Nitartha Digital Library
Tibetan
 
no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next

ཤོག་ལྷེབ་ ༡ ནས་ ༡༠༠ བར།


KMC011_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་བརྟག་པ་གཉིས་པའི་ཚིག་དོན་རྣམ་པར་འགྲེལ་པ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་ཞེས་བྱ་བ་བཞུགས་སོ། །


KMC011_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༈ ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་མཎྜལ་ལཱ་ཡ། གཉིས་སུ་མེད་པའི་ཡེ་ཤེས་དཔལ་ལྡན་དཀྱིལ་འཁོར་དབང་ཕྱུག་རྡོ་རྗེའི་བླ་མ་མཆོག་རྣམས་དང་། །སངས་རྒྱས་རིན་ཆེན་ཟ་མ་ཏོག་ལས་བདེ་ཆེན་སྤྲིན་འཕྲོ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །གང་འདུལ་སྣ་ཚོགས་སྒྱུ་མའི་གར་མཛད་བཀའ་བརྒྱུད་ནོར་བུའི་ཕྲེང་བ་ཚར་དུ་དངར་དེ་དག །རྒྱུ་མཚན་ཤེས་ནས་དད་པའི་སྤྱི་བོར་བྱང་ཆུབ་བར་དུ་མི་འཕྲོག་གུས་པས་བཅིང་བར་བགྱི། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོ་གསང་བ་དགྱེས་པའི་བྷ་ག་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་པ་བཅོམ་ལྡན་རྡོ་རྗེ་ཆེན་


KMC011_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ། །སྦྱོར་བ་སྤངས་ཀྱང་བདེ་ཆེན་ཆགས་པས་ཐུགས་རྒྱུད་གང་བ་རོལ་པའི་གར། །ཅིར་ཡང་སྒྱུར་ལས་སྲིད་པའི་དྲྭ་བ་རབ་ཏུ་གཅོད་པའི་བདེ་ཐོབ་མཛོད། །གནས་གསུམ་ཌཱ་ཀི་རྡོ་རྗེའི་ཆོས་སྲུང་གིས། །གནང་བའི་སྐབས་དབྱེ་གེགས་བྱེད་ཚར་ཆོད་ལ། །འདོད་དོན་མཐའ་རུ་ཕྱིན་པའི་ཐུགས་རྗེའི་ཤུགས། །ཐ་ཚིག་གཉན་ལ་དགོངས་ཏེ་རྩལ་སྤྲུགས་མཛོད། །མཐའ་དྲུག་ཚུལ་བཞིས་བཅིངས་པའི་རྡོ་རྗེའི་ཚིག །ཟབ་བརླིང་གཏིང་དཔག་དཀའ་བ་ནམ་མཁའ་བཞིན། །བྱིས་དང་རྟོག་གེའི་བློ་ཡིས་གང་བརྟགས་པ། །མཁའ་མཐའ་བྱེ་མ་ལེབས་ཀྱིས་གཞལ་དང་


KMC011_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། །ས་མཐར་ཕྱིན་ཀྱང་མངོན་ཤེས་མ་ཐོབ་བར། །གསང་བ་ཟབ་མོའི་རྒྱུད་དོན་རྟོགས་པར་དཀའ། །དེ་ཐོབ་རྣམས་ཀྱིས་རྟོགས་ནས་འགྲེལ་པ་ཡང་། །དེང་སང་འགྲོ་བློས་ཇི་བཞིན་ཤེས་མ་ནུས། །གཞན་དོན་ཡིད་ལ་བཞག་ནས་ཚུལ་བཞིན་དུ། །སྦྱངས་པ་མཐར་སོན་མཁས་པའི་སྐྱེ་བོ་ཡིས། །ཡུལ་དུས་དབང་བྱས་རྒྱས་བསྡུས་ཅི་རིགས་པས། །ཚུལ་དེ་སྐལ་བཟང་ཡོངས་ལ་གསལ་བར་མཛད། །འོན་ཀྱང་ད་ནི་བསྟན་པའི་མཐར་སོན་ཕྱིར། །བསོད་ནམས་བློ་གྲོས་དམན་པའི་གང་ཟག་མང་། །དེ་དག་ཟབ་ཆོས་དོན་དུ་མི་གཉེར་ཞིང་། །རྒྱས་དང་གོ་དཀའ་རྩྭ་བཞིན་འདོར་བས་ན། །ལུགས་སྲོལ་འདི་ཡང་ནམ་གཞུག་ཆུ་བྲན་བཞིན། །ལུང་རྒྱུན་ཙམ་ཡང་དབྱིངས་སུ་ཐིམ་ཉེ་བས། །མི་འཇིགས་སྤོབས་པའི་བློ་མཐུ་ལྡན་མིན་ཀྱང་། །དཀར་པོའི་རེ་བ་ཕྲ་མོ་འདོར་མ་བཟོད། །ཧེ་རུ་ཀ་དཔལ་མར་རྔོག་རྡོ་རྗེའི་གསུང་། །ཚིག་དོན་རེ་རེའི་གནས་ལ་ངེས་རྙེད་ཀྱང་། །ཟབ་གསང་སྒོ་བརྒྱ་འབྱེད་ནུས་བྱིན་རླབས་ཀྱི། །གཟི་བརྗིད་ལྡན་པས་བཤད་ཀྱང་ཙམ་པོ་མིན། །ཚིག་གི་མདུད་ཁྲོལ་དོན་གྱི་གསང་བ་རྙེད། །རིམ་གཉིས་རྩལ་ལྡན་ནང་


KMC011_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གི་ས་ལམ་བགྲོད། །སེམས་དཔའ་རྣམ་བཞིའི་རྒྱལ་ཐབས་ནོར་བུའི་མཛོད། །དབང་བྱེད་འདོད་རྣམས་བཤད་ཚུལ་འདིར་ཞུགས་ཤིག །དེ་ལ་འདིར་གང་བཤད་པར་བྱ་བའི་ཆོས་ནི། བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་ལེགས་པར་གསུངས་པའི་ཆོས་ཟབ་པ་དང་རྒྱ་ཆེ་བ་རྣམས་ཀྱི་མཆོག་གམ་ཕུལ་དུ་གྱུར་པ། གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞིར་གྲགས་པའི་རྩེ་མོ་རྣལ་འབྱོར་བླ་ན་མེད་པ། དེ་ལའང་ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་གསུམ་མམ། ཡང་ན་ཕ་མ་གཉིས་སུ་དབྱེ་བའི་ནང་ནས་གཉིས་སུ་མེད་པའི་རྒྱུད་དམ། མ་རྒྱུད་རིགས་དྲུག་གི་སྙིང་པོར་གྱུར་པ་དཔལ་དགྱེས་པ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ་ལེའུ་ཉི་ཤུ་རྩ་གཉིས་ཚིགས་སུ་བཅད་པ་བདུན་བརྒྱ་ལྔ་བཅུ་པོ་ནི་འདིར་འཆད་པར་བྱ་བ་ཡིན་ལ། དེ་ཉིད་གང་གིས་འཆད་ན། བཤད་པའི་རྒྱུད་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་དང་། ཆ་མཐུན་གྱི་རྒྱུད་ཐིག་ལེ་སྐོར་བཞི་ལ་སོགས་པ་དང་། འཕགས་པའི་ཡུལ་དུ་རྩ་བཤད་ཀྱི་རྒྱུད་འགྲེལ་སུམ་ཅུ་རྩ་ལྔ་ཙམ་བྱུང་བར་གྲགས་ཤིང་། བོད་དུ་ཤིང་རྟའི་སྲོལ་འབྱེད་ས་རྔོག་


KMC011_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་གྲགས་པའི་ནང་ནས། སྐབས་འདིར་སློབ་དཔོན་མཚོ་སྐྱེས་ཞབས་ཀྱི་ལུགས་སྲོལ་གཙོ་བོར་བཟུང་། མཁས་གྲུབ་གཞན་གྱིས་ལེགས་པར་བཤད་པ་དང་མཐུན་ལ། ཁྱད་པར་རྗེ་བཙུན་ནཱ་རོ་མཻ་ཏྲིའི་མན་ངག་གི་ངེས་པ་ལས་བྱུང་བ་དགྱེས་མཛད་མར་སྟོན་ཆེན་པོ་ཡབ་སྲས་དང་། རྒྱལ་བ་གཉིས་པ་ཀུན་མཁྱེན་རང་བྱུང་རྡོ་རྗེ་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་དོན་ལ་བརྟོན་པའི་དགོངས་འགྲེལ་ཁྱད་པར་དུ་འཕགས་པ་མཛད་པ་དེ་དག་ལ་བརྟེན་ནས་འཆད། ཇི་ལྟར་འཆད་པའི་ཚུལ་ལ། འགྲེལ་པ་ལུགས་དང་མན་ངག་ལུགས་གཉིས་སུ་གྲགས་པའི་དགོངས་པ་གཅིག་ཏུ་དྲིལ་ནས། སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་བཀའ་སྤྱི་དང་རང་གི་མཚན་ཉིད་ཀྱིས་རྒྱུད་འདི་གང་དུ་གཏོགས་ངོས་བཟུང་། མི་ཡུལ་དུ་གང་གིས་སྣང་བར་མཛད་ཅིང་བརྒྱུད་པའི་ཚུལ་སྨོས། རྒྱུད་ཀྱི་བརྗོད་བྱ་དང་། རྗོད་བྱེད་ཀྱི་དོན་བསྡུས་བཤད་ཐབས་བཅས་བསྟན། རྒྱུད་ཀྱི་ཚིག་དོན་རེ་རེ་བཞིན་རྣམ་པར་ཕྱེ་ནས་བཀྲོལ་བ་སྟེ། ཚུལ་ལམ་དོན་བཞིའི་སྒོ་ནས་འཆད། དེ་ལ་དང་པོ་གསུམ་དང་། ཚུལ་བཞི་པའི་སྤྱི་གནད་རྣམས་ཀྱང་སྤྱི་དོན་གྱིས་ཤེས་པར་


KMC011_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་དགོས་ལ། འདིར་རྒྱུད་བཤད་དངོས་ལ་འཇུག་པ་ལ་གསུམ། གདུལ་བྱ་དབང་པོ་རབ་ལ་མཚན་དོན་སྨོས་པ། འབྲིང་ལ་ཕུན་སུམ་ཚོགས་པའི་གླེང་གཞི་བསྟན་པ། ཐ་མ་ལ་རྒྱུད་དོན་མཐར་ཆགས་སུ་བཤད་པའོ། །དང་པོ་ལ་གསུམ། མཚན་དངོས། འགྱུར་གྱི་ཕྱགདེའི་དོན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔལ་ཀྱཻ་རྡོ་རྗེ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ། ཞེས་པ་སྟེ། འཕགས་ཡུལ་དུ་གྲགས་པའི་སྐད་རིགས་ཆེན་པོ་བཞི་ལས་མཆོག་ཏུ་གྱུར་པ་སཾསྐྲྀ་ཏའི་སྐད་དུ། ཤྲཱི་ཞེས་པ་བོད་སྐད་དུ་དཔལ། དེ་བཞིན་དུ། ཧེ་བཛྲ་ནི་ཀྱཻ་རྡོ་རྗེ། ནཱ་མ་ནི་ཞེས་བྱ་བ། ཏནྟྲ་ནི་རྒྱུད། རཱ་ཛ་ནི་རྒྱལ་པོའོ། །འདིར་འབྲོག་མིའི་འགྱུར་ལ་ཤྲཱི་མེད་པ་མང་ཞིང་། ཧེ་བོད་པ་གསལ་བྱེད་དུ་ངོས་བཟུང་ནས། ཀྱཻ་རྡོ་རྗེ་ཞེས་པར་བསྒྱུར་ཡང་། གཞན་ཕལ་མོ་ཆེར་ཤྲཱི་ཡོད་པ་དང་། ཧེ་ལ་རོལ་པའི་དོན་གྱི་ལ་ཡིག་ཕྱིས་ནས་བཛྲ་དང་བསྡུས་པ་རྗེ་མར་པ་དང་རང་བྱུང་བ་བཞེད་ཅིང་། དགྱེས་པ་རྡོ་རྗེའམ་རོལ་པའི་རྡོ་རྗེ་ཞེས་འདོན་པར་མཛད་པ་ཉིད། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། ཅེས་སོགས་དང་ཤིན་ཏུ་འབྱོར་


KMC011_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །གཉིས་པ་འགྱུར་གྱི་ཕྱག་ནི། ཀྱཻ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྟེ། སྤྱིར་འགྱུར་ཕྱག་ལ་རྒྱལ་པོའི་བཀས་བཅད་པའི་ཕྱག་དང་། ལོ་ཙཱ་བའི་རང་སྟོབས་ཀྱི་ཕྱག་གཉིས། སྔ་མ་ལ་སྡེ་སྣོད་སོ་སོ་དང་མཐུན་པ་གསུམ། ཕྱི་མ་ལ་གཞུང་གི་བརྗོད་བྱ་དང་བསྟུན་པ། ལོ་པཎ་གྱི་འདོད་ལྷ་དང་བསྟུན་པ། བརྗོད་བྱའི་ལྷ་དང་འདོད་པའི་ལྷ་གཉིས་ཀ་མཐུན་ནས་ཕྱག་འཚལ་བ་གསུམ་ལས་འདིར་ཕྱི་མ་སྟེ། ལོ་ཙཱ་བས་འགྱུར་བྱེད་པའི་སྔ་ལོགས་སུ་བཀོད་པའོ། །འདིས་ཆོས་ཁུངས་བཙུན་པ་དང་། ལོ་ཙཱ་བའི་དྲིན་དྲན་པ་དང་། ལེགས་པར་སྦྱར་བའི་སྐད་ལ་བག་ཆགས་འཇོག་པ་དང་། འགྱུར་མཐར་ཕྱིན་པའི་དགོས་པ་ཡོད་པར་བཤད་དོ། །གསུམ་པ་མཚན་དོན་ནི། ཤྲཱི་སྟེ་དཔལ་ནི་སྲིད་པ་དང་ཞི་བའི་དཔལ་དུ་གྱུར་པ་སྟེ་ཆོས་སྐུ་མེ་ལོང་ལྟ་བུའི་ཡེ་ཤེས་ཉིད་ཡིན་ལ། སྲིད་ཞི་གཉིས་སུ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ལ་དཔལ་དུ་བརྗོད་པ་སྟེ། ཇི་སྐད་དུ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་སོ། །ཡང་ཤྲཱི྅་བསྟེན་པ་ལའོ་ཞེས་པའི་བྱིངས་དོན་ལས་བསྟེན་པར་བྱ་བ་སྟེ། གཉིས་མེད་ཡེ་ཤེས་དེ་ཉིད་སྲིད་ཞི་ཀུན་གྱིས་འདོད་


KMC011_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བསྟེན་པར་བྱ་བའི་དོན་དུའང་འགྱུར་རོ། །འདིས་ནི་འབྲས་བུ་དང་ལམ་མཐར་སོན་པའི་དོན་གཉིས་ཀ་བསྟན་པའོ། །ཧེ་ཞེས་པ་འབོད་ཅིང་བསྐུལ་བའམ་དགྱེས་པའི་དོན་དུ་འགྱུར་ཞིང་། ཡང་ན། ཧེ་ལ་ལ་བསྣན་པས་ཧེ་ལ་རོལ་པ་སྟེ། སེམས་ཅན་གྱི་དོན་ལ་རོལ་པའི་སྐུར་སྟོན་པས་ན་རོལ་པ་ཞེས་པའི་སྒྲ་འཇུག་པའོ། །དེ་ཡང་སེམས་ཅན་གྱི་དོན་དུ་སྲིད་པར་རོལ་པའི་སྐུར་སྟོན་པར་མཛད་པ་ནི། སྙིང་རྗེ་རྣམ་པ་གསུམ་གྱི་རང་བཞིན་ཅན་ཡིན་པས་སྙིང་རྗེས་ཞི་བའི་མཐའ་འགོག་པ་ཡིན་ནོ། །ཇི་སྐད་དུ། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །ཅེས་སོ། །བཛྲ་སྟེ་རྡོ་རྗེ་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ལ། བཛྲའི་སྒྲ་མི་ཆོད་པ་དང་། མི་ཕྱེད་པ་དང་། སྲ་བ་དང་། བརྟན་པ་དང་། མི་ཤིགས་པ་དང་། གཞོམ་དུ་མེད་པ་དང་། ཁོང་སྟོང་མ་ཡིན་པ་སོགས་དོན་མང་པོ་ལ་འཇུག་པས། དེ་དང་ཆོས་མཚུངས་པའི་སྟོང་ཉིད་དེ་ཉིད་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་དོན་དམ་པའི་བདེན་པ་ཤེས་བརྗོད་ལས་འདས་པའི་འོད་གསལ་ཆེན་པོའི་རང་བཞིན་ཅན་གྱི་ཡེ་ཤེས་ཡིན་པས་སྲིད་པའི་མཐའ་འགོག་པའོ། །ཇི་སྐད་དུ། བཛྲའང་ཤེས་


KMC011_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བརྗོད་པར་བྱ། །ཞེས་སོ། །ཏནྟྲ་རྒྱུད་ཅེས་པའི་དོན། དེ་ལྟ་བུའི་ཟུང་འཇུག་དེ་ནི། གཞི་དང་། ལམ་དང་། འབྲས་བུ་གསུམ་ཀ་དབྱེར་མེད་པར་འབྲེལ་ཞིང་རྒྱུན་ཆགས་པས་ན་རྒྱུད་ཅེས་བྱ་ཞིང་། དེ་ནི་བརྗོད་བྱ་དོན་གྱི་རྒྱུད་ཡིན་ལ། དེ་དག་རྗོད་པར་བྱེད་པའི་གཞུང་ལའང་དེའི་སྒྲས་བརྗོད་པས་རྗོད་བྱེད་སྒྲའི་རྒྱུད་ཅེས་བྱ་སྟེ། དཔེར་ན། བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བསྟན། །ཞེས་འབྱུང་བ། འདོན་པ་སྤོས་ན། ཀྱཻ་རྡོ་རྗེ་གཉིས་སུ་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བསྟན། །ཞེས་འབྱུང་བ་ལྟར་རོ། །དེའི་ཕྱིར་ཟུང་འཇུག་ཉམས་སུ་ལེན་པའི་ལམ་གྱི་ཡེ་ཤེས་ཁྱད་པར་ཅན་རྣམས་ལའང་སྒྲ་དེ་འཇུག་པར་བཞེད་དོ། །རཱ་ཛ་སྟེ་རྒྱལ་པོ་ནི། དེ་ལྟར་མ་བླ་ན་མེད་པའི་རྒྱུད་འདིའི་གོང་ངམ་བླ་ན་གཞན་མ་མཆིས་པས་བླ་ན་མེད་པ་སྟེ། འདི་ཁོ་ན་མཆོག་དང་རབ་དང་གཙོ་བོར་གྱུར་པས་ན་རྒྱལ་པོ་ཞེས་བྱ་བའི་མཚན་གྱིས་བརྗོད་པའོ། །ནཱ་མ་དོན་བཅུ་


KMC011_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇུག་པ་ལས་འདིར་མིང་ལ་འཇུག་པ་སྟེ། མིང་དེ་སྐད་ཅེས་བྱ་བ་ཡིན་ཅེས་པའི་དོན་ཏེ། གདགས་གཞི་དེ་ལ་དེ་སྐད་དུ་བཏགས་ནས་བརྗོད་བྱ་ལུང་སྟོན་པར་བྱེད་པའི་ཐ་ཚིག་གོ། །འདི་ལ་སྒྲ་སྤྱིའི་གོ་བ་ཙམ་བཤད་ལ། རྣམ་པ་བརྡར་གྱུར་གྱིས་གོ་བ་ཐུན་མོང་མ་ཡིན་པའི་བཤད་པ་ནི་སྤྱི་དོན་ལས་ཤེས་པར་བྱའོ། །གཉིས་པ་དབང་པོ་འབྲིང་ལ་ཕུན་སུམ་ཚོགས་པའི་གླེང་གཞི་བསྟན་པ་ལ་གཉིས། གཞུང་དགོད་པ། དོན་བཤད་པའོ། །དང་པོ་ནི། ལེགས་སྦྱར་སྐད་དུ། ཨེ་ཝཾ་མཱ་ཡ་ཤྲུ་ཏཾ་ཨེ་ཀསྨིན་ས་མ་ཡེ་བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀཱཡ་ཝ་ཀཱ་ཙི་ཏྟ་ཧྲི་ད་ཡ་བཛྲ་ཡོ་ཥི་ད་བྷ་གེ་ཥུ་བི་ཛ་ཧཱ་ར། ཞེས་པ། བོད་སྐད་དུ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །གཉིས་པ་ནི། འདི་ལ་ཚུལ་བཞི་སོགས་ཀྱི་བཤད་པ་རྒྱས་པ་སྤྱི་དོན་དུ་འབྱུང་ཞིང་། འདིར་རྒྱུད་སྟོན་པ་པོ་དང་སྡུད་པ་པོའི་འབྲེལ་པ་ཡི་གེའི་དོན་ལྟར་བཤད་ན། འདི་སྐད་ཅེས་བྱ་བ་རྒྱུད་ཀྱི་ཚིག་མ་ལུས་པ་


KMC011_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པའི་ཚིག་གི་ཕྲད་དེ། དེ་ལ་ཐོས་ཞེས་པ་བཤད་གཞིར་དྲངས། གང་ཐོས་ན། འཆད་པར་འགྱུར་བའི་རྒྱུད་ཀྱི་ཚིག་འདི་སྐད་ཆད་ལྷག་མེད་པར་ཐོས། གང་གིས་ཐོས་ན། རྡོ་རྗེ་སྙིང་པོ་བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་རྣ་བའི་མངོན་ཤེས་ཀྱིས་ཐོས་པ་ཡིན་གྱི་གཞན་དག་ལས་བརྒྱུད་དེ་མ་ཡིན་ཞིང་བསླབ་པ་མཐར་ཕྱིན་པས་དོན་མངོན་སུམ་དུ་རྟོགས་པའང་མ་ཡིན་པའོ། །གང་གི་ཚེ་ཐོས་ན། དུས་གཅིག་གི་ཚེ་རྒྱུད་འདི་ཐོས་ཀྱི་དུས་གཞན་དུ་ནི་གཞན་དག་ཐོས་སོ། །ཡང་ན་གཞན་དུ་རྒྱུད་འདི་མ་ཐོས་པ་དང་། དུས་སྐད་ཅིག་མ་གཅིག་ལ་སྟེ། གསུམ་པོ་འདིས་བདག་ཉིད་ཐོས་པ་མང་བ་དང་། རྒྱུད་རྙེད་པར་དཀའ་བ་དང་། ཤེས་རབ་རྨད་དུ་བྱུང་བ་ཡིན་པར་སྟོན་ཏོ། །གང་ལས་ཐོས་ན། བཅོམ་ལྡན་འདས་ལས་ཏེ། བྷ་གའི་སྒྲ་ནི་བཅོམ་པ་ལ་འཇུག་པས། བདུད་བཞི་པོ་དང་ཉོན་མོངས་པ་སོགས་མི་མཐུན་ཕྱོགས་མ་ལུས་པ་རྩད་ནས་བཅོམ་པའོ། །ཡང་བྷ་ག་ཝཱན་ལྡན་པ་སྟེ། དབང་ཕྱུག་དང་། གཟུགས་དང་། གྲགས་པ་དང་། དཔལ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་དྲུག་ལྡན་ཞིང་འཇིག་རྟེན་


KMC011_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་ས་བརྙེས་ལ། ཆོས་སྐུ་དེ་བཞིན་ཉིད་དུ་གཤེགས་ཤིང་། གཟུགས་སྐུ་དེ་བཞིན་ཉིད་ལས་སླར་ཡང་གཤེགས་པས་དེ་བཞིན་གཤེགས་པ། དེ་ཉིད་རིགས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་དཔལ་དགྱེས་པ་རྡོ་རྗེའོ། །གང་དུ་ཐོས་ན། རྡོ་རྗེ་བཙུན་མོ་ནི་དེའི་ཤེས་རབ་སྟེ། དཔེ་ཉོན་མོངས་པ་རྣམས་འཇོམས་པས་བྷ་ག་ཞེས་བྱ་བ་དེར་བཞུགས་པའི་ཚེ་ན་ཐོས་ཞེས་སམ། ཆགས་ཅན་རྗེས་སུ་བཟུང་བའི་ཕྱིར་བཙུན་མོའི་བྷ་གའི་དབྱིབས་དང་སྒྲས་མཚོན་པ་ཆོས་འབྱུང་གི་གཞལ་ཡས་ཁང་ན་བཞུགས་པའི་ཚེ། འཁོར་འོག་ཏུ་སྨོས་པ་རྣམས་དང་ཐབས་ཅིག་ཏུ་ཐོས་པའོ། །དེ་ལ་དགོས་པ་གང་གིས་རྒྱལ་བའི་བཀའ་ཐམས་ཅད་ཀྱི་ཐོག་མར་ཨེ་ཝཾ་མཱ་ཡཱ་ཞེས་པ་འདི་ཁོ་ན་བསྟན། འདི་སྐད་ཅེས་པའི་དོན་ནི་ཨི་དམ་དང་ཨེ་ཏད་ཅེས་པས་ཀྱང་སྟོན་ནོ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐབས་ཤེས་གསལ་བར་མཛད་པའི་བརྡས་ཡི་གེ་ཨེ་ཝཾ་ཉིད་བརྗོད་པར་མཛད་དོ་ཞེས་རྗེ་ནཱ་རོ་པ་འཆད་དོ། །འདིས་ནི་མདོ་རྒྱུད་མ་ལུས་པའི་གླེང་གཞི་ཕུན་སུམ་ཚོགས་པ་ལྔ་ལེགས་པར་བསྟན་ཏེ། འདི་


KMC011_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་རྒྱུད་ཐམས་ཅད་བསྡུས་པས་ཆོས་ཕུན་སུམ་ཚོགས་པ། བདག་གིས་ཞེས་གཙོ་བོར་རྡོ་རྗེ་སྙིང་པོ་སྨོས་པའི་ཤུགས་ཀྱིས་གཞན་ཡང་འཁོར་དུ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུ་རྣམས་དང་། སྤྱན་མ་ལ་སོགས་པའི་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་འབྱོར་མ་རྣམས་སྡུད་པས་འཁོར་ཕུན་སུམ་ཚོགས་པ། ཐོས་པའི་དུས་གཅིག་ན་ཞེས་དུས་ཕུན་སུམ་ཚོགས་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་པས་སྟོན་པ་ཕུན་སུམ་ཚོགས་པ་སྙིང་པོ་དགྱེས་པ་རྡོ་རྗེ་ཕྱག་བཅུ་དྲུག་པ། རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་པས་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ། །གསུམ་པ་དབང་པོ་ཐ་མ་ལ་རྒྱུད་དོན་མཐར་ཆགས་སུ་བཤད་པ་ལ། ནཱ་རོ་པའི་འགྲེལ་པ་ལས། མདོར་བསྟན་པ་ནས་ཇི་ལྟར་འབྱུང་། །རྒྱས་པར་བཤད་པས་གསལ་བར་བྱེད། །སླར་རྒྱས་གསུངས་པ་སྦས་པའི་དོན། །རྒྱུད་ཀྱི་བཤད་པ་རྣམ་པ་གསུམ། །རྡོ་རྗེ་ཐེག་པ་མངོན་འདོད་པའི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ལེའུ་དང་པོས་


KMC011_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལམ་འབྲས་བུ་གསུམ་མདོར་བསྟན། ལེའུ་གཉིས་པ་མན་ཆད་ཀྱི་བརྟག་པ་དང་པོས་རྒྱས་པར་བཤད། བརྟག་པ་ཕྱི་མས་ཁ་བསྐངས་ཏེ་ཤིན་ཏུ་རྒྱས་པར་བཤད་པ་དང་གསུམ། དེའི་དང་པོ་ལའང་གསུམ། སེམས་དཔའ་བཞིའི་དྲི་ལན་གྱིས་གླེང་སློང་བ། ཐོབ་པར་བྱེད་ཐབས་ལམ་གྱི་རིམ་པ་མདོར་བསྟན་པ། ལེའུའི་མཚན་ནོ། །དང་པོ་ལ་གཉིས། དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བའི་སྙིང་པོ་སྐུ་བཞི་ཉོན་ཅིག་པར་བསྐུལ་བ། སེམས་དཔའ་བཞིའི་དྲི་ལན་གྱིས་རྒྱས་པར་བསྟན་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་རྗེ་བཙུན་གསང་བ་ལས་ཆེས་ཤིན་ཏུ་གསང་བའང་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་ཧོ། བྱང་ཆུབ་སེམས་དཔའ་ཆེན་པོ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ། རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་ཆེན་པོ་སྙིང་པོ་ཀྱེ་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག །ཅེས་གསུངས་ཏེ། འདི་ལ་བཞི། དང་པོ་ཚིག་གམ་ཡི་གེའི་དོན་ལྟར་ན། ཇི་སྲིད་དུ་བགྲོད་པར་བྱ་བ་དེ་ཉིད་དུ་གཤེགས་ནས་གོ་འཕང་


