དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་ག་རབ་གསལ་ཐར་པའི་ལམ་ཆེན།
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་ག་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་བཞུགས་སོ། །
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །དེ་ལ་འདིར། གང་ཟག་འགའ་ཞིག་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་ལ་གནས་པ། སྙིང་རྗེ་དང་ཤེས་རབ་ལྡན་པ་དག །གང་གི་ཚེ་འདིའི་བསྐྱེད་རིམ་ཟབ་མོ་བསྒོམ་པར་འདོད་པ་དེའི་ཚེ། གཙང་ཞིང་ཉམས་དགའ་བའི་གནས་སུ་བྱི་དོར་བྱ་བ་སྔོན་དུ་སོང་བས། རྟེན་དགྲམ་པ། རྒྱན་དགོད་པ། མཆོད་གཏོར་སོགས་ཉེར་མཁོ་སྟ་གོན་བྱ་ཞིང་། མཛེས་པར་བཤམས་ལ། བདག་ཉིད་དཀྱིལ་འཁོར་གྱི་ས་གཞིའི་ཤར་ཕྱོགས་ཀྱི་ཆར། བདེ་བའི་སྟན་ལ། གྲོགས་དང་བཅས་པ་འཁོད་པའི་མདུན་དུ། ཐོད་པ་ཆང་གིས་
བཀང་བ་བདུད་རྩི་དང་ལྡན་པ་དང་། རྡོ་རྗེ་དྲིལ་བུ་དང་། ཅང་ཏེའུ་རྣམས་བཀོད་ལ། ནང་མཆོད་བྱིན་གྱིས་བརླབ་པ་ནི། རང་ལྷའི་ང་རྒྱལ་གྱིས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པདྨ། གཡོན་བགྲང་ཕྲེང་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་གསལ་བར་གྱུར། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་
ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། རང་གི་ཐུགས་ཀ་ནས། ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་དང་ཡཾ་ཡིག་གིས་མཚན་པ། དེའི་སྟེང་དུ་རཾ་སྤྲོས་པ་ལས་མེའི་དཀྱིལ་འཁོར་དམར་པོ་འབར་བ་རཾ་གྱིས་མཚན་པ། དེ་ལ་ཀཾ་གསུམ་སྤྲོས་པ་ལས་ཐོད་པ་སྐམ་པོ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་སྤྲོས་པ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུཪྻ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་གླང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་སྟེ་ཤ་ལྔའོ། །རླུང་གཡོས་ཤིང་མེ་སྦར་
བས་ཐོད་པ་དྲོས་རྫས་རྣམས་ཞུ་བ། ༀ་ཨཱཿཧཱུྃ། གསུང་གི་བདུད་རྩིའི་རང་བཞིན་ཁ་དོག་དམར་པོའོ། །ༀ་ཨཱཿཧཱུྃ། ཐུགས་ཀྱི་བདུད་རྩིའི་རང་བཞིན་ཁ་དོག་སྔོན་པོའོ། །ༀ་ཨཱཿཧཱུྃ། སྐུའི་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། བགེགས་གཏོར་ལ། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་གཏོར་ཞིང་། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་སྣོད་རྣམས་སུ། ༀ་ཨཱཿཧཱུྃ་ལས་བྱུང་བ། ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། སྐད་ཅིག་གིས་རང་ཉིད་དཔལ་རྟ་མཆོག་ཧེ་རུ་ཀར་གསལ་བར་གྱུར། ལག་གཉིས་རྡོ་རྗེའི་ཁུ་ཚུར་རྒྱབ་སྦྱར་བའི་མཐེའུ་ཆུང་སྦྲེལ་ཞིང་། མཛུབ་མོ་འགྲེང་བས། ན་མོ། རྗེ་བཙུན་རྩ་བ་
དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པའི་མཐུས། གདོན་བགེགས་འབྱུང་པོའི་ཚོགས་རྣམས་སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ཊཀྐི་ཧཱུྃ་ཛཿ སོ་སོའི་ཕྱག་རྒྱས། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་གནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། ༀ་བཛྲ་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ། སྥ་ར་ཎ་ཨིི་མཾ་ག་ག་ན་ཁཾ། གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ། རྡོར་དྲིལ་འཛིན་པས། གང་དག་དཀྱིལ་
འཁོར་བསྒྲུབ་པ་ལ། །མངོན་པར་དགའ་བ་གང་ཡིན་རྣམས། །ལེགས་བཤམས་མཆོད་པ་གཏོར་མ་དག །བཞེས་ནས་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་དཀྱིལ་འཁོར་གྱི་བྱ་བ་མཐོང་བ་དང་ཐོས་པར་མི་དབང་བའི་བགེགས་དེ་དག་གཏོར་མ་
འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ལ་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོས་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །རོལ་མོ་མཚམས་རྔམ་དང་བཅས་པས་རྡོ་རྗེ་གསོར་ཞིང་བསྣུན་པའི་ཚུལ་གྱིས། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། དང་། ༀ་སུམྦྷ་ནི་སུམྦྷ་ནི་ཧུྃ་ཧཱུྃ་ཕཊ། ༀ་གྲྀཧྞ་གྲྀཧྞ་ཧུྃ་ཧཱུྃ་ཕཊ། ༀ་གྲྀཧྞ ་པ་ཡ་གྲྀཧྞ་པ་ཡ་ཧུྃ་ཧཱུྃ་ཕཊ། ༀ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧུྃ་ཧཱུྃ་ཕཊ། ཅེས་གཏོར་མ་དོར། མཆོད་པ་བྱིན་བརླབ་ནི། མཆོད་རྫས་ལ་བདུད་རྩི་གཏོར་ཞིང་། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་
སྤྲིན་དྭངས་ཤིང་ཐོགས་པ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱས་པར་འགེངས་ཤིང་འཕྲོ་བ། །འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དྷཱུ་པེ༴ པུཥྤེ༴ ནས། ཤབྡ་ཨཱཿཧཱུྃ། བར། ལས་ཀྱི་རྡོ་རྗེས་ཕྱག་བྱས་ནས། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །དཔའ་བོ་མཁའ་འགྲོ་མཉེས་བྱ་དང་། །ཡོན་བདག་བསོད་ནམས་བསྐྱེད་བྱའི་ཕྱིར། །གཉིས་མེད་ཏིང་འཛིན་ས་ལ་བཞུགས། །ས་མཱ་དྷི་ཀྲ་མ་ཧོཿ ཞེས་བརྗོད་ལ་ཕྱག་བྱ། སྐྱབས་སེམས་ནི། ཐལ་མོ་སྦྱར་བས། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་རང་བཞིན། སོ་སོའི་ཡིད་མཐུན་སྤྲུལ་པའི་གཟུགས་སྟོན་པའི་སྐུ། ཆོས་ཀྱི་
དབྱིངས་ཕྱག་རྒྱ་ཆེན་པོའི་ཐུགས་ཅན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་སྟོང་ཕྲག་བཞིའི་གསུང་སྤྲོ་བར་མཛད་པ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ་སྐྱབས་སུ་ཆིའོ། །གསུམ་མམ་བདུན་ནམ་ཉེར་གཅིག་བརྒྱ་སོགས། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་
མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོམས་པས་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདའ་བ་དང་། །ཀུན་ཀྱང་སངས་རྒྱས་ཐོབ་བར་ཤོག །ནམ་མཁའ་དང་མཉམ་སེམས་ཅན་ཀུན། །བདེ་ལྡན་སྡུག་བསྔལ་དང་བྲལ་ཞིང་། །སྤྱན་རས་གཟིགས་ཀྱི་གོ་འཕང་སླད། །རིམ་གཉིས་ཟབ་མོ་བསྒོམ་པར་བྱའོ། །ལུས་སེམས་དག་པ་དང་། སྲུང་འཁོར་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་
པདྨ། གཡོན་བགྲང་ཕྲེང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀར། ཧྲཱིཿདམར་པོ་ཚེག་དྲག་དང་བཅས་པ་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་འོད་ཟེར་འཕྲོ་བ། དེའི་འོད་ཟེར་ལས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པའི་ཚོགས་དང་། མེ་རི་དང་མཚོན་ཆའི་ཚོགས་སྤྲོས་ཏེ། བགེགས་ཀྱི་ཚོགས་ཐམས་ཅད་ཚར་བཅད་ནས། སླར་འོད་ཟེར་ལས་འོག་རྡོ་རྗེའི་ས་གཞི། བར་རྡོ་རྗེའི་ར་བ། སྟེང་རྡོ་རྗེའི་གུར་ཁང་དུ་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། ཚོགས་ཞིང་ནི། སླར་རང་གི་སྙིང་གའི་ཧྲཱིཿལས་འོད་ཟེར་འཕྲོས་པས། བདེ་བ་ཅན་གྱི་ཞིང་ཁམས་ནས། བླ་མ་དང་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་གྱི་འཁོར་ལོ་རིགས་བཞིའི་སྤྱན་རས་གཟིགས་ཡུམ་དང་བཅས་པ། རིགས་བཞིའི་མཁའ་འགྲོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་
བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་ཤིང་གསལ་བར་གྱུར། རྡོར་དྲིལ་དང་བཅས་པའི་སྤོས་བཟུང་ལ། ཧཱུྃ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་བླ་མེད་དཀོན་མཆོག་གསུམ། །དངོས་དང་ཡིད་ཀྱིས་བཤམས་ཤིང་མཆོད་པའི་གནས་འདི་རུ། །བཅོམ་ལྡན་རྒྱལ་བ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། བཛྲ་ས་མཱ་ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ༀ་པདྨ་ཀ་མ་ལཱ་ཡ་སྟྭྃ་སྭཱ་ཧཱ། ༀ། །མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་
བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དྷཱུ་པེ༴ པུཥྤེ༴ སོགས་ཀྱིས་མཆོད་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་འདས་ཡོན་ཏན་དཔལ་དང་ལྡན། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །པད་མ་དབང་གི་དཀྱིལ་འཁོར་དུ། །པདྨ་མཆོག་གི་སྐུར་སྤྲུལ་པ། །གདུག་པ་འདུལ་མཛད་ཐོད་ཕྲེང་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཧྲཱིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་
ཤེས་རླུང་གིས་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་སྙོམས་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་ལོ། །དགྱེས་པར་རོལ་པས་འཛབ་བསྟོད་མཆོད་པ་བཞེས། །དབང་དང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་སྐུ། །འཆི་མེད་ཚེ་དབང་མགོན་པོ་འོད་དཔག་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་གསུང་ལས་སྤྲུལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མི་དམིགས་དོན་གྱི་དངོས་གྲུབ་སྩལ་དུ་གསོལ། །ཕྱོགས་བཅུ་དུས་གསུམ་བཞུགས་
པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །འཁོར་བ་ཐོག་མ་མེད་པ་ནས། །ཐ་མ་ད་ལྟ་ཐུག་གི་བར། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །ལུས་ངག་ཡིད་གསུམ་སྒོ་ནས་ནི། །སྡིག་པ་དཔག་མེད་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། ཁྱེད་ཀྱི་སྤྱན་སྔར་བཤགས་པར་བགྱི། །སླན་ཆད་བདག་ནི་མི་བགྱིད་དོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་ཉན་ཐོས་རང་རྒྱལ་གྱི། །ཡན་ལག་རྣམས་ཀྱང་བཟུང་བར་བགྱི། །འགྲོ་བ་ཀུན་གྱི་དགེ་བ་ལ། །བདག་ནི་རྗེས་སུ་ཡི་རང་ངོ་། །བདེ་གཤེགས་ཆོས་སྐུ་ལ་བཞུགས་པར། །འགྲོ་བ་ཀུན་ལ་ཕན་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདེ་གཤེགས་མཛད་པ་མཐར་ཕྱིན་ནས། །མྱ་ངན་འདའ་བར་བཞེད་རྣམས་ལ། །
བསྐལ་པའི་མཐའ་མར་བཞུགས་པར་ནི། །བདག་ནི་རྟག་ཏུ་གསོལ་བ་འདེབས། །བདག་གིས་དགེ་བའི་རྩ་བ་གང་། །བགྱིས་སམ་བགྱིད་དུ་སྩལ་བ་དང་། །རྗེས་སུ་ཡི་རང་ཐམས་ཅད་ནི། །འགྲོ་བ་ཀུན་གྱིས་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །བླ་མར་བཅས་པ་ཐམས་ཅད་ལ། །བདག་གི་ལུས་འདི་ཕུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང་། །ཐེག་ཆེན་བླ་ན་མེད་པའི་ལམ། །ཟབ་ཅིང་རྒྱ་ཆེ་བསྟན་དུ་གསོལ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་
སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མའི་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་
ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པར་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པ་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་
བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཚད་མེད་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ༀ་ཨཱཿཧཱུྃ། ཚོགས་ཞིང་གི་ལྷ་ཚོགས་རྣམས་བདག་ཉིད་ལ་ཐིམ་པར་གྱུར། ༀ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པ་ནི། སྟོང་པའི་ངང་ལས་རང་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་ཡེ་ཤེས་ལྔའི་རང་བཞིན་འོད་ཁ་དོག་ལྔ་འཕྲོ་བའི་འོད་ཟེར་འོག་གི་ཕྱོགས་སུ་འཕྲོས་པས། འོད་ཟེར་ལས་གྱུར་པའི་
སངས་རྒྱས་ཀྱི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་བྱང་ཆུབ་ཀྱི་ཤིང་སྙིང་པོ་རྒྱན་ཡིད་དུ་འོང་བ་འབྲས་བུ་དང་ལོ་མ་ཐམས་ཅད་ནོར་བུ་རིན་པོ་ཆེ་བཀྲ་ཤིས་རྫས་བརྒྱད་དུ་གྲུབ་པ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་འབུམ་ལྡན་རྒྱས་པ་ཆོས་ཀྱི་དབྱིངས་དང་མཉམ་པའོ། །པདྨའི་ལྟེ་བར་བུཾ་ལས་གཞལ་ཡས་ཀྱི་ཁང་པ་ཕྱོགས་མདོག་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཀ་བ་བརྒྱད་ཀྱིས་ཡང་དག་པར་མཛེས་པ། དབུས་སུ་ཟླུམ་སྐོར་གཙོ་བོའི་འདོམ་གང་བ། དེའི་ནམ་མཁའ་ལ་རྒྱ་གྲམ་གྱི་གདུང་གི་མཐར་རིན་པོ་ཆེའི་གདུང་ཟླུམ་པོ་རྒྱ་གྲམ་གྱི་ཁོང་གསེང་དུ་ཟུག་པ། དེའི་མཐར་རྡོ་རྗེའི་གདུང་ཟླུམ་པོ། དེའི་མཐར་འཁོར་ལོའི་གདུང་ཟླུམ་པོ། དེའི་མཐར་རྒྱ་གྲམ་གྱི་གདུང་གི་སྣ་བཞི་ཕྱིར་ལྷག་པ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་སྟེ་ཐོག་གི་
དབྱིབས་སོ། །ཕྱིའི་དབྱིབས་ལོགས་རེ་རེ་ལ་གཙོ་བོའི་འདོམ་བརྒྱད་དང་ལྡན་པ། ཡེ་ཤེས་ལྔའི་བརྡར་རྩིག་པ་རིམ་པ་ལྔ་ནང་ནས་རིམ་བཞིན་དམར་པོ། སྔོན་པོ། སེར་པོ། དཀར་པོ། ལྗང་ཁུ་སྟེ། པདྨ་རཱ་ག་དང་། བཻ་ཌཱུཪྻ་དང་། གསེར་དང་། ཤེལ་དང་། མ་རྒད་ལས་གྲུབ་པ་ཞེང་དུ་ཁྲུ་ལྔ། འཕངས་སུ་འདོམ་གསུམ་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་ཁྲུ་གང་བའི་སྟེང་དུ། རིན་པོ་ཆེ་བཻ་ཌཱུརྱ་ལྟ་བུ་མུན་པའི་སྣམ་བུ་འདོམ་ཕྱེད་པ། དེ་ལ་བ་སོའི་གསེང་ཁང་ཁྲུ་གང་བའི་བར་བར་དུ་རིན་པོ་ཆེའི་བྲེ་ལ་ཙི་པ་ཏྲའི་ཁ་ནས་བྱུང་བའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་གདུང་གི་སྣ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། ཕྱི་ལ་འདོམ་ཕྱེད་ལྷག་པའི་ཚུལ་གྱིས་འདོད་ཡོན་གྱི་སྣམ་བུ་དང་མཉམ་པའི་སྟེང་དུ་རྡོ་ཀྲ་མ་ཤཱིཪྵ་ལས་གྲུབ་པའི་མདའ་ཡ བ་ཀྱིིས་བརྒྱན་པ། སྒོ་བཞི་གློ་འབུར་གྱི་ཚུལ་དུ་གནས་པ་ལ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་ཆ་བཞི་བཞིས་མཛེས་
པ། གཙོ་བོའི་ཏོག་གི་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་རིམ་པ་བཅུ་གསུམ་དང་ལྡན་པ་ལ་གདུགས་ཆར་ཁེབས་དར་དཔྱངས་དང་ཏོག་གིས་སྤྲས་པ། རྟ་བབས་རེ་རེའི་སྟེང་དུ་ཆོས་ཀྱི་འཁོར་ལོ་རིམ་པ་བཅུ་པ་ཆར་ཁེབས་ཏོག་བཅས་ཕྱོགས་བཞི་ན་རི་དྭགས་བཞི་བཞི། མཚམས་བཞི་ན་བ་དན་བཞི་བཞི། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུས་འཁོར་བའི་ཟུར་བཅུ་གཉིས་ལ་བ་དན་བཅུ་གཉིས་ཀྱིས་མཚན་པ། དེའི་ཕྱི་རོལ་དུ་ཆུས་བཅད་པའི་དུར་ཁྲོད་ཆེན་པོ་བརྒྱད། དེའི་ཕྱི་རོལ་དུ་རྡོ་རྗེའི་ར་བ་གུར་ཁང་མེ་རི་དང་བཅས་པའོ། །དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿབབས་པ་ལས་འོད་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ལ་ཕོག་སྡིག་སྒྲིབ་དག་ནས་འོད་དུ་ཞུ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧྲཱིཿ
