ཡིན་གྱི། དེ་ཁོ་ན་ཉིད་སྐབས་འདིར་བཤད་པར་མི་བྱ་སྟེ། དབང་བསྐུར་བ་མ་བྱས་པའི་ཕྱིར་རོ། །དེ་སྐད་དུའང་། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་དག །ཤིན་ཏུ་རིང་བར་འགྱུར་རོ་ཞེས། །རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས། །ཞེས་སྤྱི་རྒྱུད་ལས་བཤད་པས། སློབ་དཔོན་གྱིས་དབང་བསྐུར་བའི་རྗེས་ལ་བཤད་པར་བྱའོ། །ཞེས་གསུངས་ཤིང་། ནག་པོ་པའི་གཞུང་འགྲེལ་ལས་ལུང་དེ་ཉིད་འཇུག་པའི་རྗེས་སུ་དབང་བསྐུར་བ་དགོས་པའི་ཤེས་བྱེད་ཙམ་དུ་གསུངས་ཀྱི། སྐབས་འདིར་དེ་ཁོ་ན་ཉིད་བསྟན་དུ་མི་རུང་བའི་ཤེས་བྱེད་དུ་མ་གསུངས་ཀྱང་། བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཤཱནྟི་པས། དེ་ནས་ཞེས་བྱ་བ་ནི་སློབ་དཔོན་དུ་དབང་བསྐུར་བའི་འོག་ཏུ་བླ་མ་ལས་དེ་ཁོ་ན་ཉིད་ཐོབ་ཅིང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད། སློབ་དཔོན་གྱི་ལས་དང་བཅས་པ་ཐོབ་པར་གྱུར་ནས་ཞེས་བྱ་བའི་ཐ་ཚིག་གོ །འདིར་ནི་དེ་ནས་ཞེས་བྱ་བ་འདིས་ནི་དབང་མ་བསྐུར་བ་ལ་དེ་ཁོ་ན་ཉིད་བཤད་པ་བཀག་པ་ཡིན་ནོ། །ཞེས་གསུངས་པ་འདིས་སྐབས་འདིར་དེ་ཁོ་ན་ཉིད་བསྟན་དུ་མི་རུང་བ་སྔ་མ་དང་མཐུན་པར་བཤད་དོ། །གྲུབ་ཆེན་ཀླུ་བྱང་གིས་འདུས་པའི་དཀྱིལ་ཆོག་དང་། མཚོ་སྐྱེས་ཀྱི་ནས་གླིང་མ་དང་། པཎྜི་ཏ་ཛ་ཡ་སེ་ནས་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་རྣམས་སུ། སྐབས་འདིར་དེ་ཁོ་ན་ཉིད་བསྟན་པར་གསུངས་པའི་དོན་ལ། བླ་ཆེན་འཕགས་པས་གཞུང་དེ་དག་གི་དགོངས་པ་ཐ་སྙད་ཟོར་ཡང་བའི་ཆེད་དུ་སྐབས་འདིར་བཤད་ཀྱང་། ལག་ལེན་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་རྗེས་སུ་མར་འཐེན་ནས་བྱ་བ་ཡིན་ནོ། །ཞེས་གསུངས་ཀྱང་གཞུང་དེ་དག་གི་དགོངས་པར་འགྲོ་བ་དཀའ་སྟེ། མཚོ་སྐྱེས་ལུགས་ཀྱི་དཀྱིལ་ཆོག་ཏུ་རྗེ་བཙུན་རྩེ་མོ་ཉིད་ཀྱིས་གཞུང་ཇི་ལྟ་བ་བཞིན་དུ་སྐབས་འདིར་དེ་ཁོ་ན་ཉིད་སྟོན་པར་གསུངས་པའི་ཕྱིར་རོ། །བུ་སྟོན་གྱིས་སྐབས་འདིར་དེ་ཁོ་ན་ཉིད་བསྟན་ཀྱང་། གསང་བ་སྤྱི་རྒྱུད་ཀྱི་ལུང་དེ་དང་འགལ་བའི་སྐྱོན་མེད་དེ། དབང་གཏན་ནས་མ་བསྐུར་བ་དག་ལ་བཤད་པ་མ་ཡིན་གྱི། དབང་དང་པོ་མེ་ཏོག་ཕྲེང་བའི་དབང་བསྐུར་ཟིན་པའི་ཕྱིར། ཞེས་གསུངས་པ་ནི་ཞེ་འདོད་ལ་མ་སྙོགས་ཏེ། དབང་བསྐུར་ནས་ནི་དེ་ཉིད་བསྟན། །ཞེས་པའི་དབང་བསྐུར་དེ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་འཆད་དགོས་ཀྱི། དབང་བསྐུར་གྱི་མིང་ཡོད་པ་ཙམ་གྱིས་མི་ཆོག་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན། རྒྱུད་སྡེ་འོག་མ་དང་སྒོ་བསྟུན་ནས། རྡོ་རྗེ་སློབ་དཔོན་གྱི་དབང་གི་རྗེས་སུ་དཀྱིལ་འཁོར་དང་། ལྷའི་དེ་ཉིད་སྟོན་དགོས་པ་དང་། དཀྱིལ་འཁོར་གྱི་ལྷ་ངོ་བསྟན་པ་དང་མཉམ་དུ་དེ་ཉིད་བསྟན་པས་ཆོག་པའི་ལུགས་གཉིས་ལས། དང་པོ་ནི། ཀྱེ་རྡོར་བིརྺ་པའི་ལུགས་གཉིས་དང་། གསང་འདུས་ཡེ་ཤེས་ཞབས་ལུགས་ལྟ་བུ་སྟེ། འདི་དག་ལ་སྔ་མ་ལ་ནི་དམ་ཚིག་གསུམ་སྦྱིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བྱས་ནས། དེ་ནས་དེ་ཁོ་ན་ཉིད་སྟོན་པ་ཡོ་ག་དང་སྒོ་བསྟུན་པ་ཡིན་པའི་ཕྱིར་དང་། ཕྱི་མ་ལ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུའང་། རིག་པའི་དབང་ལྔ་གཉིས་པ་བསྐུར་བ་ཡོ་ག་དང་སྒོ་བསྟུན་པ་ཡིན་པས། དག་པ་སྟོན་པའི་ཚུལ་ཡང་དེ་དང་སྒོ་བསྟུན་དགོས་པའི་ཕྱིར་རོ། །གཉིས་པ་ནི། དཀྱིལ་ཆོག་ཉི་ཤུ་པ་སོགས་ཏེ། ལུགས་འདི་དག་ལའང་སྤྱིར་དབང་བསྐུར་མ་བྱས་པ་སློབ་དཔོན་གྱིས་རང་དགར་དེ་ཉིད་བཤད་དུ་མི་རུང་བ་གསང་བ་སྤྱི་རྒྱུད་ཀྱི་ལུང་གི་དོན་དུ་འདོད་ཀྱང་དབང་བསྐུར་གྱི་ཆོ་གའི་གནས་སྐབས་སུ། དངོས་གཞི་ལ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ན། ཆོ་ག་ཟོར་ཡང་བའི་ཆེད་དུ་སྐབས་འདིར་ལྷ་ངོ་བསྟན་པ་དང་མཉམ་དུ་བཤད་པའམ། འོག་རྡོ་རྗེ་སློབ་དཔོན་གྱི་དབང་གི་རྗེས་སུ་བཤད་པ་གང་བྱས་ཀྱང་ཆོག་པར་བཞེད་དོ། །འདི་ལ་གསང་བ་སྤྱི་རྒྱུད་ཀྱི་ལུང་དང་འགལ་བའི་སྐྱོན་ཡོད་དོ་སྙམ་ན། ཆོ་གའི་སྐབས་སུ་དེ་ལྟར་རུང་བ་ནི་འདུལ་བའི་ལས་ཚིག་སྤྱིར་བསྙེན་པར་མ་རྫོགས་པ་ལ་བསྒྲག་ཏུ་མི་རུང་ཡང་། བསྙེན་རྫོགས་ཀྱི་ཆོ་གའི་སྐབས་སུ་རུང་བ་བཞིན་ནོ། །སྔ་མ་ལ་ནི་མི་མཚུངས་ཏེ། རྡོ་རྗེ་སློབ་དཔོན་གྱི་དབང་གི་གསོལ་གདབ་ཀྱི་སྐབས་སུ། འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་ཕྲིན་ལས་ཡོངས་སུ་གསུངས། །ཞེས་བཤད་པས་སོ། །གསུམ་པ་དེ་དག་གི་སྐབས་སུ་སྡོམ་པ་གང་ཐོབ་པ་ནི། ཕྱི་འཇུག་གི་སྐབས་སུ་རྒྱུན་བཤགས་དང་། རིགས་ལྔའི་སྡོམ་གཟུང་ལས་ཇི་ཙམ་ཐོབ་པ་ནི་སྔར་བཤད་ཟིན་ལ། སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་སྔགས་སྡོམ་ནི། ཟླ་བ་རྡོ་རྗེའི་སེམས་བསྐྱེད་པའི་སྐབས་སུ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་གཟུགས་ཀྱི་རྣམ་པར་བསྐྱེད་པ་ཙམ་ཞིག་ཐོབ་སྟེ། བྱང་ཆུབ་ཀྱི་སེམས་གཉིས་གཟུགས་ཀྱི་རྣམ་པར་བསྒོམས་པས། ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་མ་ཡིན་པར་གྲུབ་ལ། ཆོ་གའི་སྒོ་ནས་བསྐྱེད་པས་སྐབས་སུ་བབ་པའི་སྡོམ་པ་ཞིག་ཀྱང་ཐོབ་པའི་ཕྱིར་རོ། །ནང་འཇུག་གི་སྐབས་སུ་དམ་གཞག་གི་ཚེ་ཡིད་ཀྱིས་ཁས་བླངས་པ་ཙམ་ཐོབ་རྒྱུ་ཡོད་ཀྱང་། གཙོ་བོ་ནི་ཡེ་ཤེས་དབབ་པའི་དུས་ཀྱི་མྱོང་བ་ཁྱད་པར་ཅན་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་མཐོང་བ་ལས་ཇི་ཙམ་ཐོབ་པའི་སྡོམ་པ་དེ་ཉིད་ཡིན་ཏེ། རྗེ་བཙུན་གྱིས་ཡོལ་བའི་ཕྱི་འཇུག་དང་། ནང་འཇུག་གི་སྐབས་སུ་སྡོམ་པ་ཐོབ་པ་ཡོད་པར་གསུངས་ཤིང་། རྗེ་བཙུན་རྩེ་མོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོའི་ཁ་དོག་དང་། དབྱིབས་མིག་གིས་མཐོང་བ་དང་། ཕྱིའི་འཇུག་པ་བྱས་པ་དང་། ཡེ་ཤེས་དབབ་པའི་ཏིང་ངེ་འཛིན་སྐྱེས་པ་ནི་ནང་གི་འཇུག་པ་ཡིན་ཏེ། དེས་ན་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་སྙིང་ལ་ཞུགས་པ་ཡིན་པས། དེས་ནི་དེང་ནས་ལྷ་དང་སྐལ་བ་མཉམ་པར་བྱས་པ་ཡིན་ནོ། །ཞེས་གསུངས་པའི་ཀྱང་སྐབས་འདིར་ཐོབ་པའི་སྔགས་སྡོམ་ཡོད་པར་བསྟན་ནོ། །དེས་ན་འཇུག་པའི་སྐབས་སུ་སོ་ཐར་དང་། བྱང་སེམས་ནི་རྒྱུན་བཤགས་ཀྱི་སྐབས་སུ་ཐོབ་པ་ཉིད་ཡིན་ལ། སྔགས་སྡོམ་འདོད་པ་དྲི་བ་ནས་བརྩམས་ཏེ། རྡུལ་ཚོན་མཐོང་བའི་བར་དུ་ཐོབ་པ་རྣམས་ལ་ལྷ་དང་སྐལ་བ་མཉམ་པའི་སྔགས་སྡོམ་ཞེས་པའི་ཐ་སྙད་དོན་ལ་གནས་ཤིང་། ཁྱོད་ཀྱང་སངས་རྒྱས་རིགས་སུ་སྐྱེས། །ཞེས་དང་། ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །ཞེས་པ་ལྟར་ན། རིགས་སུ་སྐྱེས་པའི་སྔགས་སྡོམ་ཞེས་པའི་ཐ་སྙད་ཀྱང་རུང་བར་སྣང་ངོ་། །གཉིས་པ་དབང་གི་དངོས་གཞི་ལ་གསུམ་སྟེ། ཡོན་དང་མཎྜལ་ཕུལ་ནས་གསོལ་བ་གདབ་པ། སློབ་མ་དབང་སྟེགས་ཀྱི་སྟེང་དུ་གཞག་ལ་ཤིས་པའི་ཆོ་ག་བྱ་བ། དེ་ལ་དབང་བསྐུར་བ་དངོས་སོ། །དང་པོ་ནི། དེ་ནས་དབང་བསྐུར་བར་བྱ་བའི་ཕྱིར་སློབ་མ་རྣམས་ཀྱིས་མཎྜལ་དབུལ། ཇི་ཙམ་འབྱོར་བའི་ཡོན་ཕུལ་ལ་གསོལ་བ་གདབ་པར་བྱ་སྟེ། དེ་ལ་བྱང་ཆུབ་རྡོ་རྗེ་ནི་སྔོན་གྱི་སངས་རྒྱས་རྡོ་རྗེ་འཆང་ངོ་། །དེས་ད་ལྟར་གྱི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་མཆོད་ཆེན་ཏེ་དབང་བསྐུར་བ་ཇི་ལྟར་སྩལ་བ་ལྟར། བདག་ཀྱང་འཁོར་བའི་འདམ་ལས་བསྐྱབ་པའི་དོན་གྱི་ཕྱིར་ནམ་མཁའ་དང་པོ་ནས་ཡོད་ཀྱང་། རྩིག་པ་ལ་སོགས་པའི་སྒྲིབ་བྱེད་བསལ་པའི་ཚེ་ནམ་མཁའ་སྐྱེ་ཞེས་པའི་ཐ་སྙད་གདགས་པ་བཞིན། སེམས་ཉིད་ཐོག་མཐའ་མེད་པའི་སེམས་དཔའ་ཆེན་པོ། དང་པོ་ནས་ཡོད་ཀྱང་གློ་བུར་གྱི་དྲི་མ་བསལ་བའི་ཚེ། སྐྱེ་བའི་ཐ་སྙད་དང་ལྡན་པ་ནི་རྡོ་རྗེ་འཆང་ཡིན་ལ། དེའི་ངོ་བོ་རྡོ་རྗེ་སློབ་དཔོན་གྱི་བདག་ལ་དབང་བསྐུར་བ་སྩལ་དུ་གསོལ་ཞེས་པ་སྟེ། དེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །གཉིས་པ་ནི། ཐོག་མར་སློབ་མ་དབང་སྟེགས་ཀྱི་སྟེང་དུ་གཞག་ནས་ཤིས་པ་བྱ་དགོས་པས། དེ་ལ་དབང་སྟེགས་ནི། དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ཁྲུ་དོ་ཙམ་གྱི་སར་བྱ་སྟེ། དེའང་རྒྱས་པར་བྱེད་ན་དཀྱིལ་འཁོར་གྱི་ཕྱེད་ཙམ་ཡིན་མོད་ཀྱི་རྩ་བའི་དཀྱིལ་འཁོར་ཇི་ལྟར་བྲིས་པ་བཞིན་ཉིན་བར་བྲི་བར་བྱའོ། །མདོར་བསྡུས་པ་ནི་གསང་བ་སྤྱི་རྒྱུད་ལས། དབང་བསྐུར་དོན་དུ་དཀྱིལ་འཁོར་ནི། །བྱེ་མ་དཀར་པོས་བྲི་བར་བྱ། །ཞེས་འབྱུང་བས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཁྲུ་དོ་ཙམ་གྱི་སར་ལེགས་པར་བྱུགས་ལ། ཚོན་དཀར་པོས་ནང་པདྨ་འདབ་བརྒྱད། ཕྱི་གྲུ་བཞི་སྒོ་བཞི་པ། འདོད་ཡོན་དང་། ཕ་གུ་དང་། དྲྭ་བ་དང་། དྲྭ་བ་ཕྱེད་པ་དང་། མདའ་ཡབ་ལ་སོགས་པ་ཐམས་ཅད་ཀྱི་མཚན་མ་ཚང་བ་ཞིག་བྲིས་ལ། དེའི་སྟེང་དུ་ཁྲིའམ། མེད་ནའང་རས་སམ། དར་རམ། སྣམ་བུ་གཙང་མ་བཏིང་སྟེ། དེར་སློབ་མ་དེ་མེ་ཏོག་ཕྲེང་བ་ཕོག་པའི་ལྷའི་རྣམ་པར་བསམ་སྟེ་བདག་ལ་ཁ་བསྟན་ཏེ་གཞག་གོ །དེ་ནས་སློབ་མའི་གཡས། བདག་གི་གཡོན་ནས་ཞབས་བཀྲུ་བའི་ཆུ་དྲི་ཞིམ་པོ་དང་། ཞལ་བཀྲུ་བའི་ཆུ་འོ་མ་དང་མངར་གསུམ་དང་སྦྱར་བ་དང་། བསང་གཏོར་གྱི་ཆུ་གཙང་མ་དང་། མཆོད་ཡོན་གྱི་ཆུ་གཙང་མ་ལ་མེ་ཏོག་དཀར་པོ་བཅུག་པ་སྟེ་ཆུ་བཞི་དང་། ཡུངས་ཀར་དང་། གཞན་ཡང་ཆུ་གཙང་མ་སྟེ་སྦྱོང་བའི་ཡོ་བྱད་གཉིས་ཏེ་དྲུག་བདག་གི་གཡོན་ངོས་ནས་གཞག བདག་གི་གཡས་སློབ་མའི་གཡོན་ནས་སརྫ་རརྫའི་བདུག་སྤོས་ཀྱིས་བདུག མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོས་དང་། མཆོད་པའི་ཡོ་བྱད་ལྔ་བཤམ། མདུན་དུ་བཟེད་ཞལ་གྱི་སྣོད་གཉིས་དང་། མེས་བཀང་བའི་ཁམ་ཕོར་གཞག སྟེང་དུ་བླ་བྲེ་བྲེས་པ་དང་། གཡས་སུ་གདུགས་དཀར་པོ་དང་། གཡོན་དུ་རྒྱལ་མཚན་བསྒྲེང་བ་དང་། དུང་ལ་སོགས་པའི་མཆོད་པའི་ཡོ་བྱད་གཞན་རྣམས་ཀྱང་ཇི་ལྟར་འཚམས་པའི་གནས་སུ་སྟ་གོན་བྱས་ལ་བཞག་གོ །དེ་ནས་སྦྱངས་ཤིང་ཤིས་པར་བྱ་བའི་ཆོ་ག་དངོས་ནི། དང་པོ་སློབ་མ་ལ་རབ་ཏུ་གནས་པའི་ཆོ་ག་བཞིན་དུ་བའི་རྣམ་ལྔ་དང་། དྲི་ལྔ་དང་། མར་ཁུ་དང་། ཤུན་པ་ལྔ་ལ་སོགས་པས་ཁྲུས་བྱ། ཁྲུས་མ་གྲུབ་ནའང་འགལ་བ་མེད་དེ། སློབ་མ་ཁྲིའི་སྟེང་དུ་བཞག་ལ་མེ་ཏོག་ཕོག་པའི་ལྷར་བསྐྱེད་པ་ལ། དང་པོར་ཨོཾ་བཛྲ་ནི་རི་ཏི་ཧཱུྃ་ཁཾ་ཞེས་པས་ཞབས་བཀྲུ། ཨོཾ་བཛྲ་ནི་ཝི་ཏི་ཧཱུྃ་ཁྃ་ཞེས་པས་ཞལ་བཀྲུས་ཏེ་གཉིས་པོ་བཟེད་ཞལ་དུ་བླུག་གོ །ཀུ་ཤའི་ཆུན་པོས་ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་ལུས་ཐམས་ཅད་ལ་གཏོར། ཨོཾ་བཛྲ་ཨརྒྷཱཾ་པྲ་ཏཱིཙྪ་ཧཱུྃ་ཞེས་པས་མཆོད་ཡོན་ཕྱག་ཏུ་གཏད། དེ་ནས་རྡོ་རྗེ་སློབ་མ་རྣམས་ཀྱི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཡི་གེ་ཀྃ་ནག་པོའི་རྣམ་པར་གྱུར་པ་ལས་ཀྱི་རླུང་གིས་དེད་ནས། སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པར་གྱུར་ཏེ་མདུན་གྱི་ཏིལ་ལམ། ཡུངས་ཀར་ལ་ཐིམ་པར་བསམས་ལ། ཁུ་ཚུར་གཉིས་ཀྱིས་བླངས་ནས། ཨོཾ་སརྦ་པཱ་པྃ་ད་ཧ་ན་བཛྲ་ཡ། བཛྲ་ས་ཏྭ་སྱ། སརྦ་པཱ་པྃ་ད་ཧ་ན་ཞེས་བྱ་བས་ལག་པ་གཡས་ཀྱིས་སློབ་མའི་གཡས་ནས་ལན་གཉིས་བསྐོར། གཡོན་གྱིས་གཡོན་ནས་ལན་གཉིས་བསྐོར། ཁུ་ཚུར་གཉིས་ཆར་བསྒྲིགས་ཏེ་གཡས་སུ་ལན་གཅིག་བསྐོར་ནས་ལག་པ་གཉིས་ཁ་བུབ་ཏུ་བསྣོལ་ཏེ་སློབ་མའི་གཡས་ཀྱི་མེ་ལ་ལག་པ་གཡས་ཀྱི་ཡུངས་ཀར་དང་། གཡོན་གྱི་ཆུ་ལ་གཡོན་པའི་ཡུངས་ཀར་བླུག དེ་བཞིན་དུ་ཁུ་ཚུར་གཉིས་ཀྱིས་ཆུ་བླངས་ནས་སྔ་མ་བཞིན་བསྐོར་ཏེ་བླུགས་པ་ལན་གསུམ་གསུམ་བྱའོ། །རང་ལ་བྱེད་པའི་ཚེ་ལག་པ་གཉིས་བསྣོལ་བ་མི་དགོས་སོ། །བསྐོར་ཚུལ་འདི་དག་བཟང་པོ་ཡོངས་གཟུང་ལས། བདུད་རྩི་འཁྱིལ་སྔགས་ཡུངས་ཀར་བཟླས། །ཁུ་ཚུར་གཉིས་ཀྱིས་འདོད་ལྷ་ལ། །རང་གིས་བསྐོར་བས་རབ་བསྐོར་ཏེ། །གཉིས་གཉིས་རབ་ཏུ་སྦྱར་བར་བྱ། །གཅིག་ཅར་ཁུ་ཚུར་གཉིས་དག་ནི། །གཡས་སུ་བསྐོར་བ་ཡང་བྱའོ། །སྔོན་བཞིན་ཡུངས་ཀར་མེ་སྣོད་ལ། །སྦྱང་བར་བྱ་ཕྱིར་གཞུག་པར་བྱ། །ཨོཾ་སརྦ་པཱ་པྃ་སོགས་དང་། ཡེ་ཤེས་རྣམ་ཤེས་ནང་བཀུག་སྟེ། །སྙིམ་པས་ཆུ་ནི་བླང་བྱས་ནས། །དེ་བཞིན་བསྐོར་ཏེ་སྦྱང་ཕྱིར་མེར། །ཡུངས་ཀར་བཞིན་དུ་གཞུག་པར་བྱ། །ཨོཾ་ཧཱུྃ་ཌ་ཌི་ཏ་ཕཊ། ཉེ་རེག་གི་ཆོ་གའོ། །ཞེས་གསུངས་སོ། །དེ་ནས་སློབ་དཔོན་གྱིས་ཆེ་གེ་མོ་ཞེས་བྱ་བའི་བྱུར་དང་སྐལ་བ་ངན་པ་དང་། བཀྲ་མི་ཤིས་པ་ཐམས་ཅད་ཞི་བར་གྱུར་ཅིག ཅེས་བརྗོད་ལ་སྤྱི་བོར་མེ་ཏོག་རེ་གཞག་པར་བྱའོ། །དེ་ནས་ཞབས་བསིལ་ལ་སོགས་པ་དེ་ཐམས་ཅད་ཁང་པའི་ཕྱིར་རོལ་ཏུ་ཕྱུང་ལ་མེ་ཆུའི་ནང་དུ་བླུག་སྟེ་བསྐྱུར་རོ། །མཆོད་པ་ལ་སོགས་པ་རྣམས་བསལ་ཏེ། ལེགས་པར་བྱས་ལ་དབང་སྟེགས་ནི་མི་བཤིག་པར་དེ་བཞིན་དུ་གཞག་གོ །དེ་ནས་སློབ་མ་རྣམས་རང་རང་གི་གྲལ་ལ་ཉེ་བར་འཁོད་པ་ལ། བཀྲ་ཤིས་ཀྱི་གླུ་བླང་བར་བྱ་སྟེ། སྒྲུབ་གཡོག་དང་བཅས་པས་ལས་ཐམས་ཅད་པའི་བུམ་པ་བཟུང་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང་དབྱངས་དང་བཅས་པས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བརྗོད་པར་དབང་ཆུའི་དཔེ་མང་པོར་འབྱུང་བ་ལ། ཕྱི་མ་དག་འོག་ནས་འབྱུང་བའི་བྱ་བ་ཐམས་ཅད་རྣམ་རྒྱལ་གྱིས་བྱེད་པས། རྣམ་རྒྱལ་ཉིད་ལ་ལས་ཐམས་ཅད་པའི་བུམ་པ་ཟེར་བ་ཡིན་ཞེས་དང་། ཁ་ཅིག་ལས་བུམ་ཉིད་བཏེག་པར་འདོད་པ་ཡོད་ཀྱང་། དབང་ཆུའི་དཔེ་དག་པ་རྣམས་ལས། ལས་ཐམས་ཅད་པའི་བུམ་པ་དང་། རྣམ་རྒྱལ་གྱི་བུམ་པ་བཟུང་ལ་ཞེས་པ་ཡོད་པས་ཚིག་ཆད་པར་སྣང་ངོ་། །དེས་ན་འདིར་བུམ་པ་གཉིས་ཀ་བཏེག་དགོས་ཤིང་། རྗེ་བཙུན་རྩེ་མོས་དྲིལ་བུ་དཀྱིལ་ཆོག་ཏུའང་བུམ་པ་གཉིས་ཀ་བཏེག་པར་གསུངས་པ་དང་མཐུན་ལ། མཚོ་སྐྱེས་ཀྱི་དབང་ཆུར་ནི། རྣམ་པར་རྒྱལ་བའི་བུམ་པ་ཉིད་བཏེག་པར་གསུངས་པས། གང་བཤད་པ་དེར་སོ་སོར་བྱ་ཡི། མཐའ་གཅིག་ཏུ་མ་ངེས་སོ། །སློབ་མའི་གཡོན་དུ་ཉེར་སྤྱོད་ལྔ་བཤམ་པར་དབང་ཆུ་གཉིས་ཀ་མཐུན་ཀྱང་མན་ངག་ལུགས་ལ་འབུལ་བའི་གསལ་ཁ་མ་བྱུང་ལ། ཌོམྦི་ལུགས་ཀྱི་དབང་ཆུར། སྐབས་འདིར་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་མཆོད་ལ། བུམ་པ་ལག་ཏུ་བླངས་ཏེ་རོལ་མོའི་སྒྲ་དང་བཅས་པས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པར་གསུངས་སོ། །ཚིགས་བཅད་ཀྱང་བསྡུ་ན། དཀོན་མཆོག་གསུམ་གྱི་ཚིགས་སུ་བཅད་པས་ཆོག་ལ། སྤྲོས་པ་ལ་དགའ་ན། དཀྱིལ་ཆོག་གཉིས་ལས་འབྱུང་བ་ལྟར་མཛད་པ་བཅུ་གཉིས་ཀྱི་བཀྲ་ཤིས་ལ་སོགས་པ་ཇི་ལྟར་འདོད་པའི་བཀྲ་ཤིས་ཀྱི་གླུ་བླང་བ་བཀའ་སྲོལ་གཉིས་ཆར་ལའང་འདྲ་བར་སྣང་ངོ་། །མཚོ་སྐྱེས་ལུགས་ལ་ནི་ཚིགས་བཅད་གསུམ་པོའི་སྟེང་དུ། རྒྱལ་བ་སྲས་བཅས་བསོད་ནམས་མཐུ་དག་དང་། །ཞེས་སོགས་ཚིགས་བཅད་བཞི་བརྗོད་པར་རྒྱ་གཞུང་དང་། བོད་གཞུང་གཉིས་ཀ་ལས་གསུངས་སོ། །འདི་དག་ནི་བྱུར་བསལ་བ་དང་། ཤིས་པ་བརྗོད་པའི་ཆོ་ག་རྒྱས་པའི་ལུགས་ཡིན་ལ། བསྡུ་ན་དབང་སྟེགས་ཀྱི་དཀྱིལ་འཁོར་བྲི་བ་མ་གྲུབ་ཀྱང་། སློབ་མའི་གཡས་ཕྱོགས་སུ་ཆུ་བཞི་དང་། གཡོན་དུ་ཉེར་སྤྱོད་ལྔ་དང་། མདུན་དུ་བཟེད་ཞལ་གཉིས་དང་། མེ་དང་། ཆུ་དང་། ཡུངས་ཀར་རྣམས་བཤམས་ནས་དབང་སྟེགས་བྲིས་པ་ལྟར་གྱི་སྟེང་དུ་མེ་ཏོག་གང་ཕོག་གི་ལྷའི་ང་རྒྱལ་གྱིས་གནས་པར་མོས་པ་བྱེད་དུ་བཅུག་ལ། སློབ་དཔོན་གྱི་ལག་པ་གཡས་པས་ཞབས་བསིལ་དང་། གཡོན་པས་བཟེད་ཞལ་བཟུང་ནས། སློབ་མ་རེ་རེའི་མདུན་དུ་བཟེད་ཞལ་གྱི་ནང་དུ་ཆུ་ཙར་བ་རེ་བླུག་སྟེ་ཞབས་བསིལ་བར་བསམ། དེ་བཞིན་དུ་ཞལ་བསིལ་ལ་ཡང་བྱ། འཐོར་འཐུང་ལག་པ་གཡོན་པས་བཟུང་ནས། གཡས་པས་ཀུ་ཤའི་རྩེ་མོས་འཐོར་བ་རེ་བྱེད། མཆོད་ཡོན་ལག་ཏུ་གཏད་པའི་ཚུལ་བྱ། ཡུངས་ཀར་གྱིས་སྦྱང་བ་མན་ཆད་སྔར་བཞིན་བྱའོ། །ཕྲེང་བར་ཡུངས་ཀར་དང་། ཆུ་དང་། ཁམ་ཕོར་དང་། དཱུརྦའི་མྱུ་གུ་དང་བཅས་པའི་བའི་ལྕི་བའི་ཆང་བུ་དང་། ཟན་གྱི་ཆང་བུ་སྒྲོན་མེ་དང་བཅས་པ་དང་། སིང་རས་རྣམས་བཞི་བཞི་སྟེ། དྲུག་བཞི་ལྡན་གྱི་སྦྱང་བ་བྱེད་པ་ནི་ལུགས་དེ་ལ་དགོས་ཀྱི། དེ་ལས་གཞན་རྒྱ་བོད་སུས་ཀྱང་མ་བཤད་དོ། །གསུམ་པ་དེ་ལ་དབང་བསྐུར་བ་དངོས་ལ་གཉིས་ཏེ། དབང་སྤྱིའི་རྣམ་པར་གཞག་པ་དང་། སོ་སོའི་ཆོ་ག་ལ་འཇུག་པའོ། །དང་པོ་ལ་གསུམ་སྟེ། ཀྱེ་རྡོ་རྗེའི་རྒྱུད་ལ་བརྟེན་ནས་བིརྺ་པ་རྗེས་འབྲང་དང་བཅས་པས་ཇི་ལྟར་འགྲེལ་བའི་ཚུལ། གསང་བ་འདུས་པའི་རྒྱུད་ལ་བརྟེན་ནས་ཡེ་ཤེས་ཞབས་ལུགས་པས་ཇི་ལྟར་འགྲེལ་བའི་ཚུལ། འཁོར་ལོ་བདེ་མཆོག་གི་རྒྱུད་ལ་བརྟེན་ནས་མཚོ་སྐྱེས་དང་། སྤྱོད་པའི་རྡོ་རྗེས་ཇི་ལྟར་འགྲེལ་བའི་ཚུལ་ལོ། །དང་པོ་ནི། རྩ་རྒྱུད་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བརྗོད། །ཅེས་དང་། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཞིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་དང་། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་དབང་བཞིའི་ཐ་སྙད་མཛད་པའི་ཚེ། སློབ་དཔོན་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་ཞེས་པའི་ཐ་སྙད་མཛད་ཅིང་། སློབ་དཔོན་གྱི་དབང་གི་མཚན་གཞིའང་། དམ་ཚིག་གསུམ་སྦྱིན་པ་ལ་མཛད་པ་ནི་ཚིགས་བཅད་སྔ་མའི་ནང་དུ་རྡོ་རྗེ་དང་། དྲིལ་བུ་དང་། མཉམ་སྦྱོར་བ་ཞེས་དང་། ཕྱི་མའི་ནང་དུ་རྡོ་རྗེ་ཆེ་དང་། དྲིལ་བུ་ཆེ་དང་། རྡོ་རྗེར་བྱིན་གྱིས་བརླབས། །ཞེས་པ་རྣམས་ཀྱིས་བསྟན་ཏོ། །དེ་ལྟར་སློབ་དཔོན་གྱི་དབང་དམ་ཚིག་གསུམ་སྦྱིན་པ་ལ་ངོས་འཛིན་པ་དང་། བརྟུལ་ཞུགས་ཀྱི་དབང་མན་ཆད་རྡོ་རྗེ་སློབ་མའི་དབང་དུ་མཛད་པ་འདི་ནི་ཡོ་ག་དང་སྒོ་བསྟུན་པ་སྟེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། བྱ་རྒྱུད་ལ་ཆུ་དང་ཅོད་པཎ་གཉིས། སྤྱོད་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་ལྔ། རྣལ་འབྱོར་རྒྱུད་ལ། ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་རབ་ཏུ་གྲགས། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་དམ་ཚིག་གསུམ་སྦྱིན་པ་དང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དེ་དྲུག་ལ་ཕྱིར་མི་ལྡོག་པའི་དབང་ཞེས་དང་། སློབ་དཔོན་གྱི་དབང་ཞེས་པའི་ཐ་སྙད་མཛད་ནས། རྣལ་འབྱོར་ཆེན་པོ་ལ་དེའི་སྟེང་དུ་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་སྟེ་དབང་བཞི་ཡོད་པར་གསུངས་པས་དེ་དང་ཐ་སྙད་སྒོ་བསྟུན་པའི་དབང་དུ་བྱས་པར་སྣང་ངོ་། །དེ་ཙམ་ཞིག་ཡོ་ག་དང་ཐུན་མོང་བ་ཡིན་ཀྱང་། ཕྱག་རྒྱ་སྐུའི་དམ་ཚིག་ཕྱག་རྒྱ་དང་མཉམ་པར་སྦྱར་ནས། ལུས་ཀྱི་རིགས་པའི་བདེ་བ་ཉམས་སུ་མྱོང་བ་ལ་འཇོག་པ་ནི་རྣལ་འབྱོར་ཆེན་པོའི་ཐུན་མོང་མ་ཡིན་པའི་རྣམ་གཞག་སྟེ། གནད་ཀྱི་གསལ་བྱེད་ལས། ཡང་ན་རྣལ་འབྱོར་གྱི་རྒྱུད་དང་། ཐུན་མོང་གི་སློབ་དཔོན་གྱི་དབང་གི་བར་ནི་རྒྱུད་འདིར་མ་གསུངས་ཏེ་གཞན་དུ་ཤེས་པར་བྱའོ། །འདིར་ནི་ཐུན་མོང་མ་ཡིན་པའི་སློབ་དཔོན་གྱི་དབང་སྟེ། ཧེ་བཛྲ་ལས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ཞེས་སོགས་དྲངས་ནས། ཚིགས་སུ་བཅད་པ་གཉིས་པོ་འདིའང་དེའི་དོན་དང་མཐུན་ནོ་ཞེས་ཁོ་བོའི་རྣམ་པར་རྟོག་པའོ། །ཞེས་གསུངས་པས་སོ། །དོན་འདི་ཉིད་ཀྱི་དབང་དུ་མཛད་ནས་གནད་ཀྱི་གསལ་བྱེད་དང་། མངོན་རྟོགས་ལྗོན་ཤིང་གཉིས་ལས་ཐུན་མོང་གི་དབང་དང་ཐུན་མོང་མ་ཡིན་པའི་དབང་གཉིས་ལས། ཕྱི་མ་ལ་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་དབང་བཞི་པ་ཞེས་པའི་ཐ་སྙད་དང་། དབང་ཆུར་ཡང་སློབ་མ་ལ་བྱ་བ་ཐུན་མོང་གི་དབང་བསྐུར་བའི་ཆོ་ག་དང་། ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་ག་གཉིས་སུ་མཛད་ནས་ཕྱི་མ་ལ་དབང་བཞིར་ཕྱེ་བར་མཛད་དོ། །དེ་ཡང་སྤྱིར་རིག་པའི་དབང་ལྔ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་ཐམས་ཅད་ལ་བུམ་པ་ཆུའི་བྱ་བ་འཇུག་པས་བུམ་པའི་དབང་ཞེས་པ་ཙམ་གྱི་མིང་འཇུག་ཀྱང་དེ་ཙམ་གྱིས་ལུགས་འདིའི་བུམ་པའི་དབང་གི་དོན་མི་རྫོགས་ཏེ། སྒྲ་བཤད་པ་ཙམ་རིག་པའི་དབང་ལྔ་ཆར་ལ་ལྷ་མོ་རྣམས་ཀྱི་ཅོད་པཎ་ལ་དབང་བས་ཅོད་པཎ་གྱི་དབང་ཞེས་པ་ཡང་ཡོད་པས་སོ། །འདིར་ནི་རྡོ་རྗེ་གུར་ལས། ཆུ་ཡི་དབང་བསྐུར་དང་པོ་སྟེ། །གཉིས་པ་དབུ་བརྒྱན་དབང་བསྐུར་རོ། །གསུམ་པ་རྡོ་རྗེའི་དབང་བསྐུར་ལ། །རང་གི་བདག་པོ་བཞི་པ་སྟེ། །ལྔ་པ་མིང་གི་དབང་བསྐུར་རོ། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བདུན་པ་བུམ་པའི་དབང་བསྐུར་རོ། །བརྒྱད་པ་གསང་བའི་དབང་བསྐུར་ཏེ། །དགུ་པ་ཤེས་རབ་དབང་བསྐུར་རོ། །དེ་ཉིད་རྡོ་རྗེ་རབ་སྦྱོར་བས། །རྡོ་རྗེ་བརྟུལ་ཞུགས་ཀུན་སྦྱིན་བྱ། །ཞེས་བདུན་པ་ཉིད་ལ་བུམ་པའི་དབང་བསྐུར་དུ་གསུངས་པས། དུས་འཁོར་བ་དག བུམ་པའི་སྒྲས་ཤེས་རབ་མའི་དཀར་འཛིན་ནམ། འོ་འཛིན་ཡོངས་སུ་རྒྱས་པ་ལ་རེག་པ་དང་། ནོམ་པ་དང་། ཉུག་པ་ལ་བརྟེན་ནས་དགའ་བའི་ཡེ་ཤེས་སྐྱེས་པ་གང་ཡིན་པ་དེ་བུམ་པའི་དབང་དུ་འདོད་པ་ལྟར། འདིར་ཡང་། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །ཅེས་ཤེས་རབ་མ་དང་ལུས་ཀྱི་གནས་ཐམས་ཅད་རེག་པ་ལ་བརྟེན་ནས། དགའ་བའི་ཡེ་ཤེས་སྐྱེས་པ་དེ་ཉིད་བུམ་པའི་དབང་དུ་འདོད་དགོས་སོ། །དེས་ན་ཐུན་མོང་མ་ཡིན་པའི་དབང་བཞི་བགྲངས་པའི་ཚེ་བུམ་པའི་དབང་ནས་བགྲངས་པ་དང་། སློབ་དཔོན་གྱི་དབང་ནས་བགྲངས་པ་གཉིས་རྩ་བཤད་གཉིས་ཀྱི་དགོངས་པ་སྦྱར་བའི་ཚེ་ཁྱད་པར་མེད་པར་བཞེད་དོ། །གཉིས་པ་ནི། ཡོ་ག་དང་ཐ་སྙད་སྒོ་མ་བསྟུན་པར་བླ་མེད་རང་རྐང་ལ་དམ་ཚིག་གསུམ་སྦྱིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་འདོད་པའི་ངེས་པ་མི་སྣང་སྟེ། བཞི་བརྒྱ་ལྔ་བཅུ་པ་ལས་དམ་ཚིག་གསུམ་སྦྱིན་པ་རྡོ་རྗེ་སློབ་མའི་དབང་དུ་བཤད་པའི་ཕྱིར་རོ། །ལུགས་འདི་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཇི་ལྟར་སྙམ་ན་རིག་པའི་དབང་ལྔ་གཉིས་པ་བསྐུར་ནས་བཀྲ་ཤིས་ཀྱི་གླུ་དང་བཅས་ཏེ། ཆུ་དབང་རྒྱས་པ་བསྐུར་ཏེ་རིགས་བདག་གིས་རྒྱས་གདབ་པ་ཉིད་ལ་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བཞེད་ཅིང་། དེའི་ཚེ་དམ་ཚིག་གསུམ་སྦྱིན་པ་རྣལ་འབྱོར་རྒྱུད་དང་སྒོ་མི་བསྟུན་ཡང་སློབ་དཔོན་གྱི་དབང་གི་སྐབས་སུ་རིག་པའི་དབང་ལྔ་བསྐྱར་ནས་བསྐུར་བ་རྣལ་འབྱོར་རྒྱུད་དང་སྒོ་བསྟུན་པར་སྣང་ངོ་། །འདི་ཅི་ལྟར་ཤེས་ན་སྨན་པའི་ཞབས་ཀྱིས། སྡོམ་པ་ཡང་ནི་རྣམ་གཉིས་ཏེ། །ཐུན་མོང་སྡོམ་པར་བསྟན་པ་དང་། །ཐུན་མོང་མ་ཡིན་སྡོམ་པའོ། །ཞེས་སྡོམ་པ་གཉིས་སུ་གསུངས་ཤིང་། དེ་གཉིས་ཀྱི་དོན་ཤཱནྟི་པས་དེ་ཡང་རེ་ཞིག་རྣམ་པ་གཉིས་ཏེ། ལ་ལ་ནི་སྤྱིའི་སྡོམ་པའོ། །ལ་ལ་ནི་སློབ་དཔོན་གྱི་སྡོམ་པའོ། །དེ་ལ་སྡོམ་པ་གང་སློབ་དཔོན་མི་བྱེད་ཀྱང་སྦྱིན་པ་དེ་ནི་སྤྱིའི་སྡོམ་པ་ཡིན་ཏེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་ཅན་སྔར་བཤད་པ་ཡིན་ནོ། །སློབ་དཔོན་ཉིད་དུ་བྱེད་པར་བྱིན་པ་གང་ཡིན་པ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ། རིགས་ལྔས་ཡང་དག་པར་བསྡུས་པའོ། །ཞེས་གསུངས་པས་སློབ་མའི་དབང་གི་རིག་པའི་དབང་ལྔའི་སྐབས་སུ་རིགས་ལྔའི་སྡོམ་པ་མི་ཐོབ་པར་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་འཛིན་པ་ཙམ་ཡིན་པར་བཞེད་ཅིང་སློབ་དཔོན་གྱི་དབང་གི་རིག་པའི་དབང་ལྔས་རིགས་ལྔའི་སྡོམ་པ་ཐོབ་པར་བཞེད་པས་སོ། །རྣལ་འབྱོར་རྒྱུད་ལ་སྡོམ་པའི་ཐོབ་ཚུལ་འདི་ལྟར་ཡིན་པ་ནི་འོག་ནས་འཆད་པར་འགྱུར་རོ། །གལ་ཏེ་འདི་ལ་ཡང་སྤྱིའི་སྡོམ་པ་སློབ་མའི་སྐབས་ཀྱི་རིག་པའི་དབང་ལྔ་ལས་ཐོབ་པ་མ་ཡིན་ནོ་སྙམ་ན་དེ་ཡང་མི་འཐད་དེ། འགྲེལ་པ་དེ་ཉིད་ལས་ཡང་གང་ཞིག་ལ་རིག་པའི་དབང་བསྐུར་བ་ཙམ་འབའ་ཞིག་སྦྱིན་ཞེ་ན་སློབ་དཔོན་གྱི་དབང་བསྐུར་བ་དོན་དུ་མི་གཉེར་བའམ། དེ་དོན་དུ་གཉེར་བ་སྤྱིའི་སྡོམ་པ་ཉི་ཚེ་ཙམ་ལེན་པར་བྱེད་ཀྱི། སློབ་དཔོན་གྱི་སྡོམ་པ་ནི་མ་ཡིན་པ་དག་ལ་བྱའོ། །ཞེས་སྤྱིའི་སྡོམ་པ་རིག་པའི་དབང་བསྐུར་བ་ལས་ཐོབ་པ་གསལ་བར་གསུངས་པའི་ཕྱིར་རོ། །མདོར་ན་ལུགས་འདི་ལ་སློབ་མའི་སྐབས་ཀྱི་རིག་པའི་དབང་ལྔ་ལས་བྱང་ཆུབ་སེམས་དཔའ་དང་ཐུན་མོང་གི་སྡོམ་པ་དང་། སློབ་དཔོན་གྱི་སྐབས་ཀྱི་རིག་པའི་དབང་ལས་རིགས་ལྔའི་སྡོམ་པ་ཐོབ་ཅིང་དེ་ཉིད་ལ་ཆུ་དབང་རྒྱས་པ་བསྐུར་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་རབ་ཏུ་གནས་པ་བྱས་པས་སློབ་དཔོན་གྱི་དབང་དུ་བཞེད་ཀྱི་དམ་ཚིག་གསུམ་སྦྱིན་པ་ལ་སློབ་དཔོན་གྱི་དབང་དུ་ནི་མི་བཞེད་དོ། །གསུམ་པ་ནི། གྲུབ་ཆེན་མཚོ་སྐྱེས་ཀྱིས་ཀྱེ་རྡོར་གྱི་སྐབས་སུ་ཡང་ཆོ་གའི་འགྲོས་ཕལ་ཆེར་བདེ་མཆོག་ལྟར་མཛད་ཅིང་། རིག་པའི་དབང་ལྔའི་རྡོ་རྗེའི་དབང་གི་སྐབས་སུ་རྡོ་རྗེའི་དེ་ཁོ་ན་ཉིད་བསྒྲགས། དྲིལ་བུའི་དབང་གི་སྐབས་སུ་དྲིལ་བུའི་དེ་ཁོ་ན་ཉིད་བསྒྲགས་ནས་དེའི་རྗེས་སུ་དེ་ལྟར་རྡོ་རྗེ་དྲིལ་བུ་སྦྱིན་ལ་ཕྱག་རྒྱ་ཆེན་པོ་དང་ལྡན་པར་བསམ་མོ། །ཞེས་གསུངས་པ་འདི་ཉིད་ཀྱིས་དམ་ཚིག་གསུམ་སྦྱིན་པ་ཡིན་ཏེ། དེ་ལས་གཞན་དམ་ཚིག་གསུམ་སྦྱིན་པའི་ཚིག་མི་སྣང་བའི་ཕྱིར་རོ། །འདི་ཡང་ཡེ་ཤེས་ཞབས་ལུགས་ལྟར་དམ་ཚིག་གསུམ་སྦྱིན་པ་སློབ་མའི་དབང་གི་སྐབས་སུ་བཤད་པའི་ལུགས་སུ་སྣང་ངོ་། །དེ་ནས་མིང་གི་དབང་བསྐུར་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་བྱིན་ནས་གསང་བའི་དབང་བསྐུར་བར་གསུངས་པས་རྡོ་རྗེ་སློབ་མ་དང་། སློབ་དཔོན་གྱི་དབང་གིས་མཚམས་སོ་སོར་ཕྱེ་བ་མི་སྣང་ཡང་ཇི་བཙུན་རྩེ་མོས་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་དང་གསང་དབང་གི་བར་དེར་དམ་ཚིག་གསུམ་སྦྱིན་ནས་ཆུ་དབང་བསྐུར་བ་ཁ་བསྐང་བ་ནི་ཀྱེ་རྡོར་གྱི་རྒྱུད་ལ་བརྟེན་པར་སྣང་སྟེ། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཅེས་པས་ཕྱག་རྒྱ་སྐུའི་དམ་ཚིག་སྦྱིན་པར་གསུངས་པའི་ཕྱིར་རོ། །སྤྱོད་པའི་རྡོ་རྗེས་ནག་པོ་དཀྱིལ་ཆོག་ཏུ་ཡང་ཆོ་གའི་འགྲོས་ནས་གླིང་མ་ཇི་ལྟ་བ་བཞིན་དུ་གསུངས་པའི་དོན་རྗེ་ས་ཆེན་གྱི་རས་བྲིས་ལ་བརྟེན་པའི་དཀྱིལ་ཆོག་ཏུ་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཀྱི་རྗེས་སུ་སློབ་དཔོན་གྱི་དབང་ཁ་མི་སྐོང་བར། དབང་བཞི་རྫོགས་པའི་རྗེས་སུ་རྡོ་རྗེ་སློབ་དཔོན་གྱི་དབང་དོན་དུ་གཉེར་བ་ལ་ལོགས་སུ་སྦྱིན་པར་གསུངས་སོ། །ལུགས་འདིའི་བཞེད་པས། རང་དོན་བསྐྱེད་རྫོགས་ཀྱི་སྒྲུབ་པ་གཙོ་བོར་བྱེད་ན་གཞུང་ནས་བཤད་པའི་དབང་བཞི་རྫོགས་པར་ཐོབ་པ་ཙམ་གྱིས་ཆོག་ལ། གཞན་དོན་ཕྲིན་ལས་བྱེད་ན། དེའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དགོས་པར་བཞེད་པ་འདྲའོ། །རྗེ་བཙུན་གྱི། རྗེ་བཙུན་རྩེ་མོའི་དགོངས་པ་དང་མཐུན་པར། ས་ཆེན་གྱིས་ལོགས་སུ་གསུངས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་དེ་ཉིད་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་དང་། གསང་དབང་གི་བར་དུ་སྦྱར་ནས་གསུངས་པས། རྗེ་བཙུན་གོང་མ་འདི་རྣམས་ཀྱིས་སློབ་དཔོན་གྱི་དབང་ལ་ཀྱེ་རྡོ་རྗེའི་དགོངས་པ་ཇི་ལྟ་བ་བཞིན་དམ་ཚིག་གསུམ་སྦྱིན་པ་དགོས་པར་བཞེད་དོ། །ཀླུ་བྱང་གི་དཀྱིལ་ཆོག་ཉི་ཤུ་པར། ཕྱག་མཚན་གྱི་དབང་བསྐུར་དང་། ཕན་ཡོན་གཉིས་ཀྱི་བར་དུ་དམ་ཚིག་གསུམ་སྦྱིན་ནས་ཆུ་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་གྱི་དབང་མ་གསུངས་ཀྱང་། ཟུང་འཇུག་གསལ་བ་ལས། བར་དེར་དམ་ཚིག་གསུམ་བྱིན་ནས་ཆུ་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་གྱི་དབང་ཁ་བསྐང་བར་མཛད་པས། ཁ་བསྐང་ཚུལ་འདི་ནི་འཕགས་ཡུལ་གྱི་སྲོལ་ཆེན་དུའང་སྣང་ངོ་། །ནས་གླིང་མ་དང་ནག་པོ་དཀྱིལ་ཆོག་གཉིས་ཀྱི་འགྲོས་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་རང་དོན་སྒྲུབ་པའི་དབང་དུ་བྱས་པ་དང་། གཞན་དོན་སྒྲུབ་པའི་དབང་དུ་བྱས་པ་གཉིས་ལས། སྔ་མ་ནི་གཞུང་ལས་བཤད་པའི་དབང་གོང་མ་གསུམ་དང་། ཕྱི་མ་ནི་ས་ཆེན་ཡབ་སྲས་གསུམ་གྱིས་ཁ་བསྐངས་པ་ཉིད་ལ་ངོས་བཟུང་ན་ལེགས་པར་སྣང་ངོ་། །གཉིས་པ་སོ་སོའི་ཆོ་ག་ལ་འཇུག་པ་ལ་གཉིས་ཏེ། སློབ་མ་ལ་བྱ་བ་ཐུན་མོང་གི་དབང་བསྐུར་བའི་ཆོ་ག ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གའོ། །དང་པོ་ལ་གསུམ་སྟེ། རང་གི་ལྷག་པའི་ལྷའི་རྟེན་ལ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རིག་པའི་དབང་ལྔ་བསྐུར་བ། རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དབང་བསྐུར་བ། དེས་སྡོམ་པ་གང་ཐོབ་ཅིང་དོན་གང་ལ་དབང་བའོ། །དང་པོ་ལ་བཞི་སྟེ། གང་ལ་བསྐུར་བའི་རྟེན། རང་གི་ལྷག་པའི་ལྷ་ངོས་གཟུང་བ། གང་བསྐུར་བའི་རིག་པའི་དབང་ངོས་གཟུང་བ། ཇི་ལྟར་བསྐུར་བའི་ཆོ་གའི་རྣམ་གཞག དབང་གི་དོན་ངོ་སྤྲོད་པའོ། །དང་པོ་ནི། གཞི་སེམས་ཅན་གྱི་རྒྱུད་ཀྱི་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་དང་། འབྱུང་བ་ལྔ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པ་ནི། རང་བཞིན་རྣམ་དག་གི་ལྷག་པའི་ལྷ་ཡིན་ལ། དེ་ཉིད་སྐབས་འདིར་སློབ་དཔོན་དང་། སློབ་མ་གཉིས་ཀས་ལྷ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ནི་རང་གི་ལྷག་པའི་ལྷ་ཞེས་བྱ་སྟེ། སྦྱང་གཞི་རང་ལ་ཡོད་པ་ལྷག་པའི་ལྷར་དངོས་སུ་བསྐྱེད་པ་ཡིན་པའི་ཕྱིར་རོ། །ཤཱནྟི་པས་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པར། ཕུང་པོ་ལྔ་ལ་ཆོས་ཉིད་ཀྱི་ཕུང་པོ་ལྔ་ནི་ལྷག་པའི་ལྷ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ། ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་ཕུང་པོ་ལྔ་ནི་ལྷག་པའི་ལྷའི་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ་མ་ཡིན་ནོ། །ཞེས་ཕྱེ་སྟེ་གསུངས་པ་ནི་སེམས་ཙམ་པའི་གྲུབ་མཐའ་རྡོ་རྗེ་ཐེག་པ་ལ་སྦྱར་བ་ཡིན་གྱི། དབུ་མའི་གཞུང་ལུགས་དོན་དམ་བདེན་པ་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་། ཀུན་རྫོབ་བདེན་པ་སྤྲོས་བཅས་ལྷར་བསྒོམས་པའི་རྣམ་གཞག་མ་ཡིན་པས་ལུགས་འདི་ལ་སྦྱར་དུ་མི་རུང་ངོ་། །དེ་ཉིད་ཕུགས་སུ་བཅུག་ནས་སེམས་ཙམ་པ་ཞེས་པའི་མིང་འདོགས་གཞན་སྟོང་ཞེས་པར་བསྒྱུར་ཏེ། དབུ་མ་ཆེན་མོའི་ལུགས་སུ་ཇོ་ནང་པ་རྣམས་སྨྲ་ཞིང་། དེང་སང་རྒྱུ་མཚན་མེད་པ་རྣམས་ཀྱང་དེའི་རྗེས་སུ་འབྲང་བར་སྣང་ནའང་། གྲུབ་མཐའ་བཞིའི་རྣམ་དབྱེ་མ་ཕྱེད་པའི་གཏམ་དུ་སྣང་བས། ཁོ་བོས་གཞན་དུ་རྒྱས་པར་བཀག་ཟིན་ཏོ། །གཉིས་པ་ནི། དབང་རྫས་རྣམ་རྒྱལ་བུམ་པའི་ཆུ་ལ་སོགས་པ་རིགས་ལྔའི་ངོ་བོར་རང་བཞིན་གྱིས་རྣམ་པར་དག་པ་དེ་ཉིད། སློབ་དཔོན་གྱིས་རིགས་ལྔ་ཞལ་ཕྱག་གི་རྣམ་པ་ཅན་ཡན་ལག་བཞི་རྫོགས་སུ་བསྐྱེད་ནས། དེ་དག་ཞུ་བ་ལས་བྱུང་བའི་ངོ་བོ་རིགས་ལྔ་ཡིན་པ་ལ། རྣམ་པ་ཆུ་ལ་སོགས་པར་གནས་པ་ནི་གང་བསྐུར་བར་བྱ་བའི་དབང་རྫས་ཡིན་ལ། དེ་དག་སྤྱི་བོར་བླུག་པ་དང་། ལག་ཏུ་གཏད་པ་སོགས་བྱས་པས་སྦྱངས་གཞི་སྔར་བཤད་པ་རྣམས་སྦྱོང་བྱེད་རིགས་ལྔར་སློབ་མའི་བློ་ངོར་གྲུབ་པ་ནི་རིག་པའི་དབང་བསྐུར་བའི་དོན་ཏེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། དེ་ཡི་དབང་བསྐུར་ལ་སོགས་རིམ། །ཅི་ནས་མ་གྲུབ་ཡང་གྲུབ་བྱེད། །དེ་ཡི་རང་བཞིན་མི་ཤེས་རྣམས། །སྣོད་དུ་བྱ་བར་བཞེད་པ་སྟེ། །དབང་བསྐུར་སོགས་རིམ་ཀུན་རྫོབ་ཏུ། །མངོན་སུམ་དུ་ནི་སྒྲུབ་པ་འོ། །ཞེས་གསུངས་པས་སོ། །མིང་དབང་ལ་དབང་རྫས་ལྷར་བསྐྱེད་པ་མེད་པས། རིག་པའི་དབང་ལྔ་མ་ཚང་བར་འགྱུར་རོ་སྙམ་ན། རྗེ་བཙུན་རྩེ་མོས། དབང་ཆུ་གཉིས་དང་། དྲིལ་བུ་དཀྱིལ་ཆོག་ལས། མིང་དབང་ལ་དབང་རྫས་བྱེད་ན། མེ་ཏོག་གི་ཕྲེང་བའང་རྡོ་རྗེ་དྲིལ་བུ་ལྷར་བསྐྱེད་ཅེས་གསུངས་པས། སྔ་མ་ལྟར་ན། མེ་ཏོག་གི་ཕྲེང་བ་སྤྱི་བོར་བཟུང་ནས་མིང་བཏགས། ཕྱི་མ་ལྟར་ན་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ནས་མིང་བཏགས་པ་ནི། སློབ་མ་ལ་དབང་རྫས་མི་འདུག་གོ་སྙམ་པའི་དོགས་པ་སྐྱེ་ན། དེ་བཟློག་པའི་ཆེད་ཡིན་གྱི། ཕལ་ཆེར་ལ་དབང་རྫས་ཀྱི་བསྐྱེད་ཆོག་མེད་པ་ནི་མིང་དེ་ཉིད་སློབ་དཔོན་གྱི་ཐུགས་ཀ་ནས་བཏོན་པས་རྣམ་སྣང་གི་ངོ་བོར་གྲུབ་པ་ལ་དགོངས་ནས་བསྐྱེད་ཆོག་དངོས་སུ་མ་གསུངས་སོ། །གསུམ་པ་ལ་གསུམ་སྟེ། དམིགས་པ་འཕོ་ཚུལ་གྱི་ཁྱད་པར་དེ་ལས་རྗེ་བཙུན་མཆོག་གི་དགོངས་པ་ངོས་གཟུང་བ། སྐབས་སུ་བབ་པའི་ཆོ་ག་གསལ་བར་བཤད་པའོ། །དང་པོ་ལ་གསུམ་སྟེ། བདག་དང་དབང་རྫས་སློབ་མ་གསུམ་ཆར་དམིགས་པ་འཕོ་བ། སློབ་དཔོན་བདག་ཉིད་མི་འཕོ་བར་སློབ་མ་དང་དབང་རྫས་འཕོ་བ། བདག་དང་སློབ་མ་མི་འཕོ་ཞིང་དབང་རྫས་འཕོ་བའོ། །དང་པོ་ནི། གྲུབ་ཆེན་དྷ་རི་ཀ་པའི་ལུགས་ཏེ། མི་བསྐྱོད་བསམ་གཏན་གསུམ་རྫོགས་ནས། །ཞེས་བཤད་པས། མི་བསྐྱོད་པ་ཆུ་དབང་ནས་མིང་དབང་གི་བར་གསུམ་ཀ་དམིགས་པ་འཕོ་བ་ཡིན་ནོ། །བི་བྷཱུ་ཏ་ཙནྡའི་དཀྱིལ་ཆོག་དང་། སློབ་དཔོན་ཨ་བྷ་ཡའི་ཕྲེང་བར་ཡང་དེ་དང་མཐུན་པར་བཤད་དོ། །གཉིས་པ་ནི། དགྲ་ནག་ཞང་ལུགས་པ་རྣམས་ཀྱིས། སློབ་མ་དབང་སྟེགས་ཀྱི་སྟེང་དུ་མེ་ཏོག་གང་ཕོག་གི་ལྷར་བསྐྱེད་པ་ལ། བྱུར་བསལ་བའི་ཆོ་ག་རྣམས་བྱས་ཏེ་བཞག་ལ། དེ་ནས་དབང་རྫས་བུམ་པའི་ཆུ་སོགས་བཞི་བསང་སྦྱངས་སྟོང་པའི་ངང་ལས། ཆོ་ག་གསུམ་ལས་དེ་བཞིན་གཤེགས་པ་རིགས་བཞིར་དུས་གཅིག་ལ་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱས་ལ། ཞུ་བ་ལས་བྱུང་བའི་དབང་རྫས་བུམ་པའི་ཆུ་ནས་དྲིལ་བུའི་བར་དུ་བལྟས་ལ། དེ་ནས་སློབ་མ་ཁྲུས་སྟེགས་ལས་ཕབ་སྟེ། གྲལ་ལ་འཁོད་པ་ལ་མི་བསྐྱོད་པར་བསྐྱེད། ཡན་ལག་དང་པོ་གསུམ་བྱས་ལ། དེ་ནས་དབང་བསྐུར་བ་གསོལ་བ་གདབ་པ། དབང་བསྐུར་མི་བསྐྱོད་པས་དབུ་བརྒྱན་པ་དེ་ལ་མཆོད། དེ་ནས་སློབ་མ་རིན་འབྱུང་དུ་བསྐྱེད་ཅིང་དབང་བསྐུར་བ་སོགས་བྱེད་དོ། །ཚུལ་འདི་ནི་རྗེ་བཙུན་རིན་པོ་ཆེས་དགྲ་ནག་གི་དཀྱིལ་ཆོག་ཏུ་བཤད་དོ། །ཡང་སློབ་དཔོན་ནག་པོ་པའི་དཀྱིལ་ཆོག་གཞུང་འགྲེལ་དུ། དབང་རྫས་བུམ་པའི་ཆུ་མི་བསྐྱོད་པ་མི་བསྐྱེད། ཅོད་པཎ་དང་རྡོ་རྗེ་དྲིལ་བུ་ནི་རིན་འབྱུང་སོགས་སུ་བསྐྱེད་པར་བཤད་ལ། དེའི་གོ་རྒྱུ་ནི་སློབ་མ་ལ་དབང་རྫས་གཏོད་པ་དེ། དབང་རྫས་བྱིན་རླབས་ཅན་ནམ། རབ་གནས་ཅན་དུ་བྱས་པ་ཞིག་གཏོད་པ་ཡིན་པ་ལ། བུམ་པའི་ཆུ་འདིར་ལྷར་མ་བསྐྱེད་ཀྱང་། བུམ་པ་སྟ་གོན་གྱི་སྐབས་སུ་ལྷར་བསྐྱེད་ཟིན་པའི་ཕྱིར་སྙམ་དུ་དགོངས་པའོ། །དེ་བཞིན་དུ་ཁོང་གིས་མཛད་པའི་གསང་འདུས་ཀྱི་དཀྱིལ་ཆོག་ཏུའང་དེ་བཞིན་དུ་བཤད་དོ། །ཡང་སློབ་དཔོན་མི་འཕོ་ཞིང་གཞན་གཉིས་འཕོ་བ་གཞིར་བཞག་ལ། ནང་དབང་ཡོད་པ་དང་། མེད་པའི་ལུགས་གཉིས་ལས། འདིར་ནི་མེད་པའི་ལུགས་ཡིན་ལ། ཡོད་པ་ལའང་དེ་བཞིན་གཤེགས་པ་སྤྱན་དྲངས་ཏེ་ལུས་ལ་གཞུག་པ་ལ་ནང་དབང་དུ་བྱས་པ་དང་། སློབ་མ་འོད་ཀྱི་རང་བཞིན་དུ་བྱས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་བཞུ། བྱང་ཆུབ་ཀྱི་སེམས་ཁུ་བར་བྱས་པ་ལ་ནང་དབང་དུ་བྱས་པ་གཉིས་ལས། དང་པོ་ནི། བདེ་མཆོག་རྣལ་འབྱོར་གསང་མཐར་བཤད་པའི་ལུགས་ཏེ། དེའང་མི་བསྐྱོད་པ་ཆུ་དབང་གི་སྐབས་སུ། ཕྱིའི་དབང་བསྐུར་གྱི་རྗེས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་མི་བསྐྱོད་པ་དཔག་ཏུ་མེད་པ་བཀུག་སྟེ། སློབ་མའི་སྙིང་གར་རྡོ་རྗེ་རྩེ་དགུ་པའམ། ལྔ་པ་བསམ་པའི་བུ་ག་ནས་ཞུགས། ལུས་ཐམས་ཅད་མི་བསྐྱོད་པའི་རྡུལ་ཕྲ་རབ་ཀྱིས་ཁྱབ་པར་བསམ་པ་སོགས་བྱེད་པ་ཡིན་ནོ། །གཉིས་པ་ལ་གསང་འདུས་རྩ་རྒྱུད་ལ་བརྟེན་ཏེ་ཕ་རྒྱུད་པ་རྣམས་ཀྱིས་ནང་དབང་བསྐུར་ཚུལ་དང་། སཾ་བུ་ཊའི་རྒྱུད་ཕྱི་མ་ལ་བརྟེན་ནས་མ་རྒྱུད་པ་རྣམས་ཀྱིས་ནང་དབང་བསྐུར་ཚུལ་གཉིས་ལས། དང་པོ་ནི། གསང་བ་འདུས་པའི་རྒྱུད་དུ། ཡུངས་ཀར་མགོ་བོར་བརྡེག་པར་བྱ། །ཞེས་པ་ལ། ཡེ་ཤེས་ཞབས་ལུགས་པ་རྣམས་དང་སློབ་དཔོན་སྒེག་པའི་རྡོ་རྗེ་སོགས་ཀྱིས་གསང་དབང་ལ་འབྲུ་བསྣན་པ་དང་། བྱང་ཆུབ་ཀྱི་སེམས་ཕྱུང་སྟེ་དཀྱིལ་འཁོར་ལ་བསང་གཏོར་བྱེད་པ་ལ་འབྲུ་བསྣན་པ་སོགས་ཡོད་ཀྱང་། སློབ་དཔོན་ཟླ་བ་གྲགས་པས་སྒྲོན་གསལ་ལེའུ་བཅོ་ལྔ་པར། ནང་དབང་ལ་འབྲུ་བསྣན། དེའི་བྱེད་ཚུལ་ནི། རྣམ་སྣང་ཆུ་དབང་ལྟ་བུ་ལ་སྦྱར་ན། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས། སློབ་མ་རྣམས་འོད་ཀྱི་རང་བཞིན་དུ་བྱས། སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་བཞུ། བྱང་ཆུབ་ཀྱི་སེམས་སུ་བྱས་པ་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་མཁར་བབས་པ་ཨོཾ་དང་འཁོར་ལོ་ལས་རྣམ་སྣང་དུ་བསྐྱེད། ཡང་སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། སློབ་དཔོན་གྱི་སྤྱི་གཙུག་རྣམ་སྣང་གི་སྒོ་ནས་ཞུགས། བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བར་བྱས་པ་སློབ་མ་ལ་དབང་བསྐུར་ནས། སློབ་མ་ཡུམ་གྱི་མཁའ་འམ་རྩིབ་ལོགས་གཡོན་པ་ནས་བཏོན་ཏེ། གྲལ་དུ་འཁོད་པ་ལ་ལུས་དཀྱིལ་བསྒོམ་པ་སོགས་བྱེད། དེ་ནས་བུམ་པའི་ཆུ་ཆོ་ག་གསུམ་གྱིས་རྣམ་སྣང་དུ་བསྐྱེད་པ་སོགས་བྱས་ཏེ་ཆུ་དབང་བསྐུར་རོ། །རྗེ་བཙུན་གོང་མ་རྣམས་ནང་དབང་ཞལ་གྱིས་བཞེས་པའི་ཚེའང་འདི་ལྟར་དུ་མཛད་དོ། །སློབ་དཔོན་ཨ་བྷ་ཡས། སཾ་བུ་ཊའི་རྒྱུད་ཕྱི་མ་ལ་བརྟེན་ནས་ཕྲེང་བར་ནང་དབང་བཤད་པ་རྣམས་ཀྱང་དོན་འདི་ཉིད་ཡིན་ཅིང་། མ་རྒྱུད་པ་རྣམས་སཾ་བུ་ཊ་ལ་བརྟེན་ནས་ནང་དབང་བསྐུར་བ་རྣམས་ཀྱང་འདི་ལྟར་དུ་བྱེད་པ་ཡིན་ནོ། །ཡང་ཕྱི་དབང་དང་པོར་བྱས་ཏེ། ནང་དབང་ཕྱིས་བྱེད་པའང་ཡོད་དེ། མི་བསྐྱོད་པ་ཆུ་དབང་ལྟ་བུ་ལ་སྦྱར་ན། དང་པོར་སློབ་མ་དང་དབང་རྫས་གཉིས་ཀ་མི་བསྐྱོད་པར་བསྐྱེད་པ་སོགས་བྱས་ཏེ་ཆུ་དབང་བསྐུར། དེ་ནས་སློབ་མ་འོད་ཀྱི་རང་བཞིན་དུ་བྱས་ལ་སློབ་དཔོན་གྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་སུ་ཆགས་པའི་མེས་བཞུ། སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས། ཡུམ་གྱི་མཁར་བབས་པ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་མི་བསྐྱོད་པ་རྡོ་རྗེ་འཇིགས་བྱེད་དུ་བསྐྱེད་པ་སོགས་བྱས་ཏེ། ཡུམ་གྱི་མཁའ་ནས་ཕྱིར་འཐོན་ཏེ། གྲལ་ལ་འཁོད་པ་ལ་མཆོད་པ་རྣམས་ཀྱིས་མཆོད། དོན་ལྔའི་རྟོགས་པ་བསྐྱེད་པ་སོགས་བྱེད་དོ། །ལུགས་འདི་ལ་དང་པོར་ཞི་བ་རིགས་ལྔ་དང་། དེ་ནས་ནང་དབང་གི་སྐབས་སུ་ཁྲོ་བོ་རིགས་ལྔར་བསྐྱེད་པ་ཡིན་ནོ། །རིག་པའི་དབང་གི་མཐའ་བརྟེན་ལ་ཆུ་དབང་གི་རྗེས་ལ་གདུགས་དཀར་པོ་བཟུང་ཞིང་དཀྱིལ་འཁོར་ལ་བསྐོར་བ་བྱ་ཞིང་། བདེ་བ་ཆེན་པོ་འདོད་ཆགས་ཆེ། །ཞེས་སོགས་ཀྱིས་གླུ་ལེན་པ་ནི་ཆུའི་དབང་གི་མཐའ་བརྟེན་ནོ། །ཅོད་པཎ་གྱི་དབང་གི་རྗེས་ལ་མ་རྒྱུད་པའི་ལུགས་ལ་དཔའ་བོའི་དར་དཔྱངས། ཕ་རྒྱུད་པ་རྣམས་ལ་སྣ་ལྔ་པའི་དར་དཔྱངས་སྟེར་བ་ཡོད་པ་ནི་དེ་ཉིད་ཀྱི་མཐའ་བརྟེན་ནོ། །རྡོ་རྗེའི་དབང་གི་རྗེས་ལ་གསང་འདུས་འཕགས་ལུགས་ལ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ཡོད་པ་ནི་དེ་ཉིད་ཀྱི་མཐའ་བརྟེན་ནོ། །དྲིལ་བུའི་དབང་གི་མཐའ་བརྟེན་ནི་བདག་པོའི་དབང་ངོ་། །མིང་དབང་གི་རྗེས་ལ་གསང་འདུས་འཕགས་ལུགས་པ་ལུང་བསྟན་བྱེད་པ་ཡོད་པ་ནི་དེ་ཉིད་ཀྱི་མཐའ་བརྟེན་ནོ། །གསུམ་པ་ནི། གྲུབ་ཆེན་བྷ་ཝ་བྷ་དྲས་རྡོ་རྗེ་མཁའ་འགྲོའི་འགྲེལ་པར་སློབ་མ་ཁྲུས་སྟེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་མེ་ཏོག་གང་བབས་སམ། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་མཁའ་འགྲོར་ཆོ་ག་གསུམ་ལས་བསྐྱེད། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་པ་དགུག་གཞུག་བྱས་ལ། དེ་ནས་དབང་རྫས་བུམ་པའི་ཆུ་ཆོ་ག་གསུམ་ལས་མི་བསྐྱོད་པར་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱས། ཞུ་བ་ལས་བྱུང་བའི་བུམ་པའི་ཆུར་བལྟས་ལ། སློབ་མས་དེ་བཞིན་གཤེགས་པ་སོགས་ཀྱིས་གསོལ་བ་བཏབ། དེ་ནས་བུམ་པའི་ཆུས་དབང་བསྐུར། སྐུ་གང་བ་སོགས་ནས་སྤྱི་གཙུག་ཏུ་མི་བསྐྱོད་པས་དབུ་བརྒྱན་པའི་བར་དང་། དེ་བཞིན་དུ་ཅོད་པཎ་ལྷར་བསྒྲུབ་པ་སོགས་བྱས་ནས། རྣ་ལྟག་གཡས་སུ་རིན་འབྱུང་། རྡོ་རྗེས་དབང་བསྐུར་ཏེ་ལྟག་པར་འོད་དཔག་མེད། དྲིལ་བུས་དབང་བསྐུར་ཏེ་རྣ་ལྟག་གཡོན་པར་དོན་གྲུབ། རྣམ་སྣང་མིང་དབང་བསྐུར་བའི་རྗེས་ལ་མཚོག་མར་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་གསུངས་སོ། །གཉིས་པ་དེ་ལས་རྗེ་བཙུན་མཆོག་གི་དགོངས་པ་ངོས་གཟུང་བ་ནི་རྒྱས་པར་སྤྲོ་ན། སློབ་དཔོན་དང་། སློབ་མ་དང་། དབང་རྫས་གསུམ་ཀ་དམིགས་པ་འཕོ་བ་ཡིན་ཏེ། དབང་ཆུ་གཉིས་ཆར་ལས། ཆུ་ལ་སོགས་པ་རེ་རེ་ལའང་འཁོར་གསུམ་ཡོངས་སུ་དག་པ་བཞིས་དབང་བསྐུར་ཏེ། ཞེས་གསུངས་པའི་འཁོར་གསུམ་ནི་སློབ་དཔོན་དང་། སློབ་མ་དང་། དབང་རྫས་གསུམ་ཡིན་ལ་ཡོངས་སུ་དག་པ་བཞི་ནི། ཡན་ལག་བཞི་རྫོགས་ཡིན་པའི་ཕྱིར་རོ། །བསྡུ་ན་སློབ་དཔོན་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་ལ་གནས་ནས། སློབ་མ་དང་དབང་རྫས་གཉིས་ཀྱི་དམིགས་པ་འཕོ་བས་ཆོག་སྟེ། དབང་ཆུ་གཉིས་ཆར་ལས། རིག་པའི་དབང་འདི་རྣམས་ལ། སློབ་དཔོན་བདག་ཉིད་མི་བསྐྱོད་པའི་རྣལ་འབྱོར་ཁོ་ནས་ཀྱང་རུང་ངོ་ཞེས་བྱ་བའང་ཤེས་པར་བྱའོ། །ཞེས་གསུངས་པས་སོ། །གསུམ་པ་སྐབས་སུ་བབ་པའི་ཆོ་ག་གསལ་བར་བཤད་པ་ནི། རྣམ་པར་རྒྱལ་བའི་བུམ་པར་བུམ་པ་ཀུན་གྱི་ཆུ་བསྡུས་པ་དང་། རིན་པོ་ཆེ་ལ་སོགས་པ་ལས་གྲུབ་པའི་དབུ་རྒྱན་དང་། རྡོ་རྗེ་དང་། དྲིལ་བུ་གསུམ་སློབ་མའི་གྲངས་དང་མཉམ་པའམ་ཅི་འབྱོར་པ་མདུན་དུ་སྟེགས་ཀྱི་སྟེང་དུ་བསྒྲིགས་ནས་གཞག