Nitartha Digital Library
Tibetan
༄༅། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

2 occurrences of བརྒྱུད་གསུམ་
[Clear Hits]


 
༄༅། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།


2 occurrences of བརྒྱུད་གསུམ་
[Clear Hits]

 
no previous༄༅། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། no next

༄༅། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།།

༄༅། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ཞེས་བྱ་བ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་བདག་ཉིད་བླ་མ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་བརླབ་ཏུ་གསོལ། པདྨོ་ལས་འོངས་འཁོར་ལོ་འཛིན་བརྩོན་མགྲིན་སྔོན་མེ་དང་མིག་སྟོང་ལྷ་མིན་མི་དང་ལྟོ་འགྲོའི་དབང་། །རྒྱལ་བ་རྒྱལ་སྲས་རང་རྒྱལ་སློབ་མར་བཅས་པའི་གཙུག་གི་རྒྱན་གྱུར་བླ་མ་རིན་ཆེན་དང་། །སྲིད་པའི་མཚན་མོར་ཀུན་རྨོངས་མུན་པས་བློ་མིག་ལྡོང་རྣམས་གང་གི་བཀའ་དྲིན་ཐོབ་པའི་སྐད་ཅིག་ལ། །པདྨོའི་དཔལ་བཞིན་བློ་རྣམས་འབྱེད་མཛད་བཅོམ་ལྡན་འཇམ་དབྱངས་ཡེ་ཤེས་ཉི་མ་དེ་ལ་ཕྱག་འཚལ་ལོ། །དཔག་ཡས་བློ་མངའ་སྤྲོས་པའི་རྡུལ་བྲལ་ཞི་བའི་ལྷས། །འགྲོ་བའི་རྩ་ལག་ཀུན་མཁྱེན་གསུང་རབ་ཟབ་ཡངས་ལས། །རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་ཕ་རོལ་ཕྱིན་པ་དྲུག །ལེགས་འོངས་དཔལ་ལྡན་ཡོན་ཏན་རྒྱ་མཚོའི་གསུང་བཞིན་བཤད། །རྒྱལ་སྲས་དམ་པ་བློ་གྲོས་མི་ཟད་པ་ཞེས་གྲགས་པ་འདིས། རྒྱལ་སྲིད་ཀྱི་དཔལ་ཕུན་སུམ་ཚོགས་པ་རྩྭ་ལྟར་དོར་ཏེ། བརྟུལ་ཞུགས་དྲི་མ་མེད་པའི་ཁུར་བླངས་ནས། དགེ་བའི་བཤེས་གཉེན་གྱི་གདམས་པ་ལ་བརྩོན་པ་དམ་པས་བསྐྲུན་པ་ལས། མགོན་པོ་འཇམ་པའི་དབྱངས་ཀྱི་ཡེ་ཤེས་གཟིགས་པ་ཞུགས་ཤིང་བརྙེས་པ་དང་། གཞན་ཡང་ངོ་མཚར་བའི་མཛད་པ་དུ་མས་ཀུན་ནས་མཛེས་པའི་བདག་ཉིད་ཆེན་པོ་དེས། བྱང་ཆུབ་སེམས་དཔའི་བསླབ་པ་ལ་མདོ་སྡེ་དུ་མ་ཚད་མར་གྱུར་པས་འཇུག་པ། བསླབ་པ་ཀུན་ལས་བཏུས་པ་དང་། མདོ་ཀུན་ལས་བཏུས་པ་གཉིས་མཛད་ལ། སླར་ཡང་དེ་དག་གི་དོན་བསྡུས་ཏེ། སློབ་པ་པོ་རྟེན་གྱི་གང་ཟག བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག སྒྲུབ་བྱེད་བྱང་ཆུབ་མཆོག་གི་སེམས་གསལ་བར་སྟོན་པའི་གཞུང་འདི་མཛད་དོ། །དེ་གཏན་ལ་འབེབས་པར་འདོད་པས། པཎྜི་ཏ་ཆེན་པོ་བྷ་ཌནྟ་ཞེས་བྱ་བའི་རྗེས་འབྲང་ཁ་ཅིག རྩོམ་པ་དང་འབྲེལ་བ་ཀླད་ཀྱི་དོན། གཞི་རྟེན་གྱི་གང་ཟག ཉེ་བར་ལེན་པའི་རྒྱུ་སེམས་བསྐྱེད་པ། ལྷན་ཅིག་བྱེད་པའི་རྐྱེན་བསླབ་པ་བསྒྲུབ་པ། བསྒྲུབས་པའི་འབྲས་བུ་མངོན་པར་གྲུབ་པ་དང་ལྔའོ། །དང་པོ་ནི། གཞུང་ལ་དངོས་སུ་གནས་པ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་ཁེངས་བསྐྱུང་བ་དང་བཅས་པ་དང་། ཤུགས་ཀྱིས་བསྟན་པ་དགོས་འབྲེལ་གཉིས་ཀྱིས་བསྟན་ལ། དལ་འབྱོར་གྱིས་གཞི་རྟེན་གྱི་གང་ཟག་བསྟན་ཅིང་། དེ་ནས་ལེའུ་གསུམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཤད་ནས། ལྷན་ཅིག་བྱེད་པའི་རྐྱེན་བསླབ་པ་བསྒྲུབ་པ་ལ། ཐུན་མོང་གི་རང་བཞིན་དང་། སོ་སོའི་རང་བཞིན་ལས། སྔ་མ་ལེའུ་བཞི་པ་དང་ལྔ་པས་བསྟན་ཅིང་། གཉིས་པ་ལ་གཉེན་པོ་འགྲུབ་པ་དང་གནས་པའི་གེགས་སྤང་བ་བཟོད་པ། རྗེས་སུ་མཐུན་པའི་སྦྱོར་བ་བསྟེན་པ་བརྩོན་འགྲུས། གཉེན་པོའི་རང་བཞིན་བསམ་གཏན་དང་ཤེས་རབ་བོ། །དེ་ལ་ཤེས་རབ་གཙོ་བོ་ཉིད་དུ་བསྟན་པ། དེའི་རང་བཞིན་སྟོང་པ་ཉིད་ཤེས་པ་ཡིན་པ། སྟོང་པ་ཉིད་བསྒོམ་པ་ལ་འཇུག་ཚུལ། དངོས་པོར་འཛིན་པ་དགག་པ། སྟོང་ཉིད་བསྒོམ་པའི་འབྲས་བུ་དང་ལྔ་ཞེས་འཆད་པ་ནི་རྩོམ་པ་པོའི་དགོངས་པ་མ་ཡིན་ཞེས་བདག་གི་བླ་མས་རྒྱུ་མཚན་དང་བཅས་ཏེ་གསུངས་མོད་ཤེས་རབ་ལེའུའི་སྐབས་སུ་བརྗོད་པར་བྱའོ། །ཡང་ཇོ་བོ་པུཎྱ་ཤྲཱི་མི་ཏྲ་གཞུང་འདི་བསླབ་པ་གསུམ་གྱིས་བསྡུས་པར་བཞེད་དེ། དེའང་ཐོག་མའི་ལེའུ་དྲུག་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། བསམ་གཏན་ཏིང་འཛིན། ཤེས་རབ་ཀྱིས་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་གསུམ་ཀའི་གྲོགས་ཞེས་བཤད་དོ། །འདིར་བདག་གི་བླ་མའི་གསུང་གིས་བྲམ་ཟེ་ནག་པོ་ཞབས་ཀྱིས་བསྟན་བཅོས་འདི་ལ་ལུས་གསུམ་དུ་བཤད་དེ། བསྟན་བཅོས་འབྱུང་བའི་རྒྱུ་བསྟན་པ། གཞུང་ཕ་རོལ་ཏུ་ཕྱིན་པ་དྲུག་གཏན་ལ་དབབ་པ། བརྩམས་པ་མཐར་ཕྱིན་པའི་བྱ་བ་ཞེས་བཞེད་ལ། དེ་ཉིད་སྔ་མ་དང་ཡང་དོན་མཐུན་ཏེ། བཅོམ་ལྡན་འདས་བྱམས་པས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོས་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་ལ། དེ་ཉིད་ཚོགས་གཉིས་སུ་འདུས་ཏེ། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་གསུངས་སོ། །རྩོམ་པ་པོས་ཀྱང་གཞུང་འདི་བསླབ་པ་གསུམ་མམ་ཚོགས་གཉིས་སུ་དོན་གྱིས་གནས་ཀྱང་། དངོས་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་དགོངས་ཏེ། དེ་ལ་ཉེ་བར་ལེན་པའི་རྒྱུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེའུ་གསུམ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། བག་ཡོད་པ་དང་དྲན་ཤེས་བཞིན་ཏེ། ལེའུ་གཉིས་ཚུལ་ཁྲིམས་ཏེ། བསླབ་བཏུས་ལས་འདིའི་ཐོག་མའི་ལེའུ་གསུམ་གྱི་བརྗོད་བྱ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་གསུངས། འདིའི་ལེའུ་བཞི་པ་དང་ལྔ་པའི་དོན་ལེའུ་བདུན་དུ་མཛད་དེ། ཚུལ་ཁྲིམས་ཀྱི་ལེའུ་ཞེས་གསུངས་ཤིང་། བཟོད་པ་དང་བརྩོན་འགྲུས་རང་མིང་གིས། བསམ་གཏན་ལ་དབེན་པ་དང་། རྟེན་འབྲེལ་ཞེས་དང་། ཤེས་རབ་ལ་བདག་མེད་གཉིས་ཞེས་གསུངས་སོ། །དེ་ཡང་ཅིས་མངོན་ཞེ་ན། དེའི་ལེའུ་དང་པོར་འཕགས་པ་སྡོང་པོ་བཀོད་པའི་མདོའི་བྲམ་ཟེ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས། མི་ཁོམས་པ་བརྒྱད་ལས་ལོག་པ་ཡང་རྙེད་པར་དཀའ། མིར་གྱུར་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་རྟེན་གྱི་གང་ཟག་བསྟན་ནས། དེ་དང་ལྡན་པས་རྩ་བ་དད་པ་བརྟན་པོ་ལ་བརྟེན་ནས་སེམས་བསྐྱེད་པར་བྱའོ་ཞེས་སྟོན་པས། དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་པ་ལས། དེ་ཉིད་དཀོན་མཆོག་ཏ་ལ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ནས། །སྐྱེས་བུ་ཆེན་པོ་རྣམས་ཀྱིས་སེམས་སྐྱེ་འོ། །དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་དད་པའི་རྩ་བ་བརྟན་པར་བྱས་ནས། དེས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་ཐོག་མར་ཕན་ཡོན་བསྟན་པ། མདོ་སྔ་མ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ་ཞེས་བྱ་བ་ལ་སོགས་པས་སྤྲོ་བ་བསྐྱེད་དེ། དངོས་གཞི་བྱང་ཆུབ་ཏུ་སེམས་བསྐྱེད་པའང་། སེམས་ཅན་ཆེན་པོ་དག་དེ་ལྟ་བུ་ཐོས་ནས། བྱང་ཆུབ་སེམས་པའི་སྤྱོད་པ་དཀའ་བ་ཡང་ཤེས་རབ་ཀྱིས་རྟོགས་པར་བྱས་ནས་སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པའི་ཁུར་ཁྱེར་བར་སྤྲོ་བ་དེ། ཕྱག་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་སྦྱོར་དངོས་རྗེས་གསུམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་ལྟ་བུའི་སེམས་དང་ལྡན་པས། བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་གཏང་བ་དང་། །དེ་བསྲུང་དག་དང་སྤེལ་བའོ། །འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་བསྡུས་པ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་མདོར་བསྟན་ཅིང་དེ་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་མདོ་ལས། དེ་ལྟར་ཡང་ཆུབ་སེམས་དཔའ་བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་བ་ན་ཞེས་བྱ་བ་ལ་སོགས་པས་གཏོང་བ་གསུམ་རྒྱས་པར་བཤད་ནས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པའི་དོན་ལེའུ་དང་པོས་དད་པའི་རྩ་བ་བརྟན་པས་ཕན་ཡོན་དྲན་པ། གཉིས་པ་དང་གསུམ་པས་བྱང་ཆུབ་ལ་བློ་བརྟན་པ་སེམས་བསྐྱེད་བསྟན་ཏོ། །དེ་ནས་ལེའུ་གཉིས་པར་དེ་ལྟར་ལུས་དང་ལོངས་སྤྱོད་ལ་སོགས་པ་གཏང་བ་འདི་དག་ཀྱང་བསྲུང་བར་བྱ་སྟེ། ཞེས་མཚམས་སྦྱར་ནས། སྡོང་པོ་བཀོད་པའི་མདོའི་དཔལ་འབྱུང་གི་རྣམ་པར་ཐར་པ་ལས་རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་བསམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ་ཞེས་བྱ་བ་ནས། རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་གཅད་པར་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང་། ཞེས་བྱ་བ་ལ་སོགས་པས་དགེ་བའི་བཤེས་གཉེན་བསྟེན་ཚུལ་བསྟན་ནས། ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ། མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་ཀུན་ཏུ་སྤྱད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་བཅས་སོ་ཞེས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་མདོ་བལྟ་བའི་འཐད་པ་བསྟན། ལེའུ་གསུམ་པ་ལས་དེ་ལ་ལུས་བསྲུང་གང་ཞེ་ན། གནོད་འགྱུར་སྤོང་བ་གང་ཡིན་པའོ། །དེ་ཡང་འཕགས་པ་ནམ་མཁའ་མཛོད་ཀྱི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ནས་གནོད་འགྱུར་གྱི་ཆོས་བཅུ་གསུམ་སྤང་བར་གསུངས་ཏེ། འདི་ལྟར་བདུད་ཀྱི་ལས་ཀྱི་གནོད་པ་སྤང་བ་དང་། བྱང་ཆུབ་ཀྱི་སེམས་བརྗེད་པའི་གནོད་པ་སྤང་བ་དང་། སྤྲོ་བ་མེད་པའི་གནོད་པ་སྤང་བ་དང་། སེམས་ཅན་གྱི་དོན་ལ་འཁྲུལ་པའི་གནོད་པ་ལ་སོགས་པ་རྒྱ་ཆེར་བཤད་ནས། ཡུམ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་ནས་རིང་པོར་མ་ལོན་པ་དེ་ལ་བདུད་སྡིག་ཅན་ཤིན་ཏུ་བརྩོན་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པས་བདུད་ཀྱི་ལས་དང་། དེ་སྤང་བའི་ཐབས་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། དེས་ཆོས་དང་མཐུན་པ་དང་། ཆོས་ཉན་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་ལ་ཞལ་ཏ་བྱེད་པ་བསྟན་ཏོ་ཞེས་བྱ་བ་ལ་སོགས་པས་ཆོས་སྨྲ་བ་ལ་གུས་པར་བྱ་བ་བསྟན། ལེའུ་བཞི་པར་གཞན་ཡང་མདོ་སྡེ་དག་ལས་གནོད་པ་ཆེན་པོ་དག་གསུངས་ཏེ། རེ་ཞིག་འཕགས་པ་ནམ་མཁའི་སྙིང་པའི་མདོ་ལས། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། རྩ་བའི་ལྟུང་བ་དེ་དག་གིས་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ། ཕམ་པར་འགྱུར་ཞིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ལས་ལྟུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ། །ལྔ་གང་ཞེ་ན། ཞེས་པ་ལ་སོགས་པས་སྔ་མ་རྣམས་ཀྱི་བསླབ་བྱ་རྒྱས་པར་བསྟན་ཏོ། །ལེའུ་ལྔ་པར་གཞན་གྱི་སྐྱོན་ལ་མི་བརྟག་པ་ལ་སོགས་པ་བསྟན་ཏེ། དེའང་ལྷག་པའི་བསམ་པ་ལ་བསྐུལ་པའི་མདོ་ལས་ཇི་སྐད་དུ། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དག གནོད་པ་འདི་ལྟ་བུ་དག་ཐོས་ནས་སྐྲག་སྟེ། ཡི་དམ་བླང་བར་གསུངས་པ་དེ་བཞིན་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་བག་ཡོད་རྒྱས་པར་བསྟན། ལེའུ་དྲུག་པར་དེའང་རྟག་ཏུ་དྲན་པས་འགྲུབ་ཅེས་བྱའོ། །དྲན་པ་བཅུ་གཉིས་པོ་འདི་དག་ནི་འབྲས་བུ་མེད་པའི་སྤྱོད་པ་སྤང་བར་འགྱུར་བ་སྟེ་ཞེས་བྱ་བ་ལ་སོགས་པ་དྲན་པ་དང་ཤེས་བཞིན་གྱིས་སྒོ་གསུམ་མི་དགེ་བ་ལས་བསྲུང་བ་བསྟན། ལེའུ་བདུན་པར། ལེགས་སྤྱད་དག་ལ་བརྩམ་པར་བྱ། །ཐམས་ཅད་ལ་ཡང་ཚོད་རིག་བྱ། །དེ་ལྟར་བསླབ་པའི་གཞི་འདི་ལས། །དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། །ཞེས་བྱ་བའི་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཤིན་ཏུ་བརྟགས་ཏེ་ལས་བྱེད་པ་དང་། ལེགས་པར་བྱེད་པའི་ལས་བྱེད་པ་ཞེས་བསླབ་པའི་གཞི་གསུངས་པས། ལོངས་སྤྱོད་རྣམས་གཞག་ཉེས་པ་དང་། མ་བརྟགས་པ་དང་། གཡེལ་བ་བཀག་པར་གྲུབ་པ་ཡིན་ནོ། །ཡང་མདོ་དེ་ཉིད་ལས། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་རྣམས་ཡང་དག་པར་ཡོངས་སུ་སྤྱད་པ་ཞེས་གསུངས་ཏེ། ཅི་ནས་ཀྱང་བདག་དང་གཞན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་། ཐོས་པ་ལ་སོགས་པའི་བར་ཆད་དུ་འགྱུར་བའི་གཏོང་བའམ་མི་གཏོང་བ་གཉིས་ཀ་མི་བྱའོ། །ལོངས་སྤྱོད་དང་དགེ་བ་བསྲུང་བ་སྟེ། བསོད་ནམས་མི་ཉམས་པར་བསྲུང་ཚུལ་བསྟན། འདིར་བག་ཡོད་ཀྱིས་བསྲུང་བ་མདོར་བསྟན། ཤེས་བཞིན་གྱིས་བསྲུང་བ་རྒྱས་པར་བཤད་ལ། དག་པ་གསུམ་ལས་ལུས་དག་པའི་ཕྱོགས་གཅིག་སྡིག་པ་དག་ལ། ལེའུ་བརྒྱད་པར། ལུས་དག་པ་ནི་སྡིག་པ་སྦྱང་བ་ལ་སོགས་པ་སྟེ། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་འདི་སྐད་དུ། གང་ཡང་གྲོང་ཁྱེར་ཆེན་པོ་དག་གི་དུར་ཁྲོད་ཆེན་པོའི་སྲོག་ཆགས་བརྒྱ་སྟོང་དུ་མས་གང་བར་གྱུར་པ་དེར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་གི་ལུས་ཆེན་པོ་ཤི་ཞིང་དུས་ལས་འདས་པར་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་དང་། ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོས་བཅས་པའི་ལྟུང་བ་གཉིས་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པའོ་ཞེས་བྱ་བ་ལ་སོགས་པས་ལྟུང་བ་འབྱུང་བའི་རྒྱུ་དང་བཤག་ཚུལ་བསྟན་ནས། དེ་ལས་གཞན་པའི་ལྟུང་བ་ལྕི་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་ལ་གཅིག་པུས་ཉིན་མཚན་དུ་ལྟུང་བ་ལྕི་བ་རྣམས་བཤག་པར་བྱའོ་ཞེས་ཕུང་པོ་གསུམ་པ་འདོན་པའི་ཐབས་དང་བཅས་པས་བསྲུང་བ་གསུམ་བསྟན་ནས། བདུན་པོ་དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས། ལེའུ་དགུ་པར་ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། གནོད་པ་བྱེད་པ་ལ་ཅི་མི་སྙམ་པའི་བཟོད་པ་སྟེ་རྣམ་པ་གསུམ་གསུངས་སོ་ཞེས་བྱ་བ་ལུས་དག་པའི་ཕྱོགས་གཅིག་ཉོན་མོངས་པ་དག་པས་བཟོད་པའི་ལེའུ་བསྟན། ལེའུ་བཅུ་བར་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས་འདི་ལྟར། རིགས་ཀྱི་བུ་ཐོས་པ་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ། །ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ་ཞེས་པ་དང་། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། ཐོས་པའི་རྣམ་པ་ནི་བརྒྱད་ཅུ་སྟེ། འདི་ལྟ་སྟེ། འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། ལྷག་པའི་བསམ་པའི་རྣམ་པ་དང་། སྦྱོར་བའི་རྣམ་པ་ལ་སོགས་པ་དང་། ཡང་དེ་ཉིད་ལས། ཡང་དང་ཡང་ཚོལ་བ་དང་། སེམས་ལ་རྙོག་པ་མེད་པར་བྱེད་པ་དང་། སྒྲིབ་པ་རྣམས་གནོན་པ་དང་། ལྟུང་བ་རྣམས་ལས་བྱུང་བར་ཤེས་ཤིང་། འགྱོད་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་། ནན་ཏན་སྙིང་པོར་བྱེད་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། ཆོས་ལ་བབ་པ་ལ་སོགས་པ་ཐོས་པ་བཙལ་བའི་སྒོ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན། ལེའུ་བཅུ་གཅིག་པར་དེ་ལྟར་དྲག་ཤུལ་ཅན་གྱིས་ཞུས་པའི་ཚུལ་གྱིས་ཁྱིམ་གྱི་སྐྱོན་རྣམས་བསྒོམས་ཏེ་དགོན་པ་ལ་གནས་པར་བྱ་བར་ངེས་སོ་ཞེས་ཏེ། ཇི་སྐད་དུ། ཟླ་བ་སྒྲོན་མའི་མདོ་ལས། འདོད་པ་དག་ནི་རབ་ཏུ་སྟེན་བྱེད་ཅིང་། །བུ་དང་ཆུང་མ་དག་ལ་སྲེད་བྱས་ནས། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་འཐོབ། །གང་དག་འདོད་པ་ལྕི་སྐམས་མེ་བཞིན་སྤོང་། །བུ་དང་ཆུང་མ་དག་ལ་སྲེད་སྤངས་ནས། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་འབྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་བྱ་བ་ལ་སོགས་པ་དང་། དབེན་པར་གནས་པའི་ཕན་ཡོན་ཡང་མདོ་དེ་ཉིད་ལས། གང་དག་དགའ་དང་མི་དགའ་ཅུང་ཟད་མེད། །གང་དག་ནགས་དང་རི་སུལ་ལ་དགའ་བ། །དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ། །དགེ་སྦྱོང་ཉིད་ཀྱིས་རབ་བདེ་མྱོང་བར་འགྱུར། །བདག་དང་བདག་གིར་བྱེད་པ་ཅི་ཡང་མེད། །ཡང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ །ཞེས་དང་། ཡང་། དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད། །ནགས་ལ་གནས་ཤིང་རྣམ་གྲོལ་སྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདི་ཀུན་འབྱུང་། །ཞེས་དང་། དྲག་ཤུལ་ཅན་གྱིས་ཞུས་པ་ལས། བདག་ནི་སེམས་ཅན་དང་འདྲེ་བར་མི་བྱའོ། །བདག་གིས་སེམས་ཅན་གཅིག་གི་དགེ་བའི་རྩ་བ་བསྐྱེད་པར་མི་བྱའོ་ཞེས་བྱ་བས་དབེན་པར་གནས་པའི་ཚུལ་བསྟན་ནས། ལེའུ་བཅུ་གཉིས་པར་དེ་ལྟར་དགོན་པ་ལ་གནས་ནས་མཉམ་པར་གཞག་པ་ལ་བརྩོན་པར་བྱ་སྟེ། བཅོམ་ལྡན་འདས་མ་ལས། དེས་སེམས་ཅན་དེ་དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེང་བ་ལ་ནི་འཇིག་རྟེན་པའི་བསམ་གཏན་སྐྱེ་བ་ཡང་དཀོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་ཞེས་དང་། ཡང་དེ་ཉིད་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་བསམ་གཏན་ལ་སྙོམས་པར་འཇུག་སྟེ། དེ་མིག་གིས་གཟུགས་རྣམས་མཐོང་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་ནས། ཡང་གཏི་མུག་གི་ཕྲ་རྒྱས་ཀྱི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བལྟ་བའོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སཱ་ལུ་ལྗང་བའི་མདོ་ལས་བསྟན་པ་སྟེ། དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པའི་བར་དུའོ་ཞེས་བྱ་བ་ལ་སོགས་པ་རྟེན་འབྲེལ་རྒྱས་པར་བཤད་ནས་འདི་ནི་གཏི་མུག་སྦྱང་བ་མདོར་བསྡུས་པའོ་ཞེས་དང་། ཡང་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་བར་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ་ཞེས་པ་ལ་སོགས་པ་དང་། ཡང་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ་ཞེས་བྱ་བ་སོགས་པས་རྟེན་འབྲེལ་སོ་སོའི་ངོ་བོ་དང་སྒོམ་ཚུལ་བསྟན་ཏེ། དེ་གཉིས་ཀྱིས་བསམ་གཏན་བསྟན་ནས། སེམས་ཡོངས་སུ་སྦྱང་པའི་ལེའུ་ཞེས་གསུངས་སོ། །ལེའུ་བཅུ་གསུམ་པར་དེ་ལྟར་སེམས་ལས་སུ་རུང་བས་དྲན་པ་ཉེ་བར་གཞག་པ་ལ་འཇུག་སྟེ་ཞེས་བྱ་བ་ནས་རྒྱས་པར་གསུངས་ཏེ། མཐར། ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ཀྱི། །རྐྱེན་ནི་མ་རིག་པ་དང་སྲེད་པ་ལས། །དེ་དག་ཚོགས་པ་སེམས་ཅན་ཞེས་བརྗོད་ཀྱང་། །དེ་ནི་དམ་པའི་དོན་དུ་དམིགས་སུ་མེད། །ཅེས་གང་ཟག་གི་བདག་མེད་བསྟན་ནས། ལེའུ་བཅུ་བཞི་པར་དྲན་པ་ཉེ་བར་གཞག་པ་བསྟན་ཟིན་ཏོ། །དེ་ལྟར་སེམས་འོས་སུ་གྱུར་ནས། ཡང་སྟོང་པ་ཉིད་དུ་འཇུག་པར་བྱ་སྟེ། གང་ཟག་སྟོང་པ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རྩ་བ་ཆད་པས་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་ངོ་། །འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲ་མོ་ཐམས་ཅད་བསྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་དང་། ཡུམ་ལས། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སྐུ་ཡོངས་སུ་བསྒྲུབ་པར་འདོད་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འདོད་པ་དང་། སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མི་བརྗེད་པ་ཐོབ་པར་འདོད་པ་དང་། སྡིག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོ་ཐམས་ཅད་ཡོངས་སུ་སྤང་བར་འདོད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན་ཐམས་ཅད་མཉེས་པར་བྱ་བ་འདོད་པ་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་གདུལ་བར་འདོད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བར་འདོད་པ་དང་། ཆོས་ཐམས་ཅད་སྒྲིབ་པ་མེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཞུགས་པ་དེ་དག་བདག་གི་བསྔགས་པ་བརྗོད་དོ་སྙམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བཤད་ནས། དེ་ལྟར་ཆོས་ཐམས་ཅད་བདག་མེད་ཀྱང་ལས་དང་འབྲས་བུ་མི་འགལ་བ་དང་། རང་བཞིན་མེད་ཀྱང་ཅི་ལྟར་མཐོང་བཞིན་པའི་ཆོས་ཐམས་ཅད་མི་འགལ་བར་བསྟན་པ་ནི། ཡབ་སྲས་མཇལ་བ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ། རེག་པའི་སྐྱེ་མཆེད་དྲུག་པ། ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ། །རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཞེས་གང་བསྟན་པ་དེ་ཅི་ལས་བརྩམས་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ །དྲུག་གང་ཞེ་ན་འདི་ལྟ་སྟེ། སའི་ཁམས་ནས་རྒྱས་པར་བཤད་དོ། །མདོ་དེ་ཉིད་དུ་ལྗོན་པས་ཞུས་པ་ལས། དཔེར་ན་རང་བཞིན་སྟོང་པ་ཡི། །མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །ཞེས་དང་། ཡང་རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་བར་ནི་རྣམ་པར་ཐར་པ་ལ་མངོན་པར་ཕྱོགས་པ། ཆོས་ཀྱི་དབྱིངས་སུ་ངེས་པ། ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ། གདགས་སུ་མེད་པ། ཐ་སྙད་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པའོ་ཞེས་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། གཞན་དུ་ན་མིང་ཙམ་དང་། བཏགས་པ་ཙམ་དང་། ཐ་སྙད་ཙམ་དུ་མཐོང་བ་ནི་མ་མཆིས་པ་ལགས་སོ། །མིང་དེ་ཡང་མིང་མ་མཆིས་པའོ། །བཏགས་པ་ཡང་བཏགས་པ་མ་མཆིས་པའོ། །ཐ་སྙད་ཀྱང་ཐ་སྙད་མ་མཆིས་པའོ། །ཆོས་མཐོང་བས་སངས་རྒྱས་མཐོང་བའོ། །སངས་རྒྱས་མཐོང་བས་སེམས་ཅན་མཐོང་ངོ་། །སེམས་ཅན་ཐམས་ཅད་མཐོང་བས་རྒྱུ་དང་རྐྱེན་མཐོང་ངོ་། །རྒྱུ་དང་རྐྱེན་མཐོང་བས་སྟོང་པ་ཉིད་མཐོང་ངོ་། །སྟོང་པ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ། །བཅོམ་ལྡན་འདས་ཆོས་མ་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས་བདག་མེད་གཉིས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས། ལུས་ཡོངས་སུ་དག་པ་ཞེས་གསུངས་སོ། །དེས་ན་ལུས་ལ་སོགས་པ་གཏང་བ་གསུམ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ། བསྲུང་བ་གསུམ་དང་། ལུས་དག་པའི་ཕྱོགས་གཅིག་སྡིག་པ་སྦྱང་བ། ཕུང་པོ་གསུམ་པའི་མདོ་ལ་སོགས་པས་ཚུལ་ཁྲིམས། དེ་ནས་བཟོད་པ། བརྩོན་འགྲུས། དབེན་པ་བསྟེན་པ་དང་རྟེན་འབྲེལ་བསྒོམ་ཚུལ་གཉིས་བསམ་གཏན། བདག་མེད་གཉིས་ཤེས་རབ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ལེའུ་བཅུ་བཞིར་ཕྱེའོ་ཞེས་གསུངས་ལ། བདག་ནི་ཕྱོགས་གཅིག་ཉོན་མོངས་པ་དག་པ་བཟོད་པ་དང་། བརྩོན་འགྲུས་ཀྱིས་སྤེལ་བ་གསུམ་བསྡུས་པར་མི་འགལ་ཞེས་ཀྱང་སེམས་སོ། །སྔ་མ་ལྟར་ན་ལེའུ་ཐ་མ་ལྔ་ལས་དག་པ་གཉིས་སྤེལ་བ་གསུམ་གསུངས་པ་ཇི་ལྟར་བསྡུ་ཞེ་ན། འདི་ལྟ་སྟེ། དེའི་ལེའུ་བཅོ་ལྔ་པ་ནས། ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པ་ཤེས་པར་བྱ། །དེའང་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་ཀྱིས་ལོངས་སྤྱོད་ཚོལ་གྱི། ཆོས་མ་ཡིན་པས་མི་འཚོལ་ལོ། །མཐུན་པས་ཚོལ་གྱི། མི་མཐུན་པས་མ་ཡིན་ནོ། །ཡང་དག་པས་འཚོ་བ་ཡིན་གྱི། ལོག་པས་འཚོ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ལོངས་སྤྱོད་དག་པ་བསྟན་པ་སྟེ། འདིར་ཡང་ལེའུ་གསུམ་པར། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཞེས་པ་དང་། ལེའུ་ལྔ་པར། ལོག་པར་ལྟུང་དང་མགོན་མེད་ལ་སོགས་པ་དང་། ལེའུ་དྲུག་པར། བདག་ནི་དེང་ཉིད་ཤི་ཡང་བླའི། །ལོག་འཚོས་ཡུན་རིང་གསོན་ཅི་རུང་། །ཞེས་གསུངས་སོ། །དེའི་ལེའུ་བཅུ་དྲུག་པར། ད་ནི་གསུམ་ཆར་གྱི་འཕེལ་བ་བརྗོད་པར་བྱ་སྟེ། དེ་ཅིའི་སླད་དུ་ཞེ་ན། གཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་བསྐྱེད་མ་ཡིན། །དེ་ཕྱིར་འདི་ནི་འཕེལ་བར་བྱ། །ཞེས་དང་། ལུས་འཕེལ་བྱ་བ་གང་ཞེ་ན། ལེ་ལོ་མེད་དང་སྟོབས་འཕེལ་ཡིན། །དེ་ལ་འཕགས་པ་དཀོན་མཆོག་སྤྲིན་ལས་སྟོབས་གསུངས་ཏེ། བྱང་ཆུབ་སེམས་དཔའི་སྟོབས་ལ་སྟོབས་ཀྱིས་བརྫི་བའི་སེམས་ཅན་ནི་སེམས་ཅན་གྱི་རིས་ན་མེད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའི་མི་ཚུགས་པའི་སྟོབས་ཕུན་སུམ་ཚོགས་པ་ཡིན་ནོ་ཞེས་པ་ལ་སོགས་པ་དང་། དེའི་རྒྱུ་ཡང་འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། མ་སྐྱེས་དགྲས་འཕགས་པ་ལག་ན་རྡོ་རྗེའི་སྟོབས་མཐོང་ནས་ངོ་མཚར་དུ་གྱུར་ཏེ་ཞུས་པས། བཅོམ་ལྡན་འདས་ཀྱིས་ལན་གསུངས་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སྟོབས་འདི་ལྟ་བུ་ཐོབ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་གཏོང་གི དམ་པའི་ཆོས་མི་གཏོང་བ་དང་། སེམས་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་བར་མི་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁོང་ཁྲོ་བར་མི་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་དང་། ལེ་ལོ་མེད་པའང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྟུན་པ་བརྟན་པར་བརྩོན་འགྲུས་བརྩམ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དང་། དེ་དག་གི་གྲོགས་ཡན་ལག་བདུན་པ་བྱ་བ། བཟང་པོ་སྤྱོད་པའི་ཆོ་ག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ། །དེ་ཉིད་གང་ཞེ་ན། དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཉིན་ལན་གསུམ་མཚན་ལན་གསུམ་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ། ཕུང་པོ་གསུམ་པ་བཀླག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་ལ། དེ་ཐམས་ཅད་བསྔོ་བའི་ཚུལ་ཡང་། འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་པའང་། འདིར་ལེའུ་བདུན་པར། ལེ་ལོ་ངན་ལ་ཞེན་པ་དང་། །ཞེས་བྱ་བ་ལ་སོགས་པས་མི་མཐུན་ཕྱོགས་དང་། སྤེལ་བ་དངོས། སྒྱིད་ལུག་མེད་དང་དཔུང་ཚོགས་དང་། །ལྷུར་བླང་བདག་ཉིད་དབང་བྱ་དང་། །ཞེས་དང་། བདག་གིས་ཀུན་ལས་རྒྱལ་བྱ་སྟེ། །བདག་ལས་སུ་ཡང་རྒྱལ་མི་བྱ། །ཞེས་དང་། ཡང་ལེའུ་གཉིས་པར། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །ཞེས་པ་ནས། མཆོད་པ། སྐྱབས་འགྲོ སྡིག་བཤགས་གསུམ། ལེའུ་གསུམ་པར་ཕྱི་མ་བཞི་སྟེ་ཡན་ལག་བདུན་དང་། ལེའུ་ལྔ་པར། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་འདོན་བྱ་ཞིང་། །ཞེས་སོ། །ལེའུ་བཅུ་བདུན་པར། དེ་ལྟར་ཕྱག་འཚལ་བ་ལ་སོགས་པའི་ཕན་ཡོན། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས་འདི་སྐད་དུ། ངས་ནི་གང་དག་བསྟན་པ་ཡི། །མི་ཁོམ་བརྒྱད་པོ་དེ་དག་སྤོང་། །སངས་རྒྱས་འབྱུང་བ་རབ་མཛེས་པ། །མཉེས་པར་བྱེད་འདི་དལ་བ་གཅིག །ཅེས་པ་ལ་སོགས་པ་དང་། སོ་སོའི་ཕན་ཡོན་ཡང་། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་འབུལ་བ་ཕུལ་བྱས་ན། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། དེ་ཉིད་འདིར་ལེའུ་དང་པོ་དང་གསུམ་པར་བསྟན་ཏེ། དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་དང་རྗེས་སུ་འབྲེལ་པས། དེའི་ཕན་ཡོན་དང་ཐུན་མོང་དུ་རྒྱ་ཆེར་གསུངས་ལ། གཉིས་པར། བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱིད། །ཅེས་པ་དང་། གསུམ་པར། འགྲོ་བའི་འཆི་བདག་འཇོམས་བྱེད་པའི། །བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་འགྲུབ་བོ། །ལེའུ་བཅོ་བརྒྱད་པར། དད་པ་ལ་སོགས་རྟག་ཏུ་བསྒོམ། །འདི་ཇི་ལྟར་ཞེ་ན། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་གསུངས་པ་ལྟ་བུ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་རོ། །དད་པ་གང་ཞེ་ན། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང་། མི་བྱ་བ་མི་བྱེད་པའོ། །རྒྱལ་པོ་ཆེན་པོ་གུས་པ་ནི་ཁྱད་པར་དུ་འགྲོ་བ་སྟེ། གུས་པ་གང་གིས་འཕགས་པ་རྣམས་ཀྱིས་ལེགས་པར་བཤད་པ་རྣམས་གུས་པས་ཉན་པ་དང་། རྣ་བ་བླགས་ཏེ་ཆོས་ཉན་པའོ། །རྒྱལ་པོ་ཆེན་པོ་ང་རྒྱལ་མེད་པ་ནི་ཁྱད་པར་དུ་འགྲོ་བ་སྟེ། ང་རྒྱལ་མེད་པ་གང་གིས་འཕགས་པ་རྣམས་ལ་མངོན་པར་འདུད་པ་དང་། རབ་ཏུ་འདུད་པ་དང་། ཕྱག་འཚལ་བའོ། །རྒྱལ་པོ་ཆེན་པོ་བརྩོན་འགྲུས་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། བརྩོན་འགྲུས་གང་གིས་ལུས་ཡང་བ་དང་། སེམས་ཡང་བ་ཐོབ་པ་དང་། བྱ་བ་ཐམས་ཅད་ཀྱང་ཉམས་འོག་ཏུ་ཆུད་པར་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་དེ་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མི་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་བའོ་ཞེས་བྱ་སྟེ། དད་པ་ལ་སོགས་པ་རྟག་ཏུ་གོམས་པར་བྱ་བས་བསོད་ནམས་སྤེལ་བའི་ཚུལ་དང་། དེའི་ཐབས་སུ་སངས་རྒྱས་ལ་སོགས་པ་དྲན་པར་བྱ་བ་སྟེ། དེ་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མངའ་བ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཅན། སེམས་ཅན་གྱི་ཕུང་པོ་ཆེན་པོའི་སྐྱབས་སུ་གྱུར་པ། མགོན་དུ་གྱུར་བ། སྨན་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་དང་། ཡང་འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་བཅོམ་ལྡན་འདས་དེ་དག་ནི་ཡོན་ཏན་མཐའ་ཡས་མུ་མེད་པ་སྟེ། དེ་ནི་ཆོས་ལས་སྐྱེས་པ། ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ། ཆོས་ཀྱི་སྤྲུལ་བ་ཞེས་སངས་རྒྱས་རྗེས་དྲན་དང་། བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། འདི་མཐོང་བ་ལ་དོན་ཡོད་པ། ཉེ་བར་གཏོད་པ་ཞེས་པ་ལ་སོགས་པ་སྟེ། འདིར་ཆོས་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ་ཞེས་བྱ་བ་ལ་སོགས་པས་ཆོས་རྗེས་སུ་དྲན་པ་དང་། ཡང་དེ་ཉིད་ལས་དགེ་འདུན་ནི། ཆོས་སྨྲ་བ། ཆོས་སེམས་པ། ཆོས་སྤྱོད་པ། ཆོས་ཀྱི་ཞིང་། ཆོས་འཛིན་པ། ཆོས་སྟོན་པ། ཆོས་མཆོད་པ། ཆོས་ཀྱི་བྱ་བ་བྱེད་པ། ཆོས་ཀྱི་སྤྱོད་ཡུལ་བ། ཆོས་ཀྱི་སྤྱོད་པ་ཕུན་སུམ་ཚོགས་པ། རང་བཞིན་གྱིས་དྲང་བ། རང་བཞིན་གྱིས་དག་པ། སྙིང་རྗེའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པ་ལ་སྤྱོད་ཡུལ་བ་ཞེས་བྱ་བ་ལ་སོགས་པས་དགེ་འདུན་རྗེས་སུ་དྲན་པ་དང་བཅས་པས་སྤེལ་བ་དང་། དཀོན་མཆོག་གསུམ་དྲན་པ་བསྟན་ལ། དེ་འདིའི་ལེའུ་བཞི་པར། དེ་བཞིན་གཤེགས་པ་འབྱུང་བ་དང་། །ལ་སོགས་པ་དང་། གསུམ་པར། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་ཞེས་དང་། ལེའུ་གཉིས་པར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་དང་། ལེའུ་བདུན་པར། འདི་ཡི་སངས་རྒྱས་རྗེས་དྲན་སོགས། །ལ་སོགས་པ་གསུངས་སོ། །དེའི་ལེའུ་བཅུ་དགུ་པ་ལས། དུས་རྣམས་ཀུན་ཏུ་སེམས་ཅན་དོན། །འདི་ནི་དཀོན་མཆོག་སྤྲིན་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། །དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། མེ་ཏོག་གམ། བདུག་པའམ། སྤོས་གསོལ་ན། སེམས་ཅན་ཐམས་ཅད་ཀྱི་ཚུལ་ཁྲིམས་ངན་པའི་དྲི་བསལ་བ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཐོབ་པར་ཡོངས་སུ་བསྔོའོ། །དེ་ཕྱག་དར་དང་ཞལ་ཞལ་བྱེད་ན་སེམས་ཅན་ཐམས་ཅད་ཀྱི་སྤྱོད་ལམ་མི་སྡུག་པ་མེད་པར་འགྱུར་བ་དང་། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པར་ཡོངས་སུ་བསྔོའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ནས། དངོས་སུ་དོན་ཇི་ལྟར་བྱ་བའི་ཚུལ། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །དེའང་འཕགས་པ་ལྷག་པའི་བསམ་པ་ལ་བསྐུལ་བའི་མདོ་ལས། བྱམས་པ་གང་ཐོབ་པ་དང་། བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགོངས་པ་ཡིན། མི་མ་ཡིན་རྣམས་ཀྱིས་དེ་བསྲུང་བ་ཡིན། ལྷ་རྣམས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། ཞེས་བཤད་ལ། དེ་ཇི་ལྟར་སྦྱིན་པ་ཡང་། དམ་པའི་ཆོས་པདྨ་དཀར་པོ་ལས། མཁས་པས་དུས་སུ་སེམས་པར་བྱེད་པ་ན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་མོད། འདིར་ལེའུ་དང་པོ་ལས། ཕན་པར་བསམས་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །ཞེས་བྱ་བ་ལ་སོགས་པ་དང་། ལེའུ་བཞི་པར། དངོས་པོ་ཕལ་པ་ཅུང་ཟད་ལའང་། །ཞེས་བྱ་བ་ལ་སོགས་པས་དོན་མི་འདོར་བའི་འཐད་པ་དཔེ་དང་བཅས་ཏེ་བསྟན་ལ། ལེའུ་ལྔ་པར། མ་གུས་པ་ལ་ཆོས་མི་བཤད། །ཅེས་བྱ་བ་ལ་སོགས་པས་ཇི་ལྟར་དོན་བྱ་བ་དངོས་བསྟན་པ་ཡིན་ནོ། །དེས་ན་འདིས་བསླབ་བཏུས་ཀྱི་དོན་བསྡུས་པ་ཡིན་ཞེས་བདག་གི་བླ་མ་གསུང་ངོ་། །དེ་ལྟར་རྟོགས་ནས་སྐབས་དོན་གཞུང་ལ་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང་། བརྩམ་པར་བྱ་བ་གཞུང་གི་དོན་དང་། བརྩམས་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་གཉིས་ཏེ། གཞུང་ལ་དངོས་སུ་གནས་པའི་ངག་བཤད་པ་དང་། ཤུགས་ཀྱིས་བསྟན་པ་དགོས་འབྲེལ་ལོ། །དང་པོ་ལ་མཆོད་པར་བརྗོད་པ། བཤད་པར་དམ་བཅའ་བ། ཁེངས་བསྐྱུང་པ་དང་གསུམ་ལས། སྔ་མ། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཕྱག་འོས་ཀུན་ལའང་གུས་པས་ཕྱག་འཚལ་ཏེ། །ཞེས་པ་ལ་མཆོད་བརྗོད་ཀྱི་ངག་ཀླད་དུ་བཀོད་པའི་དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་ལ་རྩོམ་པ་པོའི་བཞེད་པ་དམིགས་པ་དང་། འཆད་པ་པོས་འབྲས་བུ་གྲངས་སུ་བགྲངས་པ་གཉིས་སོ། །དེ་ལ་རྩོམ་པ་པོའི་བཞེད་པ་གཞན་གྱིས་དངོས་སུ་མི་ཤེས་ཏེ། འདི་ནས་ཇི་ལྟར་བགྲངས་ཚོད་ཙམ་ཞིག་གམ། དེ་བས་རྒྱ་ཆེ་བའམ། འདི་རྣམས་ལས་འགའ་ཞིག་ཙམ་མམ། གོང་མ་རྣམས་ཀྱི་སྲོལ་བསྐྱང་བ་ཙམ་ཡིན་པའང་སྲིད་དེ། རྩོམ་པ་པོ་ཐམས་ཅད་དགོངས་པ་ཐ་དད་པས་འཇུག་པས་སོ། །འཆད་པ་པོས་འབྲས་བུ་གྲངས་སུ་བགྲངས་ན་དགོས་པ་གཉིས་འབྱུང་སྟེ། རྩོམ་པ་པོའི་རྒྱུད་ལ་ཐོབ་པ་རང་དོན་གྱི་དགོས་པ་དང་། རྗེས་འཇུག་གི་གང་ཟག་ལ་འབྱུང་བ་གཞན་དོན་གྱི་དགོས་པའོ། །དང་པོ་ལ་གསུམ་ལས། གཙོ་བོར་གྱུར་པ་ནི། མཆོད་བརྗོད་བྱས་པས་རྩོམ་པ་པོའི་རྒྱུད་ལ་མངོན་པར་མཐོ་བ་དང་ངེས་ལེགས་ཀྱི་ས་བོན་གསོས་པས་ཉོན་མོངས་པའི་རིམས་ནད་སེལ་བ་དང་། སྡུག་བསྔལ་གྱི་ཁུར་འདོར་བའོ། །གཉིས་པ་བཞེད་པ་དམིགས་པ་ནི་མཆོད་བརྗོད་ཀྱི་དགོས་པ་འདིའོ་ཞེས་དངོས་སུ་མ་གསུངས་ཀྱང་། རྩོམ་པ་པོ་ཐམས་ཅད་བརྩམ་བྱ་མཐར་ཕྱིན་པར་བཞེད་ངེས་ལ། དེ་ཡུལ་ཁྱད་པར་ཅན་ལ་མཆོད་བརྗོད་བྱས་པས་བསོད་ནམས་སོག་ཅིང་བསོད་ནམས་མ་ཡིན་པ་འགྲིབས་པས། གདོན་ལ་སོགས་པ་ཕྱིའི་བར་ཆད་རྣམས་དང་། ནད་དང་ཉོན་མོངས་པ་ལ་སོགས་པ་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བས་རྩོམ་པ་མཐར་ཕྱིན་པའོ། །གསུམ་པ་འཇིག་རྟེན་དུ་གཏོགས་པ་ནི། འཇིག་རྟེན་པ་བསྟོད་སོགས་དོན་དུ་གཉེར་ལ་སློབ་དཔོན་དེ་མི་བཞེད་པས་དེ་སྐད་ཅེས་བྱའོ། །མི་བཞེད་པར་ཅིས་མངོན་ན། བསྟོད་དང་གྲགས་པའི་རིམ་གྲོས་ནི། །བསོད་ནམས་མི་འགྱུར་ཞེས་པ་ལ་སོགས་པས་ཤེས་ལ། མི་བཞེད་ཀྱང་མཆོད་བརྗོད་མཛད་པའི་ཤུགས་ལ། སློབ་དཔོན་འདི་མཁས་པའོ། །གང་ཟག་དམ་པའོ་ཞེས་བྱ་བ་ལ་སོགས་པ་བསྟོད་གྲགས་ཞར་བྱུང་གི་འབྲས་བུ་ཡིན་པས། འཇིག་རྟེན་པས་དོན་དུ་གཉེར་བྱ་ལ་ལྟོས་ནས་དེ་སྐད་ཅེས་བརྗོད་དོ། །རྗེས་འཇུག་གི་གང་ཟག་ལ་འབྱུང་བ་གཞན་དོན་གྱི་དགོས་པ་ལ་ཡང་གསུམ་ལས། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡོངས་སུ་འཛིན་པ་ནི། སྔར་གྱི་གཙོ་བོར་གྱུར་པའི་དགོས་པ་དང་ཚུལ་མཚུངས་ཏེ། རྗེས་འཇུག་གཞན་གྱིས་ཀྱང་ངག་འདི་ལ་བཤད་མཉན་བྱས་པ་ལ་བརྟེན་ནས། མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་རྒྱུད་ལ་འཇོག་སྟེ། ཡུལ་གྱི་མཆོད་བྱའི་ཡོན་ཏན་ཐོས་པས་དད་པ་དང་། བརྩོན་འགྲུས་དང་ཤེས་རབ་འཕེལ་བས་བསོད་ནམས་ཐོབ་ཅིང་། དེ་མ་ཡིན་ལྡོག་སྟེ། སློབ་དཔོན་དཔའ་བོས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། །ཞེས་དང་། ལྷ་ལས་ཕུལ་དུ་བྱུང་བར་བསྟོད་པ་ལས་ཀྱང་། སྙིང་ནས་དད་དམ་ཇི་ལྟར་དགའ་བའམ། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། །གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་བྱེད། །དེས་ཀྱང་ལྷ་ཡི་བདེ་བ་ཕུན་ཚོགས་འཐོབ། །ཅེས་སོ། །གཉིས་པ་རྐྱེན་ངེས་པ་ལ་འཇུག་པ་ལ་གསུམ་སྟེ། སྟོན་པའི་ཆེ་བ་རིག་ནས། བསྟན་བཅོས་ཀྱི་ཆེ་བ་རིག་ནས། རྩོམ་པ་པོའི་ཆེ་བ་རིག་ནས་འཇུག་པའོ། །དེའང་མཆོད་བརྗོད་ལ་བརྟེན་ནས་གཞན་འཇུག་པར་འགྱུར་བ་སྟེ། འདི་ལྟར་བདེ་བར་གཤེགས་པ་ལ་སོགས་པའི་དོན་གསུམ་བཤད་པས། སངས་རྒྱས་ལ་དད་ནས་དེའི་ལམ་ལ་འཇུག་པར་འགྱུར་བའོ། །གཉིས་པ་ནི་མཆོད་བརྗོད་ཀྱི་ངག་ཀླད་དུ་བཀོད་པས་བསྟན་བཅོས་དོན་བཟང་བར་རྟོགས་པའི་སྒོ་ནས་རྟོག་ལྡན་ཁ་ཅིག་འཇུག་སྟེ། འཇིག་རྟེན་གྱི་བྱ་བ་ངན་པ་ཤོ་དང་མིག་མང་ལ་སོགས་པ་ལ་རང་གི་ལྷ་ལ་མཆོད་པ་མི་བྱེད་ལ། བྱ་བ་མཆོག་ཏུ་གྱུར་པ་རྒྱལ་པོ་དབང་བསྐུར་བ་དང་། དགྲ་ཚར་གཅོད་པ་ལ་སོགས་པ་ལ་རང་གི་ལྷ་ལ་མཆོད་པ་མཐོང་ངོ་། །དེ་བཞིན་དུ་བསྟན་བཅོས་འདི་དོན་ལྡན་དུ་རྟོགས་ནས་གཞན་འཇུག་པར་འགྱུར་བ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། བསྟན་བཅོས་བྱེད་པ་སྟོན་པ་ལ། །མཆོད་བརྗོད་བྱེད་པ་འབྲས་མེད་མིན། །བསྟན་བཅོས་དང་ནི་སྟོན་པ་ལ། །གུས་པ་བསྐྱེད་པར་བྱ་ཕྱིར་རོ། །ཞེས་བཤད་ལ། གཉིས་པོ་འདིས་སྟོན་པ་མེད་པར་བྱུང་བ་རིག་བྱེད་ཀྱི་ཚིག་ལྟ་བུའམ། དམན་པས་བསྟན་པ་འཇིག་རྟེན་པའི་བསྟན་བཅོས་ལྟ་བུ་གཅོད་ལ། མཁྱེན་པའི་ཡེ་ཤེས་དང་། བརྩེ་བའི་ཐུགས་རྗེ་ཅན་དེས་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་ནས་གསུངས་པར་ཤེས་པས་ཆེ་བ་སྔ་མ་གཉིས་གྲུབ་ལ། ཚུལ་དེས་རྩོམ་པ་པོའི་ཆེ་བའང་འགྲུབ་སྟེ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པའང་བསྟན་བཅོས་ཀྱི་སྔོན་དུ་མཆོད་བརྗོད་མཛད་ཅིང་འདུག་ལ། འདིའང་ཚུལ་དེ་དང་ལྡན་པས་དམ་པས་མཛད་པའི་གཞུང་འདིར་འཇུག་པའོ། །ཡང་གང་ཟག་དམ་པ་ནི་ལྟ་བ་རྟོགས་པ་ཡིན་ལ། དེ་ལ་གཉིས་ལས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པ། འཇིག་རྟེན་ལས་འདས་པའི་ལྟ་བ་སྟོང་ཉིད་རྟོགས་པ་ཡིན་ལ། འདིར་ཡང་འབྲས་བུ་འདོད་པས་མཆོད་བརྗོད་མཛད་པའི་ཕྱིར། ལས་འབྲས་ལ་ཡིད་ཆེས་ཡོད་པར་གྲུབ་ཅིང་། ཚིག་གི་དོན་བཤད་པས་འཇིག་རྟེན་ལས་འདས་པའི་ལྟ་བ་སྟོན་པ་དམ་པས་མཛད་པའི་གཞུང་ལུགས་ལ་འཇུག་པའོ། །འདི་ལ་ཁ་ཅིག་རྩོམ་པ་པོ་གྲུབ་པའི་སྒོ་ནས་འཇུག་པ་ཞེས་ཏེ། འདིས་རྩོམ་པ་པོའི་ཆེ་བ་རིག་པས་སོ། །གསུམ་པ་ཞུགས་པའི་ཐབས་མི་འདོར་བ་ནི། སྔར་གྱི་བཞེད་པ་དམིགས་པ་ལྟ་བུ་སྟེ། རྗེས་འཇུག་གིས་འདི་བཤད་མཉན་བྱས་པས་བསོད་ནམས་སོག་ཅིང་བསོད་ནམས་མ་ཡིན་པ་འགྲིབ་པས་བཤད་ཉན་མཐར་ཕྱིན་པ་དང་། འབྲས་བུ་ཁྱད་པར་ཅན་གྱི་རྒྱུར་འགྱུར་རོ། །བསྡུས་པའི་དོན་ནི། གང་ལ། གང་གིས། ཇི་ལྟར་ཏེ། དཀོན་མཆོག་གསུམ་ལ། རྩོམ་པ་པོས། སྒོ་གསུམ་གུས་པས་སོ། །གསུམ་པ་ཚིག་གི་དོན་ལ། འདི་ལ་སྐྱབས་གནས་རྟེན་དུ་གཟུང་བ་དང་། ཕྱག་འོས་ལ་ཕྱག་འཚལ་བའང་རྩ་བ་རེ་རེས་སྟོན་པ་ལས། སྔ་མ་ནི། བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་། །ཞེས་ཏེ། དེའང་དོན་དུ་ན་སངས་རྒྱས་ཁོ་ན་སྐྱབས་ཡིན་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ལ། གནས་སྐབས་ཀྱི་དཀོན་མཆོག་གསུམ་ཀ་འཛིན་པས། ཐོག་མར་ཚིག་དང་པོ་བརྗོད་ན། བདེ་གཤེགས་ལ་སྐད་སོར་བཞག་ན་སུ་ག་ཏ་ཟེར་ལ། སུའི་སྒྲ་དེ་ལེགས་པ་ལ་འཇུག་པས། སུ་རཱུ་པ་ཛྙིདྷ་ཞེས་བརྗོད་ན་སྐྱེས་བུ་གཟུགས་ལེགས་མཛེས་ཞེས་དང་། ཡང་སུ་ཀུ་བྷཾ་ག་ཌ་ཞེས་བུམ་པ་ལེགས་པར་གང་བ་དང་། སུ་ནེ་ཥྚ་ཛ་ར་ཞེས་པ་རིམས་ནད་ལེགས་པར་བྱང་བ་ལྟ་བུ་དང་། ག་ཏའི་སྒྲ་སྤངས་རྟོགས་གཉིས་དང་། ཆེ་བ་ཕུན་སུམ་ཚོགས་པ་དང་གསུམ་ལ་འཇུག་པ་ལས། དང་པོ་ནི་ལེགས་པའི་སྒྲ་དེ་དོན་གསུམ་དང་སྦྱར་བས་ལེགས་པར་སྤངས་པ་ནི་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་སྟེ་དེའི་སྒྲིབ་པ་སྤངས་པའོ། །མ་ལུས་པར་སྤངས་པ་ནི། སྤང་བྱའི་ལྷག་མ་མེད་པ་སྟེ། རྒྱུ་དངོས་པོ་ལ་མངོན་པར་ཞེན་པ་དང་འབྲས་བུ་སྒོ་གསུམ་གྱི་གནས་ངན་ལེན་མེད་པར་སྒྲིབ་པ་གཉིས་སྤངས་པ་སྟེ། རྣམ་འགྲེལ་ལས། ལུས་ངག་སེམས་ཀྱི་གནས་ངན་ལེན། །ཉོན་མོངས་མེད་དང་ནད་མེད་དང་། །ཞེས་དང་། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་དང་། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །ཉིད་ཡིན་སྡུག་བསྔལ་གསུམ་མིན་ཕྱིར། །ཞེས་སོ། །སླར་མི་ལྡོག་པར་སྤངས་པ་ནི། སྒྲིབ་པ་གཉིས་པོ་དེ་མི་འབྱུང་བས་སྤངས་པ་གཏན་དུ་བ་སྟེ། ཉེས་པ་རྣམ་པར་འགགས་པ་ནི། །སྲ་བཞིན་སླར་ཡང་སྐྱེ་མེད་དེ། །དེ་བདག་ཉིད་ཀྱིས་འབྲལ་མེད་དང་། །ཐལ་བ་བཞིན་དུ་མ་ངེས་ཕྱིར། །ཞེས་དང་། དེ་ཕྱིར་སྔར་ཡང་ནུས་མེད་རྣམས། །དེ་བདག་གྱུར་པའི་ཕྱིས་ནུས་མེད། །ཅེས་དང་། སློབ་དཔོན་མ་ཏི་ཙི་ཏྲས། ཉེས་པ་བག་ཆགས་དང་བཅས་ཏེ། །སྐྱོབ་པ་གཅིག་པུ་ལ་མི་མངའ། །ཞེས་སོ། །དེ་དག་ནི་སྒྲིབ་པ་གཉིས་ལས་རིང་དུ་གཤེགས་པས་དེ་བཞིན་གཤེགས་པ་སྟེ། སྐྱེས་བུ་རྒྱང་རིང་དུ་སོང་ཞེས་པ་ལྟ་བུའོ། །ཡང་ག་ཏ་ག་ཏི་བྱས་ན། ཤེས་བྱའི་རྗེས་སུ་བློ་གྲོས་གཤེགས་པས་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་འཇུག་ལ། དེ་ཡང་གསུམ་ལ་ལེགས་པར་རྟོགས་པ། ཤེས་བྱ་ཇི་ལྟ་བ་སྟེ་ཆོས་རྣམས་ཀྱི་རང་བཞིན་ཐུགས་སུ་ཆུད་པས་སྐྱེས་བུ་གཟུགས་མཛེས་པ་ལྟ་བུ་སྟེ། རྣམ་འགྲེལ་ལས། ལེགས་ཡིན་དེ་ནི་བདག་མེད་པ། །མཐོང་བའམ་སྦྱོར་བ་ལས་ཡིན་ནོ། །ཞེས་སོ། །མ་ལུས་པར་རྟོགས་པ་ནི། ཆོས་ཅན་ཇི་སྙེད་པ་དང་། ཆོས་ཉིད་ཅི་ལྟ་བ་མཐའ་དག་རྟོགས་པ་སྟེ། བུམ་པ་ལེགས་པར་གང་བ་ལྟ་བུའོ། །དེའང་རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་དང་། ཡང་། སྐྱོབ་ལས་དེ་ཉིད་དང་བརྟན་དང་། །མ་ལུས་ཐམས་ཅད་མཁྱེན་པར་གྲུབ། །ཅེས་དང་། སློབ་དཔོན་མ་ཏི་ཙི་ཏྲས། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་དང་། ཡང་། ཐམས་ཅད་མཁྱེན་ལ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམས་མི་མངའ། །ཞེས་སོ། །སླར་མི་ལྡོག་པར་རྟོགས་པ་ནི། རྟོགས་པ་ལས་མི་ཉམས་པས་དེ་གཉིས་བརྟན་པར་གྱུར་པ་རིམས་ནད་ལེགས་པར་བྱང་བ་ལྟ་བུ་སྟེ། རྣམ་འགྲེལ་ལས། སྐྱེ་དང་སྐྱོན་ནི་ཀུན་འབྱུང་དག །སླར་ཡང་ལྡོག་ཅེས་བཤད་པ་ཡིན། །བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་གཤེགས་པ་ཉིད་ཡིན་ནོ། །ཞེས་སོ། །སྐྱེས་བུའི་བློ་ཆོས་སུ་སོང་ཞེས་པ་ལྟ་བུའོ། །ཡང་ག་ཏའི་སྒྲས་སྟོན་པ་དེ་གཞན་ལས་ཁྱད་པར་དུ་གཤེགས་པས་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་སྟེ། སྐྱེས་བུ་གཞན་ལས་མཆོག་ཏུ་གྱུར། །ཅེས་པ་བཞིན་ནོ། །དེ་ཡང་སྟོན་པ་ཉིད་གང་ཟག་ཐམས་ཅད་ལས་ཁྱད་པར་དུ་མཛད་དེ། གཤེགས་པ་ཙམ་གྱིས་སྐྱེ་བོ་གཞན་འཆིང་བ་མཐའ་དག་དང་ལྡན་པ་ལས་ཁྱད་པར་དུ་མཛད་དེ། རྣམ་འགྲེལ་ལས། སྡུག་བསྔལ་འཁོར་པ་ཅན་ཕུང་པོ། །གོམས་ལས་འདོད་ཆགས་སོགས་གསལ་བ། །མཐོང་ཕྱིར་འདོད་རྒྱལ་ཉིད་མིན་ཏེ། །རྒྱུ་མེད་སྐྱེ་བ་འགལ་ཕྱིར་རོ། །ཞེས་དེ་དག་འཁོར་བའི་འདམ་ལས་མ་བརྒལ་ལ། སྟོན་པས། དེ་ལྟར་གྲངས་མེད་གསུམ་དག་ཏུ། །ཁྱོད་ནི་དེ་ལྟར་བརྩོན་པ་ན། །བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པས། །གོ་འཕང་བླ་ན་མེད་པ་བརྙེས། །ཞེས་གསུངས་སོ། །མཛེས་པར་གཤེགས་པ། ཕྱི་རོལ་པའི་སྟོན་པ་ཕྱོགས་རེ་ལ་འདོད་ཆགས་དང་བྲལ་བ་རྣམས་ལས་ཁྱད་པར་དུ་བྱས་ཏེ་དེ་དག་བདག་དང་བདག་གིར་འཛིན་པས་ལྟ་བ་མི་མཛེས་ལ། ཁྱི་དང་བ་ལང་ལ་སོགས་པའི་བརྟུལ་ཞུགས་འཛིན་པས་སྤྱོད་པ་མི་མཛེས་མོད། སྟོན་པ་ལ་དེ་དག་མི་མངའ་སྟེ། རྣམ་འགྲེལ་ལས། བདག་དང་བདག་གིར་འཛིན་བྱས་པའི། །འདུས་བྱས་སྤྱོད་ཡུལ་ཅན་ཆགས་ནི། །རྒྱུ་ཡིན་དེ་ཡི་གནོད་བྱེད་ནི། །བདག་མེད་མཐོང་བ་ཞེས་དང་། ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར། །བལྟ་བས་མི་ངོམ་རང་བཞིན་པས། །མཐོང་ངོ་ཅོག་ན་ཕྱི་ཕྱིར་ཞིང་། །དགའ་བ་བསྐྱེད་པར་མཛད་པ་ལགས། །ཞེས་སོ། །མ་ལུས་པར་གཤེགས་པས། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་རྒྱལ་གསུམ་ལས་ཁྱད་པར་དུ་བྱས་ཏེ། དེ་དག་ཉོན་མོངས་པ་ཅན་མ་ཡིན་པའི་ལུས་ངག་ཡིད་ཀྱི་གནས་ངན་ལེན་དང་བཅས་ཤིང་། རང་གིས་རྟོགས་པའི་ལམ་མི་གསལ་བས་སྤང་བྱའི་ལྷག་མ་ལུས་པ་སྟེ། རྣམ་འགྲེལ་ལས། ལམ་བཤད་མི་གསལ་ཉིད་ལུས་ཡིན། །ཞེས་སོ། །སླར་མི་ལྡོག་པར་གཤེགས་པས། རྒྱུན་དུ་ཞུགས་པ། ལན་ཅིག་ཕྱིར་འོང་བ། བྱང་ཆུབ་སེམས་དཔའ་ལས་ཁྱད་པར་དུ་བྱས་ཏེ། དེ་དག་ལ་སྐྱེ་བ་དང་ཉེས་པ་ཕྱིས་ཀྱང་འབྱུང་བ་སྟེ། རྣམ་འགྲེལ་ལས། དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་དང་། ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་ལ་སོགས་ཁྱད་འདི་ཡིན། །ཞེས་སོ། །དེས་ན། གང་ལ་བློ་མངའ་རྟོགས་པར་བྱ་བ་མ་རྟོགས་མེད། །གང་དག་ལ་མངའ་ཕྱི་ནས་རྣམ་པར་སྤྱད་བྱ་མེད། །དེ་ནི་འཇིག་རྟེན་མགོན་ཏེ་འཇིག་རྟེན་མཐར་འབྱིན་པ། །སྐྱེ་དགུ་རྣམས་ཀྱི་གཙོ་ལ་སྤྱི་བོས་ཕྱག་འཚལ་ལོ། །སངས་རྒྱས་དཀོན་མཆོག་གོ །ཆོས་ཀྱི་སྐུ་ཞེས་ཆོས་དཀོན་མཆོག་སྟེ། ལུང་དང་རྟོགས་པ་ལས། སྔ་མ་ནི། རྗོད་བྱེད་སྒྲའི་རང་བཞིན། རྣམ་རིག་མིང་དང་ཚིག་དང་ཡི་གེའི་རྣམ་པ་ཅན་དུ་སྣང་བ། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའོ། །རྟོགས་པ་ནི་བརྗོད་བྱ་དོན་གྱི་རང་བཞིན་ཏེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་ལས་གྲོལ་བ་འགོག་པར་མཐར་ཐུག་པ་དང་། དེ་སྣང་བ་མེད་པའི་ཤེས་རབ་ཀྱིས་རྟོགས་པ་ལམ་མཐར་ཐུག་པ་སྟེ། དེས་ཡོན་ཏན་ཐམས་ཅད་ཀྱི་རྟེན་བྱེད་པས་སྐུ་སྟེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །ཡོན་ཏན་བསམ་ཡས་ཀུན་རྟེན་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུ་ཡིན། །ཞེས་དང་། རྒྱུད་བླ་མར། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པ་འོ། །ཞེས་དང་། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་དག་པ་གཉིས་ལྡན་ཏེ། སློབ་དཔོན་མ་ཏི་ཙི་ཏྲས། ཚིག་བཟང་བ་དང་དོན་ཆེ་དང་། །བདེན་པ་དང་ནི་སྙན་པ་དང་། །ཟབ་གསལ་གཉིས་ཀའི་དོན་ལྡན་དང་། །བསྡུས་དང་སྤྲོས་པ་དང་ལྡན་པ། །ཁྱོད་ཀྱི་གསུང་ནི་ལེགས་གསུམ་ལྡན། །ཞེས་སོ། །སྲས་ནི་བྱང་ཆུབ་སེམས་དཔའ་སྟེ། རིགས་སུ་སྐྱེས་ཤིང་གདུང་འཚོབ་པས་སོ། །ཉན་རང་གཉིས་རིགས་སུ་སྐྱེས་ཀྱང་གདུང་འཚོབ་པ་མེད་དེ། འོད་སྲུང་གིས་ཞུས་པ་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་སྟོང་པོ། །ཀུན་ཀྱང་རང་གི་མཚན་དང་མི་ལྡན་ན། །དེ་ལ་མི་བདག་སྲས་སུ་རེ་བ་མེད། །དེ་བཞིན་རྒྱལ་བའི་ཞམ་འབྲིང་བྱེ་བ་མང་། །ཀུན་ཀྱང་བྱང་ཆུབ་སེམས་དང་མི་ལྡན་ན། །དེ་ན་བྱང་ཆུབ་སེམས་དཔའ་འགའ་མེད་ཕྱིར། །དེ་ལ་བདེ་གཤེགས་སྲས་སུ་དགོངས་མི་མཛད། །ཅེས་སོ། །དེ་ལ་གུས་པས་ཕྱག་འཚལ་ཞེས་ཐེག་པ་ཆེན་པོ་བར་ངེས་པའི་སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པར་བརྗོད་པ་སྟེ། རྒྱུད་བླ་མར། འབྱུང་བར་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །དེ་ལྟར་དེ་གསུམ་རྟེན་དུ་བཟུང་ནས་གཞན་ཕྱག་འོས་ཀུན་ལའང་ཞེས་པ། ཉན་རང་གི་དགེ་འདུན་དང་། ཕ་མ་དང་། གཞན་ཡོན་ཏན་ཅན་རྣམས་ལ་གུས་པ་དང་། ཕྱག་གི་འོས་སུ་བསྟན་ཏོ། །བཤད་པར་དམ་བཅའ་བ་ལ་གསུམ་ལས། དགོས་དོན་དམ་བཅས་པ་ཡལ་བར་མི་འདོར་བས་རྩོམ་པ་མཐར་ཕྱིན་པ་སྟེ། སློབ་མ་ལ་སྤྲིང་བར། བདེན་དང་གཞུང་ལ་དགའ་བའི་གཟི་བརྗིད་ལྡན་པ་རྣམས། །སྲོག་ནི་བདེ་བླག་གཏོང་བར་བྱེད་ཀྱི་དམ་བཅས་མིན། །ཞེས་སོ། །བསྡུས་པའི་དོན་ནི། གང་། གང་གིས། ཇི་ལྟར་ཞེས་སོ། །ཚིག་གི་དོན་ལས། བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི། །ལུང་བཞིན་མདོར་བསྡུས་ནས་ནི་བསྟན་པར་བྱ། །ཞེས་པ་ལ། བདག་གི་བླ་མས་ལེགས་པར་གསུངས་པ་དེ་བརྗོད་པར་བྱའོ། །འདི་ལ་སྡོམ་པ་ལ་འཇུག་པའི་གང་ཟག