ༀ་མ་ཎི་པདྨེ་ཧཱུྃ། འོད་ཟེར་ཚུར་འདུས་རང་ལ་ཐིམ་ནས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཡུམ་གྱི་རྒྱབ་ཏུ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་གྱི་འོག་མས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་མོ་སྤྱི་གཙུག་ཏུ་ཕྱུང་བ། རྩ་བའི་ཁྲོ་ཞལ་སྤྱན་གསུམ་པ་མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཐོད་པ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་།
ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབས་པའི་ཚུལ་གྱིས་འཁྱུད་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ནས་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་པའོ། །དེའི་ཕྱོགས་བཞིར་པད་ཉིའི་སྟེང་དུ་ཡི་གེ་ཧྲཱིཿབཞི་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧྲཱིཿལ་ཐིམ་ཡོངས་སུ་གྱུར་པ་ལས། ཤར་དུ་མི་བསྐྱོད་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་སངས་རྒྱས་སྤྱན་མ་སྔོན་མོ་དང་གཉིས་སུ་མེད་པར་སྦྱོར་བ། ལྷོར་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་མཱ་མ་ཀཱི་སེར་མོ་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་བ་མཐའ་ཡས་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་གོས་དཀར་མོ་དཀར་ལ་དམར་བའི་མདངས་ཅན་དང་གཉིས་སུ་མེད་པར་སྦྱོར་བ། བྱང་དུ་དོན་ཡོད་གྲུབ་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་
དམ་ཚིག་སྒྲོལ་མ་ལྗང་གུ་དང་མཉམ་པར་སྦྱོར་བ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དང་པོ་རྣམས་ལྷ་མོ་ལ་འཁྱུད་པའི་ཚུལ་གྱི་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་ནི་མུ་ཏིག་དམར་པོའི་བགྲང་ཕྲེང་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་མོ་རྣམས་ཀྱི་ཕྱག་དང་པོ་དག་ཀྱང་རང་རང་གི་བདག་པོའི་རྒྱབ་ཏུ་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་ནི་རིམ་པ་བཞིན་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དཀར་པོ་དང་ཨུཏྤལ་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་པདྨ་དམར་པོ་འཛིན་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ཏུ་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་
པན་དང་། རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པའོ། །ཤར་ལྷོའི་མཚམས་སུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡས་རྡོ་རྗེ། གཡོན་པདྨ། ལྷོ་ནུབ་ཏུ་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་ནོར་བུ། གཡོན་པདྨ། ནུབ་བྱང་དུ ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ་གཡས་བུམ་པ། གཡོན་པདྨ། བྱང་ཤར་དུ ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཡས་རལ་གྲི། གཡོན་པདྨ་བསྣམས་པ། སྐུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ཕྱི་རོལ་དུ ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་འཁོད་པའི་ལྷ་མོ་རྣམས་ནི་གཟུགས་རྡོ་རྗེ་མ་མེ་ལོང་དང་པདྨ། སྒྲ་རྡོ་རྗེ་མ་གླིང་བུ་དང་པདྨ། དྲི་རྡོ་རྗེ་མ་སྤོས་ཕོར་དང་པདྨ། རོ་རྡོ་རྗེ་མ་འཁར་གཞོང་དང་པདྨ། རེག་རྡོ་རྗེ་མ་ན་བཟའ་དང་པདྨ་བསྣམས་པའོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་ཉི་མ་ལ་ཨཱཿདམར་པོ། ཐུགས་ཀར་པདྨ་ལ་ཧཱུྃ་སྔོན་པོ་དང་
ཧྲཱིཿདམར་པོ། ཡབ་རྣམས་ཀྱི་ཐུགས་ཀའི་ཧྲཱིཿལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་གིས་གཡས་སུ་བསྐོར་བ། ཡུམ་རྣམས་ཀྱི་ཐུགས་ཀའི་ཧྲཱིཿལ། ༀ་བཛྲ་བཱ་རཱ་ཧཱི་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པས་ གཡོན་དུ ་བསྐོར་བ་རིགས་བཞི་མཁའ་འགྲོའི་ཐུགས་ཀར་ཧ་རི་ནི་སས་མཚན་པའོ། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། རྡོ་རྗེ་བསྡུ་བའི་རྒྱས། བཛྲ་ས་མཱ་ཛཿཛཿ ༀ་མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་
བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། ༀ་བཛྲ་ཨརྒྷཾ༴ དྷཱུ་པེ༴ པུཥྤེ༴ ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། སླར་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་འཁོར་ལོ་གསལ་བར་གྱུར། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་དཔག་ཏུ་མེད་པས་སྤྱི་བོ་ནས་དབང་བསྐུར་བར་གྱུར། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། བུད་དྷ་ཨ་བྷི་ཥིཉྩ་ༀ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་
བཞིན་བདག་གིས་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར་ཞིང་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་སྣང་བ་མཐའ་ཡས། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད། ཕྱོགས་ཀྱི་ཡབ་ཡུམ་རྣམས་ལ་མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པའོ། །བདག་ཉིད་ཀྱི་ཐུགས་ཀར་པདྨ་ལ་གནས་པའི་ཧྲཱིཿཡིག་དང་། རྡོ་རྗེ་རྣལ་འབྱོར་མའི་ཐུགས་ཀར་ཆོས་འབྱུང་རྐྱང་པའི་དབུས་ཀྱི་ཧྲཱིཿདམར་པོ་ལས་འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་སྟེང་དུ་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཆོད་ཅིང་དེ་དག་ཀྱང་ཐུགས་རྗེ་ཆེན་པོར་གྱུར་པ་ཆར་ལྟར་བབ་ཅིང་རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པར་གྱུར། སླར་ཡང་ཐུགས་ཀའི་ཧྲཱིཿལས་འོད་ཟེར་རྣམས་འཕྲོས། ཞལ་ནས་ཐོན་ཅིང་རིགས་བཞིའི་སྤྱན་རས་གཟིགས་དང་རིགས་བཞི་མཁའ་འགྲོའི་ཐུགས་
ཀར་ཐིམ། དེ་དག་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་རྣམས་བྱུང་ཞལ་ནས་ཐོན་ཅིང་བདག་ཉིད་ཡབ་ཡུམ་གྱི་ཐུགས་ཀའི་ཧྲཱིཿལ་ཐིམ་པས་ཕྲིན་ལས་བཞི་གྲུབ་པར་གྱུར། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཞེས་གཙོ་བོའི་སྙིང་པོ་ཡི་གེ་བཅུ་པ་ལ། ༀ་བཛྲ་ཝཱ་རཱ་ཧཱི། བུད་དྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡུམ་གྱི་སྙིང་པོའམ་ཡང་ན། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཧཱུྃ་ཛཿ ཞེས་དཔའ་བོ་མཁའ་འགྲོ་ཡོངས་ཀྱི་སྙིང་པོ་བཏགས་ལ་ཅི་རིགས་བཟླ་བ་བདག་བསྐྱེད་དོ། ༈ །དེ་ནས་བུམ་པ་ལྷག་གནས་ནི། མཚན་ཉིད་དང་ལྡན་པའི་བུམ་པ་གཉིས། གུ་གུལ་གྱིས་བདུག་ཅིང་། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཞེས་པས་བགེགས་བསྐྲད། མེ་ཏོག་གི་ཕྲེང་བ་དང་བཅས་པའི་གོས་ཀྱིས་མགྲིན་པར་དཀྲིས། ༀ་བཛྲ་ཤི་ཁ་རི་རུ་ཊ་མ་ཊ་དི་ཤཾ་བན་དྷ་བན་དྷ་ཧཱུྃ། ཞེས་བརྗོད། རྡོ་རྗེའི་ཆུ་རྒྱུན་དུ་བསམས་པའི་ཆུ་དང་བུམ་སྨན་གྱིས་དགང་། ཨ་མྲ་ལ་སོགས་པའི་ཡལ་འདབ་ཀྱིས་ཁ་བརྒྱན། རས་དཀར་པོའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཀོད་པ་ལ་
བཤམས། ལྷའི་རིམ་པས། ༀ་ཧྲཱིཿསོགས་དང་། སྭ་བྷཱ་ཝས་བསངས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ཡིག་དཀར་པོ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་རྩ་བ་དང་ནག་པོ་མེད་པ། ལྟོ་བ་ཡངས་པ། མཆུ་འཕྱང་བ། མགྲིན་པ་ཕྲ་བ། ལྷ་རྫས་ཀྱི་གོས་ཀྱིས་མགྲིན་པ་དཀྲིས་པ། རྡོ་རྗེའི་ཆུ་རྒྱུན་བུམ་པའི་རྫས་ཀྱིས་གང་བར་གྱུར་པའི་རྣམ་པར་རྒྱལ་བའི་བུམ་པའི་ནང་དུ། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་ལས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཡུམ་གྱི་རྒྱབ་ཏུ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་གྱི་འོག་མས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ ་བཅིངས་པ་ལ་
དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་ཕྲན་ལྔས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་མོ་སྤྱི་གཙུག་ཏུ་ཕྱུང་བ། རྩ་བའི་ཁྲོ་ཞལ་སྤྱན་གསུམ་པ་མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཐོད་པ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པའི་ཚུལ་གྱིས་འཁྱུད་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ནས་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་པའོ། །དེའི་ཕྱོགས་བཞིར་པད་ཉིའི་སྟེང་དུ་ཡི་གེ་ཧྲཱིཿབཞི་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧྲཱིཿལ་ཐིམ་ཡོངས་སུ་གྱུར་པ་ལས། ཤར་དུ་མི་བསྐྱོད་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་
སངས་རྒྱས་སྤྱན་མ་སྔོན་མོ་དང་གཉིས་སུ་མེད་པར་སྦྱོར་བ། ལྷོར་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་མཱ་མ་ཀཱི་སེར་མོ་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་བ་མཐའ་ཡས་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་གོས་དཀར་མོ་དཀར་ལ་དམར་བའི་མདངས་ཅན་དང་གཉིས་སུ་མེད་པར་སྦྱོར་བ། བྱང་དུ་དོན་ཡོད་གྲུབ་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་དང་མཉམ་པར་སྦྱོར་བ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དང་པོ་རྣམས་ལྷ་མོ་ལ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་ནི་མུ་ཏིག་དམར་པོའི་བགྲང་ཕྲེང་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་མོ་རྣམས་ཀྱི་ཕྱག་དང་པོ་དག་ཀྱང་རང་
རང་གི་བདག་པོའི་རྒྱབ་ཏུ་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་ནི་རིམ་པ་བཞིན་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དཀར་པོ་དང་། ཨུཏྤལ་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་པདྨ་དམར་པོ་འཛིན་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ཏུ་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་། རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པའོ། །ཤར་ལྷོའི་མཚམས་སུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡས་རྡོ་རྗེ། གཡོན་པདྨ། ལྷོ་ནུབ་ཏུ་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་ནོར་བུ། གཡོན་པདྨ། ནུབ་བྱང་དུ ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ་གཡས་བུམ་པ། གཡོན་པདྨ། བྱང་ཤར་དུ ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཡས་རལ་གྲི། གཡོན་པདྨ་བསྣམས་པ། སྐུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་
གྱིས་བརྒྱན་པའོ། །ལས་བུམ་དུ་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཡི་གེ་ཧྲཱིཿཚེག་དྲག་དང་བཅས་པ་ལས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་སྐུ་མདོག་དམར་པོ་ཕྱག་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་རྡོ་རྗེའི་ཞགས་པ་བསྣམས་པ། སྦྲུལ་དང་དར་གྱི་ཅོད་པན་དང་། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྟག་པགས་རློན་པའི་ཤམ་ཐབས་ཅན། ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་འགྱིང་བ། ཤིན་ཏུ་ཁྲོ་བའི་ཞལ་ཅན། སྤྱན་གསུམ་ཁྲོ་གཉེར་གྱི་རླབས་དང་ལྡན་པ། མཆེ་བ་བཞི་གཙིགས་པ། སྐུ་ལ་བསྐལ་པའི་མེ་དཔུང་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་གསེབ་ནས་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར་ཞིང་གར་བྱེད་པ་ཙམ་གྱིས་དཔའ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའོ། །གཙོ་བོ་ཡབ་ཡུམ། རིགས་བཞིའི་སྤྱན་རས་གཟིགས། དཔལ་རྟ་མགྲིན་རྣམས་ཀྱི་ཐུགས་ཀར་ཧྲཱིཿ རིགས་བཞི་མཁའ་འགྲོའི་ཐུགས་ཀར་ཧ་རི་ནི་ས། དེ་
རྣམས་ལས་འོད་ཟེར་འཕྲོས་པས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ལྷ་ཚོགས་རྣམས མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། བཛྲ་ས་མཱ་ཛཿ ༀ་མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་ཨརྒྷཾ༴ དྷཱུ་པེ༴ པུཥྤེ༴ ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། སླར་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་འཁོར་ལོ་གསལ་བར་གྱུར། ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་དཔག་ཏུ་མེད་
པས་སྤྱི་བོ་ནས་དབང་བསྐུར་བར་གྱུར། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། བུད་དྷ་ཨ་བྷི་ཥིཉྩ་ༀ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་དབང་བསྐུར་ཞིང་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་སྣང་བ་མཐའ་ཡས། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད། ཕྱོགས་ཀྱི་ཡབ་ཡུམ་རྣམས་ལ་མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པའོ། །དཔལ་རྟ་མགྲིན་ལ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་གྱུར། སླར་ཡང་། མེ་ཏོག་བདུག་སྤོས་སྣང་གསལ་དང་། །དྲི་ཆབ་ཞལ་ཟས་