སློབ་མ་ལ་མཆོད་པར་བྱ་བའི་མཆོད་པ་ལྔ་ཚན་ལྔར་བཤམས་པ་རྣམས་ཀྱང་ཇི་ལྟར་འོས་པའི་གནས་སུ་བཞག་སྟེ། ཐོག་མར་བུམ་པ་ཆུའི་དབང་ལ། སྭ་བྷཱ་ཝའི་སྔགས་ཀྱིས་བདག་དང་སློབ་མ་དབང་རྫས་གསུམ་ཀ་སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་མི་བསྐྱོད་པ་དགྱེས་པའི་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ། རྩ་བའི་ཞལ་སྔོ་གཡས་དཀར་གཡོན་དམར་བ། སྟེང་ཞལ་དུད་ཁ་ཞལ་ལྷག་མ་རྣམས་ནག་པ། སྤྱན་ཉི་ཤུ་རྩ་བཞིས་ཕྱེ་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། རྩ་ཞལ་གྱི་སྤྱི་བོར་རྡོ་རྗེ་ནག་པོས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན། གླང་པོ་ཆེ་དང་། རྟ་དང་། བོང་བུ་དང་། གླང་དང་། རྔ་མོ་དང་། མི་དང་། ཤ་ར་བྷ་དང་། བྱི་ལ་དང་། གཡོན་པ་རྣམས་ན་སའི་དང་། ཆུའི་ལྷའི་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། ཟླ་བའི་ལྷ་དང་། ཉི་མའི་ལྷ་དང་། གཤིན་རྗེ་དང་། ནོར་སྦྱིན་རྣམས་འཛིན་པ། དབུ་རེ་རེ་ལ་ཐོད་པ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་། གར་གྱི་ཉམས་དགུ་དང་ལྡན་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ་བསྐྱེད། དེ་བཞིན་དུ་འོག་མ་རྣམས་ལའང་གུར་ནས་འབྱུང་བའི་ཞལ་ཕྱག་ཚང་མར་བསྐྱེད་དེ། ཀྱེ་རྡོ་རྗེའི་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར་ལས། ཀྱེ་རྡོར་རིགས་ལྔ་འདི་ལྟར་གསུངས་པའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱིས་ཀྱེ་རྡོ་རྗེའི་བཀའ་སྲོལ་གཞན་གསུམ་དང་། མན་ངག་ལུགས་ལའང་རྒྱས་པར་སྤྲོ་ན་འདི་ཁོ་ན་ལྟར་མཛད་དོ། །ལུགས་འདིར་བསྡུ་ན་གཡས་བརྒྱད་རྡོ་རྗེ་དང་། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་སོགས་དང་། ཡུམ་གྲི་གུག་དང་ཐོད་པ་འཛིན་པ་ཙམ་དུ་བསམས་ཏེ་གཙོ་བོར་འདི་མཛད་དོ། །ཞེས་གསུངས་པའི་དོན་རྩ་རྒྱུད་ཀྱི་ཀྱེ་རྡོ་རྗེ་ནི་སྤྱི་བོར་སྣ་ཚོགས་རྡོ་རྗེ་མཚོན་བྱེད་དུ་ཡོད་པ་དང་། རྒྱུད་གསུང་པ་པོ་སྟོན་པ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། དེ་ཉིད་རྩ་རྒྱུད་འདིར་རྣམ་པ་ཁོ་ནར་བསྒྱུར་བས། རིགས་ལྔ་ཆར་གྱི་དབྱེ་གཞི་ཡིན་ལ། དེ་ལ་བཤད་རྒྱུད་ཀྱི་ཚེ་གུར་ནས་འབྱུང་བ་ལྟར་རིགས་ལྔར་དབྱེ་ཞིང་། རྩ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རིགས་ལྔར་ཕྱེ་བའི་ཚེ། ཕྱག་མཚན་འདི་ཁོ་ན་ལྟར་རིགས་ཞེས་པའི་དོན་ཡིན་ནོ། །གང་ལྟར་ཡང་དེ་དག་ནི་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་ཡིན་ནོ། །དེ་ནས་མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་སོགས་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ནི་ཉེར་སྒྲུབ་ཀྱི་ཡན་ལག་གོ །འདིར་བདག་འཇུག་གཉིས་ལས་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཞེས་པ་ཙམ་ལས་མ་མཛད་ཅིང་། ལག་ལེན་པ་ཕྱི་མ་རྣམས་ཀྱང་ལས་སླ་འདི་ལྟར་བྱེད་པ་ནི་མི་འཐད་དེ། འདི་ལྗོན་ཤིང་ནས་གསུངས་པའི་བསྙེན་སྒྲུབ་ཡན་ལག་རྒྱས་པའི་ལུགས་ཡིན་པས། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ངེས་པར་དགོས་པ་ལ་དགོངས་ནས་དབང་ཆུ་གཉིས་ལས་ཀྱང་དེ་ཁོ་ན་ལྟར་གསུངས་པའི་ཕྱིར་དང་། གནས་གསུམ་བྱིན་རླབས་ཙམ་ལས་མི་བྱེད་ན། ཡན་ལག་བཞི་པའི་ཚེ་དབང་མི་བསྐུར་བར་དབུ་རྒྱན་རང་ཆས་ཅན་དུ་བསམ་དགོས་པས་བསྡུས་པ་དང་པོར་འགྱུར་པའི་ཕྱིར་དང་། ཆོ་ག་ལས་དབང་བསྐུར་བ་དང་ཡང་འགལ་བའི་ཕྱིར་རོ། །དེ་ནས་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མི་བསྐྱོད་པ་ཀྱེ་རྡོ་རྗེ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས་ཏེ། ཨོཾ་བཛྲ་གཽ་རཱི་ཨཱ་ཀརྵ་ཡ་ཛཿཞེས་སོགས་ཀྱིས་དགུག་གཞུག་བྱེད་པ་ནི་སྒྲུབ་པའི་ཡན་ལག་སྟེ། འདི་ཡན་ཆད་ཀྱི་ཡན་ལག་གསུམ་པོ་ནི་ཆོ་ག་ཟོར་ཡང་བའི་ཆེད་དུ་འཁོར་གསུམ་ཆར་ལ་ལྷན་ཅིག་ཏུ་བྱས་ནས། ཡན་ལག་བཞི་པ་བྱ་བའི་ཕྱིར་སླར་ཡང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དབང་བསྐུར་གྱི་ལྷ་རིགས་ལྔ། ཡུམ་བཞི། བྱང་ཆུབ་སེམས་དཔའ་བརྒྱད། ཁྲོ་བོ་བཅུ། ལྷ་མོ་དྲུག་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་སྤྱན་དྲང་ངོ་། །རྣམ་པ་ནི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་ལྷ་སྣམ་རིམ་པ་གཉིས་དང་ལྡན་པའི་དབུས་སུ་རྡོ་རྗེའི་རྭ་བ་དང་། འོད་ཟེར་ཕྲེང་བས་ཡོངས་སུ་བསྐོར་བའི་ནང་། ལེ་ཚེ་དགུར་གྱུར་བའི་དབུས་མ་ལ་པདྨ་ཉི་མ་བདུད་བཞི་བརྩེགས་པའི་གདན་གྱི་སྟེང་དུ་མི་བསྐྱོད་པ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཡུམ་དང་བཅས་པ་དང་། ཕྱོགས་བཞིར་རྣམ་སྣང་ལ་སོགས་པའི་རིགས་བཞི་ཡོ་ག་ནས་འབྱུང་བ་ལྟར་ཞལ་གཅིག་ཕྱག་གཉིས་པ་དང་། མཚམས་བཞིར་སྤྱན་མ་ལ་སོགས་པའི་ཡུམ་བཞིའང་ཡོ་ག་ནས་འབྱུང་བ་ལྟར་དང་། དེའི་ཕྱི་རོལ་གྱི་ལྷ་སྣམ་ནང་མ་ལ་མཚམས་བཞིར་ཤར་ལྷོ་ནས་བརྩམས་ཏེ་གཟུགས་རྡོ་རྗེ་མ་མེ་ལོང་འཛིན་པ་སོགས་བཞི་དང་། དེའི་ཕྱི་རོལ་གྱི་ལྷ་སྣམ་ཕྱི་མ་ལ་སྒོ་ཡི་གཡས་གཡོན་དུ་བྱང་ཆུབ་སེམས་དཔའ་རེ་རེ་སྟེ་བརྒྱད་དང་། སྒོ་མཚམས་བརྒྱད་དུ་གཤིན་རྗེའི་གཤེད་ལ་སོགས་པའི་ཁྲོ་བོ་བརྒྱད་དང་། དབུའི་སྟེང་འོག་ཏུ་སྟེང་འོག་གི་ཁྲོ་བོ་གཉིས་ཏེ་གདན་གསུམ་ཚང་བ་བསྒོམ་པར་གསུངས་སོ། །མི་བསྐྱོད་པ་ཆུ་དབང་གི་གསོལ་བ་བཏབ་པའི་རྗེས་སུ་ཕྱོགས་བཞིའི་རིགས་བཞི་པོའང་རྣམ་སྣང་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སོགས་ཁྲོ་ཆགས་ཀྱི་རྣམ་པ་ཅན་དུ་གྱུར་ནས་དེ་མན་ཆད་ཀྱི་དབང་བཀུར་བ་མཛད་པ་ནི། རྩ་རྒྱུད་ལས། ཨོཾ་ཨ་བྷི་ཥིཉྩ་ཏ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་དེ་རྣམས་ཧེ་རུ་ཀའི་གཟུགས་སུ་གྱུར་ཏེ། ཞེས་གསུངས་པའི་དགོངས་པ་ཡིན་ནོ། །ལག་ལེན་པ་ཕྱི་མ་རྣམས་དབང་ལྷ་སྤྱན་འདྲེན་པ་སྦྱང་བའི་གོང་དུ་བྱས་ནས། དེར་རྗེས་སྦྱོང་བ་སོགས་བྱེད་པ་ནི་སྦྱོང་བ་བྱེད་པ་པོ་སྤྱན་འདྲེན་དགོས་སམ་སྙམ་པའི་རྣམ་པ་འཆར་འཆར་ཡིན་པ་འདུག་ནའང་། སྦྱོང་བ་བྱེད་པ་པོ་ནི་བདག་འཇུག་གི་སྐབས་སུ་གཙོ་བོའི་ཐུགས་ཀ་ནས་བྱེ་བའི་ཧེ་རུ་ཀ་དང་། སློབ་མ་དབང་བསྐུར་གྱི་སྐབས་སུ་སློབ་དཔོན་ཉིད་ཡིན་པས་གཞན་མི་དགོས་ལ། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པའང་སྤྱིར་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བརྗོད་པར་བསམ་པས་ཆོག་གོ །དེས་ན་རྗེ་བཙུན་གོང་མའི་བདེ་དགྱེས་ཀྱི་དཀྱིལ་ཆོག་རྣམས་སུ་སྐབས་འདིར་དབང་ལྷ་སྤྱན་འདྲེན་པ་ཁོ་ན་གསུངས་པས་ཕྱག་ལེན་གཙང་མ་འདི་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ཀུ་ཤའི་རྩེ་མོས་རྣམ་རྒྱལ་བུམ་པའི་ཆུ་ནས་གཏོར་ཏེ། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་བདག་དང་། དབང་རྫས་ཀྱི་ལྷ་ལ་དབང་བསྐུར་བ་ནས་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་པ་ནི་བདག་དང་དབང་རྫས་གཉིས་ཀྱི་ཡན་ལག་བཞི་པའོ། །སློབ་མའི་ཡན་ལག་བཞི་པ་བྱ་བའི་ཕྱིར། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །ཞེས་སོགས་ཀྱིས་གསོལ་བ་བཏབ་པས་ནམ་མཁར་བཞུགས་པའི་རྣམ་སྣང་ལ་སོགས་པ་རིགས་བཞི་པོའང་ཧེ་རུ་ཀ་ཞལ་བརྒྱད་ཕྱག་བཅུ་དྲུག་པར་གྱུར་ཏེ། རིགས་ལྔ་ཆར་གྱི་ཕྱག་རྣམས་ན་ཕྱག་མཚན་སྔ་མ་རྣམས་ཀྱི་ཚབ་ཏུ་བུམ་པ་བདུད་རྩི་ལྔས་ཡོངས་སུ་གང་བ་རེ་བཟུང་ནས། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་གསུངས་ཞིང་སློབ་མའི་སྤྱི་བོ་ནས་དབང་བསྐུར། དེའི་ཚེ་རིག་མ་རྣམས་ཀྱིས་ཀོལླ་ཨི་རེཊ་ཋི་ལ་སོགས་པའི་རྡོ་རྗེའི་གླུ་བླང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། ཕུན་སུམ་ཚོགས་པ་མངའ་བ་ཞེས་སོགས་ཀྱི་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད། གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་སྣ་ཚོགས་ཀྱིས་མཆོད། ཁྲོ་བོ་རྣམས་ཀྱིས་བར་ཆད་ཞི་བར་བྱེད་པའི་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་གི་སྒྲ་ལྟར་བསྒྲག་པར་བསམ་མོ། །དེ་ལྟར་བུམ་པའི་ཆུས་དབང་བསྐུར་བས་སྨིན་མཚམས་ཡན་ཆད་གང་བས་བུམ་པའི་དབང་ཐོབ། མགྲིན་པ་ཡན་ཆད་གང་བས་གསང་བའི་དབང་ཐོབ། སྙིང་ག་ཡན་ཆད་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རྐང་མཐིལ་ཡན་ཆད་གང་བས་དབང་བཞི་པ་ཐོབ་པའང་དྲན་པ་ཙམ་བྱས་ལ། ཆུའི་ལྷག་མ་ཡར་ལུད་པ་ལས་སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པར་བསམ་སྟེ། དེས་ནི་སློབ་མའི་རྣམ་པར་ཤེས་པའི་ཕུང་པོ་གཙོ་བོར་བྱས་པའི་ཕུང་ཁམས་སྐྱེ་མཆེད་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་གདན་གསུམ་ཚང་བའི་ལྷའི་ས་བོན་ཐོག་མར་བཏབ་པ་དེ་ཉིད་མཆོད་པའི་ཡུལ་དུ་བཟང་བས་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་སོགས་ཉེར་སྤྱོད་ལྔས་མཆོད་པར་བྱའོ། །དེ་ནས་དོན་ལྔའི་རྟོགས་པ་བསྐྱེད་པར་བྱ་སྟེ། ཁྱོད་ཀྱིས་དབང་བསྐུར་བ་རྣམ་པ་ལྔ་ལས་ཆུའི་དབང་བསྐུར་བ་ཐོབ། དེས་ནི་ཉོན་མོངས་པ་རྣམ་པ་ལྔ་ལས་ཞེ་སྡང་གི་དྲི་མ་དག་པར་བྱས། ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར། དེ་བཞིན་གཤེགས་པ་ལྔ་ལས་མི་བསྐྱོད་པའི་བག་ཆགས་དང་ས་བོན་རྒྱུད་ལ་གཞག་པ་ཡིན་ནོ། །ཞེས་ཀྱང་རྟོགས་པ་བསྐྱེད་པར་བྱའོ། །འདིར་མི་བསྐྱོད་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་སྦྱར་བ་ནི་ཚོགས་བརྒྱད་གནས་གྱུར་པ་ལས། ཡེ་ཤེས་ལྔར་གྱུར་པའི་ཚེ་ཀུན་གཞིའི་གསལ་ཆ་མེ་ལོང་ལྟ་བུ་དང་། སྟོང་ཆ་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར་པར་རྗེ་བཙུན་གྱིས་གསུང་ཤིང་སྣང་བ་སེམས་ཡིན་པའི་སེམས་དེའང་ཀུན་གཞིའི་གསལ་ཆ་ཡིན་པས། དེ་ཉིད་མི་བསྐྱོད་པ་དང་སྦྱར་བ་ཡིན་ནོ། །དེས་ན་ནག་པོ་པའི་གཞུང་འགྲེལ་ལས་ཀྱང་མི་བསྐྱོད་པ་དང་མེ་ལོང་ལྟ་བུའི་ཡེ་ཤེས་སྦྱར་བ་སོགས་རྒྱ་གར་བའི་གཞུང་མང་དུ་ཡོད་དོ། །དེ་དག་ནི་དབང་དང་པོ་ཆུའི་དབང་ངོ་། །ཕྱི་མ་རྣམས་ལའང་། སོ་སོའི་ཁྱད་ཆོས་རྣམས་མ་གཏོགས་བསྐྱེད་ཆོག་གི་ཡན་ལག་དང་། དམིགས་པ་རྣམས་འདི་ཁོ་ན་ལྟར་སྦྱར་བར་བྱ་ཞིང་། ཁྱད་ཆོས་སོ་སོར་བརྗོད་ན་ཅོད་པཎ་གྱི་དབང་གི་སྐབས་སུ་གདན་སྔ་མ་དང་འདྲ་བའི་སྟེང་དུ། ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན་ཀྱེ་རྡོ་རྗེ་སྐུ་མདོག་སེར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ། རྩ་ཞལ་སེར་པོ་གཡས་གནག་གཡོན་དམར་བ་ནས་རྩ་ཞལ་གྱི་སྤྱི་བོར་རིན་པོ་ཆེ་ཟུར་བརྒྱད་པས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན། བྱ་ཀ་རནྟ། ངུར་པ། ལུག བྱ་ཙ་ཀོ་ར། བྱེ་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ། གཡོན་པ་རྣམས་ན་སྟོབས་ཀྱི་རྒྱུ། དུང་སྐྱོང་། རིགས་ལྡན། པདྨ། པདྨ་ཆེན་པོ། འཇོག་པོ། ནོར་རྒྱས། མཐའ་ཡས་རྣམས་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའམ། བསྡུ་ན་ཡབ་ཀྱི་གཡས་བརྒྱད་རིན་པོ་ཆེ་དང་། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བསྐྱེད། འདི་མན་ཆད་ཐམས་ཅད་ལའང་རྒྱན་དང་ཆ་ལུགས་རྒྱས་པར་ན་མི་བསྐྱོད་པའི་སྐབས་སུ་བཤད་པ་ལྟར་རམ། བསྡུ་ན་ཡབ་ཡུམ་གྱི་ཞལ་ཕྱག་གསལ་གདབ་ཟིན་པའི་རྗེས་སུ་གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པ་ཞེས་པ་ཙམ་རུང་ངོ་། །དེ་ནས་ཡན་ལག་དང་པོ་གསུམ་ཕྱོགས་གཅིག་དང་། བདག་དང་དབང་རྫས་ཀྱི་ཡན་ལག་བཞི་པ་བྱས་ནས་དབང་རྫས་ཀྱི་ལྷ་ཞུ་བ་ལས་བྱུང་བའི་དབང་རྫས་ཅོད་པཎ་སོགས་སུ་གྱུར་པ་སློབ་མ་ལ་གཏད་པ་རྣམས་འདྲའོ། །དེ་ལྟར་དབང་རྫས་ཀྱི་དབང་བསྐུར་བའི་རྗེས་སུ་མན་ངག་ལུགས་ལ་ཆུ་དབང་བསྐུར་ནས། ཆུའི་ལྷག་མ་ཡར་ལུད་པ་ལས་སོ་སོའི་རིགས་བདག་གིས་རྒྱས་གདབ་པ་ལ་མཆོད་པ་ལྔ་དང་། དོན་ལྔའི་རྟོགས་པ་བསྐྱེད་པ་རྣམས་མཛད། ཌོམྦི་ལུགས་དང་། མཚོ་སྐྱེས་ལུགས་ལ་བདག་དང་དབང་རྫས་ཀྱི་ལྷ་ལའང་། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་དབང་རྫས་གཏད་པས། ཐུགས་རྒྱུད་བདེ་བ་ཆེན་པོས་གང་ནས་རིགས་བདག་གིས་རྒྱས་གདབ་པ་དང་། སློབ་མ་ལའང་དེ་ལྟར་མཛད་ཀྱི། དབང་རྫས་གཏད་པའི་རྗེས་སུ་ཆུ་དབང་བསྐུར་བ་ནི་མི་མཛད་དོ། །འོད་དཔག་མེད་རྡོ་རྗེའི་དབང་གི་སྐབས་སུ། ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས། འོད་དཔག་མེད་ཀྱེ་རྡོ་རྗེ་སྐུ་མདོག་དམར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག ཞབས་བཞི་པ། རྩ་ཞལ་དམར་པོ་གཡས་གནག གཡོན་དཀར་བ་ནས། རྩ་ཞལ་གྱི་སྤྱི་བོར་པདྨ་དམར་པོས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན། དོམ། བྱ་རྒོད། བསེ། བ་མེན། སྟག སྤྲེའུ། ཆུ་སྲིན་ན་བཀྲ། ལྕེ་སྤྱང་། གཡོན་པ་རྣམས་ན་ཁྲ། འུག་པ། བྱ་དཀར། ནེ་ཙོ། སེང་གེ ས་ར་ས། ཀྲྀཥྞ་ས་རི། ཕག་རྣམས་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའམ། བསྡུ་ན་ཡབ་ཀྱི་གཡས་བརྒྱད་པདྨ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་བསྐྱེད་དེ་གཞན་རྣམས་སྔ་མས་འགྲེའོ། །དོན་ཡོད་གྲུབ་པ་དྲིལ་བུའི་དབང་གི་སྐབས་སུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལས་འོད་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དོན་ཡོད་གྲུབ་པ་ཀྱེ་རྡོ་རྗེ་སྐུ་མདོག་ལྗང་གུ་ཞལ་བརྒྱད་ཕྱག་བཅུ་དྲུག ཞབས་བཞི་པ། རྩ་ཞལ་ལྗང་གུ། གཡས་གནག གཡོན་དཀར་བ་ནས་རྩ་ཞལ་གྱི་སྤྱི་བོར་རལ་གྲི་དཀར་པོས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན་གཟའ་ལྷག ཕུར་བུ། མཇུག་རིང་། སྒྲ་གཅན། མིག་དམར། པ་སངས། སྤེན་པ། ཁྱབ་འཇུག གཡོན་པ་རྣམས་ན་དབང་པོ། ཚངས་པ། དྲག་པོ། བདུད་སྡིག་ཅན། ཁྱབ་འཇུག་གི་བུ་མོ་གཤོལ་མདའ་འཛིན། ལྷ་རྒྱལ་བ་དམ་པ། ཐགས་བཟང་རིས། ལྷ་མ་ཡིན་སྟོབས་ལྡན་རྣམས་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའམ། བསྡུ་ན་ཡབ་ཀྱི་གཡས་བརྒྱད་རལ་གྲི་དང་། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བསྐྱེད། གཞན་རྣམས་སྔ་མས་འགྲེའོ། །དྲིལ་བུའི་དབང་འདི་ལ་བདག་པོའི་དབང་ཞེས་འབྱུང་བ་ནི་སྔགས་དོན་ལས་ཤེས་ཏེ། ཨོཾ་བཛྲ་ཨ་དྷི་པ་ཏི་སཏྭཾ་ཞེས་པ་ནི་རྡོ་རྗེའི་བདག་པོ་ཁྱོད་ཅེས་པའོ། །ཨ་བྷི་ཥིཉྩ་མི་ནི་མངོན་པར་དབང་བསྐུར་བའོ། །ཏིཥྛ་བཛྲ་ནི་བརྟན་པའི་རྡོ་རྗེ། ས་མ་ཡ་སཏྭཾ་ནི་དམ་ཚིག་ཁྱོད་ཅེས་པའོ། །མིང་གི་དབང་གི་སྐབས་སུ་བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས་འདུས་གཅིག་ཏུ་གྱུར་པ་ལས་རྣམ་པར་སྣང་མཛད་ཀྱེ་རྡོ་རྗེ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྩ་བའི་ཞལ་དཀར། གཡས་ནག་གཡོན་དམར་བ་ནས། རྩ་ཞལ་གྱི་སྤྱི་བོར་འཁོར་ལོ་དཀར་པོས་མཚན་པ། ཕྱག་བཅུ་དྲུག་གིས་ཐོད་པ་བཅུ་དྲུག་བཟུང་བའི་གཡས་པ་རྣམས་ན་རྨ་བྱ། མ་ཧེ། ཆུ་སྲིན་མ་ཀ་ར། ཉ་རོ་ཧི་ཏ། རུས་སྦལ། འོག་གི་ཀླུ། ངང་སྐྱ། རི་བོང་། གཡོན་པ་རྣམས་ན་སྦལ་པ། སྤྲིན་ཤུགས། སྦྲུལ་ཧ་ལ། རྩངས་པ་ནག་པོ། བྱི་བ། གཡག གླ་བ། བྱ་བཞད་རྣམས་འཛིན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བའམ། བསྡུ་ན་ཡབ་ཀྱི་གཡས་བརྒྱད་འཁོར་ལོ་དང་། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པར་བསྐྱེད། རིག་པའི་དབང་ལྔ་འདི་དག་གིས་བདག་དང་དབང་རྫས་ཀྱིས་ལྷ་ལ་དབང་བསྐུར་བའི་དུས་སུའང་སློབ་མ་ལ་དབང་བསྐུར་བ་ལྟར། ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་དབང་རྫས་སོ་སོར་གཏད་པ་དང་། བུམ་པའི་ཆུས་དབང་བསྐུར་བ་གཉིས་ཀ་དགོས་པར་དབང་ཆུ་ཉིད་ལས་བཤད་པས་ཚིག་རྣམས་ཀྱང་བརྗོད་དགོས་པར་སྣང་ངོ་། །དེ་ནས་སློབ་མ་ལ་དབང་བསྐུར་བའི་ཚེ་མེ་ཏོག་གི་ཕྲེང་བའམ་རྡོ་རྗེ་དྲིལ་བུ་སྤྱི་བོར་བཟུང་ནས་མེ་ཏོག་གང་ཕོག་གི་ལྷ་ལས་དྲས་པའི་གུར་ནས་འབྱུང་བའི་མིང་བཏགས་ཏེ། སྔགས་འདི་བརྗོད་དོ། །ཨོཾ་བཛྲ་ས་ཏྭ་སཏྭཾ་ནི་རྡོ་རྗེ་སེམས་དཔའ་ཁྱོད་ཅེས་པའོ། །ཨ་བྷི་ཥིཉྩཱ་མི་ནི་མངོན་པར་དབང་བསྐུར་བའོ། །བཛྲ་ནཱ་མ་ནི་རྡོ་རྗེ་མིང་། ཨ་བྷི་ཥེ་ཀ་ཏ་ནི་མངོན་པར་དབང་བསྐུར་བར་བྱའོ། །ཞེས་པ་སྟེ། དེའི་རྗེས་སུ་ཀྱེ་ཞེས་བོས་པའི་ཚེ། སློབ་མས་སྔར་གྱི་གསང་མཚན་ཡོད་ན་དེ་ཉིད་བརྗོད། མེད་ན་སྔར་མེ་ཏོག་གང་ཕོག་པའི་ལྷ་ངོ་སྤྲད་པ་དེ་ཉིད་བརྗོད། སློབ་དཔོན་གྱིས་དེ་རིགས་གང་ཡིན་པའི་རྡོ་རྗེ་གུར་ནས་འབྱུང་བའི་མིང་རྣམས་ལས་གང་ཡང་རུང་བ་ཞིག་འདོགས་པའོ། །དེའང་མེ་ཏོག་གཙོ་བོ་ལ་ཕོག་ན་མི་བསྐྱོད་པའི་རིགས་ཀྱི་མིང་བཅུ་བདུན་ལས་གང་ཡང་རུང་བ་ཞིག་གདགས་སོ། །གཽ་རཱི་དང་པུཀྐ་སཱི་ལ་ཕོག་ན་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་མིང་བཅུ་བདུན་དང་། ཙཽ་རཱི་དང་ཤ་ཝ་རཱི་ལ་ཕོག་ན་རིན་འབྱུང་གི་རིགས་ཀྱི་མིང་བཅུ་གཉིས་དང་། བཻ་ཏ་ལཱི་དང་ཙཎྜ་ལཱི་ལ་ཕོག་ན་འོད་དཔག་མེད་ཀྱི་རིགས་ཀྱི་མིང་བཅུ་གཉིས་དང་། གྷསྨ་རཱི་དང་ཌོམྦི་ནཱི་ལ་ཕོག་ན་དོན་ཡོད་གྲུབ་པའི་རིགས་ཀྱི་མིང་བཅོ་ལྔ་ལས་གང་ཡང་རུང་བ་ཞིག་གདགས། རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ཅན་ལ་སོགས་པའི་མིང་དགུ་ནི་དྲུག་པ་རྡོ་རྗེ་འཆང་གི་མིང་ཡིན་པས་ཐམས་ཅད་ལ་སྦྱར་བའམ། ཡང་ན་རྡོ་རྗེ་རིགས་ཀྱི་མིང་ངོ་། །རིགས་ངོ་མ་ཤེས་ན་ཐམས་ཅད་ལའང་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་མིང་བཏགས་པས་རུང་བར་གསུངས་སོ། །དེ་ལྟར་མིང་གི་རྣམ་གྲངས་དེ་དག་ལ་རྡོ་རྗེ་ཞེས་བྱ་བའི་མིང་མེད་པ་རྣམས་ལ་རྡོ་རྗེ་ཞེས་བྱ་བའི་མིང་དང་པོའམ་མཐའ་བསྟན་གང་བདེ་བར་གདགས་ཤིང་། དེའང་ཐོག་མར་དཔལ་ཞེས་པ་དང་བཅས་ཏེ་གདགས་པར་བྱའོ། །ཁ་ཅིག་དབུ་རྒྱན་དུ་གཽ་རཱི་ལ་མི་བསྐྱོད་པ་ཡོད་པས་གཽ་རཱི་ལ་མི་བསྐྱོད་པའི་རིགས་ཀྱི་མིང་གདགས་ཞེས་ཟེར་བ་ནི་ནོར་ཏེ། དཀྱིལ་འཁོར་རེ་རེའང་དེ་བཞིན་གཤེགས་པ་ལྔ་ལྔ་ཡིན་པས། དེའི་མིང་འདོགས་པར་སྔོན་གྱི་སློབ་དཔོན་རྣམས་དང་། བླ་མ་གོང་མ་རྣམས་དེ་བཞིན་དུ་མཛད་ཅེས་རྗེ་བཙུན་རྩེ་མོས་གསུངས་སོ། །འདུས་པ་འཕགས་ལུགས་ཀྱི་དཀྱིལ་ཆོག་ཟུང་འཇུག་གསལ་བར། གུར་ནས་གསུངས་པའི་རིགས་ཀྱི་མིང་རྣམས་འདོགས་པར་དངོས་སུ་གསུངས་ཤིང་། ཡེ་ཤེས་ཞབས་ལུགས་ཀྱི་བཞི་བརྒྱ་ལྔ་བཅུ་པ་དང་། དངོས་གྲུབ་འབྱུང་བའི་གཏེར་གཉིས་ལས་ཀྱང་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བས་རིགས་ཀྱི་མིང་འདོགས་པར་གསུངས་པ་ལ་ཤཱནྟི་པའི་འགྲེལ་པར། དཀྱིལ་འཁོར་ཐམས་ཅད་སྤྲོ་བ་པོ་ཡིན་པས་གཙོ་བོའི་མིང་གིས་འདོགས་དགོས་པས་འཇམ་པའི་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་འདོགས་དགོས་སོ་ཞེས་བཤད་པ་ནི་སྒྲུབ་བྱེད་དཀྱིལ་འཁོར་གཞན་རྣམས་ལའང་མཚུངས་པས། དེའང་གུར་ནས་བཤད་པའི་མིང་འདོགས་པ་ཉིད་ཡིན་པར་སེམས་སོ། །གསུམ་པ་དབང་གི་དོན་ངོ་སྤྲོད་པ་ནི། འདུས་པ་རྩ་བའི་རྒྱུད་ལས། དངོས་ཀུན་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་ཀུན་རང་བཞིན་རྙོག་མེད་དག །སངས་རྒྱས་ཡེ་ཤེས་བལྟ་བར་བྱ། །ཞེས་གསུངས་པ་འདི་ཉིད་ཤཱནྟི་པ་དང་། ནག་པོ་དམ་ཚིག་རྡོ་རྗེའི་གཞུང་འགྲེལ་གཉིས་ལས། མིང་གི་དབང་བསྐུར་གྱི་ཁྱད་ཆོས་སུ་འཆད་པ་མ་གཏོགས། གཞན་རྒྱ་བོད་ཀུན་གྱིས་རིགས་པའི་དབང་ལྔ་ཆར་གྱི་ངོ་སྤྲོད་དུ་མཛད་དོ། །དེའང་དངོས་ཀུན་གང་དང་གང་སྣང་བ་ནི། ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་པོ་རྣམས་སོ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཞེས་པ་ནི་དེ་བཞིན་གཤེགས་པ་རིགས་ལྔ་ཡི་ངོ་བོར་ཤེས་པར་བྱ་ཞེས་པའོ། །དེའང་རིགས་ལྔ་མ་ཡིན་པ་ལ་ཡིན་པར་ཤེས་པར་བྱའམ་སྙམ་ན་དེ་ནི་མ་ཡིན་ཏེ། ཆོས་ཅན་གྱི་ཆོས་ཀུན་རིགས་ལྔའི་ངོ་བོར་རང་བཞིན་གྱིས་རྙོག་པ་མེད་ཅིང་རྣམ་པར་དག་ཅེས་པའོ། །འོན་ཀྱང་གློ་བུར་གྱི་དྲི་མས་བསྒྲིབས་ནས་མ་མཐོང་བ་དེ་སློབ་དཔོན་གྱི་ཆོ་ག་འདིས་གསལ་བར་བྱས་པས་ལམ་བསྒོམ་པའི་དུས་སངས་རྒྱས་ཀྱི་ཡེ་ཤེས་སུ་བལྟ་བར་བྱ་བའི་སྒོ་ནས་མངོན་སུམ་དུ་མཐོང་བར་གྱིས་ཤིག་ཅེས་པའོ། །འདིར་ཤཱནྟི་པས། སོ་སོར་སྣང་བ་གང་ཅིའང་རུང་བ་དེ་ནི་རང་ཉིད་ཀྱི་དངོས་པོ་ཐམས་ཅད་ཡིན་ཏེ། ཐམས་ཅད་ཀྱང་སེམས་ཀྱི་འབྱོར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང་། སེམས་གང་ཡིན་པ་དེ་ཉིད་ནི་བདག་ཡིན་ལ། ཤེས་པ་དེ་ཉིད་ནི་སེམས་ཡིན་ལ། ཤེས་པ་ལས་ལོགས་ཤིག་ན་སྣང་བ་ཅིའང་མེད་དོ་ཞེས་བྱ་བའི་ཚུལ་གྱིས་སོ། །དེ་བས་ཉིད་ནི་འཇམ་པའི་རྡོ་རྗེའོ་ཞེས་བཤད་ཅིང་། འོག་ཏུ་ལྷའི་དེ་ཁོ་ན་ཉིད་སྟོན་པའི་སྐབས་སུ་སེམས་ཉིད་གཟུགས་ལ་སོགས་པའི་འཁྲུལ་པ་རྣམ་པར་དག་ཅིང་དེ་ལས་ངེས་པར་གྲོལ་བ་ཉིད་ཀྱིས་རབ་ཏུ་བསྒོམས་ཤིང་། དེའི་མཚན་ཉིད་དང་ལྡན་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་ནི་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་གྱི། ཡོངས་སུ་བརྟགས་པའི་ཕུང་པོ་ལ་སོགས་པའམ། ཟག་པ་དང་བཅས་པ་ལ་སོགས་པ་ནི་ལྷའི་དེ་ཁོ་ན་ཉིད་མ་ཡིན་ནོ། །རྣམ་པར་དག་པ་དེའང་སེམས་ལས་ཐ་མི་དད་པ་ཡིན་ལ། དེ་བས་ན་སེམས་དེ་ཉིད་ནི་ཕུང་པོ་ལྔ་ལ་སོགས་པ་ལྷའི་བདག་ཉིད་ཅན་ཡིན་ནོ་ཞེས་བཤད་པ་ནི་གཞན་སྟོང་གི་གྲུབ་མཐའི་དབང་གིས་དེ་ལྟར་སྨྲའང་། ཁས་བླངས་ནང་འགལ་བར་དོགས་ཏེ། ཡོངས་སུ་བརྟགས་པ་དང་། ཟག་པ་དང་བཅས་པའི་གཟུགས་སོགས་སེམས་ལ་སྣང་ངམ་མི་སྣང་། མི་སྣང་ན། སེམས་ལ་ཆོས་ཉིད་ཡོངས་གྲུབ་ཁོ་ན་སྣང་བས། སེམས་ཉིད་འཁྲུལ་པ་མི་སྲིད་པར་འགྱུར་རོ། །སེམས་ལ་སྣང་ན་སེམས་ལས་ཐ་དད་ཡིན་ནམ་མ་ཡིན། དང་པོ་ལྟར་ན་སེམས་ལས་ལོགས་སུ་གྱུར་པའི་ཆོས་ཅུང་ཟད་ཙམ་ཡང་མེད་པར་འདོད་པ་དང་འགལ་ལ། ཐ་དད་མ་ཡིན་ན་ནི་སེམས་ཉིད་ཕུང་པོ་ལ་སོགས་པ་ལྷའི་བདག་ཉིད་ཅན་དུ་ཁས་བླངས་པས། ཡོངས་སུ་བརྟགས་པའི་ཕུང་པོ་དང་། ཟག་པ་དང་བཅས་པ་རྣམས་ཀྱང་སེམས་ལས་ཐ་མི་དད་པ་ཡིན་ལ། དེ་བས་ན་སེམས་དེ་ཉིད་ནི་ཕུང་པོ་ལ་སོགས་པ་ལྷའི་བདག་ཉིད་ཅན་དུ་ཅིའི་ཕྱིར་མི་མཚུངས། འཕགས་ཡུལ་གྱི་མཁས་པ་ཀུན་མཁྱེན་གཉིས་པ་ལྟ་བུ་ཡིན་ན་ཡང་། རྣལ་འབྱོར་པའང་བློ་ཁྱད་ཀྱིས། གོང་མ་གོང་མ་རྣམས་ཀྱིས་གནོད་པའི་ཚེ་འདི་ལྟར་བྱུང་བས་གྲུབ་མཐའི་རྣམ་དབྱེ་ཕྱེད་པ་གལ་ཆེའོ། །ཡང་ཅིའི་ཕྱིར་མི་བསྐྱོད་པ་ལ་ཆུ་དབང་དུ་འཇོག་སྙམ་ན། མི་བསྐྱོད་པ་ནི་སེམས་རྣམ་པར་དག་པ་ཐུགས་རྡོ་རྗེ་ཡིན་ལ། དེས་སེམས་ཀྱི་དྲི་མ་སྦྱོང་བར་བྱེད་པ་ནི་ཆུས་དྲི་མ་འཁྲུད་པ་དང་ཆོས་མཚུངས་པའི་ཕྱིར་རོ། །ཅིའི་ཕྱིར་རིན་འབྱུང་ཅོད་པཎ་གྱི་དབང་དུ་བཞག་ཅེ་ན། རིན་འབྱུང་དེའང་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་གྱི་གཙོ་བོའང་གདུལ་བྱའི་བསམ་པ་སྐོང་བར་བྱེད་པ་ཡིན་ཅིང་། རིན་པོ་ཆེ་ལ་སོགས་པའི་ཅོད་པཎ་གྱི་སྒོ་ནས་གདུལ་བྱ་ཕལ་ཆེ་བའི་བསམ་པ་འགེངས་པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་འོད་དཔག་མེད་རྡོ་རྗེའི་དབང་དུ་བཞག་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ་ནི་འོད་དཔག་མེད་ཡིན་ལ། གསུང་དེས་གདུལ་བྱ་ལ་ཆོས་སྟོན་པའི་ཚེ་བསྟན་བྱའི་ཆོས་དེ་ལ་གསུང་རབ་ཡན་ལག་བཅུ་གཉིས་ཡོད་པ་ཡན་ལག་དགུར་བསྡུས་ནས། དེ་སྟོན་པ་དེ་རྡོ་རྗེ་རྩེ་དགུ་པས་མཚོན་པར་བྱེད་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། རྡོ་རྗེ་ཆེན་པོ་རྩེ་དགུ་པ། །དེ་ཡི་ལག་པ་གཡས་པར་སྦྱིན། །ཞེས་དང་། དཀྱིལ་ཆོག་གཉིས་ལས་ཀྱང་། རྡོ་རྗེ་རྩེ་དགུ་པ་སྦྱིན་པར་གསུངས་པས་སོ། །སློབ་དཔོན་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་འདིར་རྡོ་རྗེ་རྩེ་དགུ་པ་ནི་རྩེ་ལྔ་པ་ལ་ཟེར་ཏེ། སྟེང་འོག་གི་རཱ་བཞི་བཞི་སྟེ་བརྒྱད་དང་། དབུས་སུ་རྭ་ཐལ་བྱུང་དུ་ཡོད་པས་དགུ་ཡིན་པ་སློབ་དཔོན་ཀུན་དགའ་སྙིང་པོས་སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པར། དེ་ལྟར་བཤད་པའི་སྒྲུབ་བྱེད་དང་བཅས་ཏེ་འཆད་མོད། རྡོ་རྗེ་རྩེ་ལྔ་པ་ལའང་སྐབས་འདིར་རྩེ་དགུ་པའི་དོན་ཚང་ཞེས་པའི་དོན་ཡིན་ན་རུང་བར་སྣང་བས་རྩེ་དགུ་པ་རྩེ་བཅུ་བདུན་པར་འགྱུར་རོ་ཞེས་པའི་མཚུངས་པ་མི་རུང་ལ། རྩེ་ལྔ་པ་ཡིན་ན་རྩེ་དགུ་པ་ཡིན་པས་ཁྱབ། ཅེས་པའི་དོན་ཡིན་ན་ནི་མཚུངས་པའང་ཡོད་པ་འདྲའོ། །ཅིའི་ཕྱིར་དོན་ཡོད་གྲུབ་པ་དྲིལ་བུའི་དབང་དུ་བཞག་ཅེ་ན། དོན་ཡོད་གྲུབ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་རྣམ་པར་དག་པའི་ཆ་ཡིན་ལ། ཕྲིན་ལས་ཀྱི་གཙོ་བོའང་སྒྲ་གྲག་སྟོང་སྒྱུ་མ་ལྟ་བུའི་སྒོ་ནས་གདུལ་བྱ་ལ་ཆོས་སྒྲོགས་པར་བྱེད་པ་ཡིན་པས། དེ་དྲིལ་བུས་མཚོན་པའི་ཕྱིར་རོ། །སྔགས་དོན་ལ་བདག་པོའི་དབང་ཞེས་པའང་ཕྲིན་ལས་ལ་ལྷག་པར་དབང་བྱེད་པས་ན་བདག་པོའི་དབང་སྟེ། བདག་པོ་ཙམ་ལ་པ་ཏི་ཞེས་པ་ལས་མེད་ཀྱང་ཨ་དྷི་པ་ཏི་ལྷག་པར་དབང་བྱེད་པའི་དོན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་སྣང་མཛད་མིང་གི་དབང་དུ་བཞག་ཅེ་ན། རྣམ་པར་སྣང་མཛད་ནི་གཟུགས་ཕུང་རྣམ་པར་དག་པ་ཡིན་ལ། མིང་འདོགས་པ་དེའང་གཟུགས་སུ་གྲུབ་པ་ཞིག་ལ་མིང་འདོགས་པ་ཤས་ཆེ་བས་དེ་མཚོན་པའི་ཕྱིར་རོ། །གསང་འདུས་འཕགས་ལུགས་པ་རྣམས་རྣམ་སྣང་ལ་ཆུ་དབང་དང་། མི་བསྐྱོད་པ་ལ་མིང་དབང་དུ་བཞག་པའི་དོན་ལ་མཁས་པ་ཕྱི་མ་དག་རྣམ་སྣང་ནི་སྦྱང་གཞི་ལུས་རྣམ་པར་དག་པ་ཡིན་ཞིང་། ལུས་ཀྱི་དྲི་མ་ཆུས་འཁྲུད་དགོས་པས་རྣམ་སྣང་ལ་ཆུ་དབང་དང་། མི་བསྐྱོད་པ་ནི་སྦྱང་གཞི་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ཡིན་ཞིང་། རྣམ་པར་ཤེས་པའི་ཕུང་པོ་ནི་མིང་གཞིའི་ཕུང་པོའི་ནང་ཚན་ཡིན་པས། མི་བསྐྱོད་པ་ལ་མིང་དབང་བསྐུར་བ་ཡིན་ནོ། །ཞེས་འཆད་པ་ནི་འདྲ་ཆོས་སུ་བསྒྲིགས་པ་ཙམ་དུ་སྣང་མོད་ཀྱི་མིང་གཞིའི་ཕུང་པོ་ཞེས་པའི་མིང་དང་། འདིའི་མིང་དོན་མི་གཅིག་པས་མི་འཐད་ཅིང་། གལ་ཏེ་གཅིག་ན་རིན་འབྱུང་སོགས་ལའང་མིང་དབང་སྦྱར་དགོས་པར་འགྱུར་རོ། །དེས་ན་དཀྱིལ་ཆོག་གཞན་རྣམས་ལས་མི་བསྐྱོད་པ་ལ་ཆུ་དབང་སྦྱར་བ་ནི་སྦྱང་གཞི་དང་སྦྱོང་བྱེད་རིགས་གཅིག་པ་ཡིན་ལ། རྣམ་སྣང་ལ་མིང་དབང་སྦྱར་བའི་རྒྱུ་མཚན་ནི་བཤད་ཟིན་ཅིང་། ཟུང་འཇུག་གསལ་བ་དང་། སྒྲོན་གསལ་གཉིས་ལས། དེ་ལས་བཟློག་སྟེ་བཤད་པ་ནི་སྦྱང་གཞི་ཕུང་པོ་ལྔའི་གོ་རིམ་དང་སྦྱར་བའི་ཚེ་གཟུགས་ཕུང་རྣམ་པར་དག་པ་རྣམ་སྣང་ཡིན་ལ། སྦྱོང་བྱེད་དབང་རྫས་ལྔའི་གོ་རིམ་དང་སྦྱར་བའི་ཚེ་བུམ་པའི་ཆུ་ཐོག་མར་འབྱུང་བས་དེ་ལྟ་བུའི་སྦྱང་གཞི་སྦྱོང་བྱེད་ཟུང་འཇུག་ཏུ་འགྱུར་ཏེ། ཆུ་ནི་སེམས་ཀྱི་རང་བཞིན་ཡིན་པར་ཀྱེ་རྡོ་རྗེའི་རྒྱུད་ལས་གསུངས་པའི་ཕྱིར་རོ། །འདི་ནི་འདུས་པ་རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པར་རིགས་ཀྱི་བུ་ཁྱོད་ཀྱི་ལུས་སེམས་ལྟ་བུ་དང་། སེམས་ལུས་ལྟ་བུར་སྐྱེད་ཅིག ཅེས་པའི་དོན་དུ་མཛད་པར་སྣང་སྟེ། སློབ་མ་རྣམ་སྣང་གི་རྟེན་ལ་ཆུ་དབང་བསྐུར་བའི་ཚེ་ལུས་སེམས་ལྟ་བུ་དང་། ཆུ་རྣམ་སྣང་དུ་བསྐྱེད་པའི་ཚེ་སེམས་ལུས་ལྟ་བུར་བསྐྱེད་པའི་དོན་ཚང་བའི་ཕྱིར་རོ། །དེ་ཉིད་ཀྱི་རིགས་པས་མི་བསྐྱོད་པ་ལ་མིང་དབང་དུ་གཞག་པ་ནི། སྦྱང་གཞི་དང་སྦྱོང་བྱེད་ཀྱི་གོ་རིམ་སྔ་མ་ལྟར་སོ་ན་གནས་པ་དང་། རྒྱུ་དང་ལམ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་སེམས་གཙོ་བོ་ཡིན་པས། འབྲས་བུའི་དུས་སུའང་མི་བསྐྱོད་པ་གཙོ་བོར་གྲུབ་ཅིང་། དེ་ལ་མིང་དེ་ཉིད་ལྡན་དགོས་པའི་དོན་ཏོ། །འདིའང་སྔར་གི་ལུང་གི་འཕྲོར་སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྐྱེད་ཅིག་ཅེས་པའི་དོན་དུ་སྣང་སྟེ། སློབ་མ་མི་བསྐྱོད་པར་བསྐྱེད་པ་ནི་སེམས་ཡིན་ལ། དེ་ལ་མིང་གི་དབང་བསྐུར་བ་ནི་ཚིག་ཏུ་བརྗོད་པ་ལྟ་བུར་བསྐྱེད་པའི་དོན་ཡིན་པའི་ཕྱིར་རོ། །གཉིས་པ་རྡོ་རྗེ་འཆང་ཆེན་པོའི་རྟེན་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་དབང་ནི་སྤྱིར་བརྟུལ་ཞུགས་ཀྱི་དབང་སྐབས་འདིར་བྱེད་པའི་ལུགས་དང་། སྐབས་འདིའམ་རྡོ་རྗེ་སློབ་དཔོན་གྱི་དབང་གི་མཐའ་རྟེན་གང་རུང་དུ་སྦྱོར་བའི་ལུགས་དང་། རྡོ་རྗེའི་བརྟུལ་ཞུགས་མེད་པའི་ལུགས་དང་གསུམ་ལས། དང་པོ་ལ་བརྟུལ་ཞུགས་ཀྱི་དབང་གཉིས་སུ་བྱེད་པ་དང་། རྡོ་རྗེའི་བརྟུལ་ཞུགས་གཅིག་པོར་བྱེད་པ་གཉིས། དང་པོ་ལའང་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་གཉིས་སུ་བྱེད་པ་དང་། ཡབ་ཡུམ་གྱི་བརྟུལ་ཞུགས་གཉིས་སུ་བྱེད་པ་གཉིས་ལས། དང་པོ་ནི། ནས་གླིང་མ་དང་། བདེ་མཆོག་ནག་པོ་དཀྱིལ་ཆོག་ལྟ་བུ་སྟེ། སློབ་མ་མི་བསྐྱོད་པར་བསྐྱེད་པའི་རྟེན་ལ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པ་ཐུན་མོང་གི་བརྟུལ་ཞུགས་དང་། སློབ་མ་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་པའི་རྟེན་ལ་ཌཱ་མ་རུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཚངས་པའི་སྐུད་པའམ། ནས་གླིང་མ་ལྟར་ན། གྲི་གུག་ཀྱང་སྦྱིན་པ་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཏེ། འདི་ནི་སྤྱོད་པའི་བརྟུལ་ཞུགས་སུ་མཛད་དོ། །གཉིས་པ་ནི་མཁའ་འགྲོ་རྒྱ་མཚོའི་དཀྱིལ་ཆོག་ལྟ་བུ་སྟེ། རྒྱུ་རྡོ་རྗེ་འཆང་དཀར་པོ་ཞལ་བཞི་ཕྱག་བཅུ་གཉིས་པར་བསྐྱེད། ཞུ་བ་ལས་བྱུང་བའི་རྡོ་རྗེ་སྦྱིན་པ་རྡོ་རྗེའི་བརྟུལ་ཞུགས་དང་། དྲིལ་བུ་ཡུམ་རྡོ་རྗེ་ཕག་མོ་དཀར་མོ་ཞལ་བཞི་ཕྱག་བཅུ་གཉིས་པར་བསྐྱེད། ཞུ་བ་ལས་བྱུང་བའི་དྲིལ་བུ་སྦྱིན་པ། དྲིལ་བུའི་བརྟུལ་ཞུགས་གཉིས་མཛད་དོ། །གཉིས་པ་རྡོ་རྗེའི་བརྟུལ་ཞུགས་གཅིག་པུར་མཛད་པའི་ལུགས་ནི་བིརྺ་པའི་ལུགས་ཀྱི་བཀའ་སྲོལ་གཉིས་ལྟ་བུའོ། །གཉིས་པ་མཐའ་རྟེན་དུ་མཛད་པའི་ལུགས་ནི་གྲུབ་ཆེན་དཔལ་འཛིན་གྱི་གཤིན་རྗེའི་གཤེད་དམར་ནག་གི་དཀྱིལ་ཆོག་རྣམས་ཏེ། རྗེས་གནང་། བརྟུལ་ཞུགས། ལུང་བསྟན། གསང་བར་གདམས་པ། དབུགས་དབྱུང་སྟེ། ལྔ་པོ་རྡོ་རྗེ་སློབ་མའི་དབང་ཙམ་བསྐུར་ན་དེའི་མཐའ་རྟེན་དང་། བུམ་དབང་རྫོགས་པར་བསྐུར་ན་དེའི་མཐའ་རྟེན་དང་། དབང་བཞི་བསྐུར་ན་དེའི་མཐའ་རྟེན་དུ་སྦྱར་བར་བཤད་དོ། །གསུམ་པ་ནི་ནག་པོ་པའི་གཞུང་འགྲེལ་ལྟ་བུའོ། །དེས་ན་འདིར་དབང་ཆུ་གཉིས་ཀྱི་དགོངས་པ་ནི་སློབ་མ་རྡོ་རྗེ་ཆོ་ག་གསུམ་ལས་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཡུམ་རྡོ་རྗེ་སྙེམས་མ་དང་བཅས་པར་བསྐྱེད། ཕྱག་མཚན་མི་བསྐྱོད་པ་ལྟ་བུ་འམ། ཡང་ན་ཕྱག་གཉིས་པ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་བསྐྱེད། དེ་ལ་ཡན་ལག་གཉིས་པ་དང་། གསུམ་པ་ཡང་སྔར་བཞིན་བྱས་ཏེ། བུམ་པའི་ཆུས་དབང་བསྐུར་ནས་མི་བསྐྱོད་པས་དབུ་བརྒྱན་པའི་ཡན་ལག་བཞི་རྫོགས་སུ་བྱས་པ་ལ་རྡོ་རྗེ་མི་དམིགས་ཏེ་སྟོང་པའི་ངང་ལས། ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེར་བསྐྱེད་ལ། དེ་ལ་ལྷ་ཉི་ཤུ་རྩ་བརྒྱད་དངོས་སུ་བསྐྱེད་པའམ། དེར་མོས་པ་བྱས་པས་རུང་སྟེ། སྔགས་དང་ཚིགས་བཅད་ཀྱིས་སློབ་མའི་ལག་པ་གཡས་པར་གཏད། ཚིགས་བཅད་ཀྱི་དོན། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཅེས་པ་ནི་རྡོ་རྗེ་འདི་སངས་རྒྱས་ལྔ་པོ་ཐམས་ཅད་འདུས་པ་ཡིན་ཞེས་པའི་དོན་ནོ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས་ཞེས་པ་ནི། དེ་ཉིད་བརྡའི་རྡོ་རྗེར་བྱས་པ་ནི་རིགས་དྲུག་པའི་ཕྱག་ན་གནས་པ་དེ་སློབ་མ་ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་ཞིག དེས་རྡོ་རྗེ་སེམས་དཔའ་འམ་ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན་པར་འགྱུར་རོ། །ཞེས་པའོ། །སྔགས་ཀྱི་དོན་ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད། སིདྡྷི་བཛྲ་ནི་གྲུབ་པའི་རྡོ་རྗེ། ས་མ་ཡ་ནི་དམ་ཚིག ཏིཥྛ་བཛྲ་ནི་བརྟན་པའི་རྡོ་རྗེ། ས་མ་ཡ་སཏྭཾ་ནི་དམ་ཚིག་ཁྱོདཾ། དྷ་ར་ཡཱ་མི་ནི་དེ་ཉིད་གཟུང་བར་གྱིས། ཧི་ལྔ་ནི་ཡེ་ཤེས་ལྔ། ཧཱུྃ་ནི་ལྔ་ཆར་གྱི་དབྱིངས་རིགས་དྲུག་པ་སྟེ། རྡོ་རྗེ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པའི་རྡོ་རྗེ། དམ་ཚིག་བརྟན་པའི་རྡོ་རྗེ་ཡིན་གྱི། དམ་ཚིག་ཅན་ཁྱོད་ཅེས་སློབ་མ་ལ་བོས་ནས་གཟུང་བར་གྱིས་ཤིག དེས་ཁྱོད་དེ་བཞིན་གཤེགས་པ་ལྔ་པོ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །དེང་ཕྱིན་ཆད་ཐ་མལ་གྱི་སྤྱོད་པ་བརྟུལ་ལ་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་ལ་གནས་པར་གྱིས་ཤིག ཅེས་བྱ་བའི་དོན་ཡིན་པས་དེའི་རྟོགས་པ་བསྐྱེད་པར་བྱའོ། །འདིར་དབང་ཆུ་གཉིས་ཆར་ལས་སློབ་མ་མི་དམིགས་ཏེ་སྟོང་པའི་ངང་ལས་ཆོ་ག་གསུམ་ལས་རྡོ་རྗེ་འཆང་དུ་བསྐྱེད་པ་ཙམ་མ་གཏོགས། ཕུང་པོ་ལྔའི་ཆོས་ཉིད་སྦྱང་གཞིར་བྱས་པ་མི་སྣང་ཡང་། བླ་མ་དག་གི་གསུང་སྒྲོས་ལ། ཕུང་པོ་ལྔའི་ཆོས་ཉིད་རིགས་དྲུག་པར་བསྐྱེད་པར་མཛད་པ་ནི་དབང་ཆུ་གཉིས་ཀྱི་དགོངས་པར་སྣང་སྟེ། དབང་ཆུ་གཉིས་ལས་རིག་པའི་དབང་ལྔའི་ངག་འདོན་གྱི་སྐབས་སུའང་སློབ་མ་ལྷ་དེ་དང་དེར་བསྐྱེད་པ་ཙམ་ལས་མ་གསུངས་པའི་འགྲོས་ཀྱིས་འདིར་ཡང་དེ་བཞིན་དུ་བཤད་པ་ཡིན་ལ། སྔ་མ་ལ་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་སྦྱངས་གཞིར་བྱས་པའི་ཚེ། འདིར་ཡང་དེ་དག་གི་ཆོས་ཉིད་སྦྱང་གཞིར་བྱེད་དགོས་པ་ནི་རྡོ་རྗེའི་བརྟུལ་ཞུགས་ཀྱི་དབང་དོན་ལས་ཀྱང་ཤེས་པའི་ཕྱིར་དང་། རྩ་རྒྱུད་ལས། དངོས་པོ་མེད་པའང་ཡོངས་ཤེས་པས། །ཞེས་པའི་སྐབས་ཀྱིས་སྦྱང་གཞི་དང་སྦྱར་བའི་དོན་ཡིན་པའི་ཕྱིར་རོ། །དེའང་འཕགས་པའི་མཉམ་གཞག་ལ་སྣང་བའི་ཆོས་ཉིད་མཚན་ཉིད་པ་ནི་སྦྱང་གཞི་སྦྱོང་བྱེད་ཀྱི་སྤྲོས་པ་ལས་བྲལ་བས་སྦྱང་གཞིར་མི་རུང་ལ། ཐ་མལ་རྣམ་རྟོག་ལ་ཆོས་ཅན་དང་། ཆོས་ཉིད་གཉིས་སུ་སྣང་བའི་ཆོས་ཉིད་སྦྱང་གཞིར་བྱེད་པ་ཡིན་པས་རྣམ་གྲངས་པའི་དོན་དམ་བདེན་པར་འཇོག་ཀྱང་དོན་ལ་ཀུན་རྫོབ་བདེན་པ་ཡིན་པས་སྦྱང་གཞིར་རུང་ངོ་། །གསུམ་པ་དེས་སྡོམ་པ་གང་ཐོབ་ཅིང་དོན་གང་ལ་དབང་བ་ནི། དབང་ཆུ་ལས། དེ་ནས་སློབ་མ་རྣམས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོའི་ཁ་དོག་དང་། དབྱིབས་མིག་གིས་མཐོང་བ་དང་། ཕྱིའི་འཇུག་པ་བྱས་པ་དང་། ཡེ་ཤེས་དབབ་པའི་ཏིང་ངེ་འཛིན་སྐྱེས་པ་ནི་ནང་གི་འཇུག་པ་ཡིན་ཏེ། དེས་ན་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་སྙིང་ལ་ཞུགས་པ་ཡིན་པས་དེས་ནི་དེང་ནས་ལྷ་དང་སྐལ་བ་མཉམ་པར་བྱས་པ་ཡིན་ནོ། །དེ་ནས་ཁོ་བོ་ཁྱོད་ལ་ཆུ་དང་། ཅོན་པཎ་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་གི་དབང་རྫས་རྣམས་སྤྱི་བོ་དང་ལག་པར་འཁོར་གསུམ་ཡོངས་སུ་དག་པས་བྱིན་པ་ཡིན་ཏེ། དེས་ནི་ཁྱོད་ཀྱི་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔ་དང་། འབྱུང་བ་ལྔའི་དྲི་མ་ཐམས་ཅད་སྦྱངས་ཏེ། དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔར་བྱིན་གྱིས་བརླབས་པ་ཞེས་བྱ་བ་ཡིན་ནོ། །དེའི་རྗེས་ལ་རྡོ་རྗེའི་བརྟུལ་ཞུགས་བྱིན་པས་ནི་ཁྱོད་ཐ་མལ་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བརྟུལ་ལ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་རྡོ་རྗེ་ལ་གནས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཡིན་ནོ། །དེ་ལྟ་བུའི་རིག་པའི་དབང་ལྔ་ཐོབ་ཕྱིན་ཆད་ཁྱེད་ཀྱིས་དེ་བཞིན་གཤེགས་པ་སྤྱི་དང་ཁྱད་པར་གྱི་དམ་ཚིག་ཚུལ་ཁྲིམས་ཀྱི་བསླབ་པ་ལ་སོགས་པ་ཐམས་ཅད་བསྲུང་བ་དང་རྟེན་པ་ལ་བསླབ་པར་བྱའོ། །དབང་འདིའི་བརྡའ་ནི། སོར་མོ་ལྔ་ནི་ཕྲལ་ཏེ་བསྟན། །ཅེས་བྱ་བ་ཡིན་ནོ། །དབང་འདི་ཐོབ་པས་ཁྱོད་ཀྱིས་རྟོག་པ་དང་། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་མཐའ་དག་ཉན་དུའང་རུང་། རྣལ་འབྱོར་གྱི་རྒྱུད་བཤད་དུ་མི་རུང་ཡང་བྱ་སྤྱོད་ཀྱི་རྒྱུད་བཤད་དུ་རུང་བ་ཡིན་ནོ། །རྣལ་འབྱོར་བླ་མ་དང་། རྣལ་འབྱོར་བླ་ན་མེད་པའི་སྒྲུབ་ཐབས་མཐའ་དག་གི་སྒྲུབ་ཐབས་ལ་སོགས་ཅི་རིགས་ཉན་དུ་རུང་ལ་རྒྱུད་ཀྱི་གཞུང་མ་ལུས་པ་ཉན་པའི་སྐལ་བ་དང་ལྡན་པ་མ་ཡིན་མོད་ཀྱི། དེ་ནས་གསུངས་པའི་དངོས་གྲུབ་ཀྱི་སྒྲུབ་ཐབས་དང་། དྲན་པ་གཅིག་པའི་སྒྲུབ་ཐབས་དང་དཀྱིལ་འཁོར་བྲིས་པ་ལས་དངོས་གྲུབ་སྒྲུབ་པ་གང་འདོད་པ་ཉམས་སུ་བླང་དུ་རུང་བ་ཡིན་ནོ། །དེ་བས་ན་ད་ནི་ཁྱོད་ཀྱི་མེ་ཏོག་ཕོག་པའི་ལྷ་འདི་ཞེས་བྱ་བ་ཡིན་ནོ། །དེའི་སྒྲུབ་ཐབས་འདི་ཡིན་ནོ། །ལྷ་འདི་མཉེས་པར་བྱེད་པའི་ཐབས་སྔོན་དུ་བསྙེན་པ་ལ་བརྩོན་པར་གྱིས་ཤིག འདིར་ལྷ་གཅིག་གི་བསྙེན་པ་ཡོངས་སུ་རྫོགས་ན་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྙེན་པས་མཉེས་པར་འགྱུར་བ་ཡིན་པས་ཁྱོད་ཀྱིས་རིག་པ་འཛིན་པ་དང་། ནམ་མཁའ་ལ་འགྲོ་བ་དང་། གཏེར་མཐོང་བ་ལ་སོགས་པ་དངོས་གྲུབ་གང་འདོད་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་བརྗོད་ལ་སྒྲུབ་པའི་ཐབས་དང་། བཟླས་པའི་ལུང་བླ་མའི་མན་ངག་ལས་འབྱུང་བ་བཞིན་སྦྱིན་པར་བྱའོ། །ཞེས་གསུང་ཞིང་། ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་ལས་ཀྱང་ཆ་འདྲ་བར་གསུངས་སོ། །འདི་དག་གི་དོན་ལ་འཇུག་པའི་སྐབས་སུ་ལྷ་དང་སྐལ་བ་མཉམ་པའི་སྔགས་སྡོམ་ཐོབ་ཚུལ། རིག་པའི་དབང་ལྔའི་སྐབས་སུ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་ཐོབ་ཚུལ། བརྟུལ་ཞུགས་ཀྱི་དབང་གི་སྐབས་སུ་རིགས་དྲུག་པའི་སྡོམ་པ་ཐོབ་ཚུལ། དེས་རྒྱུད་ཉན་བཤད་གང་ལ་དབང་བ། ལྷའི་བསྒོམ་བཟླས་དང་དངོས་གྲུབ་སྒྲུབ་པའི་ཐབས་གང་ལ་དབང་བ་དང་ལྔ་ལས། དང་པོ་ནི། ཕྱི་འཇུག་དང་ནང་འཇུག་གི་སྐབས་སུ་ལྷ་དང་སྐལ་བ་མཉམ་པ་ཐོབ་པའི་དོན་སློབ་མས་རྡུལ་ཚོན་གྱི་དཀྱིལ་འཁོར་མཐོང་ནས་སློབ་དཔོན་གྱིས་ལྷ་ངོ་སྤྲོད་པའི་ཚེ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་རིགས་འདྲ་བ་དང་། དེའི་བྱ་བ་ལ་ཞུགས་པ་ཡིན་པས་དེ་ཙམ་གྱིས་ཆ་ནས་སྐལ་བ་མཉམ་ཞེས་བྱ་སྟེ། དཔེར་ན་འཇིག་རྟེན་ན་བཟོའི་གྲྭ་དང་ཀློག་པའི་གྲྭ་ལ་སོགས་པར་འཇུག་པར་འདོད་པའི་གང་ཟག་དེ་གང་ཟག་གཞན་ཞིག་གིས་དེའི་གྲྭར་བཅུག་སྟེ། སྟོན་མོ་ལ་སོགས་པ་དེ་ལ་དགོས་པའི་བྱ་བ་བྱས་པའི་ཚེ་དེ་དག་དང་སྐལ་བ་མཉམ་ཞེས་བརྗོད་པ་བཞིན་འདིར་ཡང་རིགས་ལྔའི་སྡོམ་པ་གཟུང་བར་ཁས་བླང་བ་དང་། ཡེ་ཤེས་དབབ་པ་དང་། མེ་ཏོག་དོར་འཆིང་རྣམས་སྔོན་དུ་སོང་ནས་ལྷ་ངོ་སྤྲད་པས་དཔེ་དང་མཐུན་པའོ། །གཉིས་པ་ནི། རིག་པའི་དབང་ལྔ་བསྐུར་བས་ཉོན་མོངས་པ་ལྔ་དང་། ཕུང་པོ་ལྔ་དང་། འབྱུང་བ་ལྔའི་དྲི་མ་ཐམས་ཅད་སྦྱངས་ཏེ། དེ་བཞིན་གཤེགས་པ་ལྔ་དང་། ཡེ་ཤེས་ལྔར་བྱིན་གྱིས་བརླབས་པས་རིགས་ལྔ་སོ་སོའི་སྡོམ་པ་ཐོབ་སྟེ། སྔར་སྟ་གོན་ནམ་འཇུག་པའི་སྐབས་སུ་རིགས་ལྔའི་སྡོམ་གཟུང་ལན་གསུམ་བྱས་པའི་ཚེ་ཁས་བླངས་ཀྱི་སྡོམ་པ་ཐོབ་ཅེས་པའི་དོན་ཡང་ད་གཟོད་ཆོ་གས་བསྐྱེད་ནས་སོ་སོའི་སྡོམ་པ་ཐོབ་པའི་ཚེ་བསྲུང་བར་ཁས་བླངས་པ་ཡིན་ལ། སོ་སོའི་ཆོ་གའང་འདི་ཉིད་ཡིན་པའི་ཕྱིར་རོ། །དེའང་མི་བསྐྱོད་པ་ཆུ་དབང་ལྟ་བུ་ལ་མཚོན་ན། དབུ་རྒྱན་ལ་རིགས་བདག་ཚང་བའི་ཚེ་མི་བསྐྱོད་པའི་སྡོམ་པ་ཐོབ་སྟེ། འདི་ལ་གནས་གང་དུ་སྡོམ་ན། སློབ་མ་མི་བསྐྱོད་པར་བསྒོམ་པའི་གནས་དེ་ཉིད་དུའོ། །གྲངས་ཇི་སྙེད་སྡོམ་ན། སྤྱིར་རྣམ་པར་ཤེས་པའི་ཕུང་པོ་ལ་རིགས་བརྒྱད་དང་། རེ་རེ་ལའང་དུས་ཀྱི་སྒོ་ནས་སྐད་ཅིག་སྔ་ཕྱིར་རབ་ཏུ་མང་པོ་དང་། དེ་བཞིན་དུ་ཞེ་སྡང་གི་རིགས་དང་། སྐད་ཅིག་གིས་གྲངས་ཇི་སྙེད་ཡོད་པ་དང་། ཆུ་ལའང་ཡུལ་དང་དུས་ཀྱི་གྲངས་ཇི་སྙེད་ཡོད་པ་རྣམས་སྡོམ་མོ། །སྤང་བྱ་གང་སྡོམ་ན་སྦྱང་གཞི་དེ་རྣམས་ལ་ཐ་མལ་གྱི་རྣམ་རྟོག་སྡོམ་སྟེ། མི་བསྐྱོད་པ་གཅིག་གི་ངོ་བོར་ཤེས་པའོ། །ཐབས་གང་གིས་སྡོམ་ན། ཆུའི་དབང་གི་ཡན་ལག་བཞི་རྫོགས་ཀྱི་ཐབས་ཀྱིས་ཏེ། རྩ་རྒྱུད་ལས། དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར་རོ། །འདིས་ནི་ཧེ་རུ་ཀ་རྫོགས་པ་ཉིད་དོ་ཅེས་གསུངས་པ་ལྟར་རོ། །སྡོམ་པ་རང་གི་ངོ་བོ་ནི་དེས་བདེ་བར་གྱུར་པ་སྟེ། ཐ་མལ་གྱི་རྣམ་རྟོག་སྡོམ་པས་བདེ་བར་གྱུར་པ་ཡིན་གྱི་ཚོར་བ་བདེ་བ་དང་། ཤིན་ཏུ་སྦྱང་བའི་བདེ་བ་ལྟ་བུ་ནི་མ་ཡིན་ནོ། །དེས་ན་བདེ་བའི་མཆོག་ཅེས་པ་ནི་སྡོམ་པ་གསུམ་ཆར་ལ་རང་རང་གི་སྤང་བྱ་སྡོམ་པས་བདེ་བ་ལ་བཤད་པར་བྱ་བ་ཡིན་ཅིང་། འདིར་ནི་སྔགས་ཀྱི་སྤང་བྱ་སྡོམ་པའི་ཆ་ནས་བདེ་བ་ཆེན་པོ་ཞེས་པའང་ཁྱད་པར་དུ་ཡོད་དོ། །དེས་དམ་ཚིག་གང་བསྲུང་བ་ལ་དབང་ན། ཚུལ་ཁྲིམས་ཀྱི་བསླབ་པ་སོགས་རིགས་ལྔ་སྤྱིའི་དམ་ཚིག་དང་། སོ་སོའི་དམ་ཚིག་གི་ནང་ནས་རྡོ་རྗེ། དྲིལ་བུ། ཕྱག་རྒྱ། སློབ་དཔོན་བཞི་གཟུང་བའི་དམ་ཚིག་བསྲུང་བ་ལ་དབང་སྟེ། དེ་ཉིད་ཆོ་གའི་སྒོ་ནས་ཐོབ་པའི་ཕྱིར་ཅོད་པཎ་གྱི་དབང་ལ་སོགས་པ་རིག་པའི་དབང་གཞན་བཞི་པོ་ལའང་འདི་ཉིད་ཀྱི་འགྲོས་ཞིབ་ཏུ་སྦྱར་བར་བྱ་ཞིང་རིགས་སོ་སོའི་དམ་ཚིག་ནི་རིན་ཆེན་འབྱུང་ལྡན་གྱི་དམ་ཚིག་ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་དང་། བྱམས་པའི་སྦྱིན་པ་བཞི་སྦྱིན་པ་དང་། འོད་དཔག་མེད་ཀྱི་རིགས་ཀྱི་དམ་ཚིག་དམ་པའི་ཆོས་གཟུང་བ་དང་། དོན་ཡོད་གྲུབ་པའི་རིགས་ཀྱི་དམ་ཚིག་སྡོམ་པ་ཅི་ནུས་གཟུང་བ་དང་། མཆོད་པའི་ལས་བྱེད་པ་གཉིས་དང་། རྣམ་སྣང་གི་རིགས་ཀྱི་དམ་ཚིག་བླ་ན་མེད་པའི་དཀོན་མཆོག་གསུམ་གཟུང་བ་གསུམ་སྟེ། དེ་རྣམས་ལ་དབང་བ་ཡིན་ནོ། །གལ་ཏེ་དེ་ལྟར་ན་རྗེ་བཙུན་གྱིས་རྡོ་རྗེ་འབྱུང་བའི་ཊི་ཀར་སྡོམ་པ་འཛིན་པར་ནུས་པ་ལ་འཇུག་པའི་སྐབས་སུ་རིགས་ལྔའི་སྡོམ་པ་བསྒྲག་གཟུང་བྱེད་པ་དང་། སྡོམ་པ་འཛིན་པར་མི་ནུས་པ་ལ་འཇུག་པའི་སྐབས་སུ་དེ་དག་མི་བྱ་བར་བཤད་ཅིང་། སློབ་མའི་དབང་གི་སྐབས་སུ་རིག་པའི་དབང་ལྔ་སྡོམ་པ་འཛིན་མི་འཛིན་གཉིས་ཀ་ལ་ཐུན་མོང་དུ་བྱ་བའི་ཆོ་ག་ཡིན་པར་གསུངས་པ་དང་འགལ་ཏེ། སློབ་མའི་སྐབས་ཀྱི་རིག་པའི་དབང་ལྔ་ལས་རིགས་ལྔ་སོ་སོའི་དམ་ཚིག་ཐོབ་ནས། སྡོམ་པ་མི་འཛིན་ཞེས་པ་དང་འགལ་བའི་ཕྱིར་དང་། གལ་ཏེ་འཛིན་ན་འཇུག་པའི་སྐབས་སུ་སྡོམ་པ་བསྒྲག་གཟུང་དགོས་པར་མཚུངས་པའི་ཕྱིར་དང་། སྡོམ་པ་འཛིན་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ངེས་པར་བསྐུར་དགོས་པར་གསུངས་དགོས་པ་དང་འགལ་བའི་ཕྱིར་རོ་ཞེ་ན། དེའི་དོན་འདི་ལྟར་ཡིན་ཏེ། རྗེ་བཙུན་གྱིས་འཇུག་པའི་སྐབས་སུ་སློབ་མས་སློབ་དཔོན་ལ་གསོལ་བ་གདབ་པ་དང་། སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་བ་གདབ་པ་དང་། སློབ་མ་ལ་འདོད་པ་དྲི་བ་དང་། སློབ་མས་ཁས་བླངས་པ་དང་། སློབ་དཔོན་གྱིས་དམ་ཚིག་བསྒྲག་པ་དང་། སློབ་མས་སྡོམ་པ་ཁས་བླངས་པ་དང་། ཁས་ལེན་པ་དེ་ལ་སློབ་དཔོན་གྱིས་སྡོམ་པ་འབོགས་པ་དང་བདུན་པོ་སྡོམ་པ་གཟུང་བ་ཁོ་ན་ལ་བྱ་བའི་ཆོ་ག་ཡིན་པར་གསུངས་པའི་དོན་རྣལ་འབྱོར་རྒྱུད་ཀྱིས་སློབ་མའི་དབང་གི་སྐབས་སུ་བསྐུར་བའི་རིག་པའི་དབང་ལྔ་ལས་རིགས་ལྔ་སོ་སོའི་སྡོམ་པ་མི་ཐོབ་ཅིང་། སློབ་དཔོན་གྱི་དབང་གི་སྐབས་ཀྱི་རིག་པའི་དབང་ལྔ་ལས་རིགས་ལྔ་སོ་སོའི་སྡོམ་པ་ཐོབ་པར་བཞེད་པར་སྣང་སྟེ། སློབ་མའི་དབང་གི་སྐབས་སུ་སློབ་མ་མེ་ཏོག་གང་ཕོག་གི་ལྷར་བསྐྱེད་པའི་རྟེན་ལ་རིག་པའི་དབང་ལྔ་བསྐུར། དེའི་ཚེ་བུམ་པའང་མེ་ཏོག་གང་ཕོག་གི་བུམ་པས་ཆོག་པ་དང་། ཕྱག་རྒྱའི་དབང་བསྐུར་ཡང་དེ་བཞིན་གཤེགས་པ་ལ་མེ་ཏོག་ཕོག་ན་རྡོ་རྗེ་རིན་ཆེན་གྱི་སྔགས་དང་ཕྱག་རྒྱ་བྱ། རྡོ་རྗེ་སེམས་དཔའ་ལ་ཕོག་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་སྔགས་དང་ཕྱག་རྒྱ་བྱ། ཅོད་པཎ་དང་དར་དཔྱངས་ཀྱང་དངོས་སུ་བཀོན། མེ་ཏོག་ཕྲེང་བའི་དབང་ཡང་དཀྱིལ་འཁོར་གྱི་ལྷ་ལ་མེ་ཏོག་འབུལ་བ་ཙམ་ལས་མེད་དོ། །སློབ་དཔོན་སྐབས་ཀྱི་རིག་པའི་དབང་ལྔ་ནི་སློབ་མ་ལྷ་གང་ལ་མེ་ཏོག་ཕོག་ཀྱང་རྡོ་རྗེ་སེམས་དཔར་བསྐྱེད། དེ་ལ་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱས་གནས་ལྔར་གཏུགས་པ་དང་། རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་དང་སེམས་དཔའ་ཉེར་བརྒྱད་ལུས་ལ་བཀོད་པ་བྱས་པའི་རྟེན་ལ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དངོས་གཞི་ནི་རྡོ་རྗེ་སེམས་དཔའི་སྐུ་སྤྱི་བོར་བཞག་ལ། ཨོཾ་མ་ཧཱ་སུ་ཁ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་བུམ་པ་ཐམས་ཅད་ཀྱིས་དབང་བསྐུར། ཅོད་པཎ་སོགས་གསུམ་པོའང་སྔར་ནི་མེ་ཏོག་གང་ལ་ཕོག་པའི་ཅོད་པཎ་སོགས་ཡིན་ལ། འདིར་ནི་ལྷ་གང་ལ་མེ་ཏོག་ཕོག་ཀྱང་རྡོ་རྗེ་སེམས་དཔའི་ཅོད་པཎ་དང་། ཕྱག་མཚན་དང་། མིང་གིས་དབང་བསྐུར་བ་ཡིན་ནོ་ཞེས་གསུངས་པས་རྣལ་འབྱོར་རྒྱུད་ཀྱི་སྐབས་སུ་སློབ་མའི་དབང་གི་སྐབས་ཀྱི་རིག་པའི་དབང་ལྔ་ལས་རིགས་ལྔ་སོ་སོའི་སྡོམ་པ་མི་ཐོབ་ཅིང་། སློབ་དཔོན་གྱི་དབང་གི་སྐབས་ཀྱི་རིག་པའི་དབང་ལྔ་ལས་རིགས་ལྔ་སོ་སོའི་སྡོམ་པ་ཐོབ་དགོས་པས་འགལ་བ་མེད་པའི་སྟེང་དུ། རྒྱུད་སྡེ་གོང་འོག་གི་ཆོ་གའི་ནུས་པ་ཆེ་ཆུང་གི་ཁྱད་པར་གསལ་བར་བྱས་ཏེ། བླ་མེད་ཀྱི་སློབ་མའི་དབང་གི་སྐབས་ཀྱི་རིག་པའི་དབང་ལྔ་ཉིད་ལའང་ཡོ་གའི་སློབ་དཔོན་གྱི་སྐབས་ཀྱི་རིག་པའི་དབང་ལྔའི་ནུས་པ་ཚང་བར་བསྟན་པའི་ཕྱིར་རོ། །འདི་ལ་དགོངས་ནས་དབང་གི་བརྡ་ལའང་། སོར་མོ་ལྔ་ནི་ཕྲལ་ཏེ་བསྟན་ཞེས་པ་འདིས་རིག་པའི་དབང་ལྔའི་སྐབས་སུ་རིགས་ལྔ་སོ་སོའི་དམ་ཚིག་ཐོབ་པར་བསྟན་པར་ཤེས་པར་བྱའོ། །ཡེ་ཤེས་ཞབས་ལུགས་པ་དག་ཡོ་ག་དང་སྒོ་བསྟུན་ནས་རིག་པའི་དབང་ལྔ་ལན་གཉིས་བསྐུར་ཞིང་དེ་ལས་སྡོམ་པ་ཇི་ཙམ་ཐོབ་པའི་ཚུལ་ནི་སྔར་བཤད་ཟིན་ཏོ། །གསུམ་པ་ནི་རྟུལ་ཞུགས་ཀྱི་དབང་གི་སྐབས་སུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ལ་ཐ་མལ་གྱི་རྣམ་རྟོག་སྤང་བའི་སྡོམ་པ་ཐོབ་པ་ཙམ་ཞིག་གསལ་ཡང་བསྲུང་བྱའི་དམ་ཚིག་ལོགས་སུ་བཤད་པ་ནི་མ་མཐོང་ངོ་། །འདིའང་རིགས་དྲུག་རིགས་ལྔ་དང་། རིགས་ལྔ་རིགས་གསུམ་དང་། རིགས་གསུམ་གསང་ཆེན་རིགས་གཅིག་ཏུ་བསྡུ་བའི་རིམ་པ་ལྟར་ན་རིགས་དྲུག་པའི་རྟེན་ལ་རིགས་ལྔ་རིགས་གསུམ་དུ་སྡོམ་པའི་སྡོམ་པ་སྐབས་འདིར་ཐོབ་ཅིང་རྟེན་དེ་ལ་རིགས་གསུམ་རིགས་གཅིག་ཏུ་བསྡུ་བའི་སྡོམ་པ་ཐོབ་པའི་དོན་དུ་སྣང་སྟེ། རྗེ་བཙུན་རྩེ་མོས་རྡོ་རྗེ་འཆང་ཆེན་པོར་བྱིན་གྱིས་བརླབས་པའི་དབང་ལ་སློབ་དཔོན་དང་སློབ་མ་ཐུན་མོང་གི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་ཐུན་མོང་མ་ཡིན་པའི་དབང་བསྐུར་བ་གཉིས་སུ་གསུངས་པ་ལས་ཤེས་སོ། །བཞི་པ་ནི། དབང་འདི་དག་ཐོབ་པས་རྒྱུད་སྡེ་འོག་མ་གསུམ་ཆར་ཉན་དུ་རུང་བ་དང་། རྣལ་འབྱོར་གྱི་རྒྱུད་བཤད་དུ་མི་རུང་ཡང་བྱ་སྤྱོད་ཀྱི་རྒྱུད་བཤད་དུ་རུང་བའི་དོན་ཡང་བྱ་རྒྱུད་ལ་ཆུ་དང་། ཅོད་པཎ་གཉིས་དང་། སྤྱོད་རྒྱུད་ལ་དེའི་སྟེང་དུ་རྡོ་རྗེ་དྲིལ་བུ་མིང་གི་དབང་སྟེ་ལྔ་ཡོད་པར་གསུངས་པའང་འདིའི་ནང་དུ་ཚང་བས་དེ་དག་གི་རྒྱུན་ཉན་བཤད་གཉིས་ཀ་རུང་ལ། རྣལ་འབྱོར་རྒྱུད་ཀྱི་སློབ་མ་དང་སློབ་དཔོན་གྱི་སྐབས་ཀྱི་རིག་པའི་དབང་ལྔའི་ནུས་པ་འདིར་ཚང་ཡང་། རྡོ་རྗེ་སློབ་དཔོན་གྱི་དབང་གི་ནུས་པ་མཐའ་དག་མ་ཚང་བས་ཉན་དུ་རུང་ཞིང་བཤད་དུ་མི་རུང་བའོ། །ཁ་ཅིག་འདི་རྒྱུད་སྡེ་འོག་མ་མཐའ་དག་གི་དབང་བསྐུར་ཐོབ་བའི་ཤེས་བྱེད་དུ་འདྲེན་པ་ནི། བུམ་དབང་ཐོབ་པས་ས་བརྒྱད་པ་ཐོབ། ཅེས་སོགས་ཚད་ལྡན་གྱི་གཞུང་ལས་བཤད་པ་སོགས་དག་བྱ་དག་བྱེད་ངོ་སྤྲད་པ་དང་། རང་གི་ངོ་བོ་ཇི་ལྟ་བ་བཞིན་ཐོབ་པའི་ཁྱད་པར་མ་ཕྱེད་པའོ། །ལྔ་པ་ནི། དབང་འདི་ཐོབ་པས་མེ་ཏོག་གང་ཕོག་གི་ལྷའི་བསྒོམ་བཟླས་ལ་དབང་བར་གསུངས་པ་ནི་དག་ལྡན་ལེའུ་གསུམ་པ་ལས་བཤད་པ་ལྟར། སྐྱབས་འགྲོ་སེམས་བསྐྱེད། ཚད་མེད་བཞི་བསྒོམ། ཡེ་ཤེས་ཚོགས་བསག་སྔོན་དུ་སོང་ནས་ལྷ་དགུ་པོ་གང་ལ་མེ་ཏོག་ཕོག་པའི་ལྷ་དེ་ཉིད་རྡོ་རྗེ་ཆོ་ག་གསུམ་མམ། ས་བོན་ལས་བསྐྱེད། ཡན་ལག་བཞི་རྫོགས་སུ་བྱས་ནས་རང་རང་གི་སྔགས་བཟླ་བ་ཡིན་པས། གང་འདོད་པ་དེ་དང་དེའི་བཟླས་པའི་ལུང་ཡང་སྐབས་འདིར་སྦྱིན་ཏེ། ཡེ་ཤེས་དབབ་པ་ནས་འདིའི་བསྒོམ་བཟླས་ཀྱི་བར་སུ་ལའང་མ་སྨྲ་ཞིག་ཅེས་གསང་བར་གདམས་ཏེ་སློབ་མས་ཀྱང་དེ་བཞིན་དུ་ཁས་བླང་ངོ་། །གཉིས་པ་རྡོ་རྗེ་སློབ་དཔོན་གྱི་དབང་ལ་བཞི་སྟེ། བུམ་དབང་། གསང་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། དབང་བཞི་པའོ། །དང་པོ་ལ་ལྔ་སྟེ། སྔོན་དུ་འགྲོ་བ། དབང་གི་དངོས་གཞི། དཀྱིལ་འཁོར་དང་ལྷའི་རྣམ་དག མཐའ་རྟེན་སྦྱིན་པ། དབང་གི་རྟོགས་པ་བསྐྱེད་པའོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་གི་ཆེད་དུ་མཎྜལ་ཕུལ་ནས། མི་ལྡོག་འཁོར་ལོའི་ཞེས་སོགས་ལན་གསུམ་གྱིས་གསོལ་བ་གདབ་པའོ། །དེ་ལ་ཕྱིར་མི་ལྡོག་པའི་འཁོར་ལོ་ནི། ས་བརྒྱད་པ་ཐོབ་པ་ལ་འཇོག་སྟེ། འཇམ་དཔལ་རྩ་རྒྱུད་ལས། རྒྱལ་བའི་སྲས་པོས་ས་ཐོབ་ཀྱང་། །བློ་བརྟན་པ་ནི་མ་ཡིན་ཏེ། །ཇི་སྲིད་ས་བརྒྱད་མ་ཐོབ་བར། །དེ་སྲིད་ཐེག་པ་དམན་པས་འཇིགས། །ཞེས་གསུངས་པས་ཐེག་པ་དམན་པ་ལ་ཕྱིར་མི་ལྡོག་པ་ཡིན་ལ། ལམ་མཉམ་རྗེས་བར་ཆད་མེད་པར་འཁོར་བས་འཁོར་ལོ་དང་འདྲ་བའི་ཕྱིར་རོ། །དེ་དང་སྐལ་བ་མཉམ་པའི་དབང་བསྐུར་ནི་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་ཞེས་བྱ་སྟེ། ཡེ་ཤེས་ཞབས་ལུགས་སོགས་ཚད་ལྡན་གྱི་གཞུང་རྣམས་ལས་འདི་ཐོབ་ནས་ས་བརྒྱད་པ་དང་སྐལ་བ་མཉམ་པར་གསུངས་པའོ། །མགོན་པོ་རྡོ་རྗེ་སློབ་དཔོན་གྱིས་དེ་ལྟ་བུའི་དབང་བསྐུར་བ་བདག་ལ་སྩལ་ནས་ནི་དེ་མ་ཐག་བར་མ་ཆད་པར་དཀྱིལ་འཁོར་གྱི་དེ་ཉིད་དང་། ལྷའི་དེ་ཉིད་དང་། སློབ་དཔོན་གྱི་ཕྲིན་ལས་རྣམས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པའི་ལས་ཡིན་པས་བསྟན་དུ་གསོལ། སངས་རྒྱས་ཀུན་གྱི་དམ་ཚིག་དང་། །ཞེས་སོགས་ཀྱི་དོན་ནི། སྤྱིར་ཟླ་བ་རྡོ་རྗེའི་སེམས་བསྐྱེད་པ་ནས་བཟུང་སྟེ། དབང་བཞི་པའི་བར་ཐོབ་པའི་དམ་ཚིག་དང་། སྡོམ་པ་རྣམས་སྡོམ་པ་གསུམ་གྱི་ཟླས་ཕྱེ་བའི་སྔགས་སྡོམ་ཡིན་པས་སངས་རྒྱས་ཀུན་གྱི་དམ་ཚིག་དང་། སངས་རྒྱས་ཀུན་གྱི་སྡོམ་པ་ཡིན་མོད་ཀྱི་བླ་ན་མེད་པ་ཞེས་པའི་ཚིག་དང་འབྲེལ་བའི་ཚེ་རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ་ཐོབ་པའི་བསྐྱེད་རྫོགས་ཀྱི་སྡོམ་པ་ལ་འཇུག་པས། བུམ་དབང་ཙམ་ལས་མི་བསྐུར་ན་བུམ་དབང་གི་རྡོ་རྗེ་སློབ་དཔོན་གྱི་སྐབས་སུ་ཐོབ་པའི་སངས་རྒྱས་ཀུན་གྱི་དམ་ཚིག་དང་སྡོམ་པ་སྩལ་དུ་གསོལ་ཞེས་པ་ཡིན་ལ། དབང་བཞིར་ཆར་བསྐུར་ན། གོང་མ་གསུམ་གྱི་སྐབས་སུ་ཐོབ་པའི་སྡོམ་པའི་གསོལ་གདབ་ཏུའང་འགྱུར་རོ། །དབང་གོང་མའི་སྐབས་སུ་ཐོབ་པའི་སྡོམ་པ་ལ་སངས་རྒྱས་ཀུན་གྱི་སྡོམ་པ་ཞེས་པའི་ཐ་སྙད་ནི། རྩ་རྒྱུད་ཕྱི་མའི་གསུམ་པ་ལས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝྃ་རྣམ་པར་རབ་ཏུ་གནས། །ཨེ་ཝྃ་རྣམ་པ་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་འགྱུར། །ཞེས་པས་ཤེས་སོ། །གཉིས་པ་ནི་དབང་ཆུར། དེ་ནས་སློབ་མ་གཅིག་དབང་སྟེགས་ཀྱི་ཁར་བཞག་ལ་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བསམས་ཏེ། དེ་ལ་དམ་ཚིག་གསུམ་སྦྱིན་པ་ནི་ཞེས་གསུངས་པའི་དོན། བླ་ཆེན་འཕགས་པས། རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་བསྐྱེད་ནས། དམ་ཚིག་གསུམ་སྦྱིན་པར་མཛད། དེའི་གོ་དོན་བྲག་ཕུག་པ་དཀོན་རྒྱལ་གྱིས་བརྟུལ་ཞུགས་ཀྱི་དབང་གི་སྐབས་སུ་རྒྱུའི་རྡོ་རྗེ་འཆང་དགོས་པས་སྐུ་མདོག་དཀར་པོར་བྱེད། རྡོ་རྗེ་སློབ་དཔོན་གྱི་དབང་གི་སྐབས་སུ་འབྲས་བུའི་རྡོ་རྗེ་འཆང་དགོས་པས་སྐུ་མདོག་སྔོན་པོར་བྱེད་པ་ཡིན། ཞེས་གསུངས་པ་ནི་ཀྱེ་རྡོར་རྒྱུད་གསུམ་དང་། རྗེ་བཙུན་གོང་མའི་དགོངས་པ་མ་ཡིན་ཏེ། རྒྱུད་གསུམ་པོ་འདིར་རྒྱུད་གསུང་བ་པོ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་དེ་ཉིད་ལ་རིགས་དྲུག་པར་བཞག་ནས། རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔའ་ཞེས་པའི་ཐ་སྙད་འདོགས་པ་ཡིན་གྱི། དེ་ལས་གཞན་པའི་རྡོ་རྗེ་འཆང་སྔོན་པོར་གསུངས་པ་མེད་པའི་ཕྱིར་རོ། །རྡོ་རྗེ་འཆང་ཆེན་པོའི་རྣམ་པར་བསམ་ཞེས་པས་ཀྱང་སྐུ་མདོག་སྔོན་པོར་མི་འགྲུབ་སྟེ། རྗེ་བཙུན་རྩེ་མོས་རྡོ་རྗེ་འཆང་ཆེན་པོར་བྱིན་གྱིས་རློབ་པའི་དབང་ལ། སློབ་དཔོན་དང་སློབ་མ་ཐུན་མོང་གི་དབང་དང་། རྡོ་རྗེ་སློབ་དཔོན་གྱི་ཐུན་མོང་མ་ཡིན་པའི་དབང་བསྐུར་བ་གཉིས་སུ་གསུངས་ཤིང་། རྡོ་རྗེ་འཆང་དེའང་རང་གི་ལྷག་པའི་ལྷའི་རྟེན་དང་། རྡོ་རྗེ་འཆང་གི་རྟེན་གཉིས་སུ་ཕྱེ་བའི་ཕྱི་མ་དེ་ཉིད་ཡིན་པས་དཀར་པོ་ལས་འོས་མ་འདས་པའི་ཕྱིར་དང་། ཌོཾ་བི་ལུགས་ཀྱི་དབང་ཆུར། གཞན་བཀྱེ་ལ། ཇི་སྐད་དུ་བཤད་པའི་དབང་སྟེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་སློབ་མའི་གཙོ་བོ་སྔར་རྡོ་རྗེའི་བརྟུལ་ཞུགས་ཀྱི་སྐབས་སུ་བསྟན་པའི་རྣམ་པ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་བཞག་ལ་དབང་བསྐུར་བར་བྱའོ། །ཞེས་བརྟུལ་ཞུགས་ཀྱི་དབང་གི་རྟེན་དེ་ཉིད་ལ་དམ་ཚིག་གསུམ་སྦྱིན་པར་གསུངས་པས་དབང་ཆུ་གཉིས་ཀ་དགོངས་པ་མཐུན་པའི་ཕྱིར་རོ། །གཞན་དུ་ན་ཕྱག་རྒྱ་སྐུའི་དམ་ཚིག་གི་སྐབས་སུ་རྡོ་རྗེ་སེམས་དཔའ་དཀར་པོར་དབང་ཆུ་གཉིས་ཆར་ལས་གསུངས་པས་བརྟུལ་ཞུགས་ཀྱི་སྐབས་སུ་རྒྱུའི་རྡོ་རྗེ་འཆང་། དམ་ཚིག་དང་པོ་གཉིས་ཀྱི་སྐབས་སུ་འབྲས་བུའི་རྡོ་རྗེ་འཆང་། དམ་ཚིག་ཕྱི་མའི་སྐབས་སུ། སླར་ཡང་རྒྱུའི་རྡོ་རྗེ་འཆང་དགོས་པ་སོགས་ཧ་ཅང་ཐལ་ལོ། །རྟེན་དེ་ལ་དམ་ཚིག་གསུམ་སྦྱིན་པ་ལ། མན་ངག་ལུགས་ཀྱི་བསྡུས་པའི་ལུགས་དང་། ཌོཾ་བི་ལུགས་ཀྱི་རྒྱས་པའི་ལུགས་གཉིས་ལས། དང་པོ་ནི། རྡོ་རྗེ་ལག་ཏུ་བླངས་ཏེ། ཧཱུྃ་ལས་རྡོ་རྗེའི་དེ་ཁོ་ན་ཉིད་ལྷ་ཉི་ཤུ་རྩ་བརྒྱད་རྫོགས་པར་དྲན་པས་རྡོ་རྗེ་བསྐྱེད་ལ། འདི་དེ་ཞེས་སོགས་ཚིགས་བཅད་དང་སྔགས་ཀྱིས་སློབ་མའི་ལག་པ་གཡས་པར་གཏད། དེ་ཉིད་སྙིང་གར་གཟུང་དུ་བཅུག་སྟེ། ཐོག་མཐའ་མེད་པའི་ཞེས་སོགས་ཀྱིས་རྡོ་རྗེའི་དེ་ཁོ་ན་ཉིད་ངོ་སྤྲད། དེའི་དོན་རྡོ་རྗེ་འདི་ནི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རིག་སྟོང་དབྱེར་མེད་ཀྱི་ངོ་བོ་ཡིན་ནོ། །དེ་ནི་སྐྱེ་བ་དང་འགག་པ་མེད་པ་དེ་དང་རོ་གཅིག་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དབྱེར་མེད་པ་ཐུགས་རྗེ་ཆེན་པོས་སེམས་ཅན་ལ་རྗེས་སུ་ཆགས་པའི་རང་བཞིན་ཀུན་ནས་བཟང་ཞིང་རིགས་ལྔ་པོ་ཐམས་ཅད་ཀྱི་བདག་པོ་དབྱིངས་རྣམ་པར་དག་པ་རིག་པའི་ལྷ་མོའི་བདག་པོ་ཞེས་བྱ་བ་ཡིན་ནོ། །ཞེས་རྗེ་བཙུན་རྩེ་མོས་གསུངས་སོ། །དེ་ནས་དྲིལ་བུ་བླངས་ལ་ཨའི་ཡི་གེ་ལས་ལྷ་ཉི་ཤུ་རྩ་གསུམ་རྫོགས་པར་དྲན་པས་དྲིལ་བུར་བསྐྱེད་ལ། འདི་ནི་ཞེས་སོགས་ཀྱིས་སློབ་མའི་ལག་པ་གཡོན་པར་གཏད། དཀུར་གཟུང་དུ་བཅུག་ལ། ཨ་སྲིད་པ་ངོ་བོ་ཉིད་ཀྱིས་དག །ཅེས་སོགས་ཚིགས་བཅད་གཅིག་གིས་དེ་ཁོ་ན་ཉིད་བརྗོད། དེའི་དོན་འདི་ཡིན་ཏེ་ཀྱེ་དྲིལ་བུ་འདི་ནི་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྒྲ་ཡིན་ནོ། །དེ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེས་དེ་ལྟར་ངོ་བོ་ཉིད་ཀྱིས་གྲོལ་བའོ། །ཞེས་བརྗོད་དོ། །དེ་ནས་སློབ་མ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཕྱག་མཚན་མི་བསྐྱོད་པ་ལྟ་བུའམ། ཡང་ན་གཡས་བརྒྱད་རྡོ་རྗེ། གཡོན་བརྒྱད་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པའམ། མི་ནུས་ན་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པ་ལོ་བཅུ་དྲུག་ལོན་པ་ལྟ་བུས་འཁྱུད་པར་བསྒོམ་དུ་བཅུག་པ་ནི། ཕྱག་རྒྱ་སྐུའི་དམ་ཚིག་གི་དོན་ཡིན་ཏེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ཞེས་སོགས་གསུངས་པ་ཤེས་བྱེད་དུ་དྲངས་ནས་དེ་ལྟར་དྲན་པར་གྱིས་ཤིག་ཅེས་བསྒོ་ལ་ཞེས་གསུངས་པས་སོ། །སླར་ཡང་རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་ཚིགས་བཅད་གཅིག་གིས་དེ་ཁོ་ན་ཉིད་དང་རྗེས་སུ་གནང་བ་བསྡུས་པ་བརྗོད་ནས་སློབ་མའི་ལག་པ་གཉིས་འཁྱུད་པའི་སྟངས་ཀ་བྱེད་དུ་བཅུག་སྟེ། ཕྱག་རྒྱའི་དེ་ཁོ་ན་ཉིད་རྒྱས་པར་བརྗོད་པ་ནི། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །ཞེས་སོགས་བརྗོད་དོ། །དེའི་དོན་སྲིད་པའི་བདེ་བ་ནི་སོ་སྐྱེ་ལ་བདེ་བར་སྣང་ཡང་དོན་ལ་བདེ་བ་ཤིན་ཏུ་ཆུང་ཞིང་སྡུག་བསྔལ་ཆེན་པོ་ཡིན་ཏེ། སྡུག་བསྔལ་ཕྱི་མ་གཉིས་ཀྱིས་བསྡུས་པའི་ཕྱིར་རོ། །དེ་དག་པར་བྱ་བ་ལ་ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས་གཞི་སྤོང་བའི་ཚུལ་གྱིས་དག་པར་བྱ་བ་དང་། རྡོ་རྗེ་ཐེག་པའི་ལུགས་ཀྱིས་གཞི་མི་སྤོང་བའི་ཚུལ་གྱིས་དག་པར་བྱ་བ་གཉིས་ལས། འདིར་ཕྱི་མ་སྟེ། ཤིན་ཏུ་བདེ་བ་དམ་པའི་ཐབས་སུ་གྱུར་པ། རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་སྐུར་བསྒོམ་པའི་དམ་ཚིག་འདི་ནི་རྟག་ཏུ་བསྐྱེད་ཅིག དེས་ཅིར་འགྱུར་ན་ཡུལ་སྣང་ཐམས་ཅད་ལྷར་གནས་འགྱུར་བས། འདོད་པའི་ལོངས་སྤྱོད་ཐམས་ཅད་ཅི་འདོད་པར་བསྟེན་བཞིན་དུ་རང་གི་ལྷག་པའི་ལྷར་ཤེས་པའི་སྦྱོར་བ་ཡིས་བདག་དང་གཞན་རྡོ་རྗེ་འཆང་ཆེན་པོར་ཤེས་པ་ལ་མཆོད་པར་བྱ་སྟེ། དེས་ལྷས་ལྷ་ལ་ལོངས་སྤྱོད་པས་ཚོགས་མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཆེན་པོ་ཁ་སྦྱོར་གྱི་སྐུ་ཐོབ་པ་ལས་མི་འདའ་བའོ། །འོ་ན་ཁ་སྦྱོར་གྱི་སྐུར་བསྒོམ་དུ་རུང་ངམ་སྙམ་ན། རང་གི་ཡིད་སྟོང་པ་ཉིད་བཙུན་མོར་སྤྲུལ་ནས་བསྟེན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདའ་བར་མི་མཛད་པས་ཕྱག་རྒྱའི་དམ་ཚིག་ཅེས་སུ་བསྒྲག་པ་ཡིན་ནོ། །ཞེས་བྱ་བའོ། །གཉིས་པ་ནི། ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་གཉིས་ཆར་ལས། ཉེ་འཁོར་བ་དན་རྒྱལ་མཚན་སོགས། །གླུ་དང་རྔ་སོགས་ས་རུ་ནི། །གདུགས་དང་བླ་བྲེ་བྲེས་ནས་སོ། །འདུག་སྟེ་སློབ་མ་ལ་འདི་བརྗོད། །དབང་བསྐུར་རིན་ཆེན་ཆེན་པོ་ལ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་ལ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་བཞིན་གཤེགས་པ་འོ། །ཐམས་ཅད་ཐབས་ཀྱི་ཆོ་ག་ཡིས། །ཐམས་ཅད་བླ་མེད་མཆོད་པས་མཆོད། །ཅེས་གསུངས་ཏེ། ཚིགས་བཅད་དང་པོས་སློབ་མ་དབང་སྟེགས་ཀྱི་སྟེང་དུ་བཞག་ནས། མཆོད་པའི་ཡོ་བྱད་བཀོད་པ་བསྟན། དེ་ནས་ཚིགས་བཅད་གཅིག་གིས་ཐོག་མར་བུམ་པ་ཆུའི་དབང་བསྐུར་བ་བསྟན། དེ་ནས་ཚིགས་བཅད་གཅིག་གིས་ཆུའི་དབང་བསྐུར་བ་དེ་ཉིད་བུམ་པའི་དབང་དང་། རྡོ་རྗེ་གཏད་པ་གསང་བའི་དབང་དང་། དྲིལ་བུ་གཏད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཕྱག་རྒྱ་སྐུའི་དམ་ཚིག་དབང་བཞི་པ་ཡིན་ནོ། །ཞེས་མཆན་ལས་འབྱུང་ཡང་། འདིར་བུམ་པ་ཆུའི་དབང་བསྐུར་བའི་དབང་གི་ཆུ་རྒྱུན་གཅིག་པ་དེ་ཉིད་ལ་དབང་བཞི་ཚང་བ་སྟོན་པར་མངོན་ཏེ། སྤྱིར་དབང་གི་རྐང་གྲངས་ནི་རྡོ་རྗེ་གུར་གྱི་ལུང་དྲངས་ནས་སྔར་བཤད་ཟིན་པས་འདིར་སྐབས་སུ་མ་བབས་ལ། བསྐྱེད་རིམ་གྱི་སྐབས་སུ་དབང་གི་ཆུ་རྒྱུན་གཅིག་ལ་དབང་བཞི་ལེན་པའི་སྨིན་བྱེད་སྐབས་འདིར་ཐོབ་པའི་དོན་ཡིན་པའི་ཕྱིར་རོ། །དེ་ནས། ཐམས་ཅད་ཐབས་ཀྱི་ཆོ་ག་ཡིས། །ཞེས་པས་ཅོད་པཎ་ནས། བརྟུལ་ཞུགས་ཀྱི་བར་གྱི་དབང་ཐམས་ཅད་བསྐུར་བར་བསྟན་ལ། ཚིག་རྐང་ཐ་མས་ནི་དབང་གི་སྐབས་སུ་དེ་ཐམས་ཅད་ལའང་མཆོད་པས་མཆོད་པ་བསྟན་ནོ། །འོ་ན་སྐབས་འདིར་ཐུན་མོང་གི་དབང་དྲུག་པོ་བསྐུར་བ་ངེས་པར་དགོས་སམ་སྙམ་ན་རྗེ་བཙུན་རྩེ་མོས། ཆུ་དབང་ནི་དངོས་སུ་བསྐུར་ཞིང་། གཞན་རྣམས་ཏིང་ངེ་འཛིན་གྱིས་དབང་བསྐུར་བར་བྱ། གལ་ཏེ་སྤྲོས་པ་ལ་དགའ་བས་སྔར་སློབ་མའི་དབང་བསྐུར་བའི་ནུབ་མོ། དབང་མ་བསྐུར་བ་རྣམས་ལ་ནི་དབང་ཐམས་ཅད་ཇི་སྐད་བཤད་པའི་ཏིང་ངེ་འཛིན་དང་ལྡན་པས་དངོས་སུ་དབང་བསྐུར་བར་བྱའོ། །ཞེས་གསུངས་ལ་དེའི་དོན་བསྐྱེད་རིམ་གྱི་སྐབས་སུ་དབང་གི་ཆུ་རྒྱུན་གཅིག་ལ་དབང་བཞི་ལེན་པའི་སྨིན་བྱེད་དགོས་པས་དངོས་སུ་བསྐུར་ཞིང་། གཞན་རྣམས་སློབ་མའི་དབང་དང་། སློབ་དཔོན་གྱི་དབང་ནུབ་གཅིག་ལ་སྦྲེལ་ན་འདིར་དངོས་སུ་མི་དགོས་ཤིང་། ནུབ་སོ་སོར་བསྐུར་ན་དངོས་སུ་དབང་བསྐུར་ཞེས་པའི་དོན་ཏོ། །མན་ངག་ལུགས་ལ་ནི་དམ་ཚིག་གསུམ་གྱི་རྗེས་སུ་ཆུ་དབང་བསྐུར་བ་ཉིད་ལ་དབང་གི་ཆུ་རྒྱུན་གཅིག་ལ་དབང་བཞི་ལེན་པའི་སྨིན་བྱེད་ཚང་བས་འདི་མ་བྱས་ཀྱང་ཆོག་པ་སྤྲོས་པ་ཉུང་བའི་དབང་དུ་བྱས་པའོ། །དེ་ནས་དམ་ཚིག་དང་པོ་གཉིས་སྦྱིན་པ་མན་ངག་ལུགས་དང་འདྲ་བར་སྣང་ཞིང་། ཕྱག་རྒྱ་སྐུའི་དམ་ཚིག་གི་སྐབས་སུ་དེ་ནས་དངོས་སུ་ཡུམ་ཡོད་ན་བླངས་ཀྱང་རུང་། མེད་ན་བསམས་ཀྱང་རུང་སྟེ། ཤེས་རབ་ལོ་གྲངས་བཅུ་དྲུག་མ། །ཞེས་སོགས་ཚིགས་བཅད་གཅིག་དང་། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཞེས་སོགས་ཚིགས་བཅད་གཅིག་བརྗོད་པས་སློབ་མ་རྡོ་རྗེ་འཆང་ཆེན་པོ་ཡབ་ཡུམ་དུ་བྱིན་གྱིས་བརླབས་པར་གཉིས་ཀས་བསམ་མོ། །དེ་ནས་སློབ་དཔོན་གྱིས་དེ་ལ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་དགུག་གཞུག་དང་། དབང་བསྐུར་ནས་མི་བསྐྱོད་པས་རྒྱས་གདབ་པའི་བར་བྱས་ལ། སྲིད་པའི་བདེ་བ་ཤིན་ཏུ་ཆུང་། །ཞེས་སོགས་ཀྱིས་ཕྱག་རྒྱའི་དེ་ཁོ་ན་ཉིད་བརྗོད་པར་གསུངས་སོ། །སྐབས་འདིར་ཡན་ལག་བཞི་རྫོགས་སུ་བྱ་བ་མན་ངག་ལུགས་ལའང་གྲུབ་ན་ལེགས་པར་སྣང་སྟེ། ལམ་འབྲས་ཀྱི་དབང་གི་ཆུ་བོ་མ་ནུབ་པར་བསྐུར་བའི་མན་ངག་གི་གནད་ལས། རིག་པའི་དབང་ལྔ་བརྟུལ་ཞུགས་ཀྱི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་ལ་འཁོར་གསུམ་ཡོངས་སུ་དག་པ་བཞིས་རྒྱས་གདབ་པར་གསུངས་པའི་ཕྱིར་རོ། །མ་གྲུབ་ནའང་ཆོ་ག་ཆད་པའི་སྐྱོན་མེད་དེ། འདི་དང་སྔར་གྱི་བརྟུལ་ཞུགས་ཀྱི་དབང་གི་རྟེན་གཉིས་རྒྱུན་གཅིག་པས། དེ་ཡན་ལག་བཞི་རྫོགས་སུ་བསྐྱེད་པས་གཉིས་ཀའི་གོ་ཆོད་པའི་ཕྱིར་རོ། །དེ་ལྟར་ན་ལུགས་གཉིས་ཀ་ལ་དམ་ཚིག་གསུམ་མ་བྱིན་པའི་གོང་དུ་ཡན་ལག་བཞི་རྫོགས་སུ་བྱ་བར་རིགས་སོ་སྙམ་ན། འདི་ནི་ཕྱག་རྒྱ་སྐུའི་དམ་ཚིག་ལ་རྒྱས་བསྡུས་གཉིས་སུ་ཡོད་པའི་རྒྱས་པའི་དབང་དུ་བྱས་པས་སྐབས་འདིར་རིགས་སོ། །སླར་ཡང་མཐའ་བརྟེན་གྱི་ཆུ་དབང་བསྐུར་བ་ནི། མཁའ་འགྲོ་ལྔ་དང་ཡང་དག་ལྡན། །མཁའ་འགྲོ་མ་ཡི་ཚོགས་དང་ལྡན། །མཁའ་འགྲོ་ལྔ་ཡིས་ཡོངས་གང་བ། །སློབ་མ་རྡོ་རྗེ་ཅན་དབང་བསྐུར། །ཞེས་བྱ་བའི་དོན་ཡིན་པར་ལུགས་གཉིས་ཀ་མཐུན་ཏེ། སླར་ཡང་ནམ་མཁའི་གདན་གསུམ་ཚང་བའི་ལྷ་ཚོགས་ཀྱིས་རྡོ་རྗེའི་གླུ་དང་། རོལ་མོ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་དང་བཅས་པས་དབང་བསྐུར་བར་བསམ་ཞིང་། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །ཞེས་སོགས་ཚིགས་བཅད་སྔགས་དང་བཅས་པས་དངོས་སུ་དབང་བསྐུར་ཞིང་། ཏིང་ངེ་འཛིན་གྱིས་སྔར་བཤད་པའི་དབང་ཐམས་ཅད་བསྐུར་བར་བསམ་པར་བྱའོ། །སྤྲོས་པ་ལ་དགའ་ན་ཆུ་དབང་རྒྱས་པར་བསྐུར་བར་བྱ་སྟེ། དེའི་ཚུལ་ནི། བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་ཆུས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །རྣམ་ཤེས་ཕུང་པོའི་སྒྲིབ་སྦྱངས་ནས། །ཀྱེ་ཡི་རྡོ་རྗེ་གྲུབ་པར་མཛོད། །ཨོཾ་ཤྲཱི་ཧེ་རུ་ཀ་བཛྲོད་ཀ་ཨ་བྷི་ཥིཉྩ། གཽ་རཱི་ལ་སོགས་བརྒྱད་རྣམས་ཀྱི། །ཆུ་ཡིས་ཁྱོད་ལ་དབང་བསྐུར་བས། །ཕུང་པོ་བཞི་དང་འབྱུང་བ་བཞི། །ལྷ་མོ་བརྒྱད་དུ་འགྲུབ་པར་ཤོག །ཨོཾ་བཛྲ་གཽ་རཱི་ཨུད་ཀ་ཨ་བྷི་ཥིཉྩ་ཞེས་སོགས་བརྗོད་ཅིང་ཆུ་བླུགས་པས་ལུས་ཐམས་ཅད་གང་སྟེ་བདེ་བ་ཆེན་པོས་ཁྱབ་པ་དྲན་པར་བྱས་ནས་ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པའམ། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ་སྟེ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་ཀྱང་བསྟིམས་ནས། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་དེ་སྤྱི་བོར་མེ་ཏོག་གཞག ཇི་ལྟར་འབྱོར་བའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །གསུམ་པ་ལ་ལྔ་སྟེ། གང་དག་པ། གང་དུ་དག་པ། ཚུལ་ཇི་ལྟར་དག་པ། གཞི་གང་སྟོན་པ། དེ་ལྟར་བསྟན་པའི་དགོས་པའོ། །དང་པོ་ནི། རང་གི་སེམས་གསལ་བ་ཙམ་དང་། དེ་ཉིད་བག་ཆགས་ཀྱི་དབང་གིས་ཕུང་ཁམས་སྐྱེ་མཆེད་སྣ་ཚོགས་སུ་སྣང་བ་འདི་ཉིད་དོ། །གཉིས་པ་ནི། བྱང་ཕྱོགས་སོ་བདུན་དང་། གདན་གསུམ་ཚང་བའི་ལྷ་ཚོགས་སུའོ། །གསུམ་པ་ནི། སངས་རྒྱས་ཀྱི་སར་གློ་བུར་གྱི་དྲི་མ་མ་ལུས་པ་དང་བྲལ་བའི་ཚེ། སེམས་ཉིད་བྱང་ཕྱོགས་སོ་བདུན་དང་། ཕུང་ཁམས་སྐྱེ་མཆེད་རྣམས་གདན་གསུམ་ཚང་བའི་ལྷ་ཚོགས་སུ་མངོན་སུམ་དུ་གསལ་བར་འགྱུར་བས་དེ་ཉིད་དང་པོ་ནས་རང་བཞིན་རྣམ་དག་གི་ཚུལ་དུ་ཡོད་པ་དེ་འདིར་དབང་གི་གནས་སྐབས་སུ་དབང་གི་ངོས་སྐལ་གྱི་དྲི་མ་དག་པར་བྱས་པས་ཅུང་ཟད་གསལ་བར་འགྱུར་བའི་ཚུལ་གྱིས་རྣམ་པར་དག་པའོ། །བཞི་པ་ནི། གང་ལས་དབང་བསྐུར་བའི་རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་གཞིར་བྱས་ནས་དེ་ཉིད་ལ་སྟོན་ཏེ། དེ་ལྟར་ཁྱེད་ལ་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་འདིས། ཁྱེད་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་དྲི་མ་དག་པར་བྱས་པས། དེ་ཐམས་ཅད་རང་གི་སེམས་ཉིད་ཙམ་དུ་འདུས་ལ། སེམས་དེ་ཉིད་བཅོམ་ལྡན་འདས་མི་བསྐྱོད་པ་ཡིན། དེའི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའ་ཡིན་པས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་ཡིན་པར་མོས་པ་གྱིས་ཤིག དེ་བས་ན་རང་གི་སེམས་རྣམ་པར་དག་པ་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་ཏེ། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཡིད་ཀྱི་དཀྱིལ་འཁོར་དམ་པ་ཡིན། །ཞེས་གསུངས་སོ། །དེ་ལ་སེམས་ཀྱི་བྱེ་བྲག་ཐམས་ཅད་ཀྱི་དབང་དུ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ནི་གཞལ་ཡས་ཁང་གི་སྒོ་དང་། རྒྱན་ལ་སོགས་པ་ཡིན་ནོ། །དེ་བས་ན་སེམས་ཉིད་ནི་རྟེན་གྱི་དཀྱིལ་འཁོར་ཡིན་ལ། སེམས་དེ་ཉིད་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཉིད་གདན་གསུམ་ཚང་བའི་ལྷ་ཡིན་ཏེ། མདོར་ན་ཕུང་པོ་ལྔ་རྒྱལ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །ཞེས་བྱ་བ་ལ་སོགས་པ་ཐབས་ཀྱི་རྒྱུད་ལས་གསུངས་ལ། འདིར་ཡང་། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའང་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པའི་གདན། །ཞེས་པ་ནས། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ཟད་པར་བྱེད་པ་ནི་ཁྲོ་བོ་དང་ཁྲོ་མོའི་གདན་ཡིན་ནོ་ཞེས་པའི་བར་གྱིས་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་མདོར་བསྡུས་པ་དེ་ཙམ་བསྟན་པར་བྱའོ། །ཡང་བློ་མཆོག་ཏུ་གྱུར་པ་ལ་རྒྱས་པར་སྟོན་ན། དཀྱིལ་འཁོར་ཞེས་ནི་གང་བཤད་པ། །ཞེས་པ་ནས། དོ་ཤལ་ཕྱེད་པ་ཉིད་དུ་བརྗོད། །ཅེས་པའི་བར་ཚིགས་སུ་བཅད་པ་ཕྱེད་དང་བཅུ། ཐམས་ཅད་གསང་བའི་རྒྱུད་ལས་གསུངས་པ་ལྟར་དང་། ཕུང་པོ་ལྔ་ནི་མདོར་བསྡུས་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེའི་སྐྱེ་མཆེད་ཉིད་དག་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །གོས་དཀར་མོ་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རབ་ཏུ་གྲགས། །གཏི་མུག་གཏི་མུག་ལོངས་སྤྱོད་པས། །གཏི་མུག་ཟད་པ་གཤིན་རྗེ་མཐར། །དེས་ནི་ཕུང་པོའི་མཐར་བྱེད་དེ། །དེས་ནི་ཤེས་བྱ་མཐར་བྱེད་པའོ། །ཞེ་སྡང་ཞེ་སྡང་ལོངས་སྤྱོད་པས། །ཉེས་པ་ཟད་པས་ཤེས་རབ་མཐར། །དེས་ནི་སེམས་ཀྱི་མཐར་བྱེད་དེ། །དེས་ནི་ཉོན་མོངས་མཐར་བྱེད་འགྱུར། །འདོད་ཆགས་འདོད་ཆགས་ལོངས་སྤྱོད་པས། །འདོད་ཆགས་ཟད་པ་པད་མཐར་བྱེད། །དེ་ནི་ངག་གི་མཐར་བྱེད་འགྱུར། །དེ་བཞིན་སྙོམས་འཇུག་མཐར་བྱེད་དོ། །ཉོན་མོངས་ཀུན་ཟད་གང་ཡིན་དང་། །དེ་བཞིན་ལས་ཀུན་ཟད་པ་ཉིད། །སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། །བགེགས་ནི་མཐར་བྱེད་ཅེས་བྱར་བཤད། །ཅེས་བྱ་བ་གསང་བ་འདུས་པའི་རྒྱུད་ལས་གསུངས་པ་རྣམས་བརྗོད་པར་དཀྱིལ་ཆོག་གཉིས་ལས་འབྱུང་བ་ལྟར་བྱའོ། །མན་ངག་ལུགས་ལའང་བསྡུས་ན་སྔ་མ་ལྟར་དང་། རྒྱས་པར་ན་ཚིགས་བཅད་འདི་དག་དང་། སྒྲུབ་པའི་ཐབས་ལས་འབྱུང་བ་ལྟར། །གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཞེས་སོགས་བརྗོད་དགོས་པར་གསུངས་ཤིང་། ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པའི་གདན། །ཞེས་སོགས་ནི་གསང་བ་འདུས་པའི་རྒྱུད་ཀྱི་ལུང་ཚིག་དེ་དག་གི་དོན་བསྡུས་པ་ཁོ་ནར་སྣང་ངོ་། །ལྷ་དགུ་ལས་མེད་པས་གདན་གསུམ་ཚང་བ་ཇི་ལྟར་ངོ་སྤྲོད་སྙམ་ན། གདན་གསུམ་དངོས་སུ་ཚང་བ་འདུས་པ་མི་བསྐྱོད་པའི་དཀྱིལ་འཁོར་ལྟ་བུ་དང་། རྣམ་དག་གམ་ཕྲིན་ལས་ཀྱི་ཚུལ་གྱིས་ལྷ་དགུའམ། ལྷ་ལྔའམ། ལྷ་དཔའ་བོ་གཅིག་པ་ལའང་ཚང་བའི་ཚུལ་ནི་མན་ངག་ལས་འབྱུང་བ་སྟེ། འདིར་རྒྱས་པར་མ་སྤྲོས་སོ། །ལྔ་པ་ནི། བུམ་དབང་གི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་བསྒོམ་པ་ལ་དབང་ཞིང་། དེའི་ཚེ་དཀྱིལ་འཁོར་དང་ལྷའི་རྣམ་དག་ཤེས་ནས་བསྒོམ་དགོས་པས་སྐབས་འདིར་བསྟན་དགོས་ཏེ། རྩ་རྒྱུད་ལས། རིན་ཆེན་གཟི་བརྗིད་འབར་བ་ཡི། །ཕྲེང་བ་འཁྲུགས་པ་ལྷ་མོ་ལྟོས། །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པ་དགའ་བ་སྦྱིན་པ་པོ། །དེ་ལྟར་འཁོར་བ་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་པོ་ཆེ། །མ་དག་པས་ནི་དུག་ཏུ་འགྱུར། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཞེས་གསུངས་པས་སོ། །བཞི་པ་མཐའ་བརྟེན་ལ་གཉིས་ཏེ། སྤྱིའི་རྣམ་པར་བཞག་པ། སྐབས་སུ་བབ་པའི་མཐའ་རྟེན་རྗེས་གནང་སྦྱིན་པའོ། །དང་པོ་ནི། བཤད་རྒྱུད་རྡོ་རྗེ་ཕྲེང་བར། ཆུ་ཡི་དབང་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཅུ་བཞི་སྟེ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་གསུངས་ཤིང་། དེའི་དོན་གྲུབ་ཆེན་དྲིལ་བུ་པས། སློབ་དཔོན་དབང་སོགས་དབྱེ་བ་ཡིས། །དབང་བསྐུར་རྣམ་པ་བཞིར་བཤད་དེ། །ཆུ་ཡི་དབང་སོགས་དབྱེ་བ་ཡིས། །བཞི་པོ་དེ་ཡང་བཅུ་བཞིའོ། །ཞེས་གསུངས་སོ། །ཡེ་ཤེས་ཐིག་ལེ་ལས། ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་དང་། །ལུང་བསྟན་པ་དང་སྐྱབས་སྦྱིན་དང་། །ཕྱག་རྒྱ་སྔགས་དང་ཡེ་ཤེས་སོ། །ཞེས་བུམ་དབང་བཅུ་གཅིག་དང་། དབང་གོང་མ་གསུམ་སྟེ་བཅུ་བཞིར་གསུངས་ལ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས་ཀྱང་། དབང་བཅུ་བཞིར་གསུངས་སོ། །དེ་ལྟར་བླ་མེད་ཕལ་ཆེ་བ་ལས། དབང་བཅུ་བཞིར་གསུངས་པ་ལྟར་འདིར་ཡང་བུམ་དབང་ལ་རིག་པའི་དབང་ལྔ། རྡོ་རྗེའི་བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་གྱི་དབང་། མཐའ་བརྟེན་བཞི་སྟེ་བཅུ་གཅིག དབང་གོང་མ་གསུམ་དང་བཅུ་བཞིའི་རྣམ་གཞག་མཛད་པ་ནི། དབང་རིམ་གྱིས་པའི་གོ་རིམ་ལྟར་ཡིན་ལ། དབང་ཅིག་ཅར་བ་ལྟར་ན་མཐའ་བརྟེན་བཞི་པོ་དབང་བཞི་ལ་སོ་སོར་སྦྱར་ཏེ། གང་ལྟར་ཡང་གྲངས་ནི་འདྲ་བར་སྣང་ངོ་། །དྲིལ་བུ་པའི་ལུགས་ཀྱི་དབང་བཅུ་བཞི་ངོས་འཛིན་པའི་ཚུལ་ལ། མེ་ཏོག་ཕྲེང་བ་དང་། ཆུ་དང་། ཅོད་པཎ་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་དང་། ཐུན་མོང་གི་བརྟུལ་ཞུགས་དང་། ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་དང་། ལུང་བསྟན་དབུགས་དབྱུང་། གཟེངས་བསྟོད། དབང་གོང་མ་གསུམ་སྟེ་བཅུ་བཞིར་བྱེད་པའི་ལུགས་གཅིག་དང་། ཡང་ན་ལུང་བསྟན་སོགས་གསུམ་པོ་བྱ་བ་གཅིག་པས་གཅིག་ཏུ་བགྲངས་ཏེ་དགུ་དང་། རྡོ་རྗེ་སློབ་དཔོན་དང་། དེའི་རྗེས་གནང་མཐའ་བརྟེན་དང་བཅུ་གཅིག དབང་གོང་མ་གསུམ་སྟེ་བཅུ་བཞིར་བྱེད་པའི་ལུགས་དང་། ཡང་ན་བརྟུལ་ཞུགས་གཉིས་གཅིག་ཏུ་བགྲངས་ཏེ་ལུང་བསྟན་སོགས་གསུམ་པོ་སོ་སོར་བགྲང་། རྡོ་རྗེ་སློབ་དཔོན་གྱི་དབང་རྗེས་གནང་དང་བཅས་པ་དང་། དབང་གོང་མ་གསུམ་སྟེ་བཅུ་བཞི་ཡིན་ལ། སློབ་དཔོན་གྱི་དགོངས་པའང་འདི་ཉིད་ཡིན་ཅེས་རྗེ་བཙུན་རྩེ་མོས་གསུང་ངོ་། །དེ་གསུམ་ཆར་ལའང་མེ་ཏོག་ཕྲེང་བ་དང་། སྔགས་ཀྱི་དབང་བསྐུར་ནས་བགྲང་བར་སྣང་ལ། སློབ་དཔོན་གྱི་གཞུང་ལས་ཆུ་ནས་བགྲངས་པ་དང་འགལ་ལོ་སྙམ་ན། ཕྱག་ལེན་ལ་མེ་ཏོག་ཕྲེང་བ་དང་སྔགས་ཀྱི་དབང་བསྐུར་ཐོག་མར་ལེན་པས་དེའི་དབང་དུ་བྱས་པ་ཡིན་ལ། གཞུང་ལས་འོག་བརྟུལ་ཞུགས་ཀྱི་དབང་གི་རྗེས་སུ་འབྱུང་བ་བགྲང་ཚུལ་གསུམ་ཀ་ལའང་རྐང་གྲངས་གཅིག་འཛིན་པས་འགལ་བ་མེད་དོ། །གཉིས་པ་ནི་འདིར་དབང་ཅིག་ཅར་བའི་དབང་དུ་བྱས་ནས་བུམ་དབང་གི་མཐའ་བརྟེན་རྗེས་གནང་སྦྱིན་པ་ལ་བསྡུས་པ་དང་། འབྲིང་དང་། རྒྱས་པ་གསུམ་ལས། དང་པོ་ནི། དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བྱ་བ་ཡིན་པས། ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པ་ཙམ་གྱིས་ཆོག་པར་གསུངས་སོ། །གཉིས་པ་ནི་དེའི་སྟེང་དུ་རིགས་ལྔའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚིགས་སུ་བཅད་པ་ལྔ་ཙམ་སྦྱར་བའོ། །གསུམ་པ་ནི་སྤྲོས་པ་ལ་དགའ་ན་ལྷ་མཆོད་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་གནང་དེ་ཉིད་བསྡུས་པའི་རྒྱུད་ལས་འབྱུང་བ་ལྟར་རྒྱས་པར་བྱ་བ་ག་ཡ་དྷ་རའི་ཕྱག་ལེན་ལ་འབྱུང་སྟེ། རྩ་རྒྱུད་ལས། ཇི་ལྟར་འདི་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་འདིར་ཆོ་ག་བྱ་དགོས་ཤིང་དངོས་སུ་མ་གསུངས་པ་རྣམས་དེ་ཉིད་བསྡུས་པ་ལྟར་བྱ་བར་གསུངས་པའི་དོན་དུ་སྣང་ངོ་། །དཀྱིལ་ཆོག་གཉིས་ལས་དཀྱིལ་འཁོར་དང་། ལྷའི་དེ་ཁོ་ན་ཉིད་བརྟེན་པའི་རྗེས་སུ་གསང་དབང་བསྐུར་བ་མ་གཏོགས་རྗེས་གནང་གསུང་བ་མི་སྣང་ཡང་། རྗེ་བཙུན་རྩེ་མོས་རྒྱས་འབྲིང་བསྡུས་གསུམ་འདི་ཇི་ལྟ་བ་བཞིན་གསུངས་པའང་། རྩ་རྒྱུད་ཀྱི་ལུང་གི་དོན་དུ་གནས་པ་སྔ་མ་ལྟར་སྣང་ཞིང་རྒྱས་པ་འདི་ནི་ནག་པོ་དཀྱིལ་ཆོག་དང་། ཤཱནྟི་པས་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས་ཀྱང་འདི་ཇི་ལྟ་བ་བཞིན་གསུངས་པས། སྤྲོས་པ་ལ་དགའ་ན་བླ་མེད་སྤྱི་ལ་སྦྱར་བས་ཀྱང་ལེགས་པར་སྣང་ངོ་། །གང་དུ་བྱ་བའི་གནས་སྐབས་ཀྱང་ཨ་བྷ་ཡས་སཾ་བུ་ཊ་ལས། བྱང་ཆུབ་སེམས་ཀྱི་དབང་བསྐུར་བའི། །སློབ་མ་སྡིག་དང་བྲལ་བ་ལ། །རྗེས་སུ་གནང་བ་དེ་ནས་སྦྱིན། །ཞེས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་བསྐུར་བ་ནི་ནང་དབང་ཡང་མ་ཡིན། གསང་དབང་ཡང་མ་ཡིན་པས་དབང་བཞི་པ་ལ་བྱ་དགོས་ལ། དེས་ན་དབང་བཞི་པའི་རྗེས་སུ་བྱ་དགོས། ཞེས་བཞེད་པ་དང་། གྲུབ་ཆེན་ལྭ་བ་པས་ཀྱང་། ནུབ་གཅིག་ལ་དབང་བཞི་རྫོགས་པར་བསྐུར་ན། མཐའ་རྟེན་ཐམས་ཅད་དབང་བཞི་པའི་མཇུག་ཏུ་སྦྱོར། བུམ་དབང་ལས་མི་བསྐུར་ན་བུམ་དབང་གི་མཇུག་ཏུ་སྦྱོར། རྡོ་རྗེ་སློབ་མའི་དབང་ཙམ་ལས་མི་བསྐུར་ན་མཐའ་བརྟེན་ཐམས་ཅད་དེའི་མཇུག་ཏུ་སྟེར་བར་བཤད་དོ། །འདིར་བུམ་དབང་གི་མཇུག་ཏུ་སྦྱར་ན་ལྷ་མཆོད་པའི་རྗེས་གནང་ནི་སློབ་དཔོན་གྱིས། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །ཞེས་སོགས་བརྗོད་ཅིང་ཕྱག་རྒྱ་བཅའ། སློབ་མས་ཚིག་གི་རྗེས་ཟློས་མི་བྱེད་པར་ཕྱག་རྒྱ་བཅའ་སྟེ། དེས་དེ་རིང་ཕྱིན་ཆད་སྒེག་པ་ལ་སོགས་པའི་ལུས་ཀྱི་རྣམ་འགྱུར་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་མཆོད་པར་འགྱུར་རོ། །ཞེས་རྗེས་སུ་གནང་བ་སྦྱིན་ནོ། །གཉིས་པ་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ལ། ཐོག་མར་མ་རིག་པའི་ལིང་ཐོག་བསལ་བའི་ཆེད་དུ། གསེར་གྱི་ཐུར་མའམ། དེ་མེད་ན་རྡོ་རྗེ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བརྗོད་དེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །ཞེས་སོགས་བརྗོད་ཅིང་ལིང་ཐོག་བསལ་བའི་ཚུལ་དུ་བྱའོ། །དེ་ལྟར་མ་རིག་པའི་ལིང་ཐོག་བསལ་བས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་ཤེས་པར་གྱིས་ཤིག་ཅེས་པ་མེ་ལོང་གི་རྗེས་གནང་དང་། སྒྲ་ཐམས་ཅད་རང་བཞིན་མེད་པར་བསྟན་པ་དྲིལ་བུའི་རྗེས་གནང་ནི་ཤེས་རབ་སྟོང་བ་ཉིད་རྟོགས་པར་གྱིས་ཤིག་ཅེས་པ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ནས་ཉན་ཐོས་དང་རང་རྒྱལ་བའི་སེམས་སུ་གྱུར་ན་མི་རུང་བས་ཉན་རང་གི་སེམས་བསད་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་ཆགས་པར་འགྱུར་བའི་ཆེད་དུ་མདའ་གཞུའི་རྗེས་གནང་སྟེ། སེམས་ཅན་གང་ན་གནས་པའི་གནས་ནི་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཡིན་ལ། དེར་མདའ་རེ་འཕངས་པས་ཉན་རང་གི་སེམས་བསད་ནས་སྙིང་རྗེ་བསྐྱེད་པ་ནི་ཐབས་ཀྱི་ཆའོ། །དེ་ལྟ་བུའི་ཐབས་ཤེས་ཟུང་འཇུག་དེའང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་དོན་སྤྱིའི་ཚུལ་ཙམ་མ་ཡིན་གྱི་སྔར་ཡེ་ཤེས་ཕབ་པའི་དུས་ཀྱི་ཉམས་སུ་མྱང་བ་དེའང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་ཞུགས་པ་ཡིན་ནོ། །ཞེས་པ་ནི་མེ་ལོང་གཉིས་པའི་རྗེས་སུ་གནང་བ་སྟེ། མདོར་ན་རྡོ་རྗེ་ཐེག་པའི་འཇུག་པ་དང་། དབང་གི་དངོས་གཞིའི་སྐབས་སུ་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པའི་ཐབས་ཤེས་ཟུང་འཇུག་ནི་སེམས་ཅན་གྱི་དོན་བྱེད་པའི་རྒྱུ་ཡིན་པས་དེ་ལ་གནས་པར་གྱིས་ཤིག་ཅེས་པ་ནི་སེམས་ཅན་གྱི་དོན་བྱེད་པའི་རྗེས་གནང་ངོ་། །གསུམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྗེས་གནང་ནི་སེམས་ཅན་གྱི་དོན་ཡང་དོན་ཕལ་པ་ཙམ་མ་ཡིན་གྱི། ཆོས་ཀྱི་འཁོར་ལོ་བསྐོར་དགོས་སོ་ཞེས་ཤེས་པའི་ཆེད་དུ་རྐང་པའི་བར་དུ་འཁོར་ལོ་དང་། ལག་པ་གཡས་སུ་དུང་དང་། གཡོན་དྲིལ་བུ་དང་། ལག་ངར་གཉིས་ཀྱི་སྟེང་དུ་ཧེ་བཛྲའི་རྒྱུད་ཀྱི་པོ་སྟི་བྱིན་ཏེ། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཞེས་སོགས་བརྗོད་པས། སྤྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཤིག་ཅེས་རྗེས་སུ་གནང་བའོ། །ཆོས་ཀྱི་འཁོར་ལོ་དེའང་། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་ཚུལ་གྱིས་གནས་སྐབས་ཐེག་པ་གསུམ་པོ་གང་ལ་གང་འདུལ་སྟོན་དགོས་ཀྱང་མཐར་ཐུག་དེ་བཞིན་གཤེགས་པ་རིགས་ལྔས་བསྡུས་པའི་རྡོ་རྗེ་ཐེག་པ་ལ་སྦྱོར་བར་གྱིས་ཤིག་ཅེས་པ་ནི། རིགས་ལྔའི་སྤྲུལ་བཤད་ཀྱི་རྗེས་གནང་སྟེ། འདི་ལའང་སློབ་དཔོན་གྱིས་ཚིག་བརྗོད་ཅིང་རིགས་ལྔའི་ཕྱག་ཆེན་བཅའ། སློབ་མས་ཚིག་གི་རྗེས་ཟློས་མི་བྱེད་པར་ཕྱག་རྒྱའི་ལད་མོ་བྱེད་པའོ། །ལྔ་པ་དབང་གི་རྟོགས་པ་བསྐྱེད་པ་ནི། དབང་ཆུར། དེ་དག་གིས་ནི་ཁྱོད་ཀྱིས་དཀྱིལ་འཁོར་རྣམ་པ་བཞི་ལས་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཞུགས་པ་དང་མཐོང་བ་ཡིན་ནོ། །དབང་རྣམ་པ་བཞི་ལས་ནི་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་བོ། །དབང་འདི་ལ་ཕྱིར་མི་ལྡོག་པའི་དབང་ཞེས་བྱ་སྟེ། དེ་ཁོ་ན་ཉིད་ཐོབ་པས་འདིས་ཐེག་པ་དམན་པར་ཕྱིར་མི་ལྡོག་པས་སོ། །ཡང་དབང་འདི་ལ་བུམ་པའི་དབང་ཞེས་བྱ་སྟེ། ཐམས་ཅད་དུ་བུམ་པའི་བྱ་བ་འཇུག་པའི་ཕྱིར་རོ། །དབང་འདིས་དྲི་མ་བཞི་ལས་ལུས་ཀྱི་དྲི་མ་གཙོ་བོར་གྱུར་པ་དག་པར་བྱས་སོ། །འདིའི་བསྲུང་བའི་དམ་ཚིག་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་གཉིས་ལ་སོགས་པ་བསྲུང་བ་ལ་དབང་ངོ་། །སྔར་བསྟན་པའི་བརྡ་བསྟན། ལམ་རྣམ་པ་བཞི་ལས་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་བར་བྱས་སོ། །འབྲས་བུ་སངས་རྒྱས་ཀྱི་སྤྲུལ་པའི་སྐུའི་བག་ཆགས་སམ་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་བཅུ་ཚན་བཞིའི་དང་པོའི་རྟོགས་པ་བརྗོད་པར་བྱའོ་ཞེས་གསུངས་ལ། མན་ངག་ཐུན་མོང་མ་ཡིན་པའི་སྐབས་སུ་ནི་བཅོ་ལྔའམ་བཅུ་དྲུག་གི་རྟོགས་པ་བསྐྱེད་པར་ཡང་གསུངས་སོ། །ཌོཾ་བི་ལུགས་ཀྱི་དཀྱིལ་ཆོག་ལས་ནི་དོན་ཚན་བདུན་གྱི་རྟོགས་པ་བསྐྱེད་པར་གསུངས་ཏེ། རྒྱས་བསྡུས་ཀྱི་ཁྱད་པར་ཙམ་མོ། །གཉིས་པ་གསང་བའི་དབང་བསྐུར་བ་ལ་གཉིས་ཏེ། དབང་གོང་མ་གསུམ་གང་ལ་བསྐུར་བའི་ཡུལ། སྐབས་སུ་བབ་པའི་གསང་དབང་བཤད་པའོ། །དབང་པོ་ནི། ཟུང་འཇུག་གསལ་བ་ལས། དེའི་རྗེས་སུ་དབང་བསྐུར་བ་གཉིས་པ་དང་། གསུམ་པ་དང་། བཞི་པའི་རིམ་པ་བཤད་པར་བྱ་སྟེ། རྨོངས་ལ་མ་ཡིན་མུ་སྟེགས་ཅན་ལ་མིན། །རྒྱལ་པོ་ལ་མིན་གཞོན་ནུ་རྣམས་ལ་མིན། །གཅིག་ཏུ་རྟོག་ལ་དགའ་བ་རྣམས་ལ་མིན། །བྱང་ཆུབ་སེམས་ནི་བུ་ལ་མ་ཡིན་ཏེ། །དད་པ་མེད་པ་རྣམས་ལའང་དེ་མ་ཡིན། །ངག་དང་ཡིད་ཀྱི་རྡོ་རྗེ་སྦྱོང་བྱེད་པ། །ཉན་ཐོས་རྣམས་ལ་སྦྱིན་པར་བྱ་བ་མིན། །ཞེས་པའི་དགག་བྱ་རྣམས་སྤང་ནས་བུམ་དབང་སྔོན་དུ་སོང་བ་ལའོ། །གཉིས་པ་ལ་ལྔ་སྟེ། སྔོན་དུ་འགྲོ་བ་དབང་གི་རྫས་བྱང་ཆུབ་ཀྱི་སེམས་བསྒྲུབ་པའི་ཚུལ། དེས་དབང་བསྐུར་བའི་རབ་ཏུ་དབྱེ་བ། མཐའ་བརྟེན་སྦྱིན་པ། དབང་གི་རྟོགས་པ་བསྐྱེད་པའོ། །དང་པོ་ནི། མཎྜལ་ཕུལ་ནས། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་ཀྱིས་བསྟོད་ཅིང་། བཅོམ་ལྡན་ཞི་བ་ཆེན་པོ་སོགས་ལན་གསུམ་གྱིས་གསོལ་བ་བཏབ་པའི་རྗེས་སུ་སློབ་མ་ལ་གདོང་རས་བཅིང་ངོ་། །རྗེ་བཙུན་གོང་མའི་དཀྱིལ་ཆོག་གཞན་རྣམས་ལས་དབང་གོང་མ་གསུམ་གྱི་སྐབས་སུ་གདོང་རས་བཅིང་། ཞེས་པ་ཙམ་ལས་དགོས་པ་འདི་ཡིན་གསལ་ཁ་མི་སྣང་ཡང་མཆོག་དབང་གསུམ་གྲོལ་ལམ་ལ་བརྟེན་ཏེ་བསྐུར་བའི་མན་ངག་ལས། སྐབས་འདིར་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡ་ཡིན་པར་གསུངས་ཤིང་། ཌོཾ་བི་དཀྱིལ་ཆོག་ལས། དབང་བཞི་པའི་སྐབས་སུ་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡ་ཡིན་པར་གསུངས་པའི་རིགས་པས་ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་མ་མཐོང་བའི་བརྡ་ཡིན་པར་གྲུབ་བོ། །ཁ་ཅིག ངོ་ཚས་བཅིངས་ན་ཡེ་ཤེས་ངོས་མ་ཟིན་དོགས་པས་དེ་དགག་པའི་ཆེད་ཡིན་པར་གསུངས་པ་ནི། བླ་མ་ཡབ་ཡུམ་གྱི་གསང་རྫས་སྒྲུབ་པའི་ཚེ། ཕྱག་རྒྱའི་གདོང་ཡང་བཅིང་བ་དང་། །ཐབས་ཀྱི་གདོང་ཡང་དེ་བཞིན་བྱ། །ཞེས་གསུངས་པས། དགོས་པ་དེ་ལྟར་རིགས་ཀྱང་འཇུག་པའི་སྐབས་སུ་མིག་བཅིང་བ་རྡུལ་ཚོན་གྱི་དཀྱིལ་འཁོར་མ་མཐོང་བའི་བརྡ་ཡིན་པར་གསུངས་པའི་ཤུགས་ཀྱིས་སློབ་མའི་གདོང་བཅིང་བའི་དགོས་པ་སྔ་མ་ལྟར་གྲུབ་བོ། །འདིར་འབྲུ་གསུམ་བརྗོད་པ་ནི། བར་ཆད་བསྲུང་བའི་ཆེད་ཡིན་ཅིང་། དྲིལ་བུ་དཀྱིལ་ཆོག་ལས། དེའི་སྟེང་དུ་ཡི་གེ་བདུན་པ་བརྗོད་ཅིང་བདུད་རྩི་གཏོར་བའང་བཤད་དོ། །གཉིས་པ་ནི། དངོས་དབང་བསྐུར་ན་སྐབས་འདིར་བླ་མ་ཡབ་ཡུམ་སློབ་མ་དང་བར་དུ་ཡོལ་བ་ལ་སོགས་པས་བཅད་དེ། གསང་བའི་རྫས་སྒྲུབ་པའི་ཆེད་དུ་ཡབ་ཀྱི་བྱང་སེམས་དཀར་པོ་ལ་ཡུམ་གྱི་བྱང་སེམས་དམར་པོ་ཅུང་ཟད་བསྒོས་པའི་གཉིས་ཀའི་བྱང་སེམས་དཀར་བ་འབེབས་པ་ཙམ་གྱིས་བསྟེན་ཚད་བྱས་ནས་བྱང་ཆུབ་ཀྱི་སེམས་ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩེ་མོས་ཕབ་པའོ། །གྲོལ་ལམ་ལྟར་ན་དེ་ནས་སློབ་མའི་ཡིད་ཀྱི་ཡུལ་དུ་བླ་མ་དང་ལྷག་པའི་ལྷ་ཐ་མི་དད་དུ་ནམ་མཁའ་ལ་དམིགས་ལ། ཡབ་ཡུམ་ཐབས་ཤེས་སྙོམས་པར་འཇུག་པའི་སྒྲས་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ལྷག་པའི་ལྷའི་ཞལ་ནས་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ། བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ལམ་ནས་ཡུམ་གྱི་མཁར་དབབ། སྦྱོར་མཚམས་ནས་བྱང་སེམས་ཀྱི་ཐིག་ལེ་མུ་ཏིག་གི་རྡོག་མ་ལྟ་བུ་བྱུང་ནས་བདག་གི་ལྕེ་ལ་བཞག་པར་བསམ་ཞིང་དངོས་སུ་བདུད་རྩི་སྟེར་བའོ། །གསུམ་པ་ནི། དངོས་དབང་བསྐུར་ན་གསང་དབང་རྣམ་པ་ལྔར་དབྱེ་སྟེ། རྗེ་བཙུན་ཡབ་ལས་ཐོབ་པ། ཡུམ་ལས་ཐོབ་པ། གྲོལ་བའི་སྟོབས་ལས་ཐོབ་པ་དང་གསུམ་ལས། ཕྱི་མ་ལ་རྣམ་རྟོག་གི་བྱེ་བྲག་གིས་རྣམ་པ་གསུམ་དུ་ཕྱེ་བའོ། །དེ་ལ་ཡབ་ལས་ཐོབ་པ་ནི་སྔར་བཤད་པ་ལྟར་སྙོམས་འཇུག་བྱས་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་རླུང་གི་སྟོབས་ཀྱིས་བཟུང་བ་དེ་སློབ་དཔོན་རང་གི་མཐེབ་སྲིན་གྱིས་རྡོ་རྗེ་ནོར་བུའི་རྐེ་ནས་བཟུང་སྟེ། སློབ་མའི་ཁར་རིམ་པ་བཞིན་འགྲིམ་པའོ། །ཡུམ་ལས་ཐོབ་པ་ནི་སློབ་དཔོན་གྱིས་བྱང་སེམས་དེ་ལྟར་འཛིན་པར་མ་ནུས་ན། ཡུམ་གྱི་མཁར་ཕབ་སྟེ། མཁའ་ནང་ནས་བླངས་ནས་སློབ་མ་ལ་སྟེར་བའོ། །གྲོལ་བའི་སྟོབས་ལས་ཐོབ་པ་ནི། ཡུམ་གྱིས་ཀྱང་མཁའ་ནང་དུ་འཛིན་པར་མ་ནུས་ན། ཉ་ཕྱིས་ལ་སོགས་པར་བླུག་སྟེ། སློབ་མ་རྣམ་རྟོག་ཤས་ཆུང་བ་ལ་དངོས་སུ་སྦྱིན། རྣམ་རྟོག་འབྲིང་པོ་ལ་མགྲིན་པར་ཉིན་པར་གྱི་ཐིག་ལེ་བྱ། རྣམ་རྟོག་ཤས་ཆེ་བ་ལ་ཞོ་དང་ཆང་ལ་སོགས་པ་ལ་སྦྱར་ནས་སྟེར་ཏེ། སཾ་བུ་ཊ་ལས། གང་ཞིག་མཆོག་རྣམས་ལ་ནི་སངས་རྒྱས་གཅིག་པུའི་བདག་ཉིད་ཀྱིས་སྦྱིན་པར་བྱའོ། །འབྲིང་པོ་ལ་ནི་ཉིན་པར་གྱི་ཐིག་ལེས་སོ། །རྣམ་རྟོག་ཤས་ཆེ་བ་ལ་ནི་ཞོ་དང་ཆང་ལ་སྦྱར་ཏེ་སྦྱིན་པར་བྱའོ། །ཞེས་གསུངས་པས་སོ། །གྲོལ་ལམ་ལ་བརྟེན་ཏེ་བསྐུར་ན་དེ་ལྟ་བུའི་དབྱེ་བ་མེད་ཀྱི། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཡིན་པར་དམིགས་ནས་ཞོ་དང་ཆང་ལ་སོགས་པ་ལ་བདུད་རྩི་རིལ་བུ་བཏབ་པ་སྦྱིན་ཏེ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །ཞེས་སོགས་བརྗོད། སློབ་མས་ཀྱང་ཨོཾ་ཨཱཿཧཱུྃ་ཧོ་ཞེས་བརྗོད་དེ། མིད་པས་མགྲིན་པ་ནས་ཐིག་ལེ་འཕེལ་བས་ལུས་ཐམས་ཅད་གང་བར་བསམ། དམིགས་པ་བརྟན་ན་རང་བཞིན་བརྒྱད་ཅུའི་རྟོག་པར་རགས་རིམ་འགག་གསུང་། དེ་ནས་འབྲུ་གསུམ་བརྗོད་ཅིང་། བདུད་རྩིས་ལུས་ལ་གཏོར་ཏེ་བསྲུང་བ་བྱ། གདོང་གཡོགས་ཕྱེའོ། །བཞི་པ་ནི། བླ་མས་ཆོས་གོས་གྱོན་ཏེ། ལག་པ་གཡོན་པས་ཆོས་གོས་ཀྱི་གྲྭ་གཉིས་ནུ་མ་གཡོན་པའི་ཐད་ཀར་རྡོ་རྗེ་ཁུ་ཚུར་ཁ་གྱེན་དུ་བསྟན་པས་འཛིན་ཅིང་། གཡས་རྡོ་རྗེ་དྲིལ་བུ་དང་བཅས་པའི་མཆོག་སྦྱིན་གྱི་ཕྱག་རྒྱ་སྤྱི་བོར་བཞག་སྟེ། ཨོཾ་འདིར་ནི་ཁྱོད་ལ་ངས་ལུང་བསྟན། །ཞེས་སོགས་ཀྱིས་ལུང་བསྟན་པའོ། །དེའང་ཀྱེ་ཞེས་པ་ནི་སློབ་མ་ལ་བོས་པའི་ཚིག་ཡིན་ལ། མཚན་གྱི་ཐོག་མར་དཔལ་དང་། མཐར་རྡོ་རྗེ་སྦྱར་ཏེ་སྔར་གྱི་གསང་མཚན་དེ་ཉིད་བརྗོད་ནས་ལུང་བསྟན་པའོ། །བྷུར་ཞེས་པ་ནི་ས་འོག བྷུ་ཝ་ཞེས་པ་ནི་ས་སྟེང་། སྭ་ཞེས་པ་ནི་ས་བླ་སྟེ་དེ་བརྗོད་པའི་ཚེ་གཡས་མི་འཇིགས་པའི་ཕྱག་རྒྱར་བསྒྱུར་ཏེ། སློབ་དཔོན་གྱི་ཕྱག་གིས་སྟེང་དུ་འགྱངས་ཚད་དུ་དྲིལ་བུ་གསིལ་ཞིང་། གང་ལ་ངས་ལུང་བསྟན་པ་སོགས་བརྗོད་དོ། །མཁས་པ་ཕྱི་མ་དག་ལུང་བསྟན་གྱི་དུས་སུ། རྡོ་རྗེ་དྲིལ་བུ་འཛིན་པའི་སྒོ་ནས་ལུང་བསྟན་པ་ནི་མི་འཐད་དེ། ཤཱཀྱ་ཐུབ་པའི་ཆ་ལུགས་སུ་བསྒྱུར་བའི་སྒོ་ནས་ལུང་སྟོན་དགོས་ཤིང་རྡོ་རྗེ་དྲིལ་བུ་འཛིན་པའི་ཤཱཀྱ་ཐུབ་པ་མི་ཡོང་བའི་ཕྱིར་ཞེས་གསུངས་པ་ནི། དཀྱིལ་ཆོག་ཕལ་ཆེར་ལས་རྡོ་རྗེ་དྲིལ་བུ་འཛིན་པ་མ་བཤད་ཀྱང་། རིན་ཆེན་འབར་བ་ལས། གཡས་པ་མཆོག་སྦྱིན་ཁུ་ཚུར་གྱིས། །སྙིང་གར་ཆོས་གོས་གྲྭ་ནས་གཟུང་། །ལག་པས་དྲིལ་བུ་མགུལ་དུ་བསྡམས། །བླ་མ་རྡོ་རྗེ་འཆང་བ་ཡི། །དབུགས་དབྱུང་ཐམས་ཅད་ཡང་དག་བླང་། །ཤཱཀྱ་ཐུབ་པ་ཉིད་གྱུར་པས། །སློབ་མ་ཆེན་པོ་ལུང་བསྟན་བྱེད། །ཅེས་ཤཱཀྱ་ཐུབ་པའི་ཆ་ལུགས་ཀྱིས་དྲིལ་བུ་འཛིན་པར་དངོས་སུ་གསུངས་པས་གནོད་ཅིང་། རིགས་པ་ལའང་རབ་བྱུང་གི་ཆ་ལུགས་ཅན་གྱི་རྡོ་རྗེ་དྲིལ་བུ་འཛིན་པ་མི་རུང་བར་ཐལ་བས་གནོད་དོ། །དེས་ན་བིརྺ་པའི་སྲོལ་ཆེན་གཉིས་ལ་ཕྱག་ལེན་འདི་ཉིད་ངེས་པར་དགོས་པར་སྣང་ངོ་། །ལྔ་པ་ནི། ཁྱོད་ཀྱིས་དཀྱིལ་འཁོར་རྣམ་པ་བཞི་ལས་རྫས་གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཞུག་པ་དང་མཐོང་བ་ཡིན་ནོ། །དབང་བཞི་ལས་གསང་བའི་དབང་ཐོབ། ངག་གི་དྲི་མ་གཙོ་བོར་དག དམ་ཚིག་ཤ་ལྔ་དང་བདུད་རྩི་ལྔའི་རིལ་བུ་བསྟེན་པ་ལ་དབང་། བརྡ་མཐེབ་སྲིན་ཨེ་ལ་རེག་བྱེད་དང་། ལམ་བདག་བྱིན་གྱིས་བརླབས་པའི་རིམ་པ་བསྒོམས་པ་ལ་དབང་། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག ཅེས་པ་ཙམ་གྱིས་རྟོགས་པ་བསྐྱེད་པར་བྱ་ཞིང་། གསུང་ངག་ལས་ནི་དོན་ཚན་བཅོ་ལྔའམ། བཅུ་དྲུག་གིས་རྟོགས་པ་བསྐྱེད་པའང་གསུངས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་ལྔ་སྟེ། སྔོན་དུ་འགྲོ་བ། གང་ལ་བསྐུར་བའི་ཡུལ། དེ་ལ་བསྐུར་བའི་དབང་གི་རབ་དབྱེ། མཐའ་རྟེན་སྦྱིན་པ། དབང་གི་རྟོགས་པ་བསྐྱེད་པའོ། །དང་པོ་ནི། གསང་དབང་གི་སྐབས་སུ་བཤད་པ་བཞིན་མཆོད་བསྟོད་གསོལ་བ་གདབ་པ་རྣམས་བྱས་ནས། གྲུབ་ན་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱ། མ་གྲུབ་ན་ཡིད་ཀྱིས་བྱ། དེ་ནས་སྔ་མ་བཞིན་གདོང་བཅིངས་ཤིང་འབྲུ་གསུམ་བརྗོད་པས་བསྲུང་ངོ་། །གཉིས་པ་ནི། གསང་དབང་ཐོབ་པའི་སློབ་མ་ལ་བྱ་བ་ཡིན་གྱི་དེ་མ་ཐོབ་ན་འདི་དོན་མེད་དེ། ས་བོན་མེད་པའི་ཕྱིར་རོ། །གསུང་ངག་གི་དབང་གི་རྟོགས་པ་བསྐྱེད་པའི་སྐབས་དང་། བདེ་མཆོག་གསང་མཐའི་དཀྱིལ་ཆོག་རྣམས་ལས་བུམ་དབང་ཐོབ་པ་ལ་དཔེ་ཞིང་ས་གཤིན་པ་དང་། གསང་དབང་ལ་ས་བོན་བཏབ་པ་དང་། ཤེས་རབ་ཡེ་ཤེས་ལ་མྱུ་གུ་འཁྲུངས་པ་དང་། དབང་བཞི་པ་ལ་སྟོན་ཐོག་འཁྲུངས་པའི་དཔེ་སྦྱར་བའི་རིགས་པས་བླ་མེད་ཀྱི་སྔགས་སྡོམ་གྱི་གཙོ་བོ་ནི་རྫོགས་རིམ་གྱི་སྡོམ་པ་ཡིན་ལ། དེ་བསྐྱེད་པ་ལ་བུམ་དབང་གིས་རྟེན་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷར་བསྒྱུར་བ་དགོས་པས་དཔེ་ཞིང་ས་གཤིན་པ་དང་འདྲ། དེ་ནས་བླ་མའི་བྱང་སེམས་སློབ་མའི་མགྲིན་པར་ཡ་ར་ལ་ཝའི་དབྱིབས་ཅན་གྱི་ཡི་གེའི་ནང་གི་བྱང་སེམས་ལ་ཡེ་ཤེས་པའི་ཚུལ་གྱིས་འདྲེས་པས་བྱང་སེམས་འཕེལ་ནས་ལུས་ཐམས་ཅད་ལ་ཁྱབ་པའི་ཚེ། བདེ་བ་སྐྱེས་པ་ནི་དཔེ་ས་བོན་བཏབ་པ་དང་འདྲ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ཚེ། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྔར་གྱི་བྱང་སེམས་དེ་ཉིད་གཙུག་ཏོར་མཆོག་ནས་རྡོ་རྗེ་ནོར་བུའི་རྩེ་མོའི་བར་ཡས་འབབ་ཀྱི་དགའ་བཞི་ཉམས་སུ་མྱོང་བ་ནི་དཔེ་མྱུ་གུ་འཁྲུངས་པ་དང་འདྲ། འདི་ལ་ཌོཾ་བི་ལུགས་ཀྱི་དབང་ཆུར། དཔེ་ཞིང་ས་སྦྱངས་པ་ལ་ས་བོན་བཏབ་པ་ལ་རྐྱེན་ཆུ་ལུད་ཀྱིས་བརླན་པ་བྱས་པ་དང་འདྲ་ཞེས་གསུངས་པ་ནི་སྔར་གསང་དབང་གི་སྐབས་སུ་ས་བོན་ཐེབས་པ་དེ་འཕེལ་བའི་རྐྱེན་བྱེད་པའི་ཆ་ནས་ཆུ་ལུད་ཀྱི་དཔེ་བརྗོད་པར་སྣང་ཞིང་། སྔ་མ་ནི་ཡེ་ཤེས་ཉམས་སུ་མྱོང་བའི་ཆ་ནས་བརྗོད་པར་སྣང་བས་འགལ་བ་མེད་དོ། །དེ་ཉིད་དབང་བཞི་པའི་ཚེ་ཚིག་གི་སྒོ་ནས་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་དང་གནས་ལུགས་ཀྱི་དོན་ངོ་སྤྲད་པས་སྔར་གྱི་ཡེ་ཤེས་དེའི་ཐོབ་བྱ་མཐར་ཐུག་ངོ་འཕྲོད་པའི་ཆ་ནས་འབྲས་བུ་སྟོན་ཐོག་འཁྲུངས་པ་དཔེར་བརྗོད་པ་ཡིན་པས་དབང་སྔ་མ་སྔ་མ་མ་བསྐུར་བར་ཕྱི་མ་ཕྱི་མ་བསྐུར་དུ་མེད་པར་གྲུབ་བོ། །སཾ་བུ་ཊ་ལས། དབང་བཞི་པ་བསྐུར་བའི་རྒྱུ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ་བྱང་སེམས་རིགས་ཀྱི་བདག་པོའི་ཁར་བཟུང་བ་དགོས་པར་གསུངས་པ་དང་། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། དབང་བཞི་རིམ་ཅན་དུ་འབྱུང་བའི་དཔེ་རིས་སུ་བྲིས་པ་རྣམས་ཀྱང་དོན་འདི་ཉིད་དང་མཐུན་པས་དེང་སང་བོད་འདིར་སྤྱིར་དབང་མ་བསྐུར་བར་ལམ་བསྐྱེད་རྫོགས་ཉམས་སུ་ལེན་པ་དང་། ཁྱད་པར་བུམ་དབང་མ་བསྐུར་བར་མཆོག་དབང་གསུམ་བསྐུར་བ་ནི་རྡོ་རྗེ་ཐེག་པའི་བསྟན་པ་མ་ཡིན་ཞིང་། ཉེས་དམིགས་ཀྱང་ཤིན་ཏུ་ཆེའོ། །གསུམ་པ་ལ་ཤེས་རབ་གཏད་པ་དང་། ཡེ་ཤེས་བསྐྱེད་པ་གཉིས་ལས། དང་པོ་ནི། དངོས་དབང་བསྐུར་ན་སྔར་གྱི་གསང་དབང་གི་རྟེན་དེ་ཉིད་གཏད་པར་གསུངས་ཏེ། རྩ་རྒྱུད་ལས། རོ་མཉམ་སློབ་མའི་སྤྱོད་ཡུལ་ཉིད། །དེ་ཉིད་ལ་ཡང་བྱ་བར་བྱ། །ཞེས་གསུངས་པས་སོ། །ཡང་སློབ་མ་རང་ཉིད་ཀྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ཡོད་ན་དེ་ཉིད་གཏད་པས་ཀྱང་རུང་སྟེ། གང་ལྟར་ཡང་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པ། རྫོགས་རིམ་གྱི་ཡེ་ཤེས་བསྐྱེད་པའི་ཉམས་ལེན་གྱི་ཚུལ་ལ་མཁས་པ་ཞིག་དགོས་ཀྱི་གཞན་དུ་ན། མ་གསང་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡི་སྡུག་བསྔལ་བྱེད། །ཅེས་གསུངས་པའི་ཉེས་དམིགས་སུ་འགྱུར་རོ། །གྲོལ་ལམ་ལ་བརྟེན་ནས་བསྐུར་ན་སློབ་མས་གང་སེམས་ལ་མཛེས་པར་མཐོང་ཞིང་ཡིད་དུ་འོང་བ་དབང་དང་དམ་ཚིག་དང་ལྡན་པ་ཞིག་མདུན་དུ་ཡིད་ལ་བྱེད་དུ་བཅུག་ལ། དགའ་སྟེར་གནས་སྟེར་ལྷ་མོ་འདི། །ཞེས་སོགས་བརྗོད་པས་གཏད་དོ། །གཉིས་པ་ནི་ཕྱག་རྒྱས་རྫོགས་རིམ་གྱི་སྣོད་དུ་རུང་ངམ། ཞེས་པའི་དྲི་བ་དང་། རུང་ངོ་ཞེས་པའི་ལན་དང་། ཕྱག་རྒྱ་དགྱེས་ནས་པང་དུ་བྱོན་པའི་བར་བྱས་ལ། བདག་ཉིད་ལྷག་པའི་ལྷ་དང་། ཕྱག་རྒྱ་ཡུམ་དུ་བསྐྱེད་པ་སྤྲུལ་སྐུར་བྱིན་གྱིས་རློབ་པ་དང་། མཁའ་གསང་བསྣོལ་མར་བྱིན་གྱིས་བརླབས་པ་ལོངས་སྐུར་བྱིན་གྱིས་རློབ་པ་དང་། ཐབས་འདི་ལ་བརྟེན་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་སྐུར་བྱིན་གྱིས་རློབ་པ་སྟེ། སྐུ་གསུམ་ཐོབ་པའི་རྒྱུ་འདུ་ཤེས་སུམ་ལྡན་སྔོན་དུ་སོང་ནས་ཕྱི་གོ་རིམ་ལ་ལྟོས་པའི་དགའ་བཞི་དང་། ནང་གནས་ལ་ལྟོས་པའི་དགའ་བཞི་ཉམས་སུ་མྱོང་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོའོ། །འདིར་རྗེ་བཙུན་གྱིས། ཐིག་ལེ་དཀར་དམར་གཉིས་སྙོམས་འཇུག་བྱས་པས་གཅིག་ཏུ་གྱུར་པ་ནི་ཟླ་བ་ཉི་མའི་གོས་ཀྱིས་བཀག་པ་ཞེས་ཀྱང་བྱ། ཉི་ཟླ་གཟས་ཟིན་པའི་དུས་ཞེས་ཀྱང་བྱ་སྟེ། སེམས་ཀྱི་གནད་དོ་ཞེས་གསུངས་པའི་དོན་ནི་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་ཆ་མཉམ་པ་རིགས་བདག་གི་ཁ་དང་། རྩ་མཛེས་སྤྱིར་དབབ་པའི་ཚེ་ཡབ་ཀྱི་བྱང་སེམས་དཀར་པོ་དེ་ཉིད་ཡུམ་གྱི་བྱང་སེམས་དམར་པོས་རིལ་གྱིས་བཏུམ་པ་ནང་ན་དཀར་པོ་དང་། ཕྱི་ན་དམར་པོ་སོ་སོར་ཡོད་པ། ཤེས་རབ་ཡེ་ཤེས་ཀྱི་ཚེ་ཡབ་ཀྱི་ཟླ་བ་ལྟར་དཀར་ཞིང་། ཡུམ་གྱི་ཉི་མ་ལྟར་དམར་བ་ཞེས་པའི་དོན་ཀྱང་ཚང་། འདིར་རྗེ་བཙུན་གྱིས་གཅིག་ཏུ་གྱུར་པ་ཞེས་པའི་དོན་ཀྱང་ཚང་། རྒྱུ་དུས་སུ་བུ་ཚའི་ལུས་བསྐྱེད་པའི་ཚེ་རུས་པ་རྐང་དང་ཁུ་བ་གསུམ་ཕ་ལས་སྐྱེས་པ་དང་། པགས་པ་ཤ་དང་ཁྲག་གསུམ་མ་ལས་སྐྱེས་པའི་ཕྱི་ནང་གི་རིམ་པའི་དོན་ཀྱང་ཚང་བར་ཤེས་པར་བྱའོ། །ལམ་འབྲས་ཀྱི་གཞུང་བཤད་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་རབ་འབྲིང་ཐ་མ་གསུམ་དུ་ཐོབ་པར་གསུངས་པའི་དང་པོ་ནི། དངོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེས་པ། གཉིས་པ་ནི། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་མཚོན་བྱེད་དཔེའི་ཡེ་ཤེས་སྐྱེས་པ། གསུམ་པ་ནི། དེ་ལ་བརྟེན་ནས་ཡེ་ཤེས་མ་སྐྱེས་ཀྱང་ཆོ་ག་ཚུལ་བཞིན་དུ་བྱས་པས་ཉམས་སུ་མྱོང་བ་ཅུང་ཟད་སྐྱེས་པ་སྟེ། རྗེ་བཙུན་གྱིས་སྤྱིར་ཡེ་ཤེས་ཀྱི་ཕྱག་རྒྱ་རྐྱང་པས་ཀྱང་ཁ་ཅིག་ལ་བདེ་སྟོང་གི་ཡེ་ཤེས་སྐྱེས་པའང་སྣང་ལ། ཁ་ཅིག་ལ་མི་སྐྱེ་བའང་ཡོད་དེ་དེ་ལ་དབང་གི་ཆོ་ག་ཙམ་མོ། །ཞེས་གསུངས་པས་སོ། །བཞི་པ་ལ། ལམ་གྱི་དབུགས་དབྱུང་དང་། འབྲས་བུའི་དབུགས་དབྱུང་གཉིས་ལས། དང་པོ་ནི། རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་བརྗོད་པ་སྟེ། དབང་བསྐུར་ཐོབ་པའི་སྟེང་དུ། ལམ་གྱི་གནས་སྐབས་སུ་དམ་ཚིག་འདི་དག་བསྐྱངས་ན། དབུགས་དབྱུང་གི་ཕན་ཡོན་འབྱུང་ཞེས་པའི་དོན་ནོ། །གཉིས་པ་ནི། དབང་བསྐུར་བ་འདི་ཐོབ་ན་སྔར་སྲིད་པའི་སྡུག་བསྔལ་གྱིས་དབུགས་བཏུམ་པ་ལྟ་བུ་ལས་དབྱུང་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་ཞུགས་པ་ཡིན་པས། ད་ནི་ཁྱོད་ཀྱིས་ལེགས་པར་སྦྱངས་ཤིང་ཤེས་པའི་ཚེ་དབང་བསྐུར་བ་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པ་སྟེ། དབུགས་དབྱུང་བ་ནི་སྡུག་བསྔལ་ལས་ཐར་བ་དང་། གཟེངས་བསྟོད་པ་ནི་དགའ་བ་ཁྱད་པར་ཅན་སྐྱེས་པ་དང་། ལུང་བསྟན་པ་ནི་མ་འོངས་པ་ན་ཕན་ཡོན་འདི་ལྟར་འབྱུང་ཞེས་པ་ཡིན་པས་དོན་ལ་འདྲ་བ་ཡིན་ནོ་ཞེས་རྗེ་བཙུན་རྩེ་མོས་གསུངས་སོ། །ལྔ་པ་ནི། ཁྱོད་ཀྱིས་དཀྱིལ་འཁོར་བཞི་ལས། ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་མཐོང་ཞེས་སོགས་རྟོགས་པ་བསྐྱེད་པའི་ཚུལ་རྣམས་ནི་སྔ་མ་ལས་བསྒྲེས་ཏེ་ཤེས་པར་བྱའོ། །བཞི་པ་དབང་བཞི་པ་ལ་བཞི་སྟེ། སྔོན་དུ་འགྲོ་བ། དབང་དངོས། མཐའ་བརྟེན་སྦྱིན་པ། དབང་གི་རྟོགས་པ་བསྐྱེད་པའོ། །དང་པོ་ནི། མཎྜལ་ཕུལ་ནས། མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །ཞེས་སོགས་ལན་གསུམ་གྱིས་གསོལ་བ་བཏབ། འདིར་གདོང་རས་བཅིང་བའམ། མ་བཅིངས་ཀྱང་རུང་སྟེ་ཞེས་གསུངས་པའི་དོན་གདོང་རས་བཅིངས་ན་སྔ་མ་གསུམ་གྱི་འགྲོས་ཀྱི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མ་མཐོང་བའི་བརྡ་ཡིན་ལ། མ་བཅིངས་ནའང་དཀྱིལ་འཁོར་གཞན་གསུམ་མིག་གིས་མཐོང་བར་བྱར་ཡོད་ཀྱང་། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་ལ་མིག་གིས་མཐོང་བར་བྱར་མེད་པས་རུང་ཞེས་པའི་དོན་ཏེ། འབྲུ་གསུམ་བརྗོད་དེ་བསྲུང་བ་བྱ་བ་ནི་འདྲའོ། །གཉིས་པ་ལ་གསུམ་སྟེ། དབང་བཞི་པ་གང་ལ་བསྟན་པའི་ཡུལ། བསྟན་བྱ་དབང་གི་རབ་ཏུ་དབྱེ་བ། ཚིག་གི་ངོ་སྤྲད་པས་རྟོགས་པ་བསྐྱེད་པའི་ཚུལ་ལོ། །དང་པོ་ནི། སཾ་བུ་ཊའི་བརྟག་པ་གཉིས་པའི་རབ་བྱེད་དང་པོར། དབང་ཆོག་འདི་ཡིས་སྦྱིན་པར་བྱ་སྟེ། སློབ་མའི་ལྷག་པར་མོས་པ་དང་། ཟབ་པ་དང་རྒྱ་ཆེ་བའི་རིགས་པས་ལྷག་པར་མོས་པ་ཡིད་ཀྱིས་ཤེས་པར་བྱས་ནས་ཚིགས་དབང་རིན་པོ་ཆེ་སྦྱིན་པར་བྱ་སྟེ། ཞེས་གསུངས་ལ། དེའི་དོན་བུམ་དབང་སོགས་སྔོན་དུ་སོང་ནས་དབང་བཞི་པ་འོག་ནས་འབྱུང་བའི་ཆོ་ག་འདིས་སྦྱིན་པར་བྱའོ། །དབང་དེ་ཐམས་ཅད་ལ་སྦྱིན་པར་བྱའམ་ཞེ་ན། སློབ་མ་བླ་མ་དང་ཤེས་རབ་ཡེ་ཤེས་ཀྱི་ཉམས་མྱོང་ལ་ལྷག་པར་མོས་པ་དང་། ཟབ་མོ་སྟོང་པ་ཉིད་དང་། ཐབས་རྒྱ་ཆེ་བའི་རིགས་པས་རིམ་གཉིས་ལ་ལྷག་པར་མོས་པའི་སློབ་མ་ལ་སྦྱིན་པར་བྱའི། གཞན་ལ་ནི་མ་ཡིན་ཏེ། བླ་མ་ལ་མོས་པ་མེད་ན་བླ་མའི་ཚིག་ལ་མོས་པ་མི་སྐྱེ། དབང་གི་ཉམས་ལ་མོས་པ་མེད་ན་ཕ་རོལ་ཏུ་ཕྱིན་པའི་ཐོས་བསམ་བྱས་པ་དང་ཁྱད་པར་མེད་པར་འགྱུར། སྤྲོས་བྲལ་ལ་མོས་པ་མེད་ན་འདོད་ཆགས་དང་ཁྱད་པར་མེད་དེ་མྱ་ངན་ལས་འདས་པའི་སེམས་མི་སྐྱེ། ཐབས་བསམ་གྱི་མི་ཁྱབ་པ་ལ་མོས་པ་མེད་ན་གཞན་འཛིན་པའི་མཐུ་མེད་པས་ཉན་ཐོས་རང་རྒྱལ་དང་ཁྱད་པར་མེད་པར་འགྱུར་བས་ན་དེ་དག་ལ་མི་སྦྱིན་ནོ། །དེས་ན་དབང་གོང་མ་ནི་གོང་གི་མཚན་ཉིད་དེ་དག་དང་ལྡན་མི་ལྡན་སློབ་དཔོན་གྱི་ཡིད་ཀྱིས་ལེགས་པར་བརྟགས་ལ་ཤེས་པར་བྱས་ཏེ་སྦྱིན་ནོ། །ཤེས་པའི་ཐབས་གང་ཞེ་ན། གྲུབ་ཐོབ་ལྭ་བ་པ་དང་། སྒྲ་གཅན་འཛིན་དཔལ་བཤེས་གཉེན་གཉིས་ཀྱིས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །བཞིན་གྱིས་པདྨ་རབ་དྭངས་ཤིང་། །དགའ་བས་བ་སྤུ་ལངས་པ་ནི། །མཐོང་ན་མཁས་པ་དེ་ཉིད་ཀྱིས། །སློབ་མ་དམ་པ་ཡོངས་སུ་འཛིན། །ཞེས་གསུངས་པས་སོ། །དེས་ན་ཟུང་འཇུག་གསལ་བ་ལས། སློབ་མའི་མོས་པ་ཡིད་ཀྱིས་ལེགས་བརྟགས་ནས། །ཇི་ལྟར་གསུངས་པའི་ཆོ་གས་དབང་བསྐུར་བ། །ཟབ་དང་རྒྱ་ཆེའི་ཚུལ་ལ་མོས་པ་ལ། །རིན་ཆེན་ཚིག་གི་དབང་ཉིད་སྦྱིན་པར་བྱ། །ཞེས་གསུངས་པའང་སྔ་མའི་དོན་དུ་སྣང་ངོ་། །གཉིས་པ་ནི། ཡེ་ཤེས་ཞབས་ལུགས་ཀྱི་དཀྱིལ་ཆོག་གཉིས་དང་། མཚོ་སྐྱེས་ཀྱི་ནས་གླིང་མ་དང་། བདེ་མཆོག་ནག་པོ་དཀྱིལ་ཆོག་སོགས་མང་པོར། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་ཉིད་དུ་ཉམས་མྱོང་དེ་ཉིད་ལ་ངོ་སྤྲད་པ་མ་གཏོགས་དབང་བཞི་པའི་ཆོ་ག་ལོགས་སུ་མ་གསུངས་ཀྱང་དབང་བཞི་པ་མི་བཞེད་པའང་མ་ཡིན་ཏེ། དེ་དག་གིས་ཀྱང་། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་པའི་ལུང་དྲངས་ནས་བཤད་པ་མཛད་ཅིང་སྨིན་བྱེད་ཀྱི་སྐབས་སུ་དབང་བཞི་ཚང་བ་ནི་རྣལ་འབྱོར་ཆེན་པོ་སྤྱིའི་ལུགས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རིན་ཆེན་འབར་བ་ལས། དབང་གསུམ་པའི་སྐབས་སུ་དབུགས་དབྱུང་གི་རྗེས་སུ། སྟོན་པས་སྨྲས་པ་སེམས་དཔའ་ཆེ། །ཞེས་སོགས་དང་། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །ཞེས་སོགས་དང་། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཞེས་སོགས་བརྗོད་ནས་དབང་བཞི་པ་བླ་མ་དམ་པའི་ཞལ་ལས་ཤེས་པར་གསུངས་པ་དང་། དེ་བཞིན་དུ་ནག་པོ་པའི་གཞུང་འགྲེལ་ལས་ཀྱང་། དབང་གསུམ་པའི་སྐབས་སུ་བླ་མས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །ཞེས་སོགས་ངོ་སྤྲད་ནས་སླར་ཡང་དབང་བཞི་པའི་དོན་དུ་གསོལ་བ་བཏབ་ཅིང་། ཡོན་ཕུལ་ནས་བླ་མས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །ཞེས་སོགས་བསྲུང་བའི་དམ་ཚིག་དང་། ན་དང་ག་ཧ་དང་པོ་དང་། །ཞེས་སོགས་བཟའ་བའི་དམ་ཚིག་བསྟན་ཏེ། བཞི་པ་ནི། བླ་མའི་མན་ངག་ལས་ཤེས་པར་བྱ་བས་ན་འདིར་མ་བསྟན་ཏོ། །ཞེས་གསུངས་པ་དག་གིས་ཀྱང་བླ་མའི་མན་ངག་ལ་རག་ལས་པར་ཤེས་པའི་ཆེད་དུ་གསལ་བར་མ་གསུངས་པ་ཡིན་གྱི། དབང་བཞི་པའི་ཆོ་ག་མི་བཞེད་པ་ནི་མ་ཡིན་ནོ། །བཟང་པོ་ཡོངས་གཟུང་དང་། ཟུང་འཇུག་གསལ་བ་དང་། དྲིལ་བུ་དཀྱིལ་ཆོག་རྣམས་ལས་ཆོ་ག་ལོགས་སུའང་གསུངས་པས་གྲུབ་པའི་དབང་ཕྱུག་དེ་དག་དགོངས་པ་གཅིག་པའི་དོན་འདིར་རྣལ་འབྱོར་དབང་ཕྱུག་གི་མན་ངག་ལས་གསལ་བར་གསུངས་པའི་དོན་བཤད་ན། སྦྱང་གཞི་རྒྱུ་རྒྱུད་དབང་བཞིའི་ཚུལ་དུ་གནས་པས་ལམ་སྨིན་བྱེད་དབང་བཞི་བསྐུར། དེའི་རྒྱུ་མཚན་གྱིས་གྲོལ་བྱེད་ཀྱང་དབང་བཞིའི་ཚུལ་དུ་བསྒོམས་པས་ལྟ་བ་དང་། གྲུབ་མཐའ་དང་། འབྲས་བུ་དབང་བཞིའི་ཚུལ་དུ་འབྱུང་བའི་དབང་དུ་བྱས་ནས་དབང་བཞི་ཆར་ཆོ་གའི་སྒོ་ནས་སོ་སོར་བསྐུར་བ་ལ་ཁྱད་པར་མེད་དོ། །འདི་ལ་དབང་བཞི་པའི་རབ་ཏུ་དབྱེ་བ་དང་། དེ་ཉིད་རྩ་བཤད་ཀྱི་དགོངས་པར་བསྟན་པ་དང་། ལུགས་སྔ་མ་དང་དགོངས་པ་གཅིག་པར་སྒྲུབ་པ་དང་གསུམ་ལས། དང་པོ་ནི། དབང་བཞི་པ་བསྟན་ཚུལ་གྱི་སྒོ་ནས་ཕྱེ་ན་ལྔ་སྟེ། ཚིག་གི་བཞི་པ། དོན་གྱི་བཞི་པ། ལམ་དུ་བྱེད་པའི་བཞི་པ། འབྲས་བུ་མངོན་དུ་བྱེད་པའི་བཞི་པ། བཞི་པ་རྟེན་ཅན་ནོ། །དང་པོ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྐབས་སུ་ཐོབ་པའི་ཉམས་སུ་མྱོང་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་མཚོན་བྱེད་དུ་བྱས་ནས། སངས་རྒྱས་ཀྱི་སྐུའམ་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བའང་དབང་དུས་ན་འཆར་བ་འདི་ཉིད་ཡིན་ནོ་ཞེས་ཚིག་གི་སྒོ་ནས་འབྲས་བུ་ལ་ངེས་པ་བསྐྱེད་པའོ། །གཉིས་པ་ནི། ད་ལྟར་ཁྱོད་ཀྱིས་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག་དེ་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དང་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བའང་འདི་ཉིད་ཡིན་ཏེ། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྣམ་པར་གནས། །འགྲོ་བ་བརྟན་དང་གཡོ་བའི་བདག །དེ་ཉིད་འདི་ནི་ཀུན་ཁྱབ་བྱེད། །དེ་ཉིད་མི་འགྱུར་དམ་པ་ཉིད། །ཅེས་སོགས་དང་། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤངས། །ཞེས་སོགས་དང་། ཕྱི་ནས་དེ་ཉིད་ཡང་དག་བཤད། །ཅེས་སོགས་ཀྱི་ཚིག་གི་སྒོ་ནས་གནས་ལུགས་ཀྱི་དེ་ཁོ་ན་ཉིད་ལ་ངེས་པ་བསྐྱེད་པའོ། །གསུམ་པ་ནི། དེ་རིང་ཁྱོད་ལ་དགའ་བ་བཞིའི་ཡེ་ཤེས་བསྐྱེད་ཅིང་ཉམས་སུ་མྱོང་བར་བྱས་པ་ཡིན་གྱི། དེང་ཕྱིན་ཆད་ལམ་གྱི་གནས་སྐབས་ཐམས་ཅད་དུ་ཉམས་སུ་མྱོང་བ་འདི་བསྒོམས་པའི་སྒོ་ནས་མཚོན་བྱ་དོན་གྱི་བཞི་པ་མངོན་དུ་འགྱུར་བར་བྱ་དགོས་ཏེ། ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་དང་། ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཀུན་དུ་རུ་གྱིས་རྡོ་རྗེ་འཛིན། །ཞེས་དང་། སཾ་བུ་ཊ་ལས་ཀྱང་། བཀའི་གནང་བ་རྙེད་ནས་ཞེས་སོགས་གསུངས་པའི་དོན་ཡིན་པས་འདི་ཉིད་ལམ་དུ་གྱིས་ཤིག་ཅེས་པའོ། །བཞི་པ་ནི། མཐར་ས་བཅུ་གསུམ་པའི་ས་ཕྱེད་ལ་ཁྱོད་ཀྱིས་བུམ་དབང་རྩའི་འགྲོས་ལ་སོགས་པ་ཐིམ་པས་སྐུ་ལྔ་མངོན་དུ་འགྱུར་རོ། །ཞེས་འབྲས་བུའི་བཞི་པའང་ཚིག་ཙམ་གྱི་སྒོ་ནས་བསྟན་པའོ། །ལྔ་པ་ནི། དངོས་དབང་བསྐུར་ན་གསུམ་པ་ལ་ཡེ་ཤེས་ངོས་མ་ཟིན་ན། བཞི་པའི་སྐབས་སུ་གསུམ་པ་བསྐྱར་ནས་བསྐུར་བ་ལ་འཆད་པར་ཐམས་ཅད་མཐུན་ཡང་གྲོལ་ལམ་གྱི་སྐབས་སུ་ཁམས་འདུས་པ་ཐ་མ་ལ་བུ་མོ་པདྨ་ཅན་ལུང་བསྟན་པ་ལ་བརྟེན་ནས་ཐོབ་པར་འགྱུར་རོ་ཞེས་བསྟན་པ་ཡིན་པར་རྗེ་བཙུན་གྱིས་གསུངས་སོ། །གཉིས་པ་ནི། རྩ་རྒྱུད་ཕྱི་མའི་བཅུ་གཉིས་པ་ལས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་སྙིང་པོ་མཁའ་དང་མཚུངས། །རྡུལ་བྲལ་མཐའ་སྟེར་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་གསུངས་ཏེ་དེའི་དོན་རྗེ་བཙུན་རྩེ་མོས། ཁྱོད་ཀྱི་ཐབས་དང་ཤེས་རབ་རྡོ་རྗེ་དང་དྲིལ་བུའི་རང་བཞིན་ལས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱོང་བ་དེ་ཇི་ལྟ་བུ་ཡིན་པཾ། དེ་ནི་ཡོད་པ་དང་མེད་པ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མཐའ་ཐམས་ཅད་ལས་གྲོལ་ལ་བརྗོད་པར་མི་ནུས་པས། སྣང་བ་དང་སྟོང་པ་གཉིས་སུ་མེད་པ། བདེ་བ་དང་སྟོང་པ་གཉིས་སུ་མེད་པ། གསལ་བ་དང་སྟོང་པ་གཉིས་སུ་མེད་པ། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་བདག་ཉིད་དེ། དེ་ནི་ཟབ་ཅིང་རྟོགས་པར་དཀའ་བས་ན་ཕྲ་བའོ། །མི་ཕྱེད་པས་ན་རྡོ་རྗེའོ། །ཐམས་ཅད་འབྱུང་བས་ན་སྙིང་པོའོ། །གང་དུའང་མ་གྲུབ་པས་ནམ་མཁའོ། །མི་རྟོག་པས་ན་རྡུལ་བྲལ་ལོ། །དེ་མྱ་ངན་ལས་འདས་པས་མཐར་སྟེར་རོ། །རྟོག་པ་ཞི་བས་ན་ཞི་བའོ། །དེ་ལྟ་བུ་དེ་ངས་ཁྱོད་ལ་བརྗོད་པ་ན་ཁྱོད་ཀྱིསཾ་ཇི་ལྟར་རྟོགས་ཀྱིས་ཁྱོད་རང་ཉིད་ལ་བསྐྱེད་པར་བྱའོ། །དེ་ལྟ་བུའི་དོན་དེ་མངོན་དུ་གྱུར་ན་ཆོས་ཀྱི་སྐུ་ནི་དེ་ཉིད་ཡིན་གྱིས་ལམ་གཞན་དང་གཞན་དུ་བཙལ་བས་ཅི་ཞིག་བྱ། སངས་རྒྱས་གཞན་ནས་འབྱུང་བ་མ་ཡིན་ནོ་ཞེས་བསྐྱེད་ལ་དེ་ཁོ་ན་ཉིད་ལ་བློ་གཞག་པར་བྱའོ་ཞེས་གསུངས་སོ། །བཤད་པའི་རྒྱུད་ཀྱི་བརྟག་པ་གཉིས་པའི་རབ་བྱེད་དང་པོར། གང་ཐོབ་དབང་རབ་མཆོག་ནི་རིགས་ཀྱི་བདག་པོར་བཟུང་བ་རྙེད་པར་དཀའ་ཞིང་མཚུངས་པ་མེད་པས་བསྡམས། །ལོངས་སྤྱོད་རྫོགས་པའི་ཞིང་གི་དཔལ་དག་བླང་བར་བྱས་པས་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ། །བཀའ་ཡི་གནང་བ་རྙེད་ནས་འཇིག་རྟེན་གསུམ་གྱི་དགྲ་བོ་ལས་རྒྱལ་བརྩོན་པའི་གོ་བགོས་པ་ཡི་བློས། །བྱང་ཆུབ་དག་ལ་འགོད་པའི་སེམས་རྒྱས་འདིར་ནི་དེ་ཉིད་རྣལ་འབྱོར་པ་ཡིས་དྲི་མ་མེད་པར་སྤྱོད། །ཅེས་གསུངས་ཏེ། འདི་ལ་དབང་གི་ཡེ་ཤེས་སྐྱེ་བའི་རྒྱུ། དབང་དངོས། མཇུག་རྗེས་སུ་གདམས་པ་དང་གསུམ་ལས། དང་པོ་ནི། ཚིག་རྐང་ཕྱེད་དང་གཉིས་ཏེ། ཤེས་རབ་ཡེ་ཤེས་ཀྱི་སྐབས་སུ་གང་ཐོབ་པའི་དབང་རབ་མཆོག་ནི་ཐབས་ཀྱི་རིགས་ཀྱི་བདག་པོའི་ཁ་དང་། ཤེས་རབ་ཀྱི་རྩ་མཛེས་པའི་སྤྱི་བོར་རླུང་འདྲེན་པའི་སྒོ་ནས་ཐིག་ལེ་གཟུང་བ་ཡིན་ལ། དེ་མན་ངག་མེད་པ་རྣམས་ཀྱིས་རྙེད་པར་དཀའ་ཞིང་དབབ་ཟློག་ལ་སོགས་པའི་མན་ངག་མཚུངས་པ་མེད་པས་བསྡམས་པ་ཡིན་ཞིང་དེར་མྱོང་བ་ཅི་སྐྱེ་ན། ལོངས་སྤྱོད་རྫོགས་པ་ནི། ལོངས་སྐུ་དང་ཁ་སྦྱོར་གཉིས་ཡིན་ལ་དེ་བསྐྱེད་པའི་ཞིང་གི་དབལ་ནི་ཆོས་ཀྱི་སྐུ་སྟེ། སྐུ་གསུམ་གྱི་ཉམས་མྱོང་སྐྱེས་པ་ནི་ངོ་སྤྲོད་པའི་རྒྱུའོ། །གཉིས་པ་ནི་མྱོང་བ་དེ་ཅི་ཡིན་སྙམ་ན། བྱང་ཆུབ་སེམས་དཔའ་ཆེན་པོའི། དབང་བསྐུར་བ་ནི་བཞི་པ་སྟེ། ཡེ་ཤེས་དེ་མངོན་དུ་བྱས་པ་ནི་དེ་ཁོ་ན་ཉིད་མཐོང་བ་ཡིན་ཏེ། དེ་དང་ཁྱད་པར་མེད་པའི་ཕྱིར་རོ། །ཞེས་བྱའོ། །གསུམ་པ་ནི། བླ་མ་ལས་བཀའི་གནང་བ་རྙེད་ནས་འཇིག་རྟེན་གསུམ་གྱི་དགྲ་བོ་ནི་ཉོན་མོངས་པ་ཡིན་ལ། དེའི་རྒྱུ་ནི་རྣམ་པར་རྟོག་པ། དེ་ལས་རྒྱལ་བ་ནི་མཚན་མ་དང་། རྣམ་པར་རྟོག་པ་མེད་པ་ལ་འབད་པར་བྱའོ། །ཞེས་བརྩོན་པའི་གོ་བགོས་པ་ནི་མྱ་ངན་ལས་འདས་པའི་སེམས་ཏེ་ཤེས་རབ་བོ། །དེའང་བདག་ཉིད་ཙམ་མ་ཡིན་གྱི་སྙིང་རྗེས་སེམས་ཅན་གཞན་དག་བྱང་ཆུབ་དག་ལ་འགོད་པའི་སེམས་བསྐྱེད་པའི་ཐབས་ཀྱི་སྒོ་ནས་ཉམས་སུ་ལེན་ནོ། །དེ་ལྟར་གཞན་དོན་བྱེད་ཀྱང་སེམས་ཅན་དུ་ཞེན་པ་མེད་པས་ན་རྣལ་འབྱོར་པས་ནི་དྲི་མ་མེད་པར་སྤྱོད་ཅེས་པ་སྟེ། ཚིགས་སུ་བཅད་པ་འདིས་ཀྱང་ཤེས་རབ་ཡེ་ཤེས་ཀྱི་ཉམས་མྱོང་ལ་འབྲས་བུ་དང་། གནས་ལུགས་ཀྱི་དོན་ཚིག་གི་སྒོ་ནས་ངོ་སྤྲོད་པ་དང་། ལམ་དུ་བྱེད་པའི་བཞི་པ་གསུམ་ཚང་བར་བསྟན་ཏོ། །གསུམ་པ་ནི། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་ཆད་པ་འགོག་པ་མེད། །ཡན་ལག་བདུན་དང་ལྡན་པའི་སངས་རྒྱས་འདི་ཉིད་ནི། །བདག་འདོད་ཚད་མས་ཡོངས་བསྒོས་བློ་ཅན་རྣམས་ཀྱང་འདོད། །ཞེས་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་སངས་རྒྱས་དེ་ཉིད་མཚོན་བྱ་དོན་གྱི་དབང་བཞི་པར་བྱས་ནས་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས། དེ་ལྟར་དེ་བཞིན་བཞི་པ་ཡང་། །ཞེས་དེ་ལྟར་དང་། དེ་བཞིན་དང་། བཞི་པ་ཞེས་པའི་ཚིག་གསུམ་གྱིས་དབང་གསུམ་པའི་དུས་ཀྱི་ཉམས་མྱོང་དེ་ཉིད་དཔེར་བྱས་ནས་མཚོན་བྱ་དོན་གྱི་དབང་བཞི་པ་དེ་ཉིད་མཚོན་པར་གསུངས་པས་ཀྱང་འབྲས་བུ་དང་། གནས་ལུགས་ཀྱི་དོན་ངོ་སྤྲོད་པ་ཉིད་དུ་སྣང་སྟེ། ལོངས་སྤྱོད་རྫོགས་པ་ནི་མཚན་དཔེ་འབར་བ། དེ་ཙམ་ཕ་རོལ་ཏུ་ཕྱིན་པ་ལའང་ཡོད་པས་ཁ་སྦྱོར་གྱི་སྐུ། ཁ་སྦྱོར་ཙམ་སྒྱུ་མ་མཁན་གྱིས་བྱས་པའི་སྐྱེས་པ་དང་བུད་མེད་ལའང་ཡོད་པས་བདེ་ཆེན། དེ་ཉིད་བདེན་པར་གྲུབ་བམ་སྙམ་ན་རང་བཞིན་གྱིས་སྟོང་ཞིང་བརྫུན་པ་དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་ལྟ་བུ། དེའང་སྟོང་པ་ཁོ་ན་མ་ཡིན་པའི་ཕྱིར་དམིགས་པ་མེད་པའི་སྙིང་རྗེའི་རང་བཞིན། དེའང་སྤྲུལ་སྐུ་ལྟར་དུས་རེ་ཞིག་པ་མ་ཡིན་པར་རྟག་ཏུ་རྒྱུན་མ་ཆད་པར་བཞུགས་པ། དེའང་མཐར་མྱ་ངན་ལས་འདའ་བ་མེད་པས་ན་འགོག་པ་མེད་པ་སྟེ། དེ་དག་གི་དོན་ངོ་སྤྲད་པས་འབྲས་བུ་སངས་རྒྱས་ཀྱི་ས་དང་། གནས་ལུགས་ཀྱི་དོན་གཉིས་ཀ་ངོ་སྤྲད་པར་འགྱུར་ཞིང་། སྤྱིར་ཡང་གནས་ལུགས་མངོན་དུ་འགྱུར་བ་ནི་འབྲས་བུ་ཡིན་པས་དེ་གཉིས་གང་རུང་ཞིག་ངོ་སྤྲད་ཀྱང་དོན་གྱིས་གཉིས་ཀ་ངོ་སྤྲད་པར་འགྱུར་བའི་ཕྱིར་རོ། །སློབ་དཔོན་སྨན་པའི་ཞབས་ཀྱིས་ཀྱང་། དབང་དང་པོ་གསུམ་པོ་རེ་རེ་ལའང་སློབ་དཔོན་ད་ང་། ཡོན་དང་། སྡོམ་པ་དང་། དཀྱིལ་འཁོར་དང་། དབང་དང་། རང་གི་ངོ་བོ་དང་། གཉེན་པོ་དང་། ས་དང་། ཆོ་ག་དང་། ལྟ་བ་དང་། ངེས་ཚིག་སྟེ། དོན་ཚན་བཅུ་གཅིག་རེས་མི་འདྲ་བ་སོ་སོར་བཤད་ནས། བཞི་པའི་སྐབས་སུ། རང་བཞིན་གནས་ཕྱིར་སློབ་དཔོན་མེད། །རིན་ཐང་མེད་ཕྱིར་ཡོན་མེད་དེ། །སྡོམ་པ་བས་ན་སྡོམ་པ་མེད། །དེ་ཉིད་དཀྱིལ་འཁོར་དཀྱིལ་འཁོར་མེད། །སྟོབས་ཀྱིས་ཐོབ་ཕྱིར་དབང་མེད་དོ། །སྤྱི་བས་རང་གི་ངོ་བོ་མེད། །ཆོས་ཀུན་གཉེན་པོ་གཉེན་པོ་མེད། །རྡོ་རྗེ་འཛིན་གནས་ས་མེད་དེ། །རང་བཞིན་མེད་ཕྱིར་ཆོ་ག་དང་། །ལྟ་བ་ངས་ཚིག་མེད་པ་རུ། །བླ་མ་ཡིས་ནི་ཡང་དག་བཤད། །ཅེས་གསུངས་པའང་གནས་ལུགས་ཀྱི་དོན་ངོ་སྤྲོད་པའི་དོན་དུ་སྣང་ངོ་། །མདོར་ན་མཁས་གྲུབ་ཀུན་གྱི་དགོངས་པ་དབང་གསུམ་པའི་ཡེ་ཤེས་དེ་ཉིད་རྒྱུར་བྱས་ནས་འབྲས་བུ་དང་གནས་ལུགས་ཀྱི་དོན་ངོ་སྤྲད་པས་སྔ་མ་ལས་མཆོག་ཏུ་གྱུར་པའི་ཡེ་ཤེས་སྐྱེ་བ་ནི་དབང་བཞི་པ་ཆོ་གས་བསྐུར་བའི་དོན་ཡིན་གྱི། དབང་གསུམ་པ་ལས་ལོགས་སུ་ཕྱག་རྒྱ་ལ་བརྟེན་པའི་ཡེ་ཤེས་བསྐྱེད་དུ་མེད་པ་དགོངས་པ་གཅིག་ཏུ་སྣང་སྟེ། ཟུང་འཇུག་གསལ་བ་ལས། དེ་བཞིན་ཞེས་བྱ་བའི་སྒྲས་སྔ་མའི་དངོས་པོ་ལས་གཅོད་པའི་ཕྱིར། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གང་ཡིན་པ་དེ་ཉིད་བཞི་པར་འགྱུར་རོ། །ཞེས་དང་། སྨན་པའི་ཞབས་ཀྱིས། ཤེས་རབ་ཡེ་ཤེས་ལས་སྐྱེས་ནི། །བཞི་པ་ཡིན་པར་ཤེས་པར་བྱ། །ཞེས་དང་། གྲུབ་ཆེན་དྲིལ་བུ་པས། རིམ་པ་གསུམ་པོ་དེའི་བླ་མ། །མན་ངག་གིས་ནི་འདིར་ཤེས་བྱ། །འདི་ནི་རང་ཉིད་མཛེས་མ་སྟེ། །ཕྱི་རོལ་ཡུལ་ནི་སྤངས་པའོ། །ཞེས་སོགས་ཏེ། སྔར་དྲངས་པའི་རྩ་བཤད་ཀྱི་རྒྱུད་ཀྱི་དོན། དཀྱིལ་ཆོག་གཉིས་དང་། རྗེ་བཙུན་རྩེ་མོས་འགྲེལ་ཚུལ་ལས་ཤེས་སོ། །གསུམ་པ་ཚིག་གིས་ངོ་སྤྲད་དེ་རྟོགས་པ་བསྐྱེད་པའི་ཚུལ་ནི། རྗེ་བཙུན་གྱིས། དེ་ནས་རྗེས་སུ་བསྟན་པ་ཚིག་ཉིད་ཡིན་ཏེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་པའི་ཚིགས་བཅད་བརྗོད་དེ། དེ་དག་གི་དོན་ཞིབ་ཏུ་བཤད་ལ་རྟོགས་པ་བསྐྱེད། དེ་ནས་དོན་བསྐྱེད་པའི་ཕྱིར་སྣ་རྩེ་ནས་སོར་བཞི་ཙམ་གྱི་ནམ་མཁའ་ལ་བློ་ཅུང་ཟད་བཞག དེ་ནས་སོར་བརྒྱད་ཙམ། དེ་ནས་རིམ་གྱིས་ནམ་མཁའི་མཐའ་བརྟགས་ཏེ། ནམ་མཁའ་ལ་ཐོག་མཐའ་མེད་པ་བཞིན། སེམས་ཀྱི་ཐོག་མཐའ་མེད་པར་བསྟན། ནམ་མཁའ་ལ་འདུས་བྱས་ཀྱི་གནོད་པས་མི་ཚུགས་པ་བཞིན། སེམས་ཀྱང་གློ་བུར་གྱི་རྐྱེན་གྱིས་མི་འཇིག ནམ་མཁས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་བཞིན། སེམས་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ། ནམ་མཁའ་ཁ་དོག་དང་དབྱིབས་ལ་སོགས་པ་དང་བྲལ་བ་བཞིན། སེམས་གཟུང་འཛིན་ལ་སོགས་པའི་རྣམ་རྟོག་མ་ལུས་པས་སྟོང་པར་བསྟན་ཏོ། །ཡང་ཐོག་མཐའ་མེད། སྐྱེ་འཇིག་མེད། མཐའ་དབུས་མེད། འགྲོ་འོང་མེད། ཅེས་ཀྱང་བརྗོད་དོ། །དེའི་ངང་ལ་འབད་རྩོལ་གློད་དེ་ཅུང་ཞིག་གཞག་གོ །དེ་ནས་སྔར་བཤད་པ་ལྟར་གྱི་ཚིག་གི་བཞི་པ་སོགས་ལྔ་པོ་ངོ་སྤྲད་པར་གསུངས་སོ། །གསུམ་པ་མཐའ་བརྟེན་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞེས་སོགས་བརྗོད་དེ། དོན་ནི་མདོར་ན་ཁྱོད་སྲིད་པ་ཤིན་ཏུ་དག་པ་བླ་ན་མེད་པའི་བྱང་ཆུབ་ཏུ་འགྱུར་ཞེས་གསུངས་པ་སྟེ། ལུང་བསྟན་པ་དང་། དབུགས་དབྱུང་བ་དང་། གཟེངས་བསྟོད་པ་གསུམ་ཀའང་འདྲ་བ་ཡིན་ནོ། །བཞི་པ་དབང་གི་རྟོགས་པ་བསྐྱེད་པ་ནི། ཁྱོད་ཀྱིས་དཀྱིལ་འཁོར་རྣམ་པ་བཞི་ལས། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་དང་མཐོང་བ་ཡིན་ནོ། །ཞེས་སོགས་སྔ་མ་ལ་རིགས་བསྒྲེས་ཏེ་ཤེས་པར་བྱའོ། །དེ་ནས་སློབ་མས་དམ་ཚིག་དང་སྡོམ་པ་མདོར་བསྡུས་ཏེ་གཟུང་བ་དང་། གཏང་རག་གི་མཎྜལ་དང་། ལུས་དང་ལོངས་སྤྱོད་འབུལ་བ་རྣམས་བྱས་ནས། བླ་མའི་ཞབས་ལ་ཕྱག་བྱའོ། །བརྒྱད་པ་དཀྱིལ་འཁོར་ཆེན་པོའི་མཇུག་གི་ཆོ་ག་ནི། རིན་ཆེན་འབར་བ་ལས། སློབ་མའི་བྱ་བ་རྫོགས་རྗེས་སུ། །དཀྱིལ་འཁོར་མཆོད་བསྟོད་ལེགས་བྱས་ལ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བརྗོད་དེ་ལྷ་ཡི་འཁོར་ལོ་གཤེགས། །དམན་མ་ཆུ་བོ་ཆེན་པོར་དོར། །ཨོཾ་གི་ལི་གི་ལི་ཧཱུྃ་ཛཿསྭཱ་ཧཱ། རྡུལ་ཚོན་བསྡུ་བ་དང་། དོར་བའི་སྔགས་སོ། །ཞེས་གསུངས་པ་དང་མཐུན་པར་མཆོད་པ་རྣམས་གསར་པ་བཤམ། བྱིན་རླབས་སྔོན་དུ་འགྲོ་བས་ཕྱི་དང་། ནང་དང་། ཡིད་ལས་འབྱུང་བ་དང་། བསྟོད་པའི་མཆོད་པ་རྣམས་བྱས་ནས། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཉམས་པ་དང་། །ཞེས་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་ནས། རྡོ་རྗེ་དྲིལ་བུ་འཛིན་པས། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་མདུན་དུ་ལངས་ཏེ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། ཡི་གེ་བརྒྱ་པའི་མཐར་བཛྲ་མུཿ ཞེས་བརྗོད་དེ་དཀྱིལ་འཁོར་དང་བུམ་པའི་ལྷའི་ཡེ་ཤེས་པ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཤེགས་སུ་གསོལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་དམ་ཚིག་པ་བདག་གི་ཐུགས་ཀར་བསྡུ། ཨོཾ་ཨ་ཀཱ་རོ་སོགས་དང་། ཨོཾ་གི་ལི་སོགས་བརྗོད་ལ་རྡུལ་ཚོན་དབང་ལྡན་གྱི་རྩིག་པ་དང་པོར་བྲིས་པ་དེ་དང་པོར་གཤེགས་སུ་གསོལ་ལོ། །དེ་ནས་ཅི་བདེ་བར་གཤེགས་སུ་གསོལ་ཏེ། རྡུལ་ཚོན་འདོད་པ་ཡོད་ན་ལྷའི་མཚན་མ་ལས་བླངས་ལ་སྦྱིན། གཞན་ཐམས་ཅད་ཕྱག་ལ་ཆུ་བོ་ཆེན་པོའམ། དེ་མིན་ནའང་ཁྲོན་པ་ལ་སོགས་པར་ཆོ་ག་ཇི་ལྟ་བ་བཞིན་དོར་ཏེ། ཐིག་རྗེས་མི་མངོན་པར་བྱས་ནས་དྲི་ཞིམ་པོས་བྱུགས་པར་བྱའོ། །དེ་ནས་སློབ་མས་དགེ་བའི་རྩ་བ་འཕེལ་བར་བྱ་བའི་ཕྱིར་ཚོགས་ཀྱི་འཁོར་ལོ་དང་། དགེ་འདུན་གྱི་སྟོན་མོ་དང་། བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་པ་ལ་སོགས་པའི་དགའ་སྟོན་ལ་འཇུག་པར་བྱའོ། །རྨད་བྱུང་བརྒྱུད་པའི་གསེར་གྱི་ས་གཞིར་རྣམ་མང་རྒྱུད་སྡེའི་ཆུ་འཛིན་སྟོང་གིས་བསྐྲུན། །མན་ངག་རིན་ཆེན་ཁྲི་ཡི་དཔལ་ཡོན་དང་ལྡན་ཡེ་ཤེས་ཀླུ་དབང་རོལ་པའི་གནས། །དབང་གི་ཆུ་བོའི་རྣམ་བཤད་རྒྱ་མཚོ་འདི་ནི་རང་ཉིད་དྲན་པ་གསོ་ཕྱིར་དང་། །བདག་དང་སྐལ་བ་མཉམ་པ་གཞན་ལ་ཕན་པར་འགྱུར་བའི་བློ་ཡིས་སྦྱར། །ལེ་ལོའི་དབང་གིས་འཇིག་རྟེན་དོན་གཉེར་དང་། །བག་ཆགས་དབང་གིས་སྨྲ་ངན་ལ་ཞེན་རྣམས། །ལེགས་བཤད་འདི་ཡིས་མགུ་བར་མི་འགྱུར་ཡང་། །སྐལ་ལྡན་གཟུར་གནས་འགའ་ལ་ཕན་པར་སེམས། །རང་ལྟ་མཆོག་བཟུང་དྲི་མ་རྒྱང་བསྲིངས་ནས། །གྲུབ་མཐའི་བཀའ་སྲོལ་མཆོག་གི་རྗེས་འབྲང་སྟེ། །རྡོ་རྗེ་འཛིན་པའི་ས་བརྙེས་ཡོངས་འཛིན་གྱི། །གསུང་ལ་བརྟེན་ཕྱིར་ཉེས་པ་མེད་སྙམ་སེམས། །དེ་ལྟ་ན་ཡང་བྱིས་པའི་བློ་གྲོས་ཀྱིས། །ཟབ་ཡངས་རྒྱུད་སྡེའི་གཏིང་མཐའ་མི་དཔོགས་པས། །ཉེས་པ་མཆིས་གང་བླ་མ་མཁའ་འགྲོ་དང་། །གཟུར་གནས་མཁས་པའི་ཚོགས་ལ་བདག་འཆགས་སོ། །འདི་སྦྱར་དགེ་བས་བདག་གཞན་འགྲོ་བ་ཀུན། །བདེ་བ་ཅན་ཞེས་གྲགས་པའི་ཞིང་བཟང་དེར། །པདྨོའི་སྙིང་པོར་རྫུས་ཏེ་སྐྱེས་ནས་ཀྱང་། །འོད་དཔག་མེད་པའི་ཞལ་མཆོག་མཐོང་བར་ཤོག །གནས་སྐབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་ཀུན་སྤངས་ནས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་། བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །དཔལ་ཀྱེ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་མོའི་རྣམ་པར་བཤད་པ་བདེ་ཆེན་རྒྱ་མཚོ་ཞེས་བྱ་བ་འདི་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་རྗེ་བཙུན་དམ་པ་ཀུན་དགའ་བཟང་པོ་ཡབ་སྲས་ཀྱི་གསུང་གི་བཀའ་དྲིན་ལ་བརྟེན་ནས། རྒྱུད་སྡེའི་དོན་ལ་བློ་ཁ་ཅུང་ཟད་ཕྱོགས་པ་མང་དུ་ཐོས་པའི་དགེ་སློང་བསོད་ནམས་སེང་གེས་མེ་མོ་ལུག་གི་ལོ་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་ཐུབ་བསྟན་རྣམ་པར་རྒྱལ་བའི་དགོན་པར་སྦྱར་བའི་ཡི་གེ་པ་ནི་གཞོན་ནུ་བཟང་པོའོ། །དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག །རྒྱལ་བ་ཀུན་གྱི་གསང་ཆེན་མཛོད། །བླ་མེད་མཆོག་གི་བསྟན་པ་ནི། །ཇི་ལྟར་མཁའ་ལ་ཉི་ཤར་བཞིན། །ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག། །།