KMC011_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་བརྙེས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའམ། ཡང་ན་གཤེགས་པའི་སྒྲ་ནི་རྟོགས་པ་ལ་བརྗོད་དེ། ཆོས་ཉིད་དེ་ཁོ་ན་ཉིད་ཇི་ལྟ་བ་དང་། ཆོས་ཅན་ཤེས་བྱ་ཇི་སྙེད་པ་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པ་སྟེ་རྣམ་སྣང་ལ་སོགས་པའི་སངས་རྒྱས། ཐམས་ཅད་ནི་མ་ལུས་པ། དེ་རྣམས་ཀྱི་སྐུ་ནི་སྐུ་གསུམ་ལ་སོགས་པ། གསུང་ནི་ཡན་ལག་དྲུག་ཅུ་ལ་སོགས་པའི་སྒོ་ནས་འཇུག་པ། ཐུགས་ནི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས། དེ་རྣམས་ཀྱི་སྙིང་པོ་ནི་དེ་དག་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ། རྗེ་བཙུན་ནི་བྷ་ཊྚཱ་ར་ཀའི་སྒྲ་ལས་དད་སྒྲོལ་ཏེ་དད་པ་ཅན་འཁོར་བ་ལས་སྒྲོལ་བ། གསང་བ་ནི་འཇིག་རྟེན་པ་དང་ཉན་ཐོས་ཀྱི་སྤྱོད་ཡུལ་མ་ཡིན་པ། ཆེས་གསང་བ་ནི་ཕར་ཕྱིན་ཐེག་པར་མ་བསྟན་པ། ཤིན་ཏུ་གསང་བ་ནི་རྒྱུད་སྡེ་འོག་མ་རྣམས་སུའང་སྦས་ཏེ་གསང་བ་གང་ཡིན་པ་དེ་ཉིད་བཀའ་སྩལ་བར་བཞེད་པའོ། །གཉིས་པ་སྤྱི་དོན་ཕར་ཕྱིན་དང་བསྟུན་ནས་བཤད་ན། དེ་བཞིན་ཉིད་ཀྱི་དབྱིངས་སུ་གཤེགས་པ། ཆོས་སྐུ་དབྱེར་མེད་པའི་རྒྱལ་བ་དེ་ཐམས་ཅད་ཀྱི་གསང་བ་གསུམ་ནི་གསང་བ་བསམ་གྱིས་མི་


KMC011_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པའི་མདོ་ལས་གསུངས་པ་ལྟར། ནམ་མཁའི་མཐས་ཁྱབ་ཚད་དུ་དེ་བཞིན་གཤེགས་པའི་སྐུས་ཁྱབ་ཅིང་དག་པ་དང་མ་དག་པའི་གདུལ་བྱའི་སྣང་བ་དང་མཐུན་པར་སྟོན་པ་ནི་དེ་བཞིན་གཤེགས་པའི་སྐུའི་གསང་བའོ། །གདུལ་བྱའི་བསམ་པ་དང་མཐུན་པའི་སྐད་མཐའ་ཡས་པས་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་མ་ལུས་པར་འཆད་པ་ནི་གསུང་གི་གསང་བའོ། །སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སྤངས་པ་དང་ཐོབ་པས་བསྡུས་པའི་ཡོན་ཏན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་འདས་པ་ནི་ཐུགས་ཀྱི་གསང་བའོ། །དེ་ལྟར་གསང་བ་གསུམ་པོའི་སྙིང་པོ་རྟོགས་པར་བྱེད་པའི་ལམ་གསུང་བར་བཞེད་ནས། རྡོ་རྗེ་སྙིང་པོ་ལ་བཀའ་སྩལ་པའོ། །བསྐྱེད་རིམ་གྱི་སྤྱི་དོན་ལྟར་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཕུང་ཁམས་ལྟར་གྱུར་པ་རྣམས་དང་། སྐུ་གསུང་ཐུགས་དང་སྙིང་པོ་བཞི་ནི་སེམས་དཔའ་གསུམ་དང་ཀྱཻ་རྡོ་རྗེ། རྗེ་བཙུན་ནི་ཀུན་གྱི་མཆོག་ཏུ་གྱུར་པ། གསང་བ་ལས་ཆེས་ཤིན་ཏུ་གསང་བ་ནི་རྒྱུད་སྡེ་འོག་མའི་སྒོམ་བཟླས་སོགས་ལས་


KMC011_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་ཁྱད་པར་དུ་འཕགས་པའོ། །གསུམ་པ་སྦས་དོན་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནང་གི་བདག་ཉིད་དུ་བཤད་ན། དེ་བཞིན་ཉིད་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་དབྱིངས་སུ་གཤེགས་པ། རྡོ་རྗེ་ལ་སོགས་པའི་རིགས་ཐམས་ཅད་དབྱེར་མེད་པའི་གསང་བ་གསུམ་གྱིས་བསྟན་པའི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ལས། གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་རྣལ་འབྱོར་བླ་ན་མེད་པ་ཡིན་ལ། དེའང་སྨིན་བྱེད་དབང་དང་སྦྱར་ན། སྐུ་བུམ་དབང་དང་། གསུང་གསང་དབང་དང་། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། སྙིང་པོ་བཞི་པ་ཚིག་དབང་རྣམས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོས་གོང་ནས་གོང་དུ་གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བར་གསུངས། རྫོགས་རིམ་སྤྱི་བཤད་དང་བསྟུན་ན། སད་པའི་གནས་སྐབས་སྐུ་རྣམ་པ་ཐམས་ཅད་སྤྲུལ་སྐུར་རྟོགས་པར་བྱེད་པ་སྒྱུ་ལུས་ཀྱི་གདམས་པ་དང་། གཉིད་འཐུག་པོའི་གནས་སྐབས་ཐུགས་མཚོན་དུ་མེད་པ་ཆོས་སྐུར་རྟོགས་པར་བྱེད་པ་འོད་གསལ་གྱི་གདམས་པ་དང་། རྨི་ལམ་གྱི་གནས་སྐབས་གསུང་བརྗོད་དུ་མེད་པ་ལོངས་སྐུར་རྟོགས་པར་བྱེད་པ་རྨི་ལམ་གྱི་གདམས་པ་དང་། ཀུན་


KMC011_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རུའི་གནས་སྐབས་བདེ་བ་ཆེན་པོའི་ཡེ་ཤེས་སྙིང་པོ་ལས་ཀྱང་ཆེས་སྙིང་པོར་གྱུར་པ་རྟོགས་པར་བྱེད་པ་གཏུམ་མོའི་གདམས་པ་སྟེ་མིའི་ཚེ་གཅིག་ལ་སངས་རྒྱས་པར་བྱེད་པའི་ཟབ་མོའི་གནད་རྣམས་ཐེག་པ་འོག་མ་རྣམས་ལ་གསང་བ་ལས་ཆེས་གསང་བ་དེ་སྟོན་པར་བཞེད་དོ། །རང་བྱིན་རླབས་སམ་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ན། དེ་བཞིན་གཤེགས་པ་ནི་གཏུམ་མོའི་མེའམ། ཐམས་ཅད་ནི་འབྱུང་བའི་དྭངས་མ་རྣམས། སྐུ་གསུང་ཐུགས་ནི་ལུས་ངག་ཡིད་གསུམ་མམ་དགའ་བ་སྔ་མ་གསུམ། སྙིང་པོ་ནི་མི་ཤིགས་པ་ཆེན་པོའམ་ལྷན་སྐྱེས་ཀྱི་ཡེ་ཤེས། རྗེ་བཙུན་ནི་གཞན་ལས་ཕུལ་དུ་ཕྱིན་པ། གསང་བ་སོགས་ནི་བསྐྱེད་རིམ་ལ་སོགས་པའི་རྣལ་འབྱོར་སྔ་མ་སྔ་མ་ལས་ཆེས་ཆེར་ཟབ་པའོ། །བཞི་པ་མཐར་ཐུག་འབྲས་བུ་རྡོ་རྗེ་བཞི་དང་སྦྱར་ན། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པའོ། །སྐུ་རྡོ་རྗེ་སྤྲུལ་པའི་སྐུ་དང་། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་། སྙིང་པོ་ཡེ་ཤེས་རྡོ་རྗེ་བདེ་བ་ཆེན་པོའི་སྐུ་སྟེ་མཐར་ཐུག་གི་རྡོ་རྗེ་བཞི་ནི། རྗེ་བཙུན་ཏེ་ཐམས་ཅད་


KMC011_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱབ་བདག་ཏུ་གྱུར་པའོ། །གསང་བ་སོགས་ནི་སྤངས་རྟོགས་ཐམས་ཅད་ཀྱི་མཐར་ཐུག་པ་བློའི་སྤྱོད་ཡུལ་ལས་འདས་པའི་དོན་ཏོ། །དེ་ལྟ་བུའི་གསང་བ་དེ་སྟོན་པར་བཞེད་ནས། གསང་བ་དོན་གྱིས་བསྟན་པའི་དེ་མ་ཐག་དེ་ནས་སྒྲིབ་པ་ཐམས་ཅད་བཅོམ་ཞིང་དབང་ཕྱུག་གི་ཡོན་ཏན་དང་ལྡན་པ་མཐའ་གཉིས་ལས་འདས་པའི་སྟོན་པ་རྡོ་རྗེ་འཆང་གིས་རྡོ་རྗེ་སྙིང་པོ་གཙོ་བོར་གྱུར་པའི་རྒྱུད་ཉན་པའི་སྐལ་བ་ཅན་རྣམས་ལ་ཆེད་དུ་བརྗོད་པའི་ཚུལ་གྱིས་བཀའ་སྩལ་པ་ནི། ཨེ་མ་ཧོ། ཞེས་ངོ་མཚར་བའི་ཚིག་གིས་མཚམས་སྦྱར་བ་ནས། བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ལ་སེམས་དཔའ་བ། དེ་ཙམ་དུ་མ་ཟད་སེམས་ཅན་གྱི་ཚོགས་ཐམས་ཅད་བྱང་ཆུབ་དེ་ཉིད་ལ་འགོད་པར་འདོད་པའི་སྙིང་སྟོབས་ཆེ་བས་ན་སེམས་དཔའ་ཆེན་པོ་སྟེ་སྤྱིའི་མིང་དང་། སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པ་མངོན་དུ་མཛད་པས་ན་རྡོ་རྗེ་སྙིང་པོ་སྟེ་བྱེ་བྲག་གི་མིང་དང་། དམིགས་མེད་ཀྱི་སྙིང་རྗེ་དང་ལྡན་པས་ན་སྙིང་རྗེ་ཆེན་པོ་སྟེ་ཡོན་ཏན་གྱི་མིང་གསུམ་གྱི་སྒོ་ནས། འཇེབས་པའི་ཚིག་གིས་བོས་ནས། རང་དང་གཞན་གྱི་དོན་གྲུབ་པ་ལ་བསྔགས་པའི་ཚུལ་གྱིས་ལེགས་


KMC011_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལན་གཉིས་གནང་བའམ། ངོ་མཚར་བ་དང་ནན་དུ་གདམས་པའི་ཚིག་གིས་སྤྲོ་བ་འཕེལ་བར་བྱས་ནས། འཁོར་རྣམས་མིང་གི་རྣམ་གྲངས་ལ་མ་རྨོངས་པར་བྱ་བའི་དོན་དུ་སྔར་གསུངས་པའི་སྐུ་གསུང་ཐུགས་སྙིང་པོ་དང་བཞི་ལ། རྡོ་རྗེ་སེམས་དཔའ་དང་སེམས་དཔའ་ཆེན་པོ་དང་དམ་ཚིག་སེམས་དཔའ་ཆེན་པོ་དང་སྙིང་པོ་ཀྱེ་རྡོ་རྗེ་ཞེས་སེམས་དཔའ་བཞིའི་མིང་གིས་བརྗོད་པ། གཞི་དང་ལམ་དང་འབྲས་བུ་ཐམས་ཅད་མཚོན་པར་བྱེད་པ་འདི་བཤད་ཀྱིས་ཉོན་ཅིག་ཅེས་གསུངས་སོ། །དེ་ནས་ཞེས་པའི་སྐབས་འདིར་རྡོ་རྗེ་སྙིང་འགྲེལ་དུ། ཀྱེའི་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྡོ་རྗེ་སྙིང་པོས་གསོལ་བ་བཏབ། ཅེས་པ་ཙམ་འབྱུང་། སྦྱང་དཀའ་ཟླ་བས་སམྦུ་ཊི་ལས་ཁ་བསྐངས་ཏེ་ཞུ་བའི་ཚིག་རྒྱས་པར་སྦྱར། རིན་ཆེན་རྒྱན་འདྲ་ལས་ཀྱང་ཆེས་ཤིན་ཏུ་གསང་བའང་བཤད་དུ་གསོལ་ཅེས་ཤུགས་ལས་ཐོན་ཅེས། དེ་ཡན་ཆད་ཞུ་བའི་ཚིག་དང་། མན་ཆད་ལན་གྱི་ཚིག་ཏུ་འགྲེལ། རྒྱལ་བ་རང་བྱུང་ཞབས་ཀྱིས་ཀྱང་དོན་གྱིས་དེ་ལྟར་བཞེད་པར་གསལ་ལ། སྤྱན་སྔ་ཆོས་ཀྱི་གྲགས་པས་གཞུང་དཀྱུས་ཀྱི་འབྲུ་ཉིད་


KMC011_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསྣན་པར་མཛད་དོ། །གཉིས་པ་སེམས་དཔའ་བཞིའི་དྲི་ལན་གྱིས་རྒྱས་བཤད་ལ་གཉིས། སེམས་དཔའ་གསུམ་གྱི་ཞུས་ལན་དང་། སྙིང་པོ་ཀྱེ་རྡོ་རྗེའི་ཞུས་ལན་ནོ། །དང་པོ་ལ། ཞུས་པ་དང་། ལན་གཉིས་ལས། དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །ཇི་ལྟར་སེམས་དཔའ་ཆེན་པོ་ལགས། །གང་གིས་དམ་ཚིག་སེམས་དཔའ་ལགས། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་བ། རིགས་པ་གང་གི་ཕྱིར། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔའ་དང་། འཐད་པ་ཇི་ལྟར་ན། སེམས་དཔའ་ཆེན་པོ་དང་། རྒྱུ་མཚན་གང་གིས་ན། དམ་ཚིག་སེམས་དཔའ་ཞེས་གསུངས་པ་ལགས། དེ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་བདག་ལ་གསུང་དུ་གསོལ། ཞེས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །འདིས་ནི་ཤེས་རབ་རིགས་པ་ཡིས། །རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད། །ཡེ་ཤེས་ཆེན་པོའི་རོས་གང་བས། །སེམས་དཔའ་ཆེན་པོར་བརྗོད་


KMC011_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །རྟག་ཏུ་དམ་ཚིག་ལ་སྤྱོད་ཕྱིར། །དམ་ཚིག་སེམས་དཔར་བརྗོད་པར་བྱ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་དྲིས་པའི་ལན་བཀའ་སྩལ་པ། སྟོང་པ་ཉིད་ཀྱི་རྡོ་རྗེ་ནི་རྣམ་པར་རྟོག་པའི་སྤྲོས་པས་མི་ཕྱེད་པས་རྡོ་རྗེ་ཞེས་བྱ་བར་བརྗོད་ལ། སྙིང་རྗེ་ཆེན་པོའི་སེམས་དཔས་འདོད་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་དུས་གཅིག་ཏུ་སྒྲོལ་བར་བྱེད་པས་སམ། ས་མ་ཏྭ་མཉམ་པ་ཉིད་ལ་འཇུག་པས་སྲིད་པ་གསུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་རོ་མཉམ་པ་སྟེ་གཅིག་པས་སེམས་དཔའ་ཞེས་བྱའོ། །རྒྱུ་མཚན་འདིས་ནི་ཤེས་རབ་ལས་བྱུང་བའི་རིགས་པ་ཡིས་ནི་དེ་ལྟ་བུའི་དོན་རྟོགས་པས་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་བརྗོད་དོ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོའི་བདེ་བ་ཟག་པ་མེད་པ་ཉམས་སུ་མྱོང་བའི་རོས་རྒྱུད་གང་བས་རྟག་ཏུ་མཉམ་པར་བཞག་པ་འདི་ནི་སེམས་དཔའ་ཆེན་པོ་ཞེས་བརྗོད་པར་བྱ་སྟེ། ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་དུ་མཉམ་པས་སེམས་དཔའ་དང་དེས་རྒྱུད་ཐམས་ཅད་གང་བས་ན་ཆེན་པོའོ། །དམ་ཚིག་གི་སྐད་དོད་ས་མ་ཡ་མི་འདའ་བའི་དོན་ཏེ། དུས་རྟག་ཏུ་བྱང་


KMC011_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་སེམས་ལས་མི་འདའ་བར་སངས་རྒྱས་ཀྱི་མཛད་པ་ལ་སྤྱོད་པའམ། རྟག་ཏུ་བྱང་ཆུབ་སེམས་ཀྱི་དམ་ཚིག་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་སྤྱོད་པའི་ཕྱིར་དམ་ཚིག་སེམས་དཔར་བརྗོད་པར་བྱ་སྟེ། དེའང་འགྲོ་དོན་ལས་མི་འདའ་བས་དམ་ཚིགཐུགས་རྗེ་མཉམ་པ་ཉིད་དུ་འཇུག་པས་སེམས་དཔའ་སྟེ་ཡི་གེའི་དོན་ཏོ། །ཡང་ན་རྡོ་རྗེ་ནི་སྐྱེ་འཇིག་གིས་མི་ཕྱེད་པའི་དབྱིངས། སེམས་དཔའ་ནི་སྲིད་པ་གསུམ་བདེན་མེད་དུ་གཅིག་པ། ཡེ་ཤེས་ཆེན་པོ་སེམས་ཉིད་ལྷན་སྐྱེས། རོས་གང་བ་དེའི་དོན་ཉམས་སུ་མྱོང་བ། དམ་ཚིག་རྟག་ཏུ་ཐབས་སྣ་ཚོགས་ཀྱིས་སྤྱོད་པ་སྟེ་སྤྱི་དོན་ནོ། །ཡང་རྡོ་རྗེ་ནི་ཐ་མལ་གྱི་རྟོག་པས་མི་ཕྱེད་པའི་ལྷའི་རྣལ་འབྱོར། སེམས་དཔའ་སྲིད་གསུམ་ཐམས་ཅད་དེའི་རྣམ་རོལ་ཕྱོགས་གཅིག་ཏུ་ཤར་བ། ཡེ་ཤེས་ཆེན་པོ་རང་བཞིན་གྱི་སྟོང་ཉིད། རོས་གང་བ་ནི་ཐམས་ཅད་དེའི་རང་བཞིན་དུ་ཤེས་པ། རྟག་ཏུ་བསྲུང་བྱའི་དམ་ཚིག་ལ་སོགས་པ་སེམས་ཤིང་སྤྱོད་པ་སྟེ་བསྐྱེད་རིམ་གྱི་སྤྱི་དོན་ནོ། །ཡང་ན། རྡོ་རྗེ་ནི་ཕུང་ཁམས་བསྲེག་པའི་གཏུམ་མོའམ་འཛག་མེད་ཀྱི་བྱང་སེམས། སེམས་དཔའ་ནི་རླུང་གསུམ་དབུ་མར་རོ་


KMC011_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའམ་འབྱུང་བའི་དྭངས་མ་རྣམས་ཐིག་ལེར་རོ་གཅིག་པ། ཡེ་ཤེས་ཆེན་པོ་རྣམ་པར་མི་རྟོག་པའམ་བདེ་སྟོང་ཟུང་འཇུག་གི་ལྷན་སྐྱེས། རོས་གང་བ་མི་རྟོག་ངང་དུ་གནས་པའམ་བདེ་སྟོང་དེས་ལུས་ཐམས་ཅད་ལ་ཁྱབ་པ། རྟག་ཏུ་འབར་འཛག་གམ་མཉམ་སྦྱོར་གྱི་དམ་ཚིག་ལ་སྤྱོད་པ་སྟེ་སྦས་དོན་ནོ། །ཡང་ན། རྡོ་རྗེ་ནི་དྲི་བྲལ་གྱི་དེ་ཁོ་ན་ཉིད། སེམས་དཔའ་ནི་སྲིད་གསུམ་ཆོས་དབྱིངས་སུ་རོ་གཅིག་པ། ཡེ་ཤེས་ཆེན་པོ་ནི་ཡེ་ཤེས་ལྔ་རྫོགས་པ། རོས་གང་བ་འཁོར་འདས་ཐམས་ཅད་དེའི་རང་བཞིན་དུ་གྱུར་པ། རྟག་ཏུ་དམ་ཚིག་གཞན་དོན་ལས་མ་འདའ་བར་སྤྲུལ་པས་འཇིག་རྟེན་ཀུན་ཏུ་སྤྱོད་པ་སྟེ་མཐར་ཐུག་གི་དོན་ནོ། །མདོར་ན། སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ནི་རྡོ་རྗེ་སེམས་དཔའ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་སེམས་དཔའ་ཆེན་པོ་དང་། རླུང་གི་རྒྱུ་བ་ཆད་ཅིང་ཤེས་རབ་དང་མཉམ་པར་སྦྱོར་བ་ལས་ཀྱང་འཛག་པ་མེད་པའི་དགའ་བ་བཞི་བརྟན་པ་ནི་དམ་ཚིག་སེམས་དཔའ་སྟེ། དྲི་མ་མེད་པའི་འོད་ལས་ཀྱང་། ཐབས་དང་ཤེས་རབ་བདག་ཉིད་སྦྱོར། །དབྱིངས་དང་སྐུ་དང་རྫུ་འཕྲུལ་བཞུད། །རྡོ་རྗེ་སེམས་


KMC011_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་དམ་ཚིག་སེམས། །དངོས་དང་དངོས་པོ་མེད་ཟད་ཅིང་། །ཁྱབ་པར་དེ་བཞིན་གཤེགས་པས་གསུངས། །ཞེས་གསུངས་པ་ལྟར། གཞི་ལམ་འབྲས་གསུམ་ག་དང་སྦྱོར་བའི་ཚུལ་རྒྱས་པ་སྤྱི་དོན་ལས་ཤེས་པར་བྱའོ། །རྒྱན་འདྲ་ལས་ནི། རྡོ་རྗེ་སེམས་དཔའ་ནི། ཞལ་གཅིག་ཕྱག་གཉིས་པའི་བསྐྱེད་རིམ་དང་འོད་གསལ་གྱི་རྫོགས་རིམ་མོ། །སེམས་དཔའ་ཆེན་པོ་ནི། ཕྱག་བཞི་པའི་བསྐྱེད་རིམ་དང་སྒྱུ་ལུས་སོ། །དམ་ཚིག་སེམས་དཔའ་ནི། ཕྱག་དྲུག་པའི་བསྐྱེད་རིམ་དང་རྨི་ལམ་གྱི་རྫོགས་རིམ་མོ། །ཞེས་པ་ཙམ་བཤད་དོ། །དེའང་གཞི་ལམ་གྱི་བསྐྱེད་རིམ་ནི་དྲང་དོན་དང་། རྫོགས་པ་དང་དེ་ཁོ་ན་ཉིད་ནི་ངེས་དོན་དུ་བསྡུས་ཏེ་བཤད་པ་ཡིན་ནོ། །གཉིས་པ་སྙིང་པོ་ཀྱེ་རྡོ་རྗེའི་ཞུས་ལན་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། མིང་བསྡུས་པ་ནི་ཇི་ལྟ་བུ། །གང་གིས་ཀྱེ་ཡི་རྡོ་རྗེ་ལགས། །ཧེ་ཡི་རྣམ་པས་ཅི་ཞིག་བཤད། །བཛྲ་ཡིས་ཀྱང་དེ་བཞིན་ཅི། །ཞེས་གསུངས་ཏེ། རྡོ་རྗེ་སྙིང་པོས་སླར་ཡང་གསོལ་བ། རྡོ་རྗེ་གསུམ་དབྱེར་མེད་པའི་བདག་ཉིད་ཅན་གྱི་མིང་ངམ་མཚན་ཧེ་བཛྲ་


KMC011_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྡུས་པའི་དོན་ཇི་ལྟ་བུ་ཡིན་པ་བདག་གིས་མ་འཚལ་བས། རྒྱུ་མཚན་གང་གིས་ན་ཀྱཻ་རྡོ་རྗེ་ཞེས་བགྱི་བ་ལགས། བྱེ་བྲག་ཏུ་ཧེའི་ཡི་གེའི་རྣམ་པས་དོན་ཅི་ཞིག་བཤད། བཛྲ་ཞེས་པའི་ཡི་གེས་ཀྱང་དེ་བཞིན་དུ་དོན་ཅི་ཞིག་སྟོན་པ་ལགས། ཞེས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ། འདི་ལ་བཞི། ཚིག་གི་དོན་ནི། ཧེ་ཡི་སྒྲས་ནི་ཐབས་སྙིང་རྗེ་ཆེན་པོ་ཉིད་བསྟན་ཏེ་དེའང་། ཧེ་ཞེས་བྱ་བ་ནི་ཧེ་རུའི་སྒྲ་རྒྱུ་ལ་འཇུག་པས་བྱང་ཆུབ་ཀྱི་རྒྱུ་སྙིང་རྗེ་ཡིན་ཅིང་། དེ་ལའང་སེམས་ཅན་དང་ཆོས་ལ་དམིགས་པ་གཉིས། དམིགས་པ་མེད་པའི་སྙིང་རྗེ་དང་གསུམ་ལས་འདིར་ཕྱི་མའོ། །བཛྲ་ཞེས་པ་རྡོ་རྗེ་སྟེ་དེའི་དོན་གཞན་འཇོམས་པའམ་འབྱེད་པ་ལ་འཇུག་པས། སྤྲོས་པ་ཐམས་ཅད་འཇོམས་པའམ་ཆོས་ཐམས་ཅད་འབྱེད་པའི་ཤེས་རབ་ལ་བརྗོད་པར་བྱ་བ་ཡིན་ལ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་


KMC011_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ཞིང་རྒྱུན་ཆགས་པ་ནི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རང་བཞིན་ཏེ། དེ་ལྟ་བུའི་ཟུང་དུ་འཇུག་པའི་བདག་ཉིད་དེ་ལ་ཀྱེའི་རྡོ་རྗེ་ཞེས་བྱ་བས། དེའི་རྒྱུད་གསང་བ་བླ་ན་མེད་པ་དེ་ནི་རྡོ་རྗེ་འཛིན་པ་ང་ཡིས་བཤད་ཀྱིས་ཞུ་བ་པོ་ལ་སོགས་པའི་འཁོར་རྣམས་ཉོན་ཅིག་ཅེས་པའོ། །སྤྱི་དོན་ལྟར་ན། ཧེས་བསྟན་པ་སྙིང་རྗེས་ཁྱད་པར་དུ་བྱས་པའི་ལྷའི་དངོས་པོ་གསལ་ལ་རྫོགས་པ་དང་། བཛྲས་བསྟན་པའི་ཤེས་རབ་དངོས་པོ་ཐམས་ཅད་རང་བཞིན་མེད་པ་སྟོང་ཉིད་དུ་ཤེས་པས་གསལ་སྟོང་ཟུང་དུ་འཇུག་པ་ཀྱེའི་རྡོ་རྗེའི་དོན་ནོ། །སྦས་དོན་ལྟར་ན། ཧེ་སྙིང་རྗེའི་སྐད་དོད་ཀ་རུ་ཎའི་ཀཾ་བདེ་བ་དང་རུ་འཛིན་པ་སྟེ་འབར་འཛག་གམ་ཁ་སྦྱོར་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་འཛིན་པ། བཛྲ་ཤེས་རབ་ནི་དེའི་ཡུལ་སྟོང་པ་ཉིད་དེ་བདེ་སྟོང་ཟུང་དུ་འཇུག་པ་ཀྱེའི་རྡོ་རྗེའི་དོན་ནོ། །མཐར་ཐུག་གི་དོན་ལྟར་ན། ཧེ་ལ་རོལ་པ་སྟེ་འཁོར་བར་སེམས་ཅན་གྱི་དོན་བྱེད་པ་ལ་རྟག་ཏུ་རོལ་པའི་ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པས་ཞི་བའི་མཐའ་འགོག་པའོ། །བཛྲ་ནི་མཚན་མའི་སྤྲོས་པ་ཐམས་ཅད་འཇོམས་པའི་ཤེས་རབ་ཟབ་མོས་གནས་ལུགས་ཇི་བཞིན་