སྡོམ་པ་རང་གི་ངོ་བོ། དེའི་རབ་ཏུ་དབྱེ་བ། སོ་སོའི་མཚན་ཉིད། སྒྲའི་དོན་ཏེ་ལྔ་ལས་དང་པོ་ནི། བདེ་གཤེགས་སྲས་ཞེས་པས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པའི་བློ་ཅན་ནོ། །གཉིས་པ་ནི། རྫོགས་པའི་སངས་རྒྱས་ཀྱི་སྒྲུབ་པ་ཁྱད་པར་བ་མི་མཐུན་པའི་ཕྱོགས་སྤོང་བའི་སེམས་པ་རྒྱུན་ཆགས་ཏེ། འདི་ཉིད་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་ཅེས་སོ། །གསུམ་པ་དབྱེ་ན་གསུམ་སྟེ། བསྲུང་བྱའི་རང་བཞིན་སྡོམ་པའི་ཚུལ་ཁྲིམས་དང་། བརྩོན་འགྲུས་ཀྱི་རང་བཞིན་དགེ་བ་ཆོས་སྡུད། གཞན་དོན་གྱི་རང་བཞིན་སེམས་ཅན་དོན་བྱེད་དོ། །བཞི་པ་ལ། སོ་སོའི་ངོ་བོ། གཅིག་པ་དང་ཐ་དད་པ་བསམ་པ། གྲངས་ངེས་པ། གོ་རིམ་ངེས་པ། བྱ་བ་སྤྱད་པ་དང་ལྔ་ལས། དང་པོ་ནི། མི་དགེ་བ་གཞི་དང་བཅས་པ་སྤོང་བའི་སེམས་པ་ནི་སྡོམ་པའི་ཚུལ་ཁྲིམས། དགེ་བའི་ཆོས་མཐའ་དག་སྒྲུབ་པའི་སེམས་པ་ནི་དགེ་བའི་ཆོས་སྡུད། གཞན་གྱི་དོན་ཕྱིན་ཅི་མ་ལོག་པར་བརྩོན་པའི་སེམས་པ་ནི་སེམས་ཅན་དོན་བྱེད་དོ། །གཉིས་པ་ནི། ཤེས་པའི་ངོ་བོ་གཅིག་ལ་འཇུག་ཡུལ་ལྡོག་པ་གསུམ་ཐ་དད་དེ། དཔེར་ན་རིན་པོ་ཆེ་གཅིག་ཉིད་དབུལ་བ་སེལ། ནོར་སྡུད། རིམས་ནད་འཇིལ་བ་བཞིན་ནོ། །གསུམ་པ་ནི་འཚང་རྒྱ་བ་ལ་བསླབ་བྱ་གསུམ་དུ་འདུས་ཏེ། སྐྱོན་སེལ། ཡོན་ཏན་སྒྲུབ། གཞན་འཛིན་པ་གསུམ་ལས། ཉུང་ན་མི་འདུས། མང་ན་མི་དགོས་པའོ། །བཞི་པ་སྐྱོན་སྤངས་ནས་ཡོན་ཏན་འཚོལ། ཡོན་ཏན་གྲུབ་ནས་གཞན་དོན་ལ་འཇུག་སྟེ། དེའང་ལས་དང་པོ་པ་ལ་སྡོམ་པའི་ཚུལ་ཁྲིམས། མོས་པ་སྤྱོད་པ་ལ་དགེ་བ་ཆོས་སྡུད། ས་ཐོབ་ནས་སེམས་ཅན་དོན་བྱེད་གཙོ་བོ་ཡིན་པའི་ཕྱིར་རོ། །ལྔ་པ་ནི། སྡོམ་པ་དེ་དག་ལ་བྱ་བ་གསུམ་ཡོད་དེ། རང་གཞན་ཉེས་པ་ཐམས་ཅད་སྤོང་བ་སྡོམ་པའི་བྱ་བ། ལམ་གྱི་ཡོན་ཏན་ཐམས་ཅད་བདག་གཞན་གྱི་རྒྱུད་ལ་སྒྲུབ་པ་དགེ་བ་ཆོས་སྡུད་ཀྱི་བྱ་བ། དངོས་དང་བརྒྱུད་པས་སེམས་ཅན་སྨིན་པར་བྱེད་པ་སེམས་ཅན་དོན་བྱེད་ཀྱི་བྱ་བའོ། །སྒྲ་དོན་ཆུའི་ཆུ་ལོན་ལྟར་མི་མཐུན་ཕྱོགས་ཀྱི་གོ་སྐབས་མི་འབྱེད་པས་སྡོམ་པ་སྟེ། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་། །ཞེས་སོ། །དེ་ལ་འཇུག་པ་སྟེ་ཉམས་སུ་བླང་བའི་ཐབས་ཤིག་འདིར་བརྗོད་པར་བྱ་ཞེས་པ་དཔལ་ལྡན་ས་སྐྱ་པཎྜི་ཏའི་གསུང་རབ་བོ། །ཅི་རྣམ་གཞག་འདི་ལྟ་བུ་སྔར་མ་བསྟན་ན་རང་དགའ་བར་འགྱུར་ལ། བསྟན་ན་ཟློས་སོ་ཞེ་ན། སྡོང་པོ་བཀོད་པ་ལ་སོགས་པའི་མདོ་དུ་མ་ལ་བརྟེན་པས་ལུང་བཞིན་ནོ་ཞེས་དང་། དེ་དག་ཏུ་རྒྱས་པར་གསུངས་པ། འཇུག་ཅིང་རྟོགས་པར་མི་ནུས་པས་མདོར་བསྡུས་ཞེས་ཏེ། ཚིག་ཉུང་ངུར་བསྡུས་ཏེ་བཤད་ཅེས་བྱའོ། །གསུམ་པ་ཁེངས་བསྐྱུང་བ་ལ་གསུམ་སྟེ། གཞན་དོན་དུ་རྩོམ་པ་མཐུ་ཆུང་བ། རང་གི་དགེ་བ་སྤེལ་བ། གཞན་དོན་ལ་ལྟོས་པ་ཡོད་པའོ། །དང་པོ་ནི་སྔོན་ཆད་ཅེས་རྩ་བ་གསུམ་ལས། འདི་སྐད་དུ། ཁྱེད་ཀྱིས་བསྟན་བཅོས་འདི་གཞན་དོན་དུ་རྩོམ་མམ། འོན་ཏེ་རང་དོན་དུ་ཡིན། སྔ་མ་ལྟར་ན། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མའི་བསྟན་བཅོས་ལྟ་བུ་དོན་སྔར་མ་བྱུང་བ་ཁྱད་པར་ཅན་ཞིག་ཡོད་དམ། ཡང་སྐྱེས་པའི་རབས་ལས་ཐུབ་པའི་སྐུ་ཚེ་སྔ་མའི་སྤྱོད་པ་རྨད་དུ་བྱུང་བ་རྣམས། བདག་གི་སྙན་ངག་མེ་ཏོག་སྙིམ་པས་གུས་པས་མཆོད་ཅེས་པ་ལྟར། སྡེབ་སྦྱོར་ཁྱད་པར་ཅན་ཡོད་ཅེ་ན། སྔ་མ་གཙོ་བོ་མ་ཡིན་ཏེ། རྩོམ་པའི་རྒྱུ་གཉིས་པོ་མེད་པས་ཞེས་པ་སྔོན་ཆད་ཅེས་རྩ་བ་གསུམ་མོ། །གཉིས་པ་རང་དོན་དུ་རྩོམ་ནའང་རང་གིས་དོན་མ་རྟོགས་ན་རྩོམ་པར་མི་ནུས་ལ། རྟོགས་ན་རྩོམ་ཡང་ཅི་ཞིག་དགོས་ཞེ་ན། རྟོགས་མོད། དེ་གོམས་ཤིང་འདྲིས་པས་མཐར་ཕྱིན་པར་བྱ་བ་ནི། རང་གི་ཡིད་ལ་གོམས་ཕྱིར་རོ། །འདི་མི་དགོས་པའང་མ་ཡིན་ཏེ། གཞུང་བརྩམས་ཤིང་ལམ་གྱི་རྣམ་གཞག་མཐོང་བ་ལ་སོགས་པ་ལས། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ལ་སོགས་པའི་སྟོབས་འཕེལ་བར་འགྱུར་ལ་ཞེས་སོ། །དེའི་རྒྱུའང་བསྟན་བཅོས་འདི་ཉིད་དེ། བཤད་ཅིང་བསམས་པ་ལས་བསྐུལ་མར་འགྱུར་བས་སོ། །ཅི་དད་པས་ལམ་ལ་འཇུག་ན་མ་ཡིན་ནམ། ཁྱེད་དེ་ལ་ཅི་སྟེ་ལྟོས་ཤེ་ན། ཡིད་ཆེས་པའི་དད་པ་གནས་སྐབས་ཀུན་ཏུ་འགྲོ་སྟེ། དཀོན་མཆོག་སྒྲོན་མ་བཞིན་ནམ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། ཐུབ་པའི་ཆོས་རྣམས་མདོར་བསྡུས་ན། །མདོར་ན་དད་དང་ཤེས་རབ་བོ། །ཞེས་གསུངས་སོ། །གསུམ་པ་ནི། བདག་དང་ཞེས་རྩ་བ་གཉིས་ཏེ། དོན་ཡོད་འགྱུར་ཞེས་པ་སྒྲུབ་པ་ལ་དགག་པའི་ཚིག་སྦྱར་བ། ལ་ལ་སྒྲུབ་ལ་དགག་སྒྲ་ཅན། །འགའ་ཞིག་དགག་ལ་སྒྲུབ་པའི་ཚིག །གཞན་དག་དོན་བཞིན་འཇུག་པས་ན། །ཕལ་ཆེར་གནས་སྐབས་གཙོ་བོ་ཡིན། །ཞེས་བདག་གི་བླ་མས་མཁས་པ་རྣམས་འཇུག་པའི་སྒོ་ལས་བཤད་དོ། །དེས་ན་ཤུགས་ལ་དམན་པ་གདམས་པའི་ཡུལ་དུ་བསྟན་ཏོ། །ཁེངས་བསྐྱུང་པའི་དགོས་པའང་། ང་རྒྱལ་གྱིས་རྩོམ་པའི་གོ་སྐབས་དགག་པ་སྟེ། སློབ་དཔོན་ཟླ་གྲགས་ཀྱིས་སྒྲ་ཀུན་ཏུ་བཟང་པོ་འགྲན་སེམས་ཀྱིས་བརྩམས་པ་དང་། བཙུན་པ་ཟླ་བས་སྙིང་རྗེས་སྒྲ་ཙནྡྲ་པ་བརྩམས་པའི་ཁྱད་པར་བཞིན་ནོ། །དེ་ལྟར་གཞུང་ལ་དངོས་སུ་གནས་པའི་དོན་གསུམ་བཤད་ནས། ཤུགས་ཀྱིས་བསྟན་པ་དགོས་འབྲེལ་ཡན་ལག་བཞི་བརྗོད་ན། འདི་དགོས་འབྲེལ་གྱི་ངག་ཉེ་བར་བཀོད་པའི་དགོས་དོན། བསྡུས་དོན། ཚིག་དོན་གསུམ་མོ། །དང་པོ་ནི། དགོས་འབྲེལ་གྱི་ངག་རྣམ་པ་བཞི་པོ་བསྟན་བཅོས་ལ་ཡོད་པས་ཆོག་མོད། དེ་སྟོན་པའི་ངག་ཀླད་དུ་དགོད་ཅི་དགོས་ཤེ་ན། འདི་ལ་ཁ་ཅིག་བསྟན་བཅོས་འདི་ལ་དགོས་པ་མེད་དོ་སྙམ་པའི་ལོག་རྟོག་བཟློག་པའམ། འདིས་གཞུང་གི་སྐབས་བསྒྲུབས་པས་གཞུང་མཛེས་པར་བྱེད་པ་ཡིན་ནོ་ཟེར་ལ། འདིར་ནི་རྟོག་ལྡན་འཇུག་པའི་ཡན་ལག་ཏུ་འགྱུར་བ་སྟེ། བརྗོད་བྱ་སྨོས་པས་དགོས་པ་དང་། དེས་འདོད་བྱར་གོ་ནས། དེ་དོན་དུ་གཉེར་བའི་སྐྱེ་བོས་དེ་ལྡན་གྱི་བསྟན་བཅོས་ལེན་ཏེ། ཚོང་ལས་སྐྱེ་ཁེ་ཐོས་ནས་འཇུག་པ་ལྟ་བུ་ཡིན་པས་བཞི་སྟོན་པའི་གྲངས་ངེས་འཐད་ལ། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་། མདོ་དོན་ཆེ་བ་ཉིད་ཐོས་ནས། །ལེན་དང་འཛིན་པ་ལ་སོགས་ལ། །ཉན་པ་པོ་དེ་གུས་འགྱུར་བས། །ཐོག་མར་དགོས་པ་བཤད་པར་བྱ། །ཞེས་བཤད་དོ། །དེ་ཅི་ལྟར་འཇུག་པའང་གདུལ་བྱ་ཡིད་ཆེས་པར་སླ་བ་དད་པའི་རྗེས་སུ་འབྲང་བའི་ཚིག་ཙམ་ལ་བརྟེན་ནས་དང་། ཡིད་ཆེས་པར་དཀའ་བ་ཆོས་ཀྱི་རྗེས་སུ་འབྲང་བ་དོན་དུ་འགྱུར་བས་ཐེ་ཚོམ་གྱིས་ཡིན་ཏེ། ཡང་། གང་ཕྱིར་དོན་གཉེར་འཇིག་རྟེན་པ། །ཐེ་ཚོམ་གྱིས་ཀྱང་འཇུག་པར་བྱེད། །ཅེས་སོ། །ཐེ་ཚོམ་ལ་ཚིག་མི་དགོས་ཏེ་དོན་ལ་དཔྱད་པ་ན་ངེས་པའི་ཤེས་པ་མ་རྙེད་པ་ལས་སྐྱེ་བས་སོ། །གལ་ཏེ་དགོས་ནའང་འཆད་པ་པོས་བརྗོད་པ་ཉིད་ཀྱིས་གྲུབ་པས། རྩོམ་པ་པོས་གཞུང་དུ་བཀོད་པ་ལ་ཅི་སྟེ་ལྟོས་ཤེ་ན། ཕལ་ཆེར་དོན་ཡོད་སྙམ་པའི་ཡོད་པ་ལ་ཤེས་ཆེར་འཛིན་པའི་ཐེ་ཚོམ་ཚིག་ལ་ལྟོས་པར་མྱོང་བས་གྲུབ་ཅིང་། རྩོམ་པ་པོས་བརྟགས་ནས་འགོད་པས་ཡིད་ཆེས་པར་རུང་བའི་ཕྱིར་ཏེ། རྣམ་འགྲེལ་ལས། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་རྗེས་སུ་དཔག་པ་ཡིན། །ཞེས་སོ། །བསྡུས་པའི་དོན་ནི་བཞི་སྟེ། བརྗོད་བྱ་བྱང་ཆུབ་སེམས་དཔའི་བསླབ་པ། དགོས་པ་དེ་རྟོགས་པ། དགོས་པའི་དགོས་པ་དེས་སྤངས་པ་དང་ཡེ་ཤེས་མངོན་དུ་གྱུར་པ། བདེ་གཤེགས་ཞེས་པ་ནས་རྩ་བ་གཉིས་ཀྱིས་དགོས་པའི་དགོས་པ་དང་། དེ་ནས་གཅིག་གིས་བརྗོད་བྱ། གཅིག་གིས་དགོས་པ་ཤུགས་ཀྱིས་བསྟན་ལ། འབྲེལ་བ་དེ་དག་མེད་ན་མི་འབྱུང་བའམ། རག་ལས་པ་ལས་ཆོས་ཏེ། འབྲེལ་པ་བརྗོད་པར་བྱེད་པའི་ངག །དངོས་སུ་ཡོད་པ་མ་ཡིན་མོད། །འོན་ཀྱང་དེ་ནི་རྣམ་དབྱེ་ལས། །དོན་གྱིས་འཐོབ་པར་འགྱུར་བ་ཡིན། །ཞེས་རྣམ་བཤད་ལས་དང་། ཡང་། བསྟན་བཅོས་དང་ནི་དགོས་པའི་དོན། །འབྲེལ་པའི་གཞི་ནི་གཉིས་ལ་གནས། །དེ་བསྟན་འདུས་པ་དེ་ཡི་ཕྱིར། །དགོས་ལས་ལོགས་ཤིག་མ་བསྟན་ཏོ། །ཞེས་སོ། །དེས་ན་བརྗོད་བྱ་བསྟན་པས་དགོས་པ་ཡོད་པ་དང་། དགོས་པ་བསྟན་པས་དེ་སྒྲུབ་ནུས་པ་དང་། དགོས་པའི་དགོས་པ་བསྟན་པས་དེ་འདོད་བྱར་གྲུབ་པ་དང་། འབྲེལ་པ་བསྟན་པས་དེ་དག་གཞུང་འདི་དང་རག་ལས་པ་ལས་ཆོས་སུ་གྲུབ་ལ། ཚུལ་དེས་ལོག་རྟོག་བཞི་བསལ་ཏེ། བསྟན་བཅོས་འདི་ལ་བྱ་རོག་གི་སོ་རྟོག་པ་ལྟར་དགོས་པ་མེད་དམ་སྙམ་པ། ཀླུ་འཇོག་པོའི་གཙུག་ལྟར་མི་ནུས་སམ་སྙམ་པ། པར་སིག་གི་བསྟན་བཅོས་ལྟར་འདོད་བྱ་མ་ཡིན་ནམ་སྙམ་པ། མཐོ་རིས་འདོད་པས་ཕྱུགས་ཀྱིས་མཆོད་སྦྱིན་ལྟར་མ་འབྲེལ་ལམ་སྙམ་པ་བསལ་ཏེ། རྣམ་འགྲེལ་ལས། འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །ཡོངས་བརྟགས་དབང་དུ་བྱས་ཡིན་གྱི། །ཞེས་བརྗོད་བྱ་དགོས་པ་དང་འབྲེལ་བ། ཐབས་སྒྲུབ་པར་ནུས་པ། རྗོད་བྱེད་མཐོ་རིས་དང་བྱང་གྲོལ་བསྟན་པ་སྟེ། གསུམ་པོ་འཇུག་པ་བླང་བྱ་ཡིན་གྱི། དེ་ལས་གཞན་པ་བླང་བྱ་མིན། །ཞེས་གསུངས་སོ། །ཀླད་ཀྱི་དོན་ནོ། །གཉིས་པ་གཞུང་གི་དོན་ལ། སློབ་པ་པོ་རྟེན་གྱི་གང་ཟག་དང་། དེས་ཉམས་སུ་བླང་བ་ལམ་མོ། །དང་པོ་ལ་ལུས་དང་། བསམ་པའི་རྟེན་གཉིས་ལས། སྔ་མ་ནི་དལ་འབྱོར་འདི་ནི་ཞེས་རྩ་བ་བཞིས་བསྟན་པ་ལས། འདི་ལ་ངོ་བོ་ངོས་བཟུང་བ། དེ་རྙེད་དཀའ་བ། ཕན་འདོགས་ཆེ་བ་དང་གསུམ་མོ། །དང་པོ་ནི་མི་ཁོམ་པ་བརྒྱད་སྤངས་ཤིང་། བདག་གཞན་གྱི་འབྱོར་པ་བཅུ་ཐོབ་པ་སྟེ། བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུགས་པ་འདི་ནི་མི་ཁོམ་བརྒྱད། །ཅེས་པས་མི་མ་ཡིན་པའི་འགྲོ་བས་བསྡུས་པ་བཞི་དང་། མིའི་འགྲོ་བས་སྡུས་པ་བཞི་སྟེ་བརྒྱད་སྤངས་པ་སྟེ། སྡུད་པར། མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། ཅེས་སོ། །འབྱོར་པ་ལ། རྟེན་མི་ལུས་ཐོབ་པ། དབང་པོ་ཚང་བ། ལས་ཀྱི་མཐའ་མ་ལོག་པ། ཡུལ་དབུས་སུ་སྐྱེས་པ། གནས་ལ་དད་པ་སྟེ་ལྔ་བདག་རྒྱུད་ཀྱིས་བསྡུས་པ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་གསུངས་པ། དེའི་བསྟན་པ་གནས་པ། གཞན་དེ་ལ་འཇུག་པ། གཞན་གྱི་ཕྱིར་སྙིང་བརྩེ་བ་དང་ལྔ་གཞན་འབྱོར་རོ། །འདི་ལ་དལ་བ་དང་འབྱོར་པ་ངོ་བོ་ཐ་དད་པའམ། འོན་ཏེ་རྣམ་གྲངས་པ་ཡིན་ཞེ་ན། འགྲེལ་ཆེན་ལས། དལ་བ་ནི་མི་ཁོམ་པ་བརྒྱད་ལས་འགལ་མེད་པར་དགག་པ་ཙམ་ཡིན་པས། དེ་ལ་ངོ་བོ་ཐ་དད་མེད་ཅེས་ཟེར་བ་ལྟར་ན། རི་བོང་གི་རྭ་ལ་སོགས་པའང་དལ་བར་འགྱུར་རོ། །དེས་ན་མི་མ་ཡིན་པ་བཞི་ལས་ལོག་པར་མི་ལུས་ཐོབ་པས་གྲུབ་ཅིང་། དབང་པོ་མ་ཚང་བ་ལས་ལོག་པ་དབང་པོ་ཚང་བ། ཡུལ་མཐའ་འཁོབ་ལས་ལོག་པ་དབུས་སུ་སྐྱེས་པ། ལོག་ལྟ་འཛིན་པ་ལས་ལོག་པ་ལས་ཀྱི་མཐའ་མ་ལོག་པ། སངས་རྒྱས་ཀྱིས་སྟོང་པ་ལས་ལོག་པ་གནས་ལ་དད་པ་སྟེ་རང་འབྱོར་ལྔ་དང་། དལ་བ་ངོ་བོ་གཅིག་ལྡོག་པ་ཐ་དད་དེ། དལ་བ་ནི་བྲལ་བའི་ལྡོག་པ། འབྱོར་པ་ལྡན་པའི་ལྡོག་པ་ཡིན་ཏེ། སྡོང་པོ་བཀོད་པའི་མདོར། མི་ཁོམ་པ་བརྒྱད་ལས་ལོག་པའང་རྙེད་པར་དཀའ། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པའང་རྙེད་པར་དཀའ། སངས་རྒྱས་འབྱུང་བའང་རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པའང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོས་པའང་རྙེད་པར་དཀའོ་ཞེས་དང་། སློབ་དཔོན་ཉིད་ཀྱིས་དལ་བའི་དགའ་བ་ཕུན་སུམ་ཚོགས་པ་འདི་ལྟ་བུ་ནི་རྙེད་པར་དཀའོ་ཞེས་བཤད་ལ། གཞན་དུ་ན་མདོའི་ཚིག་ཟློས་པར་འགྱུར་རོ། །གཞན་འབྱོར་དང་ངོ་བོ་ཐ་དད་པའང་ཡོད་དེ། མཚམས་མེད་པ་བྱེད་པ་པོ་དང་། ལྷའི་འགྲོ་བ་འགའ་ཞིག་གི་དལ་བ་ལ། འབྱོར་པས་མ་ཁྱབ་པས་སོ། །དེས་ན་འབྱོར་པ་གང་ཡིན་པ་དེ་དལ་བ་ཡང་ཡིན་ལ། དལ་བ་ལ་འབྱོར་བས་མ་ཁྱབ་བོ། །ཡང་མི་ཁོམ་པ་བརྒྱད་དང་བྲལ་བ་ཙམ་ལ་དལ་འབྱོར་ཟེར་རམ། དེ་དང་བྲལ་བའི་རྟེན་ཁྱད་པར་ཅན་ཞིག་ལ་ཟེར། སྔ་མ་ལྟར་ན་རི་བོང་གི་རྭའང་དེར་འགྱུར་ལ། གཉིས་པ་ལྟར་ན། བསམ་པའི་རྟེན་བསོད་ནམས་ཀྱི་བློ་གྲོས་ཀྱང་གནས་ལ་དད་པར་འདུ་བས་ལོགས་སུ་བཤད་པ་དོན་མེད་དོ་ཞེ་ན། ཡོད་དེ། གནས་ལ་དད་པ་ཉིད་འབྱོར་པའི་བྱེ་བྲག་ཡིན་པས་ལུས་ཀྱི་རྟེན་ཡང་ཡིན་ལ། སྙིང་རྗེ་དང་ཤེས་རབ་ལ་སོགས་པ་དང་མཚུངས་པར་ལྡན་པའི་ཆ་ནས་བསམ་པའི་རྟེན་དུ་རུང་སྟེ། གཞན་ལ་གནོད་པ་གཞི་དང་བཅས་པ་ལོག་པ་དེ་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་གཉིས་ཀའི་སྡོམ་པ་ལ་མི་འགལ་བ་བཞིན་ནོ། །དེས་ན་རྟེན་མི་ལུས་གཅིག་གི་སྟེང་དུ་མི་ཁོམ་པ་བརྒྱད་དང་བྲལ་བ་དལ་བ། དེ་ལ་འབྱོར་པ་བཅུ་ལྡོག་པ་ཐ་དད་ཀྱི་ཚུལ་གྱིས་བསྟན་ཏེ། མདོ་ལས་ཀྱང་། ཐོག་མར་དལ་བ། དེ་ནས་འབྱོར་པ་བཤད་དོ། །ཅི་དལ་འབྱོར་ཁོ་ན་རྟེན་དུ་དགོས་ན། མདོ་ལས། རུ་རུ་ལ་སོགས་པའང་རྟེན་དུ་བཤད་པ་ཅི་ཞེ་ན། དེ་དག་སྤྲུལ་པའམ་བློ་མཆོག་ཏུ་གྱུར་པ་ལ་དགོངས་ལ་འདིར་ལས་དང་པོ་པ་ལ་དགོངས་སོ། །གཉིས་པ་ནི། རྙེད་པར་ཤིན་ཏུ་དཀའ་ཞེས་ཏེ། དགའ་བོ་རབ་ཏུ་འབྱུང་བའི་མདོ་ལས། དགེ་སློང་དག་ཡོངས་སུ་བརྟག་པ་བཟུང་ནས་འཇིག་རྟེན་གྱི་ཁམས་འདི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ལ། དེ་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ལ། དེ་རླུང་གིས་ཕྱོགས་བཞིར་དེད་ཅིང་གཅིག་ཏུ་མི་གནས་སོ། །ཡང་རྒྱ་མཚོ་དེའི་ནང་ན་རུས་སྦལ་ཞར་བ་གཅིག་གནས་པ་དེ་ལོ་བརྒྱ་བརྒྱ་ནས་སྟེང་དུ་ལན་རེ་འབྱུང་སྟེ། དེའི་མགྲིན་པ་ཤིང་དེའི་བུ་གར་ཆུད་པ་སྲིད་ཀྱང་། དཀོན་པ་དེ་བཞིན་དུ་མི་ལུས་ཐོབ་པ་ཡང་སྲིད་པ་ཙམ་མོ་ཞེས་གསུངས་ལ། དོན་དེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་གསུངས་སོ། །གསུམ་པ་ནི། རྙེད་དཀའ་བ་ལ་ཕན་པ་མེད་པ་དུ་མ་མཐོང་བས་དེ་ལྟ་བུ་མིན་ནམ་ཞེ་ན། སྐྱེས་བུའི་དོན་གྲུབ་ཅེས་ཏེ། མངོན་མཐོ་དང་ངེས་ལེགས་སྒྲུབ་པའི་རྟེན་ཡིན་པས་དེ་སྒྲུབ་དགོས་ཏེ། སློབ་དཔོན་ཟླ་གྲགས་ཀྱིས། རང་དབང་འཇུག་ཅིང་ཁོམ་པར་གནས་པ་ན། །གལ་ཏེ་འདི་ལ་བརྩོན་པར་མི་བྱེད་པ། །གཞན་དབང་འཇུག་ཅིང་ངན་འགྲོར་ལྟུང་བ་ན། །དེ་ཚེ་དེ་ནས་སུ་ཡིས་འབྱིན་པར་བྱེད། །ཅེས་གསུངས་ཏེ། ཕྱིས་བདེ་ལེགས་རྨི་ལམ་ཙམ་དུའང་རྙེད་པར་དཀའོ། །གཉིས་པ་བསམ་པའི་རྟེན་ནི། ཇི་ལྟར་མཚན་མོ་ཞེས་རྩ་བ་བཞི་སྟེ། སྤྱིར་བསྟན་པ་འདི་ལ་འཇུག་པའི་རྒྱུ་ཡིད་ཆེས་པའི་དད་པ་དང་། རྣམ་གཞག་འདིར་འཇུག་པའི་རྒྱུ་དང་བའི་དད་པ་དང་། ངེས་པར་འབྱུང་བ་ལ་འཇུག་པའི་རྒྱུ་འདོད་པའི་དད་པ་དང་། མྱུར་དུ་འཇུག་པའི་རྒྱུ་དལ་འབྱོར་རྙེད་དཀའ་བ་བསམ་པ་དང་། ཐོབ་པའི་དལ་བ་ཡུན་རིང་དུ་མི་གནས་པ་སྟེ། ཐུན་མོང་གི་བསམ་པ་ལྔ་དང་། སེམས་ཅན་གྱི་དོན་འདོད་པའི་བརྩེ་བ་དང་། ཐབས་ངེས་པར་འབྱུང་བའི་དད་པ་སྟེ། ཐུན་མོང་མ་ཡིན་པའི་བསམ་པ་གཉིས་ལས་འདིར་ཕྱི་མ་གཉིས་གཙོ་བོ་སྟེ། དེ་ཡོད་ན་ཐེག་པ་ཆེན་པོའི་རིགས་སད་པས་སེམས་བསྐྱེད་པ་དང་། སྤྱོད་པ་རྗེས་སུ་སྒྲུབ་པའི་རྟེན་དུ་རུང་བའི་ཕྱིར་རོ། །དེའང་རྙེད་དཀའ་བ་དཔེས་བསྟན་པས། ཉི་མའི་སྣང་བ་མེད་པས་མཚན་མོ། ཟླ་བའི་སྣང་བ་མེད་པས་མུན་ནག རྒྱུ་སྐར་ཙམ་གྱི་འོད་ཀྱིའང་གོ་སྐབས་མེད་པས་སྤྲིན་རུམ་ན། གློག་འགྱུ་སྐད་ཅིག་བར་སྣང་སྟོན་པ་ལྟར། དོན་ལ་བསམ་པའི་རྐྱེན་སངས་རྒྱས་མཐུ་ཡིས། འབྱུང་བར་དཀོན་པ་བརྒྱ་ལམ་ན། བསམ་པ་བསོད་ནམས་ཀྱི་བློ་གྲོས། ཡུན་རིང་དུ་མི་གནས་པས་ཐང་འགའ་འབྱུང་ཞེས་པ་ནི། དཔེ་དོན་མ་འབྲེལ་བས། འདིར་དཔེ་བཞིས། སངས་རྒྱས་ཀྱི་ཡེ་ཤེས་དང་། ས་དང་པོའི་རྟོགས་པ་དང་། ལམ་ཚོགས་སྦྱོར་གཉིས་ཀྱི་ཡོན་ཏན་གསུམ་པོ་དེ་དཔེ་སྔ་མ་གསུམ་དང་འདྲ་ལ། གློག་གི་དཔེས་སྦྱིན་པ་ལ་སོགས་པའི་བསོད་ནམས་སྒྲུབ་པའི་བློ་སྟེ། དེའང་བརྒྱ་ལམ་ན། ཐང་གཅིག་ཙམ་མམ། རེས་འགའ་འབྱུང་ཞེས་བྱའོ། །གཉིས་པ་དེས་ཉམས་སུ་བླང་བྱ་ལམ་ལ་དྲུག་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་སྤྱིའི་དོན་དང་། སོ་སོའི་རང་བཞིན་ནོ། །དང་པོ་ལ་སྤྱིའི་ངོ་བོ། གྲངས་ངེས་པ། གོ་རིམ་ངེས་པ། སྒྲའི་དོན་ཏེ་བཞིའོ། །དང་པོ་ནི་རྫོགས་པའི་སངས་རྒྱས་ཀྱི་སྒྲུབ་བྱེད་ཁྱད་པར་བའོ། །གཉིས་པ་ལ་གསུམ་སྟེ། རྒྱུ་རང་དོན་དང་གཞན་དོན་གྱི་སྒོ་ནས། ལམ་བསླབ་པ་གསུམ་གྱི་སྒོ་ནས། འབྲས་བུ་མངོན་མཐོ་དང་ངེས་ལེགས་ཀྱི་སྒོ་ནས་ངེས་སོ། །དང་པོ་ནི། མདོ་སྡེ་རྒྱན་ལས། དང་པོ་གསུམ་གཞན་དོན། ཐ་མ་གཉིས་རང་དོན། བརྩོན་འགྲུས་གཉིས་ཀའི་གཞིར་བཤད་དེ། སེམས་ཅན་དོན་ལ་རབ་བརྩོན་པ། །གཏོང་དང་མི་གནོད་བཟོད་པས་བྱེད། །གནས་དང་གྲོལ་བ་གཞིར་བཅས་པ། །རང་དོན་རྣམ་པ་ཐམས་ཅད་སྤྱོད། །ཅེས་གསུངས་ལ། ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། གཞན་དོན་སྒྲུབ་པ་སྦྱིན་པ་དང་ཚུལ་ཁྲིམས། བདག་དོན་སྒྲུབ་པ་བཟོད་པ་དང་བརྩོན་འགྲུས། ཐ་མ་གཉིས་ཀྱིས་གཉིས་ཀའི་དོན་སྒྲུབ་པར་གསུངས་ཏེ། ཚུལ་ཁྲིམས་སྦྱིན་པས་གཞན་གྱི་དོན། །བརྩོན་འགྲུས་བཟོད་པས་བདག་ཉིད་ཀྱི། །བསམ་གཏན་ཤེས་རབ་ཐར་པའི་རྒྱུ། །ཐེག་ཆེན་དོན་ནི་བསྡུས་པ་ཡིན། །ཞེས་དང་། ཡང་། བདག་དང་གཞན་ཕན་ཐར་དོན་མདོར། །སངས་རྒྱས་བསྟན་བཅོས་དེ་དག་ནི། །ཕ་རོལ་ཕྱིན་དྲུག་ཁོ་ན་ཡོད། །ཅེས་སོ། །ཡང་ཐེག་པ་ཆེན་པོ་གཞན་དོན་གཙོ་བོས་དེ་ཁོ་ནའི་དབང་དུ་བྱས་ནས་ཀྱང་དྲུག་ཏུ་ངེས་ལ། རང་དོན་སྒྲིབ་པ་གཉིས་ཀྱི་གཉེན་པོར་ཡང་དྲུག་ཏུ་ངེས་སོ། །གཉིས་པ་ལམ་ནི། སྦྱིན་པ་ལ་སོགས་པ་གསུམ་ནི་ཚུལ་ཁྲིམས་ཀྱི་བསླབ་པ། བསམ་གཏན་ཏིང་ངེ་འཛིན། ཤེས་རབ་ཤེས་རབ་ཀྱི་བསླབ་པ། བརྩོན་འགྲུས་གསུམ་ཀའི་གྲོགས་སུ་གསུངས་ཏེ། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་བཅོམ་ལྡན་འདས་བྱམས་པས་སོ། །གསུམ་པ་འབྲས་བུ་ནི། དང་པོ་བཞིས་མངོན་མཐོ་དང་། ཐ་མ་གཉིས་ཀྱིས་ངེས་པར་ལེགས་པ་སྟེ། མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །བཟོད་པས་མདངས་ལྡན་བརྩོན་པས་བརྗིད། །བསམ་གཏན་གྱིས་ཞི་བློ་ཡིས་གྲོལ། །ཞེས་སོ། །ཡང་ངེས་ལེགས་ཁོ་ནའི་དབང་དུ་བྱས་ནས་ཀྱང་དྲུག་ཏུ་ངེས་ཏེ། དང་པོ་གསུམ་གྱིས་གཟུགས་སྐུ། ཐ་མ་གཉིས་ཀྱིས་ཆོས་སྐུ། བརྩོན་འགྲུས་གཉིས་ཀའི་གྲོགས་ཏེ། རྒྱལ་སྲས་མཻ་ཏྲིས། ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་གསུམ། །བསམ་གཏན་ཤེས་རབ་ཆོས་ཀྱི་སྐུ། །བརྩོན་འགྲུས་གཉིས་ཀར་འདོད་པ་ཡིན། །ཞེས་དྲངས་སོ། །གསུམ་པ་གོ་རིམ་ངེས་པ་ལ་གསུམ་སྟེ། རྒྱུ་འབྲས་དང་། མཆོག་དམན་དང་། ཕྲ་རགས་ཀྱི་གོ་རིམ་མོ། །དང་པོ་ནི་གཏོང་བ་ལ་གོམས་ནས་ལོངས་སྤྱོད་ལ་མི་བལྟ་བ་དེ་ནི་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པས་ཚུལ་ཁྲིམས་ལེན་ལ། དེ་དང་ལྡན་པས་གཞན་ལ་གནོད་ལེན་མི་བྱེད་པས་བཟོད་པ་ལ་སོགས་པ་བསྟན་ཏོ། །གཉིས་པ་ནི། གཉེན་པོ་སྐྱེ་བའི་རིམ་པ་ཆུང་ངུའི་ཆུང་ངུ་ནས་སྐྱེ་བས། སྦྱིན་པ་དམན་ཞིང་སྐྱེ་སླ་བས་སྔོན་ལ་བསྟན་པ་ལ་སོགས་པ་སྟེ། སྦྱིན་པ་ཤན་པ་རྣམས་དང་ནི། །རིགས་ངན་རྣམས་ཀྱང་སྟེར་བར་བྱེད། །གང་ཡང་རུང་བས་ཚུལ་ཁྲིམས་ནི། །བསྲུང་བར་ནུས་པ་མ་ཡིན་ནོ། །ཞེས་སློབ་དཔོན་དབྱིག་གཉེན་གྱིས་བཤད་དོ། །གསུམ་པའང་སྦྱིན་པ་རགས་ཤིང་འཇུག་སླ་བས་དང་པོར་བསྟན་ཅིང་། དེ་བས་ཚུལ་ཁྲིམས་ཕྲ་ཞིང་འཇུག་དཀའ་བ་ལ་སོགས་པའོ། །དེ་དག་ཀྱང་མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པའི་ཕྱིར་དང་ཕྲ་བའི་ཕྱིར། །དེ་དག་རིམ་པས་བསྟན་པ་ཡིན། །ཞེས་སོ། །དེ་ལྟར་ན་སྡུད་པར་ཤེས་རབ་ནས་བསྟན་པ་ཅི་ཞེ་ན། དེར་ཤེས་རབ་བརྗོད་བྱའི་གཙོ་བོ་ཡིན་པས་ཐོག་མར་བསྟན་ཅིང་དེ་ནས་ཡས་རིམ་དུ་བསྟན་གྱི། དེར་ཡང་གོ་རིམ་འཁྲུགས་པ་མ་གསུངས་སོ། །བཞི་པ་སྒྲ་དོན་ནི་པ་ར་མི་ཏ་ཞེས་པ། པ་ར་ནི་མཆོག གྷ་མི་ནི་འགྲོ་བ་སྟེ། འཁོར་གསུམ་དུ་མི་རྟོག་པས་དཔྱད་ན། མཆོག་ཏུ་འགྲོ་བར་བྱེད་པ་སྤྱིའི་སྒྲ་དོན་ཏེ་མཆོག དམ་པ་ཕུལ། གྱ་ནོམ་པ། བླ་ན་མེད་པ་ཞེས་བྱ་སྟེ། འཕགས་པ་བརྒྱད་སྟོང་པར། དམ་པ་ཡིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་འཐོབ་བོ་ཞེས་སོ། །སོ་སོའི་ཡང་མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། །བསིལ་བ་ཐོབ་དང་ཁྲོ་བཟོད་དང་། །མཆོག་སྦྱོར་བ་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །དོན་གཉིས་པ་ཕ་རོལ་ཏུ་ཕྱིན་པ་སོ་སོའི་རང་བཞིན་ལ་དྲུག་ལས། དེ་ལྟས་དགེ་བ་ཞེས་པ་ལ་སོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། འདི་ལ་སྦྱིན་པའི་ངོ་བོ། དབྱེ་བ། འབྲས་བུ་གསུམ་མོ། །དང་པོ་ནི་གཏོང་བའི་སེམས་པ་ཁྱད་པར་བ་སྟེ། ཡེ་ཤེས་རྨད་དུ་བྱུང་བ་ལས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟ་སྟེ། བདོག་པ་ཐམས་ཅད་འབྲས་བུ་དང་བཅས་ཏེ་གཞན་ལ་གཏོང་བར་སེམས་པའོ་ཞེས་དང་། ཡུམ་ལས། གཏོང་བར་མོས་པར་གྱུར་ཅིང་རྟག་ཏུ་ལྷུག་པར་གཏོང་། །ཞེས་དང་། འདི་ཉིད་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་གཏོང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་ཞེས་སོ། །དབྱེ་ན། ཆོས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ། མི་འཇིགས་པའི་སྦྱིན་པ་སྟེ་གསུམ་མོ། །དེའང་མདོ་སྡེ་རྒྱན་ལས། ཆོས་དང་ཟང་ཟིང་མི་འཇིགས་གཏོང་། །ཞེས་དང་། འདི་ཉིད་ལས། མ་གུས་པ་ལ་ཆོས་མི་བཤད། །ཅེས་དང་། ཆོས་གོས་གསུམ་མ་གཏོགས་པ་སྦྱིན། ཞེས་དང་། བདག་ནི་མགོན་མེད་རྣམས་ཀྱི་མགོན། །ཞེས་རིམ་པ་ལྟར་རོ། །འབྲས་བུ་སྤང་བྱ་སྤོང་བ་དང་། འཐོབ་བྱ་ཐོབ་པ་གཉིས་ལས། སྔ་མ། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །ཅེས་དང་། གཉིས་པའང་། སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །ཞེས་གསུངས་ལ། མདོ་སྡེ་རྒྱན་ལས། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་། །ལོངས་སྤྱོད་ཤིན་ཏུ་བཟང་ལ་མང་དང་འཕྲད། །ཅེས་དང་། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཞེས་དང་། གནས་ལྔ་བསྟན་པའི་མདོ་ལས། གཞན་ལ་ཁ་ཟས་བྱིན་པ་ཡིས། །གནས་ལྔ་དག་ནི་ཀུན་ཐོབ་སྟེ། །ཚེ་དང་ཁ་དོག་སྟོབས་དང་བདེ། །ནད་མེད་པ་ནི་ཕུན་སུམ་ཚོགས། །ཞེས་སོ། །གཞུང་གི་དོན་ལ། ཕན་ཡོན་རྗེས་སུ་བསྔགས་པ་དང་། སྡོམ་པ་ཡང་དག་པར་བླང་པའོ། །དང་པོ་ལ་གསུམ་ལས། མཚམས་སྦྱར་བའི་ཚུལ་གྱིས་ཕན་ཡོན་མདོར་བསྟན་པ་ལ། སྡིག་པ་སེལ་བ་དང་། དེའི་འཐད་པ་གཉིས་ལས། སྔ་མ་ནི། དེ་ལྟས་ཞེས་གཉེན་པོ་སྟོབས་ཆུང་བ། སྤང་བྱ་སྟོབས་ཆེ་བ། འབྲས་བུ་སྡུག་བསྔལ་ལ་སྦྱོར་བ་གསུམ་བསྟན་ལ། སྡིག་པ་སྟོབས་ལྡན་དེ་གཞན་ཐར་པའི་ཆ་མཐུན་གྱི་དགེ་བས་གཞོམ་མི་ནུས་པས། བྱང་ཆུབ་ཀྱི་སེམས་ཁོ་ན་གཉེན་པོ་ཡིན་ཞེས་པའོ། །གཉིས་པ་ནི་བསྐལ་པ་ཞེས་རྩ་བ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ཁོ་ན་ཕན་བདེའི་ཐབས་ཁྱད་པར་ཅན་དུ་དགོངས་ཤིང་གསུངས་པས་བླང་བྱ་ཡིན་ཞེས་པའོ། །ཕན་ཡོན་རྒྱས་པར་བཤད་པ་ལ་གསུམ་ལས། སྨོན་འཇུག་ཐུན་མོང་གི་ཕན་ཡོན་ལ་གསུམ་གྱི་དང་པོ་མ་མཐོང་བའི་ཕན་ཡོན་བསྟན་པ། འདིས་ནི་ཚད་མེད་ཅེས་དང་། སྲིད་པའི་ཞེས་པས་སངས་རྒྱས་འགྲུབ་པ་དང་། གནས་སྐབས་ཀྱི་འདོད་པ་འབྱུང་བའི་ཕན་ཡོན་བསྟན་ཏེ། སྔ་མ་ནི་བྱང་ཆུབ་ཀྱི་སེམས་སྐྱེས་ན་བདེ་མཆོག་རྫོགས་པའི་སངས་རྒྱས་ཚེགས་ཆུང་ངུས་འགྲུབ་པའོ། །དེ་ལྟར་ན་མདོ་སྡེ་རྒྱན་ལས། དཀའ་སྤྱད་དཔག་མེད་བརྒྱ་ཕྲག་དང་། །ལ་སོགས་པ་བཤད་ན། བསྐལ་པ་གྲངས་མེད་པ་བསམ་གྱིས་མི་ཁྱབ་པའམ། སུམ་ཅུ་རྩ་དྲུག་གམ། གསུམ་ཅི་སྟེ་བདེ་བླག་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་གཅིག་ཏུ་གཞན་གྱི་དོན་ལ་གཞོལ་བས་དེ་ལ་དཀའ་བར་སེམས་པ་མེད་དེ། འདི་ལྟར་དེ་ནི་སྲིད་པའི་སྡུག་བསྔལ་ལ་ལྟོས་ནས་བདེ་བླག་ཡིན་ཏེ། སྲིད་པའི་སྡུག་བསྔལ་གྱི་ཡུན་ལ་ལྟོས་ནས་དང་། འབྲས་བུ་མཆོག་ཏུ་འགྱུར་པ་ལ་ལྟོས་ནས་བདེ་བླག་ཡིན་ཞེས་བདག་གི་བླ་མ་གསུང་ངོ་། །གནས་སྐབས་ཀྱི་འབྲས་བུ་ནི་སྲིད་པའི་སྡུག་བསྔལ་གཞོམ་པར་འདོད་པ་ཉན་རང་གི་བདེ་བ་དང་། སེམས་ཅན་མི་བདེ་བ་བསལ་བར་འདོད་པ་བྱང་ཆུབ་སེམས་དཔའི་བདེ་བ་དང་། བདེ་མང་བརྒྱ་ཕྲག་སྟེ་མངོན་མཐོ་དང་ངེས་ལེགས་འདོད་པས་སེམས་དེ་གཟུང་བའོ། །འདིར་ཉན་རང་གི་ཞི་བ་དང་། ལྷ་མིའི་བདེ་བ་སེམས་དེ་མེད་ཀྱང་འཐོབ་མོད། དེ་དག་དེའི་ཕན་ཡོན་དུ་མི་འཐད་ཅེ་ན། སེམས་དེ་ལས་དེ་དག་ཀྱང་འཐོབ་སྟེ། ཡུམ་ལས། རབ་འབྱོར་འདི་ལ་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གཉིས་པ་མཐོང་བའི་ཕན་ཡོན་ནི། བྱང་ཆུབ་སེམས་བསྐྱེད་ཅེས་རྩ་བ་བཞིས་མིང་དང་། དོན་འཕོ་བའོ། །གསུམ་པ་ཕན་ཡོན་དཔེས་བསྔགས་པ་ལ་དྲུག་སྟེ། དམན་པའི་ལུས་མཆོག་ཏུ་སྒྱུར་བ་གསེར་འགྱུར་རྩིའི་དཔེ་དང་། རྙེད་དཀའ་ཞིང་ཕན་འདོགས་པ་ཆེ་བ་ཡིད་བཞིན་གྱི་ནོར་བུའི་དཔེ་དང་། འབྲས་བུ་ཟད་མི་ཤེས་པ་ལ་དབང་སྒྱུར་བ་དཔག་བསམ་ལྗོན་ཤིང་གི་དཔེ་དང་། ངེས་པའི་སྡིག་པ་ཟིལ་གྱིས་གནོན་པ་དཔའ་བོའི་དཔེ་དང་། མ་ངེས་པའི་སྡིག་པ་དྲུངས་ནས་འབྱིན་པ་དུས་མཐའི་མེའི་དཔེ་དང་། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །དང་པོ་ནི། གསེར་འགྱུར་ཞེས་པས་ཏེ། དེས་ལྕགས་ལ་སོགས་པ་སྒྱུར་བ་བཞིན་ཏེ། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་སྲང་གཅིག་གིས་ལྕགས་སྲང་སྟོང་གསེར་དུ་སྒྱུར་བར་བྱེད་ལ། ལྕགས་སྲང་སྟོང་གིས་དེ་སྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གསེར་འགྱུར་གྱི་རྩི་གཅིག་གིས། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ལྕགས་ཟད་པར་བྱས་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གསེར་གྱི་མདོག་ཏུ་བྱེད་ལ། རྩི་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཀྱིས་སླར་སྒྱུར་བར་མི་ནུས་སོ་ཞེས་སོ། །གཉིས་པ་ནི། འགྲོ་བ་ནི་དེད་དཔོན་ཞེས་པས། བྱང་ཆུབ་ཀྱི་སེམས་ནོར་བུ་རིན་པོ་ཆེ་དང་འདྲ་བར་བལྟའོ། །དེའང་རྒྱུད་བླ་མ་ལས། འབྱུང་བར་དཀོན་ཕྱིར་ལ་སོགས་པ་དང་ཆོས་མཐུན་ཏེ། རྙེད་དཀའ་བ་དང་། ཕན་འདོགས་ཆེ་བས་སོ། །གསུམ་པ་ནི། དགེ་བ་གཞན་ཞེས་པ་སེམས་དེས་མ་ཟིན་པའི་དགེ་བ་རྣམ་སྨིན་ཕྱུང་ནས་འཛད་པའི་དཔེ་དང་། ཟིན་ན་མི་ཟད་ཅིང་སླར་འཕེལ་བའི་དཔེར་མཛད་དེ། དཀོན་མཆོག་ཟ་མ་ཏོག་ལས། འཇམ་དཔལ་འདི་ལྟ་སྟེ། ཤིང་ལྗོན་པ་སྣ་ཚོགས་ནི་ཁམས་བཞི་ཡིས་བཟུང་ན་རྣམ་པར་འཕེལ་ལོ། །འཇམ་དཔལ་དེ་བཞིན་དུ་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་སོ། །བཞི་པ་ནི། དཔའ་བོ་ལ་བརྟེན་ནས་ཤ་འཁོན་ཅན་འཇིགས་པ་ལས་སྒྲོལ་བ་ལྟར། རྩ་བ་ལ་མངོན་པར་ཞེན་པའི་དང་། ཕྱིན་ཅི་ལོག་གི་སེམས་པ་ལས་བྱུང་བ་ལྟ་བུ་མྱོང་བར་ངེས་པའི་ལས་རྩ་བ་ནས་ཟད་པར་མ་བྱས་ཀྱང་། རེ་ཞིག་མངོན་གྱུར་གནོན་ཅིང་། སྡུག་བསྔལ་མི་བསྐྱེད་པས། སྡིག་པ་ཤིན་ཏུ་ཞེས་ཏེ། བློ་གྲོས་མི་ཟད་པར། རིགས་ཀྱི་བུ་འདི་ལྟ་སྟེ། དཔའ་བོ་ལ་ཡང་དག་པར་བརྟེན་པའི་སྐྱེས་བུ་ནི་དགྲ་རྣམས་ལས་འཇིགས་པར་མི་འགྱུར་ལ། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དཔའ་བོ་ལ་བརྟེན་པའི་བྱང་ཆུབ་སེམས་དཔའ་ནི་ཉེས་པར་སྤྱད་པ་ཐམས་ཅད་ཀྱི་དགྲ་རྣམས་ཀྱིས་འཇིགས་པར་མི་འགྱུར་རོ་ཞེས་སོ། །ལྔ་པ་ནི། གཞན་གྱིས་བསྒོ་བའི། གསོལ་བ་བཏབ་པའི། མི་ཤེས་པའི་སེམས་པ་ལས་བྱུང་བ་སྟེ། མྱོང་བར་མ་ངེས་པ་གསུམ་སྐད་ཅིག་ལ་རྩ་བ་ནས་སྤོང་བས་དུས་མཐའི་ཞེས་ཏེ། ཡབ་སྲས་མཇལ་བ་ལས། འཇིག་རྟེན་གྱི་ཁམས་འཇིག་པའི་ཚེ། ཉི་མ་གཉིས་བྱུང་བས་ཆུ་མིག་དང་ཆུ་ཕྲན་རྣམས་བསྐམས། གསུམ་བྱུང་བས་ཆུ་མིག་ཆེན་པོ་དང་ཆུ་ཕྲན་ཆེན་པོ་བསྐམས། བཞི་བྱུང་བས་ཆུ་ཀླུང་བཞིའི་གནས་མ་དྲོས་པ་བསྐམས། ལྔ་བྱུང་བས་རྒྱ་མཚོ་དཔག་ཚད་གཅིག་གི་ཆུ་བསྐམས། དེ་ནས་གཉིས་ནས་ལྔ་བཅུའི་བར་དང་། བཞི་ཁྲིའི་བར་དང་། མཐར་ཤིང་ཏ་ལ་གཉིས་ནུབ་པ་ཙམ། ལུས་མཆན་ཁུང་ནུབ་པ་ཙམ། བ་ལང་གི་རྨིག་རྗེས་ཀྱི་ཆུ་ཙམ། ཟིལ་པ་ཕྲམ་ཕྲོམ་ཙམ། མཛུབ་མོ་སྣུ༷མ་པ་ཙམ་གྱི་ཆུ་ཡང་མ་ལུས་པར་གྱུར་པའི་དུས་དེ་ཡོད་དོ། །ཞེས་སོ། །དྲུག་པ་ནི། དེའི་ཕན་ཡོན་དཔག་ཏུ་མེད་པ་དག་བྱམས་མགོན་བློ་དང་ལྡན་པས་ནོར་བཟང་ལ་བཤད་དོ། །གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་དེད་དཔོན་ནོར་བརྟན་གྱི་བུ་ནོར་བཟང་ལ་བཤད་དེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནོར་བཟང་གིས། མགོན་པོ་འཇམ་པའི་དབྱངས་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་མནོས་ཏེ། དགེ་བའི་བཤེས་གཉེན་བརྒྱ་ཕྲག་གཅིག་དང་དགུའི་མཐར། ཁྱེའུ་དཔལ་འབྱུང་དང་བུ་མོ་དཔལ་གྱི་བློ་གྲོས་མ་ལས་གནང་བ་ཐོབ་སྟེ། རྒྱལ་བ་བྱམས་པ་རྒྱ་མཚོའི་འགྲམ་གྱི་ཁང་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པ་ཞེས་བྱ་བ་ན་བཞུགས་པ་དེར་སོང་བ་དང་། བྱམས་པས་ཀྱང་དེ་ལ་བསུས་ཏེ། ལྟོས་ཤིག་སེམས་ཅན་བསམ་པ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་འཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོངས། །ལེགས་པར་འོངས་སམ་སྙིང་རྗེ་བྱམས་འབྱུང་ཁྱོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དང་། དེ་ནས་དེས་ཐལ་མོ་སྦྱར་ཏེ། འཕགས་པ་བདག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ན་ཇི་ལྟར་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་བསྟན་དུ་གསོལ་ཞེས་ཞུས་པ་དང་། བྱམས་པས་ལེགས་སོ་བྱིན་ནས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བརྟེན་པས་ས་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་སྲུང་བས་ཕ་ལྟ་བུའོ། །དབུལ་བ་ཐམས་ཅད་ལས་སྐྱོབ་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ། །ཞེས་པ་ལ་སོགས་པ་དཔེ་སྣ་ཚོགས་ཀྱིས་བསྟན་ནས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཕན་ཡོན་གྱི་རྣམ་པ་དེ་ལྟ་བུ་དང་། ཡོན་ཏན་གྱི་བྱེ་བྲག་གཞན་དང་ཡང་ལྡན་ནོ་ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་གང་། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཉིས་པ་སྨོན་འཇུག་གཉིས་ཀྱི་དབྱེ་བ་ནི། བྱང་ཆུབ་སེམས་དེ་ཞེས་རྩ་བ་བཞིས་གསལ་བའི་དབྱེ་བ་དང་། འགྲོ་བར་འདོད་ཅེས་པས་མཚན་ཉིད་བསྟན་ཏེ། སྔ་མ་སྨོན་འཇུག་གཉིས་ཞེས་གསུངས་པ་འདི། ངོ་བོའི་སྒོ་ནས་ཕྱེ་བ་དང་། གཞན་ཡུལ་གྱིས་དབྱེ་ན། སློབ་དཔོན་ཀླུ་སྒྲུབ་ཀྱིས་དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་བསྐྱེད་ནས་ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས། དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ་ཞེས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་དང་། ཐོབ་ཚུལ་གྱིས་དབྱེ་ན་བརྡ་ལས་བྱུང་བ་དང་། ཆོས་ཉིད་ཀྱིས་ཐོབ་པ་གཉིས་ཏེ། མདོ་སྡེ་རྒྱན་གྱི་སྒྲུབ་པའི་སྐབས་ནས། བརྡ་ལས་བྱུང་བའི་སེམས་བསྐྱེད་པ་རྙེད་པའི་ཚེ་མོས་པའི་སྒོ་ནས་སམ། དོན་དམ་པའི་སེམས་བསྐྱེད་རྙེད་པའི་ཚེ། ཤེས་པའི་སྒོ་ནས་རྙེད་པས་སམ་ཞེས་སོ། །ས་མཚམས་ཀྱིས་ཕྱེ་ན་བཞི་སྟེ། མོས་དང་ལྷག་བསམ་དག་པ་དང་། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པ་འོ། །ཞེས་སོ། །དཔེའི་སྒོ་ནས་དབྱེ་ན་ཉི་ཤུ་རྩ་གཉིས་ཏེ། དེ་ཡང་ས་གསེར་ཟླ་བ་མེ། །ཞེས་པ་ལ་སོགས་པའོ། །གཉིས་པ་མཚན་ཉིད་ལ། སྨོན་པ་འགྲོ་བར་འདོད་པ་ནི་བླངས་པ་བརྡ་ལས་བྱུང་བ་སྟེ། བྱང་ཆུབ་ལ་མོས་པས་ཡུལ་དུ་བྱེད་པ་ཚོགས་སྦྱོར་ན་ཡོད་ལ། འཇུག་པ་འགྲོ་བ་ནི་ཆོས་ཉིད་ཀྱིས་ཐོབ་པ་བྱང་ཆུབ་དངོས་སུ་མྱོང་བས་ཐོབ་པ་ནས་ཞེས་བཞེད་པ་ནི་འདི་ལ་དགོངས་པ་མ་ཡིན་ཏེ་བསླབ་བཏུས་ལས། ཅི་སར་མ་ཆུད་པ་ལ་ཡང་བྱང་ཆུབ་སེམས་པའི་སྡོམ་པའི་དབང་དུ་བྱས་པ་ཡོད་དམ་མེད་ཅེས་བྱ་བ་འདི་བརྗོད་པར་བྱའོ་ཞེ་ན། ཡོད་པར་རིག་པར་བྱ་སྟེ་ཞེས་དང་། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པར། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་སྔོན་གྱི་ཚེའི་རྟོགས་པ་བརྗོད་པ་ལས་སྤྱོད་པ་དང་ལྡན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བསྐྱེད་པར་བྱའོ་ཞེས་འཇུག་པ་སོ་སོའི་སྐྱེ་བོ་ལ་ཡོད་པར་བཤད་པ་དང་། ནམ་མཁའི་སྙིང་པོའི་མདོར་རྙེད་པ་དང་བཀུར་སྟིའི་རྒྱུ་ལས་རྩ་བའི་ལྟུང་བར་གསུངས་པ་དང་། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། འཇིག་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པ་དྲལ་ནས། བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་དེ་ལས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་སྐྱེ་འོ་ཞེས་མདོ་གཞན་ལས་ཀྱང་རྒྱ་ཆེར་གསུངས་ཤིང་། འདིར་ཡང་འཇུག་པའི་ཆོ་ག་གསུངས་པས་སོ། །ཡང་འགྲེལ་ཆེན་ལས། སྨོན་པ་བློ་བྱ་བ་མེད་པ་དང་། འཇུག་པ་བློ་བྱ་བ་དང་བཅས་པ་ཞེས་དང་། སློབ་དཔོན་ཤཱནྟི་པས། བློ་སྒྲུབ་པ་དང་བྲལ་པ་དང་། བསྒྲུབས་པས་ཟིན་པ་ཞེས་དང་། ཛྙཱ་ན་ཤྲཱིས། བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་དང་ཞེས་བཤད་ལ། སློབ་དཔོན་ཛེ་ཏཱ་རིས། སྨོན་པ་གཞན་དོན་དུ་བྱང་ཆུབ་འདོད་པར་ཁས་འཆེ་བ། འཇུག་པ་དེ་རྒྱུན་དུ་བསྲུང་བར་ཁས་འཆེ་བ་ཞེས་པའང་འདིའི་དགོངས་པ་མ་ཡིན་ཏེ། ཁས་འཆེ་བ་འགྲོ་བ་དངོས་དང་དཔེ་དོན་མི་འགྲིག་པས་ཟེར་བ་ལ། བདག་གི་བླ་མས། སློབ་དཔོན་འདིས་བྱང་ཆུབ་སེམས་དཔའི་བསླབ་པ་མཐའ་དག་བཟུང་བར་ཁས་འཆེ་བ་སྨོན་པའི་སྡོམ་པ། ཇི་ལྟར་བཟུང་བ་ལྟར་སྤྱད་པར་ཁས་འཆེ་བ་འཇུག་པའི་སྡོམ་པར་བཞེད་པས་འདི་ལ་འགལ་བ་མེད་གསུང་ངོ་། །ཡང་འཇུག་པ་བསླབ་པ་ཡིན་ནོ་ཟེར་བ་ཡང་མ་ཡིན་ཏེ། འདི་ཉིད་ལས་དེ་གཉིས་སོ་སོར་གསུངས་ལ། སློབ་དཔོན་ཐོགས་མེད་ཀྱིས། སྐལ་པ་དང་ལྡན་པའི་གཞི་རིགས། སྤྱོད་པ་ལ་སྦྱོར་བའི་གཞི་སེམས་བསྐྱེད་པ། རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པའི་གཞི་བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་གཞི་ཐ་དད་པར་གསུངས་སོ། །ཡང་སློབ་དཔོན་ཉིད་ཀྱིས་སྡོང་པོ་བཀོད་པའི་མདོ་དྲངས་པ། གང་དག་བྱང་ཆུབ་ཏུ་སྨོན་པ་དེ་ནི་དཀོན་ནོ། །དེ་བས་ཀྱང་བྱང་ཆུབ་ཏུ་ཆས་པ་དེ་དཀོན་ཞེས་པས། འབྲས་བུ་དོན་དུ་གཉེར་བ་དང་། དེའི་ཐབས་སུ་སྤྱོད་པ་དོན་དུ་གཉེར་བ་སྨོན་འཇུག་གི་སེམས་བསྐྱེད་དེ། སྤྱོད་པ་དང་ལྡན་པར་སེམས་བསྐྱེད་ཅེས་པ་དང་། སྤྱོད་པ་ལ་དམ་བཅའ་བའི་སེམས་པས་ཀུན་ནས་བསླངས་པའི་སྤྱོད་པ་དང་ལྡན་པའི་ཕྱིར་ཞེས་པའང་སྨོན་པ་སྒྲུབ་པ་དང་མི་ལྡན་ན་སེམས་ཀྱི་འདོད་པ་ཙམ་གྱིས་ཇི་ལྟར་འགྲུབ་སྟེ། སྦྱོར་བ་ལ་ལྟོས་པ་དང་བྲལ་བ་དང་། སྨོན་པ་བསྒྲུབས་པས་མ་ཟིན་ན་ཆོ་ག་ལ་མི་ལྟོས་པར་འགྱུར་རོ། །དམ་བཅའ་བའི་སེམས་པས་ཀུན་ནས་བསླངས་པའི་སྤྱོད་པ་དང་ལྡན་ཞེས་པའང་མདོའི་དོན་མ་ཡིན་ཏེ། དེ་ལས་བྱང་ཆུབ་ཏུ་ཆས་པ་ཞེས་པས་སོ། །དེས་ན་བདག་གི་བླ་མས། སྨོན་འཇུག་གཉིས་ཀ་ལ། སོ་སོའི་སེམས། སེམས་བསྐྱེད་པའི་ཆོ་ག དེ་མི་ཉམས་པར་བསྲུང་བ་གསུམ་གསུམ་ཡོད་ལ། དེ་ཡང་མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པའོ། །ཞེས་དང་། མངོན་རྟོགས་རྒྱན་དུ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པས། སྔ་མ་སྔ་མ་གཙོ་ལ་ཕྱི་མ་གཉིས་ཀའི་མཚན་ཉིད་དོ། །དེ་ལས་སྨོན་པའི་སེམས་ནི་གཞན་དོན་དུ་བྱང་ཆུབ་ཏུ་ཆེན་པོར་འདུན་པ་སྟེ། བསླབ་བཏུས་ལས། དེ་ལ་བྱང་ཆུབ་སྨོན་པའི་སེམས་ནི། སངས་རྒྱས་སུ་འགྱུར་བར་བྱའོ་ཞེས་སྨོན་པ་ལས་སྐྱེས་པ་ཡིན་ཏེ་ཞེས་སོ། །ཆོ་ག་ཆོས་གསུམ་ཚང་བས། དེ་རྒྱུན་དུ་སློབ་པ་མི་ཉམས་པར་བསྲུང་བའོ། །གཉིས་པའང་གཞན་དོན་དུ་བྱང་ཆུབ་ཐུན་མོང་མ་ཡིན་པའི་སྒྲུབ་བྱེད་ལ་འཇུག་པའི་སེམས་དང་། ཆོ་ག་སྔར་བཞིན། ནག་པོའི་ཆོས་བཞི་སྤང་བ་ལ་སོགས་པ་མི་ཉམས་པར་བསྲུང་བའོ་ཞེས་གསུང་ངོ་། །དེའི་རྗེས་སུ་འབྲངས་ན་སྨོན་འཇུག་གི་སེམས་རྐྱང་པ་སྡོམ་པ་མ་ཡིན་ལ། སྨོན་འཇུག་གི་སེམས་བསྐྱེད་པ་མི་མཐུན་པའི་ཕྱོགས་གཞི་དང་བཅས་པ་སྤོང་སེམས་ཡོད་ན་གཉིས་ཀའང་སྡོམ་པར་འགྱུར་ཏེ། སྡོམ་པའི་མཚན་ཉིད་དང་ལྡན་པས་དང་། བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། རྒྱུ་གཉིས་ཁོ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་གཏོང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་བཏང་བ་དང་ཞེས་བཤད་ལ། མིན་ན་ཧ་ཅང་ཐལ་ལོ་ཞེས་གསུངས་སོ། །ཡང་སྡོམ་པས་མ་ཟིན་ཀྱང་། བསོད་ནམས་རྒྱུན་ཆགས་འབྱུང་བ་ལ་འགལ་བ་མེད་དེ། མདོ་ལས། མེ་ཏོག་ཙམ་ཞིག་རབ་ཕུལ་བས། །གང་ཞིག་ངན་འགྲོར་ལྟུང་མ་གྱུར། །དེ་ལ་དུས་ཉེ་བསྟན་པ་ནི། །མཚན་མིན་ཁྱོད་སྔོན་འདི་འདྲ་ཡིན། །ཞེས་དང་། སློབ་དཔོན་ཉིད་ཀྱིས། སྤྱོད་པ་དང་མི་ལྡན་ཡང་། བྱང་ཆུབ་ཀྱི་སེམས་ནི་ཕན་པར་འགྱུར་བར་ཤེས་པར་བྱ་སྟེ་ཞེས་དང་། རྒྱལ་པོ་ལ་གདམས་པར། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ནི་བྱ་བ་མང་ལ་བྱེད་པ་མང་བ་སྟེ། ཉིན་མཚན་དུས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་མི་ནུས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ། འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་སྟེ། རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་བཟུང་སྟེ་སྒོམས་ཤིག མཐར་རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན། རྒྱལ་སྲིད་ཀྱང་བྱེད་ལ། རྒྱལ་པོའི་བྱ་བའང་ཉམས་པར་མི་འགྱུར་ཞིང་། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །དེས་ན་རྒྱུན་ཆགས་འབྱུང་བ་མིན་ཞེས་པའང་། དམ་བཅའ་བའི་ལྕགས་ཀྱུས་མ་ཟིན་པའི་སྨོན་པ་རྐྱང་བ་ལ་དགོངས་ནས་འཇུག་པའི་སེམས་བཞིན་དུ་ཞེས་བཀར་ཏེ་གསུངས་སོ། །མཁས་པས་ཞེས་བྱ་བ་ནི། བྱ་བ་དང་། བྱ་བ་མ་ཡིན་པའི་ཆའམ། སེམས་གཉིས་ཀྱི་ངོ་བོ་དང་རྣམ་དབྱེ་ལ་སོགས་པ་ལའོ། །གསུམ་པ་ཕན་ཡོན་སོ་སོར་བཤད་པ་ལ། མདོར་བསྟན་པ་དང་། དེའི་འཐད་པ་གཉིས་ལས། སྔ་མ་ལ་སྨོན་པ་དང་། འཇུག་པ་གཉིས་ཀྱི། སྔ་མ་ནི། བྱང་ཆུབ་ཅེས་ཏེ། སྨོན་པ་སྒྲུབ་པའི་ནན་ཏན་དང་བྲལ་བས། འཁོར་བ་ན་འཁོར་བའི་ཚེ། འབྲས་བུ་ལྷ་མིའི་བདེ་བ་འབྱིན་ཡང་། མངོན་དུ་རྒྱུ་མེད་པའི་གནས་སྐབས་ན། རྒྱུན་ཆགས་མི་འབྱུང་སྟེ། སྤྱོད་པ་ལ་དམ་བཅའ་བའི་སེམས་པས་འཕངས་པ་མེད་པས། བར་མས་བསྡུས་པའི་དགེ་བ་མངོན་དུ་རྒྱུ་ཡོད་པ་ན་བསོད་ནམས་ཡོད་ཀྱང་། གཉིད་ལོག་པ་ལ་སོགས་པའི་གནས་སྐབས་ན་སེམས་པས་འཕངས་པའི་རྒྱུན་ཆགས་མེད་པའི་ཕྱིར་ཏེ། བསླབ་བཏུས་ལས། དེས་ཀྱང་འཁོར་བའི་བདེ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བྲལ་བ་ལ་ཡང་བརྙས་པར་མི་བྱ་སྟེ་ཞེས་དང་། དེའི་འཐད་པ་ཡང་། འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་རྣམ་པར་བཟློག་གོ་ཞེས་དང་། རྒྱལ་པོ་ལ་གདམས་པའི་མདོ་ལས་རྒྱ་ཆེར་བཤད་དོ། །གཉིས་པ་ནི། གང་ནས་བཟུང་སྟེ་ཞེས་རྩ་བ་བརྒྱད་དེ། དེའང་འཇུག་པའི་སེམས་བླངས་པ་ནས་བཟུང་སྟེ། བསོད་ནམས་རྒྱུན་མི་འཆད་པ་འབྱུང་སྟེ། རྒྱལ་པོ་ལ་གཏམ་དུ་བྱ་བ་ལས། མི་ཉལ་བའམ་ཉལ་ཡང་རུང་། །ཡང་དག་བླངས་པ་ནས་བཟུང་སྟེ། །བག་མེད་གྱུར་ཀྱང་སེམས་ཅན་རྣམས། །མཐའ་ཡས་ཕྱིར་ན་སེམས་ཅན་བཞིན། །བསོད་ནམས་མཐའ་ཡས་རྟག་སོགས་འགྱུར། །ཞེས་སོ། །བསམ་པ་དུས་ཐམས་ཅད་དུ་གཞན་དོན་ལས་མི་ལྡོག་པའི་སེམས་ཀྱིས་བླངས་ཏེ། ལམ་སྒྲུབ་པ་མི་འདོར་བའོ། །དགོས་པ་སྙིང་རྗེས་སེམས་ཅན་བསྒྲལ་འདོད་དོ། །དེ་བས་ན་འཇུག་པ་བླངས་ནས་བསོད་ནམས་རེས་འགའ་བ་མ་ཡིན་པས་རྒྱུན་མི་འཆད་དུའོ། །འདི་ནི་སྔ་མ་དང་མི་མཚུངས་པས་གཉིད་སོགས་སོ། །བག་མེད་ནི་སྒྲུབ་པའི་ནན་ཏན་དང་བྲལ་བས་བཏང་སྙོམས་སུ་གནས་པ་ཡིན་གྱི། བསླབ་པ་ལ་བག་མེད་པ་མ་ཡིན་ནོ། །གཉིས་པ་དེའི་འཐད་པ་ལ་གཉིས་ལས། ལུང་གི་དོན་འཐད་པ། འདི་ནི་ཞེས་ཏེ། ལག་བཟང་གིས་ཞུས་པ་ལས། ནུས་པ་དང་ལྡན་ན་སྦྱིན་པ་དང་། གཏོང་བ་དང་རྣམ་པར་གཏོང་བའི་ཚུལ་གསུངས་ནས། ནུས་པ་དང་མི་ལྡན་པའི་དབང་དུ་བྱས་ནས། ལགས་བཟང་གིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། བྱང་ཆུབ་ཏུ་སྨོན་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ཉིད་དེ་དག་གི་སྦྱིན་པ་ཆེན་པོ་དང་། གཏོང་བ་ཆེན་པོ་དང་། རྣམ་པར་གཏོང་བ་ཆེན་པ་ཚད་མེད་གྲངས་མེད་ཅིང་དཔག་ཏུ་མེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ལ་དམ་པའི་ཆོས་ཀྱི་ཆར་དང་། བདུད་རྩིའི་དབྱིངས་ཀྱི་ཆར་སྦྱིན་པར་འདོད་པ་དང་། གཏོང་བ་དང་རྣམ་པར་གཏོང་བར་འདོད་པ་དེ་ནི། སྦྱིན་པ་དང་གཏོང་བ་དང་རྣམ་པར་གཏོང་བ་ཐམས་ཅད་ཀྱི་ནང་ན་མཆོག་དང་དམ་པ་ཡིན་པའི་ཕྱིར་རོ། །ལགས་བཟང་དེ་ལྟར་ན་བྱང་ཆུབ་སེམས་དཔའ་བདེ་བ་དང་ཡིད་བདེ་བས་ཚེགས་ཆུང་ངུས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་དོ་ཞེས་སྨོན་པ་ཙམ་གྱི་དབང་དུ་མཛད་ནས་གསུངས་སོ། །དགོས་པ་དམན་པར་མོས་པ་བཟློག་པའོ། །དོན་གཉིས་པ་རིགས་པའི་འཐད་པ་ལ་གཉིས་ལས། སྨོན་པ་ཕན་ཡོན་དང་ལྡན་པའི་འཐད་པ་ལ་གསུམ་གྱི་དང་པོ་བསམ་པ་རྒྱ་ཆེ་བ། སེམས་ཅན་ཀུན་གྱི་ཞེས་པ་ལ། འཛམ་བུའི་གླིང་འདིར་ཚོང་དཔོན་མཛའ་བོ་ཞེས་པ་ཞིག་ལ་བུ་མེད་ནས་གཙུག་ལག་མཁས་པ་རྣམས་ལ་དྲིས་ཤིང་ལུང་བསྟན་ནས། དེས་ཀྱང་བྱས་པས། ཁྱེའུ་མཐོང་། མཛའ་བོའི་བུ་མོར་བཏགས། ཕ་རྒྱ་མཚོ་ལ་བཙས་སྟོན་གྱི་ནོར་བུ་ལྡོན་དུ་ཕྱིན་པས་དེ་ཉིད་ཚེའི་དུས་བྱས་ཏེ། སྔར་ལུང་བསྟན་པའོ། །ཁྱེའུ་ཆེར་སྨིན་ནས་མ་ལ་ཕའི་ལས་ཀ་དྲིས་ཞིང་ལུང་བསྟན་ནས། དེས་སྤོས་འཚོང་བ་དང་། གྲོང་རྒྱུ་བ་དང་། གྲོང་རྡལ་རྒྱུ་བ་དང་། ལྗོངས་རྒྱུ་བའི་ཚོང་བ་བྱས་པ་ལས། ཉིན་རེ་ཞིང་ཡང་ཀརྴ་པ་ཎི་ཉིས་བརྒྱ་དང་། བཞི་བརྒྱ་དང་། དྲུག་བརྒྱ་དང་། བརྒྱད་བརྒྱའི་ཁེ་རྙེད་པ་དེས་མ་དང་དཀོན་མཆོག་ལ་མཆོད་དོ། །དེ་ནས་རིང་ཞིག་ན་ནོར་བུ་ལྡོན་པའི་རིགས་ཡིན་ནོ་ཞེས་ཐོས་ནས། ནོར་བུ་ལྡོན་དུ་ཆས་པ་དང་། དེ་མས་བཤོལ་བས་མ་ཉན་པར་མའི་མགོ་ལ་བགོམས་ཏེ་སོང་ངོ་། །དེ་སོང་བ་དང་གྲུ་ཞིག་སྟེ་རྒྱ་མཚོའི་འགྲམ་ས་བླའི་ལྷའི་གྲོང་ཁྱེར། མྱོས་བྱེད། རྟག་མྱོས། བདེ་བྱེད། ཚངས་པའི་བླ་མ་སྟེ་བཞིར་ལྷའི་ལོ་ཉིས་བརྒྱར་ལྷའི་བུ་མོ་ཉིས་བརྒྱ་དང་། བཞི་བརྒྱ་དང་། དྲུག་བརྒྱ་དང་། བརྒྱད་བརྒྱས་མཆོད་དོ། །དེ་ནས་སྔར་གྱི་བསོད་ནམས་ཀྱི་མཐུ་ཟད་པས། དེ་ཐམས་ཅད་ཀྱིས་སྐྱོ་ཞིང་ཡིད་བྱུང་ནས་སོང་བ་དང་། ཉི་ཚེ་བའི་དམྱལ་བའི་གནས་སུ་སོང་བ་ན། དེ་ན་མིའི་མགོ་བོ་ལ་འཁོར་ལོ་རབ་ཏུ་འབར་བ་འཁོར་བ་ཞིག་འདུག་པ་དང་། ནམ་མཁའ་ནས། མྱོས་བྱེད་དང་ནི་རྟག་མྱོས་དང་། །བདེ་བྱེད་ཚངས་པའི་བླ་མ་སྟེ། །གྲོང་ཁྱེར་བཞི་ལས་རབ་འདས་ནས། །ལས་ཀྱི་ཤུགས་ཀྱིས་འདིར་འོངས་ཀྱི། །གང་མ་བཅིངས་པ་དེ་ཆིངས་ཤིག །གང་དག་བཅིངས་པ་དེ་ཁྲོལ་ཅིག །ཟེར་བ་དང་། འཁོར་ལོ་དེ་མགོ་བོ་ལ་བབས་པ་ན། དེས་སྨྲས་པ། ཀྱེ་མ་ལུས་ཅན་གཞན་དག་འདིར་འོང་བ་ལྟ་ཡོད་དམ་མེད། དེས་དེ་ལ་སྨྲས་པ། གང་གིས་ལས་འདི་ལྟ་བུ་བྱས་པ་དག་འདིར་འོང་བར་འགྱུར་རོ། །དེ་ནས་མཛའ་བོའི་བུ་མོ་རང་གི་ཉམས་དེས་གཞན་ལ་བརྩེ་བ་ཆེན་པོ་སྐྱེས་ནས་སྨོན་ལམ་བཏབ་པ། འདི་འདྲ་བའི་ལས་ཀྱིས་མྱོང་བར་འགྱུར་བའི་སེམས་ཅན་གྱི་ཀླད་པའི་ནད་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་ཅེས་བསམས་མ་ཐག་ཏུ་སྡུག་བསྔལ་ལས་གྲོལ་ཏེ། རྣམ་སྨིན་དེ་བྱང་ངོ་ཞེས་འབྱུང་བས་ན། སེམས་ཅན་རེ་རེ་ཞིང་སྡུག་བསྔལ་བསལ་བ་དང་། བདེ་བ་སྒྲུབ་པར་འདོད་པ་སྨོས་ཀྱང་ཅི་དགོས། །གཉིས་པ་བསམ་པ་དཀོན་པ་ལ་གསུམ་སྟེ། དེ་ལྟ་བུའི་བསམ་པ་གཞན་ལ་མེད་པ། རང་ལའང་མེད་པ། དེས་ན་ཁྱད་པར་དུ་འཕགས་པའོ། །དང་པོ་ནི། ཕའམ་ཞེས་ཏེ། རང་བཞིན་གྱིས་བརྩེ་བ་ཕ་དང་མ། ལྷན་ཅིག་སྐྱེས་པའི་ལྷ། བདེན་པར་སྨྲ་བའི་དྲང་སྲོང་། ཚད་མེད་པ་ལ་བློ་སྦྱངས་པ་ཚངས་པ་ལ་སོགས་པ་ལའང་གཞན་བྱང་ཆུབ་ལ་འགོད་པའི་བསམ་པ་མེད་པའོ། །གཉིས་པ་ནི། སེམས་ཅན་ཞེས་དང་། གསུམ་པ་གཞན་དག་ཅེས་སོ། །གསུམ་པ་ཕན་འདོགས་པ་ཆེ་བ་ནི། འགྲོ་བ་ཀུན་ཞེས་པ་སེམས་དང་ལུས་ཀྱི་དགའ་བ་དང་སྡུག་བསྔལ་སེལ་བས་རྨད་དུ་གྱུར་པའོ། །གཉིས་པ་འཇུག་པ་ཕན་ཡོན་དང་ལྡན་པའི་འཐད་པ་ལ་ལྔ་ལས། བསྒྲུབས་པས་ཟིན་པ་ནི། ཕན་པར་བསམ་པ་ཞེས་ཏེ། ཟླ་བ་སྒྲོན་མ་ལས། བྱེ་བ་ཁྲག་ཁྲིག་གཏམས་པའི་ཞིང་དག་ན། །མཆོད་པའི་རྣམ་པ་ཇི་སྙེད་ཡོད་པ་ཡིས། །སྐྱེས་ཆེན་རྣམས་ལ་ཉིན་རེ་རྟག་མཆོད་པས། །བྱང་ཆུབ་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། ཡང་དཔའ་སྦྱིན་གྱིས་ཞུས་པ་ལས། རིན་ཆེན་དག་གིས་ཀུན་བཀང་སྟེ། །བདེ་བར་གཤེགས་ལ་ཕུལ་བ་བས། །གང་གིས་བྱང་ཆུབ་སེམས་བཏུད་ན། །བསོད་ནམས་འདི་ནི་ཁྱད་པར་འཕགས། །ཞེས་ཏེ། དོན་བརྩོན་པ་ནི་འཇུག་པའོ། །བྱེད་པ་དངོས་ནི་གང་ཞིག་ཅེས་རྩ་བ་ལྔའོ། །དེའི་བསྔགས་པ་ནི། དེ་དང་དགེ་མཚུངས་ཞེས་པ། བྱང་ཆུབ་ཀྱི་སེམས་དང་འདྲ་བའི་དགེ་བ་གཞན་མེད་དེ་བདེ་བས་ཚིམ་པར་བྱེད་པས་སོ། །དེ་འདྲའི་བཤེས་མེད་དེ་སྡུག་བསྔལ་གཅོད་པས་སོ། །དེ་འདྲའི་བསོད་ནམས་མེད་དེ་གཏི་མུག་ཀྱང་སེལ་བས་སོ། །གསུམ་པ་ལན་ལ་མི་ལྟོས་པ་ནི་ཕན་བཏགས་ཞེས་སོ། །བཞི་པ་སྒྲུབ་པ་རྒྱ་ཆེ་བ་ནི་འགྲོ་བ་ཞེས་ཏེ། ནར་མའི་ཟས་ཙམ་སྦྱོར་བ་ཡང་དགེ་བ་བྱེད་པ་ཡིན་ཞེས་བསྔགས་སོ། །དེའི་བྱེད་པ། ཞིང་དམན་པས་འགྲོ་བ་ཉུང་ཟད། དུས་དམན་པ་སྐད་ཅིག དངོས་པོ་དམན་པ་ཟས་ཙམ། བསམ་པ་དམན་པ་བརྙས་བཅོས། ཕན་འདོགས་དམན་པ་ཉིན་ཕྱེད་འགྲངས་པར་བྱེད་པ་ཞེས་དཔེའོ། །དེ་བས་ཁྱད་པར་ལྔས་ཁྱད་དུ་འཕགས་ཏེ། ཞིང་རྒྱ་ཆེ་བ་སེམས་ཅན་གྲངས་མཐའ་ཡས་ལ། དུས་ཡུན་རིང་དུ། དངོས་པོ་བདེ་བར་གཤེགས་ཀྱི་བདེ་བ། ཕན་འདོགས་ཡིད་ལ་བསམས་པ་ཐམས་ཅད་རྫོགས་པར་བྱེད་པ། བསམ་པ་བླ་ན་མེད་པ་ཡིས་སོ། །ལྔ་པ་དེས་ན་སྡིག་པ་དང་བསོད་ནམས་ཀྱི་ཞིང་ཁྱད་པར་འཕགས་པ་རིམ་པས་གང་ཞིག་དེ་འདྲའི་ཞེས་དང་། འོན་ཏེ་ཞེས་པ་ལས། སྔ་མ་རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁྲོ་བའི་སེམས་སམ། ཐ་བའི་སེམས་བསྐྱེད་པ་དེ་སྙེད་ཀྱི་སྐད་ཅིག་གི་བསྐལ་པར་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་དམྱལ་བའི་གནས་སུ་གོ་ཆ་བགོ་བར་བྱ་ཞེས་དང་། ཡང་དད་པའི་སྟོབས་བསྐྱེད་པའི་ཕྱག་རྒྱ་ལ་འཇུག་པའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་གང་གཱའི་ཀླུང་གི་བྱེ་མ་སྙེད་བཤིགས་པ་དང་བསྲེགས་པ་པས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་ཐེག་པ་ཆེན་པོ་ཉིད་ལས་སྒྲོ་བཏགས་ཏེ་གནོད་སེམས་དང་། ཐ་བ་དང་། ཁོང་ཁྲོ་བའི་སེམས་བསྐྱེད་དེ། གཤེ་བ་དང་མི་སྙན་པ་སྨྲས་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པ་བསྐྱེད་དོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གཉིས་པ། འོན་ཏེ་ཞེས་པ་གུས་པའི་ཕན་ཡོན་ཏེ། ངེས་པ་དང་མ་ངེས་པའི་ཕྱག་རྒྱ་ལ་འཇུག་པའི་མདོར། འཇམ་དཔལ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བར་གྱུར་ལ། བརྟགས་པ་ཉེ་བར་བཟུང་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བྱམས་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་མིག་བསྐྱེད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ། དང་བའི་སེམས་ཀྱིས་ལྟ་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ། །རྒྱལ་སྲས་དེ་མི་དགེ་བ་ལ་སླུར་མི་བཏུབ་པས་སྡིག་པར་མི་འགྱུར་ཞིང་སླར་བརྩེ་བ་སྐྱེ་སྟེ། འཕགས་པ་འཇམ་དཔལ་གྱི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཅོད་པན་ལ་བཏགས་པའི་རྒྱལ་པོ་རྣམས་ལ་ནི་ཕ་རོལ་གྱི་གནོད་པས་གནོད་པ་མེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་དང་བྱང་ཆུབ་ཀྱི་སེམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཅོད་པན་དུ་བཏགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ངན་འགྲོ་ལོག་པར་ལྟུང་བའི་ཕ་རོལ་གྱི་གནོད་པས་གནོད་པ་ཡོད་པ་མ་ཡིན་ནོ་ཞེས་སོ། །སྤྱི་དོན་གསུམ་པ་བྱང་ཆུབ་སེམས་དང་ལྡན་པའི་གང་ཟག་ལ་བསྟོད་པ་ནི། གང་ལ་སེམས་ཀྱི་དམ་པ་རིན་ཆེན་ཞེས་ཏེ། དབུས་མཐའ་ལས། རྒྱ་ཆེ་བ་དང་ཡུན་རིང་དང་། །ཆེད་དུ་བྱ་དང་མི་ཟད་དང་། །དབང་འབྱོར་བ་དང་ཡོངས་གཟུང་དང་། །རྩོམ་དང་ཐོབ་དང་རྒྱུ་མཐུན་དང་། །འགྲུབ་པ་དམ་པར་འདོད་པ་ཡིན། །ཞེས་དམ་པ་བཅུ་གཉིས་ཀྱི་སྒྲུབ་བྱེད་བྱང་ཆུབ་ཀྱི་སེམས་ཡིན་ནོ། །གནོད་པ་བྱས་ཀྱང་བདེ་འབྲེལ་བ་ནི། རྒྱལ་པོ་བྱམས་པའི་སྟོབས་ལྟ་བུ་སྟེ། དེའི་ལུས་ཀྱིས་གནོད་སྦྱིན་ལྔ་ཚིམ་པར་བྱས་པ་དང་། བཟོད་པར་གསོལ་ཏེ་མ་འོངས་པ་ན་རྗེས་སུ་གཟུང་བར་ཞུས་པས། ཆོས་ཀྱི་ལམ་ལ་འདི་ལྟར་གྲོགས་བྱེད་པ། །བྱང་ཆུབ་ཐོབ་ནས་བརྗེད་པར་ག་ལ་འགྱུར། །རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩི་ལས། །ཁྱེད་ཅག་ཉིད་ལ་ཐོག་མར་བསྒོ་བར་བྱ། །ཞེས་པ་ལྟ་བུའོ། །ལུང་སྔ་མ་དང་མི་འགལ་ཏེ། འདིས་གནོད་བྱེད་ལ་བརྩེ་བས་དེ་དག་བདེ་བ་ལ་སྦྱོར་བ་ཡིན་གྱི། རྒྱུ་གནོད་པ་ལས་འབྲས་བུ་བདེ་བ་འབྱུང་བ་མ་ཡིན་ནོ། །སྔ་མ་བྱེད་པ་པོའི་བསམ་པས་བསྐྱེད་པ་སྟེ་ཀོ་ཊ་པ་ལས་དེའི་མྱུ་གུ་བཞིན་ནོ། །ལེའུ་དང་པོའོ།། ༈ །།དེ་ལྟར་ཕན་ཡོན་དང་ལྡན་པའི་སྡོམ་པ་ཡང་དག་པར་བླང་བ་ལ་གསུམ། རྟེན་སྣོད་དུ་རུང་བར་བྱ་བའི་ཕྱིར་སྦྱོར་བ་ཡན་ལག་བདུན་བསྟན་པ། དམ་བཅའ་བ་ངག་ཏུ་བརྗོད་པས་དངོས་གཞི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། མཇུག་རང་དང་གཞན་སྤྲོ་བ་བསྐྱེད་པས་བརྟན་ཅིང་བོགས་དབྱུང་བ་བསྟན་པའོ། །དང་པོ་ནི། བསླབ་བཏུས་ལས། སྡིག་པ་བཤག་པར་བྱ་བ་དང་། །བསོད་ནམས་རྗེས་སུ་ཡི་རང་དང་། །སངས་རྒྱས་བསྐུལ་དང་གསོལ་གདབ་པ། །བདག་དང་གཞན་གྱི་ཕྱིར་བྱེད་དོ། །ཡོངས་སུ་བསྔོ་བའང་དེ་བཞིན་ཏེ། །བྱེ་བྲག་མེད་པར་རབ་ཏུ་འཇུག །དེ་ལྟར་སེམས་ཅན་ཁམས་བཞིན་དུ། །བསོད་ནམས་མཐའ་ཡས་རབ་ཏུ་འབྱུང་། །ལམ་འདི་དམ་པ་མཆོག་ཡིན་ཏེ། །བདེ་བ་མཐའ་ཡས་དུས་སྟོན་བཟང་། །ཞེས་གསུངས་པས། སེར་སྣའི་གཉེན་པོར་དཀོན་མཆོག་མཆོད་པ། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པའི་གཉེན་པོར་སྐྱབས་སུ་འགྲོ་བ། སྔར་བསགས་པའི་སྡིག་པ་ཐམས་ཅད་དག་པར་བྱ་བའི་དོན་དུ་སྡིག་པ་བཤགས་པ། གཞན་གྱི་ཆོས་ལ་ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རང་བ། གཞན་གྱི་ཆོས་ཀྱི་གེགས་བྱས་པས་སྟོན་པ་མི་བཞུགས་ཤིང་བསྟན་པ་མི་གནས་པར་སྐྱེ་བས་དེ་གཉིས་ཀྱི་གཉེན་པོར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། བསྔོ་བ་དམན་པས་འབྲས་བུ་ཟད་མི་ཤེས་པ་ལ་དབང་མི་སྒྱུར་བས་བླ་ན་མེད་པར་བསྔོ་བའོ། །དེ་ལས་མཆོད་པ་ལ་གཉིས་ཀྱི། མཚམས་སྦྱར་བ་ནི། རིན་ཆེན་སེམས་ཞེས་རྩ་བ་བཞིའོ། །མཆོད་པ་རྒྱས་པ་ལ། ཇི་ལྟར་འོས་པའི་གནས་དེར། རྟེན་དང་མཆོད་པ་རྒྱ་ཆེན་པོའམ། ཅི་ཙམ་འབྱོར་པ་བཤམ། ཁྱད་པར་དུ་བསྟན་པ་འདིའི་བདག་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ། ཉེ་བའི་སྲས་བརྒྱད་དང་བཅས་པ་དམིགས་ལ། དེ་དག་གི་མདུན་དུ་ཙོག་པུར་འདུག ཐལ་མོ་སྦྱར་ནས་ཡན་ལག་བདུན་རྫོགས་པར་བྱ་སྟེ། ཕྱག་བྱེད་པ་ནས་སངས་རྒྱས་ཀྱི་ཞིང་བགྲང་བ་ལས་འདས་པ་ན་བཞུགས་པ་དང་བཅས་པ་ལ། རང་གི་ལུས་ཀྱང་ཞིང་གི་རྡུལ་དེ་སྙེད་ཙམ་དུ་སྤྲུལ། ལུས་དེ་སྙེད་ཀྱིས་སངས་རྒྱས་དེ་སྙེད་ཀྱི་རེ་རེ་ཞིང་ཞབས་ལ་གཏུགས་པར་བསམ་ཞིང་ཕྱག་འཚལ་ལོ། །གཞུང་ལ་ལྔ་ལས། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ལྔ། མེ་ཏོག་འབྲས་བུ་ཞེས་པ་ནས་ཚིགས་སུ་བཅད་པ་ལྔས་བསྟན་ནས། བདག་ནི་བསོད་ནམས་མི་ཞེས་ཚིགས་བཅད་གསུམ་གྱིས་ལུས་དབུལ་པའོ། །གསུམ་པ་བློས་སྤྲུལ་པའི་མཆོད་པ་ལ་བཅུ་གཅིག་ཡོད་པའི་ཁྲུས་ཀྱི་མཆོད་པ་ནི། ཁྲུས་ཀྱི་ཁང་པ་ཞེས་རྩ་བ་གསུམ་དང་། གཅིག་དང་གསུམ་གྱིས་ཁྲུས་ཁང་། རྟེན་བཀྲུ་ཚུལ་ལོ། །དེ་དག་སྐུ་ཞེས་སྐུ་ཕྱི་བའོ། །གཉིས་པ་ན་བཟའ་ནི། བྱམས་པས། རབ་དྭངས་སེམས་དང་ལྡན་པ་ཡིས། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར། །སངས་རྒྱས་རྣམས་ལ་གོས་སོགས་ཀྱིས། །མངོན་སུམ་མངོན་སུམ་མིན་པས་མཆོད། །ཅེས་གསུངས་པས། ཁ་དོག་ལེགས་བསྒྱུར་ཏེ་ངུར་སྨྲིག་རབ་ཏུ་བྱུང་བ་ལ། གོས་གཙང་སྲབ་ལ་འཇམ་པ་ཁྱིམ་པའི་ཆ་ལུགས་ཅན་ལ་འོ། །རྒྱན་ལ་སོགས་པ་དྲུག་ནི། རྒྱན་མཆོག་ཅེས་པ་ནས་ཚིགས་བཅད་ལྔ་དང་རྩ་བ་གསུམ་མོ། །གཞལ་མེད་ཁང་ནི་ས་གཞི་ཞེས་རྩ་བ་དྲུག་གམ། ཡང་ན་ཕྱི་མ་བཞི་སྟེ། སློབ་དཔོན་ཤཱནྟི་པས། ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་བཀྲམ་བྱས་ལ། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ཞེས་རྐང་པ་དང་པོ་གཉིས་ཀྱང་སྒྲོན་མེའི་ཁྱད་པར་དུ་བཤད་དོ། །ཆེན་པོ་ལ་འོས་པ་ནི། རིན་པོ་ཆེའི་གདུགས་དང་། སེང་གེའི་ཁྲི་རྐང་རྟེན་ཅན་དང་། བསིལ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་པ་དབུལ་བ་རིན་ཆེན་ཞེས་དང་། དེ་ལས་ཞེས་རོལ་མོའོ། །ལོངས་སྤྱོད་པའི་བྱེད་པ་ཡོད་པ་རྣམས་ལ་དེ་ལྟར་མཆོད་ནས། བྱེད་པ་མེད་པ་ལ་མཆོད་པའི་རྣམ་པ་རྒྱུན་མི་འཆད་པར་སྨོན་པ་ནི། གསུང་གི་རྟེན་དམ་ཆོས། ཐུགས་ཀྱི་རྟེན་མཆོད་རྟེན། སྐུའི་རྟེན་སྐུ་གཟུགས་ལ་རིན་ཆེན་མེ་ཏོག་བཅས་ཏེ། བླ་ན་ཡོད་པའི་མཆོད་པའོ། །བཞི་པ་བླ་ན་མེད་པ་ནི། ཇི་ལྟར་འཇམ་དབྱངས་ཞེས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་རྒྱལ་བ་མཆོད་པའི་རྣམ་འཕྲུལ་འོད་ཟེར་གྱི་ལས་ལས་བྱུང་བའི་མཆོད་པའི་བཀོད་པ་ལྟ་བུས་མཆོད་པ་སྟེ། དཀོན་མཆོག་ཏ་ལ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང་། །བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད། །ཅེས་པ་ལ་སོགས་པ་དོན་དྲན་པ་དང་བཅས་པའོ། །ལྔ་པ་བཀུར་སྟིའི་མཆོད་པ་ནི། ཡོན་ཏན་རྒྱ་མཚོ་ཞེས་ཏེ། དཔལ་ལྡན་ཕྱོགས་ཀྱི་གླང་པོས། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་དང་། །བསམ་གཏན་ཕུན་སུམ་ཚོགས་པས་དང་། །ཤེས་རབ་ཕུན་ཚོགས་མི་འཁྲུགས་པས། །ཁྱོད་ནི་ཡོན་ཏན་མཚོ་ཆེན་ལགས། །ཞེས་ཆོས་གསུམ་གྱིས་མཚུངས་པར་གསུངས་པས། ཚིགས་བཅད་གཉིས་ཀྱིས་བསྟོད་པ་དང་ཕྱག་འཚལ་བ་སྟེ། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་སངས་རྒྱས་ཕལ་པོ་ཆེ་ལས་གསུངས་པ་ལྟ་བུའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། བྱང་ཆུབ་སྙིང་པོ་ཞེས་རྩ་བ་བཞིས་བསྟན་ཏེ། འདི་ལ་ངོ་བོ་གང་ཡིན། རྒྱུ་གང་ཡིན། ཡུལ་གང་ལ། ཚུལ་ཇི་ལྟར། དེའི་ཕན་ཡོན། བསླབ་བྱ། སྒྲའི་དོན། དབྱེ་བ་དང་ཁྱད་པར་ཏེ་བརྒྱད་དོ། །དང་པོ་ནི། དཀོན་མཆོག་གསུམ་ལ་སྐྱབས་ཁྱད་པར་ཅན་དུ་འཛིན་པའི་ངག་གོ །རྒྱུ་དད་པ་སོགས་གསུམ་གྱིས། ཡུལ་དཀོན་མཆོག་གསུམ་ལ། ཚུལ་སྟོན་པ་དང་ལམ་དང་གྲོགས་སུ། ལྔ་པ་ལ་སྡོམ་པ་ཐམས་ཅད་སྐྱེ་བའི་རྒྱུ་ཡིན་པ། བསྲུང་བ་ཆེན་པོར་འགྱུར་བ། ལོག་པར་མོས་པའི་ལས་ཀྱི་སྒྲིབ་པ་སྲབ་པ། བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་བསྲུང་བའོ། །དྲུག་པ་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ཏེ། དང་པོ་ནི། སྐྱེས་བུ་དམ་པ་དང་འགྲོགས་པ། དམ་པའི་ཆོས་མཉན་པ། ཚུལ་བཞིན་དུ་ཡིད་ལ་བྱ་བ། ཆོས་དང་རྗེས་སུ་མཐུན་པས་ཆོས་སྒྲུབ་པ་ཞེས་བྱ་བ་བཞི་དང་། གཞན་ཡང་དབང་པོ་མི་རྒོད་པར་བྱ་བ་དང་། སེམས་ཅན་ལ་སྙིང་བརྩེ་བར་བྱ་བ་དང་། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་བ་དང་། སྡོམ་པ་ཅི་ནུས་པར་ཡང་དག་པར་བླང་བའོ། །གཉིས་པ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་འབྱུང་བ། གང་ཞིག་སངས་རྒྱས་སྐྱབས་འགྲོ་བས། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་ཚོལ་བས། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་ཚོལ་བས། །མུ་སྟེགས་ཅན་ལའང་ཕྱག་མི་བྱ། །ཞེས་སོ། །བདུན་པ་ཚེ་འདི་དང་ཕ་རོལ་གྱི་འཚེ་བ་དང་། ངན་སོང་དང་། ཐེག་པ་དམན་པ་ལས་སྐྱོབ་པ་སྟེ། འཚེ་བ་དག་ནི་ཐམས་ཅད་དང་། །ཐབས་མ་ཡིན་དང་ངན་སོང་དང་། །འཇིག་ཚོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པའོ། །ཞེས་མདོ་སྡེ་རྒྱན་ལས་སོ། །བརྒྱད་པ་ལ་རྒྱུ་དང་འབྲས་བུར་དབྱེ་བ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པར་དབྱེ་བའོ། །དེ་ལ་རྒྱུའི། དུས་ཀྱི། ཆེད་དུ་བྱ་བའི་ཁྱད་པར་རོ། །སྤྱི་དོན་གསུམ་པ་སྡིག་པ་བཤག་པ་ནི། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་བཟློག་པ་དང་། རྟེན་གྱི་སྟོབས་སོ་ཞེས་པ་ལྟར། འདིར་ཡང་བཞི་ལས། རྣམ་པར་སུན་དབྱུང་བའི་སྟོབས་ལ་ལྔ་སྟེ། ཕྱོགས་རྣམས་ཞེས་རྩ་བ་བཞིས་ཡུལ་ལ་གསོལ་བ་གདབ་པ། ཐོག་མ་མེད་ལྡན་ཞེས་པ་ཚིགས་བཅད་བཞིས་སྡིག་པའི་རྣམ་གྲངས་ལ་བརྟགས་ཏེ། མ་ལུས་པར་བཤགས་པ་ཡིན་ཏེ། ཉེས་སྤྱོད་ལ་འཇུག་པའི་རྒྱུ། ཉེས་སྤྱོད་དངོས། དེའི་ཡུལ་བསྟན་ཏོ། །མྱུར་དུ་བྲལ་བར་འདུན་པ། བདག་ནི་སྡིག་པ་ཞེས་ཚིགས་བཅད་གཉིས་སོ། །དོན་མེད་པར་བརྟག་པ་ལ་ལྔ། ཐམས་ཅད་བོར་ཏེ་ཞེས་པ་ནས་ཚིགས་བཅད་ལྔས་བསྟན་པ་ལས། འཇིགས་པར་ཡིད་ལ་བྱ་བ་ལ། འཆི་བའི་སྡུག་བསྔལ། འགྱོད་པའི་རྣམ་པ། དེ་བསྒྲུབ་པ། སྡུག་བསྔལ་བའི་རྣམ་པ་སྟེ་བཞི། ཉིན་མཚན་སྡོད་ཅེས་པ་ནས་ཚིགས་སུ་བཅད་པ་གཅིག་དང་། གསུམ་དང་། གཉིས་དང་། གཉིས་ཀྱིས་སོ། །གཉིས་པ་རྟེན་གྱི་སྟོབས་ལ་གསུམ་ལས། དཀོན་མཆོག་གསུམ་སྤྱི་ལ་སྐྱབས་པ་ནི། དེ་བས་རྒྱལ་བ་ཞེས་པ་ལ། །འདི་ལ་བཟློས་པ་མེད་དེ་སྔ་མ་བསོད་ནམས་གསག་པའི་རྟེན་དང་། འདི་སྡིག་པ་བཤགས་པའི་རྟེན་དུ་དགོངས་པའོ། །དེའང་རང་དོན་སྤངས་རྟོགས་གཉིས་མངའ་བས་རྒྱལ་བ། དེས་གཞན་ཡ་ང་བའི་གནས་དྲུག་ལས་སྐྱོབ་པས་འགྲོ་བའི་མགོན་ཏེ། དགོངས་པ་གཞན་དོན་ལ་གཞོལ་བ། སྦྱོར་བ་དེར་བརྩོན་པ། ཕྲིན་ལས་ཡུལ་གྱི་འཇིགས་པ་སེལ་བའོ། །ཆོས་ནི་དབྱིངས་གློ་བུར་གྱི་དྲི་མ་ལས་གྲོལ་བ་འགོག་པ་མཐར་ཐུག་པ། འཁོར་བའི་འཇིགས་པ་སེལ་བ་ལམ་གྱི་ཁྱད་པར་རོ། །དགེ་འདུན་ཡང་ངོ་། །གཉིས་པ་ཁྱད་པར་དུ་ཉེ་བའི་སྲས་བརྒྱད་ལ་སྐྱབས་པ་ནི། བདག་ནི་ཞེས་པ་ནས་ཚིགས་སུ་བཅད་པ་བཞིའོ། །གསུམ་པ་དེ་དག་གི་བཀའ་རྗེས་སུ་བསྒྲུབ་པ་ནི། སྔོན་ཆད་ཅེས་པའོ། །གསུམ་པ་གཉེན་པོ་ལ་འབད་པའི་སྟོབས་ལ་གཉིས་ལས། གཉེན་པོ་ལ་འབད་པར་རིགས་པའི་འཐད་པ་ནི། ནད་ཀྱི་དཔེ་དང་གཡང་སའི་དཔེའོ། །དང་པོ་ལ། ཐ་མལ་ཞེས་རྩ་བ་གཉིས་ཀྱིས་དཔེ་བཀོད་ནས། བཞི་ཡིས་ནད་ཉེས་པ་ཆེ་བ། གཉིས་ཀྱིས་སྨན་དཀོན་པ། བཞི་ཡིས་སྨན་པ་མཆོག་ཏུ་གྱུར་པར་བསྟན་ཏོ། །གཉིས་པ་ནི། གཡང་ས་ཞེས་པས་འཁོར་བ་བཟློག་དཀའ་བས་ད་ལྟ་བག་བྱ་བའོ། །གཉིས་པ་མྱུར་དུ་འཇུག་པར་གདམས་པ་ནི། དེ་རིང་ཁོ་ན་ཞེས་ཏེ། སྤྱིར་མི་རྟག་པས་ཟིན་པ། བདག་ལ་རྟག་པའི་རྒྱུ་མ་གྲུབ་པ། དེས་ན་བརྩོན་པས་འབད་དགོས་པའོ། །སོར་ཆུད་པ་ལ་གསུམ་གྱི་ཕྱི་མ་བསྡོམ་པ་ལ་གཉིས་ལས། ཉེས་དམིགས་ཀྱིས་འཇིགས་པར་ལྟ་བ་སྔོན་ཆད་མྱོང་ཞེས་པ། འདོད་ཡོན་སྔར་སྤྱད་ཅིང་འགགས་པ་དེ་ལས་ལྷག་པའམ་ཚེ་དང་བདེ་བ་སྟེར་བ་ཅི་ཞིག་ཡོད་དེ་ཅི་ཡང་མེད་པས་དེ་ཀུན་ཅིར་རུང་ཞེས་སོ། །མི་དགེ་བ་ལས་ཞེས་པས་དེ་སྤོང་བའོ། །གཉིས་པ་སྔ་མ་སྦྱོང་བ་ནི། བདག་ནི་མི་ཤེས་ཏེ། ཁས་མ་བླངས་པ་ལའང་སྡིག་ཏུ་འགྱུར་བ་རང་བཞིན་གྱི་ཁ་ན་མ་ཐོ་བ་སྲོག་གཅོད་ལྟ་བུ། ཁས་བླངས་པ་འབའ་ཞིག་ལ་སྡིག་ཏུ་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ་སྐྱེ་བ་གཅོད་པ་ལྟ་བུའོ། །དེ་ལྟར་ན་བཅའ་བ་མི་འཐད་དེ། སྡིག་པ་མ་ཡིན་པ་སྡིག་ཏུ་འགྱུར་བས་ཞེ་ན། འཐད་དེ། བསྲུངས་ན་བསོད་ནམས་ཁྱད་པར་དུ་འཕེལ་བས་སོ། །སྡིག་པ་མ་ཡིན་པ་བསྲུངས་པ་ལ་བསོད་ནམས་འཐོབ་བམ་ཞེ་ན། ཉེས་སྤྱོད་ཆེན་པོ་ལ་འཇུག་པ་དགག་པའི་ཕྱིར་ཏེ། ཞིང་བསྲུང་བ་ལ་སྨྱུག་མའི་ར་བ་བཞིན་ནོ། །གསུམ་པ་སྐབས་ལ་སྦྱར་བ། འདྲེན་པ་རྣམས་ཞེས་པའོ། །ལེའུ་གཉིས་པའོ།། ༈ །།བཞི་པ་རྗེས་སུ་ཡི་རངས་པ་ལ། འཇིག་རྟེན་པའི་དགེ་བ། ཉན་ཐོས་ཀྱི་དགེ་བ། སངས་རྒྱས་ཀྱི་དགེ་བ་ལ་ཡི་རང་བ་སྟེ། སངས་རྒྱས་ཕལ་པོ་ཆེ་ལས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །ཞེས་གསུངས་པ་ལྟར་རོ། །དེ་ལས་སྔ་མ་ལ། བསོད་ནམས་ཀྱི་ཆ་མཐུན་ཏེ་མཐོ་རིས་ལ་དམིགས་པ་དང་། ཐར་པའི་ཆ་མཐུན་ཞེས་པ་བྱང་ཆུབ་ལ་དམིགས་པ་གཉིས། སེམས་ཅན་ཀུན་ཞེས་དང་། བྱང་ཆུབ་རྒྱུར་ཞེས་པས་བསྟན་ཏེ། ངལ་བསོ་ནི་གཏན་ནས་ཟད་པར་མ་བྱས་པས་སོ། །གཉིས་པ་ནི་ལུས་ཅན་ཞེས་སོ། །གསུམ་པ་ནི་སྐྱོབ་པ་རྣམས་ཏེ། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ལ་དང་། རྒྱལ་སྲས་ས་ཞེས་པ་ལམ་ཕ་རོལ་ཏུ་ཕྱིན་པ་བཅུའི་བདག་ཉིད་ས་བཅུ་རྣམས་ཀྱི་ཡོན་ཏན་ལའོ། །གཉིས་པ་སེམས་ཅན་ཐམས་ཅད་དེ་བསམ་པ་བྱང་ཆུབ་སེམས་དང་། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལའོ། །ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་རྣམས་ཏེ། གང་ལ། ཅི་ལྟར། གང་གི་ཆེད་དུ། གང་ཞིག་གོ །དྲུག་པ་ནི། རྒྱལ་བ་ཞེས་ཏེ། ཡུལ། སྤྱོད་ལམ། དགོས་པ། དུས་ཇི་སྲིད་དོ། །བདུན་པ་ནི། ཡན་ལག་སྔ་མ་རྣམས་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པ་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལ་སོགས་པ་ནས་འབྱུང་བ་བཞིན་ནོ། །དེ་ལ་སྤྱིར་བསྔོ་བ། ནད་པའི་དོན་དུ་བསྔོ་བ། བཀྲེན་པའི་དོན་དུ་བསྔོ་བ་དང་གསུམ་ལས། སྔ་མ་ནི་དེ་ལྟར་འདི་དག་ཅེས་པ་དང་། གལ་ཏེ་བདག་གིས་བྱས་པའི་དགེ་བ་གཞན་ལ་བསྔོས་པས་གཞན་ལ་ཕན་ན་གཞན་གྱིས་བྱས་པའི་ལས་གཞན་གྱིས་མྱོང་བར་འགྱུར་ལ། མི་ཕན་ན་བསྔོས་པ་དོན་མེད་ཅེ་ན། དངོས་སུ་མི་ཕན་ཞིང་བརྒྱུད་ནས་ཕན་པས་ཉེས་པ་གཉིས་པོ་མེད་དེ། དེའང་བྱམས་པས་བདེ་བ་ཐོབ་པར་འདོད་པ་དང་སྙིང་རྗེས་སྡུག་བསྔལ་ཞི་བར་བསྔོས་པས་ལྷག་པའི་བསམ་པ་དག་པར་འགྱུར་རོ། །དེས་བྱེད་པ་པོའི་ཚོགས་གཉིས་རྫོགས་པའོ། །གཉིས་པ་འགྲོ་བ་ནད་པ་ཞེས། ནད་གསོ་བའི་རྐྱེན། སྨན། སྨན་པ། ནད་གཡོག་ལ་གྱུར་ཅིག་པའོ། །དེ་ལ་སྨན་དུ་གྱུར་པ་ནི། མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་འཛིན་པའི་དགེ་སློང་ཡང་དག་བློ་གྲོས་འབྲུམ་བུ་མེ་དཔལ་གྱིས་ཐེབས་པ་ན། རྒྱལ་པོ་ཡེ་ཤེས་དཔལ་འཁོར་དང་བཅས་པའི་རྨི་ལམ་དུ། དགེ་སློང་འདི་ནི་འཆི་བའི་དུས་བྱས་ན། །འཛམ་བུའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་ཀུན་ལ་རྟག་ཏུ་ནུབ་པར་འགྱུར། །འདི་སོས་པས་ནི་ཏིང་འཛིན་རྣམས་ཀྱང་ཐོབ། །ཅེས་བསྟན་པས། རྒྱལ་པོ་དེའི་བུ་མོ་ཡེ་ཤེས་ལྡན་གྱི་ལུས་ཀྱི་ཤ་དང་ཁྲག་དེ་ལ་སྨན་དུ་གྱུར་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འཛམ་བུའི་གླིང་པ་རྣམས་ཀྱི་རིམས་ནད་གཅོད་པའི་ཕྱིར་སྨོན་ལམ་བཏབ་སྟེ་ལུས་བོར་བ་ལྟ་བུ་སྟེ། དུས་འདི་སྐད་དུ། ཀུ་རེའི་གྲོང་དང་ཉེ་བ་ན། །དེས་པ་ཞེས་བྱའི་སྲོག་ཆགས་ཡོད། །དེ་ཡི་ཤ་ལ་སུ་ཟ་བ། །ནད་རྣམས་ཀུན་ལས་ངེས་པར་གྲོལ། །ཞེས་སྒྲོགས་པ་བཞིན་ནོ། །གསུམ་པ་ནི་ཟས་དང་ཞེས་པ། མཚོན་དང་ནད་ཀྱི་བསྐལ་པ་འདས་ནས། མུ་གེ་གབ་ཚེ་བ་དང་། ཇིག་ཐུར་བ་དང་། རུས་གོང་དཀར་པོ་བའི་ཚེ་བདག་ཟས་དང་སྐོམ་དུ་གྱུར་ཅིག་ཅེས་པ་ལ། མུ་གེའི་བསྐལ་པ་བར་མ་ནི། རྒྱལ་སྲས་ཐོགས་མེད་ལྟར་ན། ཚེ་ལོ་སུམ་ཅུ་པ། ཉི་ཤུ་པ། བཅུ་པ་རྣམས་སུ་རིམ་པས་མུ་གེ་དང་། ནད་དང་། མཚོན་གསུམ་དུ་འབྱུང་བར་བཞེད་ལ། སློབ་དཔོན་དབྱིག་གཉེན་གསུམ་ཀའང་ཚེ་ལོ་བཅུ་པ་ན་འབྱུང་སྟེ། མུ་གེ་ལོ་བདུན་དང་ཟླ་བ་བདུན། ནད་ཟླ་བ་བདུན་དང་ཞག་མ་བདུན། མཚོན་ཞག་བདུན་ཁོ་ན་སྟེ། རིམ་པས་ལོངས་སྤྱོད། ལུས་སྲོག་ཉམས་པར་བྱེད་དོ་ཞེས་སོ། །སྔོན་དུ་བསོད་སྙོམས་ཕུལ། སྨན་བྱིན། གསོད་པ་སྤངས་ན་དེ་གསུམ་ལྡོག་གོ །དངོས་གཞི་ལ། ཐོག་མར་བསམ་པ་སྦྱང་བ་དང་། དམ་བཅའ་བ་ངག་ཏུ་བརྗོད་པའོ། །དང་པོ་ལ་གསུམ་ལས། ཐམས་ཅད་གཏོང་བ་ལ། གཏོང་བ་དངོས། བཏང་བའི་འཐད་པ། བཏང་ནས་ཇི་ལྟར་བསྒྲུབ་པ་གསུམ། ལུས་དང་ཞེས་རྩ་བ་གསུམ་གྱིས་སྔ་མ་དང་། ཐམས་ཅད་བཏང་བས་ཞེས་དང་། ཐམས་ཅད་གཏོང་ཞེས་པས་གཉིས་པའི་གཉིས་དང་། གསུམ་པ་ལ་མདོར་བསྟན་པ། ཅུང་ཟད་བཤད་པ། གཞན་གྱི་དོན་དུ་རིགས་པ་ལ་སྦྱར་བ་གསུམ། བདག་གི་ཞེས་པ་ནས་རྩ་བ་བཞི་དང་། བཞི་དང་གཉིས་ཀྱིས་བསྟན་ལ། ཐ་མར། དེ་ལྟ་ན་སྡིག་པ་ལ་བསྐུལ་ཡང་འཇུག་གམ་ཞེ་ན། དེ་ལ་གནོད་པ་མི་འགྱུར་བའི་ལས་ཞེས་སོ། །གཉིས་པ་ཆུད་མི་ཟ་བའི་རྒྱུར་སྨོན་པ་གསུམ་ནི། བདག་ལ་ཞེས་པ་ནས་རྩ་བ་གཉིས་དང་། བཞི་དང་། བཞི་ཡིས་སོ། །གསུམ་པ་ལོངས་སྤྱོད་པའི་རྒྱུར་སྨོན་པ། ཉེ་བར་མཁོ་བ་ལ་སྦྱར་བ། བྱེད་པ་རྒྱ་ཆེ་བ། ཡུལ་དང་དུས་ཆད་པ་མེད་པར་སྨོན་པ་གསུམ་པོ་བདག་ནི་མགོན་ཞེས་པ་ནས། ཚིགས་སུ་བཅད་པ་གསུམ་དང་རེ་རེ་སྟེ། ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། རིག་སྔགས་གྲུབ་པ་ནི་རིག་སྔགས་ལ་བརྟེན་ནས་དགོས་འདོད་འབྱུང་བའོ། །གཉིས་པ་བསམ་པ་ངེས་ནས་དམ་བཅའ་བ་ཚིག་ཏུ་བརྗོད་པ་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཞེས་པ་ལ། འདི་ལ་སེམས་བསྐྱེད་པའི་རྒྱུ་མ་ཚང་བ་མེད་པའི་རང་བཞིན་དང་། དེ་ཡང་དག་པར་བླང་བའི་ཚུལ་ལོ། །དང་པོ་ནི། རྒྱལ་སྲས་བྱམས་པས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་དང་། མདོའི་དགོངས་པ་བྱང་ཆུབ་སེམས་དཔའི་ས་ལས། རིགས་ཕུན་སུམ་ཚོགས་པ། དགེ་བའི་བཤེས་གཉེན་གྱིས་ཟིན་པ། སྙིང་རྗེ་ཆེ་བ། འཁོར་བའི་སྡུག་བསྔལ་གྱིས་མི་འཇིགས་པ་སྟེ་བཞི་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་མཐོང་བ་ལ་སོགས་པ་བཅུ་གཉིས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་དེ་དག་དང་། འཇིགས་སྐྱོབ་དང་། གཡོ་བྱས་པ་ལ་སོགས་པ་ལས་ཀྱང་སྐྱེ་བར་བཞེད་དོ། །ཅི་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་ལེན་པའི་ཆོ་ག་སྔོན་དུ་མ་སོང་བར་སྐྱེ་ན་ཆོ་ག་བཤད་པ་ལ་དོན་མེད་ལ། མི་སྐྱེ་ན་སྟོན་པ་ཉིད་ལྟ་བུ་རང་བཞིན་གྱིས་རིགས་སད་པ་མཐོང་ཞེ་ན། ཁ་ཅིག་ཆོ་ག་མེད་ཀྱང་རྐྱེན་གཞན་ལས་སྐྱེ་སྟེ། རྒྱུ་སྙིང་རྗེ་གོམས་པ། རྩ་བ་དད་པ་བརྟན་པ། བསམ་པའི་རྟེན་གཞན་ནོ། །དང་པོ་ནི། རང་གཞན་གཉིས་ཀ་ལ་རྟག་པ་གཅིག་པུར་སེམས་བཞིན་དུ། གཞན་སྡུག་བསྔལ་ལས་བསྐྱབ་པར་འདོད་པའི་ཕྱི་རོལ་བྱེད་དང་ཐུན་མོང་བ་དང་། བདག་དང་གཞན་གང་ཟག་གིས་སྟོང་པའི་ཕུང་པོ་སྐད་ཅིག་དང་རྡུལ་ཕྲན་ཙམ་དུ་ཤེས་ནས། དེ་སྡུག་བསྔལ་དང་བྲལ་བར་འདོད་པ་ཆོས་ལ་དམིགས་པ་ཉན་ཐོས་དང་ཐུན་མོང་བ་དང་། རང་གཞན་བདེན་པས་སྟོང་པ་སྒྱུ་མ་ལྟ་བུར་ཤེས་ནས། དེ་དག་སྡུག་བསྔལ་དང་བྲལ་བར་འདོད་པ་དམིགས་པ་མེད་པའི་སྙིང་རྗེ་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པ་སྟེ། དེ་གསུམ་གང་རུང་ལ་བརྟེན་ནས་སྙིང་རྗེ་གོམས་པར་བྱེད་པ་ཉེ་བར་ལེན་པའི་རྒྱུ་ཡིན་ནོ། །གཉིས་པ་ནི་སྙིང་རྗེ་དང་ལྡན་པས་གཞན་སྡུག་བསྔལ་ལས་བསྒྲལ་བར་འདོད་ཀྱང་། དེའི་ཐབས་སུ་ཚངས་པ་ལ་སོགས་པ་དོན་དུ་གཉེར་ན། བྱང་ཆུབ་ཀྱི་སེམས་མི་སྐྱེ་བས། རྟེན་དཀོན་མཆོག་གསུམ་ལ་དད་པ། རྒྱུ་སྤྱོད་པ་ལ་དད་པ། འབྲས་བུ་རྫོགས་པའི་བྱང་ཆུབ་ལ་དད་པའོ། །བསམ་པའི་རྟེན་གཞན་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་པ་སོ་སོར་ཐར་པའི་སྡོམ་པའོ། །འདི་ལེན་པ་དོན་མེད་པ་མ་ཡིན་ཏེ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་སྐྱེ་བས་རང་དང་གཞན་ལས་བླངས་པ་མི་ཉམས་ཤིང་བརྟན་པའི་རྒྱུ་ཡིན་ཞེས་ཟེར་རོ། །བདག་གི་བླ་མའི་ཞལ་སྔ་ནས། ངོ་བོ་ཙམ་ཆོ་ག་ལ་མ་བརྟེན་པར་སྐྱེ་སྲིད་ཀྱང་། སྡོམ་པར་འགྱུར་བ་ལ་ལེན་པའི་ཆོ་ག་ཅིས་ཀྱང་དགོས་པས། དེ་བཤད་པ་དོན་ཡོད་ལ། མ་ཁྱབ་པའང་མེད་དེ། སྟོན་པ་ཉིད་ཀྱིས་ཀྱང་ཕྱིས་ཤཱཀྱ་ཐུབ་པ་ཆེན་པོ་ལས་ཡང་དག་པར་བླངས་ཏེ། བསྐལ་པ་བཟང་པོ་ལས། ང་ནི་སྔོན་ཚེ་རྫ་མཁན་བུར་གྱུར་ཚེ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །ཐུག་འཇམ་ཕོར་པ་གང་ཙམ་ཕུལ་ནས་ནི། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བཤད་ལ། དེས་སྐབས་དེར། བདེ་བར་གཤེགས་པ་ཁྱོད་སྐུ་ཅི་འདྲ་དང་། །མཚན་མཆོག་བཟང་པོ་ཁྱོད་དང་ཅི་འདྲ་དང་། །ཚེ་ཡི་ཚད་ཀྱང་ཁྱོད་དང་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་ཀྱང་འགྱུར་བར་ཤོག །ཅེས་སྨོན་ལམ་བཏབ་པས་དེ་སྐད་ཅེས་བྱའོ་ཞེས་གསུངས་སོ། །ཅི་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པ་ལ་སོ་སོར་ཐར་པའི་སྡོམ་པ་གང་རུང་ཞིག དེ་ཐོབ་པ་དང་གནས་པའི་རྟེན་དགོས་སམ་མི་དགོས་ཤེ་ན། སློབ་དཔོན་ཀླུ་སྒྲུབ་རྗེས་འབྲང་། དེ་སྐྱེ་བའི་རྟེན་དུ་མི་འཐད་དེ། ཟ་མ་དང་མ་ནིང་དང་ལྷ་ལ་སོགས་པ་སོ་སོར་ཐར་པའི་སྡོམ་པ་མེད་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོད་པའི་ཕྱིར་རོ། །གནས་པའི་རྟེན་ཡང་མ་ཡིན་ཏེ། སོ་སོར་ཐར་པ་ཤི་འཕོས་ནས་གཏོང་ཡང་། བྱང་ཆུབ་སེམས་དཔའི་མི་གཏོང་བས་ཞེས་སོ། །རྒྱལ་སྲས་ཐོགས་མེད་ཀྱི་རྗེས་འབྲང་། སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་བཞེད་དེ། ཇོ་བོ་རྗེ་ཡིས། སོ་སོར་ཐར་པ་རིགས་བདུན་པོའི། །སྡོམ་པ་ཡང་དག་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་ཏེ། རྟེན་གྱི་གང་ཟག་ཀྱང་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དོ། །དེ་ལྟར་ན་ལྷ་དང་། དམྱལ་བ་དང་། མཚམས་མེད་ཅན་ལ་སོགས་པར་སོ་སོར་ཐར་པ་སྐྱེ་བ་དང་། གནས་པའི་རྟེན་དུ་མ་གྲུབ་པ་དག་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་མི་སྲིད་པར་འགྱུར་རོ། །བདག་གི་བླ་མས། སྤྱིར་ཉན་ཐོས་ཀྱིས་ཁས་བླངས་པའི་སོ་སོར་ཐར་པ་དང་། སོ་སོར་ཐར་པ་ཙམ་པོ་གཉིས་ལས། སྔ་མ་ནི་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་དུ་མི་འཐད་དེ། སྔར་གྱི་རྒྱུ་མཚན་དེ་དག་དང་། གཞན་ཡང་ཉན་ཐོས་ཀྱི་གཞུང་ལས་གང་སྤྱད་ན་ཕམ་པར་འགྱུར་བ་དེ། འདིར་ལྟུང་བའི་གཟུགས་བརྙན་དུ་འགྲོ་བའི་སྐབས་ཡོད་དེ། བསམ་པ་དང་དུས་ལ་སོགས་པ་འགལ་བའི་ཕྱིར། མདོ་སྡེ་རྒྱན་ལས། བསམ་པ་དང་ནི་བསྟན་པ་དང་། །སྦྱོར་བ་དང་ནི་རྟོན་པ་དང་། །དུས་འགལ་ཕྱིར་ན་དམན་པ་གང་། །དེ་ནི་དམན་པ་ཁོ་ནར་འདོད། །ཅེས་གསུངས་པས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཀྱང་ལུས་ངག་གི་བདུན་གཞན་དོན་དུ་སྤྱད་ན། ལྟུང་བའི་གཟུགས་བརྙན་དུ་འགྱུར་བས། སློབ་དཔོན་ཉིད་ཀྱིས་གང་ཟག་དེ་ལྟ་བུ་ལ་དགོངས་ནས། ཅི་སྟེ་སེམས་ཅན་གྱི་དོན་དུ་འགྱུར་བ་མཐོང་ན། བསླབ་པ་དབུལ་ལོ་ཞེས། གཞན་དོན་དུ་བསླབ་པ་ཕུལ་ཡང་སེམས་བསྐྱེད་མི་གཏོང་ལ། སོ་སོར་ཐར་བ་གཏོང་བའི་ཕྱིར་དང་། ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་། ཉན་ཐོས་ཀྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་བསམ་པ་ཡང་གཞན། སྦྱོར་བ་ཡང་གཞན་ཞེས་གསུངས་པས་སོ། །དེས་ན་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་ཙམ་ཞིག་སོ་སོར་ཐར་པ་ཙམ་ཡིན་ལ། དེ་ཉིད་སྐྱེ་བ་དང་གནས་པ་གཉིས་ཀའི་རྟེན་ཡིན་ཏེ། བསམ་པ་དེ་ཉིད་གཞན་ལ་ཕན་པའི་རྒྱུ་ཡིན་པས་སྐྱེ་བ་དང་། བྱང་ཆུབ་ཀྱི་སེམས་ལའང་དེས་ཁྱབ་པས་གནས་པའི་རྟེན་ཡང་ཡིན་ནོ། །དེས་ན་རྒྱུན་ཆགས་པ་དང་། གཞན་གྱི་སེམས་རྗེས་སུ་བསྲུང་བ་དང་། ཉམས་ན་གསོ་རུང་བ་ཡིན་ལ། ཉན་ཐོས་ཀྱི་དེ་ལས་བཟློག་པ་ཡིན་པས་འདི་ཁྱད་པར་དུ་འཕགས་སོ། །དེ་ནམ་ཐོབ་ན་སྔར་སོ་སོར་ཐར་པ་མ་ཐོབ་ན། བྱང་ཆུབ་སེམས་དཔའི་སྡོམ་པའི་སྐབས་ཉིད་དུ་ཐོབ་ལ། སྔར་ཐོབ་ན་དེ་གནས་གྱུར་པ་ཡིན་ཏེ། དམན་པའི་བསམ་པ་བཏང་ཡང་སྤོང་སེམས་མ་དོར་བས་སོ། །དེ་ལྟར་ན་ཉན་ཐོས་ལ་གཞན་དོན་དུ་སྲོག་བཅད་ན་ཕམ་པར་འགྱུར་ལ། འདིར་ལྟུང་བའི་གཟུགས་བརྙན་ཡིན་པ་མི་འགལ་ལམ་ཞེ་ན། སྔ་མ་བསམ་པ་རྒྱ་ཆུང་བ་གནོད་པའི་བསམ་པ་དང་འབྲེལ་བས་སྤང་བྱ་ཡིན་ལ། ཕྱི་མ་དེ་ལས་བཟློག་པ་སྟེ་བསྙེན་པ་རྫོགས་པ་དང་། གནས་བརྟན་པར་གྱུར་པ་ལ་བསྲུང་བྱ་ཐ་དད་མེད་ཀྱང་མ་ཞུས་པ་དང་། གནང་བ་ལ་ཉེས་པ་ཡོད་མེད་ཐ་དད་པ་བཞིན་ནོ། །དེས་ན་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་དང་། འོག་མ་བསྲུང་བྱ་ཡིན་པའམ། རིམ་གྱིས་བསླབ་པ་ལ་དགོངས་ཏེ། མདོ་དཀོན་མཆོག་སྤྲིན་ལས། ཇི་ལྟར་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ཞེ་ན། སོ་སོར་ཐར་པའི་སྡོམ་པས་བསྡམས་པ་ཡིན། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པ་ཡིན་ཞེས་བཤད་པ་ལྟར་བཞེད་དོ། །གཉིས་པ་སྡོམ་པ་ཡང་དག་པར་བླང་བ་ལ། ཐེག་པ་ཆེན་པོ་སེམས་ཙམ་པའི་ལུགས་དང་། དབུ་མ་པའི་ལུགས་གཉིས་སོ། །དང་པོ་ནི། རྒྱལ་སྲས་བྱམས་པའི་རྗེས་སུ་འབྲངས་ནས། སློབ་དཔོན་ཐོགས་མེད་ལས་བརྒྱུད་པ། སློབ་དཔོན་ཙནྡྲ་གོ་མིའི་རྗེས་སུ་འབྲངས་ནས། ཇོ་བོ་རྗེའི་ཕྱག་བཞེས་ཏེ། བདག་གི་བླ་མ་རྗེ་བཙུན་ས་སྐྱ་པས་སྡོམ་པ་ཉི་ཤུ་པའི་འགྲེལ་པ་ལས་རྒྱས་པར་གསུངས་སོ། །དབུ་མ་པའི་ལུགས་ནི། མདོ་སྡེ་སྡོང་པོ་བཀོད་པ་དང་། ནམ་མཁའི་སྙིང་པོ་ལ་སོགས་པའི་རྗེས་སུ་འབྲངས་ནས། མགོན་པོ་འཇམ་པའི་དབྱངས་ཀྱི་གསུང་རབ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་ལས་བརྒྱུད་པ། སློབ་དཔོན་ཆེན་པོ་ཞི་བའི་ལྷ་དང་། སློབ་དཔོན་ཛེ་ཏཱ་རི་དང་། ཇོ་བོ་པུཎྱ་ཤྲཱི་མི་ཏྲ་ལས་འོངས་པ་དཔལ་ས་སྐྱ་པའི་ཕྱག་བཞེས་འདི་ཡིན་ནོ། །འདི་གཉིས་ལ་ཁྱད་པར་རྣམ་པ་ལྔ་ཡོད་དེ། དེའང་བླང་བའི་ཡུལ་མི་འདྲ་སྟེ། སྔ་མ་མགོན་པོ་བྱམས་པས། བཤེས་གཉེན་དུལ་ཞིང་ཞི་ལ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ཤིང་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་མཚན་ཉིད་བཅུ་ལྡན་ནམ། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུངས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་བའི་བཤེས་གཉེན་དེ་དག་གི །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །དེ་དག་གིས་ནི་ཁྱོད་བསྟན་ན། །ཁྱེད་ཀྱིས་མཁྱེན་གྱིས་གུས་པར་མཛོད། །ཅེས་གསུངས་པའི་དོན། སྤྱོད་འཇུག་འདིར། རྟག་པར་དགེ་བའི་བཤེས་གཉེན་ནི། །ཞེས་པ་ལ་སོགས་པ་མཚན་ཉིད་གཉིས་སུ་གསུངས་སོ། །ལེན་པའི་གང་ཟག་མི་འདྲ་སྟེ། སེམས་ཙམ་པ་འཕགས་པ་ཐོགས་མེད་ཀྱི་རྗེས་སུ་འབྲངས་ནས། སོ་སོར་ཐར་པའི་རིགས་བདུན་གང་རུང་ཞིག་རྟེན་དུ་དགོས་པར་བཞེད་ལ། དེའང་ལུང་དང་རིགས་པས་ཏེ། ལུང་ནི་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱིས་པ་དབང་པོ་ཞན་ཅིང་ལེ་ལོ་ཅན། །ཐེག་པ་གཉིས་ལ་ནན་ཏན་མི་བྱེད་ན། །ཐེག་པ་ཆེན་པོའི་འཁོར་ལོ་ལྡན་མི་འགྱུར། །དེ་དག་རྒྱ་ཆེན་ཐེག་པའི་སྣོད་མ་ཡིན། །ཞེས་དང་། སྐུལ་བྱེད་ཀྱིས་ཞུས་པར། སྐས་ཀྱི་གདང་བུ་ཇི་ལྟ་བར། །ཉན་ཐོས་ས་ལ་མི་གནས་ན། །རྐྱེན་གྱིས་ཐེག་པ་མི་འཐོབ་སྟེ། །ཐེག་པ་ཆེན་པོའང་དེ་བཞིན་ནོ། །ཞེས་དང་། སློབ་དཔོན་ཤཱནྟི་པས། གང་ཞིག་གསུམ་ལ་སྐྱབས་སོང་ཞིང་། །སོ་སོར་ཐར་པ་ལེགས་བསྡམས་ཏེ། །སེམས་ཅན་ཀུན་ལ་སྙིང་བརྩེ་བ། །དེ་ལས་བྱང་ཆུབ་སེམས་སྐྱེ་ཞིང་། །དེ་ལས་རིག་འཛིན་སྡོམ་པ་འབྱུང་། །གཞན་དུ་འབད་པ་འབྲས་བུ་མེད། །ཅེས་དང་། ཇོ་བོ་རྗེས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་དག །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་བཤད་དོ། །རིགས་པའང་སོ་སོར་ཐར་པའི་སྡོམ་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་དགོས་ཏེ། དེ་མེད་ན་མི་སྐྱེ་བས། ཞིང་དང་ལོ་ཏོག་བཞིན། གང་གཞན་ལ་ཕན་པ་བསྒྲུབ་པ་ལ་གནོད་པ་སྤོང་བ་སྔོན་དུ་འགྲོ་དགོས་པས་ཞེས་ཟེར་རོ། །དབུ་མ་པ་རིགས་དྲུག་མཐའ་དག་ལ་སྐྱེ་སྟེ། སྔ་མ་སྲུང་མི་ནུས་པ་རྒྱལ་པོ་ནས་ཤན་པའི་བར་ཐམས་ཅད་ལ་སྐྱེ་བར་བཞེད་པས། བསྐལ་པ་བཟང་པོ་ལས། རྒྱལ་བ་ཕན་བཞེད་གྲོང་དཔོན་གྱུར་པའི་ཚེ། །དེ་བཞིན་གཤེགས་པ་རིན་ཆེན་དཔལ་དེ་ལ། །ཉིན་གཅིག་སྲོག་གཅོད་སྡོམ་པ་བླངས་ནས་ནི། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་ལྟར་རོ། །ལེན་པའི་ཆོ་ག་མི་འདྲ་སྟེ། སྦྱོར་བ་ལ་སྔ་མ་སོ་སོར་ཐར་པ་རིགས་བདུན་གྱིས་དག་ཟིན་པ་དང་། སེམས་དགའ་བ་ལ་སྐྱེ་བའི་དབང་དུ་བྱས་ནས་ཕྱག་དང་མཆོད་པ་ཙམ་བྱས་ནས། ལྟ་བ་ཅུང་ཟད་དམའ་བ་ལྟར་སྤྱོད་པའང་དོག་པས། ཉན་ཐོས་ཀྱི་སྡོམ་པ་འབོགས་པ་ལྟར། བར་ཆད་དྲི་བ་དང་། ལྟུང་བའི་ལྕི་ཡང་བརྗོད་པ་དང་། ཉམས་པའི་ཉེས་དམིགས་བརྗོད་པ་ལ་སོགས་པ་མཛད་ལ། དབུ་མ་པ་ལྟ་བ་མཐོ་བས་སྤྱོད་པའང་ཡངས་པས། གང་ཟག་སྡིག་པ་ཅན་དང་སོ་སོར་ཐར་པའི་སྣོད་མ་ཡིན་པ་ལའང་སེམས་སྐྱེ་བར་དགོངས་ནས། སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་མཛད་ལ། བསླབ་པ་བརྗོད་པ་དང་བར་ཆད་དྲི་བ་ལ་སོགས་པ་མི་མཛད་དོ། །དངོས་གཞིར་ཡང་སློབ་དཔོན་ཐོགས་མེད་སྨོན་པ་བླངས་ནས། ཕྱིས་འཇུག་པ་ལེན་ལ། སློབ་དཔོན་ཀླུ་སྒྲུབ་གཉིས་ཀ་སྟབས་གཅིག་ལེན་ཅིང་། སྡོམ་པ་འབོགས་པའི་བརྗོད་ཚུལ་ཡང་མི་འདྲའོ། །མཇུག་ཀྱང་སློབ་དཔོན་ཐོགས་མེད་མཁྱེན་པར་གསོལ་བ་དང་། སྡོམ་པ་གྱ་ཚོམ་དུ་མི་བསྒྲགས་པ་ལ་སོགས་པ་མཛད་ལ། འཕགས་པ་ཀླུ་སྒྲུབ་རང་དང་གཞན་སྤྲོ་བ་བསྐྱེད་པ་ལ་སོགས་པ་མཛད་དོ། །བསྲུང་ཚུལ་ཡང་མི་འདྲ་སྟེ། སློབ་དཔོན་ཐོགས་མེད་རྩ་བའི་ལྟུང་བ་བཞིར་བཞེད་ལ། སློབ་དཔོན་ཀླུ་སྒྲུབ་ནམ་མཁའི་སྙིང་པོའི་མདོ་ལྟར་བཅུ་དགུར་བཞེད་དོ། །ཕྱིར་བཅོས་མི་འདྲ་སྟེ། སློབ་དཔོན་ཐོགས་མེད་ཉན་ཐོས་དང་བསྟུན་ནས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཤིན་ཏུ་ཆུང་བ། ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་བཞེད་ལ། སློབ་དཔོན་ཀླུ་སྒྲུབ། ནམ་མཁའི་སྙིང་པོ་ལ་གསོལ་བ་གདབ་པ་དང་། ཕུང་པོ་གསུམ་པའི་མདོ་འདོན་པ་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ལ་སོགས་པས་འདག་པར་བཞེད་དོ། །དེ་ལས་འདིར་བཤད་པ་འཕགས་པའི་དགོངས་པ་ཡིན་པས། དེ་བརྗོད་ན། ཡུལ་དང་། གང་ཟག གཞི་དང་། དུས། ཆོ་ག བསླབ་བྱ། རྩོད་སྤང་དང་བདུན་ནོ། །དང་པོ་ནི། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བྱེད་པ། ཉམས་ན་གསོ་བར་ནུས་པ། བདག་ཉིད་སྡོམ་པ་དང་ལྡན་པ་སྟེ་འདས་མ་ཐག་པར་བཤད་དོ། །གཉིས་པ་ཐེག་པ་ཆེན་པོའི་རིགས་ཅན་བརྡ་ཤེས་ཤིང་དོན་གོ་ན་འགྲོ་བ་མཐའ་དག་གོ །གཞི་ནི་ཚུལ་ཁྲིམས་གསུམ་ནུས་པ་དང་སྦྱར་ནས་བླང་སྟེ། གཞན་དུ་ན་དམ་བཅའ་བ་ལས་ཉམས་པས་དྲན་པ་ཉེ་བར་གཞག་པ་བཞིན་ནོ། །དུས་ནི་ཡུན་ཐུང་ངུའམ། རིང་པོའམ། འཚོ་བར་རམ། བྱང་ཆུབ་ཀྱི་བར་ཏེ། སློབ་དཔོན་ཐོགས་མེད་ཀྱིས་མི་དགེ་བ་བཅུ་ལ་ཡུན་ཐུང་ངུ་སྤོང་བ། ཡུན་རིང་དུ་སྤོང་བ། ཇི་སྲིད་འཚོ་བར་སྤོང་པ་བཅུ་ཞེས་གསུངས་པ་ལྟར། གཉེན་པོའི་སྟོབས་དང་སྦྱར་ཏེ་བླང་ངོ་། །དེ་ལྟར་ན་ངེས་པ་ལྔ་ལ་སྡོམ་པ་མི་སྐྱེ་བར་བཤད་པ་དང་འདིར་དུས་ངེས་པ་ལ་སྐྱེ་བར་བཤད་པ་འགལ་ལ། ཐུང་ངུ་སྤོང་བ་ལ་སོགས་པའང་ཉན་ཐོས་ཀྱི་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཉན་ཐོས་ལས་སྤོང་བ་བདུན་བཤད་ལ། ཐེག་པ་ཆེན་པོར་བཅུ་བཤད་པས་སོ། །ཡང་དུས་རེས་འགའ་བ་རང་དང་གཞན་གྱི་དོན་གྱི་རྒྱུར་མི་རུང་བས་འདིའི་སྡོམ་པར་འགལ་ཞིང་། རེས་འགའ་བསྲུང་བ་དེ་ལྟུང་བ་དང་འདྲེས་པས་ས་ཐོབ་པའི་གེགས་སུ་འགྱུར་རོ་ཞེ་ན། སྔ་མ་ཉན་ཐོས་ཀྱི་འདོད་པ་ཡིན་ལ། རང་དང་གཞན་གྱི་དོན་རྒྱ་ཆེན་པོ་ལ་སློབ་པས་སྐྱོན་གཉིས་པ་མེད་ཅིང་། ཁས་བླངས་ཉམས་པ་མ་ཡིན་པས་གསུམ་པའང་མེད་དེ། བསྐལ་པ་བཟང་པོ་ལས་གསུངས་ཚུལ་འདས་མ་ཐག་པར་བརྗོད་པ་བཞིན་ནོ། །དེས་ན་འདི་དག་ནུས་པའི་དབྱེ་བ་ལ་དགོངས་ཏེ། བྱང་ཆུབ་སེམས་དཔའ་དབྱེ་བ་སུམ་ཅུ་རྩ་བཞི་ལས། ས་བོན་གསར་འཇོག་འཇིག་ཚོགས་དང་ཉན་ཐོས་ཀྱི་ལྟ་བར་མོས་པ། རྟེན་ཁྱིམ་པ་ལ་སོགས་པ། སྤྱོད་པ་དང་རྟོགས་པའི་དབྱེ་བས་བསླབ་བྱ་ཕྱོགས་རེ་དང་། བསྡུས་པ་དང་། འབྲིང་དང་། མཐའ་དག་ལ་སློབ་པས། ཕྱོགས་གཅིག་སྤོང་བ་བཅུ། མཐའ་དག་སྤོང་བ་བཅུ། ཞེས་པ་ལྟར་བདག་གི་བླ་མ་གསུང་ལ། བསླབ་བཏུས་ལས་ཀྱང་། སྡོམ་པ་བདག་ཉིད་ཀྱི་སྟོབས་དང་ཡང་སྦྱར་ཏེ་བླངས་ཞེས་ཏེ། གང་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་སྤྱིར་བསྟན་པ་དེར་ཡང་གོམས་པར་བྱར་མི་རུང་བའམ། དགག་པའི་ངག་གིས་བྱང་ཆུབ་སེམས་དཔའ་ལས་དང་པོ་བས་བསླབ་པར་མི་བྱ་བར་འགྱུར་ཏེ། དེ་གཉིས་མེད་ན་ནི་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་དང་། བསླབ་པ་འདིའི་ནང་ནས་བསླབ་པ་གང་ཡང་རུང་བ་བསྲུང་བར་འདོད་པས་ཡང་དག་པར་ལེན་པར་བྱེད་དོ་ཞེས་དང་། དེ་བས་ན་རང་གི་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་གཅིག་ཙམ་ཡང་ཡང་དག་པར་བླངས་ལ་བསྲུང་བར་བྱ་སྟེ་ཞེས་དང་། དུས་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་ཡང་དགེ་བ་ཡང་དག་པར་བླངས་ཏེ་གནས་པར་བྱ་སྟེ། འདི་ནི་སྨན་གྱི་བླའི་མདོ་ལས། དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ་ལོ་གཅིག་གམ་ཟླ་བ་གསུམ་དུ་བསླབ་པའི་གཞི་རྣམས་འཛིན་ཅིང་ཞེས་དང་། འདི་ཉིད་ཀྱིས་མདོར་ན་རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ། དོན་མེད་པ་ཉིད་ཀྱིས་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར་ཞེས་གསུངས་ལ། ཡང་སྤྱོད་པ་དང་རྟོགས་པ་མཆོག་ལ་དགོངས་ཏེ། རྒྱས་པར་བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར་བཤད་དུ་ཡོད་དོ་ཞེས་གསུངས་ཤིང་། མདོ་སྡེ་རྒྱན་ལས་ཀྱང་། བློ་ལྡན་སེམས་མཆོག་བསྐྱེད་མ་ཐག་ཏུ་ཡང་། །མཐའ་ཡས་ཉེས་ཚོགས་བྱེད་ལས་སེམས་རབ་བསྡམས། །ཞེས་གསུངས་སོ། །ཆོ་ག་ལ་སྦྱོར་བའི་ཆོས་བདུན་སྔོན་དུ་སོང་། དངོས་གཞི་བསམ་པ་ལེགས་པར་སྦྱངས་ནས་དེ་བརྟེན་པའི་ཡན་ལག་ཏུ་དམ་བཅའ་བ་ཚིག་ཏུ་བརྗོད་པ་ལ། བདག་གི་བླ་མ་དཔལ་ལྡན་ས་སྐྱ་པཎྜི་ཏས། སེམས་བསྐྱེད་པ་སྤྱིའི་མཚན་ཉིད། རྫོགས་པའི་བྱང་ཆུབ་ཀྱི་སྒྲུབ་པ་ཁྱད་པར་བ་ཡིན་ཏེ། དེའི་རིགས་མི་མཐུན་འཁོར་འདས་གཉིས་ཀྱི་སེམས་བཅད་ནས། མི་གནས་པའི་མྱ་ངན་ལས་འདས་པར་གྲུབ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་པ་ལྟ་བུའོ། །མངོན་རྟོགས་རྒྱན་ལས་གསུངས་པ་དེ་བརྡ་ལས་བྱུང་བ་ལ་དགོངས་ཏེ། སྤྱིའི་མཚན་ཉིད་དུ་བྱས་ན། དོན་དམ་སེམས་བསྐྱེད་དང་། ཆོས་ཉིད་ཀྱིས་ཐོབ་པ་དང་། སྒྲིབ་པ་དག་པའི་ས་ལ་མ་ཁྱབ་ཅེས་གསུང་ངོ་། །དེའི་མཚན་གཞི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལ། །ཞེས་དང་། བསླབ་བཏུས་ལས། སྟོང་པ་སྙིང་རྗེའི་སྙིང་པོ་ཅན། །སྤྱད་ཅེས་སོ། །དེ་ངག་ཏུ་བརྗོད་པ་ཅི་ལྟར་ཞེ་ན། རྩ་བ་བརྒྱད་དེ་སྨོན་འཇུག་སྟབས་གཅིག་ཏུ་བླང་བའོ། །སློབ་དཔོན་ཛེ་ཏཱ་རིས་སྨོན་པའི་སེམས་སྔོན་དུ་གཏོང་བ། སྨོན་འཇུག་གི་སེམས་སྟབས་གཅིག་ཏུ་བསྐྱེད་པ། སྨོན་འཇུག་གི་སྡོམ་པ་བླང་བ་གསུམ་བཤད་དེ། མགོན་པོའི་སྤྱན་སྔར་རྫོགས་པ་ཡི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །ཞེས་རྩ་བ་བཞིས་སྔ་མ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཞེས་ཚིགས་བཅད་གཉིས་ཀྱིས་གཉིས་པ་དང་། གལ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བ་ལ་མོས་པ་བརྟན་པོ་ཡོད་ན་དེའི་ཚེ་སྡོམ་པ་སྦྱིན་ནོ། །ཇི་ལྟར་སྔོན་གྱི་སོགས་ཚིགས་བཅད་གཉིས་ཀྱིས་གསུམ་པའོ། །དྲུག་པ་ལ་སྨོན་འཇུག་ཐུན་མོང་དང་། སོ་སོའི་གཉིས་ལས། སྔ་མ་ལ། དགེ་བའི་བཤེས་གཉེན་ལ་གུས་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པ། སེམས་ཅན་བློས་མི་འདོར་བ་སྟེ་བསྒྲུབ་པར་བྱ་བའི་ཆོས་གསུམ་དང་། ལྟུང་བ་དང་། ལྟུང་བ་མེད་པ། ལྟུང་བའི་གཟུགས་བརྙན་དང་། ལྟུང་བ་མེད་པའི་གཟུགས་བརྙན་དེ་ཤེས་པར་བྱ་བའི་ཆོས་བཞིའོ། །གཉིས་པ་ལ་སྨོན་པའི་དང་། འཇུག་པའི་འོ། །སྔ་མ་ལ་སྤང་བ་དང་། བརྟེན་པའོ། །དང་པོ་ནི། སྔ་མའི་སྟེང་དུ་བྱང་ཆུབ་ཀྱི་སེམས་བརྗེད་པའི་རྒྱུ་ནག་པོའི་ཆོས་བཞི་སྤང་བའོ། །གཉིས་པ་ལ་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པའི་འབྲས་བུ་ལ་སྨོན་པ། ས་དང་ལམ་ཐམས་ཅད་ལ་བསླབ་སྙམ་པའི་ཐབས་ལ་སྨོན་པ། སེམས་ཅན་གྱི་རེ་བ་ཐམས་ཅད་བསྐང་སྙམ་པ་ཕྲིན་ལས་ལ་སྨོན་པ་སྟེ་གསུམ་གསུངས་ལ། གཞན་ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པར་བྱ་བ། སེམས་དེ་གོང་ནས་གོང་དུ་སྤེལ་བ། ཚོགས་གཉིས་གསག་པར་བརྩོན་པ། དེ་མི་བརྗེད་པའི་རྒྱུ་དཀར་པོའི་ཆོས་བཞི་བརྟེན་པའོ། །འཇུག་པ་ལའང་གཉིས་ལས། སྤང་བ་ལ། ཐུན་མོང་རྩ་བའི་ལྟུང་བ་བཞི་དང་། ཐུན་མོང་མ་ཡིན་པ་རྒྱལ་པོ་ལ་འབྱུང་བ་ལྔ། བློན་པོའི་ལྔ། ལས་དང་པོ་པའི་བརྒྱད། ཐུན་མོང་དུ་སྨོན་པ་དོར་བ། ཕམ་པ་དང་འདྲ་བ་བཞིའོ། །གཞན་ཉེས་བྱས་ཀྱི་རིགས་སུ་གཏོགས་པ་བཞི་བཅུ་རྩ་དྲུག་རྣམ་པར་ཕྱེ་སྟེ་སྤང་བར་བྱ་བ་ལ་བསླབ། བསྟེན་པར་བྱ་བ་ཕ་རོལ་ཏུ་ཕྱིན་པ་དྲུག ས་བཅུ། བསྡུ་བ་བཞི། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་སྟེ། དེ་དག་བསྡུ་ན། རང་དོན་དུ་སངས་རྒྱས་ཀྱི་ཆོས་རྣམས་རྫོགས་པར་བྱ་བ། གཞན་དོན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ། ཐུན་མོང་དུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། །རྩོད་སྤང་ནི། དུས་ཐམས་ཅད་པའི་སྡོམ་པ་འདི་མི་ནུས་ཏེ། ཚེ་འཕོས་ནས་བསླབ་པ་བརྗེད་པས་ལྟུང་བས་གོས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། བསླབ་བཏུས་ལས། འདི་ལ་དུས་ཐམས་ཅད་པའི་སྡོམ་པ་བཟུང་བས་ཚེ་རབས་གཞན་དུ་ལྟུང་བ་འབྱུང་བར་དོགས་པའང་མི་བྱ་སྟེ། མདོ་འདི་ཉིད་ལས་མི་འཁྲུགས་པའི་སྨོན་ལམ་གནང་བའི་ཕྱིར་རོ། །ཞེས་རྒྱ་ཆེར་གསུངས་ན། སྐབས་དོན། དེ་བཞིན་གཤེགས་པ་བྱུང་ཡང་རུང་། མ་བྱུང་ཡང་རུང་། གདོན་མི་ཟ་བར་ཁྱིམ་གྱི་གནས་ནས་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་ལྟར་ཁྱིམ་གྱིས་གནས་ནས་མངོན་པར་འབྱུང་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྙེད་པའི་མཆོག་གོ་ཞེས་དང་། འོད་སྲུང་གིས་ཞུས་པ་ལས། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྲོག་གི་ཕྱིར་རམ། ཐ་ན་བཞད་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་མི་སྨྲ་བ་དང་། ཞེས་བྱ་བ་ནག་པོའི་ཆོས་བཞི་སྤང་བ་དང་། སེང་གེས་ཞུས་པ་ལས་གསུངས་པ་ལྟར་ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན་ཏེ། ཕྱོགས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འཛུད་པས་རྨི་ལམ་ནའང་བྱང་ཆུབ་ཀྱི་སེམས་མི་འདོར་ཞེས་དང་། མདོ་སྡེ་རྒྱན་ལས། ཚུལ་ཁྲིམས་གསུམ་རྟག་བླང་ཞེས་དང་། བྱང་ཆུབ་སེམས་དཔའི་ས་ལས་ཀྱང་། བྱང་ཆུབ་སེམས་དཔའ་གང་གིས་སྨོན་པ་མ་བཏང་ཞིང་ཕམ་པ་ལྟ་བུར་མ་སྤྱད་ན། ཚེ་བརྗེས་ནས་འགྲོ་བ་གང་དུ་འཁོར་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚེ་བརྗེས་ནས་བརྗེད་ན་བདག་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་དག་པར་ནོད་པར་ཟད་ཀྱི། གསར་དུ་ལེན་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །འདི་ལ་ཁ་ཅིག་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་དགེ་སློང་གི་འདུ་ཤེས་བརྗེད་ནས་མེད་པ་ལ། སྲོག་གཅོད་པ་ལ་སོགས་པས་ཕམ་པར་མི་འགྱུར་བ་ལྟར་བསླབ་པ་ལ་དམིགས་པའི་བསམ་པ་མངོན་དུ་རྒྱུ་མེད་ན་ལྟུང་བས་ཉམས་པར་མི་འགྱུར་ཞིང་། འབྲས་བུ་མི་འབྱིན་པ་ཡིན་ཏེ། ཐལ་བས་གཡོགས་པའི་མེ་བཞིན་ཞེས་པ་ལ། དེས་སྡོམ་པའི་བྱ་བ་བྱེད་ན་དེ་འགལ་རྐྱེན་གྱིས་མི་ཉམས་པར་མི་འཐད་དེ། དེའང་བྱས་ཡོད་ཡིན་པས་སོ། །མི་བྱེད་ན་སྡོམ་པ་མ་ཡིན་པར་འགྱུར་ཏེ། དེའི་དོན་བྱེད་པས་སྟོང་པས་སོ། །འགྲོ་བ་གཞན་གྱི་རྣམ་པ་བསྟེན་པའང་ཤེས་པ་རང་བཞིན་དུ་མི་གནས་པས་ལྟུང་བར་མི་འགྱུར་བ་ཡིན་གྱི། བསླབ་པ་ལ་དམིགས་པའི་བསམ་པ་མེད་པས་ལྟུང་བར་མི་འགྱུར་བ་མ་ཡིན་ཏེ། གཞན་དུ་ན་ཉེ་དགས་བསླུས་པའི་དགེ་སློང་རྒན་ཞུགས་བསླབ་པར་ཡོད་པར་མ་ཤེས་པས་ཁྱིམ་ཐབ་དང་འགྲོགས་པའང་ལྟུང་བ་མེད་པར་འགྱུར་རོ། །དེ་ལ་རིམ་པ་བཞིན་ཞེས་ཏེ། ལས་དང་པོ་པ། མོས་པས་སྤྱོད་པ། ས་ཐོབ་པ་རྣམས། སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ལ་གཙོར་སློབ་བོ། །བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་གཅིག་གམ་ཐ་དད་ཅེ་ན། རྒྱལ་སྲས་ཐོགས་མེད་རྗེས་འབྲངས། སྨོན་པ་སེམས་བསྐྱེད་དང་རྫས་ཐ་དད་ལ། འཇུག་པ་དང་བདག་གཅིག་སྟེ། ཚུལ་ཁྲིམས་ཀྱི་ལེའུ་དང་སྡོམ་པ་ཉི་ཤུ་པའི་འགྲེལ་པར། རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ་ཞེས་སྨྲོས་ཤིག དེས་ཀྱང་ལགས་སོ་ཞེས་ཁས་ལོང་ཞིག་ཅེས་བཤད་དོ། །དེ་གཉིས་བདག་གཅིག་ན་འཇུག་པའི་སྔོན་དུ་སྨོན་པ་སེམས་བསྐྱེད་ཅི་དགོས་ཞེས་པའོ། །ཇོ་བོ་རྗེ་གཉིས་ཀ་བདག་གཅིག་པར་འདོད་དེ། ལམ་སྒྲོན་ལས། འཇུག་སེམས་བདག་ཅིག་སྡོམ་པ་མ་གཏོགས་པ། །ཞེས་དང་། རྫོགས་པའི་བྱང་ཆུབ་སྡོམ་པ་སྤེལ་འདོད་པས། །ཞེས་སྨོན་པའང་སྡོམ་པ་ཉིད་དུ་བཤད་དོ། །སློབ་དཔོན་ཛེ་ཏཱ་རི་ནི་དེ་གསུམ་ཀའང་རྫས་ཐ་དད་དུ་བཞེད་དེ། ཆོ་གའང་སོ་སོར་ལེན་པས་སོ། །སློབ་དཔོན་འདིས་རྫས་གཅིག་ཏུ་བཞེད་དེ། ཆོ་ག་སྟབས་གཅིག་ཏུ་བརྗོད་པ་དང་། དེའི་ལུང་མང་དུ་བརྗོད་ཟིན་ཏོ། །མཇུག་རང་དང་གཞན་སྤྲོ་བ་བསྐྱེད་པ་ལ་སྤྱིར་བསྟན་པ། རང་གི་དོན་གྲུབ་པ། གཞན་གྱི་དོན་གྲུབ་པ། གཞན་དགའ་བ་བསྐྱེད་དུ་གཞུག་པ་བཞི་ལས། དེ་ལྟར་ཞེས་རྩ་བ་བཞིས་སྔ་མ་དང་། གཉིས་པ་ལ་དོན་གྲུབ་པ། ཉེས་པས་མི་གོས་པར་བྱ་བ། རྙེད་དཀའ་བ་ཐོབ་པ་གསུམ། དེང་དུས་ཞེས་དང་། ད་ནི་ཞེས་དང་། ལོང་བས་ཞེས་སོ། །གསུམ་པ་ལ་གསུམ་ལས། འགྲོ་བའི་ཞེས་པ་ནས་ཚིགས་བཅད་གཉིས་དང་། རྩ་བ་གཉིས་ཀྱིས་སྡུག་བསྔལ་སེལ་བའོ། །གཉིས་པ་སྒྲིབ་པ་སེལ་བ་ལ། འགྲོ་བའི་ཉོན་མོངས་ཞེས་པས། སེར་སྣ་ལ་སོགས་པ་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་སྤྱོད་པས་ཟླ་བའི་དཔེ་དང་། འགྲོ་བའི་མི་ཤེས་ཞེས་པ་འཁོར་གསུམ་དུ་ཞེན་པའི་མུན་པ་རྩ་བ་ནས་སེལ་བས་ཉི་མ་ཡང་དེ་ཡིན་པའོ། །གསུམ་པ་ཕན་བདེ་སྒྲུབ་པ་ནི། དམ་ཆོས་འོ་མ་ཞེས་རྩ་བ་གཉིས་སོ། །བཞི་པ་ནི། འགྲོ་བའི་ཞེས་ཚིགས་བཅད་གཉིས་ཏེ། རྐང་པ་སྔ་མ་བཞིས་བྱང་ཆུབ་ཀྱི་སེམས་བདེ་བའི་རྒྱུར་བསྟན་ཅིང་། ཕྱི་མས་སྤྲོ་བ་བསྐྱེད་པའོ། །ལེའུ་གསུམ་པའོ།། ༈ །།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱིའི་དོན་དང་། གཞུང་གི་དོན་གཉིས་ལས། དང་པོ་ལ་ངོ་བོ། དབྱེ་བ། འབྲས་བུ་གསུམ་མོ། །དང་པོ་ནི། སྤོང་བའི་སེམས་པ་ཁྱད་པར་ཅན་ཏེ། ཡེ་ཤེས་རྨད་དུ་བྱུང་བ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའོ་ཞེས་དང་། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་ཞེས་སོ། །དབྱེ་ན་བླངས་པ་བརྡ་ལས་བྱུང་བ་དང་། ཆོས་ཉིད་ཀྱིས་ཐོབ་པ་གཉིས་སོ། །བསམ་གཏན་པའི་སྡོམ་པ་གང་ཞེ་ན། དེ་གཉིས་སུ་བསྡུས་ཏེ། བཅོམ་ལྡན་འདས་བྱམས་པས། བརྡར་བཏགས་ཆོས་ཉིད་ཐོབ་པ་སྟེ། །སྡོམ་ལ་གནས་པ་རྣམས་ལ་ཡོད། །ཅེས་བཤད་དོ། །སྔ་མ་ལ་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་མོ། །དེའང་ལྡོག་པའི་ཚུལ་ཁྲིམས་དང་། འཇུག་པའི་ཚུལ་ཁྲིམས་གཉིས། སྡོམ་པའི་རང་བཞིན་དང་། བརྩོན་འགྲུས་ཀྱི་རང་བཞིན་ནོ། །དེ་གོམས་པ་མཐར་ཕྱིན་ནས་བསྡམ་བྱ་སྡོམ་བྱེད་མ་དམིགས་པ་སྟེ། ཡུམ་ལས། གང་ལ་སྡོམ་དང་སྡོམ་པ་མ་ཡིན་རློམ་སེམས་མེད། །འདི་ནི་ཚུལ་ཁྲིམས་སྡོམ་པར་རྣམ་པར་འདྲེན་པས་གསུངས། །ཞེས་སོ། །དེའང་སྡོམ་པའི་ཚུལ་ཁྲིམས་ནི་ལམ་ལ་ཞུགས་པ་ཀུན་ལ་ཡོད་ལ། སེམས་ཅན་དོན་བྱེད་བྱང་ཆུབ་སེམས་དཔའ་ལ། དགེ་བ་ཆོས་སྡུད་གཙོར་འཕགས་པ་ལ་མངའོ། །གསུམ་པ་ནི། འདིས་ངན་འགྲོ་ལས་སྐྱོབ་ཅིང་བདེ་འགྲོ་ལ་འགོད་པ་གནས་སྐབས་ཀྱི་དོན་དང་། མཐར་ཐུག་སངས་རྒྱས་ཉིད་བྱེད་དེ། སྲིད་མེད་ཀྱི་བུས་ཞུས་པ་ལས། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ལ། འཕགས་མ་ལས་ཀྱང་གསུངས་ཤིང་། མདོ་སྡེ་རྒྱན་ལས་ཀྱང་། ཚུལ་ཁྲིམས་མི་མཐུན་ཕྱོགས་ཉམས་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །ཞེས་སོ། །གཉིས་པ་ལ་གཉིས་ཏེ། སེམས་བསྐྱེད་པས་བསླབ་པ་ལ་བག་བྱ་བ་དང་། བསླབ་པ་བསྲུང་བའི་ཆེད་དུ་དྲན་པ་དང་ཤེས་བཞིན་བསྐྱང་བའོ། །དང་པོ་ལ་གསུམ་ལས། རྒྱལ་བའི་སྲས་ཞེས་རྩ་བ་བཞིས་མཚམས་སྦྱར་བ་ལས། ཕྱེད་སྔ་མས་བྱང་ཆུབ་ཀྱི་སེམས་ལ་བག་བྱ་བ། ཕྱི་མས་དེའི་ཐབས་བསླབ་པ་ལ་འབད་པར་གདམས་པ་སྟེ། འཕགས་པ་སུམ་ཅུ་རྩ་གསུམ་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཆོས་གཅིག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལ། སྡུག་བསྔལ་བ་དང་ཡིད་མི་བདེ་བར་ཡང་མི་འགྱུར་རོ། །ཆོས་གཅིག་པོ་གང་ཞེ་ན་འདི་ལྟ་སྟེ། བག་ཡོད་པའོ་ཞེས་དང་། ཟླ་བ་སྒྲོན་མ་ལས། ཚུལ་ཁྲིམས་ཐོས་དང་གཏོང་དང་དེ་བཞིན་བཟོད། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་སོ། །དེས་ན་ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་ནི་སྤང་བྱ། ལྟུང་བ་མེད་པ་དང་ལྟུང་བའི་གཟུགས་བརྙན་ནི་བླང་བྱའོ། །དེ་ལ་ལྟུང་བ་ནི་ནམ་མཁའི་སྙིང་པོའི་མདོ་ལས་བཤད་པ། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱལ་པོ་ལ་འབྱུང་བ་ལྔ། བློན་པོའི་ལྔ། ལས་དང་པོ་པའི་བརྒྱད་ལ་སོགས་པའོ། །ལྟུང་བ་མེད་པ་ནི་དེ་དག་སྤང་བ་སྟེ། འདི་དེ་དག་རྒྱས་པར་བསླབ་པ་ཐམས་ཅད་ཀྱི་ཁྱད་པར་གཞག་པའི་སྐབས་སུ་བརྗོད་པར་བྱའོ། །རྒྱས་པར་བཤད་པ་ལ་གསུམ་གྱི། གཞི་བྱང་ཆུབ་ཀྱི་སེམས་ལ་བག་བྱ་བ་ལ་གསུམ་ལས། མི་འདོར་བའི་འཐད་པ། བབ་ཅོལ་ཞེས་ཚིགས་བཅད་གཉིས་ཏེ། མ་བརྟགས་པར་འཇུག་པར་བྱ་བར་དམ་བཅས་ཀྱང་། བརྟག་སྟེ་དོན་དང་ལྡན་པ་དང་མི་ལྡན་པའི་དབྱེ་བའོ། །དོར་བའི་ཉེས་དམིགས་ལ་གསུམ་གྱི། དང་པོ་རྣམ་སྨིན་ངན་འགྲོར་ལྟུང་བ་ལ་གསུམ་ལས། དོན་གྱི་དངོས་པོ་དགོད་པ་ལ་གལ་ཏེ་དེ་ཞེས་ཏེ། བྱང་ཆུབ་ཀྱི་སེམས་བཏང་ན། སེམས་ཅན་ཐམས་ཅད་བསླུས་པར་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། སྦྱིན་བདག་གིས་སྟོན་མོ་ཆེན་པོ་བྱེད་པར་བསྒྲགས་ཏེ། བོས་ནས་མ་བྱིན་པའི་དཔེས་བསྟན་ཏེ། དེ་རྒྱུ་དེས་ངན་འགྲོར་ལྟུང་བའོ། །དེ་ལུང་གིས་སྒྲུབ་པ་ནི། དངོས་པོ་ཕལ་པ་ཞེས་ཏེ། དྲན་པ་ཉེ་བར་གཞག་པ་ལས་ཅུང་ཟད་ཅིག་བསམས་ནས་མི་སྦྱིན་པ་ནི་ཡི་དྭགས་སུ་སྐྱེ་ལ། དམ་བཅས་ནས་མི་སྦྱིན་ན་སེམས་ཅན་དམྱལ་བར་འགྲོའོ་ཞེས་གསུངས་པས། དོན་བླ་ན་མེད་ཅེས་ཏེ། རྒྱུ་དེས་ངན་འགྲོར་ལྟུང་སྟེ། འགྲོ་བ་ཐམས་ཅད་བསླུས་པས་སོ། །ལུང་གཞན་དང་འགལ་བ་སྤང་པ། མི་གང་ཞེས་རྩ་བ་བཞི་སྟེ། ཅི་རྒྱུ་དེས་ངན་འགྲོར་མ་སོང་བ་མཐོང་སྟེ། འཕགས་པ་ཤཱ་རིའི་བུ་རྒྱལ་པོ་བྷི་མ་སེ་ནར་གྱུར་པ་ན་བྲམ་ཟེ་དྲག་པོའི་མིག་ལ་ལག་པ་བྱིན་པས་སྟེར་བ་པོའི་རྣམ་ཐར་ལ་འཁྲུགས་ཏེ། དེ་མ་འདོད་པ་དང་། རྒྱལ་པོ་སྐྱོ་བ་སྐྱེས་ནས་བྱང་ཆུབ་ཀྱི་སེམས་བཏང་སྟེ་ཉན་ཐོས་ཀྱི་ལམ་མངོན་དུ་བྱས་པ་ལས་དགྲ་བཅོམ་ཐོབ་བོ་ཞེ་ན། འདི་ལ་ཆེན་པོ་དག་དེས་བྱང་ཆུབ་ཀྱི་སེམས་བཏང་ཡང་འཁོར་བ་ལས་ཐར་པ་ནི། སྡིག་པ་དེའི་གཉེན་པོ་སྤྱད་པ་ཡིན་ནོ། །གཉེན་པོ་གང་ཞེ་ན། ལས་ཚུལ་བསམ་གྱིས་མི་ཁྱབ་སྟེ། །ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན། །ཞེའམ། འགྲེལ་ཆེན་ལས། བྱང་ཆུབ་ཀྱི་སེམས་མ་བཏང་ན་སྤྲུལ་པའི་ཉན་ཐོས་ཡིན་ལ། བཏང་ནའང་ཐར་པའི་སེམས་མ་བཏང་བས་ཞེས་ཟེར་བ་ལྟར་ན། རྩོམ་པ་པོས་གལ་ཏེ་དེ་ལྟར་དམ་བཅའ་ལ་སོགས་པ་ཚིགས་སུ་བཅད་པ་གསུམ་བཀོད་པ་དོན་མེད་དོ། །དེས་ན་བདག་གི་བླ་མས་ལས་ཚུལ་བསམ་གྱིས་མི་ཁྱབ་པ་དེས་སེམས་དེ་བཏང་བ་མེད་དོ། །ཅིས་མངོན་ཞེ་ན། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ཏེ། དམ་པའི་ཆོས་པདྨ་དཀར་པོ་ལས། འཕགས་པ་ཤཱ་རིའི་བུ་ནི་མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་བླ་མ་ཞེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ལས་ཤེས་ཏེ། བྱང་སེམས་སྔོན་དུ་མ་སོང་བའི་སངས་རྒྱས་མི་སྲིད་པས་དེ་བཏང་བ་ལྟར་སྣང་བ་ཡིན་ནོ་ཞེས་གསུངས་སོ། །གཉིས་པ་སྤྱོད་པ་གཞན་དོན་ལས་ཉམས་པ་ལ་གསུམ་ལས། རྩ་བའི་ལྟུང་བས་གོས་པ། དེ་ནི་ཞེས་པ་འཕགས་མ་ལས། གལ་ཏེ་བསྐལ་པ་བྱེ་བ་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་ཉན་ཐོས་ས་དང་རང་རྒྱལ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་པས་ཉན་ཐོས་ཀྱི་ཕམ་པའམ། འདི་ཉིད་ཀྱི་ཕམ་པ་འདྲ་བས་ཀྱང་ལྕི་སྟེ། བྱང་ཆུབ་ཀྱི་སེམས་མེད་ན་གཞན་དོན་གྱི་ནུས་པ་དང་བྲལ་བས་སོ། །སེམས་དེ་གཟུང་བའི་ཕན་ཡོན་ཡང་། གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ། །སངས་རྒྱས་བསྒྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན། །མཁས་པས་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་སྐྱོན་མེད་ཤེས་པར་བྱ། །ཞེས་བཤད་དོ། །གཞན་གྱི་དགེ་བའི་གེགས་བྱས་པའང་དེ་དང་མཚུངས་པ་དང་། དེའི་འཐད་པ་གཉིས་གང་གཞན་ཞེས་དང་། སེམས་ཅན་ཞེས་སོ། །གསུམ་པ་འབྲས་བུ་ས་ཐོབ་པ་ལ་འགོར་བ་ནི། དེ་ལྟར་ཞེས་ཏེ། དེ་ལན་གཅིག་ཉམས་ཀྱང་སླར་སོར་ཆུད་པར་བྱེད་དོ་ཞེ་ན། དེ་ལྟར་ནའང་ལམ་སྒྲུབ་པ་ལ་འགལ་རྐྱེན་ཡོད་པས་མཐོང་ལམ་སྐྱེ་བ་ལས་རིང་དུ་འགོར་ཏེ། དེ་གཉིས་སྤེལ་མར་འཇུག་པས་སོ། །འགྲེལ་ཆེན་ལས། ཕྱིས་འདྲེན་ཅིང་སྔར་འཁྲིད་པར་བྱེད་པས་རིམ་གྱིས་འདྲེ་བ་ཉིད་ཅེས་བཤད་དོ། །གསུམ་པ་རྗེས་སུ་གདམས་པ་ནི། དེ་ལྟས་ཞེས་རྩ་བ་གཉིས་སོ། །སྤྱི་དོན་གཉིས་པ་སྦྱོར་བ་བསླབ་པ་ལ་བག་བྱ་བ་ལ། སྤང་བྱ་ཉེས་པ་དོར་བ། གཉེན་པོ་དགེ་བ་སྒྲུབ་པ། ཉེས་པ་ཉོན་མོངས་པ་སྤོང་བ་གསུམ་མོ། །དང་པོ་ལ་གསུམ་ལས། ཉེས་པས་ངན་སོང་དུ་ལྟུང་བའི་དོན་གསུམ། དེང་ནས་བརྩོན་ཞེས་བྱ་བ་ནས་རྩ་བ་གཉིས་དང་། བཞི་དང་། བཞི་ཡིས་སོ། །དལ་བ་མི་འཐོབ་ཅིང་ཐོབ་པ་མི་བརྟན་པ་ནི། དེ་བཞིན་གཤེགས་པ་སྟེ་དེས་ཕྱིའི་རྐྱེན་གཞན་འབྱོར་ལྔ་མཚོན་ལ། གནས་ལ་དད་པ་དང་། མི་ལུས་ཐོབ་པས་ནང་གི་རྐྱེན་རང་གི་འབྱོར་པ་ལྔ་བསྟན་པས་དེས་མི་ཁོམ་པ་སྤང་བར་གྲུབ་ལ། མཐུན་རྐྱེན་དགེ་གོམས་རུང་བ་བསམ་པའི་རྟེན་ཏེ། དེ་རྙེད་དཀའ་བས་ནམ་ཞིག་ཐོབ་ཅེས་སོ། །རྙེད་དཀའ་མོད། ད་ལྟ་རྙེད་པ་འདི་ལ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བས་ད་དུང་ལོང་ཡོད་ཅེ་ན། ཚེ་ནི་ཞེས་ལན་ནོ། །ངན་འགྲོར་དགེ་བ་སྒྲུབ་པའི་སྐབས་མེད་པ་ལ་དོན་བཞི་བདག་གི་སྤྱོད་པ་ཞེས་པ་ནས་ཚིགས་བཅད་བཞི་ཡིས་སོ། །གཉིས་པ་གཉེན་པོ་དགེ་བ་ལ་བག་བྱ་བ་ལ་གསུམ་ལས། སྔོན་བསགས་ཀྱི་སྡིག་པ་མང་བ་ནི། སྐད་ཅིག་གཅིག་ཅེས་ཏེ། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་བཞིན་ནོ། །རང་གཞན་གྱིས་མི་འཛད་པ་ནི། དེ་ཙམ་ཞེས་ཏེ། སྡིག་པ་གཞན་དག་རྒྱུ་མཐུན་གྱི་འབྲས་བུར་སྐྱེས་པས་སོ། །གཉེན་པོ་དགེ་བ་ལ་འབད་པ་ལ་དོན་བཞི། འདི་འདྲའི་དལ་བ་ཞེས་པ་ནས་ཚིགས་བཅད་བཞི་ལས། ཤིན་ཏུ་རྙེད་དཀའ་ནི་དལ་འབྱོར་ཏེ། རྫོགས་པའི་བྱང་ཆུབ་སྒྲུབ་པའི་རྟེན་རྙེད་པ་དང་། བདག་གིས་ལེགས་ཉེས་ཀྱི་དམིགས་ཤེས་པ་དང་། མ་འབད་ན་དམྱལ་བར་ལྟུང་བས། བདག་ལ་འདིར་སེམས་མེད་དེ་རྨོངས་པར་ཟད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །སྤྱོད་པ་འདི་ནི་ཆེས་རབ་བླུན་པ་ལགས། །ཞེས་པ་ལྟ་བུའོ། །གསུམ་པ་ཉེས་པ་ཉོན་མོངས་པ་སྤང་བ་ལ། སྤང་བའི་བློ་བསྐྱེད་པ། ཐབས་བརྟེན་པ། སྤོང་བར་ནུས་པ་ཉིད་དུ་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གསུམ་གྱིས་གནོད་པའི་རྣམ་པར་བརྟགས་པ་ལ་བཞི་ལས། རང་དབང་མེད་པ་ནི། ཅིས་རྨོངས་ཞེས་ཏེ། རང་དབང་མེད་པར་རྨོངས་པའི་རྒྱུ་བདག་ཉིད་ཀྱིས་ཀྱང་མ་ཤེས་པ་དེ་སུ་ཞིག་ཡོད་ཅེ་ན། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པའོ། །དེའང་སྤང་བྱ་དེ་ལུས་ཅན་མ་ཡིན་པ། བདག་ལེ་ལོའི་དབང་དུ་གྱུར་པ། བློ་མ་རིག་པས་བསླད་པས། དེ་དག་གིས་བདག་བྲན་བཞིན་དུ་བྱས་པས་གནོད་བྱེད་དེ་དག་ལ་མི་བཟོད་པར་རིགས་སོ། །ལྷག་མ་གསུམ་གལ་ཏེ་ལྷ་དང་ཞེས་པ་ནས་ཚིགས་བཅད་བཞིའོ། །གཉིས་པ་མི་བཟོད་པར་བརྟག་པ་ལ། དེ་ལྟར་ཡུན་རིང་ཞེས་སེམས་ལ་གནོད་པ་དང་། འཁོར་བའི་ཞེས་པས་ལུས་ལ་གནོད་པའོ། །དེ་ལྟས་ཇི་སྲིད་ཅེས་པས་གསུམ་པ་ང་རྒྱལ་བསྐྱེད་པའོ། །གཉིས་པ་དེ་སྤང་བའི་ཐབས་ལ་གསུམ་ལས། རང་བཞིན་ཞེས་ཚིགས་བཅད་གཉིས་ཀྱིས་མི་སྦྱོར་བའི་ཉེས་པ་བརྗོད་ནས། གཉིས་པ་སྦྱོར་བའི་ཕན་ཡོན་ལ། །རང་དོན་ལ་བརྟག་པ། གཞན་དོན་ལ་བརྟག་པ། དམ་བཅའ་བ་ལ་བརྟག་པ་གསུམ། དོན་མེད་དགྲ་ཞེས་པ་ནས་ཏེ། ཐ་མལ་པའི་དགྲ་འདུལ་བ་རང་དོན་མེད་ལ། ཉོན་མོངས་འདུལ་བའི་དཔའ་བོ་ལ་རང་དོན་ཡོད་པ་དང་། ཐ་མལ་པའི་བྱ་བ་ལ་བརྩོན་པ་ལ་གཞན་དོན་མེད་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཞན་དོན་ཡོད་པ་སྔ་མ་གཉིས་སོ། །གསུམ་པ་ཕྱོགས་བཅུ་ཞེས་པ་གཞན་དོན་དམ་བཅས་པའི་ཁུར་ཡིན་པ་དང་། དེ་ཁྱེར་བ་ལ་ཉོན་མོངས་པ་སྤོང་དགོས་པས། གང་ཚེ་བདག་ཉིད་དོ། །ཉོན་མོངས་པ་མ་སྤངས་ན། གཞན་དོན་མི་ནུས་པས་དམ་བཅས་པ་སྨྱོན་ཚིག་བཞིན་ཞེས་སོ། །གསུམ་པ་གཉེན་པོའི་མཐུ་བསྐྱེད་པ་ལ་ལྔ་ལས། གཉེན་པོ་ལ་ཡུན་བསྲིང་བ། གུས་པར་བྱ་བ། སྤང་བྱ་ལ་མི་མཐུན་པར་བལྟ་བ་རྣམས་དེ་ལྟར་ཉོན་ཞེས་རྩ་བ་གཉིས་དང་རེ་རེས་བསྟན་ནས། བཞི་པ་རྩོད་པ་སྤང་བ་རྣམ་པ་དེ་འདྲའི་ཞེས་པ། ཞེན་པར་བྱ་བ་ཆགས་པ་ཡིན། འཁོན་དུ་འཛིན་པས་ཞེ་སྡང་ཡིན་པས། དེ་གཉིས་རྣམ་པ་འགལ་ཞེ་ན། སྔ་མ་གཉེན་པོ་དང་ཕྱི་མ་སྤང་བྱ་ཡིན་ཏེ། སློབ་དཔོན་མ་ཏི་ཙི་ཏས། འདོད་ཆགས་བྲལ་བས་ཆགས་པ་དང་། །ཞེ་སྡང་བྲལ་བས་ཞེ་སྡང་ཅན། །གཏི་མུག་དག་པས་རྨོངས་པ་སྟེ། །གསུམ་པོས་རྟག་ཏུ་གསུམ་དག་བཏུལ། །ཞེས་སོ། །བདག་ནི་ཞེས་པས་ལྔ་པ་ཉོན་མོངས་པ་ལ་ཕྱོགས་པར་མི་བྱའོ། །གསུམ་པ་སྤོང་བར་ནུས་པར་སྤྲོ་བ་བསྐྱེད་པ་ལ་གཉིས་ལས། ཐ་མལ་དགྲ་བོ་ཞེས་པས་རྟེན་གཞན་མེད་པ་དང་། ཉོན་མོངས་རྣམས་ཞེས་ཕྱིན་ཅི་ལོག་གི་དམིགས་པ་ཡིན་ཏེ། དེ་ལ་ཕྱིའི་རྟེན་མེད་པ། བདེན་པའི་ངོ་བོ་མེད་པ། གཉེན་པོ་ལ་འབད་པ། མ་འབད་པའི་ཉེས་པ་རྣམས་རྩ་བ་གཉིས་དང་། འདི་ནི་ཞེས་དང་། ཤེས་ཕྱིར་དང་། དོན་མེད་ཅེས་པས་ཏེ། ཐ་མས་གཉེན་པོའི་རྗེས་སུ་འགྲོ་ལྡོག་བསྟན་ཏོ། །གསུམ་པ་མཇུག་རྗེས་སུ་གདམས་པ་ནི། དེ་ལྟར་རྣམ་བསམས་ཞེས་པས་དོན་དངོས་དང་། མ་འབད་པའི་ཉེས་པ་དཔེས་བསྟན་པ་སྨན་པའི་ཞེས་སོ། །ལེའུ་བཞི་པའོ།། ༈ །།བསླབ་པ་བསྲུང་བའི་ཆེད་དུ་དྲན་པ་དང་ཤེས་བཞིན་བསྲུང་བ་ལ་གསུམ་ལས། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་པ། བསླབ་པ་ཞེས་རྩ་བ་བཞི་སྟེ། དགེ་བའི་དམིགས་པ་མ་བརྗེད་པའི་དྲན་པ་དང་། དོན་དང་དོན་མ་ཡིན་པའི་དམིགས་འབྱེད་པའི་ཤེས་བཞིན་གྱིས་བསྲུང་གི ལུས་ངག་གི་ཙམ་གྱིས་མ་ཡིན་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། བསྡུ་ན་སེམས་བསྲུངས་པས་བསླབ་པ་ཐམས་ཅད་བསྲུང་བར་འགྱུར་བ་ལ་གསུམ་ལས། སེམས་བསྲུངས་པས་ཐམས་ཅད་བསྲུང་བར་འགྱུར་བ་དངོས་ལ། གཉིས་སེམས་ཀྱི་ཞེས་པས་ཉེས་པ་དང་། ཀུན་ནས་ཞེས་པས་ཕན་ཡོན་ཏེ། བཤེས་གཉེན་བསྟེན་པ། དམ་པའི་ཆོས་མཉན་པ། ཚུལ་བཞིན་དུ་ཡིད་ལ་བྱ་བས་སོ། །གཉིས་པ་ཉེས་པ་སེམས་ལ་རག་ལས་པ་ལ་གཉིས་ལས། འདི་ལྟར་ཞེས་པ་ལུང་གིས་སྒྲུབ་པ་སྟེ། དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་དང་། ཡང་། འཇིག་རྟེན་སེམས་ཀྱིས་འཁྲིད་པ་སྟེ། །སེམས་ཀྱིས་སེམས་ནི་མི་མཐོང་ངོ་། །དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ནི་སེམས་ཀྱིས་གསག་པ་ཡིན། །སེམས་ནི་མགལ་མེ་བཞིན་དུ་འཁོར། །སེམས་ནི་རྦ་རླབས་བཞིན་དུ་གཡོ། །སེམས་ནི་ནགས་མེ་བཞིན་དུ་སྲེག །སེམས་ནི་ཆུ་བོ་བཞིན་དུ་བསྐྱོད། །ཞེས་དང་། རིགས་པས་བསྒྲུབ་པ་སེམས་ཅན་དམྱལ་བའི་ཞེས་དང་། མདའ་བོ་ཆེ་དང་། མདུང་ཐུང་དང་། སྤུ་གྲི་གཏམས་པ་ལ་སོགས་པ་སེམས་དེ་དག་ཏུ་སྣང་བའོ། །དམྱལ་སྲུང་ལ་སོགས་པ་རྣམས་བྱེ་བྲག་ཏུ་སྨྲ་བ་རང་རྒྱུད་པར་འདོད། མདོ་སྡེ་པ་ཕྱིའི་དོན་དུ་འདོད་ཟེར་མོད། སྔ་མ་ལྟར་ན་དེས་ཀྱང་སྡུག་བསྔལ་མྱོང་དགོས་ཏེ། འགྲོ་བ་མཚུངས་པས་མིས་མིའི་སྡུག་བསྔལ་མྱོང་བ་བཞིན། འདོད་ན་འཚེ་བྱེད་དུ་མི་འཐད་དེ། ཚོར་བ་དྲག་པོས་གདུངས་བས་སོ། །གཉིས་པའང་མིན་ཏེ། བསྡུས་འཇོམས་ལྟ་བུ་རི་ཡིས་འཚེ་བར་བཤད་པས་སོ། །དེས་ན་དྲན་པ་ཉེ་བར་གཞག་པ་ལས། རང་གི་སྡིག་སེམས་ཀྱི་སྣང་བར་བཤད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་ཞེས་ཏེ། ནོར་བུ་འདོན་པའི་ཚོང་པ་ལ་རྒྱ་མཚོའི་ལྷས་བསྡིགས་ཏེ། ཁམས་གསུམ་ན་ང་བས་འཇིགས་པ་ཡོད་དམ་མེད་ཅེས་པ་ན། འཁོར་དེ་ན་དགེ་བསྙེན་གཅིག་འདུག་པས། ཁྱོད་བས་འཇིགས་པ་ཡོད་དེ། རང་གི་སེམས་ཉོན་མོངས་པ་ཅན་ནོ་ཞེས་པ་ལྟ་བུའོ། །ཚུལ་ཁྲིམས་གསུམ་རྒྱས་པར་བཤད་པ་ལ། དགེ་བ་ཆོས་སྡུད་ཀྱི། སྡོམ་པའི། སེམས་ཅན་དོན་བྱེད་གསུམ་སྟེ་སྔར་བཤད་པ་དྲན་པར་བྱའོ། །དང་པོ་ལ་གསུམ་གྱི་དགེ་བ་ཆོས་སྡུད། ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ལ་རག་ལས་པ་ལ་དྲུག་ལས། རེ་རེ་ལའང་ཕྱིའི་བྱེད་པས་རྫོགས་པར་འདོད་པ་དགག་པ་དང་། ནང་གི་བྱེད་པས་རྫོགས་པར་སྒྲུབ་པ་གཉིས་གཉིས་སྦྱར་ན། འགྲོ་བ་དབུལ་པོ་དང་། སེམས་ཅན་ལ་འཚེ་བ་དང་། ཁོང་ཁྲོ་བ་དང་བྲལ་བ་ན་ཕ་རོལ་ཏུ་ཕྱིན་པ་སྔ་མ་གསུམ་རྫོགས་ཤེ་ན། སྐྱོབ་པས་ཕ་རོལ་ཏུ་ཕྱིན་པ་མ་རྫོགས་པར་ཐལ། དེ་དག་མཐོང་བས། འོན་ཀྱང་དེས་རྫོགས་མོད། དེས་ན་བདོག་པ་ལ་མ་ཞེན་པ་དང་། སྤོང་སེམས་ཁྱད་པར་ཅན་དང་། སེམས་ཀྱི་ཁྲོ་བ་བཟློག་པ་སྟེ་ནང་གི་བྱེད་པས་རྫོགས་ཞེས་པ། གལ་ཏེ་འགྲོ་བ་དབུལ་ཞེས་པ་ཚིགས་བཅད་གཉིས་དང་། གཅིག་དང་། གསུམ་གྱིས་སོ། །བརྩོན་འགྲུས་ནི་སེམས་གསལ་ཞེས་པ་ཕྱིའི་བྱེད་པས་མ་ཡིན་ཞིང་། ནང་གི་སེམས་གཙོ་བོའི་དཔེ། མྱ་ངན་ལས་འདས་པ་ལས་འབྱུང་བ། གང་གཱ་དང་ཡ་མུ་ན་ལ་བརྒལ་བའི་མ་སྨད་ཚེའི་དུས་བྱས་པས་བརྩེ་སེམས་ཀྱིས་མཚམས་སྦྱར་བས་ཚངས་རིས་སུ་སྐྱེས་པ་ལྟར། སྤྲོ་བ་མེད་པའི་ལུས་ངག་གི་བརྩོན་པས་མ་ཡིན་ནོ། །བཟླས་བརྗོད་དང་ཞེས་པས་བསམ་གཏན་ཏེ། ངག་གི་བཟླས་བརྗོད་དང་། ལུས་གདུང་བ་སོགས་དཀའ་ཐུབ་དུ་མ་སྤྱད་ཀྱང་། སེམས་མི་གནས་ན་དོན་མེད་དེ། ཡུམ་ལས། སེམས་གཡེང་བས་ནི་བདག་གི་དོན་ཡང་མི་འགྲུབ་ན་ཞེས། ལྡོག་པའི་སྒོ་ནས་སོ། །དྲུག་པ་ཤེས་རབ་སེམས་ལ་རག་ལས་པ་ནི། གང་གིས་ཆོས་ནི་ཕུང་པོ་ལ་སོགས་པ་སྟེ། དེའི་དོན་གྱི་མཆོག་ནི་སྣང་བ་སེམས་སུ་ཤེས་པ། སེམས་ཀྱི་གསང་ནི་དེ་ཐམས་ཅད་སྟོང་ཞིང་བདག་མེད་པ་སྟེ། སྐལ་བ་དམན་པའི་ཡུལ་མ་ཡིན་པས། ཆོས་ཡང་དག་པར་སྡུད་པ་ལས། ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། གཞན་དུ་ན་ཆོས་ནི་རང་གི་སེམས་ལ་རག་ལས་སོ་ཞེས་སོ། །དེ་མ་རྟོགས་ན་རང་གཞན་གྱི་དོན་མེད་ལ། ཐམས་ཅད་མཁྱེན་པ་མི་འཐོབ་ཅིང་། སྡུག་བསྔལ་གྱི་གནས་ལས་མི་ཐར་བས་གྱི་ནར་འཁྱམས་ཞེས་སོ། །གཉིས་པ་དེས་ན་སེམས་བསྲུང་བ་ལ་འབད་པར་གདམས་པའི་དོན་དྲུག་སྟེ། དེ་ལྟ་བདག་གི་ཞེས་པ་ནས་ཚིགས་བཅད་ལྔས་བསྟན་པ་ལས། སྤྱོད་པ་འདི་འདྲས་ཞེས་ནི་སེམས་བསྲུངས་ན་སྐྱེ་བོ་མ་བསྡམས་པའམ། སྐྱེས་པ་བསླུ་བའི་སྒྱུ་ཐབས་སུམ་ཅུ་རྩ་གཉིས་དང་ལྡན་པ། རེག་པ་ཙམ་གྱིས་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པའི་མཐུ་ཡང་ཉམས་པར་བྱེད་པའི་ཁྲོད་ན་གནས་ཀྱང་དེས་བརྟུལ་ཞུགས་མི་འཕྲོག་པའོ། །རྙེད་དང་བཀུར་སྟི་དང་དགེ་བ་གཞན་བསོད་ནམས་ཀྱི་ཆ་མཐུན་ཏེ་དེ་དག་ཉམས་པ་བླའི། །བྱང་ཆུབ་མཆོག་གི་སེམས་ཉམས་པར་མི་བྱའོ། །སེམས་བསྲུང་བའི་ཐབས་སུ་དྲན་པ་དང་ཤེས་བཞིན་བསྲུང་བ་ལ་གསུམ་ལས། མདོར་བསྟན་པ་སེམས་བསྲུང་ཞེས་རྩ་བ་བཞི་སྟེ། དྲན་པ་ནི་དགེ་བའི་དམིགས་པ་མ་བརྗེད་པ། དེས་སྒོ་གསུམ་གྱི་འཇུག་པ་ཐམས་ཅད་ལ་བྱ་ར་བྱེད་པ་ཤེས་བཞིན་ཏེ། དང་པོ་གཙུག་ན་རིན་པོ་ཆེའི་མདོ་ལས། དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང་། དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་གང་གིས་ལམ་གོལ་བ་དང་། ལམ་ངན་པར་མི་འགྲོ་བ་དང་། དྲན་པ་སྒོ་བ་ལྟ་བུ་ཞེས་གསུངས་སོ། །གཉིས་པ་ཡུམ་ལས། སྤྱོད་ན་སྤྱོད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འགྲེང་ན་ཡང་བདག་འགྲེང་ངོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །འདུག་ན་བདག་འདུག་གོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །ཉལ་ན་བདག་ཉལ་ལོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་སོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཤེས་བཞིན་མེད་པའི་ཉེས་པ་ལ་ལྔ་ཡོད་པའི་བྱ་བ་ལ་མཐུ་ཆུང་བ་དང་། ཤེས་རབ་ཕུན་སུམ་ཚོགས་པར་མི་འགྱུར་བ་གཉིས། ནད་ཀྱིས་ཞེས་དང་། ཤེས་བཞིན་ཞེས་པས་བསྟན་ལ། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་མི་འགྱུར་བ་ཐོས་ལྡན་ཞེས་ཏེ། རྐྱེན་དམ་པ་ཐོས་པ། རྒྱུ་དམ་པ་དད་པ། སྦྱོར་བ་དམ་པ་བརྩོན་འགྲུས་ཡོད་ཀྱང་། བྱ་བ་དུས་དྲན་ལ་སོགས་པ་ཤེས་བཞིན་གྱིས་མ་ཟིན་པས་ལྟུང་བ་འབྱུང་སྟེ། སྣང་བ་དང་བྲལ་བ་བཞིན་ནོ། །བསགས་པའི་དགེ་བ་འཇིག་པ་དང་། མ་བྱས་པ་འགྲུབ་པའི་གེགས་སུ་འགྱུར་བ་གཉིས་ཤེས་བཞིན་ཞེས་པ་ནས་རྩ་བ་བཞི་བཞིའོ། །གཉིས་པ་ཤེས་བཞིན་བསྲུང་བའི་ཐབས་ལ་དོན་བཞི་དེ་བས་དྲན་པའི་ཞེས་ཚིགས་བཅད་ལྔས་བཤད་ནས། གང་ཚེ་ཞེས་རྩ་བ་བཞིས་གསུམ་པ་བསྲུང་བའི་ཕན་ཡོན་ནོ། །སྤྱི་དོན་གཉིས་པ་སྡོམ་པའི་ཚུལ་ཁྲིམས་ལ་བཞི་ལས། ལུས་རང་བཞིན་ལ་སྦྱར་བའི་ཆོས་བཞི་རེ་ཞིག་དང་པོ་ཞེས་པ་ནས་ཚིགས་སུ་བཅད་པ་དྲུག་གིས་བསྟན་ལ། སེམས་ཀྱི་གླང་པོ་ཞེས་པས་སེམས་རང་བཞིན་ལ་སྦྱར་བ། གསུམ་པ་རང་བཞིན་ལས་འདའ་བར་གནང་བའི་དུས་ལ་དྲུག་ལས། འཇིགས་དང་ཞེས་དོན་གྱི་དངོས་པོ་བཀོད་ནས། ཤེས་བྱེད་ཀྱི་ལུང་འདི་ལྟར་ཞེས་ཏེ། འཕགས་པ་བློ་གྲོས་མི་ཟད་པ་ལས་བསྟན་པར། སྦྱིན་པའི་དུས་སུ་ཁྲིམས་ལ་བརྟུན་པ་བརྟུལ་ཏེ་བཏང་སྙོམས་སུ་བྱའོ་ཞེས་དང་། སློབ་དཔོན་ཉིད་ཀྱིས་དེ་ལའང་བསླབ་པ་གཅིག་སྒྲུབ་པ་ན་བསླབ་པ་གཞན་སྒྲུབ་པར་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ་ཞེས་སོ། །འཐད་པ་ནི་གང་ཞིག་ཅེས་པ་གཙོ་བོར་གྱུར་པ་ཚུལ་ཁྲིམས་བཏང་སྙོམས་སུ་བཞག་སྟེ། ཆེས་དམན་པ་སྦྱིན་པ་ལྷུར་ལེན་པ་ཅིའི་ཕྱིར་ཞེ་ན། འདི་ཐོག་མར་བརྩམ་པའི་སྐབས་དོན་ཡིན་པས་སྨོས་ཏེ། གང་ལ་ཞུགས་པ་དེ་མཐར་དབྱུང་བ་གང་ཞིག་ཅེས་དང་། དེ་ལྟ་ན་ཞེས་པས་ཕན་ཡོན་ནོ། །དེ་ལྟར་མ་བྱས་པའི་ཉེས་པ་དང་། དྲུག་པ་སྐབས་བསྡུ་བ། གཞན་དུ་ཞེས་དང་། ཤེས་བཞིན་ཞེས་པས་སོ། །ཚུལ་ཁྲིམས་བཏང་སྙོམས་སུ་བཞག་ན་ཤེས་བཞིན་མ་ཡིན་པར་མི་འགྱུར་རམ་ཞེ་ན། དེ་ནི་ཉེ་བའི་ཉོན་མོངས་ཁྲོ་བ་ལ་སོགས་པ་ཉི་ཤུ་སྟེ་མི་དགེ་བའི་སེམས་དང་མཚུངས་པར་ལྡན་པས་ཏེ། དེ་ཐམས་ཅད་སྤོང་བར་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པས་སོ། །གཉིས་པ་ཉམས་པ་བསྲུང་བ་ལ་གཉིས་ལས། ལུས་ངག་གི་ཉམས་པ་བསྲུང་བ་གསུམ་གྱི། གཡེང་བའི་རྐྱེན་གྱིས་མི་འཕྲོག་པར་བྱ་བ་བྲེ་མོ་ཞེས་ཏེ། མ་འབྲེལ་བ། དོན་མེད་པ། རྒོད་བག་ཅན་ནོ། །གཉིས་པ་དོན་མེད་པའི་སྤྱོད་པ་སྤང་བ་དོན་མེད་པ་ཞེས་ཏེ། ཟླ་བ་སྒྲོན་མ་ལས། ཟླ་འོད་གཞོན་ནུ་ལག་པ་མི་རྒོད་རྐང་པ་མི་རྒོད་ཅིང་རྐང་ལག་བསྡམ་པ་ཞེས་པས་སྟོན་པའི་བཀའ་བཞིན་བྱེད་པའོ། །གསུམ་པ་ཀུན་སློང་གི་བསམ་པ་ལ་བརྟག་པ་ལ་གསུམ། གང་ཚེ་ཞེས་པ་ནས་ཏེ། དགེ་བའམ་མི་དགེ་བའམ་ལུང་མ་བསྟན་ཞེས་བརྟག་པ། ཆགས་པས་མཚོན་ནས་རྩ་བའི་ཉོན་མོངས་པ་སྤོང་བ། རྒོད་དང་ཞེས་པ་འདི་དག་ཕལ་ཆེར་ཉེ་བའི་ཉོན་མོངས་པ་སྟེ། མདོར་བསྟན་པ། ཉོན་མོངས་པས་སླད་བའི་བྱ་བ་དགག་པ། ཁ་ན་མ་ཐོ་བ་ལ་དགའ་བ་དོར་བ་རྣམས་རྩ་བ་བཞི་དང་། ཡང་བཞི་དང་། ཚིགས་བཅད་ལྔ་ཡིས་སོ། །གཉིས་པ་སེམས་ཀྱི་ཉམས་པ་བསྲུང་བ་ལ་གསུམ་ལས། གཉེན་པོའི་རང་བཞིན་ནི་དེ་ལྟར་ཞེས་ཏེ། བླང་དོར་གྱི་བྱེ་བྲག་ཕྱེད་པས་ཤིན་ཏུ་ངེས་པ། ལས་འབྲས་ལ་དད་པ། གཉེན་པོ་ལས་མི་ལྡོག་པས་བརྟན་པ་དགེ་བ་ལ་ཆེད་ཆེར་འཛིན་པས་གུས་པ། གང་ཟག་གསུམ་ལ་གུས་པ། དེས་པ། ལེགས་པ་ལ་སྦྱོར་བའི་ངག་གིས་ནི་ཞེ་སར་བཅས། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བར་འཛེམ་པས་ངོ་ཚ་ཤེས་པ། ཉེས་སྤྱོད་ཀྱི་འབྲས་བུ་ལ་འཇིགས་པ། དབང་པོ་དུལ་བས་ཞི་བ། གཞན་དོན་ཆེད་ཆེར་བྱེད་པས་གཞན་དགའ་བྱེད་པ། ཕན་ཚུན་མི་མཐུན་ཏེ། འགའ་ཞིག་རྙེད་པ་སློང་ལ། འགའ་ཞིག་དེ་འགོག་པ་ལྟ་བུས་མི་སྐྱོ་བ། བྱིས་པའི་འདོད་པ་སྟེ་བསམ་པ་མི་མཐུན་པས་མི་སྐྱོ་བ་ཡིན་ལ། དེའི་རྒྱུ་བརྩེ་བ་སྟེ། མདོ་སྡེ་རྒྱན་ལས། ཕྱེ་མ་ལེབ་དང་འདབ་ཆགས་དང་། །རྒྱ་མཚོ་དག་གིས་རི་རབ་ལྟར། །བརྟན་པ་གྲོགས་ངན་སྡུག་བསྔལ་དང་། །ཟབ་མོ་ཐོས་པས་མི་གཡོས་སོ། །ཞེས་ཡུལ་དང་། ཉོན་མོངས་པས་དབང་མེད་པ་དག་ལའོ། །དེ་ལ་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་བྱ་བ་སྟེ། དེ་ལ་རང་གཞན་སྦྱོར་བའོ། །དལ་འབྱོར་རྙེད་དཀའ་བ་བསམ་པ་དང་། སེམས་དགེ་བ་ལས་མི་ཉམས་པར་བྱ་བ་གཉིས་རིང་ཞིག་ཅེས་དང་། སེམས་དེ་ཞེས་སོ། །སྤྱི་དོན་གསུམ་པ་ལུས་ཀྱི་ཉེས་པ་བརྟགས་ནས་དགེ་བ་ལ་སྦྱར་བ་ལ་དོན་ལྔ། བྱ་རྒོད་ཅེས་པ་ནས་ཚིགས་སུ་བཅད་པ་བཅུ་གཉིས་སོ། །བཞི་པ་སྡོམ་པའི་ཚུལ་ཁྲིམས་ལ། ཐབས་མཁས་པའི་ཁྱད་པར་ལ་གསུམ་ལས། དེ་ལྟར་རང་དབང་ཞེས་ཚིགས་བཅད་གསུམ་གྱི་ཐ་མལ་བའི་སྤྱོད་པ་ལ་ཐབས་མཁས་པའི་ཁྱད་པར་དང་། གཞན་ལ་ཞེས་པ་ནས་ཚིགས་བཅད་ལྔས་བྱེད་པ་པོའི་སྤྱོད་པ་ལ་ཐབས་མཁས་པའི་ཁྱད་པར་ལྔ་དང་། སྨྲ་ན་ཡིད་ཕེབས་ཞེས་ཚིགས་སུ་བཅད་པ་བཞིས་ལས་ཀྱི་སྤྱོད་པ་ལ་ཐབས་མཁས་པའི་ཁྱད་པར་ལྔ་བསྟན་པ་ལས། སྙིང་ཐག་པ། སྔ་ཕྱི་མི་འགལ་པ། རྫབ་རྫུབ་མ་ཡིན་པ། སྙིང་ལ་འབབ་པ། ཀུན་སློང་དགེ་བ། མི་བརླང་བ། དུས་སུ་སྨྲ་བ་རྣམས་ནི་སྨྲ་བའི་ཡོན་ཏན་ཏེ། ཡིད་ཕེབས་ཞེས་པ་ནས་སྦྱར་རོ། །དོན་འདི་ལ་འཕགས་པ་ས་བཅུ་པའི་མདོ་ལས། གང་དག་ཡིད་དུ་མི་འོང་བས་སྙིང་ན་བར་བྱེད་ཅིང་། གདུང་བར་བྱེད་པ་དང་། བདག་གི་རྒྱུད་དང་གཞན་གྱི་རྒྱུད་མ་རུངས་པར་བྱེད་པའི་ཚིག་གམ་རྣམ་པ་དེ་ལྟ་བུ་སྤངས་ཏེ། གང་འདི་འཇམ་པ་དང་། མཉེན་པ་དང་། ཡིད་དུ་འོང་བ་དང་། བརྫུན་མ་ཡིན་པ་དང་ཞེས་སོ། །ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ། ཕན་འདོགས་པའི་ཞིང་མཁན་སློབ་དང་ཕ་མ། སྡུག་བསྔལ་བ་ནད་པ་ལ་སོགས་པའོ། །སྤྱི་དོན་གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བཞི་ལས། བསླབ་པ་ཐམས་ཅད་ཀྱི་ཁྱད་པར་རྣམ་པར་བཞག་པའི་ཚུལ་གྱིས་མདོར་བསྟན་པ། སྦྱིན་པའི་ཞེས་རྩ་བ་གཉིས་ཏེ། སྔར་འདི་ལྟར་སྦྱིན་པའི་དུས་རྟག་ཏུ་ཚུལ་ཁྲིམས་བཏང་སྙོམས་གཞག་ཅེས་བཤད་པ་ཅི་ཞེ་ན། སྔ་མ་ཐོག་མར་མ་བརྩམས་པའི་བྱ་བ་ལ་ལྟོས་ནས་གཞག་ལ། འདི་བསླབ་པ་སྤྱིའི་རང་བཞིན་ལ་ལྟོས་ནས་སོ། །དེ་ལྟ་ན་གང་ཞིག་ཅི་ལྟར་དུ་འཕགས་ཤེ་ན། ཚུལ་ཁྲིམས་ཀྱི་བསླབ་པ་ལ། སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་གསུམ་ལས། གཙོ་བོ་སེམས་ཅན་དོན་བྱེད་ཡིན་ལ། དེ་དང་གང་འགལ་ཡང་གཙོ་བོ་དེ་བླངས་ཏེ། དེའང་སྡོམ་པའི་ཚུལ་ཁྲིམས་ལས་དགེ་བ་ཆོས་སྡུད་གཙོ་ཆེ་ལ། དེ་བས་སེམས་ཅན་དོན་བྱེད་གཙོ་བོ་ཡིན་ཏེ། དེ་ལ་སྡོམ་པའི་དང་སེམས་ཅན་དོན་བྱེད་འགལ་བ་ནི་རང་བཞིན་ལ་སྦྱར་ན་སྐབས་འགར་སྐྱེ་བོ་གཞན་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་དང་། གཞན་ལོག་པར་འཁྲིད་པ་ལ། དེ་ཆོ་ག་འཇམ་པོས་བཟློགས་ན་བཟློག་ཅིང་། གཞན་དུ་ན་གསད་པ་ལ་སོགས་པའི་བར་དུ་ཡང་སྦྱར་ཏེ། འདི་བྱང་ཆུབ་སེམས་དཔའ་ལ་ལྟུང་བའི་གཟུགས་བརྙན་དུ་འགྱུར་ལ། གལ་ཏེ་ཐབས་འཇམ་པོས་བཟློགས་བཞིན་དུ་དེ་སྦྱོར་ན། ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་བ་ལ་བག་ཡངས་ཀྱི་ཉེས་པར་འགྱུར་རོ། །དེ་སྤྱོད་པ་དེ་ཉིད་ལ་བཞག་ན་ལྟུང་བ་མེད་པའི་གཟུགས་བརྙན་ཏེ་སྤང་བྱའོ། །བཅས་པ་ལྟར་ན། རྩྭ་ལ་གནས་པའི་སྲོག་ཆགས་འགའ་ཞིག་ཆུས་དུས་བྱེད་པ་མཐོང་ན། དེ་དང་བཅས་པར་མི་འདོན་ན་དགེ་སློང་དེ་ལ་ལྟུང་བ་མེད་པའི་གཟུགས་བརྙན་ནོ། །ཐབས་གཞན་གྱིས་བཏུབ་བཞིན་རྩྭ་གཅོད་ན་ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་བ་ལ་བག་ཡངས་ཀྱི་ཉེས་པའོ། །ཉན་ཐོས་ཀྱི་གཞུང་ལས་གཞན་དོན་དུ་སྤྱད་ཀྱང་ལྟུང་བ་ཉིད་དུ་སྨྲའོ། །འདིར་གཞན་དོན་གཙོ་ཆེ་བས་སེམས་ཅན་སྡུག་བསྔལ་གྱིས་གཟིར་བ་མཐོང་ན། བདག་ཉེས་པས་ངན་འགྲོར་སོང་ཡང་བླ་སྟེ། དེའི་སྡུག་བསྔལ་གྱི་ཁུར་བོར་བར་འདོད་པའི་བསམ་པ་ཅན་ལ་ཡིན་གྱི། ཀུན་ནས་ཉོན་མོངས་པའི་བསམ་པ་ཅན་ལ་ལྟུང་བར་ཅི་སྟེ་མི་འགྱུར། དགེ་བ་ཆོས་སྡུད་ལའང་། བདག་རྣལ་འབྱོར་ལ་བརྩོན་པ་ན་ཕྱི་རོལ་དུ་སེམས་ཅན་གྱི་དོན་འགའ་ཞིག་མཐོང་ནས། དགོས་པ་རྒྱ་ཆེན་རྣལ་འབྱོར་དེ་དོར་ནས་སྔ་མ་བསྒྲུབ་པ་ལས། དོན་ཡལ་བར་དོར་ནས་རྣལ་འབྱོར་ལ་འདུག་ན་ལྟུང་བ་མེད་པའི་གཟུགས་བརྙན། དགོས་པ་རྒྱ་ཆེན་པོའི་ཆེད་དུ་རྣལ་འབྱོར་དེ་དོར་ན་ལྟུང་བའི་གཟུགས་བརྙན། ཐབས་གཞན་གྱིས་སྒྲུབ་པར་ནུས་བཞིན་དུ་བསམ་གཏན་འདོར་ན་ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་བ་ལ་བག་ཡངས་ཀྱིའོ། །སེམས་ཅན་དོན་བྱེད་ཉིད་ལའང་བདག་སྐྱེ་བོ་འགའ་ཞིག་གི་དོན་བསྒྲུབ་པ་ན། ཡུལ་རྒྱལ་ཆེན་པོའི་ཡོན་ཏན་དང་ཐོས་པ་ལ་སོགས་པ་བསྒྲུབ་པའི་གེགས་སུ་འགྱུར་བ་དང་། དེ་ཉིད་ལ་ཡུན་དུ་གནོད་པ་མཐོང་ན། བདག་གིས་དེའི་དགོས་པ་བསྒྲུབ་པའམ། ཐབས་གཞན་གྱིས་སྐྱེ་བོ་རྒྱ་ཆེན་པོའི་དོན་བསྒྲུབ་པའམ། དེ་གཉིས་ཀའི་གནོད་པ་བཟློག་པར་བྱ་བ་ལས། དེ་ལྟར་ནུས་བཞིན་དུ་དེའི་དོན་འདོར་ན་ཉེས་པ་སྔ་མ་དང་འདྲ་ལ། ཐབས་གཞན་མེད་ན་དེ་བློས་བཟུང་ལ། དངོས་སུ་ཡུལ་རྒྱ་ཆེ་བའི་དོན་ལ་འབད་པར་བྱ་སྟེ། དེ་ལྟར་ན་ལྟུང་བའི་གཟུགས་བརྙན། གཞན་དུ་ལྟུང་བ་མེད་པའི་གཟུགས་བརྙན་ཏེ། འདིར་སྔར། གཡེལ་བ་མེད་པར་རྟག་ཏུ་ཡང་། །བསླབ་ལས་མི་འདའ་འབད་པར་བྱ། །ཞེས་པའང་དྲན་པར་བྱའོ། །དེས་ན་སྡོམ་པའི་ཚུལ་ཁྲིམས་འགའ་ཞིག་ལས་གཉིས་པོ་གཙོ་ཆེ་ལ། དགེ་བ་ཆོས་སྡུད་པས་སེམས་ཅན་དོན་བྱེད་གཙོ་བར་ཤེས་པར་བྱས་ལ། ཕན་ཚུན་འགལ་ན་གང་དང་གང་དང་དུ་བླང་བ་ཆུང་ངུའི་ཕྱིར་ཞེས་རྩ་བ་གཉིས་ཏེ། ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ལྟ་བས་འཇུག་གོ་ཞེས་གསུངས་སོ། །གཉིས་པ་གཞན་དོན་ཆེད་ཆེར་བྱ་བ་དེ་ལྟར་ཞེས་པས་གཞན་གྱི་ཆེད་དུ་རང་ལྟུང་བས་གོས་པར་འགྱུར་ཞེ་ན། ཐུགས་རྗེ་ཞེས་པ་བརྩེ་བའི་ཐུགས་རྗེ་དང་མཁྱེན་པའི་ཡེ་ཤེས་ཀྱིས་སྐལ་བའི་དོན་རིག་ཅིང་། རིང་དུ་གཟིགས་པ་དེས། མོས་པ་དམན་པ་ཉན་ཐོས་ལ་བཀག་པ་རྣམས་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའ་དེ་ལ་གནང་བས་ཉེས་པར་མི་འགྱུར་རོ། །འདི་ལ་རིན་ཆེན་འབྱུང་གནས་ཞི་བས། བཀག་པ་རྣམས་ཀྱང་རིང་གཟིགས་པའི། །ཐུགས་རྗེ་ལྡན་པས་དེ་ལ་གནང་། །ཞེས་འདོན་ཏོ། །གསུམ་པ་སེམས་ཅན་བསྡུ་བའི་སྤྱོད་པ་ལ་གསུམ་ལས། ཟང་ཟིང་གིས་བསྡུ་བ་ལ་གསུམ་གྱི་ཁ་ཟས་གཏོང་བ་ལོག་པར་ལྟུང་ཞེས་རྩ་བ་གསུམ་སྟེ། མདོ་དཀོན་མཆོག་སྤྲིན་ལས། བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་། ཆ་གཅིག་ནི་སྡུག་བསྔལ་བ་རྣམས་དང་། གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་བ་རྣམས་ལ་སྤྱིར་བཞག་སྟེ། བཞི་པ་ནི་བདག་ཉིད་བཟའོ་ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། བཤོས་གསོལ་སྔོན་དང་འོག་དག་ཏུ། །ཡི་དྭགས་ཁྱི་དང་གྲོག་སྤུར་དང་། །བྱ་ལ་སོགས་པར་ཅི་བདེ་བར། །རྟག་ཏུ་ཟས་དག་སྩལ་བར་མཛོད། །ཅེས་དང་། ཡང་། ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །ཆགས་མེད་ཞེ་སྡང་མེད་པར་བསྟན་བགྱི་སྟེ། །ཞེས་གསུངས་པ་ལྟར་རམ། ཡང་ན་ཇོ་བོ་རྗེའི་གསུངས་པར་བྱས་ལ། ཆ་གཅིག་རན་པར་བཟའ་ཞིང་ཡུལ་མ་ཡིན་པ་ལ་མི་སྦྱིན་ཏེ། དྲན་པ་ཉེ་བར་གཞག་པ་ལས། ལྐོག་ཏུ་ལྷག་མར་བྱས་ཏེ་ལྷག་མ་མི་ཟ་བ་དག་ལ་བྱིན་ན་ཡི་དྭགས་ཀྱི་འགྲོ་བར་འགྱུར་རོ་ཞེས་སོ། །རྙེད་པ་ནི་ཆོས་གོས་ཞེས་པའོ། །ལུས་གཏོང་བ་དམ་པའི་ཆོས་ཞེས་པ་སྟེ། དགོས་པ་རྒྱ་ཆེ་ན་གཏོང་། བསམ་པ་དག་པས་གཏོང་། འདི་དང་གཞན་གྱི་དོན་དུ་གཏོང་སྟེ། རྒྱལ་སྲས་བྱམས་པས། སྙིང་རྗེས་ཟིན་པའི་བརྩེ་ལྡན་རྣམས། །ཞི་བ་ཡིད་ལ་མི་གནས་ན། །འཇིག་རྟེན་བདེ་དང་རང་སྲོག་ལ། །ཆགས་པར་གྱུར་པ་སྨོས་ཅི་དགོས། །ཞེས་གསུངས་སོ། །གཉིས་པ་ཆོས་ཀྱིས་བསྡུ་བ་ལ་སྣོད་ནི་མ་གུས་ཞེས་རྩ་བ་བཞིའོ། །གཉིས་པ་ཚུལ་ནི་དམན་ལ་ཞེས་པ་ཟབ་མོའི་སྣོད་མ་ཡིན་པ། ཐོས་ནས་བློ་ཆུང་དེ་ཡིས་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ །ཞེས་སོ། །གཞན་མ་དད་པ་དང་ཉེས་སྤྱོད་ཀྱི་རྒྱུར་འགྱུར་པས་སྐྱེས་པ་མེད་པར་ཞེས་སོ། །སྟོན་པ་པོ་དང་ཡུལ་གྱིས་ཆོས་ཐམས་ཅད་སྒྲིབ་པའི་གཉེན་པོར་གྱུར་པར་སྟོན་པ་ཉིད་ཀྱིས་གསུངས་ལ། སེམས་ཅན་གྱི་དོན་དུ་འགྱུར་བ་དགེ་ལེགས་ཀྱི་འབྱུང་གནས་ཤ་སྟག་གོ་ཞེས་རྟོགས་པས་དམན་དང་ཞེས་ཏེ། གཡེལ་བ་དགག་ཅིང་གུས་པའོ། །དེས་ན་སྣོད་དང་མཐུན་པར་སྟོན་པས་རྒྱ་ཆེན་ཞེས་ཏེ། བཅོམ་ལྡན་འདས་བྱམས་པས། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། །དེ་ལ་དགེ་བའི་རྩ་བ་བསྐྲུན། །དགེ་བའི་བཤེས་ཀྱིས་མགོན་བྱས་པ། །འདི་མཉན་པ་ཡི་སྣོད་ཡིན་ནོ། །ཞེས་དང་། འཇུག་པ་ལས། སོ་སོ་སྐྱེ་བོའི་དུས་ན་སྟོང་ཉིད་ཐོས། །ནང་གི་དགའ་བ་ཡང་དང་ཡང་དུ་འབྱུང་། །དགའ་བ་ལས་བྱུང་མཆི་མས་མིག་གང་ཞིང་། །ལུས་ཀྱི་བ་སྤུ་ལྡང་གྱུར་གང་ཡིན་པའོ། །ཞེས་སོ། །སྤྱོད་པའང་ཞེས་ཆོས་དང་སྟོན་པ་ལ་རིམ་གྲོ་བྱ་བ་ལ་སོགས་པ་སྤྱོད་ལམ་ཕུན་སུམ་ཚོགས་པའོ། །མདོ་དང་སྔགས་ནི་དེ་དག་ཏུ་དགོངས་པ་ཅན་གྱི་ཚིག་བཤད་པ་ལ་བརྟེན་ནས་བྱིས་པ་འབྲིད་པའོ། །གསུམ་པ་སེམས་ཅན་གྱི་སེམས་བསྲུང་བའི་སྤྱོད་པ་དོན་བདུན་སོ་ཤིང་དང་ཞེས་པ་ནས་ཚིགས་སུ་བཅད་པ་བདུན་ཏེ། ངེས་པར་དེ་སྲིད་ཅེས་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེན་པོ་ལས་གཙོ་བོར་གྱུར་པ་སེམས་སྦྱང་བ་ཡིན་ཏེ། བསླབ་བཏུས་ལས། བྱང་ཆུབ་སེམས་དཔའི་བསླབ་པ་འདི་ནི་འདིར་ཟེད་དེ། འདི་ལྟ་སྟེ། སེམས་ཡོངས་སུ་སྦྱང་བའོ་ཞེས་གསུངས་སོ། །བཞི་པ་བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་ལ་བཞི་ལས། ཉེས་པ་དག་པའི་རྒྱུ་ནི། ཉིན་དང་ཞེས་པ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། ཡོངས་སུ་བསྔོ་བ་སྟེ་ཕུང་པོ་གསུམ་དང་། ལྟུང་བའི་ལྷག་མ་ནི། བརྗེད་པ་དང་ཤེས་བཞིན་མ་ཡིན་པ་ལས་བྱུང་བའམ། ཉེས་པ་ཕྲ་མོ་གཞན་ཏེ། བྱམས་པ་སེང་གེའི་སྒྲའི་མདོ་ལས། བྱམས་པ་ངས་ནི་སྔོན་བྱས་པའི་ལས་ཟད་པར་བྱ་བའི་ཕྱིར། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ་ཡིན་ན་དེ་ལ་བླུན་པོ་དག་ལྷག་པར་ལྟུང་བ་མངོན་པར་འདུ་བྱ་བ་བྱས་ནས། ཉེས་པ་བཤགས་ཤིང་བྱ་བ་ཙམ་གྱིས་དག་པར་སེམས་ཤིང་ཕྱིན་ཆད་སྡོམ་པར་མི་བྱེད་དོ་ཞེས་སོ། །གཉིས་པ་བསླབ་པའི་གཞི་ནི། རང་ངམ་ཞེས་པ་ནས་ཏེ། སྡེ་སྣོད་རྣམས་ལས་འབྱུང་བ་མཐའ་དག་སྟེ། རིག་པའི་གནས་ལྔའོ། །དེའི་དགོས་པའང་ཐམས་ཅད་མཁྱེན་པའི་རྒྱུར་བསྟན་པའི་རྗེས་ལ། དེ་ལྟ་བས་ན་གཞན་དག་ཚར་གཅད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཞེས་ཐམས་ཅད་ཀྱང་རང་དང་གཞན་གྱིས་ཕན་བདེའི་རྒྱུར་བཤད་དོ། །གསུམ་པ་ཆེད་དུ་བྱ་བའི་ཁྱད་པར་ནི་དངོས་སམ་ཞེས་རྩ་བ་བཞིའོ། །བཞི་པ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། རྟག་པར་ཞེས་པ་སྟེ། དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཀུན་མཁྱེན་གྱིས་བསྔགས་བླ་མ་བསྟེན། །སློབ་མས་རང་དགར་མ་ཡིན་ཏེ། །ལོང་བས་རང་དགར་རི་བོ་ལ། །འཛེག་པར་ནུས་པ་མ་ཡིན་ནོ། །ཞེས་གསུངས་ལ། དེ་ཉིད་བཅོམ་ལྡན་འདས་བྱམས་པས། བཤེས་གཉེན་དུལ་ཞིང་ཞི་ལ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ཤིང་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་བཅུ་ལྡན་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་བའི་བཤེས་གཉེན་དེ་དག་གི །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་སྙིང་རྗེ་ཚུལ་ཁྲིམས་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །ཞེས་བཞི་ལྡན་བཤད་ལ། འདིར་མཁྱེན་པ་དང་བརྩེ་བར་བསྡུས་ཏེ། བསླབ་པ་མ་ཐོབ་པ་འཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བྱེད་པ། ཉམས་པ་ཕྱིར་གསོ་བ་ལ་མཁས་པ། སྙིང་རྗེས་སེམས་ཅན་ཡལ་བར་མི་འདོར་བ་སྟེ། མདོར་ན་མཁྱེན་པའི་ཤེས་རབ། བརྩེ་བའི་ཐུགས་རྗེ། གཞན་འཛིན་པའི་ནུས་པ་མངའ་བའོ། །དེ་བསྟེན་ཚུལ། དཔལ་འབྱུང་བ་ཡི་ཞེས་ཏེ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར་མི་ལྟུང་ངོ་། །དགེ་བའི་བཤེས་གཉེན་གྱིས་བསམས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ། །དགེ་བའི་བཤེས་གཉེན་གྱིས་བསྐྱངས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཤད་ནས། རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མི་འཆད་པར་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ། །ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྒུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང་། ལས་ཐམས་ཅད་ཉམས་སུ་བླང་བ་ལ་མི་སྨོད་པའི་ཕྱིར་འཇིག་རྟེན་གྱི་བྲན་ལྟ་བུའི་སེམས་དང་། ང་རྒྱལ་དང་ཆེ་བའི་ང་རྒྱལ་ཐམས་ཅད་རྣམ་པར་སྤོང་པ་ཕྱག་དར་ལྟ་བུའི་སེམས་དང་། ཁུར་ལྗི་བ་བསྐུར་བས་ཐེག་པ་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བས་ཡོངས་སུ་མི་སྐྱོ་བས་གྲུ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་མཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་དུ་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་རང་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་དཔའ་བོའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་པ་ལ་སོགས་པའོ། །དེ་ཉིད་མདོ་དང་བསྟན་བཅོས་ཀྱི་ལུང་དང་སྦྱར་བ་ལ་གསུམ་ལས། མདོ་བལྟ་བ་འདི་དང་ཞེས་ཏེ་བྱང་ཆུབ་སེམས་དཔའི་བསླབ་པ་འདི་དང་། གཞན་ཉན་ཐོས་ཀྱི་བསླབ་པའོ་ཟེར་བ་དང་། དཔལ་འབྱུང་བའི་རྣམ་ཐར་འདི་དང་ཞེས་པ་ལ། འགྲེལ་པས་གཞུང་འདི་ལས་བཤད་པ་དང་། བསླབ་པ་གཞན་དུ་གསུངས་པ་རྣམས་རྟོགས་པའི་ཆེད་དུ་བལྟ་ཞེས་སོ། །བསྟན་བཅོས་བལྟ་བ། གང་ཕྱིར་ཞེས་ཏེ། མདོ་བལྟ་བར་མི་ནུས་པས་ཀུན་ལས་བཏུས་གཉིས་པོར་བལྟ་སྟེ། དེ་དག་ལས་བསླབ་པ་ཕྱིར་བཅོས་དང་བཅས་པ་འབྱུང་བས་ཏེ། དགེ་བའི་བཤེས་གཉེན་མི་གཏང་ཞིང་། །མདོ་སྡེ་དག་ལ་རྟག་བལྟ་བས། །ཞེས་གསུངས་པའི་དོན་ནོ། །དེ་དག་གི་དོན་ཇི་ལྟར་ཉམས་སུ་བླང་བ་གང་ལས་ཞེས་སོ། །སྤྱི་དོན་གསུམ་པ་མཇུག་རྗེས་སུ་གདམས་པ་ལ། ཤེས་བཞིན་གྱི་མཚན་ཉིད་དང་། དེ་ཇི་ལྟར་བསྲུང་ཚུལ། ལུས་དང་སེམས་ཞེས་ཚིགས་བཅད་རེ་རེའོ། །ལེའུ་ལྔ་པའོ།། ༈ །།བཟོད་པའི་ལེའུ་ལ་སྤྱིའི་དོན་དང་། གཞུང་གི་དོན་གཉིས་ལས། སྔ་མ་ལ་ངོ་བོ། དབྱེ་བ། འབྲས་བུ་གསུམ་མོ། །དང་པོ་ནི། གཉེན་པོས་བསྲན་ཐུབ་པ་སྟེ། ཡུམ་ལས། གལ་ཏེ་གཞན་ལས་ངན་བརྗོད་ཚིག་རྩུབ་ཐོས་གྱུར་ན། །བདག་བདེ་ཡིན་ཞེས་བྱང་ཆུབ་སེམས་དཔའ་མཁས་པ་དགའ། །ཞེས་དང་། སློབ་དཔོན་འདིས་མི་བཟོད་པ་ནི་སྤྱོ་བ་ན་བསྲན་མི་ནུས་པའི་ཕྱིར་ཞེས་ལྡོག་པའི་སྒོ་ནས་སོ། །དབྱེ་ན་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང་། སྡུག་བསྔལ་དང་དུ་ལེན་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གསུམ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་། གཞན་གྱིས་གནོད་པ་བྱས་པ་ལ་ཇི་མི་སྙམ་པའོ་ཞེས་དང་། མདོ་སྡེ་རྒྱན་ལས། མི་འབྱེད་ཇི་མི་སྙམ་ཤེས་དང་། །སྙིང་རྗེ་ཆོས་ལ་བརྟེན་པའི་ཕྱིར། །ཞེས་དང་། དེ་ལ་དེ་ནི་རྣམ་གསུམ་འདོད། །ཅེས་གསུངས་སོ། །འབྲས་བུ་ནི་གནས་སྐབས་སུ་གཟུགས་བཟང་བ་དང་། འཁོན་དང་དབྱེན་ཉུང་བ་དང་། ཡིད་བདེ་བ་དང་བདེ་བ་མང་བ་དང་། འགྱོད་པ་མེད་པར་དུས་བྱེད་པ་དང་། ཚེ་འཕོས་ནས་ཀྱང་བདེ་འགྲོར་སྐྱེ་བ་དང་། སངས་རྒྱས་ཀྱི་སྐུ་བལྟ་བས་ཆོག་མི་ཤེས་པ་ཐོབ་པ་མཐར་ཐུག་གི་འབྲས་བུ་སྟེ། ཡུམ་ལས། བཟོད་པས་གཟུགས་བཟང་རྒྱ་ཆེན་དམ་པ་འཐོབ་འགྱུར་ཏེ། །གསེར་མདོག་སྡུག་ཅིང་འགྲོ་བས་བལྟ་བའི་འོས་སུ་འགྱུར། །ཞེས་དང་། བཟོད་ལ་གནས་པའི་ལུས་ནི་ཡོངས་སུ་དག་འགྱུར་ཏེ། །སུམ་ཅུ་རྩ་གཉིས་མཚན་དང་མཐུ་སྟོབས་ཕ་མཐའ་ཡས། །ཞེས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། བརྗོད་བྱའི་ངོ་བོ་བསྟན་པའི་ཚུལ་གྱིས་མདོར་བསྟན་པ་ནི། བསྐལ་པ་སྟོང་དུ་ཞེས་པ་དུས་དེ་སྙེད་དུ་ཡུལ་དམན་པ་ལ་སྦྱིན་པ་དང་། མཆོག་ལ་མཆོད་པ་སྟེ། གཉིས་ཀའང་སྦྱིན་པ་ལས་བྱུང་བ་ཡིན་པས། ཚུལ་ཁྲིམས་དང་། བསྒོམས་བྱུང་གཉིས་སོགས་ཀྱིས་བསྡུས་པའོ། །དེའང་བསོད་ནམས་ཀྱི་ཆ་མཐུན་ནམ་ལེགས་པར་སྤྱད་པའི་དགེ་བ་སྟེ། དེ་ཡུལ་ཁྱད་པར་ཅན་ལ་ཁྲོ་བ་སྐད་ཅིག་ཙམ་ཞིག་སྐྱེས་པས་འཛོམས་ཏེ། བྱམས་པ་སེང་གེ་སྒྲའི་མདོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སྤྱོ་བ་དང་མཚོན་གྱིས་བཏབ་པ་ལ་སོགས་པས་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་བསྐྱེད་ནས་སྔ་མ་བས་ཆེས་ཉམས་པར་འགྱུར་ཏེ། སྔ་མ་དེས་བྱང་ཆུབ་མ་བཏང་ན་གནོད་སེམས་བསྐྱེད་པ་དེ་སྙེད་ཀྱི་བསྐལ་པར་དམྱལ་བའི་གནས་སུ་གོ་ཆ་བགོས་དགོས་ཞེས་པས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །ཅེས་གསུངས་ཏེ། འཇམ་དཔལ་རྣམ་པར་རོལ་པ་ལས། འཇམ་དཔལ་ཁོང་ཁྲོ་བས་ནི་བསྐལ་པ་དུ་མར་བསགས་པའི་དགེ་བ་འཇོམས་པས་སོ་ཞེས་དང་། སློབ་དཔོན་ཟླ་གྲགས་ཀྱིས། སྦྱིན་དང་དེ་བཞིན་ཚུལ་ཁྲིམས་བསྐལ་པ་བརྒྱར། །ལེགས་བསགས་ཟད་བྱེད་གང་ཡིན་ཁོང་ཁྲོ་སྟེ། །དེ་ཕྱིར་རྒྱལ་བའི་སྲས་ལ་ཁོང་ཁྲོ་ལས། །མཆོག་ཏུ་ལྕི་བ་སྡིག་པ་གཞན་མེད་དོ། །ཞེས་གསུངས་སོ། །དེ་ལྟ་ན་གཉེན་པོ་ཆུང་ངུ་ཆུང་ངུས་སྤང་བྱ་ཆེན་པོ་འཇོམས་པ། ལོ་སྟོང་དུ་གནས་པའི་མུན་པ་སྐྱེས་མ་ཐག་པའི་མར་མེས་སེལ་བ་ལྟར་བཤད་པ་ལ། འདིར་བསྐལ་པ་སྟོང་གི་ལེགས་སྤྱད་ཁོང་ཁྲོ་གཅིག་གིས་འཇོམས་པར་གསུངས། ཡུལ་ཁྱད་པར་ཅན་བྱང་ཆུབ་སེམས་དཔའ་འམ། རང་གི་དགེ་བའི་བཤེས་གཉེན་ལ་ཁྲོས་པ་ལྟ་བུའོ། །འོ་ན་དེ་སྲིད་དུ་ཁྲོ་བ་མི་སྐྱེ་བ་མི་སྲིད་པས་འབད་པ་དོན་མེད་ཅེ་ན། ཡོད་དེ། འཇིག་རྟེན་ལས་འདས་པའི་ལམ་མ་ཡིན་པ་ལ་ས་བོན་གཏན་ནས་འཇོམས་པའི་ནུས་པ་མེད་པས། འདིས་ལེགས་སྤྱད་ཀྱི་འབྲས་བུ་ཕྱིར་བསྣུར་ཏེ། ཁྲོ་བའི་འབྲས་བུ་སྔོན་ལ་འབྱིན་པས་དེ་སྐད་ཅེས་གསུངས་སོ། །དེ་ལྟར་ནའང་སྤང་བྱ་བས་གཉེན་པོ་སྟོབས་ཆེ་བར་མི་འགྱུར་རམ་ཞེ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྟོབས་ལྡན་ཁོ་ནའོ། །དེས་ན་བཟོད་པ་ལྟ་བུའི་དཀའ་ཐུབ་མེད་དེ། ཁྲོ་བའི་གཉེན་པོ་ཡིན་པས་སོ། །གཉིས་པ་བཟོད་པ་དངོས་ལ་གསུམ་ལས། བཟོད་པ་གསུམ་ཅུང་ཟད་བཤད་པ་ལ་གསུམ་གྱི། མི་བཟོད་པའི་ཉེས་དམིགས་བསྟན་པའི་སྒོ་ནས་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ལ་གསུམ་ལས། བདེ་བ་མི་འཐོབ་པའི་ཉེས་པ། ཞེ་སྡང་ཞེས་ཏེ། ཞི་བ་ནི་དེས་པའོ། །དགའ་བ་ཡིད་ཀྱི་ལས་སོ། །བདེ་བ་ནི་སྒོ་ལྔའི་རྣམ་ཤེས་ཀྱིའོ། །བརྟེན་མི་འགྱུར་ཏེ་ཡིད་རྣལ་དུ་མི་གནས་པའོ། །མཐོང་བའི་ཉེས་པ་དང་། ཉེས་པ་མདོར་བསྡུ་བ་གཉིས། གང་དག་ཅེས་རྩ་བ་དྲུག་དང་། བཞིའོ། །གཉིས་པ་ཆོས་ལ་ངེས་པར་སེམས་པ་ནི། གང་གིས་ཞེས་ཏེ། འདིས་ཁྲོ་བ་སྤང་བའི་ཡོན་ཏན་དངོས་སུ་བསྟན་ལ། སྔ་མས་ཤུགས་ལ་བསྟན་ཏོ། །གསུམ་པ་གནོད་པ་བྱེད་པ་ཇི་མི་སྙམ་པ་ལ་བཞི་ལས། མི་བཟོད་པའི་རྒྱུ་ངོས་གཟུང་བ། དེས་ན་བཟློག་པར་རིགས་པ། བཟློག་པའི་ཐབས་ཡིད་ལ་བྱ་བ། མི་བཟོད་པའི་རྒྱུ་ཕྱེ་སྟེ་བསྟན་པ་རྣམས། མི་འདོད་ཅེས་དང་། དེ་ལྟར་བདག་ཅེས་དང་། ཅི་ལ་བབ་ཅེས་དང་། བདག་དང་ཞེས་དང་། བསྟན་པ་ལས། འདི་ལ། བདག་ལ། སྡུག་བསྔལ། བརྙས་པ། ཚིག་རྩུབ། མི་སྙན་པ་སྟེ་བཞི། བདག་གི་བཤེས་ལ་བཞི་སྟེ་བརྒྱད་དང་། དགྲ་ལ་བསྟོད་གྲགས། བདེ་བ། རྙེད་པ། སྙན་པ་བཞི་སྟེ་མི་འདོད་པ་བཅུ་གཉིས་དང་། བདག་ལ་བདེ་བ་དང་། བཀུར་བ། བསྟོད་པ་སྙན་པ་སྟེ་བཞི། བཤེས་ལའང་བཞི་སྟེ་བརྒྱད་དང་། དགྲ་ལ་སྡུག་བསྔལ། བརྙས་པ། ཚིག་རྩུབ། མི་སྙན་པ་སྟེ་བཅུ་གཉིས་འདོད་པ་ལས། མི་འདོད་པ་དང་འདོད་པའི་གནས་ཉི་ཤུ་རྩ་བཞི་ལ་བརྟེན་ནས། ཡིད་ལ་མི་བདེ་བ་སྐྱེ་ལ། དེ་ལས་དེ་དང་མཚུངས་པར་ལྡན་པའི་ཞེ་སྡང་སྐྱེ་བས་དེའི་རྒྱུ་སྤང་པ་ལ་འབད་དོ། །དགྲའི་བཤེས་ཞེས་པ་ནི་མི་བརྗོད་དེ། དེ་དགྲའམ་ཟིན་ལས་མི་འདའ་བས་སོ། །གཉིས་པ་རྒྱས་པར་བཤད་ལ་གསུམ་གྱི། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ལ་བཞི་ལས། སྡུག་བསྔལ་འཁོར་བའི་རང་བཞིན་དུ་བསྟན་པ། བདེ་བའི་རྒྱུ་ནི་ཞེས་དང་། ངེས་འབྱུང་གི་རྒྱུར་བསྟན་པ་སྡུག་བསྔལ་མེད་ན་ཞེས་ཏེ། ཡིད་འབྱུང་བའི་རྒྱུ་ཡིན་པས་སོ། །དབང་ཕྱུག་གི་དཀའ་ཐུབ་བཟློག་པ་ཨུ་མ་ལ་དད་པས་དབྱུག་གུ་གསུམ་པ་དང་། སེ་གོལ་བདུན་པ་དང་། མེ་ལྔ་བསྟེན་པར་བྱེད་པ་དང་། ཀརྞ་ཏྲ་པ་དག་གི་དོན་མེད་པའི་ངལ་བ་ཡིན་ལ། འདི་ནི་ཐར་པ་ཡང་དག་པའོ། །གོམས་པས་བརྟེན་པར་མི་དཀའ་བ་ལ་དོན་བཞི་སྟེ། གོམས་ནས་ཞེས་པ་ཚིགས་བཅད་ལྔ་དང་རྩ་བ་གཉིས་ཀྱིས་བསྟན་ཏོ། །ཡོན་ཏན་གྱི་རྣམ་པར་ཡིད་ལ་བྱ་བ་ལ་གཉིས་ལས། སྦྱོར་བའི་ཡོན་ཏན་ནི། ཉོན་མོངས་རྣམས་དང་ཞེས་པ། སྤང་བྱ་གང་དང་གང་སྐྱེས་པ་དེ་དང་དེའི་གཉེན་པོ་བསྟེན་པ་ནི། གཡུལ་འགྱེད་པའི་དཔའ་བོ་ཡིན་ལ་ལྷག་མ་སྟེ་སྤང་བྱའི་གཉེན་པོར་མི་འགྱུར་ན་ལྟར་སྣང་ངོ་། །གཉིས་པ་རང་བཞིན་གྱི་ཡོན་ཏན་ནི། གཞན་ཡང་ཞེས་རྩ་བ་བཞིའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ལ་གསུམ་གྱི། གནོད་བྱེད་ལ་ཁྲོ་བ་བཟློག་པའང་གསུམ་ལས། གནོད་བྱེད་ལ་རང་དབང་མེད་པས་ཁྲོ་བའི་ཡུལ་དུ་མི་རིགས་པ་ལ། དཔེ་དོན་གྱི་དངོས་པོ་དགོད་པ་དང་། དཔེ་དོན་གྱི་ཆོས་མཐུན་པ་སྤྱིར་བསྟན་པ། སོ་སོ་ལ་སྦྱར་བ། སྐབས་བསྡུ་བ། དེ་དག་གི་རྐྱེན་རང་དབང་ཅན་མ་ཡིན་པ་རྣམས། མཁྲིས་པ་ལ་སོགས་ཞེས་པ་ནས་ཚིགས་བཅད་རེ་རེས་བསྟན་ཏོ། །གཉིས་པ་རང་དབང་ཡོད་པར་འདོད་པ་དགག་པ་ལ་གཉིས་ལས། གྲངས་ཅན་གྱི་བདག་དགག་པ་ལ་ཕྱོགས་སྔ་མ་དགོད་པ། གཙོ་བོ་ཞེས་བྱ་ཞེས་པ་ལ། སྤྱིར་ཕྱི་རོལ་བྱེད་ཀྱི་ལྟ་བ་བསམ་གྱིས་མི་ཁྱབ་པའང་། བསྡུ་ན་རྟག་ཆད་གཉིས་སུ་འདུ་ལ། དེ་ལས་འདི་གཉིས་རྟག་པར་སྨྲ་བ་ཡིན་ལ། བྱེ་བྲག་ཏུ་གྲངས་ཅན་པས་ཀུན་ཏུ་བརྟགས་པ་ནི། དངོས་པོ་རྣམས་ཀྱི་རྐྱེན་ལ་རག་ལས་པས། ལྷ་རང་དབང་ཅན་ལ་མ་ཡིན་ཡང་། གཙོ་བོ་དང་སྐྱེས་བུ་རྟག་པ་རྐྱེན་ལ་མ་ལྟོས་པས་རང་དབང་ཅན་ཡིན་ནོ། །དེ་ལ་གཙོ་བོ་ནི་རང་བཞིན་གསུམ་ཆ་མཉམ་པ་བེམ་པོ་རྟག་པ་འགྲོ་བ་ཐམས་ཅད་ལ་ཁྱབ་སྟེ། དེས་རྣམ་འགྱུར་སྤྲུལ་པའོ། །བདག་ཅེས་པ་དེའི་ཁུག་མ་ན་གནས་པ་རྟག་པ། གཅིག་པུ། རང་དབང་ཅན། ཟ་བ་པོ། བྱ་བ་མ་ཡིན་པ་ཆོས་ལྔ་དང་ལྡན་ཏེ། ཤེས་རིག་གི་ངོ་བོ་སེམས་ཅན་ལ་རེ་རེ་ཡོད་དེ། དེ་རྒྱལ་པོ་ལྟ་བུ་ཡིན་ལ། དེས་གཙོ་བོ་མེ་ལོང་ངོས་གཉིས་པ་ལྟ་བུ་དེ་ལ་རྣམ་འགྱུར་ཉི་ཤུ་རྩ་གསུམ་འཇོག་ཅིང་། བློའི་མེ་ལོང་ལ་བདེ་བ་ལ་སོགས་པ་རྣམ་འགྱུར་རྣམས་ཕྱི་ནས་གསལ་བ། ཤེས་རིག་གི་རྣམ་པ་ནང་ནས་འཇོག་པས། རྣམ་པ་གཉིས་འདྲེས་པ་ན་ཡུལ་ལ་ལོངས་སྤྱོད་པར་བྱེད་ལ། རང་བཞིན་དང་རྣམ་འགྱུར་དོན་དམ་པར་གཅིག་པས་རང་ལས་སྐྱེ་བ་ཡིན་མོད། འོན་ཀྱང་རྣམ་འགྱུར་མི་རྟག་པའོ། །དེའང་རང་བཞིན་དང་སྐྱེས་བུ་མ་ཕྱེ་ན་འཁོར་བ་ཕྱེ་ན་ཐར་བ་རྒྱུ་དང་འབྲས་བུ། གཅིག་པ་ཐམས་ཅད་ཀྱི་བྱེད་པ་པོ་རང་དབང་ཅན་ཡིན་པས་དེ་ལ་ཁྲོ་བར་རིགས་སོ་ཞེས་ཏེ། འདི་རྒྱས་པར་འོག་ཏུ་བརྗོད་པར་བྱའོ། །གཉིས་པ་དེ་དགག་པ་ལ་གསུམ་ལས། གཙོ་བོ་དགག་པ་ནི། དེ་ཉིད་ཅེས་པས་ཏེ། གཙོ་བོ་དེ་ལ་བདག་གིས་གནོད་པ་དབྱུང་བར་བྱའོ་ཞེས་སེམས་པ་མེད་དེ། དེ་བེམ་པོ་དང་རྟག་པ་ཡིན་ལ། དེ་དོན་བྱེད་པས་སྟོང་པས་སོ། །མ་སྐྱེས་པར་ནི་ཞེས་པ་རྣམ་འགྱུར་དགག་པ་སྟེ། བདེ་བ་ལ་སོགས་པ་གཙོ་བོའི་སྔ་རོལ་དུ་མེད་དེ་སྐྱེད་བྱེད་ཉིད་མ་གྲུབ་པའི་ཕྱིར། རྟགས་མ་གྲུབ་སྟེ། སྐྱེད་བྱེད་གཙོ་བོ་ཡོད་དོ་ཞེ་ན། དེ་སྐྱེས་ནས་ཡོད་པ་སྐྱེས་ལྡན་དུ་འགྱུར་ལ། མ་སྐྱེས་པའི་ཡོད་པ་མིང་ཙམ་མོ། །ཡང་། སྐྱེས་བུ་སེམས་པ་ཅན་ཡིན་པས་བློ་སྔོན་དུ་གཏོང་བ་པོ་དེས་སྐྱེད་དོ་ཞེ་ན། དེ་ལྟ་ན་བདེ་བ་ལ་སོགས་པའང་རྟག་པར་འགྱུར་ཏེ། རྒྱུ་རྟག་པ་ལས་བྱུང་བས་སོ། །བདག་དགག་པ་ནི་གལ་ཏེ་གཙོ་བོའི་གནས་སྐབས་མི་རྟག་ཀྱང་། ཤེས་རིག་རྟག་པ་གཅིག་པུ་རང་དབང་ཅན་ཡོད་དོ་ཞེ་ན། དེ་ཡུལ་ལ་རྟག་ཏུ་ལོངས་སྤྱོད་པར་འགྱུར་ཏེ། རྟག་པས་སོ། །འདོད་ན་ཡུལ་ཡང་རྟག་པར་འགྱུར་རོ། །འདོད་ན་རེས་འགའ་བས་བསལ་ལོ། །གཉིས་པ་རིག་པ་ཅན་གྱི་བདག་དགག་པ་ནི། ཅི་སྟེ་ཞེས་པ་སྟེ། འདིས་ཚིག་གི་དོན་དྲུག་སྨྲ་སྟེ། དེའང་རྫས་དགུ་དང་། ཡོན་ཏན་ཉི་ཤུ་རྩ་བཞི་དང་། ལས་ལྔ་དང་། སྤྱི་རྣམ་པ་གཉིས་དང་། ཐ་དད་དུ་ཡོད་པས་བྱེ་བྲག་དང་། རྟེན་ལས་རྟེན་པའི་བློ་སྐྱེ་བས་འདུ་བ་སྟེ་དྲུག་ལས། རྫས་ལ་ལྔ་པོ་བརྟེན་ལ། རྫས་བརྒྱད་པོའང་བདག་ཏུ་འདུ་བས། བདག་བེམ་པོ་ཐམས་ཅད་ཀྱི་རང་བཞིན་སྐྱེས་བུ་ཐམས་ཅད་ཀྱི་སྙིང་ལ་གནས་པ་དཀར་ལ་འཚེར་བ་ཡུངས་འབྲུ་ཙམ་ཞིག་ཡོད་པས། དེ་ལ་ལོངས་སྤྱོད་བྱེད་པ་ཡིན་ནོ་ཞེས་འདོད་དོ། །དེ་དགག་པ་ནི། ཅི་སྟེ་ཞེས་པ། དེ་ལོངས་སྤྱོད་བྱེད་པ་མ་ཡིན་ཏེ། རྟག་པས་དང་། དེ་དོན་བྱེད་པས་སྟོང་པའི་ཕྱིར་ནམ་མཁའ་བཞིན། རྟགས་མ་གྲུབ་སྟེ། བདག་རྟག་པ་དེ་སེམས་པ་ཅན་གཞན་གྱི་རྐྱེན་དང་ཕྲད་ནས་དོན་བྱེད་དོ་ཞེ་ན། དེ་ལྟར་ན་དེ་འགྱུར་ན་མི་རྟག་པར་འགྱུར་ལ། མ་གྱུར་ན་ཕྲད་པ་ལ་དོན་མེད་དོ། །གལ་ཏེ་བདག་རྟག་པ་མི་འགྱུར་མོད། དེ་ལས་ཐ་དད་པ་བྱེད་པ་ཞེས་བྱ་བ་རྐྱེན་གྱིས་འགྱུར་བས། དེ་དང་བདག་ལྡན་པས་དོན་བྱེད་དོ་ཞེ་ན། བྱེད་པ་དེས་བདག་ལ་བྱ་བ་ཅི་ཞིག་བྱས་སམ་མ་བྱས་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་ལྟར་ཐམས་ཅད་ཅེས་པས། གསུམ་པ་དེས་གྲུབ་པའི་དོན་བསྡུ་བའོ། །འདི་ལ་འགྲེལ་ཆེན་མཁན་པོས། གཙོ་བོ་ཞེས་བྱར་གང་འདོད་དང་། །ཞེས་པས་གྲངས་ཅན་གཙོ་བོ་བེམ་པོའི་རང་བཞིན་རྟག་པ་བྱེད་པ་པོར་འདོད་པ་དགོད་པའོ། །བདག་ཅེས་བཏགས་པ་གང་ཡིན་པ། །ཞེས་པས་རིགས་པ་ཅན། བདག་བེམ་པོ་སྐྱེས་བུ་གཞན་དང་འབྲེལ་བས་བློ་སྔོན་དུ་གཏོང་བའི་སེམས་པ་ཙམ་དུ་འདོད་པ་དགོད་པའོ། །དེ་འགོག་པ་ལ་གཉིས་ལས། སྔ་མ་ལ་གཙོ་བོ་དང་། སྐྱེས་བུ་དགག་པའོ། །དང་པོ་ནི་གཙོ་བོ་དེ་ལ་བདག་གིས་རྣམ་འགྱུར་འབྱུང་བར་བྱའོ་ཞེས་པའི་བློ་སྔོན་དུ་བཏང་ནས་འབྱུང་བ་མེད་དེ། བེམ་པོ་ཡིན་པས་ཞེས་ཁྱབ་བྱེད་འགལ་བ་དམིགས་པའོ། །ཁྱབ་པ་མ་གྲུབ་ཅེ་ན། མ་སྐྱེས་པར་ནི་ཞེས་པས་རྣམ་འགྱུར་དགག་པ་སྟེ། མ་སྐྱེས་པའི་གོང་དུ་ངོ་བོ་མེད་པས་སོ། །སྐྱེས་བུ་དགག་པ་ལ། བྱེད་པ་པོར་འགལ་བ་དང་། ཡུལ་ལ་ལོངས་སྤྱོད་པ་རེས་འགའ་བ་དང་འབྲེལ་པ་དགག་པའོ། །དང་པོ་ནི། མ་སྐྱེས་པར་ནི་ཞེས་པ་ཡང་བཟླས་ཏེ། སྐྱེས་བུ་དེ་སྐྱེ་བར་འདོད་པ་མེད་དེ། ངོ་བོ་མེད་པའི་ཕྱིར་རོ། །རྟགས་མ་གྲུབ་ཅེ་ན། སྐྱེས་བུ་ལ་ངོ་བོ་མེད་དེ། མ་སྐྱེས་པའི་ཕྱིར་ནམ་མཁའ་བཞིན་ཞེས་ཁྱབ་བྱེད་མི་དམིགས་པའོ། །གཉིས་པ་ནི། ཡུལ་ལ་ཞེས་པ་སྔ་མ་བཞིན་ནོ། །དེས་ན་ཡུལ་ལ་སྤྱད་པ་རེས་འགའ་བ་ཡིན་པའི་ཕྱིར། བྱེད་པ་པོ་རྟག་པར་མེད་ཅེས་པའི་ཁྱབ་བྱེད་འགལ་བ་དམིགས་པའི་ཐལ་བས་འགལ་བས་ཁྱབ་པ་དམིགས་པའི་རང་རྒྱུད་འཕེན་ནོ། །རིགས་པ་ཅན་དགག་པ་ཅི་སྟེ་ཞེས་པས་སོ། །གཉིས་པ་ཁྲོ་བ་བཟློག་པའི་དགོས་པ་ནི། ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ན། གཉེན་པོ་གང་གིས་སྤང་བྱ་གང་ཞིག་བཟློག་ཅེ་ན། དེ་ལྟ་མོད། ཐ་སྙད་ཀུན་རྫོབ་ཏུ་དེ་བཟློག་བྱ་ཡིན་ཏེ། རྣམ་འགྲེལ་ལས། གྲོལ་བ་པོ་ནི་མེད་ན་ཡང་། །ལོག་པར་སྒྲོ་འདོགས་གཞོམ་ཕྱིར་བརྩོན། །ཞེས་སོ། །གསུམ་པ་དོན་བསྡུ་བ་དེ་བས་ཞེས་རྩ་བ་བརྒྱད་དོ། །གནོད་པ་བྱེད་པ་ལ་ཅི་མི་སྙམ་པའི་བཟོད་པ་ལ་གཉིས་ལས། མི་འདོད་པ་བྱེད་པ་ལ་ཁྲོ་བའི་རྒྱུ་མཚན་དགག་པ་ལ་གསུམ་ལས། བདག་ལ་ཉེས་པ་བྱེད་པ། བདག་གི་བཤེས་ལ་ཉེས་པ་བྱེད་པ། བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་མི་བཟོད་པ་དགག་པའོ། །དང་པོ་ལ་གཉིས་ལས། སྡུག་བསྔལ་བྱེད་པ་ལ་བཟོད་པ་བསྒོམ་པ་ལ་གསུམ་གྱི། གནོད་བྱེད་བརྩེ་བའི་ཡུལ་དུ་བསྒོམ་པ་ལ་གསུམ་ལས། རང་ལ་ཚེ་འདིར་གནོད་པ། ཕྱི་མར་གནོད་པ། དེ་ལས་གཞན་ལ་གནོད་པ་བྱེད་པས་བརྩེ་བའི་ཡུལ་དུ་བྱེད་པ་རྣམས། བག་མེད་དང་། བསོད་ནམས་དང་། གང་ཚེ་ཞེས་པས་བསྟན་ཏེ། མདོ་སྡེ་རྒྱན་ལས། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། །སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ། །མི་འདོད་བཞིན་དུ་ལོག་པར་བསྒྲུབ་པར་འགྱུར། །ཞེས་དང་། སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ་ཕྱིར་རོ། །ཞེས་དང་། ཡང་། གཞན་གནོད་བྱེད་ལ་ཕན་བྱེད་བློ་ལྡན་པ། །གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིགས་གནོད་བྱེད་བཟོད་པ་དེ་དག་གིས། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག །ཅེས་གསུངས་སོ། །དེས་ན་དེ་ལ་སྙིང་རྗེ་བསྒོམས་ཏེ། དེ་མེད་ན་བཟོད་པ་མེད་ལ། དེ་མེད་པར་གཞན་མི་འབྱུང་སྟེ། རྩ་བ་སྙིང་རྗེ་མེད་གྱུར་ན། །དཀའ་སྤྱད་བཟོད་པ་ཉིད་མི་འགྱུར། །བློ་ལྡན་སྡུག་བསྔལ་མི་བཟོད་ན། །སེམས་ཅན་དོན་སེམས་ཉིད་མི་འགྱུར། །ཞེས་སོ། །གཉིས་པ་ཁྲོ་བར་མི་རིགས་པ་ལ། རང་བཞིན་ལ། གནས་སྐབས་ལ། དངོས་དང་།  བརྒྱུད་པའི་རྒྱུ་བརྟགས་ནས་ཁྲོ་བར་མི་རིགས་པ་གསུམ next hit་མོ། །གལ་ཏེ་གཞན་ལ་ཞེས་པ་ནས་ཚིགས་བཅད་རེ་རེས་བསྟན་ཏོ། །གསུམ་པ་རང་གི་ཉེས་པར་བརྟག་པ་ལ་དྲུག་ལས། རང་གི་ལས་ཀྱི་ཉེས་པ་ཡིན་པ་ནི། གང་གིས་ཞེས་པ་སྟེ། རིན་ཆེན་ཕྲེང་བ་ལས། གཞན་གྱིས་གནོད་པ་བགྱིས་པ་ལ། །སྔོན་གྱི་ལས་དགོངས་ཁྲོ་མི་བགྱི། །ཞེས་སོ། །སྡུག་བསྔལ་གྱི་རྒྱུ་ལུས་གཟུང་བའི་ཉེས་པ་དང་། སྡུག་བསྔལ་གྱི་རྒྱུ་ལ་བརྐམ་པའི་ཉེས་པ་གཉིས། དེ་ཡིས་ཞེས་པ་དང་། བྱིས་པ་ཞེས་པའོ། །གཞན་མི་ཕན་པ་ལ་སྦྱར་བའི་ཉེས་པ། བདག་གིས་ཞེས་པ་ཕ་རོལ་ལ་གནོད་པའོ། །ཁྲོ་བ་ཉིད་ཕྱིན་ཅི་ལོག་ཡིན་པ་ནི་འདི་དག་ཅེས་པས་དེ་ལ་དགའ་བར་རིགས་པའོ། །རྩོད་པ་གསུམ་སྤང་བ་ནི། ཕ་རོལ་གྱི་ངན་འགྲོའི་རྐྱེན། བདག་གིས་བྱས་པས་དེའི་རྒྱུས་བདག་ཀྱང་དེར་འགྲོའོ་ཞེ་ན། གལ་ཏེ་ཞེས་པ་བཟོད་པ་ཡོད་ནའོ། །འོ་ན་ཕན་འདོགས་བྱེད་དེ། དམྱལ་བར་ཅི་སྟེ་འགྲོ་སྟེ། བདག་ལ་གནོད་བྱེད་དུ་འགལ་ལོ་ཞེ་ན། གལ་ཏེ་ཞེས་པ་བདག་ལ་བཟོད་པ་ཡོད་པས་དེར་མི་འགྱུར་གྱི། དེ་ལ་སྐབས་འདིར་བཟོད་པ་ཅི་ཞིག་བྱུང་སྟེ་མ་བྱུང་ངོ་། །དེས་ན་བདག་གི་བཟོད་པའི་རྒྱུ་ནི་གནོད་བྱེད་དེ་ཡིན་ལ། དེའི་ཁྲོ་བ་དང་ཉེས་སྤྱོད་ཀྱི་རྒྱུ་བདག་གིས་བསྒྲུབ་པས་སོ། །འོན་ཏེ་ཞེས་པ་བསམ་པའི་ཡོན་ཏན་ཡོད་པ་ལ་དེ་ལྟར་འགྱུར་མོད། མེད་པ་ལ་དཀའ་ཐུབ་སྟེ། བཟོད་པ་ཞིག་པར་འགྱུར་རོ། །གཉིས་པ་བརྙས་སོགས་བསྒྲུབ་པ་ལ་བཟོད་པ་བསྒོམ་པ་ལ་གསུམ་ལས། གནོད་པ་ཉིད་མེད་པས་ཁྲོ་བར་མི་རིགས་པ་ལ། སེམས་དང་ལུས་ལ་མི་གནོད་པ་དང་། འདི་དང་ཕྱི་མར་མི་གནོད་པ་གཉིས། །ཡིད་ནི་ཞེས་དང་། གཞན་དག་ཅེས་པས་སོ། །འདི་ལ་འགྲེལ་པས། ལུས་ལ་མི་གནོད་ཀྱང་དེས་སྐྱེ་བོ་གཞན་མ་དད་པར་འགྱུར་རོ། །ཞེས་རྟོག་པའི་ལན་དུ་འཆད་པ་ནི་མ་ཡིན་ཏེ། འོག་ནས་གལ་ཏེ་སེམས་ཅན་ཉམས་བྱེད་ཅེས་འཆད་པར་འགྱུར་རོ། །གཉིས་པ་རྙེད་པའི་བར་ཆད་བྱེད་པ་ལ་ཁྲོ་བ་དགག་པ་ལ། ཁྲོས་པས་སྡིག་ལྕི་བ། རྙེད་པ་ལ་སྙིང་པོ་མེད་པར་དཔེས་བསྟན་པ། དོན་ཡོད་པར་རྟོག་པ་ཕྱིན་ཅི་ལོག་ཏུ་བརྟག་པ་རྣམས། རྙེད་པའི་ཞེས་དང་། རྨི་ལམ་ཞེས་དང་། གལ་ཏེ་ཞེས་པས་བསྟན་པ། ལོག་འཚོ་ལྔ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཚུལ་འཆོས་རྙེད་དང་བཀུར་བསྟིའི་ཕྱིར། །དབང་པོ་སྡོམ་པར་བྱེད་པ་སྟེ། །ཁ་གསག་རྙེད་དང་བཀུར་སྟིའི་ཕྱིར། །ཚིག་ནི་འཇམ་པོར་སྨྲ་བ་འོ། །གཞོགས་སློང་དེ་ནི་ཐོབ་བྱའི་ཕྱིར། །གཞན་གྱི་རྫས་ལ་བསྔགས་བྱེད་པའོ། །ཐོབ་ཀྱིས་འཇལ་བ་རྙེད་པའི་ཕྱིར། །མངོན་སུམ་གཞན་ལ་སྨོད་བྱེད་པ། །རྙེད་པས་རྙེད་པ་རྣམས་འདོད་པ། །སྔར་ཐོབ་པ་ལ་བསྔགས་བྱེད་པའོ། །ཞེས་དེ་རྣམས་ཀྱིས་འཚོ་བ་སྨད་དེ། སློབ་དཔོན་དཔའ་བོས། ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བར་སྤྱོད་པ་བས། །གོས་ངན་གྱོན་ནས་གྱོ་མོའི་སྣོད་ཐོགས་ནས། །འབྱོར་པ་དགྲ་ཡི་ཁྱིམ་དུ་སློང་བར་གྱུར་ཀྱང་སླ། ཞེས་སོ། །ཡང་དག་པའི་འཚོ་བའང་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ཀྱིས་ལོངས་སྤྱོད་འཚོལ་གྱི། ཆོས་མ་ཡིན་པས་ནི་མི་འཚོལ་ལོ། །མཐུན་པས་འཚོལ་གྱི་མི་མཐུན་པས་མ་ཡིན་ནོ། །ཡང་དག་པས་འཚོ་བ་ཡིན་གྱི་ལོག་པས་འཚོ་བ་མ་ཡིན་ནོ། །ཞེས་གསུངས་སོ། །གསུམ་པ་སེམས་ཅན་མ་དད་པར་བྱེད་པས་ཁྲོ་བར་མི་རིགས་པ་ནི། གལ་ཏེ་ཞེས་པ། དེས་བདག་ལ་སྨད་པས་ཁྱིམ་བདག་ལ་སོགས་པའི་དད་པ་ཉམས་པར་བྱས་པས་ཞེ་ན། གཞན་ལ་དད་པ་ཉམས་པར་བྱེད་པའི་ངག་ཀྱང་བཟློག་པར་རིགས་སོ། །གཉིས་པ་བདག་གི་བཤེས་ལ་ཉེས་པ་བྱེད་པ་ལ་མི་བཟོད་པ་དོར་བ་ལ་གཉིས་ལས། ཡུལ་མཆོག་ལ་གནོད་པ་མེད་པ་ནི་སྐུ་གཟུགས་ཞེས་ཏེ། སངས་རྒྱས་ཆོས་ཀྱི་སྐུའི་རང་བཞིན། ཆོས་འགོག་ལམ་གཉིས། དགེ་འདུན་དགྲ་བཅོམ་པ་ལ་སོགས་པ་སྟེ། དེ་གསུམ་ལ་གནོད་པ་མེད་པས་སོ། །དེ་དག་ཅི་བདེར་ཡང་མི་གཞག་སྟེ། ཐབས་འཇམ་པོས་སམ། མིན་ན་བསམ་པ་དགེ་བས་རྩུབ་པ་ལྟར་སྣང་སྟོན་པས་མི་འགལ་ཏེ། སློབ་དཔོན་ཉིད་ཀྱིས་རྫུ་འཕྲུལ་ལ་སོགས་པ་ཡོད་ན་དེས་བསྡིགས་པ་ལ་སོགས་པའི་དབང་གིས་བཟློག་པར་བྱའོ་ཞེས་གསུངས་སོ། །གཉིས་པ་གནོད་པ་ཡོད་པ་རྣམས་ལ་གཉེན་པོ་བསྒོམ་པ་ལ་གཉིས་ལས། སྔར་གྱི་ཆོས་ལ་ངེས་པར་སེམས་པ་དྲན་པར་བྱ་བ་ནི། བླ་མ་ཞེས་ཏེ། མཁྲིས་པ་ལ་སོགས་ཞེས་པའི་སྐབས་ལྟར་རོ། །གཉིས་པ་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དངོས་ལ་བཞི་ལས། ཁྲོ་བའི་རྒྱུ་མཚན་མ་གྲུབ་པ། ཁྲོ་བར་མི་རིགས་པ། རང་གི་ཉེས་པར་བརྟག་པ་གསུམ། ལུས་ཅན་ཞེས་དང་། ལ་ལ་ཞེས་དང་། གང་གིས་ཞེས་པས་སོ། །བཟོད་པའི་ཕན་ཡོན་དྲན་པའི་སྒོ་ནས་ཁྲོ་བ་བཟློག་པ་ལ། བསོད་ནམས་མི་ཉམས། སྡུག་བསྔལ་ལྡོག དོན་ཆེན་པོ་འགྲུབ་པ་གསུམ་དཔེར་ན་ཞེས་དང་། གསང་བའི་ཞེས་དང་། འདོད་པའི་ཞེས་ཏེ། བཟོད་པའི་བསྔགས་པའོ། །གསུམ་པ་དགྲ་ལ་ལེགས་པ་བྱེད་པ་མི་བཟོད་པ་དོར་བ་ལ་གསུམ་ལས། བསྟོད་གྲགས་བསྒྲུབ་པ་ལ་མི་བཟོད་པ་དོར་བ་ལ་གསུམ་གྱི་དང་པོར་རང་བདེ་བའི་རྒྱུ་ཡིན་པས་འདོད་པར་བྱ་བ་ནི་གཞན་གྱི་ཞེས་བརྗོད་པ་པོ་དང་ཡུལ་དག་སྤྲོ་བ་བསྐྱེད་པ་དང་། གཞན་གྱི་བསྔགས་པ་བརྗོད་པས་རང་གི་དགའ་བ་འཕེལ་བ་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། དེ་ལས་གཞན་དུ་བདེ་བ་འབྱུང་བ། ཁ་ན་མ་ཐོ་བ་མེད་པ། མཁས་པས་བསྔགས་པ། གཞན་དོན་འགྲུབ་པ་སྟེ་ཕན་ཡོན་བཞི་ཐོབ་པར་བསྟན་པས། ཀུན་གྱི་བསྔགས་པ་བརྗོད་དོ། །གཞན་བདེ་བའི་རྒྱུ་ཡིན་པས་མི་འདོད་པར་མི་རིགས་པ་ནི། གཞན་ཡང་ཞེས་པ། དགྲ་ལ་བསྟོད་གྲགས་དང་བདེ་བ་བསྒྲུབ་པས་དེ་དགའ་བར་འགྱུར་མོད། དེ་ཉིད་བདག་མི་འདོད་པས་དེ་ལ་ཁྲོ་འོ་ཞེ་ན། དེར་མི་བལྟ་སྟེ། བདག་རྒྱུད་ལ་དེ་དག་ཐོབ་ན་ཡིད་བདེ་བ་ལྟར། དགྲ་བོ་ལའང་དེ་དག་སྦྱར་བས་དགའ་བར་རིགས་སོ། །གཞན་དུ་ན་གླ་རྔན་མ་བྱིན་པས་ཚེ་འདིར་བྲན་མི་འདུ་བ་དང་། སྦྱིན་སོགས་སྤངས་པས་ཕྱི་མར་ཕན་བདེ་མི་འཐོབ་པ་བཞིན་ནོ། །འདོད་པ་ཉིད་འགལ་བ་ནི། རང་གི་ཡོན་ཏན་བརྗོད་པའི་ཚེ་དེ་ལ་བསྙེན་བཀུར་ནུས་ལ། གཞན་གྱི་བརྗོད་ན་ཕྲག་དོག་གིས་གཟིར་བའི་བདེ་བ་མི་འཐོབ་ཅིང་། འདོད་ཀྱང་མི་འདོད་པ་དང་འདྲ་བས་སོ། །བདེ་བ་བསྒྲུབ་པ་ལ་མི་བཟོད་པ་དོར་བ་ནི། སེམས་ཅན་ཐམས་ཅད་ཞེས་པ་སྟེ། བདག་གི་བྱ་བ་གཞན་བདེ་ཡིན་ལ། དེ་བདག་ལ་རག་པར་ཐོབ་པས་སོ། །རྙེད་པ་བསྒྲུབ་པ་ལ་མི་བཟོད་པ་དོར་བ་ལ་གསུམ་ལས། བདག་གི་འདོད་པ་བསྒྲུབ་པ་ནི། འཇིག་རྟེན་གསུམ་ཞེས་ཏེ། སངས་རྒྱས་འདོད་པས་རྙེད་པ་ཕྲ་མོའི་ངོར་གཞན་བདེ་ཆུང་ངུ་ཙམ་ཡང་མི་བཟོད་པར་མི་བྱ་སྟེ། རང་གི་བུ་གཉེན་གྱིས་བསྐྱངས་པ་ལྟ་བུ་ཡིན་པས་སོ། །བདག་ལ་གནོད་པ་མེད་པ་ནི། གལ་ཏེ་ཞེས་པ། གཞན་རྙེད་པ་དང་ལྡན་པ་ལ་མི་བཟོད་ན། བདག་ལ་གཞན་གྱི་དོན་གྱི་ནུས་པ་མེད་ཅིང་དམན་པའི་གནས་ཐོབ་ན་དགའ་བར་འགྱུར་ཏེ། དབུལ་པོ་མགོན་མེད་པའི་འཁོར་བཞིན་ནོ། །བསོད་ནམས་ཟད་དུ་དོགས་པས་བདག་ཉིད་ལ་ཁྲོ་བར་རིགས་པ་ནི། བསོད་ནམས་ཞེས་པ་དེ་དག་གི་རྒྱུ་ལ་འབད་པར་གདམས་པའོ། །སྤྱི་དོན་གཉིས་པ་འདོད་པའི་གེགས་བྱེད་པ་ལ་མི་བཟོད་པ་དོར་བ་ལ་གཉིས་ལས། དགྲ་ལ་ཉེས་པ་བྱེད་པའི་གེགས་བྱེད་པ་ལ་མི་བཟོད་པ་དོར་བ་ལ་གསུམ་ལས། ཡུལ་གྱིས་རང་ལ་མི་ཕན་པ་ནི་གལ་ཏེ་ཞེས་པ། དགྲ་བོ་ཡིད་མི་བདེ་ན་བདག་གི་དོན་གྲུབ་བོ་ཞེ་ན། དེ་ལ་ཞེས་ཏེ་དེས་བདག་ལ་མི་ཕན་པས་སོ། །ཡུལ་ཅན་གྱིས་གཞན་ལ་མི་གནོད་པ་ནི་ཁྱོད་ཀྱི་ཞེས་པའོ། །གལ་ཏེ་འཚེངས་ཞེས་པས་བདག་ཉིད་ལ་གནོད་པའོ། །འདོད་པའི་གེགས་བྱེད་པ་ལ་མི་བཟོད་པ་དོར་བ་ལ་གཉིས་ཏེ། འཇིག་རྟེན་གྱི་ཆོས་ཀྱི་གེགས་བྱེད་པ་དང་། བསོད་ནམས་ཀྱི་གེགས་བྱེད་པ་ལ་མི་བཟོད་པ་དོར་བའོ། །དང་པོ་ལ་གཉིས་ཏེ། བསྟོད་གྲགས་འཇིག་པ་ལ་གནོད་བྱེད་དུ་མི་བལྟ་བ་ལ། བསྟོད་སོགས་ལ་ཕན་བདེ་མེད་པ། དགའ་བ་ཙམ་དོན་མ་ཡིན་པ། དོན་དུ་འཛིན་པ་ཕྱིན་ཅི་ལོག་ཡིན་པ། དགའ་བ་ཉིད་ཕྱིན་ཅི་ལོག་ཡིན་པ་བཞི། བསྟོད་དང་ཞེས་དང་། ཡིད་བདེ་ཞེས་དང་། གྲགས་ཕྱིར་ཞེས་དང་། བྱེ་མའི་ཞེས་པས་བསྟན་ཏོ། །གཉིས་པ་ཕན་འདོགས་པར་བལྟ་བ་ལ་གཉིས་ལས། ངན་འགྲོ་འགོག་པ་ནི། བསྟོད་སོགས་ཅེས་རྩ་བ་བརྒྱད་དེ། འཁོར་བར་མི་སྐྱོ་བ་དང་། གཞན་གྱི་བསྔགས་པ་མི་བཟོད་པ་དེས་འདི་དང་གཞན་གྱི་བདེ་བ་འཇིག་པ་དང་། དེ་ཕྱིར་ཞེས་པས་བཟློག་པའོ། །གཉིས་པ་ཐར་པ་བསྒྲུབ་པ། བདག་ནི་ཞེས་པ་སྟེ། འཁོར་བ་བཙོན་ར་ལྟ་བུ་འདི་ལས་གྲོལ་པ་བསྒྲུབ་བྱ་ཡིན་གྱི། རྙེད་བཀུར་ལྕགས་སྒྲོག་ལྟ་བུ་ཡིན་པས། གནོད་བྱེད་དེ་བཅིངས་པ་གྲོལ་བྱེད་དེ། གཡང་ས་ལས་བཟློག་པ་བཞིན་ནོ། །གཉིས་པ་གེགས་ཉིད་མ་ཡིན་པ་ལ་སྤྱིར་བསྟན་པ། སྦྱིན་པའི་དཔེས་བསྒྲུབ་པ། ཚུལ་ཁྲིམས་ཀྱི་དཔེས་བསྒྲུབ་པ་གསུམ་མོ། །གང་ཞིག་ཅེས་པ་ནས་རྩ་བ་བཞི་དང་གཉིས་གཉིས་སོ། །གསུམ་པ་གུས་པའི་ཡུལ་དུ་བརྟག་པ་ལ་གཉིས་ལས། སེམས་ཅན་རང་གི་ཡོན་ཏན་གྱིས་གུས་པར་བྱ་བ་ལ་གསུམ་གྱི། ཕན་འདོགས་པ་ཆེ་བ་ལ། ཞིང་དཀོན་པ། དགའ་བ་བསྒོམ་པ། དེ་ལ་ཕན་པར་སྨོན་པ་གསུམ། འཇིག་རྟེན་ན་ཞེས་དང་། དེ་བས་ཞེས་དང་། འདི་དང་ཞེས་པས་བསྟན་ཏེ། ཐ་མས་ནི། བཟོད་པའི་འབྲས་བུ་ཡུལ་ལ་སྨིན་པར་སྨོན་པ་སྟེ། རྒྱལ་པོ་རྩོལ་བྱུང་བློན་པོ་བཞི་དང་བཅས་པ་ལ་དྲང་སྲོང་བཟོད་པར་སྨྲ་བས་དགོངས་པ་བཞིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྡུག་བསྔལ་གཅིག་པུས་བརྣག་བགྱི་ཞིང་། །བདེ་བ་གློག་དང་ལྷན་ཅིག་སྤྱད། །ཅེས་གསུངས་པ་ལྟ་བུའོ། །གཉིས་པ་བསམ་པའི་ཡོན་ཏན་ལ་མི་ལྟོས་པ་ལ། ཕན་པའི་བསམ་པ་མེད་པས་གུས་པའི་ཡུལ་མ་ཡིན་པར་རྟོག་པ། གནོད་པའི་བསམ་པ་ཡོད་པས་གུས་པའི་ཡུལ་མ་ཡིན་པར་རྟོག་པ་དགག་པ། དོན་བསྒྲུབ་པ་གསུམ། གལ་ཏེ་བཟོད་སྒྲུབ་ཅེས་པ་ནས་ཚིགས་སུ་བཅད་པ་རེ་རེས་སོ། །གསུམ་པ་སྟོན་པ་དང་འདྲ་བར་བལྟ་བ་ལ་གསུམ་ལས། ལུང་གིས་བསྒྲུབ་པ་ནི། དེ་ཕྱིར་ཞེས་ཏེ། སེམས་ཅན་ལས་བཟོད་པ་དང་སྙིང་རྗེ། རྒྱལ་བ་ལས་དད་པ་དང་ཤེས་རབ་ལ་སོགས་པ་འགྲུབ་སྟེ། ཆོས་ཡང་དག་པར་སྡུད་པ་ལས། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི་ཞིང་གང་ལ་སངས་རྒྱས་ཀྱི་ཞིང་རྣམས་འཐོབ་པར་འགྱུར་བ་དེ་ལ་ལོག་པར་བསྒྲུབ་པར་མི་རིགས་སོ་སྙམ་མོ་ཞེས་གསུངས་སོ། །འབྲས་བུའི་ཆོས་ཀྱིས་མཉམ་པར་བསྒྲུབ་པ་ནི་འདི་དག་ཅེས་ཏེ། སེམས་ཅན་ཁོ་ན་ཞིང་དུ་བྱས་ནས་འདས་པའི་སངས་རྒྱས་མང་པོ་ཡོངས་སུ་གྲོལ་ནས་རང་དང་གཞན་ཕུན་སུམ་ཚོགས་པ་ཐོབ་སྟེ། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྟོན་པ་ལྟར་གཅེས་སྤྲས་སུ་བྱའོ་ཞེས་དང་། སྤེལ་མར་བསྟོད་པ་ལས། ཁྱོད་ནི་ཉམ་ཐག་རྣམས་ལ་བརྩེ། །བདེ་བར་གནས་ལ་ཕན་པར་དགྱེས། །ཕོངས་པ་རྣམས་ལ་ཐུགས་བརྩེ་བས། །ཀུན་ལ་ཕན་པར་བཞེད་པ་ལགས། ཞེས་ཏེ། དེའི་ཕྲིན་ལས་སེམས་ཅན་ཁོ་ན་ལ་འཇུག་པས་སོ། །དེས་ན་སྟོན་པ་ལ་གུས་པ་དེས་སེམས་ཅན་ལ་བརྩེ་བར་རིགས་ཏེ། གཉིས་ཀས་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་འགྲུབ་པར་འདྲ་སྟེ། འདི་དག་ཡིད་བཞིན་ནོར་བུ་དང་། །བུམ་བཟང་འདོད་འཇོའི་བ་དང་ནི། །བླ་མ་དང་ནི་ལྷ་འདྲ་བས། །དེས་ན་འདི་དག་མགུ་བར་བྱ། །ཞེས་སོ། །ཅི་དེ་གཉིས་ཡོན་ཏན་ཚད་མེད་པ་དང་ཉེས་པ་དུ་མས་ཁྱད་པར་དུ་བྱས་སོ་ཞེ་ན། དེ་ལྟ་མོད། ཡུལ་གྱི་ཡོན་ཏན་མཉམ་པར་མི་མཛོད་ཀྱི། འབྲས་བུ་ཚོགས་གཉིས་རྫོགས་པའི་རྟེན་དུ་མཚུངས་ཤིང་བྱམས་པ་ཡུལ་སེམས་ཅན་ལ་བརྟེན་ནས་སྐྱེ་བས་དེའི་ཆེ་བའོ། །གསུམ་པ་ཡོན་ཏན་གྱིས་མི་མཉམ་པར་བསྒྲུབ་པ་ནི། ཡོན་ཏན་རྒྱ་མཚོ་ཞེས་ཏེ། སྤེལ་མར་བསྟོད་པ་ལས། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་དང་། །བསམ་གཏན་ཕུན་སུམ་ཚོགས་པས་དང་། །ཤེས་རབ་ཕུན་ཚོགས་མི་འཁྲུགས་པས། །ཁྱོད་ནི་ཡོན་ཏན་མཚོ་ཆེན་ལགས། །ཞེས་པས། དེ་དང་འགལ་ཡང་མི་མཉམ་སྟེ། མི་མཚུངས་པའི་ཆོས་བརྙེས་པའི་ཕྱིར་རོ། །གཉིས་པ་སྟོན་པ་ལ་དད་པས་གུས་པར་བྱ་བ་ལ། སྟོན་པས་སེམས་ཅན་བདག་གིར་མཛད་པ་དང་། བདག་ཏུ་མཛད་པ་གཉིས་ལས། སྔ་མ་ལ་གཉིས་ཀྱི་གུས་པའི་རྒྱུ་མཚན་ལ་གསུམ་ལས། དྲིན་ལན་གླན་པ་གཞན་ཡང་ཞེས་པ། ཕན་བདེ་དང་བྱམས་པ་ཡོད་པས་གཉེན། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་འབྲས་སྟེར་བས་ཕན་མཛད་དེ། དེའི་དྲིན་ལན་སེམས་ཅན་ལ་བྱམས་པ་སྟེ། བ་ཚྭ་ཆུ་ཀླུང་གི་མདོ་ལས། སེམས་ཅན་དོན་ཉིད་ང་ལ་གུས་ཡིན་གུས་གཞན་གུས་མ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གང་ཕྱིར་ཞེས་དང་། རེ་ཞིག་ཞེས་པས། གནོད་པ་བཟོད་པར་བྱ་བ་དང་ཁེངས་པ་སྤང་བའོ། །གཉིས་པ་མ་གུས་པའི་ནོངས་པ་བཤགས་པ་ལ། དགྱེས་པ་དང་མི་དགྱེས་པའི་རྒྱུ་མཚན་བརྟག་པ། ཉེས་པ་བཟོད་པར་གསོལ་བ། བཟོད་པས་དགྱེས་པར་ཞུ་བ་གསུམ་གང་དག་ཅེས་པ་ནས་ཚིགས་བཅད་གཉིས་དང་། གཅིག་དང་། ཡང་གཅིག་གོ །གཉིས་པ་བདག་ཏུ་མཛད་པ་ནི། འགྲོ་བ་འདི་ཀུན་ཞེས་ཏེ། སོ་སོའི་སྐྱེ་བོའི་དུས་ན་མོས་པ་ལས་བྱུང་བས་ཐ་མི་དད་དུ་དགོངས། ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་ནས་རྣམ་དབྱེ་མེད་པར་མངོན་སུམ་དུ་གཟིགས་པའི་ཕྱིར་རོ། །གསུམ་པ་བཟོད་པ་རྣམས་ཀྱི་འབྲས་བུ་ཡིད་ལ་བྱ་བ་ལ། འབྲས་བུ་མདོར་བསྟན་པ། དཔེའི་སྒོ་ནས་བསྟན་པ། དཔེ་ལས་ཁྱད་པར་དུ་འཕགས་པ་གསུམ། འདི་ཉིད་ཅེས་དང་། དཔེར་ན་ཞེས་དང་། རྒྱལ་པོ་ཞེས་པས་སོ། །འཁོར་ཚེ་ཞེས་པས་གསུམ་པ་འབྲས་བུ་བསྡུས་ཏེ་བསྟན་པའི་སྒོ་ནས་རྗེས་སུ་གདམས་པའོ། །བཟོད་པའི་ལེའུ་སྟེ་དྲུག་པའོ།། ༈ །།བརྩོན་འགྲུས་བསྟན་པ་ལས། སྤྱིའི་དོན་དང་། གཞུང་གི་དོན་ནོ། །སྔ་མ་ལ་ངོ་བོ། དབྱེ་བ། འབྲས་བུ་གསུམ་ལས། དང་པོ་ནི། དགེ་བ་ལ་སྤྲོ་བ་སྟེ། བརྩོན་གང་དགེ་ལ་སྤྲོ་བ་འོ། །ཞེས་དང་། མདོ་སྡེ་རྒྱན་ལས། དགེ་ལ་ཡང་དག་སྤྲོ་བ་ཞེས་གསུངས་སོ། །དབྱེ་ན་གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་གཉིས་ཏེ། མདོ་སྡེ་རྒྱན་ལས། རྒྱལ་བའི་སྲས་རྣམས་ཀྱིས་ནི་གོ་ཆ་སྦྱོར་བའི་བདག་ཉིད་བརྩོན་འགྲུས་དཔེ་མེད་བྱས། །ཞེས་སོ། །དེ་ལྟ་ན་དེས། ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། །ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་དང་། །མ་ཞུམ་མི་འཁྲུགས་ཆོག་མི་ཤེས་བརྩོན་འགྲུས། །ཞེས་ལྔར་བཤད་པ་གང་ཞེ་ན། མ་ཞུམ་མི་འཁྲུགས་གཉིས་གོ་ཆའི། ཆོག་མི་ཤེས་སྦྱོར་བས་བསྡུས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བརྩོན་འགྲུས་གང་གིས། ཐམས་ཅད་མཁྱེན་པ་དེ་ལ་འདོད་པ་མི་འདོར་ཞིང་སེམས་ཀྱི་སྟོབས་བསྐྱེད་པ་ཡང་འཛིན་ལ་ཞེས་སྔ་མ་དང་། ཡང་འཁོར་བའི་རྗེས་སུ་ཡང་འབྲང་ཞིང་དགེ་བའི་རྩ་བ་བརྩམས་པ་ཡང་རྩོམ་པ་འདི་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གཉིས་པའོ། །དེ་ལྟར་ན་མདོ་སྡེ་རྒྱན་ལས། བྱེད་པ་པོས་དབྱེ་ན། དེ་དག་ལ་ནི་དེ་རྣམས་བདུན། །ཞེས་གསུངས་པ་ལ། སློབ་དཔོན་བློ་བརྟན་གྱིས། ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལུས་ཀྱི་བརྩོན་འགྲུས་སྒོ་ལྔའི་འཁོར་དུ་ལྔ། སེམས་དང་ཤེས་རབ་ལ་ཡིད་ཤེས་ཀྱི་འཁོར་དུ་སེམས་ཀྱི་བརྩོན་འགྲུས་གཉིས་ཞེས་པའང་། སེམས་ཀྱི་གཉིས་གོ་ཆར་འདུ་ལ། ལུས་ཀྱི་ལྔ་སྦྱོར་བར་འདུ་བས་གཉིས་ཁོ་ནའོ། །ཡང་དེར། གཞན་ཡང་ཉམས་དང་འཕེལ་བའི་བརྩོན་འགྲུས་དང་། ཞེས་པས། རྣམ་པར་འཕེལ་བའི་སྒོ་ནས་བཅུ་གཉིས་སུ་བཤད་པའང་། གཉིས་ཁོ་ནར་བསྡུས་སོ། །འབྲས་བུ་གནས་སྐབས་སུ་ཡོན་ཏན་ཐམས་ཅད་འཕེལ་བ་དང་། མཐར་ཐུག་བྱང་ཆུབ་གསུམ་འཐོབ་པ་སྟེ། ཡུམ་ལས། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། །ཡེ་ཤེས་མཐའ་ཡས་རྒྱལ་བའི་བང་མཛོད་རྙེད་པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པ་ལས། བློ་གྲོས་རྒྱ་མཚོ་བརྩོན་འགྲུས་རྩོམ་པ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཀའ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ། །ལེ་ལོ་ཅན་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ངོ་ཞེས་དང་། མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འབྱོར་པ་ཐོབ། །ཅེས་དང་། བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས། །ཞེས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། མཚམས་སྦྱར་བའི་སྒོ་ནས་བརྗོད་བྱའི་ངོ་བོ་བསྟན་པ་ནི། དེ་ལྟ་བཟོད་ཅེས་པ་སྲན་ཐུབ་པས་བརྩོན་འགྲུས་རྩོམ་ལ། དེས་བསོད་ནམས་previous hit གསུམ་ཡང་ཚོགས་གཉིས་བསྒྲུབ་པས། སྔ་མ་གཉིས་བྱང་ཆུབ་ཀྱི་བརྒྱུད ་པའི་རྒྱུར་རྗེས་འགྲོའི་སྒོ་ནས་བསྟན་པ་དེ་ལྟར་ཞེས་དང་། ཕྱི་མ་གཉིས་ཀྱིས་དངོས་ཀྱི་རྒྱུར་ལྡོག་པའི་སྒོ་ནས་བསྟན་པ་རླུང་མེད་ཅེས་པའོ། །རང་བཞིན་རྒྱས་པར་བཤད་པ་ལ་གསུམ་ལས། བརྩོན་གང་ཞེས་ངོ་བོ་བསྟན་ནས། གཉིས་པ་མི་མཐུན་པའི་ཕྱོགས་སྤངས་པ་ལ་གསུམ་ལས། མདོར་བསྟན་པ་ནི། དེའི་ཞེས་པ་སྟེ། དམན་པ་ལ་སྤྲོ་བ་བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་དང་། འབྲས་བུ་ལ་འདུན་པ་ཆད་པ་ཞུམ་ཞིང་སྒྱིད་ལུག་པའི་ལེ་ལོའོ། །སྦྱོར་བ་མེད་པའི་ལེ་ལོ་ལ་གསུམ་ལས། ལེ་ལོའི་རྒྱུ་ངོས་གཟུང་བ་ནི། སྙོམ་ལས་ཞེས་པ། སྦྱོར་བ་མེད་པའི་ལེ་ལོའི་རྒྱུ་གཉིས་དང་། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོའི་རྒྱུ་བདེ་བའི་རོ་མྱང་བ་དང་། སྒྱིད་ལུག་པའི་ལེ་ལོའི་རྒྱུ་སྲེད་པས་འཁོར་བ་ལ་མི་སྐྱོ་བའོ་ཞེས་ཇོ་བོ་བྷ་ཏན་ཏ་བཞེད་དོ་ཞེས་གྲག་གོ །དེ་སྤང་བ་ལ་གཉིས་ལས། ཚེ་འདིའི་སྡུག་བསྔལ་ལ་བརྟགས་ཏེ་བཟློག་པ་ལ་མི་རྟག་པས་ངེས་པར་ཟིན་པ། དཔེ་ལ་མཐོང་བ། རང་ལ་འབབ་པ། དུས་ལ་བསྡད་པར་མི་ནུས་པ། འཆི་བའི་ཚེ་དུས་ལས་འདའ་བ། དུས་ལ་བསྡད་པར་མི་ནུས་པ་ཉིད་རྒྱས་པར་བཤད་པ། སྡུག་བསྔལ་གྱི་རྣམ་པ་ཉིད་བཤད་པ་སྟེ་བདུན། ཉོན་མོངས་ཉ་པ་ཞེས་པ་ནས་རྩ་བ་བཞི་དང་། བཞི་དང་། བཞི་དང་། གཉིས་དང་། གཉིས་དང་། བཞི་དང་། གསུམ་གྱིས་ཏེ། འདི་ནི་མ་བྱས་ཞེས་པ་འཆི་བདག་གིས་སྤྲོན་པ་སྟེ། སློབ་མ་ལ་སྤྲིང་བར། འདི་ནི་སང་བྱ་འདི་ནི་ཐང་གཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེའི་སྐྱེས་བུ་བོ་ཐོངས་ལག་ཐོགས་པ། །མིག་རྩ་དམར་ཁྲོས་མ་རངས་གད་མོ་རེ་སྙམ་འདེབས། །ཞེས་དང་། བྱ་བ་ཟིན་ཏམ་མ་ཟིན་ཞེས། །འཆི་བདག་སྡོད་པར་མི་འགྱུར་རོ། །ཞེས་སོ། །ཚེ་ཕྱི་མའི་སྡུག་བསྔལ་ལ་བརྟགས་ཏེ་བཟློག་པ་ལ་བཞི་ལས། སྡུག་བསྔལ་འབྱུང་བར་ངེས་པ་ནི། །གཤིན་རྗེའི་ཞེས་པ་དམྱལ་སྲུང་མཐོང་བའི་ཚུལ་ཏེ། སྐྱེས་བུ་དབྱུག་པ་ཐོགས་པ་དང་། སྣང་བ་ལ་ཁྱི་སྲེ་བོ་ལ་སོགས་པ་མི་སྡུག་པ་དུ་མ་འཆར་བ་དང་། སོད་ཅིག་ལ་སོགས་པའི་སྒྲ་དུ་མ་བསྒྲག་པ་དང་། ཉའི་དཔེས་འཆི་བའི་སྡུག་བསྔལ་ཡང་མི་བཟོད་ན། དམྱལ་བའི་སྡུག་བསྔལ་ཅི་ཞིག་སྨོས་ཞེས་པས་སོ། །ཆུ་ཚན་ཞེས་པས་བརྣག་དཀའ་བ་དང་། བརྩོན་མེད་ཅེས་པས་འགལ་བ་འདུ་བ་སྟེ། རྒྱུ་སྔོན་དུ་མ་སོང་བའི་འབྲས་བུ་མི་འབྱུང་བས། སྤེལ་མར་བསྟོད་པ་ལས། དཀའ་སྤྱད་དཔག་མེད་མ་བགྱིས་པར། །གོ་འཕང་རྙེད་དཀའ་མི་འཐོབ་ཅིས། །དེ་སླད་ཉིད་ལ་མ་གཟིགས་པར། །ཁྱོད་ཀྱིས་བརྩོན་འགྲུས་སྤེལ་བ་ལགས། །ཞེས་སོ། །གཟེ་རེ་ཅན་ནི་སྲན་ཆུང་ལ་སྡུག་བསྔལ་སེལ་བ་དང་། རིང་དུ་འཚོ་བར་འདོད་ཀྱང་མི་གནས་པས་འཆི་བས་བཟུང་ཞིང་ཞེས་བྱ་ལ། ལྷ་འདྲ་བ་ནི་འདོད་པས་གདུངས་པ་དང་། མི་རྟག་པས་ཟིན་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ལུས་ཀྱི་ཁ་དོག་མི་སྡུག་གྱུར་པ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྤྲོན་བྱེད་སྔ་ལྟས་ལྔ། །ཞེས་པ་བཞིན་ནོ། །མིའི་གྲུ་ཞེས་པས་དེ་ལས་ཐར་པའི་ཐབས་ལ་བརྩོན་པར་བསྐུལ་བའོ། །གསུམ་པ་སྦྱོར་བ་བསྒྲུབ་པ་ནི་གྲུ་འདི་ཞེས་པའོ། །གསུམ་པ་བྱ་བ་ངན་པ་ལ་དགའ་བའི་ལེ་ལོ་སྤང་བ་ནི། དགའ་བའི་རྒྱུ་ནི་ཞེས་པ། ཀུན་སློང་གིས་མཐའ་ཡས་མོད། ཆོས་ལས་བྱུང་བའི་བདེ་བ་ཉིད་མཆོག་གོ །གསུམ་པ་བརྩོན་འགྲུས་སྤེལ་བ་ལ་གཉིས་ལས། མདོར་བསྟན་པ་ནི། སྒྱིད་ལུག་མེད་ཅེས་ཏེ། དེའང་བྱ་བ་ཁྱད་པར་ཅན་ལ་སེམས་མ་ཞུམ་པའོ། །དཔུང་ཚོགས་ནི་བཞི་སྟེ། སྦྱོར་བ་མོས་པ། དངོས་གཞི་བརྟན་པ་དང་དགའ་བ། རྗེས་དོར་བའི་དཔུང་ངོ་། །དེའང་གཉེན་པོའི་དཔུང་བསྐྱེད་པ། སྤང་བྱ་གཞོམ་པའི་བྱ་བ་ལྷུར་བླང་བ། །བདག་དབང་དུ་བྱས་པས་སེམས་ལས་སུ་རུང་བ་ནི་འབྲས་བུ་སྟེ། རྒྱལ་པོས་གཞན་གྱི་གྲོང་འཇོམས་པ་ལ། དང་པོ་དཔུང་བསྡུ་བ། དེ་ནས་གཡུལ་འགྱེད་པ། དེས་དེ་དག་དབང་དུ་བྱེད་པ་འདུས་ནས་དཔྱ་ལ་སོགས་པ་སྡུད་པ་བཞིན་དུ། སྤྲོ་བ་དང་ལྡན་པས་སྒྱིད་ལུག་པ་སྤང་པ། དེས་དཔུང་ཚོགས་བཞི་གསོག་པ། གཉེན་པོའི་སྲིད་ལྷུར་བླང་བ། དེས་སྒོ་གསུམ་གཉེན་པོའི་དབང་དུ་བསྡུ་བའོ། །བདག་དང་ཞེས་རྩ་བ་གཉིས་ནི་ལེའུ་བརྒྱད་པའི་མདོར་བསྟན་ཏེ། དཔུང་ཚོགས་བཞིའི་རྒྱུ་ལས་འབྲས་བུ་བདག་གཞན་མཉམ་པ་དང་། བརྗེ་བའི་སེམས་འབྱུང་བས་སོ་ཞེས་འགྲེལ་ཆེན་ལས་སོ། །རྒྱས་པར་བཤད་པ་ལ་བཞི་ལས། སྒྱིད་ལུག་པ་སྤང་བ་ལ་གཉིས་ལས། རྒྱུ་ནུས་པ་མེད་པས་སྒྱིད་ལུག་པ་སྤང་པ་ནི། བདག་གིས་ཞེས་ཏེ། བྱང་ཆུབ་ཀྱི་རྒྱུ་ཁམས་རང་བཞིན་རྣམ་དག་ཡོད་པ་སྟེ། མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱས་པ་དང་། །ཞེས་པ་དང་། ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །དེ་གཉིས་ཀྱང་རྐྱེན་གྱིས་མ་བསྒྲུབས་པ་དང་བསྒྲུབས་པའོ། །རིགས་ཆད་ཅེས་ནི་མི་བརྗོད་དེ། ལུང་རིགས་དང་འགལ་བས་སོ། །དེ་བས་ན་དཀོན་མཆོག་སྤྲིན་ལས། འདི་དག་ནི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མི་འགྱུར་བས་ནི་བྱང་ཆུབ་ཐོབ་དཀའ་ལ། བརྩོན་འགྲུས་འདི་ཆུང་ཞིང་ཞན་ཏེ། བདག་ནི་ལེ་ལོ་ཅན་ནོ། །བྱང་ཆུབ་ནི་མགོ་ལ་མེ་འབར་བ་ཙམ་དུ་བསྐལ་པ་བརྒྱ་ཕྲག་མང་པོ་བསྒྲུབ་དགོས་པས་བདག་ནི་འདི་ལྟ་བུའི་ཁུར་བསྐུར་བར་མི་སྤྲོའོ་སྙམ་དུ་སེམས་མི་བསྐྱེད་དེ་ཞེས་བྱ་བ་ལ་སོགས་པ་དང་། མདོ་སྡེ་རྒྱན་ལས་ཀྱང་། གང་ཕྱིར་སེམས་ཅན་མིར་གྱུར་པ། །ཚད་མེད་སྐད་ཅིག་རེ་རེ་ལ། །རྫོགས་པའི་བྱང་ཆུབ་ཐོབ་དེའི་ཕྱིར། །ཞུམ་པ་དང་དུ་བླང་མི་བྱ། །ཞེས་དང་། རྒྱུད་བླ་མར་ཡང་ཤིན་ཏུ་གསལ་བར་བསྟན་ཏེ། སྲོག་ཆགས་ཕྲ་མོའི་བརྩོན་པ་བྱང་ཆུབ་ཀྱི་རྒྱུར་སོང་བ་རྒྱལ་པོ་ཀྲི་ཀྲིའི་བུ་མོ་བདུན་གྱི་རྟོགས་པ་བརྗོད་པ་བཞིན་ནོ། །གཉིས་པ་རྐྱེན་བསྒྲུབ་དཀའ་བས་སྒྱིད་ལུག་པའི་གཉེན་པོ་ཡིད་ལ་བྱ་བ་ལ་གསུམ་གྱི། དང་པོ་སྡུག་བསྔལ་དོན་ཆེ་བའི་ཕྱིར་བྱ་དཀའ་བས་འཇིགས་པ་སྤང་བ་ལ་བཞི་ལས། མི་བཟོད་པའི་རྒྱུ་ངོས་གཟུང་བ་དང་། ལྕི་ཡང་གི་རང་བཞིན་བརྟག་པ་གཉིས། འོན་ཏེ་ཞེས་དང་། ལྕི་དང་ཞེས་པའོ། །དཔེ་དོན་གྱི་དངོས་པོ་དགོད་པ་ནི། བདག་གིས་ཞེས་པས་གསོ་དཔྱད་མཆོག་འདི་ཕལ་པའི་སྨན་པ་དྲང་སྲོང་བརྒྱུད་པ་ལས་བྱུང་སྟེ། འདིས་ཉོན་མོངས་པའི་རིམས་ནད་མ་ལུས་པ་ཞི་བར་བྱེད་པས་སོ། །ལམ་གོམས་པའི་ཚུལ་གྱིས་སྦྱངས་པ་ནི་ཚོད་མ་ཞེས་པའོ། །གཉིས་པ་དུས་ཡུན་རིང་བས་སྐྱོ་བ་སྤང་བ་ནི་གང་ཚེ་ཞེས་རྩ་བ་བཞིའོ། །གསུམ་པ་བདེ་བ་ཉིད་ཡིན་པ་ལ་གསུམ་ལས། བྱེད་པ་ཁྱད་པར་དུ་འཕགས་པས་བསྔགས་པ་ནི། སྡིག་པ་སྤངས་པས་ཞེས་པ་ལུས་ལ་སྡུག་བསྔལ་དང་། སེམས་ལ་མི་དགའ་བ་མེད་དོ། དེ་གཉིས་ཀྱི་རྒྱུ་སྤངས་པས་སོ། །བདེ་བའི་གཞིར་གྲུབ་པ་དང་། སྒྱིད་ལུག་པ་སྤངས་པར་གདམས་པ་ནི། བསོད་ནམས་ཞེས་རྩ་བ་བརྒྱད་དང་། དེ་བས་ཞེས་བཞི་སྟེ། མཁས་པ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དང་། གཞན་དོན་སྙིང་རྗེ་མངའ་བ་སྟེ། རིན་ཆེན་ཕྲེང་བ་ལས། དེ་ནི་སྙིང་རྗེ་ཁོ་ན་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་གསུངས་སོ། །གཉིས་པ་དཔུང་ཚོགས་བསྐྱེད་པ་ལ་གཉིས་ལས། མདོར་བསྟན་པ་ནི། སེམས་ཅན་དོན་ཞེས་ཆེད་དུ་བྱ་བའོ། །ངོ་བོའི་སྒོ་ནས་མོས་པ་ལ་སོགས་པ་བཞིའོ། །འབྲས་བུའི་སྒོ་ནས་མོས་པས་ཞེས་ཏེ། དེའང་མོས་པ་ནི་བསམ་པའི་གོ་ཆ་མི་ཕྱེད་པས་འཇུག་པ་སྟེ། སྡུག་བསྔལ་རྒྱུ་དང་བཅས་པ་སྤང་བྱ་དང་། བདེ་བ་རྒྱུ་དང་བཅས་པ་བསྒྲུབ་བྱར་མོས་པའོ། །སྦྱོར་བ་ངན་པས་མི་འཕྲོག་པས་བརྟན་པ། དེ་ཉིད་གོང་ནས་གོང་དུ་སྤེལ་བའི་ཕྱིར་སྤྲོ་བ་ནི་དགའ་བ། དེ་ལས་རྩོལ་བ་ཅུང་ཟད་གློད་དེ་དུབ་པ་སེལ་བ་ནི་དོར་བའོ། །དེས་ན་དེའི་མི་མཐུན་ཕྱོགས་གཉིས་སྤངས་ཏེ། མོས་པ་ལ་སོགས་པ་བརྩོན་འགྲུས་སྤེལ་བའི་སྟོབས་དྲུག་ལས། ང་རྒྱལ་ནི་བརྟན་པ་ཡིན་ལ། ཉེས་སྤྱོད་སྤོང་བ་ལ་གཙོར་བྱེད་པ་ལྷུར་ལེན་པ་དང་། ལུས་སེམས་གཉེན་པོས་ལས་སུ་རུང་བར་བྱ་བ་ནི་དབང་སྒྱུར་བའོ། །རྒྱས་པར་བཤད་པ་ལ་བཞི་སྟེ། བྱ་བ་ཁྱད་པར་ཅན་ལ་བསམ་པ་མི་ཕྱེད་པ་མོས་པ་དང་། སྦྱོར་བ་གཞན་དུ་མི་འགྱུར་བས་བརྟན་པ་དང་། དེ་ཉིད་ཁྱད་པར་དུ་འགྲོ་བར་འདུན་པ་དགའ་བ་དང་། རྩོལ་བས་མི་སུན་པའི་ཐབས་དོར་བའོ། །དང་པོ་ལ་བཞིའི། སྔར་མོས་པ་མ་བྱས་པ་ལ་འགྱོད་པ་སྐྱེད་པ་ལ་གསུམ་ལས། ཉེས་པ་དོར་བ་ནི་བདག་དང་ཞེས། སྤྱིར་ཉེས་སྤྱོད་སྤང་བྱ་ཡིན་པས་དང་། དེ་རང་ཡུལ་དུ་མི་འགྲོ་བས་རྒྱལ་བས་སྤང་བྱ་རེ་རེའི་གཉེན་པོར་ཡང་བསྐལ་པ་དུ་མར་བརྩོན་པར་མཛད་པ་དང་། བདག་བརྩོན་པ་ཞན་པ་སྤང་བྱ་མང་བ་རྣམས་རྩ་བ་གཉིས་གཉིས་སོ། །ཡོན་ཏན་བསྒྲུབ་པ་ནི། བདག་དང་ཞེས་ཏེ། སྤྱིར་དེ་བསྒྲུབ་བྱ་ཡིན་པ། སྔོན་སྟོན་པས་བརྩོན་པ་དུ་མར་མཛད་པ། བདག་རྩོམ་པ་ཞན་པ་གསུམ་རྩ་བ་གཉིས་གཉིས་དང་བཞི་ཡིས་སོ། །བྱས་པའི་རྣམ་གྲངས་ལ་བརྟག་པ་ནི་བདག་གིས་ཞེས་བྱ་བའི་རྣམ་གྲངས་མ་བསྒྲུབས་པའི་ཉེས་པ་སྟེ། སངས་རྒྱས། དེའི་སྲས། བསྟན་པ་སྟེ་ཡོན་ཏན་གྱི་ཞིང་གསུམ་རྩ་བ་རེ་རེ་དང་། དབུལ་པོ། འཇིགས་པ། ཉམ་ཐག་པ་སྟེ་སྡུག་བསྔལ་བའི་ཞིང་གསུམ་དབུལ་པོའི་ཞེས་རྩ་བ་རེ་རེ་སྟེ། བཀུར་སྟི། རྙེད་པ། བསྒྲུབ་པའི་བྱ་བ་མ་བྱས་ཤིང་། ཕྱི་མ་གསུམ་ལ་ཟང་ཟིང་དང་། མི་འཇིགས་པ་དང་། བྱམས་པས་བྱ་བ་མ་བྱས་པས་ཉེས་པ་མ་སྤངས་ཤིང་ཡོན་ཏན་མ་བསྒྲུབས་པས་ན་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་བསྐྱེད་པས་ད་གཟོད་བྱ་བ་དེ་དག་ལ་བརྩོན་པར་བྱ་ཞེས་པའོ། །མོས་པ་བསྐྱེད་པར་རིགས་པ། བདག་ནི་ཞེས་པ། རྒྱུ་དགེ་བ་ལ་མོས་པ་མེད་པས་འབྲས་བུ་ཐར་པའི་བདེ་བས་ཕོངས་པ་དང་། དགེ་བ་ཐམས་ཅད་ཀྱི་རྩ་བ་མོས་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་བསམ་པ་ཕུན་སུམ་ཚོགས་པ་ནི་ཆོས་རྣམས་ཀྱི་ཆ་སྟེ། གང་ལ་བསམ་པ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལ་སོགས་སོ་ཞེས་དང་། ཡང་ལྷག་པའི་བསམ་པ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ལ་དེས་པའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའོ། །འཕགས་པ་རྣམས་ལ་ཕན་པར་སེམས་པའོ། །འཕགས་པ་མ་ཡིན་པ་རྣམས་ལ་སྙིང་རྗེའོ། །བླ་མ་ལ་རིམ་གྲོ་བྱེད་པའོ་ཞེས་གསུངས་སོ། །གསུམ་པ་ཇི་ལྟར་བསྐྱེད་པའི་ཐབས་ལ་བཞི་ལས། ལས་འབྲས་སྤྱིར་བསམ་པ་ནི་དེའི་ཞེས་པས་སོ། །འདྲེན་མའི་ནི་སྡུག་བསྔལ་ཞེས་ཏེ། ཉེས་སྤྱོད་ཀྱི་མཐོང་བའི་འབྲས་བུ་དང་། དགེ་བའི་སེམས་པ་མཐུ་ཆེ་བ་དང་། དོན་སྔ་མའི་རྒྱུ་མཚན་གསུམ་ཚིགས་སུ་བཅད་པ་རེ་རེས་སོ། །གསུམ་པ་གཅིག་ཏུ་དཀར་བའི་ལས་ནི། རྒྱ་ཆེན་དྲི་བཟང་ཞེས་པ་ལ། སྐྱེ་གནས་ཉེ་བར་སྟོན་པ་སྐྱེ་བའི་ཡུལ་གྱི་ཁྱད་པར་རྣམས་རྩ་བ་རེ་རེ་ཡིས་སོ། །བཞི་པ་གཅིག་ཏུ་གནག་པའི་ལས་འབྲས་ནི་གཤིན་རྗེའི་ཞེས་ཏེ། འདིར་ལུས་ཀྱི་ཁྱད་པར་དང་། ནང་དང་ཕྱིའི་སྟེ་ལོངས་སྤྱོད་ཀྱི་ཁྱད་པར་གཉིས་དང་། གནས་ཀྱི་ཁྱད་པར་རྣམས་རྩ་བ་རེ་རེས་སོ། །དེ་བས་ཞེས་པས་མཇུག་བསྡུ་བའོ། །བརྟན་པའི་དཔུང་ལ་གཉིས་ལས། བརྩོམ་པ་བརྟན་པ་ལ་གསུམ་གྱི། མི་ལྡོག་པའི་ཐབས་ནི། རྡོ་རྗེ་རྒྱལ་མཚན་ཞེས་ཏེ། དེའི་ཡོངས་སུ་བསྔོ་བ་དྲུག་པ་ལས། དཔེར་ན་ལྷའི་བུ་ཉི་མ་འཆར་བྱེད་ནི། དམུས་ལོང་དང་། དྲི་ཟའི་གྲོང་ཁྱེར་དང་། རྡུལ་དང་། སྒྲ་གཅན་དང་། དུ་བ་དང་། ཁུག་སྣ་ལ་སོགས་པ་ལ་གྲིབ་མ་ཐ་དད་པ་དང་། རི་མི་མཉམ་པ་ལ་སོགས་པའི་ཉེས་པས་མི་ལྡོག་པར་འོས་སུ་གྱུར་པའི་ཡུལ་སྣང་བར་བྱེད་པ་ལྟར། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་སྤྱོད་པ་ལའང་མི་སྲུན་པ་དམུ་རྒོད་ལ་སོགས་པའི་ཉེས་སྤྱོད་སྣ་ཚོགས་ཀྱི་གཉེན་པོ་ལམ་གྱི་གེགས་སུ་མི་འགྱུར་བར་འོས་སུ་གྱུར་པ་རྣམས་འདུན་པ་དང་། སྨིན་པ་དང་། རྣམ་པར་གྲོལ་བས་དེ་དག་གི་དོན་བྱེད་པའོ། །བརྩམ་པའི་ཐབས་ནི། དང་པོར་ཞེས་རང་གི་ནུས་པ་ལ་བརྟག་སྟེ། བརྩམས་ནས་ལྡོག་པ་སྨད་པས། སློབ་དཔོན་ཉིད་ཀྱིས། བྱང་ཆུབ་སེམས་དཔའི་ལྟུང་བ་གཉིས་ཏེ། ཅི་ནུས་པར་རིགས་པ་དང་། མི་རིགས་པ་མ་བརྟགས་པར་རྩོམ་པའམ། ལྡོག་པའམ། བཏང་སྙོམས་སུ་འཇོག་པ་ནི་ལྟུང་བ་དང་བཅས་པ་ཡིན་ནོ། །གལ་ཏེ་གང་འོས་པ་ལས་འདའ་བར་བྱེད་ན་ཐ་ན་གདོལ་པའི་བྲན་གྱིས་དཔྱད་ན་ལྟུང་བ་དང་བཅས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟར་མ་བྱས་པའི་ཉེས་པ་ནི། སྐྱེ་བ་གཞན་དུ་ཞེས་པ་རྒྱུ་མཐུན་པའི་འབྲས་བུ། ཚེ་འདིར་སྡིག་འཕེལ་བ་སྐྱེས་བུ་བྱེད་པ། སྐྱེ་བ་གཞན་དུ་སྡུག་བསྔལ་འཕེལ་བ་རྣམས་སྨིན་གྱི་འབྲས་བུ། གཞན་དེ་ལ་བརྟེན་པའི་དགེ་བ་དམན་པར་འགྱུར་བ་དུས་མཉམ་པའི་བདག་པོའི་འབྲས་བུ། བདེ་བའི་འབྲས་བུ་ཕྱིར་ནུར་བ་ཕྱི་མའི་བདག་པོའི་འབྲས་བུའོ། །དེའང་མི་འགྲུབ་པ་ནི་ཉོན་མོངས་པའི་མཐོང་བའི་རྒྱུ་མཐུན་པའི་འབྲས་བུའོ། །གཞན་དམན་པ་དང་། འབྲས་བུ་དམན་པ་ནི་འཇུག་པའི་གེགས་བྱས་པ་དང་། དེ་ཉིད་ཀྱི་འབྲས་བུ་མི་འཐོབ་སྟེ། མ་ཐོབ་པ་དང་། ཐོབ་པ་ལས་ཉམས་པའོ། །ཞུགས་པ་བརྟན་པ་ལ་གཉིས་ལས། མདོར་བསྟན་པ་ནི་ལས་དེ་ཞེས་རྩ་བ་གཉིས་ཏེ། ཉེས་པ་སྤངས་ཞིང་ཡོན་ཏན་བསྒྲུབ་པའི་ལས་འདི་བདག་ཁོ་ནས་བྱའོ་སྙམ་པ་ལས་ཀྱི་ང་རྒྱལ། ཉོན་མོངས་པ་ཇི་སྙེད་ཐམས་ཅད་བདག་གིས་སྤང་སྙམ་པ་ཉོན་མོངས་པའི་ང་རྒྱལ། དེ་ལྟར་དེ་དག་བདག་གིས་ཅི་སྟེ་མི་ནུས་སྙམ་པ་ནུས་པའི་ང་རྒྱལ་བསམ་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་ལས། དང་པོ་ལས་ཀྱི་ང་རྒྱལ་ལ། བསྟན། བཤད། བསྡུ་བ་གསུམ། རྩ་བ་གཉིས་དང་། བཞི་དང་བཞི་ཡིས་སོ། །གཉིས་པ་ནུས་པའི་ང་རྒྱལ་ལ་གཉིས་ལས། བསྟེན་པར་རིགས་པ་ལ་ལྔ་ལས། ང་རྒྱལ་མེད་པའི་ཉེས་པ་དཔེས་བསྟན་པ་དང་། ཉེས་པ་དེ་འབྱུང་བའི་རྒྱུ་གཉིས་ཤི་བའི་སྦྲུལ་ཞེས་དང་། ཞུམ་བྱས་ཞེས་སོ། །ང་རྒྱལ་དེའི་ཆེ་བ་ནི། ང་རྒྱལ་ཞེས་པ་གཉེན་པོ་ལ་སྤྲོ་བ་དང་སྦྱོར་བ་དྲག་ན་ནུས་པའི་ང་རྒྱལ་ཏེ། ཉེས་སྤྱོད་ཀྱིས་མི་བརྫི་བའོ། །དེ་བསྟེན་པར་འབད་པ་དང་། མ་འབད་ན་དམ་བཅའ་བ་ཉམས་པ་གཉིས། དེ་བས་ཞེས་དང་། བདག་ནི་ཞེས་པའོ། །གཉིས་པ་བསྟེན་པའི་ཐབས་ལ་གསུམ་ལས། གཉེན་པོའི་ང་རྒྱལ་གྱི་རང་བཞིན་ནི། བདག་གིས་ཞེས་པ། གཉེན་པོ་སྟོབས་ལྡན་བསྟེན་པའོ། །ཉོན་མོངས་པའི་ང་རྒྱལ་དོན་མེད་པ་ནི། འགྲོ་གང་ང་རྒྱལ་གྱིས་བཅོམ་ཞེས་པ། སྔར་ང་རྒྱལ་སྤང་བྱར་བཤད་པ་ཞེ་ན། དེ་ལྟ་མོད། ང་རྒྱལ་འདིས་སྤང་བྱ་སྤོང་པས་ན་གཉེན་པོ་ཉིད་ལ་དེ་སྐད་ཅེས་བྱ་ལ། སྔ་མ་སྤང་བྱའི་ཡིན་པས་དེ་ལ་འདིའི་དོན་མི་གནས་སོ། །དེས་ན་གཉེན་པོའི་ང་རྒྱལ་ཡོད་ན་སྤང་བྱའི་དགྲས་མི་བརྫི་ལ། སྔ་མ་ནི་བཟློག་པ་སྟེ། དེ་དག་ཅེས་པའོ། །ཉོན་མོངས་ཞེས་ཏེ་འདི་སྡུག་བསྔལ་གྱི་རྟེན་བྱེད་པས། ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། རྨོངས་པ་དེ་དག་ང་རྒྱལ་དབང་གིས་ནི། །ངན་སོང་དང་ནི་མི་ཁོམ་སྐྱེ་བ་དང་། །དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང་། །དམུས་ལོང་མདོག་ངན་མཐུ་ཆུང་ཉིད་འཛིན་བྱེད། །ཅེས་སོ། །གཉེན་པོའི་ང་རྒྱལ་གྱིས་སྤྲོ་བ་བསྐྱེད་པ་ནི། གང་ཞིག་ང་རྒྱལ་ཞེས་པ་སྟེ། །གཉེན་པོའི་ང་རྒྱལ་ཡིན་པས་ང་རྒྱལ་ཅན་བདེ་ལེགས་རྒྱས་པར་བྱེད་པས་རྣམ་རྒྱལ། དགྲ་བོ་བཅོམ་པས་དཔའ་བོ། གཞན་དོན་བསྒྲུབ་པས་འགྲོ་ལ་ཡིད་སྦྱིན། རྒྱལ་བའི་འབྲས་བུ་ནི་སངས་རྒྱས་སྟེར་བའོ། །ཉོན་མོངས་པའི་ང་རྒྱལ་ལ། ཉོན་མོངས་པ་ཉེ་ན་གཉེན་པོ་སྟོབས་བསྐྱེད་པ། ཉོན་མོངས་པས་མ་གོས་པ་ཉིད་དུ་ལྷུར་བྱ་བ། དེ་ཉིད་བཤད་པ་གསུམ། ཉོན་མོངས་ཞེས་དང་། ཉམ་ང་ཞེས་དང་། དེ་བཞིན་ཞེས་པ་སྟེ། སྲོག་འདོར་བ་ལ་མི་འཇིགས་པ་སྟེར་བ་ནི་མིག་བསྲུང་བའོ། །དགའ་བའི་དཔུང་ལས། ལས་ཀྱི་ངོ་བོ་ལ་དགའ་བར་བྱ་བ་རྩེད་མོའི་ཞེས་ཏེ། གཞན་དོན་ལ་བསྐུལ་བའོ། །དེས་མི་ངོམས་པར་བྱ་བ་སྤུ་གྲི་ཞེས་ཏེ། མནོག་ཆུང་ལ་ཉེས་པ་ཆེ་བའི་དཔེའོ། །དེ་ལ་འཇུག་པའི་ཚུལ་ནི། དེ་ལྟས་ཞེས་པའོ། །དོར་བའི་དཔུང་ལ། རེ་ཞིག་དང་། གཏན་དུ་དོར་བ་གཉིས། སྟོབས་ཉམས་ཞེས་དང་། ལེགས་པར་ཞེས་ཏེ། གཉིས་ཀ་ལ་གནས་སྐབས། དགོས་པ། དོར་བའི་ཚུལ་གསུམ་གསུམ་སྟེ། དཀོན་མཆོག་སྤྲིན་ལས། འདི་ལ་བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཐམས་ཅད་དུ་བརྩོན་འགྲུས་རྩོམ་ན་ཅི་ནས་ལུས་སྐྱོ་བར་མི་འགྱུར་བ་དང་། སེམས་སྐྱོ་བར་མི་འགྱུར་བ་དེ་ལྟར་རྩོམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་ལྷག་པའི་བརྩོན་འགྲུས་ཞེས་བྱའོ་ཞེས་གསུངས་སོ། །གསུམ་པ་ལྷུར་བླང་བ་ལ་གསུམ་ལས། གཉེན་པོ་ལྷུར་བླང་བ་ལ། བག་ཡོད་པ་དང་། དྲན་པ་དང་། ཤེས་བཞིན་བསྲུང་བ་གཉིས་འཐབ་རྙིང་ཞེས་དང་། གཡུལ་དུ་ཞེས་སོ། །གཉིས་པ་ཉེས་པ་སྤང་བའི་ཚུལ་ལྷུར་བླང་བ་ལ་གཉིས་ལས། མི་དགེ་བའི་སྐབས་མི་དབྱེ་བ། ཇི་ལྟར་ཞེས་ཏེ། མདེའུ་དུག་ཅན་གྱིས་བསྣུན་པ་ལྟ་བུ་སྒོ་གསུམ་གྱི་ཉེས་སྤྱོད་དོ། །ཡུངས་མར་གྱི་དཔེས་དྲན་པ་དང་ཤེས་བཞིན་བསྐྱང་ཚུལ་ཏེ། འཕགས་པ་ཀ་ཏྱཱ་ནས་རྒྱལ་པོ་དཔའ་སྦྱིན་ལ་བསྟན་པ་བཞིན་ནོ། །གཉིས་པ་བྱུང་བ་བཟློག་པ་ནི། དེ་བས་ཞེས་ཉེས་སྤྱོད་ཀྱི་གཉེན་པོར་བཤེས་གཉེན་བསྟེན་པ་དང་། ཤེས་རབ་གསུམ་སྦྱང་བའོ། །བཞི་པ་བདག་དབང་དུ་བྱ་བར་གདམས་པ་ནི། ཅི་ནས་ཞེས་པ། སྒོ་གསུམ་ལས་སུ་རུང་བར་བྱ་བའོ། །ཇི་ལྟར་ཞེས་པས་གསུམ་པ་རྗེས་སུ་གདམས་པའོ། །ལེའུ་བདུན་པའོ།། ༈ །།བསམ་གཏན་ལ་གཉིས་ཏེ། སྤྱིའི་དོན་དང་། གཞུང་གི་དོན་ཏོ། །དང་པོ་ལ་ངོ་བོ། དབྱེ་བ། འབྲས་བུ་གསུམ་ལས། སྔ་མ་ནི་ཞི་གནས་ལ་སེམས་རྩེ་གཅིག་ཏུ་གནས་པ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་གཅིག་ཏུ་ཞི་གནས་བསྒོམ་པ་ལགས། གང་གི་ཚེ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་བར་ཆད་མེད་པའི་ལམ་ཡིད་ལ་བྱེད་པའོ་ཞེས་དང་། འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་ལས། རྩེ་གཅིག་པ། མི་འཕྲོ་བ། རྣམ་པར་མི་འཕྲོ་བ། ཞི་གནས་ལ་རྩེ་གཅིག་པ། གཡོ་བ་མེད་པ་འདི་ནི་སེམས་གནས་པའོ་ཞེས་དང་། མདོ་སྡེ་རྒྱན་ལས། སེམས་ནི་ནང་དུ་གནས་པ་དང་། །ཞེས་སོ། །དབྱེ་ན་ཟག་པ་དང་བཅས་པ་འཇིག་རྟེན་པའི་དང་། ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་བསམ་གཏན་ཏེ། བཅོམ་ལྡན་འདས་བྱམས་པས། གསུམ་གྱི་བསམ་གཏན་བདེ་བ་ཆུང་། །བདག་བདེ་ཞེས་པ་ཡོངས་ཉམས་འགྱུར། །ཟད་འགྱུར་རྨོངས་དང་བཅས་པར་འདོད། །བྱང་ཆུབ་སེམས་དཔའི་བཟློག་པ་འོ། །ཞེས་སོ། །དེ་ཉིད་ལས་དེ་དག་ལ་ཡོད་དེ་རྣམ་གསུམ་ཞེས་བཤད་ཅེ་ན། དེ་ཟག་བཅས་ཀྱི་དབྱེ་བ་སྟེ། ཡན་ལག་གིས་དབྱེ་ན། བསམ་གཏན་དང་པོའི་དངོས་གཞི་རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ། དངོས་གཞི་ཁྱད་པར་ཅན་རྟོག་པ་མེད་ལ་དཔྱོད་པ་ཙམ། གཉིས་པ་ཡན་ཆད་རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་པའོ། །ཡོན་ཏན་གྱིས་དབྱེ་ན། བསམ་གཏན་དང་པོ་དང་གཉིས་པ་ལ་དགའ་བ་དང་ལྡན། གསུམ་པ་ལ་བསམ་པ་དང་ལྡན། བཞི་པ་ཚོར་བ་བཏང་སྙོམས་དང་ལྡན་ནོ། །བྱེད་པས་དབྱེ་ན། བདེ་བར་གནས་པ་དང་། ཡོན་ཏན་བསྒྲུབ་པ་དང་། སེམས་ཅན་དོན་བྱེད་པའི་བསམ་གཏན་ཞེས་ཟེར་ཏེ། ཐམས་ཅད་ཀྱང་སྔ་མ་གཉིས་ཁོ་ནར་འདུའོ། །འབྲས་བུ་ནི། སྤང་བྱ་འདོད་ཡོན་ལ་ཞེན་པ་སྤོང་། ཐོབ་བྱ་མངོན་པར་ཤེས་པའི་གནས་ལ་དབང་བ་སྟེ། སྡུད་པར། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པ་འདོར། རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་བསྒྲུབ། །ཞེས་དང་། དགོངས་པ་ངེས་པར་འགྲེལ་པ་ལས། །བཅོམ་ལྡན་འདས་དེ་དག་གི་འབྲས་བུ་གང་ལགས་པར་བརྗོད་པར་བགྱི། བྱམས་པ་སེམས་རྣམ་པར་དག་པ་ནི་འབྲས་བུ་ཡིན་ནོ། །ཤེས་རབ་རྣམ་པར་དག་པ་ནི་འབྲས་བུ་ཡིན་ནོ་ཞེས་དང་། མདོ་སྡེ་ལས། བདེ་བ་བསྐྱེད་པར་བྱེད་པ་དང་། །མངོན་ཤེས་གནས་ལ་དབང་བསྒྱུར་བ། །ཞེས་དང་། སྤང་བྱ་སྤོང་བའི་དབང་དུ་བྱས་ནས་སློབ་དཔོན་ཉིད་ཀྱིས། མཉམ་པར་གཞག་པའི་འབྲས་བུ་ནི་ཉོན་མོངས་པ་སྦྱོང་བ་མ་གཏོགས་པ་ཅི་ཡང་མེད་པས་ཞེས་སོ། །གཉིས་པ་གཞུང་གི་དོན་ལ་གསུམ་ལས། མཚམས་སྦྱར་བ་ནི། དེ་ལྟར་ཞེས་པས་སེམས་འདུལ་བས་གཡེང་བ་སྤང་བ་སྟེ། སློབ་དཔོན་ཉིད་ཀྱིས། རྣམ་པར་གཡེང་བ་ཞི་བར་བྱ་བ་ལ་མི་བརྩོན་པས་སེམས་མཉམ་པར་འཇོག་པར་མི་འགྱུར་བས་ཞེས་གསུངས་པས། ཡུལ་རྐྱེན་གྱི་ཉེས་པ་བཟློག་པའི་ཕྱིར་རོ། །དོན་དངོས་ལ་གསུམ་སྟེ། ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་སྤང་བ། དབེན་པའི་ཡོན་ཏན་བསྒོམ་པ། དམིགས་པ་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ་ལས། མདོར་བསྟན་པ་ལ་འཇིག་རྟེན་དང་རྣམ་རྟོག་དོར་བ། དེ་གཉིས་མི་སྤོང་བའི་རྒྱུ་བཤད་པ། ཟུང་དུ་འཇུག་པས་ཉོན་མོངས་སྤོང་བ་གསུམ། དེ་བས་ཞེས་རྩ་བ་གཉིས་དང་། བཞི་དང་། བཞི་ཡིས་བསྟན་ལ། ཐ་མའི་རྩ་བ་བཞི་ཡིས་ལམ་གྱི་ངོ་བོ། བྱེད་པ། གོ་རིམ། རྒྱུ་བཤད་མོད། དོན་འདི་ག་ཡོ་གའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་གཉིས་ཏེ། བྱང་ཆུབ་སེམས་དཔའ་དག་ལམ་འདི་གཉིས་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ་ཞེས་དང་། ཡུམ་ལས། དེ་སེམས་ཅན་དེ་དག་གི་དོན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་སེམས་གཡེང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་དེ་ལྟར་དེ་འདི་སྙམ་དུ་སེམས་གཡེང་བ་ལ་ནི་འཇིག་རྟེན་པའི་བསམ་གཏན་ཡང་སྐྱེ་བ་དཀོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས། དེ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་ཞེས་དང་། མདོ་སྡེ་རྒྱན་ལས། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང་། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །བརྟེན་པའི་གཞི་གནས་ལྷག་མཐོང་ཡིན། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་ལ་ཡང་ནི་ཤེས་རབ་མེད། །ཅེས་བཤད་དོ། །དེས་ན་ཞི་གནས་ཀྱི་སེམས་ལས་སུ་རུང་བར་བྱས་པས་ལྷག་མཐོང་བདག་མེད་གཉིས་རྟོགས་པ་དང་། འཕགས་པ་སློབ་པའི་ལམ་གྱི་ཡོན་ཏན་གྱི་ཆོས་རྣམས་འཐོབ་པ་དང་། མཐར་ཐུག་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་འགྲུབ་པའོ། །རྒྱས་པར་བཤད་པ་ལ་གཉིས་ལས། འཇིག་རྟེན་དོར་བ་ལ་གསུམ། སེམས་ཅན་ལ་མ་ཆགས་པར་བསྒྲུབ་པ། རྙེད་སོགས་ལ་མ་ཆགས་པར་བསྒྲུབ་པ། ཞེན་པའི་ཡུལ་གཞན་སྤང་བའོ། །དང་པོ་ལ་གཉིས་ཀྱི་ཡུལ་ཅན་ཆགས་པའི་ཉེས་པ་ལྔ་འདོད་པ་དང་མི་འཕྲད་པ། མ་མཐོང་ན་གདུང་བ་སྐྱེ་བ། ཆོག་མི་ཤེས་པ། ཐར་པ་སྒྲིབ་པ། དལ་འབྱོར་ཆུད་གསོན་པ་རྣམས་མི་རྟག་ཅེས་པ་ནས་རྩ་བ་བཞི་དང་། གཉིས་དང་། གཉིས་དང་། བཞི་དང་། གཉིས་ཀྱིས་བསྟན་ཏོ། །གཉིས་པ་ཆགས་བྱ་ཡུལ་གྱི་ཉེས་པ་ལ་དོན་བརྒྱད། རྟག་པ་མེད་པའི་ཞེས་པ་ནས་ཚིགས་བཅད་ཕྱེད་དང་དགུ་ལས། དགེ་བའི་འབྲས་བུ་གཞན་དུ་མི་འགྱུར་བས། གཡུང་དྲུང་ཆོས་ཏེ་བྱང་ཆུབ་གསུམ་མོ། །དེས་ཀྱང་ཞེས་པ་བྱིས་པ་བསྟེན་པའི་ཉེས་དམིགས་ཏེ། ཟླ་བ་སྒྲོན་མ་ལས། བྱིས་པ་ཇི་ལྟར་ཡུན་རིང་ལེགས་བསྟེན་ཡང་། །དེ་དག་ཕྱིར་ཞིང་མི་མཛའ་དགྲར་གྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱི་རྒྱུ་ཤེས་ནས། །མཁས་པ་བྱིས་པ་དག་དང་བསྟེན་མི་བྱེད། །ཅེས་དང་། ཡང་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སོ་སོ་སྐྱེ་བོ་ལ་ནི་མཛའ་བ་མེད། །ཆོས་དང་མཐུན་པའི་ཚིག་གིས་སྨྲས་གྱུར་ཀྱང་། །ཁྲོ་དང་ཞེ་སྡང་ཡིད་མི་ཆེས་པ་དག །རབ་ཏུ་སྨྲ་སྟེ་འདི་ནི་བྱིས་པའི་ཆོས། །དེ་ནི་རྣམ་པར་ཤེས་ན་ཡིད་མི་རྟོན། །བྱིས་པ་རྣམས་ནི་བྱིས་པ་རྣམས་དང་མཚུངས། །དཔེར་ན་ངན་སྐྱུགས་དང་ནི་ངན་སྐྱུགས་བཞིན། །མཁས་པ་རྣམས་ནི་མཁས་དང་ལྷན་ཅིག་སྟེ། །མར་དང་མར་གྱི་ཉིང་ཁུ་མཚུངས་པ་བཞིན། །ཞེས་སོ། །དེ་ལྟར་ན་བསྡུ་བ་བཞི་ཇི་ལྟར་འགྲུབ་ཅེ་ན། དེ་དག་གི་དོན་རྒྱ་ཆེན་པོར་འགྱུར་ན། མི་འགལ་ཏེ། དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཆོས་ཉན་པ་དང་། སེམས་ཅན་སྨིན་པ་དང་། སངས་རྒྱས་མཆོད་པ་དང་། རིམ་གྲོ་བྱ་བ་དང་། ཐམས་ཅད་མཁྱེན་པའི་སེམས་འདྲེས་པ་མེད་པ་དང་འགྲོགས་པའོ། །དེ་ལས་གཞན་དུ་འགྲོགས་པ་དང་བྲལ་བར་བྱའོ་ཞེས་གསུངས་སོ། །འོན་ཀྱང་གཞན་གྱི་སེམས་བསྲུང་བར་བྱ་བས་ན་དགའ་བར་འགྱུར་བའི་གཏམ་ནི་སློབ་དཔོན་ཉིད་ཀྱིས། ཀུན་ཏུ་མི་རྒོད་འཇམ་པ་དང་། །རན་ཅིང་ཉན་པར་སྨྲ་བ་ཡིས། །སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །ཞེས་སོ། །ཡུལ་རྐྱེན་གྱིས་མི་གནོད་པར་བྱ་བ་ནི། བུང་བའི་དཔེ་ཡིས་སོ། །གཉིས་པ་རྙེད་སོགས་ལ་མ་ཆགས་པར་བསྒྲུབ་པ་ལ་གཉིས་ལས། ཡུལ་གྱི་ཉེས་པ་ལ་དྲེགས་པའི་དང་། ཆགས་པའི་ཉེས་པ་གཉིས་བདག་ནི་ཞེས་པ་ནས་རྩ་བ་བཞི་དང་དྲུག་གོ །གཉིས་པ་ཡུལ་ཅན་གྱི་ཉེས་པ་གཉིས་ལས། འདི་དག་ཅེས་པས་གཡོ་བ་མེད་པ་སྟེ། །རྙེད་གྲགས་ཀྱི་རྗེས་སུ་མི་འབྲང་བ་དང་། བདག་ལ་ཞེས་པ་ཕན་གནོད་མེད་པའོ། །གསུམ་པ་ཞེན་པའི་ཡུལ་གཞན་སྤང་བ་ལ། མི་ནུས་པའི་གཞན་དོན་ལ་མ་ཞེན་པ། གྲོགས་དང་གནས་བཟང་པོ་ལ་མ་ཞེན་པ། ལུས་ལ་མ་ཞེན་པ། དོན་བསྡུ་བ་ལྔའོ། །དང་པོ་ལ་གཞན་རྗེས་སུ་འཛིན་པའི་མཐུ་མེད་པ། དེའི་འཐད་པ། ལུང་དང་སྦྱར་བ་གསུམ། སེམས་ཅན་ཞེས་དང་། སེམས་རྙེད་ཅེས་དང་། གང་ཕྱིར་ཞེས་ཏེ། ཟླ་བ་སྒྲོན་མ་ལས། འདི་དག་བདག་ལ་གནོད་སེམས་ལྡན་པ་ཞེས། །མཁས་པས་བྱིས་པ་རྣམས་དང་བསྟེན་མི་བྱེད། །བསྟི་སྟང་བྱས་ཏེ་བྱིས་པ་ཡོངས་སུ་སྤོང་། །བྱིས་པའི་ཆོས་ལ་འདྲིས་པར་ཡོངས་མི་བྱེད། །བྱིས་པ་ཇི་སྲིད་ཡུན་རིང་ལེགས་བསྟེན་ཀྱང་། །ཞེས་རྩ་བ་བཞི་སྔ་མ་བཞིན་ནོ། །གཉིས་པ་དང་གསུམ་པ་ནི་ནགས་ན་ཞེས་ཚིགས་བཅད་གསུམ་དང་གཉིས་ཏེ། སློབ་དཔོན་ཉིད་ཀྱིས། འདྲེན་མར་སྤྱོད་པས་མཉམ་པར་གཞག་དཀའ་བར་འགྱུར་ཏེ། དེའི་ཕྱིར་དེ་ནས་ནགས་སུ་གནས་པར་བྱ་ཞེས་སོ། །ལུས་ལ་མ་ཞེན་པ་ལ། མི་གཙང་བ། མཛའ་བ་ངེས་པར་འབྲལ་བ། ཡིད་བརྟན་པའི་གནས་མ་ཡིན་པ། དབེན་པའི་གནས་ངེས་པར་འཛིན་པ། མི་གཡེང་བའི་ཡོན་ཏན་བསྟེན་པ་རྣམས་དུར་ཁྲོད་ཅེས་པ་ནས། ཚིགས་སུ་བཅད་པ་ཕྱེད་དང་བརྒྱད་ཀྱིས་བསྟན་ལ། དེ་བས་ཞེས་པ་ལྔ་པ་དོན་བསྡུ་བའོ། །གཉིས་པ་རྣམ་པར་རྟོག་པ་དོར་བ་ལ་གཉིས་ལས། མདོར་བསྟན་པ་ནི། བསམ་པ་གཞན་ཞེས་པ། ཕྱི་དང་ནང་ལ་འདོད་པའི་རྣམ་རྟོག་དང་། སྡང་བས་གནོད་སེམས་དང་། བརྩེ་བ་མེད་པས་རྣམ་པར་འཚེ་བའི་རྣམ་པར་རྟོག་པའམ། གཞན་གྱི་འཁྲུལ་པ་ལ་རྟོག་པའམ། བདག་གཙོར་བྱེད་པའོ། །བདག་ལ་སེམས་པ་ནི། དམིགས་པ་བཟང་པོ་ལ་བློ་བཞག་ཅིང་། དེའི་གེགས་བྱིང་རྒོད་བསལ་བ་དང་། མྱུར་དུ་འཇུག་པའི་བརྩོན་འགྲུས་བསྐྱེད་པའོ། །རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདི་ཕྱི་གཉིས་ཀྱི་ཉེས་པ་འབྲས་བུ་འཇིགས་པ་དང་བཅས་པར་བརྟག་པ་ནི། འཇིག་རྟེན་ཞེས་ཏེ། འདོད་པ་ལ་གདམས་པའི་མདོ་ལས། དགེ་སློང་དག་འདོད་པ་ལས་སེམས་ཟློག་ཅིག ལམ་འདི་ནི་འཇིགས་པ་དང་བཅས་པའོ། །ཐིབས་པོ་དང་བཅས་པའོ། །ལམ་གོལ་བའོ། །ལམ་ངན་པའོ། །ལམ་ཁ་བྲག་གོ །སྐྱེས་བུ་དམ་པ་མ་ཡིན་པས་བསྟེན་པའོ་ཞེས་དང་། བུ་མོ་ཟླ་མཆོག་གིས་ཞུས་པ་ལས་ཀྱང་། འདོད་པའི་ཁོལ་པོ་རྣམས་ནི་གཤེག་ཅིང་གཏུབ། །དུ་བས་བདུག་ཅིང་འཆིང་དང་བརྡེག་པ་དང་། །སྡིག་དང་མགོ་དང་རྐང་པ་ལག་པ་དང་། །མིག་དང་སྣ་དང་རྣ་བ་བཅད་ཕྱུང་འགྱུར། །ཞེས་གསུངས་སོ། །གཉིས་པ་རང་གི་ངོ་བོ་མི་གཙང་བར་བརྟག་པ་ལ་གཉིས་ལས། དུར་ཁྲོད་ཀྱི་ཆོས་ལ་སྦྱར་བ་ལ་དོན་དྲུག ཕོ་ཉ་ཕོ་ཉ་མོ་ཡིས་ཞེས་པ་ནས་ཚིགས་སུ་བཅད་པ་དགུའོ། །གསོན་པོའི་ཆོས་ལ་སྦྱར་བ་ལ་གསུམ། མི་གཙང་བར་མངོན་སུམ་དུ་གྱུར་པ་ཆོས་ལྔ་དང་། རྗེས་སུ་དཔག་པས་ངེས་པ་ལ་ལྔ་དང་། གཙང་མའི་མཚན་མ་དགག་ལ་གསུམ་ཡོད་པ་རྣམས། ཟས་ནི་གཅིག་པུ་ཞེས་པ་ནས་ཚིགས་བཅད་དགུ་དང་། ས་ཕྱོགས་མི་གཙང་ཞེས་ཚིགས་བཅད་བདུན་དང་། ལུས་ལ་བསྐུས་པ་ཞེས་ཚིགས་སུ་བཅད་པ་དྲུག་གོ །གསུམ་པ་རྒྱུས་གནོད་པ་མང་བར་བརྟགས་པ་ལ་གཉིས་ལས། མདོར་བསྟན་པ་ནི། དེ་ལྟར་ཞེས་པ། རྩོལ་བ་དུ་མས་ཚེ་འདིར་ཤ་ཐང་པ་དང་། ཕྱི་མར་ངན་འགྲོ་བསྐྱེད་པས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བདུན་ལས། འདོད་པ་སྤྱོད་པའི་མཐུ་མེད་པ་ནི། བྱིས་པ་ཞེས་ཏེ། བྱིས་པ། དར་ལ་བབ་པ། རྒས་པ་གསུམ་པོ་ལ་རྒྱུ་མ་ཚང་བ། སྐབས་མི་རྙེད་པ། ཚེ་གཏུག་པའི་ཉེས་པ་གསུམ་མོ། །སྐབས་མི་རྙེད་པ་དང་རང་དབང་མེད་པ་ནི་འདོད་ལྡན་ཞེས་དང་། ལ་ལ་ཞེས་ཚིགས་བཅད་གསུམ་གསུམ་མོ། །དུས་གསུམ་དང་འབྲེལ་བའི་ཉེས་པས་ཐར་པ་འགོག་པ་ནི། བསག་དང་ཞེས་པ། དང་པོ། བར་དུ། ཐ་མར་ཏེ། མདོར་ན་ནོར་སྡུག་བསྔལ་གྱི་རྩ་བ་ཡིན་ཏེ། འཕགས་པ་ལྷག་པའི་བསམ་པ་ལ་བསྐུལ་བའི་མདོ་ལས། ནོར་མང་གིས་ནི་ཅི་ཞིག་བྱ། །རྒྱ་མཚོ་ལ་ནི་ཀླུ་རྣམས་བཞིན། །གང་དག་ལ་ནི་ཆོག་མེད་པ། །མ་བསྡམས་དེ་དག་དབུལ་པོ་ཡིན། །རྨོངས་པ་དེ་དག་ཚེ་འདི་དང་། །ཕ་རོལ་ཏུ་ཡང་དབུལ་པོར་འགྱུར། །ཞེས་སོ། །དཔེས་ཉེས་པ་བསྡུས་ཏེ་བསྟན་པ། དལ་འབྱོར་ཆུད་གསོན་པ། ཉེས་པ་རྣམས་རྒྱ་ཆེར་ཤེས་པར་བྱས་ལ་ཐར་པ་ལ་བློ་སྦྱར་བ་གསུམ། འདོད་ལྡན་ཞེས་དང་། ཕྱུགས་ཀྱིས་ཞེས་དང་། འདོད་པས་ཞེས་སོ། །གཉིས་པ་དབེན་པའི་ཡོན་ཏན་ལ་གསུམ་གྱི། ཕུན་སུམ་ཚོགས་པའི་ཁྱད་པར་ལ། མདོར་བསྟན་པ་དེ་ལྟར་ཞེས་པ་དང་། འགལ་རྐྱེན་མེད་པ་རྩོད་དང་ཞེས་དང་། མཐུན་རྐྱེན་ཚང་བ་སྐལ་ལྡན་ཏེ། རྒྱལ་པོ་འགའ་ཞིག་ལུས་ཙནྡན་གྱིས་བྱུགས་པ། ཁང་བཟང་མཆོག་ན་གནས་པ། བསིལ་ཡབ་ཀྱིས་གཡོབ་པ། རྒྱལ་སྲིད་བསྐྱང་བའི་བསམ་པས་འཆགས་པ་ལྟར། ནགས་ན་གནས་པའི་རྒྱལ་སྲས་དེ་ལ་ཉི་ཟླའི་འོད་ཀྱི་སྒྲོན་མ་དང་། རྡོ་ལེབ་ཀྱི་ཁང་བཟང་ཉམས་དགའ་བ། ནགས་ཀྱི་སེར་བུ་འཇམ་པོའི་རླུང་ཡབ་དང་། །གཞན་དོན་དང་དེ་ལ་ཕན་པའི་བསམ་པས་གནས་པ་དེ་རྒྱལ་པོ་ལྟ་བུའོ། །བདེ་བའི་ཁྱད་པར་དང་། རྙེད་དཀའ་བའི་ཁྱད་པར། ཁང་སྟོང་ཞེས་དང་། རང་དབང་ཞེས་སོ། །སྤྱི་དོན་གསུམ་པ་ཞི་གནས་ཀྱི་དམིགས་པ་ཡིད་ལ་བྱ་བ་ལ་གསུམ་ལས། མདོར་བསྟན་པ་དེ་ལ་སོགས་ཞེས་སོ། །རྒྱས་པར་བཤད་པ་ལ་གཉིས་ཏེ། བདག་གཞན་མཉམ་པར་བསྒོམ་པ་དང་། བརྗེ་བར་བསྒོམ་པའོ། །དང་པོ་ནི། དེ་ལྟར་ཞི་གནས་ཀྱི་མི་མཐུན་པའི་ཕྱོགས་ནི་སེམས་ཅན་དང་། ཕྱི་རོལ་རྙེད་པ་ལ་སོགས་པ་ཐམས་ཅད་ལ་ཆགས་པ་སྤངས་ནས། ཡོན་ཏན་དུ་མ་དང་ལྡན་པའི་གནས་དེར། བདག་རྒྱུད་ཀྱི་བདེ་སྡུག་ལ་བླང་དོར་བྱེད་པ་ལྟར། རྩ་བའི་མ་ནས་བརྩམས་ཏེ་སེམས་ཅན་ཐམས་ཅད་ལ་རྒྱུ་མཚན་མཚུངས་པའི་ཚུལ་གྱིས་བསྒོམ་པ་ནི་ཐོག་མར་བྱང་ཆུབ་ཀྱི་སེམས་སྦྱང་བ་སྟེ། འདི་ལ་མདོར་བསྟན་པ་བདག་དང་ཞེས་རྩ་བ་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། སྡུག་བསྔལ་ཅན་བདག་ཏུ་བཟུང་བས་བདག་གཞན་མཉམ་པ། སྡུག་བསྔལ་སྤང་བྱ་ཡིན་པར་མཉམ་པ། མཉམ་པར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ་ལས། མདོར་བསྟན་པ་ནི། བདེ་དང་ཞེས་པ་བླང་བྱ་དང་དོར་བྱར་མཚུངས་པའོ། །གཉིས་པ་དེ་བསྒྲུབ་པ་ནི་ལག་པ་ལ་སོགས་ཞེས་པ། རང་གཞན་རྒྱུད་ཐ་དད་ཀྱང་བདག་གིར་གཟུང་བར་ནུས་པ་དང་། སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པར་མཚུངས་པས་དེ་བསྲུང་ངོ་ཞེས་པའོ། །གསུམ་པ་དེ་རབ་ཏུ་ཕྱེ་སྟེ་བསྒོམ་པ་ནི། གལ་ཏེ་བདག་གི་ཞེས་ཚིགས་བཅད་གཉིས་སོ། །གཉིས་པ་སྡུག་བསྔལ་སྤང་བྱར་མཚུངས་པ་ལ་གསུམ་ལས། སྤང་བྱ་དང་བསྒྲུབ་བྱའི་རྟགས་དགོད་པ་བདག་གི་ཞེས། ཆོས་མཆོག་མན་ཆད་དུ་མོས་པ་ཡིད་ལ་བྱེད་པ་དང་། ས་དང་པོ་ནས་མངོན་གྱུར་དུ་ཡིད་ལ་བྱེད་དེ། མདོ་སྡེ་རྒྱན་ལས། ཆོས་ཀྱི་དབྱིངས་ནི་མཉམ་པ་ཉིད། །རབ་ཏུ་རྟོགས་ནས་དེ་ཡི་ཚེ། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་ཐོབ་སྟེ། །སེམས་ཅན་རྣམས་ལ་བདག་མེད་དང་། །སྡུག་བསྔལ་དང་ནི་དོན་བྱ་དང་། །ལན་མི་རེ་ལ་བདེ་སེམས་སྙོམས། །རྒྱལ་སྲས་གཞན་དང་འདྲ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །གཞན་རྒྱུད་ཀྱི་སྡུག་བསྔལ་དེ་བདག་གིས་བསལ་བྱ་ཡིན་ཏེ། སྡུག་བསྔལ་ཙམ་ཡིན་པས། བདག་རྒྱུད་ཀྱི་དེ་བཞིན་ནོ་ཞེས་སྤང་བྱའི་རྟགས་དང་། གཞན་གྱི་ཕན་བདེ་དེ་བདག་གིས་བསྒྲུབ་བྱ་ཡིན་ཏེ། བདེ་བ་ཙམ་ཡིན་པས་བདག་རྒྱུད་ཀྱི་བཞིན་བསྒྲུབ་བྱའི་རྟགས་སོ། །ཡང་ན་སེམས་ཅན་ཡིན་པའི་ཕྱིར། །བདག་ལུས་བཞིན་ཞེས་སྦྱར་རོ། །གཉིས་པ་རྟགས་གཉིས་པའི་ཁྱབ་པ་བསྒྲུབ་པ། གང་ཚེ་ཞེས་པ། གཞན་བདེ་བདག་གི་བསྒྲུབ་བྱ་མ་ཡིན་ཞེ་ན། བདག་རྒྱུད་ལ་ཡང་མཚུངས་སོ། །དེ་བསྒྲུབ་པར་བྱ་བ་དེ་བདག་ལ་ཕན་པས་ཞེ་ན། གཞན་བདེ་ཡང་དེ་ལ་ཕན་པས་སོ། །གསུམ་པ་རྟགས་དང་པོའི་ཁྱབ་པ་སྒྲུབ་པ་ལ་གཉིས་ཏེ། ཁྱབ་པ་མ་གྲུབ་པར་རྟོག་པ་དགག་པ་དང་། གྲུབ་པ་ལ་འཁྲུལ་པ་སྤང་བའོ། །དང་པོ་ལ་གསུམ་ལས་སྡུག་བསྔལ་སྤང་བྱར་མཚུངས་པ། གང་ཚེ་ཞེས་པ་སྟེ་འདས་མ་ཐག་པར་བརྗོད་དོ། །གཉིས་པ་མི་མཚུངས་པའི་རྒྱུ་མཚན་དགག་པ་ལ་བཞི་ལས། གནོད་མི་གནོད་ཀྱི་རྒྱུ་མཚན་དགག་པ་གལ་ཏེ་ཞེས་པའོ། །བདག་གཅིག་པུར་འཛིན་པ་འཁྲུལ་པ། ལུས་ཀྱི་ཐ་དད་པས་འཁྲུལ་པ། མི་རིགས་པར་འཛིན་པ་སྤངས་པ་དཔེས་བསྟན་པ་རྣམས། བདག་གིས་ཞེས་དང་། གང་ཚེ་ཞེས་དང་། གལ་ཏེ་ཞེས་པའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། སྡུག་བསྔལ་ཞེས་པ། བདག་གཞན་ངོ་བོ་ཐ་དད་པས་གཞན་གྱི་སྡུག་བསྔལ་བདག་གི་མ་ཡིན་པ་ལྟར། ལུས་དང་སེམས་ཀྱི་སྡུག་བསྔལ་དང་སྐད་ཅིག་ཀྱང་ཐ་དད་པས་མྱོང་བ་པོ་བདག་དེ་མེད་ལ་དེས་ན་སྡུག་བསྔལ་བ་དེ་སུ་ཞིག་ཡིན་ཞེས་པའོ། །དེས་ན་བདག་གཞན་གཉིས་ཀ་བདེན་པར་མ་གྲུབ་ལ། ཐ་སྙད་ཙམ་དུ་ཆོས་མཚུངས་པས། གནོད་མི་གནོད་དུ་འཛིན་པ་དོར་ཅིག་ཅེས་པ་དང་། གཞན་གྱི་བཟློག་བྱ་མ་ཡིན་ན་རང་ལའང་མཚུངས་པ། སྡུག་བསྔལ་ཞེས་རྩ་བ་གཉིས་དང་། བཞིའོ། །གཉིས་པ་གྲུབ་པ་ལ་འཁྲུལ་པ་སྤངས་པ་ལ་གསུམ་ལས། རྒོལ་བ་དགོད་པ་ནི། སྙིང་རྗེ་ཞེས་པ། གལ་ཏེ་སྡུག་བསྔལ་ལ་སྤང་བྱས་ཁྱབ་ན་སྙིང་རྗེས་གཞན་དོན་དུ་དཀའ་བ་སྤྱོད་པའང་སྤང་བྱར་འགྱུར་ལ། མ་ཡིན་ན་སྡུག་བསྔལ་ཡིན་ཕྱིར་ཞེས་པ་དང་། འགལ་ཞེ་ན། རྟགས་ཀྱི་ངོ་བོ་སྡུག་བསྔལ་ཡིན་ལ། དེ་གཞན་དོན་ལ་མེད་དེ། འགྲོ་བའི་ངན་སོང་ལ་སོགས་པའི་སྡུག་བསྔལ་སེལ་བའི་ཐབས་ལ་བསམས་ནས་འཇུག་པས། ཇི་ལྟར་དེའི་དཀའ་སྤྱོད་དེ་ངོ་བོ་བདེ་བ་ཉིད་ཡིན་ཏེ། མདོ་སྡེ་རྒྱན་ལས། སྙིང་རྗེའི་འཆུ་བ་བྱམས་པ་སྟེ། །དེ་སྡུག་བསྔལ་ན་བདེ་བ་ཡིན། །ཞེས་དང་། འདི་ལྟར་འདི་དག་ལ་ནི་སྡུག་བསྔལ་ཡང་། །བརྩིས་བསྐྱེད་བདེ་བ་གཞལ་དུ་མེད་པ་འབྱུང་། །ཞེས་དང་། སེམས་ཅན་ཆེད་དུ་དམྱལ་བའི་སྲིད་པར་གནས་པ་ཡི། །སྡུག་བསྔལ་མི་བཟད་ཅིས་ཀྱང་རྒྱལ་སྲས་གནོད་བྱེད་མིན། །ཞེས་གསུངས་སོ། །ཁྱད་པར་མ་ཞུགས་པ་ནི། གལ་ཏེ་ཞེས་པ་དོན་མེད་པའི་སྡུག་བསྔལ་སྤང་བྱར་བརྗོད་ཀྱི། དོན་ཆེན་པོའི་དེ་བསྒྲུབ་བྱ་ཡིན་པས་མེ་ཏོག་ཟླ་མཛེས་བཞིན་ཏེ། ཟླ་བ་སྒྲོན་མ་ལས། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀུན་ཏུ་བཟང་པོ་ལྟ་བུའི་ནགས་ཁྲོད་ན་དབེན་པར་གནས་པ་ན། རྒྱལ་པོ་དཔའ་སྤྱིན་འཁོར་དང་བཅས་པ་ལ་གཟིགས་པ་བཞིན་ནོ། །གསུམ་པ་མཉམ་པར་བསྒོམས་པའི་ཕན་ཡོན་ལ་བཞི་ལས། གཞན་དོན་ལ་དགའ་བས་འཇུག་པ་དེ་ལྟར་ཞེས་པ་སྟེ། སློབ་དཔོན་འཕགས་པས། གཞན་གྱི་སྡུག་བསྔལ་མི་བཟོད་པ། བསམ་གཏན་བདེ་བ་དོར་ནས་ཀྱང་། །མནར་མེད་པར་ཡང་འཇུག་པར་བྱེད། །འདི་ནི་ངོ་མཚར་འདི་བསྔགས་འོས། །ཞེས་པ་ལྟ་བུའོ། །དགའ་བ་དེ་མཆོག་ཏུ་གྱུར་པ། སེམས་ཅན་རྣམས་ཞེས་པ། གཞན་དོན་གྲུབ་པ་ཉིད་རང་དོན་ཡིན་པས་ཐར་པ་ཙམ་དོན་མ་ཡིན་ཏེ། བུ་གཅིག་པའི་མ་བཞིན། དོན་འདི་མདོ་སྡེ་རྒྱན་ལས་ཀྱང་གསུངས་སོ། །རང་གི་དྲེགས་པ་ཞི་བ་དང་། འབྲས་བུ་ལ་རེ་བ་མེད་པ་ནི། དེ་ལྟར་ཞེས་དང་། གཅིག་ཏུ་ཞེས་ཏེ། རང་དོན་ལ་འདུན་པ་མེད་པས་སོ། །མཇུག་བསྡུས་ཏེ་གདམས་པ་ལ། གཞན་ཆེད་ཆེར་གཟུང་བ་དང་། མཉམ་པར་གཟུང་བར་ནུས་པ་གཉིས་དེ་བས་ཞེས་དང་། གོམས་པ་ཡིས་ཞེས་པའོ། །གཉིས་པ་བདག་གཞན་བརྗེ་བ་ལ་གཉིས་ལས། མདོར་བསྟན་པ། བདག་ཉིད་ཅེས་རྩ་བ་བཞི་སྟེ། སློབ་དཔོན་ཉིད་ཀྱིས། གང་ལ་འབད་པ་བྱས་ན་སེམས་དག་པར་འགྱུར་ཞེ་ན། བདག་ལ་བསྟོད་པ་དང་གཞན་ལ་བརྙས་པ་སྤང་བའོ། །འདི་གཉིས་ཀྱི་རྩ་བ་ནི་བདག་དང་སེམས་ཅན་དུ་བལྟ་བ་སྟེ། དེ་ཡང་འདི་ལྟར་གོམས་པར་བྱས་ན་སྤང་སླ་བར་འགྱུར་ཏེ། གཞན་ལ་གུས་པར་བྱ་བ་དང་། བདག་ཁྱད་དུ་གསད་པར་དེ་ལྟར་བསྒོམ་པར་བྱའོ་ཞེས་གསུངས་པས་སོ། །རྒྱས་པར་བཤད་པ་ལ་གསུམ་གྱི། དང་པོ་བརྗེ་བའི་མཚན་ཉིད་བཤད་པ་ལ་བཞི་སྟེ། གཞན་བླང་པ། བདག་གཅེས་པར་འཛིན་པ་དོར་བ། བདག་གཞན་གཙོར་བྱེད་པའི་སྐྱོན་དང་ཡོན་ཏན། དོན་བསྡུ་བའོ། །དང་པོ་ལ་བདུན་ལས། བརྗེ་བར་ནུས་པ། དྲེགས་པ་ཞི་བ། འབྲས་བུ་ལ་མི་ལྟོས་པ། སྒྲུབ་བྱེད་ལ་འབད་པ་རྣམས་ཇི་ལྟར་ཞེས་དང་། དེ་ལྟར་ན་ནི་ཞེས་དང་། བདག་ཉིད་ཅེས་དང་། དེ་བས་ཞེས་པའོ། །གཞན་དོན་ཆེས་ཆེར་གཟུང་བ་དེ་བས་མགོན་པོ་སྤྱན་རས་གཟིགས་ཏེ། དེས་གཞན་དོན་ཇི་ལྟར་སྨོན་པ། ཟ་མ་ཏོག་བཀོད་པའི་མདོ་ལས། གང་བདག་གི་མིང་འཛིན་པ་དེ་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་དང་བྲལ་བར་གྱུར་ཅིག་ཅེས་གསུངས་སོ། །གོམས་པས་འགྲུབ་པ་ནི་དཀའ་ལས་ཞེས་རྩ་བ་བཞིའོ། །བདག་གཞན་སྡུག་བསྔལ་ལས་གྲོལ་བ་གང་ཞིག་ཅེས་པ་བློ་དམན་པས་མོས་པ་ཙམ་ཡང་བྱ་དཀའ་བས་གསང་བའི་དམ་པའོ། །གཉིས་པ་བདག་གཅེས་པར་འཛིན་པ་དོར་བ་ལ་གཉིས་ལས། སྐྲག་པའི་གནས་མ་ཡིན་པ་ལ་སྐྲག་པ། བདག་ལུས་ཞེས་པ། ལུས་ཉེས་པའི་འབྱུང་གནས་སོ། །ཉེས་སྤྱོད་ལ་སྦྱོར་བ་ལ་ལུས་གང་ཞེས་པ་སྟེ། དེའི་རྒྱུས་ཕ་དང་མ་ཡང་གསོད་དེ། ཤཱཀྱ་མཐོང་ལྡན་གྱིས་ལྷས་བྱིན་གྱི་ངག་ལ་བརྟེན་ནས་ཕ་གཟུགས་ཅན་སྙིང་པོ་བསད་པ་དང་། ཤཱཀྱ་བདེ་བྱེད་ཀྱིས་སེར་སྐྱའི་བཟང་མོ་ལ་ཆགས་པས་རང་གི་མ་བསད་པ་དང་། མ་རུངས་པའི་ལས་དཀོན་མཆོག་གསུམ་གྱི་དཀོར་བརྐུ་བ་ལ་སོགས་པ་སྟེ། དེས་མནར་མེད་དུ་ལྟུང་བས་ཁེ་དང་རིམ་གྲོ་ལ་སོགས་པ་དགྲ་ལྟར་བལྟའོ། །གསུམ་པ་བདག་གཞན་གཙོ་བོར་བྱེད་པའི་སྐྱོན་དང་ཡོན་ཏན་ལ་གསུམ་གྱི། དང་པོ་སྐྱོན་ཡོན་གྱི་རྣམ་གྲངས་ལ་དོན་བཞིར་བྱས་ཏེ། གལ་ཏེ་བྱིན་ན་ཞེས་པ་ནས་ཚིགས་བཅད་དྲུག་གོ །གཉིས་པ་དེས་ན་གཅེས་པར་འཛིན་པ་དོར་བ་ལ་གཉིས་ལས། དོན་དངོས་ནི་བདག་བདེ་ཞེས་པ་སྟེ། བདག་གཞན་བརྗེ་བའི་སེམས་དོར་ན། །རྒྱུ་དེས་བྱང་ཆུབ་སེམས་དཔའི་མིང་ཅན་དེ་ངན་སོང་དུ་ལྟུང་སྟེ། སེམས་འགྲེལ་ལས། བཀྲེས་དང་སྐོམ་དང་ཕན་ཚུན་དུ། །གསོད་དང་འཇོམས་པའི་སྡུག་བསྔལ་གང་། །བཟོད་པ་བཟློག་པར་དཀའ་བ་དེ། །སེམས་ཅན་གནོད་པའི་འབྲས་བུ་ཡིན། །ཞེས་གསུངས་སོ། །དེའི་དཔེ་དོན་བསྒྲུབ་པ། འཇིག་རྟེན་ཞེས་པ་མཐོང་བ་དང་མ་མཐོང་བའི་བདེ་བ་འགྲུབ་པའི་རྒྱུ་གཞན་བདེ་བ་ལ་སྦྱར་བ་སྟེ། དེ་ལས་བཟློག་པས་རང་སྡུག་བསྔལ་བའོ། །གསུམ་པ་དཔེ་དེས་དོན་གྱི་སྒོ་ནས་སྡུག་བསྔལ་གྱི་རྩ་བ་སྤང་བ་ནི། འཇིག་རྟེན་དག་ན་ཞེས་པ་བདག་ཏུ་འཛིན་པ་སྤངས་པ་སྟེ། རྣམ་འགྲེལ་ལས། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་དག་དང་ནི་འབྲེལ་པ་ལས། །ཉེས་ཀུན་རབ་ཏུ་སྐྱེ་བར་འགྱུར། །ཞེས་དང་། ཉེས་པའི་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་སྟེ་དེ་ལས་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང་། །ཞེས་དང་། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པ། །ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཞེས་དང་། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི་འཆིང་ཞིང་ཞེས་དང་། དེས་ན་དེ་མ་སྤངས་པའི་གྲོལ་བ་མེད་དེ། དེ་ཉིད་ལས། ཇི་སྲིད་བདག་ཆགས་མ་བཅོམ་ཞིང་། །དེ་ནི་ཡོངས་སུ་གདུང་གྱུར་པ། །དེ་སྲིད་སྡུག་བསྔལ་སྒྲོ་བཏགས་ནས། །རང་བཞིན་དུ་ནི་གནས་པ་མེད། །ཅེས་བཤད་དོ། །བཞི་པ་དོན་བསྡུ་བ་ལ་ལྔར་བྱས་ཏེ་དེ་ལྟར་བདག་ཅེས་པ་ནས་ཚིགས་བཅད་བཞིས་བསྟན་ཏེ། གཞན་དབང་མིག་ལ་སོགས་པ་ནི་བདག་གི་དངོས་པོ་ཐམས་ཅད་གཞན་ལ་བསྔོས་པས། དེ་དག་གིས་གཞན་དོན་བསྒྲུབ་ཀྱི་རང་དོན་དུ་མ་ཡིན་ཞིང་། དེ་ལ་ལོག་པར་ནི་གཞན་ལ་གནོད་པ་སྟེ་དེ་མི་བྱ་བའོ། །གཉིས་པ་བརྗེ་བའི་བསམ་པ་རྗེས་སུ་བསྒྲུབ་ལ་གསུམ་ལས། མདོར་བསྟན་པ་ནི། དམན་སོགས་ཞེས་པ་ལ་སྤྱིར་སེམས་ཅན་གྱི་རིགས་གསུམ་སྟེ། བདག་པས་རིགས་དང་། གཟུགས་དང་། དབང་ཕྱུག་དང་། ཡོན་ཏན་ལ་སོགས་པ་དམན་པ། མཉམ་པ། ལྷག་པའོ། །དེ་དག་ལས་ང་རྒྱལ་ལ་སོགས་པ་གསུམ་སྐྱེ་བས་འཁོར་བའི་སྒྲུབ་ཐབས་ཏེ། འདིར་བདག་གཞན་བརྗེ་བའི་བྱེད་པས་མྱ་ངན་ལས་འདས་པའི་ལམ་དུ་བསྒྲུབ་པའི་ཕྱིར། ཡུལ་དམན་པ་བདག་ཏུ་བཟུང་བ་ལ་བདག་ལ་ཕྲག་དོག་བསྒོམ། མཉམ་པ་བདག་ཏུ་བཟུང་བས་འགྲན་སེམས་དང་། ལྷག་པ་བདག་ཏུ་བཟུང་ལ་ང་རྒྱལ་བྱའོ། །རྣམ་རྟོག་མེད་པ་ནི་ཐེ་ཚོམ་མམ། དམན་པའི་བློ་གསུམ་སྤངས་པའོ། །རྒྱས་པར་བཤད་པ་ལ་བཞི་ལས། ཕྲག་དོག་སྒོམ་པ་ལ་གསུམ་གྱི། །འཇིག་རྟེན་གྱི་ཆོས་ལ་ཕྲག་དོག་བྱ་བ་འདི་ནི་ཞེས་པ་ལ། འདི་ཞེས་པ་ཐམས་ཅད་རྟེན་རྙིང་པ་གཞན་དུ་བྱས་པ་སྤང་བྱ་ཞེན་པའི་རྟེན་དེ་ཡིན་ལ། བདག་ཅེས་པ་ཐམས་ཅད་སྔར་གྱི་ཡུལ་གསུམ་པོ་བདག་ཏུ་བཟུང་བ་ལ་གཉེན་པོ་མོས་པའི་རྟེན་ཞེས་པ་དེ་ལ་བརྗོད་པས། འདིར་ཡང་རྟེན་རྙིང་པ་འདི་ལ་གཞན་གྱིས་བཀུར་སྟི་བྱེད། རྙེད་པ་འབུལ། སྙན་པ་སྒྲོགས། བདེ་བ་སྒྲུབ་ལ། དམན་པ་བདག་ལ་མི་བྱ་བ་ཅི་སྟེ་ཞེས་སོ། །ཡོན་ཏན་ལ་ཕྲག་དོག་བྱ་བ། འདི་ནི་ཞེས་པ་ཡོན་ཏན་དང་། དབང་ཕྱུག་དང་། རྙེད་པ་ཆེ་ལ། བདག་ལ་ཅི་སྟེ་མིན་ཞེས་པའོ། །གང་བས་འདི་དམན་དེ་ཡོད་ཅིང་། །གང་བས་བདག་མཆོག་དེ་ཡང་ཡོད། །ཅེས་པ་འདི། བདག་བས་གང་དམན་འདི་ཡོད་ཅིང་། །དེ་བས་གང་མཆོག་དེ་ཡང་ཡོད། །ཅེས་བཤད་པ་མཛད་དེ། གཞན་རྒྱུད་བདག་ཏུ་བཟུང་བ་འདི་བས་དམན་པའང་ཡོད་ལ། བདག་རྒྱུད་གཞན་དུ་བྱས་པ་དེ་བས་བཟང་བའང་དུ་མ་མཐོང་བས་དེས་བདག་ལ་བརྙས་པར་མི་རིགས་སོ། །ཁྱོད་བསླབ་པ་ལ་མི་གུས། ལྟ་བ་དང་སྤྱོད་པ་དམན་པས་ཞེ་ན། ཉོན་མོངས་པའི་སྟོབས་ཀྱིས་བྱུང་བས་གློ་བུར་བ་ཡིན་གྱི། རང་དབང་སྟེ་བདག་གི་རང་བཞིན་དུ་གྲུབ་པ་མིན་ནོ། །བསྒོམས་ནས་བསྟེན་པའི་ཚུལ་ནི་ཅི་ནུས་ཞེས་པ་སྟེ། དོན་དུ་མི་འགྱུར་བའི་ཡོན་ཏན་དམན་པར་སྟོན་པ་ངན་འགྲོ་ཞེས་པའོ། །གཉིས་པ་འགྲན་སེམས་བསྒོམ་པ་ལ་བཞི་ལས། བསྙེན་བཀུར་ལ་འགྲན་པ་ནི། བདག་དང་ཞེས་པ་རྙེད་གྲགས་ལ་སོགས་པ་དུ་མས་རང་གི་རྟེན་གསར་པ་ལྷག་ལ། རྙིང་པ་གཞན་དེ་དམན་པར་བྱ་བའི་ཕྱིར། རྩོད་པའམ་འབད་པ་ཆེར་སྤྱད་པས་དེའི་ཡང་བདག་གིར་བསྒྲུབ་པའོ། །ཅི་ནས་ཞེས་ཡོན་ཏན་ལ་འགྲན་པ་དང་། བདག་ནི་ཞེས་པས་ལེགས་པའི་རྣམ་གྲངས་ལ་འགྲན་པའོ། །གནོད་པ་ལ་སྦྱར་བ་ལ་དགའ་བར་བྱ་བ་འདི་ནི་མ་རུངས་ཞེས་པ་དང་། དེའི་ཚུལ་མིན་དེས་བདག་གི་ཡོན་ཏན་གསལ་བའོ། །གསུམ་པ་ང་རྒྱལ་བསྒོམ་པ་ལ་བཞི་ལས། ཉོན་མོངས་ཞེས་པས་བསྒོམ་པའི་རྣམ་པའོ། །བསྒོམས་པའི་ལེགས་པ་དེ་ལྟར་ཞེས་ཏེ། བདག་གི་བསྔགས་པ་གཞན་གྱིས་བརྗོད་པའི་སྒྲས་ཡིད་བདེ་བ་ཐོབ་པས་བདེ་སྐྱིད་དོ། །བསྒོམ་ནས་བརྟེན་པའི་ཚུལ་ཅི་སྟེ་ཞེས་པ། རྟེན་སྔ་མ་དམན་པ་དེས་ཕྱི་མ་བཟང་བ་དེའི་བྱ་བ་བསྒྲུབ་ཏུ་འཇུག་པ་སྟེ། དེའི་རྙེད་པ་བདག་གིར་བྱ་ཞིང་བདག་གི་གནོད་པ་དེ་ལ་སྦྱར་བའོ། །འདི་ལ་དཔེ་ལ་ལར། འདི་ལ་བདག་གི་རྙེད་པ་དག །སྟོབས་ཀྱིས་བླངས་པར་གྱུར་ཀྱང་ནི། །ང་ཡི་ལས་ནི་བྱེད་ཅེ་ན། །འདི་ལ་འཚོ་བ་ཙམ་ཞིག་སྦྱིན། །ཞེས་འདོན་ཏོ། །ང་རྒྱལ་དང་བྲལ་བའི་ཉེས་པ་ནི། འདི་ཡིས་ཞེས་པས། དམན་པ་འདི་ཡིས་བདག་ཉིད་ལ་ཐོག་མ་མེད་པ་ནས་གནོད་པ་དུ་མ་བྱས་པས་སོ། །དེས་ན་དམན་པ་བདག་ཏུ་བཟུང་ནས་བདག་ལ་ཕྲག་དོག་བསྒོམས་པས་བཟློག་པའི་ང་རྒྱལ་སྤོང་བ་དང་། མཉམ་པ་བདག་ཏུ་བཟུང་ནས་འགྲན་སེམས་བསྒོམས་པས་དེ་ཉིད་སྤོང་བ་དང་། མཐོན་པོ་བདག་ཏུ་བཟུང་ནས་བདག་ལ་ང་རྒྱལ་བསྒོམས་པས་བཟློག་པའི་ཕྲག་དོག་ལྡོག་ལ། དེ་དག་ལོག་པས་རྫོགས་པའི་བྱང་ཆུབ་འཐོབ་སྟེ། དཔལ་ལྡན་ཕྱོགས་ཀྱི་གླང་པོས། །མཐོ་ལ་ཕྲག་དོག་མི་མཛད་ཅིང་། །དམའ་ལ་རྔན་ཆེན་མི་མཛད་ལ། །མཉམ་ལ་འགྲན་པ་མ་མཆིས་པས། །ཁྱོད་ནི་འཇིག་རྟེན་གཙོ་བོར་འགྱུར། །ཞེས་སོ། །བཞི་པ་དེ་དག་གི་ཕན་ཡོན་ཡིད་ལ་བྱ་བ་ལ་གསུམ་ལས། མི་སྒོམ་པ་སྨད་པ་ཡིད་ཁྱོད་ཅེས་པའོ། །ཕན་ཡོན་གྱི་ཤེས་བྱེད་དེ་ལྟར་ཏེ། གཞན་དོན་ལས་བྱུང་བའི་ཡོན་ཏན། མདོ་སྡེ་རྒྱན་ལས། སེམས་ཅན་མང་དོན་རྟག་ཏུ་རྒྱུན་མི་འཆད་པར་རབ་བྱེད་ཕྱིར། །བསོད་ནམས་ཕུང་ཆེན་སྲིད་གསུམ་བླ་མའི་སྲིད་པའི་བདེ་བ་དང་། །སྡུག་བསྔལ་ཕུང་པོ་ཆེན་པོ་རབ་ཞི་བློ་མཆོག་བདེ་བ་དང་། །ཞེས་པ་ལ་སོགས་པ་བཞིན་ནོ། །ཕན་ཡོན་གྱི་རང་བཞིན་གལ་ཏེ་ཞེས་པ། སྔོན་བདག་གཞན་བརྗེ་བ་འདི་སྤྱད་ན་ངེས་པར་སངས་རྒྱས་སུ་འགྱུར་ཏེ། རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་སོ། །མཇུག་རྗེས་སུ་གདམས་པ། ཅི་བདག་ཉིད་གཞན་ལ་གཏད་བྱ་ཞིང་ལ་སོགས་པ་ཇི་ལྟར་འཐད་དེ། རྒྱུད་ཐ་དད་ལ་བདག་གི་བློ་མི་འཇུག་གོ་ཞེ་ན། འཐད་པའི་དཔེ་དེ་བས་ཞེས་རྩ་བ་བཞིའོ། །གསུམ་པ་བསྒོམ་པའི་སྦྱོར་བ་རྗེས་སུ་བསྒྲུབ་པ་ལ། སྦྱོར་བ་བསྒྲུབ་པའི་ཚུལ་དང་། སྦྱོར་བ་ལ་སེམས་དབང་དུ་བྱ་བ་གཉིས་སོ། །དང་པོ་ལ་དྲུག་ལས། སྤྱིར་བསྟན་པ། གཞན་གྱི་ཞེས་པའོ། །གཞན་བདེ་བ་ལ་སྦྱར་བ་བདག་སྐྱིད་ཅེས་དང་། བདག་ནི་ཞེས་ཉེས་པ་ཐམས་ཅད་དང་དུ་བླང་བ་དང་། གཞན་གྱི་ཕྱིར་དམན་པའི་གནས་བླང་བ། གཞན་གྱི་ཞེས་རྩ་བ་བརྒྱད་དང་། མདོར་ན་ཞེས་པས་དོན་བསྡུས་ནས། འདི་ནི་གཉའ་དྲག་ཅེས་པས་དཔེ་དོན་གྱི་སྒོ་ནས་སེམས་བསྲུང་བ་སྟེ། སེམས་དམུ་རྒོད་འདི་རྗེ་བོ་བཙན་པོ་འཁུས་པ་ལྟར་སྤང་བྱའི་ཤེད་མི་བསྐྱོད་དེ། ཚངས་པས་ཞུས་པ་ལས། བག་སར་བཞིན་དུ་བྱའོ་ཞེས་སོ། །གཉིས་པ་སྦྱོར་བ་ལ་སེམས་དབང་དུ་བྱ་བ་ལ་གསུམ་ལས། བསྟན་པ་དང་བཤད་པའི་ཚུལ་གྱིས་ཚར་གཅད་པ་ནི། དེ་བྱ་ཞེས་པ་གཉེན་པོ་དེ་དང་བྱང་བ་དག དེ་བསྒྲུབ་པ་ལ་སྒོ་གསུམ་བརྩོན་པར་བྱ་བ་སྟེ། འདི་ལ་ཇོ་བོ་པུཎྱ་ཤྲཱི་མི་ཏྲས། དེ་བྱ་དེ་ལྟར་གནས་བྱ་ཞེས་པས་སེམས་ཅན་དོན་བྱེད་དང་། དགེ་བ་ཆོས་སྡུད་པའོ། །དེ་ལྟར་ཁྱོད་ཀྱིས་མི་བྱ་བས། སྡོམ་པའི་ཚུལ་ཁྲིམས་ཀྱིས་མི་གེ་བ་མི་བྱེད་པ་སྟེ། དེ་གཉིས་ལ་སེམས་དབང་དུ་བྱའོ་ཞེས་སོ། །གཞན་དག་འདི་ཚུལ་ཁྲིམས་ཀྱི་སྐབས་དོན་མ་ཡིན་ལ། འདི་ནི་བདག་གཞན་བརྗེ་བ་དང་། བརྗེས་ནས་བསམ་སྦྱོར་བསྒྲུབ་པ་ཡིན་ལ། གལ་ཏེ་དེ་ལས་འདས་ཏེ་བྱ་བ་མ་ཡིན་པ་བྱེད་ན་ཚར་གཅོད་དོ་ཞེས་སོ། །གཉིས་པ་རང་ཆེད་དུ་སྦྱོར་བའི་ཉེས་པ་ལ་ལྔ་ལས། རང་དོན་ལ་སྦྱོར་བའི་ཉེས་པ་དྲན་པར་བྱ་བ། ཁྱོད་ཀྱིས་ཞེས་པ་བདག་འཛིན་ཁྱོད་ཀྱིས་ཁོ་བ་ངན་འགྲོ་གནས་གསུམ་ལ་སྦྱར་བས་ན་དེར་བརླགས་པའི་དུས་དེ་ཚེ་རབས་གཞན་སྔ་མ་ཡིན་པས་དེང་སང་གི་བར་དུ་འཁྱམས་ལ། གང་དུ་འགྲོ་བ་ལྟ་སྟེ་ད་དུང་འཁྱམ་མོ། །དེའི་དབང་དུ་མི་གཏང་བའི་བསམ་པ། ཁྱོད་ཀྱི་དྲེགས་ཞེས་རྩ་བ་ལྔའོ། །བདག་འཛིན་གྱི་ཉེས་པ་གལ་ཏེ་ཞེས་རྩ་བ་དྲུག་གོ །དེས་ན་སྤང་བར་གདམས་པ་ད་ནི་ཞེས་སོ། །གཞན་དོན་ལ་གཅེས་སྤྲས་སུ་བྱ་བ་དེ་སྟེ་ཞེས་པ། གཞན་བསྲུང་བ་ཉིད་བདག་བསྲུང་བར་འགྱུར་བའོ། །གསུམ་པ་ལུས་ཀྱི་ཉེས་པ་བརྟགས་ནས་དགེ་བ་ལ་སྦྱར་བ་ལ་བཞི་ལས། དང་པོ་གསུམ་ཇི་ལྟར་ཞེས་པ་ནས་ཚིགས་སུ་བཅད་པ་དྲུག་གོ །བཞི་པ་རྨོངས་པའི་རྣམ་པར་ཡིད་ལ་བྱ་བ་ལ་བཞི་ལས། ལེགས་ཉེས་ལ་རྨོངས་པ་དང་། བསྟོད་སྨད་ལ་རྨོངས་པ་གཉིས་ལུས་ཀྱི་ཞེས་དང་། གང་ཞིག་སྨོད་པས་ཞེས་སོ། །གསུམ་པ་རྩོད་པ་སྤོང་བ་ནི། གལ་ཏེ་ལུས་དེ་ལྟར་མོད། དེ་བདག་གིར་བྱེད་པ་པོ་སེམས་ལ་ཡོད་པས། དེ་དགའ་བའི་ཆེད་དུ་ལུས་ལ་བསྟོད་སོགས་འདོད་པ་གང་ཞིག་ཅེས་པ་དང་། ཐམས་ཅད་ཞེས་པས། དེ་ལྟར་ན་གཞན་གྱི་ལུས་ལ་བསྟོད་པ་ལ་ཡང་དགའ་བར་རིགས་ཏེ། དེའི་སེམས་དེ་འདོད་པས་སོ་ཞེས་པས་ལན་ནོ། །བཞི་པ་དགོས་པ་ལ་སྦྱར་བ་ནི། དེ་བས་ཞེས་པ། དེ་གཞན་དོན་དུ་རྒྱུ་ཡིན་པས་ཁུར་གྱི་དོན་དུ་བཞོན་པ་ལྟར་གཟུང་བར་བྱའོ། །གསུམ་པ་རྗེས་སུ་གདམས་པ་ལ། མི་མཐུན་པ་སྤང་བ་དེ་བས་ཞེས་པའོ། །མཐུན་པའི་ཚོགས་བསྟེན་པ། རྒྱལ་སྲས་ཐུགས་རྗེ་ཆེ་རྣམས་ལྟར། །རིགས་པའི་བསྲན་ནི་གཟུགས་ཏེ། གཉེན་པོ་ལ་མ་ཞུམ་པར་བྱ་བའོ། །དོན་གསུམ་པ་རྗེས་སུ་གདམས་པ་ནི། དེ་བས་བསྒྲིབ་པ་བསལ་ཞེས་པའོ། །ལེའུ་བརྒྱད་པའོ།། ༈ །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱི་དོན། གཞུང་དོན་གཉིས་ལས། སྔ་མ་ལ་ཤེས་རབ་ཀྱི་ངོ་བོ། དབྱེ་བ། འབྲས་བུ་གསུམ་མོ། །དང་པོ་ནི། ཡང་དག་པར་རབ་ཏུ་འབྱེད་པའི་བློ་སྟེ། ཆོས་ཐམས་ཅད་བདག་མེད་པར་རྟོགས་པ་ཡིན་པས། ཡུམ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཞེས་དང་། འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་རྣམ་པར་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་དང་། མདོ་སྡེ་རྒྱན་ལས། ཤེས་བྱ་ཡང་དག་རབ་རྣམ་འབྱེད། །ཅེས་སོ། །དེ་ལྟ་བུ་དེ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཚན་ཉིད་པ་དེ་སངས་རྒྱས་ཀྱི་ས་ན་ཡོད་པར་བཤད་ལ། སློབ་དཔོན་ཤཱནྟི་པས། རྡོ་རྗེ་ལྟ་བུ་ནས། བི་མ་ལ་མི་ཏྲས་སོ་སོ་སྐྱེ་བོ་ལའང་། རྒྱལ་སྲས་ཐོགས་མེད་ས་དང་པོ་ནས་ཡོད་པར་བཞེད་ཅེས་གསུངས་སོ། །དབྱེ་ན་རྟེན་གྱི་སྒོ་ནས་དང་། ངོ་བོ་དང་། རྟོགས་ཚུལ་གྱི་སྒོ་ནས་དང་གསུམ་མོ། །དང་པོ་མདོ་སྡེ་རྒྱན་ལས། དེ་དག་ལ་ཡོད་དེ་རྣམ་གསུམ། །ཞེས་པས། འཇིག་རྟེན་པའི། འདས་པ་དམན་པ་ཉན་རང་གི །མཆོག་གི་བྱང་ཆུབ་སེམས་དཔའི་འོ། །གཉིས་པ་ཐོས་བསམ་སྒོམ་གསུམ་ལས་བྱུང་བ་གསུམ་སྟེ། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་སོ། །གསུམ་པ་ལ་ཇི་སྙེད་པ་དང་། ཇི་ལྟ་བ་མཁྱེན་པ་གཉིས་སོ། །འབྲས་བུ་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོ་བྱེད་པ་དང་། ཁམས་གསུམ་ལས་འདའ་བ་སྟེ། འཕགས་མ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་དང་། བཅོམ་ལྡན་འདས་བྱམས་པས། ཤེས་རབ་ལས་གཞན་སྒྲིབ་པ་ནི། །སྤོང་རྒྱུ་གཞན་མེད་ཅེས་དང་། ཀུན་ནས་ཉོན་མོངས་ཤིན་ཏུ་གྲོལ། །ཞེས་བཤད་དེ། དེའང་འཇིག་རྟེན་པའི་དང་། འདས་པའི་གཉིས་ཀྱིས། ཉོན་མོངས་པ་མངོན་འགྱུར་དང་། ས་བོན་དང་། ཤེས་བྱའི་སྒྲིབ་པའི་གཉེན་པོའོ། །གཞུང་གི་དོན་ལ། འཆད་པ་པོ་དག་ཤེས་རབ་གཙོ་བོར་བསྟན་པ། དེའི་རང་བཞིན་སྟོང་པ་ཉིད་ཤེས་པ་ཡིན་པ། སྟོང་པ་ཉིད་བསྒོམ་པ་ལ་འཇུག་པའི་ཚུལ། དངོས་པོར་འཛིན་པ་དགག་པ། སྟོང་ཉིད་བསྒོམ་པའི་འབྲས་བུ་དང་ལྔར་མཛད་ནས། ཡན་ལག་འདི་ཞེས་ཚིགས་བཅད་གཅིག་གིས་དོན་དང་པོ་དང་། གཉིས་པ་ལ་ཡུལ་སྟོང་པར་བསྒྲུབ་པ་དང་། ཡུལ་ཅན་ལམ་དུ་བསྒྲུབ་པ་གཉིས། སྔ་མ་ལ་གསུམ་ལས། ཀུན་རྫོབ་དང་ནི་ཞེས་ཚིགས་བཅད་བཞིས་བདེན་པ་གཉིས་ཀྱི་རང་བཞིན་རྣམ་པར་གཞག་པ། གཟུགས་སོགས་ཞེས་ཚིགས་བཅད་ཕྱེད་དང་བཅུ་གཉིས་ཀྱིས་ཀུན་རྫོབ་ཀྱི་སྒོ་ཅན་གྱི་གནོད་པ་སྤང་བ་དང་། གང་ཚེ་ཞེས་པ་ནས། དགོས་པ་ཅི་ཞིག་ཡོད་ཅེས་པའི་བར་གྱིས་དོན་དམ་པའི་སྒོ་ཅན་གྱི་གནོད་པ་སྤང་བའོ། །གཉིས་པ་ཡུལ་ཅན་ལམ་དུ་བསྒྲུབ་པ། སྒྱུ་མ་ལྟ་བུ་ཞེས་པ་ནས། སུ་ཞིག་ཡིན་ཞེས་བྱ་བའི་བར་གྱིས། སྟོང་ཉིད་བསྒོམ་པའི་ཚུལ་ལ་གཉིས་ལས། སོ་དང་སྐྲ་ཞེས་པ་ནས། བདག་མེད་བསྒོམ་པ་མཆོག་ཡིན་ནོའི་བར་གྱིས། གང་ཟག་གི་བདག་དང་། ལུས་ནི་ཞེས་པ་ནས། དེ་ལ་མྱ་ངན་འདས་པར་བརྗོད། །ཅེས་པའི་བར་གྱིས་ཆོས་ཀྱི་བདག་མེད་བསྟན་ཏོ། །དེ་ནས་གང་གི་ལྟར་ན་ཞེས་པ་ནས། དེ་ཉིད་དུ་ན་ཁྱད་པར་མེད། །ཅེས་པའི་བར་གྱིས་དངོས་པོར་འཛིན་པ་དགག་པ་དང་། དེ་ལྟར་སྟོང་པའི་དངོས་ཞེས་པ་མན་ཆད་སྟོང་ཉིད་བསྒོམ་པའི་འབྲས་བུ་དང་། ལེའུ་ཐ་མས་བསྒྲུབ་པའི་འབྲས་བུ་མངོན་པར་འགྲུབ་པའོ་ཞེས་སོ། །བདག་གི་བླ་མ་ཆོས་ཀྱི་སྤྱན་དང་ལྡན་པ་དག་གིས་དེ་རྩོམ་པ་པོའི་དགོངས་པ་མ་ཡིན་པར་གཟིགས་ཏེ། དེ་ཡང་གཞན་གྱིས་བཤད་པའི་ཤེས་རབ་གཙོ་བོར་བསྟན་པ་ཞེས་པ་འདི་མཚམས་སྦྱོར་ལ་འབྲེལ་ཡིན་ཏེ། སློབ་དཔོན་འདིས་ལེའུ་སྔ་མ་ཐམས་ཅད་ལ་མཚམས་སྦྱོར་གསུངས་ལ། ལེའུ་དང་པོའི་ཐོག་མར་རྟེན་གྱི་གང་ཟག་བསྟན་ནས། དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་མཚམས་སྦྱར་ནས། ལེའུ་དང་པོར་བྱང་ཆུབ་སེམས་ཀྱི་ཕན་ཡོན་བསྟན་ནས། ལེའུ་གཉིས་པར། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །ཞེས་འབྲེལ། དེ་ནས་ལེའུ་གཉིས་པ་དང་གསུམ་པས་སེམས་བསྐྱེད་ནས། ལེའུ་བཞི་པར། རྒྱལ་བའི་སྲས་ཀྱིས་དེ་ལྟ་བུར། །བྱང་ཆུབ་སེམས་རབ་བརྟན་བཟུང་ནས། །ཞེས་པ་ལ་སོགས་པས་བག་ཡོད་དང་། དེའི་བསླབ་ཚུལ་ལེའུ་ལྔ་པར། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ཏེ་སེམས་བསྲུང་ཞེས་དང་། སེམས་བསྲུང་ཚུལ་དེ་ཉིད་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུང་ཞིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་གསུངས་ལ། དེ་ལྟར་དྲན་པ་དང་ཤེས་བཞིན་གྱིས་སེམས་བསྲུང་བ། དང་པོར་མི་མཐུན་པའི་ཕྱོགས་སྤང་དགོས་པས། དེ་བསྟན་པའི་ཕྱིར། ལེའུ་དྲུག་པར། བསྐལ་པ་སྟོང་དུ་བསགས་པ་ཡི། །ཞེས་པ་ལ་སོགས་པས་བསྟན། དེ་ལྟར་མི་མཐུན་པའི་ཕྱོགས་སྤངས་ནས། མཐུན་པའི་ཕྱོགས་ལ་སྤྲོ་བ་དགོས་པས་ལེའུ་བདུན་པར། དེ་ལྟར་བཟོད་པས་བརྩོན་འགྲུས་རྩོམ། །ཞེས་འབྱུང་ངོ་། །དེ་ལྟར་དགེ་བ་ལ་སྤྲོ་བ་དེས་གཉེན་པོས་སེམས་ལས་སུ་རུང་བར་བྱ་དགོས་པས། ལེའུ་བརྒྱད་པར། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི། །ཡིད་ནི་ཏིང་ངེ་འཛིན་ལ་གཞག །ཅེས་སོ། །དེའང་ལྷག་མཐོང་དང་ལྡན་དགོས་པས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་ཞེས་རྩ་བ་བཞི་གསུངས་སོ། །དེས་ན་དྲན་པ་དང་ཤེས་བཞིན་ལ་བརྟེན་ཏེ་བསླབ་པ་བསྲུང་བ་འབྱུང་ལ། དེ་ལ་བརྟེན་ནས་བཟོད་པ། དེ་ལས་བརྩོན་འགྲུས། དེ་ལས་ཞི་གནས། དེ་ལས་ལྷག་མཐོང་འབྱུང་བས་ན། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལེའུའི་འབྲེལ་ཡིན་ནོ། །གཉིས་པ་དེའི་རང་བཞིན་སྟོང་པ་ཉིད་ཤེས་པ་ཡིན་ལ། གཟུགས་སོགས་ཞེས་དང་། གང་ཚེ་ཞེས་པས་ཀུན་རྫོབ་དང་། དོན་དམ་པའི་སྒོ་ཅན་གྱི་རྩོད་སྤང་ཞེས་པའང་། དབུ་མ་པས་ཀུན་རྫོབ་ཏུ་འདོད་པ་ལ་ཟེར་ན་ཕྱི་མའང་དེར་འགྱུར་ལ། དངོས་པོར་སྨྲ་བས་ཀུན་རྫོབ་ཏུ་འདོད་ན་ཅི་ཞིག་རྩོད། ཡང་དོན་དམ་གྱི་སྒོ་ཅན་ཞེས་པ་དངོས་པོར་སྨྲ་བ་ལ་ཟེར་ན་སྔ་མའང་དེར་འགྱུར་ལ། དབུ་མ་པ་ལྟར་ན་རྟགས་མ་གྲུབ་བོ། །དེས་ན་ཀུན་རྫོབ་ཀྱི་ཞེས་བརྗོད་ན་དངོས་པོར་སྨྲ་བ་དང་། དོན་དམ་གྱི་ཞེས་བརྗོད་ན་དབུ་མ་པ་ལ་མ་གྲུབ་པས། སྔ་མ་ཉན་ཐོས་དང་། ཕྱི་མ་སེམས་ཙམ་གྱི་རྩོད་སྤང་ངོ་ཞེས་གསུང་ངོ་། །གསུམ་པ་སྟོང་པ་ཉིད་བསྒོམ་པའི་ཚུལ་ལ། དྲན་པ་ཉེར་གཞག་བཞི་ལ་ཆོས་ཀྱི་བདག་མེད་དུ་འཆད་པ་རྩོམ་པ་པོའི་དགོངས་པ་མ་ཡིན་ཏེ། བསླབ་པ་ཀུན་ལས་བཏུས་པ་ལས། དྲན་པ་ཉེ་བར་གཞག་པ་བཞི་བསྟན་ཟིན་ཏོ། །དེ་ལྟར་གང་ཟག་ལ་བདག་མེད་པར་བསྟན་ནས་ཞེས་གསུངས་ལ། བདེན་པ་གཉིས་ཀྱིས་ཤེས་བྱ་སྤྱིའི་གནས་ལུགས་གཏན་ལ་ཕབ་ནས་དེ་ལ་ཆོས་ཀྱི་བདག་མེད་པ་གསུངས་ལ། སྟོང་པ་ཉིད་བསྒོམ་པ་ལ་འཇུག་པའི་ཚུལ་དང་། དངོས་པོར་འཛིན་པ་དགག་པ་གཉིས་ལ་གང་ཟག་གི་བདག་མེད་པ་བསྟན་པ་ཞེས་དབུ་མ་ལ་འཇུག་པ་ལས་བཤད་དོ། །དེས་ན་ཡུལ་ཅན་ལམ་དུ་བསྒྲུབ་པ་ཡན་ཆད་ཆོས་ཀྱི་བདག་མེད། ཁམས་དྲུག་བདག་མེད་མན་ཆད་གང་ཟག་གི་བདག་མེད་ཡིན་ཏེ། རྒྱུ་མཚན་དེ་དག་དང་། མཛོད་ལས་ཀྱང་། རྒྱུན་ལ་གང་ཟག་ཅེས་བྱ་སྟེ། །མཚན་ཉིད་འཛིན་ལ་ཆོས་ཞེས་བྱ། །ཞེས་བཤད་པས་སོ། །ཡང་གང་གིས་ལྟར་ན་འདི་གཉིས་བདེན་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོར་འཛིན་པ་དགག་པ་ཞེས་སྨྲ་བའང་གོང་འོག་གཞན་རྣམས་དངོས་འཛིན་དགག་པ་ཡིན་ན་དེ་ཁོ་ན་ལ་ཅིའི་ཕྱིར་བརྗོད། མ་ཡིན་ན་དེ་དག་དངོས་འཛིན་གྱི་གཉེན་པོར་མི་འགྱུར་རོ། །དེ་ལྟར་སྟོང་པའི་ཞེས་པ་ནས། སྟོང་ཉིད་བསྒོམ་པའི་འབྲས་བུའོ་ཞེས་པའང་གནས་སྐབས་ཀྱི་ཕན་ཡོན་ལས་འབྲས་བུར་མི་འཐད་དེ། དེ་ནི་རྫོགས་པའི་སངས་རྒྱས་ཐོབ་པའོ་ཞེས་པ་བདག་གི་བླ་མ་གསུང་ངོ་། །ཡང་བཻ་རོ་ཙ་ན་རཀྵི་ཏས། ཤེས་བྱ་ལས་སྔར་ཞེས་པ་ནས་རྩ་བ་དྲུག་གིས། སེམས་དང་ཆོས་དྲན་པ་ཉེར་གཞག་ཐུན་མོང་དུ་བསྟན། དེ་ལྟར་ཆོས་རྣམས་ཞེས་རྩ་བ་གཉིས་ཀྱིས་ཆོས་དྲན་པ་ཉེར་གཞག་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པ་སྤྱིར་བསྟན། གལ་ཏེ་ཞེས་བྱ་བ་ལ་སོགས་པས་དེ་ལ་རྩོད་པ་སྤང་བ་དང་། གང་གི་ལྟར་ན་ཞེས་པ་ནས། ཤེས་པ་དང་ཤེས་བྱའི་ཆོས་ཐམས་ཅད་ལ་བདེན་པའི་སྒྲུབ་བྱེད་མེད་པ་དང་། རེ་ཞིག་འཇིག་རྟེན་ཞེས་བྱ་བ་ནས། དེ་ཉིད་དུ་ན་ཁྱད་པར་མེད། །ཅེས་བྱ་བའི་བར་ཆོས་དྲན་པ་ཉེར་གཞག་ཏུ་བཤད་ཅེའོ། །ཡང་ནག་པོ་ཞབས་ཀྱིས་དེ་ལྟར་ཆོས་རྣམས་ཞེས་པ་ནས་ཆོས་དྲན་པ་ཉེར་གཞག་ཏུ་བཤད་དེ། འདི་ཁོ་ན་གཞུང་ལ་ཞུགས་ཞེས་གསུང་ངོ་། །ད་ནི་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་བཞེད་ཚུལ་དེ་བརྗོད་པར་བྱའོ། །དེ་ལ་དོན་གསུམ་གྱི། མཚམས་སྦྱར་བའི་ཚུལ་གྱིས་བརྗོད་བྱའི་ངོ་བོ་བསྟན་པ་ནི། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དེ་རྟོགས་པའི་དོན་དུ་གསུངས་སོ། །སྦྱིན་པ་ལ་སོགས་པ་ལྔ་པོ་ཡན་ལག་སྟེ། པ་རི་ག་ཏ་ཞེས་པ། ཆ་ཤས་སམ། བསྡོགས་པའམ། ཉེ་འཁོར་རམ། གྲོགས་ཞེས་བྱའོ། །དེ་ལྟ་མོད། འདས་པ་ལ་འདིའི་སྒྲ་མི་འཇུག་ཅེ་ན། སོ་སོར་རྟོག་པའི་ཤེས་རབ་ལ་ཕ་རོལ་ཏུ་ཕྱིན་པ་ལྔའི་སྤྱི་ལེགས་པར་བསྒོམ་པ་ཡོད་པས་སྒྲ་དེ་མི་འགལ་ལོ། །དེ་དག་ལས་ལུས་དང་ཡན་ལག་ཏུ་བརྗོད་པའི་རྒྱུ་མཚན་ཅི་ཞེ་ན། ཐུབ་པས་གསུངས་ཏེ། རྒྱལ་བའི་ཡུམ་ལས། རབ་འབྱོར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལ་རིན་པོ་ཆེ་དང་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་ལ། དེ་ཉིད། འཁོར་ལོས་སྒྱུར་རྒྱལ་ལམ་གང་ནས་ནི་རྟག་འགྲོ་བ། །ལམ་དེ་ཉིད་ནས་རིན་ཆེན་བདུན་དང་དཔུང་ཚོགས་ཀུན། །གང་ནས་རྒྱལ་བའི་ཤེས་རབ་ཕ་རོལ་ཕྱིན་འདི་འགྲོ །དེ་ཉིད་ནས་ནི་སངས་རྒྱས་ཆོས་ཀུན་འགྲོ་བར་འགྱུར། །ཞེས་དང་། ཕ་རོལ་ཕྱིན་ལྔ་བྱང་ཆུབ་ཡོན་ཏན་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་འབྱུང་། །ཞེས་དང་། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ། །ཞེས་པ་ལ་སོགས་དང་། ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་མ་ཟིན་པའི་སྦྱིན་པ་སྦྱིན་པ་ཉིད་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་དང་། དམུས་ལོང་ལ་སོགས་པའི་དཔེ་ཡིས་དང་། རྣམ་འགྲེལ་ལས། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ལས་བྱུང་བའི་ཉེས་ཀུན་དང་། །འགལ་བ་རབ་ཏུ་གྲུབ་པ་ཡིན། །ཞེས་སོ། །དེ་ཡི་ཕྱིར་ན་རང་དང་གཞན་གྱི་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་ཏེ། རྣམ་འགྲེལ་ལས། བྱམས་སོགས་རྨོངས་དང་མི་འགལ་ཕྱིར། །ཉེས་ཀུན་ཤིན་ཏུ་ཚར་གཅོད་མིན། །སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །དེ་ལས་བྱུང་བ་ཉེས་ཀུན་དང་། །འགལ་བ་རབ་ཏུ་གྲུབ་པ་ཡིན། །ཞེས་སོ། །དེ་རྟོགས་པ་ལ་ཚོགས་གཉིས་དགོས་ཏེ། སྡུད་པར། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་འཐོབ་མི་འགྱུར། །ཞེས་གསུངས་ལ། དེའི་ཤེས་བྱེད་ཀྱང་། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་སོ། །དེ་ལ་ཞི་བར་བྱ་བ་དེའི་ངོ་བོ་ནི། རྒྱུ་ལས་དང་ཉོན་མོངས་པས་ཀུན་ནས་བསླངས་པའི་འབྲས་བུ་ལུས་སེམས་གདུང་བར་བྱེད་པ་སྟེ། སྡིག་པས་ལུས་དང་སེམས་ལ་གནོད། །ཅེས་སོ། །དབྱེ་ན་གསུམ་མམ་བརྒྱད་དེ། དེ་དག་གི་རྒྱུ་ཡང་རྣམ་འགྲེལ་ལས། ཉེས་པ་རྣམ་པ་ཐམས་ཅད་དག །འཇིག་ཚོགས་ལྟ་ལས་སྐྱེས་པ་ཡིན། །དེ་མ་རིག་ཞེས་དང་། གཏི་མུག་གཉིས་པའི་རྩ་བ་ཞེས་དང་། བདག་ཡོད་ནས་ནི་གཞན་དུ་ཤེས། །བདག་གཞན་ཆ་ལ་འཛིན་དང་སྡང་། །དེ་དག་དང་ནི་ཡོངས་འབྲེལ་ལས། །ཉེས་ཀུན་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་ལ། འདིར་ཡང་བདག་འཛིན་རྒྱུར་གསུངས་པས། དེའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་རྒྱུ་འབྲས་སོ། །འོ་ན་རྣམ་པ་ལྔ་པོ་དོན་མེད་དམ་ཞེ་ན། དེའི་སྒྲུབ་བྱེད་ཡིན་ཏེ། སྟོན་ཐོག་འདོད་པས་ཞིང་ལས་ལ་འཇུག་པ་བཞིན་ནོ། །དེས་ན་ཤེས་རབ་ཕྱིན་ཅི་མ་ལོག་པ་སྦྱངས་པས་མངོན་པར་ཞེན་པ་མི་སྐྱེ། དེས་ཉོན་མོངས་པ་མི་འབྱུང་། དེས་ལས་མི་སོག དེས་སྡུག་བསྔལ་ལྡོག་སྟེ། དུ་བ་སྤོང་པ་ལ་མེ་བཞིན་ནོ། །རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་བར་འགྱུར། །བསྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་དང་། དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུ་ཅན་རིགས་མཐུན་ས་བོན་ལས། །བྱུང་བ་འཇིག་ཚོགས་ལྟ་བདག །རྩ་བ་ཉིད་ནས་འབྱུང་བར་གྱིས། །ཞེས་སོ། །དོན་དངོས་ལ་གསུམ། བདེན་པ་གཉིས་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན། བདག་མེད་གཉིས་ཀྱི་སྒོ་ནས་རྒྱས་པར་བཤད། ཆོས་ཐམས་ཅད་སྐྱེ་འགག་དང་བྲལ་བར་བསྟན་པའི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །ཉིད་ཀྱིས་མཁྱེན་ནས་གཞན་ལ་བསྟན་མཛད་པ། །གང་ཞིག་ཀུན་རྫོབ་གཞན་ནི་དོན་དམ་སྟེ། །བདེན་པ་གསུམ་པ་གཞན་འགའ་མ་མཆིས་སོ། །ཞེས་དང་། དབུ་མ་རྩ་བ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས། འདི་གཏན་ལ་དབབ་པ་ལ་གཉིས་ལས། སྤྱིའི་དོན་ཅུང་ཟད་བརྗོད་ན། བདེན་པ་གཉིས་ཀྱི་རབ་ཏུ་དབྱེ་བ། སྒྲ་དོན་ནམ་མཚན་ཉིད། དེའི་རྟེན་མཚན་གཞི་དཔྱད་པ་གསུམ་མོ། །དང་པོ་ལ། དབྱེ་བའི་གཞི། དབྱེ་དོན། གྲངས་ངེས་གསུམ་ལས། སྔ་མ་ལ་བདག་ཉིད་ཆེན་པོ་དག་དེ་གཉིས་ལ་དབྱེ་གཞི་མེད་དེ། ཤེས་བྱ་དང་དེ་མ་ཡིན་དུ་འབྱེད་པ་ལ་ཤེས་བྱར་གྲུབ་པས་དེ་མ་ཡིན་ཁེགས་པ་ལྟར། བློ་དང་བློའི་ཡུལ་དུ་གྱུར་པ་ཐམས་ཅད་དཔྱད་མི་བཟོད་པས་ཀུན་རྫོབ་ཏུ་གྲུབ་པས། དེ་ལ་གཅིག་ཤོས་ཁེགས་པས་གཉིས་སུ་བྱེད་ཀྱི། གཅིག་ལས་གཉིས་སུ་དབྱེ་བ་མེད་དེ། ཡོད་ན་དོན་དམ་དེ་བློ་ཡུལ་དུ་གྲུབ་པར་འགྱུར་ཟེར་བ་ལྟར་ན། གཞི་མ་གྲུབ་པས་དོན་མི་འཐད་ཅིང་། ལུང་དང་ཡང་འགལ་ལོ། །དེས་ན་ཤེས་བྱ་ཙམ་པོ་དེ། ཡབ་སྲས་མཇལ་བ་ལས་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ་ཞེས་དང་། དབུ་མ་ལ་འཇུག་པ་ལས། དངོས་ཚོགས་ཡང་དག་ལོག་པར་མཐོང་བ་ལས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་མི་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་འདོད། །ཞེས་དང་། སྟོང་ཉིད་ཁོ་ན་ཀུན་རྫོབས་ཞེས་པས། ཤེས་བྱ་ཙམ་པོ་ཉིད་རིགས་པས་དཔྱད་ན་ཅིར་ཡང་མ་གྲུབ་པ་དོན་དམ། མ་སྐྱེས་པ་ལ་སྣ་ཚོགས་སུ་སྣང་བ་ཀུན་རྫོབ་སྟེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་པ་རྟོག་བཅས་ཀྱི་བློ་ལ་དགོངས་ཏེ། འདི་ལྟར་མི་བསླུ་བའི་མཆོག་མྱ་ངན་ལས་འདའ་བ་འདི་ནི་བདེན་པའི་མཆོག་གཅིག་པུ་ཞེས་སོ། །གཉིས་པ་ནི། དེ་གཉིས་ངོ་བོ་གཅིག་གམ། ཐ་དད་དམ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་ཞེ་ན། སྔ་མ་མ་ཡིན་ཏེ། མདོ་ལས། ཀུན་རྫོབ་མཐོང་བ་ན་བདེན་པ་མཐོང་བར་འགྱུར་བ། དོན་དམ་ལྟར་ཀུན་རྫོབ་ལ་དབྱེ་བ་མེད་པར་འགྱུར་བ། ཀུན་རྫོབ་ལྟར་དོན་དམ་སྒྲིབ་པའི་དམིགས་པར་ཐལ་བ། ཀུན་རྫོབ་ལྟར་དོན་དམ་ཡང་མཐོང་ཐོས་ལས་གཞན་དུ་བཙལ་མི་དགོས་པར་ཐལ་བ་བཞིའོ། །ཐ་དད་ན་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ། དོན་དམ་རྟོགས་པས་མཚན་མ་ཟིལ་གྱིས་མི་གནོད་པར་ཐལ། ཀུན་རྫོབ་ཡང་དག་པ་མ་གྲུབ་པ་ཙམ་དོན་དམ་མ་ཡིན་པར་ཐལ། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དུས་གཅིག་པར་ཐལ་བ་སྟེ་བཞི་གསུངས་པ་ལ། འདི་གཉིས་མཚན་ཉིད་ཀྱང་ཐ་མི་དད་པའམ། དངོས་པོ་ཐ་དད་དུ་འདོད་པ་ལ་དགོངས་ཞེས་གྲག་གོ །གསུམ་པ་ལྟར་ན་དོན་དམ་ལ་ངོ་བོ་ཞིག་ཡོད་པར་འགྱུར་ལ། འདོད་ན། རྡོ་རྗེ་གཅོད་པ་ལས། ཆོས་གང་ཞིག་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་བདེན་པ་ཡང་མེད། བརྫུན་པའང་མེད་ཅེས་བཤད་དོ། །དེས་ན་རྣམ་གྲངས་ཀྱི་དོན་དམ་པའི་བདེན་པ་དང་ཀུན་རྫོབ་གཉིས། ཆོས་ཅན་དང་ཆོས་ཉིད་དམ། གཅིག་པ་བཀག་ཙམ་སྟེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་དག །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་བཞུགས་པ་ཡིན། །ཞེས་པ་སྐྲ་ཤད་དུ་སྣང་བ་དང་། དེས་སྟོང་པ་གཉིས་ངོ་བོ་གཅིག་ཀྱང་མ་ཡིན་ལ། ཐ་དད་པའང་མ་ཡིན་ཏེ། དེ་སྣང་དུས་ཉིད་ན་སྟོང་ལ། དེ་ཉིད་སྣང་བ་ལྟར་འཁྲུལ་མ་འཁྲུལ་གཉིས་ཀྱང་སྟེ། ཡུམ་ལས། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་སྟོང་པ་ཉིད་དོ་ཞེས་དང་། སེམས་འགྲེལ་ལས། ཀུན་རྫོབ་ལས་ནི་ལོགས་ཤིག་ན། །དོན་དམ་ཉེ་བར་མི་དམིགས་སོ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །ཅེས་སོ། །རྣམ་གྲངས་མ་ཡིན་པའི་དོན་དམ་པ་ནི། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང་། འཇམ་དཔལ་ཆོས་ཀྱི་དབྱིངས་ཚད་མར་བྱས་ན་བདེན་པ་ཡང་མེད། བརྫུན་པ་ཡང་མེད་ཅེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས། དངོས་པོ་ཁོ་ན་ལ་དེ་ཉིད་དང་གཞན་གྱི་རྣམ་པར་རྟོག་པ་སྲིད་ལ། དོན་དམ་པ་སྤྱིའི་མཚན་ཉིད་དངོས་པོར་གྲུབ་པ་མེད་པས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་པས། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་སྟེ། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལོག་པས་སོ། །ཞེས་ཏེ། དེ་གཉིས་ཀྱང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དང་། ཕྱོགས་རེ་དང་བྲལ་བ་ལ་བརྗོད་དེ། བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཕྱིར་འདོད། །ཅེས་སོ། །གསུམ་པ་ནི། ཤེས་བྱ་གཞིར་བྱས་པ་ལ་རིགས་པས་དཔྱད་ན་གཞིག་ཏུ་རུང་མི་རུང་གཉིས་ལས་མི་འདའ་བས་ཡུལ་གཉིས་སུ་ངེས་ལ། བློ་ལ་རིག་པའི་ཤེས་པ་སྐྱེས་མ་སྐྱེས་གཉིས་ལས་མི་འདའ་བས་མུ་གསུམ་པ་མེད་ཅིང་གཅིག་ཏུ་མི་འདུ་བས་མཚན་གཞི་ལ་གཉིས་སུ་ངེས་ལ། མཚན་ཉིད་ལ་མ་ཡིན་ཏེ། དོན་དམ་པར་ཅིར་ཡང་མ་གྲུབ་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས། སྒྲ་དོན་ནི། ཀུན་རྫོབ་ལ་སཾ་བྲྀ་ཏ་ཞེས་པའི། སམྱཀ་ཡང་དག་པ། བྲྀ་ཨཱ་བ་ར་ཎ་སྒྲིབ་པའམ། འགེབས་པས་ན། འཁྲུལ་པའི་ཤེས་པ་ཐམས་ཅད་དེ། འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ཅེས་དང་། བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་པ་ཀུན་རྫོབ་བཞེད། །ཅེས་པས། ཐམས་ཅད་ལ། ཀུན་ཏུ། ཡང་དག་པ་ལ་སྒྲིབ་ལ། བློ་དེའི་ཡུལ་དུ་བདེན་པ་སྟེ། ཡབ་སྲས་མཇལ་བ་ལས། དེ་དག་ནི་ཐ་སྙད་ཙམ། མིང་ཙམ། བརྡ་ཙམ། ཀུན་རྫོབ་ཙམ། བརྗོད་པ་ཙམ། གདགས་པ་ཙམ་མོ་ཞེས་གསུངས་སོ། །དོན་དམ་པ་ནི་པར་མ་ཨརྠ་སྟེ། སྒྲ་དང་། རྟོག་པ་དང་། བློའི་ཡུལ་ལས་འདས་པ། དམ་པ་རྣམས་ཀྱིས་དོན་དུ་གཉེར་བྱ་ཡིན་པས་ན། རྣམ་པར་མི་རྟོག་པའོ། །བློ་དེའི་ཡུལ་དུ་བདེན་པས་ཏེ། ཡེ་ཤེས་སྣང་བའི་རྒྱན་ལས། ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་པ་ཞེས་དང་། བདེན་གཉིས་ལས། དོན་དམ་པར་བདེན་པ་ནི་དོན་དམ་པའི་བདེན་པ་སྟེ། དེ་ནི་རིགས་པའི་རྗེས་སུ་འགྲོ་བ་ཅན་གྱི་བདེན་པ་ཉིད་ཅེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །གཉིས་པ་སོ་སོའི་མཚན་ཉིད་ནི། བྱེ་བྲག་ཏུ་སྨྲ་བ་དང་། དབུ་མ་པ་ཁ་ཅིག མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པས། ཐ་སྙད་པའི་བློ་ངོར་གྲུབ་ཅིང་། གཞིག་ཏུ་རུང་བ་ཀུན་རྫོབ་དེའི་ངོར་བདེན་པས། ཀུན་རྫོབ་ཀྱི་བདེན་པ་སྟེ། དཔྱད་མི་བཟོད་པས། བདེན་གཉིས་ལས། ཅི་ལྟར་སྣང་བ་འདི་ཁོ་ན་ཀུན་རྫོབ་ཅེས་སོ། །དབྱེ་ན་སྣང་བ་དང་མཐུན་པར་དོན་བྱེད་ནུས་མི་ནུས་གཉིས་ཡང་དག་དང་ལོག་པའི་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་དང་། འཇུག་པ་ལས། མཐོང་བ་འཁྲུལ་པ་རྣམ་པ་གཉིས་ཡིན་ཏེ། །དབང་པོ་གསལ་དང་དབང་པོ་སྐྱོན་ཅན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་འགྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་སོ། །དོན་དམ་པའི་བདེན་པ་ནི། ཀུན་རྫོབ་སྣང་བའི་མཚན་མ་ལས་འདས་པ། དཔྱད་ན་གནོད་པ་མེད་པ་སྟེ། ལྷའི་བུས་ཞུས་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་བདེན་པར་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན། དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགགས་པ་དང་། བརྗོད་པར་བྱ་བ་དང་། ཤེས་པར་བྱ་བ་དང་། ཤེས་པར་བྱེད་པ་དང་བྲལ་བ་ཡིན་ཏེ། ཅི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཞེས་བློའི་ཡུལ་ལས་འདས་པ་ཉིད་ལ་སྤྲོས་བྲལ་ཞེས་གསུངས་སོ། །མདོ་སྡེ་པ་དག་ཀུན་ནས་ཉོན་མོངས་པ་དང་། རྣམ་བྱང་གི་དམིགས་པ་ལ་འདོད་པ་ལྟར་ན་གཉིས་ལས། བསླུ་བ་མེད་པའི་རིགས་པས་ནི། །དོན་དམ་ཡིན་ཞེས། རིགས་པའི་ཤེས་པ་དོན་དམ། དེའི་ངོར་བདེན་པས་བདེན་པ། དབྱེ་བ་སྔར་བདེན་གཉིས་ལས་བཤད་དོ། །དབུས་མཐར། སེམས་ཙམ་པའི་དབང་དུ་བྱས་ཏེ། རེ་རེ་ལའང་གསུམ་གསུམ་དུ་ཕྱེའོ། །འདིར་ནི་དོན་དམ་པའི་བདེན་པ་སྟེ། སྤྲོས་པ་མཐའ་དག་དང་བྲལ་བ་སྟེ། ཅིར་ཡང་མ་གྲུབ། མཚན་ཉིད་མེད་པ། བློའི་ཡུལ་མིན་པ་ཞེས་བྱ་སྟེ། ཡུམ་ལས་ཆོས་ཐམས་ཅད་ནི་ནམ་མཁའི་ངང་ཚུལ་ཅན་ཏེ། དེ་དག་ནི་ཚུལ་དེ་ལས་མི་འདའོ་ཞེས་དང་། ཆོས་ཐམས་ཅད་ནི་མཚན་ཉིད་གཅིག་པ་སྟེ་དེ་འདི་ལྟར་མཚན་ཉིད་མེད་པའོ་ཞེས་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དེ་མཚན་ཉིད་མེད་པའོ་ཞེས་དང་། དགོངས་འགྲེལ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། མ་སྐྱེས་པ་ཞེས་པས་སྤྲོས་པ་མཐའ་དག་དང་བྲལ་བ་ཞིག་གོ །དེ་ལྟར་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་དང་། །རྣམ་རྟོག་མེད་དོན་ཐ་དད་མེད། །འདི་ནི་དོན་དམ་མཚན་ཉིད་དོ། །ཞེས་བཤད་ཅེ་ན། དེ་ནི་རྣམ་གྲངས་ཀྱི་དོན་དམ་པའི་མཚན་གཞི་ལ་བཏགས་པ་ཙམ་སྟེ། རྩ་ཤེར་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་སོ། །གསུམ་པ་མཚན་གཞི་དཔྱད་ན། གྲུབ་མཐའ་བཞིས་དབྱེ་བས་ཏེ། སེམས་ཙམ་དང་དབུ་མ་རང་རྒྱུད་པ་ལྟར་ན། གཉིས་ཀའི་མཚན་གཞི་གྲུབ་པར་འདོད་དེ། རྣམ་གྲངས་ཀྱི་དོན་དམ་པར་དེ་ལྟ་འདོད་པས། ཡོད་མེད་ལ་སོགས་པའི་སྤྲོས་པ་མཐའ་དག་དང་བྲལ་བ་དེའོ། །ལང་ཀ་ལས། ཀུན་རྫོབ་རྟོག་པས་བཏགས་པ་སྟེ། །དེ་ཆད་འཕགས་པའི་སྤྱོད་ཡུལ་ཡིན། །ཞེས་དང་། འཇུག་པར། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་གི་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུངས་པ་ལྟ་བུའོ། །སློབ་དཔོན་འདིས། བློ་དང་བློའི་ཡུལ་ཐམས་ཅད་ཀུན་རྫོབ་ཀྱི་མཚན་གཞི། ཅིག་ཤོས་བློའི་ཡུལ་ཐམས་ཅད་ལས་འདས་པ་ཅིར་ཡང་མ་གྲུབ་པའི་ཐུགས་ལ་ཐ་སྙད་དུ་བྱའི། དོན་དུ་ན་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞེས་ཀྱང་མི་བྱ་སྟེ། འཇུག་པར། མོ་གཤམ་བུ་ལ་རང་གི་མཚན་ཉིད་ཀྱིས། །སྐྱེ་བ་དེ་ཉིད་དུ་མེད་ཐ་སྙད་དུ་མེད་ལྟར། །དེ་བཞིན་དངོས་ཀུན་རང་གི་མཚན་ཉིད་ཀྱིས། །དེ་ཉིད་མ་སྐྱེས་ཐ་སྙད་དུ་མ་སྐྱེས། །ཞེས་དང་། འདས་མ་ཐག་པར། ལྷའི་བུ་ཞེས་བྱ་བ་ལ་སོགས་པ་བཞིན་ཏེ། མཚན་ཉིད་མེད་པས་མཚན་གཞི་མེད་པའོ། །དེས་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདའ་བར་རློམ་སེམས་ཏེ། །ཡང་དག་མཐོང་བ་འཇིག་རྟེན་དང་། །མྱ་ངན་འདའ་བར་རློམ་སེམས་མེད། །ཅེས་དང་། ཟླ་བ་གྲགས་པས་ཀྱང་། དོན་དམ་པ་དང་ཀུན་རྫོབ་ཞེས་གཉིས་སུ་དབྱེ་ན་ནི། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ་གཞག་གོ་ཞེས་བཤད་དོ། །མཚན་ཉིད་ངེས་པར་བྱེད་པའི་ཚད་མིན་གཅིག་དང་དུ་བྲལ་ལ་སོགས་པས་སྣང་བ་ལ་བདེན་པ་འགོག་པའི་ཚད་མ་དང་། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བར་དངོས་སུ་རྟོགས་པའི་རྣལ་འབྱོར་གྱི་མངོན་སུམ་གྱིས་ངེས་ཏེ། སྔ་མ་ནི་ཇི་ལྟ་བ་འདི་ཡི་སྟེང་དུ་མཁས་པ་ལ་མངོན་སུམ་སྟེ། བླུན་པོ་ལ་རྟགས་ཀྱིས་དང་། ཐུན་མོང་དུ་ལུང་གིས་སོ། །དེ་གང་ཟག་གང་ལ་ལྡན་ཞེ་ན། རྒྱལ་སྲས་ཐོགས་མེད་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་གྲུབ་དོན་དམ། དག་པ་འཇིག་རྟེན་པའི་ཡེ་ཤེས་གཞན་དབང་དོན་དམ། ཀུན་བརྟགས་ཀུན་རྫོབ་ཡིན་པས་དེ་གཏན་མེད། བྱང་ཆུབ་སེམས་དཔའ་ལ་དེ་གཉིས་ཀ་ཡོད་པས་གཉིས་ཀ སོ་སོ་སྐྱེ་བོ་གཟུང་འཛིན་དུ་སྣང་བ་ཀུན་བརྟགས། ཤེས་པ་གསལ་བར་མྱོང་བ་གཞན་དབང་དོན་དམ། དེའི་ཆོས་ཉིད་ཅིར་ཡང་མ་གྲུབ་པས་འགྱུར་མེད་ཡོངས་གྲུབ། དེ་ད་ལྟ་དངོས་སུ་མ་རྟོགས་ཀྱང་སྟོང་ཉིད་དང་བདག་མེད་པར་རྟོགས་པ་ཕྱིན་ཅི་མ་ལོག་པར་ཡོངས་གྲུབ་སྟེ་སངས་རྒྱས་དོན་དམ། གཉིས་པོ་གཉིས་ཀའོ་ཞེས་སོ། །སློབ་དཔོན་ལེགས་ལྡན་རྗེས་འབྲང་། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོགས་པའི་ཡེ་ཤེས་དོན་དམ། དག་པ་འཇིག་རྟེན་པ་ཀུན་རྫོབ། འཕགས་པ་གསུམ་སྔར་བཞིན། སོ་སོ་སྐྱེ་བོ་སྟོང་ཉིད་དམ། བདག་ཉིད་རིགས་པའི་རྗེས་སུ་འབྲངས་ནས་ཤེས་པའམ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེས་པ་ནི། དེ་དང་མཐུན་པས་མཐུན་པའི་དོན་དམ་སྟེ་གཉིས་ཀའོ་ཞེས་སོ། །སློབ་དཔོན་ཟླ་གྲགས། སངས་རྒྱས་མྱ་ངན་ལས་འདས་པ་དོན་དམ་ཁོ་ན། འཕགས་པ་གསུམ་གྱི་མཉམ་གཞག་དོན་དམ། རྗེས་ཀུན་རྫོབ། སོ་སོ་སྐྱེ་བོ་ཀུན་རྫོབ་འབའ་ཞིག་དགོངས་འགྲེལ་ལས། །གལ་ཏེ་འཇིག་རྟེན་ཚད་མ་ཉིད་ཡིན་ན། །འཇིག་རྟེན་དེ་ཉིད་མཐོང་ཡིན་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་བྱར་ཡོད། །བླུན་པོ་ཚད་མར་གྱུར་པ་ག་ལ་ཡིན། །ཞེས་གསུངས་པས་ད་ལྟ་སྟོང་ཉིད་ལ་སོགས་པ་ཤེས་པའི་བློ་དེ་རྣལ་འབྱོར་པའི་ཀུན་རྫོབ་ཏུ་གྲུབ་པས། བདེན་པ་གཉིས་ཀྱི་རྣམ་གཞག་བྱེད་པ་མི་རིགས་པའང་མ་ཡིན་ཏེ། ཆུ་ལྟ་བུ་ལ། རྣག་དང་བདུད་རྩི་ལ་སོགས་པར་མཐོང་ཞེས་ཐོས་པ་ལ་བརྟེན་ནས་དབྱེ་བ་བྱེད་པ་ལྟར། སྣང་བ་འདི་ལུང་དང་རིགས་པས་ཀུན་རྫོབ་ཏུ་གྲུབ་པས། རྫོགས་པའི་སངས་རྒྱས་སྤྲོས་པ་དང་བྲལ་བའོ་ཞེས་ཤེས་པ་ལ་བརྟེན་ནས་དབྱེ་བ་བྱེད་པ་ལ་འགལ་བ་མེད་དོ་ཞེས་བཞེད་ལ། བདག་གི་བླ་མ་སློབ་དཔོན་ཕྱི་མ་གཉིས་དགོངས་པ་ཐ་དད་དུ་མི་བསམ་མོ་ཞེས་རྒྱུ་མཚན་དང་བཅས་ཏེ་གསུང་མོད། འོག་ཏུ་བརྗོད་པར་བྱའོ། །གཞུང་གི་དོན་ལ་གསུམ་ལས། དབྱེ་བ་དང་། མཚན་ཉིད་གཉིས། ཀུན་རྫོབ་ཅེས་པ་ནས་རྩ་བ་གཉིས་གཉིས་སོ། །མཚན་ཉིད་དེ་བསྒྲུབ་པ་ལ་གསུམ་ལས། གནོད་པའི་ཡུལ་བློའི་རབ་ཏུ་དབྱེ་བ། དེ་ལ་ཞེས་རྩ་བ་གཉིས་ཏེ། བློ་ཀུན་རྫོབ་ལའང་རྣལ་འབྱོར་པ་དང་། ཕལ་པའོ། །འདི་གཉིས་ཀྱང་འགྲེལ་ཆེན་ལས། འཕགས་པ་དང་། སོ་སོ་སྐྱེ་བོ་ལ་བཤད་དེ། སོ་སོ་སྐྱེ་བོ་བདག་གཉིས་སུ་འཛིན་པ་ལ་འཕགས་པས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་གནོད་ཅིང་། དེར་ཡང་ས་དང་པོ་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་ལ། གཉིས་པ་རྒྱུ་མཐུན་པའི་མཆོག་གི་དོན་དུ་རྟོགས་པ་ལ་སོགས་པས་གནོད་པས་གོང་མས་གནོད་ལ། གནོད་བྱེད་མངོན་སུམ་ཡིན་ཡང་། དཔེས་ཞེས་པ་རྟགས་ཀྱིས་མ་ཡིན་གྱི། རྩོད་པ་སྤངས་པའི་དཔེ་ཡིན་ནོ་ཞེས་དང་། ཡང་གཞན་གྱིས། རྣལ་འབྱོར་པ་ནི་དེ་ཁོ་ན་མཐོང་བ། རྒྱུན་ཞུགས་སམ། ས་དང་པོ་ནས་བཅུ་པའི་བར་རོ། །དེ་ཁོ་ན་མ་མཐོང་བ་སོ་སོ་སྐྱེ་བོ་དང་། སེར་སྐྱ་གཟེགས་ཟན་ལ་སོགས་པ་ཕལ་པའོ། །དེ་ལ་ཕལ་པ་བདག་ལ་སོགས་པ་ཡོད་པར་སྨྲ་བ་ལ་བདག་མེད་རྟོགས་པའི་རྣལ་འབྱོར་བས་གནོད་ལ། དེའང་ཆོས་ཀྱི་བདག་ཙམ་དུ་མཐོང་བ་ཉན་ཐོས་ལ་རྣམ་རིག་ཙམ་དུ་སྨྲ་བས་གནོད་ཅིང་། དེ་ལའང་དབུ་མ་པས་གནོད་པས་རྣལ་འབྱོར་པ་དེ་དག་མཐོང་ལམ་ཡང་ཐ་དད་པས་གོང་མ་རྣམས་ཀྱིས་གནོད་དོ། གནོད་པའི་ཤེས་བྱེད་རྟགས་ཀྱིས་སྟོན་པ་གཉིས་ཀ་ཡང་ནི་འདོད་པའི་དཔེས་ཏེ། རྒོལ་བ་གཉིས་ལ་མཐུན་པར་སྣང་བའི་གཟུགས་བརྙན་ལ་ཁྱབ་པ་བསྟན་ནས། སྣང་བ་ཙམ་ལ་ཆོས་སྒྲུབ་པར་བཞེད་པ་གཉིས་ཀ་མི་འཐད་དེ། སྐྱེ་འཕགས་གཉིས་རྒོལ་ཕྱིར་རྒོལ་དུ་མི་རུང་སྟེ། ཆོས་ཅན་མཐུན་སྣང་དུ་མ་གྲུབ་པས་དང་། ཉན་ཐོས་མཐོང་ལམ་ཐ་དད་པ་བདེན་ན། སེམས་ཙམ་དང་དབུ་མ་དེ་ལྟ་ཅི་ལྟར་རིགས། ཡང་འཕགས་པའི་ཡེ་ཤེས་སྔ་མ་ལ་ཕྱི་མས་ཇི་ལྟར་གནོད་དེ། དོན་དམ་གཟིགས་པའི་ཡེ་ཤེས་གནོད་བྱ་གནོད་བྱེད་དུ་འགལ་བས་སོ་ཞེས་གསུངས་སོ། །དེས་ན་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་ཅིང་། སྐྱབས་གནས་དཀོན་མཆོག་གསུམ་ལ་བྱེད་ན་རྣལ་འབྱོར་པ། དེ་ལས་བཟློག་པ་ཕལ་པའོ་ཞེས་བཞེད་དོ། །གཉིས་པ་གནོད་པའི་རིམ་པ་དེ་ལ་ཞེས་པ། རྒྱུ་མཚན་མེད་བཞིན་དུ་རྟག་པ་དང་། གཙང་བ་བདེ་བ་ལ་སོགས་པར་ཞེན་པ། གྲུབ་མཐས་གཏན་བློ་མ་སྒྱུར་བ་དང་། ཀུན་བརྟགས་པའི་བདག་ཤེས་རིག་ལ་སོགས་པར་ཞེན་པ་ཕྱི་རོལ་པའི་ཕལ་པ་གཉིས་ལས། སྔ་མ་མ་དཔྱད་པའི་བློ་ཤེས་བྱ་ཐམས་ཅད་བདེན་བདེན་པོར་འཛིན་པ་ལ་དེས་གནོད་ལ། དེས་རྟག་གཅིག་རང་དབང་ཅན་གྱི་བདག་ལ་སོགས་པར་འདོད་པ་ལ། སངས་རྒྱས་པས་ཉེར་ལེན་གྱི་ཕུང་པོ་ལ་རྟག་གཅིག རང་དབང་ཅན་གྱི་བདག་མེད་དེ། ཆ་དུ་མ་དང་འབྲེལ་བས། སྣོད་ཐ་དད་ཀྱི་རྒྱ་ཤུག་བཞིན། རྟགས་མངོན་སུམ་དང་། ཁྱབ་པ་དཔེ་ལའོ། །གཞན་ཡང་བདག་རྟག་པ་མེད་དེ། དོན་བྱེད་པ་གཉིས་ཀྱིས་སྟོང་པས་ཞེས་སོ། །དེས་བརྟགས་པའི་དོན་དང་ཤེས་པ་རགས་པར་སྣང་བ་ཀུན་རྫོབ། ཆོས་ཀྱི་བདག་རྡུལ་དང་སྐད་ཅིག་དོན་དམ་དུ་འདོད་པ་ལ། རྣམ་རིག་པས། དྲུག་གིས་ཅིག་ཆར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ལ་སོགས་པ་དང་། ཡོད་པ་མ་ཡིན་དོན་སྣང་ཕྱིར། །ཞེས་བྱ་བ་ལ་སོགས་པས་གནོད་ལ། རྣམ་རིག་པས། ཀྱེ་རྒྱལ་བའི་སྲས་དག ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་དང་། བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བའང་གཞན་ཡོད་མིན། །ཞེས་དང་། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་དང་། ཡང་། མངོན་སུམ་སོ་སོར་རེག་བྱ་ཡང་། །དེ་ཡི་དེ་ཉིད་བདག་ཉིད་ཡིན། །དེས་ན་ཉམས་མྱོང་བྱ་གཞན་མེད། །དེ་ལའང་མྱོང་བ་གཞན་ཡོད་མིན། །ཞེས་པ་ལྷན་ཅིག་དམིགས་ངེས་ལ་སོགས་པས་སེམས་སུ་གྲུབ་ཅེས་པ་ལ། དབུ་མ་པས། སེམས་དང་སེམས་ལས་བྱུང་བའང་དཔྱད་ན་རང་བཞིན་མེད་དེ། རང་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེས་པ་དང་བྲལ་བའི་ཕྱིར་ནམ་མཁའ་བཞིན་ཞེས་ཏེ། ཕྱོགས་ཆོས་ནི། རྗེས་སུ་འགྲོ་ལྡོག་མ་དམིགས་པས་གྲུབ་ལ། ཁྱབ་པ་དཔེ་ལ་མཐོང་བས་སོ། །དེ་བཞིན་དུ། གཅིག་དང་དུ་མ་དང་བྲལ་བས། །ཞེས་དང་། རྟེན་འབྲེལ་ཙམ་ཡིན་པས་ཞེས་སོ། །རྩོད་པ་སྤང་བ་ནི། དེ་ལྟ་ན། དབུ་མ་པའི་བློ་དེ་ལ་གཞན་གྱིས་གནོད་ན་ཐུག་པ་མེད་ལ། མི་གནོད་ན་དེ་དོན་དམ་དུ་འགྱུར་ཞིང་། འདོད་པ་ལ་བསལ་ཞེ་ན། ལང་ཀར་གཤེགས་པར། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །ཅེས་དང་། བདེན་གཉིས་ལས། ཇི་ལྟར་སྣང་ཞིང་ངོ་བོ་བས། །འདི་ལ་དཔྱད་པ་མི་འཇུག་གོ །ཞེས་པས། སྣང་བ་བདེན་པ་དང་། འཛིན་པ་མ་འཁྲུལ་བར་མི་འདོད་ཀྱི། དེ་ལ་བདེན་པ་བཀག་ཙམ་གྱི་སྣང་བ་ལ་གནོད་པ་མེད་དོ་ཞེས་སྟོན་པ། གནོཾད་བྱེདཾ་རྟགཾས་ཀྱིསཾ་སྟོནཾ་པཾ་གཉིས་ཀ་ཡང་ཞེས་པ། གཟུགས་བརྙན་གཉིས་ཀ་ལ་མཐུན་པར་སྣང་བས། དེ་ལ་ཆོས་ཡང་དག་པར་རང་བཞིན་མེད་པ་དང་། རྟགས་ཡང་དག་གི་གཅིག་དང་དུ་མ་དང་བྲལ་བ་བཞིན། ཆོས་ཅན་སྣང་ཙམ་ལ་ཡང་ངོ་། །རྩོད་པ་སྤང་བ། གལ་ཏེ་བློ་ཐམས་ཅད་འཁྲུལ་ཞིང་ཡུལ་བརྫུན་ན། འཁྲུལ་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་ལྔ་ཡིས་ཅི་ཞིག་བྱ་ཞེ་ན། དོན་དམ་པར་དེ་ལྟ་མོད། ཀུན་རྫོབ་མ་དཔྱད་པའི་སྣང་བ་ལ། ཚོགས་རྫོགས་པ་དང་། གཞན་དོན་སྒྲུབ་པ་ལ་དེ་དག་དགོས་ཏེ། མདོ་སྡེ་རྒྱན་ལས། དཔེར་ན་སྒྱུ་མའི་རྒྱལ་པོ་ཞིག །སྤྲུལ་པས་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་དེས་འདི་སྔོན་ཤེས་པས། །འདི་ནི་སྤྲུལ་ལ་ཆགས་པ་མེད། །ཅེས་པ་ལྟར་རོ། །ཅི་ཆོས་ཅན་བརྫུན་པ་དང་འཁྲུལ་པ་འདི་དག་རྣལ་འབྱོར་པ་དང་ཕལ་པ་ལ་མཐུན་པར་སྣང་ན་རྩོད་པར་མི་རིགས་ལ། མི་སྣང་ན་ཆོས་ཅན་ཇི་ལྟར་གྲུབ་ཅེ་ན། དེ་གཉིས་ཞེན་ཡུལ་མཐུན། ཞེན་སྟངས་ཐ་དད་པས་སྐྱོན་གཉིས་པོ་མེད་པ། འཇིག་རྟེན་པ་ཞེས་རྩ་བ་བཞིའོ། །གཉིས་པ་བདག་མེད་པ་གཉིས་ཀྱི་སྒོ་ནས་རྒྱས་པར་བཤད་པ་ནི། རྟོག་གེ་བ་དག བདག་རྟག་པའི་དངོས་པོ་རང་དབང་ཅན་དུ་འདོད་པ་དང་། ཁ་ཅིག་བེམ་པོ་དང་། ཤེས་རིག་དང་། བརྗོད་དུ་མེད་པའི་དང་། རྡུལ་དང་སྐད་ཅིག་རྫས་སུ་སྨྲ་བའི་གཉེན་པོར་འདི་གཉིས་གསུངས་ཏེ། མདོ་སྡེ་རྒྱན་ལས། འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །བདག་མེད་དམ་པའི་དོན་དུ་ན། །སྟོང་ཉིད་བདག་ཏུ་དམིགས་པ་ནི། །ཉེས་པར་བཤད་པ་ཁོ་ན་ཡིན། །ཞེས་དང་། དབུས་མཐར། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་དང་། དབུ་མ་རྒྱན་ལས། ཆོས་ལ་བདག་མེད་མཁས་པ་ཡིས། །རང་བཞིན་མེད་པ་གོམས་བྱས་ནས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་བྱེད། །ཅེས་དང་། འདིར་སྟོང་ཉིད་བག་ཆགས་གོམས་པ་ཡིས། །དངོས་པོའི་བག་ཆགས་སྤོང་བར་འགྱུར། །ཞེས་པ་དང་། རྣམ་འགྲེལ་ལས། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པས། །ཀུན་ལ་རབ་ཏུ་འཇུག་ཅེས་དང་། །དེ་བདག་མེད་པའི་ཆོས་ལ་ནི། །བདག་གཞན་སྒྲོ་འདོགས་པ་ལས་ཆགས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས། དེ་གཏན་ལ་དབབ་ན། ཆོས་ཀྱི་བདག་མེད་པ་དང་། གང་ཟག་གི་བདག་མེད་པའོ། །དང་པོ་ལ་གཉིས་ལས། ཡུལ་དང་ཡུལ་ཅན་སྟོང་པ་ཉིད་དུ་བསྒྲུབ་པ་ལ་གསུམ་གྱི་དང་པོ། བྱེ་བྲག་ཏུ་སྨྲ་བའི་རྩོད་པ་སྤང་བ་ནི། ཤེས་བྱ་གཞི་ལྔ་བྱེ་བྲག་ཏུ་ཕྱེ་སྟེ་སྨྲ་བས་སམ། བྱེ་བྲག་གི་བསྟན་བཅོས་ལ་གཙོ་བོར་བྱེད་པས་ཏེ། དེའང་རྒྱས་པར་ཕྱེ་ན་ཁམས་བསྟན་པ་ལ་སོགས་པ་གནས་བརྒྱད་འདོད་ལ། བསྡུ་ན་གཞི་ལྔ་སྟེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་ལས་བྱུང་བའི་གཞི། ལྡན་པ་མ་ཡིན་པ་འདུ་བྱེད་ཀྱི་གཞི། ཆོས་ཉིད་འདུས་མ་བྱས་ཀྱི་གཞིའོ། །དང་པོ་ལ་རྡུལ་ཕྲ་རབ་དང་། རགས་པ་གཉིས་ལས། སྔ་མ་གཟུགས་ཅན་ཆ་མེད་དེ། །དེས་འདུས་པ་རྩོམ་པ་ན་བསྐོར་བ་བར་དང་བཅས་པས་རྩོམ་ཞིང་གནས་ཏེ། རྡུལ་ཡང་ཁམས་འདི་ན་རྡུལ་ཉུང་བ་ལ་བརྒྱད་དེ། མཛོད་ལས། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུ་སྟེ། །དབང་པོ་གཞན་ལྡན་རྫས་བཅུར་འདོད། །སྒྲ་དང་ལྡན་པར་སྐྱེས་ན་བཅུ་གཅིག་གོ །གཟུགས་ན་དྲི་རོ་མེད་ལ། འབྱུང་བ་བཞི་ཁ་དོག་དང་རེག་པ་སྟེ་དྲུག་གོ །སེམས་རྣམ་ཤེས་ཚོགས་དྲུག སེམས་བྱུང་ལྔ་བཅུ་རྩ་གཅིག་སྟེ། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་པས། དོན་ཙམ་འཛིན་པས་སེམས། ཁྱད་པར་འཛིན་པས་སེམས་ལས་བྱུང་བ་སྟེ། དེ་ཉིད་སེམས་དང་མཚུངས་པ་ལྔས་མཚུངས་པར་ལྡན་ཏེ། རྟེན། དམིགས་པ། རྣམ་པ། དུས། རྫས་མཚུངས་པའོ། །ལྡན་པ་མ་ཡིན་པ་ཐོབ་པ་ལ་སོགས་པ་བཅུ་བཞི་སྟེ། ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་པས་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱང་རྫས་སུ་ཡོད་པ་ཁོ་ན་སྟེ། འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའོ་ཞེས་སོ། །འདུས་མ་བྱས་ནི། མཛོད་ལས། འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་པས། སོ་སོར་བརྟགས་པ་དང་། བརྟགས་མིན་ནོ། །དུས་གསུམ་ཡང་རྫས་སུ་གྲུབ་སྟེ། ལྟེང་ཀ་གསུམ་ན་འདུག་པའི་ཉ་བཞིན་ནོ། །ཡུལ་ཤེས་གཉིས་ཀྱང་རྫས་ཐ་དད་དུས་མཉམ་པ་འབྲེལ་མེད་ཀྱི་ཤེས་པ་ད་ལྟར་བས་འཛིན་པར་འདོད་པས། དེ་དག་གིས་བརྩད་པ་ཆོས་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུ་ཡིན་ན་ཚད་མ་དང་འགལ་ཏེ། སྣང་བ་དང་མཐུན་པར་དོན་བྱེད་པ་མངོན་སུམ་གྱིས་མཐོང་ཞེས་པ་གཟུགས་སོགས་ཞེས་རྒོལ་པ་དང་། བྱིས་པ་ལ་གྲགས་པ་ཙམ་སྟེ། རིགས་ཤེས་ཚད་མས་གྲུབ་པ་མེད་ཅིང་། དཔྱད་ན་མི་རྙེད་པས་ཞེས་པ་ལན་ནོ། །གཉིས་པ་ལུང་དང་འགལ་བ་གསུམ་ལས། ཆོས་ཐམས་ཅད་རང་བཞིན་མེད་ན། མདོ་ལས། དགེ་སློང་དག