མཆིས་པ་ཀུན། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ། དྷཱུ་པེ༴ ཨཱ་ལོ་ཀེ༴ གནྡྷེ༴ ནཻ་ཝིདྱ་པཱུ་ཛ་མེ་གྷ་སོགས། གཟུགས་དང་སྒྲ་དང་དྲི་དང་རོ། །རེག་དང་འདོད་ཡོན་རྣམ་ལྔ་པོ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ༀ་སརྦ་ཏ་ཐཱ་ག་ཏ་རཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ། ཤབྡ༴ གནྡྷེ༴ ར་སྱ༴ སྤཪྴེ་སོགས། ཤ་ཆེན་སྤོས་དང་དྲི་ཡི་བྱུག །ཞུན་ཆེན་སྣང་གསལ་དྲི་ཆེན་གྱི། །ཞལ་ཟས་ཤ་ལྔ་བདུད་རྩི་ལྔ། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་སརྦ་ཏ་ཐཱ་ག་ཏ་པཉྩ་ཨ་མྲྀ་ཏ་པཉྩ་ཨཾ་ཀུ་ཤ་པཱུ་ཛ་མེ་གྷ་སོགས། སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། །བདེ་ཆེན་ཀུན་ཏུ་བདེ་ཆེན་ཉིད། །འཁོར་འདས་ཀུན་ཁྱབ་ཀུན་ཏུ་བཟང་། །བླ་མ་དཀྱིལ་འཁོར་ལྷ་ལ་འབུལ། །ༀ་སརྦ་
ཏ་ཐཱ་ག་ཏ་ན་ཏད་མ་ཧཱ་སུ་ཁ་ཏཱ་པཱུ་ཛ་མེ་གྷ་སོགས། ས་ཁམས་རང་བཞིན་གཏི་མུག་རྣམ་པར་དག །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །རྣམ་པར་སྣང་མཛད་སྐུ་ལ་ཕྱག་འཚལ་བསྟོད། །ནམ་མཁའི་རང་བཞིན་ཞེ་སྡང་རྣམ་པར་དག །རྣམ་ཤེས་གནས་གྱུར་མེ་ལོང་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །མེ་ཁམས་རང་བཞིན་ང་རྒྱལ་རྣམ་པར་དག །ཚོར་བ་གནས་གྱུར་མཉམ་ཉིད་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །རིན་ཆེན་འབྱུང་ལྡན་སྐུ་ལ་ཕྱག་འཚལ་བསྟོད། །ཆུ་ཁམས་རང་བཞིན་འདོད་ཆགས་རྣམ་པར་དག །འདུ་ཤེས་གནས་གྱུར་སོར་རྟོག་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །འོད་དཔག་མེད་མགོན་སྐུ་ལ་ཕྱག་འཚལ་
བསྟོད། །རླུང་ཁམས་རང་བཞིན་ཕྲག་དོག་རྣམ་པར་དག །འདུ་བྱེད་གནས་གྱུར་བྱ་གྲུབ་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །དོན་ཡོད་གྲུབ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཧཱུྃ། ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་དབང་གི་རྒྱལ། །སྐུ་མདོག་དམར་ནག་དྲེགས་པ་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་གྱི་འཛུམ་ཚུལ་ཐུགས་རྗེས་ཀུན་ལ་སྙོམས། །མཆེ་བཞི་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད། །དབུ་གཙུག་རྟ་མགོ་གཞན་གྱིས་འགྲན་དུ་མེད། །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། །དབང་བསྡུད་ཕྱག་རྒྱས་སྐྱེ་འགྲོ་ཟིལ་གྱིས་གནོན། །པདྨའི་ཕྱག་མཚན་འཁོར་བའི་སྐྱོན་དང་བྲལ། །རིན་ཆེན་རྒྱན་ཆ་འདོད་ཡོན་མ་སྤངས་དག །ཞབས་གཉིས་བརྐྱང་བསྐུམ་ཡེ་ཤེས་སེམས་དཔའི་ཚུལ། །དབང་ཆེན་རྟ་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །སྒྲུབ་མཆོག་
བདག་ལ་དབང་བསྐུར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །བསྡུ་བ་རྣམ་བཞིས་འཇིག་རྟེན་དབང་དུ་སྡུས། །འཇིག་རྟེན་ཟིལ་གནོན་ཕྲིན་ལས་དངོས་གྲུབ་སྩོལ། །ཞེས་པས་བསྟོད། རྣམ་རྒྱལ་གྱི་སྟེང་དུ་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རྡོ་རྗེ་བཞག་ལ། གཟུངས་ཐག་ལག་པ་གཡས་ཀྱིས་བཟུང་ཞིང་། རང་གི་ཐུགས་ཀའི་ཧྲཱིཿསྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཁ་དོག་སེར་པོ་བྱུང་སྟེ། །གཟུངས་ཐག་ལ་བརྒྱུད་ནས་བུམ་པའི་ནང་གི་ལྷའི་ཐུགས་ཀའི་ས་བོན་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བར་གྱུར། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཞེས་དང་ཡི་གེ་བཅུ་པའི་མཐར། ༀ་བཛྲ་ཝཱ་རཱ་ཧཱི། བུད་དྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱ་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡུམ་གྱི་སྙིང་པོ་དང་། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཧཱུྃ་ཛཿ དཔའ་བོ་མཁའ་འགྲོ་དང་། ལས་བུམ་ལ། ༀ་ཧྲཱིཿཔདྨཱནྟ་སོགས་བཟླས་ལ། རྣམ་རྒྱལ་གྱི་ལྷ་རྣམས་བདེ་བ་ཆེན་པོར་ཞུ་བ་བུམ་ཆུའི་རྣམ་པར་གྱུར། ཁྲོ་བོའི་
རྒྱལ་པོ་དཔལ་རྟ་མགྲིན་གྱིས་བར་ཆད་ཀྱི་བགེགས་བསྲུང་བ་དང་ལས་ཐམས་ཅད་སྒྲུབ་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་བརྗོད་དོ། ༈ །དེ་ནས་མདུན་བསྐྱེད་བསྒྲུབ་པ་ནི། དཀྱིལ་འཁོར་གྱི་དབུས་སུ་རྣམ་རྒྱལ་བུམ་པའི་སྟེང་དུ། བདུད་རྩི་བྱང་སེམས་དཀར་དམར་མྱོས་བྱེད་ཀྱིས་བཀང་བའི་ཐོད་པ། དེའི་སྟེང་དུ་སིནྡཱུ་རའི་མཎྜལ་བཞག་ལ་དར་དམར་པོས་དགབ། དཀྱིལ་འཁོར་གྱི་ཤར་དུ་རྡོ་རྗེ། ལྷོར་བགྲང་ཕྲེང་ངམ་དབུ་རྒྱན། ནུབ་ཏུ་ཡི་གེ་དྲུག་པའི་གླེགས་བམ། བྱང་དུ་མར་མེའམ་དྲིལ་བུ། ལྷ་གྲངས་དང་མཉམ་པའི་མཆོད་པ་དང་། དཀོན་མཆོག་གི་གཏོར་མ། དཔལ་མགོན་པོ། རང་བྱུང་རྒྱལ་མོ་སོགས་བཀའ་སྲུང་ཆོས་སྐྱོང་གང་བྱེད་ཀྱི་གཏོར་མ་རྣམས་བཤམས་ལ། དཀྱིལ་འཁོར་ལ་བདུད་རྩི་དང་ལས་བུམ་གྱི་ཆུ་གཏོར་ཞིང་། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་སོགས་ཀྱིས་བསངས། སྭ་བྷཱ་ཝ་སོགས། སྟོང་པར་གྱུར། སྟོང་པའི་ངང་ལས། འོད་ཟེར་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་ཁམས་པདྨ་རཱ་ག་ལས་གྲུབ་པ་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་བྱང་ཆུབ་ཀྱི་ཤིང་སྙིང་པོ་རྒྱན་ཡིད་དུ་འོང་བ་
འབྲས་བུ་དང་ལོ་མ་ཐམས་ཅད་ནོར་བུ་རིན་པོ་ཆེ་བཀྲ་ཤིས་རྫས་བརྒྱད་དུ་གྲུབ་པ། དེའི་སྟེང་དུ་པཾ་ལས་པདྨ་འདབ་མ་འབུམ་ལྡན་རྒྱས་པ་ཆོས་ཀྱི་དབྱིངས་དང་མཉམ་པའོ། །པདྨའི་ལྟེ་བར་བུཾ་ལས་གཞལ་ཡས་ཀྱི་ཁང་པ་ཕྱོགས་མདོག་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། ཀ་བ་བརྒྱད་ཀྱིས་ཡང་དག་པར་མཛེས་པ། དབུས་སུ་ཟླུམ་སྐོར་གཙོ་བོའི་འདོམ་གང་བ། དེའི་ནམ་མཁའ་ལ་རྒྱ་གྲམ་གྱི་གདུང་གི་མཐར་རིན་པོ་ཆེའི་གདུང་ཟླུམ་པོ་རྒྱ་གྲམ་གྱི་ཁོང་གསེང་དུ་ཟུག་པ། དེའི་མཐར་རྡོ་རྗེའི་གདུང་ཟླུམ་པོ། དེའི་མཐར་འཁོར་ལོའི་གདུང་ཟླུམ་པོ། དེའི་མཐར་རྒྱ་གྲམ་གྱི་གདུང་གི་སྣ་བཞི་ཕྱིར་ལྷག་པ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ་སྟེ་ཐོག་གི་དབྱིབས་སོ། །ཕྱིའི་དབྱིབས་ལོག་རེ་རེ་ལ་གཙོ་བོའི་འདོམ་བརྒྱད་དང་ལྡན་པ། ཡེ་ཤེས་ལྔའི་བརྡར་རྩིག་པ་རིམ་པ་ལྔ་ནང་ནས་རིམ་བཞིན་དམར་པོ། སྔོན་པོ། སེར་པོ། དཀར་པོ། ལྗང་གུ་སྟེ། པདྨ་རཱ་ག་དང་། བཻ་
ཌཱུརྱ་དང་། གསེར་དང་། ཤེལ་དང་། མརྒད་ལས་གྲུབ་པ་ཞེང་དུ་ཁྲུ་ལྔ། འཕངས་སུ་འདོམ་གསུམ་པ། དེའི་སྟེང་དུ་རིན་པོ་ཆེའི་ཕ་གུ་ཁྲུ་གང་བའི་སྟེང་དུ། རིན་པོ་ཆེ་བཻ་ཌཱུརྱ་ལྟ་བུ་མུན་པའི་སྣམ་བུ་འདོམ་ཕྱེད་པ། དེ་ལ་བ་སོའི་གསེང་ཁང་ཁྲུ་གང་བའི་བར་བར་དུ་རིན་པོ་ཆེའི་བྲེ་ལ་ཙི་པ་ཏྲའི་ཁ་ནས་བྱུང་བའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་གདུང་གི་སྣ་ལ་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པ། ཕྱི་ལ་འདོམ་ཕྱེད་ལྷག་པའི་ཚུལ་གྱིས་འདོད་ཡོན་གྱི་སྣམ་བུ་དང་མཉམ་པའི་སྟེང་དུ་རྡོ་ཀྲ་མ་ཤཱིཪྵ་ལས་གྲུབ་པའི་མདའ་ཡབ་ཀྱིས་བརྒྱན་པ། སྒོ་བཞི་གློ་འབུར་གྱི་ཚུལ་དུ་གནས་པ་ལ་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་ཆ་བཞི་བཞིས་མཛེས་པ། གཙོ་བོའི་ཏོག་གི་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་རིམ་པ་བཅུ་གསུམ་དང་ལྡན་པ་ལ་གདུགས་ཆར་ཁེབས་དར་དཔྱངས་དང་ཏོག་གིས་སྤྲས་པ། རྟ་བབས་རེ་རེའི་སྟེང་དུ་ཆོས་ཀྱི་འཁོར་ལོ་
རིམ་པ་བཅུ་པ་ཆར་ཁེབས་ཏོག་བཅས་ཕྱོགས་བཞི་ན་རི་དྭགས་བཞི་བཞི། མཚམས་བཞི་ན་བ་དན་བཞི་བཞི། རྩིག་པའི་རྩ་བར་འདོད་ཡོན་གྱི་སྣམ་བུས་འཁོར་བའི་ཟུར་བཅུ་གཉིས་ལ་བ་དན་བཅུ་གཉིས་ཀྱིས་མཚན་པ། དེའི་ཕྱི་རོལ་དུ་ཆུས་བཅད་པའི་དུར་ཁྲོད་ཆེན་པོ་བརྒྱད། དེའི་ཕྱི་རོལ་དུ་རྡོ་རྗེའི་ར་བ་གུར་ཁང་མེ་རི་དང་བཅས་པའོ། །དེའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿབབས་པ་ལས་འོད་འཕྲོས། རྒྱལ་བ་སྲས་དང་བཅས་པ་མཆོད། སེམས་ཅན་ལ་ཕོག་སྡིག་སྒྲིབ་དག་ནས་འོད་དུ་ཞུ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། འོད་ཟེར་ཚུར་འདུས་ཧྲཱིཿལ་ཐིམ་ནས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་
པོ་གཉིས་ཡུམ་གྱི་རྒྱབ་ཏུ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ། གཡོན་གྱི་འོག་མས་པདྨ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་མོ་སྤྱི་གཙུག་ཏུ་ཕྱུང་བ། རྩ་བའི་ཁྲོ་ཞལ་སྤྱན་གསུམ་པ་མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཐོད་པ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་ཡབ་ལ་སྟོབ་པའི་ཚུལ་གྱིས་འཁྱུད་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ནས་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་པའོ། །དེའི་
ཕྱོགས་བཞིར་པད་ཉིའི་སྟེང་དུ་ཡི་གེ་ཧྲཱིཿབཞི་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཧྲཱིཿལ་ཐིམ་ཡོངས་སུ་གྱུར་པ་ལས། ཤར་དུ་མི་བསྐྱོད་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་སངས་རྒྱས་སྤྱན་མ་སྔོན་མོ་དང་གཉིས་སུ་མེད་པར་སྦྱོར་བ། ལྷོར་རིན་ཆེན་འབྱུང་ལྡན་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་མཱ་མ་ཀཱི་སེར་མོ་དང་མཉམ་པར་སྦྱོར་བ། ནུབ་ཏུ་སྣང་བ་མཐའ་ཡས་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་གོས་དཀར་མོ་དཀར་ལ་དམར་བའི་མདངས་ཅན་དང་གཉིས་སུ་མེད་པར་སྦྱོར་བ། བྱང་དུ་དོན་ཡོད་གྲུབ་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཡུམ་དམ་ཚིག་སྒྲོལ་མ་ལྗང་གུ་དང་མཉམ་པར་སྦྱོར་བ། དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་པ། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྱག་དང་པོ་རྣམས་ལྷ་མོ་ལ་འཁྱུད་པའི་ཚུལ་གྱིས་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་
ནི་མུ་ཏིག་དམར་པོའི་བགྲང་ཕྲེང་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་མོ་རྣམས་ཀྱི་ཕྱག་དང་པོ་དག་ཀྱང་རང་རང་གྱི་བདག་པོའི་རྒྱབ་ཏུ་ཐལ་མོ་སྦྱར་བ། གཡས་ཀྱི་འོག་མ་རྣམས་ནི་རིམ་པ་བཞིན་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དཀར་པོ་དང་ཨུཏྤལ་འཛིན་པ། གཡོན་གྱི་འོག་མ་རྣམས་ནི་པདྨ་དམར་པོ་འཛིན་པ། ཞབས་གཉིས་ཡབ་ཀྱི་རྒྱབ་ཏུ་འཁྲིལ་བའི་ཚུལ་གྱིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པའོ། །ཤར་ལྷོའི་མཚམས་སུ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྔོན་མོ་གཡས་རྡོ་རྗེ། གཡོན་པདྨ། ལྷོ་ནུབ་ཏུ་རི་ལས་རིན་ཆེན་མཁའ་འགྲོ་མ་སེར་མོ་གཡས་ནོར་བུ།
གཡོན་པདྨ། ནུབ་བྱང་དུ ་ནི་ལས་པདྨ་མཁའ་འགྲོ་མ་དམར་མོ་གཡས་བུམ་པ། གཡོན་པདྨ། བྱང་ཤར་དུ ་ས་ལས་ལས་ཀྱི་མཁའ་འགྲོ་མ་ལྗང་གུ་གཡས་རལ་གྲི། གཡོན་པདྨ་བསྣམས་པ། སྐུ་ལ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །ཕྱི་རོལ་དུ ་འདོད་ཡོན་གྱི་སྣམ་བུ་དམར་པོ་ལ་འཁོད་པའི་ལྷ་མོ་རྣམས་ནི་གཟུགས་རྡོ་རྗེ་མ་མེ་ལོང་དང་པདྨ། སྒྲ་རྡོ་རྗེ་མ་གླིང་བུ་དང་པདྨ། དྲི་རྡོ་རྗེ་མ་སྤོས་ཕོར་དང་པདྨ། རོ་རྡོ་རྗེ་མ་མཁར་གཞོང་དང་པདྨ། རེག་རྡོ་རྗེ་མ་ན་བཟའ་དང་པདྨ་བསྣམས་པའོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་ཉི་མ་ལ་ཨཱཿདམར་པོ། ཐུགས་ཀར་པདྨ་ལ་ཧཱུྃ་སྔོན་པོ་དང་ཧྲཱིཿདམར་པོ། ཡབ་རྣམས་ཀྱི་ཐུགས་ཀའི་ཧྲཱིཿལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ་གིས་གཡས་སུ་བསྐོར་བ། ཡུམ་རྣམས་ཀྱི་ཐུགས་ཀའི་ཧྲཱིཿལ། ༀ་བཛྲ་ཝཱ་རཱ་ཧཱི་བུད་དྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ།
ཞེས་པས་ གཡོན་དུ ་བསྐོར་བ་རིགས་བཞི་མཁའ་འགྲོའི་ཐུགས་ཀར་ཧ་རི་ནི་སས་མཚན་པའོ། །རྡུལ་མཚོན་སྐབས། དངོས་གཞིའི་ཉིན་དང་པོ་དམ་ཡེ་བསྲེ་བ་ནི། ཛཿཧཱུྃ་བཾ་ཧོཿ སྟ་གོན་གྱི་ལྷ་ནམ་མཁར་གནས་པ་རྣམས་དམ་ཚིག་པ་ལ་ཐིམ་པར་གྱུར། སྒྲུབ་མཆོད་དཀྱུས་ལ་མི་དགོས་སོ། །རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་གྱི་འཁོར་ལོ་རྟེན་དང་བརྟེན་པར་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་གྱུར། རྡོ་རྗེ་བསྡུ་བའི་རྒྱས། བཛྲ་ས་མཱ་ཛཿཛཿ དབྱངས་དང་བཅས་པས། ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །གྲུབ་ཐོབ་བྱེ་བ་འབུམ་གྱི་དབུས། །སློབ་དཔོན་པདྨ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །སྤྱན་རས་གཟིགས་
དབང་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །མཁའ་འགྲོ་བྱེ་བ་འབུམ་གྱི་དབུས། །ཡུམ་གཅིག་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །དཔའ་བོའི་ཚོགས་བཅས་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །དག་པ་སྐུའི་གཞལ་ཡས་ནས། །ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །སངས་རྒྱས་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །མི་འགྱུར་ཐུགས་ཀྱི་གཞལ་ཡས་ནས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །རྡོ་རྗེ་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་གསུང་གི་གཞལ་ཡས་ནས། །སོར་རྟོག་ཡེ་ཤེས་ངོ་བོ་ཉིད། །པདྨ་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་
ཏུ་གསོལ། །ཡོན་ཏན་རྒྱས་པའི་གཞལ་ཡས་ནས། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །རིན་ཆེན་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཕྲིན་ལས་གྲུབ་པའི་གཞལ་ཡས་ནས། །བྱ་གྲུབ་ཡེ་ཤེས་ངོ་བོ་ཉིད། །ལས་ཀྱི་མཁའ་འགྲོ་གཤེགས་སུ་གསོལ། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་དུར་ཁྲོད་གཞལ་ཡས་ནས། །བསམ་གྱིས་མི་ཁྱབ་སྤྲུལ་པའི་ཚོགས། །འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཚོགས། །དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །ཞེས་རོལ་མོ་བྱ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །འགྲོ་བའི་དོན་དུ་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་