KMC011_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རྟོགས་པས་སྲིད་པའི་མཐའ་འགོག་པའོ། །མཐའ་གཉིས་ལས་གྲོལ་བའི་ཐབས་ཤེས་ཟུང་དུ་འཇུག་པའམ། ཡང་ན། སྙིང་རྗེའི་སྒྲ་ཀ་རུ་ཎའི་ཀཾ་བདེ་བ། རུ་ཎ་རྡུལ་མེད་པ་སྟེ་ཐབས་ཡུལ་ཅན་མི་འགྱུར་བའི་བདེ་བ་ཆེན་པོ་དང་། བཛྲ་ཤེས་རབ་ཀྱིས་བརྗོད་པ་ནི་ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ་ཨེ་ཝཾ་ཟུང་འཇུག་སྐུ་བཞི་དབྱེར་མེད་ངོ་བོ་ཉིད་སྐུ་ཀྱེའི་རྡོ་རྗེའི་དོན་ནོ། །འདི་ནི་རྒྱན་འདྲ་ལས། ཕྱག་བཅུ་དྲུག་པའི་བསྐྱེད་རིམ་དང་ལས་ཀྱི་ཕྱག་རྒྱའི་རྫོགས་རིམ་དུ་གསུངས་སོ། །གཉིས་པ་ཐོབ་པར་བྱེད་པའི་ཐབས་ལམ་གྱི་རིམ་པ་མདོར་བསྟན་པ་ལ་གཉིས། རྒྱུད་སྤྱིའི་མདོར་བསྟན་དང་། བྱེ་བྲག་རིམ་གཉིས་ཀྱི་མདོར་བསྟན་ནོ། །དང་པོ་ནི། ལྟ་སྟངས་དགུག་དང་བརྡ་ཆེན་དང་། །དོན་བྱེད་རྣམ་མང་བརྗོད་པ་དང་། །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་དང་མངོན་སྤྱོད་དང་། །ཇི་ལྟར་རིགས་པར་རྣལ་འབྱོར་མའི། །བསྐྱེད་དང་གནས་དང་བྱེད་རྒྱུ་དང་། །དོན་བྱེད་ཡེ་ཤེས་རྣམ་ཤེས་དང་། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཞེས་གསུངས་ཏེ། ཚིགས་སུ་བཅད་པ་གཉིས་པོ་འདིས་ལུས་མདོར་བསྟན། ལེའུ་


KMC011_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་མན་ཆད་ཀྱིས་དེ་ཉིད་རྒྱས་པར་བཤད་པ་ཡིན་པས། ཐོག་མར་དེ་དག་གི་འབྲེལ་བཀོད་དེ་ཚིག་གི་དོན་ཤེས་པར་བྱའོ། །དེའང་རྒྱུད་ཀྱི་ཚིག་དཀྲུགས་པ་ཡིན་པས་འོག་གི་ལེའུའི་གོ་རིམ་ལྟར་སྨོས་ན། རིག་མ་དང་གོང་བུ་དགུག་པ། ཆར་དབབ་པ་ལ་སོགས་པ་རང་གཞན་གྱི་དོན་བྱེད་པའི་ལས་ཚོགས་རྣམ་པ་མང་པོ་བརྗོད་པ་དང་། བསྒྲུབ་བྱའི་ལུས་ངག་ཡིད་གསུམ་རེངས་པར་བྱེད་པ་དང་བསྒྲུབ་བྱ་ཡུལ་གཞན་དུ་སྐྲོད་པར་བྱེད་པ་ཉིད་དང་། ཕས་རྒོལ་གྱི་དཔུང་མང་པོའི་སྡེ་རྣམས་རེངས་པར་བྱེད་པ་དང་། མངོན་སྤྱོད་ཀྱི་ལས་ཚ་བས་གདུང་བ་དང་། གྲོང་ཁྱེར་དཀྲུག་པར་བྱེད་པ་ལ་སོགས་པ་འདི་རྣམས་ནི་ལེའུ་གཉིས་པའི་མདོར་བསྟན་ནོ། །ལྷ་རྣམས་ཇི་ལྟར་འབྱུང་བ་ནི། སྐུ་གསུང་ཐུགས་ཀྱཻ་རྡོ་རྗེ་ཧེ་རུ་ཀ་ལ་སོགས་པའི་ལྷ་རྣམས་རྒྱུད་རྒྱས་པ་ལས་ཇི་ལྟར་འབྱུང་བ་ལྟར་ཏེ། དེ་དག་བསྐྱེད་པའི་རིམ་པ་ནི་ལྷའི་ལེའུ་ལས་འབྱུང་བས་ལེའུ་གསུམ་པའི་མདོར་བསྟན་ནོ། །གནས་དང་ནི། ལྷག་པར་གནས་པ་སྟེ་ལྷ་དབང་བསྐུར་བ་ལེའུ་བཞི་པའི་མདོར་བསྟན་དུ་ཁ་ཅིག་འཆད་ལ། ཡང་ན། སེམས་མི་གནས་པ་གནས་པར་བྱེད་པ་ཡིན་པས། རང་


KMC011_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་གནས་ལུགས་སྟོན་པ་དེ་ཁོ་ན་ཉིད་ཀྱི་ལེའུའི་མདོར་བསྟན་ནོ། །དོན་བྱེད་པ་ནི། རང་དང་གཞན་གྱི་དོན་གྲུབ་པར་བྱེད་པ་སྤྱོད་པ་ཡིན་པས་ལེའུ་དྲུག་པའི་མདོར་བསྟན་ནོ། །བརྡ་ཆེན་ནི། རྣལ་འབྱོར་ཕོ་མོ་འདུ་བའི་ལུས་ངག་གི་བརྡ་ཆེན་པོ་རྣམས་དང་གནས་ལ་སོགས་པ་ས་ནས་སར་འཕར་བ་སྟེ་ལེའུ་བདུན་པའི་མདོར་བསྟན་ནོ། །བསྐྱེད་རྒྱུ་གནས་རྒྱུ་བྱེད་རྒྱུ་གསུམ་པོ་ཇི་ལྟར་རིགས་པར་སྦྱར་བར་བྱ་བ། རྣལ་འབྱོར་མ་རྣམས་ཀྱི་བསྐྱེད་པ་དང་རྫོགས་པའི་རིམ་པ་སྟོན་པའི་རྣལ་འབྱོར་མའི་འཁོར་ལོ་ཡིན་པས་ལེའུ་བརྒྱད་པའི་མདོར་བསྟན་ནོ། །ཡེ་ཤེས་རྣམ་ཤེས་ནི། ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་དག་སྟོན་པ་སྟེ་ལེའུ་དགུ་པའི་མདོར་བསྟན་ནོ། །ཡང་ན། ཤེས་རབ་ཟབ་པ་སྤྲོས་མེད་ཀྱི་ཆ་ཡེ་ཤེས་སུ་གྱུར་པ་རྣམས་དང་། ཐབས་རྒྱ་ཆེ་བ་སྤྲོས་བཅས་ཀྱི་ཆ་རྣམ་ཤེས་སུ་གཏོགས་པ་རྣམས་ཏེ་སྤྱིའི་མདོར་བསྟན་ནོ། །བྱེད་རྒྱུ་ནི། ལམ་མངོན་དུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་སྨིན་བྱེད་ཀྱི་དབང་སྟེ་ལེའུ་བཅུ་པའི་མདོར་བསྟན་ནོ། །ལྟ་སྟངས་ནི། དབང་དང་དགུག་པ་དང་རེངས་པར་བྱེད་པ་རྣམས་ཏེ་ལེའུ་བཅུ་གཅིག་


KMC011_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོར་བསྟན་ཏོ། །བརྟག་པ་འོག་མ་ནི། གོང་མར་མི་གསལ་བ་རྣམས་སྟོན་པ་ཡིན་པས་མདོ་རྒྱས་སུ་ཤུགས་ཀྱིས་ཤེས་པར་བྱའོ། །སྤྱི་དོན་བསྐྱེད་རིམ་ལ་སྦྱར་ན། ཚོགས་ཞིང་ལ་ལྟ་བ་ལྟ་སྟངས། དེ་ཉིད་སྤྱན་དྲང་པ་དགུག་པ། སྔགས་དང་ཕྱག་རྒྱ་སོགས་ཀྱིས་མཆོད་པ་བརྡ་ཆེན། ལྔ་རྣམ་དག་སོགས་དོན་བྱེད་རྣམ་མང་། སྲུང་འཁོར་གྱིས་བགེགས་གཞོམ་པ་རེངས་སྐྲོད་སོགས། ལྷའི་འཁོར་ལོ་སྒོམ་པ་ནི་ཇི་ལྟར་རིགས་པ་རྣལ་འབྱོར་མ་བསྐྱེད་རྒྱུ། སྐྱེ་མཆེད་བྱིན་རླབས་གནས་རྒྱུ། ཡེ་ཤེས་པ་གཞུག་ཅིང་དབང་བསྐུར་བ་ཁྱད་པར་དུ་བྱེད་རྒྱུ། བཟླས་པ་བྱ་བ་དོན་བྱེད། རྫོགས་རིམ་སྒོམ་པ་ཡེ་ཤེས། རྗེས་ཀྱི་རྣལ་འབྱོར་རྣམ་ཤེས། དེ་ལས་ཐུན་མོང་དང་མཆོག་གྲུབ་པ་ལྷ་རྣམས་ཇི་ལྟར་འབྱུང་བའོ། །སྦས་དོན་ལྟར་ན། གཏུམ་མོ་སྦར་བའམ་ཕྱག་རྒྱ་ལ་ལྟ་བ་སོགས་ལྟ་སྟངས། བྱང་སེམས་དབབ་པ་དགུག་པ། འཁོར་ལོ་བཞིར་བསྐྱིལ་བ་བརྡ་ཆེན། རྩ་རླུང་གི་གནད་འཆིང་བ་དོན་བྱེད་རྣམ་མང་། ལས་རླུང་གཡོ་མེད་བྱེད་པ་རེངས་པ། སྡུག་བསྔལ་འཇོམས་པ་སྐྲོད་པ། ལུས་བདེ་བས་ཁྱབ་པ་སྡེ་རེངས། རྣམ་རྟོག་གཅོད་པ་མངོན་སྤྱོད།


KMC011_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བཞིའི་ཉམས་མྱོང་བསྐྱེད་གནས་བརྟན་པར་བྱ་བ་ཇི་རིགས་པ་སོགས་ཀྱི་དོན། བྱང་སེམས་བརྟན་པར་བྱེད་པ་དོན་བྱེད། བདེ་སྟོང་རྣམ་པར་མི་རྟོག་པའི་མཉམ་བཞག་ཡེ་ཤེས། སྣང་བ་བདེ་སྟོང་དུ་ཁྱེར་བའི་རྗེས་ཐོབ་རྣམ་ཤེས། དཔེ་དོན་གྱི་ལྷན་སྐྱེས་འཆར་བ་ལྷ་རྣམས་ཇི་ལྟར་འབྱུང་བའོ། །མཐར་ཐུག་ལྟར་ན། ཉེ་རྒྱུ་སྤྱོད་པའི་གྲོགས་བརྟག་པ་ལྟ་སྟངས། དེ་དབང་དུ་བྱེད་པ་དགུག་པ། མཆོད་པ་སོགས་བརྡ་ཆེན། ལྷན་ཅིག་ཞུགས་པ་དོན་བྱེད་རྣམ་མང་། རྩ་རླུང་ཐིག་ལེ་སྒྲིབ་བྲལ་དུ་དྭངས་པར་བྱེད་པ་རེངས་སྐྲོད། ཉོན་མོངས་པ་སོགས་བདུད་བཅོམ་པ་སྡེ་རེངས་དང་མངོན་སྤྱོད། ཁ་སྦྱོར་ཟག་མེད་ཀྱི་སྐུ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གནས་པ་དང་། གནས་པ་ཁྱད་པར་བྱེད་པ་ནི་རྣལ་འབྱོར་མའི་བསྐྱེད་གནས་བྱེད་རྒྱུ། དེ་ལས་གདུལ་བྱའི་དོན་འབྱུང་བ་དོན་བྱེད། ཆོས་སྐུ་ཟབ་པ་ཡེ་ཤེས། ལོངས་སྐུ་རྒྱ་ཆེ་བ་རྣམ་ཤེས། སྤྲུལ་སྐུ་སྣ་ཚོགས་སུ་འཆར་བ་ལྷ་རྣམས་ཇི་ལྟར་འབྱུང་བའོ། །གཉིས་པ་བྱེ་བྲག་རིམ་གཉིས་མདོར་བསྟན་པ་ལ་གཉིས། བསྐྱེད་རིམ་དང་། རྫོགས་རིམ་མོ། །དང་པོ་ལ་གཉིས། བསྐྱེད་རིམ་དང་པོར་


KMC011_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པའི་ངེས་པ་དང་། དེའི་རྒྱས་བཤད་དོ། །དང་པོ་ནི། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་གཅིག་ནི་བསྒོམ་པར་བྱ། །ཞེས་གསུངས་ཏེ། མདོར་བསྟན་གྱི་དོན་དེ་དག་མངོན་དུ་བྱེད་པའི་ཐབས་ཀྱི་གཙོ་བོ་བསྐྱེད་རྫོགས་གཉིས་ཀྱི་དང་པོ། རྣམ་ཐར་སྒོ་གསུམ་གྱི་དོན་མཚོན་པར་བྱེད་པའི་ཧེ་རུ་ཀའི་ཡི་གེས་བསྟན་པ་བརྡའི་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ལ་སོགས་པ་བཞི་དང་། དོན་གྱི་ཧེ་རུ་ཀ་སྐུ་བཞི་ནི་རང་རྒྱུད་ལ་བསྐྱེད་པའི་རྒྱུའི་ཕྱིར། གྲོལ་བྱེད་ཀྱི་ལམ་སྒོམ་པའི་དང་པོ་རྫོགས་རིམ་གྱི་ཅིག་ཤོས་བསྐྱེད་རིམ་བསྒོམ་པར་བྱའོ། །ཞེས་སམ། ཡང་ན། ལྷ་ཡབ་ཡུམ་ཐབས་ཤེས་བདེ་སྟོང་དབྱེར་མེད་གཅིག་གི་ངོ་བོར་མོས་ནས་བསྒོམ་པར་བྱའོ་ཞེས་པ་སྟེ། དེའང་གཅིག་གི་སྐད་དོད་ཨེ་ཀ་ནི། ཨེ་སུ་ཁ་ཞེས་པའི་སྒྲ་ལས་དྲངས་ན་ཨེ་ནི་སྟོང་པ་སྟེ་ཤེས་རབ་དང་། སུ་ཁ་ནི་བདེ་བ་སྟེ་བདེ་སྟོང་ཟུང་འཇུག་གི་དོན་དུ་འགྱུར་བས་སོ། །གཉིས་པ་ནི། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །དངོས་པོ་མེད་པའང་ཡོངས་ཤེས་པས། །དངོས་པོ་


KMC011_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་འགྱུར་ཤེས་རབ་ཅན། །དངོས་པོ་མེད་པ་ཡོངས་ཤེས་པས། །དེ་ལྟར་ཧེ་རུ་ཀ་བསྒོམ་བྱ། །ཞེས་གསུངས་ཏེ། དེའང་དྲང་དོན་བསྐྱེད་རིམ་ཁོ་ན་ལྟར་བཤད་ན། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོས་ནས། གཟུགས་སོགས་ཀྱི་དངོས་པོ་ཉིད་ལྷའི་རྣམ་པར་སྒོམ་པ་ཉིད་ཀྱིས་ཕལ་པའི་རྟོག་པ་ལས་རྣམ་པར་གྲོལ་ཞིང་དེ་དག་ལ་དངོས་པོར་ཨ་འཐས་པའི་ཆགས་ཞེན་གྱི་འཆིང་བས་ནི་འཆིང་བར་འགྱུར་ལ། གཟུགས་སོགས་ཀྱི་ཕུང་པོ་གཟུགས་རྡོ་རྗེ་མ་ལ་སོགས་པ་ལྷ་དེ་ཉིད་དུ་ཡོངས་སུ་ཤེས་པས་ནི་གྲོལ་བར་འགྱུར་བ་ཡིན་ནོ། །ལྷ་དེ་དག་དངོས་པོ་མེད་པ་ཉིད་དུའང་བརྟགས་ཤིང་དཔྱད་ན་མི་བདེན་པར་ཡོངས་སུ་ཤེས་པས་སྒྱུ་མ་ལྟ་བུའི་ལྷའི་དངོས་པོར་བསྒོམ་པར་འགྱུར་བ་དེ་ནི་ཤེས་རབ་ཅན་ཡིན་ཞིང་། ཤེས་རབ་ཀྱི་དེ་ཉིད་དམ་ཕྱག་རྒྱ་ལ་སོགས་པ་ལྷན་སྐྱེས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པས་དེ་ལྟར་ཧེ་རུ་ཀ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ་ཞེས་པའོ། །ངེས་དོན་རྫོགས་རིམ་ལའང་སྤྱི་དོན་ལྟར་ན། གཞི་ལམ་འབྲས་བུ་དབྱེར་མེད་པའི་ཧེ་རུ་ཀ་དང་པོར་རྫོགས་རིམ་


KMC011_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྐྱེད་པའི་རྒྱུ་ཨེ་ཝཾ་གྱི་ཡི་གེའི་ཚུལ། དངོས་པོ་གཅིག་ཉིད་ངོ་ཤེས་པས། ཐབས་དང་ཤེས་རབ་ཀྱི་རང་བཞིན་གྱི་དངོས་པོ་ཐམས་ཅད་བསྡུས་ཏེ་དེ་དག་ཟུང་འཇུག་ཏུ་སྤྱད་པས་རྣམ་པར་གྲོལ་ཞིང་། ཕུང་པོ་ལྔ་བདག་ཏུ་འཛིན་པ་སོགས་སེམས་ཅན་རྣམས་འཆིང་བར་བྱེད་པའི་དངོས་པོ་རང་བཞིན་མ་ཤེས་པས་འཆིང་བར་འགྱུར་ལ། དེ་སྤྲོས་པ་དང་བྲལ་བར་ཡོངས་སུ་ཤེས་པས་འཆིང་བ་ལས་གྲོལ་བ་ཡིན་ཅིང་། དངོས་པོ་མེད་པར་ཤེས་པ་དེ་ཉིད་ཀྱང་སྒྱུ་མ་ལྟ་བུར་རྟོགས་པས་ཟབ་མོའི་ཕར་ཕྱིན་དྲུག་རྫོགས་པར་བྱེད་པ་ནི་དངོས་པོ་མེད་པའི་དངོས་པོ་བསྒོམ་པ་ཞེས་པར་འགྱུར་བས་དྲི་མ་མེད་པའི་ཤེས་རབ་ཅན་ཡིན་ལ། སྣང་ཡང་ཡོད་པ་མ་ཡིན་པའི་དངོས་པོ་མེད་པའི་དངོས་པོ་དུ་བ་ལྟ་བུ་ལ་སོགས་པ་བསྒོམ་པ་ལས་དོན་གྱི་ཧེ་རུ་ཀ་མངོན་དུ་བྱེད་པར་འགྱུར་བས་དེ་ལྟར་བསྒོམ་པར་བྱའོ་ཞེས་སོ། །སྦས་དོན་ལྟར་ན། ཧེ་རུ་ཀ་ནི་དེའི་དོན་ཅན་གྱི་ལྷན་སྐྱེས་ཡེ་ཤེས། དང་པོར་གཅིག་སྒོམ་པ་དམིགས་བཅས། དངོས་པོས་གྲོལ་བ་རྩ་རླུང་ཐིག་ལེའི་རྣལ་འབྱོར། དངོས་པོས་འཆིང་བ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བདེ་བ། དེ་ཡོངས་


KMC011_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཤེས་པ་ནི་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོ་དབྱེར་མེད་པ། དངོས་པོ་མེད་པ་ཤེས་པ་ནི་བདེ་སྟོང་གི་ཉམས་མྱོང་དེའང་སྤྲོས་བྲལ་དུ་ཤེས་པ། དངོས་པོ་བསྒོམ་འགྱུར་ནི་སྣང་སྲིད་ཐམས་ཅད་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་རང་བཞིན་དུ་འཆར་བ་སྟེ། གཞན་སྔར་ལྟར་རོ། །འདི་དག་ཉམས་ལེན་གྱི་མན་ངག་ལ་སྦྱོར་བའི་ཚུལ་ནི་གོང་མ་རྣམས་ཀྱིས་བཤད་པའི་རྗེས་སུ་འབྲང་དགོས་ཀྱི། འདིར་ཡི་གེ་མང་བར་དོགས་ནས་མ་སྤྲོས་པ་གཞན་ལའང་ཤེས་པར་བྱའོ། །གཉིས་པ་རྫོགས་རིམ་ལ་གསུམ། ལྷན་ཅིག་སྐྱེས་པའི་ངོ་བོ། ཡེ་ཤེས་དེའི་རྟེན། དེ་མངོན་དུ་བྱེད་པའི་ཐབས་བཤད་པའོ། །དང་པོ་ནི། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་ཏེ། འདི་ལ་བཞི་དང་པོ་སེམས་འགྲེལ་དང་། རྗེ་མར་པའི་དགོངས་པ་ལྟོ་སྦྱར་ཏེ་དཔལ་རང་བྱུང་ཞབས་ཀྱིས་གསལ་བར་མཛད་པ་ལྟར་ན། ཕྱི་ཆོས་དབྱིངས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྣང་བ་ལས་འཆར་བའི་ཁམས་གསུམ་གྱི་ལུས་སམ། ནང་ཕུང་


KMC011_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྐྱེ་མཆེད་དམ་རྩ་རླུང་ཐིག་ལེ་ལྷའི་རང་བཞིན་འདུ་ཤེས་སུམ་ལྡན་གྱི་ལུས་སམ། གཞན་བསྐྱེད་རིམ་ལྷའི་འཁོར་ལོའི་ལུས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གནས་ཏེ། དེའི་ངོ་བོ་ཆོས་ཐམས་ཅད་སེམས་ལས་གུད་ན་མེད་ཅིང་། སེམས་ཀྱི་ངོ་བོ་རང་གི་རིག་པ། རང་རིག་བདེ་བ། བདེ་བ་སྤྲོས་བྲལ་གྱི་རང་བཞིན་དུ་གྲུབ་པའི་ཕྱིར། སེམས་རིག་པས་རྒྱས་བཏབ་པ་སོགས་རྒྱས་གདབ་གསུམ། དབུགས་དབྱུང་གསུམ། སྣ་ཚོགས་སུ་སྣང་བའི་ཆོས་སྤྲུལ་སྐུ། རིག་པ་གསལ་བ་ལོངས་སྐུ། སྤྲོས་བྲལ་ཆོས་སྐུ། བདེ་བ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་རང་བཞིན་དུ་གནས་པ་ཡིན་ལ། བདེ་བ་ལ་སྟོང་པ། སྟོང་པ་ལ་བདེ་བས་རྒྱས་བཏབ་པ་ཆེན་པོ་སྟེ། དེ་ལྟར་ན་ལུས་ལ་ཡེ་ཤེས་ཆེན་པོ་དེ་གནས་སོ། །དེ་ནི་མཚན་ཉིད་གསུམ་དང་ལྡན་པ་སྟེ། ཆོས་ཐམས་ཅད་སེམས་ཀྱི་ལུས་སུ་རྟོགས་པའི་དུས་སུ་ཕྱི་རོལ་དོན་གྱི་རྟོག་པ། སེམས་རང་རིག་ཏུ་རྟོགས་པའི་དུས་སུ་དཀར་དམར་གཟུང་འཛིན་གྱི་རྟོག་པ། རང་རིག་བདེ་བར་རྟོགས་པའི་དུས་སུ་སྡུག་བསྔལ་དང་བཏང་སྙོམས་ཀྱི་རྟོག་པ། བདེ་བ་སྤྲོས་བྲལ་དུ་རྟོགས་པའི་དུས་སུ་དངོས་པོ་ལ་མངོན་པར་ཞེན་


KMC011_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟོག་པ་སྟེ་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་དང་གཅིགཡེ་ཤེས་ཆེན་པོ་དེས་ཕྱི་ནང་གཞན་གསུམ་གྱི་ལུས་སམ་དངོས་པོ་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པ་པོར་གྱུར་པ་དང་གཉིས། ལྷན་སྐྱེས་དེ་གདོད་ནས་ལུས་ལ་གནས་ཀྱང་བདེན་པའི་དངོས་པོར་ཐོག་མར་མ་སྐྱེས་པས་བར་དུ་འཛིན་པའི་བློ་ཡུལ་དུ་མི་གནས། མཐར་བུམ་པ་ཞིག་ཀྱང་དེའི་ནམ་མཁའ་གང་དུའང་མི་འགག་པ་བཞིན་དུ་ལུས་ཞིག་ཀྱང་ཡེ་ཤེས་གང་དུའང་འགག་པར་མི་འགྱུར་རོ། །གཉིས་པ་ཡི་གེའི་དོན་ཐུན་མོང་སྤྱི་དོན་དང་སྦྱར་ན། ཉེར་ལེན་གྱི་ཕུང་པོའི་ལུས་ཅན་རྣམས་ལ་སེམས་ཉིད་རང་བཞིན་ལྷན་སྐྱེས་ཀྱི་ཡེ་ཤེས་ཆེན་པོས་ཐོག་མཐའ་མེད་པར་ཁྱབ་པའི་ཚུལ་དུ་གནས་ཤིང་། རང་གི་ངོ་བོ་གློ་བུར་བའི་རྣམ་རྟོག་གིས་གོས་མ་མྱོང་བས་རྟོག་པ་ཐམས་ཅད་སྤངས་ཤིང་། ཆོས་ཅན་འཁོར་འདས་ཀྱི་དངོས་པོ་ཀུན་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་པ་པོ། །ལུས་ལ་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་དུ་གནས་ཀྱང་། བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་ཚུལ་གྱིས་ལུས་ལས་མ་སྐྱེས་པའོ། །ཞེས་སམ། ཡང་ན། ལུས་འཁོར་འདས་ཀྱི་ཆོས་ཅན་ཐམས་ཅད་ཡེ་ཤེས་ཆོས་


KMC011_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྟོང་པ་ཉིད། དེ་ལ་གཟུང་འཛིན་གྱི་སྒྲོ་བཏགས་བྲལ་བས་རྟོག་པ་སྤངས་པ། དངོས་པོ་ཆོས་ཅན་ཀུན་ལ་ཆོས་ཉིད་རང་བཞིན་སྟོང་ཉིད་ཀྱིས་ཁྱབ་པས། ཆོས་ཅན་ལུས་ལ་ཆོས་ཉིད་ཁྱབ་བྱེད་དུ་གནས་ཀྱང་ཆོས་ཉིད་སྐྱེ་བ་མེད་པས་དངོས་པོ་ལས་མ་སྐྱེས་པ་སྟེ་དེ་དག་སྐབས་འདིར་དྲང་དོན་དུ་ཤེས་པར་བྱའོ། །གསུམ་པ་ཡི་གེའི་དོན་ཐུན་མིན་ངེས་དོན་དུ་བཤད་ན། ལུས་ནི། ཨེ་ཝཾ་གྱིས་བསྡུས་པའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་འཁོར་ལོ་བཞིའི་ལྟེ་བའོ། །ཡེ་ཤེས་ནི། བསྐྱེད་རིམ་དང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་འོད་གསལ་ལས་འདས་པ་མཆོག་ཏུ་མི་འགྱུར་བའི་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་ཚུལ་གྱིས་ལུས་ལ་གནས་ཀྱང་རྟོག་པ་ཐམས་ཅད་སྤངས་པའི་རང་བཞིན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོའོ། །དེ་ཉིད་ཡེ་ཤེས་ཀྱི་སྐུ་ཡིན་པས་ཕུང་པོ་ལྔ་དབང་པོ་དྲུག་སྐྱེ་མཆེད་དྲུག་འབྱུང་བ་ལྔ་ལ་སོགས་པའི་དངོས་པོ་ཐམས་ཅད་ལ་ཁྱབ་པ་སྟེ་སེམས་ལས་གཞན་པའི་དོན་ཕྱི་རོལ་ན་གྲུབ་པ་མེད་པའི་ཕྱིར་རོ། །ཡེ་ཤེས་དེ་དངོས་པོ་ཐམས་ཅད་ཀྱི་ལུས་ལ་མཐའ་དང་བྲལ་བའི་ཚུལ་