ཁུར་ཡང་ཡོད། ཁུར་ཁྱེར་བ་ཡང་ཡོད། ཅེས་དང་། ལས་ཀྱང་ཡོད། ལས་ཀྱི་རྣམ་པར་སྨིན་པ་ཡང་ཡོད། ཅེས་དང་། དགེ་སློང་མཽངྒལ་གྱི་བུའི་ལས་ཤེས་པ་ལ་སོགས་པ་དང་འགལ་ཞེ་ན། དེ་དགོངས་པ་ཅན་ཏེ། བློ་དམན་པ་རྣམས་ཀྱི་ཞེན་པའི་རྟེན། ཉེ་བར་ལེན་པའི་ཕུང་པོར་སྣང་ཙམ་ལ་སོགས་པ་དགོངས་གཞི་དང་། དགོས་པ་འཇིག་རྟེན་གཞུག་པ་སྟེ། རྒྱལ་པོའི་བཙུན་མོ་ཤི་བའི་བརྡ་སྤྲོད་པའམ། སྲས་ཀྱིས་ཉིད་འཇོམས་པར་བརྗོད་པ་ལྟ་བུ་སྟེ། མདོ་ལས། དེ་ཉིད་ཚོལ་ལས་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་རྟོགས་ཤིང་ཆགས་མེད་ལ། །ཕྱི་ནས་རྣམ་པར་དབེན་དོན་ཉིད། །ཅེས་གསུངས་སོ། །དངོས་ལ་གནོད་བྱེད་ནི། དེ་དག་ཁོ་ནར་གྲུབ་པ་མེད་དེ། རྡུལ་དང་སྐད་ཅིག་ལ་ངོ་བོ་མེད་པས། རྟགས་མ་གྲུབ་པའང་མིན་ཏེ། རྡུལ་དང་སྐད་ཅིག་ལ་ཕྱོགས་དང་དུས་ཀྱིས་གཞིགས་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཁྱེད་སྐད་ཅིག་གསུམ་དུ་འདོད་པ་ལྟར་ན་ཞེས་དགོངས་ནས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཀྱིས། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་གསུངས་སོ། །རྩོད་པ་སྤང་བ། རྡུལ་དང་སྐད་ཅིག་དོན་དམ་དུ་མེད་ན། ཀུན་རྫོབ་ཏུ་འགྱུར་ལ། འདོད་ན་བྱིས་པའི་སྤྱོད་ཡུལ་དུ་གྲུབ་པར་རིགས་པ་ལས། དེར་མ་གྲུབ་པས་ཀུན་རྫོབ་ཏུའང་འགལ་ཞེ་ན། བྱིས་པའི་དེར་འགལ་ན་ཁྱབ་པ་མ་གྲུབ་ལ། རྣལ་འབྱོར་པའི་དེར་འགལ་བའི་རྟགས་མ་གྲུབ་སྟེ། དེའི་བློ་ལ་སྣང་བས་སོ། །དེ་ལྟར་ན་རྒྱུན་ཞུགས་འཕགས་པ་མ་ཡིན་པར་ཐལ་ཏེ། འདུ་བྱེད་སྐད་ཅིག་མར་མངོན་སུམ་དུ་མཐོང་བ་དེ་ཀུན་རྫོབ་མཐོང་བ་ཡིན་པས། འདོད་ན། མདོ་ལས། དགེ་སློང་དག་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་། དྲི་མ་དང་བྲལ་བར་སྐྱེས་ཞེས་བཤད་པ་ཞེ་ན། བྱང་ཆུབ་སེམས་དཔའི་ས་དང་པོའི་ཡེ་ཤེས་ལ་ལྟོས་ནས་ཐལ་བ་འདོད་དེ། མི་བདེན་པའི་དོན་མཐོང་བའི་འཁྲུལ་པ་ཡིན་པས། འཇིག་རྟེན་ལས་འདུ་བྱེད་རྟག་པ་ལ་སོགས་པར་འཛིན་པ་ལ་ལྟོས་ནས་ཐལ་བ་ཁྱབ་པ་མ་གྲུབ་སྟེ། རྣམ་འགྲེལ་ལས། བདེན་པ་བཞི་ལ་རྟག་པ་དང་། །བདེ་དང་གཙང་དང་ངའི་ཞེས་སོགས། །ཡང་དག་མིན་པ་རྣམ་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །ཅེས་པས། དེ་འདྲ་ལ་ལྟོས་ནས་བཞག་སྟེ། འཇིག་ཚོགས་ལ་ལྟ་བ་རི་བོ་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་པའི་ཕྱིར་དེ་ཁོ་ན་མཐོང་བར་རྣམ་པར་གཞག་གོ་ཞེས་གསུངས་ཏེ། རྣལ་འབྱོར་པའི་ཀུན་རྫོབ་བམ། རྣམ་གྲངས་ཀྱི་དོན་དམ་ཞེས་བྱའོ། །གཞན་དུ་སྟེ། འཇིག་རྟེན་པ་ལ་དེ་ལྟར་མི་སྣང་ངོ་ཞེ་ན། དེས་རྣལ་འབྱོར་པ་ལ་གནོད་པར་འགྱུར་ན། བུད་མེད་ལ་གཙང་མར་རྟོག་ཀྱང་གཞན་ལ་གནོད་པར་འགྱུར་ལ། འདོད་ན། ཁྱེད་ཀྱང་མི་གཙང་བ་གཉེན་པོར་འདོད་པ་མིན་ནམ། དེས་ན་འཇུག་པ་ཐ་དད་དེ། རྒྱལ་པོ་ལ་གཏམ་དུ་བྱ་བ་ལས། བུད་མེད་ལུས་ནི་གཅིག་པུ་ལ། །འདོད་ལྡན་ཁྱི་དང་ཀུན་ཏུ་རྒྱུས། །མི་གཙང་རོ་དང་བཟའ་བྱ་བ། །རྣམ་པར་རྟོག་པ་ཉིད་དུ་འགྱུར། །ཞེས་གསུངས་སོ། །གཉིས་པ་མདོ་སྡེ་པའི་རྩོད་པ་སྤང་པ་ལ། སྣང་བ་འདི་སྐྱེས་ལ་ཤེས་པ་འདྲ་བའི་སྐྱེད་བྱེད་དོན་དེ་གཉིས་ཀ་དངོས་པོ། དོན་སྤྱི་དང་ཟླ་གཉིས་ལ་སོགས་པ་དངོས་མེད་དེ་ལོག་པའི་ཀུན་རྫོབ་སྟེ། རྣམ་འགྲེལ་ལས། དེས་ན་ཤེས་པ་ཐམས་ཅད་ཀྱིས། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། །ཞེས་འདོད་ལ། འདིས་ཤེས་བྱ་ལྔ་ལས། ལྡན་པ་མ་ཡིན་པའི་འདུ་བྱེད་སྔ་མ་གསུམ་གྱི་གནས་སྐབས་ཀྱི་ཆོས་ཡིན་ལ། འདུས་མ་བྱས་བློ་མེད་དངོས་མེད་ཡིན་པས་རྫས་སུ་གྲུབ་པ་གསུམ་མོ། །དེ་ལས་རྡུལ་ཕྲན་མ་འབྱར་ལ་བར་མེད་པས་རྩོམ་ཞིང་གནས་ཞེས་སོ། །དེས་བརྩད་པ་བཞི་ལས། ཚོགས་ཀྱི་རྟེན་དུ་གསུངས་པས་མི་གནོད་པ་ནི། སྒྱུ་འདྲའི་ཞེས་པ། ཆོས་ཐམས་ཅད་བརྫུན་པ་སྒྱུ་མ་ལྟ་བུ་ཡིན་ན། རྒྱལ་བ་མཆོད་པ་ལ་བསོད་ནམས་མི་འགྱུར་ཞེ་ན། ཁྱབ་པ་མ་གྲུབ་པ་ཅི་ལྟར་ཏེ། བདེན་པའི་སངས་རྒྱས་ལས་བསོད་ནམས་འདོད་པ་བཞིན་ཏེ། ཡུམ་ལས། རབ་འབྱོར་སྤྲུལ་པ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་ཏན་ཡོངས་སུ་སྦྱོང་བ་ཡིན་ནོ་ཞེས་གསུངས་པ་འདི་ལོངས་ཤིག དེས་ན་ལས། བྱེད་པ་པོ། བྱ་བ་གསུམ་ཀ་སྒྱུ་མ་ལྟ་བུར་ཤེས་ནས་སྤྱད་པས། དེ་ལྟ་བུའི་བསོད་ནམས་ལས་སངས་རྒྱས་ཀྱང་དེ་ལྟ་བུའོ། །ཉིང་མཚམས་སྦྱོར་བར་གསུངས་པས་མི་གནོད་པ་ནི། ཡང་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། ཕུང་པོ་ཉིང་མཚམས་མི་སྦྱོར་བར་འགྱུར་ཞེས་པ་གལ་ཏེ་ཞེས་པའོ། །ཇི་སྲིད་པས་ལན་ཏེ། སྔགས་དང་རྫས་ལ་སོགས་པ་ལས་སྒྱུ་མ་འབྱུང་བ་བཞིན། མ་རིག་པ་དང་སྲེད་ལེན་དང་ལས་ལ་སོགས་པས་ཉིང་མཚམས་སྦྱོར་རོ། །དེས་ན་སེམས་ཅན་རྣམས་ཐོག་མ་མེད་པའི་རྒྱུ་ཅན་ཡིན་ལ། སྒྱུ་མ་དེ་ལྟ་མ་ཡིན་ནོ། །དེ་གཉིས་རྒྱུན་རིང་ཐུང་གིས་ཁྱད་པར་དུ་བྱས་ཞེ་ན། དེ་མ་ངེས་པ་རྒྱུན་རིང་ཞེས་ཏེ། སྐྱེས་མ་ཐག་པའི་འགྲོ་བ་དང་ལོར་གནས་པའི་སྒྱུ་མ་ལ་བདེན་རྫུན་དུ་འཇོག་པ་བཞིན་ནོ། །ལས་ཀྱི་རྟེན་གསུངས་པས་མི་གནོད་པ་ནི། ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། སེམས་ཅན་ལ་ཕན་གནོད་ཀྱིས་བསོད་ནམས་དང་སྡིག་པའི་རྟེན་དུ་མི་རུང་སྟེ། སྒྱུ་མ་ལ་བྱ་བ་བཞིན་ཞེ་ན། སྒྱུ་མའི་ཞེས་ཏེ། སྒྱུ་མ་ལྟ་བུ་ཡི་ལས་དང་ཉོན་མོངས་པའི་རང་བཞིན་ཅན་གྱི་སེམས་ཡོད་ཀྱིས་དེ་མི་མཚུངས་སོ། །སྒྱུ་མར་མཚུངས་མོད། སེམས་ཡོད་མེད་ཅི་སྟེ་ཞེ་ན། སྔགས་སོགས་ཞེས་པ། རྫས་ལ་སྒྱུ་མ་ལྟ་བུའི་སེམས་འབྱུང་བའི་ནུས་པ་མེད་པས་སོ། །དེས་ན་རྒྱུའི་དབྱེ་བ་རྗེས་སུ་འབྲས་བུ་འཇུག་པ་སྣ་ཚོགས་རྐྱེན་ལས་ཞེས་ཏེ། རྒྱུ་རྫས་ཀྱི་བྱེ་བྲག་དུ་མས། འབྲས་བུ་རྟ་གླང་ལ་སོགས་པ་དུ་མ་བཞིན་ཏེ། དེ་གསུམ་ཀའང་ལུང་དང་འགལ་ལོ་ཞེས་བརྒལ་བའོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་གཞག་པས་མི་གནོད་པ་ནི། གལ་ཏེ་དོན་དམ་ཞེས་པ་ལ། ཁ་ཅིག་རང་གི་སེམས་ཀྱི་ཆོས་ཉིད། མྱ་ངན་ལས་འདས་པ་དང་། ཆོས་ཅན་ཀུན་རྫོབ་དྲི་མ་གློ་བུར་བ་གཉིས་འགལ་ན། འཁོར་བ་ལ་རང་བཞིན་རྣམ་དག་མེད་ན་འབད་པ་འབྲས་བུ་མེད་ལ། ཡོད་ན་དྲི་མ་གློ་བུར་བ་མེད་པར་འགྱུར་ཏེ་འགལ་བས་སོ། །མི་འགལ་ན་སངས་རྒྱས་ཀྱང་འཁོར་བར་འགྱུར་ཏེ། དོན་དམ་པར་མྱ་ངན་ལས་འདས་ཀྱང་ཀུན་རྫོབ་ཏུ་དྲི་མ་གློ་བུར་བ་དང་མི་འགལ་བས་སོ་ཞེས་པ་བརྒལ་བའོ། །རང་བཞིན་རྣམ་དག་ཡོད་ཀྱང་དྲི་མ་གློ་བུར་བ་མི་འགལ་ཏེ། དེ་བསྐྱེད་པའི་རྒྱུ་ལས་ལ་སོགས་པ་ཟད་པ་དང་མ་ཟད་པའོ་ཞེས་པ་རྩ་བ་གཉིས་ཀྱིས་འཁོར་བར་འཇུག་ཚུལ་དང་ལྡོག་ཚུལ་གྱི་ལན་ནོ། །འགྲེལ་ཆེན་ལས། མདོ་སྡེ་པ་རང་གི་འདོད་པས། མྱ་ངན་ལས་འདས་པ་དང་། ཉོན་མོངས་པའི་དམིགས་པ་ལ་བདེན་པ་གཉིས་ཞེས་བསམས་ནས། རྒོལ་བ་རྩ་བ་སྔ་མ་བཞི་སྟེ། དོན་དམ་མྱ་ངན་ལས་འདས་པ། འཁོར་བ་ཀུན་རྫོབ་ཡིན་ན། སངས་རྒྱས་ལ་སྣང་བཅས་ཀྱི་ཡེ་ཤེས་མེད་ན་དངོས་མེད་དམ་བེམ་པོར་འགྱུར་ལ། ཡོད་ན་དོན་དམ་མམ་ཀུན་རྫོབ། སྔ་མ་ན་བློ་ནི་ཀུན་རྫོབ་ཅེས་པ་དང་འགལ་ལ། གཉིས་པ་ན་འཁོར་བ་པར་ཐལ། ཀུན་ནས་ཉོན་མོངས་པའི་དམིགས་པ་ཡིན་པས། འདོད་ན། དེའི་ཆེད་དུ་བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ་ཞེས་རྒོལ་བའོ། །ལན་ལ་གཉིས་ལས། རང་རྒྱུད་ལྟར་ན། སྒྱུ་མའི་རྒྱུ་རྐྱེན་མ་ལོག་ན་དེ་མི་ལྡོག་པ་ལྟར། འཁོར་བའི་རྒྱུ་ལ་སོགས་པ་མ་ལོག་ན་དེ་མི་ལྡོག་ལ། སྤང་བྱ་དེ་དག་རྒྱུན་ཆད་དེ་ལོག་ན་ཀུན་རྫོབ་ཙམ་དུའང་འཁོར་བ་འཁྲུལ་པའི་བློ་མི་འབྱུང་སྟེ། དེའི་རྒྱུ་སྤངས་པས་སོ་ཞེས་དང་། དེས་ན་རྟོག་བཅས་ཀྱི་ཡེ་ཤེས་མེད་པས་འཁོར་བར་མི་འགྱུར་ལ། མི་རྟོག་པའི་ཡེ་ཤེས་མངའ་བས་མྱ་ངན་ལས་འདས་པར་ཡང་མི་འགྱུར་རོ་ཞེས་སོ། །ཐལ་འགྱུར་ལྟར་ན། ལམ་གྱི་གནས་སྐབས་སུ་བློ་སྐྱེ་བའི་རྒྱུ་ལས་ལ་སོགས་པ་མ་ཟད་ན། རིགས་ཐ་དད་ལ་སོགས་པར་སྣང་བ་མི་ལྡོག་ལ། འབྲས་བུའི་གནས་སྐབས་སུ་མ་རིག་པ་ལ་སོགས་པ་རྒྱུན་ཆད་པ་ན་སངས་རྒྱས་ལ་ཀུན་རྫོབ་ཙམ་དུ་སྣང་བཅས་ཀྱི་ཡེ་ཤེས་མི་མངའ་བས་ཞེས་པ་རྩ་བ་ཕྱི་མ་གཉིས་སོ། །འདིར་ནི་ཀུན་རྫོབ་སྒྱུ་མ་ལྟ་བུར་མཁྱེན་པ་ཇི་སྙེད་པའི་ངང་། སྤྲོས་བྲལ་ནམ་མཁའ་ལྟ་བུར་མཁྱེན་པ་ཇི་ལྟ་བ་མངའ་ལ། འཁྲུལ་པའི་རྒྱུ་སྤངས་པས་དེ་རྩ་བ་ནས་མི་མངའོ་ཞེས་རྩ་བ་གཉིས་གཉིས་ཏེ། རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལས་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་ཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་སོ། །སེམས་ཙམ་པའི་རྩོད་སྤང་ལ་གཉིས། འཁྲུལ་ཤེས་མེད་ན་འཛིན་པ་མ་གྲུབ་པར་ཐལ་བ་དང་། འཁྲུལ་གཞི་མེད་ན་མྱ་ངན་ལས་འདས་པ་མ་གྲུབ་པར་ཐལ་བའོ། །དང་པོ་ལ་གསུམ་ལས། རྣམ་མེད་པའི་རྩོད་སྤང་ལ་གཉིས་ཀྱི། གང་ཚེ་ཞེས་རྩ་བ་གཉིས་རྒོལ་བ་སྟེ། དེའང་སྣང་བ་སེམས་སུ་འདོད་པར་རྣམ་རིག་པ་ཐམས་ཅད་མཐུན་མོད། འོན་ཀྱང་ལང་ཀ་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་དང་། ཉི་ཤུ་པར། ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་ལ་སོགས་མེད་མཐོང་བཞིན། །ཞེས་དང་། རྣམ་འགྲེལ་ལས། རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །ཞེས་པའི་ཚུལ་གྱིས། ཁ་ཕྱིར་བལྟ་གཟུང་བར་སྣང་བ་དོན་དང་ཤེས་པའི་དངོས་པོ་གཉིས་ཀ་མ་ཡིན་ཏེ། འཁྲུལ་སྣང་ལོག་པའི་ཀུན་རྫོབ། ནང་བལྟ་རང་རིག་ཅིང་ཡང་དག་ཏུ་འདོད་པ་རྣམ་བརྫུན་དང་། དེ་དག་ཤེས་པའི་དངོས་པོར་སྨྲ་བ་རྣམ་བདེན་པ་ལ། སྔ་མས་བརྗོད་པ། ཁྱེད་བློ་ཐམས་ཅད་འཁྲུལ་པ་རང་བཞིན་མེད་པར་འདོད་ན། གཟུང་ཆ་སྒྱུ་མ་ཙམ་དུ་མི་རྟོགས་པར་འགྱུར་ཏེ། ཡུལ་ཅན་ལ་རང་བཞིན་མེད་པས། རྟགས་ཁས་བླངས་ཀྱིས་ཁྱབ་པ་མ་གྲུབ་ན། མ་འཁྲུལ་བར་འགྱུར་ཞེས་པ། གང་ཚེ་ཞེས་རྩ་བ་གཉིས་སོ། །ཁྱེད་ལའང་ཡུལ་ཅན་འཁྲུལ་པའམ་དངོས་མེད་དུ་འགྱུར་ཏེ། བརྫུན་པའི་ཡུལ་ཅན་ཡིན་པས་སོ། །འདོད་ན། ཡུལ་སྒྱུ་མ་ཙམ་དུ་མི་རྟོགས་པར་འགྱུར་ཞེས་རྩ་བ་ཕྱི་མ་གཉིས་སོ། །རྣམ་བདེན་པའི་རྩོད་སྤང་ལ་གསུམ་ལས། འདོད་པ་བརྗོད་པ། གལ་ཏེ་དེ་ཉིད་དུ་ཞེས་པ་སྟེ་རྩ་བ་གཉིས་ཀྱིས་སྣང་བ་ཕྱིའི་དོན་དུ་བརྟགས་པ་དང་། གཞན་དུ་སྟེ། དབུ་མ་པས། བརྫུན་པར་བརྟགས་པ་གཉིས་ཀ་སེམས་ཉིད་དེ། ས་བཅུ་པ་ལས་སྔར་གསུངས་པ་དང་། ལང་ཀ་ལས། ཕྱི་རོལ་གཟུགས་ནི་ཡོད་མ་ཡིན། །རང་གི་སེམས་ནི་ཕྱི་རོལ་སྣང་། །ཞེས་དང་། སུམ་ཅུ་པ་ལས། བདག་དང་ཆོས་སུ་ཉེར་འདོགས་པ། །སྣ་ཚོགས་དག་ནི་གང་བྱུང་བ། །དེ་ཀུན་རྣམ་པར་ཤེས་པར་འགྱུར། །ཞེས་དང་། རྣམ་འགྲེལ་ལས། ཤེས་གང་ཅི་ལྟར་སྣང་བ་དེ། །དེ་ལྟ་ཉིད་དུ་མྱོང་བ་ཡིན། །དེ་ལྟར་སེམས་ཀྱི་རྣམ་པ་ནི། །སྣ་ཚོགས་གཅིག་གི་ངོ་བོར་འགྱུར། །ཞེས་པས། གཟུང་ཆར་སྣང་བ་ནི་འཛིན་ཆའི་ངོ་བོར་གཅིག་ཅིང་། ཤེས་པ་ཉིད་དེ་དག་ཏུ་སྣང་བ་སྟེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། ཞེས་པས་སེམས་སུ་བསྒྲུབ་ལ། སེམས་རྣམ་ཤེས་ཚོགས་བརྒྱད། སེམས་བྱུང་ལྔ་བཅུ་རྩ་གཅིག་རྫས་སུ་ཡོད་ཅིང་། ལྡན་པ་མ་ཡིན་པ་དང་། འདུས་མ་བྱས་ཀྱང་བློ་ལ་སྣང་བའི་ཆ་ནས་བཞག་པ་ཙམ་མོ། །དེས་ན་སྒོ་སྔ་མ་འཁྲུལ་བའི་སྣང་བ་ཐམས་ཅད་ཤེས་པའི་དངོས་པོ་གཞན་དབང་སྟེ། ཡང་དག་ཀུན་རྫོབ་ཞེན་ཡུལ་ལ་འཁྲུལ་པའི་ལོག་ཤེས་ཀུན་བརྟགས་ཏེ་ལོག་པའི་ཀུན་རྫོབ། དེ་གཉིས་ཀྱི་ཆོས་ཉིད་བདག་ཉིད་ཀྱིས་སྟོང་པ་ཡོངས་གྲུབ་ཅེས་སོ། །སྒྲུབ་བྱེད་དགག་པ་ལ་གསུམ་ལས། གནོད་པ་བརྗོད་པ། གང་ཚེ་ཞེས་པ། རང་རིག་བརྫུན་ན་ཤེས་བྱེད་དུ་མི་འཐད་ལ། བདེན་ན་དེ་ལ་བྱ་བྱེད་གཉིས་ཡོད་ན་གཟུང་བ་གྲུབ་ལ། མེད་ན་རང་རིག་ཉམས་ཏེ། འཇུག་པ་ལས། དོན་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ན་ཡང་དོན་མེད་མ་འཛིན་ཅིག །དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་མདོ་ལས་གསུངས། །ཞེས་པ་འདི་ལ་གུས་པར་གྱིས་ཤིག ལུང་གིས་གནོད་པ། འཇིག་རྟེན་ཞེས་པ་རྩ་བ་གཉིས་ཏེ། གཙུག་ན་རིན་པོ་ཆེས་ཞུས་པ་ལས། སེམས་ཀུན་ཏུ་ཚོལ་བ་ན། སེམས་དེ་ནི་ནང་ན་ཡང་དག་པར་རྗེས་སུ་མ་མཐོང་། ཕྱི་རོལ་ན་ཡང་དག་པར་རྗེས་སུ་མ་མཐོང་ཞེས་དང་། ཅི་དམིགས་པ་དེའང་གཞན་ལ། སེམས་ཀྱང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཉིད་ཡིན། གལ་ཏེ་དམིགས་པ་ཡང་གཞན་ལ། སེམས་ཀྱང་གཞན་ཏེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་ན། སེམས་ཀྱིས་སེམས་དེ་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་རུང་ངོ་། །འདི་ལྟར་དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དང་། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་སེམས་དེ་ཉིད་མཐོང་བར་མི་ནུས་ཞེས་གསུངས་ལ། གཞན་སློབ་དཔོན་ཟླ་གྲགས་དང་། ལེགས་ལྡན་འབྱེད་ལ་སོགས་པས་ཀྱང་རྒྱ་ཆེར་གསུངས་སོ། །རང་རིག་དོན་དམ་ལ་གནོད་པ་རྒྱས་པར་བརྗོད་པ་ལ་ལྔ་ལས། དཔེ་ཉིད་མ་གྲུབ་པ་ལ་གསུམ་ལས། མར་མེའི་གསལ་བས་མ་ངེས་པ་ཅི་ལྟར་ཞེས་པ། གཉིས་མེད་ཀྱང་རང་རིག་པར་མར་མེ་བཞིན་ཞེ་ན། དེ་གསལ་བྱ་མིན། གསལ་བྱེད་ན་བྱ་བྱེད་གྲུབ། ཙམ་པོ་གཉིས་ལས་མི་འདའོ། །ལྷན་ཅིག་སྐྱེས་པའི་སྔོན་པོས་མ་ངེས་པ་ནི་ཤེལ་བཞིན་ཞེས་པ། རྐྱེན་གཞན་ལ་ལྟོས་མ་ལྟོས་ཤེལ་དང་བཻཌཱུརྻའི་སྔོན་པོ་ལྟར། སྒོ་ལྔ་ལ་དོན་གསལ་བ་གཞན་ལ་ལྟོས་ལ་ཤེས་པ་དང་གསལ་བ་གཞན་ལ་མ་ལྟོས་པར་ཤེལ་གྱི་ལྟ་བུའོ་ཞེ་ན། བཻཌཱུརྻ་ལ་སྔོན་པོར་བྱ་བྱེད་གཉིས་མེད་དེ། དེ་ལྟ་བུའི་རྡུལ་ལས་གྲུབ་ལ། རིག་པར་བྱ་བྱེད་ཡོད་ན་གཟུང་བ་གྲུབ་ཅིང་། མེད་ན་རིག་པ་ཉིད་ཉམས་སོ། །བྱ་བྱེད་དགག་པ་སྔོ་ཉིད་ཅེས་ཏེ། དོན་ཐ་དད་ལ་བྱ་བྱེད་འཐད་ཀྱི། རང་རིག་གཅིག་ལ་དེ་མི་རུང་བའོ། །གཉིས་པ་དོན་དང་མི་མཚུངས་པ། མར་མེ་ཞེས་པ། དེ་དང་བཻཌཱུརྻ་ལ་སོགས་པ་བློས་དེ་ལྟར་ཤེས་ན། དེ་རང་ཉིད་གསལ་བར་གང་གིས་ཤེས་ཞེས་པའོ། །ཡོད་པར་ངེས་པའི་ཐ་སྙད་དགག་པ་གང་གི་ཚེ་ཞེས་པའོ། །འབྲས་བུའི་རྟགས་འཁྲུལ་པ། ལ་མེ་ལྡན་དུ་སྒྲུབ་པ་ལ་དུ་བ་ལྟར་རང་རིག་མེད་ན། སྔར་གྱི་གཟུགས་སྒྲ་ལ་སོགས་པའི་དོན་མི་དྲན་པར་འགྱུར་པ་ལས། དྲན་པས་དེ་ཡོད་ཅེས་པ་གལ་ཏེ་ཞེས་རྩ་བ་གཉིས་སོ། །གཞན་ཞེས་པས་ལན་ཏེ། རང་ཉིད་མ་མྱོང་ཡང་། གཟུགས་སྒྲ་ལ་སོགས་པ་གཞན་མྱོང་བ་དང་འབྲེལ་པས་ཏེ་བྱི་བའི་སོ་དུག་དགུན་ཞུགས་པ་དཔྱིད་ལྡང་བའི་རྐྱེན་ལ་བརྟེན་ནས་དེར་ཤེས་པ་བཞིན་ཞེས་སོ། །རང་བཞིན་གྱི་རྟགས་འཁྲུལ་པ་རྐྱེན་གཞན་ཞེས་རྩ་བ་གཉིས་གཉིས་ཀྱིས་འདོད་པ་དང་ལན་ལས། སྔ་མ་ནི་ཏིང་ངེ་འཛིན་ལ་སོགས་པ་གཞན་གྱི་སེམས་ཤེས་པའི་རྐྱེན་གྱིས་གཞན་གྱི་སེམས་ཤེས་པ་ལ་སོགས་པ་མཐོང་བས། རང་ཉིད་གསལ་བར་མཐོང་ཞེས་པའོ། །ལན་ནི་གྲུབ་པའི་ཞེས་པའོ་རིག་སྔགས་གྲུབ་པའི་མིག་སྨན་གྱི་སྦྱོར་བ་དེས་མཐོང་བའི་བུམ་པ་དེ་མིག་ཉིད་དུ་འགྱུར་ཏེ། མིག་སྨན་གཅིག་གི་འབྲས་བུ་ཡིན་པས་ཟེར་བ་ནི། ནོག་ལྐོག་ཤལ་དང་ལྡན་པས་ནག་སྒུར་བ་གླང་དུ་ཁས་བླངས་པ་ན། མཚན་ཉིད་མཚུངས་པའི་རྟགས་ཀྱིས་དཀར་ཟལ་ལ་ཐལ་བར་བརྗོད་པ་བཞིན་ནོ། །ཡང་ཉེ་བའི་མིག་སྨན་ཉིད་མཐོང་བར་ཐལ་ཞེ་ན། ཁྱབ་པ་མ་གྲུབ་བོ། །ཡང་དེ་བསྐུས་པའི་མིག་དེ་མིག་སྨན་དུ་ཐལ། རྐྱེན་གཞན་གྱིས་མཐོང་བས། འདོད་ན། མིག་སྨན་གྱིས་མཐོང་བར་འགྱུར་ཟེར་རོ། །འདིར་ཉེ་བའི་མིག་རང་ཉིད་མཐོང་བར་འགྱུར་ཏེ། རིང་བའི་བུམ་པ་མཐོང་བས། འདོད་ན། རང་རིག་བྱར་འགྱུར་རོ། །གསུམ་པ་བཀག་པ་ལ་མི་འཐད་པ་སྤང་བ། རང་རིག་མེད་ན་གཞན་རིག་ཀྱང་མི་འཐད་པས་མངོན་སུམ་ལ་གནོད་ཅེས་པའི་ལན་ཇི་ལྟར་ཞེས་པ་ཀུན་ཏུ་ཐ་སྙད་པ་ལ་སྣང་བ་ཙམ་མི་འགོག་ལ། ལོག་རྟོག་འགོག་སྟེ། རིགས་པ་དྲུག་ཅུ་པར། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང་། །བཟློག་པར་བྱ་བ་མཉན་པར་གྱིས། །ཞེས་དང་། བདེན་གཉིས་ལས། སྐྱེ་ལ་སོགས་པའི་རྣམ་པ་གང་། །སྣང་བ་མིན་ལ་དེ་ཡང་ནི། །ཡང་དག་པར་ཞེས་བྱ་སོགས་པར། གཞན་གྱིས་ཡོངས་སུ་བརྟགས་པ་འགོག །ཅེས་དང་། སྣང་བའི་ངོ་བོ་གང་ཡིན་པ། །དེ་ནི་འགོག་པ་མ་ཡིན། ཞེས་དང་། དཔལ་ཆོས་ཀྱི་གྲགས་པས་ཀྱང་། བདེན་འཛིན་ཁོ་ན་དགག་བྱར་གསུངས་པས། དེ་བཀག་ནས། རིན་ཆེན་ཕྲེང་བ་ལས། མ་རིག་ནས་བརྩམས་རྒ་ཤིའི་བར། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །བརྟེན་ནས་འབྱུང་བའི་བྱ་བ་གང་། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །ཅེས་དང་། སེམས་འགྲེལ་ལས། ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་སྟེ། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་དང་། ཡང་། ཆོས་ཉིད་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་རྟེན་བྱེད་པ། །ངོ་མཚར་བས་ན་འདི་མཚར་ཞིང་། །རྨད་བྱུང་བས་ན་འདི་རྨད་བྱུང་། །ཞེས་དང་། ཡང་། སྟོང་པ་ཉིད་དུ་བརྗོད་བྱེད་ཅིང་། །རྟག་ཏུ་ལུས་དང་ངག་ཡིད་ཀྱིས། །ད་ལྟར་སེམས་ཅན་དོན་བྱེད་ལ། །རྟག་དང་ཆད་པ་ཡོད་མ་ཡིན། །ཞེས་དང་། བདེན་གཉིས་ལས། མཐོང་བ་པོ་ཡི་ལྟ་བ་ལ། །ལས་འབྲས་ཇི་ལྟར་སྣང་བ་དག །དེ་དག་དེ་བཤད་དེ་ཡི་ཕྱིར། །ཐམས་ཅད་ཅི་ལྟར་སྣང་བཞིན་གནས། །ཞེས་སོ། །འདི་ལ་འགྲེལ་ཆེན་ལས། མངོན་སུམ། ལུང་། རྗེས་དཔག་སྟེ། ཚད་མ་གསུམ་མཐོང་ཐོས་ཤེས་པ་སྟེ། དེ་མི་འགོག་ཞེས་སོ། །སེམས་ལས་སྒྱུ་མ་ཞེས་པ་ལ། །ཁ་ཅིག་རྣམ་བརྫུན་དགག་པ་སྟེ། །དེ་གཟུང་ཆ་དངོས་མེད་དུ་འདོད་པ་རྩ་བ་གཉིས་དང་། དེ་འགོག་པ་རྩ་བ་བཞི་ཟེར་བ་མིན་ཏེ། སུན་ཕྱུང་ཟིན་པས་སོ། །ཡང་འདི་གཅེར་བུ་པ་སུན་དབྱུང་བ་སྟེ། དེས་ཡུལ་ཤེས་འདྲེན་མ་ནོར་དུ་གཟིའི་རྣམ་པ་ལྟར་འདོད་པ། སེམས་ལས་ཞེས་དང་། དེ་དགག་པ། གཟུང་བ་དང་དངོས་པོར་གྲུབ་ན། ངོ་བོ་ཐ་དད་དུ་འགྱུར་ལ། མིན་ན་དངོས་པོར་མེད་པ་དངོས་ན་ཞེས་པའང་སྐབས་མ་ཡིན་ནོ། །དེས་ན་བདེན་འཛིན་བཟློགས་ཏེ་སྐབས་བསྡུ་བ་སེམས་ཡིན་ཞིང་། དེའང་བདེན་པར་མེད་པ་སྟེ། ཡུལ་སྒྱུ་མ་དངོས་པོར་ཡིན་ན། ཤེས་པ་ལས་ཐ་དད་དུ་འགྱུར་ལ། གཉིས་པ་ན་སྣང་དངོས་ཀྱིས་ཀྱང་སྟོང་པར་འགྱུར་རོ། །དེས་ན་སྒྱུ་མར་སྤྱོད་པ་སེམས་དེ་ཡང་སྒྱུ་མ་སྟེ། ལང་ཀར། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །ཡང་དག་ཉིད་ལ་གནས་ནས་སུ། །སེམས་ཙམ་ལས་ཀྱང་ཤིན་ཏུ་བཟླ། །སེམས་ཙམ་ལས་ནི་བཟླས་ནས་ཀྱང་། །སྣང་བ་མེད་ལས་ཤིན་ཏུ་བཟླ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་གསུངས་པས། ཐ་སྙད་དུ་བདེན་པ་མ་ཡིན། ཡུལ་དང་ཡུལ་ཅན་ལྟ་བར་བྱེད་དོ། །གཉིས་པ་འཁྲུལ་གཞི་མེད་ན་འཁོར་བ་མ་གྲུབ་པར་ཐལ་བ་ལ་གཉིས་ལས། སེམས་ཙམ་དུ་སྨྲ་བ་དག་གིས་རྒོལ་བ། གལ་ཏེ་ཞེས་རྩ་བ་གཉིས་ཏེ་འཁོར་བ་གཉིས་སྣང་ཐམས་ཅད་བརྫུན་པ་ཡིན་ན། དེ་ལ་རྟེན་མ་འཁྲུལ་པའི་ཤེས་པ་བདེན་པ་གཅིག་མེད་པར་བརྫུན་པར་མི་ཤེས་ལ། ཡོད་ན་དེ་དོན་དམ་དུ་འགྱུར་ལ། འདོད་ན། ཐམས་ཅད་བརྫུན་པ་ཉམས་ཞེ་ན། ལན་ལ་གསུམ་ལས། དངོས་མེད་དངོས་པོར་མི་འགྱུར་བ་དངོས་མེད་ཅེས་པ། འཁྲུལ་པའི་དམིགས་པ་དངོས་མེད་དེ། །ཤེས་པའི་དངོས་པོར་སྣང་ཙམ་ལ་བརྟེན་པས་དེར་མི་འགྱུར་ཏེ། དངོས་མེད་ལ་ངོ་བོ་མ་གྲུབ་པས། སློབ་དཔོན་ཉིད་ཀྱིས། ཆོས་ཐམས་ཅད་ནི་རྩ་བ་མེད་པ་སྟེ་ཡང་དག་པར་ན་རྩ་བ་མི་འཐད་པའི་ཕྱིར་རོ་ཞེས་གསུངས་སོ། །ཁྱོད་ཀྱི་ཞེས་པས་རང་ལ་མཚུངས་པ་སྟེ། རང་རིག་བདེན་པར་འདོད་པ་ལ་དེ་གཉིས་སྣང་བརྫུན་པའི་གྲོགས་ཤིག་ཡོད་ན་དེ་བདེན་པར་འགྱུར་ལ། མེད་ན་འབད་མེད་དུ་གྲོལ་བར་འགྱུར་ཏེ། འཁྲུལ་པ་མེད་པས། ཁྱབ་པ་མ་གྲུབ་ན། དེ་ལྟ་ན་ཞེས་པས་སྐབས་བསྡུ་བའོ། །གཉིས་པ་དེ་ལྟར་ཤེས་པ་ལམ་དུ་བསྒྲུབ་པ་ལ་གསུམ་ལས། ཀུན་རྫོབ་སྒྱུ་མར་ཤེས་པ་ལམ་དུ་བསྒྲུབ་པ་ལ་གཉིས་ཀྱི། རྒོལ་བ་སྒྱུ་མ་ཞེས་རྩ་བ་བཞི་སྟེ། སྒྱུ་མ་ལྟ་བུ་སྤང་བྱའི་གཉེན་པོར་མི་འགྱུར་ཞེས་པའོ། །ལན་ལ་བཞི་ལས། ཕྱོགས་ཅིག་སྒྱུ་མར་རྟོགས་པ་ལམ་མ་ཡིན་པ་དེ་བྱེད་ཅེས་ཏེ། ཉོན་མོངས་པའི་རྒྱུ་མ་བཟློག་ན་ཡུལ་ལ་བདེན་ཞེན་མི་ལྡོག་པས། གཞན་གྱི་བག་ཆགས་གཞན་ལ་སད་པ་ཡིན་པས་ཞེན་པའི་རྟེན་དང་། རྣལ་འབྱོར་པས་སྣང་བ་སྒྱུ་མར་ཤེས་པས་སོ། །ཐམས་ཅད་སྒྱུ་མར་རྟོགས་པ་ལམ་ཡིན་པ་ལ་གསུམ་ལས། ཡོད་པར་འཛིན་པ་སྤོང་བ། སྟོང་ཉིད་ཅེས་ཏེ། ཐམས་ཅད་སྒྱུ་མར་རྟོགས་ན་མངོན་ཞེན་ལྡོག་ལ། དེས་ཉོན་མོངས་པ་བཟློག་སྟེ། དེ་ལྟར་རྟོགས་ན་དངོས་འཛིན་དང་འགལ་བས་སོ། །མེད་པར་འཛིན་པ་སྤོང་བ་ནི། དེ་ལྟར་ན་འོད་སྲུང་གིས་ཞུས་པའི་མདོ་ལས། གང་ཟག་ཏུ་ལྟ་བ་ནི་རི་རབ་ཙམ་ཡང་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ཞེ་ན། དེས་ནི་ཆོས་རྣམས་ལ་ཉི་ཚེའི་སྟོང་པ་ལྟ་བའི་སྟེ། དངོས་པོར་སྨྲ་བ་རྣམས་སོ་ཞེས་པ་ཅི་ཡང་ཞེས་རྩ་བ་གཉིས་ཏེ། རྡོ་རྗེ་གཅོད་པ་ལས། ཆོས་གང་ཞིག་མངོན་པར་སངས་རྒྱས་པ་དེ་ལ། བདེན་པ་ཡང་མེད། བརྫུན་པ་ཡང་མེད་ཅེས་དང་། སྤེལ་མར་བསྟོད་པ་ལས། རྣམ་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པ་ཡིན། །གང་ཞིག་དེ་རུ་འཛིན་པ་ཡང་། །དེ་ནི་ཁྱོད་ཀྱིས་སྤངས་པ་ལགས། །ཞེས་དང་། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་། །དེ་ནི་ཁྱོད་ཀྱི་སྟོང་ཉིད་བཞེད། །དངོས་པོ་རང་དབང་ཅན་མེད་ཅེས། །ཁྱོད་ཀྱི་སེང་གེའི་སྒྲ་མཚུངས་མེད། །ཅེས་སོ། །དེའི་འཐད་པ་གང་ཚེ་གང་ཞིག་སྟེ། བཀག་པ་དགག་བྱ་ལ་ལྟོས་ལ། དེ་མེད་པས་རྟེན་འབྲེལ་ཞེས་སོ། །དེ་ལ་སྣང་བ་མེད་པའི་ཤེས་རབ་སྐྱེ་ཚུལ། གང་ཚེ་དངོས་དང་ཞེས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཐར་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། དྲི་མ་གློ་བུར་བ་ལས་གྲོལ་བའི་སེམས་རང་བཞིན་སྤྲོས་བྲལ་གཉིས་ཆུ་དང་འོ་མ་འདྲེས་པ་ལྟར་གྱུར་པ་ལ་རྒྱལ་བ་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལ་ཡེ་ཤེས་མངའ་འམ་མི་མངའ་ཞེ་ན། ལང་ཀར་གཤེགས་པ་ལ་སོགས་པ་མདོ་སྡེ་དུ་མ་ནས་ལུང་བསྟན་ཅིང་། ས་རབ་ཏུ་དགའ་བ་མངོན་དུ་མཛད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱིས། དབུ་མའི་བསྟན་བཅོས་རིག་པའི་ཚོགས་དང་། བསྟོད་པའི་ཚོགས་མཛད་ལ། དེའི་དགོངས་པ་གསལ་བར་བྱེད་པ་སློབ་དཔོན་ཟླ་གྲགས་རྗེས་འབྲང་དང་བཅས་པ་ཡེ་ཤེས་མི་བཞེད་ཅེས་ཁུངས་དང་བཅས་ཏེ་སྨྲ་བ་དང་། ལེགས་ལྡན་འབྱེད་ལ་སོགས་པ་ཡེ་ཤེས་བཞེད་དོ་ཞེས་སྤྲོས་པ་དང་བཅས་ཏེ་འཆད་དོ། །སྔ་མའང་བཅུ་གཅིག་ཀུན་ཏུ་འོད་དུ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་ཉེ་བར་ཞི་བས། རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་དེ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་མེད་པ། །སེམས་འགགས་པ་སྟེ་སྐུ་ཡིས་མངོན་སུམ་མཛད། །ཅེས་ཏེ། འོན་ཀྱང་སྤང་བྱ་མཐའ་དག་སྤངས་པ་རང་གི་དོན་དང་། སྨོན་ལམ་གྱི་ཤུགས་དང་། ཚོགས་གཉིས་རྫོགས་པས་གདུལ་བྱ་ལས་དག་པ་ཡིས་གཞན་དོན་འབྱུང་བ་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་ལྟ་བུའོ་ཞེས་སོ། །དེ་ལྟར་ན་ཡེ་ཤེས་དེ་རང་ཉིད་འགག་གམ། རྒྱུ་ཟད་ནས་སམ། གཉེན་པོ་ཞིག་གིས་བཅོམ། དང་པོ་མི་རིགས་ཏེ། ལམ་བསྒྲུབ་པ་དོན་མེད་དུ་འགྱུར་བས་སོ། །གཉིས་པའང་སྒོམ་ལམ་ས་བཅུ་པའི་ཡེ་ཤེས་ཉིད་དོ། །གསུམ་པ་ན། དེ་ལས་སྟོབས་ཆེ་བ་གང་ཞིག་ཡོད། ཡང་ཡེ་ཤེས་མེད་ན་སངས་རྒྱས་ཉིད་མེད་པས་དེའི་བསྟན་པ་དང་། དགེ་འདུན་མེད་པར་མི་འགྱུར་རམ། ཡུམ་ལས་དུས་གསུམ་ལ་མ་ཐོགས་མ་ཆགས་པའི་ཡེ་ཤེས་དང་། ཡེ་ཤེས་འཆི་མེད་དམ་པ་ཞེས་གསུངས་སོ། །བདག་གི་བླ་མ་སློབ་དཔོན་དེ་གཉིས་དགོངས་པ་མཐུན་པར་བཞེད་དེ། འོན་ཀྱང་བློ་མ་འཁྲུལ་པ་དང་ཡུལ་བདེན་པ་ཐ་སྙད་ཙམ་དུའང་འགྲུབ་པ་མེད་ལ། བདེན་བརྫུན་དང་། དངོས་པོར་ཡོད་མེད་ནི་ལྟོས་ནས་འཇོག་པའམ། དཔྱད་ན་ཅི་ཡང་མ་ཡིན་པས། སྒྱུ་མའི་རྒྱལ་པོས་སྒྱུ་མའི་རྒྱལ་པོ་ཕམ་པ་ལྟར། གཞན་ལ་གྲགས་པའི་རྗེས་དཔག་ལ་སོགས་པའི་རིགས་པ་བཞི་དངོས་པོར་འཛིན་པ་འགོག་པ་ཐལ་འགྱུར་དང་། དོན་དམ་པར་ཆོས་ཐམས་ཅད་མ་གྲུབ་ཀྱང་། ཀུན་རྫོབ་ཏུ་ཐ་སྙད་པའི་ཚད་མའང་འཐད་དེ། དངོས་པོ་རྣམས་ཀྱི་རང་བཞིན་གཏན་ལ་འབེབས་པ་ལུང་དང་རིགས་པ་ལ་རག་ལས་ཞེས་པ་རང་རྒྱུད་དེ། སྒྲུབ་པའི་ངག་གིས་བརྗོད་ན་དངོས་པོར་འཛིན་པ་ཆེས་སུ་དོགས་ཞེས་དང་། ཐལ་བའི་ངག་གིས་བརྗོད་ན་མེད་པ་ཁོ་ནར་འཛིན་དུ་དོགས་ཞེས་དགོངས་ཀྱི། ད་ལྟའི་འཆད་པ་པོ་འགའ་ཞིག་གི་ལྟར་ན་སློབ་དཔོན་དག་མི་བཞེད་དོ། །ཕྱོགས་གཉིས་ཀ་འགལ་བའང་མ་མཐོང་སྟེ། དབྱིངས་སྤྲོས་པ་ཐམས་ཅད་དང་བྲལ་བ་རབ་ཀྱི་མཐར་ཕྱིན་པའི་སྟོང་པ་ཉིད་ལ་སངས་རྒྱས་སུ་བྱེད་ན་ཡེ་ཤེས་མེད་དེ། ཡུམ་ལས། ནམ་མཁའ་མཐོང་ཞེས་སེམས་ཅན་ཚིག་ཏུ་རབ་བརྗོད་པ། །ཞེས་པ་ལ་སོགས་པ་དང་། ལྷའི་བུ་དོན་དམ་པའི་བདེན་པ་ཞེས་སྔར་གསུངས་སོ། །སློབ་དཔོན་ཉིད་ཀྱང་འདི་བཞེད་པར་མངོན་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང་། གལ་ཏེ་དོན་དམ་མྱ་ངན་འདས། །འཁོར་བ་ཀུན་རྫོབ་ཅེས་དང་། དེ་ཚེ་རྣམ་པ་གཞན་མེད་པར། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་དང་། སེམས་མེད་པ་ལ་མཆོད་བྱས་པས། །ཞེས་དང་། རྐྱེན་རྣམས་རྒྱུན་ནི་ཆད་པ་ན། །ཀུན་རྫོབ་ཏུ་ཡང་མི་འབྱུང་ཞེས་དང་། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ལ་སོགས་པའོ། །དེ་རྣམས་རང་རྒྱུད་དུ་བཤད་ཅེ་ན། རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ། བློ་རྟོག་བཅས་ཀྱི་ཡུལ་ལས་འདས་པ་ཙམ་ལ་དགོངས་ཀྱི། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ནོ། །དེའི་ཡུལ་ལས་འདས་པར་བརྗོད་པ་ནི། ཡུལ་དང་ཡུལ་ཅན་གྱིས་ཤེས་པར་བྱ་བ་མ་ཡིན་པ་སྟེ། འཇུག་པ་ལས། གང་ཚེ་ཆོས་ནི་སྐྱེ་མེད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བརྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་གྱུར་པས་དེ་ཡི་ཡུལ། །དེ་བཞིན་ཐ་སྙད་ལ་ནི་བརྟེན་ནས་དེ་ནི་ཡོངས་སུ་ཤེས་པ་ཡིན། །ཞེས་དང་། ཡེ་ཤེས་ཀྱི་སྐུ་གང་ཡིན་པ་དེ་ཡིས་མངོན་སུམ་དུ་བྱེད་དོ་ཞེས་གསུངས་སོ། །འོན་ཀྱང་ལུང་དང་རིགས་པས་གྲུབ་པ་ནི། རྒྱུ་སྙིང་རྗེ་ལ་སོགས་པ་ཐབས་ཀྱི་ཁྱད་པར་དུ་མ་དང་། རྐྱེན་བདག་མེད་གཉིས་གོམས་པ་མཐར་ཕྱིན་པའི་ཚོགས་དོན་ལ་བརྗོད་པས། དེ་ལ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་སྟེ། མདོ་སྡེ་རྒྱན་ལས། ཇི་ལྟར་མདུད་པའི་བྱེ་བྲག་གིས། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ན། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་དང་། དེ་ཡེ་ཤེས་བཞི་བྱེད་ལས་དང་བཅས་ཏེ་བཤད་པ་དང་། སངས་རྒྱས་ཀྱི་ས་དང་། དེའི་བསྟན་བཅོས་ལས་རྒྱས་པར་གསུངས་སོ། །དེ་ལྟར་ན་འཁྲུལ་པ་མ་སྤངས་པར་ཐལ་བ་ལ་སོགས་པ་རྩོད་པ་སྤང་བ་དང་། གཞན་ཡེ་ཤེས་མཉམ་གཞག་འབའ་ཞིག་པར་འདོད་པ། རེས་འཇོག་ཏུ་འདོད་པ། རྗེས་ཐོབ་རྟོག་བཅས་སུ་སྨྲ་བ། སྐུ་དང་ཡེ་ཤེས་ཐ་དད་ཅེས་སྨྲ་བ། དུས་གསུམ་མཁྱེན་ཚུལ་ལ་སོགས་པ་ལ་གང་ཞིག་འཐད་པ་དང་མི་འཐད་པའི་རྣམ་དབྱེ་གསུངས་པ་རྣམས་འདིར་རེ་ཞིག་བཞག་གོ །དེས་ན་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་ཅི་སྣང་བ་མི་འགོག་ལ། ངོ་བོ་མཐའ་ཐམས་ཅད་དང་བྲལ་བ་ཞིག་བདག་ཉིད་ཆེན་པོ་དག་གི་དགོངས་པ་ཡིན་ནོ་ཞེས་བདག་གི་བླ་མ་བཞེད་དོ། །དེས་ན་དངོས་པོ་དང་དངོས་མེད་བློའི་མདུན་ན་མི་གནས་ཏེ། རིགས་པས་བརྟགས་ན་མ་རྙེད་པས་དང་། ངོ་བོ་མེད་པས་སོ། །དེས་ན་དངོས་པོ་དང་དངོས་མེད་རྣམ་རྟོག་སྟེ། རྣམ་རྟོག་མེད་པ་སྟོང་ཉིད་ཡིན་ཞེས་སོ། །དེ་གཉིས་ལས་གཞན་པའི་ཕུང་པོ་གསུམ་པ་འགའ་ཡང་མེད་པས་དམིགས་པ་སྟེ། རྣམ་རྟོག་ཞི་བ་ལས་རྣམ་པར་མི་རྟོག་པའི་བློ་འབྱུང་སྟེ། ཚངས་པས་ཞུས་པ་ལས། གང་གིས་ཕུང་པོ་མ་སྐྱེས་ཤིང་། །འབྱུང་བ་མེད་པར་ཡོངས་ཤེས་ཏེ། །འཇིག་རྟེན་ན་ཡང་སྤྱོད་འགྱུར་ལ། །འཇིག་རྟེན་འདི་ལའང་མི་གནས་སོ། །ཞེས་དང་། སྔོན་གྱི་འཕེན་པའི་དབང་དང་ནི། །རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར། །དེ་ནི་ལུས་ཅན་སྨིན་པ་ཡི། །དོན་དུ་འབད་པ་བྱེད་མ་ཡིན། །ཞེས་གསུངས་པ་ལྟར་རང་རྒྱུད་པ་འདོད་པ་ལ། ཐལ་འགྱུར་བ་ལྟར་ན་ལམ་གྱི་བློ་འགགས་ལ། འབྲས་བུའི་བློ་ལ་ངོ་བོ་མ་གྲུབ་པས་བུད་ཤིང་བསྲེགས་པའི་མེ་བཞིན་ཞེས་སོ། །ཕྲིན་ལས་འཇུག་པ་འབད་པ་ལ་མི་ལྟོས་པ་ལ་གསུམ་ལ། རྒྱུད་དག་པའི་གདུལ་བྱ་ལ་སྣང་བ་ཡིད་བཞིན་ཞེས་ཏེ། དེ་དག་གིས་རྟོག་པ་མེད་ཀྱང་དགོས་འདོད་ཐམས་ཅད་སྒྲུབ་པ་ལྟར་ཏེ། རྒྱུད་བླ་མར། དེ་བཞིན་གཤེགས་པ་བརྒྱ་བྱིན་དང་། །རྔ་སྤྲིན་ཚངས་པ་ཉི་མ་དང་། །ནོར་བུ་རིན་ཆེན་གཟུགས་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་དང་། འཇུག་པར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་འགྱུར་ཞིང་། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་དང་། སློབ་དཔོན་ཙནྡྲ་གོ་མིས། བུམ་བཟང་དཔག་བསམ་ཤིང་དང་ཡིད་བཞིན་གྱི། །ནོར་བུ་སེམས་པ་དང་ལྡན་མ་ལགས་པ། །དེ་དག་གིས་ཀྱང་སེམས་ཅན་དོན་བགྱིད་ན། །ཐུགས་རྗེའི་དབང་གིས་བཅོམ་ལྡན་སྨོས་ཅི་འཚལ། །ཞེས་གསུངས་ཏེ། སྔོན་གྱི་སྨོན་ལམ་ལ་སོགས་པ་གསུམ་གྱི་སྐུ་དང་ཡེ་ཤེས་སུ་སྣང་བ་འབྱུང་སྟེ། རྒྱུད་བླ་མར། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་ཉིད་དེ། །ཞེས་དང་། རིགས་པ་དྲུག་ཅུ་པར། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ཞེས་དང་། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་སོ། །ཡེ་ཤེས་ཀྱང་འཇུག་པ་ལས། ཤེས་བྱ་སྐྱེ་བ་མེད་པ་ལ་སྐྱེ་བ་མེད་པ་དང་ལྡན་པར་ཤེས་པའི་ཡེ་ཤེས་ཀྱི་མེས་ཉོན་མོངས་པའི་བུད་ཤིང་མ་ལུས་པ་བསྲེགས་ནས་ཡེ་ཤེས་ཀྱི་སྐུ་གང་ཡིན་པ་དེ་ཡིས་མངོན་སུམ་དུ་མཛད་དོ་ཞེས་དང་། ཡེ་ཤེས་སྣང་བའི་རྒྱན་ལས། ཡེ་ཤེས་དམ་པ་བདག་མེད་པ། །སྣང་བ་མེད་ལ་མི་གཟིགས་སོ། །ཞེས་ཏེ། འདས་མ་ཐག་པར་བསྙད་དོ། །སྣང་བ་དེས་ཕན་པ་རྗེས་སུ་སྒྲུབ་པར་དཔེར་ན་ཞེས་ཏེ། ནོར་བུ་ལ་སོགས་ལ་སེམས་མེད་ཀྱང་ཡུལ་དེ་རང་ཡོད་པས་ཡིན་མོད། སྟོན་པའི་ཡེ་ཤེས་མེད་ན་ཅི་ཞིག་གིས་དོན་སྒྲུབ་ཅེས་དོགས་ན། སྒྲུབ་པའི་དཔེ། བྲམ་ཟེ་ཤང་ཀུས་ཀླུ་རིགས་བརྒྱད་ལས་འཇོག་པོ་མིན་པ་དབང་དུ་འདུས་ཀྱང་། དེའི་གནོད་པས་ཤང་ཀུ་འདས་མོད། དེས་བཙུགས་པའི་མཆོད་སྡོང་གིས་དུག་ཞི་བ་དང་། ཆར་གྱི་འཕེལ་འགྲིབ་ལ་སོགས་པ་བྱེད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་འདས་ཀྱང་དེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དུ་སེམས་དང་། སེམས་ལས་བྱུང་བའི་འཇུག་པའི་རྒྱུན་ཞི་ཡང་། དེས་བསྒྲུབས་པའི་སྤྱོད་པ་ལས་བྱུང་བ། གདུལ་བྱའི་ངོར་སྐུ་དང་ཡེ་ཤེས་ལ་སོགས་པར་སྣང་སྟེ། སྨོན་ལམ་གྲུབ་པས་ཞེས་ཐལ་འགྱུར་བའོ། །རང་རྒྱུད་ལྟར་ན་རྣམ་པར་རྟོག་པ་ཟད་པ་ལ་དེ་སྐད་ཅེས་བྱའི། སྐུ་གསུམ་ཡེ་ཤེས་བཞིས་གདུལ་བྱའི་དོན་མཛད་དེ། སྣ་ཚོགས་པ། ལྷུན་གྱིས་གྲུབ་པ། རྒྱུན་མི་འཆད་པའི་ཕྲིན་ལས་ཅན་ཞེས་པས་སོ། །རྩོད་པ་སྤང་བ་ལ། རྩོད་པ་དགོད་པ། དེའི་ལུང་བསྒྲུབ་པ། ཁྱབ་པ་བསྒྲུབ་པ་གསུམ་མོ། །སྔ་མ་སེམས་མེད་ཅེས་རྩ་བ་གཉིས་ཏེ། སྟོན་པ་བསོད་ནམས་ཀྱི་རྟེན་མི་རུང་སྟེ། སེམས་རྡོ་རྗེ་ལྟ་བུའི་རྗེས་སུ་འགག་པས་ཞེ་ན། དེ་ལུང་གིས་བསྒྲུབ་པ་གང་ཕྱིར་ཏེ། སེང་གེ་རྣམ་པར་བརྩེ་བའི་མདོར། །གང་ཕྱིར་རྒྱལ་བ་བཞུགས་པའམ། །ཡོངས་སུ་མྱ་ངན་ལས་འདས་པའི། །སྐུ་གདུང་ཡུངས་འབྲུ་ཙམ་མཆོད་པ། །བསོད་ནམས་འདི་ལ་ཁྱད་པར་མེད། །ཅེས་དང་། ཡང་། སེམས་ཀྱང་མཉམ་ལ་འབྲས་བུའང་མཉམ། །མཉམ་པའི་སེམས་སུ་བྱས་ནས་ནི། །གང་ཟག་མཆོག་ལ་མཆོད་བྱེད་པ། །དེ་ཡི་རྣམ་པར་སྨིན་པ་མཉམ། །མཚུངས་པར་བྱང་ཆུབ་འཚང་ཡང་རྒྱ། །ཞེས་མེ་ཏོག་བརྩེགས་པའི་མདོ་ལས་སོ། །གསུམ་པ་ནི། མཚུངས་པར་བཤད་ཀྱང་མི་མཚུངས་ན། །ཞེས་པའི་ལན་ཀུན་རྫོབ་ཅེས་ཏེ། དབུ་མ་པ་ལྟར་རྒྱལ་བ་ཀུན་རྫོབ་ཙམ་དུའམ། དངོས་པོར་སྨྲ་བ་ལྟར་དེ་ཁོ་ནར་འདོད་ཀྱང་རུང་། ཡེ་ཤེས་མངའ་འམ་མི་མངའ་ཡང་རུང་སྟེ། བསོད་ནམས་འཐོབ་པར་མཚུངས་པ་ཁྱེད་རང་གི་ལུང་གིས་གྲུབ་སྟེ། དགེ་སློང་གིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་དྭང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་མཐོང་ལགས་སོ། དགེ་སློང་དག དགེ་སློང་འདིས་ཅི་ཙམ་ཞིག་ན་དང་པོའི་འོད་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནས་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ཡོངས་སུ་སྤྱོད་པར་འགྱུར་རོ་ཞེས་ཏེ། དཔེར་ན་ཞེས་སོ། །དོན་དམ་སྟོང་པར་ཤེས་པ་ལམ་དུ་བསྒྲུབ་པའི་ཕྱིར་ཉན་ཐོས་ཀྱི་རྩོད་པ་སྤང་བ་ལ་གཉིས་ལས། རྒོལ་བ་བདེན་པ་བཞི་ལ་བཅུ་དྲུག་གིས་ཚུལ་གྱིས་བསྒོམས་ན་རིགས་ཅན་གསུམ་གྲོལ་གྱི། ཡོད་མེད་ལ་སོགས་པ་མུ་བཞི་ཡིས་སྟོང་པ་དེ་ལྟ་བུ་རྟོགས་པས་མི་གྲོལ་ཏེ། དེ་ལ་ངོ་བོ་མེད་པས་ཞེ་ན། ལན་ལ་གཉིས་ལས། ལུང་གིས་མདོར་བསྟན་པ། གང་ཕྱིར་ཞེས་ཏེ། རིགས་ཅན་གསུམ་གྱི་ལམ་ནི་འདི་ཁོ་ན་སྟེ། ཡུམ་ལས། དམིགས་པ་དང་བཅས་པའི་ཞེས་པ་ལ་སོགས་པ་དང་། ཉན་ཐོས་ཀྱི་ས་ལ་ཞེས་པ་ལ་སོགས་པ་མཚམས་སྦྱར་བའི་སྐབས་བཞིན་སྦྱར་བར་བྱའོ། །བརྒལ་ལན་གྱིས་རྒྱས་པར་བཤད་པ་ལ་བཞི་ལས། ཐེག་པ་ཆེན་པོ་བཀའ་སྒྲུབ་པ་ལ་གཉིས་ལས། བླང་བའི་རྒྱུ་མཚན་མཚུངས་པ། གལ་ཏེ་ཐེག་ཆེན་ཞེས་ཏེ། སྡེ་པ་དག་སྟོན་པ་སངས་རྒྱས་ནས་མྱ་ངན་ལས་འདས་ཀྱི་བར་དུ་གནས་བརྟན་ཆེན་པོ་རྣམས་ལུས་དང་གྲིབ་མའི་ཚུལ་དུ་གནས་མོད། དེ་དག་ཏུ་འདི་ལྟ་བུ་གསུངས་པ་མེད་ལ། འདི་ནི་དུས་ཕྱིས་བདུད་ཀྱིས་བསླུས་པའི་དགེ་སློང་དག་གིས་སྦྱར་བའོ་ཞེ་ན། གང་ཕྱིར་ཞེས་ཏེ། འདི་བཀའ་མ་ཡིན་ན་དེར་ཡང་མཚུངས་སོ། །འདིར་བདེན་པ་བཞི་བཀའ་ཡིན་པར་རྒོལ་བ་གཉིས་ཀ་ལ་གྲུབ་ཅེ་ན། དེ་བཀའ་ཡིན་པར་དང་པོ་ནས་སམ། ཕྱིས་རྒྱུ་མཚན་འགའ་ལས་ཤེས། སྔ་མ་མི་འཐད་དེ། རྣམ་འགྲེལ་ལས། སྐྱེ་བོ་རེང་བུར་སྐྱེས་གྱུར་ཅིང་། །ཡོན་ཏན་ཉེས་པ་མི་ཤེས་པ། །ཀྱེ་མ་གྲུབ་མཐའ་མི་བཟད་པའི། །གདོན་འདི་སུ་ཡིས་བསྒོས་པ་ཡིན། །ཞེས་པ་ལྟར་མངོན་ཞེན་གྱིས་རློམ་པ་ཙམ་དུ་ཟད་དོ། །རྒྱུ་མཚན་ལས་ཤེས་ཏེ། མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་བས་ཤེ་ན། དེའང་མཚུངས་ཏེ། འདི་ལས་ཀྱང་། ཏིང་ངེ་འཛིན་སྟོན་པས་མདོ་སྡེ་ལ་འཇུག ཚུལ་ཁྲིམས་སྟོན་པས་འདུལ་བ་ལ་སྣང་། ཤེས་རབ་སྟོན་པས་ཆོས་ཉིད་དང་མི་འགལ་ཏེ། རང་གི་ཉིད་ལ་འཇུག་ཕྱིར་དང་། །རང་གི་འདུལ་ལ་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་རྒྱ་ཆེའི་ཕྱིར། །ཆོས་ཉིད་དང་ཡང་འགལ་བ་མེད། །ཅེས་བཤད་དོ། །འདི་ལ་རྩོད་པ་མེད་དེ། གཉིས་ཀ་མཐུན་པས་ཞེ་ན། རིགས་བྱེད་སོགས་ཀྱང་སྟེ། རིགས་བྱེད་རང་བྱུང་དང་། དེའི་སྟོན་པ་ཚངས་པ་ལ་སོགས་པར་སྨྲ་བ་ལ་འདི་པའང་མི་རྩོད་པས་འདིའི་ལུང་དུ་འགྱུར་ལ། ཁ་མཐུན་ཙམ་གྱིས་མ་ཡིན་ཏེ། ལྷ་མཆོད་པའི་བྲམ་ཟེ་དང་། ཆོམ་རྐུན་པ་རྣམས་བཞིན་ནོ། །གཉིས་པ་དོར་བའི་རྒྱུ་མཚན་མཚུངས་པ་ཐེག་ཆེན་ཞེས་དང་། ལན་ལུང་ལའང་སྟེ་དེར་ཡང་སྟོན་པ་ལ། དབང་ཕྱུག་གི་སློབ་མ་དང་། ཁྱབ་འཇུག་གི་སྤྲུལ་པར་སྨྲ་བ་དང་། ཁྱེད་རང་རྒྱུད་པར་འདོད་ལ། ངེད་ཅག་སྤྲུལ་པར་འདོད་པ་དང་། རྩ་བའི་སྡེ་པ་བཞི་པོ། སྡོམ་པ་བླང་ཚུལ། བསྲུང་ཚུལ། གཏོང་ཚུལ་ལ་རྩོད་པ་དུ་མ་ཡོད་པས་དོར་བྱར་འགྱུར་རོ། །མ་ཡིན་ཏེ། ཤཱཀྱའི་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དཀའ་ཐུབ་ཅན། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས། །དགེ་སློང་རྣམས་ནི་ཡིན་ཕྱིར་རོ། །ཞེས་ཁྱེད་རང་གི་གཞུང་ལས་ཀྱང་བཤད་པས། དེས་བསྟན་པ་འཛིན་སྡུད་རྒྱས་པར་བྱེད་པས་བསྟན་པའི་རྩ་བ་ཡིན་ཞེ་ན། དེའང་དཀའ་སྟེ། འདི་ལ་ལུང་ཕྲན་ཚེགས་ལས། ཁས་འཆེ་བའི། བསྙེན་པ་རྫོགས་པའི། སློང་བའི། ཉོན་མོངས་པ་སྤངས་པའི་སྟེ་བཞི་ལས། བསྟན་རྩ་ཐ་མ་ཡིན་ལ། དེ་སྡུག་བསྔལ་མ་སྤངས་པས་ལྷག་མེད་ཀྱི་མྱང་འདས་བཀག་སྟེ། ཉོན་མོངས་ཀྱིས་ལས་བསགས་པས། སྡུག་བསྔལ་འབྱུང་བས་ཟེར་ན་ཉོན་མོངས་མེད་ཀྱང་ཞེས་པ་དང་འགལ་ལོ། །དེས་ན་ཛྙཱ་ན་ཤྲཱིས་བསྙེན་རྫོགས་ལ་བཤད་པ་དེ་ལའང་ལེན་ཚུལ་ལ་སོགས་པ་མི་མཐུན་པས་དཀའ་ཞེས་སོ། །གཉིས་པ་དེས་དོན་བསྒྲུབ་པ་ལ་གསུམ་ལས། སྡུག་བསྔལ་སྤངས་པའི་མྱ་ངན་ལས་འདས་པ་མི་འཐད་པ། སེམས་ནི་ཞེས་ཏེ། ཆོས་ཙམ་ལ་དམིགས་པ་ཡོད་པས་ཏེ། བདེན་འཛིན་ལས་ཉོན་མོངས་པ་དང་དེ་ལས་སྡུག་བསྔལ་འབྱུང་བས་སོ། །རྩོད་པ་སྤང་བ་ལ་ལྷག་བཅས་དང་། ལྷག་མེད་ཀྱི་སྡུག་བསྔལ་ཡོད་པ་གཉིས་སོ། །སྔ་མ་ལ་གསུམ་ལས། རྩོད་པ་ཉོན་མོངས་སྤངས་ཞེས་ཏེ། དགྲ་བཅོམ་པ་ལ་དེ་མེད་དེ་རྒྱུ་ཉོན་མོངས་པ་སྤངས་པ་ཞེ་ན། དེའི་ལན། དེ་མ་ཐག་ཏུ་སྟེ། དེ་ཐོབ་མ་ཐག་སྡུག་བསྔལ་ལས་གྲོལ་བར་འགྱུར་ཏེ་རྒྱུ་མེད་པས་སོ། །འདོད་པ་ལ་བསལ་བ་རྡེ་གུ་སྐྱེས་དང་། མཽ་གལ་གྱི་བུ་བཞིན་ནོ། །གཉིས་པ་ལྷག་མེད་ཀྱི་སྡུག་བསྔལ་ཡོད་པ་ལ་གསུམ་གྱི། རྩོད་པ་དགོད་པ་རེ་ཞིག་ཅེས་པ། ལྷག་བཅས་ལ་དེ་ལྟ་མོད། ལྷག་མེད་ལ་དེ་མེད་དེ། དེའི་རྒྱུ་སྲེད་པ་མེད་པས་ཞེ་ན། སྲེད་པ་ཡོད་པ་སྲེད་འདི་ཞེས་པ། ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པ་ཡོད་དེ། ཤེས་བྱའི་སྒྲིབ་པས་རྨོངས་པས་གྲོང་སྟོང་པར་ཀུ་ཅོ་འབྱིན་པ་དང་། ཚེར་གཏམས་པའི་ཚང་ཚིང་དུ་འཇུག་པ་ཡོད་དེ། ཀུན་རྨོངས་པའི་སྐྱེ་བོ་བཞིན། དེས་ན་ཉེར་ལེན་གྱི་རྒྱུ་མ་རིག་པའི་བག་ཆགས་སྔ་མ་དང་ལྷན་ཅིག་བྱེད་པའི་རྐྱེན་ཟག་མེད་ཀྱི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ཡོད་དེ། དེའི་རྒྱུ་ཚོར་བ་ཡོད་པ། ཚོར་བའི་ཞེས་ཏེ་རྒྱུ་མ་ལོག་ན་འབྲས་བུ་མི་ལྡོག་པས་སོ། །དེ་བས་ན་བདག་ཅག་གི་གཞུང་ལས། དགྲ་བཅོམ་པ་དེ་དག་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལས་བྱུང་བར་མཐོང་བས་མྱ་ངན་ལས་འདས་པར་སེམས་ཏེ། ཆོས་ཀྱི་བདག་མེད་པ་མ་རྟོགས་པས་མྱ་ངན་ལས་འདས་པ་མེད་དོ་ཞེས་དང་། འཕགས་པ་དྲི་མ་མེད་པའི་མདོར། སྟོང་པ་ཉིད་ལ་མོས་པའི་ཉོན་མོངས་པ་ཅན་ཉིད་བླའི། ཉན་ཐོས་དང་རང་རྒྱལ་བ་དམིགས་པ་དང་བཅས་པའི་ཉོན་མོངས་པ་མེད་པ་ནི་དེ་ལྟ་མ་ཡིན་ནོ། །དེ་དག་གིས་འདུས་མ་བྱས་མངོན་སུམ་དུ་བྱས་ན་དམིགས་པ་དང་བཅས་པའི་ཉོན་མོངས་པ་མེད་པ་ཅི་ལྟར་ལགས། དེའི་འདུས་མ་བྱས་པ་ནི་རྒྱ་མཚོ་ལ་སྐྲའི་རྩེ་མོས་བླངས་པ་ལྟར་ཆུང་ངོ་ཞེས་དང་། འོད་སྲུང་གིས་ཞུས་པ་ལས་ཀྱང་། དེ་དག་གིས་རྟོགས་པའི་སྟོང་པ་ཉིད་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནམ་མཁའ་ལྟར་ཤིན་ཏུ་ཆུང་སྟེ། སླར་ཉིང་མཚམས་སྦྱོར་ཕྱིར་ཞེས་གསུངས་པ་འདི་ལ་གུས་པར་གྱིས་ཤིག འཐད་པ་ལ་སྦྱར་བ། དམིགས་པ་དང་ཞེས་ཏེ། གང་དག་འཛིན་པ་ཡོད་པ་དེ་སྲིད་དུ་ཡང་སྲིད་ལེན་ཏེ། དེ་ལྟ་བུ་རེ་ཞིག་གནས་ཀྱང་། བདག་གཉིས་ཀྱིས་སྟོང་པ་མ་རྟོགས་པས། ཚོགས་དྲུག་རེ་ཞིག་འགགས་ཀྱང་ཕྱིས་འབྱུང་བ། འདུ་ཤེས་མེད་པའི་སྙོམས་འཇུག་ན། ཚོར་བ་རགས་པ་མངོན་དུ་རྒྱུ་མེད་ཀྱང་དེ་ཁམས་གཞན་དུ་སྐྱེས་པ་ན་ཡང་འབྱུང་བ་བཞིན་ཏེ། འཕགས་པ་དཔལ་ཕྲེང་སེང་གེ་སྒྲའི་མདོར། ཉན་ཐོས་དགྲ་བཅོམ་པ་ལ་ཡང་འཇིགས་པ་མཆིས་ཏེ། དེས་སྐྲག་པའི་དགྲ་བཅོམ་པ་དང་རང་སངས་རྒྱས་རྣམས་ཀྱང་བཅོམ་ལྡན་འདས་ཁོ་ན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས། ཉན་ཐོས་དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱང་སྐྱེ་བའི་ལྷག་མ་དང་བཅས་པའི་ཆོས་ཅན་ལགས་ཏེ་སྐྱེ་བ་ཟད་པ་མ་ལགས་ཏེ། དེ་དག་ལ་བགྱི་བ་མང་དུ་མཆིས་སོ། །དེ་དག་ལ་ནི་གང་དག་མ་སྤངས་ན་མྱ་ངན་ལས་འདས་པའི་དབྱིངས་ལས་ཐག་རིང་དུ་འགྱུར་བ་སྤང་བར་བགྱི་བའི་ཆོས་ཀྱང་མང་དུ་མཆིས་ལགས་སོ་ཞེས་ཁམས་གསུམ་གྱི་ཉོན་མོངས་སྤངས་ཀྱང་། བསམ་གྱིས་མི་ཁྱབ་པ་ཡོངས་སུ་སྒྱུར་བའི་འཆི་འཕོ་ཡོད་པར་བཤད་པ་དང་། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། ཞེས་པ་ལ་སོགས་པ་གསུངས་པ་རྣམས་ལོང་ཞིག བཀར་སྒྲུབ་བྱེད་རྒྱས་པ་ལ། རྒྱུ་མཚན་མཚུངས་པ་དང་། མ་རྟོགས་པས་སྤོང་བར་མི་འཐད་པ་གཉིས་ལས། སྔ་མ་ངག་གང་ཞེས་དང་། དེ་མཚུངས་པ་ཐེག་ཆེན་ཞེས་ཏེ། དེས་མ་རྟོགས་པའི་གནོད་བྱེད་དུ་མི་རུང་བ་མདོ་རྟོགས་ཞེས་སྦྱར་རོ། །གཉིས་པ་ངག་གང་ཞེས་པ་འོད་སྲུང་ལ་སོགས་པས་མ་རྟོགས་པས་མི་གནོད་དེ། འཇམ་དཔལ་ལ་སོགས་པས་རྟོགས་པས་སོ། །ཚིགས་བཅད་གསུམ་པོ་འདི་རྩོམ་པ་པོའི་མིན་པར་འགྲེལ་ཆེན་ལས་བཤད་ལ། བདག་གི་བླ་མས་རྒྱུ་མཚན་དང་བཅས་ཏེ་གསུངས་སོ། །གསུམ་པ་ཤེས་པ་གཉིས་ཀྱི་བྱེད་པ་མདོར་བསྡུས་ཏེ་བསྟན་པ་ལ་བཞི་ལས། མཆོག་ཏུ་གྱུར་པའི་འབྲས་བུ་བསྐྱེད་པ། རྨོངས་པ་ཞེས་ཏེ། ལམ་དེས་བསྒྲུབས་པའི་འབྲས་བུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། རྩ་བ་བཞི་དགོངས་པ། འཁོར་བ་ལ། མྱང་འདས་ལ་མི་གནས་པ་གསུམ་པོ་ཐོག་མཐའ་དང་པོ་དང་། གཉིས་པ་དང་། གསུམ་པས་རེ་རེ་སྟེ། དེའང་དམིགས་པ་མེད་པའི་སྙིང་རྗེ་དང་ཤེས་རབ་ཀྱིས་ཏེ། རྒྱུད་བླ་མར། སྐྱེ་འཆི་ན་དང་རྒས་པ་ལས་གྲོལ་བ། འདི་ཡི་རང་བཞིན་ཇི་བཞིན་ཉིད་རྟོགས་ཏེ། །སྐྱེ་སོགས་ཕོངས་དང་བྲལ་བ་དེ་ཡི་རྒྱུས། །བློ་ལྡན་འགྲོ་ལ་སྙིང་རྗེ་སྐྱེ་ཕྱིར་བརྟེན། །ཞེས་དང་། ཐེག་བསྡུས་ལས། སྤངས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེའི་མཚན་ཉིད་ནི་ཉོན་མོངས་པ་ཡོངས་སུ་བཏང་བ་དང་བཅས་པའི་འཁོར་བ་ཡོངས་སུ་མི་གཏོང་བའི་གནས་ཏེ་ཞེས་གསུངས་སོ། །དེའི་སྤང་བྱའི་གཙོ་བོ་སྨོས་པས་རྨོངས་པ་ཞེས་ཏེ། གཏི་མུག་ཉེས་པའི་རྩ་བཞེས། བཞི་བརྒྱ་པར། ལུས་ལ་ལུས་དབང་ཅི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །དེ་ཕྱིར་ཉོན་མོངས་ཐམས་ཅད་ཀྱང་། །གཏི་མུག་བཅོམ་པས་བཅོམ་པར་འགྱུར། །ཞེས་གསུངས་སོ། སུན་དབྱུང་བའི་གནས་མ་ཡིན་པ་དེ་ལྟར་ཞེས་སོ། ཉོན་མོངས་པའི་གཉེན་པོར་འགྲོ་ཚུལ། ཉོན་མོངས་ཞེས་ཏེ། རྒྱུད་བླ་མར། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པས། གང་ཟག་ཏུ་ཞེན་པས་ཀུན་ནས་བསླང་བས་ཐར་པ་ལ་སྒྲིབ་པ་དང་། ཆོས་སུ་ཞེན་པ་ཕྲ་བའི་ཕྲ་བས་ཐམས་ཅད་མཁྱེན་པ་ལ་སྒྲིབ་པ་སྟེ། ཉོན་མོངས་པ་ཡང་ཡིན་ལ། སྒྲིབ་པ་ཡང་ཡིན་པས་དང་། ཤེས་བྱ་ཐམས་ཅད་ཤེས་པ་ལ་སྒྲིབ་པས་དེ་སྐད་ཅེས་བྱའོ། །རྒྱུད་བླ་མར་གསུམ་བཤད་པ་ཞེ་ན། ནང་གིས་དབྱེ་བ་སྟེ། དབུས་མཐར། ཉོན་མོངས་སྒྲིབ་པ་གཉིས་སུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གཉིས་ཁོ་ནར་བཤད་དོ། །དེ་ལ་མྱུར་དུ་ཞེས་པའོ། །ལྡོག་པའི་རྒྱུ་མ་གྲུབ་པ་ལ་གཉིས་ལས། སྡུག་བསྔལ་གྱི་རྒྱུ་མ་ཡིན་པ་ལ་དངོས་གང་ཞེས་ཏེ། སྐྲག་པར་འོས་པ་བདག་འཛིན་ཡིན་གྱ།ི སྟོང་ཉིད་ལ་མ་ཡིན་ཏེ། ལྟུང་བ་བཤགས་པའི་མདོར། དྲང་པོར་འདུག་ལ་ཡང་དག་ལྟོས། །འདི་ནི་འགྱོད་ཚངས་རྒྱལ་པོ་ཡིན། །ཞེས་སོ། །འཇིགས་པར་འོས་པའི་བདག་མ་གྲུབ་པ་གལ་ཏེ་ཞེས་པའོ། །གང་ཟག་གི་བདག་མེད་པ་ལ་ཁམས་དྲུག་བདག་མེད་པར་བསྒོམ་པ་སྤྱིར་བསྟན་པ་ལ། རང་གི་སྡེ་པ་དག་གང་ཟག་ཅེས་པ་ཕྱི་རོལ་པས་བརྟགས་པའི་རྟག་གཅིག་རང་དབང་ཅན་གྱི་རྫས་སུ་མ་གྲུབ་ཀྱང་། ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་རྣམ་པར་ཤེས་པར་དྲུག་གིས་ཤེས་པར་བྱ་བ་འཁོར་བ་པར་གྱུར་པ་ཞེས་འདོད་པ་ལ། སོ་ཞེས་པ་ནས། ས། ཆུ། མེ། རླུང་། ནམ་མཁའ། རྣམ་པར་ཤེས་པའི་ཁམས་ལ་བདག་མེད་པར་བསྟན་ཏེ། ཡབ་སྲས་མཇལ་བ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། ཁམས་དྲུག་ནི་བདག་མ་ཡིན་ཏེ། འདི་ལྟ་སྟེ། སའི་ཁམས་ཞེས་པ་ནས། རྣམ་པར་ཤེས་པའི་ཁམས་བདག་མ་ཡིན་ཞེས་དང་། ཡུམ་ལས། གཟུགས་རྟག་ཅིང་བརྟེན་ལ་ཐེར་ཟུག་མི་འགྱུར་བའི་ཆོས་ཅན་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་དང་། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ་དང་། གཟུགས་ནི་བདག་མ་ཡིན་ཞེས་གསུངས་པ་སྟེ། བདག་གཟུགས་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་མཛོད། །ཅེས་དང་། ཡང་། ཆོས་ཅན་ཡོད་ན་ཆོས་རྣམས་ལ། །འཇིག་རྟེན་ན་ནི་སྤྱོད་འཇུག་ན། །བདག་ཅེས་བྱ་བ་འདི་མེད་པར། །བྱེད་པ་པོ་ཞེས་དེ་ལ་བཏགས། །ཞེས་དང་། རྩ་ཤེར་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་དང་། མདོ་སྡེ་རྒྱན་ལས། བདག་ཏུ་ལྟ་བ་བསྐྱེད་མི་དགོས། །གོམས་པ་ཐོག་མ་མེད་དུས་ཅན། །གང་ཟག་ཡོད་ན་ཐམས་ཅད་ནི། །འབད་མེད་ཐར་པའམ་ཐར་པ་མེད། །ཅེས་གསུངས་སོ། །གཉིས་པ་མུ་སྟེགས་ཀྱི་བདག་དགག་པ་ལ་གཉིས་ལས། གྲངས་ཅན་གྱི་བདག་དགག་པ་ལ་གསུམ་ལས། སྐྱེས་བུ་སྤྱིར་དགག་པ་ལ་གསུམ་གྱི། ཡུལ་ལ་རྟག་ཏུ་ལོངས་སྤྱད་པར་ཐལ་བ། གལ་ཏེ་ཞེས་པ་ལ། སྒྲ་འཛིན་བདག་རྣམ་ཤེས་ཀྱི་ཁམས་ནི་ཤེས་ཤིང་རིག་པའི་སྐྱེས་བུ་རྟག་པ་གཅིག་པུ་སྟེ་འདི་པས་སྒྲ་ཐོག་མར་སྨོས་པར་ཟད་ཀྱི། འཛིན་པོ་གཞན་ཡང་ཐམས་ཅད་མཚོན་སྟེ། སྒྲ་མེད་ཀྱང་དེས་འཛིན་པར་ཐལ། རྟག་པས་ཞེས་སོ། །ཁྱབ་པ་མ་གྲུབ་སྟེ། སྐྱེས་བུ་རྟག་ཀྱང་སྒྲ་མི་རྟག་པས་ཤེ་ན། དེ་སྒྲུབ་པ་ལ་གསུམ་ལས། རང་བཞིན་ཉམས་པ་ཤེས་བྱ་ཞེས་པ་དེ་མི་རྟག་པར་འགྱུར་ཏེ། འཛིན་མི་འཛིན་གཉིས་ཡོད་པས་སོ། །ཤེས་བྱ་དང་ལྡན་པ་དེ་མི་རྟག་ཀྱང་དེས་མ་བསྒྲིབས་པའི་སྐྱེས་བུ་རྟག་ཅེ་ན། དེ་ཤེས་པ་མ་ཡིན་པར་འགྱུར་ཏེ། ཤེས་བྱ་དང་མི་ལྡན་པས། མིན་ན་ཧ་ཅང་ཐལ་བ་གལ་ཏེ་ཞེས་སོ། །ཤེས་བྱ་མི་རྟག་པས་ཤེས་རིག་ཀྱང་མི་རྟག་ཅེས་པས་སྐབས་བསྡུ་བ་དེས་ན་ཞེས་རྩ་བ་གཉིས་སོ། །རྩོད་པ་སྤང་བ་ལ་ལྔ་ལས། སྒྲ་འཛིན་གཟུགས་ཤེས་སུ་མི་འཐད་པ། དེ་ཉིད་ཀྱིས་ཞེས་པ་སྒྲ་འཛིན་པ་དེས་ཡུལ་གང་དང་ཉེ་བའམ་འཕྲད་པ་ལ་ལོངས་སྤྱོད་པས། གཟུགས་ཉེ་བ་ནི་དེ་གཟུང་འཛིན་དུ་སྣང་ངོ་ཞེ་ན། དེ་ལྟ་ན་དེའི་དུས་སུ་སྒྲ་འཛིན་འགགས་ན་མི་རྟག་པར་འགྱུར་ལ། མ་འགགས་ན་གཟུང་འཛིན་དུ་འགལ་ལོ། །སྔར་བཤད་པའི་ཉེས་པ་མཚུངས་པ་གལ་ཏེ་ཞེས་པ། སྒྲ་འཛིན་མ་འགགས་ཀྱང་ཉེ་མི་ཉེ་ཡིས་ཁྱད་པར་དུ་བྱས་སོ་ཞེ་ན། དེ་ལྟ་ན། སྐྱེས་བུ་དེ་རྟག་གཅིག་རང་དབང་ཅན་མ་ཡིན་པར་འགྱུར་ཏེ། སྒྲ་འཛིན་མི་འཛིན་གྱི་ཆ་དང་བཅས་པའི་ཕྱིར་རོ། །གཅིག་གི་ཐ་སྙད་མི་འཐད་པ་ནི་སྒྲ་འཛིན་ཞེས་པ། དེ་དང་གཟུགས་འཛིན་ངོ་བོ་ཐ་མི་དད་པས་སྔ་མ་ཉིད་དུ་གནས་ཏེ། སྐྱེས་བུ་གཅིག་ཉིད་ཕ་དང་བུར་མི་འགལ་བ་བཞིན་ཞེ་ན། དེར་མ་གྲུབ་པ་གཅིག་ནི་ཞེས་ཏེ། ལྟོས་ས་གཉིས་ལ་ལྟོས་ནས་དེར་གཞག་གི དེ་ཉིད་གསུམ་གང་ཞིག་གང་ལ་ལྟོས་ནས་འཇོག་སྟེ། ཐ་དད་གཅིག་ཏུ་མི་རུང་ལ། །རེས་འགའ་བ་རྟག་པར་འགལ་བས་དེ་གཉིས་མི་མཚུངས་པ་འདི་ལྟར་ཞེས་རྩ་བ་གཉིས་སོ། །གཅིག་པ་ཉིད་མ་དམིགས་པ་ནི་དེ་ནི་སྒྲ་འཛིན་ཏེ། དེ་གཉིས་ལྟོས་ས་ཐ་དད་པ་ལྟར་དེ་འཛིན་ཡང་ངོ་བོ་ཐ་དད་པས་གཅིག་ཏུ་མི་རུང་སྟེ། གཟུགས་འཛིན་དེ་སྒྲ་འཛིན་གྱི་ངོ་བོར་མ་དམིགས་པས་བུམ་པ་སྣམ་བུར་མ་དམིགས་པ་བཞིན་ནོ། །གཉིས་པ་གནས་སྐབས་དུ་མ་དང་འབྲེལ་བའི་བདག་དགག་པ་ནི། གར་མཁན་ལྟ་བུའི་ཚུལ་གཞན་གྱི་དེ་ཉིད་དེ། སྐྱེས་བུ་གཅིག་ཉིད་འབག་གི་འགྱུར་བས་དུ་མར་སྣང་བ་ལྟར། དེའི་རང་བཞིན་རྟག་རྐྱང་གནས་སྐབས་ཀྱིས་ཡུལ་སོ་སོ་ལ་འཛིན་མི་འཛིན་དུ་སྣང་བ་ཅི་འགལ་ཞེ་ན། དེ་ལྟ་ན་རང་བཞིན་དང་གནས་སྐབས་གཅིག་ན་མི་རྟག་པར་འགྱུར་ལ། ཐ་དད་ན་རང་བཞིན་དང་གནས་སྐབས་མ་ཡིན་པར་འགྱུར་རོ། །གལ་ཏེ་རྣམ་པ་མི་འདྲ་བར་སྣང་ཡང་ངོ་བོ་གཅིག་གོ་ཞེ་ན། གཅིག་ཉིད་དེ་ཞེས་བསྟིང་བའོ། །གསུམ་པ་རང་བཞིན་གཅིག་པ་དགག་པ་ལ་གཉིས་ལས། དྲི་བ་དགོད་པ། གལ་ཏེ་ཞེས་པ་དུ་མར་སྣང་ཡང་དེའི་ངོ་བོར་བདེན་ཏེ་མཁར་ནང་གི་སྐྱེས་བུ་བཞིན་ཞེ་ན། སྣང་བདེན་ཐ་དད་པ་དེའི་རང་བཞིན་གང་ཡིན། ལན་ལ་གསུམ་ལས། སྐྱེས་བུ་ཐམས་ཅད་གཅིག་ཏུ་ཐལ་བ་ཤེས་རིག་ཉིད་དོ་ཞེ་ན། སྐྱེས་ཀུན་ཏེ་ཤེས་ལྡན་དུ་མཚུངས་པས་སོ། །སེམས་ཞེས་པས་བློ་དང་སྐྱེས་བུ་གཅིག་ཏུ་ཐལ་བ་སྟེ་ཡོད་ཙམ་དུ་མཚུངས་པས་སོ། །སྤྱི་ཉིད་མ་གྲུབ་པ་ནི། སྒྲ་འཛིན་སོགས་དུ་མའང་སྤྱི་གཅིག་ཏུ་འདྲའོ་ཞེ་ན། འདྲ་བའི་རྟེན་གང་ཡིན་ཏེ། ཡུལ་དང་ངོ་བོ་ཐ་དད་པས་ཏེ། གྲངས་ཅན་འདི་རྒྱས་པར་འོག་ཏུ་བརྗོད་པར་བྱའོ། །རིགས་པ་ཅན་གྱི་བདག་དགག་པ་ལ་བཞི་ལས། རང་བཞིན་བེམ་པོ་བདག་མ་ཡིན་པ། རིག་པ་ཅན་དག