ཉིད་དུ་ནི་བཞུགས་སུ་གསོལ། །ༀ་པདྨ་ཀ་མ་ལཱ་ཡ་སྟྭཾ་སྭཱ་ཧཱ། ཞེས་བཞུགས་སུ་གསོལ། ༀ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་ཨརྒྷཾ༴ དྷཱུ་པེ༴ པུཥྤེ༴ ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་གྱུར། སླར་མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་འཁོར་ལོ་གསལ་བར་གྱུར། ལྷ་ལ་མངོན་པར་དབང་བསྐུར་དུ་གསོལ། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་དཔག་ཏུ་མེད་པས་སྤྱི་བོ་ནས་དབང་བསྐུར་བར་གྱུར། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་
གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། བུད་དྷ་ཨ་བྷི་ཥིཉྩ་ༀ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་ཞིང་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་བོ་ལ་སྣང་བ་མཐའ་ཡས། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད། ཕྱོགས་ཀྱི་ཡབ་ཡུམ་རྣམས་ལ་མི་བསྐྱོད་པ། རིན་ཆེན་འབྱུང་ལྡན། འོད་དཔག་མེད། དོན་ཡོད་གྲུབ་པ་རྣམས་ཀྱིས་དབུ་བརྒྱན་པའོ། །ཞེས་བརྗོད། པདྨ་དབང་གི་དཀྱིལ་འཁོར་དུ། །པདྨ་མཆོག་གི་སྐུ་སྤྲུལ་པ། །གདུག་པ་འདུལ་མཛད་ཐོད་ཕྲེང་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཧྲཱིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་
སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་ཤེས་རླུང་གི་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་སྙོམས་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་ལོ། །དགྱེས་པར་རོལ་པས་འཛབ་བསྟོད་མཆོད་པ་བཞེས། །དབང་དང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་སྐུ། །འཆི་མེད་ཚེ་དབང་མགོན་པོ་འོད་དཔག་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་གསུང་
ལས་སྤྲུལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མི་དམིགས་དོན་གྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་པས་ཕྱག་འཚལ། མཆོད་བཞི་བསྟོད་བཞི་ནི། མཆོད་རྫས་ལ་བདུད་རྩི་གཏོར་ནས་བྱིན་གྱིས་བརླབས་པ་ནི། ༀ་ཧྲཱིཿཔདྨཱནྟ་ཀྲྀ་སོགས་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པར་གྱུར། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། བདུག་སྤོས། མེ་ཏོག མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་དྭངས་ཤིང་ཐོགས་པ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱས་པར་འགེངས་ཤིང་འཕྲོ་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ༀ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དྷཱུ་པེ༴ པུཥྤེ༴ ནས། ཤབྡའི་བར་དང་། དེ་ནས་ཕྱིའི་མཆོད་པ་འབུལ་བ་ནི། རྒྱལ་བའི་
སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ཉོན་མོངས་བག་ཆགས་སྦྱང་སླད་དུ། །སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་དམ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །སངས་རྒྱས་ཞིང་དུ་སྤོས་དྲི་ངད་ལྡན་པས། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ༀ་ཨཱཿསོགས་སྔགས་ཐོག་མཐའ་འགྲེ་བའི། བཛྲ་དྷཱུ་པེ༴ དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་མཉེས་བྱེད་པའི། །ལྷ་རྫས་དབྱིབས་ལེགས་མེ་ཏོག་དམ་པ་འདི། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །གཞལ་ཡས་ཁང་དུ་སྤྲིན་བཞིན་གཏིབས་གྱུར་ཅིག །པུཥྤེ་སོགས། ཉོན་མོངས་དུག་སྲེག་མ་རིག་མུན་སེལ་བའི། །ཤེས་རབ་གཟི་ལྡན་དཔལ་གྱི་སྒྲོན་མེ་འདི། །སྤྲིན་མེད་མཁའ་ལ་ཉི་ཤར་ཇི་
བཞིན་དུ། །འོད་ཟེར་སྣང་བས་ཕྱོགས་བཅུར་གསལ་གྱུར་ཅིག །ཨཱ་ལོ་ཀེ་སོགས། སྟོང་གསུམ་ཀུན་ཏུ་དྲི་དང་ངད་ལྡན་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་རྒྱལ་བའི་ཁྲུས། །ཡེ་ཤེས་སྤྲིན་ཕུང་མཁའ་ལ་ཐུགས་རྗེའི་ཆར་རྒྱུན་གྱིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །གནྡྷེ་སོགས། རྒྱལ་བའི་སྐུ་ལ་བཀྲེས་པ་མི་མངའ་ཡང་། །འགྲོ་བའི་དོན་དུ་ལྷ་རྫས་བདུད་རྩིའི་བཤོས། །དག་ཅིང་གཙང་མར་བཤམས་ཏེ་འབུལ་ལགས་ན། །བསོད་ནམས་ཞིང་གྱུར་རྣམས་ཀྱིས་བཞེས་སུ་གསོལ། །ནཻ་ཝིདྱ་སོགས། དྲིལ་ཆེན་སིལ་སྙན་རྣམ་གྲོལ་ཚངས་པའི་དབྱངས། །བསམ་དག་ངག་གིས་བསྟོད་དེ་གུས་མཆོད་འབུལ། །ས་བཅུ་རིམ་གྱིས་བགྲོད་ནས་སངས་རྒྱས་སར། །ཚོགས་གཉིས་རྫོགས་ནས་ཆོས་ཀྱི་རྒྱལ་པོར་ཤོག །ཤབྡ་སོགས། རོལ་མོ་བྱ། ཧཱུྃ། དུས་གསུམ་བདེ་གཤེགས་ཡུམ་གཅིག་མ། །ཐུགས་རྗེའི་མངའ་བདག་འགྲོ་ལ་གཟིགས། །གསང་བ་ཡེ་ཤེས་
མཁའ་འགྲོ་མ། །སྐུ་མདོག་དམར་མོ་དབང་གི་ཚུལ། །ཚད་མེད་རྣམས་བཞིས་འགྲོ་དོན་མཛད། །རྣམ་རྟོག་རྩད་གཅོད་གྲི་གུག་གཡས། །འཁོར་བ་དབང་སྡུད་ཐོད་ཁྲག་གཡོན། །སྐྱེ་འཆི་རྩད་གཅོད་རལ་གྲི་གཡས། །དུག་གསུམ་རྩད་གཅོད་ཁ་ཊཱཾ་གཡོན། །ཐབས་དང་ཤེས་རབ་བརྐྱང་བསྐུམ་བཞུགས། །འདོད་ཡོན་རང་དག་རུས་པས་བརྒྱན། །གཞོན་ནུའི་ཆ་ལུགས་ཅུང་ཟད་ཁྲོ། །ཐུགས་རྗེས་ཆགས་པས་དབང་དུ་སྡུད། །ནམ་མཐོང་དྲན་པས་ཡེ་ཤེས་སྐྱེ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནོར་དང་བསོད་ནམས་དངོས་གྲུབ་སྩོལ། །པདྨ་རིགས་ཀྱི་མཁའ་འགྲོ་མ། །ཆགས་པ་དབང་སྡུད་དངོས་གྲུབ་སྩོལ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ། །མཁའ་གསང་ཡེ་ཤེས་མཁའ་འགྲོ་མ། །
ཆོས་དབྱིངས་ལྷུན་གྲུབ་དངོས་གྲུབ་སྩོལ། །མ་ཧཱ་མུ་དྲའི་དངོས་གྲུབ་སྩོལ། །རོལ་མོ་བྱ། ནང་གི་མཆོད་པ་འབུལ་བ་ནི། ཧཱུྃ། དུག་ལྔ་རྣམ་པར་དག་པ་ཡི། །རིགས་ལྔ་དང་ནི་ཡེ་ཤེས་ལྔ། །ཤ་ཆེན་ལྔ་ཡི་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །འབྱུང་བ་ལྔ་པོ་རྣམ་དག་པ། །མཱ་མ་ཀཱི་ལ་སོགས་པ་ཡི། །རིགས་ཀྱི་ཡུམ་ཆེན་འབྱུང་བ་ལྔ། །ཤེས་རབ་དྲི་མེད་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ཐབས་དང་ཤེས་རབ་གཉིས་མེད་ཅིང་། །ཟུང་འཇུག་བདེ་བ་ཆེན་པོ་ཡི། ཁ་དོག་ཡིད་འོང་རེག་བྱར་ལྡན། །ཟག་མེད་བདེ་ཆེན་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །དབང་བཞི་བསྐུར་དང་རྒྱུད་བཞི་སྨིན། །ཐུན་མོང་མཆོག་གི་དངོས་གྲུབ་སྩོལ། །ཞེས་རོལ་མོ་བྱ། ཧཱུྃ། ཐུགས་ཀྱི་ལྷ་མཆོག་རྟ་མགྲིན་དབང་གི་རྒྱལ། །སྐུ་མདོག་དམར་ནག་དྲེགས་པ་དབང་དུ་
སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་གྱི་འཛུམ་ཚུལ་ཐུགས་རྗེས་ཀུན་ལ་སྙོམས། །མཆེ་བཞི་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད། །དབུ་གཙུག་རྟ་མགོ་གཞན་གྱིས་འགྲན་དུ་མེད། །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད། །དབང་སྡུད་ཕྱག་རྒྱས་སྐྱེ་འགྲོ་ཟིལ་གྱིས་གནོན། །པདྨའི་ཕྱག་མཚན་འཁོར་བའི་སྐྱོན་དང་བྲལ། །རིན་ཆེན་རྒྱན་ཆ་འདོད་ཡོན་མ་སྤངས་དག །ཞབས་གཉིས་བརྐྱང་བསྐུམ་ཡེ་ཤེས་སེམས་དཔའི་ཚུལ། །དབང་ཆེན་རྟ་མཆོག་སྐུ་ལ་ཕྱག་འཚལ་ལོ། །སྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །བསྡུ་བ་རྣམ་བཞིས་འཇིག་རྟེན་དབང་དུ་སྡུད། །འཇིག་རྟེན་ཟིལ་གནོན་ཕྲིན་ལས་དངོས་གྲུབ་སྩོལ། །རོལ་མོ་བྱ། གསང་བའི་མཆོད་པ་འབུལ་བ་ནི། ཧཱུྃ། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ཡབ་ཡུམ་བཅུ་ཡི་སྦྱོར་བ་ལས། །ཟག་མེད་བདེ་བ་ཆེན་པོ་ཡི། །ཡེ་
ཤེས་བདུད་རྩིའི་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །པདྨ་རང་བྱུང་མེ་ཏོག་ལ། །རཀྟ་རང་བྱུང་བདེ་བའི་གནས། །ཤ་ཆེན་གསུར་དང་བདུག་སྤོས་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ལྷན་སྐྱེས་བདེ་བ་ཆེན་པོ་ཡི། །དགའ་བ་བཞི་དང་བདེ་བ་བརྒྱད། །ཟག་མེད་ཉམས་ཀྱིས་བརྒྱན་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །ལོངས་སྤྱོད་རྫོགས་པའི་དཀྱིལ་འཁོར་དུ། །དཔའ་བོའི་ཚོགས་བཅས་རྣལ་འབྱོར་མ། །གཉིས་མེད་བདེ་ཆེན་རོལ་པ་ལས། །ལོངས་སྤྱོད་རྫོགས་པའི་མཆོད་པ་རྣམས། །དཀྱིལ་འཁོར་ལྷ་ཡིས་བཞེས་སུ་གསོལ། །དབང་བཞི་བསྐུར་དང་རྒྱུད་བཞི་སྨིན། །གསང་བ་བླ་མེད་དངོས་གྲུབ་སྩོལ། །ཞེས་རོལ་མོ་བྱ། འགྲོ་བ་ཀུན་ལ་ཐུགས་རྗེས་མཉམ་པར་གཟིགས། །ཉི་མའི་འོད་ཟེར་སྐུ་ལ་ཕྱག་འཚལ་བསྟོད། །ཆགས་རབ་དོན་གྱི་འགྲོ་བ་
དབང་དུ་སྡུད། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྔགས་ཀྱི་ལས་མཛད་མཛེས་པ་མཁའ་འགྲོའི་ཚུལ། །རྒྱ་མཚོ་གླིང་གི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ལས་ཀྱི་བཀའ་སྡོད་བྱིན་རླབས་ཐོགས་མེད་འབེབས། །རྡོ་རྗེ་ཕྲ་མེན་སྐུ་ལ་ཕྱག་འཚལ་བསྟོད། །བསྟན་པའི་རུ་འཛིན་གདུག་པའི་དགྲ་འདུལ་མ། །མཁའ་འགྲོ་བདུད་འདུལ་སྐུ་ལ་ཕྱག་འཚལ་བསྟོད། །རྣལ་འབྱོར་འཁོར་སྐྱོང་བྱིན་རླབས་ཆར་ལྟར་འབེབས། །མཁའ་འགྲོ་ཞི་བའི་སྐུ་ལ་ཕྱག་འཚལ་བསྟོད། །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །རིགས་བཞི་མཁའ་འགྲོ་ལ་སོགས་པའི། །ཕྱི་ནང་མཁའ་འགྲོ་རྒྱ་མཚོ་ལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །རོལ་མོ་བྱ། ཆོས་སྐུ་སྐྱེ་འགག་མེད་པ་ལ། །རང་བྱུང་ཡེ་ཤེས་མཆོད་པར་འབུལ། །དུས་གསུམ་སྐྱེ་འགག་མེད་པ་ལ། །སྣང་བ་སྣ་ཚོགས་མཆོད་པར་འབུལ། །ཕྱག་རྒྱ་ཆེན་པོའི་དངོས་
གྲུབ་སྩོལ། །ཐབས་དང་ཤེས་རབ་དབྱེར་མེད་ཅིང་། །ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེ། །ཟག་མེད་བདེ་ཆེན་མཆོད་པར་འབུལ། །དབང་བཞི་རྫོགས་པའི་དངོས་གྲུབ་སྩོལ། །དབྱིངས་དང་ཡེ་ཤེས་རོ་མཉམ་ཞིང་། །འགག་མེད་ཡེ་ཤེས་ལྔ་དང་ལྡན། །ཀུན་མཁྱེན་ཡེ་ཤེས་མཆོད་པར་འབུལ། །ངོ་བོ་ཉིད་ཀྱི་དངོས་གྲུབ་སྩོལ། །ཞེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་ཞིང་རོལ་མོ་བྱའོ། །ཧཱུྃ། མི་འགྱུར་ཐུགས་ཀྱིས་བདུད་བཅོམ་རྡོ་རྗེའི་རིགས། །རྡོ་རྗེ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །རེ་སྐོང་བདུད་རྩིའི་ཆར་འབེབས་རིན་ཆེན་རིགས། །རིན་ཆེན་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །ཆགས་པ་ཐམས་ཅད་དབང་སྡུད་པདྨའི་རིགས། །པདྨ་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །དོན་གྲུབ་གདུག་པ་འདུལ་མཛད་ལས་ཀྱི་རིགས། །ལས་ཀྱི་མཁའ་འགྲོའི་སྐུ་ལ་ཕྱག་འཚལ་བསྟོད། །གདུག་པ་འདུལ་མཛད་རྡོ་རྗེའི་རིགས་སུ་སྤྲུལ། །རྡོ་རྗེ་གིང་ཆེན་སྐུ་ལ་ཕྱག་
འཚལ་བསྟོད། །འདོད་པའི་དངོས་གྲུབ་འབྱུང་བར་བྱེད་པ་ཡི། །རིན་ཆེན་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ཆགས་རབ་དོན་གྱིས་འགྲོ་བ་དབང་དུ་སྡུད། །པདྨའི་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ལས་ཀྱི་མཐའ་ཡིས་བསྟན་པའི་རུ་དྲ་འདུལ། །ལས་ཀྱི་གིང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ལོན་པ་པདྨ་འབྱུང་གནས་ཀྱིས། །བདག་དང་མོས་པའི་གང་ཟག་ལ། །བྱིན་རླབས་ཆུ་བོའི་རྒྱུན་བཞིན་ཕོབ། །རོལ་མོ་བྱ། གཡོན་པའི་སྲིན་མཛུབ་ཀྱིས་བདུད་རྩི་བླངས་ནས་ནམ་མཁར་མཆོད་ཅིང་། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ ་ༀ་ཨཱཿཧཱུྃ། ལོངས་སྐུ་ཐུགས་རྗེ་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུྃ། སྤྲུལ་སྐུ་པདྨ་འབྱུང་གནས་ཞལ་དུༀ་ཨཱཿཧཱུྃ། མ་ཅིག་གྲུབ་པའི་རྒྱལ་མོའི་ཞལ་དུ་ༀ་ཨཱཿཧཱུྃ། ཏེ་པུ་པ་དྲི་མེད་བཤེས་གཉེན་ཞལ་དུ་ༀ་ཨཱཿཧཱུྃ། རས་ཆུང་རྡོ་རྗེ་གྲགས་པའི་ཞལ་དུ་ༀ་ཨཱཿཧཱུྃ། བླ་མ་ཟངས་རི་རས་པའི་ཞལ་དུ་ༀ་ཨཱཿཧཱུྃ། འགྲོ་
མགོན་རས་པ་ཆེན་པོའི་ཞལ་དུ་ༀ་ཨཱཿཧཱུྃ། རྒྱལ་སྲས་སྤོམ་བྲག་པའི་ཞལ་དུ་ༀ་ཨཱཿཧཱུྃ། གྲུབ་ཆེན་ཀརྨ་པཀྴིའི་ཞལ་དུ་ༀ་ཨཱཿཧཱུྃ། གཉན་རས་དགེ་འདུན་འབུམ་གྱི་ཞལ་དུ་ༀ་ཨཱཿཧཱུྃ། ཆོས་རྗེ་རང་བྱུང་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། མཁས་བཙུན་རིན་ཆེན་རྒྱལ་མཚན་ཞལ་དུ་ༀ་ཨཱཿཧཱུྃ། མཾ་ག་ལ་ཀེ་ཏུའི་ཞལ་དུ་ༀ་ཨཱཿཧཱུྃ། རིན་ཆེན་བཟང་པོའི་ཞལ་དུ་ༀ་ཨཱཿཧཱུྃ། ཀུན་མཁྱེན་མཐོང་བ་དོན་ལྡན་ཞལ་དུ་ༀ་ཨཱཿཧཱུྃ། བྱང་སེམས་དཔལ་འབྱོར་དོན་གྲུབ་ཞལ་དུ་ༀ་ཨཱཿཧཱུྃ། རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཞལ་དུ་ༀ་ཨཱཿཧཱུྃ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར་ཞལ་དུ་ༀ་ཨཱཿཧཱུྃ། མཚུངས་མེད་མི་བསྐྱོད་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། རྒྱལ་བ་དཀོན་མཆོག་ཡན་ལག་ཞལ་དུ་ༀ་ཨཱཿཧཱུྃ། རྗེ་བཙུན་དབང་ཕྱུག་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། གར་དབང་ཆོས་ཀྱི་དབང་ཕྱུག་ཞལ་དུ་ༀ་ཨཱཿཧཱུྃ། རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། དཔལ་ལྡན་ཡེ་ཤེས་སྙིང་པོའི་
ཞལ་དུ་ༀ་ཨཱཿཧཱུྃ། མཚུངས་མེད་ཡེ་ཤེས་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཞལ་དུ་ༀ་ཨཱཿཧཱུྃ། རྒྱལ་དབང་བྱང་ཆུབ་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། སི་ཏུ་ཆོས་ཀྱི་འབྱུང་གནས་ཞལ་དུ་ༀ་ཨཱཿཧཱུྃ། རྗེ་བཙུན་བདུད་འདུལ་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། མི་ཕམ་ཆོས་གྲུབ་རྒྱ་མཚོའི་ཞལ་དུ་ༀ་ཨཱཿཧཱུྃ། པདྨ་ཉིན་བྱེད་དབང་པོའི་ཞལ་དུ་ༀ་ཨཱཿཧཱུྃ། ཐེག་པ་མཆོག་གི་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། རྗེ་བཙུན་བློ་གྲོས་མཐའ་ཡས་ཞལ་དུ་ༀ་ཨཱཿཧཱུྃ། ཀུན་བཟང་མཁའ་ཁྱབ་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། པདྨ་དབང་མཆོག་རྒྱལ་པོའི་ཞལ་དུ་ༀ་ཨཱཿཧཱུྃ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ཞལ་དུ་ༀ་ཨཱཿཧཱུྃ། རང་བྱུང་རིག་པའི་རྡོ་རྗེའི་ཞལ་དུ་ༀ་ཨཱཿཧཱུྃ། དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་ༀ་ཨཱཿཧཱུྃ། ཞེས་ལྷ་ལྔའི་བརྒྱུད་རིམ་མམ། ཡང་ན། འཇིག་རྟེན་དབང་ཕྱུག་ཞལ་དུ་ༀ་ཨཱཿཧཱུྃ། པདྨ་བཛྲ་ཞལ་དུ་ༀ་ཨཱཿཧཱུྃ། ཛ་ལནྡྷ་རའི་ཞལ་དུ་ༀ་ཨཱཿཧཱུྃ། མཻ་ཏྲི་པའི་ཞལ་དུ་ༀ་ཨཱཿཧཱུྃ། བཛྲ་པཱ་ཎིའི་ཞལ་དུ་ༀ་
