ཉམས་རྟོགས་ནོར་བུའི་འབྱུང་གནས་ལྔ་ལྡན་ཁྲིད་ཡིག
ཉམས་རྟོགས་ནོར་བུའི་འབྱུང་གནས་ལྔ་ལྡན་ཁྲིད་ཡིག་རྒྱ་མཚོ་ལྟ་བུ་བཞུགས་སོ། །
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་གྲགས་པ་ནི། འགྲོ་བའི་མགོན་པོ་ཕག་མོ་གྲུ་པས། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་རྣམས་ཉམས་སུ་ལེན་ལུགས་ལྔ་རུ་བསྡུས་ནས་ཕུན་སུམ་ཚོགས་པའི་དགེ་འདུན་སྟོང་ཕྲག་ལྔ་ལ་ཚོགས་སུ་གསུངས་པས་གཞན་རྣམས་ཀྱིས་ཟབ་མོའི་དོན་གྱི་ངེས་པ་མ་རྙེད་པ་ལ། འཇིག་རྟེན་མགོན་པོ་འབྲི་གུང་པས་
བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུབ་ནས་ཉམས་སུ་བཞེས་པས་རེ་རེས་ཀྱང་གནས་སྐབས་དང་མཐར་ཐུག་གི་ནད་དང་བར་ཆད་ཞི་བ་དང་མཆོག་དང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཐོགས་པ་མེད་པ་ཐོབ་པར་མཁྱེན་ནས་ཟབ་པ་དང་རྒྱ་ཆེ་བའི་བཀའ་སྩལ་ཇི་སྙེད་པ་ཐམས་ཅད་ཀྱང་འདིའི་དོན་དུ་སྟོན་ཅིང་། བཅུ་ཆོས་གསུམ་ཆོས་ཞེས་པ་ཡང་འདིའི་གནད་སྟོན་པ་ཡིན་ཏེ་ཆོས་རྗེ་བླ་མའི་གསུང་གི་མཛོད་ཆེན་པོ་ལྔ་ལྡན་ཡིན་ནོ། །དེ་ལ་བླ་མ་རིན་པོ་ཆེའི་ཞལ་ནས། དང་པོ་བྱང་ཆུབ་ཀྱི་
སེམས་བསྒོམ། ཡི་དམ་གྱི་ལྷ་བསྒོམ། བླ་མ་དམ་པ་བསྒོམ། ཕྱག་རྒྱ་ཆེན་པོ་བསྒོམ། རྗེས་བསྔོ་བས་རྒྱས་གདབ། ཅེས་པ་ལྔ་གསུངས་པ་ལས། དང་པོ་ཐ་མ་གཉིས་ཐེག་པ་ཐུན་མོང་བ་ཡིན་ལ་བར་པ་གསུམ་ནི་གསང་སྔགས་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་ནོ། །དེ་ལ་དང་པོ་ནི། རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱིས་ལྔ་ལྡན་ཚོགས་སུ་སྒོམ་པའི་ཆོ་ག་ལས། ལུས་རྣམ་སྣང་ཆོས་བདུན་བཅའ། །འཇམ་རླུང་བཟུང་དུ་བཅུག་ནས། །ཞེས་གསུངས་པ་ལྟར་བྱས་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་བསྒོམ་པ་ལ། སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་ལན་གྲངས་བསམ་གྱིས་མི་ཁྱབ་པར་བདག་གི་མ་བྱས་ཤིང་ཕན་བཏགས་པས་དྲིན་རེ་ཆེ། དྲིན་ཆེན་གྱི་མ་འདི་རྣམས་ལ་དྲིན་ལན་གྱིས་གླན། ཕན་གདགས། བདེ་སྐྱིད་ལ་དགོད་སྙམ་དུ་བློ་ལ་ངེས་པར་བྱེད་པ་ནི་བྱམས་པའོ། །མ་རྒན་དེ་རྣམས་ད་ལྟ་བདེ་བ་དང་ལྡན་ནམ་མི་ལྡན་བལྟས་པས། མི་ལྡན་ཏེ་
སྡུག་བསྔལ་གྱི་རྒྱུ་ལ་གནས། འབྲས་བུ་ལ་སྤྱོད། རྐྱེན་དང་མི་ལྡན། ཡང་དག་པའི་དོན་ལ་རྨོངས་པས་དམུས་ལོང་ཁྲིད་མཁན་དང་བྲལ་བ་ལྟ་བུ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་མི་བཟོད་པར་བསྒོམ་པ་ནི་སྙིང་རྗེའོ། །དེ་ལྟར་མ་རྒན་རྣམས་སྡུག་བསྔལ་ལས་བསྒྲལ། བདེ་བ་ལ་འགོད་པའི་ཕྱིར་སངས་རྒྱས་ཐོབ་པར་འདོད་པའི་བློས་གོ་ཆ་ཆེན་པོ་བགོས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པ་བླང་། རང་ཉིད་ཞི་བདེ་སྐད་ཅིག་ཀྱང་ཡིད་ལ་མི་བསམ། བསམ་སྦྱོར་ཐམས་ཅད་གཞན་དོན་དུ་