KMC011_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནས་ཀྱང་སྐྱེ་འཇིག་མེད་པའི་ཕྱིར་ལུས་ལས་མ་སྐྱེས་པའོ། །དོན་འདི་ལ་དགོངས་ཏེ། དཔལ་སམྦུ་ཊར། གང་ཚེ་ལས་ཀྱི་ལུས་ཞིག་ན། །དེ་འདྲ་བ་ཡི་ལུས་སུ་འགྱུར། །ཇི་སྲིད་ལས་དང་ལས་མིན་འགྱུར། །དེ་སྲིད་ལུས་ལ་རྣམ་པར་གནས། །ཞེས་གསུངས་པ་ལ། ལས་ཀྱི་ལུས་དོར་བ་ཡེ་ཤེས་ཀྱི་སྐུ་འབྱུང་ཞིང་། ལས་ཀྱིས་བཅིངས་པ་འཁོར་བའི་ལུས་དང་། ལས་མིན་རྣལ་འབྱོར་པའི་ལུས་ཡོད་པ་དེའི་བར་དུ་ཡེ་ཤེས་དེ་ལུས་ལ་གནས་སོ་ཞེས་པའི་དོན་ནོ། །བཞི་པ་སྦས་དོན་དུ་བཤད་ན། ལུས་ནི། ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་སོ། །ཡེ་ཤེས་ཆེན་པོ་ནི། ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སོ། །གནས་པ་ནི། དེ་ལ་དེས་ཁྱབ་པའི་ཚུལ་དུའོ། །རྟོག་པ་སྤངས་པ་ནི། དེའི་ཚེ་གཟུང་འཛིན་ལ་སོགས་པའི་རྟོག་པ་འགགས་པའོ། །དངོས་ཀུན་ཁྱབ་པ་ནི། བརྟན་གཡོ་ཐམས་ཅད་བདེ་སྟོང་ལྷན་སྐྱེས་ཀྱི་རང་བཞིན་དུ་ཤར་བའོ། །ལུས་གནས་སོགས་ནི། ཡེ་ཤེས་དེ་རྡོ་རྗེའི་ལུས་ལ་ཁྱབ་བྱེད་དུ་གནས་ཀྱང་རང་གི་ངོ་བོར་དངོས་པོར་མ་གྲུབ་པས་ལུས་ལས་བདེན་པའི་དངོས་པོར་མ་སྐྱེས་པ་སྟེ་འདིའང་ངེས་དོན་གྱི་བཤད་པ་ཡིན་ནོ། །གཉིས་པ་


KMC011_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དེའི་རྟེན་ལུས་རྒྱས་པར་བཤད་པ་ལ་གསུམ། གནས་པ་རྩ། སྡོམ་པ་འཁོར་ལོ། རྒྱུ་བ་རླུང་ངོ་། །དང་པོ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དེའི་དང་པོ་ལའང་། ཞུས། ལན་གཉིས་ཀྱི། དང་པོ་ནི། ཀྱཻ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། ཞེས་གསུངས་ཏེ། གོང་དུ་ལུས་ཞེས་གསུངས་པ་ལས་འཕྲོས་ནས། རྡོ་རྗེ་སྙིང་པོས་གསོལ་བ། ཀྱཻ་བཅོམ་ལྡན་འདས། ཞེས་བོས་ནས། ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལ་རྩ་དུ་ཡོད་པ་ལགས་ཤེས་ཞུས་པའོ། །ཞུ་བ་པོའི་མཚན་རྨ་འགྱུར་ལས་འབྱུང་ཞིང་རྒྱ་དཔེ་ལའང་ཡོད་པས་འབྲོག་འགོས་ཀྱི་འགྱུར་ལ་ཆད་པའང་ཤེས་པར་བྱའོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །(མདོར་བསྟན་དང་རྒྱས་བཤད་ཀྱི་ས་བཅད་དེ་གཉིས་འཐེབ་པ་མིན་ནམ་སྙམ་དཔྱད་པར་ཞུ།) དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ། བདེ་བ་ཆེན་པོའི་གནས་སུ་འཛག་པའོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ལན་བཀའ་སྩལ་པ་ནི། འདིར་རྩ་རྣམས་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་དུ་མ་ཞིག་ཡོད་མོད་ཀྱང་གཙོ་མོ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། སོ་དང་སེན་མོ་སོགས་


KMC011_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པའི་ཆ་ཤས་སུམ་ཅུ་རྩ་གཉིས་ནང་ནས་འབབ་པ་ལ། ཁྱད་པར་དེ་དག་གི་གཙོ་མོ་དྭངས་མ་ཟླ་བ་བདེ་བ་ཆེན་པོ་འབྱུང་བའི་གནས་ལྟེ་བའམ་གསང་གནས་སུ་འཛག་པའོ་ཞེས་མདོ་ཙམ་དུ་གསུངས་སོ། །གཉིས་པ་རྒྱས་བཤད་ལ། རྩའི་གཙོ་མོ་གསུམ་གྱི་མིང་། རང་བཞིན། བྱེད་ལས། གཙོ་མོ་སོ་གཉིས་ཀྱི་མིང་གི་རྣམ་གྲངས། རྩའི་རྣམ་དག་གོ། །དང་པོ་ནི། དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་དང་། རོ་མ་དང་། ཀུན་འདར་མའོ། །ཞེས་གསུངས་ཏེ། འཁོར་ལོའི་རྩ་འདབ་རྣམས་དང་བཤད་མ་ཐག་པའི་རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་ཐམས་ཅད་ཀྱི་རྟེན་གཞིར་གྱུར་པས་གཙོ་མོ་སྟེ། གཡོན་དུ་ལ་ལ་ནཱ་རྐྱང་མ་ཞེས་པ་དང་། གཡས་སུ་ར་ས་ནཱ་རོ་མ་ཞེས་པ་དང་། དབུས་སུ་ཨ་ཝ་དྷཱུ་ཏཱི་ཀུན་སྤངས་མའམ་ཀུན་འདར་མར་བརྗོད་པའོ། །དུས་འཁོར་ནས་འདི་གསུམ་ལ། ལུག །སེར་སྐྱ། ཕྲ་མོའམ་སྒྲ་གཅན་གྱི་རྩ་ཞེས་ཀྱང་བཤད་དོ། །གཉིས་པ་ནི། རྐྱང་མ་ཤེས་རབ་རང་བཞིན་གྱིས། །ཐབས་ཀྱིས་རོ་མ་ཡང་དག་གནས། །ཀུན་


KMC011_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་ཏེ། རྩ་དེ་གསུམ་གྱི་རང་བཞིན་ནི། རྐྱང་མ་ཤེས་རབ་ཀྱི་རང་བཞིན་གྱིས་གཟུང་བའི་རྣམ་རྟོག་བསྐྱེད་ཅིང་། ཕྱི་རོལ་དུ་ཟླ་བ་ཡར་ངོའི་ཆ་བཅོ་ལྔ་དག་པ་སྟེ་རྩ་མི་ཕྱེད་མ་ལ་སོགས་པ་བཅོ་ལྔ་དེ་ལས་གྱེས་ཤིང་། དེའི་རྩེ་མོ་སྣ་བུག་གཡོན་དུ་ཟུག་པ་དང་། ཐབས་ཀྱི་བདག་ཉིད་ཀྱི་རོ་མ་འཛིན་པའི་རྣམ་རྟོག་ཡང་དག་པར་བསྐྱེད་ཅིང་གནས་པ། ཕྱི་རོལ་དུ་ཟླ་བ་མར་ངོའི་ཆ་བཅོ་ལྔ་དག་པ་སྟེ། རྩ་གཞོལ་མ་ལ་སོགས་པ་བཅུ་དེ་ལས་གྱེས་ཤིང་། དེའི་རྩེ་མོ་སྣ་བུག་གཡས་སུ་ཟུག་ནས་གནས་པ་དང་། ཀུན་འདར་མ་ནི་ཐབས་ཤེས་གཉིས་སུ་མེད་པའི་བདག་ཉིད་ལུས་ཀྱི་གནས་དྲང་པོར་ཡར་སྣ་ཚངས་བུག་དང་། མར་སྣ་སྐྱེས་པའི་རྡོ་རྗེ་ནོར་བུའི་སྒོ་དང་། བུད་མེད་ཀྱི་ཟེའུ་འབྲུ་ལ་གནས་ཤིང་། གཟུང་བ་དང་འཛིན་པའི་རྣམ་རྟོག་རྣམ་པར་སྤངས་པས་ཀུན་སྤངས་མ་ཞེས་བྱའོ། །དེ་ཡང་དབུ་མ་ལྟེ་བ་ནས་ཚངས་བུག་ཏུ་སོང་བ་སྨིན་མཚམས་སུ་ཁ་ཕྱོགས་ཤིང་། རོ་རྐྱང་ལྟེ་འོག་སུམ་མདོ་ནས་རྐྱང་མ་རྒྱབ་དང་། རོ་མ་གཡོན། དྷཱུ་ཏི་མདུན་དུ་གནས་པར་ཤེས་


KMC011_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སོ། །གསུམ་པ་ནི། རྐྱང་མ་མི་བསྐྱོད་འབབ་མ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མར་རབ་གྲགས། །ཞེས་གསུངས་ཏེ། དེ་གསུམ་གྱི་བྱེད་ལས་རྐྱང་མའི་རྩ་སྦུབས་ཀྱི་མར་སྣ་ནས་མི་བསྐྱོད་པའི་བརྡར་བཏགས་པ་གཅི་བ་འབབ་མ་སྟེ། གྱེན་དུ་སྣ་བུག་གཡོན་པར་མི་བསྐྱོད་པའི་རང་བཞིན་ཟླ་བའི་ཁམས་ཀྱི་རླུང་ལྔ་སྐྱེ་རིམ་གྱིས་རྒྱུ་ལ། རོ་མ་ལ་ཡང་དེ་བཞིན་དུ་མར་སྣ་ནས་བུད་མེད་ཀྱི་ཁྲག་གི་ཁམས་འབབ་པའི་འཕེན་སྡོམ་བྱེད་ཅིང་གྱེན་དུ་སྣ་བུག་གཡས་པར་ཉི་མའི་ཁམས་ཀྱི་རླུང་སྡུད་རིམ་གྱིས་རྒྱུའོ། །དབུ་མའི་མར་སྣ་རྩ་གསུམ་འདུས་མདོ་ནས་ཤེས་རབ་བདག་མེད་མའི་རང་བཞིན་ཟླ་བ་བྱང་ཆུབ་ཀྱི་སེམས་དཀར་ཆ་འབབ་པར་རྡོ་རྗེ་འཛིན་པས་གང་བཤད་པ་དེ་ནི་རྩ་ཐམས་ཅད་ལ་ཁྱབ་ཅིང་། བདེ་བས་གཡོ་བར་བྱེད་པས་ཀུན་འདར་མ་ཞེས་བྱ་བར་རབ་ཏུ་གྲགས་སོ། །བཞི་པ་ནི། མི་ཕྱེད་མ་དང་། ཕྲ་གཟུགས་མ་དང་། རྩེ་བ་མ་དང་། གཡོན་པ་མ་དང་། ཐུང་ངུ་མ་དང་། རུས་སྦལ་སྐྱེས་མ་དང་། སྒོམ་པ་མ་དང་། དབང་མ་དང་། སྐྱོན་མ་དང་། འཇུག་


KMC011_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། མ་མོ་དང་། མཚན་མོ་དང་། བསིལ་སྦྱིན་མ་དང་། ཚ་བ་མ་དང་། བརྐྱང་མ་དང་། ཀུན་འདར་མ་དང་། རོ་མ་དང་། གཞོལ་མ་དང་། རངས་མ་དང་། ཤིན་ཏུ་གཟུགས་ཅན་མ་དང་། སྤྱི་མ་དང་། རྒྱུ་སྦྱིན་མ་དང་། སྦྱོར་བྲལ་མ་དང་། སྡུག་གུ་མ་དང་། གྲུབ་མ་དང་། འཚེད་མ་དང་། དེ་བཞིན་དུ་ཡིད་བཟང་མ་དང་། སུམ་སྐོར་མ་དང་། འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། བདུད་བྲལ་མའོ། །ཞེས་གསུངས་ཏེ། རྩའི་གཙོ་མོ་སུམ་ཅུ་རྩ་གཉིས་པོ་རེ་རེ་ལའང་ལུས་ཀྱི་ཆ་གང་ལ་གནས་ཤིང་ལས་གང་བྱེད་པ་དང་། ཕྱི་རོལ་གྱི་ཡུལ་ཆེན་པོ་གང་དང་སྦྱར་ནས་ས་ལམ་ཇི་ལྟར་བགྲོད་པའི་རིམ་པ་དང་། འབྲས་བུ་སྐྱེ་བའི་རིམ་པ་ལ་སངས་རྒྱས་ཀྱི་སའི་རྣམ་དག་ཏུ་བཤད་པ་གསུམ་རེའི་ཚུལ་དུ་འཆད་དགོས་ཏེ། རྒྱུད་ཚིག་གཅིག་གིས་གཞི་ལམ་འབྲས་གསུམ་གྱི་དོན་བསྟན་ཅིང་རྩ་སོགས་དོན་གཅིག་ལའང་དེ་གསུམ་ག་ཚང་བའོ། །དེའང་རྩ་འདི་དག་གི་ངོ་བོ་ནི་ལུས་དངོས་པོའི་གནས་ལུགས་ཡིན་པས་གཞི་ཡིན་ལ། ལྟེ་བའི་གཏུམ་མོ་སྦར་བ་སོགས་ཀྱི་གནད་བསྒོམས་ན་ལམ་གྱི་རིམ་པར་འགྱུར་ལ། དེས་གཞི་དུས་ཀྱི་སྒྲིབ་པ་གློ་


KMC011_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བུར་བས་སྒྲིབ་པའི་རྩ་སོགས་ཐ་མལ་གྱི་ངོ་བོ་རྣམ་པར་དག་ནས་སྤྲུལ་སྐུ་སོགས་སུ་གནས་གྱུར་པ་མཚན་དཔེ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཐོབ་ན་འབྲས་བུར་འགྱུར་བའོ། །དེ་ལ་དང་པོ་གནས་དང་བྱེད་ལས་ནི། རྡོ་རྗེ་གསུམ་མི་ཕྱེད་མ་ནི། མགོ་ལ་གནས་ཤིང་སེན་མོ་དང་སོ་རྣམས་བསྐྱེད་དོ། །ཤིན་ཏུ་ཕྲ་བའི་གཟུགས་ཅན་མ་ནི། སྤྱི་གཙུག་ན་གནས་ཤིང་སྐྲ་དང་བ་སྤུ་རྣམས་བསྐྱེད་དོ། །འདོད་ཡོན་ལ་རྩེ་བ་མ་ནི། རྣ་བ་གཡས་པར་གནས་ཤིང་པགས་པ་དང་དྲི་མ་རྣམས་བསྐྱེད་དོ། །གཡོན་སྐོར་དུ་གནས་པ་མ་ནི། ལྟག་པར་གནས་ཤིང་ཚང་རའི་ཤ་རྣམས་བསྐྱེད་དོ། །ཟླུམ་ཞིང་ཚད་ཐུང་ངུ་མ་ནི། རྣ་བ་གཡོན་པར་གནས་ཤིང་རྒྱུས་པ་རྣམས་བསྐྱེད་དོ། །རུས་སྦལ་གྱི་དབྱིབས་སུ་སྐྱེས་མ་ནི། སྨིན་ཕྲག་ཏུ་གནས་ཤིང་རུས་པ་བསྐྱེད་དོ། །སྲིད་པའི་དངོས་པོ་གསལ་བས་སྒོམ་པ་མ་ནི། མཆིན་པ་ལ་གནས་ཤིང་མིག་གཉིས་བསྐྱེད་དོ། །རྟོག་པ་འཁྲུད་པས་དབང་བསྐུར་མ་ནི། དཔུང་པའི་རྩ་བ་དང་འབྲེལ་ཞིང་སྙིང་དང་ཕྲག་པ་བསྐྱེད་དོ། །ཉོན་མོངས་སུན་འབྱིན་པས་སྐྱོན་བྲལ་མ་ནི། མཆན་འོག་གཉིས་ནས་འབྲེལ་ཞིང་མཆིན་པ་དང་མིག་


KMC011_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཀྱི་ཤ་བསྐྱེད་དོ། །ལུས་སྐྱོད་པའི་ལས་ལ་འཇུག་པ་མ་ནི། ནུ་མ་གཉིས་ལ་གནས་ཤིང་ལོང་ག་དང་མཁྲིས་པ་བསྐྱེད་དོ། །མ་དང་རྗེས་སུ་མཐུན་པས་མ་མོ་ནི། གློ་བར་གནས་ཤིང་ལྟེ་བ་དང་འབྲེལ་ནས་གློ་བ་བསྐྱེད་དོ། །སྣང་བ་ནུབ་པའི་བདག་ཉིད་ཅན་མཚན་མོ་ནི། རྒྱུ་མ་ནས་སྣ་རྩེར་འབྲེལ་ཞིང་རྒྱུ་མ་དང་ལྟོ་བ་བསྐྱེད་པར་བྱེད་དོ། །བསིལ་བ་སྦྱིན་པར་བྱེད་མ་ནི། ཁའི་མཐའ་ནས་འགྲམ་པ་དང་རྩིབས་ལོགས་སུ་འབྲེལ་ཞིང་གནས་ཏེ་གྲོད་པ་བསྐྱེད་དོ། །ཚ་བ་སྟེར་བ་མའམ་དྲོད་མ་ནི། མགྲིན་པ་ནས་ལྟེ་བར་རྒྱུ་ཞིང་ལྟོ་བ་དང་མཉེ་མ་བསྐྱེད་དོ། །བདེ་བས་ཚིམས་པ་མེད་པའི་རྐྱང་མ་ནི། རྩ་དེ་རྣམས་ཀྱི་རྟེན་ཡིན་ཏེ། དེ་ལ་བརྟེན་པའི་མི་ཕྱེད་མ་སོགས་དེ་དག་ནི་རྩ་གསུམ་གྱི་གཡོན་རྐྱང་མ་ལས་གྱེས་ཤིང་གཡོན་གྱི་ཆ་ལ་གནས་པ་ཤེས་རབ་ཀྱི་རང་བཞིན་མཚོན་པར་བྱེད་པ་ཡར་ངོའི་ཚེས་རྣམས་ཡིན་ཞེས་རྡོ་རྗེ་སྙིང་པོའི་འགྲེལ་པ་དང་། ནཱ་རོ་འགྲེལ་ཆེན་ལས་གསུངས་སོ། །རང་བཞིན་མེད་པའི་ཚུལ་གྱིས་རྟོག་པ་ཀུན་འདར་བར་བྱེད་མའམ་དབུ་མ་ནི། དབུས་ན་གནས་པའི་རྩའོ། །རོ་ཐམས་ཅད་སྟེར་བ་མ་ནི། གཡས་ན་གནས་པ་ཐབས་ཀྱི་


KMC011_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མཚོན་པར་བྱེད་པ་ཡིན་པས་དེ་ལས་གྱེས་པ་གཡས་ཀྱི་རྩ་རྣམས་ནི། བདེ་བ་ལ་གཞོལ་བ་མ། སྙིང་ག་ནས་བཤང་ལམ་དུ་འབྲེལ་ནས་བཤང་བ་བསྐྱེད་དོ། །བདེ་བས་ཚིམས་ཞིང་རངས་པར་བྱེད་མ་ནི། འཚོགས་པ་དང་ཆུ་སོར་འབྲེལ་ཞིང་དེ་གཉིས་ཀྱི་བར་འགེངས་པའི་རྒྱུངས་པ་བསྐྱེད་དོ། །བེམ་པོས་བསྡུས་པ་ཤིན་ཏུ་གཟུགས་ཅན་མ་ནི། མཚན་མ་ལ་གནས་ཤིང་བད་ཀན་བསྐྱེད་དོ། །ཐམས་ཅད་ལ་མཉམ་པས་སྤྱི་ཁྱབ་མ་ནི། བཤང་ལམ་དུ་གནས་ཤིང་རྣག་བསྐྱེད་དོ། །རྒྱུ་ཐམས་ཅད་སྦྱིན་པར་བྱེད་མ་ནི། བརླ་ཟུར་ལ་གནས་ཤིང་ཁྲག་བསྐྱེད་དོ། །སྡུག་བསྔལ་གྱི་སྦྱོར་བ་དང་བྲལ་བ་མ་ནི། བྱིན་པ་ལ་གནས་ཤིང་རྔུལ་བསྐྱེད་དོ། །རྗེས་སུ་ཆགས་པས་སྡུག་གུ་མ་ནི། སོར་མོ་ལ་གནས་ཤིང་ཚིལ་བསྐྱེད་དོ། །དངོས་གྲུབ་གྲུབ་པར་བྱེད་མ་ནི། རྐང་པའི་རྒྱབ་བམ་བོལ་ལ་གནས་ཤིང་མཆི་མ་བསྐྱེད་དོ། །མེའི་རང་བཞིན་ཡིན་པས་འཚེད་མ་ནི། མཐེ་བོང་བཞི་ལ་གནས་ནས་ལུད་པ་དང་མཆིལ་མ་བསྐྱེད་དོ། །དེ་བཞིན་དུ་ ཆུ་ཁམས་ཀྱི་རང་བཞིན་ཡིད་བཟང next hit་ཞིང་བདེ་བར་བྱེད་མ་ནི། པུས་མོའི་གཉན་གོང་ན་གནས་ཤིང་སྣབས་བསྐྱེད་དོ། །


KMC011_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཅུ་ནི་རོ་མས་བསྐྱེད་པར་སམྦཱུ་ཊི་ལས་གསུངས་ཤིང་། སྙིང་གའི་པདྨའི་དབུས་དང་ཕྱོགས་ཀྱི་འདབ་མ་རྣམས་ལ་རྣམ་པ་གསུམ་གྱིས་དཀྲིས་པའི་སུམ་སྐོར་མས་མིག་གིས་གཟུགས་འཛིན་པའི་བདག་རྐྱེན་བྱེད། འདོད་པ་ཀུན་དང་ལྡན་མས་རྣ་བས་སྒྲ། རྩ་རླུང་གི་ཁྱིམ་གྱི་བདག་མོར་གནས་པ་ཁྱིམ་པ་མས་སྣས་དྲི། གཏུམ་པའི་ལས་བྱེད་པ་གཏུམ་མོས་ལྕེས་རོ། འཆི་བའི་བདུད་དང་བྲལ་བར་བྱེད་མས་ལུས་ཀྱི་རེག་བྱ་འཛིན་ཞིང་བྱེད་ལས་ཀྱི་ཕྱོགས་གཅིག་དཀར་ཆ་གྱེན་ལ་འདྲེན་ཅེས་བཤད་ལ། སྙིང་འགྲེལ་དང་ནཱ་རོ་པས་བདུད་བྲལ་བ་ནས་ལྕེའུ་ཆུང་ལ་བདུད་རྩིའི་བཏུང་བ་འབབས་ཞེས་གསུངས་སོ། །འདི་རྣམས་ནི་དབུ་མས་བསྐྱེད་པར་འཆད་དུ་རུང་ཞེས་ཕྲིན་ལས་པ་བཞེད་དོ། །རྒྱན་འདྲ་ལས་བཤད་ཚུལ་གཞན་དུ་འབྱུང་བ་ནི་དེ་ཉིད་དུ་རྟོགས་པར་བྱའོ། །གཉིས་པ་ཕྱི་རོལ་གྱི་ཡུལ་སོ་གཉིས་དང་སྦྱར་བ་ནི་འོག་གི་ལེའུ་བདུན་པ་ནས་འབྱུང་བ་ལྟར་ལ། རྩ་འཁོར་ལོ་ལྔ་པོ་རེ་རེ་དག་པས་ས་གཉིས་གཉིས་ཏེ། བྱང་འཕགས་ཀྱི་ས་བཅུ་དང་། གཙུག་ཏོར་འཁོར་ལོ་དག་པས་སངས་རྒྱས་ཀྱི་ས་ཐོབ་པ་དུས་འཁོར་ལས་གསུངས། གསུམ་


KMC011_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབྲས་བུ་སངས་རྒྱས་ཀྱི་སར་རྩ་དག་པས་སྐུ་རྡོ་རྗེ་མངོན་དུ་འགྱུར་བ་ཡིན་ལ། གཞན་ཡང་བརྟག་པ་འོག་མ་ལས་རྩའི་གཙོ་མོ་གསུམ་བདག་མེད་མ། གཞན་ཉེར་བརྒྱད་པོ་ལས་གཉིས་ཏེ་ལྷ་མོ་བཅུ་བཞི་པོར་གསུངས་པ་སོགས་སོ། །ལྔ་པ་ལ་གཉིས། ཞུས། ལན་ནོ། །དང་པོ་ནི། བཅོམ་ལྡན་འདས་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཇི་ལྟ་བུ་ལགས། ཞེས་གསུངས་ཏེ། རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཀྱི་རང་བཞིན་ནམ་རྣམ་པར་དག་པ་ཇི་ལྟ་བུ་ལགས་ཤེས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟག །ཞེས་གསུངས་ཏེ། འདི་ལ་བཞི། དང་པོ་ཡི་གེའི་དོན་ལྟར་ན། སྲིད་པ་གསུམ་གྱི་ལས་སྣ་ཚོགས་པས་བསྐྱེད་དེ་ཡོངས་སུ་གྱུར་པའི་ལུས་ཀྱི་རྩ་སོ་གཉིས་པོ་ཐམས་ཅད་ནི། དོན་དམ་པར་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་དབུ་མའི་རང་བཞིན་ཅན་ཡིན་པ་ལ་ཡིན་པར་ཤེས་པར་བྱའོ། །ཡང་ན།


KMC011_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་ཁྱད་པར་ནི་སྣ་ཚོགས་པ་ཐམས་ཅད་ཀྱི་ཆ་ནས་རྩ་སོ་སོའི་དངོས་པོའི་མཚན་ཉིད་ཇི་སྐད་བཤད་པ་བཞིན་དུ་ནི་བརྟག་པ་སྟེ་ཤེས་པར་བྱའོ་ཞེས་སོ། །གཉིས་པ་དྲང་དོན་སྤྱིའི་ཚུལ་ནི། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་གསུམ་ལས་ཡོངས་སུ་གྱུར་པའི་ཆོས་ཐམས་ཅད་ནི། གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དབྱེར་མེད་པ་དོན་དམ་བསྒོམས་པའམ། ཡང་ན། ཀུན་རྫོབ་པའི་ཐབས་ཀྱིས་ནི་དངོས་པོ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་ཉིད་ཀྱིས་མཉམ་བཞག་གི་མྱོང་བས་རྗེས་ཀྱི་དངོས་པོའི་མཚན་ཉིད་དུ་ནི་རྒྱས་བཏབ་སྟེ་བརྟགས་ནས་ཉམས་སུ་བླང་བར་བྱའོ་ཞེས་སོ། །གསུམ་པ་ངེས་དོན་སྦས་པའི་ཚུལ་ནི། སྲིད་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་རྩ་གསུམ་ལས་ཡོངས་སུ་གྱུར་པ་རྩ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ནི། དོན་དམ་པ་ཨ་ཝ་དྷཱུ་ཏཱི་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པའི་ངོ་བོར་གྲུབ་ལ། ཡང་ན། ཐབས་ནི་རྩ་གསུམ་གཙོ་མོ་དང་ཉེར་བརྒྱད་པོ་མཁའ་སྤྱོད་མ་སོགས་གཉིས་གཉིས་ཏེ་རྣལ་འབྱོར་མ་བཅོ་ལྔ་ཐམས་ཅད་ཀྱི་བདག་ཉིད་དུ་ཐ་


KMC011_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མི་དད་པའི་དངོས་པོའི་མཚན་ཉིད་དུ་བརྟག་སྟེ། སྣང་སྲིད་ཐམས་ཅད་བདེ་སྟོང་དབྱེར་མེད་ཀྱི་རང་བཞིན་དུ་བསྒོམ་པར་གྲུབ་ཆེན་མཚོ་སྐྱེས་ཞབས་བཞེད་དོ། །བཞི་པ་མཐར་ཐུག་ལྟར་ན། སྲིད་གསུམ་སྟེ་རྣལ་འབྱོར་པའི་སྒོ་གསུམ་གྱི་དྲི་མ་སྦྱངས་ནས་གནས་ཡོངས་སུ་གྱུར་པའི་སྐུ་གསུམ་ཆོས་དབྱིངས་རྣམ་པར་མི་རྟོག་པ་གཟུང་འཛིན་སྤངས་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པ་ལས། ཡང་ན། ཐབས་སྤྲུལ་པའི་རང་བཞིན་སྣ་ཚོགས་པ་ཐམས་ཅད་ཀྱིས་དངོས་པོའི་མཚན་ཉིད་ཅན་དུ་འགྲོ་དོན་མཛད་པར་བརྟག་པ་སྟེ་གྲུབ་པའོ། །གཉིས་པ་སྡོམ་པ་འཁོར་ལོ་ལ་གསུམ། མདོར་བསྟན། རྒྱས་བཤད། ཤིན་ཏུ་རྒྱས་བཤད་དོ། །དང་པོ་ནི། སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ། ཞེས་གསུངས་ཏེ། སྡོམ་ཞེས་པ་བཤད་གཞིར་བཞག་ནས། གང་སྡོམ་ན། ཕྱི་ནང་གཞན་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དོ། །གང་དུ་བསྡོམ་ན། ཨཱ་ལི་ཀཱ་ལིའི་བདག་ཉིད་ཨེ་ཝཾ་མམ་ཐབས་ཤེས་རབ་གཉིས་སུ་སྡོམ། ཚུལ་ཇི་ལྟར་སྡོམ་ན། ཕྱི་རུ་བཅས་པའི་སྡོམ་པ། ནང་དུ་འཁོར་ལོ་བཞི་ལ་ཁམས་དྭངས་མ་སྡོམ་པ། གཞན་དུ་རྫོགས་སངས་


KMC011_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་མཁྱེན་བརྩེས་མཁའ་ཁྱབ་སེམས་ཅན་གྱི་དོན་མཛད་པ་རྒྱུ་དང་བཅས་པའི་གནས་ཚུལ་སྡོམ་པའི་དབྱེ་བའང་བཤད་པར་བྱ་སྟེ་ཞེས་སོ། །གཉིས་པ་ལ་བཞི། བྱང་ཆུབ་སེམས་ཀྱི་སྡོམ། སྐུ་གསུམ་གྱི་སྡོམ། ཡི་གེ་བཞིའི་སྡོམ། འཁོར་ལོའི་རྣམ་གཞག་བཤད་པའོ། །དང་པོ་ནི། ཨཱ་ལི་དང་ཀཱ་ལི་ནི་ཟླ་བ་དང་། ཉི་མ་དང་། ཤེས་རབ་དང་། ཐབས་སོ། །ཞེས་གསུངས་ཏེ། སྡོམ་པ་དེའི་ངོ་བོ་ནི་ཐབས་ཤེས་ཀྱི་རང་བཞིན་ཨེ་ཝཾ་གྱི་སྡོམ་པ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་སྟེ། འདི་ཉིད་ནས། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་རྣམ་པར་རབ་ཏུ་གནས། །ཞེས་སོ། །དེ་ཉིད་ནང་དོན་དུ་སྦྱར་ན། གཞི། ལམ། འབྲས་བུ་གསུམ་ལས། གཞི་དངོས་པོའི་གནས་ལུགས་ཐབས་ཤེས་ཀྱི་རང་བཞིན་ཅན་དང་། སྨིན་བྱེད་ཀྱང་རང་གི་ལུས་ལ་གནས་པའི་ཐབས་ཤེས་དང་སེམས་གཟུང་འཛིན་གྱི་དྲི་མ་དང་བཅས་པ་ངོ་ཤེས་པར་བྱེད་པ་དབང་ཡིན་ལ། དེ་དག་ཀྱང་ཨཱ་ལི་ཀཱ་ལིའི་རང་བཞིན་ཨེ་ཝཾ་ལ་བརྟེན་པ་སྟེ། དེའང་གཞན་དུ་ཨཱ་ལིའི་ཡི་གེ་དང་ཕྱིར་ཟླ་བའི་དཀར་འོད་དང་ཡར་ངོ་ལ་དེའི་དཀར་ཆ་འཕེལ་བ་དང་ནང་དུ་རྩ་རྐྱང་མ། གཡོན་གྱི་


KMC011_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་བྱང་སེམས་ཀྱི་ཐིག་ལེ་དཀར་པོ་རྣམས་ཀྱི་རང་བཞིན་སྟོང་ཉིད་ཡིན་པས་ཤེས་རབ་བོ། །གཞན་དུ་ཀཱ་ལིའི་ཡི་གེ་དང་ཕྱིར་ཉི་མའི་འོད་ཟེར་དང་མར་ངོ་ལ་ཉི་མ་སྟོབས་སུ་འགྱུར་བས་ཟླ་བ་འགྲིབ་པ་དང་། ནང་དུ་རྩ་རོ་མ། གཡས་རྒྱུའི་རླུང་ཉི་མའི་ཁམས་རཀྟ་དམར་པོ་རྣམས་ཀྱི་གདངས་འགག་མེད་ཡིན་པས་སྙིང་རྗེ་དང་ཐབས་ཀྱི་ཆའོ། །ཤུགས་ཀྱིས་འཕངས་པ་གཞན་དུ་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆོས་མཐའ་དག་བསམ་གྱིས་མི་ཁྱབ་པའི་ཕྱིར་ཀུན་གྱི་ཁྱབ་བདག་གོ། །དེ་ལྟར་ཕྱི་ནང་གཞན་གསུམ་དབྱེར་མེད་པ་འདི་ནི་སྡོམ་པའོ། །དེ་ཉིད་མངོན་དུ་འགྱུར་བར་བྱེད་པའི་ལམ་རྩ་རླུང་བྱང་སེམས་ཀྱི་གནད་བཅིངས་ནས་བསྒོམས་པས་འཛག་པ་མེད་པའི་བདེ་བ་ཆེན་པོ་མངོན་དུ་བྱེད་པ་ནི་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་ཕྱིར་འབྲས་བུ་ལམ་བྱེད་སངས་རྒྱས་ཀྱི་སྡོམ་པ་ཞེས་བྱའོ། །མདོར་ན། འདི་ནི་གཉིས་ཆོས་མཐའ་དག་གི་སྡོམ་ཡིན་ལ། ཕྱི་རོལ་དང་ཐུན་མོང་ལ་སྦྱར་བ་སྤྱི་དོན། ནང་ལ་སྦྱར་བ་སྦས་དོན་ནོ། །གཉིས་པ་ནི། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ནི་སྐུ་དང་། གསུང་དང་། ཐུགས་སོ། །


KMC011_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཏེ། འདི་ཕྱི་ཐུན་མོང་ལྟར་བཤད་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་པའི་སྐུ་ནི། སྐུའམ་ལུས་དང་གསུང་ངམ་ངག་དང་ཐུགས་སམ་ཡིད་མཚོན་པའོ། །སྐུ་གསུམ་དབྱེར་མེད་པ་ནི་ངོ་བོ་ཉིད་སྐུ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །དེ་བཞིན་གཞན་པ་སྤྲུལ་པ་ནི། །ཆོས་སྐུ་མཛད་པ་དང་བཅས་པ། །རྣམ་པ་བཞིར་ནི་ཡང་དག་བརྗོད། །ཅེས་གསུངས་སོ། །ནང་གི་དོན་དུ་བཤད་ན། གཞི། ལམ། འབྲས་བུ་གསུམ་སྟེ། དེ་དག་ཀྱང་དཔལ་རང་བྱུང་ཞབས་ཀྱི་བཞེད་པ་ཀརྨ་དཀོན་གཞོན་པས་ཧོར་སྤར་གྱི་ཆད་ལྷག་བསལ་ནས་བཀོད་པ་ལྟར་ན། དཔྲལ་བ་ན་རྩ་འདབ་སུམ་ཅུ་རྩ་གཉིས་པའི་ལྟེ་བར་ས་བོན་ཨོཾ་ལ་དམིགས་པ་གཏད་ཅིང་བྱང་ཆུབ་སེམས་ལ་གནད་དུ་བསྣུན་པའི་ལམ་བསྒོམ་པས་འཛག་བདེའི་གནས་སྐབས་ཟད་ནས་བུམ་དབང་གི་རྣམ་དག་སྐུ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་སྤྲུལ་པའི་སྐུའི་དགོངས་པ་འཆར་རོ། །མགྲིན་པའི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཨཱཿལ་གཏད་ཅིང་རྨི་ལམ་བཟུང་བས་རྨི་ལམ་ཟད་ནས་གསང་དབང་


KMC011_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣམ་དག་གསུང་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་ལོངས་སྤྱོད་རྫོགས་པའི་དགོངས་པ་འཆར་རོ། །སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་ཧཱུྃ་ལ་གཏད་ཅིང་འོད་གསལ་བསྒོམ་པས་གཉིད་སྟུག་ཟད་ནས་དབང་གསུམ་པའི་རྣམ་དག་ཐུགས་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ་ཆོས་སྐུའི་དགོངས་པ་འཆར་རོ། །ལྟེ་བའི་རྩ་འདབ་རེ་བཞིའི་ལྟེ་བར་ཨ་ཐུང་ལ་གཏད་ཅིང་འབར་འཛག་གི་གཏུམ་མོ་བསྒོམས་པས་སད་པའི་གནས་སྐབས་ཟད་ནས་དབང་བཞི་པའི་རྣམ་དག་ཡེ་ཤེས་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་ལྷན་ཅིག་སྐྱེས་སྐུའི་དགོངས་པ་འཆར་རོ། །དེ་ལྟར་བཞི་ཚན་རྣམས་སྐུ་གསུམ་དུ་ཇི་ལྟར་བསྡུ་ན། དབྱེར་མེད་ཡེ་ཤེས་རྡོ་རྗེ་ནི་ཀུན་གྱི་ཁྱབ་བྱེད་དུ་འགྲོ་བས་ཏེ། འདི་ཉིད་ལས། སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང་། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་པ་དང་དོན་གཅིག་པར་གསུངས་སོ། །འདི་ནི་རྒྱུད་རྒྱས་པའི་དགོངས་པས་སྤྱི་མཐུན་ལྟར་བཤད་པར་སྣང་ཞིང་བསྡུས་རྒྱུད་འདི་ཉིད་ཀྱི་དངོས་བསྟན། སྐུ་རྡོ་རྗེ་ཆོས་སྐུའི་གནས་སྙིང་གགསུང་རྡོ་རྗེ་ལོངས་སྐུ་མགྲིན་པ། ཐུགས་རྡོ་རྗེ་སྤྲུལ་སྐུ་ལྟེ་བ། ངོ་བོ་ཉིད་སྐུ་ཡེ་


KMC011_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རྡོ་རྗེ་སྤྱི་བོར་བཤད་པ་དང་ཅུང་ཟད་མི་མཐུན་པ་ལྟར་སྣང་ཡང་། དགོངས་གཞི་གཅིག་ཅིང་དགོས་པ་སོ་སོར་ཡོད་པས་དོན་ལ་འགལ་བ་མེད་ཀྱང་རྒྱུད་རྒྱས་བསྡུས་ཀྱི་བཤད་ཚུལ་རྣམ་དབྱེ་ཕྱེད་པར་བྱས་ན་འཆད་བདེ་བར་སྣང་བས། གོང་དུ་སེམས་དཔའ་གསུམ་སོགས་ཀྱི་སྐབས་སུའང་ཤེས་པར་བྱའོ། །འདིས་ནི་སྒོ་གསུམ་དུག་གསུམ་རྩ་གསུམ་རླུང་འབྱུང་འཇུག་གནས་གསུམ་སོགས་གསུམ་ཆོས་མཐའ་དག་བསྡུས་ཤིང་། སྐུ་གསུམ་སྤྱི་དོན། ནང་ལ་སྦྱར་བ་སྦས་དོན་དུ་བཤད་པའོ། །གསུམ་པ་ནི། ཨེ་ཝཾ་མ་ཡཱ་ནི། ཨེ་ཡི་རྣམ་པས་ལྷ་མོ་སྤྱན། ཝཾ་གྱི་རྣམ་པས་བདག་མར་བརྗོད། །མ་ནི་ལྷ་མོ་གོས་དཀར་མོ། །ཡཱ་ཡི་རྣམ་པས་སྒྲོལ་མར་བརྗོད། །ཅེས་གསུངས་ཏེ། དེའི་དོན་སྒྲ་ཇི་བཞིན་པར་བཤད་ན། ཨེའི་རྣམ་པ་ཨེར་ཏེ་སའི་ཁམས་རྣམ་པར་དག་པའི་ལྷ་མོ་ཐོགས་པ་མེད་པའི་སྤྱན་དང་ལྡན་པས་སྤྱན་མ། ཝཾ་གྱི་རྣམ་པ་ནི་བ་རུ་ཎ་ཆུ་ཁམས་རྣམ་པར་དག་པ་མཱ་མ་ཀི་སྟེ་བོད་སྐད་དུ་བདག་གི་མར་བརྗོད་ཅིང་། མཱ་ཡིག་ནི་མཱ་རུ་སྟེ་མེའི་ཁམས་རྣམ་པར་དག་པ་ལྷ་མོ་ན་བཟའ་དཀར་པོ་འཛིན་པས་གོས་དཀར་མོ། །ཡཱ་ཡི་རྣམ་པ་བཱ་ཡ་བེ་སྟེ་རླུང་གི་


KMC011_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྣམ་པར་དག་པ་སེམས་ཅན་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བར་མཛད་མར་བརྗོད་དོ། །འདི་རྣམས་ངེས་དོན་དུ་བཤད་ན། བདེ་དགྱེས་ཐུན་མོང་བའི་བཤད་རྒྱུད། སམྦུ་ཊི་ལས། ཨེ་ནི་ས་རུ་ཤེས་བྱ་སྟེ། །ལས་ཀྱི་ཕྱག་རྒྱ་དང་ནི་སྤྱན། །ཅེས་སོགས་གསུངས་པ་ལྟར། ཨེའི་རྣམ་པས་ལྟེ་བའི་འཁོར་ལོའི་སའི་ཁམས་ལས་ཀྱི་ཕྱག་རྒྱ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་རྣམས་བསྟན་ཏེ་གཞིའོ། །སྙིང་རྗེ་ཚད་མེད་པ་ཐབས་མཁས་པའི་ཕར་ཕྱིན་གཉིས་ལམ་མོ། །ལྷ་མོ་སྤྱན་མ་ནི་འབྲས་བུའོ། །ཝཾ་གྱི་རྣམ་པས་ནི་སྙིང་གའི་འཁོར་ལོ་ཆུའི་ཁམས་ཆོས་ཀྱི་ཕྱག་རྒྱ་རྣམ་པར་སྨིན་པའི་སྐད་ཅིག་མ་རྣམས་ཏེ་གཞིའོ། །བྱམས་པ་དང་སྨོན་ལམ་གྱི་ཕར་ཕྱིན་གཉིས་ལམ་མོ། །བདག་མ་སྟེ་མཱ་མ་ཀི་ནི་འབྲས་བུའོ། །མཱ་ནི་མགྲིན་པའི་འཁོར་ལོ་མེའི་ཁམས་ཕྱག་རྒྱ་ཆེན་མོ་རྣམ་པར་ཉེད་པའི་སྐད་ཅིག་མ་རྣམས་ཏེ་གཞིའོ། །དགའ་བ་དང་སྟོབས་ཀྱི་ཕར་ཕྱིན་གཉིས་ལམ་མོ། །ལྷ་མོ་གོས་དཀར་མོ་ནི་འབྲས་བུའོ། །ཡཱ་ཡི་རྣམ་པས་ནི། སྤྱི་བོའི་འཁོར་ལོ་རླུང་གི་ཁམས་དམ་ཚིག་གི་ཕྱག་རྒྱ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་རྣམས་ཏེ་གཞིའོ། །


KMC011_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྙོམས་དང་ཡེ་ཤེས་ཀྱི་ཕར་ཕྱིན་གཉིས་ལམ་མོ། །སྒྲོལ་མ་ནི་འབྲས་བུར་བརྗོད་པའོ། །སྔ་མས་ཡི་གེ་དང་སྤྱི་དོན། ཕྱི་མས་སྦས་དོན་དང་མཐར་ཐུག་གི་ཚུལ་བསྟན་པ་སྟེ། འདིས་ནི་འབྱུང་བ་བཞི། ཕྱག་རྒྱ་བཞི། ཚད་མེད་བཞི། འཁོར་ལོ་བཞི། རིགས་བཞི་སོགས་བཞི་ཆོས་མཐའ་དག་བསྡུས་པའོ། །བཞི་པ་ནི། སྤྲུལ་པའི་འཁོར་ལོ་ལ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་དང་། ཆོས་ཀྱི་འཁོར་ལོ་ལ་འདབ་མ་བརྒྱད་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་འདབ་མ་བཅུ་དྲུག་དང་། བདེ་བ་ཆེན་པོའི་འཁོར་ལོ་ལ་འདབ་མ་སུམ་ཅུ་རྩ་གཉིས་སོ། །འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གཞག་པའོ། །ཞེས་གསུངས་ཏེ། ལུས་སྐྱེད་ཅིང་སྤྲུལ་པའི་རྟེན་བྱེད་ལ། གཏུམ་མོའི་གནད་བཅིངས་ནས་བསྒོམས་པས་ཐ་མལ་གྱི་རྣམ་རྟོག་གཅོད་པའི་ཕྱིར་འཁོར་ལོ། །ལྟེ་བར་རྩ་འདབ་དྲུག་ཅུ་རྩ་བཞི་ཁ་དོག་སེར་པོའོ། །ཆོས་ཀྱི་སྐུ་སེམས་ཀྱི་རྒྱལ་པོའི་རྟེན་བྱེད་ལ། འོད་གསལ་གྱི་གནད་བཅིངས་ནས་བསྒོམ་པ་གཉིད་འཐུག་པོའི་འཁྲུལ་པ་གཅོད་པས་འཁོར་ལོ། །སྙིང་གར་རྩ་འདབ་མ་བརྒྱད་པ་ཁ་དོག་སྔོན་པོའོ། །རོ་དྲུག་གི་ལོངས་སྤྱོད་རྫོགས་པར་མྱོང་བའི་


KMC011_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བྱེད་ལ། རྨི་ལམ་གྱི་གནད་བཅིངས་ནས་བསྒོམས་པས་ཉིང་འཁྲུལ་གྱི་རྣམ་རྟོག་གཅོད་པས་འཁོར་ལོ། །མགྲིན་པ་རྩ་འདབ་མ་བཅུ་དྲུག་པ་ཁ་དོག་དམར་པོའོ། །བདེ་བ་ཆེན་པོའི་རྟེན་བྱེད་ལ། བྱང་ཆུབ་ཀྱི་སེམས་ཀྱི་གནད་བཅིངས་ནས་བསྒོམས་པས་སྙོམས་འཇུག་གི་འཁྲུལ་པ་གཅོད་པའི་ཕྱིར་འཁོར་ལོ། །སྤྱི་བོར་རྩ་འདབ་མ་སུམ་ཅུ་རྩ་གཉིས་ཁ་དོག་དཀར་པོའོ། །དེ་དག་ནི་འཁོར་ལོ་བཞིའི་གྲངས་ཀྱི་རིམ་པའི་སྒོ་ནས་རྣམ་པར་གཞག་པ་སྟེ། འབྲས་བུ་སྐུ་བཞི་རྣམ་པར་དག་པའོ། །འཁོར་ལོ་བཞིས་འོག་ཏུ་འབྱུང་བའི་བཞི་ཚན་ཐམས་ཅད་སྡོམ་ཞིང་། བྱེ་བྲག་ཏུ་ལྟེ་བས་དབྱུ་གུ་དང་ཕོ་ཉ་སོགས་དྲུག་ཅུ་རྩ་བཞིའི་སྡེ་དང་། སྙིང་གས་ཐུན་དང་རྣམ་ཤེས་སོགས་བརྒྱད་ཚན་དང་། མགྲིན་པས་འཕོ་བ་དང་དགའ་བ་སོགས་བཅུ་དྲུག་ཚན་དང་། སྤྱི་བོས་ཡུད་ཙམ་དང་གནས་སོགས་སོ་གཉིས་ཚན་རྣམས་སྡུད་ལ། དེའང་ཆུ་ཚོད་སོགས་ལ་སྦྱར་བ་སྤྱི་དོན། ཕྱག་རྒྱ་བཞི་སོགས་ལ་སྦྱར་བ་སྦས་དོན་ནོ། །གསུམ་པ་ཤིན་ཏུ་རྒྱས་བཤད་ལ་ལྔ། སྐད་ཅིག་མ་བཞི། བདེན་པ་བཞི། དེ་ཁོ་ན་བཞི། དགའ་བ་བཞི། སྡེ་པ་བཞི་བཤད་པའོ། །


KMC011_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་ཀྱིས་གོང་གི་སྡོམ་པ་དེ་ཉིད་ལ་ངེས་པ་སྟེར་བས་འདི་དག་ཀྱང་། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པའི་དེ་ཉིད་རབ་ཏུ་དབྱེ། །ཞེས་གསུངས་པས་སོ། །དེ་ལ་དང་པོ་ནི། སྐད་ཅིག་མ་བཞི་ནི། རྣམ་པ་སྣ་ཚོགས་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའོ། །ཞེས་གསུངས་ཏེ། དུས་སྐད་ཅིག་མར་ཉམས་སུ་མྱོང་བ་སྐྱེ་བས་སྐད་ཅིག་མ་བཞིའི་བརྡར་བཞག་པ་རྣམས་ནི་ཕྱི་ནང་གཉིས་ལས་སྤྱི་དོན་ཕྱི་ལྟར་བཤད་ན། བྱ་བ་གང་ཡིན་དེ་རྩོམ་པའི་དུས་སུ་ཐོག་མར་འདུ་བྱེད་རྣམ་པ་སྣ་ཚོགས་རྩོམ་པ་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་སྟེ། ནས་ཀྱི་ས་བོན་ལས་ནས་ཉིད་འབྱུང་བ་ལྟར་རྒྱུ་གང་ཡིན་དེ་དང་ཆོས་མཚུངས་པའི་འབྲས་བུ་འབྱུང་བས་རྒྱུ་མཐུན་པའི་འབྲས་བུའོ། །བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་ལས་སྣ་ཚོགས་ཀྱི་བག་ཆགས་ཀུན་གཞིའི་སྟེང་དུ་བསགས་པ་སྟེ་བྱ་བ་གང་ཡིན་དེའི་འབྲས་བུའི་ངོ་བོ་ནི་རྣམ་སྨིན་གྱི་སྐད་ཅིག་མ་སྟེ། རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འབྲས་བུ་རྣམ་པར་སྨིན་པ་ལྟར་ལས་ཀྱི་འབྲས་བུ་ཆུད་མི་ཟ་བར་སྨིན་པས་རྣམ་པར་སྨིན་པའི་འབྲས་


KMC011_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །འབྲས་བུའི་ཁྱད་པར་གྲུབ་ནས་ཉམས་སུ་མྱོང་བས་ཉེད་པ་སྟེ་ཡང་ཡང་འབད་པ་ནི་རྣམ་པར་ཉེད་པའི་སྐད་ཅིག་མ་སྟེ། ཚོགས་གཉིས་ཡང་ཡང་བསགས་པས་སངས་རྒྱས་ཐོབ་པ་ལྟར་འབད་རྩོལ་བྱས་པས་འདོད་དོན་འགྲུབ་པ་སྐྱེས་བུ་བྱེད་པའི་འབྲས་བུའོ། །ངོ་བོ་དང་ཁྱད་པར་གཉིས་ཀ་རྫོགས་ནས་བྱ་བྱེད་ཀྱི་མཚན་ཉིད་དང་བྲལ་བ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་སྟེ་ས་བོན་ཚིག་པ་ལས་འབྲས་བུ་མི་འབྱུང་བ་ལྟར་སྤང་བྱའམ་འདོར་བྱ་ཟད་པས་བྲལ་བའི་འབྲས་བུའོ། །དེ་དག་ཀྱང་རིམ་བཞིན་ལྟེ་བའི་འཁོར་ལོ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་མར་བཞག་པ་སོགས་འཁོར་ལོ་བཞི་དང་སྦྱར་བར་བྱ་སྟེ། བླ་མེད་ཀྱི་རྒྱུད་རྣམས་སུ། རྒྱུ་ལམ་འབྲས་བུའི་ཆོས་ཐམས་ཅད་ནང་ལུས་ཀྱི་འཁོར་ལོའི་གྲངས་ཀྱིས་རྣམ་པར་གཞག་པའི་ཕྱིར་རོ། །ནང་སྦས་དོན་ལྟར་བཤད་ན། སེམས་གནས་པའི་ཐབས་རྣམ་པ་སྣ་ཚོགས་པའམ། འཁྱུད་པ་སོགས་བྱང་སེམས་སྤྱི་བོ་ནས་དབབ་པའི་ཐབས་རྣམ་པ་སྣ་ཚོགས་ཀྱིས་བདེ་བ་སྐྱེད་པ་ནི་སྐད་ཅིག་མ་དང་པོའོ། །དེས་སད་པའི་གནས་སྐབས་ཐ་མལ་གྱི་རྣམ་རྟོག་འགག་པ་ནི་འབྲས་


KMC011_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །ཐབས་དེས་བྱང་སེམས་མགྲིན་པར་ཕྱིན་པས་འབད་རྩོལ་ཆུང་ཡང་བདེ་བ་སྔ་མ་ལས་ཆེར་སྨིན་པ་ནི་གཉིས་པ་སྟེ་རྨི་ལམ་ཟད་པ་འབྲས་བུའོ། །བདེ་སྟོང་སྙིང་གར་འདྲེས་པས་བདེ་བའི་རྣམ་པར་ཉེད་པ་ལྟར་ཡང་ཡང་མྱོང་བ་ནི་གསུམ་པ་སྟེ་གཉིད་སྟུག་ཟད་པ་འབྲས་བུའོ། །ལྟེ་བར་དཀར་དམར་རླུང་སེམས་འདྲེས་པས་འདོད་ཆགས་དང་ཆགས་བྲལ་གཉིས་ཀའི་མཚན་ཉིད་བྲལ་བ་ནི་བཞི་པ་སྟེ་འཛག་བདེའི་བག་ཆགས་ཟད་པ་འབྲས་བུའོ། །གཉིས་པ་ནི། འཕགས་པའི་བདེན་པ་བཞི་ནི། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ། །ཞེས་གསུངས་ཏེ། འདི་ལའང་གཉིས། ཕྱི་ལྟར་བཤད་ན། བྱིས་པས་རྟོགས་དཀའ་ཞིང་འཕགས་པའི་མཁྱེན་ཡུལ་དུ་གྱུར་པ། ཀུན་རྫོབ་དོན་དམ་སོ་སོའི་རང་ངོར་བདེན་པ་བཞི་སྟེ། ཉེ་བར་ལེན་པའི་ཕུང་པོ་སོགས་སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཏེ་འཁོར་བ་མཐའ་དག་ནི་སྡུག་བསྔལ་བ་དང་། ཉོན་མོངས་པ་དང་ལས་ཀྱི་བག་ཆགས་བསགས་པ་དེ་སེམས་ཅན་གྱི་རིས་སུ་ཀུན་ཏུ་འབྱུང་བའི་རྒྱུ་ཡིན་པས་ཀུན་འབྱུང་བ་དང་། དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་


KMC011_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་དངོས་པོ་འགོག་པའི་འགོག་པ་དང་། ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པའི་མཚན་ཉིད་ཅན་རྒྱུད་ལ་བསྟེན་པ་ནི་ལམ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ལས་ཀུན་འབྱུང་རྒྱུ་དང་། སྡུག་བསྔལ་འབྲས་བུར་གྱུར་པ་འཁོར་བ་དང་། ལམ་རྒྱུ་དང་འགོག་པ་འབྲས་བུ་ནི་མྱང་འདས་རྒྱུ་འབྲས་ཏེ། དེའང་སྡུག་བསྔལ་ནི་ཡོངས་སུ་ཤེས་པར་བྱ་བ། ཀུན་འབྱུང་བ་ནི་སྤང་བ་དང་། འགོག་པ་ནི་མངོན་དུ་བྱ་བ་དང་། ལམ་ནི་བསྒོམ་པར་བྱ་བའོ། །ནང་དོན་དུ་བཤད་ན། ཟག་མེད་ཀྱི་བདེ་བ་ཚོལ་བའི་དཀའ་སྤྱད་ཀྱིས་སྡུག་བསྔལ་བ་དང་། དེས་ཁམས་དྭངས་མ་ཀུན་གནས་ལས་གཡོ་ཞིང་འབྱུང་བ་དང་། ལུས་ཀྱི་ཕྱིར་མ་ཟག་པར་རླུང་དང་འཁྲུལ་འཁོར་གྱིས་འགོག་པ་དང་། དེ་བཟུང་ཞིང་བདེ་གསལ་མི་རྟོག་པ་བསྒོམ་པ་ནི་ལམ་སྟེ་འཁོར་ལོ་བཞི་དང་ཡས་རིམ་བཞིན་སྦྱར་རོ། །གསུམ་པ་ནི། དེ་ཁོ་ན་ཉིད་བཞི་ནི། བདག་གི་དེ་ཁོ་ན་ཉིད་དང་། སྔགས་ཀྱི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །ཞེས་གསུངས་ཏེ། དོན་ཕྱིན་ཅི་མ་ལོག་པ་སྟོན་པས་དེ་ཁོ་ན་


KMC011_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཞི་ཞེས་བྱ་སྟེ། འདི་ལ་གཉིས། དྲང་དོན་ལྟར་ན། རྣལ་འབྱོར་པའི་ལུས་ལྷའི་སྣང་བ་དང་མི་འབྲལ་བ་བདག་གི་དེ་ཁོ་ནའོ། །རྟེན་དང་བརྟེན་པའི་དཀྱིལ་འཁོར་རྒྱུད་ནས་འབྱུང་བ་ལྟ་བུ་ནི་ལྷའི་དེ་ཁོ་ནའོ། །ཁྱོགས་ཀྱི་བཟླས་པ་འཁོར་ལོའི་བཟླས་པ་ཡིད་བཟླས་སོ་སོ་མ་ནོར་བ་ནི་སྔགས་ཀྱི་དེ་ཁོ་ནའོ། །སྤྲོས་བྲལ་འོད་གསལ་གྱི་སྟེང་དུ་སེམས་བཞག་པའི་རྫོགས་རིམ་ཟབ་མོ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །ངེས་དོན་ལྟར་ན། རགས་པ་དང་ཕྲ་བའི་བདག་ཉིད་ཇི་ལྟ་བར་གཏན་ལ་ཕེབས་ཤིང་ལུས་དང་སེམས་ཀྱི་གནས་ལུགས་རྟོགས་པ་བདག་གི་དེ་ཁོ་ན་ཉིད་དང་། གཉིས་སུ་མེད་པའི་སྔགས་ཀྱིས་མ་དག་པ་ཡིད་སྐྱོབ་པ་སྔགས་ཀྱི་དེ་ཁོ་ན་ཉིད་དང་། རང་གི་ཕུང་ཁམས་ཀྱི་དག་པ་དཀྱིལ་འཁོར་གྱི་ལྷ་སྒྱུ་མ་ལྟ་བུའི་ངོ་བོར་ངེས་པ་ལྷའི་དེ་ཁོ་ན་ཉིད་དང་། སྤྲོས་པ་མེད་པ་དང་རང་རིག་པའི་ཡེ་ཤེས་རོ་མཉམ་པར་གྱུར་པ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ། །འཁོར་ལོ་བཞི་ལའང་མས་རིམ་བཞིན་སྦྱར་རོ། །བཞི་པ་ནི། དགའ་བ་བཞི་ནི་དགའ་བ་དང་། མཆོག་ཏུ་དགའ་བ་དང་། དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ། །ཞེས་


KMC011_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། ཕྱག་རྒྱ་བཞི་ལ་བརྟེན་ནས་ཉམས་སུ་མྱོང་བའི་དགའ་བ་ཟག་བཅས་དང་ཟག་མེད་བཞི་ནི། དྲང་ངེས་གཉིས་ལས་ཕྱི་བཤད་ལྟར་ན། འཇིག་རྟེན་པའི་ལམ་ལ་མོས་པས་ཞུགས་པ་དགའ་བ་དང་། བསམ་གཏན་བཞི་ཐོབ་པ་མཆོག་ཏུ་དགའ་བ་དང་། ཁམས་གསུམ་ལས་འདས་པའི་མཐོང་བའི་ལམ་ཐོབ་པ་ནི་དགའ་བྲལ་གྱི་དགའ་བ་དང་། སངས་རྒྱས་ཀྱི་ས་ལ་ཞུགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པའོ། །ནང་དོན་དུ། ཉམས་མྱོང་སྐྱེ་བའི་རིམ་པ་སྟེ། ཐབས་ཀྱི་རིམ་པ་བསྒོམ་པ་ལས་ཞུ་བདེ་ཅུང་ཟད་ཉམས་སུ་མྱོང་བ་ནི་དགའ་བ། དེ་ལས་ཆེས་ལྷག་པའི་དགའ་བས་རྣམ་རྟོག་རགས་པ་བཅོམ་པས་མཆོག་དགའ། བདེ་སྟོང་དབྱེར་མེད་དུ་གྱུར་ནས་བདེ་བ་འདོད་པའི་ཞེན་པ་འགག་པས་ཆགས་པའི་མཐའ་སྤངས་པ་དགའ་བྲལ། འདོད་ཆགས་ཆགས་བྲལ་དབུ་མ་གསུམ་ག་མི་དམིགས་པས་བདེ་སྟོང་དབྱེར་མེད་པའི་དོན་ལ་རྟོག་བྲལ་མ་འཁྲུལ་པ་རྟོགས་པ་ནི་ལྷན་ཅིག་སྐྱེས་དགའོ། །འཁོར་ལོ་བཞི་ལ་ཡས་རིམ་གྱིས་སྦྱར་རོ། །ལྔ་པ་ནི། སྡེ་པ་བཞི་ནི་གནས་བརྟན་པ་


KMC011_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། ཀུན་གྱིས་བཀུར་བ་དང་། དགེ་འདུན་ཕལ་ཆེན་ནོ། །ཞེས་གསུངས་ཏེ། ཚོགས་པ་མང་པོ་དང་ལྡན་པས་སྡེ་པ་བཞི་ནི། ཕྱི་ལྟར་ན། འཕགས་པའི་རིགས་རང་གི་གནས་པ་ལས་མི་བསྐྱོད་པས་བརྟན་པ་དང་། དུས་གསུམ་རྫས་གྲུབ་ཏུ་ལྟ་ཞིང་ཆོས་རྒྱུ་འབྲས་ཐམས་ཅད་ཡོད་པར་སྨྲ་བ་དང་། རིགས་ཐ་དད་མང་པོ་ཀུན་གྱིས་བཀུར་བའི་སློབ་དཔོན་གྱི་རྗེས་སུ་འབྲང་བ་དང་། དགེ་འདུན་ཀྱང་ཡིན་ལ་ཚོགས་ཆེན་པོ་ཕལ་པོ་ཆེ་དང་ལྡན་པ་སྟེ། དེ་ལྟར་སྡེ་པ་བཞི་ནི་སྡེ་པ་བཅོ་བརྒྱད་ལ་སོགས་པ་གྱེས་པའི་གཞིར་གྱུར་པ་བཞིན་དུ། ནང་དུ་བྱང་ཆུབ་སེམས་ཀུན་གྱི་རྩ་བ་རྩ་འཁོར་ལོ་བཞི་ལས་བདེ་བ་སྐྱེད་པའི་རྩ་ཕྲན་ཐམས་ཅད་གྱེས་པའི་ཕྱིར་འཁོར་ལོ་བཞིའི་ཆ་ཤས་སུ་ཐམས་ཅད་སྡོམ་པ་སྟེ། རྩ་རྒྱུད་འདི་ཉིད་དང་ཁ་སྦྱོར་ལས། གང་ཕྱིར་སྤྲུལ་པ་བསྟན་པ་ནི། །སྤྲུལ་པའི་འཁོར་ལོ་གནས་བརྟན་པའོ། །ཆོས་རྣམས་ངག་ཏུ་འབྱིན་པས་ན། །ཐམས་ཅད་ཡོད་སྨྲ་ཆོས་འཁོར་ལོ། །གང་ཕྱིར་མགྲིན་པར་རོ་མྱོང་བས། །ལོངས་སྤྱོད་འཁོར་ལོ་མང་པོས་བཀུར། །གང་ཞིག་བདེ་ཆེན་ཕྱིར་གནས་པས། །བདེ་ཆེན་


KMC011_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ཕལ་ཆེན་པ། །སྡེ་པ་ཞེས་བྱ་ལུས་སུ་བརྗོད། །ཅེས་གསུངས་སོ། །གསུམ་པ་དེ་རྣམས་སུ་རྒྱུ་བ་རླུང་བཤད་པ་ལ་གཉིས། ངོ་བོ་དང་། དུས་སྦྱོར་རོ། །དང་པོ་ནི། ཟླ་བ་དང་། ཉི་མ་དང་། ཨཱ་ལི་དང་། ཀཱ་ལི་དང་། ཞེས་གསུངས་ཏེ། དེའང་སྤྱི་དོན་ལྟར་ན་ཟླ་བས་ཉིན་མོ། ཉི་མས་མཚན་མོ། ཨཱ་ལིས་དཀར་ཕྱོགས། ཀཱ་ལིས་དམར་ཕྱོགས་ཀྱི་ཆོས་རྣམས་བསྟན་པ་དང་། སྦས་དོན་ལྟར་ན་ཟླ་བ་སྣ་བུག་གཡོན་གྱི་རླུང་ངམ་ཁུ་བ། ཉི་མ་སྣ་བུག་གཡས་ཀྱི་རླུང་ངམ་ཁྲགདེ་གཉིས་ཨཱ་ལི་དང་ཀཱ་ལིའི་རྣམ་པར་རྩ་གཉིས་ནས་རྒྱུ་བར་བཞེད་པ་དང་། འགའ་ཞིག་ཐིག་ལེ་གཙོ་བོར་གྱུར་པ་ཟླ་ཉི། རྩ་ཡིག་གཙོ་བོར་གྱུར་པ་ཨཱ་ལི་ཀཱ་ལི་ཞེས་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་སོགས་ཀྱིས། ཟླ་ཉིས་ཁུ་བ་དང་ཁྲག་གི་རང་བཞིན་སྤྱི་བོའི་ཧཾ་དང་ལྟེ་བའི་ཨ་ཐུང་། ཨཱ་ལི་ཀཱ་ལིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་སྙིང་གའི་ཧཱུྃ་དཀར་པོ་དང་མགྲིན་པའི་ཨོཾ་དམར་པོ་བསྟན་པར་བཞེད་པ་སོགས་མང་དུ་མཆིས་ཀྱང་། རྗེ་རང་བྱུང་བའི་བཞེད་པ་ལྟར་ན། ཟླ་བ་ནི་སྣ་བུག་གཡོན་ནས་རྒྱུ་བ་བདུད་རྩིའི་རླུང་སྟེ་ནམ་མཁའ་རླུང་མེ་ཆུ་


KMC011_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

སའི་བར་དུ་དཀྱིལ་འཁོར་ལྔ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་བསྐྱེད་པའི་རིམ་པ་བཞིན་དུ་རྒྱུ་བའོ། །ཉི་མ་ནི་གཡས་ནས་རྒྱུ་བ་དུག་གི་རླུང་དུ་བཤད་དེ། ས་ཆུ་མེ་རླུང་ནམ་མཁའི་བར་དུ་འབྱུང་བ་སྡུད་པའི་རིམ་པས་དཀྱིལ་འཁོར་ལྔ་རྒྱུའོ། །དེ་གང་ནས་རྒྱུ་ན། ཨཱ་ལི་སྟེ་ཐབས་དབྱངས་ཀྱི་རང་བཞིན་གཡོན་གྱི་རྩ་དང་། ཀཱ་ལི་སྟེ་ཤེས་རབ་གསལ་བྱེད་ཀྱི་རང་བཞིན་གཡས་ཀྱི་རྩ་ནས་རིམ་བཞིན་དུ་རྒྱུའོ། །གཡས་གཡོན་གྱི་ལས་རླུང་གཉིས་པོ་དེ་ལ་བྱེད་ལས་ཀྱི་སྒོ་ནས་རྩ་བ་དང་ཡན་ལག་གི་རླུང་བཅུར་འགྱུར་བའང་ཤེས་པར་བྱའོ། །གཉིས་པ་ནི། འཕོ་བ་བཅུ་དྲུག་དང་། དབྱུ་གུ་དྲུག་ཅུ་རྩ་བཞི་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། ཐུན་ཚོད་བཞི་སྟེ། དེ་ལྟར་ཐམས་ཅད་བཞི་བཞིའོ། །ཞེས་གསུངས་ཏེ། རྒྱུད་འདིར་རྩ་འཁོར་ལོ་བཞི་ལས་མ་གསུངས་པས། ཕྱིར་རྒྱུ་བའི་རླུང་ཡང་འབྱུང་ཆེན་ས་ཆུ་མེ་རླུང་བཞི་རེ་ལའང་འབྱུང་ཆུང་། སའི་ས། སའི་ཆུ། སའི་མེ། སའི་རླུང་སོགས་བཞི་བཞི་ཡོད་པས་ཞག་གཅིག་ལ་རླུང་སྣ་བུག་གཡས་གཡོན་དུ་འཕོ་བ་ཐེབས་བཅུ་དྲུག་ཡོད་ཅིང་། འཕོ་བ་ཆེན་པོ་རེ་རེ་ལ་རླུང་ཁུག་པ་སྟོང་དང་སུམ་བརྒྱ་ལྔ་བཅུ་རེ་ཐོབ་པ་


KMC011_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བསྡོམས་པས་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །འཕོ་ཆེན་རེ་རེ་ལ་ཆ་བཞི་བཞིར་བགོས་པ་དབྱུ་གུ་རེ་རེ་ཡིན་པས་ཞག་གཅིག་ལ་དབྱུ་གུ་དྲུག་ཅུ་རྩ་བཞིའོ། །འཕོ་བ་བཅུ་དྲུག་ལ་གཡས་གཡོན་གཉིས་ཀྱི་དབྱེ་བས་དབྱུ་གུ་གཉིས་གཉིས་ལ་རྒྱུད་འདིར་ཆུ་ཚོད་དུ་བསྒྱུར་ཞིང་དུས་འཁོར་དུ་ཡུད་ཙམ་ཟེར་བ་སུམ་ཅུ་རྩ་གཉིས་སོ། །དབུགས་ཉིས་སྟོང་བདུན་བརྒྱ་རེའི་ཡུན་ལ་ཐུན་ཚོད་ཟེར་བས་དེ་འདྲ་ཉིན་མོ་བཞི་མཚན་མོ་བཞི་སྟེ་ཞག་གཅིག་ལ་ཐུན་ཚོད་བརྒྱད་བརྒྱད་ཡོད་དོ། །དེ་ནི་ཡི་གེའམ་སྤྱིའི་དོན་ཡིན་ལ། སྦས་དོན་མགྲིན་པའི་རྩ་འདབ་འཕོ་བ་བཅུ་དྲུགལྟེ་བའི་རྩ་འདབ་དབྱུ་གུ་རེ་བཞི། སྤྱི་བོའི་རྩ་འདབ་ཆུ་ཚོད་སོ་གཉིས། སྙིང་གའི་རྩ་འདབ་ཉིན་མཚན་ཐུན་ཚོད་བརྒྱད་རྣམ་པར་དག་པའི་དོན་དུ་ཤེས་པར་བྱའོ། །དེ་ལྟར་ན་འཁོར་ལོ་ཡི་གེ་ལྷ་མོ་སྐུ་རྡོ་རྗེ་བདེན་པ་དེ་ཁོ་ན་སྐད་ཅིག་མ་དགའ་བ་སྡེ་པ་འཕོ་བ་ཐུན་ཚོད་གནས་སྐབས་ཕྱག་རྒྱ་ལ་སོགས་པ་ཐམས་ཅད་བཞི་བཞིར་ཤེས་པར་བྱའོ། །འདིར་དབྱུ་གུའི་ངེས་པ་དེ་ཉིད་རི་མོས་རྟོགས་པའི་ལག་ལེན། སྒོམ་ཚུལ་ཡོན་ཏན་གྱི་འཕྲོས་དོན་སོགས་ཐམས་ཅད་


KMC011_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་རང་བྱུང་ཡབ་སྲས་ཀྱི་གསུང་རབ་ལས་རྟོགས་པར་བྱའོ། །གསུམ་པ་ཡེ་ཤེས་དེ་དག་མངོན་དུ་བྱེད་པའི་ཐབས་གཏུམ་མོ་ནི། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧྃ་འཛག །ཅེས་གསུངས་ཏེ། ཚིགས་བཅད་འདིའི་དོན་ཕྱག་རྒྱ་བཞིའི་རིམ་པས་འཆད་པ་ལ། དང་པོ་ལས་ཀྱི་ཕྱག་རྒྱའི་ལམ་དང་སྦྱར་ན། རིགས་ཅན་པདྨ་ཅན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ནི་གཏུམ་མོའོ། །ལྟེ་བའི་སྒྲས་ནི་མཁའ་གསང་བསྟན་ལ། འདུ་ཤེས་གསུམ་ལྡན་གྱིས་དེ་ཉིད་བྱིན་གྱིས་བརླབས་ཏེ་ཀུན་ཏུ་རུའི་སྦྱོར་བ་ལས། ལྟེ་བའི་གཏུམ་མོ་འབར་ནས་དགའ་བ་བཞི་ཉམས་སུ་མྱོང་བས་དེ་བཞིན་གཤེགས་པ་ཕུང་པོ་ལྔར་འཛིན་གྱི་རྣམ་རྟོག་བསྲེགས་ཤིང་ས་ཆུ་མེ་རླུང་གི་ཁམས་སྤྱན་མ་ལ་སོགས་པ་ཡང་བསྲེགས་ཤིང་ཞུ་བ་ལས་ཁམས་དྭངས་མ་རི་བོང་ཅན་ཧྃ་ལས་འཛག་པས་གསང་གནས་སུ་རླུང་གི་སྟོབས་ཀྱིས་བཟུང་ནས་ཕྱིར་མི་འཛག་པར་བདེ་སྟོང་རྟོག་བྲལ་གཅིག་ཏུ་གྱུར་པ་ལ་གོམས་པར་བྱེད་པ་ནི་འདོད་ཆགས་ལམ་དུ་བྱེད་པ་རྟོག་པ་


KMC011_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི་རྣལ་འབྱོར་ཅན་གྱི་ལམ་དང་པོའོ། །གཉིས་པ་དམ་ཚིག་གི་ཕྱག་རྒྱ་ལྟར་ན། རང་ཉིད་སྒྱུ་མ་ལྟ་བུའི་ལྷ་སྐུར་བསྒོམ་པའི་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་ནས་འཁོར་ལོའི་ལྟེ་བ་རྣམས་སུ་ཡས་རིམ་བཞིན་ཧཾ་ཨོཾ་ཧཱུྃ་ཨ་བཀོད་པའི་སྤྱི་བོའི་འདབ་མར་ཨཱ་ལི་དཀར་པོ་ཕྲག་གཉིས་མགོ་ཐུར་བསྟན་དང་མགྲིན་པར་ཀཱ་ལི་དམར་པོ་ཕྲག་གཅིག་མགོ་གྱེན་བསྟན་དང་སྙིང་ཁའི་ཕྱོགས་བཞིར་བྷྲཱུྃ་ཨོཾ་ཛྲིཾ་ཁྃ། མཚམས་བཞིར་ལྃ་མྃ་པྃ་ཏྃ་སྔོན་པོ་མགོ་ཐུར་དུ་བསྟན་པ་དང་། ལྟེ་བར་གཡོན་སྐོར་གྱིས་ཨཱ་ལི་ཕྲག་གཉིས། གཡས་སྐོར་གྱིས་ཧ་དང་ཀྵ་སྤངས་པའི་ཀཱ་ལི་སོ་གཉིས་ཐམས་ཅད་དམར་པོ་མགོ་གྱེན་བསྟན་དམིགས་ནས། འོག་གི་རླུང་གཡོས་ལྟེ་བའི་མེ་སྦར་བས་དེ་བཞིན་གཤེགས་པ་ཕུང་པོ་ལྔར་འཛིན་དང་། དུག་ལྔ་ཡིག་འབྲུ་རྣམས་ལྷན་ཅིག་བསྲེགས་ཤིང་ཁམས་བཞི་སྤྱན་ལ་སོགས་པ་ཡང་བསྲེགས་ཏེ་ཞུ་བའི་དྭངས་མ་རི་བོང་ཅན་ཧྃ་འཛག་པ་ལས་དགའ་བ་ལ་སོགས་པ་ཚད་མེད་པ་བཞི་ཡིས་བསྐུལ་བས་འཁོར་ལོ་བཞིའི་དབུས་སུ། ཧེ་རུ་ཀ་བཞིའམ། ཡང་ན། ཁ་དོག་ལྔའི་ཐིག་ལེ་འོད་ལྔ་འཕྲོ་བ་བསྒོམ་པ་བསྟན་


KMC011_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ལ་བླ་མའི་མན་ངག་གིས། འཁོར་ལོ་ལ་མ་བརྟེན་པ་གསུམ། བརྟེན་པ་གསུམ། ཡེ་ཤེས་ཀྱི་གཏུམ་མོ་སྟེ་བདུན་དུ་གསུངས་སོ། །འདི་ནི་གང་ཟག་མཆོག་གི་ལམ་སྟེ་རྒྱུན་དུ་ཉམས་སུ་བླང་བྱའི་སྙིང་པོའོ། །གསུམ་པ་ཆོས་ཀྱི་ཕྱག་རྒྱ་ལྟར་ན། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལས་བྱུང་བའི་ཕུང་སྐྱེ་ཁམས་གསུམ་བློ་ཡུལ་དུ་སྣང་ཚད་ཀྱི་ཆོས་རྣམས་ནི་རྣམ་སྣང་ལ་སོགས་དེ་བཞིན་གཤེགས་པ་ལྔ་དང་སྤྱན་ལ་སོགས་པ་ཡུམ་ལྔའོ། །དེ་རྣམས་བློ་ཡུལ་དུ་ཤར་བ་ན་མདོ་རྒྱུད་ཟབ་མོའི་མན་ངག་ལྟེ་བ་སྟེ་དབུ་མའི་ཤེས་རབ་གཏུམ་མོའི་མེ་ལྟར་འབར་བས་དེར་འཛིན་གྱི་རྟོག་པ་དང་བཅས་པ་བསྲེགས་ནས་བློ་དང་འཚམས་པའི་རི་བོང་ཅན་ཧྃ་ལྟེ་ལམ་དུ་འཛག་སྟེ་བསྒྱུར་པ་ནི། དཔེར་ན། གཟུགས་བཟང་ངན་བར་མ་ལ་ཆགས་སྡང་བཏང་སྙོམས་ཀྱི་རྟོག་པ་སྐྱེས་པའི་ཚེ། རབ་སྤྲོས་བྲལ། འབྲིང་རྨི་ལམ་སྒྱུ་མ། ཐ་མས་རྣམ་སྣང་གི་ལྷ་ཡབ་ཡུམ་དུ་རྒྱས་བཏབ་ནས་དེ་དང་དེའི་ཉམས་མྱོང་གི་དགའ་བ་བཞིས་དུས་འདའ་བར་བྱེད་དེ། དེ་ལྟར་ཚོགས་དྲུག་གི་ཡུལ་དུ་གང་སྣང་ལམ་དུ་སྒྱུར་བར་བྱེད་པའོ། །བཞི་པ་ཕྱག་རྒྱ་ཆེན་པོ་ལྟར་ན། ལྟེ་བའི་


KMC011_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲས་དབུས་སུ་མཚོན་པས་མཐའ་ཐམས་ཅད་བྲལ་བའི་དབུ་མའི་ལམ་སྟོང་པ་དང་། སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གཏུམ་མོའི་སྟོབས་འབར་བས། ཕུང་ཁམས་དང་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་རྒྱུ་དང་འབྲས་བུར་འཛིན་པ་ཐམས་ཅད་བསྲེགས་ནས། སྤྱན་ལྔ་ལ་སོགས་པའི་ཡེ་ཤེས་སུ་ཡང་མི་རྟོག་པར་གྱུར་པས་རི་བོང་ཅན་ཧྃ་གྱི་འོད་ཟེར་རབ་ཏུ་འཕྲོ་བ་བཞིན་དུ་འཛག་པ་དང་བཅས་པའི་སེམས་ཅན་རྣམས་ལ། ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་སྤྲུལ་པའི་སྐུ་དུ་མ་འཕྲོ་བ་མངོན་དུ་བྱེད་པ་དེ་ནི་རྣལ་འབྱོར་མའི་རྒྱུད་ཀྱི་ཁྱད་པར་ཡིན་ཏེ། ཕྱག་ཆེན། སོར་སྡུད་སོགས་ཤིན་ཏུ་སྤྲོས་མེད་ཀྱི་ལམ་མོ། །སྐབས་འདིར་ཡང་ཚུལ་བཞི་ལ་སྦྱོར་ན། དམ་རྒྱ་ལྟར་བཤད་པ་དངོས་བསྟན་རང་བྱིན་རླབས་འབར་འཛག་གི་རྣལ་འབྱོར་བསྟན་པ་སྟེ་ཡིག་དོན། ཆོས་རྒྱ་ནི་སྤྱི་དོན། ཡང་ལྟེ་བ་སྣ་ཚོགས་པདྨའི་དབུས། གཏུམ་མོ་རྒྱུའི་ཧེ་རུ་ཀའབར་བ་སྙོམས་ཞུགས། གཤེགས་པ་ལྔ་དང་ཁམས་བཞི་ནི་དེའི་ཕུང་ཁམས། བསྲེགས་པ་ནི་དེ་རྣམས་བདེ་བ་ཆེན་པོར་ཞུ་བ། རི་བོང་ཅན་ཧྃ་འཛག་པ་ནི་གླུས་བསྐུལ་


KMC011_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བས་འབྲས་བུའི་ཧེ་རུ་ཀ་འབྱུང་བ་སྟེ་ཀུན་རྫོབ་བདེན་སྦས་བསྐྱེད་རིམ་དང་སྦྱར་བའི་སྤྱི་དོན། ལས་རྒྱ་ལྟར་བཤད་པ་ནི་འདོད་ཆགས་ཆོས་སྦས་ཏེ་སྦས་དོན། ཕྱག་ཆེན་ལྟར་བཤད་པ་ནི་མཐར་ཐུག་གི་དོན་ཡིན་ནོ། །གསུམ་པ་ལེའུའི་མཚན་ནི། རྡོ་རྗེ་རིགས་ཀྱི་ལེའུ་སྟེ་དང་པོའོ།། །། ཞེས་གསུངས་ཏེ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ། དེའི་རིགས་ནི་དེར་གཏོགས་པའི་གཞི་ལམ་འབྲས་བུ་མདོར་བསྟན་པ་སྟེ། ལེའུའི་སྐད་དོད་པ་ཊ་ལ་ཞེས་པ་གོས་ལ་འཇུག་པས་གཞུང་གི་ཚིག་དོན་ཕན་ཚུན་བཀབ་པ་དང་། འཚེ་བ་ལས་སྐྱོབ་པ་དང་། དུམ་བུར་འབྲེལ་བས་གོས་དང་འདྲ་བ་སྟེ། དེ་ལྟ་བུའི་དུམ་བུ་བཅུ་གཅིག་ཡོད་པའི་དང་པོ། རྒྱུད་སྤྱིའི་མདོར་བསྟན་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།དེ་ལྟར་ལེའུ་དང་པོས་མདོར་བསྟན་པའི་དོན་ལེའུ་བཅུས་རྒྱས་པར་འཆད་པ་ལས། ཐོག་མར་སྔགས་ཀྱི་ལེའུ་བཤད་པ་སྟེ། ལེའུ་སྔ་ཕྱིའི་འབྲེལ་ནི། གོང་དུ་གཞི་ལམ་འབྲས་བུ་མདོར་བསྟན་གསུངས་པའི་དོན་རྣམས་སྔགས་མེད་ན་མི་འགྲུབ་པ་དང་། བསྟན་དོན་སྒྲུབ་པ་ལ་ཐོག་མར་དམན་པའི་དངོས་གྲུབ་ལ་སྤྲོ་བ་


KMC011_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ནས་རིམ་པས་མཆོག་ལ་གཞུག་པའི་ཆེད་དུ། དེའི་དེ་མ་ཐག་སྔགས་རྣམས་སྟོན་པའི་ལེའུ་འདི་འཆད་པ་ལ་འབྲེལ་ལོ། །བསྟན་བཤད་ཀྱི་འབྲེལ་ནི། ལེའུ་དང་པོར། རེངས་པར་བྱེད་དང་སྐྲོད་པ་ཉིད། །ཅེས་བྱ་བ་ལ་སོགས་པ་མདོར་བསྟན་གསུངས་པའི་དོན། རེངས་པ་དང་སྐྲོད་པ་སོགས་ཀྱི་ལས་བསྒྲུབ་པ་ལ་སྔགས་དགོས་པས། དེ་དག་ལེའུ་འདིས་རྒྱས་པར་འཆད་དོ། །བརྗོད་བྱ་ནི། གཙོ་བོར་བཟླས་པ་སྒྲའི་སྔགས། རྗོད་བྱེད། ལེའུ་འདིའོ། །མངོན་པར་རྟོགས་པ་ནི། སྔགས་ཀྱི་སྒོ་ནས་གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་འབྲེལ་ལོ། །སྦས་དོན་གྱི་འབྲེལ་ནི། གོང་དུ་རྡོ་རྗེའི་ལུས་ལ་རྩ་སོ་གཉིས་གསུངས་པ་དང་གྲངས་མཐུན་པར། འདིར་སྔགས་སོ་གཉིས་གསུངས་ཤིང་། རྩ་ནང་གི་བྱང་སེམས་ཀྱིས་ཡིད་རྣམ་རྟོག་ལས་སྐྱོབ་པའི་ཕྱིར་སྔགས་སོ། །འདི་འཆད་པ་ལ་གསུམ། མཚམས་སྦྱར་བ། གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་སྔགས་ཀྱི་ལེའུ་བཤད་པར་བྱའོ། །ཞེས་གསུངས་ཏེ། རྡོ་རྗེ་རིགས་ཀྱི་ལེའུ་གསུངས་པའི་རྗེས་དེ་ནས། དོན་གྱི་སྔགས་ཡིད་སྐྱོབ་པ་དང་། བརྡའི་སྔགས་སྙིང་པོ་བསྐུལ་བ་ལ་