ཨཱཿཧཱུྃ། བྷ་དནྟ་སུ་མ་ཀཱིརྟཱིའི་ཞལ་དུ་ༀ་ཨཱཿཧཱུྃ། རས་ཆུང་རྡོ་རྗེ་གྲགས་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། རྗེ་བཙུན་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། །བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ། །རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས། །སྤྱན་རས་གཟིགས་བཞི་རིགས་ཀྱི་ཡུམ་བཞི་མཆོད། །རིགས་བཞི་མཁའ་འགྲོ་དཔའ་བོ་རྒྱ་མཚོ་དང་། །དཔའ་མོ་རྒྱ་མཚོ་གྲུབ་པ་བརྙེས་པ་རྣམས། །དམ་ཅན་རྒྱ་མཚོ་བདུད་རྩིའི་རྒྱུན་འབུལ་གྱི། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བདུད་རྩི་འབུལ་ཞིང་། སྙིང་པོ་ནི། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཞེས་དང་། ཡི་གེ་བཅུ་པའི་མཐར། ༀ་བཛྲ་ཝཱ་རཱ་ཧཱི། བུད་དྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། ཡུམ་གྱི་སྙིང་པོ་དང་། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཧཱུྃ་ཛཿ ཞེས་དཔའ་བོ་མཁའ་འགྲོ་ཡོངས་ཀྱི་སྙིང་པོ་རྣམས་མང་ཉུང་ཅི་རིགས་
བཟླའོ། །དེ་ནས་སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་པ་ནི། ལས་བུམ་གྱི་ཆུས་ཁྲུས་བྱ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གི་ཁྲུས་གསོལ་ལོ། །ༀ་སརྦ་ཏ་ཐཱ་ག་ཨ་ཏ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བར་ཆད་བསལ་བའི་དོན་དུ་སྔོན་འགྲོ་གཏོར་མ་ལ་བདུད་རྩིས་བསངས་ཞིང་། ༀ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་རང་རང་གི་སྤྱོད་ཡུལ་དུ་གྱུར་པའི་སྣོད་རྣམས་སུ། ༀ་ཨཱཿཧཱུྃ་ལས་བྱུང་བ། ལྷ་རྫས་ལས་གྲུབ་པའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ༀ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། སྐད་ཅིག་གིས་རང་ཉིད་དཔལ་རྟ་མཆོག་ཧེ་རུ་ཀར་གསལ་བར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་
བཀའ་བདེན་པ་དང་། སངས་རྒྱས་ཀྱིི་བཀའ་བདེན་པ་དང་། ཆོས་ཀྱིི་བཀའ་བདེན་པ་དང་། དགེ་འདུན་གྱིི་བཀའ་བདེན་པ་དང་། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིི་བཀའ་བདེན་པ་དང་། དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ་བདེན་པའི་མཐུས། གདོན་བགེགས་འབྱུང་པོའི་ཚོགས་རྣམས་སྐད་ཅིག་ཉིད་ལ་འདིར་མཆིས་པར་གྱུར་ཅིག །ཊཀྐི་ཧཱུྃ་ཛཿ སོ་སོའི་ཕྱག་རྒྱས། ༀ་བཛྲ་ཨརྒྷཾ༴ དྷཱུ་པེ༴ པུཥྤེ༴ ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱའི་བར་དང་། རྡོར་ཐལ་ཁ་ཕྱེ་བས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ། སྥ་ར་ཎ་ཡི་མཾ་ག་ག་ན་ཁཾ། གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ། གང་དག་དཀྱིལ་འཁོར་བསྒྲུབ་པ་ལ། །མངོན་པར་དགའ་བ་གང་ཡིན་རྣམས། །ལེགས་བཤམས་མཆོད་པ་གཏོར་མ་དག །བཞེས་ནས་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །
དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །གང་དག་དཀྱིལ་འཁོར་གྱི་བྱ་བ་མཐོང་བ་དང་ཐོས་པར་མི་དབང་བའི་བགེགས་དེ་དག་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ལ་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོས་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །རོལ་མོ་མཚམས་རྔམ་དང་བཅས། ༀ་
ཧྲཱིཿཔདྨཱནྟ་སོགས་དང་། ༀ་སུམྦྷ་ནི་སོགས་བརྗོད་ལ། ལས་བུམ་གྱི་ཆུས་བསངས་པའི་གདོང་གཡོགས་དམར་པོ། ༀ་ཙཀྵུརྦནྡྷ་ཝ་ར་མཱ་ན་ཡ་ཧཱུྃ། ཞེས་པས་བཅིངས། ༀ་ཨཱཿཁཾ་ཝཱི་ར་ཧཱུྃ། གིས་མེ་ཏོག་གི་ཕྲེང་བ་བྱིན། མཎྜལ་དང་མེ་ཏོག་སྟ་གོན་བྱས་ལ། མཚུངས་མེད་དཔལ་ལྡན་བླ་མ་རིན་པོ་ཆེ་དང་། བཅོམ་ལྡན་འདས་དཔལ་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་དབྱེར་མེད་པའི་དྲུང་དུ། དབང་བཞི་ཡོངས་སུ་རྫོགས་པར་ཞུ་བའི་དོན་དུ་མཎྜལ་འབུལ་བའི་ཐོག་མར་ཡི་གེ་བརྒྱ་པ་གསུང་འཚལ། མཎྜལ་ཕྱི་ཞིང་། ༀ་བཛྲ་ས ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས ཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ུཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿ ཞེས་ཡིག་བརྒྱ་བརྗོད། ༀ་བཛྲ་བྷཱུ་མི་ཨཱ༔ཧཱུྃ། ཤིན་ཏུ་རྣམ་པར་དག་ཅིང་ཚད་མེད་པའི་རྡོ་རྗེའི་
ས་གཞིའོ། །མེ་ཏོག་དང་བཅས་པའི་ལག་པས་མཐའ་བསྐོར་ཞིང་། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། རྡོ་རྗེའི་རིའི་འཁོར་ཡུག་ཆེན་པོའོ། །དབུས་སུ་མེ་ཏོག་སྤུངས་ལ། ༀ་ཧཾ་མ་ཧཱ་མེ་ར་ཝེ་ན་མཿ ལྷུན་པོའི་རྒྱལ་པོ་རི་བོ་མཆོག་རབ། ཤར་དུ། ༀ་ཡཾ་པཱུརྦ་བི་དེ་ཧཱ་ཡ་ན་མཿ ལུས་འཕགས་པོའི་གླིང་། ལྷོར། ༀ་རཾ་ཛཾ་བུ་དྭཱི་པཱ་ཡ་ན་མཿ འཛམ་བུའི་གླིང་། ནུབ་ཏུ། ༀ་ལཾ་ཨ་པ་ར་གོ་དཱ་ཡ་ན་མཿ བ་ལང་སྤྱོད་ཀྱི་གླིང་། བྱང་དུ། ༀ་ཝཾ་ཨུཏྟ་ར་ཀུ་ར་ཝེ་ན་མཿ སྒྲ་མི་སྙན་གྱི་གླིང་། ཤར་གྱི་གཡས། ༀ་ཡཾ་ཨུ་པ་དྭཱི་པཱ་ཡ་ན་མཿ ལུས་ཀྱི་གླིང་། ཤར་གྱི་གཡོན། ༀ་ཡཾ་ཨུ་པ་དྭཱི་པཱ་ཡ་ན་མཿ ལུས་འཕགས་ཀྱི་གླིང་། ལྷོའི་གཡས། ༀ་རཾ་ཨུ་པ་དྭཱི་པཱ་ཡ་ན་མཿ རྔ་ཡབ་ཀྱི་གླིང་། ལྷོའི་གཡོན། ༀ་རཾ་ཨུ་པ་དྭཱི་པ་ཡ་ན་མ། རྔ་ཡབ་གཞན་གྱི་གླིང་། ནུབ་ཀྱི་གཡས། ༀ་ལཾ་ཨུ་པ་དྭཱི་པཱ་ཡ་ན་མཿ གཡོ་ལྡན་གྱི་གླིང་། ནུབ་ཀྱི་གཡོན། ༀ་ལཾ་ཨུ་པ་དྭཱི་པཱ་ཡ་ན་མཿ ལམ་མཆོག་འགྲོའི་གླིང་། བྱང་གི་གཡས། ༀ་ཝཾ་
ཨུ་པ་དྭཱི་པཱ་ཡ་ན་མཿ སྒྲ་མི་སྙན་གྱི་གླིང་། བྱང་གི་གཡོན། ༀ་ཝཾ་ཨུ་པ་དྭཱི་པཱ་ཡ་ན་མཿ སྒྲ་མི་སྙན་གྱི་ཟླའི་གླིང་། བྱང་ཤར། ༀ་ཙནྡྲཱ་ཡ་ན་མཿ ཐབས་ཀྱི་ཟླ་བ། ལྷོ་ནུབ། ༀ་སཱུརྻ་ཡ་ན་མཿ ཤེས་རབ་ཀྱི་ཉི་མའོ། །གཞན་ཡང་རབ་འབྱམས་མཆོད་པའི་སྤྲིན་རྒྱ་མཚོས་ཀུན་ནས་ཀུན་ཏུ་རྒྱས་པར་གང་བའི་རྡོ་རྗེའི་མཎྜལ་ཆེན་པོའོ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་ལྷ་ཚོགས་འཁོར་དང་བཅས། །དུས་གསུམ་བདེ་གཤེགས་མ་ལུས་ལ། །གླིང་བཞི་རི་རབ་བཅས་པ་དང་། །གླི་བཞི་བྱེ་བ་ཕྲག་བརྒྱ་དང་། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ནི། །མོས་བློས་གོང་མ་རྣམས་ལ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །གུ་རུ་ཨི་དཾ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་འབུལ། བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་
རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་དམ་པ་འདིར། །མགོན་པོས་བདག་ནི་འཇུག་པར་མཛད་དུ་གསོལ། །ལན་གསུམ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །གཙོ་བོར་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུགས་པར་འཚལ། །ཞེས་གསོལ་བ་བཏབ། སློབ་དཔོན་གྱིས་དཀྱིལ་འཁོར་དུ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་བཞུགས་པར་བགྱི། །ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ནང་དུ་གནས་པས། ལྷ་ཚོགས་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་བར་དམིགས་ལ་ཕྱག་མཛོད་ཅིག ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཐལ་མོ་སྤྱི་བོར་སྦྱར་ནས། ན་མཿཏེ་ཧཱུྃ། མགྲིན་པར། ན་མཱཿམི་ཧཱུྃ། སྙིང་ཁར། ན་མོ་ན་མཿཧཱུྃ། སྒོ་དེ་ཉིད་ནས་ཐོན་
ཏེ་དཀྱིལ་འཁོར་གྱི་ཕྱིར་གཡས་སྐོར་གྱིས་སོང་ནས། ལྷོའི་སྒོ་ནང་དུ་གནས་པས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་མཛོད་ཅིག །ༀ་མ་ཎི་པདྨེ་ཧཱུྃ། ན་མཿཏེ་ཧཱུྃ། ན་མཱཿམི་ཧཱུྃ། ན་མོ་ན་མཿཧཱུྃ། སླར་སྒོ་དེ་ཉིད་ནས་ཐོན་ཏེ་དཀྱིལ་འཁོར་གྱི་ཕྱིར་གཡས་སྐོར་གྱིས་སོང་ནས། ནུབ་ཀྱི་སྒོ་ནང་དུ་གནས་པས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་མཛོད་ཅིག །ༀ་མ་ཎི་པདྨེ་ཧཱུྃ། ན་མཿཏེ་ཧཱུྃ། ན་མཱཿམི་ཧཱུྃ། ན་མོ་ན་མཿཧཱུྃ། སླར་སྒོ་དེ་ཉིད་ནས་ཐོན་ཏེ་དཀྱིལ་འཁོར་གྱི་ཕྱིར་གཡས་སྐོར་གྱིས་སོང་ནས། བྱང་གི་སྒོ་ནང་དུ་གནས་པས་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་མཛོད་ཅིག །ༀ་མ་ཎི་པདྨེ་ཧཱུྃ། ན་མཿཏེ་ཧཱུྃ། ན་མཱཿམི་ཧཱུྃ། ན་མོ་ན་མཿཧཱུྃ། སླར་ཤར་གྱི་སྒོ་ནང་དུ་གནས་པས། དཀྱིལ་འཁོར་གྱི་ལྷའི་དྲུང་དུ་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་བླངས་ནས་བསྲུང་སྙམ་པ་མཛོད་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་
ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་
པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཀུན་ནས་སོ་སོར་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ། དེ་ནས། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་
སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲ་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་སྒོམས་ཤིག །རྡོ་རྗེ་དང་བཅས་པའི་ཐལ་མོ་དྲིའི་ཆུ་དང་བཅས་པས་སྤྱི་བོ། མགྲིན་པ། སྙིང་གར་རེག་ཅིང་། དེའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར། དེ་ནས་སྔགས་ཀྱི་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར། ཡི་དམ་ལྷའི་ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རེ་སྒོམས་ཤིག །སྙིང་གར་རྡོ་རྗེ་བཞག །ༀ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ད་ཡཱ་མི། སུ་ར་ཏེ་ས་མ་ཡ སྟྭཾ་ཧོཿ སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་དམ་ཚིག་བསྒྲག་པ་ལས། དང་པོ་དཀྱིལ་འཁོར་ལྷའི་དམ་ཚིག་ནི། སྤྱི་བོར་རྡོ་རྗེ་བཞག །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །ང་ཡིས་ཡེ་ཤེས་རྡོ་རྗེ་
སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་གིས་འདི་འདྲ་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག །བག་མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །བདུད་རྩི་ལྔའི་ཆུ་བླུད་ཅིང་། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ༀ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཧཱུྃ། དེ་ནས་རྡོ་རྗེ་སློབ་དཔོན་གྱི་བཀའ་ཉན་པའི་དམ་ཚིག་བསྒྲག་པ་ནི། སྤྱི་བོར་རྡོ་རྗེ་བཞག །དེང་འདི་ནས་ནི་བུ་ཁྱོད་ཀྱིས། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡིས་ཇི་ལྟར་བཀའ་སྩལ་པ། ཁྱོད་ཀྱིས་སྐྱོ་བ་མེད་པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེ་བཞིན་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའོ། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ནས། ཁྱེད་
རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་པའི་ལུས་ཀྱི་ནང་སྟོང་ཞིང་གསལ་བའི་ལྟེ་བར་པདྨ་འདབ་བཞིའི་སྟེང་དུ། གཡུང་དྲུང་དམར་པོ་ གཡོན་དུ ་འཁྱིལ་བ་རེ། དེའི་སྟེང་དུ་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕོག་ཅིང་། འོད་ཟེར་ཚུར་འདུས་ནས་ལྟེ་བའི་ཧྲཱིཿལ་ཐིམ་པས། ལུས་སེམས་ཐམས་ཅད་བདེ་བ་ཆེན་པོས་ཁྱབ་པར་སྒོམས་ཤིག །ཇོ་བོ་ཐུགས་རྗེ་ཆེན་པོ་བསྐལ་པ་བཟང་པོའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སློབ་དཔོན་པདྨ་གྲུབ་ཐོབ་བརྒྱུད་པའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། དཔལ་རྟ་མགྲིན་དཔའ་བོ་རྒྱ་མཚོའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། དམ་ཅན་
ཆོས་སྐྱོང་བའི་སྲུང་མ་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡི་དམ། མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཆར་བབ་པ་ལྟར་བྱོན་ནས། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གུ་གུལ་གྱིས་བདུག །རོལ་མོ་དང་བཅས་པས། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་བཛྲ་ཝཱ་རཱ་ཧཱི། བུད་དྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཨཿཨཿ ཞེས་ཡེ་ཤེས་པ་མ་ཕེབས་ཀྱི་བར་དུ་བརྗོད་ལ། ཕེབས་ནས་ངོ་སྤྲོད་པའི་ཕྱིར། རྡོ་རྗེའི་གླུ་བླང་བ་ནི། ལྟོས་ཤིག་རང་གི་སེམས་ལ་ལྟོས། །སེམས་ཉིད་ཅིར་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ནས་སེམས་སུ་འདུས། །སེམས་ཅན་ཀུན་གྱི་སེམས་ཉིད་དེ། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང་། །མོས་པ་དུ་མའི་
སེམས་ཅན་ལ། །ཐབས་རྣམས་སྣ་ཚོགས་སྟོན་པ་སྟེ། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡིན། །བླ་མ་བརྒྱུད་པའི་རིམ་པ་ནི། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །སྤྱི་བོར་རྡོ་རྗེ་བཞག་ལ། ༀ་ཏིཥྛ་བཛྲ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་དུ་དོར་ཞིང་། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་གང་ལ་སྦྱངས་པའི་ལྷ། །གང་ཡིན་དེ་ལ་ཕོག་པར་ཤོག །པྲ་ཏཱིཙྪ་བཛྲ་ཧོཿ སླར་མེ་ཏོག་བླངས་ནས་རིགས་གང་ཡིན་པའི་སྤྱན་རས་གཟིགས་མེ་ཏོག་དང་དབྱེར་མེད་པར་སྤྱི་བོར་ཐིམ་པར་བསམས་ལ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་གྱིས། །པྲ་ཏཱི་གྲིཧྞ་ཨི་
མཾ་བ་ལ་མ་ཧཱ་སཏྭ། ཁྱོད་གཙོ་བོ་འཇིག་རྟེན་དབང་ཕྱུག་གི་རིགས་ཡིན་པས་དཔལ་དགྱེས་པའི་པདྨ་ཞེས་བྱའོ། །མིག་དར་བསལ་བ་ནི། སྤྱན་རས་གཟིགས་དབང་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ༀ་ཛྙཱ་ན་ཙཀྵུ་བི་ཤོ་དྷ་ཡ་སྭཱ་ཧཱ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་ལ། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །དཀྱིལ་འཁོར་སྙིང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །ཐམས་ཅད་འདི་ལས་འབྱུང་བས་ན། །དམ་ཚིག་ཐམས་ཅད་སྤྱོད་པ་དང་། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་བྲིས་པ་འདི་དཔེ་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་