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཀུན་རྫོབ་ཏུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་སྦྱང་། དོན་དམ་པར་རང་དང་སེམས་ཅན་དང་སྡུག་བསྔལ་དང་དོན་བྱེད་པ་ལ་སོགས་པ་རང་རྒྱུད་པར་མ་གྲུབ་ཅིང་གདོད་མ་ནས་སྐྱེ་འགག་གནས་གསུམ་དང་བྲལ་བར་བསྒོམ་པའོ། །ཐུན་གསུམ་མམ་དེ་ལས་མང་ཡང་རུང་སྟེ་ངེས་ཤེས་གཏིང་ཚུགས་སུ་མ་སྐྱེས་ཀྱི་བར་དུ་བསྒོམ་དུ་འཇུག །དེ་ལྟར་བྱང་ཆུབ་སེམས་བསྐྱེད་པ་ནི་ཞེ་
སྡང་ལ་གནད་དུ་འགྲོ། རྒྱལ་འགོང་གི་གདོན་ཞི། ཞེ་སྡང་ཅན་དབང་དུ་འདུ། གཞན་དོན་འབྱུང་། མེ་ལོང་ཡེ་ཤེས་འཆར་རོ། །དེ་བས་འདི་ལ་ནན་ཏན་བྱེད་པ་གལ་ཆེ་སྟེ། བྱམས་དང་སྙིང་རྗེའི་རྟ་ཕོ་ལ། །གཞན་ཕན་གྱིས་དཀྱུས་ཐག་མ་བཅད་ན། །ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་བྱང་ཆུབ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །གཉིས་པ་བསྐྱེད་རིམ་ཡི་དམ་གྱི་ལྷ་བསྒོམ་པ་ནི། ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་ཡི་དཀྱིལ་འཁོར། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོ། །ཐམས་ཅད་ཡེ་ནས་ཟུང་འཇུག་ཏུ་གནས་པ་ཡིན་པ་ལ་ངོ་ཤེས་པས། ད་ནི་ངེས་ཤེས་བསྐྱེད་ཅིང་བརྟན་པར་བྱ་སྟེ། སྭ་བྷཱ་ཝཱའི་སྔགས་བརྗོད་ནས་ཆོས་ཐམས་ཅད་སྟོང་པར་བསྒོམ། དེའི་ངང་ལས་པཾ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་མ་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་རྡོ་རྗེ་ས་གཞིར་གུར་བླ་རེ་ཕྱི་རོལ་ཏུ་མེ་ཕུང་
འབར་བས་ཁྱབ་པའི་སྲུང་འཁོར་གྱི་དབུས་སུ་ས་བོན་དེ་ཉིད་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་རང་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་ཞལ་གཅིག་སྤྱན་གསུམ་མངའ་བ། མཆེ་བ་ཅུང་ཟད་གཙིགས་པ། སྨིན་མ་འཁྱོགས་པ་དང་བཅས་པའི་ཁྲོ་གཉེར་བསྡུས་པ། སྐུ་མདོག་མཐིང་ག་ཨིནྜ་ནཱི་ལ་ལྟ་བུ་འོད་འབར་བ། དབུ་སྐྲ་རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་དང་སྣ་ཚོགས་རྡོ་རྗེ། གཡོན་ཕྱོགས་སུ་ཟླ་བ་ཕྱེད་པས་སྤྲས་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། །ཕྱག་གཉིས་ཀྱི་གཡས་པས་རྡོ་རྗེ་རྩེ་དགུར་དང་གཡོན་པས་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པའི་རྒྱན་ཆ་ལྔ་དང་ཐལ་བ་སྟེ་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་། ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་