བདག་རྟག་པ་གཅིག་པུ་བེམ་པོ་སེམས་པ་ཅན་གཞན་དང་ལྡན་པས་ཡུལ་ལ་སྤྱོད་པ་སྟེ། སྐྱེས་བུའི་རྒྱུད་དུ་གཏོགས་པས། སེམས་ཅན་ཐམས་ཅད་ཀྱི་སྙིང་ལ་གནས་པ། དངོས་པོ་ཀུན་གྱི་རང་བཞིན་ནོ་ཞེས་སོ། །དེ་དགག་པ་སེམས་མེད་པ་ཞེས་ཏེ། དེ་བདག་མིན་ཏེ། དེའི་རང་བཞིན་བེམ་པོ་ཡིན་པས་བུམ་པ་བཞིན། ཁྱབ་པ་མ་གྲུབ་ན་བུམ་པའང་དེར་འགྱུར་རོ། །སེམས་པ་ཅན་གཞན་དང་ལྡན་པ་བདག་ཏུ་མི་འཐད་པ་འོན་ཏེ་ཞེས་པ་སེམས་པ་ཅན་གཞན་དང་འཕྲད་པ་ན་བདག་དེ་འགྱུར་ཏེ་བེམ་པོ་མ་ཡིན་པ་དང་མི་རྟག་པར་འགྱུར། མ་གྱུར་ན་འཕྲད་པ་དོན་མེད་པར་འགྱུར་ཏེ་བྱ་བྱེད་མེད་པས། ཅི་སྟེ་བདག་ཅེས་པས་ཁྱབ་པ་སྒྲུབ་པའོ། །དོན་བསྡུ་བ་ནི་དེ་ལྟར་ཞེས་རྩ་བ་གཉིས་སོ། །གཉིས་པ་བདག་མེད་པ་ལ་རྩོད་པ་སྤང་བ་ལ་གཉིས་ལས། ལས་འབྲས་འབྲེལ་བར་མི་འཐད་པ་ལ་དྲུག་ལས། དང་པོ་རྩོད་པ་དགོད་པ། གལ་ཏེ་ཞེས་རྩ་བ་བཞི་སྟེ། རྟོག་གེ་པ་དག ཁྱེད་ལྟར་ན་ལས་བྱས་པས་ཞིག་ཅིང་མ་བྱས་པ་དང་འཕྲད་པར་འགྱུར་ཏེ། རྟེན་བདག་མེད་པས་ཞེ་ན། ཁས་བླངས་མཚུངས་པ་བྱ་བ་ཞེས་རྩ་བ་བཞི་སྟེ། དེར་ཡང་མཚུངས་ཏེ་བདག་རྟག་པས་སོ། །མིན་ཏེ་བྱེད་པ་པོའི་གཞི་བདག བྱ་བ་བདག་གི་ཡོན་ཏན་ཚེ་འདིའི་དགེ་སྡིག འབྲས་བུ་ཕྱི་མའི་རྣམ་སྨིན་གསུམ་ཐ་དད་ཡོད་ཅེ་ན། འདིར་ཡང་མཚུངས་སོ། །དངོས་པོའི་ལན་ནི། ལས་བྱེད་པ་པོ་ཉིད་ཀྱིས་འབྲས་བུ་མྱོང་ན་རྒྱུ་འབྲས་དུས་གཅིག་པར་འགྱུར་ལ། འདོད་ན། རྒྱུ་འབྲས་ལ་ཐ་དད་པས་ཁྱབ་པ་གྲུབ་པས་བསལ་ལོ། །ལུང་དང་འགལ་བ་སྤང་པ། དེ་ལྟ་ན་ཁྱེད་རང་གི་སྟོན་པས་ལས་བྱེད་པ་པོས་འབྲས་བུ་མྱོང་བར་བཤད་པ་ཞེ་ན། དེ་རྣམ་ཤེས་ཀྱི་རྒྱུན་གཅིག་པ་ཙམ་ལ་དགོངས་ནས་གསུངས་སོ། །དེ་ཉིད་བདག་ཡིན་ནོ་ཞེ་ན། རྩོད་པ་སྤང་བ། དོན་བསྡུ་བ། འདས་དང་ཞེས་རྩ་བ་བཞི་དང་བཞི་སྟེ། དུས་གསུམ་ལ་དེ་མེད་པའོ། །སྙིང་རྗེ་བསྒོམ་པའི་ཡུལ་མི་འཐད་པ་ལ་གཉིས་ལས། ཡུལ་མེད་པའི་རྩོད་པ་དགོད་པ། གལ་ཏེ་ཞེས་རྩ་བ་གཉིས་ཏེ། སེམས་ཅན་དང་། སྲོག་དང་། སྐྱེས་བུ་ཞེས་བདག་གི་རྣམ་གྲངས་ཡིན་མོད། སྙིང་རྗེས་རབ་ཏུ་ཕྱེ་བའོ་ཞེས་ཇི་ལྟར་བྱ་ཞེས་པའོ། །ལན་ལ་གཉིས་ལས། དགོས་པ་བཏགས་པ་ཙམ་འཐད་པ། འབྲས་བུའི་ཞེས་པ། དེ་ལྟ་མོད། སྣང་ཚོད་དུ་སངས་རྒྱས་ཀྱི་སྒྲུབ་བྱེད་ལ་རྨོངས་པས་བདག་དང་ཆོས་སུ་ཞེན་པའི་ལོག་ཤེས་དེ་བསལ་བའི་ཕྱིར། སེམས་ཅན་ཞེས་བཏགས་པ་ལ་སྙིང་རྗེ་འཇུག་སྟེ། དེས་ཚོགས་རྫོགས་པས་སོ། །གཉིས་པ་རྩོད་པ་སྤང་བ་ལ་བཞི་ལས། རྫས་སུ་གྲུབ་པའི་གང་ཟག་ལ་མི་ལྟོས་པ་ནི། སེམས་ཅན་མེད་ཅེས་རྩ་བ་གཉིས་ཏེ། བདེན་ཏེ་དོན་དམ་པར་འབྲས་བུ་སངས་རྒྱས་མ་གྲུབ་ཀྱང་མ་དཔྱད་པར་འཇུག་པའི་བློ་ངོར་ཡུལ་དང་བྱེད་པ་པོར་སྣང་བས་དེ་ཡོད་དོ། །བརྟགས་པ་ཙམ་སྤང་བྱ་མ་ཡིན་པ་སྡུག་བསྔལ་ཞེས་ཏེ། སེམས་ཅན་བདེན་པར་འཛིན་པ་ལྟར་བརྟགས་པ་འཛིན་པའང་སྤང་བྱ་ཡིན་ཏེ། ཕྱིན་ཅི་ལོག་གི་དམིགས་པ་ཡིན་པས་ཞེ་ན། སྣང་བ་ཙམ་ནི་བསལ་མི་དགོས་ཏེ། ལམ་གྱི་གེགས་མི་ནུས་པས་སོ། །ཡུལ་ལ་འཁྲུལ་པ། རྒྱུ་དང་འབྲས་བུ་ལ་བདག་དང་ཆོས་སུ་རྨོངས་པ་དང་། ལྟ་བ་དང་། ཆགས་པ་དང་། ང་རྒྱལ་བའི་གཉེན་པོར་ཀུན་རྫོབ་ཙམ་དུ་སྙིང་རྗེ་བསྒོམ་དགོས་ཏེ། ལས་དང་། བྱེད་པ་པོ། བྱ་བ་རྣམས་ཐ་སྙད་ཙམ་དུ་མི་འགལ་བས་སོ། །རང་གི་ཚིག་དང་འགལ་བ་སྤང་བ། སྡུག་བསྔལ་རྒྱུའི་ཞེས་ཏེ། སྔར་བདག་གཞན་མི་རིགས་ཞེས་སྤང་བར་བཤད་པ་ཞེ་ན། དེར་བདག་བདེན་པར་འཛིན་པ་སྤང་བ་ཡིན་ལ། འདིར་སྣང་ཙམ་ལ་བརྗོད་དོ། །མཚུངས་པར་དོགས་པ་སྤང་བ་དེ་ལས་ཞེས་རྩ་བ་གཉིས་ཏེ། བདག་ཏུ་འཛིན་པའང་ཅི་སྟེ་བཟློག་ཅེ་ན། བདག་མེད་ཅེས་ལན་ནོ། །དངོས་སུ་ན་འབྲས་བུའི་རྨོངས་པ་དེ་ལས་ཀྱང་ང་རྒྱལ་ལ་སོགས་པ་མི་འབྱུང་ངམ་ཞེས་པ་བདག་མེད་ཅེས་ལན་ནོ། །ལུས་ནི་རྐང་པ་བྱིན་པ་མིན། །ཞེས་པ་དྲན་པ་ཉེར་གཞག་ཆོས་ཀྱི་བདག་མེད་དུ་འཆད་པ་རྩོམ་པ་པོའི་དགོངས་པ་མ་ཡིན་ཏེ། བསླབ་བཏུས་ལས། དྲན་པ་ཉེ་བར་གཞག་པ་བསྟན་ཟིན་ཏོ། །དེ་ལྟར་གང་ཟག་ལ་བདག་མེད་པ་བསྟན་ཟིན་ཏོ། །དེ་ལྟར་གང་ཟག་ལ་བདག་མེད་པར་བསྟན་ནས་ཞེས་གསུངས་པ་དང་། གཞན་དག་གིས་གསུངས་པ་མཚམས་སྦྱོར་དུ་བཤད་པ་ལྟར་བདག་གི་བླ་མ་གསུང་ངོ་། །དེས་ན་དྲན་པ་ཉེར་གཞག་བཞིའི་སྒོ་ནས་བདག་མེད་བསྒོམ་པ་རྒྱས་པར་བཤད་པ་ཞེས་བྱས་ལ། འདི་ལ་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་སོ། །དེ་ལ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དམིགས་པ་རང་དང་གཞན་གྱི་ལུས་ལ་སོགས་པ་བཞིའོ། །ངོ་བོ་དྲན་པ། གྲོགས་དེ་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ། བསྒོམ་ཚུལ་གཙང་བ། རྟག་པ། བདེ་བ། བདག་ཡོད་ཅེས་པའི་གཉེན་པོར། མི་གཙང་། མི་རྟག སྡུག་བསྔལ། བདག་མེད་ཅེས་སྡེ་པ་དག་བསྒོམ་ལ། འདིར་ཐམས་ཅད་རང་བཞིན་མེད་པར་བསྒོམ་པ་སྟེ། སྔ་མ་ཉོན་མོངས་པའི་དབང་གིས་སྤྱོད་པ་ཉམས་པའི་གཉེན་པོར་དང་། ཕྱི་མ་ལྟ་བ་ངན་པའི་དབང་གི་བདག་ཏུ་འཛིན་པའི་གཉེན་པོར་གསུངས་ཏེ། དབུས་མཐར། གནས་ངན་ལེན་ཕྱིར་སྲེད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་བསྒོམ། །ཞེས་སོ། །དེ་ལས་དང་པོ་ལུས་དྲན་པ་ཉེ་བར་བཞག་པ་ལ་གསུམ་ལས། ཡན་ལག་སོ་སོ་ལུས་མ་ཡིན་པ་ལུས་ནི་ཞེས་རྩ་བ་དགུའོ། །དེ་ལ་རིག་པ་ཅན་ན་རེ། སོ་སོར་བདེན་པར་མ་གྲུབ་ཀྱང་། ཡན་ལག་ཅན་གྱི་རྫས་ཞེས་བྱ་བ་བདེན་པ་གཅིག་ཡོད་ཅེ་ན། དེ་མ་གྲུབ་པ་ལ་ལྔ་ལས། ཡན་ལག་རྣམས་ལ་ཆ་ཡིས་གནས་པ་མི་འཐད་པ་གལ་ཏེ་ཞེས་པ། ཡན་ལག་རེ་རེའི་སྟེང་ན་ལུས་རྫས་རེ་རེ་གནས་ན་དེ་དུ་མར་འགྱུར་ཏེ། སྣོད་དུ་མ་དང་འབྲེལ་བའི་རྒྱ་ཤུག་བཞིན། བདག་ཉིད་ཐམས་ཅད་ཀྱིས་གནས་པ་མི་འཐད་པ་གལ་ཏེ་ཞེས་རྩ་བ་བཞི་སྟེ། ཐམས་ཅད་ལ་ཁྱབ་པའི་སྤྱི་འབྱུང་པོ་དང་མགུལ་ཆིང་ལྟར་ཡོད་པ་མ་ཡིན་ཏེ། སྣང་དུ་རུང་བ་ལས་མ་དམིགས་པས་སོ། །ཚད་མས་ངེས་པའི་དོན་བསྡུ་བ་ཕྱི་དང་ཞེས་ཏེ། ཡུལ་དང་། དབང་པོ་དང་། དེའི་ཤེས་པ་ལ་དེ་ལྟ་བུའི་རྫས་མེད་ཅེས་པའོ། །དེས་ན་ཞེས་རྩ་བ་བཞིས་ལུས་སུ་དམིགས་པ་འཁྲུལ་པ་ཡིན་པའོ། །ལྔ་པ་འཁྲུལ་པར་སྒྲུབ་པ་ལ་གཉིས་ལས། འཁྲུལ་པའི་རྒྱུ་ཇི་སྲིད་ཅེས་དང་། ཤེས་བྱེད་དེ་བཞིན་ཞེས་པའོ། །དེ་ལྟར་ཞེས་རྩ་བ་བཞིས་སྤྱིའི་དོན་བསྡུ་བའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་བཞི་ལས། ཚོར་བའི་རང་བཞིན་མ་གྲུབ་པ་ལ་ལྔའི། དང་པོ་སྡུག་བསྔལ་དོན་དམ་དུ་མ་གྲུབ་པ། སྡུག་བསྔལ་ཞེས་ཏེ། སིམ་གདུང་གི་བྱ་བ་བྱེད་པའི་ཚོར་བ་དོན་དམ་དུ་ཡོད་ཅེ་ན། མ་ཡིན་ཏེ། རེས་འགའ་བར་དམིགས་པས་སོ། །བདེ་བ་དོན་དམ་དུ་མ་གྲུབ་པ་བདེན་ཞེས་པ། མྱ་ངན་སོགས་ཀྱང་བདེ་བར་མྱོང་བར་ཐལ་ལོ། །རྩོད་པ་སྤང་བ་ལ་གསུམ་ལས། རྒོལ་བ་དགོད་པ་སྟོབས་དང་ཞེས་པ། ཕན་ཚུན་སྟོབས་ཆེ་ཆུང་གིས་མ་མྱོང་བར་མངོན་ཏེ། ཉིན་པར་གྱི་སྐར་མ་བཞིན་ཞེ་ན། གང་ཞིག་ཅེས་པས་ཚོར་བ་ཉིད་ཉམས་པ་སྟེ། མྱོང་བ་མེད་པས་དེ་ཕྲ་མོར་ཡོད་ཅེ་ན། བདེ་བ་ལས་མ་འདས་པ་སྡུག་བསྔལ་ཞེས་པ། དེ་ལྟར་ན་དེའི་ངོ་བོར་མྱོང་ན་རགས་པར་འགྱུར་ཏེ། བདེ་བས་ཟིལ་གྱིས་མནོན་པས་བདེ་བ་མྱོང་ན་དེའི་ངོ་བོར་འགལ་ཏེ་སྣང་བ་མུན་པའི་ངོ་བོ་མ་ཡིན་པ་བཞིན་ཞེས་པ་དེ་ནི་ཞེས་སོ། །དོན་དམ་དུ་མ་གྲུབ་པ་ཉིད་སྐབས་ལ་སྦྱར་བ། གལ་ཏེ་ཞེས་པ། བདེ་བ་སྟོབས་ལྡན་སྐྱེས་པས་སྡུག་བསྔལ་ནུས་ཆུང་མ་སྐྱེས་པར་མངོན་ཞེ་ན། དེ་ལྟ་ན་དེ་རྟག་པར་རློམ་པ་ཙམ་སྟེ། དེ་དག་རྒྱུན་ཆགས་སུ་མ་དམིགས་པས་སོ། །ལྔ་པ་རྣམ་པར་དཔྱད་པའི་དོན་ལ་རྣལ་འབྱོར་བྱ་བ་དེ་ཉིད་ཕྱིར་ཏེ། སོ་སོར་རྟོག་པའི་ཤེས་རབ་ཞིང་ས་ལྟ་བུ་ལས། བསམ་གཏན་གྱི་བདེ་བ་ཟས་བཟང་པོ་ལྟ་བུས། རྣལ་འབྱོར་པའི་ལུས་ཉེ་བར་སྟོན་པའོ། །གཉིས་པ་རྒྱུ་རེག་པ་མ་གྲུབ་པ་ལ་བཞི་ལས། དབང་པོ་དང་དོན་འཕྲད་པ་མེད་པ་ལ་གཉིས་ཀྱི། དང་པོ་རགས་པ་ཕྲད་པ་མེད་པ་ནི། སྡེ་པ་དག དབང་པོ་དོན་དང་རྣམ་ཤེས་འཕྲད་པ་ལས་ཡུལ་འཛིན་པ་དེ་རེག་པ། དེ་ལས་ཚོར་བ་འབྱུང་བས་དེ་བདེན་པར་ཡོད་ཅེ་ན། གལ་ཏེ་དབང་ཞེས་ཏེ། དེ་ལྟ་ན་ཡུལ་དང་དབང་ཤེས་ཕྲད་ནས་མྱོང་བ་མི་འཐད་དེ། འཕྲད་པའི་སྐད་ཅིག་ལ་མྱོང་བ་མེད་ཅིང་། གཉིས་པར་མི་སྡོད་པས་མ་ཕྲད་པར་མྱོང་ན་ཧ་ཅང་ཐལ་ལོ། །དེ་ཡུལ་དང་། དབང་པོ་དང་། ཡིད་ལ་བྱེད་པ་དང་། སྣང་བ་ལས་ཤེས་པ་སྐྱེའོ་ཞེ་ན། དེ་ལྟ་ན་ཡུལ་ཤེས་གཉིས་རྣམ་པ་ཐ་དད་ལས་སྐྱེ་ན་གཞན་ལས་གཞན་སྐྱེ་བར་འགྱུར་ཏེ། མིག་དང་སྒྲ་བཞིན། རྣམ་འགྲེལ་ལས། རྣམ་པ་དེ་ནི་ཐ་དད་ན། །གཞན་གྱིས་ཀྱང་ནི་རྟོགས་པར་འགྱུར། །ཞེས་སོ། །ཐ་མི་དད་ལས་སྐྱེ་ན་རང་ལས་རང་སྐྱེ་བར་འགྱུར་རོ། །ཕྲ་བ་རྡུལ་ཕྲན་དང་འཕྲད་པ་མེད་པ་ལ། རྟགས་དགོད་པ། ཕྱོགས་ཆོས་སྒྲུབ་པ། ཁྱབ་པ་སྒྲུབ་པ། དོན་བསྡུ་བ་བཞི། རྡུལ་ཕྲན་ཞེས་རྩ་བ་རེ་རེ་དང་། གཉིས་དང་། བཞི་ཡིས་སོ། །དབང་པོ་དང་ཡུལ་གྱི་རྡུལ་ལའང་འཕྲད་པ་མི་འཐད་པའོ། །གཉིས་པ་རྣམ་ཤེས་དང་ཕྲད་པ་མེད་པ་ནི། རྣམ་ཤེས་ལུས་མེད་པ་སྟེ། འཕྲད་པ་ལུས་ཅན་ལ་འཐད་པས་སོ། །དེ་དངོས་པོ་འཕྲད་པ་ཁོ་ན་ལ་མི་ཟེར་གྱི། ཚོར་བའི་རྐྱེན་གསུམ་ཚང་བ་ལ་བརྗོད་ཅེ་ན། ཚོགས་པའང་ཞེས་ཏེ། ལུས་དྲན་པ་ཉེར་གཞག་བཞིན་ནོ། །དེ་ལྟར་ཞེས་སྐབས་བསྡུ་བ་སྟེ། བདེ་བ་ཐོབ་འདོད་ཀྱང་ངལ་བ་ཅི་དགོས་ཞེས་པའོ། །དེས་གྲུབ་པའི་དོན་གང་ཚེ་ཞེས་རྩ་བ་བཞིའོ། །མཐོང་བ་ཞེས་པས་གསུམ་པ་ཡུལ་མ་གྲུབ་པའོ། །འཛིན་བྱེད་མ་གྲུབ་པ་ལ་བཞི་ལས། སེམས་མྱོང་བྱེད་མ་ཡིན་པ་སེམས་དང་ཞེས་ཏེ། ཡུལ་ལས་སིམ་གདུང་གི་ངོ་བོར་མྱོང་བས་ཚོར་བ་ཡང་དག་ཏུ་ཡོད་ཅེ་ན། སེམས་དང་ཚོར་བ་དུས་མཉམ་པ་ལ་རྒྱུ་འབྲས་མི་འཐད་ཅིང་། སྔ་ཕྱི་ལ་མྱོང་བ་མི་འཐད་དོ། །རང་མྱོང་བྱེད་མ་ཡིན་པ་རང་གི་ཞེས་སོ། །དེ་ལས་གཞན་མ་ཡིན་པ་གཞན་དག་ཅེས་པ། རང་དང་རྣམ་ཤེས་ལས་གཞན་པའི་མྱོང་བྱེད་མེད་དེ། དུས་མཉམ་པ། འབྲེལ་བ་མེད་ཅིང་། སྔ་ཕྱི་ལ་འཕྲད་པ་མེད་པས། སྐབས་བསྡུ་བ། ཚོར་བ་པོ་ཞེས་རྩ་བ་བཞི་སྟེ། ཆོས་ཐམས་ཅད་ལ་བདག་མེད་པ་ལ་སིམ་གདུང་ལ་སོགས་པའི་གནོད་བྱེད་མི་རིགས་ཏེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཆོས་ཀུན་རྟག་ཏུ་ངོ་བོ་ཉིད་ཀྱིས་སྟོང་། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་རྣམ་ཀུན་སྟོང་པ་སྟེ། །ཉི་ཚེའི་སྟོང་པ་མུ་སྟེགས་ཅན་རྣམས་ཀྱིས། །ཞེས་པ་འདི་རིགས་པར་སྦྱར་བས་ཀྱང་ངོ་། །སེམས་དྲན་པ་ཉེ་བར་གཞག་པ་ལ་གཉིས་ལས། ཡིད་ཀྱི་རང་བཞིན་མ་གྲུབ་པ་ཡིད་ནི་ཞེས་པ། དབང་པོ་གཟུགས་ཅན་ལ་མ་བརྟེན་པའི་རྣམ་ཤེས་མཐོང་བ་ལྟར། གཟུགས་ཅན་མ་ཡིན་པ་ལ་བརྟེན་ནས་སྐྱེས་པའི་ཡིད་ཡང་དག་ཏུ་ཡོད་ཅེ་ན། མ་ཡིན་ཏེ། དེའི་རྟེན་ཉིད་ལ་ངོ་བོ་མེད་པས་སོ། །དབང་པོ་ལ་མེད་དེ། དེ་དག་འགགས་ཀྱང་ཡིད་མི་འགག་པས། ཡུལ་ལ་མི་གནས་ཏེ་དེ་དག་མེད་ཀྱང་སྣང་བ་འབྱུང་བས། གཞན་ཕྱིའམ། ནང་ངམ། གཉིས་ཀའམ། མ་ཡིན་པར་ཡང་མ་རྙེད་པས། དེས་ན་འོད་སྲུང་གིས་ཞུས་པར། འོད་སྲུང་སེམས་དེ་ནི་བཙལ་ན་མི་དམིགས་སོ། །གང་མི་དམིགས་པ་དེ་ནི་ཉེ་བར་མི་དམིགས་སོ། །གང་ཉེ་བར་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །རྣམ་པར་ཤེས་པ་ལྔའི་དམིགས་པ་མ་གྲུབ་པ་ནི་ཤེས་བྱ་ལས་ཞེས་པ། དབང་པོ་གཟུགས་ཅན་ལ་བརྟེན་པའི་རྣམ་ཤེས་ཡང་དག་ཏུ་ཡོད་ཅེ་ན། དེ་ཤེས་བྱ་ལས་སྔ་བར་རམ། འཕྱི་བའམ། དུས་མཉམ་པ་ཡང་མ་རྙེད་པས་སོ། །གལ་ཏེ་རྣམ་ཤེས་སྐྱེས་པ་ན། སྐྱེད་བྱེད་འགག་མོད། སྐྱེད་བྱེད་ཡུལ་ཡིན་ཞེ་ན། དེ་ལྟ་ན་སྔ་ཕྱི་ངོ་བོ་གཅིག་ན་དབྱེ་བས་ཅི་ཞིག་དགོས། ཐ་དད་ན་སྐྱེས་པ་རྒྱུ་མེད་དུ་འགྱུར་ཏེ། སྐྱེ་བ་དང་ཡུལ་དུས་མཉམ་པས། དེས་ན་འདས་མ་འོངས་འགགས་ཤིང་མ་སྐྱེས་ལ། དུས་མཉམ་པ་ལ་འབྲེལ་བ་མེད་དོ། །ཆོས་དྲན་ཉེ་བར་བཞག་པ་ལ་གཉིས་ལས། ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པ་དེ་ལྟར་ཆོས་ཞེས་རྩ་བ་གཉིས་ཏེ། སློབ་དཔོན་དབྱི་གཉེན་གྱིས་གནས་སྐབས་བཅུ་ལ་བཤད་པ་ལས་འདིར་ཤེས་བྱའོ། །དེའང་དངོས་རྣམས་རྒྱུ་དང་དུས་མཉམ་པའམ། སྔ་ཕྱི་ལས་ཀྱང་མི་སྐྱེ་བས་ཡང་དག་པར་ན་འཁོར་འདས་ཀྱི་ཆོས་ལ་སྐྱེ་བ་མེད་དེ། དགོངས་པ་ངེས་པར་འགྲེལ་པ་ལས། གང་རང་གི་མཚན་ཉིད་ཀྱིས་མེད་པ་དེ་ནི་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་མ་འགགས་པའོ། །གང་མ་འགགས་དེ་ནི་གཟོད་མ་ནས་ཞི་བའོ། །གང་གཟོད་མ་ནས་ཞི་བ་དེ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པའོ་ཞེས་གསུངས་སོ། །གཉིས་པ་རྩོད་པ་སྤང་བ་ལ་གཉིས་ལས། ཀུན་རྫོབ་མེད་པའི་ཧ་ཅང་ཐལ་བ་སྤང་བ། གལ་ཏེ་དེ་ལྟར་ཞེས་པ་སྐྱེ་བ་མེད་ན་ཀུན་རྫོབ་ཀྱི་བདེན་པ་མི་འགྲུབ་སྟེ། བདེན་གཉིས་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །ཞེས་བཤད་ལ། འདིར་ཡང་བདེན་པ་གཉིས་སུ་འདོད་ཅེས་པ་མི་འཐད་ལ། གཞན་གྱིས་བརྟགས་པ་ལས་ཡིན་ན། གཞན་གྱི་སྒྲིབ་པས་གཞན་ལ་སྒྲིབ་པར་འགྱུར་བས། ཇི་ལྟར་མྱ་ངན་འདས་ཞེས་པའི་ལན་འདི་ནི་ཞེས་ཏེ་དག་པའི་རྒྱུད་ལ་སྒྲིབ་པར་འགྱུར་ཞེས་པ་གཞན་བློ་འཁྲུལ་པ་ཅན་གྱིས་བརྟགས་ཀྱི། དབུ་མ་པ་རང་གི་ཀུན་རྫོབ་ཙམ་དུ་མ་གྲུབ་པས་དེས་མི་གནོད་དེ། བདག་རྒྱུད་ལ་འཁྲུལ་པའི་རྒྱུ་སྤངས་པས་སོ། །དེས་ན་མ་རིག་པ་ལ་སོགས་པ་འཁྲུལ་པའི་རྒྱུ་རྐྱེན་ཚང་ན་གནོད་པར་སྣང་མོད་མིན་ན་མིན་ནོ། །ངེས་བྱེད་ཐུག་པ་མེད་པའི་སྐྱོན་སྤང་པ་ལ་གསུམ་ལས། ཡུལ་དང་ཡུལ་ཅན་གྱི་རྣམ་པར་གཞག་པ་སྤྱིར་བརྗོད་པ། རྟོག་དང་ཞེས་དང་། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་རིགས་པའི་ཤེས་པ་ལ་ལྟོས་ལ། དེ་གཞལ་བྱ་རང་བཞིན་མེད་པ་ལ་ལྟོས་པས། མཐར་གཉིས་ཀ་མི་འགྲུབ་ལ། འདོད་ན། སྟོང་ཉིད་དམ་བདག་མེད་དུ་གང་གིས་རྟོགས་ཤེ་ན། དེའི་ལན། ངེས་བྱེད་དོན་དམ་དུ་མ་གྲུབ་ཀྱང་ཐ་སྙད་དུ་མི་འགལ་བས། ཇི་ལྟར་གྲགས་པ་ཞེས་སོ། །ཡུལ་ཅན་སྐྱེ་མེད་དུ་རྟོགས་པ་གཞན་ལ་ལྟོས་ན་ཐུག་མེད་དུ་ཐལ་བ་གང་ཚེ་ཞེས་རྩ་བ་བཞིའོ། །རང་ལ་ཉེས་པ་མེད་པ་སྤྱད་བྱ་ཞེས་རྩ་བ་བཞི་སྟེ། རང་རྒྱུད་ལྟར་སྣང་ན་རྣམ་རྟོག་གི་རྟེན་མེད་པས་འཁོར་བར་མི་བརྗོད་དེ། དེ་ཉིད་རྣམ་རྟོག་དེ་དང་བྲལ་བས་ན། ཁྱོད་ནི་རྟག་ཏུ་མྱ་ངན་འདས། །ཞེས་དཔལ་ལྡན་ཕྱོགས་ཀྱི་གླང་པོས་གསུངས་སོ། །ཐལ་འགྱུར་ལྟར་ན་ཡེ་ཤེས་ཞེས་ཀྱང་མི་བརྗོད་དོ། །ཡང་དཔྱད་བྱ་རང་བཞིན་མེད་པར་དཔྱོད་བྱེད་ཀྱི་རྟགས་མི་འགྲུབ་པས་ཤེས་བྱེད་ཅེས་བརྗོད་པ་ལ། དེ་རང་བཞིན་མེད་པར་ཤེས་པ་ལ་ཚད་མ་གཞན་ཞིག་དགོས་ན་ཐུག་པ་མེད་ལ། མི་དགོས་ན་གཅིག་ལ་བྱ་བྱེད་ཅི་ལྟར་འཐད་ཅེ་ན། འདིར་ཐ་སྙད་ཙམ་དུ་དེ་ལྟར་དཔྱོད་བྱེད་ལ་གཞན་ཅི་ཞིག་དགོས་ཏེ། ཡུལ་མ་གྲུབ་ན་ཡུལ་ཅན་མི་གྲུབ་སྟེ། བུད་ཤིང་གི་གཉེན་པོ་ལ་གཉེན་པོ་གཉིས་པ་མི་དགོས་པ་ལྟར། སྤང་བྱ་རྒྱུན་ཆད་པ་ན་གཉེན་པོ་ལ་གཉེན་པོ་གཞན་ཅི་ཞིག་དགོས་ཞེས་གསུངས་སོ། །མུ་སྟེགས་བྱེད་ཀྱི་རྩོད་པ་སྤང་བ་ལ་གསུམ་ལས། སྒྲུབ་བྱེད་མེད་པ་ནི་གང་གི་ལྟར་ན་ཞེས་པ། ཡུལ་དང་ཤེས་པ་དོན་དམ་པར་ཡོད་པ་ལ་སྒྲུབ་བྱེད་མེད་ཅེས་པས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་གཉིས་ལས། ཕན་ཚུན་བརྟེན་པ་དཔེ་དང་བཅས་པ་གལ་ཏེ་ཞེས་རྩ་བ་བཅུ་བཞི་སྟེ། ཡུལ་ཤེས་གཉིས་ཕན་ཚུན་གཅིག་ཡོད་པ་གཅིག་ལ་ལྟོས་པས་མཐར་གཉིས་ཀ་མི་འགྲུབ་ཅེས་པའོ། །དེ་འགྲུབ་པའི་དཔེ་ཕ་དང་བུའི་ཐ་སྙད་བཞིན་ཞེ་ན། དཔེ་མི་མཚུངས་པ་འབྲས་བུའི་ཤེས་རྟོགས་དགག་པ་མྱུ་གུ་ལས་ཞེས་རྩ་བ་བཞིའོ། །རེ་ཞིག་འཇིག་རྟེན་ཞེས་པ་ནས། འཆད་པ་པོ་དག་གིས། རྒྱུ་རྣམ་པར་དཔྱོད་པ་རྡོ་རྗེ་གཟེགས་མ། དངོས་པོ་རྣམས་ཀྱི་ངོ་བོ་རྣམ་པར་དཔྱོད་པ་རྟེན་འབྲེལ། འབྲས་བུ་རྣམ་པར་དཔྱོད་པ་ཡོད་མེད་སྐྱེ་འགོག་གསུམ་སྦྱོར་བ་ལས། རྡོ་རྗེ་གཟེགས་མ་ནི། དངོས་པོ་ཙམ་ཡང་དག་པར་རང་བཞིན་མེད་དེ། རང་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་སྐྱེ་བ་དང་བྲལ་བ་སྟེ། ནམ་མཁའ་བཞིན་ཞེས་ཁྱབ་བྱེད་མི་དམིགས་པའི་རྟགས་བཀོད་ནས། དེ་མ་གྲུབ་སྟེ། རྒྱུ་མེད་ལས་སྐྱེའོ་ཞེས་སྨྲ་ན། རེ་ཞིག་ཅེས་པ་ལ་སོགས་པས་དེ་དགག་པ་དང་། སྒྱུ་མས་སྤྲུལ་པ་ཞེས་རྟེན་འབྲེལ་དང་། དངོས་པོ་ཡོད་པར་གྱུར་པར་ཞེས་ཡོད་མེད་སྐྱེ་འགོག་སྦྱར་ནས། དེའི་ལྡོག་ཁྱབ། སྤྱིར་ཡོད་ཙམ་ལ་རྒྱུ་སྔོན་དུ་སོང་བས་ཁྱབ་པ། དེ་ལ་རང་གཞན་ཚོགས་མ་ཚོགས་གཉིས་སུ་ངེས་ཤིང་། མ་ཚོགས་ན་རང་གཞན་གཉིས་སུ་ཁ་ཚོན་ཆོད་པས། དེ་ལས་གཞན་པའི་སྐྱེ་བ་ཁེགས་པས་ཁྱབ་པ་གྲུབ་ཅིང་། ཕྱོགས་ཆོས་སྒྲུབ་པ་གཞུང་དུ་འཆད་པ་ན་ཕྱོགས་ཆོས་སྒྲུབ་པ་དངོས། ཡོངས་གཅོད་མ་གྲུབ་ཀྱང་རྣམ་གཅོད་ལ་ཚད་མར་མི་འགལ་ལ། རྟགས་ཀྱི་ངེས་པ་བརྗོད་པའོ་ཞེས་འཆད་མོད་ཀྱི། དེ་དག་རང་རྒྱུད་དུ་སྦྱར་དུ་བཏུབ་མོད་ཀྱི། འོན་ཀྱང་རྟགས་དེ་དག་འདིར་སྦྱོར་བ་མི་འཐད་དེ། གཞུང་གི་སྐབས་དོན་མ་ཡིན་པ་དང་། སློབ་དཔོན་གྱི་དགོངས་པ་མ་ཡིན། རྟོགས་དཀའ་སླའི་ཁྱད་པར་སྣང་བས་སོ། །དང་པོ་ནི། རྩ་བའི་རྟགས་དེ་སྦྱོར་ན་ཡང་། །དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་རྟོགས་པར་འགྱུར་མ་ཡིན། །ཞེས་པའི་སྐབས་སུ་རིགས་སོ། །ཡང་སློབ་དཔོན་གྱི་དགོངས་པ་མ་ཡིན་ཏེ། སྤྱིར་ཡང་སློབ་དཔོན་འདི་རྒྱུན་ཆད་རབ་ཏུ་མི་གནས་པར་བཞེད་པར་གསལ་ཏེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་དང་། གལ་ཏེ་དོན་དམ་མྱ་ངན་འདས། །ཞེས་དང་། དེ་ཚེ་རྣམ་པ་གཞན་མེད་པར། །ལ་སོགས་པ་མང་དུ་གསུངས་ལ། འདི་ཉིད་དུའང་། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ན། །ཞེས་ཐལ་འགྱུར་དུ་གསལ་གྱི་རང་རྒྱུད་བསྒྲུབ་པའི་ངག་མ་གསུངས་སོ། །ཡང་རྟོགས་པ་ལ་བྱེ་བྲག་མེད་ན་རྩ་བའི་ཕྱོགས་ཆོས་ལ་སོགས་པ་སྒྲུབ་པའི་ཚུལ་ཤིན་ཏུ་དཀའ་བས་འདིར་རེ་ཞིག་གཞག་གོ་ཞེས་གསུང་ངོ་། །དེས་ན་ཕྱི་རོལ་བྱེད་ཀྱི་རྩོད་པ་སྤང་བ། གནོད་བྱེད་ཡོད་པ་ཞེས་བྱ་བ་ཡིན་ཏེ། དེའང་སྐྱེ་བ་ལ་རྒྱུ་ཡོད་མེད་གཉིས་ལས། མི་འདའ་བས་ཚུ་རོལ་མཛེས་པ་རྒྱུ་མེད་ལས་སྐྱེ་ཟེར་བ་དང་། རྒྱུ་ལས་སྐྱེ་བ་ལ་རང་དང་གཞན་ལས་མི་འདའ་བས། ལྷ་ཆེན་པོ་པ་དང་རིགས་པ་ཅན་དག་རྒྱུ་གཞན་ལས་སྐྱེ་བར་འདོད་པས། དོན་དམ་པར་སྐྱེ་བ་ཁས་ལེན་པ་དེ་དག་འགོག་པ་ལ་གསུམ་ལས། རྒྱུ་མེད་ལས་སྐྱེ་བར་འདོད་པ་ལ། བསམ་གཏན་ལ་བརྟེན་པ་དང་། རྟོག་གེ་ལ་བརྟེན་པ་གཉིས་ལས། སྔ་མ་མངོན་ཤེས་ཀྱིས་བལྟས་པས་སེམས་ཅན་འདུ་ཤེས་མེད་པ་ཤི་ནས་འདུ་ཤེས་ཅན་དུ་སྐྱེ་བ་མཐོང་བས། བདག་དང་འཇིག་རྟེན་ལ་རྒྱུ་མེད་ཅེས་སྨྲ་བ་དང་། གཉིས་པ་དངོས་པོ་ཆོས་རྣམས་གློ་བུར་དུ་འབྱུང་བ་མཐོང་བས། བདག་དང་འཇིག་རྟེན་རྒྱུ་མེད་དོ་ཞེས་སྨྲའོ། །དེ་དགག་པ་ལ་བཞི་ལས། སྤྱིར་བསྟན་རེ་ཞིག་ཞེས་པ། ཚུ་རོལ་མཛེས་པ་བས། ཕྱི་ནང་ཆོས་རྣམས་འདི་དག་ཐམས་ཅད་ནི། །ངོ་བོ་ཉིད་ལས་གྲུབ་སྟེ་རྒྱུ་ཡོད་མིན། །སྲན་ཟླུམ་སྐྱེད་ཚེར་སོ་གཟེང་རྣོ་བ་དང་། །བུ་རམ་ཤིང་མངར་ནིམ་པ་ཁ་བ་དང་། །ཉི་ཤར་ཆུ་བོ་ཐུང་ངུ་འབབ་པ་དང་། །རྨ་བྱའི་མགྲིན་པ་མཇུག་མའི་ཚོགས་བཀྲ་བ། །སུས་ཀྱང་བྱས་མིན་ངོ་བོ་ཉིད་ལས་བྱུང་། །ཞེས་འགྲོ་བ་ཐམས་ཅད་རྒྱུ་མེད་དེ་ངོ་བོ་ཉིད་ལས་བྱུང་བའོ་ཟེར་བ་ལ། མྱུ་གུ་དང་དུ་བ་ལ་སོགས་པ་རྒྱུ་ལས་སྐྱེ་བ་མཐོང་བ་ལྟར་རྒྱུ་མེད་པའི་དངོས་པོ་འགའ་ཡང་མེད་དོ། །རྒྱུ་ལས་སྐྱེས་པ་མངོན་སུམ་གཙོར་བྱས་པ་དེ་མཐོང་ཞེས་བྱའོ། །འབྲས་བུའི་རྣམ་དབྱེ་རྒྱུ་ལ་ལྟོས་པ། པདྨོའི་རྒྱུར་འདོད་པའི་ས་བོན་གཅིག་སྡོང་བུ་དང་གེ་སར་ལ་སོགས་པ་མི་འདྲ་བ་དུ་མ་མཐོང་བས་རྒྱུ་མེད་དོ་ཞེ་ན། དེ་ཉིད་རྒྱུའི་དབྱེ་བ་ལ་ལྟོས་ཞེས་པ་པདྨའི་ཞེས་རྩ་བ་གཉིས་སོ། །རྒྱུའི་རྣམ་དབྱེ་རྒྱུ་ལ་ལྟོས་པ་འབྲས་བུ་མི་འདྲ་བ་རྒྱུའི་དབྱེ་བས་བྱུང་ན་དེ་ཐ་དད་པའི་རྒྱུ་གང་ལས་ཞེ་ན། སྔར་གྱི་ཞེས་ཏེ། སྔ་མ་སྔ་མ་ལས་སོ། །ནུས་པའི་རྣམ་དབྱེ་རྒྱུ་ལ་ལྟོས་པ་ཅི་ཕྱིར་ཞེས་པ། རང་རང་གི་རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་རྒྱུ་མཚན་གང་ཞེ་ན། རང་གི་རིགས་མཐུན་པ་དང་། མི་མཐུན་པས་ནུས་པ་ཡོད་མེད་དོ། །དེ་མ་ངེས་ཏེ། དཱུརྦ་ལས་ནས་དང་། ལུག་གི་རྭ་ལས་དཱུརྦ་དང་། ལྕི་བ་ལས་ཨུཏྤ་ལ་དང་། གྲོག་མཁར་ལས་དུ་བ་སྐྱེ་བས་ཤེ་ན། དེ་དག་ལྟར་སྣང་ཡིན་པས། རང་རང་གི་ས་བོན་ལས་བྱུང་བ་དང་། ངོ་བོ་དང་། ནུས་པ་དང་། ཁ་དོག་ལ་སོགས་པ་མི་འདྲ་སྟེ། དཔལ་ཆོས་ཀྱི་གྲགས་པས། ཁ་ཅིག་དངོས་པོས་ཁྱད་པར་དུ་བྱེད་པ་ཡོད་དེ། ནགས་དང་ཅིག་ཤོས་སུ་བསྐྱེད་པའི་རྒྱལ་མོ་ག་གོན་བཞིན་ནོ་ཞེས་པ་ལ་སོགས་པ་དང་། རྣམ་ངེས་ལས། སོ་སོར་རྣམ་པར་ཕྱེ་བའི་རྒྱུ་རྣམས་ནི་འབྲས་བུ་ལ་འཁྲུལ་པ་མེད་དོ་ཞེས་དང་། རྣམ་འགྲེལ་ལས། རྒྱུ་ཉིད་འགོག་པ་མི་དམིགས་པ། །ངེས་བྱེད་མིན་པར་རབ་ཏུ་བཤད། །ཅེས་དང་། གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན། །ཞེས་དང་། རེས་འགའ་བ་ཉིད་ཡིན་པས་ནི། སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་པའི་རིགས་པས་སོ། །གཞན་ལས་སྐྱེ་བ་དགག་པ་ལ་གཉིས་ལས། དབང་ཕྱུག་རྒྱུ་མ་ཡིན་པ་ལ། དྲི་བ་དགོད་པ། དབང་ཕྱུག་ཉིད་མ་གྲུབ་པ། འབྲས་བུ་མི་སྲིད་པ། སྐྱེད་བྱེད་དགག་པ་བཞིའོ། །དང་པོ་དབང་ཕྱུག་ཅེས་པ། ཁ་ཅིག་དབང་ཕྱུག་ཅེས་བྱ་བ། ཕྲ་བ། ཡང་བ། བདག་པོར་གྱུར་པ། དབང་དུ་གྱུར་པ། གར་མ་ཕྱིན་པ། མཆོད་པར་འོས་པ། འདོད་དགུར་བྱེད་པ། དགའ་མགུར་གནས་པ་སྟེ། ཡོན་ཏན་བརྒྱད་དང་ལྡན་པ་ཞིག་འགྲོ་བ་ཐམས་ཅད་ཀྱི་བྱེད་པ་པོར་སྨྲ་སྟེ། ཕྲ་ཞིང་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བ་ས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་བདེ་དག་འགྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། །ཞེས་དང་། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་སྐྱེ་བར་བྱེད་པ་ཡིན། །ཞེས་འདོད་ལ། ཁམས་གསུམ་པོ་འདི་དག་དབང་ཕྱུག་གིས་བྱས་ཏེ། །སྟོད་ཅིང་འཇུག་པས་སྟེའུ་བཞིན། དབྱིབས་ཀྱི་ཁྱད་པར་དུ་གྲུབ་སྟེ། ཁང་བཟང་བཞིན། དོན་བྱེད་ནུས་ཏེ། དགྲ་སཏྭ་བཞིན་ཏེ། བདེ་སྡུག་ཐམས་ཅད་དེ་ལ་རག་ལས་ཞེས་སྨྲའོ། །དབང་ཕྱུག་མ་གྲུབ་པ་ལ་བཞི་ལས། འབྱུང་བ་དགག་པ་འབྱུང་རྣམས་ཏེ། ས་ལ་སོགས་པའོ་ཞེ་ན། མིང་ཙམ་སྟེ། ལུས་དྲན་པ་ཉེར་གཞག་ཏུ་བཀག་ཟིན་ཏོ། །དེ་རྟག་པ་གཅིག་པུ། རང་དབང་ཅན། མཐུ་ཐོགས་པ་མེད་པར་གྲུབ་པ། ཐམས་ཅད་ཤེས། ཀུན་གྱི་བྱེད་པོ། ལྷའི་འགྲོ་བ། གཙང་བ། བསམ་གྱིས་མི་ཁྱབ་པ་ཞིག་ཅེ་ན། ས་སོགས་དེ་ལས་བཟློག་པས་སོ། །གལ་ཏེ་དབང་ཕྱུག་རྒྱུ་ཡིན་ན། །འགྲོ་བ་ཕྲ་སོགས་ལྡན་པར་འགྱུར། །ཟེར་བ་ཅི་སྟེ་མི་བདེན། དེ་བཞིན་དུ་ཕྱི་མ་གསུམ་ཡང་དེ་མ་ཡིན་པར་འགྲུབ་བོ། །འབྲས་བུ་མི་སྲིད་པ་ལ་གཉིས་ལས། བདག་ལ་ནུས་པར་འགལ་བ། དེས་བསྐྱེད་པའི་འབྲས་བུ་གང་ཡིན། དེས་བདག་རྟག་པ། དེས་ས་ལ་སོགས་པ་ཞེ་ན། དེ་རྟག་པ་དེས་ཅི་ལྟར་བསྐྱེད། ཤེས་པ་དང་བདེ་སྡུག་གཞན་ལ་ནུས་པ་མཐོང་བ་ནི། ཡང་དེ་དག་དེའི་འབྲས་བུའོ་ཞེ་ན། ཤེས་པ་ལ་སོགས་པ་ལན་ནོ། །སྐྱེད་བྱེད་དགག་པ་ལ་གསུམ་ལས། འབྲས་བུ་རེས་འགའ་བར་འགལ་བ་དང་། ལྟོས་མེད་ཀྱིས་སྒྲུབ་པ་གཉིས་རྒྱུ་ལ་ཞེས་དང་། རྟག་ཏུ་ཞེས་སོ། །ལྟོས་པ་ཉིད་དགག་པ་ལ་གསུམ་གྱི། ལས་ཐམས་ཅད་འབྲས་བུ་ཡིན་པས་ལྟོས་པར་འགལ་བ་དེས་བྱས་ཞེས་རྩ་བ་གཉིས་སོ། །ལྟོས་ན་དབང་ཕྱུག་ཏུ་འགལ་བ་ལ་གསུམ་ལས། གལ་ཏེ་ཞེས་པ་ནས། རྩ་བ་གཉིས་དང་། བཞི་སྟེ། བཞི་དང་གཉིས་ཀྱིས་ཏེ། གལ་ཏེ་དེ་ལ་སྟོབས་ཡོད་ན། །ཅི་ཕྱིར་ཤུགས་ཅན་དྲག་པོ་ཡིས། །འཇིགས་ནས་ཕུགས་སུ་ཞུགས་ཞེས་གྲག །ཤུགས་ཅན་ནག་པོས་འཇིགས་སྐྲག་ནས། །རྒྱལ་པོའི་གྲོང་ཁྱེར་མུ་ཙུ་ཀུའི། །ཁྲི་ཡི་འོག་ཏུ་ཞུགས་གྱུར་ནས། །ནག་པོར་གྱུར་བ་མིན་ནམ་ཅི། །གྲོང་ཁྱེར་མང་པོར་གནས་པ་ན། །ཁུང་ནས་རྐུན་མོ་བཞིན་འཕྲོས་པ། །གལ་ཏེ་སྲིད་གསུམ་དེས་བསྐྱེད་ན། །ལྷ་མ་ཡིན་ལ་ཅི་ཕྱིར་འཇིགས། ཞེས་ཁྱབ་འཇུག་པ་སྒྲོགས་སོ། །གཉིས་པ་རྡུལ་ཕྲན་རྒྱུ་མ་ཡིན་པ། བྱེ་བྲག་པ་རྡུལ་ཕྲན་ཆ་མེད་ཀྱི་རྟག་པ་རྒྱུར་སྨྲ་བ་གང་དག་ཅེས་དྲན་པ་སྦྱར་བའོ། །གསུམ་པ་རང་ལས་སྐྱེ་བ་དགག་པ་ལ་གཉིས། དགག་པའི་ཡུལ་བསྟན་པ་ལ་ཡུལ་སྤྱིར་བརྗོད་པ། གཙོ་བོའི་རང་བཞིན། འབྲས་བུའི་རང་བཞིན་གསུམ་གཙོ་བོ་ཞེས་པ་ནས་རྩ་བ་གཉིས་དང་། གསུམ་དང་། གཅིག་གིས་བསྟན་པའི་དོན་དྲང་སྲོང་སེར་སྐྱ་སྨྲ་བ། ཤེས་བྱ་ཐམས་ཅད་བེམ་རིག་གཉིས་སུ་འདུས་ལ། ཕྱི་མ་ཤེས་རིག་གི་སྐྱེས་བུ་སྟེ། ཟ་བ་པོ། རྟག་པ། གཅིག་པུ་རང་དབང་ཅན། བྱེད་པ་པོ་ཡིན་ལ། བྱ་བ་པོ་མ་ཡིན་པ་སྟེ་ཆོས་ལྔ་ལྡན་ཏེ། རྣམ་འགྱུར་ལ་ལོངས་སྤྱོད་པས་སམ། གཙོ་བོའི་གྲོང་ཁྱེར་ན་གནས་པས་སྐྱེས་བུའོ། །བེམ་པོ་ལ་གཙོ་བོ་དང་རྣམ་འགྱུར་རོ། །སྔ་མ་རྡུལ། མུན་པ། སྙིང་སྟོབས་གསུམ་ཆ་མཉམ་པ་སྟེ། བེམ་པོ་རྟག་པ་གཅིག་པུ་རྣམ་འགྱུར་འབྱིན་བྱེད། ཀུན་གྱི་སྣང་ཡུལ་མ་ཡིན་པ། འགྲོ་བ་ཐམས་ཅད་ཀྱི་སྐྱེད་བྱེད་དེ། །དེ་ཉིད་གསུམ་སྟེ་དེ་ཉིད་མཆོག །མཐོང་བའི་ལམ་དུ་གྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་པ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་འདོད་དེ། དེ་ལས་སྐྱེས་པའི་གནས་སྐབས་རྣམ་འགྱུར་རམ། ཡོན་ཏན་ཏེ་བེམ་པོའོ། །དེའང་གཙོ་བོ་མེ་ལོང་ངོས་གཉིས་པའམ། ཤེལ་གྱི་ཁང་པ་ལྟ་བུ་སྟེ། དེ་ལ་རྣམ་འགྱུར་དང་། ཤེས་རིག་གི་གཟུགས་བརྙན་ཕྱི་ནང་གཉིས་ནས་འཆར་བར་འདོད་པས། དབང་ཕྱུག་ནག་ལོའི་གཞུང་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང་། །དེ་ལྟར་བཅུ་དྲུག་བྱུང་བ་དེ་ལ་ཡང་། །དེ་ཙམ་ལྔ་ལས་འབྱུང་བ་རྣམ་ལྔ་འབྱུང་། །རང་བཞིན་ཆོས་ལྔ་ལྡན་ཏེ། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་བྱེད་མུ་སྟེགས་ཅན་གྱིས་བརྟགས། །ཞེས་པས། རྣམ་འགྱུར་འབྱུང་བའི་ཚུལ་ཡང་། གསུམ་པོ་མཉམ་ན་གང་ཡང་མི་བསྐྱེད་ལ། གང་རུང་ཤས་ཆེ་བ་ལས། ཡོན་ཏན་གསུམ་སྣང་བ་ཡང་། རངས་དང་མགུ་དང་ཀུན་དགའ་དང་། །བདེ་ཞིང་ཞི་བའི་སེམས་ཉིད་དག །རེས་འགའ་ཡང་ནི་སྣང་གྱུར་པ། །དེ་དག་སྙིང་སྟོབས་ཡོན་ཏན་ནོ། །མི་དགའ་ཡོངས་སུ་གདུང་བ་དང་། །མྱ་ངན་འདོད་དང་མི་བཟོད་དག །གང་དུ་སྣང་བའི་གཏན་ཚིགས་ཀྱིས། །དེ་དག་རྡུལ་གྱི་རྟགས་སུ་འདོད། །རྨོངས་དང་དེ་བཞིན་གཏི་མུག་དང་། །བག་མེད་གཉིད་དང་གཡོལ་བ་དག །ལན་འགའ་ཡང་ནི་སྣང་གྱུར་པ། །དེ་དག་མུན་པའི་ཡོན་ཏན་ནོ། །ཞེས་པས། འཐབ་ཀྲོལ་དང་། རངས་པ་དང་། སྙོམ་ལས་གསུམ་དང་། ཚོར་བ་གསུམ་བསྐྱེད་པ་རང་བཞིན་ནམ་ཡོན་ཏན་ཏེ། དེ་མི་གསལ་བའི་ངོ་བོར་ཡོད་པའོ། །དེ་ལས་ཆེན་པོ་བས་གསལ་བའི་རང་བཞིན་སྐྱེ་སྟེ་དེ་ནི་བློ་ཉིད་དོ། །དེ་ལས་སྙིང་སྟོབས་ལས་གྱུར་པའི་ང་རྒྱལ་ལ་སོགས་པ་གསུམ་འབྱུང་སྟེ། སྙིང་སྟོབས་ལས་གྱུར་པའི་ང་རྒྱལ་གྱིས་མིག་ལ་སོགས་པ་བློ་དབང་ལྔ་དང་། ངག ལག་པ། རྐང་པ། དྲི་མའི་ལམ། མཚན་མ་སྟེ་ལས་ཀྱི་དབང་པོ་ལྔ་དང་། དེ་གཉིས་ལ་དབང་བྱེད་པ་ཡིད་དེ་བཅུ་གཅིག་བསྐྱེད། རྡུལ་ལས་གྱུར་པས་ནམ་མཁའ་ལ་སོགས་པ་འབྱུང་བ་ལྔ། སྒྲ། དྲི། རོ། རེག་བྱ། ཁ་དོག་སྟེ་དེ་ཙམ་ལྔ་བསྐྱེད། མུན་པ་ལས་གྱུར་པ་གཉིས་ཀ་ལ་འཇུག་གོ །དེའང་གཙོ་བོ་རང་བཞིན་ཁོ་ན། ཆེན་པོ། ང་རྒྱལ་དེ་ཙམ་ལྔ་རང་བཞིན་དང་རྣམ་འགྱུར་གཉིས་ཀ དབང་པོ་བཅུ་གཅིག་དང་འབྱུང་བ་ལྔ་རྣམ་འགྱུར་ཁོ་ན། སྐྱེས་བུ་གཉིས་ཀ་མ་ཡིན་ཏེ། དེའི་འདོད་པ་བླངས་པས། གཙོ་བོ་རང་བཞིན་ཉིད་ཡིན་རྣམ་འགྱུར་མིན། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང་། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་འཇུཾག་པ་ལས་སོ། །དེ་ལ་སྐྱེས་བུ་གཙོ་བོ་རྟག རྣམ་འགྱུར་མི་རྟག་པ། རང་བཞིན་དང་འགྱུར་བར་མ་ཕྱེ་བ་སྟེ། རྣམ་འགྱུར་ལ་བྱེད་པར་མ་ཤེས་ན་འཁོར་བ། ཕྱེ་བ་སྟེ་དེ་ལས་བྱེད་པར་ཤེས་ན་དེ་ལ་ལེགས་པར་བརྟགས་པས་རྣམ་འགྱུར་ཞིག་པ་ཐར་པ་ཞེས་འདོད་དེ། འདི་སྔར་གཙོ་བོ་ཞེས་བྱར་གང་འདོད་ཞེས་དང་། གལ་ཏེ་སྒྲ་ཡི་ཤེས་རྟག་ན། །ཞེས་པར་ཡང་དྲན་པར་བྱའོ། །དེ་དགག་པ་ལ་བཞི་ལས། གནོད་པ་སྤྱིར་བརྗོད་པ་ལ་གསུམ་གྱི་དང་པོ། གཙོ་བོའི་རང་བཞིན་དགག་པ་གཅིག་ལ་ཞེས་རྩ་བ་གཉིས་ཏེ། གཙོ་བོ་དེ་གཅིག་ཏུ་ཡོད་ན་རང་བཞིན་གསུམ་དུ་མི་འཐད་ལ། དུ་མར་ཡོད་ན་ཁས་བླངས་དང་འགལ་བས་དེས་ན་ཞེས་སོ། །དེའི་ཡོན་ཏན་དགག་པ་དེ་བཞིན་ཞེས་ཏེ། སྐྱེས་བུ་ལས་གཞན་པ་ཐམས་ཅད་དེ་གསུམ་དུ་འདུ་ན། གསུམ་པོ་རེ་རེ་ལ་ནང་གི་དབྱེ་བ་མེད་ན་རྡུལ་གྱི་རྡུལ་ལ་སོགས་པ་མི་འཐད་ལ། ཡོད་ན་ཐུག་མེད་དུ་འགྱུར་རོ། །འབྲས་བུའི་རང་བཞིན་དགག་པ་ཡོན་ཏན་ཞེས་ཏེ། སྒྲ་ལ་སོགས་པ་མེད་དེ། རྒྱུ་ཡོན་ཏན་གསུམ་མ་གྲུབ་པས། མེ་མེད་པའི་དུ་བ་བཞིན། གཉིས་པ་བདེ་སྡུག་ཕྱི་རོལ་གྱི་དོན་ཡིན་པ་དགག་པ་ལ་གཉིས་ལས། སེམས་མེད་ཅེས་རྩ་བ་གཉིས་ཏེ། བདེ་སོགས་མྱོང་བ་ཡིན་ལ། དེ་དག་ཡུལ་ཡིན་པས་དེའི་ངོ་བོར་མེད་དོ། །འོ་ན་གོས་ལ་སོགས་པ་བདེ་སོགས་ཀྱི་རྒྱུ་མ་ཡིན་པར་འགྱུར་བ་ལས། ཡིན་པས་དེའི་ངོ་བོར་ཡོད་ཅེ་ན། དེའི་ངོ་བོ་མེད་དེ། མ་དམིགས་པས་སོ། །བདེ་སྡུག་ཕྱི་རོལ་གྱི་དོན་ཡིན་པ་དགག་པ་ལ་བཞི་ལས། བརྗོད་ཟིན་པའི་རིགས་པ་དྲན་པ་ལ་སྦྱོར་བ། དངོས་རྣམས་ཞེས་ཏེ། ཤེས་བྱ་ལས་སྔར་ཞེས་དང་། དེ་ལྟར་ཆོས་རྣམས་ཐམས་ཅད་ཀྱི། །ཞེས་པར་དཔྱད་ཟིན་ཏོ། །ཐ་སྙད་དུ་རང་གི་ཚིག་དང་འགལ་བ་ཁྱེད་ཀྱི་ཞེས་ཏེ། བདེ་སོགས་ཀྱི་རང་བཞིན་གཙོ་བོ་དེ་རྒྱུ་ཡིན་ལ། དེས་དེ་ཙམ་ལ་སོགས་པ་སྐྱེད་པར་འགལ་ཏེ། འདི་དེ་ཙམ་རྒྱུ། བདེ་སོགས་འབྲས་བུར་འདོད་པས། སྔ་མ་ཉིད་བརྟན་པར་མི་གནས་པས། དེ་ལས་ཏེ། སྒྲ་ལ་སོགས་པ་རྒྱུར་མི་འདོད་ཀྱི། དེའི་རང་བཞིན་དུ་གྱུར་པའི་གཙོ་བོར་འགྱུར་བ་དེ་ལས་སོ་ཞེ་ན། བདེ་སོགས་རྒྱུ་མིན་པར་འགྱུར་ལ། འདོད་ན། རྩ་བའི་དམ་བཅའ་ཉམས་སོ། །བཟློག་པ་དེ་ཁོ་ན་ཉིད་དུ་མ་གྲུབ་པ་དེ་མེད་ཕྱིར་ཞེས་པའོ། །གསུམ་པ་གཙོ་བོ་རྟག་པར་མི་འཐད་པ་ལ་བཞི་ལས། སྣང་བ་མི་དམིགས་པས་དགག་པ་བདེ་སོགས་ཞེས་རྩ་བ་བཞི་སྟེ། མི་གསལ་བར་ཡོད་ན། བདེ་སོགས་གསལ་བར་སྐྱེས་པ་ན། གཙོ་བོ་མི་གསལ་བའི་རང་བཞིན་དེ་དོར་ན་མི་རྟག་པར་འགྱུར་ལ། མི་འདོར་ན་གསལ་བ་ཉམས་སོ། །ཕྲ་རགས་སུ་འགལ་བ་དེ་ཉིད་ཅེས་ཏེ་རྟག་པ་ལ་ཕྲ་རགས་མི་འཐད་པའོ། །གནས་སྐབས་མི་རྟག་པར་འགྱུར་པས་རགས་པ་ཞེས་རྩ་བ་གཉིས་པོ་དེས་ན་མི་རྟག་པར་འགྲུབ་པ་དེ་བཞིན་ཞེས་པ་རང་བཞིན་ཐམས་ཅད་ཀྱང་ངོ་། །བཞི་པ་ཡོད་པ་སྐྱེ་བ་དགག་པ་ལ་བཞི་ལས། དགག་པའི་ཡུལ་སྤྱིར་བརྗོད་པ་གལ་ཏེ་ཞེས་རྩ་བ་གཉིས་ཏེ། ཡང་དངོས་པོ་སྔར་མེད་སྐྱེ་བ་མ་ཡིན་གྱི། མི་གསལ་བ་གསལ་བར་བྱས་པ་མར་མེས་དངོས་པོ་ལྟ་བུའམ། མེ་ལོང་གི་རྡུལ་ཕྱིས་པ་ལྟ་བུ་སྟེ། འོ་མའི་དུས་ན་ཞོ་གང་དང་། ཞོའི་དུས་ན་མར་གང་དང་ཞེས་དང་། དྲག་པོ་ལེན་གྱིས་བཤད་པ་སྟེ། །འབིགས་བྱེད་གནས་པའང་དེ་སྐད་སྨྲ། །ཞེས་དང་། མེད་མི་བྱེད་ཕྱིར་རྒྱུ་ལེན་ཕྱིར། །ཐམས་ཅད་འབྱུང་བ་མེད་ཕྱིར་དང་། །ནུས་པས་ནུས་ཅན་བྱེད་ཕྱིར་དང་། །རྒྱུ་ཡོད་ཕྱིར་ན་འབྲས་བུ་ཡོད། །ཅེས་པས་སྒྲ་སྒྲོགས་པ་གཙོ་བོས་འབྲས་བུར་སྣང་བ་ཐམས་ཅད་ཀྱང་དེར་གསལ་བར་བྱས་པ་ཙམ་མོ། །དེ་ལྟ་མ་ཡིན་ན་འཇིག་པའང་སྣམ་བུའི་རྒྱུད་འགྱུར་རོ་ཞེས་སོ། །རང་གི་འདོད་པས་མ་ངེས་པ་གསལ་བ་འཇིམ་པ་དང་། བུམ་པ་ལྟ་བུ་མེད་པ་གསལ་བར་བྱས་པ་ཉིད་སྐྱེ་བ་སྟེ། ཚད་མས་གྲུབ་ཅིང་། ཁྱེད་ཀྱང་ཞི་དང་གསལ་བ་ཞེས་སྨྲས་པས་སོ། །འཇུག་པ་འཆོལ་བ་གལ་ཏེ་ཞེས་རྩ་བ་གཉིས་སོ། །རྩོད་པ་སྤང་བ་ལ་གསུམ་ལས། འཇུག་པ་མཚུངས་པ་འཇིག་རྟེན་རྨོངས་པ་ཞེས་ཏེ། རས་བལ་རས་ཉིད་དུ་ཡོད་ཀྱི། མ་མཐོང་བས་ཞེ་ན། དེ་ཉིད་ཤེས་པས་སེར་སྐྱ་དེར་རས་བལ་གྱོན་པར་རིགས་པ་ལས་བསལ་ལོ། །ཡང་ན་རྨོངས་པས་རས་ཡུག་གྱོན་པར་མཐོང་ཞེ་ན། འཇིག་རྟེན་རྨོངས་པ་དང་འགལ་བ་ཞེས་ཏེ། རྩ་བ་གཉིས་ཏེ། རྨོངས་པ་ལ་སེར་སྐྱ་ལྟ་བུ་འབྱུང་རུང་མེད་ན་འབད་པ་དོན་མེད་ལ། ཡོད་ན་དེས་ཤེས་པ་ལྟར་ཀུན་གྱིས་ཤེས་པར་འགྱུར་ཏེ། མེད་པ་སྐྱེ་བར་མི་འདོད་པས། །འབྲས་བུའི་འཇུག་པ་བསླུ་བར་ཐལ་བ་འཇིག་རྟེན་ཞེས་པ་རས་བལ་དུ་མཐོང་བ་ཚད་མ་མ་ཡིན་ཞེ་ན། རས་ཡུག་ཏུ་མཐོང་བ་དེ་ཉིད་ཀྱང་བརྫུན་པར་འགྱུར་ཏེ། འཇལ་བྱེད་ལ་ཚད་མ་མེད་པས་སོ། །གསུམ་པ་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པ་ལ་རྩོད་པ་སྤང་བ་ལ་གསུམ་ལས། རྒོལ་བ་དགོད་པ་གལ་ཏེ་ཚད་མ་ཞེས་པ། དངོས་པོར་སྨྲ་བ་ཐམས་ཅད་མགྲིན་གཅིག་ཏུ། དབུ་མ་པ་ཡུལ་དང་ཡུལ་ཅན་ཐམས་ཅད་བརྫུན་ཞིང་འཁྲུལ་པར་འདོད་པ་ལྟར་ན། འཇལ་བྱེད་ཚད་མས་མི་འགྲུབ་སྟེ་རྫུན་པའི་ཡུལ་ཅན་ཡིན་པས། འདོད་ན་སྟོང་ཉིད་བསྒོམ་པ་དོན་མེད་ཅེ་ན། ཡོངས་གཅོད་ལ་ཚད་མ་མིན་པ་བརྟགས་པའི་ཞེས་པ། བློ་འཁྲུལ་པས་ཚད་མ་མ་ཡིན་ཞིང་དགག་བྱ་མ་གྲུབ་ན་བཀག་པ་མི་འགྲུབ་པས་ཐལ་བ་འདོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་དང་། རྒྱན་ལས། དགག་བྱ་ཡོད་པ་མ་ཡིན་དང་། །ཡང་དག་ཏུ་ནི་བཀག་མེད་གསལ། །ཞེས་དང་། དབུ་མ་རྩ་བ་ལས། བདག་གོ་ཞེས་ཀྱང་བརྟགས་གྱུར་ཅིང་། །བདག་མེད་ཀྱང་ནི་བརྟགས་པར་གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགག་མེད་ཅེས་ཀྱང་བསྟན། །ཞེས་དང་། བདེན་གཉིས་ལས། དགག་བྱ་བརྟགས་པ་ཉིད་ཡིན་ན། །བཀག་པ་བརྟགས་མིན་ཅི་ལྟ་བུ། །ཞེས་སོ། དེ་ལྟར་དཔྱོད་པ་དོན་མེད་ཅེ་ན། ཁྱབ་པ་མ་གྲུབ་སྟེ། རྣམ་བཅད་ལ་ཚད་མར་འགྱུར་བ་དཔེར་ན་ཞེས་ཏེ། བརྫུན་པ་ལ་བརྫུན་པར་རྟོགས་པ་ཁོ་ན་སྤང་བྱའི་གཉེན་པོ་ཡིན་ཏེ། འཇུག་པ་ལས། མོ་གཤམ་བུ་ལ་རང་གི་མཚན་ཉིད་ཀྱིས། །སྐྱེ་བ་དེ་ཉིད་དུ་མེད་ཐ་སྙད་དུ་མེད་ལྟར། །དེ་བཞིན་དངོས་ཀུན་རང་གི་མཚན་ཉིད་ཀྱིས། །དེ་ཉིད་མ་སྐྱེས་ཐ་སྙད་དུ་མ་སྐྱེས། །ཞེས་གསུང་སོ། །སྤྱི་དོན་གསུམ་པ་ཆོས་ཐམས་ཅད་སྐྱེ་འགག་དང་བྲལ་བར་བསྟན་པའི་སྒོ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་ཏེ་བསྟན་པ་ལ་བཞི་ལས། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དོན་དངོས་ལ་བསྒྲུབ་བྱའི་གཏན་ཚིགས་དང་། དུས་གསུམ་མཉམ་པར་བསྒྲུབ་པ་གཉིས། དེ་བས་ཞེས་རྩ་བ་བཞི་དང་། གཉིས་ཏེ། དབུ་མ་རྩ་བ་ལས། སྐྱེ་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །སྐྱེ་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་པའི་རིགས་པས་སོ། །རྟེན་འབྲེལ་དུ་བསྒྲུབ་པ་ལ། དཔེ་བསྟན་པ། དོན་ལ་སྦྱར་བ། དཔེ་དོན་བསྲེ་བ། དོན་བསྡུ་བ་བཞི། རྨོངས་པས་ཞེས་པ་ནས་རྩ་བ་གཉིས་དང་། བཞི་དང་། གསུམ་དང་། གཅིག་གོ །རྟེན་འབྲེལ་ཙམ་ཉིད་ངོ་བོར་འདོད་པ་དགག་པ་ལ་གཉིས་ལས། ཡོད་པ་སྐྱེ་བ་དགག་པ་དངོས་པོ་ཞེས་རྩ་བ་གཉིས་ཏེ། འདི་ལ་སྒྱུ་མས་སྤྲུལ་པ་ཞེས་བྱ་བར་རྟེན་འབྲེལ་གྱི་རྟགས་བཀོད་ནས། དེའི་ཁྱབ་པ་ཡོད་མེད་སྐྱེ་འགོག་གིས་བསྒྲུབ་པ། དངོས་པོ་ཡོད་ཅེས་པ་ལ་སོགས་པ་བརྗོད་ནས། དེའི་ཁྱབ་པ་རྡོ་རྗེ་གཟེགས་མས་བསྒྲུབ་བོ་ཞེས་སྣང་བར་བཤད་པས་འདིར་ཡང་དེ་རིགས་སོ་ཞེས་གསུང་བ་བཀག་ཟིན་ཏོ། །དེས་ན་རྒྱུ་ལ་བརྟེན་ནས་སྐྱེ་ཡང་བདེན་པར་ཡོད་པ་ཅི་འགལ་ཞེ་ན། དེ་ལྟ་ན་རྒྱུ་ལས་འབྲས་བུ་ཡོད་པ་ཞིག་སྐྱེ་ན་རྒྱུ་མི་དགོས་ལ། མེད་པ་ཞིག་སྐྱེའོ་ཞེ་ན། དེ་དགག་པ་ལ་གསུམ་ལས། རིགས་པས་མདོར་བསྟན་པ་འོན་ཏེ་ཞེས་རྩ་བ་གཉིས་ཏེ། མེད་པ་རྒྱུའི་ཡུལ་མ་ཡིན་པས་སོ། །སྔར་མེད་པའི་དོན་འཐོབ་པར་བྱེད་པ་རྒྱུའི་དགོས་པའོ་ཞེ་ན། མེད་པ་རྒྱུའི་ཡུལ་དུ་མི་འཐད་པ་ཞེས་ཏེ། དེ་རྒྱུ་ཡི་བསྐྱེད་བྱ་མིན་ཏེ། དེ་ལ་ངོ་བོ་མེད་པས་རྒྱུ་ཡིས་བྱས་ན་དངོས་པོར་འགྱུར་རོ། །ནུས་པའི་ཡུལ་ཉིད་དུ་དགག་པ་ལ་གཉིས་ལས། དངོས་མེད་དངོས་པོར་མི་འགྱུར་བ་ནི་གནས་སྐབས་དེ་ཞེས་པ། སྔར་མེད་པ་ཕྱིས་དངོས་པོའི་ངོ་བོ་འཐོབ་པར་བྱེད་པས་ཡོད་ཅེ་ན། དེ་ཐོབ་པ་ན་སྔར་གྱི་དོར་ན་དངོས་མེད་ཀྱི་གནས་སྐབས་ཏེ་དངོས་པོར་གྱུར་པ་གང་ཞིག་ཡིན་ཏེ། དེ་ལ་ངོ་བོ་མེད་པས་མ་དོར་ན་དངོས་པོར་མི་རུང་སྟེ། དེ་གཉིས་འགལ་བས་སོ། །དངོས་མེད་གཞན་དུ་མི་འགྱུར་བ་དངོས་པོ་སྐྱེས་པ་ཞེས་ཏེ་དངོས་པོར་མི་འགྱུར་མོད། དངོས་མེད་རང་བཞིན་དུ་འགྱུར་རོ་ཞེ་ན་མ་ཡིན་ཏེ། དངོས་མེད་ལ་སྒྱུར་བར་བྱ་བྱེད་མེད་དེ། རང་བཞིན་གཞན་དུ་འགྱུར་བ་ནི། ནམ་ཡང་འཐད་པ་མ་ཡིན་ནོ། །ཞེས་སོ། །སྲིད་ཞི་མཉམ་པའི་ལམ་དུ་དོན་བསྡུ་བ་དེ་ལྟར་འགག་པ་ཞེས་ཚིགས་སུ་བཅད་པ་གཉིས་ཏེ། རིགས་པས་བརྟགས་ན་འཁོར་བ་མ་གྲུབ་པ་ཉིད་མྱ་ངན་ལས་འདས་པ་སྟེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། །མཇུག་ཕན་ཡོན་རྗེས་སུ་གདམས་པ་ལ་གཉིས་ལས། སྟོང་ཉིད་རྟོགས་ན་རང་དོན་གྲུབ་པའི་ཕན་ཡོན་ལ་གསུམ་ལས། འཇིག་རྟེན་གྱི་ཆོས་བརྒྱད་མ་གྲུབ་པ་དེ་ལྟར་སྟོང་པའི་ཞེས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྟོང་པ་ཉིད་དུ་སྨྲ་བ་ནི་མི་གནས་པའི་ཕྱིར། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོག་སྟེ། རྙེད་པས་དགའ་བ་ཡང་མེད། མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་ཡིད་སོས་པ་ཡང་མེད། མ་གྲགས་པས་སྲོ་ཞི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད། བསྟོད་པས་དགའ་བར་སེམས་པ་ཡང་མེད། བདེ་བས་ཆགས་པར་འགྱུར་བའང་མེད། སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བའང་མེད་ཅེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་སོ། །དེ་ལ་བརྟེན་པའི་སྲེད་པ་ལྡོག་པ་དང་། དེས་ན་དོན་ལ་གདམས་པ་གཉིས། དེ་ཉིད་དུ་ཞེས་པ་ནས་རྩ་བ་བཞི་དང་། གཉིས་སོ། །གཉིས་པ་ཟུང་འཇུག་ཏུ་བྱ་བའི་ཕྱིར། གཞན་ལ་སྙིང་རྗེ་བསྐྱེད་པར་གདམས་པ་ལ་གསུམ་ལས། མཐོང་བའི་སྡུག་བསྔལ་བདག་ཉིད་བདེ་བ་ཞེས་རྩ་བ་དྲུག་གོ །མ་མཐོང་བའི་སྡུག་བསྔལ་བཞི་ལས། འཁོར་བའི་སྡུག་བསྔལ་མདོར་བསྟན་པ་བདེ་འགྲོ་ཞེས་ཏེ། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །ཞེས་པ་ལ་སོགས་པ་ལྟ་བུའོ། །གཉིས་པ་སྡུག་བསྔལ་བརྒྱུད་མར་འཇུག་པ་ལ་ལྔ་ལས། སྡུག་བསྔལ་གྱི་རྩ་བ་མ་ཞི་བས་སྡུག་བསྔལ་གྱི་རྣམ་གྲངས་བསྟན་པ་སྲིད་པ་ན་ཞེས་པ་ནས་རྩ་བ་བཅུ་བཞི་སྟེ། དེ་ཁོ་ན་ཉིད་མ་རྟོགས་པས་སོ། །བཟློག་པའི་ཐབས་མེད་པ། བར་ཆད་མེད་པ། རྟེན་རྙེད་པར་དཀའ་བ། རྒྱུ་སྤང་དཀའ་བ་རྣམས། དེ་ཡང་ཞེས་པ་ནས་རྩ་བ་གཉིས་དང་། བཞི་དང་། གཉིས་དང་། གཉིས་སོ། །དེ་ལྟར་ཞེས་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པ་དང་། མྱོང་བར་འགྱུར་པའི་སྡུག་བསྔལ་གྱི་རྣམ་པ་དེ་ལྟར་དགའ་དང་ཞེས་རྩ་བ་བཞིའོ། །དེ་རྗེས་སུ་གཟུང་བར་སྨོན་པ་ལ། སྡུག་བསྔལ་ཞི་བ་དང་། མངོན་ཞེན་ཞི་བར་སྨོན་པ་གཉིས། དེ་ལྟར་ཞེས་པ་ནས་རྩ་བ་བཞི་བཞིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།། ༈ །།རྩོམ་པ་མཐར་ཕྱིན་པ་མཇུག་གི་དོན་ལ་གསུམ་ལས། གང་བསྔོ་བའི་རྒྱུ། བདག་གིས་བྱང་ཆུབ་སྤྱོད་པ་ལ། །འཇུག་པ་རྣམ་པར་བརྩམས་པ་ཡི། །དགེ་བ་ཞེས་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག བསླབ་པ་གསུམ་མམ། ཚོགས་གཉིས་སམ། དངོས་པོ་གསུམ་དུ་བསྡུ་སྟེ། རྒྱུད་བླ་མ་ལས། སྦྱིན་བྱུང་བསོད་ནམས་སྦྱིན་པ་སྟེ། །ཚུལ་ཁྲིམས་ལས་བྱུང་ཚུལ་ཁྲིམས་ཡིན། །བཟོད་དང་བསམ་གཏན་གཉིས་དག་ནི། །བསྒོམས་བྱུང་བརྩོན་འགྲུས་ཀུན་ཏུ་འགྲོ །ཞེས་གསུངས་སོ། །དེའང་ཚོགས་གཉིས་སུ་འདུས་ཏེ། རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱིས། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀ་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་ནི་འཐོབ་པར་ཤོག །ཅེས་གསུངས་སོ། །དེས་ན་བསྔོ་བ་རྣམ་པར་དག་པ་དོན་ཁྱད་པར་དུ་དགོངས་ཏེ། ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པར། དེ་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་སྦྱིན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་མི་འཐོབ་བོ་ཞེས་དང་། ཡང་བློ་གྲོས་རྒྱ་མཚོས་ཞུས་པ་ལས་ཀྱང་། ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་རྫ་མཁན་གྱིས་སྣོད་མ་བྱས་པ་དག་སྣོད་ཀྱི་མིང་མི་འཐོབ་བོ། །ཤཱ་ར་དྭ་ཏིའི་བུ། དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་མ་བསྔོས་པའང་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ་ཞེས་པ་དང་། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་རྫ་མཁན་གྱིས་འཇིམ་པའི་གོང་བུ་འཁོར་ལོའི་སྟེང་དུ་བཞག་ཀྱང་མ་བསྐོར་ན་སྣོད་ཀྱི་མིང་མི་འཐོབ་སྟེ། གང་གི་ཚེ་བསྐོར་བར་གྱུར་པ་དེའི་ཚེ་སྣོད་ཀྱི་མིང་འཐོབ་བོ། །བློ་གྲོས་རྒྱ་མཚོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཤིན་ཏུ་མང་དུ་བསགས་པའང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་ན་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་སྟེ། བློ་གྲོས་རྒྱ་མཚོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་རྒྱུན་དུ་འདྲེས་པ་མེད་པའི་ཡིད་ཀྱིས་དགེ་བའི་རྩ་བ་བསགས་ཤིང་བསགས་པ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བར་བྱའོ་ཞེས་དང་། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འཁོར་གསུམ་དུ་མི་རྟོག་པའི་བསྔོ་བའི་ཚུལ་རྒྱས་པར་གསུངས་སོ། །གཉིས་པ་ཅི་ལྟར་བསྔོ་བའི་ཚུལ་ལ་གསུམ་གྱི། གཞན་དོན་དུ་བསྔོ་བ་ལ་གཉིས་ལས། འཇིག་རྟེན་པའི་དོན་དུ་བསྔོ་བ་ལ་གསུམ་གྱི། སྤྱི་འགྲོ་ཀུན་ཞེས་པའོ། །ངན་འགྲོའི་དོན་དུ་བསྔོ་བ་ལ་གསུམ་གྱི། དམྱལ་བའི་དོན་དུ་བསྔོ་བ་ལ་གཉིས་ལས། སྡུག་བསྔལ་རང་ཞི་བར་སྨོན་པ་ལ་གསུམ་གྱི་དང་པོ། སྤྱིར་ཞི་བ་འཇིག་རྟེན་ཞེས་རྩ་བ་བཞིའོ། །གཞིའི་ལ། གྲང་བའི་དང་། ཚ་བའི་དམྱལ་བའི་ཞི་བ། གྲང་བས་ཞེས་རྩ་བ་གཅིག་དང་། གསུམ་སྟེ། དེ་དག་ཀྱང་སློབ་དཔོན་འཕགས་པས། ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པ། །དམྱལ་བ་རྣམས་ནི་རྟག་ཏུ་སྡུག་བསྔལ་འགྱུར། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཉེ་འཁོར་གྱི་ལ། ཤིང་། བྱ། གཞི། ཆུའི་གནོད་པ་སྟེ་བཞི་པོ། རལ་གྲི་ཞེས་པ་ནས། རྩ་བ་བཞི་དང་། བཞི་དང་། བརྒྱད་དང་། བཞིའོ། །གཞན་གྱི་མཐུས་ཞི་བ་ལ་བཞིའི། ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས་ཞི་བ་ཅི་ཕྱིར་ཞེས་པས་གནོད་བྱེད་སྐྲག་པ། ཀུན་ནས་ཞེས་པས་བདེ་བ་སྐྱེས་པ། ནམ་མཁའི་ཞེས་པས་བདག་གི་མགོན་མཐོང་བའོ། །སྤྱན་རས་གཟིགས་ཀྱི་ཐུགས་རྗེས་ཞི་བ་ལ་མེའི་གནོད་པ་ཞི་བ། སྐྱབས་རྙེད་པ། བདེ་བ་ཐོབ་པ་རྣམས། མེ་ཏོག་ཅེས་པ་ནས་རྩ་བ་གཉིས་དང་རེ་རེའོ། །འཇམ་དཔལ་གྱི་ཆོ་འཕྲུལ་གྱིས་ཞི་བ་གྲོགས་དག་ཅེས་པས་དབུགས་དབྱུང་བ། གཞོན་ནུ་ཞེས་པས་སྐྱབས་རྙེད་པའོ། །དེ་ལྟར་ཞེས་རྩ་བ་བཞིས་ཉེ་བའི་སྲས་གཞན་གྱི་མཐུས་ཞི་བའོ། །དུད་འགྲོའི་དོན་དུ་བསྔོ་བ་དུད་འགྲོ་ཞེས་ཏེ། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞེས་གསུངས་པས། དེ་དག་བྲལ་བར་སྨོན་པའོ། །ཡི་དྭགས་ཀྱི་དོན་དུ་བསྔོ་བ། སྒྲ་མི་སྙན་པ་ཞེས་རྩ་བ་དྲུག་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡི། །སྡུག་བསྔལ་ཤིན་ཏུ་དྲག་པོ་མི་བཟད་པ། །ཞེས་གསུངས་པ་ལྟ་བུ་སྟེ། ཟ་མ་ཏོག་བཀོད་ལས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་པོའི་ཕྱག་གི་སོར་མོ་བཅུ་ལས་ཆུ་བོ་ཆེན་པོ་བཅུ་བྱུང་སྟེ་ཞེས་སོ། །བདེ་འགྲོའི་དོན་དུ་བསྔོ་བ་ལ་གསུམ་ལས། སྤྱིར་མིའི་དོན་དུ་བསྔོ་བ་ལ། མི་འདོད་པ་དང་བྲལ་བ་དང་། འདོད་པའི་དོན་གྲུབ་པར་བསྔོ་བ་གཉིས། ལོང་བ་རྣམས་ཀྱིས་ཞེས་པ་ནས། ཚིགས་སུ་བཅད་པ་དགུ་ཡིས་སྔ་མའི་དོན་བརྒྱད་བསྟན། གཉིས་པ་ལ་དོན་གསུམ་དུ་བྱས་པའི། ཕུན་སུམ་ཚོགས་པ་ཐོབ་པའི་དོན་དུ་བསྔོ་བ་ལ་དོན་ལྔ། མི་དལ་ཀུན་ལས་ཐར་ཞེས་པ་ནས་ཚིགས་བཅད་བཞིའོ། །གཉིས་པ་ཡང་དག་པའི་ལམ་ལ་འཇུག་པ་ལ། དགེ་བ་ཕུན་སུམ་ཚོགས་པ་དང་། སྒྲུབ་པ་ཕུན་སུམ་ཚོགས་པ་གཉིས། བདག་གིས་ཞེས་རྩ་བ་བཞི་དང་། བཞི་ཡིས་སོ། །མཐུན་པའི་རྐྱེན་ཚོགས་པར་བསྔོ་བའི་དོན་ལྔ། སེམས་ཅན་ཞེས་པ་ནས་ཚིགས་བཅད་བཞིས་རིང་དུ་བདེ་བར་འཚོ་བ། སྣོད་རྣམ་པར་དག་པ། བཅུད་རྣམ་པར་དག་པར་བསྟན་ལ། བཞི་པ་སྒྲུབ་པའི་རྐྱེན་ཕུན་སུམ་ཚོགས་པ་ལ་ལྔ། ལུས་ཅན་ཞེས་པ་ནས་ཚིགས་སུ་བཅད་པ་ལྔས་བསྟན་ཏེ། དཔལ་ལྡན་ཕྱོགས་ཀྱི་གླང་པོས། སྐུ་ཡི་ཆ་ལུགས་རྣམ་མང་དང་། །གསུང་གི་སོ་སོའི་སྐད་བཞིན་དུ། འདུལ་བའི་ཐབས་ནི་ཐ་དད་པ། །དེ་དང་དེ་ནི་ཁྱོད་ཀྱིས་མཛད། །ཅེས་པ་ལྟ་བུའོ། །མཁའ་འགྲོ་ཞེས་པས་གནོད་པ་ཞི་བའོ། །བྱེ་བྲག་ཏུ་བསྟན་པ་ལ་ཞུགས་པའི་དོན་དུ་བསྔོ་བ་ལ་དགེ་འདུན་གྱི་དོན་དུ། དགེ་སློང་། དགེ་སློང་མ། རབ་ཏུ་བྱུང་བ། སྡེ་སྣོད་འཛིན་པའི་དོན་དུ་བསྔོ་བ་སྟེ་ལྔ། གཙུག་ལག་ཁང་ཞེས་པ་ནས་རྩ་བ་བཞི་དང་། བཞི་དང་། གཉིས་དང་། བཞི་དང་། ཡང་བཞི་ཡིས་སོ། །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །ཞེས་པ་ནས་རྩ་བ་བརྒྱད་ཀྱིས་སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་བསྔོ་བའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བ་ལ། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་དང་། ཉན་ཐོས་དང་། རང་རྒྱལ་བའི་དོན་དུ་བསྔོ་བ་གསུམ། བྱང་ཆུབ་སེམས་ཞེས་པ་ནས་རྩ་བ་གཉིས་དང་། གཉིས་དང་གཉིས་སོ། །སྤྱི་དོན་གཉིས་པ་རང་དོན་དུ་བསྔོ་བ་ལ། གནས་སྐབས་ཀྱི་འབྲས་བུ་ཐོབ་པ། འཇམ་པའི་དབྱངས་དང་ཕྲད་པ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ། གཞན་གྱི་དོན་འགྲུབ་པར་སྨོན་པ་བཞི། བདག་ཀྱང་འཇམ་དབྱངས་ཞེས་པ་ནས་རྩ་བ་བརྒྱད་དང་། བཞི་དང་། བརྒྱད་དང་། བཞིའོ། །གསུམ་པ་བདེ་བའི་འབྱུང་གནས་བསྟན་པའི་དོན་དུ་བསྔོ་བ། འགྲོ་བའི་ཞེས་པ་སྡུག་བསྔལ་མཐའ་དག་སྤོང་ཞིང་བདེ་བ་མཐའ་དག་སྒྲུབ་པ་རྒྱལ་བའི་བསྟན་པ་ཡིན་ལ། དེ་ལས་བརྗོད་བྱ་བསླབ་པ་གསུམ་དང་། རྗོད་བྱེད་སྡེ་སྣོད་གསུམ་བཤད་དེ། དེ་དག་གི་དབྱེ་བའང་མདོ་སྡེ་རྒྱན་ལས། དད་དང་དགའ་དང་བློ་རྣམས་ཀྱིས། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་གཉིས་ལྡན་པས་གཟུང་སླ་དང་། །ཡོན་ཏན་བཞི་ལྡན་ཚངས་སྤྱོད་ཡིན། །ཞེས་དང་། དཔལ་ལྡན་ཕྱོགས་ཀྱི་གླང་པོས། བགྲོད་པ་གཅིག་དང་ཐབས་བདེ་དང་། །ལེགས་པར་འབྲེལ་དང་ཉེས་པ་མེད། །ཐོག་མ་བར་དང་མཐར་དགེ་བ། །ཁྱོད་ཀྱི་བསྟན་འདྲ་གཞན་ལ་མེད། །ཅེས་གསུངས་པས། །དེ་ལ་གདུལ་བྱས་གཅེས་པར་འཛིན་ཅིང་བཀུར་ལ་སྤྱོད་པ་རྒྱུན་དུ་གནས་པར་གྱུར་ཅིག་ཅེས་པའོ། །གསུམ་པ་བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བ་ནི། གང་གི་དྲིན་གྱིས་དགེ་བློ་འབྱུང་། །ཞེས་པ། གཟའ་སྐར་དང་དུས་སྦྱོར་ལ་སོགས་བཟང་པོ་ལ་བབ། ཡོ་བྱད་རྒྱ་ཆེན་པོ་དང་སེང་གེའི་ཁྲི་བཤམས་ཏེ། སང་རྒྱལ་སར་འདོན་པའི་དོ་ནུབ་རྨི་ལམ་དུ་ཁྲིའི་སྟེང་ན་མགོན་པོ་འཇམ་པའི་དབྱངས་བཞུགས་ནས། ཁྲི་འདི་ངའི་ཡིན་པས་ཁྱོད་འདི་ལ་མ་འདུག་གསུངས་པས། བསྟན་པ་རིན་པོ་ཆེ་ལ་འཇུག་པའི་བློ་བྱུང་བས། ཉིདཾ་ཀྱིཾ་ཐུགཾས་དམཾ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་དང་། གང་གི་དྲིན་གྱིས་བདག་དར་བ། །དགེ་བའི་བཤེས་ལ་སྐྱབས་སུ་མཆི། །ཞེས་པ་གཞོན་ནུའི་ཚེ་མགོན་པོ་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་གནང་བ་རྣལ་འབྱོར་པ་ཐོད་པ་ཅན་དང་། ངེས་པར་འབྱུང་བའི་ཚུལ་ཁྲིམས་ལ་རྒྱུད་སྦྱར་མཁན་པོ་རྒྱལ་བའི་ལྷ་ཡིན་པས། བཀའ་དྲིན་ཅན་གྱི་བླ་མ་ལ་ཕྱག་འཚལ་བའོ། །ཡོངས་སུ་བསྔོ་བའི་ལེའུ་སྟེ་བཅུ་པའོ།། ༈ །།བླ་མའི་གསུང་རབ་རིན་ཆེན་ལུང་གི་མཛོད། །འཛིན་དང་འབྱེད་པར་སྤྲོ་བའི་བློ་གྲོས་ཅན། །རྒྱལ་སྲས་ཁྱེད་ཀྱིས་བཀའ་སྩལ་དོན་བསྒྲུབ་ཕྱིར། །གཞུང་འདི་བཙུན་པ་རིན་ཆེན་དཔལ་གྱིས་ཕྱེ། །གང་ལས་གང་གིས་ཇི་སྙེད་གསུངས་པ་རྣམས། །སྒྲུབ་དང་སྤོང་བའི་གནས་རྣམས་ཇི་བཞིན་དུ། །ངེས་བྱེད་གཞུང་འདིར་བདག་བློ་འཁྲུལ་ན་ཡང་། །དྲི་མེད་ཆོས་སྤྱན་ལྡན་རྣམས་བཟོད་པར་མཛོད། །ཀུན་མཁྱེན་དཀྱིལ་འཁོར་བརྩེ་བ་རབ་རྒྱས་དཔག་ཡས་ཕྲིན་ལས་འཁྲིགས་པའི་འོད། །ཕས་རྒོལ་རྟོག་གེའི་སྒྲ་གཅན་ལས་གྲོལ་བླ་མ་ཉིན་མོར་བྱེད་པའི་གསུང་། །གསལ་བར་སྦྱར་ལས་བསོད་ནམས་དྲི་མེད་ཟླ་ཟེར་ཟིལ་གནོན་ལེགས་བསྒྲུབ་དེས། །བདུད་སྡེ་དཔུང་བཅས་རེ་བ་བཅད་ནས་འགྲོ་ཀུན་རྫོགས་དེར་སངས་རྒྱས་འགྱུར། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་གསལ་བྱེད་བཙུན་པ་རིན་ཆེན་དཔལ་གྱིས་སྦྱར་བའོ།། །།འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱི། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག། །།དགེའོ།། །།དགེའོ།། །།དགེའོ།། །།


no previous༄༅། །བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ཟིན་བྲིས་འཇམ་དཔལ་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། no next