KMC011_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་སྟོན་པའི་ལེའུ་གཉིས་པ་བཤད་པར་བྱའོ། །ཞེས་སོ། །གཉིས་པ་ལ་ལྔ། གཏོར་མའི་སྔགས། བཟླས་པའི། བྱིན་གྱིས་བརླབ་པའི། ས་སྦྱོང་བའི། ལས་ཚོགས་བསྟན་པའི་སྔགས་སོ། །དང་པོ་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ། །ཞེས་གསུངས་ཏེ། གཞི་ཤེས་པར་བྱེད་པའི་ཐབས་དབང་དང་། ལམ་གྱི་ཐུན་མཚམས་སུ་གཏོར་མ་བཏང་བ་དང་། འོག་ཏུ་ལས་ཚོགས་བསྒྲུབ་པ་ལ་གཏོར་མ་དགོས་ཏེ། གཏོར་མའི་སྔགས་དེའི་ཚིག་གི་དོན་ནི། ཨོཾ་ཞེས་པ་ངེས་པ་ཁོ་ན་སྟེ། རྩེ་མོར། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་ཏེ་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་པས་སོ། །ཨ་ཀཱ་རོ་ནི་ཨ་ཡིག་གམ་མ་བྱས་པའོ། །མུ་ཁཾ་སྒོ། མ་བྱས་པའི་སྒོ་གང་ཡིན་ན། སརྦ་དྷརྨཱ་ཎཾ་ཆོས་ཐམས་ཅད། ཨཱདྱ་གཉིས་སུ་མེད་པའོ། །ཨ་ནུཏྤན་སྐྱེ་བ་མེད་པ་སྟེ། ཨ་ནུད་ཀྱི་ཨ་ཐུང་སྲོག་མེད་མཚམས་སྦྱར་བས་དྱཱ་རིང་པོར་སོང་བའོ། །ན་ཏྭཱཏ་དེ་ཁོ་ན་ཉིད། ཨོཾ་ཨཱཿཧཱུྃ་སྐུ་


KMC011_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཀྱི་ངོ་བོ་བྱིན་གྱིས་རློབ་བྱེད་ཡིན་ལ། ཕཊ་ཀྱིས་སྲེག་ཅིང་གཏོར་བ་སྟེ་འདིར་རྣམ་རྟོག་གཅོད་པ། སྭཱ་ཧཱས་ལས་ཀྱི་གཞི་ཚུགས་ཤིག་ཅེས་པ་སྟེ། ངག་བསྡུ་ན། ཨ་ཡིག་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པར་འགྱུར་བ་ཐམས་ཅད་ལ་གྲགས་སོ། །ལས་དང་ཉོན་མོངས་པ་ལས་བྱུང་བའི་འབྱུང་པོ་ནི་སྐྱེ་འགྲོ་ཐམས་ཅད་ལ་ཟེར་ཏེ། ཡང་ན། འབྱུང་བ་ལས་སྐྱེས་པའི་ལུས་ཅན་མཆོག་དམན་ཐམས་ཅད་དོ། །དེ་རྣམས་ལ་ཡོན་གཏོར་བས་ཚིམ་པར་བྱེད་པའམ་བ་ལའི་སྒྲ་ལས་ཚོགས་གཉིས་ཀྱི་སྟོབས་དང་ལྡན་པར་བྱེད་པའི་གཏོར་མའི་སྔགས་སོ། །ཡང་བྷཱུ་ཏའི་སྒྲ་དོན་བདུན་ལ་འཇུག་པ་ལས། ཡང་དག་པར་སྨྲ་བའི་བདེན་པ་ལའང་འཇུག་པས་འཇིག་རྟེན་ལས་འདས་པའང་བསྡུ་ཞེས་སྤྱན་སྔ་ཐམས་ཅད་མཁྱེན་པ་བཞེད་དོ། །འདིའི་གཏོར་མའི་རིམ་པ་རྒྱས་པར་ནི་བརྟག་པ་འོག་མ་ནས་འཆད་དོ། །ངེས་དོན་ནི། ཆོས་ཐམས་ཅད་ཀྱི་སྐྱེ་བ་མེད་པའི་གཟུངས་ཀྱི་སྒོ་ནི་ཨ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཅེས་བྱ་བ་ཆོས་ཐམས་ཅད་སྐྱེ་མེད་ཕྱག་རྒྱ་ཆེན་པོའི་རང་བཞིན་དུ་སྦྱོར་བ་དང་། བ་ལ་སྟོབས་ཀྱི་སྒྲས་སྐྱེ་བ་


KMC011_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་སྟོབས་ཅན་ཤེས་རབ་ཀྱི་ངོ་བོ་ཉིད་དུ་འགྱུར་ཞིང་། ས་སོགས་འབྱུང་བ་ལས་སྐྱེས་པའི་འབྱུང་པོ་ཕུང་པོ་ལྔ་ཚིམས་པར་བྱེད་པ་དཔལ་ནཱ་རོ་པས་བཞེད་དོ། །གཉིས་པ་ལ་དྲུག །རིགས་ལྔའི་ས་བོན། ཀྱཻ་རྡོ་རྗེའི་སྙིང་པོ། དེ་ཉིད་ལྔས་ཁྱད་པར་དུ་བྱེད་ཚུལ། གྲོང་ཁྱེར་དཀྲུགས་པའི་སྔགས། ལྷ་མོ་བཅོ་ལྔའི་ས་བོན། ཧེ་རུ་ཀ་གསུམ་གྱི་སྔགས་སོ། །དང་པོ་ནི། བྷྲུྃ་ཨཱཾ་ཛྲིཾ་ཁཾ་ཧཱུྃ་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནོ། །ཞེས་གསུངས་ཏེ། འདི་ལྔ་ནི་སྐྱེད་པའི་ས་བོན་དང་། སྙིང་པོ་བསྐུལ་བ་དང་། རྫོགས་རིམ་གྱི་སྐབས་སུ་འཁོར་ལོ་ལ་འགོད་པ་ལ་དགོས་ཤིང་། རྒྱས་པར་བཤད་ན། བྷྲཱུྃ་མཾ་བུཾ་ཞེས་པ་རྣམ་སྣང་གི་ས་བོན་ཏེ། དེའི་བྱེ་བྲག་གི་མཚན་སངས་རྒྱས་ཞེས་པས་བུདྡྷའི་ཡི་གེ་དང་པོ་ལ་ཡེ་ཤེས་ཆའི་ཐིག་ལེ་བྱིན་པ་དང་། དེ་བཞིན་དུ། རིན་འབྱུང་གི་ཨཱཾ་ཡང་། དེའི་མཚན་ཉི་མ་ཞེས་པའི་སྐད་དོད། ཨཱདི་ཏྱའམ་ཨཱརྐའི་ཨཱ་ཐིག་ལེ་དང་ལྡན་པ་དང་། འོད་དཔག་མེད་ཀྱི་ཛྲཱིཾ་ལ་ངེས་ཚིག་གི་ཡི་གེ་བསྟན་ན། ཛ་ག་ཏཾ་འགྲོ་བ་ལ། རཱ་ག་ཆགས་པ། ཨཱི་ཤྭ་ར་དབང་ཕྱུགདེ་རྣམས་བསྡུས་པ་ཐིག་ལེ་ཅན་དུ་བཤད་ཅིང་། དོན་གྲུབ་ཀྱི་ཁཾ་ནི་


KMC011_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱག་མཚན་རལ་གྲིའི་མིང་ཁ་ཊྒའི་ཐོག་མ་ཁ་ལ་ཐིག་ལེས་བརྒྱན་པ་དང་། ཧཱུྃ་རྡོ་རྗེ་གསུམ་གཟུང་འཛིན་སྤངས་པའི་དོན་དུ་འགྱུར་བ་མི་བསྐྱོད་པའི་ས་བོན་དུ་གར་གྱི་དབང་པོ་བཞེད་ཅིང་། རྒྱལ་བ་རང་བྱུང་པའི་བཞེད་པ་དྲི་མེད་འོད་དུ་གསལ་ལ། བྱེད་ལས་དང་མཚན་དོན་ཀྱང་རཏྣཱ་ཀ་ར་ཤཱནྟི་པས། བློ་ཙམ་དུ་དམིགས་པའི་ཡིད་ནི་བུཾ་མོ། །བདག་ཉིད་དང་སངས་རྒྱས་ཐམས་ཅད་མཉམ་པའི་ཡིད་ནི་ཨཱཾ་ངོ་། །འགྲོ་བ་རྣམས་དག་པར་དམིགས་པའི་དབང་གི་ཡིད་ནི་ཛྲཱིཾ་ངོ་། །སྤྲོས་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བྱེད་པའི་ཡིད་ནི་ཁཾ་ངོ་། །འདི་སྐུ་ཡང་ཡིན་ཞིང་གསུང་དང་ཐུགས་ཀྱང་ཡིན་པས་ཧཱུྃ་ངོ་། །ཞེས་བཤད་ཅིང་། བུཾ་ཞེས་པས་རྣམ་སྣང་མཚོན་པ་ལྟ་བུ་ཐམས་ཅད་དུ་ཤེས་པར་བྱ་ཞིང་། ངེས་དོན་དུ། ཕུང་པོ་ལྔའི་དེ་བཞིན་ཉིད་གདོད་ནས་རྒྱལ་བ་ལྔར་རྣམ་པར་དག་པ་ཉིད་བསྟན་ཏོ། །གཉིས་པ་ནི། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཀྱེའི་རྡོ་རྗེའི་སྙིང་པོའོ། །ཞེས་གསུངས་ཏེ། འདི་ནི་ལམ་བསྐྱེད་རིམ་གྱི་བཟླས་པའི་སྔགས་དང་དབང་བསྐུར་བའི་བསྙེན་པ་དང་འབྲས་བུ་ལས་ཚོགས་བསྒྲུབ་པ་དང་གསུམ་ག་ལ་


KMC011_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། ཧེ་རུ་ཀ་གཞན་གསུམ་པོའི་སྙིང་པོ་ཡང་ཆིངས་འདི་ཉིད་དང་མཚུངས་སོ། །ཚིག་དོན་ནི། ཨོཾ་དེ་ཝ་པི་ཙུ་བཛྲ་ནི་ལྷ་མི་བསྐྱོད་རྡོ་རྗེའམ་ལྷ་འཇམ་པའི་རྡོ་རྗེ་ཞེས་མཚན་བཏགས་ནས་འབོད་པའོ། །ཧཱུྃ་གསུམ་ནི་སྐུ་གསུང་ཐུགས་མི་ཕྱེད་པ། ཕཊ་ནི་ལས་ལ་སྤྲོ་ཞིང་དགྱེས་པར་མཛོད་ཅིག་པའི་དོན་དང་། སྭཱ་ཧཱ་ནི་གཞི་ཚུགས་ཤིག་གོ། །འདི་ནི་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་སྙིང་པོ་ཡི་གེ་བཅུ་གསུམ་པ་སྟེ། སྒྲུབ་པའི་ཐབས་ནི་བརྟག་པ་འོག་མའི་ལེའུ་ལྔ་པར་རྒྱས་པར་འཆད་དོ། །ཡང་སྔགས་འདིའི་ཚིག་དོན་བསྐྱེད་པའི་ལྷ་དང་སྦྱར་བ་ཌྷཾ་ག་ད་ཤའི་བཞེད་པ་ལྟར། ཨོཾ་གྱིས་སྐུ་རྡོ་རྗེ་མཚོན། དེ་ཝ་ལྷ་སྟེ་རང་བཞིན་ཞལ་ཕྱག་གི་རྣམ་པར་སྣང་བས་ལྷ། པི་ཙུ་ཕྲ་མོ་སྟེ་ཤིན་ཏུ་ཕྲ་བའི་སྤྲུལ་པ་སྤྲོ་ཞིང་བསྡུ་བ། བཛྲ་རྡོ་རྗེའམ་མི་ཕྱེད་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ། དེས་གཙོ་བོ་བསྟན་ལ། ཧཱུྃ་སོགས་ཡིག་འབྲུ་བརྒྱད་ཀྱིས་འཁོར་གྱི་ལྷ་མོ་བརྒྱད་དེ་ཐབས་ཤེས་སྙིང་པོའི་ལྷ་དགུ་བསྟན་པར་བཞེད། དཔལ་ནཱ་རོ་པའི་བཞེད་པ་ནི། ཨོཾ་ཡིག་སྔགས་ཀྱི་ཡི་གེ་དང་པོས་ལྷ་འགྲུབ་པ་སྟེ། དོན་དམ་པའི་ཆོས་ཉིད་མཚོན། དེ་ཝ་རྩེ་བའམ་རོལ་


KMC011_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་ལ་རྩེ་ཞིང་རོལ་པ་དང་། པི་ཙུ་དང་བ་སྟེ་བརྩེ་བའི་ཐུགས་རྗེ་དྲི་མ་མེད་པ་དང་། རྡོ་རྗེ་མི་ཕྱེད་པ་སྟེ་ཐབས་དང་ཤེས་རབ་དབྱེར་མེད་པའི་དོན་མཚོན་པའོ། །ངག་དོན་བསྡུ་ན། བརྩེ་བའི་ཐུགས་རྗེས་འགྲོ་དོན་དུ་རོལ་པ་སྟོང་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་སྐུ་གསུང་ཐུགས་གནད་ནས་བསྐུལ་བའོ། །ཡང་ན། དེ་ཝ་ལོངས་སྐུ། པི་ཙུ་སྤྲུལ་སྐུ། བཛྲ་ཆོས་སྐུ། ཐམས་ཅད་དབྱེར་མེད་ངོ་བོ་ཉིད་སྐུ། ཧཱུྃ་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེ་མཚོན་པ་རྗེ་བཙུན་ས་སྐྱ་པ་ཁུ་དབོན་བཞེད་དོ། །ངེས་དོན་དུ་ཕྱག་བཅུ་དྲུག་པ་སྤྱི་བོའི་འཁོར་ལོ་ལ་གནས་པའི་མི་ཤིགས་པའི་ཐིག་ལེ་དྲི་བྲལ་གྱི་འབྲས་བུར་འཇོག་པས་དེ་ཉིད་སྒྲིབ་པའི་རྩུབ་རེག་དང་བྲལ་ཞིང་རྡོ་རྗེ་ལྟར་བརྟན་པའི་དོན་དུ་འགྱུར་རོ། །གསུམ་པ་ནི། སྔགས་ཐམས་ཅད་ཀྱི་རྐང་པ་དང་པོར་ཨོཾ་གྱི་རྣམ་པ་དང་། མཐར་ནི་སྭཱ་ཧཱ་དང་། ཧཱུྃ་ཕཊ་ཀྱི་རྣམ་པ་ནི་ནང་དུ་གཞུག་གོ། །ཞེས་གསུངས་ཏེ། རྒྱུད་འདིར་བཤད་པའི་སྔགས་ཐམས་ཅད་ཀྱི་རྐང་པ་དང་པོར་མགོ་འདྲེན་པའི་ངེས་པས་ཨོཾ་གྱི་རྣམ་པ་སྟེ་ཡི་གེ་དང་། མཐར་ནི་ཞི་རྒྱས་ལས་སྭཱ་


KMC011_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་དང་། དབང་དྲག་ལ་ཧཱུྃ་ཕཊ་ཀྱི་རྣམ་པའི་ནང་དུ་གཞུག་པའམ། ཡང་ན། ཐམས་ཅད་ལ་ཧཱུྃ་ཕཊ་སྭཱ་ཧཱ་འདོགས་པར་གསུངས་སོ། །དེ་དག་ལས་ཨོཾ་གྱི་དོན་སྔར་སོང་། ཧཱུྃ་ནི། རྡོ་རྗེ་རྩེ་མོར། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་དངངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་དགྲ་ཡིན་ཏེ། །གྲོགས་དང་བཅས་པར་འཇོམས་པར་བྱེད། །སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པ་བྱས་པ་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་གསུངས་ཏེ། འདིས་དེ་ཉིད་ལྔ་སྤེལ་ཐམས་ཅད་ཀྱི་དོན་ཤེས་པར་བྱའོ། །བཞི་པ་ནི། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ། གྲོང་ཁྱེར་དཀྲུགས་པའི་སྔགས་སོ། །ཞེས་གསུངས་ཏེ། ཨོཾ་ཐོག་མར་བཞག་ནས། ཨ་ཞེས་པས་དབྱངས་བཅུ་ཐམས་ཅད་མཚོན་ལ། ཀ་ཙ་ཊ་ཏ་པ་ཡ་ཤ་


KMC011_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པོ་སྡེ་ཚན་སོ་སོའི་ཡི་གེ་སོ་བཞི་སྡུད་ཅིང་། ཡི་གེ་ལྔ་བཅུའི་མཐར་སྭཱ་ཧཱ་བཏགས་པའམ། དངོས་བསྟན་སྔགས་ཁོ་ན་ཙམ་ཡང་བཤད་དེ། འདི་ནི་བཟོ་སྣ་བཅོ་བརྒྱད་ལ་སོགས་པ་ཡོད་པའི་གྲོང་ཁྱེར་དཀྲུག་ཅིང་གཡོ་བར་བྱེད་པའི་སྔགས་སོ། །དྲང་དོན་དུ། སྔགས་དེའི་གནས་སྐབས་ཀྱི་འབྲས་བུ་ལས་ཚོགས་སུ་བསྟན་པ་ཡིན་ཅིང་། དེའང་ཁ་ཅིག་གིས་གྲོང་ཁྱེར་མི་རྣམས་དབང་དུ་བྱ་བ་དང་ཚར་བཅད་པའི་དོན་དུ་བཤད་ལ། ཁ་ཅིག་གིས་བསྙེན་པས་མ་གྲུབ་ན་སྔགས་ཀྱིས་གྲོང་ཁྱེར་དཀྲུག་པའི་ཚུལ་འདི་བསྟན་པ་ཡིན་ནོ། །ཞེས་ཟེར་རོ། །འདི་མན་ཆད་དུ་བཤད་པའི་ལས་ཚོགས་ཀྱི་སྦྱོར་བ་འདི་རྣམས་ཐོག་མར་བསྐྱེད་རིམ་བསྒོམ་བཟླས་ཚད་དུ་ཕྱིན་པ་ཞིག་གིས། ལས་སོ་སོའི་བསྙེན་པ་སྔོན་དུ་འགྲོ་བས་གཟོད་ཆོ་ག་སོ་སོ་ལྟར་བསྒྲུབ་པར་བྱ་དགོས་པ་ཡིན་ལ། དེའི་ཚུལ་ནི་རྒྱ་བོད་ཀྱི་འགྲེལ་ཆེན་རྣམས་དང་བླ་མའི་མན་ངག་ལས་རྟོགས་པར་བྱའོ། །ངེས་དོན་ནི། སྡེ་ཚན་གྱི་ཡི་གེ་འདི་དག་འཁོར་ལོ་ལ་བཀོད་ནས་བསྒོམ་པའམ། ཡང་ན་སྡེ་ཚན་འདི་རྣམས་རླུང་གི་སྦྱོར་བ་ཡིན་པས་དེ་ལ་བརྟེན་ཏེ། གཏུམ་མོ་བསྒོམ་པ་


KMC011_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་ལས་ཐམས་ཅད་འགྲུབ་ཅིང་སྐྱེ་མཆེད་ཀྱི་གྲོང་ཁྱེར་རྣམས་བདེ་བ་སྤྲོས་བྲལ་དུ་བསྐྱོད་པར་རྡོ་རྗེ་སྙིང་པོས་གསུངས་སོ། །ལྔ་པ་ནི། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། རླྀ་རླྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནོ། །ཞེས་གསུངས་ཏེ། གཞི་དབང་བསྐུར་བ་དང་། ལམ་ལ་སྙིང་པོ་དང་ལྷ་བསྐྱེད་པའི་ས་བོན་ཡིན་ལ། འདིའི་རིམ་པ་ནི། ཨཱ་ལི་དང་པོ་བདག་མེད་མ། ཞེས་བྱ་བ་ལ་སོགས་པས་བཤད་དོ། །ཟློས་པ་ནི། སྤྱིར་ཟློ་ན་དེ་ཉིད་ལྔའི་བར་དུ་བཅུག་སྟེ་བཟླ་བར་བྱ་སྟེ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ྀ་ྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཧཱུྃ་ཕཊ། ཅེས་སམ། ཨཾ་གི་མཐར་སྭཱ་ཧཱ་སྦྱར་བའམ། ཡང་ན། སྐུ་གསུང་ཐུགས་ཀྱི་ས་བོན་ཚང་ཞིང་དེ་ཉིད་ལྔའི་བར་དུ་བཅུག་ནས་བཟླ་སྟེ། ཨོཾ་ཨཱཿཨ་ཨཱ་ཨི་ཨཱི་སོགས་ནས་ཨཾ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའི་བར་སྦྲེལ་ཏེ་བཟླ་བར་བྱའོ། །བྱེ་བྲག་ཏུ་ཟློ་ན། ཨོཾ་ཨཱ་སྭཱ་ཧཱ་ནས། ཨོཾ་ཨཾ་སྭཱ་ཧཱ་ཞེས་པའི་བར་ས་བོན་གྱི་སྔགས་བཅོ་ལྔ་བཅུག་ནས་བཟླ་བར་བྱའོ། །འདི་ནི་རྣལ་འབྱོར་མ་བཅོ་ལྔ་པོ་རྣམས་ཀྱི་ས་བོན་གྱི་སྔགས་ཡིན་ནོ། །འདིའི་བསྐྱེད་རིམ་ནི་འོག་ཏུ་འཆད་དོ། །ངེས་དོན་ནི། ཡར་ངོ་དང་མར་


KMC011_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ངོའི་དག་པ་ཟླ་བ་བྱང་ཆུབ་ཀྱི་སེམས་རྩ་སུམ་ཅུ་སོ་གཉིས་སུ་འཕོ་བའི་ཆ་བརྟན་པར་གྱུར་པ་ལས་མཚན་དང་དཔེ་བྱད་དུ་འགྱུར་བའི་རིམ་པ་སྡོམ་འབྱུང་ལས་གསུངས་པ་སྟེ་འོག་ནས་འཆད་པར་འགྱུར་རོ། །དྲུག་པ་ནི། ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་གཉིས་པའིའོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭ་ཧཱ། ཕྱག་བཞི་པའིའོ། །ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའིའོ། །ཞེས་གསུངས་ཏེ། འདི་ནས་ཕྱག་དྲུག་པའི་བར་དུ་དེ་ཉིད་ལྔ་དང་སྤེལ་བའི་ཁོང་སྡོམ་ནི་སྔ་མ་ཇི་ལྟ་བ་བཞིན་ནོ། །ཨོཾ་ནི་མགོ་འདྲེན་ཡིན་ལ། ཏྲཻ་ལོ་ཀྱཱ་ཀྵེ་པ་ནི་འཇིག་རྟེན་གསུམ་ཁྱབ་པའམ་གཡོ་བའམ་སྐྱོད་པ་ཞེས་འཇིག་རྟེན་ཐམས་ཅད་དབང་དུ་བྱེད་པའི་དོན་ཡིན་ལ། ཧཱུྃ་གསུམ་དང་ཕཊ་སྭཱ་ཧཱ་སྦྱར་བ་ནི་ལྟེ་བའི་ཡེ་ཤེས་རྡོ་རྗེ་ཕྱག་གཉིས་པའི་སྔགས་སོ། །ཨོཾ་མགོ་འདྲེན། ཛྭ་ལ་ཛྭ་ལ་ནི་འབར་བ་འབར་བའམ་གསལ་བ་ཞེས་པ་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་འབར་བའམ་ལྷན་སྐྱེས་ཀྱི་རང་བཞིན་གསལ་བའི་དོན་དང་། བསྐྱར་བ་ནི་ངེས་བཟུང་གི་དོན་ཡིན་ལ། བྷྱོ་ནི་འབོད་ཅིང་སྐུལ་བའི་དོན་དང་ཧཱུྃ་གསུམ་ཕཊ་སྭཱ་ཧཱ་སྦྱར་བ་ནི་


KMC011_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཐུགས་རྡོ་རྗེ་ཕྱག་བཞི་པའི་སྔགས་སོ། །ཨོཾ་མགོ་འདྲེན། ཀི་ཊི་ཀི་ཊི་བཛྲ་ནི་རྡོ་རྗེས་ཆོམས་ཤིག་ཆོམས་ཤིག་ཅེས་ཡེ་ཤེས་ཀྱི་རྡོ་རྗེས་གཉིས་འཛིན་གྱི་བདུད་ཆོམས་ཤིག་ཅེས་པའི་དོན་ཏེ། མཐར་ཧཱུྃ་གསུམ་དང་ཕཊ་སྭཱ་ཧཱ་སྦྱར་བ་ནི་མགྲིན་པའི་གསུང་རྡོ་རྗེ་ཕྱག་དྲུག་པའི་སྔགས་ཡིན་ནོ། །འདིར་ཁ་ཅིག་གིས་ཀི་ཊི་འཐོར་བའི་དོན་དུ་བཞེད་ཅིང་། ཤནྟི་པས། ཀི་ཊི་སྔ་མ་འགྲོ་བ། ཕྱི་མ་སྐྱབས་ཏེ་བསྡོམས་པས་སེམས་ཅན་རྗེས་སུ་འཛིན་པའི་དོན་དུ་བཞེད། འདི་དག་གི་ངེས་དོན་ནི། བྱང་ཆུབ་ཀྱི་སེམས་ལྟེ་བར་བརྟན་པས་འབར་འཛག་གི་བདེ་བས་ཁྱབ་པ་དང་། སྙིང་གར་བརྟན་པས་འོད་གསལ་ཡེ་ཤེས་ཀྱི་སྟོབས་འབར་བ་དང་། མགྲིན་པར་བརྟན་པས་བདེ་སྟོང་གི་རྡོ་རྗེས་ཉིང་འཁྲུལ་གྱི་རྟོག་པ་འཇོམས་པའམ། ཡང་ན། ཕྱག་གཉིས་པ་ལྟེ་བའི་འཁོར་ལོའི་མི་ཤིགས་པས་འཇིག་རྟེན་གསུམ་སྤྲོ་ཞིང་སྡུད་པ་བསྐྱོད་པའི་སྔགས་དོན་དང་། ཕྱག་བཞི་པ་སྙིང་གའི་འཁོར་ལོའི་མི་ཤིགས་པ་གསལ་ཞིང་འབར་བའི་སྔགས་དང་མཐུན་པ་དང་། ཕྱག་དྲུག་པ་མགྲིན་པའི་འཁོར་ལོ་རླུང་སེམས་ཀྱི་བྱེད་ལས་རྨི་ལམ་སྣ་ཚོགས་འཐོར་པ་ལྟར་འབྱུང་


KMC011_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་དུའང་བཞེད་དོ། །ཧེ་རུ་ཀ་བཞིའི་སྔགས་ཀྱི་ངེས་དོན་མདོར་བསྡམས་པ། འཁོར་ལོ་བཞི་ལ་རླུང་དང་དྭངས་མ་བྱང་ཆུབ་ཀྱི་སེམས་མི་གཡོ་བས་ཡིད་སྐྱོབ་པའི་དོན་དུ་ཀུན་མཁྱེན་རང་བྱུང་ཞབས་བཞེད་དོ། །གཞན་དག་གིས་སྐུ་རྡོ་རྗེ་ཕྱག་གཉིས་པ། གསུང་རྡོ་རྗེ་ཕྱག་བཞི་པ། ཐུགས་རྡོ་རྗེ་ཕྱག་དྲུག་པ་ཞེས་བཞེད་དོ། །གསུམ་པ་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་ཨཱཿཧཱུྃ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པའི་སྔགས་སོ། །ཞེས་གསུངས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་པ་ནི་གཞི་དུས་སུ་ལུས་ངག་ཡིད་གསུམ་མཚོན། གཞི་སྨིན་བྱེད་དང་ལམ་བསྐྱེད་རྫོགས་ཀྱི་སྐབས་སུ་སྐུ་དང་གསུང་དང་ཐུགས་སུ་བྱིན་གྱིས་བརླབ་པའི་སྔགས་སུ་འགྱུར་ཏེ། འདུས་པ་ལས། ཨོཾ་ཡེ་ཤེས་སྙིང་པོ་སྐུ་རྡོ་རྗེ་ཐོབ་བྱེད། ཨཱཿམངོན་པར་བྱང་ཆུབ་པའི་སྙིང་པོ་གསུང་རྡོ་རྗེ་ཐོབ་བྱེད། ཧཱུྃ་རྡོ་རྗེ་གསུམ་མི་ཕྱེད་པའི་སྙིང་པོ་ཐུགས་རྡོ་རྗེ་ཐོབ་བྱེད་དུ་བཤད། སྦས་དོན་དུ། ཨོཾ་རྨི་ལམ་གྱི་རྣལ་འབྱོར། ཧཱུྃ་འོད་གསལ། ཨཱཿགཏུམ་མོ་སྟེ། ཐ་མལ་པའི་གནས་སྐབས་བཞི་ཟད་པར་བྱེད་པའི་གནད་བསྟན། འབྲས་དུས་སུ་རྡོ་རྗེ་གསུམ་དུ་འགྱུར་བ་སྟེ། རྡོ་རྗེ་