ཐལ་མོ་སྦྱར་བ་གན་རྐྱལ་དུ་བསྒྱེལ་བའི་ནུ་མའི་བར་དང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་ཐལ་མོ་སྦྱར་བ་མགོ་བལྟབས་པའི་སྟེང་དུ་བརྫིས་པ། དེའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ་སྐྲ་གྲོལ་ཞིང་ཐོད་པ་སྐམ་པོའི་དབུ་རྒྱན་དང་དོ་ཤལ་བྱས་པ། ཕྱག་གཡས་གྲི་གུག་འཕྱར་བ། གཡོན་པས་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཕྱག་རྒྱ་ལྔས་སྤྲས་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བརླའི་སྟེང་ན་འཁྲིལ་བར་གསལ་བའི་ཡབ་ཀྱི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་དང་། བཅོམ་ལྡན་འདས་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ། མགོར་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་སྭཱ་ཧཱཾ་ཧཱུྃ་དམར་པོ། ཕྲག་པ་གཉིས་སུ་བཽཾ་ཥཊ་ཧེ་ནག་པོ། མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་དམར་སེར། ཡན་ལག་ཐམས་ཅད་ལ་ཕཊ་ཧཾ་ལྗང་གུས་མཚན་པའི་དཔའ་བོའི་གོ་ཆ་དྲུག་དང་། ཡུམ་གྱི་ལྟེ་བར་ཨོཾ་བཾ་དམར་པོ། སྙིང་གར་ཧཾ་ཡཾ་སྔོན་མོ། །ཁར་ཧྲཱི་མོ་དཀར་
མོ། །མགོ་བོར་ཧྲིཾ་ཧྲིཾ་སེར་མོ། །སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་གུ། སྨིན་མཚམས་སུ་ཕཊ་ཕཊ་དུད་ཁས་མཚན་པའི་དཔའ་མོའི་གོ་ཆ་དྲུག་བཀོད་ལ། ཡབ་ཀྱི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔའ་བོ་རྣལ་འབྱོར་མས་བསྐོར་བ་སྤྱན་དྲངས། རིག་མ་བཅུ་དྲུག་གམ་ཨཱརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿཞེས་པས་དམ་ཚིག་པ་དང་ཡེ་ཤེས་དབྱེར་མེད་དུ་བྱས་ཏེ། སླར་ཡང་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དཔའ་བོ་རྣལ་འབྱོར་མ་རྣམས་སྤྱན་དྲངས་མཆོད་ཅིང་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། །ཞེས་གསོལ་བ་བཏབ་པས་རིན་པོ་ཆེའི་བུམ་པ་འཛིན་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བས་བཅོམ་ལྡན་འདས་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམ་ལ་དམིགས་པའི་རྣམ་པ་གསལ་བ། ལུས་ངག་ཡིད་གསུམ་ཧེ་རུ་ཀའི་སྐུ་གསུང་ཐུགས་སུ་ངེས་པའི་ང་རྒྱལ་བརྟན་པ།
སྟོང་ཉིད་སྙིང་རྗེའི་ཟུང་དུ་འཇུག་པའི་ཕྱིར་ཡབ་ཡུམ་དུ་སྣང་བ་སོགས་རྣམ་དག་དྲན་པར་བྱས་ལ། བསྒོམས་པས་སྐྱོ་ན། ཐུགས་ཀའི་ཧཱུྃ་ལས་སྔགས་ཕྲེང་ཐོན། རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། །གསང་གནས་ནས་འཁོར་བ་ས་བོན་ལ་ཐིམ་པར་དམིགས་ཏེ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། །ཅེས་ཉེ་སྙིང་དམ་སྙིང་པོ་སོགས་ཅི་རིགས་བཟླ། ཐུན་བསྡུ་བའི་ཚེ། སྲུང་འཁོར་ཡུམ་ལ། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཧཱུྃ་ལ་བསྡུ། དེ་ཡང་ནཱ་དའི་བར་བསྡུས་ལ་མི་དམིགས་པར་བཞག་གོ །དེ་ལྟར་སྣོད་བཅུད་རང་རྒྱུད་པར་འཛིན་པའི་ཐ་མལ་སྣང་ཞེན་དང་བསྐྱེད་རིམ་ཁོ་ན་ཆེད་དུ་འཛིན་པའི་གྱ་ནོམ་ལྷར་ཞེན་གཉིས་ཀ་སྤངས་ནས་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུ་ཟུང་འཇུག་གི་སྐུར་ངེས་པ་ནི་བསྐྱེད་རིམ་མཐར་ཕྱིན་པ་པའོ། །དེ་ལྟར་བསྐྱེད་རིམ་བསྒོམས་པས་འདོད་ཆགས་ལ་གནད་དུ་འགྲོ། བསེན་མོའི་གདོན་ཞི། འདོད་ཆགས་དབང་དུ་འདུ། སྣང་བ་ཟིལ་གྱིས་ནོན། སོར་རྟོགས་ཡེ་ཤེས་འཆར་རོ། །མདོར་