རྫོགས་པའི་གཞལ་མེད་ཁང་པ་ན། རིགས་ལྔའི་སྤྱན་རས་གཟིགས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་འདི་ལྟ་བུ་བསྒོམས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་པས། བསྐྱེད་པའི་རིམ་པ་བསྒོམ་པ་ལ་བརྩོན་པར་གྱིས་ཤིག །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ལ། བུམ་པའི་དབང་གི་དོན་དུ། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་
མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲ་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་བཞུགས་པར་གྱུར་པ་ལ། བུམ་པའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་རྣམས་ཀྱིས་བུམ་པའི་དབང་བསྐུར་བའི་མོས་པ་མཛོད་ཅིག །བུམ་པ་སྤྱི་བོར་བཞག །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་ཀྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །རྒྱལ་སྲས་རྣམས་ལ་བསྐུར་བ་ལྟར། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །སྐུ་མཆོག་བུམ་པའི་དབང་འདི་ཡོངས་རྫོགས་ཤོག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་བུད་དྷ་ཨ་
བྷི་ཥིཉྩ་ༀ། བུམ་ཆུས་བཀྲུས་ཤིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷའི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། དེ་ལྟར་རྣམ་པར་སྣང་མཛད་ཀྱི་ངོ་བོ་བུམ་པའི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་དབྱིངས་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་རྡོ་རྗེའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར་བས། རྡོ་རྗེ་འདི་དང་ཐ་དད་མེད་པར། ཐུགས་རྡོ་རྗེ་མི་བསྐྱོད་པའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །རྡོ་རྗེ་ལག་གཡས་སུ་བྱིན་ལ། མི་བསྐྱོད་རྒྱལ་པོ་རིགས་ཀྱི་གཙོ། །ཞེ་སྡང་རྣམ་དག་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་
བསྐུར་བར་བྱ། །མེ་ལོང་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཐུགས་མཆོག་རྡོ་རྗེའི་དབང་འདི་ཡོངས་རྫོགས་ཤོག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་བཛྲ་ས་ཏྭ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་མི་བསྐྱོད་པའི་ངོ་བོ་རྡོ་རྗེའི་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་གསུང་མཆོག་གླེགས་བམ་གྱི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་གླེགས་བམ་གྱི་དབང་བསྐུར་བས་གླེགས་བམ་འདི་དང་ཐ་དད་མེད་པར་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་ལ་ཐིམ་པས་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཡི་གེ་དྲུག་པའི་གླེགས་བམ་ལག་ཏུ་གཏད་ལ། པདྨ་དབང་གི་དཀྱིལ་འཁོར་དུ། །
འདོད་ཆགས་རྣམ་པར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་གསུང་མཆོག་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སོར་རྟོག་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །གསུང་མཆོག་གླེགས་བམ་དབང་འདི་ཡོངས་རྫོགས་ཤོག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ལྟར་འོད་དཔག་མེད་ཀྱི་ངོ་བོ་གླེགས་བམ་གྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོགས་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དབུ་རྒྱན་གྱི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དབུ་རྒྱན་གྱི་དབང་བསྐུར་བས། དབུ་རྒྱན་འདི་དང་ཐ་དད་མེད་པར་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་ལ་ཐིམ་པས་རང་བྱུང་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛོད་ཅིག །
དབུ་རྒྱན་དང་། ཅོད་པན་རིན་པོ་ཆེའི་ཕྲེང་བ་མགོ་བོར་བཅིངས་ལ། རིན་ཆེན་མཆོག་གི་དཀྱིལ་འཁོར་དུ། །ང་རྒྱལ་རྣམ་པར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཡོན་ཏན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །མཉམ་ཉིད་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཡོན་ཏན་དབུ་རྒྱན་དབང་འདི་ཡོངས་རྫོགས་ཤོག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾཿ དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དྲིལ་བུའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དྲིལ་བུའི་དབང་བསྐུར་བས། དྲིལ་བུ་འདི་དང་ཐ་དད་མེད་པར་དོན་ཡོད་གྲུབ་པའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ལ་
ཐིམ་པས་ཕྲིན་ལས་རྣམ་བཞིའི་དབང་ཐོབ་པའི་མོས་པ་མཛོད་ཅིག །དྲིལ་བུ་ལག་ གཡོན་དུ ་བྱིན་ལ། ཕྲིན་ལས་ཡོངས་རྫོགས་དཀྱིལ་འཁོར་དུ། །ཕྲག་དོག་རང་སར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །བྱ་གྲུབ་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཕྲིན་ལས་དྲིལ་བུའི་དབང་འདི་ཡོངས་རྫོགས་ཤོག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ༀ་ཀརྨ་ཨ་བྷི་ཥིཉྩ་ཨཿ དེ་ལྟར་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་མིང་གི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེའི་མིང་གི་དབང་བསྐུར་བའི་མོས་པ་མཛོད། རྡོ་རྗེ་དྲིལ་བུ་མགོ་ཐོག་ཏུ་བཞག་ལ། སངས་རྒྱས་རྣམས་ཀྱི་མིང་གི་
དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་སྒྲུབ་ཕྱིར། །མིང་གི་དབང་མཆོག་ཆེན་པོ་སྦྱིན། །ཀྱེ་དཔལ་དགྱེས་པའི་པདྨོ་ཞེས་བྱ་བའོ། །རྡོ་རྗེའི་བརྟུལ་ཞུགས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་རིགས་དྲུག་པ་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་བརྟུལ་ཞུགས་བྱིན་པར་མོས་ཤིག །ཅེས་རྡོ་རྗེ་ལག་ཏུ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ༀ་ན་མཿསརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་སྟྭཾ། ཨེ་ཥ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། དེ་ལྟར་རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ལ་བུམ་པའི་དབང་བསྐུར་བས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་འགྱུར། ཡེ་ཤེས་ལྔ་ཡི་སྤྱན་རས་གཟིགས་སྒོམ་པ་ལ་དབང་བ་ཡིན་ནོ། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ལ། གསང་བའི་དབང་གི་དོན་དུ། པདྨ་དབང་གི་དཀྱིལ་
འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་སྩལ་དུ་གསོལ། །ཀཱ་པ་ལའི་བདུད་རྩི་དང་བྱང་སེམས་དཀར་དམར་སྦྱར་བ་མགྲིན་པར་གཏུགས་ལ། སློབ་དཔོན་བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་སྤྱན་རས་གཟིགས་དང་། ཡུམ་བཞི། སེམས་དཔའ་བརྒྱད་སོགས་སུ་རྣམ་པར་དག་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དང་། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་ལས་བདུད་རྩི་བྱང་སེམས་ཀྱི་དབང་བསྐུར་བ་ནི། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང་། །སངས་རྒྱས་རྣམས་ཀྱིས་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །གསང་མཆོག་ཐོད་པའི་དབང་འདི་ཡོངས་རྫོགས་ཤོག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་
མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཧཱུྃ་ཛཿཨ་བྷི་ཥིཉྩ་ཏུ་མཾ། ཞེས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་སློབ་མའི་ལྕེ་ལ་བཞག་ཅིང་། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ངག་ལ་གསང་བའི་དབང་བསྐུར་བས། ངག་གི་སྒྲིབ་པ་དག་ནས། རླུང་རྡོ་རྗེའི་བཟླས་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཅེས་གསོལ་བ་བཏབ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དམར་པོའི་
ཕྲེང་བ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲ་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། སིནྡྷཱ་རའི་དཀྱིལ་འཁོར་སྐད་ཅིག་གིས་ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་མོ་སྤྱི་གཙུག་ཏུ་ཕྱུང་བ། རྩ་བའི་ཁྲོ་ཞལ་སྤྱན་གསུམ་པ། མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཐོད་པ་རློན་པ་ལྔ་བཅུས་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་འཛིན་པར་གྱུར་བའི་རིག་མ་སྦྱིན་པ་ནི། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་
བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །ཞེས་སློབ་མ་ལ་བྱིན་པ་ན། དེས་ཀྱང་གུར་གུམ་ལ་སོགས་པས་དྲི་ཞིམ་པར་བྱས་ཤིང་། ལུས་གོས་དང་བྲལ་བའི་ཆུ་སྐྱེས་སློབ་མ་ལ་མངོན་སུམ་དུ་བྱས་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོཿ དེ་ནས་ཡབ་ཡུམ་ལྷའི་གཟུགས་ཀྱིས་རྡོ་རྗེ་དང་པདྨ། ཧཱུྃ་དང་ཨཱཿལས་སྐྱེས་པའི་ནོར་བུ་དང་། ཟེའུ་འབྲུ་དག་ༀ་དང་ཨཱཿལས་བྱུང་བ་ རྡོ་རྗེའི་ཁར་ཕཊ་སེར་པོས་མཚན་པར་གྱུར་པ། སངས་རྒྱས་ཀུན་གྱི་ཤེས་རབ་དབང་། །སངས་རྒྱས་ཀུན་གྱིས་རབ་བསྒྲུབས་པ། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཤེས་རབ་ཡེ་ཤེས་
དབང་འདི་ཡོངས་རྫོགས་ཤོག །ༀ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛཿཨ་བྷི་ཥིནྩ་ཏུ་མཾ། ཞེས་བརྗོད་ལ་སིནྡྷཱུ་ར་སྙིང་ཁར་བྱུགས། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་གཉིས་སུ་མེད་པ་ལས། དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ལྟར་ཆོས་ཀྱི་འབྱུང་གནས་སིནྡྷཱུ་རའི་དཀྱིལ་འཁོར་ལ་བརྟེན་ནས། སེམས་ལ་ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བས། སེམས་ཀྱི་སྒྲིབ་པ་དག་ནས། བྱང་ཆུབ་སེམས་ཀྱི་གདམས་ངག་སྒོམ་པ་ལ་དབང་བ་ཡིན་ནོ། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། དབང་བཞི་པའི་དོན་དུ། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བླ་མའི་ཚིག་གིས་བརྡའ་སྤྲད་པར་བྱ་སྟེ། མེ་ལོང་ཡོངས་སུ་དག་པ་ལ་ཤར་བའི་རྡོ་རྗེ་འཆང་གི་གཟུགས་
བརྙན་ནི་གང་ལས་ཀྱང་མ་སྐྱེས། གནས་པའི་ཚེ་མེ་ལོང་གི་མདུན་རྒྱབ་བམ། རྡུལ་ཕྲ་རབ་དང་འདྲེས་པར་ཡང་མི་གནས། མི་སྣང་བར་གྱུར་པའི་ཚེ་གང་དུའང་བཞུད་པ་མི་དམིགས་ལ། མི་དམིགས་བཞིན་དུ་རྡོ་རྗེ་འཆང་གི་གཟུགས་བརྙན་གསལ་བར་སྣང་བ་ལྟར། རང་གི་ལུས་ཡི་དམ་གྱི་ལྷའི་སྐུ་སྟོང་བཞིན་དུ་ཉེ་བར་སྣང་བ། དེ་བཞིན་གཤེགས་པའི་མཚན་དཔེའི་ཁྱད་པར་དུ་མ་ཅན་ཤིན་ཏུ་འོད་གསལ་བ་ལས། དེ་ཉིད་ཀྱི་ཚེ་ཡང་སྣང་བ་ཉིད་རང་བཞིན་མེད་པའོ། །དེ་བཞིན་དུ་བྲག་ཆ་འབྱུང་བའི་ཕྱོགས་སུ་གསུང་རབ་ཡན་ལག་བཅུ་གཉིས་སོགས་ཀྱི་ཚིགས་སུ་བཅད་པ་དང་། སྔགས་ཀྱི་སྒྲ་དང་། བསྟོད་པ་དང་། སྐུར་འདེབས་སོགས་བརྗོད་པ་ན། བྲག་ཅ་ལས་ཀྱང་དེ་ཉིད་གསལ་བར་བརྗོད་པ་འབྱུང་བ་ན། རང་བཞིན་མི་དམིགས་པ་ལྟར། རང་གིས་བརྗོད་པའི་སྒྲ་གྲགས་པ་ཉིད་ཀྱི་ཚེ་ནའང་རང་བཞིན་མེད་པར་སྟོང་བཞིན་དུ་ཨཱ་ལི་ཀཱ་
ལི་སོགས་སྟོང་པ་ཉིད་ཀྱི་རང་སྒྲ་འབྱུང་བ་སྟེ་མེད་སྣང་རོ་མཉམ་པའོ། །དེ་བཞིན་དུ་སྨིག་རྒྱུ་ཆུ་མེད་པ་ལ་རི་དྭགས་རྣམས་ཀྱིས་ཆུར་འདུ་ཤེས་ནས་བསྙེགས་མོད་ཀྱི། དེ་ལ་ནམ་ཡང་ཆུ་མི་རྙེད་དེ་ཉམ་ཉེས་པར་འགྱུར་ལ། སྨིག་རྒྱུར་ཤེས་པ་ན་དེ་ལ་བརྟེན་པའི་ཉོན་མོངས་པ་དང་། ཉམ་ཉེས་པ་མི་འབྱུང་བ་ལྟར། སེམས་རྣམ་པར་གཡོ་བའི་རྒྱུན། སྨིག་རྒྱུ་ལྟར་ཉེ་བར་སྣང་བ་ལ། བྱིས་པ་རྣམས་ཀྱི་ངོར། བདེ་སྡུག་འཁོར་འདས་སོགས་ཉེ་བར་དམིགས་ཏེ། སྤང་བླང་སོགས་མཚན་མ་ལ་སྤྱོད་པས་ངལ་བ་ཐོབ་པར་འགྱུར་ལ། རང་གི་སེམས་སྨིག་རྒྱུ་ལྟར་སྣང་བ་འདི་ནི་ངེས་པར་རང་བཞིན་མེད་པ་སྟེ། འཁྲུལ་གྲོལ་གྱི་མཚན་མ་རྣམས་རྣམ་པ་ཐམས་ཅད་དུ་མ་དམིགས་པ། ཡིན་མིན། ཡོད་མེད་སོགས་མཐའ་དང་བྲལ་བ་མཉམ་པ་ཉིད་ཆེན་པོའི་དབྱིངས། བདེ་བར་གཤེགས་པའི་ཐུགས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་གཞོམ་དུ་མེད་པ་ཉིད་དུ་བལྟ་བར་བྱའོ། །དེ་
ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་སྒོ་གསུམ་ལ་བཞི་པའི་དབང་བསྐུར་བས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ནས་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་བ་ཡིན་ནོ། །དབང་འདི་རྣམས་ཀྱི་དོན་ཡང་། པདྨ་ཟབ་པའི་རྒྱུད་ལས་གསུངས་པ། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པའོ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ངེས་ཤེས་བསྐྱེད་པ་བཞི་པ་ཡིན། །ལྷ་དང་སྔགས་དང་སྟོང་པ་ཉིད། །བདེ་སྟོང་འདྲེས་པར་སྒོམ་པ་དབང་། །ཐ་མལ་ལུས་ཀྱི་རྣམ་རྟོག་ནི། །དང་པོ་བུམ་པའི་དབང་གིས་བཅད། །རང་བཞིན་ལྷ་ཡི་རྣམ་པར་སྒོམ། །ཐ་མལ་ངག་གི་རྣམ་རྟོག་ནི། །གཉིས་པ་གསང་བའི་དབང་གིས་བཅད། །བཟླས་བརྗོད་རྒྱུན་དུ་བཟླས་པའོ། །ཐ་མལ་སེམས་ཀྱི་རྣམ་རྟོག་ནི། །གསུམ་པ་ཤེས་རབ་དབང་གིས་བཅད། །བདེ་དང་སྟོང་པའི་དོན་དྲན་བྱ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། །བཞི་
པ་ཡེ་ཤེས་དབང་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ་ལ། རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ། གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་འགྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུའོ། །ཞེས་སློབ་མའི་ལག་པ་གཡས་སུ་གཏད། དེ་ནི་རྡོ་རྗེའི་དམ་ཚིག་གོ །དྲིལ་བུ་སྟོང་པའི་ངང་ལས། ཨཱཿལས་སྐྱེས་པའི་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང་། ། གཡོན་དུ ་གཏད། སློབ་མས་ཀྱང་། སྲིད་པ་ངོ་བོ་ཉིད་
ཀྱི་བདག །ངོ་བོ་ཉིད་ཀྱང་འགལ་སྲིད་བྱེད། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ། དེ་ནི་དྲིལ་བུའི་དམ་ཚིག་གོ །ཁྱེད་རང་རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སུ་གསལ་བ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་གྱིས་བརླབ་པ། འཁྱུད་པའི་ཚུལ་གྱིས། ཡིད་ཀྱི་ལུས་བརྟན་བརྟུལ་ཞུགས་ནི། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟེན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་བརྗོད། དེ་ནི་ཕྱག་རྒྱའི་དམ་ཚིག་གོ །སློབ་མ་བདག་ཉིད་ཀྱི་ཞལ་དུ་ཞུགས་ཤིང་། སྐུ་ཡི་དབྱིབས་བརྒྱུད་དེ། ལྷ་མོའི་པདྨར་གནས་པ། སྟོང་པའི་ངང་ལས་ཧཱུྃ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་། རིག་པའི་ལྷ་མོ་རྣམས་ལ་
རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་པར་བྱ་བ། ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ༴ དྷཱུ་པེ༴ པུཥྤེ༴ སོགས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པ་ལས་དེ་བཞིན་གཤེགས་པ་ཤེས་རབ་དང་སྙོམས་པར་ཞུགས་པས། དེ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་སྣང་གི་སྒོ་ནས་ནང་དུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བས་དབང་བསྐུར་ནས། སླར་པདྨ་ནས་ཕྱུང་སྟེ་གྲལ་དུ་གནས་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པས། བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་བ་ཕྱག་གིས་ཅུང་ཟད་ཡོ་བར་འཛིན་པས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་དབང་བསྐུར་བཞིན་པ་
དང་། རྣམ་རྒྱལ་གྱི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བར་གྱུར་པ་ནི། བུམ་པ་ཁ་རྒྱན་རྡོ་རྗེ་དང་བཅས་པས་སློབ་མའི་སྤྱི་བོར་རེག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡི་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ། ཞེས་དབང་བསྐུར་བས། བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་གྱུར་པའི་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་ཅིང་། དེ་བཞིན་གཤེགས་པ་གཞན་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་པར་གྱུར། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མེ་ཏོག་ལ་སོགས་པ་མདུན་དུ་བཤམས་ནས། ༀ་བཛྲ་པུཥྤེ་དྷཱུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝིདྱ་པྲ་ཏཱིཙྪ་སྭཱ་ཧཱ། འདི་ལྟ་བུ་གོ་བར་བྱ་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །དེ་
ལས་གཞལ་ཡས་ཀྱི་ཁང་པ་ནི། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་སོགས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་སོགས་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དོན་དམ་པར་ནི་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱང་རང་བཞིན་མེད་པའི་བདག་ཉིད་དེ་བཞིན་ཉིད་ཁོ་ནའི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དེ་ཉིད་བཅུ་ལ་སོགས་པའི་སློབ་དཔོན་གྱི་ལས་ཀྱི་རིམ་པ་ཇི་སྙེད་པ་དང་། འདའ་བར་བྱ་བ་མ་ཡིན་པའི་ངོ་བོའི་དམ་ཚིག་དང་། བྱ་བ་དང་བྱ་བ་མ་ཡིན་པའི་བདག་ཉིད་ཅན་གྱི་སྡོམ་པ་རྣམས་ཤེས་པས་དེ་ཁོ་ན་ཉིད་བཞིན་དུ་མྱུར་དུ་བསྒྲུབ་པར་བྱ་ཞིང་། གཞན་དག་ཀྱང་གཞུག་པར་གྱིས་ཤིག །རྡོ་རྗེ་དྲིལ་བུ་གཏད་ལ། རྡོ་རྗེ་
དང་ནི་དྲིལ་བུ་ལོངས། །རྡོ་རྗེ་ལ་ནི་རབ་ཏུ་གནས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རིགས་ལྔའི་རྗེས་སུ་གནང་བ་ནི། ལག་ཏུ་འཁོར་ལོ་གཏད་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། ཁྱོད་ཀྱིས་སེམས་ཅན་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག །རྡོ་རྗེ་ལག་ཏུ་བྱིན་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། ཁྱོད་ཀྱིས་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་དོན་གྱིས་ཤིག །རིན་པོ་ཆེ་ལག་ཏུ་བྱིན་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། ཁྱོད་ཀྱིས་སེམས་ཅན་ང་རྒྱལ་ཅན་རྣམས་ཀྱི་དོན་གྱིས་ཤིག །པདྨ་ལག་ཏུ་བྱིན་ལ།
འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །པད་མའི་འཁོར་ལོ་རབ་ཏུ་བསྐོར། ཁྱོད་ཀྱིས་སེམས་ཅན་འདོད་ཆགས་ཅན་རྣམས་ཀྱི་དོན་གྱིས་ཤིག །སྣ་ཚོགས་རྡོ་རྗེ་ལག་ཏུ་བྱིན་ལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྒྱ་གྲམ་འཁོར་ལོ་བསྐོར་བར་གྱིས། ཁྱོད་ཀྱིས་སེམས་ཅན་ཕྲག་དོག་ཅན་རྣམས་ཀྱི་དོན་གྱིས་ཤིག །སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ནི། སྤྱི་བོར་སིནྡྷཱུ་རའི་ཐིག་ལེ་བྱས་ལ། ཁྱོད་རྣམས་ཀྱིས་དུས་ཐམས་ཅད་དུ་བླ་མ་རྡོ་རྗེ་འཛིན་པ་སྤྱི་བོར་བསྒོམ་པ་དང་། སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སྔགས་གཏད་པའི་དོན་དུ། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་སྟེར་བ་བདག་ལ་སྩོལ། །ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར་བ་ལས། སྔགས་ཀྱི་ཕྲེང་བ་འཕྲོས་པས་ཞལ་
ནས་བརྒྱུད་དེ་རང་གི་ཞལ་དུ་ཞུགས་ནས་སྙིང་གའི་ཧྲཱིཿལ་ཐིམ་པར་མོས་ལ་སྔགས་ཟློས་ཤིག །ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། དྷཱུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཧཱུྃ་ཛཿ ལན་གསུམ་བརྗོད་ནས། སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང་། བཅོམ་ལྡན་བདག་གི་སྦྱིན་ལགས་ཀྱི། །འདི་ལ་ཉེ་བར་མཛད་དུ་གསོལ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེང་ཕྱིན་ཆད་སྔགས་ཀྱི་བཟླས་པ་ལ་བརྩོན་པ་དང་། སངས་རྒྱས་རྣམས་ཀྱི་གསུང་གི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སྙིང་གར་སིནྡྷཱུ་ར་བྱུགས་ལ། དེང་ནས་བཟུང་སྟེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སློབ་དཔོན་སྤྲུལ་སྐུའི་ཆ་ལུགས་ལག་པ་གཡོན་དྲིལ་བུ་དང་བཅས་པ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན་པ་སྙིང་ཁར་བཟུང་བ་དང་། གཡས་རྡོ་རྗེ་དང་བཅས་པ་མི་འཇིགས་པའི་ཕྱག་རྒྱས། དེ་རིང་ངས་ཁྱོད་ལུང་བསྟན་
ཏེ། །འོད་དཔག་མེད་པ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཀྱེ་དཔལ་དགྱེས་པའི་པདྨོ་ཞེས་བྱའོ། །སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་སྟཱཾ་བྷུར་བྷུ་ཝ་སྭཿ མ་འོངས་པ་ན་རིགས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། གང་འདི་ལྟར་ལུང་བསྟན་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་ཡིན་སྟེ། སྙིགས་མའི་དུས་ཀྱི་སེམས་ཅན་གདུལ་དཀའ་བ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་གྱུར་པས་བདེ་བ་ཆེན་པོ་ལ་འགོད་པར་གསུངས་པའི་ཕྱིར་རོ། །དེས་ན་ཁྱོད་རྣམས་ཀྱིས་དེང་ཕྱིན་ཆད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་
བགྱི། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། དེང་ནས་བརྩམ་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་དག་ནི་སློབ་མ་ལ་དབང་བསྐུར་བའི་ཆོ་གའོ། །རྡོ་རྗེ་དྲིལ་བུ་འཛིན་པས། བདེན་སྟོབས་བརྗོད་པ་ནི། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་
ཤིག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བའི་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་གསལ་བས། །རྡོ་རྗེ་སྙེམས་པར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོང་གྱུར་ཅིག །ཅེས་བརྗོད། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་བཙལ་ནས། ཚོགས་ཀྱི་ཡོ་བྱད་ལ་བྱིན་རླབས་མཛད་པར་ཞུ། ཞེས་གསོལ་བ་བཏབ། ཚོགས་ཀྱི་ཡོ་བྱད་རྣམས་ལ་ནང་མཆོད་གཏོར་ཞིང་། ༀ་ཧྲཱིཿཔདྨཱནྟ་སོགས་དང་། ༀ་སྭ་བྷཱ་ཝ་སོགས་བསངས་སྦྱངས་ལ། སྟོང་པར་གྱུར། སྟོང་པའི་ངང་ལས། རང་གི་ཐུགས་ཀ་ནས། ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་དང་ཡཾ་ཡིག་གིས་མཚན་པ། དེའི་སྟེང་དུ་རཾ་སྤྲོས་པ་ལས་མེའི་དཀྱིལ་
འཁོར་དམར་པོ་འབར་བ་རཾ་གྱིས་མཚན་པ། དེ་ལ་ཀཾ་གསུམ་སྤྲོས་པ་ལས་ཐོད་པ་སྐམ་པོ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་སྤྲོས་པ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་སྟེ་ཤ་ལྔའོ། །རླུང་གཡོས་ཤིང་མེ་སྦར་བས་ཐོད་པ་དྲོས་རྫས་རྣམས་ཞུ་བ། ༀ་ཨཱཿཧཱུྃ། གསུང་གི་བདུད་རྩིའི་རང་བཞིན་ཁ་དོག་དམར་པོའོ། །ༀ་ཨཱཿཧཱུྃ། ཐུགས་ཀྱི་བདུད་རྩིའི་རང་བཞིན་ཁ་དོག་སྔོན་པོའོ། །ༀ་ཨཱཿཧཱུྃ། སྐུའི་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ་འོ་
མའི་རྒྱ་མཚོ་ལྟ་བུར་གྱུར། ཞེས་པས་བྱིན་གྱིས་བརླབས། ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི། རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་འབུལ་བའི་གནས་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་ཀྱི་བླ་མའི་ཞལ་དུ་ཁ་རཾ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མའི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་ལན་གསུམ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སློབ་དཔོན་པདྨ་དབང་གི་ལྷ། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །པདྨ་དབང་གི་དཀྱིལ་འཁོར་ནས། །མགོན་པོ་ཚེ་དབང་འོད་དཔག་མེད། །རྒྱལ་བ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཁའ་སྤྱོད་དག་པའི་
གཞལ་ཡས་ནས། །གསང་བ་ཡེ་ཤེས་ཌཱ་ཀི་མ། །མཁའ་འགྲོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མེ་དཔུང་འབར་བའི་དཀྱིལ་འཁོར་ནས། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དཔའ་བོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ས་བླ་ས་འོག་ས་སྟེང་གི །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕོ་ཉ་ལས་མཁན་མཛད་དུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རོལ་མོ་བྱ། ཚོགས་ཀྱི་ཕུད་གཏོར་མ་ལ་བྲན་ནས། ༀ་
ཧྲཱིཿཔདྨཱནྟ་སོགས། སྭ་བྷཱ་ཝ་སོགས། སྟོང་པར་གྱུར། སྟོང་པའི་ངང་ལས། རང་གི་ཐུགས་ཀ་ནས། ཡཾ་འཕྲོས་པ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་བ་དན་དང་ཡཾ་ཡིག་གིས་མཚན་པ། དེའི་སྟེང་དུ་རཾ་སྤྲོས་པ་ལས་མེའི་དཀྱིལ་འཁོར་དམར་པོ་འབར་བ་རཾ་གྱིས་མཚན་པ། དེ་ལ་ཀཾ་གསུམ་སྤྲོས་པ་ལས་ཐོད་པ་སྐམ་པོ་བུམ་རིལ་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་སྤྲོས་པ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲི་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། བྱང་དུ་མ་ལས་ཀླད་པ་སྟེ་བདུད་རྩི་ལྔ་དང་། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ་སྟེ་ཤ་ལྔའོ། །རླུང་གཡོས་ཤིང་མེ་སྦར་
བས་ཐོད་པ་དྲོས་རྫས་རྣམས་ཞུ་བ། ༀ་ཨཱཿཧཱུྃ། གསུང་གི་བདུད་རྩིའི་རང་བཞིན་ཁ་དོག་དམར་པོའོ། །ༀ་ཨཱཿཧཱུྃ། ཐུགས་ཀྱི་བདུད་རྩིའི་རང་བཞིན་ཁ་དོག་སྔོན་པོའོ། །ༀ་ཨཱཿཧཱུྃ། སྐུའི་བདུད་རྩིའི་རང་བཞིན་ཁ་དོག་དཀར་པོ་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། བར་སྔར་ལྟར་བྱིན་གྱིས་བརླབས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གྱི་ཕུང་པོ་ལྟ་བུར་བཞུགས་པར་གྱུར། རྡོར་ཐལ་ཁ་ཕྱེ་བས། ན་མོ་རཏྣ་གུ་རུ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མ་གཅིག་གྲུབ་པའི་རྒྱལ་མོ། ཏེ་པུ་པ་དྲི་མེད་བཤེས་གཉེན། རས་ཆུང་རྡོ་རྗེ་གྲགས་པ། བླ་མ་ཟངས་རི་རས་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། གཉན་རས་དགེ་འདུན་འབུམ། ཆོས་རྗེ་རང་བྱུང་རྡོ་རྗེ། མཁས་བཙུན་རིན་ཆེན་རྒྱལ་
མཚན། མཾ་ག་ལ་ཀེ་ཏུ། རིན་ཆེན་བཟང་པོ། ཀུན་མཁྱེན་མཐོང་བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ། མཚུངས་མེད་ཡེ་ཤེས་རྡོ་རྗེ། དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་དབང་བྱང་ཆུབ་རྡོ་རྗེ། སི་ཏུ་ཆོས་ཀྱི་འབྱུང་གནས། རྗེ་བཙུན་བདུད་འདུལ་རྡོ་རྗེ། མི་ཕམ་ཆོས་གྲུབ་རྒྱ་མཚོ། པདྨ་ཉིན་བྱེད་དབང་པོ། ཐེག་པ་མཆོག་གི་རྡོ་རྗེ། རྗེ་བཙུན་བློ་གྲོས་མཐའ་ཡས། ཀུན་བཟང་མཁའ་ཁྱབ་རྡོ་རྗེ། པདྨ་དབང་མཆོག་རྒྱལ་པོ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། རང་བྱུང་རིག་པའི་རྡོ་རྗེ། དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། བྱིན་གྱིས་རློབ་པར་མཛད་དུ་གསོལ། ཡང་ན།
འཇིག་རྟེན་དབང་ཕྱུག །པདྨ་བཛྲ། ཛ་ལནྡྷ་ར། མཻ་ཏྲི་པ། བཛྲ་པཱ་ཎི། བྷ་དནྟ་སུ་མ་ཏི་ཀིརྟི། རས་ཆུང་རྡོ་རྗེ་གྲགས་པ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ་ལོ། བྱིན་གྱིས་རློབ་པར་མཛད་དུ་གསོལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ༀ་བཛྲ་ཝཱ་རཱ་ཧཱི། བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ༀ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཧཱུྃ་ཛཿ ཨི་དཾ་བ་ལིཾ་ཏ་ཁཱ་ཧི། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ། རྡོ་རྗེ་ཕག་མོ། རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས། རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས། པདྨ་རིགས་ཀྱི་སྤྱན་རས་གཟིགས། ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས། སངས་རྒྱས་སྤྱན་མ། མཱ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ།
པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ་རྣམས་ཀྱི་ཞལ་དུ་འབུལ་ལོ། མཆོག་དང་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། ༀ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། ཏྲག་རཀྵ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཏཱིཀྵྞ་ཀཱ་ལི་དུན་བྷྱོ། ཨི་དཾ་བ་ལིཾ་ཏ་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ཧཱ་ཀཱ་ལ་བདུད་འདུལ་རྡོ་རྗེའི་དེད་དཔོན་འཇིག་བྱེད་ཆེན་པོ་བེར་ནག་ཅན། དྲེགས་པ་ཕོ་དགུ། མོ་དགུ། ཕྱོགས་སྐྱོང་བའི་མགོན་པོ་བཅུ། དྲེགས་པའི་གཙོ་བོ་བདུན་ཅུ་རྩ་གཉིས། ཡེ་ཤེས་ཀྱི་མགོན་པོའི་ཚོགས། ལས་ཀྱི་མགོན་པོའི་ཚོགས། འཇིག་རྟེན་གྱི་མགོན་པོའི་ཚོགས་རྣམས་དང་། དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་སྲུང་མ་དཔལ་ལྡན་མ། མ་མོ་བདུན། སྲིང་མོ་བཞི། འབར་མ་དགུ། དུས་བཞིའི་ལྷ་མོ། དམག་གི་རྒྱལ་མོ་བཞི། དབང་ཕྱུག་མ་ཉེར་བརྒྱད་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་བཀའ་བརྒྱུད་རིན་པོ་ཆེའི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་
པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ་འབུལ་ལོ། །བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་། བདག་གིས་ཕྲིན་ལས་རྣམ་པ་བཞི་འགྲུབ་པ་དང་། བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསལ་དུ་གསོལ། ཞེས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་འབུལ་ལོ། །ལས་ཀྱི་རྡོ་རྗེས་ལག་པ་གཡས་སུ་ཐབས་ཀྱི་རྫས་ཤ་ལྔ་སོགས། གཡོན་དུ ་ཤེས་རབ་ཀྱི་རྫས་ཆང་སྣ་ལྔ་སོགས་བཟུང་ལ། དང་པོར་སློབ་དཔོན་ལ། ཧཱུྃ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་གུས་པ་དང་བཅས་པས་དྲངས་ལ། སློབ་དཔོན་གྱིས་ཀྱང་པད་ཀོར་དང་བཅས་པས། ཧཱུྃ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བའི། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོཿསུ་ཁ། ཞེས་བླངས། གཞན་རྣམས་ལའང་དེ་བཞིན་དུ་ཚོགས་དྲངས་ཞིང་། ལུས་
ལྷ། ངག་སྔགས། སེམས་ཏིང་ངེ་འཛིན་དང་ལྡན་པས། ལུས་ཕུང་ཁམས་སྐྱེ་མཆེད་ལྷ་ཚོགས་སུ་གསལ་བ་ལ་བདུད་རྩིའི་མཆོད་པ་ཕུལ་བར་བསམས་ལ་ལོངས་སྤྱོད། ཕུད་དང་ལྷག་མ་ཕྱོགས་གཅིག་ཏུ་བསྡུས་པ་སློབ་དཔོན་གྱི་ཁ་བཤལ་བའི་ཆང་གིས་བྲན་ལ། ལས་ཀྱི་རྡོ་རྗེས་ཕྱག་བཙལ། ལྷག་མའི་གཏོར་མ་ལ་བྱིན་རླབས་མཛད་པར་ཞུ། ཞེས་གསོལ་བ་བཏབ། ཕུད་དང་ལྷག་མའི་གཏོར་མ་བཟང་ཤིང་རྒྱ་ཆེ་བར་གྱུར། ༀ་ཨཱཿཧཱུྃ། ཨུཙྪིཥྚ་བཛྲ་ཨ་ཧ་ཧ་ཧ་ཏྲེ་པ་ཏྲེ་པཾ། ཞེས་བྱིན་གྱིས་བརླབས། ཧཱུྃ། གཞན་ཡང་ལས་ཀྱི་མཁའ་འགྲོ་མ། །ཤིན་ཏུ་འཇིགས་པའི་ཀེང་རུས་གཟུགས། །ཡན་ལག་རུས་པའི་འཁོར་ལོས་བརྒྱན། །སྙིང་ཁྲག་རྔུབ་ཅིང་རྐན་སྒྲ་སྒྲོག །རྐང་མགྱོགས་བརྟུལ་ཞུགས་གདུག་རྩུབ་ཅན། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ། འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །སྲིན་པོའི་
གཟུགས་ལ་ཅེ་སྤྱང་གདོང་། །སྦྲུལ་ནག་ལྕེ་ལ་སྤྱན་མིག་གློག ཁ་རླངས་དུག་ལ་ང་རོ་འབྲུག །མི་ལྤགས་གཡབ་མོ་ཕྱོགས་བཅུར་རྡེབ། །རྒྱུ་ཞགས་འདོམ་དགུས་དགྲ་བོ་འཆིང་། ཁྲོས་པའི་སྨིན་ཕྲག་སེར་ཆེན་འབེབས། །བྱེ་བ་དུང་ཕྱུར་ས་མ་ཡ། །བ་སྤུ་མཚོན་ཆ་མེ་ལྟར་འབར། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ། ཤ་ཟའི་མཁའ་འགྲོ་ཡང་སྤྲུལ་ཚོགས། །ཡི་དྭགས་ལུས་ལ་དུར་བྱའི་གདོང་། །ཆུ་སྲིན་རྐན་ལ་ཐོད་པས་བརྒྱན། །ལུས་ལ་རྣག་ཁྲག་ཆུ་སེར་ལྷགས། །སྨྲེ་སྔགས་ཚིག་ལ་ངུ་འབོད་དབྱངས། །ཕྱི་ནས་འདྲེ་ཚུབ་སྤྲིན་བཞིན་ལྡང་། །བཀྲ་མི་ཤིས་ཤིང་རྗེས་ངན་གཏོང་། །རོ་ལངས་རྐང་པས་དུར་ཁྲོད་ཉུལ། །ཕུང་སྲི་ལག་པས་སྲོག་རྩ་གཅོད། །གཟའ་སྲིན་མིག་གིས་ཟླ་
ཚེས་བལྟ། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ། གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས། །ལས་ལ་མྱུར་ཞིང་བསྟན་པ་སྲུང་། །ཅེ་སྤྱང་མང་པོ་རོལ་དུ་ཁྲིད། །བུ་ཆུང་ལུས་ལ་བྱ་རོག་གདོང་། །བཤུགས་གླུའི་དབྱངས་ལ་སྨྲེ་སྔགས་ཚིག །རི་གསུམ་འགྲིམ་ཞིང་ལུང་གསུམ་སྐོར། །ཆུ་ལ་ཞོན་ནས་གྲིབ་སོ་འགྲིམ། །དཀྱིལ་འཁོར་མཐའ་མ་བསྐོར་ཞིང་ཉུལ། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ༀ་སརྦ་ཨུཙྪིཥྚ། བྷཱུ་ཏེ་བྷྱ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད། རོལ་མོ་དང་བཅས་པས་ཕྱི་རོལ་སྲང་མདོར་དོར། རྗེས་ཀྱི་བྱ་བ་ནི། སླར་མཆོད་པ་ཁ་གསོས་ལ། ༀ་
ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ༀ་སྭ་བྷཱ་ཝ་ཤུད་དྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་དྭངས་ཤིང་ཐོགས་པ་མེད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་སྙེད་རྒྱས་པར་འགེངས་ཤིང་འཕྲོ་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ལྟ་བུ་བསམ་གྱིས་མི་ཁྱབ་པ་རྣམས་སུ་གྱུར། ༀ་བཛྲ་ཨརྒྷཾ༴ དྷཱུ་པེ༴ པུཥྤེ༴ ནས། ཤབྡ་ཨཱཿཧཱུྃ། བར་གྱིས་བྱིན་བརླབས་ལ། ༀ། མཆོད་ཡོན་བདུག་སྤོས་མེ་ཏོག་སྣང་གསལ་དྲི། །ཞལ་ཟས་རོལ་མོ་ཤ་ལྔ་རིགས་ཀྱི་ཡུམ། །ཟག་མེད་བདེ་ཆེན་བདུད་རྩི་བདེ་བའི་གནས། །ཤ་ཆེན་གསུར་
དུད་ཞུན་མེ་དགའ་བདེ་རྒྱས། །སྣང་བ་སྣ་ཚོགས་ལྷན་སྐྱེས་ཡེ་ཤེས་བདེ། །རང་བྱུང་ཀུན་མཁྱེན་ཡེ་ཤེས་མཆོད་པའི་སྤྲིན། །མཆོད་པར་བཞེས་ལ་དངོས་གྲུབ་སྩལ་དུ་གསོལ། །ༀ་བཛྲ་ཨརྒྷཾ༴ དྷཱུ་པེ༴ པུཥྤེ༴ ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། སྒྲུབ་མཆོད་དཀྱུས་ལ་དེ་ཙམ་གྱིས་འཐུས་སོ། །རྡུལ་ཚོན་སྐབས་གྲོལ་ཉིན་གོང་གི་བྱིན་རླབས་འཕྲོས་སུ་ཅུང་ཟད་རྒྱས་པར། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། ཞེས་པ་ནས། ཤབྡའི་བར་གྱིས་མཆོད། གོང་ལྟར། ཧྲཱིཿ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་ཤེས་རླུང་གི་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར། །གཡས་པས་བགྲང་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །
ཞབས་གཉིས་འགྲོ་བའི་དོན་ལ་སྙོམས་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་ལོ། །དགྱེས་པར་རོལ་པས་འཛབ་བསྟོད་མཆོད་པ་བཞེས། །དབང་དང་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །གསུང་གི་དབང་ཕྱུག་སྣང་བ་མཐའ་ཡས་སྐུ། །འཆི་མེད་ཚེ་དབང་མགོན་པོ་འོད་དཔག་མེད། །དུས་གསུམ་སངས་རྒྱས་ཐམས་ཅད་གསུང་ལས་སྤྲུལ། །སྒྲུབ་མཆོག་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །མི་དམིགས་དོན་གྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་། ས་ཁམས་རང་བཞིན་གཏི་མུག་རྣམ་པར་དག །གཟུགས་ཕུང་གནས་གྱུར་ཆོས་དབྱིངས་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །རྣམ་པར་སྣང་མཛད་སྐུ་ལ་ཕྱག་འཚལ་བསྟོད། །ནམ་མཁའི་རང་བཞིན་ཞེ་སྡང་རྣམ་པར་དག །རྣམ་ཤེས་གནས་
གྱུར་མེ་ལོང་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །མི་བསྐྱོད་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །མེ་ཁམས་རང་བཞིན་ང་རྒྱལ་རྣམ་པར་དག །ཚོར་བ་གནས་གྱུར་མཉམ་ཉིད་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །རིན་ཆེན་འབྱུང་ལྡན་སྐུ་ལ་ཕྱག་འཚལ་བསྟོད། ཆུ་ཁམས་རང་བཞིན་འདོད་ཆགས་རྣམ་པར་དག །འདུ་ཤེས་གནས་གྱུར་སོར་རྟོག་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །འོད་དཔག་མེད་མགོན་སྐུ་ལ་ཕྱག་འཚལ་བསྟོད། །རླུང་ཁམས་རང་བཞིན་ཕྲག་དོག་རྣམ་པར་དག །འདུ་བྱེད་གནས་གྱུར་བྱ་གྲུབ་ཡེ་ཤེས་བདག །བདེ་གཤེགས་ཀུན་དངོས་མགོན་པོ་སྤྱན་རས་གཟིགས། །དོན་ཡོད་གྲུབ་པའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འཁོར་དང་བཅས་པས་
བདག་ཅག་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། དྲིལ་བུ་བསིལ་ཞིང་དཀྱིལ་འཁོར་ལན་གསུམ་བསྐོར་ཞིང་། ༀ་བཛྲ་ས ཏྭ་ས་མ་ཡ། སོགས་ཡིག་བརྒྱ་ལན་གསུམ་བརྗོད་ལ། ཤར་ཕྱོགས་སུ་དཀྱིལ་འཁོར་ལ་ཕྱོགས་པས་འདུག་སྟེ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །གང་ཡང་བདག་བློ་རྨོངས་གྱུར་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང་། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་བཟོད་པར་གསོལ་ལ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་
པ་ཐོབ་པར་ཤོག །ཀུན་གཞི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །བདག་ཅག་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་བསགས་པའི་དགེ་བའི་རྩ་བ་འདིས། དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་བསྡུས་པ་ཙམ་བྱེ་བ་ཕྲག་ཁྲིག་བསམ་གྱིས་མི་ཁྱབ་པ་བདག་ལ་ད་ལྟ་ཉིད་དུ་འབྱུང་ཞིང་། འགྲོ་དྲུག་གི་སེམས་ཅན་ཐམས་ཅད་སྐད་ཅིག་ལ་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགོད་པར་གྱུར་ཅིག །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཚད་མེད་ཐུགས་རྗེའི་ཕྲིན་ལས་ཀྱི། །རྩོད་དུས་བསྟན་པའི་སྙིགས་མ་འདིར། །སྤྱན་རས་གཟིགས་དབང་དཀྱིལ་འཁོར་དུ། །ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་བྱའོ། །ༀ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་
གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སེམས་ཅན་རྣམས་ཀྱི་དོན་སླད་དུ། །སླར་ཡང་འབྱོན་པར་མཛད་དུ་གསོལ། ༀ་ཨཱཿཧཱུྃ་ཧྲཱིཿ ༀ་མ་ཎི་པདྨེ་ཧཱུྃ། བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས་ལ། ༀ་ཨཱཿཧཱུྃ། དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ་པར་གྱུར། རྫོགས་རིམ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་འཁོར་འདས་ཐམས་ཅད་ལྷར་གསལ་བ་ལ་ཕོག །དེ་ཐམས་ཅད་འོད་དུ་ཞུ་སྟེ་བསྲུང་བའི་གུར་ཁང་ལ་ཐིམ། དེ་ཞུ་བ་ལས་རིམ་བཞིན་བདག་ཉིད་ལ་འདུས་ཏེ། བདག་ཉིད་ཐུགས་ཀའི་ཧྲཱིཿལ་ཐིམ། ཧྲཱིཿཡང་གོང་བུ་དང་ནཱ་དའི་གཟུགས་ལས་རྣམ་པར་འདས་ནས་རྣམ་པར་དག་པའི་རང་བཞིན་ནོ། །ཞེས་མཉམ་པར་བཞག །སླར་རང་ཉིད་ཞལ་གཅིག་ཕྱག་གཉིས་པའི་སྤྱན་རས་གཟིགས་སུ་གསལ་བར་གྱུར། དེའི་ང་རྒྱལ་གྱིས་སྤྱོད་ལམ་ཐམས་ཅད་བྱ་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་ཏེ། དྲིལ་བུ་དཀྲོལ་ཞིང་། ཨ་ཀཱ་རོ་སོགས་བརྗོད་ལ། ལག་པ་གཡས་པའི་རྡོ་རྗེའི་རྩེ་མོས་ཤར་
སྒོ་ནས་བཟུང་སྟེ། ཚངས་ཐིག་གི་སྟེང་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། རྡུལ་ཚོན་ཅུང་ཟད་རང་གི་མགོ་ལ་བཞག་ནས། སྒོ་དང་ཟུར་རྣམས་ཀྱང་རྡོ་རྗེའི་རྩེ་མོས་བཤིག་ནས་རྡུལ་ཚོན་བསྡུས་ལ། ཐིག་ལ་སོགས་པའི་མཚན་མ་རྣམས་མི་མངོན་པར་བྱས་ལ། བཀའ་བརྒྱུད་བླ་མས་ལེགས་བྱིན་པའི། །རྟག་ཏུ་ཡེ་ཤེས་ཐུགས་རྗེ་ཡིས། །གཟིགས་ཤིང་ཆོས་སྐུར་ངོ་སྤྲོད་པའི། །བྱིན་རླབས་མཆོག་གི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཡིས་ལེགས་བྱིན་པའི། །གསང་སྔགས་མཆོག་གི་ཆོ་ག་ལ། །ལུས་ངག་ཡིད་གསུམ་མཐུས་གྲུབ་པའི། །དངོས་གྲུབ་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་མཁའ་འགྲོས་ལེགས་བྱིན་པའི། །སེམས་ཉིད་འོད་གསལ་འདུས་མ་བྱས། །གཉིས་མེད་དཔེ་བྲལ་དོན་རྟོགས་པའི། །ཕྱག་རྒྱ་ཆེན་པོའི་བཀྲ་ཤིས་ཤོག །སངས་རྒྱས་མཁའ་འགྲོས་ལེགས་བྱིན་པའི། །ཆོས་རྣམས་རང་བཞིན་རང་གི་སེམས། །རྒྱུད་འདི་ཆོས་ཀྱིས་མ་བཅིངས་པའི། །ཆོས་ཀྱི་ཕྱག་རྒྱའི་བཀྲ་ཤིས་ཤོག །རིན་ཆེན་མཁའ་འགྲོས་ལེགས་བྱིན་པའི། །ཡོན་
ཏན་དཔག་ཏུ་མེད་པས་བརྒྱན། །ནད་དང་གདོན་ལས་ཐར་བ་ཡིས། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །པདྨ་མཁའ་འགྲོས་ལེགས་བྱིན་པའི། །ཐབས་དང་ཤེས་རབ་གཉིས་མེད་སྦྱོར། །བདེ་ཆེན་ཡེ་ཤེས་ཐབས་ཀྱི་མཆོག །གསང་བ་ཤེས་རབ་བཀྲ་ཤིས་ཤོག །ལས་ཀྱི་མཁའ་འགྲོས་ལེགས་བྱིན་པའི། །རྣལ་འབྱོར་དམ་ཚིག་ལྡན་པ་ལ། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་རྣམས་འགྲུབ་པའི་བཀྲ་ཤིས་ཤོག །ཞེས་དང་། ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། །དབྱེར་མེད་འཁོར་འདས་ཡོངས་སུ་རྫོགས། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །རྣམ་སྣང་ཡེ་ཤེས་གངས་ཅན་མཚོ། །མི་འཁྲུགས་རྒྱལ་པོ་ལ་སོགས་པའི། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །ལོངས་སྤྱོད་རྫོགས་པའི་བཀྲ་ཤིས་ཤོག །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །སྐལ་བཟང་སངས་རྒྱས་སྟོང་གི་དབུས། །རྣམ་འཕྲུལ་
བསམ་གྱིས་མི་ཁྱབ་པ། །སྤྲུལ་སྐུ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུམ་ལྷུན་གྲུབ་ཡོངས་རྫོགས་ཤིང་། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱི་ཐམས་ཅད་མཁྱེན། །སྐུ་བཞི་ཡོངས་རྫོགས་བཀྲ་ཤིས་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱི། །ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་འཇིག་རྟེན་བཀྲ་ཤིས་ཤོག །ཅེས་བརྗོད་དོ། །གྲོལ་ཉིན། མཆོད་སྦྱིན་གནས་འདིར་གང་ལྷག་པ། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་གནས་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། ཞེས་བསྔོ་སྨོན་མཐའ་རྒྱས་སུ་བྱའོ། །དགེ་དེས་སྒྲུབ་རྒྱུད་སྙིང་པོའི་རིངས་ལུགས་མཆོག །མི་ནུབ་བསྐལ་པའི་བར་དུ་རབ་
འཕེལ་ཞིང་། །མ་རྣམས་ཐེག་པ་མཆོག་གི་སྣོད་གྱུར་ཏེ། །བླ་མེད་བདེ་བ་ཆེན་པོའི་གནས་ཐོབ་ཤོག །ཅེས་ཀརྨ་པས་རྣམ་ཐོས་ཀྱི་རི་བོར་བྲིས་པ་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །སརྦ་མངྒ་ལཾ། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དགེའོ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།