KMC011_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

མགུར་གྱི་ལེའུ་བཞི་པར། ཨོཾམཛད་རྒྱལ་པོ་ཆེན་པོ་ནི། །སྐུ་ཡི་རྡོ་རྗེས་རྣམ་པར་བརྒྱན། །ཐུགས་ཀྱི་རྡོ་རྗེ་རྒྱལ་པོ་ཆེ། །རྡོ་རྗེ་སེམས་དཔའི་གནས་ན་བཞུགས། །ཨཱཿནི་མཆོག་གི་དེ་ཉིད་དེ། །ངག་གི་ལམ་ནི་གསལ་བྱེད་བརྗོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །ཆོས་ཅན་ལ་ནི་རིགས་གསུམ་འབྱུང་། །ཞེས་པ་ཡི་གེ་གསུམ་རྡོ་རྗེ་གསུམ་དང་སྦྱར་ཏེ་བཤད་པས། ངེས་དོན་གྱི་རྡོ་རྗེ་གསུམ་ཡང་ཤུགས་བསྟན་དུ་འབྱུང་ངོ་། །བཞི་པ་ས་སྦྱོང་བའི་སྔགས་ནི། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ས་སྦྱོང་བའི་སྔགས་སོ། །ཞེས་གསུངས་ཏེ། ཨོཾ་མགོ་འདྲེན། རཀྵ་རཀྵ་ནི་སྲུངས་ཤིག་སྲུངས་ཤིག །དེའི་མཐར་ཧཱུྃ་གསུམ་ནི་བདག་དང་གནས་དང་རྣལ་འབྱོར་བྱིན་གྱིས་རློབ་བྱེད་དང་། ཕཊ་སྭཱ་ཧཱ་སྦྱར་བ་ནི། གཞི་ཤེས་བྱེད་ཀྱི་ཐབས་སུ་གྱུར་པ་དབང་བསྐུར་བའི་སྐབས་སུ་ས་སྦྱོང་བའི་སྔགས་ཏེ། གཞི་དུས་སུ་བར་གཅོད་བགེགས་སྲུངས་ཤིག་པའོ། །ངེས་དོན་དུ་ཐུར་སེལ་གྱི་རླུང་སྦྱངས་པས་ལུས་སྲུང་བར་འགྱུར་བའི་དོན་དུ་བཤད་དོ། །ལྔ་པ་ལས་ཚོགས་བསྟན་པ་ལ་དྲུགལྷ་མོ་བདུན་གྱི་ལས་སྔགས། ཀུ་རུ་ཀུལླེའི། ཆར་དབབ་པའི། སྤྲིན་བྲལ་


KMC011_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བའི། སྤྱིའི་ལས་བརྒྱད་ཀྱི་སྔགས། ལས་སྒྲུབ་པའི་ལྷ་མོ་བདུན་གྱི་མིང་ངོ་། །དང་པོ་ནི། ཨོཾ་ཧཱུྃ་སྭཱ་ཧཱ། རེངས་པར་བྱེད་པའིའོ། །ཨོཾ་ཨྃ་སྭཱ་ཧཱ། དབང་དུ་བྱེད་པའིའོ། །ཨོཾ་ཁཾ་སྭཱ་ཧཱ། སྐྲོད་པར་བྱེད་པའིའོ། །ཨོཾ་ཛྲཱིཾ་སྭཱ་ཧཱ། སྡང་བར་བྱེད་པའིའོ། །ཨོཾ་བུཾ་སྭཱ་ཧཱ། མངོན་སྤྱོད་ཀྱིའོ། །ཨོཾ་ཧཱུྃ་སྭཱ་ཧཱ། འགུགས་པར་བྱེད་པའིའོ། །ཨོཾ་གྷུཿསྭཱ་ཧཱ། གསོད་པར་བྱེད་པའིའོ། །ཞེས་གསུངས་ཏེ། ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་པ་ནས་གསོད་པར་བྱེད་པའོ། །ཞེས་པའི་བར་འདི་རྣམས་གནས་སྐབས་ཀྱི་འབྲས་བུ་ལས་ཚོགས་བསྒྲུབ་པའི་སྔགས་ཏེ། དེ་དག་གི་ཐོག་མའི་ཨོཾ་ནི་དམ་བཅའ་བ་དང་། མཐར་སྭཱ་ཧཱ་ལས་ཀྱི་གཞི་ཚུགས་ཤིག་པའི་དོན་དུ་སྔགས་བདུན་ཀ་ལ་སྦྱར་ནས། ཧཱུྃ་ཞེས་པ་རྡོ་རྗེའི་ས་བསྒྲུབ་པའི་ས་བོན་ཏེ་སྔགས་དེས་ཕ་རོལ་གྱི་དགྲ་བོའི་ལུས་རེངས་པར་བྱེད་པའོ། །ཨཾ་མེའི་ཁམས་བསྒྲུབ་པ་སྟེ་སྔགས་དེས། རང་གིས་གང་འདོད་པ་རྣམས་དབང་དུ་བྱེད་པའོ། །ཁཾ་རླུང་གི་ཁམས་བསྒྲུབ་པས་གདུག་པ་ཅན་གནས་གཞན་དུ་སྐྲོད་པར་བྱེད་པའོ། །ཛྲཱིཾའི་ཛི་མེའི་རླུང་འདྲེས་པའི་ཁམས་ཀྱིས་དགྲ་བོ་ཕན་ཚུན་ཞེ་སྡང་བར་བྱེད་པའོ། །བུམ་གྱིས་བ་མེ་དང་ཨུ་


KMC011_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དག་བསྒྲུབ་པ་ཕ་རོལ་ལ་དྲག་པོའི་ལས་མངོན་སྤྱོད་བྱེད་དོ། །ཧཱུྃ་ནི་ཧ་ཨུ་མ་གསུམ་རླུང་དང་མེ་དང་ནམ་མཁའི་ཁམས་བསྒྲུབས་པས་བསྒྲུབ་བྱ་འགུགས་པར་བྱེད་པའོ། །གྷུཿནི་གྷ་རླུང་དང་ཨུ་ཆུ་བསྒྲུབ་པས་དམིགས་བྱ་གསོད་པར་བྱེད་པའོ་ཞེས་སོ། །དེ་རྣམས་ཀྱི་ངེས་པའི་དོན་ཡང་། རྩ་རྒྱུད་འབུམ་ལྔར། ས་ཆུ་མེ་རླུང་སྟོང་པ་དང་། །ཡེ་ཤེས་དཀྱིལ་འཁོར་རྣལ་འབྱོར་ལས། །རེངས་པ་ལ་སོགས་ལས་རྣམས་ནི། །སྒྲུབ་པོ་མཆོག་གིས་བསྒྲུབ་པར་བྱ། །ཞེས་ས་ཆུ་སོགས་འབྱུང་བ་ལྔའི་བདག་ཉིད་ཅན་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་དང་ཡེ་ཤེས་ཀྱི་སྦྱོར་བ་ལས། བྱང་སེམས་དཔྲལ་མགྲིན་སྙིང་ག་ལྟེ་བ་རྡོ་རྗེ་པདྨའི་ཟེའུ་འབྲུའི་རྩེ་མོར་འཕོས་པ་བདེ་བ་ཆེན་པོ་རྫོགས་པས་རེངས་པ་དང་དབང་དུ་བྱ་བ་སོགས་ལས་ཐམས་ཅད་སྒྲུབ་པར་བྱེད་ཅེས་སྦས་དོན་དུ་དཔལ་ནཱ་རོ་པས་བཤད་ལ། གཞན་ཡང་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱིས་ཡིད་མི་གཡོ་བ་བཅིངས་པ་རེངས་པ་དང་། ཏིང་ངེ་འཛིན་རང་དབང་དུ་བྱེད་པ་དང་། མཚན་འཛིན་གྱི་རྣམ་རྟོག་སྐྲོད་པ་དང་། ཡུལ་དབང་ཤེས་གསུམ་མ་ཆགས་པར་སྡང་བས་དབྱེ་བ་དང་། དངོས་འཛིན་ཚར་གཅོད་


KMC011_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མངོན་སྤྱོད་དང་། བདེ་སྟོང་གི་ཡེ་ཤེས་འགུགས་པ་དང་། དེས་ཉོན་མོངས་འཇོམས་པས་གསོད་པར་བྱེད་པ་ལ་སྦྱར་རོ། །གཉིས་པ་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཀུ་རུ་ཀུལླེའི་སྔགས་སོ། །ཞེས་གསུངས་ཏེ། ཨོཾ་རབ་བསྔགས། ཀུ་རུ་བྱེད། ཀུལླེ་རིགས་མ་སྟེ། རིགས་བྱེད་མ། ཧྲཱིཿདེ་ཉིད་ཀྱི་ས་བོན་སྭཱ་ཧཱ་སྔ་མ་དང་དོན་འདྲ་བ་ནི། ལྷ་མོ་ཀུ་རུ་ཀུལླེའི་སྔགས་སོ། །འདི་ནི་དབང་ལ་སོགས་པའི་ལས་བྱེ་བྲག་པ་རྣམས་ཐོགས་པ་མེད་པར་འགྲུབ་པས་ན་འདིར་བསྟན་ཏེ། བསྐྱེད་རིམ་ནི་ལེའུ་བཅུ་གཅིག་པར་འཆད་དོ། །དཔལ་ནཱ་རོ་པས། དཔྲལ་བར་། ལྕེར་ཧྲཱིཿམགྲིན་པར་ཀུ། སྙིང་གར་རུ། ལྟེ་བར་ཀུ། གསང་བར་ལླེ་དགོད་པ་དང་། བུམ་པ་ཅན་གྱི་བཟླས་པ་འབུམ་བྱ་སྟེ། དབུགས་དབྱུང་བའི་ཚེ་བགྲང་ཕྲེང་མི་འདྲེན་པར་གསུངས་ཤིང་། ངེས་དོན་འོག་ཏུ་ཕྱག་རྒྱ་ལྔའི་སྐབས་སུ་འབྱུང་བ་ཉིད་འདིར་སྦྱར། ཅེས་གསུངས་ཏེ། མདོར་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དབང་དུ་བྱ་བའི་དོན་དུ་བཞེད་དོ། །གསུམ་པ་ནི། ཨཱཿཕུཿའི་རྣམ་པས་མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ། བདུད་རྩི་ལྔས་ནི་བླུགས། མེ་ཏོག་ནག་པོས་ནི་


KMC011_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད། ཀླུ་འདུལ་བར་བྱེད་པའི་ཁུ་བས་ནི་བྱུགས། གླང་པོ་ཆེའི་ཆང་གིས་ནི་མགོ་བོ་བྱུགས། ཁམ་ཕོར་ཁ་སྦྱོར་དུ་ནི་བཞགབ་ནག་མོའི་འོ་མས་ནི་དགང་། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་ནི་དཀྲི། རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཏེ་མཐའ་ཡས་དེར་བཞག་གོ། །དེའི་འགྲམ་དུ་དཀྱིལ་འཁོར་བཞེངས་པར་བྱ་སྟེ། དུར་ཁྲོད་ཀྱི་སོལ་བས་ནི་རྡུལ་ཚོན་ནག་པོ། །སྐྱེས་པའི་རུས་པའི་ཕྱེ་མས་ནི་རྡུལ་ཚོན་དཀར་པོ། །ལྡོང་རོས་ཀྱིས་ནི་རྡུལ་ཚོན་སེར་པོ། །དུར་ཁྲོད་ཀྱི་སོ་ཕག་གིས་ནི་རྡུལ་ཚོན་དམར་པོ། །རྐུན་མའི་ལོ་མ་དང་། སྐྱེས་པའི་རུས་པའི་ཕྱེ་མ་དག་གིས་ནི་རྡུལ་ཚོན་ལྗང་གུ་སྟེ། རྡུལ་ཚོན་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་སོ། །དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་ཅིང་དཀྱིལ་འཁོར་ཁྲུ་གསུམ་པ་བྱ་སྟེ། །དེའི་དབུས་སུ་མཐའ་ཡས་མནན་པའི་ཀྱེ་རྡོ་རྗེ་ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞིས་ཕྱེ་བ། འཇིགས་པའང་འཇིགས་པར་མཛད་པ་བྲིའོ། །དེ་ནས་སློབ་དཔོན་གྱིས་ནང་གི་མ་རུངས་པའི་སེམས་ཀྱིས་དབེན་པའི་གནས་སུ་སྔགས་བཟླས་སྟེ། ཨོཾ་གྷུ་རུ་གྷུ་རུ་གྷུ་ཊུ་གྷུ་ཊུ་མ་ས་


KMC011_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མ་ས་གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨནནྟ་ཀྵོ་བྷ་ཀ་རཱ་ཡེ་ནཱ་གཱ་དྷཱི་པ་ཏ་ཡེ་ཧེ་ཧེ་རུ་རུ་ཀཾ་སཔྟ་པཱ་ཏཱ་ལ། ག་ཏཱ་ན་ནཱ་ག་ཨཱ་ཀཪྵ་ཡ། ཀརཱཡེ་བཪྵ་ཡ། གརྫྫ་ཡ། ཏརྫྫ་ཡ། ཕུཿ། ཕུཿ། ཕུཿ། ཕུཿ། ཕུཿ། ཕུཿ། ཕུཿ། ཕུཿ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གལ་ཏེ་ཆར་མི་འབབ་ན། དེའི་ཚེ་སྔགས་འདི་བཟློག་ལ་བཟླས་ཏེ་ཆར་འབབ་བོ། །གལ་ཏེ་མི་འབབ་ན་དེའི་ཚེ་མགོ་ཨཱརྫ་ཀའི་དོག་པ་ལྟར་འགས་སོ། །ཆར་འབབ་པ་ཞེས་བྱ་བའི་ཆོ་གའོ། །ཞེས་པའི་བར་གྱིས་ཕྱག་བཅུ་དྲུག་པའི་ལས་ཚོགས་ཆར་འབབ་པའི་ཆོ་ག་བསྟན་པ་སྟེ། འདི་མན་ཆད་གནས་སྐབས་ཀྱི་འབྲས་བུ་ལས་ཚོགས་སུ་འདུས་ཏེ། དེ་ལས་ཀྱང་ཆར་འབབ་པ་འདི་ནི་ཕྲིན་ལས་ཕྲན་ཚེགས་སོ། །ལས་འདི་རྣམས་ཀྱང་རབ་རྫོགས་རིམ་གྱི་རྣལ་འབྱོར་གྲུབ་པས་ནུས་པ་ཅུང་ཟད་ཐོབ་པའམ། ཐ་ནའང་བསྐྱེད་རིམ་བརྟན་ཅིང་ཧེ་རུ་ཀ་བཞི་དང་ཡུམ་བཅས་སོ་སོའི་བཟླས་པ་མཐར་ཕྱིན་པ་ཞིག་གིས་བསྒྲུབ་པར་བྱ་བ་ཡིན་ནོ། །འདིའི་ཆོ་ག་རྒྱུད་ཚིག་འཁྲུགས་བསྡེབས་པའི་ས་བཅད་ལག་ལེན་རྒྱས་པ་དྲི་མེད་འོད་དུ་གསལ་ཞིང་འདིར་ཚིག་དོན་ཙམ་བཀོད་ན། དེ་ལ་ཨ་ནི་མཐའ་ཡས་ཀྱི་མིང་


KMC011_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐོག་མ་སྟེ། སཾསྐྲྀ་ཏ་ལས། ཨ་ནནྟ་ཞེས་དེའི་མིང་འབྱུང་བའི་ཐོག་མ་དང་། ཕུཿཞེས་པའི་ཡི་གེའི་རྣམ་པ་ནི་ཀླུའི་ས་བོན་ཏེ། དེའི་ཡིག་འབྲུ་སྙིང་གར་བཅུག་པས་ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་གཟུགས་བརྙན་བྱ་སྟེ། བླ་མ་དག་གི་མན་ངག་ལས་འབྱུང་བ་ལྟར་ཆུ་འགྲམ་གྱི་ས་ཞག་ལྡན་ནམ་བ་ལང་གི་ལྕི་བའམ། སྙིང་འགྲེལ་ལས། དྲི་ཞིམ་པོ་ཙནྡན་ལས་བྱུང་བ་ལྟེ་བ་ཡན་ཆད་སྐྱེས་བུའི་ཆ་བྱད། དེ་མན་ཆད་སྦྲུལ་གྱི་མཇུག་མའི་དབྱིབས་ཅན་ཕྱག་བཞིའི་གཡོན་བདུད་རྩིས་གང་བའི་ཐོད་པ་དང་པདྨ། གཡས་བདུད་རྩིའི་འབྲས་བུ་དང་རིན་པོ་ཆེ་འཛིན་པ། མགོ་བོའི་སྟེང་དུ་སྦྲུལ་གྱི་གདེངས་ཀ་བདུན་དང་ལྡན་པ། དེའི་གཡོན་དུ་ཨཾ་ལས་ཀླུའི་རྒྱལ་མོ་ཆ་བྱད་དེ་དང་མཚུངས་པར་བྱ་བར་བཤད་པ་ལྟར་བྱས་ལ། བདུད་རྩི་ལྔ་ནི་ཕྱིའི་སྟེ། འོ་མ་དང་། ཞོ་དང་། སྦྲང་རྩི་དང་། མར་དང་། ཀ་ར་སྦྱར་བ་ལྔས་ནི་བླུགས་ཤེས་བྱུང་ཡང་། སྙིང་འགྲེལ་དུ་བཀྲུ་བར་གསུངས་པ་ལྟར་རྒྱ་དཔེར་སྣཱ་ན་ཡེ་ཏ་ཞེས་པའི་སྐད་དོད་དང་མཐུན་པས་དེ་ལ་ཁྲུས་བྱ། མེ་ཏོག་ནག་པོ་ཇི་ལྟར་རྙེད་པའམ། ཨུཏྤལ་སྔོན་པོས་ནི་མཆོད། ཀླུ་འདུལ་བར་བྱེད་པ་ནི། བླ་མ་དག་ཞ་ཉེ་


KMC011_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ལ་ཀླུ་ཞེས་བྱ་ཞིང་། དེ་མཁན་པའི་ཁུ་བས་འདུལ་དགོས་པའི་ཕྱིར་དེ་ལ་བཞེད་པས་དེའི་ཁུ་བས་ནི་གཟུགས་བརྙན་ལ་བྱུགས། གླང་པོ་ཆེ་གླང་མོ་ལ་ཞུགས་པའམ་འགྲོ་བ་ལ་སོགས་པའི་དྲག་ཤུལ་གྱིས་རྣ་རྩ་ནས་དངུལ་ཆུ་འཛག་པའི་ཆང་གིས་ནི། གདེངས་ཀ་དང་བཅས་པའི་མགོ་བོར་བྱུགས། འདི་ལ་གི་ཝཾ་གིས་བྱུག་པའང་བཤད། རང་ཉིད་བཅོམ་ལྡན་འདས་སུ་བསྐྱེད་པ་སྔོན་དུ་འགྲོ་བས། གཟུགས་དེ་ཕུཿལས་མཐའ་ཡས་ཡུམ་དང་བཅས་པར་བསྒོམ། དེ་འདྲ་བར་སྤྱན་དྲངས་ཏེ་བསྟིམས་ནས། ཁམ་ཕོར་རྒྱ་དང་དཔངས་སུ་སོར་བཅུ་གཉིས་པ་སོ་བཏང་བའི་ཁ་སྦྱོར་གྱི་ནང་དུ་ནི་བཞགཁམ་ཕོར་དེ་བ་ནག་མོའི་འོ་མས་ནི་དགང་། བུད་མེད་གཞོན་ནུ་མ་ཤ་མདོག་གམ་གོས་ནག་མོས་བཀལ་བའི་སྐུད་པ་རིམ་གྱིས་བཙོས་པས་ནི་ཕྱོགས་མཚམས་བརྒྱད་དུ་དཀྲིས་ལ། ནུབ་བྱང་རླུང་གི་ཕྱོགས་མཚམས་སུ་ཆུའི་རྫིང་བུ་བྱས་ཏེ་མཐའ་ཡས་ཁམ་ཕོར་དུ་གནས་པ་རྫིང་གི་དབུས་དེར་བཞག་གོ། །དེའི་འགྲམ་དུ་དཀྱིལ་འཁོར་བཞེངས་པར་བྱ་སྟེ། ཇི་ལྟར་ན། སྙིང་འགྲེལ་དུ། དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་དུ་བཤད་པས།


KMC011_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཁྲུ་གསུམ་དུ་འོག་ནས་སྟོན་པས། དེའི་ཕྱེད་དུ་འགྱུར་བའི་པདྨ་འདབ་བརྒྱད་མཉམ་གསུམ་གྱི་ལྟེ་བ་ཟེའུ་འབྲུ་དང་བཅས་པའི་མཐར། གྲུ་བཞི་སྒོ་བཞི་རྟ་བབས་སྣ་ཚོགས་རྡོ་རྗེ་པདྨ་རྡོ་རྗེའི་རྭ་བ་མི་རི་དང་བཅས་པ་བྱ་དགོས་ཏེ། འབྲི་བའི་ཚོན་ཡང་། དུར་ཁྲོད་ཀྱི་སོལ་བས་ཁ་བསྒྱུར་བའམ་བཏག་པ་རྡུལ་ཚོན་ནག་པོ། སྐྱེས་པའི་རུས་པ་ཞིབ་མོར་བྱས་པའི་ཕྱེ་མས་ནི་རྡུལ་ཚོན་དཀར་པོ། ལྡོང་རོས་ཀྱི་སའི་ཕྱེ་མས་ནི་རྡུལ་ཚོན་སེར་པོ། དུར་ཁྲོད་ཀྱི་སོ་ཕག་ཕྱེ་མས་ནི་རྡུལ་ཚོན་དམར་པོ། རྐུན་མའི་སྐད་དོད་ཙཽར་འབྲས་ཀྱི་ལྗང་པའི་འདབ་མའི་མིང་ཡང་དེ་ཡིན་པས་ལོ་མ་དེ་དང་སྐྱེས་པའི་རུས་པའི་ཕྱེ་མ་དག་གིས་ཁ་བསྒྱུར་བ་ནི་རྡུལ་ཚོན་ལྗང་གུ་སྟེ། རྡུལ་ཚོན་ཁ་དོག་བཞི་པོ་དང་དཀར་ནག་བསྲེས་པ་སྔོན་པོ་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་སོ། །ཁ་ཅིག་གིས། ཀུན་མ་ཞེས་པའི་ཡིག་གཟུགས་བྱུང་བས་སྔོ་ཏོད་ཀུན་པའི་ལོ་མ་ཡིན་པར་ཡང་བཤད་དོ། །དེའི་སྔ་རོལ་དུ་དུར་ཁྲོད་ཀྱི་སྲད་བུ་ནི་མི་རོའི་རྒྱུས་པ་སྟེ། དེ་བསྒྲིལ་བའི་ཐིག་སྐུད་ཀྱིས་ཐིག་ཇི་ལྟ་བར་གདབ་ཅིང་། མེ་རིའི་བར་གྱི་དཀྱིལ་འཁོར་ཁྲུ་གསུམ་པ་བྱས་ཏེ།


KMC011_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབུས་སུ་མཐའ་ཡས་ཡབ་ཡུམ་མནན་པའི་ཀྱེའི་རྡོ་རྗེ། ཞལ་བརྒྱད་པ། ཞལ་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ་ཕྱག་མཚན་དང་བཅས་ཤིང་། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་སྟེ་ཉི་ཤུ་རྩ་བཞིས་ཕྱེ་བ་སྟེ་བརྒྱན་པ། ཁྲོ་བོ་གཞན་དང་ཀླུ་འཇིགས་པའི་ཆ་བྱད་ཅན་ཡང་འཇིགས་པར་མཛད་པ་བྲིའོ། །སྒོ་མཚམས་སམ་པད་འདབ་བརྒྱད་ལ་ཀླུ་བརྒྱད་མནན་པའི་ལྷ་མོ་བརྒྱད་བྲི་ཞེས་བཀྲས་རྣམ་གསུང་། སྐུ་འབྲི་བར་མ་ནུས་ན། ལྟེ་བར་ཨ་ཕུཿའདབ་བརྒྱད་ལ་མཐའ་ཡས་ལ་སོགས་པའི་ཀླུ་བརྒྱད་ཀྱི་ས་བོན་ཕུཿརེ་རེ་འབྲི་བར་སྙིང་འགྲེལ་དུ་བཤད་དོ། །འདིར་བྲིས་པ་ཇི་ལྟ་བའི་མདུན་བསྐྱེད་བྱ་བར་རིགས་ལ། རྒྱས་པར་བཤད་རྒྱུད་གུར་གྱི་ལེའུ་གཉིས་པར། པདྨ་འདབ་མ་བརྒྱད་པ་བསམ། །དེར་ནི་ཀླུ་བརྒྱད་དགོད་པར་བྱ། །སྟོབས་པོ་ཆེ་ཡི་རབ་སྦྱར་བས། །དེ་རྣམས་རྔ་མ་ཡང་དག་མནན། །ཞེས་པ་ནས། སྟོབས་པོ་ཆེ་ནི་རབ་བསྒྲུབ་བྱ། །ཞེས་པའི་བར་རྒྱས་པར་གསུངས་པ་ལྟར་བསྒོམ་པར་རྗེ་བཙུན་མར་པའི་གསུང་ངོ་། །དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་བརྒྱན་ཅིང་བུམ་པ་དགོད་པ་ནས་ལྷའི་རྣལ་འབྱོར་སྒྲུབ་མཆོད་


KMC011_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཇུག་གི་མཐར་ཐུག་པར་བྱས་ཏེ་ནང་གི་རྣལ་འབྱོར་ཁྱུང་དང་ཀླུ་གཟིར་བ་མ་རུངས་པའི་སེམས་ཀྱིས་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་མཐའ་ཡས་བསྐུལ། དེས་ཀླུ་རྣམས་བསྐུལ་བས་སྤྲིན་ཆེན་པོ་བརྒྱད་གཡོས་ཏེ་ཆར་གྱི་རྒྱུན་འབེབས་པར་བསམས་ལ། སྐྱེ་བོ་ཕལ་པ་སོགས་གཡེངས་བས་དབེན་པའི་གནས་སུ་སྔགས་འདི་བཟླ་སྟེ། དེ་ལ་ཨོཾ་དོན་བདུན་ལ་འཇུག་པ་རྡོ་རྗེ་རྩེ་མོ་ལས་གསུངས་པ་དང་། གྷུ་རུ་ནས་གྷོ་ཊ་ཡའི་བར་འདི་བོད་ཀྱི་བླ་མ་ཕལ་ཆེར་གཟུངས་ཀྱི་ཚིག་བསྒྱུར་དུ་མེད་གསུངས་ཀྱང་། སྤྱན་སྔ་ཐམས་ཅད་མཁྱེན་པས། གྷུ་རུ་ལ་ཡི་གེ་བསྣན་ནས་ལ་གྷུ་ཡང་བ་སྟེ་སྤྲིན་གྱི་ཚོགས་རླུང་གིས་བསྐྱོད་ཅིང་གཡོ་བ། རུ་ནི་ཝ་རུ་ཎ་ཆུ་སྟེ། དེ་ཉིད་ཆུའི་ཁམས་དང་ལྡན་པས་ཆུ་འཛིན་དུ་འགྱུར་ལ། ཡང་ན། གུ་རུ་ཏྭཾ་ལྕི་བ་ཉིད་དེ། སྤྲིན་ཆུའི་ཁུར་གྱིས་ལྕི་བ་སྟོན་ཏོ། །གྷུ་ཊུ་འཁྱམ་པ་དང་། གྷུ་ཊ་འཁྱམ་དུ་ཆུག་ཅེས་པ་ནམ་མཁའ་ཐམས་ཅད་ཁྱབ་པར་བྱེད་ཅིང་བྱེད་དུ་འཇུག་པ། མ་ཤ་སྲན་མ་སྟེ་ཆར་གྱི་ཐིག་པ་སྲན་མ་འཐོར་བ་ལྟ་བུས། གྷ་ཊ་བུམ་པ། གྷོ་ཊ་ཡ་བུམ་པ་ལྟ་བུར་གང་བར་གྱིས་ཤིག་པའི་དོན་ལན་གཉིས་ངོས་བཟུང་དང་


no previousཤོག་ལྷེབ་ ༡ ནས་ ༡༠༠ བར།next