ན་བསྐྱེད་རིམ་ལ་ནན་ཏན་བྱེད་པ་གལ་ཆེ་སྟེ། རང་ལུས་རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་གཏན་ས་མ་ཟིན་ན། །མ་མཁའ་འགྲོ་ལ་འཁོར་ཚོགས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །གསུམ་པ་བླ་མའི་རྣལ་འབྱོར་ནི། བླ་མ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཞུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་འཁོར་བ་མ་སྟོང་གི་བར་དུ་སེམས་ཅན་ཐམས་ཅད་སྨིན་ཞིང་གྲོལ་བར་མཛད་པའི་སངས་རྒྱས་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་མོས་པའི་ངེས་ཤེས་དང་། རང་གི་སེམས་ཉིད་བླ་མ་དབྱེར་མེད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རང་བཞིན་སྣང་སྟོང་དབྱེར་མེད་དུ་མོས་པ་ཆོས་སྐུའི་མོས་གུས་ཡིན་པ། དེ་ལྟར་གསལ་འདེབས་པའི་ཕྱིར། རང་ལྷར་གསལ་བའི་སྤྱི་བོའི་གཙུག་ཏུ་སྟེང་གི་ནམ་མཁར་སེང་གེའི་ཁྲིར་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་དཀོན་མཆོག་
ཀུན་འདུས་ཀྱི་རྣམ་པ་རིགས་བསྡུས་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་དར་གྱི་ཤམ་ཐབས་གསོལ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞི་བའི་ཉམས་ཅན་ལ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཆོས་སྐྱོང་སྲུང་མ་དང་བཅས་པས་བསྐོར་ནས་བཞུགས་པར་མོས་ཏེ་ཡན་ལག་བདུན་པ་རྒྱས་བསྡུས་གང་རུང་འབུལ་བའི་མཆོད་པའི་སྐབས་སུ་མཎྜལ་ལུས་ལོངས་སྤྱོད་མཐའ་དག་ཕུལ་ནས། དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོས་བདག་གི་ལུས་ངག་ཡིད་གསུམ་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། རྡོ་རྗེ་འཆང་གི་སྤྱི་བོ་དང་མགྲིན་པ་ཐུགས་ཀའི་ཆ་ནས་འོད་ཟེར་དཀར་དམར་མཐིང་ག་བྱུང་། རང་གི་གནས་གསུམ་དུ་རིམ་བཞིན་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱངས། སྐུ་གསུང་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས་
པར་བསྒོམ། ཐུན་བསྡུ་བའི་ཚེ། འཁོར་རྣམས་བླ་མ་རྡོ་རྗེ་འཆང་ལ་ཐིམ། དེ་ཡང་རང་ཉིད་ལས་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བཞག་གོ །དེ་ལྟར་བླ་མའི་རྣལ་འབྱོར་བསྒོམས་པས་ང་རྒྱལ་ལ་གནད་དུ་འགྲོ། ལྷའི་བུའི་གདོན་ཞི། ང་རྒྱལ་ཅན་དབང་དུ་འདུ། རང་གཞན་བྱིན་གྱིས་རློབ་ནུས། མཉམ་ཉིད་ཡེ་ཤེས་འཆར་རོ། །མདོར་ན་བླ་མའི་རྣལ་འབྱོར་ལ་ནན་ཏན་བྱེད་པ་གལ་ཆེ་བ་ལེན་ཏེ། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །བཞི་པ་ཕྱག་རྒྱ་ཆེན་པོ་ནི། སེམས་ཉིད་ཀྱི་བཞུགས་ཚུལ་འཁོར་འདས་ཀྱི་བློ་ཡིས་མ་རེག་པ། སྣང་སྟོང་གིས་སྒྲོ་སྐུར་མ་བཏབ་པ། སྣང་མ་མྱོང་བ། སྟོང་མ་མྱོང་བ། ཡོད་མ་མྱོང་བ། མེད་མ་མྱོང་བ། འཁྲུལ་མ་མྱོང་བ། གྲོལ་མ་མྱོང་བའི་རྒྱ་ཆད་ཕྱོགས་ལྷུང་ཐམས་ཅད་དང་བྲལ་བ།
སངས་རྒྱས་ཀྱིས་མ་མཛད། སེམས་ཅན་གྱིས་མ་བཅོས། ལམ་གྱིས་མ་སྦྱངས། མདོག་མ་བསྒྱུར། མཐའ་ཡེ་བྲལ། འབྲས་བུ་སྐུ་གསུམ་རང་ཆས། སྤངས་རྟོགས་ཕུན་ཚོགས། མཁྱེན་པ་གཉིས་ལྡན་དུ་ལམ་མེ། ཡེ་ནས་ལྷུན་གྱིས་གྲུབ་པའི་དངོས་པོ། གཤིས་ཇི་ལྟར་གནས་པའི་གནས་ལུགས་དེ་ལ་གཞི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་བླ་མའི་བྱིན་རླབས་དང་དུས་ཐབས་ལ་བརྟེན་ནས་ངོ་སྤྲད་པས་གནས་ལུགས་དེ་བཞིན་བཞག་པས་ཡིན་བཞིན་ངོ་ཤེས་ནས་དེ་ཐོག་ཏུ་བཟོ་མ་བྱས། བློ་ཡིས་མ་བསླད་པར་ཡིན་བཞིན་དུ་བཞག་པས་སྙིང་པོའི་རང་འགྲོས་རྟོག་པ་རང་འགགས་སུ་ཁག་འགག་ནས་ངོ་བོ་གསལ་སྟོང་དུ་རྗེན་སོ་ཤས་བཟང་རྟོག་ངན་རྟོག་ལུང་མ་བསྟན་གསུམ་དང་བྲལ་བའི་གསལ་ལ་མ་འགག་པའི་ཤེས་པ་ཟློས་གཅིག་ཀྱང་མ་བྱས་པ། མིང་དོན་ཐམས་ཅད་དང་བྲལ་བ་ཞིག་འདུག་པ་དེ་སེམས་ཉིད་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན། དེའི་ངང་ནས་རྐྱེན་ཅི་ལྟར་ཤར་ཡང་སྲིད་ཞིའི་མཐའ་ལ་མི་གནས་
པར་ཡིན་ཐོག་ཏུ་ཕྱིན་པ་དེ་འབྲས་བུའི་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །མདོར་ན་བླ་མས་བསྟན་དུ་མེད། སློབ་མས་གོ་རུ་མེད། ཉམས་སུ་མྱོང་དུ་མེད་པའི་དོན་བློ་འདས་ཆེན་པོ་འདི་ཡིན་འདི་མིན་གྱི་བློས་བྱས་ཐམས་ཅད་བྲལ་བ་ཐ་མལ་གྱི་ཤེས་པ་སུས་ཀྱང་བཟོ་མ་བྱས་པའི་གཉུག་མའི་རང་བབ་དེ་ཕྱག་རྒྱ་ཆེན་པོ་ཞེས་བྱ་སྟེ། དེ་ཉམས་སུ་ལེན་པའི་ཚུལ་ལ། ཞི་གནས་དང་ལྷག་མཐོང་གཉིས། དང་པོ་ལ་མ་ཟིན་པ་ཟིན་བྱེད། ཟིན་པ་བརྟེན་བྱེད། བརྟེན་པ་བོགས་དབྱུང་བ་གསུམ་གྱི་དང་པོ་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་དང་ལྡན་པའི་དཔུང་བ་བརྒྱང་། སྒལ་ཚིག་བསྲུང་། ཀོས་ཀོ་མདུན་དུ་ཅུང་ཟད་དགུག་པ་བྱ་ཞིང་། མཆུ་སོ་རང་བབ། ལྟ་སྟངས་སྣ་རྩེའི་ཐད་ཀྱི་ནམ་མཁར་གཏད་དེ་སེམས་རང་བབས་སུ་གཞག །དེ་ལ་མི་གནས་ན། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་ མགོན་པོ་ཀུན་ནས་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་
སེམས་འཇོག་པ། །བྱང ་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་བཤད་པ་ལྟར། མདུན་ཕྱོགས་སུ་སེང་གེའི་ཁྲི་པདྨ་ཟླ་བའི་གདན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གསལ་བར་དམིགས་པ་དེ་ལས་གཞན་དུ་མ་ཡེངས་པར་སེམས་རྩེ་གཅིག་ཏུ་བཞག་པའི་ཚེ། བྱིང་རྨུགས་བྱུང་ན་དབུའི་གཙུག་ཏོར་དང་། འཕྲོ་རྒོད་བྱུང་ན་པད་གདན་ལ་སེམས་གཏད་དེ། ལྟ་སྟངས་ཀྱང་སྟོད་སྨད་རན་བས་སྦྱར་ནས་སྐྱོན་བསལ་ལོ། །ཅི་སྟེ་སེམས་གཡེང་ཤས་ཆེ་ན་རླུང་ཕྱི་ནང་དུ་རྒྱུ་བ་རང་ལ་སེམས་གཏད་པ་ཁོ་ན་རྒྱུན་བསྲིངས་པས་གནས་ཆ་བརྟན་པར་འགྱུར་རོ། །གཉིས་པ་ནི། གནས་པ་སྐྱེ་བའི་འགོ་ཟིན་ནས་སྙིང་གར་པདྨ་དཀར་པོ་ལས་ཐིག་ལེ་གཉིས་པ་ཆད་དེ། སྤྱི་གཙུག་ནས་ནམ་མཁར་ཐོན་ཏེ་གནས་པར་དམིགས་པ་དང་། དེ་བཞིན་དུ་ནག་པོ་ཁ་ཐུར་དུ་བལྟ་བའི་དབུས་སུ་ཐིག་ལེ་ནག་པོ་གཉིས་པ་ཆད་དེ། ཆུ་ལམ་ནས་བྱུང་བ་གདན་མཚམས་སུ་གནས་པ་ལ་སེམས་བཟུང་བ་རེས་འཕོག་ཏུ་བྱ་
ཞིང་། སྔ་མ་ལ་ལྟ་སྟངས་བསྟོད་ཅིང་རླུང་རོ་མང་དུ་དབྱུང་ནས་ཤེས་པ་ཧུར་ཕྱུང་སྟེ་བཞག །ཕྱི་མ་ལ་ལྟ་སྟངས་སྨད་ཅིང་དམིགས་པ་དེ་ཉིད་ལ་ནན་ཏུར་བྱས་ནས་སླར་སེམས་རང་བབས་སུ་བཞག་པ་སོགས་སྔར་ལྟར་ཤེས་པར་བྱའོ། །གསུམ་པ་ནི། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་ཀྱི་ཡུལ་དུ་སྣང་བའི་རྣམ་རྟོག་གང་ཤར་བ་ལས་གཉིས་པར་མི་མཐུད་པ་དེ་ཉིད་ཀྱི་སྟེང་དུ་ལྷན་ནེ་འཇོག་པ་ལ་བསླབ་པས་མཉམ་གཞག་གི་སྐབས་ཀྱི་བོགས་ཐོན་ནས། ཐོག་མར་གཡོ་བའི་ཉམས་སེམས་ཡུལ་ལ་འཕྲོ་ཤས་ཆེ་བ་དྲན་ཤེས་ཀྱིས་བཟུང་བར་དཀའ་བ་བྱུང་ཡང་སྒྱིད་ལུགས་པར་མི་བྱ་ཞིང་། དེ་ལས་ཅུང་ཟད་གཡོ་བའི་ཉམས་ཀྱི་ཚེ་རྣམ་རྟོག་རགས་པའི་གཡོ་བ་ཞི་ཞིང་ཕྲ་མོ་འགྱུ་བ་ངོས་ཟིན་པ་དང་། མཐར་མི་གཡོ་བའི་ཉམས་རྟོག་པ་གང་གིས་ཀྱང་སྐྱོད་པར་མི་ནུས་པའི་ཞི་གནས་དངོས་དང་རྗེས་མཐུན་རིམ་པར་འབྱུང་ངོ་། །དེ་ནས་གཉིས་པ་ལྷག་མཐོང་ངོ་སྤྲད་པ་ནི། ཏིང་ངེ་འཛིན་ལ་རྩེ་གཅིག་
གནས་པའི་ཚེ། ཅི་ཁོ་བོའི་སེམས་གནས་པ་ནི་ཇི་ལྟ་བུ། ཁ་དོག་ནི་ཇི་ལྟ་བུའི་ཚུལ་གྱིས་གནས། དབྱིབས་ཇི་ལྟ་བུའི་ཚུལ་གྱིས་ནས། འོན་ཏེ་གནས་པ་ཁོ་བོས་ཐི་མཐོང་ན་འཕྲོ་བ་ལ་བལྟ་བར་བྱའོ། །སྙམ་པ་འདི་ཉིད་ཀྱང་འཕྲོ་བ་སྟེ། དེ་བས་ན་འདི་ཁ་དོག་ཇི་ལྟ་བུའི་ཚུལ་གྱིས་འཕྲོ། དབྱིབས་ཇི་ལྟ་བུའི་ཚུལ་གྱིས་འཕྲོ། ངོ་བོ་ཇི་ལྟ་བུར་འཕྲོ། འདི་གཟུགས་ཇི་ལྟ་བུ། སྒྲ། དྲི། རོ། རེག །ཆོས་ཇི་ལྟ་བུ་གནས་པ་དང་འགལ་བ་ནི་ཅི་ལྟ་བུ་བརྟག་པར་བྱའོ། །གལ་ཏེ་དེ་ལམ་རྙེད་ན། འདིའི་དང་པོ་བྱུང་ས་ནི་གང་། བར་དུ་གནས་པའི་ས་ནི་གང་། ཐ་མར་འགྲོ་ས་ནི་གང་ཞེས་ཕྱི་ནང་ཐམས་ཅད་དུ་ཡང་དག་པར་བཙལ་ལོ། །གལ་ཏེ་མཐོང་བར་དཀའ་བར་གྱུར་ན་བླ་མ་ལ་མཎྜལ་ཕུལ་ཞིང་གསོལ་བ་བཏབ་བོ། །སེམས་ཀྱི་ངོ་བོ་མ་ཤེས་ན་སྲིད་པ་ལས་མི་གྲོལ། དེ་ལས་མ་གྲོལ་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྲན་པར་མི་ནུས། དེའི་ཕྱིར་བདག་གིས་ངེས་པ་ཁོ་ནར་སེམས་ངོ་ཤེས་པར་བྱ་སྙམ་དུ་ཡིད་ལས་རྣག་པ་
དྲག་པོ་བྱ། དུས་ཐམས་ཅད་དུ་རང་གི་སེམས་ལ་ཅེར་ཅེར་བལྟ་བ་ཁོ་ན་ལ་འབད་པས་ན་ཅི་ཞིག་ན་ངེས་པར་མཐོང་བར་འགྱུར་རོ། །རང་གི་སེམས་རང་གིས་མ་མཐོང་བར་ངོ་སྤྲད་དུ་མེད་དེ། དཔེར་ན་ཡི་གེ་མ་མཐོང་ན་ཡི་གེ་ཇི་ལྟར་ཁྲིད། གལ་ཏེ་ཕྱོགས་ཙམ་མཐོང་ན་ཡང་དེ་ཙམ་ཞིག་ངོ་སྤྲད་དུ་ཡོད་དོ། །དེ་བལྟས་པས་མི་སྣང་སྙམ་ན། ལྟས་མཁན་དེ་ལའང་ལྟོས་ཤིག །མ་མཐོང་བ་ཙམ་གྱིས་མེད་པར་མི་འགྱུར་ཏེ་ས་འོག་གི་གཏེར་བཞིན་ནོ། །དེ་བས་ན་གང་དུ་ཡང་མ་མཐོང་བ་ནི་མཐོང་བའི་མཆོག་ཡིན་ནོ། །དེ་སྔ་ཕན་ཆད་རིག་པ་མེད་པ་ལ་རིག་པ། ཤེས་པ་མེད་པ་ལ་ཤེས་པ། སེམས་མེད་པ་ལ་སེམས། ཡིད་མེད་པ་ལ་ཡིད། རྟོགས་མེད་པ་ལ་རྟོག་པར་བཟུང་ནས་རྣམ་པར་གཡེང་བ་དེ་གོའམ། རིགས་ཀྱི་བུ་ཁྱོད་ཀྱི་སེམས་ནི་རི་བོང་རྭ་ལྟ་བུར་གཞི་མ་གྲུབ་པ། རང་བཞིན་མེད་པ། འབྱུང་བ་མེད་པ། བྱུང་བ་མེད་པ། སོང་བ་མེད་པ། གནས་པ་མེད་པ། རང་གི་ངོ་བོ་འདུས་མ་བྱས་པས་
ཐམས་ཅད་མཁྱེན་པས་ཀྱང་གཟིགས་པར་མི་འགྱུར། དོན་གྱི་ངེས་པ་འདི་ཁྱོད་ཀྱི་སྙིང་ལ་ལེགས་པར་བབས་སམ། དེ་བས་ན་སེམས་མེད་པ་ཉིད་ཀྱི་ངང་དུ་ཞོག་ཅིག །བསམ་དུ་མེད་པའི་ངང་དུ་ཞོག་ཅིག །ཡང་རིགས་ཀྱི་བུ། ཁྱོད་ཀྱི་སེམས་ན་མོ་དང་ཁོ་ན་ཡིན་ན་རིག་ཙམ་ཝལ་ཙམ་དུ་སྣང་ཞིང་སྣ་ཚོགས་སུ་རྟོག་པ་འདི་ངོ་མཚར་བར་མི་འདུག་གམ། དེ་བས་ན་ཁྱོད་ཇི་ལྟར་སྣང་བ་འདི་ཉིད་ལ་རང་གར་ཞོག །ལྷུག་པར་ཞོག །རྗེན་པར་ཞོག །རིགས་ཀྱི་བུ་སྣང་བ་ལ་སྐྱོན་དང་སྟོང་བ་ལ་ཡོན་ཏན་དུ་འཛིན་པའམ། སྟོང་བ་ལ་སྐྱོན་དང་སྣང་བ་ལ་ཡོན་ཏན་དུ་འཛིན་པ་ནི་བྱིས་པ་སྟེ། སྣང་བ་ཉིད་ན་སྟོང་། སྟོང་པ་ཉིད་ན་སྣང་བས་སྣང་སྟོང་རོ་མཉམ་དུ་ཤེས་པར་གྱིས་ཤིག །མདོར་ན་ཁྱོད་ཀྱིས་གང་ཤར་འཛིན་མེད་དུ་ཕྱམ་མེ། ཅི་སྣང་བདེན་མེད་དུ་ཁྲོལ་ལོ། ཐམས་ཅད་དང་གྲོལ་དུ་ཤིགས་སོ། །འཁོར་འདས་གཉིས་མེད་དུ་ཐལ་ལེ། རིག་པ་གཏན་མེད་དུ་བུན་ནེ། བྱུང་སོང་རྗེས་མེད་དུ་ཝལ་ལེ། འཁྲུལ་གྲོལ་
གཉིས་མེད་དུ་ལམ་མེ་བ་འདི་ཙམ་དུ་བདེན་འཛིན་མེད་པར་ཡུན་དུ་སྐྱོངས་ཤིག །དེ་ལྟ་བུའི་སེམས་ཀྱི་ངོ་བོ་འདི་ལ་མ་བཅོས་ཐ་མལ་ཤེས་པ་ཞེས་བྱ། རང་སེམས་གཉུག་མའི་ངོ་བོ་ཞེས་བྱ། དངོས་པོ་གཤིས་ཀྱི་གནས་ལུགས་ཞེས་བྱ། དོན་དམ་ཆོས་སྐུའི་བཞུགས་ཚུལ་ཞེས་བྱའོ། །ཁྱོད་ཀྱི་ད་ལྟའི་སེམས་གསལ་ལེ་ཧྲིག་གེ་ལམ་མེ་བ་ཞིག་མི་འདུག་གམ། དེ་ཉིད་རང་བྱུང་རིག་པའི་ངོ་བོ་ཞེས་བྱ་བ་ཡིན། དེ་ཉིད་འདི་ལྟ་བུ་སྙམ་པའི་ངེས་ཤེས་ཞིག་མི་འདུག་གམ། དེ་ལ་ལྷག་མཐོང་རྟོགས་པའི་ཡེ་ཤེས་ཞེས་བྱ། དེའི་ངང་ལ་ལྷང་ངེ་ལྷན་ནེ་གནས་པ་ཞིག་མི་འདུག་གམ། དེ་ལ་ཞི་གནས་ཏིང་ངེ་འཛིན་གྱི་འཆར་སྒོ་ཞེས་བྱ་བ་ཡིན། དེས་ན་འཁོར་བ་འདི་ཉིད་མྱང་འདས་སུ་ལམ་མེ། སེམས་ཅན་འདི་ཉིད་སངས་རྒྱས་སུ་ཁྲོང་ངེ་། འཁྲུལ་པ་འདི་ཉིད་རང་གྲོལ་དུ་ཤིགས་སེ། ཉོན་མོངས་པ་འདི་ཉིད་ཡེ་ཤེས་སུ་ལྷན་ནེ་བ་འདི་ལ་གཉུག་མ་ཆོས་སྐུའི་ངོ་སྤྲོད་ཞེས་བྱ་བ་ཡིན་པས་གོའམ། བརྡ་
འཕྲོད་དམ། ངེས་པ་རྙེད་དམ་ཀློང་དུ་གྱུར་ཏམ། ཡང་དག་པའི་ངེས་དོན་འདི་ཁྱོད་ཀྱི་སྙིང་ལ་རྟག་པར་ཟུངས་ལ་གོམས་སུ་མེད་པའི་དོན་ལ་གོམས་པར་གྱིས་ཤིག །བསྐྱང་དུ་མེད་པའི་དོན་འདི་རྟག་ཏུ་སྐྱོང་ཤིག །དེའི་ཕྱིར་ཚེ་འདིའི་ཞེན་པ་སྤང་། མི་རྟག་པ་རྒྱུད་ལ་བསྟེན། རྟག་ཏུ་སྐྱོ་ཤས་སྐྱེད། རྗེ་ལ་གསོལ་བ་ཐོབ། ཅི་གསུང་བཀའ་བཞིན་སྒྲུབས། རྒྱུན་དུ་རི་ཁྲོད་འགྲེམས། བརྩོན་འགྲུས་ལྕག་གིས་སྐུལ། གཉུག་མའི་རང་ཞལ་ལྟོས། ངོ་སྤྲོད་སྙིང་པོར་ཟུང་། ཞེས་སོགས་བློའི་རིམ་པ་དང་བསྟུན་ནས་ངོ་སྤྲོད་པར་བྱའོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་བསྒོམས་པས་གཏི་མུག་ལ་གནད་དུ་འགྲོ། ཀླུའི་གནོད་པ་ཞི། གཏི་མུག་ཅན་དབང་དུ་འདུས། འཁོར་བ་ལས་གྲོལ། ཆོས་དབྱིངས་ཡེ་ཤེས་འཆར་རོ། །དེས་ན་འདི་ལ་ནན་ཏན་དུ་བྱེད་དགོས་ཏེ། སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །
ཅེས་གསུངས་སོ། །ལྔ་པ་བསྔོ་བ་ནི། བསྔོ་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པ། བསྔོ་ས་མི་གནས་པའི་མྱང་འདས། ཆེད་དུ་བྱ་བ་སེམས་ཅན་གྱི་དོན་དུ། བསྔོ་ཚུལ་ལ་བསྔོ་རྒྱུ་བསྔོ་བ་སྔོ་མཁན་གསུམ་ཀ་ངོ་བོས་སྟོང་པ་ཤེས་རབ་ཀྱིས་ཟིན་པར་བྱས་ནས་བསྔོ་བ་སྟེ། དེ་ལྟར་བསྔོ་བ་བྱས་པས་ཕྲག་དོག་ལ་གནད་དུ་འགྲོ། ཀླུ་བཙན་གྱི་གདོན་ཞི། ཕྲག་དོག་ཅན་དབང་དུ་འདུ། དགེ་རྩ་མི་འཁྱར། བྱ་གྲུབ་ཡེ་ཤེས་འཆར་རོ། །དེས་ན་འདི་ལ་ནན་ཏན་དུ་བྱེད་དགོས་ཏེ། །ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས་སོ། །དེ་ལྟར་ན་བརྟན་པ་ཐོབ་པའི་ཚེ་དོན་ལྔ་པོ་ཐམས་ཅད་ཕྱག་རྒྱ་ཆེན་པོར་འགྱུར་ཏེ། དམིགས་པ་མེད་པ་བྱང་ཆུབ་ཀྱི་སེམས། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུ། འཁོར་འདས་བླ་མའི་རོལ་པ། རིག་སྟོང་དབྱེར་མེད་ཀྱི་ཕྱག་ཆེན། འཁོར་གསུམ་
ཡོངས་དག་གི་བསྔོ་བ་སོགས་ལ་རིམ་པ་བཞིན་བྱང་སེམས་ཕྱག་ཆེན། ལྷ་སྐུ་ཕྱག་ཆེན། མོས་གུས་ཕྱག་ཆེན། གནས་ལུགས་ཕྱག་ཆེན། བསྔོ་བ་ཕྱག་ཆེན་ཞེས་སོགས་བརྗོད་དུ་རུང་ཞིང་དོན་ལའང་གནས་པས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་ཞེས་ཡོངས་སུ་གྲགས་པ་ཡིན་ནོ། །དེ་དག་ཀྱང་སྦྱོར་དངོས་མཇུག་གི་སྒོ་ནས་ཐུན་གཅིག་དང་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་རུང་ངོ་། །ཞེས་པ་འདི་ནི་ཤཱཀྱའི་གནས་བརྟན་ཆེན་པོ་གཡུང་བྱ་བྲལ་བ་རིན་ཆེན་མགོན་གྱིས་ཡུན་རིང་མོ་ནས་བསྐུལ་བའི་ངོར། དཀོན་མཆོག་འབངས་ཞེས་བགྱི་བས་འགྲོ་མགོན་ཕག་མོ་གྲུ་པའི་གསུང་དང་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་གསུང་དང་། དཔལ་མཁའ་སྤྱོད་པའི་རང་སེམས་ངོ་སྤྲོད་པའི་ཡི་གེ་དང་། ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་མཛད་པ་ལྔ་ལྡན་གྱི་ཁྲིད་རྣམས་ལས་ཆེ་ལོང་ཙམ་བསྡུས་ཏེ་བརྗོད་པའི་དགེ་བས་འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོར་སྙོམས་པར་འཇུག་པར་གྱུར་ཅིག། །།དགེའོ།། ༈ །།མཁོ་
རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །